མཎྜལ།

༡ མཎྜལ་གྱི་ཁུངས་དང་དགོས་པ། མཎྜལ་ཞེས་པ་སྙིང་བོ་ལེན་པའི་དོན་དུ་འཇུག་པས་ན། དེ་ཡང་བསོད་ནམས་དང་ཉམས་རྟོགས་ཀྱི་སྙིང་བོ་རང་ཅག་གིས་ལེན་དགོས་པ་ཡིན། མཎྜལ་འབུལ་ཚུལ་ནི། དཀོན་མཆོག་སྤྲིན་སོགས་ལས་མེ་ཏོག་དང་འབྲས་བུ། དཔག་བསམ་གྱི་ཤིང་སོགས་བདག་གིར་འཛིན་པ་མེད་པར་ཉིན་ལན་གསུམ་མཚན་ལན་གསུམ་དུ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་བ་དེ་ཡིན། དེ་ཡང་ཆོས་པ་རྣམས་ཀྱིས་དཀོན་མཆོག་མཆོད་པ་དང་། ཚོགས་བསགས་སྒྲིབ་སྦྱོང་། ཆོས་འཆད་ཉན་གྱི་སྐབས་སུ་བེད་སྤྱོད་གཏོང་བ་ཡིན་ལ། འདུས་པའི་རྩ་རྒྱུད་ལས། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་ནས། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཞེས་གསུངས་པ་ལྟར། རང་ཅག་གིས་ཀྱང་སྔོན་བྱོན་དམ་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་འཁྱེར་ནས། དཀར་བོ་དགེ་ཕྱོགས་ལ། ཡོད་གི་ཁ་གསོག་འདོད་བྱེད་པ་ལས། མེད་གི་ཕོར་བ་གཡུགས་འདོད་མི་སྐྱེས་པ་གལ་ཆེའོ། །འདིར་སྐབས་སུ་བབ་པ་ནི། ཚོགས་བསགས་པ་མཎྜལ་གྱི་ཁྲིད་ཡིན།

༢ མཎྜལ་གྱི་དབྱེ་བ། ཕྱི། ནང་། གསང་བ། དེ་ཁོ་ན་ཉིད་བཅས་ཀྱི་མཎྜལ་ཡོད་ལ།

༡ ཕྱིའི་མཎྜལ་ལ། མཎྜལ་གྱི་ས་གཞི་རབ་ཡིན་ན། གསེར་དངུལ་སོགས་རིན་པོ་ཆེའི་རིགས་དང་། འབྲིང་ལི་ཟངས་དང་། ཐ་མ་ཤིང་རྡོ་སོགས་ཀྱང་ཆོག རྗེ་བདག་ཉིད་ཆེན་པོས་ཀྱང་རྡོའི་མཎྜལ་ལ་བརྟེན་ནས་ཕྱག་ངར་བརྡོལ་བ་སོགས་རྣམ་ཐར་ན་གསལ་བ་དང་། ད་ལྟ་ཡང་འོལ་ཁ་ཆོས་གླིང་ན་མཎྜལ་འབུལ་བྱེད་ཀྱི་རྡོ་ལ་མཇལ་རྒྱུ་ཡོད། མཎྜལ་གྱི་དབྱིབས་ཟླུམ་པོ། ཁ་དོག་མ་ངེས་པ། ཆེ་ཚད་ལ་ཚད་མེད་ཅིང་། ཆུང་མཐའ་ལ་ཕོར་བ་ལས་མ་ཆུང་བ། བང་རིམ་ལ་གསུམ་དང་བཞི་གང་རུང་ཆོག་ལ། ཚོམ་བུ་ཡང་རབ་རིན་པོ་ཆེའི་རིགས། འབྲིང་དུང་དང་མགྲོན་བུ་སོགས། ཐ་མ་འབྲུའི་རིགས་དང་། མ་འབྱོར་ན་བྱེ་མ་དང་ས་རྡོ་སོགས་ཀྱང་རུང་ལ། འབྱོར་བ་ཡོད་བཞིན་དུ་རྒྱུ་གང་ངན་ལ་མཆོད་པ་བྱ་བ་ནི། རང་གི་བསོད་ནམས་ཉམས་པའི་རྒྱུ་ཡིན་པས། དམུས་ལོང་གིས་མིག་ལྡན་ལ་མགོ་བསྐོར་གཏོང་བ་དང་འདྲ་བར་པོ་ཏོ་བས་གསུངས་སོ། །མཎྜལ་འབུལ་བ་ནི། དཔེར་ན། རྒྱལ་བོ་ཆེན་པོ་ཞིག་ལ་བྱ་བ་གལ་ཆེན་ཞིག་ཞུ་ན། འབུལ་བ་གཏོས་ཆེ་བ་ཞིག་སྔོན་དུ་ཕུལ་ནས་ཞུ་དགོས་པ་ལྟར། རང་རེ་ཀུན་ཚོགས་ཞིང་ལ་དོན་གལ་ཆེན་ཞིག་ཞུ་ན། དེའི་དོན་དུ་མཎྜལ་འབུལ་བ་ཡིན།

མཎྜལ་འབུལ་ཚུལ་ནི། མཆོད་འབུལ་གྱི་སྐབས། ཤར་ཚོགས་ཞིང་ལ་འཁོར་བ་དང་། གསོལ་འདེབས་ཀྱི་སྐབས་ཤར་རང་ལ་འཁོར་བའི་ཁྱད་པར་ཤེས་དགོས། མཎྜལ་གྱི་ས་གཞི་ལག་གཡོན་གྱིས་ཚོམ་བུ་ཕྲན་ཙམ་དང་བཅས་འཛིན་ཅིང་། ཕྱག་གཡས་ཀྱི་ལག་ངར་ལ་མངོན་ཤེས་འཆར་བའི་རྩ་ཡོད་པས། དེས་ཕྱིས་ན་མངོན་ཤེས་འཐོབ་པ་དང་། ཕྱིར་ལན་གསུམ་ཕྱིས་ཏེ་ཐོག་མེད་ནས་རང་གཞན་གྱིས་བསགས་པའི་སྡིག་སྒྲིབ་དག་པའི་མོས་པ་བྱེད། ནང་དུ་ལན་གསུམ་ཕྱིས་ཏེ་ཚོགས་ཞིང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་འཐོབ་པར་བསམ་དགོས།

མཎྜལ་གྱི་ཚོམ་བུ་འགོད་ཚུལ་ལ་རྣམ་གྲངས་མང་ཡང་། འགྲོ་མགོན་ཆོས་རྒྱལ་འཕགས་པས་སྲོལ་ཕྱེས་པའི་ཚོམ་བུ་སོ་བདུན་མ་ནི་ཁྱབ་ཆེ་བས། སོ་བདུན་མ་ལྟར་ན། དབང་ཆེན་གསེར་གྱི་ས་གཞི་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བར་ཚོམ་བུ་བཀོད་དེ་མཐར་ཏོག་གཟུགས་དགོས། སྣོད་བཅུད་འཇིག་རྟེན་ཁམས་འདི་རང་གི་ལག་པས་བཀྱགས་ཏེ། ཞིང་དམ་པ་རྣམས་ལ་དབུལ་བར་བགྱིའོ། །རིམ་གྱིས་དམིགས་པ་ཇེ་རྒྱས་སུ་བཏང་ནས། དེ་འདྲ་བ་གཅིག་ཙམ་མ་ཡིན་པར་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་གསལ་བཏབ་ནས་དབུལ་དགོས་སོ། །

འོ་ན། མཎྜལ་གྱི་ས་གཞི་ཆུང་ངུའི་སྟེང་དུ་སྣོད་བཅུད་དེ་དག་ཤོང་ངམ་ཞེ་ན། གཡག་རྭའི་ནང་དུ་མི་ལའི་སྐུ་ཆུང་ངུར་མ་སོང་བར་བཞུགས་པ་དང་། ཇོ་བོས་སྐུ་ལུས་ཡོངས་རྫོགས་ས་ཙྪའི་རྐོས་ཕོར་ཆུང་ངུ་ཞིག་གི་ནང་དུ་བཅུག་པ་སོགས་རྫུ་འཕྲུལ་སྣ་ཚོགས་ཞིག་བསྟན་པའི་མཐར། དེ་རིང་འོ་ཅག་གིས་གང་བྱས་པ་འདི་ཀུན། རིགས་པ་སྨྲ་བའི་རྟོག་གེ་བ་རྣམས་ཀྱིས་འགལ་བར་བརྩི། འོ་ན་བརྩི་ནའང་བརྩིར་ཆུག ཆོས་ཀྱི་གནས་ལུགས་འདི་འདྲ་ཞིག་མིན་རེ་ཞེས་རྒྱ་བོད་གཉིས་ཀ་འགྲིམས་ནས་མནའ་བསྐྱལ་ཡང་ཆོག་གསུངས་པ་ལྟར་ལགས་སོ། །

དེ་ནས་གསོལ་བ་འདེབས་པ་ལ། དོན་ཆེན་པོ་གསུམ་དང་། ལམ་མཆོག་སྒོ་འབྱེད། བྱིན་རླབས་སྤུངས་ཞུས། ཕུར་ཚུགས་སུ་གསོལ་བ་འདེབས་པ་སོགས་གང་རུང་གིས་འདོད་དོན་ལ་གསོལ་བ་གདབ་བོ། །

གྲངས་ཇི་ལྟར་གསོག་ཚུལ་ནི། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམས། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག། ཨི་དམ་གུ་རུ་རཏ་ན་མཎྜ་ལ་ཁམ་ནི་ཪྻཱ་ད་ཡ་མི། ཞེས་འབུམ་ཕྲག་བཟླ། མཇུག་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ། །

༢ ནང་གི་མཎྜལ་འབུལ་སྟངས་ནི། རང་གི་ལུས་ཀྱི་ཡན་ལག་རྣམས་མཎྜལ་དུ་བསྒྱུར་ནས་འབུལ་བ་ཡིན། ལུས་ཀྱི་པགས་པ་གསེར་གྱི་ས་གཞི་དང་། ཁྲག་གིས་ཆག་ཆག་དང་། ཡན་ལག་གླིང་བཞི་དང་། ཉིང་ལག་གླིང་ཕྲན་བརྒྱད། ཁོག་པ་རི་རབ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་ཟླ། སྙིང་ནོར་བུ། དབང་བོ་ནང་ཁྲོལ་རྣམས་ལྷ་མིའི་དཔལ་འབྱོར་དུ་བསྒྱུར་ནས་འབུལ་བ་ཡིན། རྗེ་བཙུན་བློ་བཟང་ཆོས་རྒྱན་གྱི་གཅོད་གཞུང་དུ། དག་པ་རབ་མཛེས་སོགས་ལྟར་དང་། ཕྱག་ལེན་འདི་བྱ་བྲལ་གྱི་རྣལ་འབྱོར་བ་ལ་ཧ་ཅང་མཁོ་བ་ཡིན།

༣ གསང་བའི་མཎྜལ་ནི། རྒྱལ་མཆོག་བདུན་པས། ཐབས་མཆོག་བདེ་ཆེན་རོལ་རྩེད་ཀྱིས། །ཞེས་སོགས་ཀྱིས་བདེ་སྟོང་གི་ཡེ་ཤེས་ཧཱུཾ་ཡིག་ཏུ་སྤྲོས་པ་ཡོངས་སུ་གྱུར་བ་ལས་རི་གླིང་སོགས་སུ་ཤར་བ་དག་པའི་སྣོད་བཅུད་དུ་དམིགས་ཏེ་ཚོམ་བུ་སོ་སོར་བཀོད་ནས་དབུལ་བའོ། །

༤ དེ་ཁོ་ན་ཉིད་ཀྱི་མཎྜལ་ནི། རྒྱལ་མཆོག་བདུན་པས། བདེ་ཆེན་ཀུན་ཏུ་བཟང་བོའི་རྣམ་རོལ་གྱིས། །ཞེས་སོགས་སྐུ་དག་པ་སྒྱུ་མའི་སྐུ་དང་། ཐུགས་དག་པ་དོན་གྱི་འོད་གསལ་ཟུང་དུ་འཇུག་པ་སོགས་ཧཱུཾ་ཡིག་གི་རྣམ་པར་སྤྲོས་པ་རི་གླིང་སོགས་སུ་ཤར་བ་དག་པའི་སྣོད་བཅུད་དུ་དམིགས་ཏེ་ཚོམ་བུ་སོ་སོར་བཀོད་ནས་དབུལ་ལོ། །

༣ མཎྜལ་ཕུལ་བའི་ཕན་ཡོན། ཟ་མ་ཏོག་ལྟ་བུའི་གཏམ་ལས། བདེ་བར་གཤེགས་པ་མཆོག་རྣམས་ཀྱི། །ཕོ་བྲང་མཆོག་ནི་བརྒྱན་བྱེད་པ། །གསེར་གྱི་མདོག་ལྟར་ལྡན་འགྱུར་ཞིང་། །ནད་རྣམས་ཀུན་ནས་གྲོལ་བར་འགྱུར། །ལྷ་དང་མི་ལས་ཁྱད་འཕགས་ཤིང་། །ཉི་མའི་འཁོར་ལོ་ལྟ་བུར་མཛེས། །ནོར་དང་གསེར་ནི་མང་བ་དང་། །རྒྱལ་བོའི་རིགས་ཀྱིས་རྒྱལ་བར་འགྱུར། །འཇིག་རྟེན་གསུམ་གྱིས་མཆོད་པ་ཡི། །སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང་། །སྣ་ཚོགས་ནད་ཀྱི་འཇིགས་ལས་གྲོལ། །གང་ཡིན་དེ་ཡིས་སྐད་ཅིག་ཐོབ། །བདེ་གཤེགས་མཎྜལ་བྱེད་དེ་དག། ཕ་རོལ་ཕྱིན་དྲུག་ཐོབ་འགྱུར་ཏེ། །ཆུ་དང་ས་བསྲེས་བཏང་སྦྱིན་པ། །གྲོག་མོ་སོགས་སེལ་ཚུལ་ཁྲིམས་ཏེ། །བསྲེས་ནས་ཉེད་པ་བཟོད་པ་ཡིན། །འབད་པ་བྱེད་པ་བརྩོན་འགྲུས་ཡིན། །སྐད་ཅིག་དེ་ལ་རྩེ་གཅིག་ཏུ། །སེམས་འཛིན་བྱེད་པ་བསམ་གཏན་ཡིན། །ལེགས་པར་གཟོབ་པ་ཤེས་རབ་བོ། །སྣ་ཚོགས་བསོད་ནམས་ཀྱིས་བརྒྱན་པ། །ས་གཞི་བྲིས་པ་འབུལ་བྱེད་པ། །ལྷ་ཡི་བདེ་བ་ཐམས་ཅད་དང་། །ལོངས་སྤྱོད་མཆོག་དང་ལྡན་འགྱུར་ཞིང་། །མིར་སྐྱེས་གསེར་ལས་ལྷག་པ་ཡི། །ཁ་དོག་དང་ལྡན་མཛེས་པ་དང་། །པདྨའི་མདོག་ལྟར་ཡན་ལག་ཚང་། །མིག་ནི་དཀྱུས་རིང་མཛེས་པར་འགྱུར། །ཞེས་སོ། །གཞན་ཡང་མཎྜལ་གྱི་མདོ་ལས། ཐུབ་པས་མཎྜལ་བྱས་པ་ཡིས། །ཕ་རོལ་ཕྱིན་པ་འདི་དྲུག་ཐོབ། །ཞེས་གསུངས་པ་ལྟར་མཎྜལ་ཕུལ་བ་འདི་ལ་ཕར་ཕྱིན་དྲུག་ཚང་སྟེ། དེ་ཉིད་ལས། ཆུ་བཅས་ལྕི་བ་སྦྱིན་པ་སྟེ། །ལེགས་པར་ཉུག་པར་བྱེད་པ་ཚུལ་ཁྲིམས་སོ། །སྲིན་དང་གྲོག་སྦུར་བསལ་བ་བཟོད་པ་ཡིན། །བྱ་བ་ལ་ནི་ཉེར་ཞུགས་བརྩོན་འགྲུས་ཏེ། །དེ་ལ་སྐད་ཅིག་སེམས་ནི་གཅིག་བྱེད་པ། །བསམ་གཏན་ཤེས་རབ་རི་མོ་གསལ་བའོ། །ཞེས་པ་ལྟར་བ་བྱུང་ལྔ་སྟེ་གཅི་ཞོ་འོ་མ་མར་བཅས་ལྔས་བྱུགས་པ་སྦྱིན་པ་དང་། མཎྜལ་ཁོད་སྙོམས་སུ་ཉུག་པ་ཚུལ་ཁྲིམས། མཎྜལ་ལ་གནས་པའི་སྲིན་བུ་གྲོག་སྦུར་སོགས་བསལ་བ་བཟོད་པ། མཎྜལ་གྱི་བྱ་བ་ལ་ཉེ་བར་ཞུགས་པ་བརྩོན་འགྲུས། མཎྜལ་གྱི་དམིགས་པ་རྩེ་གཅིག་གཏོད་པ་བསམ་གཏན། མཎྜལ་ཚོམ་བུ་བཀྲ་བར་བཀོད་པ་ཤེས་རབ་བོ། །དེ་ལྟར་མཎྜལ་ཕུལ་བ་ལ་བརྟེན་ནས། དགེ་སློང་མ་དཔལ་མོས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་པ་དང་། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བས། དུས་རྒྱུན་མཎྜལ་འབུལ་གིན་ཡོད་ཀྱང་། ཚེ་ཞིག་ཏིང་འཛིན་ལ་ཞག་བདུན་མཉམ་པར་བཞག་པ་འབྲོམ་གྱིས་མཁྱེན་ནས། ཁྱེད་ལས་ལྷག་པ་ཇོ་བོ་ཙམ་ཡིན་ཏེ། མཎྜལ་དུས་དྲུག་རེ་མ་ཆག་པར་འབུལ་བ་ཡིན་ཞེས་བཀའ་བཀྱོན་གནང་བ་ཡིན། དེ་ནས་མཎྜལ་ལ་འབུངས་པས་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་ཁྲ་ལམ་མེར་གཟིགས་པ་ཡིན། གཞན་ཡང་། ཇོ་བོས་མུ་སྟེགས་པ་དང་རྩོད་པ་མཛད་པའི་ཚེ་མུ་སྟེགས་པས་སྒྲའི་དཀའ་གནས་ཤིན་ཏུ་ཕྲ་བ་ཞིག་དྲིས་པས། ཇོ་བོས་མ་དགོངས་པ་ན། ཆབ་གསང་ལ་འབྱོན་ཁུལ་མཛད་ནས་ནང་དུ་བྱོན། ཇོ་བོས་རང་གི་ཐུགས་དམ་གྱི་རྟེན་དུ་གྱུར་བ་ཇོ་མོ་སྒྲོལ་མར་མཎྜལ་ཕུལ་ནས་གསོལ་བ་དྲག་ཏུ་བཏབ་པས། སྒྲའི་དཀའ་གནད་དེ་ཐུགས་ལ་ཝལ་གྱིས་ཤར་ནས་མུ་སྟེགས་པ་ལ་ལན་མཛད་པ་ན། ཇོ་བོ་རྒྱལ་ཏེ་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་གྱུར་བ་ལྟ་བུ་ཡིན་ནོ། །དེ་བཞིན་རྗེ་བདག་ཉིད་ཆེན་པོས་ཀྱང་འོལ་ཁར་ཕེབས་ཏེ་མཎྜལ་རྒྱུན་མ་ཆད་པར་ཕུལ་བས། སངས་རྒྱས་སོ་ལྔའི་ཞལ་གཟིགས་པ་ཡིན་ནོ། །