མར་མེ།

༡ མར་མེ་འབུལ་བའི་ཁུངས་ནི། འཕགས་པ་གྲོང་ཁྱེར་འཚོ་བའི་མདོ་ལས། རྒྱལ་བོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པ་མཆོད་ཕྱིར་སྟོན་ཐ་ཆུང་ཉ་བའི་ཚེས་བཅོ་ལྔ་ལ། འབྲུ་མར་ཟངས་བོ་ཆེ་སྟོང་བཀང་སྟེ་དངར་ནས་མར་མེ་སྦར་བའི་འོད་ཀྱིས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཞིར་སྣང་བས་ཁྱབ་པར་བྱས་སོ། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་བཀང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི་མདོག་ངན་ཡོང་མི་འགྱུར། །ཞེས་དང་། དཀོན་མཆོག་ཏ་ལ་ལ་ལས། མིག་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་། །དེ་ཚེ་ལོང་བས་སྣ་ཚོགས་གཟུགས་རྣམས་མཐོང་། །རྒྱལ་བ་དག་དང་རྒྱལ་བའི་མཆོད་རྟེན་ལ། །མར་མེ་ཕུལ་བས་མིག་སྦྱོང་འོད་ཟེར་འཐོབ། །ཅེས་དང་། འབྲུ་མར་མར་མེ་མར་གྱི་མར་མེ་དང་། །རྩྭ་ཤིང་འདམ་བུ་འོད་མའི་སྒྲོན་མ་དང་། །སྤོས་དང་བཅུད་ལེན་རིན་ཆེན་སྒྲོན་མ་དང་། །རྒྱལ་བ་རྣམས་ལ་ཕུལ་བའི་འོད་ཟེར་འཐོབ། །སྒྲོན་ཞེས་བྱ་བའི་འོད་ཟེར་རབ་གཏོང་ཞིང་། །སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ། །དེ་དག་སྲེད་སྤངས་སྲིད་པའི་རྒྱ་མཚོ་ལས། །སེམས་ཅན་བསྒྲལ་བའི་དོན་དུ་གོ་ཆ་གྱོན། །ཞེས་དང་། གཞན་ཡང་ལས་རྣམ་འབྱེད་ཀྱི་མདོ་སོགས་ལས་མང་དུ་གསུངས་པ་དེའོ། །

༢ མར་མེའི་སྣོད་ནི། ལེགས་གྲུབ་ལས། གསེར་རམ་དངུལ་ལམ་ཟངས་མ་འམ། །ལྕགས་སམ་ཡང་ན་ཁམ་པ་ལས། །མར་མེ་བླུགས་པའི་སྣོད་བྱས་ན། །གསང་སྔགས་ཡོངས་སུ་མཉེས་པར་འགྱུར། །ཞེས་དང་། རྣམ་སྣང་མངོན་བྱང་ལས། མར་མེ་སྣོད་ཀྱི་གསེར་གྱི་བཟང་། །ཡང་ན་ཁམ་པའི་སེར་བོ་འང་རུང་། །བྱེ་བྲག་ཏུ། ཞི་བར་དངུལ་སོགས་དཀར་བོ། རྒྱས་པར་གསེར་སོགས་སེར་བོ། དབང་ལ་ཟངས་མ་སོགས་དམར་བོ། དྲག་པོར་ལྕགས་སོགས་ནག་པོའི་སྣོད་དགོས་པར་ཡང་གསུངས་སོ། །

༣ མར་མེ་ལག་ལེན་བྱེད་སྟངས་ནི། མར་མེ་ནི་གཟུགས་ཀྱི་མཆོད་པ་བླ་ན་མེད་པ་ཡིན་ལ། ཚོགས་བསགས་ཀྱི་དགེ་བ་སྟོབས་ཆེན་ཞིག་ཀྱང་ཡིན། ལག་ལེན་ནི། སྡོང་བུ་ལ་གསེར་དངུལ་ལས་བྱེད་པའམ། ཤེས་རབ་རྣོན་པོ་ཡོང་ཆེད་རྒྱ་ཁབ་ཀྱི་སྟེང་ལ་རས་བལ་གྱིས་དཀྲི་བ་འང་ཡོད། གཞན་དྲི་བཟང་ཅན་གྱི་རྩི་ཤིང་དང་ཤུག་པ་སོགས་སྦོམ་ཕྲ་རན་པར་བྱས་ཏེ། རྩ་བ་བརྟན་ལ་དྲང་ཞིང་རྩེ་མོ་རྣོ་བ་ལ། སྡོང་བུ་དཀྲི་བྱེད་དུ། མངོན་བྱང་ལས། ཤིང་བལ་དང་ནི་རས་གསར་དང་། །དུ་གུ་ལ་དང་གསོ་རས་དང་། །དེ་ལ་སོགས་པའི་སྙིང་བོ་བྱ། །ཞེས་དང་། དེ་ཡང་ལས་ཀྱི་བྱེ་བྲག་གིས། ཞི་བར་དཀར་བོ། རྒྱས་པར་སེར་བོ། དབང་ལ་དམར་བོ། དྲག་པོར་སྔོན་པོ་འམ་ནག་པོ་དཀྲི་བར་བཤད་ལ། དེ་ལྟར་རས་བལ་སོགས་ཀྱིས་ལན་གསུམ་དཀྲིས། རིང་ཐུང་རྐོང་བུའི་ཚད་ལ་དཔག་པར་བྱ། དེ་ནས་རྐོང་བུ་བྱི་བདར་ལེགས་པར་བགྱིས་ཏེ་སྡོང་བུ་བཙུགས་ནས། མར་གཙང་མ་བཙགས་ཐག་ཆོད་པར་བྱས་ཏེ། ཚགས་ཀྱི་ནང་ལྡུགས་བཞིན་ངག་ཏུ། ཨོཾ་ཨཱཿཧཱུཾ ཞེས་འདོན་བཞིན་བླུགས་ན་བགེགས་མི་ཞུགས་པར་གསུངས།

ཡང་། རྣམ་གྲོལ་ལག་བཅངས་ལས། མར་མེ་འོད་ཕུལ་བ་ཡིན་གྱི། མར་ཁུ་ཕུལ་བ་མིན་པས་ཅུང་ཟད་ཁ་ཚ་ཙམ་ཡོད་ཀྱང་ཆོག་པར་ཡང་གསུངས། བྱེ་བྲག་ཏུ། ལས་བཞི་འགྲུབ་པ་ལ་མར་ཁུའི་ཁྱད་པར་ཡང་བསྟན་དུ་ཡོད་དེ། ལེགས་གྲུབ་ལས། ཞི་བ་ལ་སོགས་བྱེ་བྲག་གིས། །དེ་ཡི་མར་ནི་དྲི་ཞིམ་པ། །འབྲུ་མར་བསུང་ཅན་ཡིད་འོང་བའམ། །ཡང་ན་དྲི་ཞིམ་མར་གྱིས་བྱ། །དྲི་ཞིམ་ཤིང་ལས་བྱུང་བའི་མར། །ཞི་བའི་ལས་ལ་ཤིས་པར་བྱ། །ཏིལ་མར་གྱིས་ནི་རྒྱས་པ་ལ། །དྲག་པོ་ལ་ནི་ཡུངས་མར་ཤིས། །རིགས་སྔགས་ཀུན་ལ་ཟར་མའི་མར། །འབྲས་བུ་ལས་བྱུང་གསང་སྔགས་ལ། །ཞེས་དང་། སྨན་རྣམས་ལས་ནི་བྱུང་བའི་མར། །དེ་ཀུན་རྒྱས་པའི་ལས་ལ་གསུངས། །དྲི་ཞིམ་ཐམས་ཅད་ཞི་བ་ལ། །དྲག་སྤྱོད་ལ་ནི་དྲི་ངད་རྣམས། །ཞེས་དང་། གཞན་ཡང་ལེགས་གྲུབ་ལས། ལས་རྣམས་དག་ནི་ཐམས་ཅད་ལ། །དམར་སེར་བ་མར་མཆོག་ཏུ་གསུངས། །ཞེས་དང་། ཁ་བའི་ཤིང་ལས་བྱུང་བའི་མར། །ཕལ་བ་རྣམས་ལ་ཡོངས་སུ་བསྒྲགས། །ཤ་ཟ་རྣམས་ལ་ཉ་ཡི་མར། །གནོད་སྦྱིན་རྣམས་ལ་ཚིལ་བུར་བཤད། །ཤིན་ཏུ་དམན་པ་གཞན་རྣམས་ལ། །བྷ་ལ་ཏ་ཀ་ལ་སོགས་མར། །དུར་ཁྲོད་པ་ནི་ཐམས་ཅད་དང་། །རོ་ལངས་ལ་སོགས་དངོས་གྲུབ་ལ། །ཁྱད་པར་དུ་ནི་ཚིལ་ཆེན་གྱི། །སྣུམ་ནི་རྗེས་སུ་མཐུན་པ་ཡིན། །ཞེས་གསུངས་པ་ལྟར། མགོན་པོའི་ཆོ་ག་ལས། གདུག་པའི་དགྲ་བགེགས་རྣམས་ཀྱི་ཞུན་ཆེན་པོ། །སྐྲ་ཡི་རས་ཀྱི་སྡོང་བུར་བཅས་པ་ལ། །ཡི་དྭགས་མེ་ཡིས་སྦར་བའི་སྒྲོན་མེ་འདིས། །མྱུར་མཛད་ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །ཞེས་སོགས་གསུངས་པ་ནི། སྔགས་བླ་མེད་ཀྱི་རྟོགས་པ་ཡ་ཚད་པ་ཞིག་ལ་གསུངས་ཀྱི། རང་ག་བས་མ་ཡིན་ནོ། །

༤ མར་མེ་སྦར་ཚུལ་དང་འདོན་ཆོག མེ་མ་ཤི་ཙམ་པའི་འོད་ཀྱིས་རྒྱུན་རིང་བོར་བྱེད་པས། ཚེ་རིང་བའི་རྟེན་འབྲེལ་ཡོད་པ་དང་། སྡོང་བུ་ཧ་ཅང་སྦོམ་པའི་མྱུར་དུ་སྦར་བར་མི་བྱེད་པར་འོད་གསལ་བའི་སྟེང་ནས། དལ་འབར་བྱས་ན་ལེགས་པར་བསྟན་རིམ་ལས་གསུངས་སོ། །

མར་མེ་སྒྲོན་ཚེ་ངག་ཏུ། མར་ཁུ་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང་། །ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདིས། །མུན་པའི་བསྐལ་བ་ཡོངས་སུ་སངས་བྱས་ནས། །འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག། ཅེས་དང་། ཡང་ན། ཇོ་བོ་རྗེ་དབུས་གཙང་གི་གཙུག་ལག་ཁང་ཁག་གི་མཆོད་མཇལ་སྐབས། དཔོན་སློབ་བཅོ་བརྒྱད་ཀྱིས་མགྲིན་གཅིག་ཏུ་གསུངས་པའི་མར་མེའི་འདོན་ཆོག་ནི། འདི་ལྟར། ཨོཾ་ཨཱཿཧཱུཾ ། མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱི་ཁོར་ཡུག་དང་མཉམ་པར་གྱུར་ཅིག མར་མེའི་སྡོང་བུ་ནི་རི་ཡི་རྒྱལ་བོ་རི་རབ་ཙམ་དུ་གྱུར་ཅིག མར་ཁུ་ནི་མཐའི་རྒྱ་མཚོ་ཙམ་དུ་གྱུར་ཅིག གྲངས་ནི་སངས་རྒྱས་རེ་རེའི་མདུན་དུ་དུང་ཕྱུར་རེ་རེ་གསལ་བར་གྱུར་ཅིག འོད་ཀྱིས་སྲིད་པ་རྩེ་མོའི་མན་ཆད་དང་མནར་མེད་པའི་དམྱལ་ཁམས་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞིང་མངོན་སུམ་དུ་མཐོང་ཞིང་གསལ་བར་གྱུར་ཅིག ཨོཾ་བཛྲ་དྷ་རྨ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨེ་མ་ཧོ། ངོ་མཚར་རྨད་བྱུང་སྣང་གསལ་སྒྲོན་མེ་འདི། །བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་སོགས་པའི། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པའི། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །ཕ་མའི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི། །ཚེ་རབས་འདི་དང་སྐྱེ་གནས་ཐམས་ཅད་དུ། །རྫོགས་སངས་རྒྱས་པའི་ཞིང་ཁམས་མངོན་མཐོང་ནས། །འོད་དཔག་མེད་མགོན་ཉིད་དང་དབྱེར་མེད་ཤོག །དཀོན་མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་ཀྱིས། །བདེན་པའི་མཐུ་ཡིས་སྨོན་ལམ་ཅི་བཏབ་པ། །མྱུར་ཏུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཏ་དྱཐཱ། པཙྙ་ནྡྲྀ་ཡ་ཨཱ་བ་བོ་དྷཱ་ན་ཡེ་སྭཱ་ཧཱ། ཞེས་སོ། །

གཞན་ཡང་། མཆོད་མེ་སྦར་སྐབས་མཆོད་པའི་འགྱུར་སྔགས་དང་། མར་མེ་འདི་ཡིས་བསོད་ནམས་ཀྱིས། །མ་རིག་མུན་པ་སེལ་བར་ཤོག །ཡེ་ཤེས་སྤྱན་དང་ལྡན་པར་ཤོག །ཤེས་རབ་རྩ་ཁ་དབྱེ་བར་ཤོག །སོགས་སྐབས་བབ་མར་མེ་དང་འབྲེལ་བའི་སྨོན་ལམ་སྣ་ཚོགས་བཏོན་ན་ཕན་ཡོན་ཆེའོ། །གཞན་ཡང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་མར་མེ་འབུལ་ཚུལ་སྨོན་ལམ་དང་བཅས་པ་ཞེས་པར་ཡང་གསལ་ལོ། །

༥ མར་མེའི་མཚོན་དོན་ནི། སྡོང་ཤིང་གི་རྩེ་མོ་རྣོ་བའི་ཤེས་རབ་རྣོ་བ། སྡོང་བུའི་རྩ་བ་བརྟན་པས་བསམ་གཏན་གྱི་རྩ་བ་བརྟན་པ། སྡོང་བལ་རིམ་པ་གསུམ་དུ་དཀྲིས་བས་ཚུལ་ཁྲིམས་དང་། བཟོད་པ། བརྩོན་འགྲུས་གསུམ། མར་ཁུ་མེར་གྱིས་བཀང་བས་སྦྱིན་པ་སྟེ་ཕར་ཕྱིན་དྲུག་མཚོན། ཡང་འཇུ་མི་ཕམ་གྱིས། སྣོད་ཀོང་བུ། བཅུད་མར་ཁུ། རྒྱུད་རྣམ་ཤེས་མར་མེ། སྟོང་བ་སྣོད། གསལ་བ་མར་ཁུ། ཟུང་འཇུག་མར་མེ། ལུས་རྩ་ཡི་རྐོང་བུ། དྭངས་མ་ལྔ་མར་ཁུ། མི་ཤིགས་ཏིལ་ཀ་མར་མེ་སོགས་གཞི་ལམ་འབྲས་བུའི་མཚོན་དོན་ཁྱད་པར་ཅན་ཡོད་པར་གསུངས་སོ། །

༥ ཕན་ཡོན་ནི། མདོ་སྡེ﹝ཚ﹞དུམ་པ་ལས། འཕགས་པ་མར་མེ་འབུལ་བ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། སྦྱོར་བ་ཕུན་སུམ་ཚོགས་པས་ཐ་ན་མར་མེ་སྙིང་བོ་ཆུང་ངུ་འམ་ངན་པ་ཞིག་འབྲུ་མར་གྱིས་བསྐུས་སམ། མར་གྱིས་བསྐུས་ཏེ་འབུལ་ལམ། ངེས་པར་འབུལ་ལམ། འཇོག་པར་བྱེད་པ་དང་། དགེ་བ་དོན་དུ་གཉེར་བས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཕྱི་མའི་མཐའི་སྐྱེ་བའི་འཁོར་བ་སྤངས་པ། དེ་ལྟར་བྱུང་ན། ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་སོགས་རྒྱ་ཆེར་གསུངས་སོ། །གཞན་ཡང་སེམས་ཀྱི་ངེས་པར་སེམས་པ་གསུམ། འཆི་བའི་དུས་ཀྱི་སྣང་བ་གསུམ་མམ་བཞི། ཟང་ཟིང་མེད་པའི་དགའ་བ་བཞི། འདུན་པ་བཞི། ཡོངས་སུ་དག་པ་བཞི། ཆོས་ཀྱི་མཆོག་བརྒྱད། སོ་སོ་ཡང་དག་བཞི་སོགས་འཐོབ་པར་གསུངས་སོ། །མར་མེ་ཕུལ་བས་མངོན་ཤེས་འགྲུབ་པ་དང་། ཆོས་ཀྱི་མིག་རྣམ་པར་དག་པ་འཐོབ་པ། ཁྱད་པར་དུ་མ་རྒྱུད་ཀྱི་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས། བདེ་ཆེན་འོད་གསལ་གྱི་ཡེ་ཤེས་འདྲེན་པ། གཟུགས་མཛེས་པར་འོང་བ། ལུས་ལ་འོད་སྣང་རྒྱས་པ། ཞེས་དང་། རིན་ཆེན་ཕྲེང་བར། མཆོད་རྟེན་མར་མེ་ཕྲེང་བ་དང་། །མུན་ཁུང་དག་ཏུ་སྒྲོན་མེ་དང་། །མར་མེ་འབྲུ་མར་བྱིན་པ་ཡིས། །ལྷ་ཡི་མིག་ནི་འཐོབ་པར་འགྱུར། །ཞེས་དང་། གཞན་ཡང་། ལས་རྣམ་འབྱེད་ཀྱི་མདོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་བཅུ་གསུངས་སོ། །

མདོ་ལས། མར་མེ་ཅུང་ཟད་ཞིག་ཕུལ་བ་དེའི་བསོད་ནམས་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་མ་གཏོགས། འཇིག་རྟེན་ན་སུས་ཀྱང་བསྟན་མི་ནུས་པར་གསུངས་པ་བཞིན། འདིར་མར་མེ་ཕན་ཡོན་ལ་མཁོ་བའི་སྔོན་གྱི་བྱུང་བ་ཞིག་བཀོད་ན། སངས་རྒྱས་མཉན་ཡོད་དུ་བཞུགས་པའི་ཚེ། དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་མཆོད་དོ། །དེའི་ཚེ་ཡུལ་དེ་ན། དབུལ་མོ་བསྙེན་དགའ་མོ་བྱ་བའི་བུད་མེད་ཅི་ཡང་མི་བདོག་པ་ཞིག་མཆིས་པ་ལས། རྒྱལ་བོ་དང་བློན་པོ་སོགས་ཀྱིས། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་རྣམས་ལ། མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་མཐོང་ནས་འདི་སྙམ་དུ། ཀྱེ་མ་ངས་མི་དགེ་བའི་ལས་ཅི་ཞིག་བྱས་པས་འདི་ལྟར་དབུལ་ཞིང་རིགས་ངན་དུ་སྐྱེས་པར་གྱུར། ད་བསོད་ནམས་ཀྱི་ཞིང་ཕུན་སུམ་ཚོགས་པ་དང་འཕྲད་ཀྱང་། བདག་ལ་ནི་བསོད་ནམས་གསོག་པའི་དངོས་བོ་ཅི་ཡང་མེད་དོ་སྙམ་ནས། ཤིན་ཏུ་ཡི་མུག་ཅིང་། ཉི་མ་གཅིག་གི་རིང་སློང་མོ་བྱས་ཀྱང་དོང་ཙེ་གཅིག་ལས་མ་རྙེད་དོ། །དེ་ནས་བསྙེན་དགའ་མོ་མར་འཚོང་ཁང་ཞིག་གི་ཁྱིམ་དུ་སོང་སྟེ། དོང་ཙེ་གཅིག་པུས་མར་ཉོས་པས། མར་འཚོང་བའི་ཁྱིམ་བདག་གིས་སྨྲས་པ། དོང་ཙེ་གཅིག་གིས་མར་ཉོ་བ་ནི་ཧ་ཅང་ཉུངས་ཆེས་པས། ཁྱོད་ལ་འདི་ལྟ་བུའི་མར་ཉུང་ངུ་ཞིག་གིས་ཅི་ཞིག་བྱ། བསྙེན་དགའ་མོས་སྨྲས་པ། རྒྱལ་བོ་དང་བློན་པོ། ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་ཅིང་ཚོགས་རྒྱ་ཆེན་པོ་གསོག་པར་བྱེད་དོ། །ཁོ་མོ་ནི་འདི་ལྟར་དབུལ་ཞིང་ཕོངས་ཆེ་བས། བསོད་ནམས་བྱ་བའི་དངོས་བོ་གཞན་ཅི་ཡང་མེད་པས། ཉི་མ་གཅིག་ལ་སློང་མོ་བྱས་པ་ལས་ཐོབ་པའི་དོང་ཙེ་གཅིག་པོ་འདིས། སངས་རྒྱས་དང་དགེ་འདུན་ལ་མཆོད་པའི་ཕྱིར་མར་ཉོ་བ་ཡིན་ནོ། །ཞེས་སྨྲས་པ་དང་། ཁྱིམ་བདག་གིས་ཀྱང་སྙིང་རྗེ་ནས་མར་ལྷག་པར་བྱིན་ནོ། །དེ་ནས་བསྙེན་དགའ་མོས་མར་དེ་ཐོབ་པར་རབ་ཏུ་དགའ་ནས་གཙུག་ལག་ཁང་དུ་སོང་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མར་མེ་ཆུང་ངུ་ཞིག་བཙུགས་ནས། བདག་ད་ལྟ་དབུལ་ཞིང་ཕོངས་པས། མར་མེ་ཆུང་ངུ་འདིས་སངས་རྒྱས་ལ་མཆོད་དོ། །བསོད་ནམས་འདིས་མ་འོངས་པའི་དུས་ན་བདག་ཤེས་རབ་གྱི་མར་མེ་དང་ལྡན་ནས། སེམས་ཅན་ཐམས་ཅད་ཀྱི་མུན་པའི་དྲི་མ་བསལ་བར་ཤོག་ཅིག ཅེས་སྨོན་ལམ་བཏབ་ནས་རང་གི་གནས་སུ་སོང་ངོ་། །དེའི་ཚེ་འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་དུས་འཛིན་པའི་རེས་ལ་བབ་པས། ནངས་སྔ་མོར་གཟིམ་ལས་ལྡང་བ་ན། མར་མེ་གཞན་རྣམས་ནི་ཤི་ཟིན་ཀྱང་། བསྙེན་དགའ་མོའི་མར་མེ་གཅིག་པུ་ནི་ལྷག་པར་གསལ་ཞིང་། མར་དང་སྙིང་བོ་ཡང་མ་ཉམས་པར་གསར་དུ་བཙུགས་མ་ཐག་པ་ཞིག་དང་འདྲ་བས། ད་ནི་ནམ་ལངས་ཟིན་པའི་ཉིན་པར་མར་མེ་བཙུགས་ཀྱང་ཕན་པ་མེད་དོ་སྙམ་ནས་གསད་པར་གཟས་བས་མ་སོད་དོ། །དེ་ནས་ལག་པས་གསད་པར་གཟས་ནའང་མ་སོད་དོ། །དེ་ནས་གོས་ཀྱིས་གསད་པར་གཟས་ནའང་མ་སོད་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས། བཀའ་བསྩལ་བ། ཁྱོད་ཀྱིས་མར་མེ་འདི་གསོད་པར་གཟས་ཀྱང་མར་མེ་འདི་ནི་ཁྱོད་ཀྱིས་མི་སོད་དོ། །ཁྱོད་ཉན་ཐོས་རྣམས་ཀྱིས་བསྒུལ་ཞིང་བསྐྱོད་པར་ནུས་པའང་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་བཞིའི་ཆུ་ཕབ་བམ་རྫི་རླུང་གཡུག་པས་ཀྱང་སོད་པར་མི་འགྱུར་རོ། །མར་མེ་འདི་ལྷག་པའི་བསམ་པ་རྒྱ་ཆེན་པོ་བསྐྱེད་ནས་ཕུལ་བ་ཡིན་པས། མར་མེ་འདི་ལ་བསོད་ནམས་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་མར་མེ་ཆུང་ངུ་དེའི་བསྔགས་པ་བརྗོད་པ་བསྙེན་དགའ་མོས་ཐོས་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་འོང་སྟེ། ཞབས་ལ་སྤྱི་བོས་ཕྱག་འཚལ་བ་དང་། བཅོམ་ལྡན་འདས་ཀྱིས་ཁྱོད་མ་འོངས་པའི་དུས་བསྐལ་བ་གྲངས་མེད་པ་གཉིས་འདས་ནས་མངོན་པར་རྫོགས་པའི་སངས་རྒྱས་ཏེ། མཚན་ཡང་མར་མེ་འོད་ཅེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ལྟར་དབུལ་མོ་བསྙེན་དགའ་མོས་མར་མེ་གཅིག་ཕུལ་བའི་སངས་རྒྱས་སུ་ལུང་བསྟན་ཏོ་ཞེས་ཀུན་ལ་གྲགས་པས། ཡུལ་མི་ཀུན་གྱིས་མཆོད་མེ་ཕུལ་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཡོངས་སུ་གང་བར་གྱུར་ཏེ། མཚན་མོ་ཡང་ཉིན་མོ་ལྟར་གྱུར་ནས་ཞག་བདུན་ལ་ཕུལ་ཏོ། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་སྔོན་ལས་ཅི་ཞིག་བགྱིས་ནས་འདི་ལྟ་བུའི་མར་མེ་ཕུལ་བ་དང་ལྡན་པར་གྱུར་ཞེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། སྔོན་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཕུད་ཅན་ཞེས་བྱ་བ་འཇིག་རྟེན་དུ་འཚོ་ཞིང་བཞེས་པའི་ཚེ། དགེ་སློང་འཕགས་པའི་གཉེན་ཞེས་བྱ་བ་ཞིག་གིས་ཟླ་བ་གསུམ་ལ་མར་མེ་ཕུལ་བའི་ཡོན་བདག་ཏུ་ཁས་བླངས་ནས། ཚོང་དཔོན་དང་། ཁྱིམ་བདག་དང་། མི་མང་བོ་ལས་མར་དང་། འབྲུ་མར་དང་། མར་མེའི་སྙིང་བོ་བསླངས་སོ། །དེའི་ཚེ་རྒྱལ་བོའི་བུ་མོ་ཐུབ་པ་ཞེས་བྱ་བས། དགེ་སློང་དེ་ཉི་མ་རེ་རེ་བཞིན་གྲོང་དུ་རྒྱུ་ཞིང་དཀའ་ལས་མང་བོ་བྱེད་པ་མཐོང་ནས། བཙུན་པ་ཁྱེད་ཀྱིས་ཅི་ཞིག་སྒྲུབ་ན། རྟག་པར་འདི་ལྟ་བུའི་བྲེལ་བ་ཆེ་བར་འགྱུར་ཞེས་དྲིས་པས། འཕགས་པའི་གཉེན་གྱིས་ཇི་ལྟར་གྱུར་བའི་གཏམ་རྒྱས་པར་བཤད་དོ། །བུ་མོས་སྨྲས་པ། དེང་ཕྱིན་ཆད་ཁྱོད་ཀྱིས་དེ་ལྟར་འབད་པས་འཚོལ་མི་དགོས་ཀྱི། ཅི་འདོད་པའི་ཡོ་བྱད་ཁོ་མོས་སྦྱོར་རོ་ཞེས་ཞུས་སོ། །དེ་ནས་ཟླ་བ་དྲུག་ཚང་བར་གྱུར་བའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་འཕགས་པའི་གཉེན་བསྐལ་བ་གྲངས་མེད་པ་གཅིག་འདས་ནས་མར་མེ་མཛད་ཅེས་བྱ་བར་སངས་རྒྱས་པར་ལུང་བསྟན་པས། རྒྱལ་བོའི་བུ་མོའི་བསམ་པར། དགེ་སློང་འདི་ནི་མ་འོངས་པར་སངས་རྒྱས་མར་མེ་མཛད་དུ་ལུང་དུ་བསྟན་ན། ཡོ་བྱད་ཁོ་མོས་སྦྱར་ཡང་ང་ནི་ལུང་མ་བསྟན་ཏོ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་བུ་མོ་དེའི་བསམ་པ་མཁྱེན་ནས། བུ་མོ་ཁྱོད་མ་འོངས་པའི་དུས་བསྐལ་བ་གྲངས་མེད་པ་དགུ་བཅུ་རྩ་གཅིག་འདས་པ་ན། མངོན་པར་རྫོགས་པར་འཚང་རྒྱ་སྟེ། མཚན་ཡང་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །

༦ ལག་ལེན་མ་དག་པའི་ཉེས་པ་ནི། སྣོད་གཙང་མར་མ་ཕྱིས་པས་ཕྱི་མར་གཟུགས་མི་སྡུག་པར་སྐྱེས། སེར་སྣ་ཤོར་བས་ཡི་དྭགས་སུ་སྐྱེས། མར་ཁུ་རུལ་སྙིགས་དང་ས་རྡུལ་གྱིས་སྦགས་པས་དུད་འགྲོར་སྐྱེས་པ་སོགས་སོ། །

གཞན་ཡང་། མར་མེ་ལ་འོད་ཁང་ལྕགས་དྲས་གཡོགས་པ་སོགས་ཐབས་ཤེས་མ་བསྟེན་པར། ཕྱེ་ལེབ་སོགས་སེམས་ཅན་མང་བོ་འཚེད་པ་ནི་ཕན་ཡོན་ལས་ཉེས་དམིགས་ཆེ་བས། དཀོན་མཆོག་མཉེས་པ་ལས་ལྡོག་པ་སྟེ། མཁས་དབང་ངག་དབང་བློ་བཟང་མཁས་གྲུབ་ཀྱི་མཆོད་གཏོར་བཤམས་ཚུལ་བསོད་ནམས་སྒོ་འབྱེད་ལས། དེང་སང་ཕལ་མོ་ཆེས་དབྱར་དུས་སུ་རྟེན་གྱི་དྲུང་དུ་མར་མེ་ཆེ་ཆུང་རྣམས་འོད་ཁང་མེད་པར་བཞག་པ་དེའི་ནང་དུ་ཕྱེ་ལེབ་སོགས་སྲོག་ཆགས་ཕྲ་མོ་བརྒྱ་སྟོང་དུ་མ་པད་མོའི་མཚོ་ལ་ངང་བའི་ཁྱུ་བཞིན་འཁོར་ཞིང་འོང་ནས་ལྷུང་ཞིང་འཚེད་པ་ནི། ཇི་ལྟར་དམྱལ་བའི་ཟངས་ཞུན་བསྐོལ་བར་དེའི་སེམས་ཅན་ཆར་བཞིན་དུ་བབས་ཤིང་འཇུག་པའི་ངང་ཚུལ་ལྟར་གྱུར་བས་ན། རྟེན་གྱི་དྲུང་དུ་སེམས་ཅན་མང་བོ་གསོད་པའི་སྟ་གོན་ཤེས་བཞིན་དུ་བཤམས་ནས། ཤི་རོ་དུ་མས་མཆོད་མེ་རྨེ་བར་བྱེད་པ་སོགས་ལ་ཅི་ཡང་མི་སེམས་པར། ད་དུང་སྲོག་ཆགས་དེ་རྣམས་ལ་ཚིག་པ་ཟོས་ནས་སེམས་ཅན་ལས་ཀྱིས་ཤི་བ་ཐབས་ཅི་ཡོད་སྙམ་དུ་སེམས་ཤིང་སྨྲ་བར་བྱེད་པ་དག་གིས། ཕྱུགས་བསད་མཆོད་སྦྱིན་གྱི་གཟུགས་བརྙན་ལྟ་བུའི་མཆོད་མེ་སྦར་བ་ལས་ཕན་ཡོན་ཆེན་པོ་མི་འཐོབ་ཀྱི། སེམས་ཅན་གྱི་སྲོག་ཡལ་བར་དོར་བའི་བསམ་པ་དང་། སངས་རྒྱས་ཀྱི་བཅས་པ་འོད་ཁང་མེད་པར་མར་མེ་བཞག་མི་རུང་བར་གསུངས་པའི་བཀའ་ལ་བསམ་བཞིན་ཁྱད་དུ་བསད་པའི་མི་དགེ་བ་ཆེན་པོ་གསོག་པར་འགྱུར་རོ། །མདོར་ན། ཕྱི་ནང་གི་གཙང་སྦྲ་གང་ཐོན་གྱི་ངོས་ནས་མཆོད་གཏོར་རྣམས་ཚུལ་བཞིན་དུ་བཤམས་འཕྲལ། ཆབ་ཀྱིས་བྲན་ལ་བསངས་ཀྱིས་བདུག གྲིབ་སྲུང་གི་རྫས་ཀུ་ཤ་དང་རྨ་བྱའི་སྒྲོ་སོགས་ཉེ་འཁོར་དུ་བཞག བགེགས་མི་འཇུག་པའི་ཆེད་དུ་མདོ་སྔགས་གང་རིགས་ཀྱིས་བྱིན་རླབས་བྱ། ཞེས་གསུངས་སོ། །

༧ གློག་མཆོད་དང་འོད་སྣང་འབུལ་ཚུལ། ལམ་རིམ་ཆེན་མོ་ལས། མར་མེ་ནི་སྤོས་མར་ལ་སོགས་པའི་དྲི་ཞིམ་ཞིང་འོད་གསལ་བ་དང་། རིན་ཆེ་བའི་ནོར་བུའི་འོད་གསལ་བའོ། །ཞེས་ཡང་སྙིང་སྨྲས་ན་འོད་འབུལ་བ་ལགས་པས། ཉི་ཟླ་སྐར་གསུམ་དང་། ནོར་བུ་འོད་ཅན། གློག་སྒྲོན་སྣ་ཚོགས་སྟེ། མདོར་ན། འོད་ཅན་གྱི་རྫས་ཇི་སྙེད་མཆིས་པ་ཀུན། སྣང་གསལ་གྱི་མཆོད་པར་འགྲོ་བས། དཀོན་མཆོག་གི་ཞིང་དུ་ཕུལ་ན། ཕན་ཡོན་ཆེན་པོ་འབྱུང་ངོ་། །གློག་འོད་འབུལ་དུས། གུང་ཐང་བསྟན་པའི་དབང་ཕྱུག་གིས། ཉི་ཟླའི་འོད་ལྟར་གསལ་ལ་མུན་སེལ་ཞིང་། །ཚིག་པའི་དྲི་དང་དུ་བས་བསྣོགས་པ་མེད། །གཙང་ཞིང་ཡིད་འོང་གློག་གི་སྒྲོན་མེ་འདི། །རྒྱལ་བ་སྲས་དང་བཅས་ལ་གུས་པས་འབུལ། །སྟོང་གསལ་ཆོས་དབྱིངས་མཁའ་ལས་བྱུང་བ་ཡི། །དྭངས་གསལ་མ་འདྲེས་ཡེ་ཤེས་འོད་འབར་བ། །ཏིང་འཛིན་འཕྲུལ་གྱིས་བཀུགས་པའི་གློག་འོད་འདིས། །མ་རིག་འཁོར་བའི་རྩ་བ་གཞོམ་གྱུར་ཅིག། ཅེས་སྨོན་ཚིག་འདོན་པ་འམ། ཡང་ན། ཕྱོགས་བཅུའི་སངས་རྒྱས་ལ་མཆོད་པའི་མོས་པ་དང་བཅས། ཨོཾ་བཛྲ་དྷ་རྨ་ཨཱ་ལོ་ཀེ་ཨཱཿཧཱུཾ། བཏོན་ན་ལེགས་སོ། །

༨ མར་མེ་བརྟག་ཐབས། མར་མེ་བརྟག་ཐབས་ལ་རྒྱུད་དང་མན་ངག་གི་བརྟག་པ་རེ་ཟུང་། པ་རི་ལོ་ཙཱས་བསྒྱུར་བའི་མར་མེའི་བརྟག་པ་ཉུང་ངུའང་མཆིས་ལ། དར་མོ་སྨན་རམས་པའི་གདམས་ངག་བཀའ་རྒྱ་མ་ལས་འབྱུང་བ་འདིར་ཆ་ཚང་བཀོད་ན། ཨོཾ་ཨ་ཐཿ འགྲོ་བ་རྨོངས་པའི་མུན་སེལ་བའིཿ མར་མེ་མཛད་དཔལ་ཞབས་ལ་འདུདཿ མར་མེའི་བརྟགས་ཐབས་བསྟན་པ་ལཿ དང་པོ་གདམས་པ་ཆིག་རྒྱུད་རྒྱཿ མར་ཀོང་སྡོང་རས་གསུམ་པོ་ལཿ སྔགས་འདི་བརྒྱ་རྩ་བརྒྱད་བཏབ་སྟེཿ ཨོཾ་བྷ་ན་རི་མེ་ཐཱ་ཧཱཿ གཙང་སྦྲ་ལྡན་པ་ཕུལ་ན་ནིཿ རང་གི་འདོད་ཡོན་གང་ཡིན་གྱིཿ བཟང་ངན་རྟགས་རྣམས་སྟོན་དུ་གསོལཿ ཞེས་བརྗོདཿབཟང་བའི་རྟགས་དྲུག་ལཿ ཕྲ་ཞིང་དཀར་ལ་ལྡེམ་པ་ནིཿ མི་ནུབ་རྒྱལ་མཚན་ཐོབ་པའི་རྟགསཿ དཀར་གསལ་རྩེ་མོ་གསུམ་པ་ནིཿ མི་འགྱུར་གཡུང་དྲུང་ཐོབ་པའི་རྟགསཿ གསལ་ཞིང་ཟླུམ་པ་པདྨ་འདྲཿ ཆོས་སྐུ་མི་འགྱུར་ཐོབ་པའི་རྟགསཿ གསལ་ཞིང་རྒྱལ་མཚན་དབྱིབས་འདྲ་ནཿ དཔལ་དང་བཀྲ་ཤིས་ཐོབ་པའི་རྟགསཿ དཀར་ཞིང་ལྡེམ་པ་གསལ་བ་ནིཿ ཆོས་དབྱིངས་མི་གཡོ་ཐོབ་པའི་རྟགསཿ མར་མེ་དམར་ཞིང་པདྨ་འདྲཿ ཚེ་དང་བསོད་ནམས་འཕེལ་བའི་རྟགསཿ དེ་རྣམས་བྱུང་ན་བཟང་པོ་ཡིནཿ

ངན་པའི་རྟགས་ནི་འདི་ལྟར་རོཿ དུ་བ་ཆེ་ཞིང་མི་གསལ་ནཿ ལས་སྒྲིབ་ཆེན་པོ་ཡོད་པའི་རྟགསཿ བཤགས་པ་བྱ་ཞིང་དགེ་ལ་འབདཿ ཚག་སྒྲ་ཆེ་ཞིང་མེ་སྟག་འཕྲོཿ ཕུགས་སུ་གདོན་བགེགས་ཞུགས་པའི་རྟགསཿ བསྙེན་སྒྲུབ་བྱེད་ཅིང་བཟློག་པ་བྱཿ མེ་ལྕེ་དུམ་བུར་ཆད་པ་ནིཿ རྐྱེན་ངན་བར་ཆད་འོང་བའི་རྟགསཿ ཚེ་སྒྲུབ་ཚེ་དབང་སྤངས་དག་གཏོངཿ མེ་ལྕེ་ལྷབ་ལྷུབ་འབར་བ་ནིཿ དགྲ་རྐུན་མྱུར་དུ་འོང་བའི་རྟགསཿ བཟློག་པ་སྟོབས་པོ་ཆེ་ལ་འབདཿ འོད་མེད་སྡོང་རོ་ཆེ་བ་ནིཿ ནད་པ་འཆིའམ་རིམས་ནད་འབྱུང་ཿ འཆི་ངོས་སྲོག་བླུ་ཉེའུ་འདོན་བྱཿ མར་མེ་སྤུང་སྤུང་བསྐྱིལ་བ་ནིཿ གོད་ཁ་གཏོར་བརླག་ཡོང་བའི་རྟགསཿ མགོ་ཚིག་སྟོར་བའི་ངོ་ཡིན་པསཿ རིམ་གྲོར་བཟློག་པ་གང་མང་བྱཿ དེ་ལྟར་མར་མེ་བརྟགས་ཚུལ་ནིཿ མདོར་བསྡུས་ཙམ་བྲིས་དགེ་བ་འདིསཿ མི་ཤེས་མུན་འཐིབ་འགྲོ་བའི་བློཿ ཤེས་རབ་འོད་ཀྱིས་གསལ་བར་ཤོགཿ མཐའ་མ་དམ་ལྡན་སློབ་བུས་རྒྱཿ དར་མོ་སྨན་རམས་པའི་གདམས་ངག་བཀའ་རྒྱ་མ་ལགས་སོཿ བཀྲ་ཤིསཿ ཞེས་འབྱུང་ངོ་། །

གཞན་ཡང་མར་མེ་བརྟག་པ་བྱ་ཚུལ་གཏེར་སྟོན་སངས་རྒྱས་གླིང་བའི་གཏེར་བྱོན་མར་མེ་པྲ་བརྟག་དང་། འཇུ་མི་ཕམ་གྱི་བརྟག་པ་སྣ་ཚོགས་ཀྱི་སྐོར་ནོར་བུའི་མེ་ལོང་ལས་རི་མོ་དང་བཅས﹙ལྕགས་པར་དེབ་གྲངས་བཅུ་དགུ་ཤོག་ངོས༢༩༢ནས༣༠༠ བར﹚པ་གསལ་བར་བཀོད་ཡོད་པས། ཤེས་འདོད་པ་དག་གིས་དེ་དག་ཏུ་གཟིགས་པ་ལས། འདིར་ཡི་གེ་མང་དུ་འཇིགས་ནས་མ་བཀོད་ལ། འདིར་བསྡུས་ཙམ་ཁོལ་དུ་ཕྱུང་ནས་བཀོད་ན། འོད་གསལ་ན་ནད་མེད། མི་གསལ་ན་ནད་ངོ་དང་གྲིབ་ངོ་ཡིན། རླུང་དང་རྐྱེན་མེད་སར་མར་མེ་ཤི་ན་ངེས་པར་ཤི་ཆད་འོང་། ཆུ་སོང་བ་ལྟར་ཚག་སྒྲ་དང་བཅས་འབར་དཀའ་ན་བར་ཆད་ཆེ། ཕྱོགས་སུ་རླུང་དྲག་པོས་བཏབ་པ་ལྟར་མེ་ལྕེ་ཆད་ཅིང་བསྐྱོད་ན། འཚུབ་ཆེ་བས་རིམ་གྲོར་འབད། འུར་ཟིང་གི་ངོ་ཡང་ཆེ། རྩེ་མོ་བཅད་པ་ལྟ་བུ་མི་གསལ་ཞིང་ཐུང་ན་ཕོ་ལྷ་མནོལ། ངོ་སོ་དམའ། དབྱིབས་རྩེ་རྣོ་ཞིང་རིང་ལ་མཛེས་པ་དང་། རྒྱལ་མཚན་དང་བཀྲ་ཤིས་པའི་རྫས་འདྲ་ན་ཤིན་ཏུ་བཟང་། དཀར་བོ་སོགས་ཀྱི་མདངས་ལྡན་གསལ་ན་ཞི་སོགས་ལས་འགྲུབ། འབར་ཡུན་རིང་ན་སྲིས་སྨེ་ཞིང་བཟང་། དཀྱིལ་སྔོ་ནག་ལ་སྡོང་བུ་རྩེ་མོ་དམར་བར་ནག་ཐིང་ངེ་འདུག་ན་བློ་འགྱོད་ཆེ། མེ་སྟག་དམར་ཚིག་གེ་བ་མི་གསལ་ན་ན་ངོ་དང་གྱོད་ངོ་ཡིན། རྩེ་མོ་ཐུར་དུ་གུག་ཉམས་ལྟར་མི་གསལ་ན་མནན་པ་སོགས་གཉའ་ནོན་ཡོད། སྟབ་སྟབ་ཟེར་ཞིང་འོད་ཤིན་ཏུ་བཟང་ལ་ཡིད་དུ་འོང་བར་འབར་ན་བཀྲ་ཤིས་འཕེལ། དེ་ལ་མེ་ཏོག་ཆགས་ཤིང་འོད་གསལ་ན་དགེ་མཚན་གྱི་ངོ་ཡིན། ཞེས་གསུངས་སོ། །