རབ་གནས།

༡ རབ་གནས་བྱ་དགོས་པའི་རྒྱུ་མཚན། སྤྱིར་རྟེན་གསུམ་གྲུབ་ཙམ་ནས་རབ་གནས་མ་བྱས་ཀྱང་། ཕྱག་མཆོད་ཀྱི་ཡུལ་དུ་འོས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཇི་འདྲ་འང་རུང་མཁས་པས་མཆོད། །ཅེས་གསུངས་ལ། འོ་ན། རབ་གནས་བྱ་དགོས་པ་གང་ཡིན་ཞེ་ན། རྒྱུད་སྡེ་ལས། སྦྱིན་བདག་གི་བསོད་ནམས་མཐའ་ཡས་པ་སྤེལ་བ། རྟེན་དེ་ཡུལ་གང་དུ་གནས་པ་དེར་བཀྲ་ཤིས་པ་སོགས་ཀྱི་ཆེད་དུ་རབ་གནས་གསུངས་པ་ལྟར། དགོས་པ་དེ་དག་གི་ཆེད་དུ་རབ་གནས་དགོས་ཏེ། རབ་གནས་ཀྱི་རྒྱུད་ལས། སྐྱེ་བོ་རབ་ཏུ་དང་བ་ཡིས། །བརྗོད་པའི་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །ཞེས་པ་ལྟར། ཆོས་དབྱིངས་དོན་དམ་པར་བྱང་སེམས་རྣམས་ནི་གཡོ་མེད་ཀུན་ཏུ་ཁྱབ་པས་གཤེགས་བཞུགས་རབ་གནས་བགྱིར་མེད་ཀྱང་། ཀུན་རྫོབ་ཐ་སྙད་ཙམ་དུ་རབ་གནས་མ་བྱས་པར་ཡུན་རིང་ལུས་ན། བཀྲ་མི་ཤིས་པ་དང་མཆོད་པའི་འོས་སུ་མི་འགྱུར་བ་སོགས་ཏེ། རབ་གནས་ཀྱི་རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་ལ། །བྱིན་མ་རླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འབྱུང་ཞིང་། །ཇི་སྲིད་མཆོད་པ་དེར་མི་འོས། །དཔེར་ན་སྐྱེས་བུ་ལ་ལ་ཞིག། རིག་པའི་མཚན་ཉིད་སྤངས་པ་ན། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད། །དེ་དེ་བཞིན་དུ་གཟུགས་བརྙན་དེ། །རབ་གནས་མ་བྱས་གཟུགས་བརྙན་ལ། །གང་གིས་མཆོད་ཅིང་ཕྱག་བྱེད་པ། །དམ་ཚིག་བྲལ་ཞིང་སྔགས་དམན་པས། །སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས། །ཞེས་སོ། །དེ་བས། རབ་གནས་ཀྱི་གོ་དོན་ཡང་། ཀུན་མཁྱེན་འཇམ་བཞད་ཀྱིས། དོན་དམ་པར་རབ་ཏུ་གནས་བྱ་གནས་བྱེད་སོགས་ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་ནམ་མཁའ་ལྟ་བུ་ཞིག་ཡིན་ཀྱང་། ཐ་སྙད་དུ་རྫས་སྔགས་ཏིང་འཛིན་སོགས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཚོགས་པ་དང་། རྒྱལ་བ་རང་ཉིད་ཀྱི་གསུང་ལྟར་ཐུགས་དམ་བསྐུལ་བ་ལ་བརྟེན་ནས། ཡེ་ཤེས་པའི་ཚོགས་གདུལ་བྱའི་མོས་ངོ་དང་བསྟུན་པར་དམ་ཚིག་པ་ལ་རབ་ཏུ་གནས་པ་ལ་གསུངས་སོ། །ངེས་ཚིག་ནི། དངོས་བོ་ཕལ་བ་ཡེ་ཤེས་སེམས་དཔའི་དངོས་བོར་གྲུབ་སྟེ་གནས་པར་བྱེད་པ་ལ་ཟེར་རོ། །

དེ་བས། རབ་གནས་ནི་གསར་བཞེངས་ཀྱི་སྐུ་གསུང་ཐུགས་རྟེན་སོགས་ལ་ངོ་བོ་དངོས་མའི་བྱིན་རླབས་རབ་ཏུ་གནས་པར་བྱས་པ་ལ་བྱ་ཞིང་། འདི་ཡང་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་གྲས་སུ་གཏོགས། དེ་ཡང་སྐུ་གསུང་ཐུགས་རྟེན་གསར་དུ་བཞེངས་གྲུབ་བྱུང་རྗེས། བགེགས་བསྐྲད་དང་རབ་གནས་མ་བྱས་ན། གནོད་བྱེད་འདྲེ་གདོན་སོགས་ཀྱིས་རྟེན་དེ་ལ་གནས་བཅས་ཏེ། བདག་ཏུ་བཟུང་ནས་གནོད་འཚེ་གཏོང་བས། དེ་ལ་བགེགས་བསྐྲད་དང་ཡེ་ཤེས་པ་བསྟིམས་དགོས་པ་ཡིན་པས། རབ་གནས་ཆེན་མོ་སོགས་རྒྱས་འབྲིང་བསྡུས་གསུམ་བྱེད་ཚུལ་ཡོད་པ་གྲུབ་མཐའ་ཁག་གི་བླ་མ་གོང་མ་རྣམས་ཀྱིས་ཆོ་ག་མང་དུ་མཛད་པ་ཡོད། །

༢ རབ་གནས་བྱེད་པའི་སློབ་དཔོན། རབ་གནས་བྱེད་པའི་སློབ་དཔོན་གྱི་མཚན་ཉིད་ལ་ཐེག་པ་རང་རང་གི་སྐབས་སུ་འབྱུང་ལ། ཐེག་པ་འོག་མ་འདུལ་བའི་སྐབས་སུ་མཁན་སོགས་གསུམ་འོས་པའི་མཚན་ཉིད་བསྡུས་ན་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ཕྱེ་བ་ལྔ་ཕྲུགས་ཉེར་གཅིག་སོགས་དང་ལྡན་པ་དགོས། ཐེག་ཆེན་ལ་མདོ་ལུགས་ཀྱི་སྐབས་སུ་མཚན་ཉིད་ལྔ་ལྡན་སོགས་བཤད་ལ། སྔགས་ཀྱི་ཐེག་པར་ཆོ་ག་ཉི་ཤུ་སོགས་མང་བོ་ཞིག་བཤད་པ་ལས། འདིར་ནི་དུལ་སོགས་ཀྱི་མཚན་ཉིད་དང་ལྡན་ཞིང་། དེ་ཉིད་བཅུ་ཤེས་པ་ཞིག་དགོས་ཏེ། རྟེན་བརྟེན་པའི་དཀྱིལ་འཁོར་བྱེད་པ། ཏིང་འཛིན་གྱིས་ཉེས་ཚོགས་མནོན་ཅིང་ལེགས་ཚོགས་བསྐྱེད་པ། ཕྱག་རྒྱ་དང་གར་གྱི་སྟངས་སྟབས་ལ་མཁས་པ། གདན་ཁྲི་བཤམས་པ། བཟླས་བརྗོད་བྱེད་པ། སྦྱིན་སྲེག མཆོད་པ་འབུལ་བ། ལས་ཀྱི་སྦྱོར་བ་ཉེ་བར་བསྡུ་བ་རྣམས་ཀྱི་ཚུལ་ཤེས་ཤིང་། སྔགས་ཀྱི་དམ་སྡོམ་དག་པ། མཐོང་བ་བརྒྱུད་པའི་ཕྱག་བཞེས་ཀྱི་སྒོ་ནས་རབ་གནས་ཆོ་ག་ལ་མཁས་པ་ཞིག་དགོས་ཀྱི། སུ་ཐོད་ཐོད་ཀྱིས་མི་རུང་ངོ་། །དེ་ཉིད་བཅུ་ཤེས་པའི་སློབ་དཔོན་ལའང་། དམན་འབྲིང་མཆོག་གསུམ་ཡོད་པ་ནི། འགྲེལ་ཆེན་དྲི་མེད་འོད་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཡང་གནས་གཅིག་ཏུ་དེ་གསུམ་ཡོད་ཚེ་རབ་བྱུང་གཉིས་གང་རུང་གིས་བྱེད་དགོས་ཀྱི། ཁྱིམ་པས་བྱེད་མི་རུང་པ་ནི། དུས་འཁོར་རྩ་རྒྱུད་ལས། ལྷ་ཁང་ལ་སོགས་རབ་གནས་པོ། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་དག་ཏུ་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ལྡན་པས་མིན། །

༣ རབ་གནས་ཀྱི་ཡུལ་དང་གནས། རབ་ཏུ་གནས་པའི་ཡུལ་ནི། སྐུ་གདུང་ཐུགས་རྟེན་གྱི་རིགས་བརྡུང་བ་དང་། བྲིས་པ། བླུགས་འབུར་ཅི་རིགས། གཙུག་ལག་ཁང་དང་རྡོ་དྲིལ་སོགས་གསར་བཞེངས་དང་། ཨར་ལྕོག་བྱས་ཏེ་བསྐྱར་བཞེངས་ཅི་རིགས་སོ། །ཀུན་མཁྱེན་འཇམ་བཞད་ཀྱིས། རབ་ཏུ་གནས་བྱའི་རྟེན་ནི། མཆོག་སྐུ་གསུང་ཐུགས་ཀྱི་རྟེན་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྡོ་རྗེ་དྲིལ་བུ་བགྲང་ཕྲེང་རྒྱན་དྲུག་སོགས་སོ། །ཕལ་བ་ནི་ཁང་བ་ཁང་བཟང་སྐྱེད་ཚལ་ཁྲོན་པ་ཆུ་མིག་སོགས་ཡིན་གསུངས་སོ། །

གནས་ནི། དུས་འཁོར་རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པའི། །གནས་དེར་རྣལ་འབྱོར་བརྩམ་པར་བྱ། །ཞེས་དང་། སྤྱི་རྒྱུད་ལས། མཆོད་ན་ཆེན་པོ་ཉམས་དགའ་དང་། །དབེན་པ་ཡི་ནི་གནས་དག་ཏུ། །རི་ཡི་རྩེ་མོ་རྒྱ་ཆེན་དུ། །དངོས་གྲུབ་དཀྱིལ་འཁོར་བྲི་བར་བྱ། །ཞེས་དང་། གཞན་ཡང་། གནས་ནི་ཉམས་དགའ་འདུ་འཛི་མེད། །ཉེས་པ་ཐམས་ཅད་རྣམ་སྤང་ལ། །ཞེས་པ་ལྟར། ཉེས་པ་ཐམས་ཅད་ཅེས་པ་བཤན་པ་དང་སྨད་འཚོང་མ་དང་། སྦལ་སྦྲུལ་སྡོམ་སྡིག་སོགས་གནས་པའི་གཞི་དང་། གད་སྙིགས་དང་འདམ་རྫོབ་སོགས་ཀྱི་གནས་སྤང་དགོས་སོ། །

༤ རབ་གནས་བྱེད་པའི་དུས་ནི། རབ་གནས་ཀྱི་རྒྱུད་ལས། དཔྱིད་ཟླ་ར་བའམ་དཔྱིད་ཟླ་འབྲིང་། །དགུན་དང་དཔྱིད་ཀྱི་ཐ་ཆུང་ངམ། །དབྱར་ར་དེ་བཞིན་དབྱར་འབྲིང་བོ། །ཉི་མ་བྱང་དུ་གནས་པ་ཡི། །དཀར་བོའི་ཕྱོགས་ཀྱི་གཉིས་པ་འམ། །དེ་བཞིན་དེ་ལྟར་གསུམ་པ་དང་། །གང་ཚེ་གཟའ་ཚེས་དང་བསྟུན་ནས། །ནག་པོའི་ཕྱོགས་ལའང་བརྩམས་པར་བྱ། །ཞེས་སོགས་དང་། དུས་ཚེས་དེ་དག་ཏུ་རབ་གནས་བགྱིས་པའི་འབྲས་རྟགས་ཀྱང་། བདེ་མཆོག་དཀྱིལ་ཆོག་ལས། དབྱར་དུས་རབ་གནས་གྲུབ་པའོ། །སྟོན་ནི་བདེ་བ་སྟེར་བར་འགྱུར། །དགུན་སྟོད་ཡེ་ཤེས་འཕེལ་བ་སྟེ། །དགུན་སྨད་དབང་ཕྱུག་ཐམས་ཅད་འབྱུང་། །དཔྱིད་ཀ་དཔལ་ནི་རབ་ཏུ་སྦྱིན། །སོས་ཀ་རྒྱལ་དང་ཞི་བ་སྟེར། །རབ་གནས་དུས་ནི་ཐམས་ཅད་དུ། །སངས་རྒྱས་བཞུགས་སུ་འཇུག་པར་བཞེད། །ཅེས་དང་། ཐམས་ཅད་དུ་ནི་ཆུ་སྟོད་དང་། །སྣར་མ་གྲོ་བཞིན་དེ་བཞིན་དབོ། །ལག་པ་སྣུབས་དང་སྣྲོན་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམས་སྨད་དག་ཀྱང་དེ་བཞིན་དུ། །རྒྱུ་སྐར་འདི་དག་ཐམས་ཅད་དུ། །རབ་ཏུ་གནས་པ་མཆོག་ཏུ་བཤད། །ཞེས་སོགས་ཟླ་བ་དྲུག་དང་། གཟའ་བཞི། སྐར་མ་བཅུ་བཞི་སོགས་ལ་རབ་གནས་བྱ་བར་གསུངས་ཏེ། ཞིབ་ཏུ་རྗེའི་རབ་གནས་རྒྱས་པའི་ཟིན་བྲིས་སོགས་ལས་ཤེས་པར་བྱ་ཞིང་། ཁྱད་པར་དུ་དགུན་ཟླ་འབྲིང་བོ་དང་། དཔྱིད་ཟླ་འབྲིང་བོ་ནི་འཁོར་ལོའི་སྒྱུར་རྒྱལ་དང་། སངས་རྒྱས་ཀྱིས་དབང་བསྐུར་བའི་དུས་ཆེན་ཡིན་པས། མཆོག་ཏུ་བཀྲ་ཤིས་པར་གསུངས། དེ་ལས་གཞན། ཚེས་གྲངས་ངན་དང་དུས་མིན་དང་། །གནས་མིན་ཆོ་ག་མི་ལྡན་པར། །མཁས་པས་དཀྱིལ་འཁོར་མི་འབྲིའོ། །བྲིས་ན་གདོན་མི་ཟ་བར་ཤི། ཞེས་གསུངས་ལ།

འོན་ཀྱང་། སློབ་དཔོན་ཏིང་འཛིན་མཆོག་དང་ལྡན་ཞིང་། མི་མཐུན་ཕྱོགས་ཟིལ་གྱིས་མནོན་པར་ནུས་ན་ནི་དུས་ཚོད་དགག་བྱ་ཅི་ཡང་མེད་པར་མ་ཟད། གྲུབ་ཆེན་འགའ་ཟུང་གིས་རབ་གནས་ཀྱི་ཆོ་ག་སོགས་ཅི་ཡང་མི་བརྟེན་པར། འཇིག་རྟེན་པར་ཞེན་ལོག་བྱུང་བ་ལྟ་བུའི་རབ་གནས་བགྱིད་པའང་རེ་གཉིས་སྲིད་དེ། དཔེར་ན། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ལས། དེ་ནས་ངས་ར་ལུང་དུ་ཕྱིན་པའི་ཚེ་ལམ་བར་བ་རྣམས་ཞོལ་ནས་བརྒྱུད་ཡོང་། རྒད་གསུམ་དར་ཞེས་པ་ལོ་བརྒྱད་ཅུ་ལོན་པ་ཞིག་གིས་བཀའ་བརྒྱུད་གསེར་ཐང་གི་ཞལ་ཐང་རི་མོ་ཅན་ཤིན་ཏུ་ལེགས་པ་ལ། གསེར་བྲིས་མེད་པ་ཞིག་རྒྱབ་ཏུ་འཁུར་ཏེ་འགྲོ་བ་དང་འཕྲད་བྱུང་། རྒད་པུ་གར་འགྲོ་ཞེས་བྱས་པས་ང་ར་ལུང་དུ་ངག་དབང་ཆོས་རྒྱལ་གྱི་དྲུང་དུ་སྐུ་ཐང་རབ་གནས་ཤིག་ཞུ་བ་ལ་འགྲོ་རྒྱུ་ཡིན་ཟེར་བས། རྒད་པུ་ཁྱེད་ཀྱི་སྐུ་ཐང་དེ་ང་ལ་སྟོན་དང་བྱས་པས། ཁྱོད་ལ་མི་སྟོན་ངག་དབང་ཆོས་རྒྱལ་ལ་སྟོན་རྒྱུ་ཡིན་ཟེར། ཅིས་ཀྱང་ང་ལ་སྟོན་དང་བྱས། རྒྱ་བཤིག་ནས་བལྟས་པས་རྒད་པུས་དགའ་མོ་ཨེ་འདུག་ཟེར། ངས་ཀྱང་དགའ་མོ་རང་འདུག་སྟེ། འདི་ཞིག་དགོས་རྒྱུ་ཡིན་གསུངས་ནས་ཕྱག་མཇེ་ལ་འཇུས་ནས་ཕར་གཡུག་ཚུར་གཡུག་མཛད་ཅིང་སྐུ་ཐང་གི་སྟེང་དུ་ཆུ་ཐེ་རེ་རེ་བཏང་བས། རྒད་པུ་ནི་དབུགས་ཁ་ཤོང་ཚད་བཏོན་ཏེ། ཨ་ཧོ་ཧོ། ཨ་ཕུའུ། ཨའུ། སྨྱོན་པ་ཁོ་དེ་འདྲ་མ་བྱེད་ཟེར། རྒད་པུ་ངུ་ཞིང་འདུག ངས་ཀྱང་རྒད་པུ་མ་ངུ་ཟེར་ནས་ཞལ་ཐང་རློན་པ་དེ་བསྒྲིལ་ནས་རྒད་པུ་རང་ལ་བསྐུར། ད་རབ་གནས་ཞུ་རུ་ཕྱིན་པས་ཆོག་ཟེར་རྒད་པུ་བརྫངས་པས། རྒད་པུ་ར་ལུང་དུ་སླེབས་ངག་དབང་ཆོས་རྒྱལ་མཇལ་ཚེ། ང་ཡི་བསོད་ནམས་བསག་པའི་རྟེན་བཀའ་བརྒྱུད་གསེར་འཕྲེང་ཞིག་བཞེངས་པ་འདི་རུ་ཕྱག་ནས་ཞུ་རུ་ཡོང་བའི་ལམ་དུ་སྨྱོན་པ་ཞིག་དང་འཕྲད་བྱུང་། ངའི་སྐུ་ཐང་གི་སྟེང་དུ་ཆུ་བྱས་ནས་མེད་པ་ལགས། འདི་ལ་གཙང་བྱས་ནས་ཆོག་མི་ཆོག་ད་དུང་ཨེ་ཡོད་གཟིགས་དང་ཞུས་པས། རྒྱ་བཤིག་ནས་གཟིགས་པའི་ཆབ་གང་སླེབས་ཐམས་ཅད་གསེར་གྱི་དྲ་བ་དྲ་ཕྱེད་མུ་ཁྱུད་ཀྱི་འོད་ཟེར་ཕྲ་ཕུང་ངེ་བར་སོང་འདུག་པས། བླ་མས་ཀྱང་རབ་གནས་བྱེད་མི་དགོས་པར་འགྲུབ་འདུག་གསུངས། རྒད་པུ་བླ་ན་མེད་པའི་དད་པ་ཐོབ་སྟེ། ལེགས་སོ་བཀའ་དྲིན་ཆེ་ལགས། རྒད་པུ་ཁྱོད་ལམ་དུ་སྨྱོན་པ་གཅིག་དང་འཕྲད་པ་དེ་གྲུབ་ཐོབ་འབྲུག་སྨྱོན་ཆེན་པོ་ལགས་པས་རབ་གནས་མི་དགོས་གསུངས། རྒད་པུས་ངའི་ཐང་སྐུ་འདི་ཡང་ཀུན་ལེགས་དངོས་དང་ཁྱད་པར་མེད་པའི་བྱིན་རླབས་སྩོལ་ཅིག་ཟེར། སྐུ་ཐང་དེ་དེང་སང་ཡང་ཐིང་ཡུལ་རྡོར་རྟ་མགོའི་མཆོད་ཁང་ན་བཞུགས་ཡོད་དོ་གསུངས་པ་ལྟ་བུ་ལགས་ལ། དེ་ནི་ཆོ་ག་ལ་མ་བལྟོས་པའི་དོན་དམ་སྤྲོས་བྲལ་གྱི་རབ་གནས་ཞེས་བྱ་སྟེ། དེ་ཡང་ཆོས་ཉིད་ཟབ་མོའི་དོན་ལ་དབང་འབྱོར་བའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་ནི་དགོངས་པ་གཏད་པ་ཙམ་གྱིས་རི་བྲག་སོགས་རང་བྱུང་དང་བཅོས་པའི་རྟེན་གང་ཡིན་ཀྱང་ཡེ་ཤེས་ཆེན་པོའི་འཁོར་ལོར་བྱིན་གྱིས་རློབས་ནུས་པ་ཡིན་ནོ། །

༥ ཆོ་ག་དམན་པའམ་རབ་གནས་མ་བྱས་པའི་ཉེས་པ་ནི། རབ་གནས་ཀྱི་རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་དང་། བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འབྱུང་ཞིང་། །ཇི་སྲིད་མཆོད་པ་དེ་མི་འོས། །དཔེར་ན་སྐྱེས་བུ་ལ་ལ་ཞིག །རིག་པའི་མཚན་ཉིད་སྤངས་པ་ལ། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད། །དེ་དེ་བཞིན་དུ་གཟུགས་བརྙན་དེ། །རབ་གནས་མ་བྱས་གཟུགས་བརྙན་ལ། །གང་གིས་མཆོད་ཅིང་ཕྱག་བྱེད་པ། །དམ་ཚིག་བྲལ་ཞིང་སྔགས་དམན་པས། །སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས། །ཞེས་དང་། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་སོ། །

༦ རབ་གནས་ཀྱི་ཕན་ཡོན། རབ་གནས་ཀྱི་རྒྱུད་ལས། ཆོ་ག་འདི་ཉིད་ནུས་པ་ཡིས། །རྟོག་པ་ལས་གསུངས་ཚུལ་ལེགས་པ། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་འབྲས་བུ་སྐྱེ། །སྐུ་གཟུགས་ཀྱི་ནི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་དང་། དེ་བཞིན་དུ་ཡང་སྔགས་གནས་པས། །མཆོད་ལྡན་མཆོད་པ་བྱེད་པ་དང་། །དེ་ཡི་ལས་ཀྱི་རྣམ་སྨིན་གྱིས། །སྐྱེ་བ་རུ་ནི་མཆོད་པར་འགྱུར། །ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས། ཇི་ལྟར་རབ་ཏུ་གནས་བྱའི་ལྷ། །རབ་ཏུ་གནས་པར་བྱ་བར་ནུས། །སློབ་མ་དད་པའི་གསོལ་བཏབ་པའི། །བསོད་ནམས་ཕྱིར་ནི་བྱ་བ་ཡིན། །ཞེས་དང་། ཇོ་བོ་རྗེས། རབ་གནས་ཚད་ལྡན་སུས་བྱས་པ། །བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང་། །འཁོར་ལོས་སྒྱུར་རྒྱལ་དབང་ཕྱུག་ནི། །འཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །

རྒྱས་པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རབ་གནས་ཀྱི་ཆོ་ག་ཀླག་པའི་དོན་གྲུབ་དགེ་ལེགས་ཀྱི་གཏེར་ཆེན་བཀྲ་ཤིས་རབ་རྒྱས་ཞེས་པར། རབ་གནས་བྱེད་དགོས་མི་དགོས་ཀྱི་ཁྱད་པར། ཆོ་ག་དག་མ་དག་གི་སྐྱོན་ཡོན། སློབ་དཔོན་གྱི་མཚན་ཉིད། གནས་དང་དུས། རྟེན་གྱི་ཁྱད་པར། དོན་དང་སྒྲ་བཤད། ལྷ་གང་གི་སྒོ་ནས་བྱེད་པ། ཆོ་གའི་ཁྱད་པར་བཅས་བཅུའི་སྒོ་ནས་གསུངས་ཡོད་པས་དེ་དག་ཏུ་གཟིགས་པར་བྱའོ། །