[༢] སྐུ་ཞབས་དགེ་མང་སྐུ་ཕྲེང་རིམ་བྱོན།

གསུམ་པ་སྐུ་ཞབས་དགེ་མང་རིམ་བྱོན་ནི། སྐུ་རབས་དང་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་རྣམ་ཐར་གོང་དུ་རྒྱས་པར་སོང་།

སྐུ་ཕྲེང་གཉིས་པ་ཐུབ་དབང་བསྟན་པའི་ཉི་མའམ་རྒྱལ་སྲས་གཞན་ཕན་ཆོས་ཀྱི་སྣང་བ་ནི། རབ་བྱུང་བཅུ་བཞི་པའི་སྨད་དུ་ཡུལ་དབུས་ལྷ་ལྡན་ཆོས་ཀྱི་ཞིང་སར་གཞུང་ཞབས་སྡེ་བ་མཐོན་པོའི་རིགས་སུ་སྐུ་འཁྲུངས། གྲུབ་དབང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་སྐུ་ཞབས་སྐུ་ཕྲེང་གཉིས་པར་ངོས་བཟུང་སྟེ་རུ་དམ་གདན་སར་སྤྱན་དྲངས་ནས་གསེར་ཁྲིར་བཀོད། སྐུ་གཞོན་པའི་དུས་ནས་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན་པ་སོགས་འཕགས་པའི་ཡོན་ཏན་ལྷན་སྐྱེས་སུ་མངའ། རྗེ་གོང་མའི་ཐུགས་སྲས་ཐུ་བོ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ་རྣམ་གཉིས་གཙོ་བོར་གྱུར་པའི་བཤེས་གཉེན་བཅུ་ཕྲག་ལྷག་གཙུག་རྒྱན་དུ་བསྟེན་པ་ལས་ཐུན་མོང་སྒྲ་ཚད་བཟོ་གསོ་ནས་ཐུན་མིན་ནང་དོན་རིག་པའི་བཀའ་པོད་གཞུང་ཆེན་དང་བཅས་པར་གསན་སྦྱང་དཔྱིས་ཕྱིན་པ་གནང་། ཁྱད་པར་སྔ་འགྱུར་བཀའ་གཏེར་གསར་རྙིང་གི་དབང་ལུང་གདམས་ཁྲིད་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་ཐུགས་དམ་ཉམས་བཞེས་གནད་སྨིན་མཛད། སྐུ་ན་གཞོན་སྐབས་རྒོད་བག་གི་རྣམ་པ་ལྟ་བུ་བྱུང་བས་དཔལ་སྤྲུལ་རིན་པོ་ཆེས་བཀའ་བཀྱོན་གྱི་གསུང་བྲིས་བསྩལ་བར་རྟེན་ཐུགས་རྒྱུད་ཤིན་ཏུ་དུལ་བ་བྱུང་། དགུང་གྲངས་ཉི་ཤུ་སྐོར་མཁན་ཆེན་པདྨ་བཛྲ་ལས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས་པ་ནས་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་མ་གོས་པའི་འདུལ་འཛིན་བསྟན་པའི་གཙུག་རྒྱན་དུ་བཞུགས་ཤིང་། ཕྱིས་སུ་རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་རྒྱལ་མཚན་རྗེ་འདི་ཉིད་ཀྱི་ཞལ་སྔ་ནས་བསྙེན་པར་རྫོགས་ཏེ་སྡོམ་རྒྱུན་སྤེལ་བ་དེང་སང་གི་བར་བར་མ་ཆད་པས་སྔ་འགྱུར་སོ་ཐར་སྡོམ་བརྒྱུད་དུ་བཞུགས། དགུང་ལོ་ཉེར་ལྔ་ཙམ་ནས་བསྐྱེད་རྫོགས་རྫོགས་ཆེན་གྱི་ཐུགས་དམ་ཉམས་བཞེས་ལ་གནད་དུ་བསྣུན་ནས་སྐུ་ཚེ་གང་པོར་སྒྲུབ་སྒོ་འདག་སྦྱར་མཛད་ཅིང་། ཕྱོགས་དང་ཕྱོགས་ནས་ཡོང་བའི་མཇལ་ཕྱག་ཆོས་འབྲེལ་ཞུ་མཁན་རྣམས་ལ་རབ་གསལ་གྱི་ཕྱི་རོལ་ནས་བྱིན་བརླབས་ཐུགས་སྨོན་གནང་བར་གྲགས། དད་འབུལ་གྱི་དངོས་རྫས་ཅི་འབྱོར་ཐམས་ཅད་ཀྱིས་གསེར་ཟངས་ཀྱི་སྐུ་བརྙན་དང་ཞལ་ཐང་དངོས་གཙང་ལ་རྒྱུ་སྤུས་བཟང་བ་བརྒྱ་ཕྲག་ལྷག་བཞེངས་པ་དང་། གསུང་རབ་སྣ་ཚོགས་པ་གསེར་བྲིས་དང་ཤིང་པར་དུ་བསྐོས་པ་ཡང་བགྲངས་ཀྱིས་མི་ལང་། ཁྱད་པར་རྗེ་འདི་ཉིད་ཀྱི་ཐུགས་བསྐྱེད་བདག་རྐྱེན་གྱི་གསུང་བསྐུལ་ལ་བརྟེན་ཏེ་འཇམ་མགོན་མི་ཕམ་རིན་པོ་ཆེས་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་བཀའ་འབུམ་ཞུ་དག་མཛད་དེ་ཤྲཱི་སེང་ཆོས་གྲྭར་ཤིང་པར་དུ་བསྐྲུན་པ་སོགས་བསྟན་པའི་སྲོག་རྩར་སྨན་པའི་ཕྲིན་ལས་རྒྱ་ཆེ། མདོར་ན་འཁོར་ལོ་གསུམ་གྱི་མཛད་པས་སྤྱི་དང་བྱེ་བྲག་གི་བསྟན་འགྲོའི་ལེགས་ཚོགས་མཐར་རྒྱས་སུ་སྤེལ་བ་བསམ་གྱིས་མི་ཁྱབ་ཅིང་། རེ་ཞིག་ཞིང་འདིའི་འགྲོ་དོན་རྫོགས་པ་ན་ཕྱི་ནང་གསང་བའི་གྲོལ་རྟགས་ངོ་མཚར་བ་མཐུན་སྣང་དུ་བྱུང་བ་དང་བཅས་གཟུགས་སྐུ་ཞི་བར་གཟིམས་པའི་ཚུལ་བསྟན་ཏོ། །

སྐུ་ཞབས་གསུམ་པ་གར་དབང་ལས་རབ་གླིང་པ་ནི། སྤྱི་ལོ་༡༩༣༠པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལ་ཡབ་དགེ་སྡེའི་ཆོས་རྒྱལ་ཆེན་པོའི་མདུན་ན་འདོན་སྔོ་ཁྱོའི་ཐུབ་བསྟན་དང་། ཡུམ་བསོད་ནམས་ལྷ་མོ་ཞེས་པའི་སྲས་སུ་ཁམས་སྡེ་དགེའི་ཡུལ་དུ་སྐུ་འཁྲུངས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ངོས་འཛིན་མཛད་ཅིང་གསེར་ཁྲིར་བཀོད། བྱ་བྲལ་ཀུན་དགའ་དཔལ་ལྡན་དང་། ཨ་བུ་ལྷ་རྒྱལ། ཉི་སྤྲུལ་དྲུག་པ། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་སོགས་གཙུག་རྒྱན་དུ་བསྟེན་ཏེ་བཀའ་གཏེར་དག་སྣང་གི་དབང་ལུང་གདམས་ངག་མ་ཚང་བ་མེད་པ་གསན་བཞེས་མཛད། རྗེ་ཉིད་ཀྱི་ཡོངས་འཛིན་མཁན་པོ་པདྨ་ཆོས་དཔལ་ལས་ཐུན་མོང་གཙུག་ལག་གི་གནས་དང་། ཐུན་མིན་དབུ་ཕར་འདུལ་མཛོད་ཀྱི་གཞུང་ཆེན་ཁག་ལ་གསན་སྦྱང་ཅི་རིགས་མཛད་ཅིང་། སྐྱེས་ནས་ཐོབ་པའི་རྣམ་དཔྱོད་གཞན་མཚུངས་བྲལ་བས་སྨན་དང་ལྷ་བྲིས་སོགས་ལ་བསླབ་སྦྱང་མ་མཛད་ཀྱང་ཐོག་མ་ཉིད་ནས་མཁྱེན་ཅིང་ཆུབ་པར་གྲགས། དངོས་ཉམས་རྨི་ལམ་ཅི་རིགས་པར་སློབ་དཔོན་ཆེན་པོས་ཞལ་གཟིགས་རྗེས་གནང་བསྩལ་ཅིང་སྙིང་ཐིག་རྩ་གསུམ་དང་། མཚོ་རྒྱལ་དཀར་མོའི་སྒྲུབ་ཐབས་སོགས་དགོངས་གཏེར་དུ་མའི་བརྡ་བྱང་བཀྲོལ་བར་མཛད་པ་དང་། རྒྱལ་ཁམས་སྤྱིའི་མ་འོངས་ལུང་བསྟན་དང་གང་ཟག་སྒེར་གྱི་ཚེ་ཚད་གསུངས་པ་སོགས་ལ་ཐོགས་པ་མེད་པའི་མངོན་མཁྱེན་མངའ་ཞིང་ཐམས་ཅད་ཐོག་ཏུ་མ་ཁེལ་བ་མེད་པས་སྐུ་ཞབས་པའི་གསང་ལུང་འདྲ་ཞེས་དཔེར་གླེང་བ་བྱུང་། དེ་བཞིན་རྫས་གཏེར་ཀྱང་རུ་དམ་ཞབས་ཆུང་ལུང་ཕུ་ནས་དུང་དཀར་སྨན་སྒྲུབ་ཀྱིས་གང་བ་ངོ་མཚར་བ་དང་། རུ་དམ་ཚེ་རིང་ལྗོངས་ནས་རྡོ་རྗེ་འཆང་གི་ལི་སྐུ་མཐོ་གང་བ། ཧོར་ལྭ་དཀར་སྒང་རི་ཕུག་བྲག་རི་གཡང་མཁར་ནས་སྟོན་པ་ཐུབ་པའི་དབང་པོའི་སྐུ། རུ་དམ་གདན་སའི་ཡར་ཕྱོགས་ཆུ་མགོ་ནས་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན། ཡར་ལུང་ཁོག་ནས་སློབ་དཔོན་ཆེན་པོའི་སྐུ་ཚབ་བྱེ་མའི་ཨ་ཀྲོང་བཅས་ཁྲོམ་གཏེར་དང་གསང་གཏེར་ཅི་རིགས་པ་བཞེས། ལྷ་ལྡན་དུ་ཕེབས་སྐབས་བསམ་ཡས་སུ་གནས་ཆུང་ཆོས་རྒྱལ་བྱིན་ཕེབས་པ་དང་ཁེལ་བས་སྐུ་རྟེན་པས་ཁྲོམ་ཚོགས་ཀྱི་དཀྱིལ་ནས་སྤྱན་དྲངས་ཏེ་རྒྱ་ཁྲིར་བཞུགས་སུ་གསོལ་ཞིང་། ཤྲཱི་སེང་ཆོས་གྲྭའི་བླ་རྟེན་བཙན་མཁར་སྐྱར་གསོ་མཛད་རྒྱུ་དང་སྤྱི་བྱེའི་ཞབས་རིམ་ལ་ཕུར་པ་ཁང་བརྩེགས་བཞེངས་དགོས་པའི་ལུང་བསྟན་གནང་ཞིང་སྐུ་ཆས་གསེར་དངུལ་གྱི་མེ་ལོང་དང་རྒྱ་གསེར་གྱི་པང་ཁེབས་བཀྲོལ་ཏེ་ཕུལ། ཤྲཱི་སེང་ཆོས་གྲྭར་བཞུགས་པའི་ཕྱོགས་འདུས་ཀྱི་གྲྭ་སློབ་ཡོངས་ལ་སྐབས་དང་སྐབས་སུ་བཀའ་གཏེར་གསར་རྙིང་གི་དབང་ཁྲིད་ལུང་རྒྱུན་བསྩལ་བ་སོགས་ཆོས་མཛད་ཀྱི་མཛད་པ་རྒྱ་ཆེན་བསྐྱངས། དགུང་གྲངས་ཉེར་དགུ་པར་དར་མདོའི་ཁྲིམས་ཁང་དུ་ཟླ་ངོ་གཅིག་ཙམ་སོང་བའི་ནུབ་གཅིག་ན་བཟའ་ཐམས་ཅད་བསལ་ཏེ་སྐུ་མཉམ་བཞག་གིས་བཞུགས་པའི་དེ་མ་ཐག་སྐུ་གཤེགས། ཉིན་འགའི་རིང་ལ་ཕྱོགས་དེར་འཇའ་འོད་ཀྱི་གུར་ཁང་ཕུབ་པ་སོགས་ཡ་མཚན་གྱི་མངོན་རྟགས་མཐོང་ཆོས་སུ་བྱུང་བས་བཙོན་གྲོགས་ཐམས་ཅད་ངོ་མཚར་བར་གྱུར་ཏོ། །