བཀྲ་ཤིས་རྟགས་བརྒྱད།

བཀྲ་ཤིས་རྟགས་བརྒྱད་ནི་ཚངས་པ་ལ་སོགས་པས་སྟོན་པ་སངས་རྒྱས་ལ་ཕུལ་བ་དང་། སངས་རྒྱས་ཀྱིས་རང་གཞན་གྱི་བསོད་ནམས་གསོག་པའི་སླད་དུ་གཟུགས་བརྙན་གྱི་དམིགས་རྟེན་ཙམ་དུ་བྱས་ནས་ཕུལ་ན་བཀྲ་ཤིས་རྒྱ་མཚོའི་དཔལ་ལ་སྤྱོད་པའི་ཐུགས་སྨོན་གྱིས་ཟིན་པ་སྟེ།

༡ གདུགས་དཀར་གསེར་གྱི་ཡུ་བ་ཅན་དབུ་ལ་ཕུལ་བས་ལུས་ཅན་ཀུན་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པ་དང་། ༢ གསེར་ཉ་གཡུ་གཤོག་ཅན་སྤྱན་ལ་ཕུལ་བས་ཀུན་ལ་ཤེས་རབ་ཀྱི་མིག་སྦྱིན་པ་དང་། ༣ དྲི་བཟང་པདྨ་ལྗགས་ལ་ཕུལ་བས་པདྨ་འདམ་དང་ཆུ་ལ་སྐྱེས་ཀྱང་འདམ་དང་ཆུ་མི་ཆགས་པ་ལྟར། འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱི་མི་གོས་ཤིང་། རྫུན་སྤངས་ཆོས་ཀྱི་བདུད་རྩི་བརྙེས་ནས་ལྗགས་པདྨ་ལྟ་བུ་འཐོབ་ནས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་དང་། ༤ བྱང་སེམས་སྐྱེ་བ་ལྔ་བའི་དུང་སེམས་ལ་ཕུལ་བས་བཞི་བཅུའི་ཚེམས་ཕྲེང་མངོན་པར་གསལ་ཞིང་རོ་བྲོ་མཆོག་འཐོབ་པར་མ་ཟད། དུང་གི་ཚེམས་པར་ནས་ཆོས་སྒྲ་ཕྱོགས་བཅུར་སྒྲོགས་པ་དང་། ༥ བུམ་པ་བདུད་རྩིའི་བཀང་ཞིང་དཔག་བསམ་ཤིང་གི་ཁ་རྒྱན་ཅན་མགྲིན་པ་ལ་ཕུལ་བས། བུམ་པ་བཅུད་ཀྱིས་བཀང་བ་ལྟར་རང་རྒྱུད་ཆོས་ཀྱི་བདུད་རྩིས་བཀང་ནས། གདུལ་བྱའི་རྒྱུད་ཚིམ་སྟེ། ལོངས་སྤྱོད་འབད་མེད་དུ་འབྱུང་བ་དང་། ༦ རིན་ཆེན་དཔལ་བེའུ་འཇའ་འོད་ཀྱི་རང་བཞིན་ཐུགས་ལ་ཕུལ་བས་རྣམ་མཁྱེན་ཐོག་མཐའ་མེད་པ་ཟབ་ལ་རྒྱ་ཆེ་བའི་སྟོབས་རང་རྒྱུད་ལ་འཐོབ་པ་དང་། ༧ བསྟན་པ་མི་ནུབ་པའི་རྒྱལ་མཚན་སྐུ་ལ་ཕུལ་བས། ཕས་རྒོལ་དང་མི་མཐུན་ཕྱོགས་ལས་རྒྱལ་ཞིང་། སངས་རྒྱས་ཀྱི་སྐུ་དེ་མི་ཕལ་བ་ལས་སུམ་འགྱུར་གྱིས་འཕགས་པ་འཐོབ་པ་དང་། ༨ ཉོན་མོངས་དྲུངས་འབྱིན་འཁོར་ལོ་ཞབས་ལ་ཕུལ་བས་ཕས་རྒོལ་ཟིལ་གྱིས་གནོན་ཞིང་། ཆོས་འཁོར་བསྐོར་བས། གདུལ་བྱའི་རྒྱུད་འདུལ་བ་སོགས་མདོར་ན་རྟགས་བརྒྱད་ཕུལ་བ་ལ་བརྟེན་ནས། བཀྲ་ཤིས་དཔལ་ལ་སྤྱོད་པར་ཐུགས་སྨོན་གྱིས་ཟིན་པའོ། །

ཡང་ན། གདུགས་དཀར་གྱིས་སངས་རྒྱས་ཀྱི་དབུ་གདུགས་ལྟར་རྒྱས་པ་མཚོན་པ། གསེར་ཉས་ཡེ་ཤེས་ཀྱི་སྤྱན་ལྡན་པ། པདྨས་ཞལ་དཀྱིལ་ཁེབས་པའི་ལྗགས། ཆོས་དུང་གིས་དཔལ་གྱི་མགུལ་བ། དཔལ་བེའུ་ཡིས་ཐུགས་ཀྱི་ཡོན་ཏན། ནོར་བུས་ལྷའི་ཡོན་ཏན། འཁོར་ལོས་འཕྲིན་ལས་ཀྱི་ཡོན་ཏན་མཚོན་བྱེད་སྦྱར་བ་སོགས་རྒྱ་ཆེར་སྤེལ་བའང་ཡོད།

མཚོན་དོན་ལ། བཀྲ་ཤིས་བརྩེགས་མདོ་ལས། ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས། །སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་དཔལ་བེའུ་གསལ། །སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས། །མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། །ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག །ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་ལྔ། །བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག །རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཕོབ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་སོ། །ཞིབ་ཏུ་པཎ་ཆེན་ཆོས་ཀྱི་ཉི་མའི་བཀྲ་ཤིས་རྫས་རྟགས་ཀྱི་བཤད་པ་ཁག་གཅིག་ཅེས་པར་གཟིགས་པར་ཞུ།