[༨] རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ།

རབས་འབྱམས་སྐུ་རབས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་བློ་གསལ་རྒྱ་མཚོའི་སྡེ་ནི། རབ་བྱུང་བཅུ་གཉིས་པའི་ཆུ་མོ་སྦྲུལ་གྱི་ལོར་རུ་དམ་གཡང་འཁྱིལ་དུ་རྫོགས་ཆེན་གཉིས་པའི་གཅུང་དུ་སྐུ་འཁྲུངས། ལྷུམས་སུ་ཞུགས་པའི་ཚེ་ཡི་གེ་དྲུག་མའི་གཟུངས་སྔགས་སྒྲོག་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་། གསུང་བྱེ་བ་ཙམ་ནས་རབ་འབྱམས་པའི་ཡང་སྲིད་དུ་ཞལ་བཞེས་གནང་བ་སོགས་སྔོན་གནས་རྗེས་དྲན་གྱི་རྟགས་མཚན་གསལ། རྡོར་སྨིན་སོགས་ནས་ལུང་གིས་བསྟན་པ་བཞིན་དགུང་གྲངས་ལྔ་པའི་ཐོག་གོང་མའི་ཞལ་སློབ་རྣམས་ཀྱིས་ཞེ་ཆེན་ཨོ་རྒྱན་ཆོས་རྫོང་གི་སྒྲུབ་སྡེར་སྤྱན་དྲངས། སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་དུས་འགྱུར་རྐྱེན་གྱིས་ཁམས་ཕྱོགས་སུ་ཕེབས་སྐབས་ཞེ་ཆེན་དགོན་དུ་གདན་དྲངས་པས་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་ཆོས་བདག་ཏུ་དབུགས་ཕྱུང་ཞིང་། གཏེར་ཆེན་རིན་པོ་ཆེའི་ཕྱག་ཕྲེང་རཀྴ་བྱིན་ལྡན་ཡང་བསྩལ་ཏེ་སྨིན་གླིང་གཏེར་གསར་གཙོར་གྱུར་གྱི་སྨིན་གྲོལ་གྱི་གདམས་པ་མཐའ་ཡས་པ་བསྩལ། དམ་པ་འདི་ཉིད་དང་གཅེན་རྫོགས་སྤྲུལ་འགྱུར་མེད་ཐེག་མཆོག་བསྟན་འཛིན། མཆོག་སྤྲུལ་སྐལ་བཟང་པདྨ་དབང་ཕྱུག ཟུང་འཇུག་རྡོ་རྗེའི་ས་མཁན་འགྱུར་མེད་སྐལ་བཟང་འཕེལ་རྒྱས། རྗེ་དེ་ཉིད་ཀྱི་རིགས་དབོན་འགྱུར་མེད་སྐལ་བཟང་བསྟན་འཕེལ་བཅས་རིགས་བདག་མཚུངས་མེད་ལྔ་དང་། གཞན་ཡང་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། མདོ་ཁམས་པ་ཀུན་དགའ་བསྟན་འཛིན། ཀཿཐོག་རྒྱལ་སྲས་དྲི་མེད་ཞིང་སྐྱོང་སོགས་ཡོངས་འཛིན་མཁས་གྲུབ་དུ་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ཐ་སྙད་རིག་གནས་དང་བཅས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན། བསམ་བྱུང་གིས་གཏན་ལ་ཕབ་པས་ཇི་སྙེད་པའི་ཆོས་ལ་སྒྲོ་འདོགས་ཆོད། རིམ་གཉིས་ཟབ་མོའི་ལམ་ལ་སྒོམ་སྒྲུབ་སྙིང་པོར་མཛད་པས་རྒྱུད་གཞུང་ནས་ཇི་སྐད་བཤད་པའི་ལྟ་སྒོམ་འབྲས་བུའི་དྲོད་ཚད་བརྙེས། རྩ་གསུམ་ལྷག་པའི་ལྷ་རབས་འབྱམས་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས། ཁྱད་པར་དགུང་གྲངས་ཉེར་གཅིག་ཧོར་ཟླ་དགུ་པའི་ཉེར་གསུམ་གྱི་ཐོ་རེངས་འཇམ་དཔལ་དྲེག་པ་འཇོམས་བྱེད་ཀྱི་བཟླས་པའི་སྐབས་ཉམས་ཀྱི་སྣང་ཆར་སྐྱེ་ཕྲེང་ལུང་བསྟན་དུ་སྩལ་བ། བུ་ཁྱོད་སྐྱེ་བ་སྔ་རོལ་ཏུ། །འོག་མིན་ཤར་ལྷོའི་ཞིང་ཁམས་སུ། །སངས་རྒྱས་མྱ་ངན་མེད་པའི་དཔལ། །སྟོན་པ་ཀུན་བཟང་སྤྱན་སྔ་རུ། །གནོད་སྦྱིན་རྒྱལ་པོ་སྐར་མདའ་གདོང་། །འཕགས་ཡུལ་མཁས་གྲུབ་ཡོངས་ཀྱི་གཙུག །སློབ་དཔོན་འཇམ་དཔལ་བཤེས་གཉེན་ཏེ། །བོད་ཡུལ་བསིལ་ལྡན་ལྗོངས་འདི་རུ། །འབྲི་གུང་རིན་ཆེན་ཕུན་ཚོགས་ཞབས། །ཟླ་བྲལ་རྩོད་མེད་རབ་འབྱམས་པའི་། །ལས་འཕྲོ་སྐྱེ་བ་ཁྱོད་ཉིད་ཡིན། །གཞན་ཕན་འགྲོ་དོན་དུས་ལ་བབ། །ཚུལ་ལྡན་དམ་ཚིག་བསྲུང་བྱས་ན། །ལས་ཅན་སྐྱེས་བུ་འཁྲུལ་པ་མེད། །ཞག་གསུམ་གཞན་ལ་མ་ཟེར་སྡོམས། །དེ་ནས་ཀུན་ལ་གོ་བར་སྤེལ། །ཞེས་གསུངས། གཟའ་བདུད་ཀླུ་བཙན་སོགས་དྲེགས་པ་ཅན་རྣམས་དངོས་སུ་བཀའ་བསྒོ་བ་ཉན་ཅིང་བྲན་དུ་ཁོལ། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་དུ་གསལ་བས་མཚོན་མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ། གཉུག་མར་གནས་པ་དང་ཕྱོགས་ནས་བྱོན་པའི་བུ་སློབ་ལ་ལོ་བསྟར་གྲུབ་དབང་རྫོགས་ཆེན་པའི་ཟབ་ཆོས་མཁའ་འགྲོ་སྙིང་ཏིག་དང་། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དུས་ཁྲིད་བསྟར་ཆགས་སུ་མཛད་པ་དང་། གཞན་རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་གིས་མཚོན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ལེགས་བཤད་ཀྱི་གཏེར་ཆེན་པོར་གྱུར་པའི་བཀའ་རྩོམ་ཡང་པོད་དགུར་ལོངས་པ་བཅས་མཁས་ཚུལ་གསུམ་གྱི་མཛད་པས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། ཐུགས་སྲས་ཞལ་སློབ་སྒོ་མེ་དིང་སྐྱ་བཀའ་བཅུ་ཀུན་བཟང་སྙན་གྲགས་དང་། སིབ་སྤྲུལ་སྐུ་ཀུན་བཟང་པདྨ་དབང་རྒྱལ། གྲུབ་དབང་སངས་རྒྱས་རབ་བརྟན། ཕུག་ཁུང་བླ་མ་པདྨ་རིན་ཆེན། འཇུ་བླ་གསང་སྔགས། ཞེ་དྲུང་པདྨ་རྣམ་དག །ཁྲོམ་བཟའ་ངག་དབང་པདྨ་སོགས་བྱོན་ཞིང་། ལྷོ་དྲུང་ཆོས་རྗེ་རིན་པོ་ཆེ་པདྨ་གསང་སྔགས་བསྟན་འཛིན་རྒྱལ་ཚབ་ཏུ་དབང་བསྐུར་ནས་དགུང་གྲངས་ང་བདུན་པ་རབ་བྱུང་བཅུ་གསུམ་པའི་ས་གླང་ལོར་གདོད་མའི་གྲོལ་སར་གཤེགས་སོ། །