ཐེའུ་རང་།

ཐེའུ་རང་ནི། འབྱུང་བོའི་རིགས་ཤིག་སྟེ། དེའི་རིགས་ལས་སྟོབས་དང་རྫུ་འཕྲུལ་ཆེ་བ། དམ་ཅན་རྡོ་རྗེ་ལེགས་པ་ཡིན་ལ། དེ་ནི་རྒྱལ་བསྟན་སྲུང་ཕྱིར་འཇིག་རྟེན་དྲེགས་པ་རང་རྒྱུད་པ་ལྟར། ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང་བཀའ་བསྒོས་གཉེར་གཏད་དང་། སློབ་དཔོན་པད་འབྱུང་གིས་སྲུང་མར་མངའ་གསོལ་བ་ཞིག་ཡིན། ཁྱད་པར་དུ་བན་བོན་ཡོངས་ཀྱི་སྲུང་མ། རྒྱ་བོད་ཀུན་གྱི་གཏེར་བདག གནམ་ས་ཕྱོད་ཀྱི་བདག་པོ། མ་ངེས་པའི་རྫུ་འཕྲུལ་ཅི་ཡང་སྟོན་པ་ཞིག་ཡིན། དེའི་འཁོར་དུ་དམ་ཅན་མགར་བ་ནག་པོ། མོན་པ་སེར་སྐྱ། མཆེད་འཁོར་སུམ་བརྒྱ་དྲུག་ཅུ་སོགས་འཁོར་ཕལ་ཆེར་ཐེའུ་རང་གི་རིགས་ཡིན་པར་བཤད། གཞན་ཡང་། ཐེའུ་རང་སྤུན་དགུ་ཟེར་བ། རྒྱལ་ཐེའུ་ཁྲ་བོ། དྲི་ཤ་ཁ། རྐན་འཐོར་གསུམ་གྱིས་རྒྱལ་བོ་ལ་གནོད། ལས་ཐེའུ་སྨུག་པོ། ལེགས་ཐེའུ་ཁྲ་བོ། ས་ཐེའུ་ནག་པོ་གསུམ་གྱིས་དམངས་ལ་གནོད། བྲག་སྲིན། ཤིང་སྲིན། ཆུ་སྲིན་གསུམ་གྱིས་ཕྱོགས་སྐྱོང་ལ་གནོད། དགུ་ཀའི་རྐང་བས་བཅག་པར་བཤད་པ་དང་། ཨོ་རྒྱན་སངས་རྒྱས་ཀྱིས་མཛད་པའི་མདོས་གླུད་ཞེ་དགུ་མ་ལས། གནམ་ཐེའུ་ས་ཐེའུ་བར་ཐེའུ་དང་། །མོན་ཕོ་མོན་མོ་སྲས་དང་བཅས། །ཐེའུ་རང་སྤུན་དགུ་འཁོར་དང་བཅས། །ཞེས་ཀྱང་གསུངས་ལ།

དེ་དག་གི་བྱེད་ལས་ཀྱང་། བོན་གྱི་སྒྲ་འགྲེལ་ལས། གནམ་ཐེའུ་དཀར་བོ་གསུམ་ནི། གནམ་ཁྱི་དང་སྡོངས་ནས་ལྷ་སྡང་བདུད་དུ་འབབ། བར་ཐེའུ་ཁྲ་བོ་གསུམ་གྱིས་འདྲེ་རྒུ་སྣ་འདྲེན་བྱེད། ས་ཐེའུ་ནག་པོ་གསུམ་གྱིས་མོ་རྒྱུད་མངལ་དུ་སྐེམས་པར་བཤད་དོ། །གཞན་ཡང་། ཧོར་གྱིས་སེང་ལྕམ་འབྲུག་མོ་འཕྲོག་དུས་ཐེའུ་རང་དཀར་ནག་ཁྲ་གསུམ་གྱིས་གནོད་པ་བཏང་ཚུལ། ཧོར་གླིང་གཡུལ་འགྱེད་ལས། ཧོར་དམག་གླིང་གི་ཤར་རྫོང་ཇ་མཁར་རིང་མོར་བླུགས་ནས་འབྲུག་མོ་བཙན་འཕྲོག་བྱེད་སྐབས། འབྲུག་མོ་ལ་བྱ་ཐབས་མ་རྙེད་པར་ངེས་པར་འཕུར་སྙམ་དུ། དར་མདུང་གིས་གཤོག་པ་བྱས་ནས། འཕར་འཕར་ཐེབས་ཐེབས་ཅི་བྱས་ཀྱང་སྔོན་ལས་མཐུ་བཙན་པ་དང་། ཐེའུ་རང་དཀར་ནག་ཁྲ་གསུམ་གྱིས་གཉའ་བ་མནན་ནས་འཕུར་མི་ཐུབ་པར་གདའོ། །ཞེས་སོ། །

དེ་དག་གི་ཁ་ཟས་ཀྱང་། ལྷ་འདྲེ་བཀའ་ཐང་ལས་ཀྱང་། པད་འབྱུང་གཡའ་རི་གོང་དུ་བྱོན་དུས་ཐེའུ་བྲང་འགོང་བོ་མང་བོས་བསུ་བ་བྱས་ཏེ་ཁ་ཟས་མང་དུ་ཕུལ་བ་འདི་ལྟར་འབྱུང་སྟེ། དེ་ནས་གཡའ་རི་གོང་དུ་བྱོན། །ཐེའུ་བྲང་ཐེལ་འགོང་མང་བོས་བསུ་བ་བྱས། །འཛམ་བུ་གླིང་གི་ཆང་རིགས་ཐམས་ཅད་བསྡུས། །འབྲུ་ཆན་རིགས་བྱེད་མ་ལུས་པ། །ཤིང་ཏོག་རིགས་བྱེད་མ་ལུས་དང་། །ཤ་མོ་སྨུག་ཤ་དཀར་ཤ་སེར་ཤའི་རིགས། །ལ་ཉུང་གང་སྲུབས་ཙོང་སྒོག་བྲག་སྒོག་རིགས། །སྒོག་རྩེ་ཤ་བ་རྩེ་དང་ཙོང་རིགས་སྒོག །སྒོ་ང་ཉ་དང་ཤ་རིགས་རི་ཀླུང་མེད། །ནོར་གྱི་རིགས་བྱེད་མ་ལུས་སྣ་ཚང་བ། །ཐེའུ་བྲང་སྡེ་བརྒྱད་དཔག་ཚད་རྒྱང་གྲགས་སྤུངས། །ཞེས་དང་། འཇུ་མི་ཕམ་གྱི་མདོས་སྨྲེང་བཀྲ་ཤིས་སྒོ་མང་ལས། ཐེའུ་རང་གི་རྫོང་འདེབས་ལ། ཐེའུ་རང་མདོས་ལ་བཤོས་བུ་དང་། །རྟ་ཐོད་ལ་སོགས་ཐོད་སྣ་ཚོགས། །ར་སོགས་གཟུགས་བརྙན་ར་ཚིལ་དུད། །ཡོས་ཁྲ་ལ་སོགས་རྫས་སུ་བཤམས། །ཞེས་དང་། གླིང་སྒྲུང་ལས་ཀྱང་རྩལ་ཆེན་ནམ་མཁའ་སྦར་ཟིན་གྱིས་གླིང་ལ་སྒྱོགས་འཕེན་སྐབས། ཐེའུ་རང་དཀར་ནག་ཁྲ་གསུམ་ལ་ར་ཤའི་གསུར་དང་ཡོས་ཁྲ་དུང་ཤོ་གསུམ་གྱིས་མཆོད་པར་བཤད་ཡོད་དོ། །

གཞན་དུ། ཕལ་མོ་ཆེས་མིག་གིས་མི་སྣང་བའི་རྐང་བ་ཡ་གཅིག་ཅན་གྱི་གནོད་བྱེད་ཞིག་ལའང་ངོས་འཛིན་ཏེ། མོན་གླིང་གཡུལ་འགྱེད་ལས། ཐོག་མར་ཐེའུ་རང་འཕྲུལ་གྱི་བླ་མ་རྐང་གཅིག་བཏུལ། ཞེས་དང་། ངང་ཡག་ཐེའུ་མོ་སྤུན་དགུ་དང་། མགར་བའི་ཐེལ་མོ་རྐང་གཅིག་ཅེས་འབྱུང་ལ། དམངས་གཞས་ལས་ཀྱང་། ཁྱོད་ནི་ཐེའུ་རང་རྐང་གཅིག །ས་འོག་བརྒྱུད་གི་མ་འདུག །ཅེས་གསུངས་ལ། དམངས་ཁྲོད་དུའང་རྐང་བ་ཡ་གཅིག་གི་རྗེས་མཐོང་རྒྱུ་ཡོད་པ་དེ་ཡང་ཐེའུ་རང་རྐང་གཅིག་གི་རྗེས་ཡིན་པར་བཤད་དོ། །དེ་ཡང་བདེན་མཆི་སྟེ། ཀརྨ་ཆགས་མེད་ཀྱི་འདྲེ་དགུ་སྐྱས་འདེབས་ལས། ཐེའུ་རང་ཕ་ནི་སྟག་མཚུར་སྐྱེས་གཅིག་པོ། །མ་ནི་སྒང་མ་སྒང་ཆུང་སྣ་རུ་མ། །དེ་གཉིས་སྡེབ་ངན་འཚོགས་པ་ལ། །བུ་ནི་ཐེའུ་རང་སྤུན་དགུ་བྱུང་། །སྐྱེས་བཟང་དེ་ནི་ལུས་གཅིག་པོ། །དཔྲལ་བའི་དབྱིངས་སུ་མིག་གཅིག་པོ། །བྲང་གི་མདོ་ན་ནུ་གཅིག་པོ། །ཁ་ཡི་ནང་ན་སོ་གཅིག་པོ། །སྙོབ་པར་བྱེད་པའི་ལག་གཅིག་གོ །།མགོ་ན་རལ་བ་སྐྲ་གཅིག་པོ། །འགྲོ་བར་བྱེད་པའི་རྐང་གཅིག་པོ། །སྤྲུལ་བ་སྣ་ཚོགས་དུ་མ་འགྱེད། །ནངས་སྔ་ཕར་ལ་འགྲོ་བའི་ཚེ། །སྟག་ཆས་ཁྲ་དང་སི་ལི་ལི། །ནུབ་མོ་ཚུར་ལ་འོང་བའི་དུས། །བསེ་དྲི་དེ་ནི་ཐུ་ལུ་ལུ། །ཕོ་ཡི་ལུས་ལ་གནོད་པའི་དུས། །ན་ཆུང་མཛེས་སྡུག་ཅན་དུ་སྤྲུལ། །ཐིག་ལེ་བརྐུ་ཞིང་ལུས་མདངས་འཆོར། །ཚེ་སྲོག་གཅོད་ཅིང་ཁ་དབུགས་ལེན། །མོ་ཡི་ལུས་ལ་གནོད་པའི་དུས། །རག་ཤ་སྐྱེས་བཟང་གཅིག་ཏུ་སྤྲུལ། །དུས་མིན་མངལ་ཁྲག་འབབ་ཏུ་འཇུག །སྟོང་སྦྲུམ་བྱེད་ཅིང་ཚེ་སྲོག་གཅོད། །ཟླ་དགུ་ཁྲག་ཏུ་བསྒྱུར་བ་དང་། །ཕོ་ལུས་མོ་རུ་བསྒྱུར་བ་དང་། །གནོད་བྱེད་ཐེའུ་རང་སྤུན་དགུ་དེ། །མི་སྤྲུལ་དེ་ནི་དགུ་རུ་སྤྲུལ། །ར་རྒན་རུ་རིང་རྟ་རུ་ཞོན། །ར་སླག་ཁྲ་མོ་གོས་སུ་གྱོན། །ཞེས་གསུངས་སོ། །

དེ་དག་གི་འདུག་གནས་ནི། ཐེའུ་གཏོ་རྣམས་སུ། ད་ནི་ཐེའུ་རང་ལམ་སྟོན་ནོ། །གནས་འདིར་མ་འདུག་གཞན་དུ་སོང་། །བྲག་ཕུག་ཐང་ཡངས་ཚེར་མའི་རྩེར། །གྲོང་ཁྱེར་ལ་སོགས་གནས་དེ་རུ། །ཁྱེད་ཀྱིས་དབྱར་དཔྱིད་སྟོན་དགུན་བར། །འདུག་པའི་གནས་ཡིན་དེ་རུ་སོང་། །ཞེས་དང་། ཡང་། ས་དཔྱད་རྣམས་སུ། ཐེའུ་རང་གི་གནོད་པ་འགོག་པ་ལ། སྒོའི་ཡ་ཐེམ་དུ་རི་བོང་དང་། རྔ་གསེབ། རིལ་མ། གཤེད་སྲུང་སྤྲེའུ་སོགས་བཞག་ན། དགྲ་ལྷ་གཉན་པོ་འཁོར་ཞིང་། གནོད་འདྲེ་ཐེའུ་རང་སོགས་ཕལ་ཆེར་ཁོགས་ལ། མཆིག་སོགས་སྒོ་ཐེམ་དུ་འཇོག་པར་མི་བྱའོ། །ཞེས་ཀྱང་གསུངས་ལ། ཡང་ངག་རྒྱུན་དུ། སྤྲེའུ་ནི་རང་བཞིན་གྱིས་ཐེའུ་རང་གི་དགྲར་གྱུར་བས། ཁྱིམ་དེར་སྤྲེའུ་སྤུ་སྲེག་ནའང་ཐེའུ་རང་འགོག་ཐུབ་པ་དང་། ཐེའུ་རང་ནི་འོད་ལ་སྐྲག་པས་པས། སྒོའི་ཡ་ཐེམ་དུ་མེ་ལོང་བཀལ་ནའང་འགོག་ཐུབ་པ་དང་། ཐེའུ་རང་འཁོར་བའི་མི་དེའི་རྗེས་སུ་ཐལ་བ་བཏབ་ནའང་ཐེའུ་རང་སྤྲོད་ཐུབ་པར་བཤད་དོ། །

ཡང་། ཐེའུ་རང་བྱ་བ་སྐབས་བསྟུན་གྱི་གོ་བ་ལེན་ཚུལ་གཞན་ཡང་མཆི་སྟེ། ཐེའུ་རང་གི་རིགས་སུ་འཁྲུངས་པའི་གཉའ་ཁྲི་བཙན་པོ་སོགས་ཐེའུ་བྲང་སྤུན་དགུ་དང་། བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ་ལས་གསུངས་པའི་གྲི་གུམ་བཙན་པོ་ཐེའུ་རང་མང་སྙ་ཝེར་རོའི་སྤྲུལ་པར་བཤད་པ་དང་། གླིང་སྒྲུང་ལས་གེ་སར་མ་སངས་ཀྱི་རྒྱུད་ལས་མཆེད་པ་ལ་འཁྲུལ་བར་མི་བྱའོ། །དེ་ནི་གནའ་བོའི་བོད་ཀྱི་རུས་རྒྱུད་ཅིག་ཏུ་གོ་བ་ཡིན་ཏེ། བོན་ཆོས་འགར། ཡ་ཐོག་གི་མིའི་རིགས་ནི། གཉེན་དང་མ་སངས་ལས་ཆད་པར་བཤད་ཅིང་། ཐེའུ་རང་ནི་མ་སངས་ཀྱི་བྱེ་བྲག་ཞིག་ཡིན་ལ། ད་དུང་། ཡ་ཐོག་བསྐལ་བའི་དུས་སུ་མི་ལས་ཀྱང་ལྷག་པའི་ཤེས་རིག་རྣོ་ཞིང་། བཟོ་འཕྲུལ་དང་དཔའ་རྩལ་ཆེས་མཐོ་བ་ཞིག་ཏུ་ངོས་འཛིན་ཡང་གནང་ཡོད་དོ། །