བོད་ཀྱི་གནའ་རབས་རྒྱན་གོས།

མི་རིགས་གང་ལ་ཆ་མཚོན་ནའང་། རྒྱན་གོས་རིག་གནས་འདི། མི་རིགས་ཀྱི་ཀུན་སྤྱོད་དང་འཚོ་གནས། ཡུལ་སྲོལ་གོམས་གཤིས་ལ་རྐྱེན་བྱས་ཏེ། ནང་བསམ་བློས་བཟོ་བསྐྲུན་བྱས་པ་ཀུན་ལ་བསྙོན་མེད་ཡིན། དེ་བས། ཕ་ཡུལ་གང་ཡིན་སྐད་ཀྱིས་ཤེས། །ལུང་བ་གང་ཡིན་གོས་ཀྱིས་ཤེས། །ཟེར་ལ། ཁྱད་པར་ཁ་རྒྱབ་ཐག་གཅོད་པ་འདི་ཡ་ཐོག་བསྐལ་བ་ནས་ཁ་སང་དེ་རིང་གི་བར་དུ་ཡོད་པའི་དངོས་ཡོད་གནས་ཚོད་ཡིན། དེ་བཞིན་རང་ཅག་བོད་ལ་མཚོན་ནའང་། མེས་པོ་སྔ་མ་དག་གནམ་གཤིས་དྲོ་གྲང་གི་འགྱུར་ལྡོག་ལ་བརྟེན་ནས་གྲང་སྐྱོབ་ཚ་འགོག་དང་། ཡང་ན། ངོ་ཚ་སྒྲིབ་ཆེད་དུ་གོས་སུ་ཤིང་ལོ་དང་པགས་པ་གྱོན་ཏེ། ཤེས་རིག་འཕེལ་རྒྱས་དང་བསྟུན་ནས་རིམ་གྱིས་རུས་པའི་མཛེས་ཆས་དར་བར་གསལ་ཏེ། ཆབ་མདོ་ཁ་རོབ་ནས་རྙེད་པའི་གནའ་བོའི་ཤུལ་རྫས་ཁྲོད། རུས་ཁབ་རྣོན་པོ་དང་། རུས་པའི་སྐྲ་གཟེར་དང་རྣ་ལུང་། མགུལ་རྒྱན། ཕྲེང་རིལ། འགྲོན་རིལ་སོགས་དང་། གཞན་མངའ་རིས་དང་ལྷ་སའི་དུར་ཤུལ་མང་བོ་ལས། རྩི་ལྗོན་གང་རུང་གིས་ལས་སྣོན་བགྱིས་པའི་རྐང་འབོབ་དང་། ཐ་གུ་སྣ་སྣེ་སོགས་ཐོན་པ་དེ། གནའ་རྫས་རྟོག་དཔྱོད་པ་ཚོའི་ལོ་ངོ་བཞི་སྟོང་དྲུག་བརྒྱའི་སྔོན་ནས་བོད་དུ་ཚེམ་བཟོ་དང་མཛེས་རྒྱན་སོགས་ཡོད་པར་ར་སྤྲོད་བྱས་ཡོད་པ་དང་། མུ་ཁྲི་བཙན་པོས་བོན་རྣམས་ལ་ཆེ་ཐབས་ཀྱི་ཆ་བྱད་བསྩལ་བ། བསྒྲགས་པ་རིན་ཆེན་གླིང་གྲགས་ལས་འདི་ལྟར་འབྱུང་སྟེ། སྐུ་ལ་གཙིགས་བྱིན་པ་དབུ་སྐྲ་སིལ་མ་རྩེ་རྒྱལ་བཅད་ཅིང་གཏུབ་ཏུ་མེད། དབུ་ལ་དར་དཀར་བོའི་འགྱིང་ཐོད་ལ་བྱ་རྒྱལ་རྒོད་ཀྱི་ལྡེམ་འཕྲུ་བཙུགས་པ། གསེར་གྱི་བྱ་རུ་དང་གཡུ་ཡི་ལྡེམ་བརྐྱང་དང་། དངུལ་གྱི་ཆབ་སྒྲོག་དང་ཟ་འོག་གི་འབོལ་ལྷམ་དང་། ན་བཟའ་དབྱི་དཀར་དང་སྤྱི་དཀར་གྱི་ཐུལ་བ་སྟག་གཟིག་གུང་གསུམ་གྱི་གོང་ལག་བཏགས་པ་དང་། ཞེས་དང་།

ཕྱིས་སུ་རྒྱལ་བོའི་ཆ་ལུགས་ཤིག་ལ། སྲོང་བཙན་གྱི་དར་དམར་བོའི་ལ་ཐོད་བཞེས་པ་ལོ་རྒྱུས་ཡིག་ཚང་ལས་འབྱུང་ལ། པོ་ཏ་ལའི་ཕོ་བྲང་དམར་བོའི་ཆོས་རྒྱལ་སྒྲུབ་ཕུག་གི་ནང་བཞུགས་པའི་སྲོང་བཙན་གྱི་སྐུ་འདྲ་དེ་ཡང་། ཐོད་བཅིངས་དམར་བོ་བྱས་ཏེ་བཞེངས་ཡོད་པ་རེད། དེ་ལས་གཞན། སྦ་བཞེད་ལས་ཀྱང་། མཁན་ཆེན་བྷོ་དྷི་ས་ཏྭ་ཁྲི་སྲོང་ལྡེ་བཙན་ལ་ཐོག་མར་མཇལ་སྐབས། དབུ་ལ་ལ་ཐོད་བཅིངས། སྐུ་ལ་ཟ་འོག་གི་བེར﹙དར་སྣ་ལྔས་གསེར་སྐུད་ཀྱིས་བཏགས་པ﹚དང་ལྷམ་སྣ་འཁྱིལ་གསོལ་བ་དང་། ཡང་། ཆོས་རྒྱལ་གྱི་གདུང་རྒྱུད་དུ་གྲགས་པའི་མངའ་རིས་ལ་དྭགས་པ་རྣམས་ཀྱིས་ཀྱང་། ལོ་སར་གྱི་ཚེ་སྔོན་གྱི་ཆས་ཡིན་ཟེར་ནས་ཞྭ་དམར་བཙན་ཞྭའི་དབྱིབས་ཅན་རྩེ་མོ་མཐོ་ཞིང་ཕྲ་བའི་གཡས་ཟུར་དུ། ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་དར་དམར་གྱིས་བཅིངས་ཏེ་ལྷག་མ་མདུན་དུ་བསྣོལ་བ་ཡང་སྔར་སྲོལ་ཕྱི་རྟགས་སུ་ཡོད་པ་ཡིན་ནོ། །ཁྱད་པར་དུ། ཡུལ་མིའི་ཆས་དང་སྔོན་གྱི་ལྷ་དག་གི་རྒྱན་ཆས་ཕལ་ཆེར་འདྲ་ས་མང་བས། འདི་ལ་དཔྱད་གཞི་ཤིན་ཏུ་ཆེ་སྟེ། དེབ་དཀར་ལས། ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་དཔྱད་པ་བྱས་པ་འདི་འདྲ་ལ། མང་བོ་དག་བྱིས་པའི་རིགས་པ་ལྟ་བུར་སེམས་ངེས་མོད་ཀྱི། རྒྱ་གར་གྱི་གང་གཱའི་ལྷ་མོའི་རྐང་གདུབ་གྱོན་པ་དང་། ཨ་མདོའི་རྨ་རྒྱལ་སྦོམ་རས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུ་སཱས་བེར་སྔོན་གྱོན་པའི་བར་ཞིབ་ཏུ་ལྟོས་དང་། ཡུལ་མིའི་ཆ་ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ། །ཞེས་པ་ལྟར། བོད་ཀྱི་བཙན་པོས་ཕྱིང་ཞྭ་དང་ཕྱིང་ལྭ་ཡང་གྱོན་པ་སྟེ། ཐང་ཡིག་ལས། བཙན་པོ་རང་ཡང་ཕྱིང་ལྭ་དོར་ནས་དར་ཟབ་གྱོན་ཏེ་རྒྱ་ཡི་ལུགས་སུ་སྤྱོད་གསུངས་པས་སོ། །བློན་ཆེན་རྣམས་ཀྱང་ཕལ་ཆེར་རྒྱལ་བོའི་ཆས་འདྲར་གསོལ། དམག་དཔོན་རྣམས་སྟག་གཟིག་དང་སེང་གེའི་པགས་པར་བརྩི་མཐོང་ཆེ་ཞིང་། དཔའ་ཆས་སུ་འང་བཤད། སྡར་མ་རྣམས་ཝ་ཡི་གཞུ་གུ་སོགས་གྱོན་པར་བཤད་དེ། རྒྱུ་མཚན་ནི། དགེ་ཆོས་ཀྱིས། བཙན་པོའི་དུས་སྐབས་སུ་སྟག་ལྤགས་དང་གཟིག་ལྤགས་ནི་དཔའ་བོའི་མཚོན་བྱེད་དེ། སྐྱེས་པ་ཚོ་གཡུལ་ལ་ཞུགས་ནས་རྒྱལ་ཁ་བླངས་ཚེ། སྟག་ལྤགས་དང་གཟིག་ལྤགས་ཀྱི་གོང་བ་གཡོགས་པ་དང་། གལ་ཏེ་གཡུལ་ལས་ཕམ་པའམ་བྲོས་བྱོལ་བྱས་ཚེ་མགོ་ལ་ཝ་ཡི་གཞུ་གུ་བཏགས་ཏེ་དམོད་ལ། མིའི་གྲས་སུའང་མི་བརྩི་བས་ལག་པ་ས་ལ་བཙུགས་ཏེ་ཁྱི་ཡི་ལད་མོས་གུས་ཕྱག་བྱེད། གསུངས་སོ། །གཟིམ་འགག་ཚོས་འཁྱེར་བའི་འབོག་ལྕག་གམ་སྟག་གི་ཐོག་བུ་བྱ་བ་འདི་ཡང་། ཁྲི་སྲོང་གི་དུས་སུ་དཔའ་བོ་རྣམས་ལ་བསྩལ་བའི་ཆས་སུ་གྲགས། སྐབས་དེ་དུས་བོད་རྣམས་གསེར་དངུལ་རྡོའི་རིགས་ཀྱི་རིན་པོ་ཆེ་ལ་གཙིགས་སུ་ཆེ་ལ། ཁྱད་པར་དུ་གཡུ་ནི་མཆོག་ཏུ་བརྩི། ཅིའི་ཕྱིར་ན། སྲོང་བཙན་གྱིས་མངགས་པའི་བང་མིའི་ཕྱག་ཏུ་སྲིང་མོ་སད་མ་ཀར་གྱིས་གཡུ་རྙིང་སུམ་ཅུ་བསྐུར་བའི་རྒྱུ་མཚན་ཡང་། མིང་བོ་ཁྱོད་ལ་གཡུ་ཐོགས་དཔའ་རྒོད་སུམ་ཅུ་ཡོད་ན་རྒྱལ་བོ་ལུག་མི་རྒྱ་ལ་རྒོལ་ཅིག་ཅེས་བརྡར་བསྟན་པས། གཡུ་ཡི་རྒྱན་ཆ་ལ་དོ་སྣང་ཇི་ལྟར་བྱེད་པ་རྟོགས་ནུས་པར་མ་ཟད། དཔོན་རྟགས་མཐོ་ཤོས་སུའང་གཡུའི་རྒྱན་ཆ་འདི་འཛིན་པ་སྟེ། ཐང་ཡིག་ལས། གཡུའི་ཡི་གེ་བླ་ན་མཐོ། གསེར་གྱི་ཡི་གེ་དེ་ལས་དམན། ཕྲ་མིན་དེ་ལས་དམན། དངུལ་དེ་ལས་དམན། ཐ་མ་ཟངས་སུ་བྱེད་ཅིང་ཆེ་ཆུང་དབྱེ། དེ་རྣམས་དཔུང་བར་བཏགས་ཏེ་མཐོ་དམན་བྱེད་ཅེས་གསུངས་པ། རིམ་བཞིན་ཆེ་བ་བདག་རྐྱེན་གྱིས་ཚུལ་དུ་གོ་གནས་ཀྱི་མཐོ་དམན་དབྱེ་འབྱེད་དང་། ཁད་ཀྱིས་གཞན་གྱི་མིག་སྔར་ངོམ་ངོམ་བྱེད་པའི་གཟི་བརྗིད་ལྟ་བུར་གྱུར་ཏེ་མཛེས་ཆོས་ཀྱི་རྒྱན་ཆར་གྱུར་བ་རྟོགས་ཐུབ། རྣམ་པ་གཞན་དུ་ན། རིན་ཆེན་མཆོང་ལྟ་བུར་མཚོན་ན། དག་ཡིག་གི་འགྲེལ་བཤད་ལས་ཀྱང་། མཆོང་ནི་གདོན་བགེགས་སྲུང་བྱེད། ཅེས་འབྱུང་བ་ལྟར། གཟི་མཆོང་སོགས་ནི་བྱུར་འགོག་ཚེ་སྲུང་དང་རྒྱན་ཆ་གཉིས་གོ་ཆོད་པ་ཡིན། དེ་བཞིན་གཡུ་ལ་མཚོན་ནའང་། བླའི་རིག་གནས་དང་འབྲེལ་བ་ཡོད་པས། གཡུ་ལུས་ལ་བཏགས་ན་བླ་ཇེ་བརྟན་དུ་ཡོང་བ་དང་། ལྷག་པར་བགྲེས་སོང་དང་སྦྲུམ་མ། ནད་པར་མཚོན་ན་བླ་ཤིན་ཏུ་སྙོམ་པས། གཡུ་ལུས་ལ་བཏགས་ན་ཕན་ནུས་ཆེ་བར་བཤད། གཟི་ལ་མཚོན་ནའང་། ལན་ཆགས་དང་། གཟའ་ནད། བར་ཆད་སེལ་ཞིང་། ཁ་རྗེ་རླུང་རྟ་དར་བར་བཤད་དོ། །

ཕྱིས་སུ་གནམ་གཤིས་དང་འཚོ་གནས། ལས་རིགས་མི་འདྲ་བའི་དབང་གིས་རྒྱན་ཆའི་རྒྱུ་དང་བཟོ་དབྱིབས་མི་འདྲ་བའི་རྣམ་གྲངས་མང་དུ་གྱེས་པ་སྟེ། བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ་ལས། ང་ནི་ཆབ་མདོའི་མ་ཡིན་ཏེ། །ཆབ་མདོའི་ཆ་ལུགས་ང་ཡིས་ཤེས། །ཆབ་མདོའི་ཆ་ལུགས་བཤད་དགོས་ན། །རྐེད་པ་དངུལ་ཆ﹙དངུལ་གྱི་སྐ་རགས། ﹚ཧྲུག་སེ་ཧྲུག །ང་ནི་འབའ་བ་མ་ཡིན་ཏེ། །འབའ་བའི་ཆ་ལུགས་ང་ཡིས་ཤེས། །འབའ་བའི་ཆ་ལུགས་བྱེད་དགོས་ན། །སྟེང་སྐུད་དར་ཕོན﹙གསེར་དངུལ་གྱི་ཐོན་ཆ། ﹚ཧྲུག་སེ་ཧྲུག །ང་ནི་སྡེ་དགེ་མ་ཡིན་ཏེ། །སྡེ་དགེ་ཆ་ལུགས་ང་ཡིས་ཤེས། །སྡེ་དགེ་ཆ་ལུགས་བཤད་དགོས་ན། །མགོ་ལ་བྱུ་རུ﹙དབུས་གཙང་ས་ཁུལ་དུ་འང་ཡོད། ﹚ཧྲུག་སེ་ཧྲུག །ཅེས་དང་། གཞན་ཡང་། རྒྱན་གོས་གཉིས་ཀའི་སྐོར་ནས། སྡེ་རོང་ས་ཆའི་དམངས་གླུར། མགོ་རས་རྒྱ་དར་དཀར་བོ། །རྣ་ལུང་གཡུ་ཕྲ་སུམ་སྐོར། །རྒྱབ་གོས་གོང་ཕྲུག་ཐིག་ལེ། །གའུ་མེ་ལོང་དཀར་གསལ། །སྐ་རགས་ལུས་བསྐོར་བཅུ་གཉིས། །པད་གདན་ནམ་མཁའི་འཇའ་ཚོན། །རྒྱ་ལྷམ་ཕོ་རོག་གཤོག་རྩེ། །ལྷམ་སྒྲོག་བྱ་རྗེས་བྱིའུ་སྤུ། །ལྷམ་འཛེར་སུམ་ཅུ་སོ་དྲུག །ཅེས་དང་། དེ་བཞིན་དབུས་གཙང་དང་ཨ་མདོའི་ཡུལ་ལུང་སོ་སོ་ནའང་རྒྱུ་དབྱིབས་དང་། འདོགས་ལུགས་མི་འདྲ་བ་མང་དུ་ཡོད་དོ། །

གནའ་རབས་བོད་ཀྱི་རྒྱལ་མོ་རྣམས་ཀྱི་ཆ་བྱད་ནི། དེབ་དཀར་ལས། བོད་ཀྱི་རྒྱལ་མོ་མཚན་མི་གསལ་བ་ཞིག་གི་སྐོར་བྲིས་ཏེ། རྒྱལ་མོ་དེས་སྟོད་ཐུང་སྔོ་ནག་ཕུ་དུང་གི་ཁ་ས་ལ་རེག་པ་ཙམ་དུ་རིང་བ་ཞིག་གྱོན། སྨད་ལ་དར་ནག་པོའི་ཤམ་ཐབས་གྱོན། སྐྲ་ལ་ལྷས་མ་ཆུང་ངུ་མང་དུ་བྱས་ཤིང་། རྣ་བ་ལ་ཨ་ལོང་འདོགས། ལྷམ་ཟོ་ཡི་བྱ་བ་གྱོན། དགུན་དུས་པགས་པའི་གྱོན་པ་ཕྱི་ལ་ཚེམ་དྲུབ་སྣ་ཚོགས་ཡོད་པ་ཞིག་གྱོན། ཅེས་པ་ལས་རགས་ཙམ་རྟོགས་ནུས་ལ། བོད་དུ་ཕོ་ཆས་མོ་ཆས་ཀྱི་སྲོལ་འདི་ཡང་། རྒྱ་བཟའ་ཀོང་ཇོས་ཕྱེས་པར་བཤད་དེ། དེབ་ཐེར་ཁག་གཅིག་ཏུ། བརྒྱད་དུ་མཛངས་པ་རྒྱ་མོ་ཨོང་ཆུང་གིས། །གོས་ལ་ཕོ་ཆས་མོ་ཆས་སོ་སོར་ཕྱེ། །ལས་ལ་ཕོ་ལས་མོ་ལས་སོ་སོར་ཕྱེ། །ཕོ་ལ་མདའ་གཞུ་མོ་ལ་འཕང་ཆ་གཏད། །ཅེས་ཟེར་རོ། །

འབངས་མི་སྤྱིར་བཏང་རྣམས་ཀྱིས་དབྱར་དུས་སུ་ཕྱིང་བའི་ཕྱུ་བ་དང་། དགུན་དུས་སུ་སློག་པ་གྱོན་པ་ཡིན་ཏེ། ཐང་ཡིག་ལས། མི་རྣམས་དབྱར་བལ་ཕྱིང་དང་། དགུན་སློག་པ་གྱོན། ཞེས་སོ། །

རབ་བྱུང་བདུན་པའི་ས་གླང་སྤྱི་ལོ ༡༤༠༩ ལོར། སྣེ་གདོང་གྲགས་པ་རྒྱལ་མཚན་གྱིས། སྐུ་དྲག་རྣམས་ཀྱིས་ཆ་ལུགས་ཡ་མ་ཟུང་བསྒྱུར་བར་མ་མཉེས་ནས། ལོ་སར་སོགས་མཛད་སྒོ་ཁག་ལ། སྔོན་ཆོས་རྒྱལ་ཚོའི་སྐབས་ཀྱི་ཆས་གོས་རྒྱན་ཆ་གྱོན་སྲོལ་སྒྲིག་འཛུགས་གནང་བ་དང་། རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོའི་སྐབས་དཔོན་རིགས་རྣམས་ཀྱིས་རྒྱན་གོས་བདེ་ཁྱད་བྱས་ཏེ། རྒྱ་ཧོར་བོད་སོག་གི་འདྲེས་མའི་རྒྱན་ཆ་རང་སྣང་གང་དྲན་བྱས་པ་ལ། སྡེ་སྲིད་བློ་བཟང་མཐུ་སྟོབས་ལ་བཀའ་བཀོད་གནང་ནས། སྔར་ཡོད་ཀྱི་རྒྱན་གོས་ལ་ཞིབ་འཇུག་གནང་སྟེ། རིན་རྒྱན་སོགས་གྱོན་པའི་ལུགས་སྲོལ་མཐའ་འཁྱོངས་གནང་བ་དང་། རིན་རྒྱན་ནི་ཞིབ་གསལ་དུང་དཀར་ཚིག་མཛོད་ལས་གསལ་ལ། དེ་ནི་དུས་རབས་བཅུ་བཞི་བའི་ནང་ཕག་གྲུ་དང་རིན་སྤུངས་དུས་ཀྱི་རྒྱན་གོས་ལ་གཞི་བཅོལ་ཏེ་བཟོ་ལུགས་ཁ་གསལ་དུ་བཀོད་པར་གཞིགས་ན། འདི་ལ་ལོ་རྒྱུས་ཆེས་སྔ་བར་སྣང་། རབ་བྱུང་བཅུ་གཉིས་བའི་སྐབས། གཞིས་ཀ་རྩེར་ཕོ་ལྷ་བ་པཎ་ཆེན་བློ་བཟང་ཡེ་ཤེས་ལ་མཇལ་ཚེ། གཞིས་རྩེ་རྫོང་དཔོན་དང་འབངས་རྣམས་ཀྱི་ཆ་ལུགས་ཞིབ་རྒྱས་སུ་བཀོད་པ་འདི་ལྟར་གདའ་སྟེ། མི་དབང་རྟོགས་བརྗོད་ལས། དེའི་ཚེ་དེའི་དུས་ན་བསིལ་ལྡན་གྱི་ལྗོངས་འདིར་ཡང་སྐྱེ་དགུ་རྣམས་རང་དབང་དུ་སྤྱོད་པ། གནའ་བོའི་སྲོལ་བཟང་ནུབ་པ་མེད་པ། ཆས་ཀྱི་མཛེས་ཤིང་ཁྲིམས་ཀྱི་སྤ་བ་ཡིན་པས། རྒྱལ་བོའི་ཁབ་བསམ་འགྲུབ་རྩེའི་སྣེ་མོར་སྤྱོད་པས་རྗེ་བོ་དག་ཀྱང་ཞྭ་བཟང་བོ་ཀ་ཤི་ཀའི་ལ་ཐོད﹙དྲུང་འཁོར་གྱི་ཨ་ཀོང་ཟེར་བ་དེ་ཡིན﹚ཅན། ཨུཏྤལ་རབ་ཏུ་རྒྱས་པའི་རྫིང་བུའི་དབུས་སུ། བཞིན་རས་ཀྱི་ཟླ་བ་ཁྲུས་ལ་ཞུགས་པ་ལྟ་བུའི་རྣ་རྒྱན་འཆང་བ། བཻཌཱུ་རྱའི་ཁུ་རྒྱུན་གཙང་མ་རླུང་གིས་བསྐྱོད་པའི་གཉེར་རིས་སྙོམས་པར་ཁྱབ་པ་ལྟ་བུའི་གོས་བཟང་བོ﹙དྲུང་འཁོར་སྐྱ་བོའི་ཤམ་ཐབས་དེ་ཡིན﹚དང་། ཐུན་མཚམས་ཀྱི་སྤྲིན་གསར་བ་དབང་བོའི་གཞུ་མཚར་བོས་དཀྲིགས་པ་དང་མཚུངས་པའི་སྟོད་གཡོགས﹙དྲུང་འཁོར་སྐྱ་བོའི་སྟོད་གོས་འཇའ་བསྒྲིགས་མ﹚དང་། པདྨ་དམར་བོའི་སྐུད་པ་ཐགས་སུ་བྲན་པ་དང་འདྲ་བའི་རྔུལ་གཟན﹙དྲུང་འཁོར་སྐྱ་བོའི་གྱོན་པ་གཟན་ཕྲ﹚མནབས་ཏེ་ཡ་རབས་དྲ་མའི་ཆོས་སུ་མཛེས་པ་དང་། འབངས་རྣམས་ཀྱང་སྐྲ་དོ་ཐོར་དུ﹙སྐྲ་སྒོར་བརྒྱབ་པ﹚བཅིངས་པ་དང་། སིལ་བུ་གྲོལ་བ﹙སྐྲ་ལྕང་ལོ་བྱས་པ﹚དང་། གོས་ཀྱི་སྟ་ཟུར་སུལ་ཞིབ་ཅན་དང་། གུར་གུམ་གཞོན་ནུའི་མེ་ཏོག་འབར་བ་ལྟ་བུའི་ཞྭ་བཟང་བོ﹙པགས་ཞྭ་དང་ཞྭ་མོ་འབག་ཐོ﹚བཀླུབས་པར་བྱེད། ཅེས་དང་།

ཡང་། མི་དབང་རྟོགས་བརྗོད་ལས། བུ་མོ་དམ་པ་དཔལ་བཟང་སྐྱིད་པ་ཕོ་ལྷ་བའི་ཆུང་མར་བསུ་སྐབས་ཀྱི་རྒྱན་གོས་ནི། དེ་ནས་བུ་མོ་དམ་པ་དཔལ་བཟང་སྐྱིད་པ་བག་མའི་དགའ་སྟོན་ལ་ཕྱོགས་པ་ན། བཞིན་ལག་གི་དྲི་མའི་ཆ་ཤས་སུ་གྱུར་བ་ནི་བསིལ་ཆུས་བྱི་དོར་བྱས། གནག་སྣུམ་རེག་ན་འཇམ་པའི་སྨད་གོས་མིག་སྨན་གྱི་མདངས་ཆགས་པ་ནི་མནབས། གོས་བཟང་བོ་ཨན་ད་རྙིལ་གྱི་ཆུ་བོ་རླབས་གཉེར་གཡོ་བ་རྨ་བྱའི་མདོངས་སྒྲོས་ཕྲ་བཏབ་པ་ལྟ་བུ་ནི་ལེགས་པར་བགོས། ཡུལ་པེ་ཅིན་གྱི་བུ་མོའི་ལག་སོར་གྱི་རོལ་བ་ལས་སྐྱེས་པའི་བཟང་གོས་སྟོད་གཡོགས་འཇའ་ཚོན་གྱི་དུམ་བུས་རྒྱན་དུ་བྱས་པ་ལྟ་བུ་ནི་ཀླུབས། མཆིལ་ལྷམ་ཡུ་ཅན་རྒྱན་སྤྲས་དང་ལྡན་པ་ནི་བགོས། སྐེད་སྐབས་ཕྲ་ཞིང་ལྡེམ་པ། རིན་པོ་ཆེའི་ཕྲ་བཏབ་པའི་སྐ་རགས་ནོར་བུའི་འཕྱང་འཕྲུལ་ཅན་བསིལ་ཁྲོལ་གྱི་སྒྲ་སྒྲོགས་པ་ནི་བཅིངས། མཉེན་ལྕུག་གཞོན་ཤ་ཆགས་པའི་མཁྲིག་མ་ལ་ནི་རིན་པོ་ཆེ་ཕྲ་ཚོམ་ཅན་གྱི་གདུ་བུས་མཛེས་པར་བྱས། བུམ་པའི་མགྲིན་པ་ལྟར་འཁྱིལ་བའི་མགུལ་བ་ནི་ཀུར་གུམ་གྱི་ཚོས་ཀྱིས་བྲན་པ་ལྟ་བུའི་སྦུར་ལེན་གྱི་མགུལ་རྒྱན་དང་། གཞན་ཡང་བྱུ་རུ་དང་། མུ་མེན་དང་། སྤུར་ལེན་གྱི་སེ་མོ་དོ་དང་། དོ་ཤལ་ནི་གོ་སྐབས་ཕྱེད་པར་བྱས་ཏེ་དཔྱངས། ནོར་བུའི་བྱེ་བྲག་སྣ་ཚོགས་སྤེལ་བའི་སེ་རལ་ཁ་ནི་བཅིངས། ཛམ་བུ་ཆུ་བོའི་གསེར་ལས་བྱས་པའི་རྣ་རྒྱན་རིན་པོ་ཆེ་སྤྲུག་གིས་ཕྲ་བཏབ་པ་ཨུཏྤལ་སྔོན་པོ་འདབ་མ་རྒྱས་པ་ལྟ་བུ་མུཀྟི་ཀའི་ཆུན་འཕྱང་ཅན་ནི་སྤུད། གནག་སྣུམ་ལི་བའི་དབུ་སྐྲའི་ཟུར་བུ་གཙུག་ཏུ་ཕྱེད་བཅིངས་སུ་བྱས་ཤིང་ལྷག་མ་རྒྱབ་ཏུ་གྲོལ་བ། གསེར་གཡུ་མུ་ཏིག་བྱུ་རུ་ལ་སོགས་པའི་སྐྲ་བཅིངས་ནོར་བུའི་རྩེ་ཕྲན་ཅན་ནི་བཅིངས། མུ་ཏིག་དྲ་བ་འཁོར་མོར་བཀོད་པ་ལ་དབུས་སུ་ཕྲ་ཚོམ་ཅན་གྱི་གཙུག་རྒྱན་བཞིན་རས་ཕྱེད་བསྒྲིབས་སུ་བྱེད་པའི་རྣམ་པ་ཅན་གྱི་རྒྱན་དུ་བྱས། གཙུག་གི་གཡུ་ཉི་མའི་འོད་འབར་བའི་འགྲམ་ངོགས་ནས་འཕྱང་འཕྲུལ་དུ་བྱས་པའི་རིན་པོ་ཆེ་ཟ་ར་ཚགས་ཀྱི་དབུ་རྒྱན་གྱིས་སྤྲས། རྡུལ་གཟན་བན་དྷི་ཛི་བ་ཀའི་མེ་ཏོག་གི་དཔལ་ལ་མངོན་པར་འཁུ་བ་ནི་མནབས་ཏེ། སྤྲིན་སྔོན་དུ་གྲགས་པའི་བཞོན་པ་བཟང་བོ་དེ་ཉིད་གསེར་སྒ་མེ་ལོང་ཅན་གྱིས་སྤུད་དེ་བཅིབས་ནས་འཁོར་ཕོ་མོ་དུ་མ་དང་བཅས་ཏེ་འབྲུམ་ཕོ་ལྷའི་གཞལ་མེད་ཁང་ཆེན་པོར་ལྷགས་སོ། །ཞེས་གསུངས་པ་འདིའི་སྐབས་དེའི་མཐོ་རིམ་གཉེན་སྒྲིག་གི་བུད་མེད་རྒྱན་གོས་ཇི་ལྟར་གསོལ་བ་རྟོགས་ཐུབ།

ཡང་། ཕལ་ཆེར་ལོ་ངོ་ཉིས་བརྒྱ་ལྷག་གི་སྔོན་ལ་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལ། གཙང་བཀྲ་ཤིས་རྩེ་བའི་བུ་མོ་རྣམ་རྒྱལ་སྒྲོལ་མ་བག་མར་བསུ་སྐབས། རྡོ་རིང་ནས་མནའ་མར་སྤྲད་པའི་རྒྱན་ཆས་ཞིབ་པར་བཀོད་པ་ནི། དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ་ལས། བདེ་ལྡན་སྒྲོལ་མ་དེ་ཉིད་ཀྱི་དབུའི་གཙུག་གཡུ་ངོ་མའི་དབུས། དཔྲལ་ཚར། གསེར་གཡང་། གསུམ་སྐྱིད། ལྟག་ཁྲབ། ལྟག་འཕྲུལ། གཡས་འཐེན། ལྟག་རྫར། སྤ་ཕྲུག﹙འགའ་ཞིག་སྤ་ཕྲུག་ཅེས་རྒྱ་སྐད་བརྡ་འགྱུར་བར་བཤད་ཀྱང་། དོན་དུ་བོད་རང་སྐད་ཡིན་ཏེ་སྤ་ཞེས་པ་ནི་སྤ་ལོ་དང་། ཕྲུག་ཅེས་པ་ནི་སྣམ་བུའི་དོན་ཡིན། གནའ་དུས་སུ་སྤ་ཕྲུག་ནི་དང་ཐོག་སྤ་ལོ་འཆིང་བྱེད་ཀྱི་སྣམ་བུ་དམར་བོ་ཞིག་རང་ཡིན་པ་དང་། རྗེས་སོར་རིམ་བཞིན་འཕེལ་རྒྱས་སོང་སྟེ། གཡུ་བྱུར། མུ་ཏིག་སོགས་ཀྱིས་བརྒྱན་པའི་སྤ་ཕྲུག་ཟུར་གསུམ་དེ་ལྟ་བུ་ཞིག་འགྱུར་བ་རེད། སྤ་ཕྲུག་ནི་དེ་སྔ་སྒོར་སྒོར་ཡིན་པ་དང་། དེ་ནས་ཟུར་གསུམ་དུ་གྱུར། ང་ཚོའི་ཕ་མེས་མི་རབས་དེ་རང་དུ་སྤ་ཕྲུག་ཟུར་གསུམ་པོ་དེ་དག་རིམ་བཞིན་ཇེ་རྣོར་སོང་སྟེ། མཐར་ཉེ་རབས་ཀྱི་སྤ་ཕྲུག་རྭ་ཅོ་འདྲ་བ་དེར་གྱུར་རོ། །﹚ འཐེན་ཐག་སྒོང་། ཨ་སྒོར་འབྲུམ་རྫར། སྤོས་ཤེལ། ཤེལ་དཀར་དམར། སྡིག་རྭ་ཆེ་ཆུང་། སོར་གདུབ། ལག་གདུབ། གའུ་སོགས་བཙོ་སྦྱངས་གསེར་གྱི་གཞིར་གཡུ་དམར་ཞེ་མཚུངས་དང་། ཕྲ་རྒྱན། གཞན་ཡང་གཡུ་བྱུར། མུ་ཏིག སྦུར་ལེན་ལ་སོགས་པ་སྲིད་ན་རིན་ཐང་ཆེ་བའི་རིན་པོ་ཆེའི་རྒྱན་ཆ་དུ་མ་སོགས་ཕྲ་ཞིབ་ཚང་མ་ཡིག་ལམ་དུ་སྐབས་འདིར་གསལ་འགོད་མི་ལང་། རུང་ཙམ་གནས་ཚད་གོང་ཕབ་ཀྱི་དངུལ་སྲང་སུམ་སྟོང་བརྒྱད་བརྒྱ་དང་ལྔ་བཅུ་ང་བདུན་གྱི་རིན་གོང་ཟིན་པའི་རྒྱན་ཆ་སྤུས་ལེགས་ཞེ་གཅིག་ཅེས་འཁོད་ཡོད་ལ། སྐབས་འདིར་འབྲུ་ཁལ་བོད་དངུལ་ཞོ་གསུམ་ཡིན་པར་བཤད་པས། གཅིག་ལས་གོང་གསལ་རྒྱན་གོས་དེ་རྣམས་རིན་ཐང་ཇི་ལྟར་ཆེ་བ་རྟོགས་ཐུབ། གཉིས་ལས་སྐབས་དེར་བོད་ཀྱི་སྐུ་དྲག་བར་གྱི་གཉེན་སྒྲིག་གི་རྒྱན་གོས་དང་ཆ་བྱད། ད་ལྟ་ཡང་མེ་ལོང་གཟུགས་འཆར་གྱི་ཚུལ་དུ་ཤར་རོ། །ཕྱིས་སུ་སྐུ་ལྕམ་རྒྱན་ཆ་ལ་བཟོ་དབྱིབས་དང་རྣམ་གྲངས་ཀྱི་ཆ་ནས་འགྱུར་བ་ཆེན་པོ་ཐེབས་ཡོད་དོ། །འདིར་གཙོ་བོ་བོད་ལྗོངས་ལྷ་སའི་སྐོར་གྱི་གནའ་རབས་རྒྱན་གོས་སྐོར་ལྒིང་བ་ལས། ཞིབ་ཏུ་ཡུལ་ལུང་སོ་སོའི་རྒྱན་གོས་སྤྲོས་སྲོལ་གྱི་ཁྱད་རྟགས་མི་འདྲ་བ་མང་དུ་མཆིས་པས། བོད་ལྗོངས་ལ་མཚོན་ནའང། མོན་པ། ལྷོ་བ། ཤར་བ། ཆབ་མདོ། ཀོང་བོ། ནག་ཆུ་དང་། ཁམས་ལ་མཚོན་ན། དཀར་མཛེས། ལི་ཐང་། རྒྱལ་རོང་། ཉག་རོང་སོགས་དང་། ཨ་མདོར་ཡང་། རེབ་གོང་། བླ་བྲང་། རྔ་བ། མགོ་ལོག་སོགས་ཡུལ་ལུང་རེ་རེར་རྒྱན་གོས་སྤྲོས་སྲོལ་དང་། རྒྱུ་ཆ། བཟོ་དབྱིབས། ཚོས་གཞི་སོགས་བརྗོད་ཀྱིས་མི་ལང་ངོ་། །

རྒྱན་གོས་ཀྱི་རི་མོ་ཆ་མཚོན་ནའང་། དབུས་གཙང་དུ་གོས་ཀྱི་རྒྱབ་ངོས་སུ་གཟི་བརྗིད་ཀྱི་ཆེ་བ་མཚོན་ཆེད་ཉི་མའི་རིས་དང་། ཚེ་དཔལ་རྒྱས་པར་ཟླ་བའི་རིས། བརྟན་བརླིང་མཚོན་ཆེད་གཡུང་དྲུང་། གཞན་སྤྲིན་ཆུ་རི་བྲག རྒྱ་གྲམ། ནོར་བུ་ཆ་བདུན། འབྲུག་དང་རལ་གྲི གཡག་མགོ་སོགས་འབྲི་སྲོལ་ཡོད་ལ། རེ་རེ་ལ་མཚོན་དོན་ཡང་ཡོད་པར་བཤད་དོ། །ཉེ་རབས་ཀྱི་རྒྱན་གོས་སྐོར་དུང་དཀར་ཚིག་མཛོད་ཤོག་ངོས ༡༤༣༢ ན་གསལ་བས་དེར་གཟིགས་པར་བྱའོ། །