ལྔ། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་ལོ་རྒྱུས།

༡ གདན་ས་སྤྱིའི་ལོ་རྒྱུས་མདོ་ཙམ་བསྟན་པ།

སྔ་འགྱུར་བཤད་སྒྲུབ་བསྟན་པའི་ཆུ་འགོ་གདན་ས་ཆེན་མོ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་ནི། སྤྱི་ལོ་༡༦༦༥པ་རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ་ལོར་རིག་འཛིན་ཆེན་མོ་ཀུན་བཟང་ཤེས་རབ་ཀྱིས་ཕྱག་བཏབ། དེ་རྗེས་རྗེ་ཉིད་ཀྱིས་རྒྱལ་ཚབ་ཏུ་མངའ་གསོལ་བ་སོག་པོ་ལྷ་དཔལ་གྱི་རྣམ་འཕྲུལ་པདྨ་ལྷུན་གྲུབ་རྒྱ་མཚོ། རིག་འཛིན་འཇའ་ཚོན་སྙིང་པོའི་རྣམ་འཕྲུལ་གྲུབ་དབང་པདྨ་ནོར་བུ། ཤུད་བུ་དཔལ་གྱི་སེང་གེའི་རྣམ་འཕྲུལ་མཁས་གྲུབ་ཀརྨ་བཀྲ་ཤིས། མཁས་གྲུབ་ཀརྨ་ལྷ་དབང་། འཁྲུལ་ཞིག་ཀརྨ་དོན་དམ། དབོན་སྤྲུལ་འཇིགས་མེད་རང་གྲོལ། གྲུབ་དབང་དཔལ་ཆེན་འདུས་པ། ཀརྨ་ཐེག་མཆོག་སྙིང་པོ་ནས་དེང་དུས་འཚོ་ཞིང་བཞེས་པ་སྐྱབས་རྗེ་གྲུབ་དབང་གསུམ་པ་ལེགས་བཤད་ཆོས་ཀྱི་སྒྲ་དབྱངས་དང་། གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་གདན་རབས་ཀྱི་ཕྲེང་བ་རིམ་པར་བྱོན་པ་དག་གི་འཁོར་ལོ་གསུམ་གྱི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་ཞིང་། ཁྱད་པར་གསང་ཆེན་སྙིང་པོའི་རིང་ལུགས་ཡོ་ག་གསུམ་གྱི་བསྟན་པ་ཤར་ནུབ་རྒྱ་མཚོ་ཆེན་པོ་གཉིས་ཀྱི་བར་དུ་ཁྱབ་པར་སྤེལ་པའི་རྣམ་ཐར་གདན་ས་འདི་དང་འབྲེལ་བའི་ལོ་རྒྱུས་ཆོས་འབྱུང་དག་ཏུ་རྒྱས་པ་གསལ་བས་དེ་དག་ཏུ་སྤྱན་རས་གཡོ་བར་ཞུ། །

༢ གདན་ས་ཕྱག་འདེབས་མཛད་པོ་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་རྣམ་ཐར།

གདན་ས་ཆེན་མོ་ཐོག་མར་ཕྱག་འདེབས་པ་པོ་རྗེ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་རྟོགས་པ་བརྗོད་པ་ལ། དམ་པ་འདི་ཉིད་ཀྱི་སྐུའི་སྐྱེ་བརྒྱུད་ནི་སྟོན་པ་ཐུབ་པའི་དབང་པོའི་སྤྱན་སྔར་སྲས་སྒྲ་གཅན་འཛིན་བཟང་པོ་དང་། དགེ་བསྙེན་དྷརྨ་ཏ། རྫོགས་ཆེན་སྟོན་པ་དགའ་རབ་རྡོ་རྗེ། རྒྱལ་པོ་ཨིནྡྲ་བྷི་ཏི་ཕྱི་མ། རྒྱ་ནག་ཧ་ཤང་གྲུབ་པ་བརྙེས་པ་ཞིག་སོགས་དང་། གངས་ཅན་བོད་ཡུལ་དུ་གུ་རུ་པདྨས་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་བའི་ཚེ། སད་མི་བདུན་གྱི་ཡ་གྱལ་རྒྱལ་བ་བྱང་ཆུབ་བམ་གནས་བརྟན་དགེ་འདུན་བཟང་པོ། ཟུར་ཆེན་ཤཱཀྱ་འབྱུང་གནས། གླན་ཤཱཀྱ་བཟང་པོ། པོ་ཏོ་བ་རིན་ཆེན་གསལ། གྲུབ་ཆེན་མེ་ལོང་རྡོ་རྗེ། དུང་མཚོ་རས་པ་ཤེས་རབ་རྒྱལ་མཚན་སོགས་མཁས་གྲུབ་དུ་མའི་སྒྱུ་འཕྲུལ་གྱི་རོལ་མོ་རིམ་དང་ཅིག་ཆར་དུ་སྟོན་པའི་མཐར། ཇི་སྐད་དུ། དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། ད་ལྟའི་གནས་བརྟན་དགེ་འདུན་བཟང་པོ་འདི༔ རྗེ་ཡི་ཐུགས་རྗེས་ཐུགས་དམ་གསང་མཛོད་མངའ༔ དགོངས་པ་ཀློང་གཅིག་དགོངས་འདུས་སྤེལ་དོན་དུ༔ པྲཛྙཱའི་མཚན་ཅན་ཟབ་དོན་བཀའ་ལ་སྤྱོད༔ ཅེས་དང་། རྒྱལ་རོང་གཏེར་རྒོད་ཀྱི་ཀློང་གསལ་ཌཱཀྐིའི་སྙིང་ཐིག་ལས༔ ཆོས་བློན་མགོན་སྤྲུལ་ཀཿཐོག་ནུབ་ཕྱོགས་ནས༔ ཀུན་བཟང་མིང་ཅན་བྱང་སེམས་ཞི་དུལ་ཅན༔ སྒྲུབ་བརྒྱུད་བསྟན་པ་དགུང་ལ་རེག་པར་བྱེད༔ ཅེས་དང་། གནམ་ཆོས་ཆོས་བདག་ལུང་བསྟན་ལས། འདི་ནས་ཤར་རམ་ལྷོ་ཡི་ཕྱོགས༔ ཆགས་མེད་ཚུལ་ཁྲིམས་བཟང་གི་མིང༔ ལྟག་པར་སྨེ་བས་བརྒྱན་པ་འབྱུང༔ ལས་ཅན་འདི་ལ་ཆོས་འདི་གཏོད༔ ཅེས་ཟབ་གཏེར་གསར་རྙིང་དུ་མ་ནས་བསླུ་མེད་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར༔ མདོ་ཁམས་སྤོ་འབོར་སྒང་གི་སའི་ཆར་དཔལ་ཡུལ་ཨ་མཆོག་གྲོ་ལྷས་ཞེས་པ་རུ། དམུ་ཚ་སྒ་ཡི་གདུང་རིགས་ལས་ཡབ་རྡོ་རྗེ་དང་། ཡུམ་གུ་རུ་མཚོ་ཞེས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་ཕོ་བྱི་བའི་ལོར་སྐུ་འཁྲུངས། སྐུ་ཆུང་དུས་སུ་ཀཿཐོག་ལུགས་ཀྱི་འདོན་ཆོས་ཐམས་ཅད་བློ་འཛིན་མཛད། དེ་ནས་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་སྒ་རྗེ་ཆོས་སྐྱོང་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ་བས་དགེ་བསྙེན་གྱི་སྡོམ་པ་གནང་སྟེ་མཚན་ཚུལ་ཁྲིམས་རྒྱ་མཚོ་ཞེས་གསོལ། རྗེ་དེ་ཉིད་ཀྱི་དྲུང་ནས་ཕྱག་ཆེན་གྱི་ཁྲིད་དང་མི་ཏྲ་ཁྲིད་དྲུག་སོགས་ཟབ་ཆོས་མང་དུ་གསན། དཔལ་འབར་རེ་ཁེ་དགོན་དུ་དྲུང་ཆོས་ཉིད་རྒྱ་མཚོ་གཙུག་གི་ནོར་བུར་བསྟེན་ཏེ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་སོགས་བཀའ་ཆོས་མང་དུ་གསན་ནས་སྒྲུབ་ལ་དཀའ་སྤྱད་དང་ཐུགས་རུས་འགྲན་དུ་མེད་པ་རྒྱུན་ཆགས་སུ་མཛད་ནས་ལོ་ལྔ་ཙམ་ལ་བཞུགས། དྲུང་ཆོས་ཉིད་རྒྱ་མཚོ་ཞིང་དུ་གཟིགས་རྗེས་གསེར་ལོ་སྟོན་པ་རྒྱལ་མཚན་བླ་མར་བསྟེན་ནས་རྫོགས་ཆེན་རང་བྱུང་རང་ཤར་ལ་སོགས་པའི་ཟབ་ཁྲིད་དུ་མ་དང་། མདོ་དབང་ཆེན་མོ་སོགས་བཀའ་གཏེར་མང་དུ་གསན་པས་གནས་ལུགས་རང་ངོ་འཕྲོད་ཅིང་རྟོགས་པ་ཀློང་དུ་གྱུར། གཞན་ཡང་མཁས་གྲུབ་པདྨ་བློ་གྲོས་སོགས་ཡོངས་འཛིན་དུ་མ་ལས་ཟབ་ཆོས་བསམ་གྱིས་མི་ཁྱབ་པ་གསན་བཞེས་གནང་ནས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད། དེ་ནས་བྱ་བཏང་གི་བརྟུལ་ཞུགས་ཁོ་ནས་དབུས་ཕྱོགས་སུ་བླ་མ་ལྷ་རྟེན་མཇལ་བར་ཕེབས་པའི་ལམ་བར་ནས་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེའི་སྙན་པ་གསན་པས་དབུས་ཕེབས་བཤོལ་ནས་ངོམས་སྟོད་དུ་ཕེབས། དེར་རིག་འཛིན་ཆེན་པོ་མཇལ་བས་དད་པ་ཚད་མེད་པ་འཁྲུངས་ཤིང་རྗེ་དེས་ཀྱང་ཐུགས་ཀྱི་སྲས་སུ་དགོངས་ནས་ཀུན་བཟང་ཤེས་རབ་ཞེས་པའི་མཚན་གསོལ་ཏེ་ཞབས་འབྲིང་ནང་མའི་གྲས་སུ་ཚུད། རྗེ་དེ་ཉིད་ཀྱི་དག་སྣང་ལས་བྱུང་བའི་གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཆོས་བདག་ཏུ་དགོངས་ནས་ཆོས་སྡེ་ཚང་མའི་དབང་ལུང་ཁྲིད་གསུམ་རྫོགས་པར་གནང་། དེ་སྐབས་མཁས་གྲུབ་ཀརྨ་ཆགས་མེད་གཏེར་ཆེན་འདིའི་དྲུང་དུ་ཆིབས་བསྐྱོད་བྱུང་བ་ལས་དགེ་ཚུལ་གྱི་སྡོམ་པ་དང་རྗེ་ཉིད་ཀྱི་གསུང་རྩོམ་སྐོར་སོགས་བཀའ་ཆོས་མང་དུ་གསན། དེ་རྗེས་གཏེར་སྟོན་རིག་འཛིན་ཆེན་པོ་སྡེ་དགེ་དང་སྨར་ཁམས་ཕྱོགས་སུ་ཆིབས་བསྐྱོད་གནང་སྐབས་ཞབས་ཕྱི་མཛད་ནས་ཕེབས། ཀཿཐོག་ཏུ་གཏེར་ཆེན་གྱིས་ཆོས་འཁོར་སྐོར་དུས་རྒྱལ་ཐེབས་མཛད་པར་གྲགས། འདི་སྐབས་ས་སྐྱོང་སྡེ་དགེ་རྒྱལ་པོས་ཡུལ་གྲུ་མང་པོ་མངའ་ཞབས་སུ་བསྡུ་བ་དང་ཁེལ་བས། དཔལ་ཡུལ་རྣམ་རྒྱལ་རྩེ་ཞེས་པའི་ས་དཔྱད་ལེགས་པ་ཞིག་ཏུ་གཙུག་ལག་ཁང་གསར་དུ་བསྐྲུན་ནས་ཐོ་བཙུན་ལྔ་བརྒྱ་ལྷག་ཡོད་པ་ཕྱོགས་གཅིག་ཏུ་བཞུགས་སུ་གསོལ་ཏེ་རྣམ་རྒྱལ་བྱང་ཆུབ་གླིང་ཞེས་མིང་བཏགས། དེ་དག་གི་བླ་མར་འཁྲུལ་ཞིག་སྟོན་པ་རྒྱ་མཚོ་སྤྱན་དྲངས་པ་ན་ཁོ་བོ་སྤང་བ་པའི་བརྟུལ་ཞུགས་དང་ན་སོད་རྒན་པས་དེ་འདྲའི་འདྲེན་པ་བྱེད་པ་མི་འོང་། འོན་ཀྱང་འབྲི་རྒྱུད་ཀྱི་ཁོ་བོའི་སློབ་མ་ཀུན་བཟང་ཤེས་རབ་སྤྱན་དྲངས་ན་བསྟན་པ་མཐའ་རྒྱས་སུ་འབྱུང་ཞེས་ལུང་བསྟན་བསྩལ་བས་རྨུག་བསང་དུ་རྗེ་འདི་གདན་དྲངས་པའི་ཆབ་ཤོག་སླེབས། གཏེར་ཆེན་མི་འགྱུར་རྡོ་རྗེ་ལ་དེ་ཚུལ་ལུང་བསྟན་སོགས་ཞུས་པས། གདུལ་བྱ་དུས་སུ་བབ་པ་ཡིན་པས་དེར་བྱོན་དང་བསྟན་པ་མཐའ་རྒྱས་སུ་འབྱུང་བ་ཕྱི་ནས་གསལ་འོང་ཞེས་ལུང་བསྟན་གནང་། བྱོན་ཁར་རྫོགས་པ་ཆེན་པོའི་ཟབ་ཁྲིད་འདི་རྣམས་དང་གཏེར་རྫས་ཁྱད་འཕགས་འདི་རྣམས་ཁོ་བོ་ལ་ཨོ་རྒྱན་ཆེན་པོས་དངོས་སུ་བསྩལ་བ་ཡིན་ལ་ཁོ་བོས་ཁྱོད་ལ་སྦྱིན་པས་བསྟན་འགྲོའི་དོན་དུ་ཐུགས་རྒྱ་བསྐྱེད་ཅིག་གསུངས་ནས་རྒྱལ་ཚབ་ཏུ་མངའ་གསོལ་ཤིས་བརྗོད་གནང་། དེ་ནས་རྗེ་ཉིད་དགུང་ལོ་སུམ་ཅུ་པ་ཤིང་སྦྲུལ་ལོར་དཔལ་ཡུལ་རྣམ་རྒྱལ་རྩེར་ཞབས་སོར་བཀོད་ནས་ཐོ་བཙུན་རྣམས་སྐྲ་ཕུད་བླངས་ནས་དགེ་བསྙེན་གྱི་སྡོམ་པ་བསྩལ། སླར་ཡང་རྨུག་བསང་དུ་གཏེར་སྟོན་ཆེན་མོ་ཞིང་དུ་གཤེགས་པའི་དགོངས་རྫོགས་རྟེན་བཞེངས་སོགས་ལ་ཕེབས། དེ་ནས་སླར་ཡང་གནས་མདོར་ཆགས་མེད་རིན་པོ་ཆེའི་དྲུང་དུ་ཕེབས་ནས་དགེ་སློང་གི་སྡོམ་པ་བཞེས་པས་མཚན་སྔ་མའི་མགོར་རིག་འཛིན་ཞེས་སྦྱར་ནས་རིག་འཛིན་ཀུན་བཟང་ཤེས་རབ་ཞེས་པ་གསོལ། ཕྱིར་ཕེབས་ལམ་དུ་གཏེར་སྟོན་བདུད་འདུལ་རྡོ་རྗེ་འཇལ་བར་བྱོན་པར་ཆས་ཀྱང་ལམ་བར་དུ་འཁྲུག་རྩོད་སོགས་ཀྱིས་མ་ཐར་བས་ཞུ་ཡིག་འབུལ་བར་བང་མི་བཏང་། དེ་ནས་གདན་སར་ཕེབས་ནས་དགེ་འདུན་རྣམས་ལ་ཆོས་མཐུན་གྱི་བཅའ་ཁྲིམས་མཛད། བསླབ་པའི་གནས་རྣམས་ལ་ཞལ་ཏ་ཡང་ཡང་ཕེབས་ཤིང་དེ་དག་ཡིད་ལ་འཇགས་ཕྱིར་རྒྱུགས་ལེན་སོགས་ཀྱང་མཛད། གཏེར་སྟོན་ཀློང་གསལ་སྙིང་པོའང་གདན་སར་སྤྱན་དྲངས་ནས་བསྙེན་བཀུར་ཕུལ་བས་ཆོས་བདག་ཏུ་ངོས་འཛིན་གནང་། རྫོགས་ཆེན་པདྨ་རིག་འཛིན་སྡེ་དགེའི་ཆོས་རྒྱལ་ཆེན་མོའི་བཀའ་ལུང་ལྟར་མངའ་ཁོངས་རྣམས་སུ་ལྟ་སྒོམ་དག་ཐེར་ལ་ཕེབས་སྐབས་གདན་ས་འདིར་སྤྱན་དྲངས་ཏེ་ཕན་ཚུན་བཀའ་ཆོས་གསན་བཞེས་གནང་། དགུང་ལོ་སུམ་ཅུ་སོ་ལྔ་ནས་བཟུང་སྐུ་ཚེ་གང་བོར་སྐུ་མཚམས་བཅད་རྒྱ་ཁོ་ན་ལས་ནམ་ཡང་མི་འདའ་བ་དང་། འཚོ་བ་གདན་གཅིག་ཤ་ཆང་མི་བཞེས་པ་དང་ཆང་གི་རིགས་གྱུར་དྲི་ཙམ་ཡང་ཕྱོགས་སུ་མི་ཉེ་བའི་དམ་བཅའ་རྣམས་མཛད། དེ་ལ་བརྟེན་ནས་ཕྱོགས་དེར་ཚེ་མཚམས་བྱེད་པ་དང་། གདན་གཅིག་གི་བརྟུལ་ཞུགས་འཛིན་པ། ཤ་ཆང་གཏན་སྤངས་བྱེད་པའང་མང་དུ་བྱུང་། གཙུག་ལག་ཁང་དུའང་ཚོགས་ཆང་མ་གཏོགས་ཆང་ནམ་ཡང་འདྲེན་པ་མེད་པའི་ཁྲིམས་མཛད། ཐུན་བར་རྣམས་སུ་བཀའ་ཆོས་འཆད་པ་དང་སྒོམ་ཁྲིད་སྐྱོང་བ་སོགས་གང་ལ་གང་འཚམས་ཀྱིས་གདུལ་བྱ་རྣམས་རྗེས་སུ་བཟུང་བས་སློབ་མའང་སྒོམ་ཉམས་དང་གྲུབ་རྟགས་ཐོན་པ་མང་དུ་བྱུང་། སླར་ཡང་དགོན་པར་འདུ་ལོངས་ཧ་ཅང་ཆེ་བས་ཐུགས་སྐྱོ་ནས་དཔོན་གཡོག་གསུམ་སུས་ཀྱང་མཐོང་ཚོར་མེད་པར་ལྷ་རི་འོད་གསལ་སྒང་གི་རི་ཁྲོད་དུ་འཇག་སྤྱིལ་ལ་བརྟེན་ནས་བཞུགས། དེར་ཡང་སྒྲུབ་གྲྭ་མང་དུ་འཕེལ་ཏེ་རི་དགོན་གཉིས་ཀ་དར་རྒྱས་ཆེ་བ་བྱུང་། དགེ་འདུན་རྣམས་ཀྱང་དགེ་ཚུལ་ནས་བསྙེན་རྫོགས་བར་གྱི་མཁན་པོ་མཛད་ནས་ཐམས་ཅད་སྡོམ་པ་གསུམ་ལྡན་ཁོ་ན་མཛད། གསུང་རྩོམ་སྡོམ་གསུམ་རྣམ་བཤད། ཆང་དང་བུད་མེད་ཀྱི་ཉེས་དམིགས། བླ་མ་བསྟེན་ཚུལ་སོགས་པུསྟི་གསུམ་བཞི་ཙམ་ཡོད་པར་གྲགས། དེ་ལྟར་རྒྱལ་བསྟན་བཤད་སྒྲུབ་ཀྱི་མཛད་པ་ཡུན་རིང་དུ་བསྐྱངས་པས། གོ་འཇོ། སྨར་ཁམས། ས་ངན། རོང་ཞབས། ཁྲོམ། ལྕགས་མདུད། མགོ་ལོག་རྡོ་གསེར། ཧོར་སྟོད་སྨད། ཤར་རྒྱལ་མོ་རོང་། རྒྱ་ནག་བྲག་སྒོ་ཡན་ནས་སློབ་ཚོགས་མང་དུ་འདུས་ཤིང་། དེ་དག་གི་ཡུལ་གྱི་རྒྱལ་པོ་རྣམས་ཀྱིས་ཀྱང་བསྙེན་བཀུར་ཕུལ་ཅིང་སོ་སོའི་ཡུལ་དུ་གཙུག་ལག་ཁང་བཞེངས་པ་དང་ཆོས་སྡེ་བཏབ་པ་བསམ་གྱིས་མི་ཁྱབ་པ་བྱུང་། དེ་ནས་རག་ཆབ་དགོན་དུ་རྗེ་ཉིད་ཀྱི་གཅུང་པདྨ་ཡེ་ཤེས་རྒྱ་མཚོ་བསྐོ་གཞག་གནང་བ་དང་། དབོན་པདྨ་ལྷུན་གྲུབ་རྒྱ་མཚོ་ལ་རྩ་བའི་གདན་ས་གཏད་ཅིང་རྒྱལ་ཚབ་ཏུ་དབང་བསྐུར་ནས་ཆོས་མཐུན་གྱི་བསླབ་བྱ་རྒྱས་པ་བསྩལ། མཐར་དགུང་ལོ་རེ་གསུམ་བཞེས་པ་རབ་བྱུང་བཅུ་གཉིས་པའི་སྟག་ལོའི་ཧོར་ཟླ་དང་པོའི་ཚེས་ལྔ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་ཅིང་། སྤྲུལ་བའི་སྐུ་རབས་བར་མ་ཆད་པ་བྱོན་པས་གསང་ཆེན་སྔ་འགྱུར་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་རྒྱལ་བ་དཔལ་ཡུལ་པའི་རིང་ལུགས་དྲི་མ་མེད་པ་ཕྱོགས་དུས་ཀུན་ཏུ་ཁྱབ་པར་འཕེལ་དང་སྤེལ་བཞིན་པའོ། །

སྨྲས་པ།

གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་རུ། །ཆེ་བ་དྲུག་གིས་མངོན་འཕགས་སྔ་འགྱུར་པའི། །རིང་ལུགས་དྲི་མེད་ཆོས་ཀྱི་མཚོ་ཆེན་པོའི། །བསྟན་པའི་ཆུ་འགོ་གདན་ས་དྲུག་ཏུ་གྲགས། །ཐུབ༵་པའི་བསྟ༵ན་པ་མདོ་སྔགས་ཟུང་འཇུག་ལམ། །ཐེག་པའི་རྩེ་མོ་རྡོ༵་རྗེ༵་སྙིང་པོ་ཡི། །རིང་ལུགས་སྤྱི་དང་བྱེ་བྲ༵ག་བྱང་གཏེར་གྱི། །ཆོས་ཚུལ་སྣང་བས་ས་འདི་ཡོངས་སུ་ཁྱབ། །འོ༵ག་མི༵ན་གསང་ཆེན་ཨོ༵་རྒྱ༵ན་མཁའ་འགྲོའི་ཡུལ། །འཕུར་འགྲོའི་ཞིང་ཁམས་ས་ལ་འཕོས་འདྲ་བ། །ནང་རྒྱུད་སྡེ་གསུམ་སྨིན༵་གྲོ༵ལ་ཆོས་ཀྱི་མཛོད། །འཁྲུལ་མེད་བཀའ་སྲོལ་འཛམ་གླིང༵་ཁྱབ་པར་བརྡལ། །རང་བྱུང་པདྨ་འོད་གླིང་དཔ༵ལ་གྱི་རི༵། །བསྟན་པའི་འབྱུང་གནས་ཐེག༵་པ་མཆོག༵་གི་གླི༵ང་། །ཆོས་ཀྱི་སྡེ་ཆེན་དར་ཞིང་རྒྱས་པའི་གཏམ། །ངོ་མཚར་སྙན་པ་ཕྱོགས་བཅུའི་ཞིང་ན་འཕུར། །གསང་ཆེན་རྒྱུད་སྡེ་ཡོ་ག་རྣམ་གསུམ་གྱི། །བསྟན་པའི་བཀའ་བབ་རྒྱལ་བ་ཀ༵ཿཐོག༵་པའི། །ཆོས་ཀྱི་སྡེ་འདི་འཕགས་ཡུལ་རྡོ༵་རྗེ༵་གད༵ན། །གཉིས་སུ་མ་མཆིས་བསྟན་པའི་ཁུངས་སུ་ཆེ། །མཁས་བཙུན་བཟང་པོའི་དཔ༵ལ་གྱིས་མངོན་མཐོ་བའི། གྲུབ་བརྙེས་རིག་འཛིན་ཟམ་མ་ཆད་པའི་ཡུ༵ལ། །བསྟན་པའི་འབྱུང་གནས་བྱ༵ང་ཆུ༵བ་ཆོས་ཀྱི་གླི༵ང་། །སྡེ་འདིའི་རིང་ལུགས་རྒྱས་པའི་མཐའ་མི་དཔོག །མཁས་དང་གྲུ༵བ་པའི་དབ༵ང་ཕྱུག་གྲངས་མེད་པས། །རྒྱ༵ལ་བ༵་ཐུབ་པའི་བསྟན་པ་ལུང་རྟོགས་ཆོས། །བཤད་དང་སྒྲུབ་པས་རྫོག༵ས་ལྡན་སྣང་བ་ལ། །བཀོད་པའི་ཕྲིན་ལས་ས་ཆེན༵་ཁྱོན་ན་ཁྱབ། །

ཅེས་པ་ནི་སྔ་འགྱུར་གདན་ས་ཆེན་མོ་དྲུག་གི་གཏམ་ཞར་བྱུང་དུ་མདོ་ཙམ་བཤད་པའི་སྐབས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའི་ཕྲེང་བའོ། །

སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ལས། གསང་ཆེན་རྙིང་མ་པའི་བཤད་སྒྲུབ་བསྟན་པའི་ཆུ་འགོ་གདན་ས་ཆེན་པོ་དྲུག་ཏུ་གྲགས་པའི་གཏམ་ཞར་བྱུང་དུ་བཀོད་པའི་སྐབས་ཏེ་སརྒ་བཅུ་དྲུག་པ་རྫོགས་སོ།། །།

སླར་སྨྲས་པ།

རྨད་བྱུང་སྙན་པའི་གྲགས་པ་དཀར་པོའི་དར། །ལས་ཤུགས་རླུང་གིས་གཡོ་བའི་ངོ་མཚར་གཟུགས། །སྲིད་པའི་རྩེ་མོར་ངོམས་པ་རྫོགས་ཆེན་པའི། །ཆོས་སྲིད་མངའ་ཐང་བརྗོད་པའི་མཐའ་མ་དམིགས། །ཐུབ་བསྟན་དགུང་དུ་འདེགས་ལ་ཐུགས་བསྐྱེད་སྟོབས། །དུས་སུ་སྨིན་ལ་བསྐལ་པའི་མེ་ཆེན་བཞིན། །རྨད་བྱུང་ཐབས་མཁས་སྒྱུ་མའི་རོལ་རྩེད་ཀྱིས། །བསྐྲུན་པའི་མཛད་རྗེས་ཉི་ཟླ་བཞིན་དུ་གསལ། །མདོ་སྔགས་ཆུ་གཏེར་རྒྱས་པའི་ཆོས་ཀྱི་མཚོ། །བཤད་སྒྲུབ་རྦ་རླབས་འཕྱུར་བའི་རྩེ་དགའ་ཅན། །རྣམ་མང་མཁས་དང་གྲུབ་པ་ཀླུ་དབང་སྟོང་། །རོལ་བའི་མ་དྲོས་ཆོས་ཀྱི་མཚོ་ཆེན་རྨད། །ལེགས་བྱས་རྣམ་པར་དག་པའི་ཆུ་གཏེར་ལས། །བྱུང་བའི་ལྷག་བསམ་ཟླ་བ་དཀར་པོའི་ཆ། །རྣམ་དཔྱོད་བློ་གྲོས་དཀྱིལ་འཁོར་ལྷུན་རྫོགས་པས། །ལེགས་བཤད་གཏམ་གྱི་འོད་སྣང་འདི་ན་སྤྲོས། །དམན་པའི་ཁ་སྟབས་གྱི་ནས་སྲོག་འཚོ་བའི། །ཉམ་ཆུང་ཐོས་འཚོལ་རིག་པའི་བུ་ཆུང་ལ། །ཆེན་པོའི་ལག་རྗེས་མང་པོ་དགའ་བྱེད་པའི། །ཆོས་སྲིད་མངའ་ཐང་འགུགས་པའི་བློ་མཐུ་ཞན། །དེ་ལྟ་ནའང་སྔོན་སྨོན་བདེན་པའི་སྟོབས། །དུས་སུ་སྨིན་པའི་རླུང་གིས་ཉེར་བསྐུལ་བས། །ཡིད་ལ་རིང་དུ་བསྲེལ་བའི་གཏམ་གྱི་རྒྱུན། །སྤེལ་བའི་སྤྲོ་དགའ་སྙིང་གི་བཅུད་དུ་འཁྱིལ། །ཨེ་མ་གྲུབ་པའི་དབང་ཕྱུག་ཡབ་སྲས་ཀྱིས། །རྒྱལ་བསྟན་བཤད་སྒྲུབ་ཕྱོགས་སུ་སྤེལ་བ་ཡི། །ལུགས་གཉིས་མངའ་ཐང་རྒྱས་པའི་རྫོགས་ལྡན་གཏམ། །དུས་མཐར་གླེང་བ་ཁོ་བོའི་སྐལ་བར་བབ། །འདི་ན་ཚིག་དང་དོན་གྱི་རྣམ་འགྱུར་རེ། །མཁས་རྒུའི་སྙན་ལ་བདུད་རྩིའི་སྐབས་བྲལ་ཡང་། །དམ་པའི་རྣམ་ཐར་བརྗོད་པའི་དོན་ལྡན་ངག །གཟུར་བོར་གནས་ལ་རྣ་བའི་རྒྱན་དུ་རེ། །མཁས་དང་གྲུབ་པའི་མཛད་པ་རྨད་བྱུང་བའི། །ངོ་མཚར་རྟོགས་བརྗོད་ལྷ་ཡི་རྔ་བོ་ཆེ། །རྣམ་དཔྱོད་དཔུང་བ་དར་མས་ཡང་དང་ཡང་། །བརྡུངས་པའི་སྒྲ་བརྒྱ་སྲིད་མཐར་སྙན་གྱུར་ཅིག །འདི་བྱས་དགེ་ཚོགས་སྙིང་པོ་གཅིག་བསྡུས་པ། །རྣམ་པར་དཀར་བའི་བསོད་ནམས་ཟླ་ཤེལ་ཁམས། །ཐུབ་བསྟན་ཀུ་མུད་ཆོས་ཀྱི་ཚལ་ཆེན་པོར། །བཤད་སྒྲུབ་འདབ་སྟོང་དགོད་པའི་རྒྱུར་གྱུར་ཤོག །ཡོངས་རྫོགས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་པ། །ཆེ་བ་དྲུག་གིས་མངོན་འཕགས་ཆོས་ཀྱི་སྡེ། །བསྟན་པའི་ཆུ་འགོ་གྲུབ་དབང་རྫོགས་ཆེན་པའི། །ལུགས་གཉིས་མངའ་ཐང་མི་ཉམས་མཐར་རྒྱས་སྨོན། །གང་ཞིག་ཞི་བ་ཆོས་ཀྱི་དབྱིངས་ཉིད་ན། །བཞུགས་པའི་སྔར་གཤེགས་འཕགས་ཆེན་དམ་པའི་མགོན། །སྒྲིབ་བྲལ་གཟིགས་པ་ཡེ་ཤེས་སྤྱན་ལྡན་ཀུན། །ཟག་མེད་ཐུགས་དགོངས་རྫོགས་པའི་རྒྱུར་གྱུར་ཅིག །བདག་ཀྱང་ཡབ་རྗེ་གྲུབ་པའི་རིང་ལུགས་འདི། །སྐྱེ་ནས་སྐྱེ་བར་རིགས་ཀྱི་མེ་ཏོག་ཏུ། །བཅིང་བའི་ལས་སྨོན་འདབ་མ་མ་རྙིང་པར། །ཚེ་ནས་ཚེ་རབས་འཛིན་སྐྱོང་སྤེལ་བྱེད་ཤོག །གང་ན་འཚོ་ཞིང་གཞེས་པའི་བསྟན་འཛིན་ཚོགས། །ཞབས་པད་གཞོམ་བྲལ་རྡོ་རྗེའི་ཁྲི་འཕང་དུ། །བསྐལ་པ་རྒྱ་མཚོར་མི་གཡོ་རྟག་བརྟན་ཞིང་། །ལེགས་མཛད་སྣང་བ་ཕྱོགས་མཐར་ཁྱབ་པར་སྨོན། །ཡངས་པའི་རྒྱལ་ཁམས་སྤྱི་དང་གངས་ཅན་ལྗོངས། །རྒུད་པའི་བསྐལ་ངན་རྒྱུར་བཅས་ཡོངས་ཞི་སྟེ། །བདེ་སྐྱིད་རྫོགས་ལྡན་གསར་བའི་དཔལ་ཡོན་ལ། །ངོམས་མེད་སྤྱོད་པའི་དུས་སྟོན་དར་གྱུར་ཅིག །

དེ་ལྟར་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་རབས་ཆོས་བརྒྱུད་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་ཡིད་བཞིན་དབང་གི་རྒྱལ་པོའི་ཕྲེང་བ་ཞེས་བྱ་བ་འདི་ནི། གང་ལ་མེ་ཏོག་ཕོག་པའི་ལྷ་སྐལ་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་བསྟན་པའི་ལྷག་ཞབས་སུ་སྐྱེས་ཤིང་། དཔལ་ཨཽ་ཌི་ཡཱ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་གྲུབ་པའི་དབང་ཕྱུག་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྱིན་རླབས་རྗེས་བཟུང་གི་མཚན་མ་སྙིང་ལ་སིམས་ཤིང་། སྙིགས་དུས་བསྟན་པའི་གསལ་བྱེད་མཁས་བཙུན་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་འཁོར་ལོའི་མགོན་པོ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་། གདོད་མའི་མགོན་པོ་མིའི་རྣམ་རོལ་དུ་བྱོན་པ་ཉམས་དང་རྟོགས་པའི་དབང་ཕྱུག་རིགས་བདག་མཚུངས་མེད་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འབྲུག་སྤྲུལ་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་ཉི་མ། གནས་ལྔ་རིག་པའི་པཎ་ཆེན་མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ། བྱ་བྲལ་བླ་མ་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ། མཁས་པའི་དབང་ཕྱུག་ར་ཧོར་མཁན་ཆེན་ཟླ་བའི་འོད་ཟེར་སོགས་ཡོངས་འཛིན་མཁས་གྲུབ་དུ་མའི་ཞལ་སྔ་ནས་སྔ་འགྱུར་བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་དབང་ལུང་གྲོལ་ཁྲིད་སྙན་བརྒྱུད་དང་བཅས་པའི་གདམས་ཟབ་བདུད་རྩི་འཐུང་བའི་སྐལ་པ་སྦོམ་ཞིང་། མདོ་སྔགས་རིག་གནས་དང་བཅས་པའི་བཀའ་ཁྲིད་ཟབ་ཅིང་རྒྱ་ཆེ་བ་སྤེལ་བ་ལ་ཐོས་པའི་བག་ཆགས་ཙམ་འཇོག་པའི་བགོ་སྐལ་མི་དམན་པ་ཐོབ་པའི་མཐུ་ལས། རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པས་བསྡུས་པའི་རིང་ལུགས་སྤྱི་དང་། ཆེ་བ་དྲུག་གིས་མངོན་པར་འཕགས་པའི་གསང་ཆེན་སྔ་འགྱུར་པའི་ལྟ་གྲུབ་ལ་ཆོས་ཀྱི་རྗེས་སུ་འབྲངས་པའི་དད་པའི་བློ་མིག་མ་ཟིམ་པ། འཕགས་མཆོག་ཕྱག་ན་པད་མོ་དགེ་བའི་བཤེས་གཉེན་གྱི་རོལ་གར་དུ་བྱོན་པ་མཚུངས་མེད་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་བསྟན་འཛིན་ཀུན་བཟང་ལུང་རྟོགས་བསྟན་པའི་ཉི་མ་ཞེས་དང་། རིགས་བདག་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་ནས་པདྨ་གར་དབང་འོད་གསལ་རིག་པའི་རྡོ་རྗེ་ཞེས་གྲུབ་དབང་རྫོགས་ཆེན་བདུན་པའི་མཚན་གྱི་ཅོད་པཎ་གྱིས་མངོན་པར་བསྟོད་ཀྱང་། རང་རྒྱུད་སོ་སྐྱེས་ཐ་མལ་པ་ཚོགས་ལམ་ཆུང་ངའི་སྣེ་ཟིན་ལ་མ་ཟིན་པའི་ཚོད་ཙམ་དུ་སྣང་བའི་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཐུབ་བསྟན་ངག་དབང་བློ་གྲོས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་དུ་འབོད་པས། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཞི་བ་ཆོས་ཀྱི་དབྱིངས་སུ་གཟིམས་པའི་ཚུལ་བསྟན་ཏེ་ཡོངས་གྲགས་སུ་མི་ལོ་ཉིས་སྟོང་ལྔ་བརྒྱ་ཞེ་བདུན་ལ་སོན་པ། གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིག་འཛིན་མདོ་ཁམས་རུ་དམ་ལུང་དུ་ཞབས་པད་བཀོད་དེ་སྔ་འགྱུར་བཤད་སྒྲུབ་བསྟན་པའི་ཆུ་འགོ་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ཞེས་གྲགས་པའི་ཆོས་སྡེ་འདི་ཉིད་ཐོག་མར་ཕྱག་བཏབ་ནས་ད་ལྟའི་བར་བགྲང་བྱ་སུམ་བརྒྱ་དང་བཅོ་བརྒྱད་ཤར་བའི་དུས་སྟེ། བོད་རབ་བྱུང་བཅུ་བདུན་པའི་སྟོད་འགྲེལ་པས་བྷཱ་ནུ་ཞེས་འབོད་པ་ཉི་མ་སྟེ་རྒྱ་རྩིས་པའི་ཆུ་མོ་ལུག་གི་ལོའི་ཧོར་ཟླ་བདུན་པའི་ཡར་ཚེས་གསུམ་ཉིན། ཐེག་གསུམ་ཆོས་སྒྲས་བཟུང་བའི་རིག་གྲྭ་གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ལྔ་རིག་ནང་བསྟན་སློབ་གླིང་གི་རང་སྤྱིལ་དཔེ་མང་སྤུངས་པའི་ལྡིང་ཁང་ག་ལ་བར་མཇུག་གྲུབ་པར་བགྱིས་པའི་དགེ་བས་སྤྱི་དང་བྱེ་བྲག་གི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་ཅིག་གུ།། ཛ་ཡནྟུ།། །།