འུར་རྡོ།

འུར་རྡོ་ནི་མི་རྣམས་ཀྱིས་བློ་རིག་འཕེལ་རྒྱས་སོང་བའི་ཁྲོད་ལག་རྡོ་ནས་འུར་རྡོ་འཕེན་ཚུལ་འདི་བྱུང་བ་ཡིན། འདིའི་བྱུང་རིམ་སྐོར་རོབ་ཙམ་ཞུ་ན། བོད་ཀྱི་རུས་ཆེན་འཚོ་བ་བཞི་བྱུང་བའི་རྗེས་ནས། བོད་ཁམས་མི་མ་ཡིན་བཅུས་དབང་མཛད་དུས། ཕན་ཚུན་འཐབ་རྩོད་ཀྱི་སྐབས་སུ་འུར་རྡོ་འཕེན་པ་འདི་ལག་ཆ་གཙོ་གྲས་ཤིག་ཏུ་ཆགས་ཡོད་དེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ལྔ་བར་མུ་རྒྱལ་ཁེ་རྗེ་ཞེས་བྱས་བཟུང་། །ད་ཕྲང་ཅང་ཕྲང་ལག་ཆར་ཞགས་པ་འཕེན། །དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། །ལང་ཏིང་ལང་ཏིང་བར་ལ་འུར་རྡོ་འཕེན། །ཞེས་པས་རྟོགས་ནུས།

དེ་ཡང་། འུར་ཆ་ནི་དཀྱིལ་ཀོ་བའམ་རྩིད་པས་སླས་པའི་ལག་མཐིལ་ཙམ་གྱི་དབྱིབས་ལ། སྣེ་གཉིས་རྩིད་སྐུད་སླས་ཏེ་ཇེ་ཕྲར་ཡོད་པ་དེ་ཡིན་ལ། རིང་ཚད་འདོམ་གང་ཙམ་ཡོད། འུར་རྡོ་འཕེན་ཚུལ་ནི། འུར་མཐིལ་དུ་རྡོ་རིལ་བྱིས་པའི་ཁུ་ཚུར་ཙམ་བཞག་སྟེ་སྣེ་གཅིག་ན་ཁུག་མགོ་ཡོད་ས་དེར་གུང་མཛུབ་ཏུ་བསྐོན་ཏེ། མགོ་ལ་ཤེད་ཀྱིས་བསྐོར་ནས་ཁུག་མགོ་མེད་པའི་སྣེ་མོ་བཏང་སྟེ་འཕངས་ན་འུར་ལྕེ་ལས་ཙག་སྒྲ་དང་བཅས་ཏེ། གཟུ་ཞིང་གནད་དུ་ཕོག་པར་མ་ཟད། ཧ་ཅང་རྒྱང་རིང་བོར་ཤུགས་ཀྱིས་འགྲོ་བ་ཡིན།

འུར་ཆ་ལ་ལྷས་སྟངས་ཀྱི་ཁྱད་པར་ལས། གཟི་རིལ་མིག་མ། བཅུ་དྲུག་དར་ལྷས། བཅུ་དྲུག་དགུ་སྒྲིལ། ཕྱེད་མིག་དགུ་སྒྲིལ། བརྒྱད་ལྷས་ཁྲ་ཆེན། ཁྲ་ཆུང་། བརྒྱད་ལྷས་སྐྱོག་མོ། ལྔ་ལྷས་སོགས་མང་དུ་ཡོད་ལ། དམངས་ཁྲོད་ཀྱི་འུར་བཤད་ཞིག་ལས། འུར་རྡོ་བརྒྱད་ལྷས་ཀག་སྒྲ་ཆེ། །འུར་ཚགས་ཕྱི་སྒྲིམ་ཚག་སྒྲ་ཆེ། །འུར་ཟེལ་བེའུ་ཁྲ་རྒྱང་འགྲོ་ཆེ། །གཟི་རིལ་མིག་མ་མིག་མཛེས་ཆེ། །ཕྱེད་མིག་དགུ་སྒྲིལ་རྟེན་འབྲེལ་ཆེ། །ཞེས་ཀྱང་ཟེར་སྲོལ་ཡོད་ལ། ལེགས་ཤོས་ནི། སྐུད་པ་དཀར་ནག་ལྷས་པའི་མིག་རིས་དགུ་ཡོད་པར་ཆུ་མིག་དགུ་སྒྲིལ་ཟེར་བ་དེ་ཡིན་ལ། གླིང་སྒྲུང་ལས། འུར་མར་མཆོག་ཆུ་མིག་དགུ་སྒྲིལ་སླས། ཞེས་དང་། ཁྱད་པར་དུ། ཨ་གྲགས་གཟི་རྫོང་ལས་འུར་ཆ་ཆུ་མིག་དགུ་སྒྲིལ་གྱི་བཤད་པ་ཚིག་དོན་གཉིས་ཐད་ནས་རིན་ཐང་ཆེ་བ་ཞིག་མཆིས་པ་འདིར་བཀོད་ན། འུར་ཁྲ་རིང་རྔ་མའི་ཕོད་རྒྱན་ཅན། །རྟ་མགྱོགས་པའི་དཔའ་དར་ཐོབ་ནི་འདུག །འུར་ཁྲ་རིང་གང་བྱུང་མ་དགོངས་ན། །བྱང་གཉའ་ཁྲི་བཙན་པོའི་སྐུ་རིང་ལ། །སྲིད་པའི་ལྷ་གཡག་གྭ་བ་དེ། །རི་རབ་རྩེ་ལ་ཤོར་བའི་དུས། །དུག་སྦྲུལ་ཁྲ་བོས་ར་མདའ་བཀག །དྲང་སྲོང་ཁྲོས་པའི་རྐང་བས་བརྫིས། །སྦྲུལ་མགོ་ཁུག་སོ་མཛུབ་མོར་བརྒྱུས། །སྐེད་པ་རྡོ་རྒྱངས་གཡག་སྣ་བླངས། །དེ་ནས་མཁས་པ་ཤེས་རབ་ཀྱིས། །གཡང་དཀར་ལུག་གི་སོག་བལ་གཅིག །ལྷ་འབྲི་ཞོལ་མོའི་དཔུང་རྩིད་གཉིས། །འུར་ཐག་ཁྲ་བོ་བིས་ཁྲ་སླས། །དུག་ཆེན་སྦྲུལ་ལ་དཔེ་གཅིག་བླངས། །སྦྲུལ་མགོ་རྣོ་ལ་སྡིག་པ་དེ། །དེ་ལ་ཁྲ་རིང་ཁུག་སོ་བཟོས། །སྦྲུལ་སྐེད་རྡོག་པས་རྫི་བ་ལ། །དེ་ལ་རྡོ་གདན་འུར་མཐིལ་སྤྲད། །སྦྲུལ་རྔ་ཕྲ་རིང་འཇམ་པ་ལ། །དེ་ལ་སུམ་སྐུད་འཁྲུལ་ལྕེ་བྱས། །སྦྲུལ་སྣ་ཁྲ་འུར་འབབ་པ་ལ། །དེ་སྔ་རྔ་དམར་རྣ་ཐོག་བརྒྱབ། །ནུབ་བདུད་འཕར་བ་རྐང་གསུམ་བཏུལ། །དགོན་གནས་བརྒྱ་ཡི་ཆོས་ལ་དབང་། །དེ་ནས་ཚ་བའི་ལུག་ཁྱུ་ཡིས། །མདོ་ཁམས་སྒང་བཞི་དཔེ་གཅིག་བླངས། །སྒང་གཉིས་དཀར་མོའི་གངས་ལ་ཆགས། །གངས་ལ་ཆགས་ཤིང་དཀར་རིས་བྱས། །སྒང་གཉིས་སྨུག་པོ་རྫ་ལ་ཆགས། །རྫ་ལ་ཆགས་ཤིང་ནག་རིས་བྱས། །འུར་ཐག་ཟེ་མོ་སྒང་བསླས་བྱས། །ཡར་འཕངས་ཤྭ་བོའི་རྭ་ཡ་གཅོག །མར་འཕངས་ཡུ་མོའི་རྐང་ཆུང་གཅོག །ཚག་སྒྲིལ་རྒྱ་སྟག་མཐའ་ལ་འཕངས། །རྒྱ་ལུག་འབྲི་ཆུ་སྤུངས་སྤུངས་བྱས། །ལུག་གཡང་དཀར་བརྒྱ་རེའི་དཔའ་དར་འཐོབ། །བྱེ་རུའི་བྱུར་རྫོང་འབེབས་པའི་དུས། །ལུག་གཡང་དཀར་བརྒྱ་རེའི་དཔའ་དར་ཡོད། །ཅེས་གསུངས་ལ།

ཡང་། འུར་བཤད་ཞིག་ལ། ངའི་ལག་ན་བཟུང་བའི་འུར་རྡོ་འདི། །དགྲ་ལྷའི་རྟེན་མཁར་དང་བོ་ཡིན། །མྱུར་མགྱོགས་ནང་གི་ཆེ་བ་ཡིན། །མ་མཁའ་འགྲོ་སྟོང་གི་དབུ་སྐྲ་དང་། །སེང་གེ་དཀར་མོའི་གཡུ་རལ་གཉིས། །རྒྱ་སྟག་དམར་བོའི་སྨ་ར་གསུམ། །བྲེ་སེར་འབྲོང་གི་དཔུང་རྩིད་བཞི། །སོག་དཀར་དྲེད་ཀྱི་སྙིང་སྤུ་ལྔ། །དེ་ལྔ་འུར་རྡོའི་རྒྱུ་ཆ་བྱས། །ཡར་མཆོག་ཡར་ངོ་གསུམ་ལ་སླས། །ཡར་ངོ་འབྲུག་གི་དུས་དང་སྤྲད། །གཡུག་ན་འབྲུག་སྒྲ་གྲག་ལེ་ཐོན། །མར་མཆོག་མར་ངོ་གསུམ་ལ་སླས། །མར་ངོའི་བྱ་དུས་ཁོ་ནར་སླས། །འཕངས་ན་བྱ་ལམ་ཆོད་ལེ་བྱུང་། །བཅོ་ལྔ་གསུམ་གྱི་ཐོ་རངས་ལ། །འུར་མཐིལ་སྟག་གི་དུས་དང་བསྒྲིགས། །གཉན་སྟག་འཁོར་བའི་རྟེན་འབྲེལ་བྱས། །ཚར་ལྕེ་ཉེར་དགུའི་ཉིན་མོ་ཡི། །ནམ་ལངས་གསུམ་གྱི་དུས་ལ་བཙེམས། །གར་གཏད་ས་ལ་ཕོག་ལེ་བྱུང་། །རྡོ་ནག་ལུག་གི་གྲོད་འདྲ་འདི། །ལྷ་འདྲེ་སྟོང་གི་བླ་རྡོ་ཡིན། །ཞེས་གསུངས་པ་ལས། ཆེ་བསྟོད་དང་འབྲེལ་འུར་ཆའི་རྣམ་པ་ཞིག་མཐོང་ཐུབ་ལ།

ཡང་། ཇོ་རུས་རྨ་ཡུལ་བཟུང་སྐབས། འུར་ཆ་ལ་བརྟེན་ཏེ་འདྲེ་སྲིན་འདུལ་བ། རྨ་ཡུལ་བཟུང་བའི་སྒྲུང་དཔེ་ལས། ཇོ་སྐྱིད་དམ་པ་སངས་རྒྱས་ཀྱི་འུར་རྡོ་འཛམ་གླིང་སྟོང་སྐོར་གྱི་ནང་དུ་ལྷ་འདྲེ་བླ་རྡོ་མཐུ་དང་ལྡན་པ་ཞིག་བཞག་ཅིང་། སྟངས་སྟབས་དང་བཅས་ཀླད་ལ་བསྐོར་ཏེ་མཐའ་འདྲེ་འགོང་བོ་སོགས་འཇོམས་པ་དང་། ཡང་། ཁོང་གིས་འུར་རྡོ་ཕ་བོང་སྟོང་འཁོར་དེ་སྐུ་རྐེད་ནས་དྲངས་ཏེ། འུར་མཐིལ་དུ་བཞག་ནས་སྤྱང་སྣ་ཕབ་པའི་གླུ་ལས། ང་ལ་འུར་ཆ་གདའ་ལེ་འདི། །བ་ཁྲ་ཞིག་གི་རྔ་མ་མིན། །བེའུ་རོག་ཅིག་གི་རྔ་མ་མིན། །ཤར་སེང་གེ་དཀར་མོའི་གཡུ་རལ་ཡིན། །མ་རྡོ་རྗེ་ཕག་མོའི་དབུ་སྐྲ་ཡིན། །ཡར་མཆོག་ཡར་ངོ་གསུམ་ལ་སླས། །དཀར་ཕྱོགས་ངོ་སོ་དགུང་ལ་བསྟོད། །མར་མཆོག་ཟླ་ངོ་གསུམ་ལ་སླས། །ནག་པོ་ཕྱོགས་ཀྱི་གཉའ་གནོན་མཛོད། །འུར་མཐིལ་ཟླ་བ་གསུམ་ལ་སླས། །འབྱུང་བོ་བདུད་ཀྱི་འདུ་ར་བཤིག །དཔའ་ལུང་ཉི་མ་གསུམ་ལ་སླས། །འགྲོ་དྲུག་ཐར་བའི་ལམ་སྣ་དྲོངས། །ཚར་ལྕེ་ཞག་མ་ལྔ་ལ་སླས། །དགྲ་ལྷ་ཝེར་མའི་ངོ་སོ་བསྟོད། །འུར་ཡར་གཡུག་རྒྱ་གར་ཡུལ་དུ་གཡུག །སྟོད་རྒྱ་གར་ཆོས་ཀྱི་དར་ཐག་འཐེན། །མར་གཡུག་རྒྱ་ནག་ཡུལ་ལ་གཡུག །སྨད་རྒྱ་ནག་ཆོས་ཀྱི་ཁྲིམས་ཤིང་དྲངས། །བོད་སྐྱེ་དགུ་ཆོས་ཁྲིམས་གཉིས་ཀྱིས་སྐྱོང་། །ཚག་སྒྲས་རི་བོ་ཀླད་ཁྲག་བསྲེ། །ཁོབ་སྒྲས་གླ་བ་མཐའ་ལ་འཕེན། །གོ་མཚོན་ནང་གི་སྔ་བ་ཡིན། །མྱུར་འགྱོགས་ནང་ནི་ཆེ་བ་ཡིན། །ད་གཡུག་ན་ནག་པོ་བདུད་ལ་གཡུག །བདུད་ཀླུ་བཙན་སྲོག་གི་ཁུགས་པ་གཅོད། །ནང་སེམས་ཉིད་མར་མེ་གཟིམ་ལ་ཤོག །ཕྱི་གློ་བའི་སྲོག་རྩ་ཆོད་ལ་ཤོག །བར་རུས་པའི་གསས་མཁར་བཤིག་ལ་ཤོག །དེ་རིང་ཤ་གཟན་སྤྱང་ནག་འདི། །ཀླུ་བཙན་རྒྱལ་བོའི་སྤྲུལ་བ་རེད། །བཀའ་གོང་མའི་ལས་དོན་སྒྲུབ་པའི་བུ། །ལྷ་སྲས་ཇོ་རུའི་འདུལ་སྐལ་རེད། །ད་ལྟ་སྤྱང་སྣ་རྡོ་ཡིས་ཕབ། །སང་ནམ་ཕུགས་དཔྲལ་བར་མདའ་རྟགས་འཇོག །རྟིང་མའི་ཡང་རྩེ་བླ་མའི་དྲིན། །སྤྱང་ནག་པོའི་སྟེང་ལ་ཧོ་མ་ཡ། །ཞེས་འུར་ཆ་ལ་བརྟེན་ཏེ་འདྲེ་སྲིན་བཏུལ་བ་དང་། གཞན་གཡུལ་འགྱེད་གྱི་ཚེ་གོ་མཚོན་སྣ་དགུའི་གྲས་སུའང་མེད་དུ་མི་རུང་སྟེ། ཧོར་གླིང་གཡུལ་འགྱེལ་ལས། རྐེད་འུར་ཆ་ཕྲ་མོའི་འཕྲུག་ཐག་ལ། །ཐབས་ཤེས་རབ་ལྕེ་ལུང་ཟུང་དུ་འཇུག །དེ་འུར་ཆ་ཁྱུང་མིག་དགུ་བ་རེད། །དཔའ་དགྲ་ལྷའི་གོ་མཚོན་སྣ་དགུ་དེ། །ཞེས་པའི་ཤེས་སོ། །

འུར་ཆའི་དགོས་པ་ཡང་། གླིང་སྒྲུང་རྣམས་སུ་དཔའ་དགྲ་བླའི་གོ་མཚོན་སྣ་དགུ་རུ་འདྲེན་པས། ཚ་བ་མདའ་རྫོང་ལས། འདྲ་བ་བརྒྱད་ལྡན་འུར་རྡོ་འདི། །དཀར་བོའི་སྒང་ནས་འཇའ་འོད་ཤར། །དཀར་ཕྱོགས་ལྷ་རྣམས་དགྱེས་ཤིང་འཁོར། །ནག་པོའི་ཟུར་བས་མེ་ལྕེ་འབར། །ནག་ཕྱོགས་བདུད་རྣམས་སྲེག་ཅིང་འགྱེལ། །ལུས་ལ་འཆང་ན་དགྲ་ལྷ་འཁོར། །སྐེད་ལ་གཟར་ན་རྒྱན་དུ་མཛེས། །དམག་ལ་སོང་ན་དགྲ་ལས་རྒྱལ། །ཇག་ལ་སོང་ན་ནོམ་དང་འཕྲད། །ཚོང་ལ་སོང་ན་ཁེ་སྤོགས་གྲུབ། །ཁྱིམ་དུ་བཞག་ན་ཕྭ་གཡང་འཕེལ། །ཞེས་སོ། །

གཞན་ཡང་། སྡིག་གཅོད་ཤན་པས་རྒྱ་ཚ་ཞ་ལུ་དཀར་བོའི་དབུ་བླངས་ཉིན། དཔའ་ཚ་ཞང་གདན་མས་འུར་ཆས་རྒོལ་བ་ནི། ཧོར་གླིང་གཡུལ་འགྱེད་ལས་འདི་ལྟར་བཤད་དེ། བློན་གདན་མས་མདའ་འཕེན་རྩིས་སྐབས། འབྲུ་དགའ་བདེ་ན་རེ། ཞལ་དཀར་གྱི་དབུ་འཁྱེར་འདུག་གཤིས། མདའ་འཕངས་ཀྱང་ཕོག་མི་ཡོང་། དེ་ལས་འུར་ཁྲ་ཐུང་མ་དེ་རྒྱོབས་དང་ཟེར། དེར་འུར་མཐིལ་དུ་རྡོ་དཀར་ཞིག་བཅུག་ནས་བཞག་སྟེ། ན་རེ། ལས་ནག་པོ་འབུམ་པའི་ལྷ་རྒྱུད་དེ། །དབུ་དར་འཕྲུ་ཤ་ལེར་ཁྱེར་ཞིང་གདའ། །འུར་ཁྲ་ཐུང་གིས་ཤ་ལན་མ་འཕྲོད་ན། །གླིང་གེ་སར་ལྷ་མེད་ཡིན་པའི་རྟགས། །ཟེར་ནས་རྡིག་ཆོམ་དུ་སོང་བ། ཤན་པའི་དཔུང་བ་གཡས་པར་ཕོག་སྟེ་དཔུང་ལྷུ་བྲལ། ཞེས་སོ། །

ཕྱིས་སུ་ཡུལ་ལུང་འགར་འུར་ཆ་འགྲན་བསྡུར་གྱི་བྱེད་སྒོ་ཡང་སྣ་ཚོགས་དར་ཡོད་ལ། དེ་ཡང་རིང་ཚད་འགྲན་པ་དང་། ཚ་ཁ་འགྲན་པ་གཉིས་སུ་དབྱེ་སྲོལ་ཡོད། རྒྱང་འགྲན་ནི། འུར་རྡོ་རྒྱང་རིང་དུ་ཅི་ཙམ་གཡུགས་ཐུབ་མིན་ལ་བརྩི་བ་དང་། ཚ་ཁ་འགྲན་པ་ནི། སྟག་ཤར་རྣམས་ཀྱིས་དམིགས་འབུན་བཙུགས་ཏེ། འུར་ཆ་ཤུགས་ཅི་ཡོད་ཀྱིས་བསྐོར་ནས། གནད་དུ་ཁེལ་ཡོད་མེད་ལ་བརྩི་བ་ཡིན།

གཞན་ཡང་། ལོ་སྲུང་སེར་འགོག་གི་སྐབས་སུ། འུར་རྡོ་ལ་རོ་ཐལ་དང་ཡུངས་དཀར་གྱི་རྫས་ཀྱིས་བྲབས་ལ། འབྱུང་བོ་ཐམས་ཅད་ཐལ་བར་བརླག་པའི་དྲག་སྔགས་ཕཊ་འགྱེད་དང་བཅས་སེར་ཕྱོགས་སུ་འཕེན་པ་དང་། ད་དུང་དྲག་པོ་ལ་མི་ལྤགས་ཀྱིས་མཐིལ་བྱས་པའི་ཡུགས་མོའི་ལྟག་སྐྲའི་འུར་ཆ་བྱས་ཏེ་འཕེན་པར་ཡང་བཤད། མ་ཟད། བོན་ལུགས་ལ་ཆར་འབེབས་ཀྱི་སྐབས་སུ་ཆར་རྡོ་ཞེས་པ་དུད་འགྲོ་བསད་པའི་རྡོ་ཞིག་ཀྱང་དགོས་པར་བཤད་དོ། །

འུར་ཆ་འདི་དགྲ་ལྷ་འཁོར་བའི་རྟེན། ལྷ་སྲུང་དགྱེས་པའི་སྤྱན་གཟིགས། སྐྱེས་པ་ཕོ་ཡི་གོ་མཚོན། མཛངས་མ་སྨན་གྱི་མཛེས་ཆས། གཞོན་ནུ་ཕོ་མོའི་དྲན་རྟེན། རི་དྭགས་རྔོན་ལས་དང་། ནོར་ལུག་འཚོ་སྐྱོང་། སྤྱང་ཀི་དང་བྱ་གླག རྐུན་ཇག་སོགས་སྔོན་འགོག་བྱེད་སྤྱད་ཀྱི་ལག་ཆ་གལ་ཆེན་ཞིག་ཀྱང་ཡིན། འུར་ཆ་འདི་བཙན་པོ་རིམ་བྱོན་གྱི་སྐབས་ནས་ཀྱང་གཡུལ་འགྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ལགས་པར་སེམས་ལ། རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག སྤྱི་ལོ ༡༩༠༤ ལོར་དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་སྐབས། བོད་དམག་གིས་འུར་རྡོ་འཕངས་ཏེ་འགོག་རྒོལ་བྱས་ལ། ནུས་པ་ཡང་ཆེན་པོ་ཐོན་ཡོད་དེ། དམངས་གཞས་ཤིག་ཏུ། འཇམ་པོ་བལ་ལས་བཟོས་པའི། །འུར་རྡོ་ཆུ་མིག་དགུ་སྒྲིལ། །ཆུ་མིག་གཞུང་ནས་བརྒྱབ་པས། །དབྱིན་ཇིའི་སྣ་ལ་ཐེབས་སོང་། །ཞེས་བཤད་ཡོད་དོ། །གཞན་ནག་ཆུ་ཁུལ་དུ་རྫི་བོ་རྣམས་ཕྱུགས་ཟོག་བོར་སྟོར་བྱུང་སྐབས། འུར་ཆ་ལ་བརྟེན་ནས་མོ་རྒྱག་སྲོལ་ཡང་ཡོད་ལ། དེ་ནི་བོན་གྱི་ཇུ་ཐིག་ལ་ཁུངས་བཅོལ་བ་ཡིན་ལ། ས་ཁུལ་དེར་ད་ལྟའང་བེད་སྤྱོད་དང་། མོ་དཔྱད་སྣ་ཚོགས་རྒྱག་རྒྱུ་ཡོད་པར་བཤད་དོ། །དེ་ལས་གཞན་ས་དེའི་དམངས་ཁྲོད་ཀྱི་ཤོད་རྒྱུན་ལ། ཁྱི་འུར་བལ་ཀྱོང་ར་ཚགས་ཁུལ་ཏོག ནམ་མཁའི་ཐོག་ཐུབ། ཅེས་ཁྱིའི་ཁུ་ལུ་ལས་བཟོས་པའི་འུར་ཆར་བལ་གྱིས་ཀྱོང་དང་། ར་རྩིད་ཀྱིས་ཚགས་བསྒར་བ། ནོར་ཁུལ་གྱི་ཏོག་ཅན་ཞིག་འཛོམས་ན། ཐོག་འགོག་པའི་སྲུང་བ་ལྡན་པའི་བརྗོད་སྲོལ་ཡང་ཡོད་དོ། །

གཞན་ཡང་། ཨ་རིའི་དབྱིན་ཏིའི་ཨན་མི་རིགས་ཀྱི་རིག་རྫས་འགྲེམས་སྟོན་ཁང་དུ་འང་། ལོ་ངོ་སྟོང་ཕྲག་བཞི་ལྔའི་སྔོན་ནས་བཟོས་པའི་འུར་ཆ་འདི་ཉིད་ཡོད་པར་བཤད། ཨ་ལགས་དོར་ཞིས། ཨན་མི་རིགས་འདི་བོད་དང་མི་རྒྱུད་གཅིག་ཡིན་པར་འདྲ་མཚུངས་མང་དུ་བཀོད་ཡོད། གང་ཡིན་ཞེ་ན། ལོ་སར་གྱི་ཚེ་ཕོ་མོ་ཐམས་ཅད་སྐོར་བྲོ་ལྟ་བུ་འཁྲབ་པ། གྱོན་པ་འཆམ་གོས་དང་འདྲ་བ། རི་བསྐོར་བྱེད་པ། མིའི་ངོ་ཚུགས་དང་སྐྲ་བསླེས་ཚུལ་ཡང་འདྲ་བས། སྐད་ཆ་མ་གཏོགས་བོད་པ་རེད་སྙམ་པའི་སྣང་བ་སྟེར་བར་བཤད་པ་དང་། ནམ་མཁའ་ནོར་བུས་ཀྱང་། དབྱིན་ཏིའི་ཨན་ས་ཆར་བོན་པོའི་མདུད་གསུམ་ལ་སོགས་པ་སྐུད་པ་འདྲེན་རྒྱག་རྒྱུ་འང་ཡོད་ཚུལ་བཤད་འདུག་གོ །