རི་བཀག་རྩྭ་བཀག་གི་གོམས་སྲོལ་བཟང་བོ།

རང་ཅག་བོད་འདིར་རི་བཟང་ས་བཟང་རྣམས་ལ་བླ་རི་དང་བླ་གནས་ཀྱི་འདུ་ཤེས་ཆགས་ཡོད་པས། ལ་ཡན་གྱི་ཆུ་འཐུང་བ་དང་ལུང་ཡན་གྱི་རྩྭ་ཟ་བའི་སྲོག་ཆགས་རྣམས་ཀྱང་མི་རྔོན་པའི་གོམས་སྲོལ་ཆགས་ཡོད་ལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རི་དྭགས་རྔོན་མི་ཆོག་པ་ཁྲིམས་ཡིག་ནང་གཏན་འབེབས་ཀྱང་བྱས་ཡོད་ལ། གཞན་གཙང་བ་སྡེ་སྲིད་བསྟན་སྐྱོང་དབང་བོའི་ཞལ་ལྕེ་བཅུ་དྲུག་པ་དང་རྒྱལ་དབང་ལྔ་བའི་ཞལ་ལྕེ་བཅུ་གསུམ་སོགས་ཀྱི་ནང་སེམས་ཅན་གང་བྱུང་དུ་གསོད་མི་ཆོག་པའི་བཅའ་ཁྲིམས་གཏན་འབེབས་གནང་ཡོད། གཟུགས་ཀྱི་ཉི་མའི་རྣམ་ཐར་ལས་ཀྱང་། རྒྱལ་བོ་ཟླ་བ་སེང་གེས་རྒྱལ་སྲིད་ལ་མངའ་དབང་མཛད་སྐབས། གར་ཡོད་ཆ་མ་འཚལ་བའི་ཕག་རྒོད་སྐོར་ཞིག དུས་བཞིར་འགྱུར་མེད་ཀྱི་ཕོ་བྲང་ཕྱི་རོལ་གྱི་དགའ་ཚལ་དེ་བཅོམ་པས། རྒྱལ་བོས་དེ་དག་འདུལ་ཆེད་དམག་དཔུང་དྲངས་པ་སོགས་ལ་བལྟས་ནའང་། ཁོར་ཡུག་སྲུང་སྐྱོང་དོ་སྣང་ཇི་ལྟར་གནང་བ་ཐོན་ཡོད་པ་དང་། ཁྱད་པར་དུ་གེ་སར་སྒྲུང་ནང་རྩྭ་བཀག་ཆུ་བཀག་གི་སྲོལ་བཟང་འདི་མངོན་གསལ་དོད་པོར་ཐོན་ཡོད། འདིར་དཔེ་མཚོན་ཙམ་ཞིག་དྲངས་ན། ཧོར་གླིང་གཡུལ་འགྱེད་ལས། རྩྭ་ར་པདྨ་སྟོང་ལྡན་འདི། །རྩྭ་ཟ་མཁན་མ་བྱུང་ལུས་ལེ་མིན། །རྩྭ་ཟ་དབང་མ་བྱུང་ལུས་ལེ་མིན། །ཧོར་གུར་དཀར་རྒྱལ་བོའི་རྩྭ་ར་ཡིན། །ཨ་ལྔ་རྩེ་བའི་མཐེབ་ར་ཡིན། །ཤན་པ་ང་ཡི་མདའ་ར་ཡིན། །མིང་བཏགས་ལེ་མིན་པ་འགྲོ་ས་མེད། །བརྒྱ་ཡར་འགྲོའི་ཚོང་བ་འབབ་ས་མེད། །སྟོང་ཕྱིར་འོང་གླ་བ་འབབ་ས་མེད། །བྱ་འདབ་ཆགས་རྒུན་འབུ་འཐུ་ས་མེད། །རྟ་མདོ་བ་དགུང་རྩྭ་ཟ་ས་མེད། །མཛོ་ཁྱུང་དཀར་ཉིན་རྩྭ་ཟ་ས་མེད། །ཁྱི་གདའ་ལུས་ཉུལ་སྣ་བྱེད་ས་མེད། །སྦྲང་བུང་བས་མེ་ཏོག་ཟ་ས་མེད། །རླུང་བསེར་བུས་བགྲོད་ལམ་མེད་ས་ན། །ཁྱོད་སྒར་བ་འབབ་དོན་ཅི་ལ་ཡིན། །ཞེས་གེ་སར་གྱིས་སྤྲུལ་བའི་སྒར་དཔོན་ལ། ཤན་པས་རྫིག་རྫིག་རྔམ་རྔམ་གྱི་སྡིགས་གཏམ་བཏང་ཡོད་པ་དང་། དེ་ལས་གཞན་རྩྭ་ཟ་ཆུ་འཐུང་དང་རྔོན་ལས་བྱས་ན་ཁྲིམས་ཆད་ནན་མོ་གཅོད་པ་ཡང་གླུ་ཚིག་དེ་ལས། རྩྭ་ཐུར་བཅག་ན་དངུལ་ཐུར་དགོས། །མེ་ཏོག་བཅག་ན་གཡུ་ཡིས་སློངས། །ཆུ་མགོ་རྙོགས་ན་མར་ཁུས་གསོས། །རྩྭ་ཀུ་ཤ་ཉལ་ན་འོ་མས་གསོས། །ཤིང་ཕོ་སྡོང་རྫོགས་ན་རྟ་ཡིས་འཚོབ། །མོ་སྡོང་རྫོགས་ན་དྲེལ་གྱིས་འཚོབ། །ལོ་མ་བཅག་ན་དར་ཚོན་ཐོགས། །ཤིང་ཏོག་བྲུལ་ན་ར་ཡིས་འཚོབ། །འབྲས་བུ་ལྷུང་ན་ལུག་གིས་འཚོབ། །མྱུ་གུ་འཐོར་ན་མར་གྱིས་གསོས། །རྡོ་གཡའ་མ་བཅག་ན་བཤའ་ཚས་སྦྱོར། །ལམ་སྐྱ་རིང་བཏོད་ན་གསེར་ཕྱེས་གསོས། །རྩྭ་ལ་རྩྭ་རིན་དགོས་ལེ་ཡིན། །ཆུ་ལ་ཆུ་རིན་དགོས་ལེ་ཡིན། །རྩྭ་རིན་ཆུ་རིན་ལ་མོར་འཇོལ། །ཅེས་པ་འདིས་རྩྭ་ར་པདྨ་སྟོང་ལྡན་ལ་སྲུང་སྐྱོང་དང་དོ་སྣང་ཇི་ལྟར་མཛད་པ་རྟོགས་ཐུབ་པ་དང་། ལྷག་པར་དུ། རང་བྱུང་སྲོག་ཆགས་བསད་ན་རི་དྭགས་པའི་ཤུན་ལྤགས་བཤུ་བ་སོགས་ཀྱི་ཁྲིམས་ཆད་ནན་མོ་བཞག་ཡོད་པ་ནི། སྒྲུང་དཔེ་དེ་ལས། གེ་སར་གྱིས་ཧོར་གྱི་བླ་ཉ་གསུམ་འདུལ་བར་དགོངས་ནས་རྔོན་པ་དཔོན་གཡོག་བཅུ་གསུམ་དུ་སྤྲུལ་ཏེ། ཧོར་གྱི་སྦ་ཆེན་ཉ་ཚང་གོང་མ་ནས་ཉ་མང་བོ་འཛིན་པ་དང་། གསོད་པ། འཆའ་བ་སོགས་ཀྱི་ལས་མཛད་པ་ན། ཤན་པས་མཐོང་ནས། སྦ་ཆེན་ཉ་ཚང་ཧ་ལ་འཕེན། །བླ་ཉ་ཆེ་གསུམ་ལྕགས་ཀྱུས་བཟུང་། །ཁྱོད་ཧམ་པ་ཆེ་བའི་ཕ་བུ་ལ། །ཉ་གསེར་མིག་དུང་གི་ཡ་སོ་ཅན། །ཧོར་རྒྱལ་ཆེན་གསུམ་གྱི་བླ་ཉ་ཡིན། །ཉ་བསད་བསད་ཧོར་ཆུ་ཁྲག་ལ་བསྒྱུར། །ཧོར་ཆུ་ཁམ་པ་གཞུང་དྲུག་དེ། །ངེད་ཧོར་སེར་སྟོད་པའི་ཆུ་སྐལ་ཡིན། །ཉ་ཆུང་རྩིས་རྩིས་གྲངས་མེད་རྣམས། །ཧོར་སེར་བོ་ཆགས་དང་མཉམ་ཆགས་ཡིན། །ད་རུང་དེ་ཡིས་མི་ཚད་དེ། །ཕུ་གསུམ་རི་ལ་རྔོན་ཁྲིམས་ཡོད། །ཁྲིམས་བཤིག་ན་རྔོན་ལྤགས་བཤུ་ལེ་ཡིན། །ཞེས་སོ། །དེ་ལས་གཞན་གེ་སར་རྒྱལ་བོས་ར་བཙན་དང་ར་བདུད་བཏུལ་རྗེས་མངའ་འབངས་རྣམས་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པར་གདམས་ནི། བྷེ་ར་ར་རྫོང་ལས། ཉེས་མེད་རི་སྐྱེས་རི་དྭགས་རིགས། །ངན་པས་སྲོག་ཆད་བྱེད་ཆོག་མེད། །ཆུར་གནས་སྲོག་ཆགས་ཉ་མོ་སོགས། །མ་རུངས་ལྕགས་ཀྱུས་འཛིན་ཆོག་མེད། །ཐ་ན་བྱ་དང་འབུ་སྲིན་ཡན། །ངན་སེམས་གནོད་འཚེ་བཏང་ཆོག་མིན། །ཞེས་སོ། །