ཀློང་ཆེན་སྙིང་གི་ཐིག་ལེ་ལས་བླ་མ་རིག་འཛིན་འདུས་པའི་བསྙེན་སྒྲུབ་བྱེད་ཚུལ། ཨོ་རྒྱན་ཕྲིན་ལས།


ARJ001_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་སྙིང་གི་ཐིག་ལེ་ལས་བླ་མ་རིག་འཛིན་འདུས་པའི་བསྙེན་སྒྲུབ་བྱེད་ཚུལ་བཞུགས།


ARJ001_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བརྒྱད་ལྡན་ཆུ་གཏེར་ལས་འཁྲུངས་ཨུ་ཏམ་ཝ་རའི་པད་སྡོང་ལས། །གདོད་མའི་མགོན་པོ་མི་ཡི་ཟོལ་བྱོན་པདྨ་འབྱུང་གནས་དཔའ་བོའ་ིསྐུ། །འབྱུང་བཞིས་མི་འཇིགས་འཇའ་འོད་རང་བཞིན་སྣ་ཚོགས་སྒྱུ་འཕྲུལ་སྤྲུལ་བའི་གར། །གདུལ་བྱའི་འགྲོ་ལ་རྗེས་བརྩེ་ལྡན་ཁྱོད་བདག་སྙིང་དཔལ་གྱི་རི་བོར་བཞུགས། །གང་གི་བསྟན་པ་མ་དྲོས་འཁྱིལ་བའི་ཀློང་། །གྲུབ་གཉིས་ནོར་བུའི་གཏེར་ཁ་འཛིན་པ་ཡི། །བསྟན་འཛིན་ཀླུ་དབང་ཚོགས་རྣམས་བཞེད་པའི་དོན། །ཡོངས་སུ་གྲུབ་ཅིང་ཞབས་པད་བརྟན་གྱུར་ཅིག །འདིར་ནི་ཀློང་ཆེན་སྙིང་ཐིག་ཅེས་གྲགས་ཚེ་གཅིག་ཆོས་སྐུའི་རྒྱལ་སྲིད་ལ། །དབང་བསྒྱུར་འདོད་ལ་ངལ་བ་མ་ཡིན་ལམ་མཆོག་ཀུན་ཀྱི་ཕུལ་གྱུར་པ། །རིག་འཛིན་འདུས་པའི་སྒྲུབ་གཞུང་ཉིད་ལ་བསྙེན་སྒྲུབ་ཀྱིས་བྲེལ་སྐལ་ལྡན་འགར། །ཕན་པར་བྱ་ཕྱིར་དྲན་པའི་གསལ་འདེབས་ཅུང་ཟད་ཙམ་ཞིག་འདིར་གསལ་བྱ། །དེ་ལ་འདིར་ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཀློང་ཆེན་སྙིང་གི་ཐིག་ལེ་ལས་བླ་མ་རིག་འཛིན་འདུས་པའི་བསྙེན་སྒྲུབ་བྱེད་ཚུལ་ཅུང་ཟད་ཙམ་དགོད་པ་ལ། དང་པོ་ཡིད་ཆེས་པ་གསུམ་གྱི་ནང་ཚན་དུ་གྱུར་པ་བརྒྱུད་པ་ལ་ཡིད་ཆེས་པ་ནི། དང་བོ་བླ་མ་མཚན་ཉིད་དང་ལྡན་པའི་མདུན་ནས་དབང་ཞུ་བ་དང་། དེ་ཉིད་ཀྱི་བརྒྱུད་པ་ཚད་དང་ལྡན་ཞིང་དེར་ཡིད་ཆེས་པ་གཉིས་གལ་ཆེ་སྟེ། རྒྱུད་ལས། བླ་མ་འདོད་པ་སྤང་བ་ཡིས། །དབང་བསྐུར་ཆོ་ག་རྫོགས་བྱས་ན། །རྡོ་རྗེ་འཛིན་པ་ཆེན་པོར་ཡང་། །ཚེ་འདི་ཉིད་ལ་འགྱུར་བར་ངེས། །ཞེས་དང་། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །ཞེས་སོགས་གསུངས་པ་ལྟར་དབང་ནི་དངོས་གྲུབ་བསྒྲུབ་པ་ལ་མེད་ན་མི་འབྱུང་བའི་རྒྱུ་ཐུན་མིན་ཡིན་པས་ཤིན་ཏུ་གལ་ཆེ་ཡང་དེ་ཐོབ་ཡོད་པ་གཞིར་བྱས། དེ་ཡང་རང་རེའི་བརྒྱུད་པ་ལ་མཚོན་ན་ཆོས་སྐུ་ཀུན་ཏུ་བཟང་བོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲྀ་སིང་ཧ། མཁས་པ་ཛྙཱ་ན་སུ་ཏྲ། པཎ་ཆེན་བཱི་མ་མུ་ཏྲ། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་སྡེ་བཙན། ལོ་ཆེན་བཻ་རོ་ཙ་ན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་བ། འཇིགས་མེད་ཕྲིན་ལས་འོད་ཟེར། འཇིགས་མེད་རྒྱལ་བའི་མྱུ་གུ། འཇམ་དབྱངས་མཁྱེན་བརྩེའི་དབང་བོ། འཇིགས་མེད་བསྟན་པའི་ཉི་མ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། སྐྱབས་རྗེ་དམ་པ་རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་པ་ཐུབ་བསྟན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་བོ་མཆོག་གི་བར་དུ་བརྒྱུད་པ་ཟམ་མ་ཆད་པའོ། །གཉིས་པ་ཆོས་ནི་སྤྱིར་འགྱུར་སྔ་ཕྱིའི་དབང་གིས་བཞག་པ་ལས་སྔ་འགྱུར་རྙིང་མ་བ་དང་ཕྱི་འགྱུར་གསར་མ་བ་གཉིས་ཡོད་པ་ལས། འདི་ནི་སྤྱན་འདྲེན་པ་པོ་ཡོན་བདག་གི་ཆེ་བ། ཕྱག་བཞེས་གཙུག་ལག་ཁང་གི་ཆེ་བ། འཆད་པ་པོ་པཎྚི་དའི་ཆེ་བ། སྒྱུར་བྱེད་ལོ་ཙཱ་བའི་ཆེ་བ། ཞུ་རྟེན་མེ་ཏོག་གི་ཆེ་བ། བརྗོད་བྱ་ཆོས་ཀྱི་ཆེ་བ་སྟེ་ཁྱད་ཆོས་དྲུག་གིས་འཕགས་པ་སྔ་འགྱུར་རྙིང་མ་བ་ཡིན། དེ་ལའང་རང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ་གཉིས་ཡོད་པ་ལས་ཕྱི་མ་སྟེ། མཁའ་འགྲོའ་ིཞལ་རླངས་མ་ཡལ་བར་བརྒྱུད་ཐག་ཉེ་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་དང་གཅིག གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་གཉིས། གང་ལ་གང་འདུལ་གྱི་དུས་དང་མཚམས་པར་མངོན་དུ་སྣང་བས་ཟབ་ལམ་ནུབ་པ་མེད་པ་སྟེ་ཆོས་གསུམ་གྱི་ཁྱད་པར་འཕགས་པ་སྟེ་ཉེ་བརྒྱུད་གཏེར་མ་ཡིན། དེ་ཡང་རང་ཅག་ཡན་ཆད་ཀྱི་བརྒྱུད་པའི་བླ་མ་ཐམས་ཅད་ཨ་ཕའི་ཁ་ཕོར་གཙང་ཞེན་ཙམ་མ་ཡིན་པར་གོང་སྨོས་ལྟར་སངས་རྒྱས་མི་གཟུགས་སུ་བྱོན་པ་ཤ་སྟག་ཡིན་པས་བརྒྱུད་པའི་ཟམ་མ་ཆད་ཅིང་། བྱིན་རླབས་ཀྱི་སྤྲིན་ཕུང་ལ་དམ་སེལ་གྱི་རླུང་གིས་མ་གཏོར་བ། བཀའ་རྟགས་ཕྱག་རྒྱ་མ་ཞིག་པ། ཟབ་དོན་གྱི་གནད་མ་འཆུག་པ། ཉམས་སུ་བླངས་པ་རྣམས་ཚེ་འདིར་རིག་འཛིན་གྱི་ས་ལ་འགོད་པ། བསྒྲུབ་ན་འགྲུབ་མྱུར་ཞིང་དཀར་བོ་གཅིག་ཐུབ་ཀྱི་གདམས་པ་ཟབ་མོ་ཀློང་ཆེན་སྙིང་ཐིག་གི་ཆོས་ཚན་ལས་བྱུང་བ་བླ་མ་རིག་འཛིན་འདུས་པའི་སྒྲུབ་པ་འདི་ཉིད་ཡིན་ལ། དེ་ལྟར་བརྒྱུད་པ་ལ་ཡིད་ཆེས་པ་དང་། གདམས་ངག་ལ་ཡིད་ཆེས་པ། སྐུ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པའི་རྣལ་འབྱོར། ཐུགས་འོད་གསལ་གྱི་རྣལ་འབྱོར་ཏེ་ཁྱེར་སོ་གསུམ་དང་མ་བྲལ་བའི་སྒོ་ནས་གང་ཟག་རང་གིས་རང་ལ་ཞེ་མི་ཁྲེལ་བར་ཡིད་ཆེས་པ་དང་གསུམ་གྱི་སྒོ་ནས་ཉམས་སུ་ལེན་དགོས། དེ་ཡང་ཐོག་མར་སྒྲུབ་པ་ལ་འཇུག་པའི་སྔོན་དུ་འགྲོ་བ་ལ་རིང་བ་དང་ཉེ་བ་གཉིས་ལས། དང་བོ། མདོ་རྒྱ་ཆེར་རོལ་པ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། ཅེས་གསུངས་པ་བཞིན་བསོད་ནམས་ཀྱི་དཔུང་བསྐྱེད་པ་གལ་ཆེ་སྟེ། སྒྲུབ་པ་ལ་འཇུག་པ་དང་ཞུགས་ནས་མཐར་ཕྱིན་པ་ནི་བསོད་ནམས་ཅན་གྱི་སྤྱོད་ཡུལ་ལས་གཞན་དུ་མ་ཡིན་པའི་ཕྱིར། དེ་ལ་དཀོན་མཆོག་མཆོད་པ། གསུང་རབ་བཀླག་པ། སྲོག་བསླུ་དང་ཚེ་ཐར་གཏོང་བ། ལམ་འཕྲང་བཅོས་པ། སཱཙྪ་འདེབས་པ། ཆུ་གཏོར་གཏོང་བ། ཆ་གསུམ་དང་བསང་བརྔན་སོགས་ཚོགས་གསོག་གི་རིགས་ཅི་ནུས་བྱ། དེ་ནས་ཇི་སྐད་དུ། དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། ཞེས་པ་ལྟར་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ་གལ་ཆེ་སྟེ། དེ་ཡང་དང་བོ་དབང་དང་ཁྲིད་མན་ངག་སོགས་ཐོབ་ཅིང་། བར་དུ་བླ་སློབ་གྱི་དམ་ཚིག་ལ་སེལ་སོང་བ་ཡོད་ན་དེ་ལ་ངེས་པར་བཤགས་པ་བྱེད་དགོས་ཏེ། དེ་ལྟ་མ་བྱས་ན་དངོས་གྲུབ་ཀྱི་སྐལ་བ་མི་ཐོབ་ཅིང་ཕྱི་མ་ངན་སོང་དུ་འགྲོ་དགོས་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་བཤགས་པའི་ཚུལ་ནི། བླ་མ་དེ་ཉིད་མདུན་གྱི་ནམ་མཁར་སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་ཆེན་པོར་བཞུགས་པར་མོས་ནས། དེ་ཡི་མདུན་དུ་རང་ཉིད་ངོ་ཚ་འཇིགས་སྐྲག་གིས་གདུང་ཞིང་། ཤིན་ཏུ་གནོང་འགྱོད་དང་བཅས་གླང་བོ་རབ་འབོག་གི་རྒྱུད་ཡེ་ཤེས་སྐུ་མཆོག་ལ་བརྟེན་ནས་ཡིག་གེ་བརྒྱ་བ་འབུམ་ཕྲག་དང་སྦྲེལ་དབང་བཞི་ཡང་ཡང་བླངས་ཏེ་ཉམས་པ་སོར་ཆུད་པར་བྱ། དེ་ནས་མཚམས་ཁུངས་སུ་དགོས་པའི་ཡོ་སྤྱད་རྣམས་ཆ་ཚང་བ་བསགས། སྒྲུབ་རྫས་རྣམས་ལ་བསང་ཁྲུས་དང་རབ་གནས་ཚད་ལྡན་བྱ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཡན་ཆད་ཀྱི་སྡོམས་པ་བླང་། གཉིས་པ་བསྙེན་སྒྲུབ་བྱེད་པའི་ཐོག་མར་གཟའ་སྐར་ལ་བལྟ་བ་གལ་ཆེ་སྟེ། དེ་ཡང་སྤྱིར་ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་དང་། སྐར་མ་རྒྱལ། གཟའ་ཕུར་བུ་འཛོམས་པ་མཆོག་ཏུ་ཤིས་ཏེ། སྒྱུ་འཕྲུལ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམས། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་དང་། འཇོམས་བྱེད་ལས། ཟླ་བ་སྐྱེས་དུས་གཟའ་ཕུར་བུ། །དར་ཚེ་སྒྲུབ་པ་མཆོག་ཏུ་ཤིས། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་གཟའ་ཉི་མིག་སྤེན་གསུམ་ལས་གཞན་རྣམས་དང་། སྐར་མ་ཐ་སྐར། རྒྱལ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ལྷ་མཚམས་རྣམས་ཀྱང་ཤིས་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཚེས་གྲངས་གཟའ་ཡི་དམ་པར་ལྡན། །ཕུར་བུ་པ་སངས་ཟླ་བ་དང་། གཟའ་ལྷག་མཆོག་ནི་ལས་ཀུན་ལ། །ཞེས་དང་། ཐ་སྐར་སྐར་མ་ཉིད་དང་ནི། །རྒྱལ་དང་ཁྲིམས་ནི་སྟོད་སྨད་གཉིས། །ནམ་གྲུ་དང་ནི་ལྷ་མཚམས་དག །བཟླས་པའི་དུས་སུ་རབ་ཏུ་བསྔགས། །ཞེས་སོ། །༈ །བྱེ་བྲག་ཚེ་ཐུང་བ། ནད་འོང་བ། མི་ཁས་ཉེན་པ། ནོར་ཟད་པ། དགྲ་སྡང་བ། འཇིགས་སྐྲག་འོང་བ། དོན་མི་འགྲུབ་པ། རྒྱལ་བོའ་ིབཀའ་ཆད་ཕོག་པ། བོར་སྟོར་འབྱུང་བ་སྟེ་ངན་པ་དགུ་འདུས་པའི་ཉིན་མོ་དང་། དེ་དང་ཕྱོགས་མཐུན་པའི་ནུས་པ་ཅན་ཞག་ངན། ཡན་གོང་། ཧལ་ཁྱི་སོགས་མ་ཡིན་པ། ༈ ནད་མེད་པ། ཚེ་རིང་བ། དབང་ཕྱུག་དང་ལྡན་པ། དཔལ་དང་ལྡན་པ། གྲགས་པ་དང་ལྡན་པ། སྐལ་བ་བཟང་བ། ལོངས་སྤྱོད་རྒྱ་ཆེན་པོ་ཐོབ་པ། ཞི་རྒྱས་སོགས་ལས་བཞིའི་དངོས་གྲུབ་འགྲུབ་པ་སྟེ་ལེགས་པ་བརྒྱད་འཛོམས་པའི་ཉིན་མོ་དང་། བླ་གཟའ་དར་དུས་བྱ་ལས་འགྲུབ། །ཅེས་དང་། གང་ཚེས་དར་ཡང་བུ་ཡང་དར། །ཞེས་ཟླ་བའི་ཚེས་གཟའ་དང་རང་གི་བླ་གཟའ་གཅིག་ཏུ་གྱུར་པ་དེར་ཁེལ་བ། འཕྲོད་སྦྱོར་ཡང་། ས་གཉིས་འཕྲད་པ་དངོས་གྲུབ་སྦྱོར། །དངོས་གྲུབ་སྦྱོར་བས་ཅི་བསམས་འགྲུབ། །ཅེས་སོགས་གསུངས་པ་ལྟར་རྟེན་འབྲེལ་ཐམས་ཅད་ལེགས་ཕྱོགས་སུ་བསྒྲིགས་པ་གལ་ཆེ་སྟེ། སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་ནས། འཁོར་བའི་ཆོས་ཀུན་མ་དག་རྟེན་འབྲེལ་ཏེཿ མྱ་ངན་འདས་པའང་དག་པའི་རྟེན་འབྲེལ་ཙམཿ དེ་ཕྱིར་ལམ་གྱི་སྣང་བ་ཐམས་ཅད་ཀུནཿ རྒྱུ་རྐྱེན་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་བསྒྲིགསཿ ཞེས་གསུངས་པའི་ཕྱིར་རོ། །དེ་ནས་རིག་འདུས་ཀྱི་ལས་གཞུང་བསྲིང་ཞིང་མཚམས་བཅད་དེ་བླ་མའི་རྣལ་འབྱོར་ལ་ཞག་བདུན་བཞུགས། བརྒྱུད་འདེབས་སྐབས། སྤྱིར་གསང་སྔགས་ཀྱི་རྩ་བ་དག་སྣང་ཡིན། རྒྱུ་ལམ་བྱེད་དང་འབྲས་བུ་ལམ་བྱེད་གཉིས་ཡོད་པ་ལས། ཕྱི་མ་འབྲས་བུ་ལམ་བྱེད་ནི་སྔགས་ཀྱི་ཁྱད་ཆོས་ཡིན། གུ་རུའི་ཞལ་ནས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག༔ བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ༔ ཅེས་གསུངས་པ་བཞིན་དྭངས་འདོད་ཡིད་ཆེས་ཀྱི་དད་པའི་སྒོ་ནས་ལུས་ཀྱི་བ་སྤུ་གཡོས། མིག་ནས་མཆི་མ་འཁྲུགས། ལག་ཐར་མོ་སྦྱར། སྙིང་ཁོང་རུས་གཏིང་ལས་བྱུང་བའི་དད་པ་ཤུག་དྲག་པོའི་ངང་ནས་མདུན་གྱི་ནམ་མཁར་འཇའ་འོད་ཀྱི་ཀློང་དུ་བརྒྱུད་པ་གསུམ་གྱི་བླ་མ་ཐམས་ཅད་སྤྲིན་ཕུང་འཁྲིགས་པ་བཞིན་བཞུགས་པར་མོས་ལ་བརྒྱུད་འདེབས་འདོན། དེར་ཏིང་འཛིན་ལྔ་དང་གབ་པ་བཞི་ཡི་གནད༔ ཅེས་གསུངས་པ་ནི་སྟོངས་པ་ཆེན་པོའ་ིཏིང་ངེ་འཛིན་། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོགས་སྒྲུབ་ཀྱི་ཏིང་ངེ་འཛིན་བར་ལྔ་དང་། གབ་པ་བཞི་ནི་ལྷ་དང་སྔགས་དང་ཏིང་འཛིན་མན་ངག་སྟེ་གབ་བྱང་གནད་ཀྱི་མིག་ཚགས་ལྟར་རོ། །དེ་ནས་སྔགས་ལ་ཞུགས་པ་རྣམས་ཀྱི་འབྲལ་མེད་དུ་བཅིངས་བྱར་གྱུར་པའི་རྡོ་རྗེ་དང་དྲིལ་བུ་ནི། སྔགས་ཀྱི་ཉམས་ལེན་རྣམས་རྫོགས་པའི་མཚོན་བྱེད་ཡིན་ལ། དེ་ཡང་རྡོ་རྗེ་ནི་སྣང་ཕྱོགས་ཀྱི་ཆ་ཐབས་བདེ་བ་ཆེན་པོ་མཚོན་བྱེད་དང་། དེ་ཡི་ལྟོ་བ་བཟླུམས་པས་ཡེ་ཤེས་དེ་ཉིད་གཉིས་སྣང་དང་བྲལ་བར་མཉམ་པར་བཞག་པ་མཚོན་ཞིང་། དེ་ཉིད་ལམ་དུས་དང་འབྲས་དུས་ཀྱི་ཁྱད་པར་གྱི་དྲི་མ་ཐམས་ཅད་བྲལ་བྱེད་དམ་བྲལ་བའི་བདག་ཉིད་ཅན་ཡིན་པ་དང་། ནམ་དུའང་དེ་ཉིད་དྲི་མའི་ངོ་བོར་སྐྱེ་མི་སྲིད་པའི་ཕྱིར་དང་། དེ་ཉིད་ཡེ་ཤེས་ལྔ་དང་ཡུལ་གྱི་ཆོས་ཉིད་ལྔ་མཚོན་པའི་ཡར་མར་གྱི་རྩེ་ལྔ་རེ་ལྔ་རེ། ཐུགས་རྗེ་ཆེན་པོས་འཁྱུད་པ་མཚོན་པའི་ཆུ་སྲིན་གྱི་ཁ་དང་། གདུལ་བྱའི་རེ་བ་སྐོང་བ་རྒྱུན་མི་འཆད་པའི་བརྡར་རིན་པོ་ཆེའི་ཕྲེང་བ་དང་ལྡན་པ། དེ་ཉིད་ཀྱི་རྩལ་དུ་རིགས་ལྔ་ཡབ་ཡུམ་དང་། འགྲོ་འདུལ་ཕྲིན་ལས་ཀྱི་མཛད་པ་རྣམས་མཚོན་པའི་བརྡར་པད་འདབ་སོགས་ཀྱིས་བརྒྱན་པའོ། །དྲིལ་བུ་ནི་ཆོས་ཉིད་སྟོངས་པ་ཉིད་རྟོགས་པའི་ཤེས་རབ་མཚོན་བྱེད་ཡིན་པས་དབྱིངས་ཕྱུག་མའི་ཞལ་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཟིགས་པ་མཚོན་པ་དང་། རྒྱལ་བའི་ཐུགས་རྟག་ཏུ་ཆོས་ཉིད་ལས་མི་གཡོ་བར་མཉམ་པར་བཞག་པས་རྡོ་རྗེའི་ཕྲེང་བ་དང་། ཡེ་ཤེས་དེ་ལས་ས་དང་ལམ་གྱི་ཡོན་ཏན་མཐའ་དག་རྫོགས་པས་བུམ་པ་དང་། ཡེ་ཤེས་དེ་ཉིད་ཡུམ་ལྔ་དང་སེམས་མ་བརྒྱད་ལ་སོགས་པ་ལྷའི་རྣམ་པར་འཕྲུལ་བ་མཚོན་པའི་པད་འདབ་དང་རྩེ་ལྔ་ལྡན་པའོ། །རྡོར་དྲིལ་བྱིན་རླབས་སྐབས་རང་ཉིད་སྐད་ཅིག་གིས་རྡོ་རྗེ་འཆང་ཡུམ་དང་བཅས་པ་གསལ་ལ། རྡོ་རྗེ་སྔོན་པོ་དྲིལ་བུ་དཀར་བོ་རྩེ་སྔོན་པོ་དག་དྲན་གོང་བཞིན། ཐབས་དང་ཤེས་རབ་གཉིས་སུ་མེད་པར་དམིགས་ལ། རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་པའི་ངང་ནས་རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་སྐྱབས་འགྲོའ་ིཚོགས་ཞིང་གི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས། དེ་ཡང་གང་སྤྱན་དྲངས་ན་སྔར་དེ་བཞིན་གཤེགས་པའི་ས་ལ་བཞུགས་པ་རྣམས་དང་། ད་ལྟ་རང་ལ་དབང་བསྐུར་རྒྱུད་བཤད་མན་ངག་གནང་བ་སོགས་བཀའ་དྲིན་གསུམ་ལྡན་གྱི་བླ་མ་རྣམས་དང་། མ་འོངས་པ་ན་སེམས་ཅན་གྱི་རྒྱུ་ཡོད་པ་རྣམས་དང་། མ་ངེས་པའི་དུས་ན་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་གྲངས་དང་མཉམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་དང་། མདོར་ན་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཉིད་ཀྱི་ངོ་བོ་གཅིག་ཏུ་འདུས་པ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ཡི་དམ་གྱི་སྐུར་བཞེངས་ནས་མདུན་ཀྱི་ནམ་མཁར་འཇའ་འོད་ཀྱི་གུར་དང་མེ་རི་མེ་དཔུང་གི་ཀློང་དུ་དཀྱིལ་འཁོར་གྱི་གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན་དང་རིག་འཛིན་ཆེན་པོ་བརྒྱད། རྗེ་འབངས་ཉི་ཤུ་རྩ་ལྔ། འཁོར་གང་ཆེན་སྡེ་བཞི་སོགས་ཞི་བ་དང་ཁྲོ་བོའ་ིརྣམ་པར་སྤྲིན་དཔུང་འཁྲིགས་པ་བཞིན་བཞུགས་པར་མོས་ལ། དེ་རྣམས་ཀྱི་མདུན་དུ་རང་གི་རྩ་བའི་ཕ་མ་དང་དགྲ་བགེགས་ཀྱི་གཙོ་བྱས་པའི་སེམས་ཅན་ཐམས་ཅད་སྲིད་པ་རིགས་དྲུག་གི་སྡུག་བསྔལ་རྒྱུ་འབྲས་ལས་སྣང་བག་ཆགས་ཐམས་ཅད་དང་བྲལ་ནས་མཐའ་གཉིས་ལ་མི་གནས་པར་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་ཁྱེད་རྣམས་མཁྱེན་སྙམ་པའི་བློ་གཏད་ལིང་བསྐྱུར་གྱི་སྒོ་ནས་ཚོགས་ཞིང་གི་ལྷ་ཚོགས་རྣམས་ལ་སྐྱབས་སུ་འགྲོ་བ་དང་། དེའི་ཆེད་དུ་བླ་མ་རིག་འཛིན་འདུས་པའི་སྒྲུབ་པ་ཟབ་མོ་ཉམས་སུ་བླང་བར་བྱ་སྙམ་པ་སྨོན་སེམས་དང་། བསྙེན་ཡིག་དངོས་གྲུབ་ཀྱི་ཟ་མ་ཏོག་ལས། འཇུག་སེམས་ནི་གཞན་དོན་ལ་དངོས་སུ་འཇུག་པ་ཡིན་པས། བགེགས་གཏོར་དང་མཆོད་ཚོགས་ཕོངས་མེད་དུ་འབུལ་བ་སྦྱིན་པ། ཕྱི་ནང་གི་རྒྱུ་འགྲུལ་གཅོད་ཅིང་ངག་བཅད་བྱེད་པ་དང་འགལ་རྐྱེན་ཇི་ལྟ་བུ་བྱུང་ཡང་མཚམས་མི་གྲོལ་བ་སོགས་དམ་བཅའ་རིས་སུ་མི་བོར་བ་ཚུལ་ཁྲིམས། ཐུན་བཞིའམ་དྲུག་ལ་སོགས་དང་པོ་ནས་ཇི་ལྟར་དམ་བཅས་པའི་དཀའ་སྤྱད་བཟོད་ཅིང་ཚོད་ཡོད་ཕྲི་གཞོལ་གྱི་དབང་དུ་མི་གཏོང་བ་བཟོད་པ། ཐུན་དངོས་དང་ཐུན་མཚམས་ཀྱི་བྱ་བ་གང་ལའང་སོས་དལ་ལེ་ལོའི་དབང་དུ་མི་གཏོང་བ་བརྩོན་འགྲུས། རྟེན་དང་བརྟེན་པའི་རྣམ་པ་གསལ་བ་ལ་སྒོ་ལྔ་སྡུད་ཅིང་ཐ་མལ་གྱི་འཛིན་རྟོག་ཟིལ་གྱིས་གནོན་པ་ལས་ཅུང་ཟད་ཀྱང་མི་གཡེངས་པ་བསམ་གཏན། བསྐྱེད་རིམ་སྒོམ་མཁན་གྱི་སེམས་ཐ་མལ་རང་རྒྱུད་ཅན་མ་ཡིན་པར་ཆོས་ཉིད་མ་བཅོས་པའི་གསལ་ཆར་རང་བཞིན་ལྷུན་གྲུབ་ཏུ་འཆར་བ་ཤེས་རབ་སྟེ་རང་སའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་གོ་ཞིང་དེ་དོན་ལས་མི་འདའ་བ་འཇུག༵་སེམ༵ས་དང་། དེ་དག་ཐམས་ཅད་བློ་འདས་ཀྱི་དྲན་པའི་རྩིས་ཟིན་པ་ལ་དོན༵་དམ༵་སེམས་བསྐྱེད་ཀྱི་ཐ་སྙད་བཏགས་པའི་དོན་ཤེས་ན་མདོ་སྔགས་དགོངས་པ་གཅིག་ཏུ་མཐུན་པའི་གནད་ཀྱང་རིག་པ་ཡིན། འདིའི་ཡན་ལག་བདུན་པ་དོན་དམ་བདེན་པ་དང་འབྲེལ་བས། དབང་པོ་ཡང་རབ་ཀྱིས་རྫོགས་ཆེན་ཐོད་རྒལ་གྱི་དགོངས་པ་ཤེས་ན་ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་ལ་འབྱོར་ཀྱང་དེའི་སྣོད་དཀོན་པས་མོས་པས་དཔྱོད་པ་རྣམས་ཀྱིས་ཡན་ལག་བདུན་པ་སྤྱི་ལྟར་ཚོགས་གསོག་གི་འདུན་པ་ལ་སྦྱོང་། ཞེས་གསུང་། དེ་ཡང་ཅུང་ཟད་ཙམ་སྨོས་ན་ལམ་གྱི་ཁྱད་པར་ཐོད་རྒལ་ནི་སྣང་བ་བཞིའི་དང་པོ་མཚོན་བྱ་སྐུ་དང་ཡེ་ཤེས་ཀྱི་ལམ་རྟགས་མཚོན་བྱེད་ཐིག་ལེ་སྟོངས་པའི་སྒྲོན་མ་དང་རིག་པ་ལུ་གུ་རྒྱུད་ཀྱི་སྒྲོན་མ་སོགས་ཀྱི་ཞལ་མཐོང་བ་ལ་ཕྱག་༵འཚ༵ལ་བ་དང་། དེ་ལས་ཀྱང་སྣང་བའི་འཕེལ་ཇེ་ཆེར་སོང་ནས་ཐིག་ལེའི་ནང་དུ་སྐུའི་རྣམ་པ་ཅུང་ཟད་ཤར་བའམ། ཤར་གྲབ་བྱས་པ་ཚུན་ཆད་ལ་མཆོད་༵པ༵འི་ཐ་སྙད་བཞག་པའོ། །དེ་ལས་ཀྱང་སྐུ་ལྔ་ཚོམས་ནས་སྣང་ཡུལ་ཐམས་ཅད་ཁྱབ་པ་ཚུན་ཆད་བཤགས་བྱ་བཤགས་བྱེད་ལས་འདས་པས་དེ་ལྟར་བཤག༵ ས་པ༵་ཞེས་བརྗོད་པའོ། །དེ་ནས་ཕྱི་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཉེར་དགུའི་ཟླ་བ་གནམ་སྟོངས་དབྱིངས་སུ་འཁྱིལ་བ་ལྟར་རྣམ་པར་མི་རྟོག་པའི་ངང་དུ་ཞི་བ་ལ་ཆོས་ཉིད་ཟད་སར་ཞེས་སྒོམ་བྱ་བསྒོམ་བྱེད་ལས་གྲོལ་བ་ལ་རྗེས༵་སུ་༵ཡི༵་ར༵ང་གི་ས་བཅད་བྱས་པའོ། །དེའི་ཚེ་མི་སློབ་པའི་ལམ་མངོན་དུ་གྱུར་པ་ལ་མདོ་སྔགས་སྤྱི་དང་། རྫོགས་ཆེན་གྱི་ཁྱད་པར་ལས་འཇའ་ལུས་འཕོ་བ་ཆེན་པོའ་ིསྐུར་གནས་གྱུར་ནས་རྡུལ་གཅིག་གི་གོ་ས་ན་རྡུལ་སྙེད་ཀྱི་རྒྱལ་བའི་ཞིང་ཁམས་དེས་ཀྱང་མཁའ་ཁྱབ་ཀྱི་འགྲོ་བའི་དོན་རྒྱུན་ཆད་མེད་པར་བྱེད་ནུས་པ་ལ་ཆོས༵་འཁོ༵ར་བསྐོར་བར་བསྐུལ་བའོ། །འཇའ་ལུས་སྐུ་བརྙེས་པདྨ་ཀ་ར་དང་། བི་མ་ལ་ཇི་བཞིན་མྱ་ངན་ལས་མི་འདའ་བར་སྲིད་པ་ཇི་སྲིད་པར་ཕན་བདེ་སྤེལ་བའི་བྱེད་པ་པོར་བཞུགས༵་ཞེས་པ་འཁོར་བ་དང་སྒོ་མཐུན་པའི་གསོ༵ལ་བ༵་བཏབ་པའོ། །དེ་ལྟ་བུའི་ཟག་བཅས་ཟག་མེད་ཀྱི་དགེ་ཚོགས་ཇི་མཆིས་པ་ཐམས་ཅད་ཡེ་ཤེས་ཆེན་པོའ་ིདབྱིངས་སུ་དྲིལ་ཏེ། ཆོས་ཐམས་ཅད་ནང་དབྱིངས་བརྗོད་པའི་མཐའ་དང་བྲལ་བ་དེ་འཁོར་འདས་གཉིས་ཀྱི་སྤྱི་གཞིའམ། ཡེ་གཞི་ཡིན་ཡང་བསྔོ་བའི་ཡུལ་ཡང་དག་པ་མ་ཡིན་ཏེ་སྟོངས་པ་ཕྱོགས་གཅིག་པ་ཡིན་པའི་ཕྱིར་རོ། །དེས་ན་སྟོངས་ཆེན་ནམ་མཁའ་ལྟ་བུ་དེ་ལས་འཁྲུལ་གྲོལ་གྱི་ལམ་མམ་རང་བཞིན་གྱི་གཤིས་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་རྨ་བྱའི་སྒོ་ང་རུམ་ན་ཡོད་པའི་སྐབས་སམ། ཤེལ་འོད་ཉི་མའི་མ་བསླང་བ་ལྟ་བུའི་གནས་སྐབས་ཏེ། ད་ལྟའི་རིག་པ་སྐད་ཅིག་མའི་གདེངས་བགྲེས་རྒུད་དང་བྲལ་བ་འདི་གཞོན་ནུ་ཡིན་ལ། བུམ་སྐུ་ཞེས་པ་སྐུ་དང་ཞིང་ཁམས་ཕྱིར་མ་གསལ་ཡང་ནང་དུ་མི་འགགས་པ་གོང་གསལ་བཞིན་རྨ་བྱའི་སྒོ་ང་དང་ཤེལ་འོད་ཀྱི་དཔེས་བསྟན་པ་དེར་བསྔ


ARJ001_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ོ༵་བ༵འི་ཐ་སྙད་སྦྱར་བའོ། །དེ་ལྟར་འབྲས་དུས་ཀྱི་གནས་ལུགས་ཇི་བཞིན་ལམ་གྱི་གནས་སྐབས་དང་ཚུལ་མཐུན་པ་དང་། ཡང་ན་རྒྱུ་དུས་ཀྱི་ཚོགས་བསགས་ང་རྒྱལ་གྱི་གཉེན་པོར་ཕྱག་འཚལ་བ། སེར་སྣའི་གཉེན་པོར་མཆོད་པ་འབུལ་བ། ཞེ་སྡང་གི་གཉེན་པོར་སྡིག་པ་བཤགས་པ། ཕྲག་དོག་གི་གཉེན་པོར་གཞན་གྱིས་དགེ་བ་ལ་རྗེས་སུ་ཡི་རང་། ལོག་ལྟའི་གཉེན་པོར་ཆོས་འཁོར་བསྐོར་བར་བསྐུལ་བ། གཏི་མུག་གི་གཉེན་པོར་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་འདེབས་པ། དེ་ལྟར་ཚོགས་བསགས་ཀྱི་དགེ་རྩ་རྣམས་སེམས་ཅན་ཐམས་ཅད་སངས་རྒྱས་འཐོབ་བྱེད་ཀྱི་རྒྱུར་བསྔོ་བ་སྟེ། རྒྱས་པར་ཁ་གསལ་ཞིང་གོ་སླ་བ། དོན་གྱི་གནད་ཟབ་ཅིང་གཏིང་ཕྱིན་པ། ཚིག་སྦྱོར་སྙན་ཞིང་འཇེབས་སྟེ། ཁྱད་པར་དུ་མ་དང་ལྡན་པའི་གཞུང་ཡིད་བཞིན་ནོར་བུ་ལྟ་བུ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ཀུན་བཟང་བླ་མའི་ཞལ་ལུང་ལ་གཟིགས་པར་ཞུ། མཐར་སྐྱབས་ཡུལ་གྱི་ལྷ་ཚོགས་རྣམས་དཀྱིལ་འཁོར་གྱི་གཙོ་བོ་ལ་ཐིམ། དེ་འོད་དུ་ཞུ་ནས་ཐིག་ལེ་དམར་བོ་ཞིག་ཏུ་གྱུར་པ་རང་གི་སྨིན་མཚམས་སུ་ཐིམ་པའི་རྐྱེན་གྱིས་རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་བོ་དབང་ཆེན་རྟ་མཆོག་རོལ་བའི་སྐུར་གྱུར་པར་བསྒོམ་ལ་སྔོན་གཏོར་བྱིན་རླབས་བྱས་ཏེ། དམ་ཆོས་བྱང་ཆུབ་སྒྲུབ་པ་ལ་མཐུན་རྐྱེན་བསྒྲུབས་པར་བྱེད་པའི་དཀར་ཕྱོགས་སྐྱོང་བའི་གཞི་བདག་གློ་བུར་ལྷག་པ་དང་གཉུག་མར་གནས་པ་སོགས་ཕྱི་ནང་གསང་བའི་སྡེ་བརྒྱད་ལ་གཏོར་མ་ཕུལ། དེ་ཡང་གཏོར་སྣོད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་དཀར་གཏོར་བདུད་རྩིའི་རྒྱ་མཚོར་གྱུར་པ་ངོ་བོ་སྟོངས་ཉིད་ཀྱི་ཡེ་ཤེས་ལས་གྲུབ་པ། རྣམ་པ་བདུད་རྩིའི་རང་བཞིན་དཀར་ལ་དམར་བའི་མདངས་ཆགས་པ། བྱེད་ལས་མགྲོན་རྣམས་ཀྱི་དབང་ཡུལ་དུ་སྤྱོད་པས་སེམས་བདེ་སྟོང་གི་རོས་ཚིམས་པར་དམིགས་ལ། ཆོས་སྒྲུབ་པའི་མཐུན་རྐྱེན་བསྒྲུབ་པར་མཛོད་ཅིག་ཅེས་ཕྲིན་ལས་བཅོལ། དེ་ནས་ནག་ཕྱོགས་སྐྱོང་བའི་གདོན་བགེགས་ཀྱི་རིགས་ལ་གཏོར་མ་སྦྱིན་ནས་བཀའ་བསྒོ་བ་ནི། བགེགས་གཏོར་གྱི་ངོ་བོ་ཟག་མེད་ཀྱི་བདུད་རྩི་ཡིན་པ་ལ། རྣམ་པ་ནི་སྔོན་རང་གིས་བསད་པ། བརྡུང་བ། འཕྲོག་པ་ལ་སོགས་པའི་ལན་ཆགས་སྙོགས་པའི་རིགས་དང་། ཁྱད་པར་རང་རང་གི་ཞེ་སྡང་ལས་གྲུབ་པའི་ཕོ་གདོན་རྒྱལ་བོ། འདོད་ཆགས་ལས་གྲུབ་པའི་མོ་གདོན་འདྲེ་མོ། གཏི་མིག་ལས་གྲུབ་པའི་ཀླུ་གདོན་ས་བདག་སོགས་སུ་གྱུར་པ་རྣམས་ལ་གང་དང་ཅི་འདོད་པའི་ལོངས་སྤྱོད་དུ་གྱུར་པར་བསམ། བྱེད་ལས་ནི་དེ་དག་གིས་ལོངས་སྤྱོད་མ་ཐག་ཏུ་མཁོན་འཛིན་གནོད་སེམས་སོགས་ཞི་ནས་བྱམས་དང་སྙིང་རྗེའི་རང་བཞིན་ཅན་སེམས་བདེ་སྟོངས་ཀྱི་རོས་ཚིམ་པར་དམིགས་ནས། གཏོར་མ་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་སོགས་འདོད་པའི་ཡོན་ཏན་མ་ཚང་བ་མེད་པ་དེ་ཉིད་དུས་ཇི་སྲིད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་འཛད་པ་མེད་པའི་གཏེར་ཆེན་པོར་རྫས་སྔགས་ཏིང་ངེ་འཛིན་གསུམ་གྱིས་བྱིན་གྱི་བརླབས་པ་འདི་ཉིད་ཀྱིས་མགུ་བར་གྱིས་ལ། མི་མི་ཡུལ་དང་ལྷ་འདྲེ་རང་ཡུལ་ན་སྐྱིད་པ་ཡིན་པས་རྒྱ་མཚོར་དོན་ཡོངས་སུ་གྲུབ་པའི་ཚོང་བ་བཞིན་དུ་དགའ་སྤྲོའི་གླུ་དབྱངས་ལེན་བཞིན་རང་ཡུལ་དུ་འགྲོ་བར་གྱིས་ཤིག་ཅེས་གཏོར་མ་ཕུལ་ཞིང་བཀའ་བསྒོ། གལ་ཏེ་བཀའ་ལ་མི་ཉན་པར་སྒྲུབ་པ་ཟབ་མོ་ལ་བར་ཆད་བྱེད་ན། རང་ཉིད་ཡི་དམ་ཁྲོ་རྒྱལ་རྟ་མགྲིན་དུ་གསལ་བའི་སྐུ་ལས་ཁྲོ་བོ་མཚོན་ཆ་མེ་དཔུང་སོགས་དཔག་ཏུ་མེད་པ་སྤྲོས་ནས་ར་ཁྱུ་སེར་བས་དེད་པ་ལྟར་བསྒྲལ་བའི་ཞིང་བཅུ་དང་ཉམས་པ་བདུན་ལྡན་སྤྱི་དང་། ཁྱད་པར་དུ་རྣལ་འབྱོར་བ་བདག་ལ་དོ་བསྡོ་ཕོད་བཙུགས་མི་ཁ་གླེང་བརྗོད་སོགས་ཅི་ནུས་ཀྱིས་གནོད་པའི་བསམ་སྦྱོར་སྣ་ཚོགས་ལྷུར་ལེན་མཁན་གྱི་རིགས་སུ་གྱུར་པ་སྡང་བྱེད་དགྲ་བོའ་ིཡུལ་དུ་བསྐྲད་པར་བསམ་ལ་ཧཱུཾ་བཞིའི་སྔགས་བརྗོད། འདིར་དྲག་སྔགས་སོ་ལྔ་མི་དགོས་པ་ནི་གསུང་རྒྱུན་ཡིན། ཐུན་གྱིས་བྲབ་ཅིང་གུ་གུལ་བདུག དེ་ནས་ཁྲོ་མཚོན་མེ་དཔུང་རྣམས་གཅིག་ཏུ་གྱུར་ནས་བསྲུང་བའི་གུར་དུ་གྱུར་པ་ནི་འོག་རྡོ་རྗེའི་ས་གཞི། སྟེང་རྡོ་རྗེའི་ར་བ་དྲ་བ་བླ་བྲེ་རྣམས་ཀྱི་སྟེང་རྡོ་རྗེའི་གུར་ལྕགས་རྨོག་ཁ་སྦུབ་པ་ལྟ་བུའི་སྟེང་རྡོ་རྗེ་སྔོན་པོ་རྭ་གདེངས་ཀྱི་ཏོག་ལས་མེ་དཔུང་དང་། གུར་ལས་ཁྲོ་མཚོན་སྤྲོ་བ་ལ་བགེགས་དང་ལོག་འདྲེན་རྣམས་བསད་ཅིང་བསྐྲད་པར་འཇིགས་ཏེ་ཕྱོགས་སུ་ཉེ་མི་ནུས་པ་དང་། དེ་ཡི་ཕྱི་རོལ་ཏུ་ཡེ་ཤེས་ལྔའི་ངོ་བོ་ཁ་དོག་ལྔ་ལྡན་གྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དུ་ཕྱོགས་བཞིར་ཐོ་ཕོ་བྲང་དུ་གྱུར་པའི་ནང་དུ་དཔལ་སྨོན་ལས། ཕྱོགས་བཞིར་བཀའ་ཉན་རྒྱལ་བོ་ཆེན་པོ་བཞི༔ ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་ཀུན༔ ཕོ་ཉར་མངགས་ནས་མུ་སྟགས་དམ་སྲི་འདུལ༔ དམ་ཅན་རྒྱ་མཚོའི་དཔའ་རྟགས་རྒྱལ་རྔ་བརྡུང༔ ཞེས་གསུངས་པ་བཞིན། རྒྱལ་ཆེན་སྡེ་བཞི་དཔུང་དང་བཅས་པ། དཔལ་མགོན་བདུན་ཅུ་ལྷ་དམག་བྱེ་བ་དུང་ཕྱིར་མང་བོ་འཚོགས་ནས་ཞལ་ཕྱིར་གཟིགས་ཏེ་ཕྱིའི་བར་ཆད་རྣམས་ནང་དུ་མི་གཏོང་བའི་ཕྲིན་ལས་མཛད་ཅིང་བཞུགས་པར་དམིགས། དེ་ནི་མཚན་བཅས་ཀུན་རྫོབ་ཀྱི་བསྲུང་གུར་དང་། བསྲུང་བྱ་བདག་དང་། བསྲུང་བྱེད་གུར་ཁང་། བསྲུང་རྒྱུའི་གདོན་བགེགས་ཐམས་ཅད་གང་དུའང་མི་དམིགས་ཤིང་རིག་སྟོངས་སྤྲོས་པ་དང་བྲལ་བའི་ངང་དུ་འཇོག་པ་ནི་དོན་དམ་མཚན་མ་མེད་པའི་བསྲུང་གུར་ཡིན་ནོ། །བྱིན་འབེབས་སྐབས་རང་ཉིད་ཡི་དམ་རྟ་མགྲིན་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་བོ་ལྕགས་ཀྱུའི་སྣེ་ལྟ་བུ་ཉི་རྡུལ་གྱི་གྲངས་དང་མཉམ་པ་འཕྲོས་ཏེ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་ཀར་ཕོག་པ་ཙམ་གྱིས་ངོ་བོ་རྒྱལ་བ་སྲས་བཅས་ཡིན་པ་ལ། རྣམ་པ་བརྒྱུད་གསུམ་བླ་མ་རྣམས་ཀྱི་སྐུ་ཕྱག་རྒྱ་ཆོས་སྐུ་ཀུན་ཏུ་བཟང་བོ་ནས་རང་གི་རྩ་བའི་བླ་མའི་བར་གྱི་སྐུ་མདོག་ཕྱག་མཚན་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་པ་དང་། གསུང་ཡིག་འབྲུ་ཨོཾ་ཨཱཿཧཱུཾ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨཱཿདང་སིདྡྷི་རྟེན་སྙིང་དབྱངས་གསལ་སོགས་དང་། ཐུགས་ཕྱག་མཚན་ནི་རྡོ་རྗེ་འཁོར་ལོ་ནོར་བུ་པདྨ་རྒྱ་གྲམ་སོགས་ཀྱི་རྣམ་པར་བྱོན་ནས་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་འབབས་པ་ལྟར་བདག་གནས་ཡོ་བྱད་རྣམས་ལ་སིབ་སིབ་ཐིམ་པས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསམ་ལ་དད་མོས་དྲག་པོས་སྒོ་ནས་བྱིན་འབེབས་ཀྱི་ཚིག་རྣམས་བརྗོད། ཨོཾ་ཨཱཿཧཱུཾ་ནི་སྐུ་གསུང་ཐུགས་ཀྱི་ས་བོན། བིདྱ་རྡ་ར་རིག་པ་འཛིན། ཨེ་ནི་འདིར། ཨ་ར་ལི་ནི་རོལ། ཕཻཾ་ཕཻཾ་ཁོས་ཁོས་ཞེས་དབང་དུ་སྡུད་པའི་ཚིག་ཡིན་ལ། དོན་ཐོབ་ཀྱི་དབང་དུ་ན་རིག་པ་འཛིན་པའི་ཚོགས་མ་ལུས་པས་བདག་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་བྱིན་གྱིས་རློབས་ཤིག་པའོ། །ཧཱུཾ་དགུ་སྦྲེལ་བ་ནི་འདི་བླ་མ་བཀའ་བརྒྱད་ཡིན་པར་ཕྱི་ལྟར་བྱང་སེམས་ནང་རིག་འཛིན༔ གསང་བ་དྲག་གཏུམ་འབར་བའི་ལྷ༔ བདེ་གཤེགས་ཡོངས་རྫོགས་སྒྲུབ་སྡེ་བརྒྱད༔ ཅེས་དང་། རང་གཞུང་ལས། ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་མཐིང་༔ སྒྲུབ་སྡེ་བརྒྱད་ཀྱི་ངོ་བོར་གསལ༔ ཞེས་དང་། དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱད༔ ཀུན་ཀྱང་ཧེ་རུ་ཀ་པའི་ཆས༔ ཞེས་སོགས་དང་། དཔལ་འདུས་ལས། ཆེ་མཆོག་བཛྲ་ཐོད་ཕྲེང་རྩལ༔ སོགས་གསུངས་པ་ལྟར་དཔལ་ཆེན་གཙོ་འཁོར་དགུའི་ཐུགས་རྒྱུད་སྐུལ་བྱེད་དང་། རིགས་ལྔའི་ནང་དུ་སངས་རྒྱས་ཐམས་ཅད་འདུས་པའི་ཕྱིར་ན་བྱིན་འབེབས་སྐབས་རིགས་ལྔའི་ས་བོན་དང་ཕྱག་མཚན་རྣམས་སྤྱན་དྲངས་རྒྱུའི་དགོས་པ་ཡང་དེ་ཡི་ཕྱིར་རོ། །མཆོད་རྫས་བྱིན་རླབས་ནི། ཨོཾ་ཨཱཿཧཱུཾ་ཞེས་ངོ་བོ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཡིན་པ་ལ། རྣམ་པ་གསེར་དངུལ་མུ་ཏིག་མུ་མིན་བཻཌརྱྰུ་པདྨ་ར་ག་སོགས་ལས་གྲུབ་པའི་སྣོད་སྟོང་གསུམ་དང་མཉམ་པའི་ནང་དུ་ཡན་ལག་བརྒྱད་ལྡན་གྱི་མཆོད་ཡོན་དང་། དྲི་བཟང་གི་ཆུའི་ཞབས་བསིལ། ལྷ་དང་ཀླུ་དང་མི་ཡུལ་གྱི་རི་ཐང་ཆུ་མཚོ་སོགས་ལས་སྐྱེས་ཤིང་དུག་རིགས་མ་ཡིན་པའི་རང་བྱུང་གི་མེ་ཏོག་ཨུ་དུམ་ཝ་ར་ཙམ་པ་ཀ་དང་། དར་ཟབ་དང་རིན་པོ་ཆེ་ལས་བཅོས་པའི་མེ་ཏོག ཙནྡན་དཀར་བོ་དང་ཨ་ག་རུ་སོགས་རང་བྱུང་དང་སྦྱར་བྱུང་གི་དྲི་ངད་བཟང་བོ་དང་ལྡན་པའི་བདུག་སྤོས། འབྲུ་མར་དང་རྩི་མར་གྱིས་དང་། ནོར་བུ་རིན་པོ་ཆེ་ཉི་མ་དང་ཟླ་བ་གཟའ་སྐར་སོགས་ཀྱི་སྣང་གསལ། གུར་ཀུམ། ཨ་ཀ་རུ། ཀ་བུར། ཙནྡན་སོགས་བསིལ་སྨན་གྱི་རིགས་དང་དྲི་བཟང་བོ་སྣ་ཚོགས་ཀྱི་སྦགས་པའི་དྲི་ཆབ། བཟའ་བ་དང་བཅའ་བ་ལྡག་པ་གཞིབ་པའི་རིགས་རོ་དང་ཁ་དོག་སྣ་ཚོགས་པ་བཟང་ཞིང་གྱ་ནོམས་པའི་ཚོགས་ཀྱི་ཞལ་ཟས། འབུད་དཀྲོལ་བརྡུང་གསུམ་སྣ་ཚོགས་ཀྱི་གཞན་ཡིད་དབང་མེད་དུ་འགུགས་པའི་རོལ་མོའ་ིབྱེ་བྲག་སྣ་ཚོགས་པ། རྒྱལ་སྲིད་སྣ་བདུན་དང་ཉེ་བའི་རིན་ཆེན་བདུན། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་སོགས་ཕྱི་མཆོད་དང་། ཕོ་ཐོད་སྐམ་པོ་དཔྲལ་བ་རང་ལ་བསྟན་པ་སྟོང་གསུམ་དང་མཉམ་པའི་ནང་དུ་ཤ་ལྔ་དང་བདུད་རྩི་ལྔ་སྟེ་དབུས་སུ་མི་ཤ་དང་དྲི་ཆེན། ཤར་དུ་བ་གླང་གི་ཤ་དང་ཁུ་བ། ལྷོར་ཁྱི་ཤ་དང་ཀླད་པ། ནུབ་ཏུ་རྟ་ཤ་དང་རྡུལ། བྱང་ཏུ་གླང་ཆེན་གྱི་ཤ་དང་དྲི་ཆུ་རྣམས་འོད་ཟེར་སྤྲོ་བསྡུའི་རིགས་ལྔ་ཡབ་ཡུམ་དུ་གྱུར་པ་མཉམ་པར་སྦྱོར་བས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པས་ཐོད་པ་གང་ཞིང་ལྷ་རྣམས་ཀྱང་འོད་དུ་ཞི་ནས་དེར་ཐིམ་ནས་གཉིས་མེད་དུ་འདྲེས་ཏེ་བདུད་རྩིའི་རྒྱ་མཚོར་གྱུར་པ་དེ་ཉིད། དགོངས་འདུས་ལས། ལྷ་ལ་ཕོག་ན་དགྱེས་པ་སྐོང་བའི་རྫས༔ མཆེད་ལ་ཕོག་ན་དངོས་གྲུབ་འབྱུང་བའི་བཅུད༔ དགྲ་ལ་ཕོག་ན་སྲོག་རྩ་གཅོད་པའི་མཚོན༔ བགེགས་ལ་ཕོག་ན་རྡུལ་དུ་རློག་པའི་ཐུན༔ གང་ལ་ཕོག་ཀྱང་དོན་གྲུབ་བདུད་རྩིར་དམིགས༔ ཞེས་གསུངས་པ་ལྟར་རོ། །རཀྟ་ནི་མོ་ཐོད་རློན་པ་སྐྲ་དང་བཅས་པ་དཔྲལ་བ་རང་ལ་བསྟན་པའི་ནང་དུ་ཁམས་གསུམ་གྱི་ཞེན་རྟོག་ཐམས་ཅད་ཁྲག་གི་རྣམ་པར་འཁྱིལ་བའི་དབུས་སུ་ལྷ་མོ་གིརྟི་མ་དམར་མོ་གཅེར་བུ་གྲི་ཐོད་ཅན་གྱི་བྷ་ག་ནས་རཀྟའི་རྒྱུན་བབས་པ་དང་འདྲེས་ཤིང་གང་བའི་མཐར་ལྷ་མོ་ཡང་འོད་དུ་ཞུ་ནས་དེར་ཐིམ་པས་ཆགས་མེད་བདེ་བ་ཆེན་པོའ་ིངོ་བོ་རཀྟའི་རྒྱ་མཚོ་ལས་རྦ་རླབས་འཕྱོ་ཞིང་མི་རོ་རྟ་རོ་འཁྲིགས་པ་ལས་འདོད་ཡོན་གྱི་སྤྲིན་འཁྲིགས་པར་བསམ་མོ། །གཏོར་མ་ནི་མ་ནིང་གི་ཐོད་པ་རྙིད་པ་སྟོང་གསུམ་དང་མཉམ་པའི་ནང་དུ་འབྲུ་རིགས་དང་ཤིང་ཏོག་ལས་གྲུབ་པའི་བཟའ་བ་དང་བཅའ་བ། ཞིང་བཅུ་དང་ཉམས་པ་བདུན་ལྡན་གྱི་ཤ་སོགས་རི་བོས་གཏོས་དང་མཉམ་ཞིང་། ཁྲག་དང་ཛ་གད་ཀྱི་བཏུང་བ་རྒྱ་མཚོ་ཆེན་པོ་ལ་འགྲན་པ། རྣམ་པ་དེ་ལྟར་ཡིན་པ་ལ་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་ཟག་པ་མེད་པའི་བདུད་རྩི་སོགས་མཆོད་རྫས་ཐམས་ཅད་མཆོད་པའི་ལྷ་མོ་དཀར་སེར་དམར་ལྗང་མཐིང་ག་རྣམས་ཀྱི་ཕྱག་ན་བསྣམས་པ་གྲངས་མེད་པ་དང་། དེ་དག་རེ་རེ་ལས་ཀྱང་རྡུལ་སྙེད་ཀྱི་གྲངས་མཉམ་གྲངས་མེད་པ་སྤྲོས་ཏེ་ཀུན་ཏུ་བཟང་བོའ་ིམཆོད་སྤྲིན་དུ་དམིགས་ནས། ཨོཾ་བཛྲ་སོགས་ཀྱི་སྔགས་ལན་གསུམ་བརྗོད། དེ་ཡང་དང་བོར་མཆོད་རྫས་རྣམས་གསལ། གཉིས་པར་ནམ་མཁའ་བར་སྣང་ཐམས་ཅད་གང་བར་མོས། གསུམ་པར་ངོ་བོ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ལས་གྲུབ་པ་བདེན་མེད་སྒྱུ་མ་ལྟ་བུ་ཡིན་པ་ལ། རྣམ་པ་ཕྱི་ནང་གསང་བའི་མཆོད་རྫས་མ་ཚང་བ་མེད་པ་ནམ་མཁའ་མཛོད་ཀྱི་རང་བཞིན་ཅན། བྱེད་ལས་ལྷ་ཚོགས་རྣམས་ཀྱི་དབང་བོ་དྲུག་གི་སྤྱོད་ཡུལ་དུ་མཆོད་པ་ཙམ་གྱིས་དེ་དག་གི་ཐུགས་རྒྱུད་ལ་སྔར་མེད་ཀྱི་བདེ་བ་ཁྱད་པར་ཅན་སྐྱེས་ཏེ་བསྐལ་མང་གི་ཚོགས་སྐད་ཅིག་ལ་རྫོགས་པའི་རང་བཞིན་ཅན་དུ་གྱུར་བར་བསམ། དེ་ནས་ཏེང་ངེ་འཛིན་ལྷའི་གཟེར་དེ་ལ་བསྐྱེད་རིམ་སྐབས་ཀྱི་དག་རྫོགས་སྨིན་གསུམ་ཚངས་པ་ཞེས་པ་དེ་གང་ཡིན་སྙམ་ན་འདི་ལྟར་གོ་བར་བྱ་སྟེ། འཁོར་བའི་སྐྱེ་འཆི་བར་དོ་གསུམ་དང་། ཐུན་མོང་མ་ཡིན་པའི་བླ་མེད་ཀྱི་སྐུ་གསུམ་སྟེ་ཡར་མར་གྱི་རྣམ་པ་གཉིས་དང་མཐུན་པར་བྱས་ནས། འཆི་བའི་འོད་གསལ་ཆོས་སྐུའི་ངོ་བོར་བལྟས་ཏེ་ལམ་དུ་འཁྱེར་བ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། བར་དོ་ལོངས་སྐུའི་ངོ་བོར་བལྟས་ཏེ་ལམ་དུ་འཁྱེར་བ་ཀུན་སྣང་གི་ཏིང་ངེ་འཛིན་དང་། སྐྱེ་བ་སྤྲུལ་སྐུའི་ངོ་བོར་བལྟས་ཏེ་ལམ་དུ་འཁྱེར་བ་རྒྱུའི་ཏིང་ངེ་འཛིན་ཏེ། དེ་ལྟར་བསྒོམ་པས་མར་སྐྱེ་བ་བར་དོ་འཆི་བ་གསུམ་གྱི་བག་ཆགས་དག་པའི་ནུས་པ་འཇོག་ཅིང་། ཡར་སྐུ་གསུམ་གྱི་འབྲས་བུ་གཞི་ལ་རྫོགས་པའི་ནུས་པ་འཇོག བར་དུ་རྫོགས་རིམ་གྱི་ལྷན་ཅིག་སྐྱེས་པའི་ཆོས་དབྱིངས་དོན་དམ་བདེན་པ་དང་། སྐུ་གསུང་ཐུགས་ཀྱི་རང་བཞིན་དང་འདུ་འབྲལ་མེད་པ་སྣང་བའི་ཡེ་ཤེས་ཀུན་རྫོབ་བདེན་པ་སྟེ་དེ་གཉིས་ཟུང་འཇུག་དབྱེར་མེད་ཆེན་པོར་རྟོགས་པའི་སྨིན་བྱེད་དུ་འགྱུར་བ་སྟེ་རིམ་པ་བཞོན་ནོ། །ལྷ་བསྐྱེད་དངོས་ལ་འཇུག་ཚེ་སྣོད་བཅུད་ཐམས་ཅད་བསྡུ་རིམ་བྱ། དེ་ཡང་རིམ་བསྡུ་དང་འཇའ་ཡལ་བ་ལྟར་གཉིས་ལས་གང་བྱེད་ཀྱང་མཐར་ཅི་ཡང་མི་དམིགས་པའི་ངང་ལ་ད་ལྟའི་ཤེས་རིག་གསལ་སྟོངས་ངོ་བོ་ངོས་བཟུང་དང་བྲལ་བ་དེ་ཀའི་ངང་ལ་ཅུང་ཟད་མཉམ་པར་བཞག་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་སྐུ་དེ་ངའོ་སྙམ་པའི་ང་རྒྱལ་འཇོག་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །འདིར་བླ་མ་རིག་འཛིན་འདུས་པའི་བསྐྱེད་རིམ་སྐབས་ཏིང་ངེ་འཛིན་རྣམ་པ་གསུམ་ཆ་ཚང་བ་མི་དགོས་པ་ནི། ཆོས་ཐམས་ཅད་དབྱིངས་ནས་སངས་རྒྱས་པར་སྟོན་པ་ནང་རྒྱུད་ཨ་ནུ་ཡོ་གའི་དགོངས་པ་ཡིན་པའི་ཕྱིར་རོ། །དེ་ལ་རང་བཞིན་གྱི་ཆོས་ཉིད་དེར་རྟོག་བཟོས་མ་བསླད་པའམ་མ་བཅོས་པའི་རིག་པ་ངོ་བོ་སྟོངས་པ་ཉིད་ཀྱི་རང་གདངས་སུ་རྣམ་པར་གསལ་བའི་ལྷག་མཐོང་གི་རྩལ་ལམ་སྣང་ཆ་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པར་དག་པ་རབ་འབྱམས་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་བསྐྱེད་ནས་ལྷ་དང་གཞལ་ཡས་ཁང་ཐམས་ཅད་བསྐྱེད་དགོས་པ་ཡིན་ཏེ་ཉི་མ་དང་ཟེར་བཞིན་ནོ། །དེ་ཡང་གཞུང་ལས། དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའི༔ ཞེས་པའི་དཀྱིལ་འཁོར་གྱི་དོན་ནི། དཀྱིལ་ནི་བརྟེན་པ་ལྷ་ཡིན་ལ༔ འཁོར་ནི་གཞལ་ཡས་ཁང་དུ་ཤེས༔ ཞེས་གསུངས་པ་ལྟར་རོ། །དེ་ཡང་རྒྱུ་རྐྱེན་ལས་གསར་དུ་བྱུང་བ་ཙམ་མ་ཡིན་པར། ལྷུན་གྲུབ་ཀྱི་སྣང་ཆ་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་འབྲས་ཆོས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཚུལ་དུ་བཞུགས་པ་སྟེ། དེ་ཡང་གཞལ་ཡས་ཁང་ནི་གཞུང་ལས། ཕོ་བྲང་གཞལ་མེད་ཉམས་དགའ་བ༔ ཞེས་བསྲུང་གུར་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་ནམ་གྲངས་ལ་ངེས་པ་མེད་པའི་དབུས་ཀྱི་ཟེའུ་འབྲུའི་སྟེང་དུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་གྲུ་བཞི་ཁ་དོག་མཐིང་ག འཇིག་ཚོགས་ཀྱི་ལྟ་བ་ཉི་ཤུ་དག་པ་མཚོན་པའི་རྭ་ཉི་ཤུ་ཕྱོགས་མདོག་ཅན་ནམ། རྟེན་འབྲེལ་བཅུ་གཉིས་དག་པའི་རྟགས་སུ་རྭ་བཅུ་གཉིས་པ་ཕྱོགས་མདོག་ཅན་གཉིས་གང་རུང་གི་སྟེང་དུ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔ ཞེས་དབྱིབས་གྲུ་བཞི་དང་སྒོ་བཞི་ཅན། རྩིག་པ་རིམ་པ་ལྔ་དང་ལྡན་པ། དེ་ཡང་སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ ཞལ་གཅིག་ཕྱག་གཉིས་དཀར་དམར་མདངས༔ ཞེས་གསུངས་པ་བཞིན་དཀྱིལ་འཁོར་གྱི་གཙོ་བོའ་ིསྐུ་མདོག་གི་དབུ་བྱས་ཏེ་ཕྱི་ནས་རིམ་པ་བཞིན་དཀར་དམར་སེར་ལྗང་མཐིང་གའི་ཁ་དོག་ཅན། སྒོ་འཁྱུད་འགྲམ་ལོགས་གསུམ་དང་ལྡན་པ། སྒོ་ཁང་གི་ནང་དུ་མཛེས་བྱེད་ཀྱི་ཀ་བ་གཉིས་གཉིས་ཀྱིས་བཏེགས་པའི་བཅུ་གཅིག་རྡོ་རྗེའི་དྲྭ་མིག་དང་ལྡན་པ། སྒོ་ཁང་གི་སྟེང་དུ་རྟ་བབས་བང་རིམ་བཞི་དང་ལྡན་པ། བང་རིམ་དང་བོ་དམར་བོ། གཉིས་པ་མཐིང་ག གསུམ་པ་ལྗང་གུ། བཞི་བ་སེར་བོ། དེ་ཡི་སྟེང་དུ་པདྨ་དམར་བོ། ཆོས་འཁོར་སེར་བོ། གདུག་དཀར་བོ། གཡས་གཡོན་དུ་རི་དྭགས་ཕོ་མོ་སེར་བོ། སྒོ་ཁང་གི་ཕྱི་རོལ་རྣམས་སུ་རྟ་བབས་བཏེགས་པའི་ཀ་བ་བཞི་བཞི་འཕན་རེ་རེ་དང་ལྡན་པ། ཀ་བ་རྣམས་ཕྱོགས་མདོག ཀ་རྒྱན་གླང་ཆེན་གྱི་སྟེང་ན་སེངྒེའི་ཀ་ཞི་རྣམས་འདེགས་པ། རྟ་བབས་རྣམས་ཀྱི་ཕྱི་ངོས་སུ་གླིང་རྒྱབ་མིག་གསུམ་དང་ལྡན་པ། དེ་དག་གི་ནང་དུ་ཙི་པ་ཏྲའི་ཁ་ནས་རིན་པོ་ཆེའི་དྲ་བ་དང་དྲ་ཕྱེད་དཔྱངས་པ། རྟ་བབས་རྣམས་ཀྱི་ཡར་མཐའ་ཤར་བུ་བྱ་འདབས་ཁྱུང་མགོ་རྣམས་ཀྱི་རྒྱན་ནོ། །རྩིགས་པའི་ཕྱིའི་རྨང་དུ་འདོད་སྣམ་རིན་པོ་ཆེ་དམར་བོའི་སྟེག་བུས་བསྐོར་བའི་སྟེང་དུ། ཇི་སྐད་དུ། རིན་ཆེན་གཞལ་ཡས་ཁང་གི་འདོད་སྣམ་ལ༔ མཆོད་པའི་ལྷ་མོ་ཆར་སྤྲིན་ལྟ་བུར་གཏིབས༔ འདོད་ཡོན་དྲུག་གི་མཆོད་པས་འཇིག་རྟེན་ཁེངས༔ ཀུན་ཏུ་བཟང་བོའ་ིམཆོད་པའི་བདེ་གཤེགས་མཆོད༔ ཅེས་གསུངས་པ་ལྟར། མཆོད་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་སྣ་ཚོགས་ཐོགས་ནས་ཞལ་ནང་དུ་ཕྱོགས་ཏེ་བཞུགས་པ། རྩིགས་པའི་ཁར་ཕ་གུ་སེར་བོ་རིན་པོ་ཆེའི་ཕྲས་མཛེས་པ་ཁ་བད་ཀྱི་ཚུལ་དུ་ཕྱིར་འཕྱར་བ། དེའི་སྟེང་དུ་བྲེ་སྤུངས་སམ། ཕྱོགས་རེར་ཀ་ཐུང་བཞི་བཞིའི་བཏེགས་པའི་གསེར་གདུང་ལེབ་མོ། དེ་ཡི་སྟེང་དུ་ཐོག་ཕུབ་པའི་ཕྱམས་སྣེ་ལས་ཙི་པ་ཏྲའི་ཁ་ནས་རིན་པོ་ཆེའི་དྲ་བ་དང་དྲ་ཕྱེད་སྔོན་པོ་འཕྱང་བ་རྣམས་ཕ་གུའི་སྟེང་དུ་སླེབས་པ། ཀ་ཐུང་རྣམས་ཀྱི་བར་རྣམས་སུ་དྲ་བ་དྲ་ཕྱེད་རྣམས་རླུང་གིས་ནང་དུ་མི་བསྐྱོད་པའི་ཕྱིར་རིན་པོ་ཆེའི་སྐུད་པའི་སྦྲེལ་བ། ཕྱམས་ཀྱི་སྟེང་གི་རྒྱ་ཕིབས་འདོད་སྣམ་གྱི་ཕྱི་མཐའ་ཁེབས་པ་ཙམ་དུ་ཕྱིར་འཕྱར་བའི་ནང་གི་འོག་ཏུ་རིན་པོ་ཆེ་དཀར་བོའ་ིཤར་བུ་རིལ་བ་སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུའི་ཕྲེང་བ་བསྒྲིགས་པའི་རྩེ་རྣམས་ཕྱམས་ཀྱི་མ་མཐར་སླེབས་པ། སྟེང་དུ་དེ་དག་གི་རྩ་བ་གནོན་བྱེད་རིན་པོ་ཆེ་དཀར་བོས་སྤང་ལེབ་རིམ་པ་གསུམ་མམ་བཞི་ཡོད་པ་བསླངས་ནས་བསྒྲིགས་པ་པུ་ཤུའམ་ལན་གན་དུ་གྲགས་པའོ། །གཞལ་ཡས་ཁང་གི་དབུས་སུ་ལྷ་གནས་པདྨ་འདབ་བརྒྱད་ཀྱི་ཕྱོགས་བཞི་ནས་ཀ་བ་བརྒྱད་ཀྱི་བཏེགས་པའི་རྡོ་རྗེའི་གདུང་ཟླུམ་འོད་ལྔའི་རྣམས་པ་ཅན། དེའི་སྟེང་རྡོ་རྗེའི་གདུང་བཞི་བསྣོལ་བའི་སྟེང་ན་ཕྱམ་ཉེར་བརྒྱད་བཏང་བའི་དབུས་ཀྱི་མཐོང་ཀ་མ་གཏོགས་བཀབ་པའི་སྟེང་དུ་རིན་པོ་ཆེའི་སྤང་ལེབ་དང་རིན་པོ་ཆེའི་གྲལ་མ་མེ་ཏོག་རྣམས་ཀྱིས་བཀབ་པ། དབུས་ཕྱུར་བུ་ཞེས་པ་མཐོང་ཀའི་དོན་དེ། དེ་ཡང་རྡོ་རྗེའི་གདུང་བཞི་བསྣོལ་མཚམས་ཀྱི་སྟེང་ནས་ཀ་བ་བཞི་བཞིའི་བཏེགས་པའི་བར། རིན་པོ་ཆེའི་སྒྲོམ་ལེབ་ཀྱི་ཁང་བ་ཕྱོགས་བཞིར་བུམ་སྒོ་ལྟ་བུ་ཡོད་པའི་སྟེང་སྔར་བཞིན་རིན་པོ་ཆེའི་སྒྲོམ་ལེབ་སོགས་ཀྱིས་བཀབ་པ། དེ་སྟེང་པདྨ་འདབ་བཞི་དང་རིན་ཆེན་ཟུར་བརྒྱད་བུམ་པ་སྤོས་ཕོར་གྱི་དབྱིབས་ཅན་རྣམས་བརྩེགས་པའི་སྟེང་རྡོ་རྗེ་སྔོན་པོའ་ིཏོག་གིས་མཛེས་པའོ། །སྒོ་ཕྱི་ནང་གཉིས་སུ་ཐེམ་སྐས་བཞི་དང་ལྡན་པའི་བབས་ཞོན་གྱི་རྟ་བབས་བཞི་ནི་རྒྱུའི་རྟ་བབས་དང་། འབྲས་བུའི་རྟ་བབས་བཞི་ནི་རྒྱན་གྱིས་རྟ་བབས་སོ། །རྩིགས་པའི་ཕྱིའི་གདོང་རྣམས་ལ་ཆུ་སྲིན་དམར་བོའ་ིབརྒྱན་པ། རྟ་བབས་ཀྱི་སྟེང་ན་རྔ་ཡབ་དང་བ་དན་ལ་སོགས་པའི་མཛེས་པར་སྤྲས་པ། ཕྱོགས་བཞིའི་སྒོ་ནང་དུ་རིམ་པ་བཞིན་པདྨ་དང་ཉི་མའི་གདན་ལ་ཤར་ཀེང་དཀར་བོ། ལྷོ་ཀེང་སེར་བོ། ནུབ་ཀེང་དམར་བོ། བྱང་ཀེང་ལྗང་གུ་སྟེ། དེ་རྣམས་ཞལ་གཅིག་ཕྱག་གཉིས། གཡས་དབྱུག་ཏོ་དང་། གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་པ། ཞལ་ཞི་མ་ཁྲོ་མི་ཆེན་གྱི་གཟུགས་སྨ་ར་དང་ཨག་ཚོམ་ཅན། རྣ་བ་ཀེང་ལྟར་བརྒྱངས་པ། མགོ་ལ་རི་དར་དང་དར་དཔྱང་གིས་བརྒྱན་པ། དར་དམར་བོས་སྨད་ཤམ་བྱས་པ། ཐམས་ཅད་ཀྱི་ཞལ་ཕྱིར་གཟིགས་ནས་སྒོ་བསྲུང་མཛད་པའོ། །ཕྱི་རོལ་ཏུ་རིན་པོ་ཆེའི་པ་ཏྲ་རིས་སུ་མངོན་པ། དཔག་བསམ་གྱི་ལྗོན་ཤིང་། ཡན་ལག་བརྒྱད་ལྡན་གྱི་ཆུ་མིག རྩ་སྡུམ་རྨ་བྱའི་མགྲིན་པ་ལྟ་བུའི་ནེའུ་སེང་། མེ་ཏོག་དང་འབྲས་བུས་བརྒྱན་པའི་སྨན་ལྗོངས་དྲི་བསུང་འཐུལ་བ། དེ་དག་གི་ཁྲོད་ན་བརྟུལ་ཞུགས་གྲུབ་པའི་དྲང་སྲོང་རྣམས་རབ་ཏུ་རྩེན་ཞིང་གཉུག་མ་དོན་གྱིས་མགུར་དབྱངས་འཐེན་པ། སྤྲུལ་བའི་ཁུ་བྱུག་སོགས་བཀྲ་ཤིས་པའི་བྱ་དང་། བུང་བ་སོགས་དལ་གྱིས་རྒྱུ་ཞིང་སྙན་པའི་ཆོས་སྒྲ་སྒྲོགས་པ་སྟེ། དཔལ་རིའི་གསང་ལམ་ལས། དཔག་བསམ་ལྗོན་པའི་ཤིང་དང་བདུད་རྩིའི་ཆུ༔ ནེའུ་སེང་སྨན་ལྗོངས་དྲི་བསུང་འཐུལ་བའི་ཁྲོད༔ དྲང་སྲོང་རིག་འཛིན་བྱ་ཚོགས་བྷྲ་མ་ར༔ ཐེག་གསུམ་ཆོས་ཀྱི་སྒྲ་དང་བརྡ་གླུ་བསྒྱུར༔ ཞེས་པ་ལྟར་དང་། རྒོད་ལྡེམ་པས། འཇའ་ཚོན་སྣ་ལྔས་ཕྱི་ནང་སྤྲིན་ལྟར་གཏིབས༔ མེ་ཏོག་པདྨའི་འོད་ཀྱིས་བར་སྣང་ཁེངས༔ གནས་ཏེ་དྲན་པ་ཙམ་གྱིས་བདེ་ཆེན་ཐོབ༔ ཅེས་གསུངས་པ་ལྟར། ཉིན་མཚན་མེད་པར་འཇའ་འོད་ཀྱིས་ཁེངས་ཤིང་མེ་ཏོག་གི་ཆར་འབེབས་པ་སོགས་ཤིན་ཏུ་ཉམས་དགའ་བ། སྒོའ་ིགཡས་གཡོན་ན་ཏ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་རྣམས་གསེར་གྱི་ཐ་གུས་སྦྲེལ་བ་ལས་དྲིལ་བུའི་སྒྲ་སྙན་པར་སྒྲོགས་པ། མུན་པ་དང་འདོད་སྣམ་གྱི་མཚམས་སུ་ཟླ་ཕྱེད་རྡོ་རྗེར་གནས་པའོ། །དེའི་ཕྱི་རོལ་ཏུ་འོག་གཞིའི་སྣ་ཚོགས་པདྨའི་ར་བ་དེ་ཉིད་ཀྱི་གཞལ་ཡས་ཁང་གི་ཏོག་མན་ཆད་ཚང་བར་ནང་དུ་ཆུད་ཅིང་ཁ་ཟུམ་པ། དེ་ལྟ་བུའི་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་ཀྱི་ལྷ་གནས་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མའི་མ་གོས་པ་ལྟར། རྟག་པ་དངོས་པོས་མཐའ་དང་ཆད་པ་དངོས་མེད་ཀྱི་མཐའ་གཉིས་ཀྱིས་གོས་པ་མེད་པའི་རྟགས་སུ་པདྨ་འདབ་བརྒྱད་ཟེའུ་འབྲུ་གུར་གམ་གྱི་མདོག་ཅན་དེ་ཡི་རྒྱ་ཁྱོན་དང་མཉམས་པའི་དབུས་སུ། ཐབས་ཤེས་དབྱེར་མེད་མཚོན་པའི་རྟགས་སུ་ཉི་མ་དམར་སེར་ལི་ཁྲིའི་མདོག་ཅན། ཟླ་བ་དཀར་བོ་ཉ་གང་བ། དེ་ཡི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ཀ་གསལ་ལ་འཚེར་བ། དེ་དག་ཀྱང་གཅིག་ལ་གཅིག་མ་རེག་པའི་ཚུལ་དུ་གསལ། དེ་ནི་མར་འཁོར་བའི་དུས་ཀྱི་སྦྱང་གཞི་སྐྱེ་གནས་བཞི་ལས། སྐབས་འདིར་སྦྱང་བྱ་དྲོད་གཤེར་སྐྱེས་ཡིན་པས་ཉི་མ་དྲོད། ཟླ་བ་གཤེར། ཧཱུྃ་ཡིག་བར་སྲིད་ཀྱི་རྣམ་ཤེས་རྣམས་སྦྱོང་བྱེད་ཡིན། དགོས་པ་དེར་སྐྱེ་བའི་རྒྱུ་ལས་ཉོན་བག་ཆགས་རྣམས་དག་ནས་ཕྱིན་ཆད་དྲོད་གཤེར་གྱི་སྐྱེ་གནས་ལས་སྐྱེ་མི་དགོས་པའི་ཕྱིར་རོ། །ཧཱུྃ་ཡིག་དེ་ཉིད་ཀྱང་སྐད་ཅིག་གིས་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་བདག་ཉིད་རྣམ་པ་གུ་རུ་སྣང་སྲིད་ཟིལ་གནོན་དུ་གནས་གྱུར་པ་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་རོ་གཅིག་པར་མཚོན་པའི་བརྡར་ཞལ་གཅིག ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་བརྡར་ཕྱག་གཉིས། བདེ་སྟོངས་ཟུང་དུ་འཇུག་པའི་བརྡར་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ། ཉན་ཐོས་ཀྱི་ཐེག་པ་ཡར་ལྡན་གྱི་ཚུལ་དུ་རྫོགས་པའི་རྟགས་སུ་སྣམ་སྦྱར་དམར་སེར། བྱང་སེམས་ཀྱི་ཐེག་པ་རྫོགས་པའི་བརྡར་བེར་འདུང་སྟེ་ཁྲི་བེར་སྨུག་པོ། གསང་སྔགས་ཀྱི་ཐེག་པ་རྫོགས་པའི་བརྡར་ཕོད་ཆེན་ཏེ་འཆམས་གོས་ཀྱི་བེར་མཐིང་ག སྤང་རྟོགས་མཐར་ཕྱིན་པའི་སྔགས་ཀྱི་སངས་རྒྱས་སྐུ་ལྔའི་ངོ་བོ་ཉིད་ལྷུན་གྲུབ་རིག་འཛིན་གྱི་ས་ལ་བཞུགས་པའི་བརྡར། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་བ་གཟུང་འཛིན་གྱི་གདོན་ལ་བསྡིགས་པས་གདུག་པ་ཅན་ཚར་གཅོད་པའི་ཕྲིན་ལས་མཛད་པ། འབྲས་བུའི་ཐེག་པ་འབའ་ཞིག་གིས་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་མཛད་ཅིང་། ཚེ་དབང་རིག་འཛིན་གྱི་དངོས་གྲུབ་ཆེན་པོས་གདུལ་བྱ་རྗེས་སུ་འཛིན་པའི་བརྡར་ཕྱག་གཡོན་མཉམ་བཞག་གི་སྟེང་ན་བྷནྡྷ་དུམ་བུ་གཅིག་པ་ལས་བདུད་རྩི་ཅི་ལི་ལི་ཁོལ་བའི་ནང་དུ་ཚེ་བུམ་དམར་བོ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཁ་དཔག་བསམ་ལྗོན་པའི་བརྒྱན་པ་འཛིན་པ། སྲིད་དང་ཞི་བ་གཉིས་ཀྱི་མཐའ་ལ་མི་གནས་པར་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་བདག་ཉིད་ཡིན་པའི་བརྡར་མཆན་ཁུང་གཡོན་དུ་ཡུམ་ལྷ་ལྕམ་མནྡ་ར་བ་སྐུ་མདོག་དཀར་མོ་རུས་རྒྱན་ཅན། དར་དཔྱང་དམར་བོའ་ིསྨད་དཀྲིས། ཕྱག་གཡས་མདའ་དར་དཀར་བོ། གཡོན་ཚེ་བུམ་དམར་བོ་འཛིན་པ་ན་བཟའི་ཕྱི་ནས་གཉིས་སུ་མེད་པར་རང་འོད་ཀྱི་རྣམ་པར་འཁྲིལ་བ། ཁ་སྦྱོར་ཡན་ལག་བདུན་ལྡན་ནི། འཇམ་དཔལ་གྲགས་པའི་ཞལ་ནས། ལོངས་སྤྱོད་རྫོགས༵་དང་ཁ་སྦྱོར༵་བ༵དེ་ཆེན་༵རང༵་བཞིན་༵མེད། །སྙིང་རྗེའི་ཡོངས་གང༵་རྒྱུན་མི་འཆད་དང༵་འགོགས་པ༵་མེད། །ཅེས་སོ། །རིགས་ལྔའི་དབང་བསྐུར་རྫོགས་པའི་རྟགས་སུ་དབུ་ལ་འདབ་ལྡན་རིགས་ལྔ་སྟེ་ཟ་ཧོར་རྒྱལ་པོས་ཕུལ་བ་དེ་ཉིད་གསོལ་བ། རང་དོན་མཐར་ཕྱིན་ནས་གཞན་དོན་གྱི་མཛད་པ་དང་ཕྲིན་ལས་རྒྱུན་མི་འཆད་པའི་བརྡར་ཞབས་གཉིས་གཡས་བསྐུམ་ཞིང་གཡོན་ཅུང་ཟད་བརྐྱང་བ་རྒྱལ་བོ་རོལ་པའི་སྟབས་སུ་བཞུགས་པའོ། །དེ་ལྟར་གསལ་བ་ནི་བདག་དམ་ཚིག་སེམས་དཔའ་དང་། དེའི་ཐུགས་ཀར་ལྷ་ཡེ་ཤེས་སེམས་དཔའ་རིག་འཛིན་རྡོ་རྗེ་ཆོས། དེ་ཡི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཡི་གེ་ཧཱུྃ་མཐིང་ག་སྟེ་སྐབས་འདི་ནས་སེམས་དཔའ་སུམ་བརྩེགས་སུ་གསལ་བ་གནད་ཆེ་བར་གསུང་། གདུལ་བྱ་རྣམས་ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོའ་ིལམ་ནས་འདྲེན་པར་མཛད་པའི་རྟགས་སུ་དབུ་གཙུག་ཏུ་མིའི་ཐེག་མཆོག་གི་སྟོན་པ་རིག་འཛིན་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་བོ་ལོངས་སྐུའི་ཆས་རིན་པོ་ཆེའི་རྒྱན་བརྒྱད་དང་དར་གྱི་ཆས་གོས་ལྔས་བརྒྱན་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། འཇའ་ཟེར་འོད་ལྔའི་ཐིག་ལེ་ཟླུམ་སྐོར་གྱི་ཀློང་དུ་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། དེ་ཡི་དབུ་གཙུག་ཏུ་གདན་གྱིས་མ་རེག་པ་ཙམ་དུ་པདྨ་དང་ཉི་ཟླའི་གདན་ལ་ཐོག་མའི་མགོན་པོ་ཡབ་ཀུན་ཏུ་བཟང་བོ་སྐུ་མདོག་མཐིང་ག་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དང་ཕྱག་མཉམ་བཞག་གིས་བཞུགས་པའི་པང་དུ་ཡུམ་ཀུན་ཏུ་བཟང་མོ་སྐུ་མདོག་མཐིང་སྐྱ་ཞབས་པདྨའི་སྐྱིལ་ཀྲུང་དང་། ཕྱག་གཉིས་གྲི་ཐོད་འཛིན་ཞིང་ཡབ་ཀྱི་མགུལ་ནས་འཁྱུད་པ། གཉིས་ཀའང་རྒྱན་དང་ཆས་གོས་སྤང་བའོ། །འདི་ལྟར་སྒོམ་པ་ནི་རྫོགས་པ་ཆེན་པོ་ཉེ་བརྒྱུད་ཀྱི་དབང་དུ་བྱས་པ་སྟེ། དེ་ཡང་ཐང་ཡིག་ལས། པདྨ་སམྦྷས་དགའ་རབ་དྲུང་དུ་ཕྱིན༔ རྫོགས་ཆེན་སྙིང་ཐིག་རྒྱུད་ནི་བཅུ་བདུན་དང་༔ སྔགས་སྲུང་ནག་མོའ་ིརྒྱུད་དང་བཅོ་བརྒྱད་གསན༔ ཞེས་པ་ལྟར་རོ། །དེ་ལྟར་ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་དགའ་རབ་རྡོ་རྗེ། སྤྲུལ་སྐུ་པདྨ་འབྱུང་གནས་ཏེ། དེ་གསུམ་ལྷན་དུ་བསྒོམ་པ་ནི་སྐུ་གསུམ་རིགས་འདུས་ཞེས་པའི་དོན་དང་ཡང་འབྱོར་རོ། །དེ་ཡི་ཕྱི་འཁོར་གྱི་པད་འདབ་རྣམས་ནི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་། ཤར་ལྷོ་དམར་བོ། ལྷོ་ནུབ་ལྗང་ཁུ། ནུབ་བྱང་དཀར་བོ། བྱང་ཤར་སེར་བོ་རྣམས་སོ། །ཤར་གྱི་པད་འདབ་སྟེང་ནང་ནས་རིམ་བཞིན་དཀར་མཐིང་སེར་དམར་ལྗང་ཁུའི་ཁ་དོག་ཅན་གྱི་འོད་ལྔའི་ཐིག་ལེ་ཟླུམ་པོ་གུར་ཕུབ་པ་ལྟ་བུའི་ནང་དུ་པདྨ་ཉི་ཟླའི་གདན་ལ་རིག་འཛིན་ཧཱུཾ་ཆེན་ཀ་ར་སྐུ་མདོག་དཀར་བོ་ཞལ་གཅིག་ཕྱག་གཉིས། ཡུམ་མཱ་མ་ཀི་དཀར་སྐྱ་དང་གཉིས་སུ་མེད་པར་རང་འོད་ཀྱི་ཚུལ་དུ་འཁྲིལ་བ། ལྷོར་སེར་དཀར་མཐིང་དམར་ལྗང་ཁུའི་ཐིག་ལེའི་ནང་དུ་པདྨ་ཉི་ཟླའི་གདན་ལ་རིག་འཛིན་མཉྫུ་ཤྲྀ་སྐུ་མདོག་སེར་བོ་ཡུམ་སངས་རྒྱས་སྤྱན་མ་སེར་སྐྱ། ནུབ་ཀྱི་ཐིག་ལེ་དམར་དཀར་སེར་མཐིང་ལྗང་། གདན་གོང་ལྟར་ཀུན་ལ་འདྲ། ནུབ་ཏུ་རིག་འཛིན་ནཱ་གརྫུ་ན་སྐུ་མདོག་དམར་བོ་ཡུམ་གོས་དཀར་མོ་དམར་སྐྱ། བྱང་དུ་ལྗང་དཀར་སེར་དམར་མཐིང་ག རིག་འཛིན་པྲ་བྷ་ཧ་སྐུ་མདོག་ལྗང་ཁུ། ཡུམ་དམ་ཚིག་སྒྲོལ་མ་ལྗང་སྐྱ། མཚམས་བཞིའི་ཐིག་ལེ་རྣམས་ནང་ནས་རིམ་པ་བཞིན་མཐིང་དཀར་སེར་དམར་ལྗང་ཁུ་སྟེ་དེ་དག་དང་གདན་པད་ཉི་ཟླ་བ་སྐུ་མདོག་མཐིང་ག་སྟེ་ཀུན་ལ་འདྲ། ཡུམ་རྣམས་སྐུ་མདོག་མཐིང་སྐྱ་ཡིན། ཤར་ལྷོར་རིག་འཛིན་དྷ་ན་སཾ་སྐྲྀ། ལྷོ་ནུབ་ཏུ་བྷི་མ་ལ། ནུབ་བྱང་དུ་རོམ་བུ་གུ་ཧེ། བྱང་ཤར་དུ་ཤཱིནྟཾ་གྷརྦྷ་རྣམས་སོ། །དེ་དག་གི་བཞུགས་གནས་འོད་ལྔའི་ཐིག་ལེ་ཟླུམ་པོ། དེ་ཡང་གཅིག་ལ་གཅིག་གིས་མ་རེག་ཅིང་། གཅིག་གིས་གཅིག་མི་སྒྲིབ་པ་དཔེར་ན་ནམ་མཁའི་འཇའ་ཚོན་ལྟ་བུའི་རང་བཞིན་ཅན་ནོ། །ཐབས་ཀྱི་ཆ་ལྷ་ཡབ་རྣམས་ཊ་དྲིལ་འཁྲོལ་ཞིང་ཞལ་ཞི་མ་ཁྲོ། དཔྲལ་བར་རྒྱ་སྟག་གི་རི་མོ་བཀྲ་བ། ཞལ་ནས་ཧེ་བརྗོད་པ་ལྟར་ཅུང་ཟད་གདངས་པ། ཕར་ཕྱིན་དྲུག་མཚོན་པའི་རུས་པའི་རྒྱན་དྲུག་གསོལ་བ། དེ་ཡང་སྤྱི་བོར་རུས་པའི་འཁོར་ལོ་བརྩོན་འགྲུས། སྙན་རྒྱན་བཟོད་པ། མགུལ་རྒྱན་སྦྱིན་པ། ཕྱག་ཞབས་གདུ་བུ་རྣམས་ཚུལ་ཁྲིམས། སྐ་རགས་བསམ་གཏན། མཆོད་ཕྱིར་ཐོགས་ཤེས་རབ་རྣམས་སོ། །ཤེས་རབ་ཀྱི་ཆ་ཡུམ་རྣམས་གྱི་སྐུ་ལ་ཡེ་ཤེས་ལྔ་འདུ་འབྲལ་མེད་པའི་བརྡར་ཕྱག་རྒྱ་ལྔས་བརྒྱན་པ། གཟིག་ཤམ་ཅན་གྲི་གུག་གཡས་དང་ཐོད་ཁྲག་གཡོན་དུ་བསྣམས་ནས་ཡབ་དང་ཞལ་སྦྱོར་བ། ཡབ་རྣམས་སྟག་གི་ཤམ་ཐབས་བྱས་པ་ཞབས་གཉིས་གར་སྟབས་ཀྱིས་བཞུགས་པ་སྟེ་འཁོར་བའི་རང་བཞིན་རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་བརྡར་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་ངོ་བོ་རིག་འཛིན་བརྒྱད་ཀྱིས་བསྐོར་བའོ། །བར་མཚམས་རྒྱ་བོད་རིག་འཛིན་སོགས་ནི་ལྷ་གནས་པད་འདབ་བརྒྱད་ཀྱི་ཕྱི་རོལ་མུ་འཁྱུད་གསུམ་གྱི་སྟེང་། བླ་རྣམ་ལས། འཇའ་ཟེར་ཐིག་ལེའི་འོད་ཕུང་ཀློང་ན་བཞུགས༔ ཞེས་པ་ལྟར་འཇའ་ཟེར་ཐིག་ལེའི་ཀློང་དུ་བླ་མཆོད་དངོས་གྲུབ་རྒྱ་མཚོ་ལྟར་རྒྱ་གར་གྱི་གྲུབ་ཐོབ་ཀླུ་སྒྲུབ་ཡབ་སྲས་སོགས་བརྒྱད་ཅུ། བོད་ཀྱི་རྗེ་འབངས་ཉེར་ལྔ། སྤྲུལ་བའི་གཏེར་ཆེན་བརྒྱ་རྩ། རྙིང་མའི་སོ་ཟུར་གནུབས་གསུམ། གསར་མའི་མར་མི་དག་གསུམ་སོགས་རྣམ་འགྱུར་དང་ཆ་ལུགས་མ་ངེས་པ་གྲངས་མེད་པ་ནམ་མཁར་སྤྲིན་འཁྲིགས་པ་ལྟར་བཞུགས་པར་བསྒོམ། སྟེང་ཕྱོགས་རྒྱུད་སྡེ་བཞི་དྲུག་ནི། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། བླ་མེད་རྒྱུད་དང་བཞི། དྲུག་ཏུ་དབྱེ་ན་བླ་མེད་ལ་གསུམ་དུ་དབྱེ་བ་མ་ཧཱ་ཡོ་ག་བསྐྱེད་རིམ། ཨ་ནུ་ཡོ་ག་རྫོགས་རིམ། ཨ་ཏི་ཡོ་ག་རྫོགས་ཆེན་རྣམས་དང་། སྟེང་ཕྱོགས་སུ་དམ་ཚིག་སྒྲུབ་དང་གྲུབ་པ་སྟེ་སྔགས་ཕྱི་པ་གསུམ་དང་། སྐུ་གསུང་ཐུགས་ཀྱི་རང་བཞིན་ནང་རྒྱུད་ཡོ་ག་གསུམ་སྟེ། ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་དཔའ་བོ་རྣམས་མེ་རི་དང་མེ་དཔུང་། བླ་མ་སངས་རྒྱས་བྱང་སེམས་རྣམས་འཇའ་དང་འོད་ཕུང་གི་ཀློང་ན་སྐུ་སྣ་ཚོགས་ཀྱི་ཕྱག་རྒྱ་བསྒྱུར་བ། གསུང་དགྱེས་པའི་གད་མོ་སྒྲོགས་པ། ཐུགས་སྙིང་རྗེ་ཆེན་པོའ་ིདགོངས་པ་ལ་རོལ་པ། ཞི་བ་རྣམས་ཚུལ་དགུའི་ཉམས་ཀྱིས་སྒེགས་ཅིང་། ཁྲོ་བོ་རྣམས་གར་དགུའི་སྟབས་ཀྱིས་རོལ་པ། དེ་ཡང་ཏིལ་གྱི་སྒྲོམ་བུ་ཁ་ཕྱེ་བ་བཞིན་བར་མཚམས་མེད་པར་བཞུགས་པར་བསྒོམ། གོང་སྨོས་ལྟར་རྒྱུད་སྡེ་དྲུག་གང་རུང་གི་ལམ་ནས་དངོས་གྲུབ་བརྙེས་པའི་རྒྱ་བོད་ཀྱི་རིག་འཛིན་རྣམས་མགྲོན་ཐབས་ཀྱི་ཚུལ་དུ་བཞུགས་པས་ན་ནང་སྒྲུབ་རིག་འཛིན་འདུས་པ་ཞེས་པའི་སྒྲ་དོན་དང་འབྱོར་ཞིང་། རྒྱ་བོད་ཀྱི་རིག་པ་འཛིན་པ་ཐམས་ཅད་མགྲོན་ཐབས་ཀྱི་ཚུལ་དུ་བསྐྱེད་དགོས་པ་ཡང་། དེ་དག་གི་གཙོ་བོ་ཡིད་དང་ཆོས་སུ་སྣང་བའི་གཉིས་སྣང་གི་འཁྲུལ་བ་ཐམས་ཅད་བསྐྱེད་པའི་གཞི་ཕྲ་རགས་ཀྱི་ཐིག་ལེ་ཐམས་ཅད་ཀྱི་རྩ་བ་ཁམས་དྲུག་གི་ནུས་པ་སྔགས་ཀྱི་ཐབས་ལམ་ཟབ་མོས་བཅོམ་པས་ཡེ་ཤེས་ཀྱི་ཐིག་ལེའི་བདག་ཉིད་དམ་རྣམ་འགྱུར་གྱི་བཀོད་པ་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་ཤར་བའི་སྤྲོ་བསྡུས་བྱེད་པོ་འཇའ་ལུས་འཕོ་བ་ཆེན་པོའ་ིསྐུར་བཞུགས་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་མཛད་པའི་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དེ་ཉིད་ཡིན་པའི་ཕྱིར་རོ། །འཁོར་ཀྱི་ལྷ་རྣམས་ལྷ་གནས་དེར་གོ་རིམ་ཇི་ལྟར་བཞུགས་པའི་ཚུལ་ནི། དཔལ་རིའི་གསང་ལམ་ལས། གཡས་ཀྱི་གྲལ་ན་རྒྱ་བོད་རིག་འཛིན་རྣམས༔ འོད་གསལ་རྡོ་རྗེའི་རོལ་ངོར་འབྱམས་སུ་ཀླས༔ གཡོན་གྱི་གྲལ་ན་འཕགས་བོད་པཎ་གྲུབ་རྣམས༔ བཤད་སྒྲུབ་ཉམས་རྟོགས་བགྲོ་གླིང་ཆོས་སྒྲ་འུར༔ ཞེས་གསུངས་པ་ནི་གཙོ་བོའ་ིགཡས་གཡོན་ལ་མི་གོ་བར་མདུན་གྲལ་གྱི་གཡས་གཡོན་ལ་གོ་བར་སྣང་སྟེ། རིག་འཛིན་མཆོག་གི་བདེ་ལམ་ལས། མདུན་གྲལ་གཡས་སུ་རྒྱ་བོད་རིག་འཛིན་ཚོགས། །ཀློང་ཡངས་བྱ་རྩོལ་བྲལ་བའི་དགོངས་དབྱིངས་སུ། །རྡོ་རྗེའི་མགུར་གླུ་སྦྱོར་སྒྲོལ་བརྟུལ་ཞུགས་སྤྱོད། །མདུན་གྲལ་གཡོན་དུ་མཆོག་གཟིགས་ལོ་པཎ་རྣམས། །ཟབ་དོན་བགྲོ་གླིང་བསྒྱུར་བཤད་འཆད་ཉན་གྱི། །སོ་སོའ་ིགསུང་གདངས་མ་འདྲེའི་ལྷང་ངེར་གསལ། །ཞེས་གསུངས་པའི་ཕྱིར་རོ། །ཡང་སྔ་མ་ལས། མཐའ་སྐོར་བར་མཚམས་རྗེ་འབངས་ཉེར་ལྔ་དང་༔ སྤྲུལ་བའི་གཏེར་སྟོན་གྲུབ་པའི་ཁྱུ་མཆོག་རྣམས༔ ཐེག་པ་རིམ་དགུའི་འཁོར་ལོ་ལ་སྤྱོད་ཅིང་༔ གཡོ་མེད་དགོངས་པའི་གཟེར་གྱི་བརྟུལ་ཞུགས་འཛིན༔ ཞེས་པ་ཡང་། ཕྱི་མ་ལས། གཡས་གྲལ་གཡས་སུ་གཏེར་འབྱིན་གྲུབ་པའི་ཁྱུ། །དགོང་བརྒྱུད་དོན་སྟོན་ཤོག་སེར་ཆིག་བརྒྱུད་ཀྱི། །བརྡ་འགྲོལ་ངོ་མཚར་འཕྲུལ་གྱི་ཟློས་གར་བསྒྱུར། །གཡས་གྲལ་གཡོན་དུ་རིག་སྔགས་འཆང་བའི་ཚོགས། །དམོད་པའི་གཡུལ་འགྱེད་ལས་ཀྱི་མདེའུ་ཁ་བསྒྱུར། །འགལ་བྱེད་བདུད་དགྲ་འབྱུང་བོ་ཕྱེ་མར་འཐག །གཡོན་གྲལ་གཡས་སུ་རྒྱ་བལ་ཌཱ་ཀིའི་ཚོགས། །བདེ་བའི་ཉམས་རྒྱས་ལང་ཚོའི་བཅུད་ཀྱིས་གང་། །གསང་མཆོག་བདེ་བ་ཆེན་པོའ་ིའདོད་ཡོན་སྟོབ། །གཡོན་གྲལ་གཡོན་དུ་མོན་བོད་དྷཱ་ཀིའི་ཚོགས། །རྣལ་འབྱོར་མ་དཔལ་རྡོ་རྗེའི་ཟློས་གར་གྱིས། །བདེ་སྟོངས་ཚོགས་ཀྱི་འཁོར་ལོའི་འདུ་བར་སྤྱོད། །རྒྱབ་ཕྱོགས་འོད་ལྔའི་དྲ་བ་འཁྲིགས་པའི་ནང་། །ཐེག་མཆོག་སྙིང་བོའ་ིཀློང་སྒྲོམ་གླེགས་བམ་བརྩེགས། །མདོ་རྒྱུད་མན་ངག་ཆོས་ཀྱི་རང་སྒྲ་ལྡིར། །ཞེས་པ་ལྟར་རོ། །ཡང་གསང་ལམ་ལས། ཁྱམས་དང་གྲུ་ཆད་གློ་འབུར་འཇའ་རིས་འཁྱིལ༔ ཞེས་དང་། བདེ་ལམ་ལས། ཁྱམས་ལ་དཔལ་གྱི་ཕོ་ཉ་གིངྐ་ར། །ལངྐ་འབར་མ་ཕྲ་མེན་གནས་ཉུལ་རྣམས། །ཉམས་པ་སྐྲོད་ཅིང་དམ་ལྡན་བུ་བཞིན་སྐྱོང་། །ཞེས་གསུངས་པ་ནི་རང་གཞུང་ལས། ཕྱི་ཁྱམས་དཔལ་མགོན་བདུན་ཅུ་དང་༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔ བཀའ་སྡོད་དམ་ཅན་རླུང་ལྟར་འཚུབས༔ ཞེས་གསུངས་པ་ལྟར་ཁྱམས་ནི་ཕྱི་ཁྱམས་ལ་གོ་དགོས་ཏེ། འདི་ལ་ནང་ཁྱམས་མེད་པའི་ཕྱིར་རོ། །གྲུབ་སྟེ། རྡོ་གྲུབ་གསུམ་པའི་ཀློང་སྙིང་ལོ་རྒྱས་ལས། ཁྱམས་ནི་གཞལ་ཡས་ཁང་གི་ཕྱིའམ་བཀའ་སྡོད་ཀྱི་སྣམ་བུ་ཡིན་གྱི། རྩིག་པའི་ནང་གི་ཁྱམས་ཡིན་ན་བར་ཁྱམས་ཞེས་གསུངས་རིག་ལ། དབང་གི་སྤྱི་དོན་གྱི་ཐིག་ཡིག་དེ་རིག་འདུས་ཡིན་པར་གྲགས་པས། དེར་ཟླུམ་སྐོར་ཕྱི་མ་རྩིག་པ་ལ་གཏུག་སྣང་སྟེ། གྲྭ་ཕྱོགས་མདོག་ཅེས་པའི་ཤེས་སོ། །དེས་ན་བར་ཁྱམས་མེད་ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཕྱི་ཁྱམས་ཟེར་བ་དེ་གང་ཞིག་ཡིན་སྙམ་ན། དེ་ཡི་ཕྱི་རོལ་ཏུ་མི་འཁྱུད་ཟླུམ་པོའ་ིབསྐོར་བ་ལ་མུ་རན་ཞེས་རྡོ་རྗེའི་ས་གཞི་སྟེ་རྡོ་རྗེ་ཁོ་ན་མ་ཡིན་པར་རྡོ་རྗེའི་རྡུལ་གྱི་ས་གཞི་ཁ་དོག་སྔོན་པོ་ཅན་ནོ། །དེར་དཔལ་མགོན་བདུན་ཅུ་དབང་ཕྱུག་ཉེར་བརྒྱད་སོགས་དཔལ་ཆེན་པོ་དང་གུ་རུ་རིན་པོ་ཆེ་སོགས་ཀྱིས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། དབང་རྫས་ཀྱི་བདུད་རྩི་ལྕེ་ལ་བཞག དབང་རྟགས་ཀྱི་རྡོ་རྗེ་ལག་ཏུ་གཏད་དེ་དཀྱིལ་འཁོར་གྱི་མཐའ་ལ་བཀོད་ནས་རྡོ་རྗེའི་ཆོས་སྐྱོང་བར་ཁས་བླང་བ་རྣམས་རླུང་ལྟར་འཚུབས་ཤིང་རྣལ་འབྱོར་བའི་བར་ཆད་བསལ་བ་དང་དངོས་གྲུབ་ཀྱི་ལས་སྒྲུབ་པའི་ཕྲིན་ལས་མཛད་བཞིན་བཞུགས་པའོ། །ཞབས་དྲུང་རིན་པོ་ཆེའི་གསུང་རྒྱུན་ཡིན་པར་གྲག་པ་ཞིག་ཏུ། མུ་རན་འདིར་གང་ཆེན་བཅོ་བརྒྱད། ལངྒ་བཅུ་དྲུག་སོགས་ཕོ་ཉ་སུམ་བརྒྱ་དྲུག་ཅུ། དཔལ་མགོན་བདུན་ཅུ། རྡོ་རྗེའི་ཆོས་སྐྱོང་བའི་བསྲུང་མ་གནོད་སྦྱིན་ཙིའུ་དམར་བོ། དགོངས་འདུས་བཙན་རྒོད་སྤུན་བདུན། རྒྱལ་ཆེན་སྐུ་ལྔ་སོགས་རྣམས་འཁོད་པ་དང་། སྔགས་སྲུང་ཨེ་ཀ་ཛ་ཊི། དུར་ཁྲོད་ལྷ་མོ་ང་ནེ་མ། དཔལ་མགོན་ཚོགས་ཀྱི་བདག་པོ་སོགས་བསྲུང་མ་ཡེ་ཤེས་པ་རྣམས་དཀྱིལ་འཁོར་གྱི་ནང་ཁྱམས་སུ་བཞུགས་ཚུལ་ཞིག་ཀྱང་སྣང་། དེ་ཡི་ཕྱི་རོལ་ཏུ་དཔལ་འདུས་ལས། ཕྱི་འཁོར་རོ་གླིང་བརྒྱད་དང་རྡོ་རྗེའི་གུར༔ བསྐལ་མེ་འུར་འུར་ཆེམ་ཆེམ་འབར་བའི་ཀློང་༔ ཞེས་གསུངས་པ་ལྟར། དེའི་ཕྱི་རོལ་ཏུ་རོ་གླིང་ངམ་དུར་ཁྲོད་ཆེན་པོ་བརྒྱད་ཕྱོགས་མདོག མཚམས་བཞི་མཐིང་ག བར་མཚམས་རྣམས་སུ་ཁྲག་མཚོ་འཁྱིལ་བ། དེར་མཆོད་རྟེན་དཀར་བོ་བརྒྱད། གྲུབ་ཐོབ་བརྒྱད། མ་མོ་བརྒྱད། མེ་ཆེན་བརྒྱད། ཆུ་ཆེན་བརྒྱད། སྤྲིན་ཆེན་བརྒྱད། གླུ་ཆེན་བརྒྱད། རླུང་ཆེན་བརྒྱད་རྣམས་དང་། གཅན་གཟན་སྣ་ཚོགས། བྱ་ཤ་ཟན་མང་བོ། རོ་ལང་སོགས་རྒྱུ་བས་ཤིན་ཏུ་འཇིགས་ཤིང་ཡ་ང་བའི་གནས་སོ། །དེ་ཡང་སྔོན་ཧེ་རུ་ཀས་རཱུ་ཏྲ་བཏུལ་ནས་ཁོའ་ིརིག་པ་ཡེ་ཤེས་སུ་སྦྱངས། རྣམ་སྨིན་གྱི་ཁོག་པ་དུར་ཁྲོད་དུ་བྱིན་གྱིས་བརླབས་པར་མཛད་པ་ཡིན་པས། དེར་བགེགས་རྣམས་བཀུག་ན་ཁུགས་སླ་ཞིང་། བྲོ་བརྡུང་བྱས་ན་ཕམ་སླ་བའོ། །དེ་ལྟར་རྣམ་ཤེས་ཚོགས་བརྒྱད་བསྒྲལ་བའི་རོ་ཡི་གང་བའི་བདག་མེད་ཀྱི་དུར་ཁྲོད་དེར་བདག་འཛིན་ཅན་གྱི་བགེགས་རྣམས་གཏན་ནས་འཇུག་མི་ནུས་ཏེ། སྤྱོད་ཡུལ་མིན་པའི་ཕྱིར་བསྲུང་གུར་ཁྱད་པར་ཅན་ནོ། །དེའི་ཕྱི་རོལ་ཏུ་རྡོ་རྗེའི་གུར་སྔོན་པོ་ལྕགས་རྨོག་ཁ་སྦུབ་པ་ལྟ་བུའི་སྟེང་རྡོ་རྗེ་རྭ་གདེངས་མེ་འབར་བའི་ཏོག་དང་ལྡན་པ། དེའི་ཕྱི་རོལ་ཏུ་བསྐལ་བ་འཇིག་དུས་ཀྱི་མེའི་ཚ་ངད་དང་ལྡན་པའི་མེ་དཔུང་ཆེན་པོ་ཁ་ཏོག་ལྔ་ལྡན་འུར་འུར་ཆེམ་ཆེམ་དུ་འབར་བའི་ར་བས་བསྐོར་བའོ། །དེ་ལྟར་དཀྱིལ་འཁོར་རྟེན་དང་བརྟེན་པ་ཐམས་ཅད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་མཁྱེན་གྱི་ཡེ་ཤེས་ཉིད་གཞལ་ཡས་ཁང་དང་ལྷ་ཚོགས་སུ་ཤར་བ་ཙམ་ལས་སེམས་མེད་བེམ་པོ་དང་སེམས་ལྡན་རང་མཚན་པར་གོ་མི་རུང་སྟེ། གཞུང་ལས། ཀུན་ཀྱང་སྣང་སྟོང་རོལ་ངང་༔ གསལ་ལ་མ་འདྲེས་ལྷུན་གྱིས་གྲུབ༔ ཅེས་གསུངས་པའི་ཕྱིར། དེ་དག་ཀྱང་སྣང་ཆ་ནས་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པའི་མཚོན་དཀྱིལ་འཁོར་རྟེན་དང་བརྟེན་པ་ཐམས་ཅད་ཡོངས་རྫོགས་སུ་གསལ་ཞིང་། སྟོང་ཆ་ནས་རང་བཞིན་དུ་གྲུབ་པ་རྡུལ་ཆ་ཙམ་ཡང་མེད་པ་སྣང་སྟོང་མཉམས་པ་ཉིད་ཀྱི་རང་བཞིན་དུ་བལྟ་བ་གལ་ཆེ་བར་མངོན། གནས་གསུམ་ཡི་གེ་གསུམ་སོགས་ནས་ས་མཱ་ཛཿབར་གྱི་དོན། རང་ཉིད་གུ་རུ་སྣང་སྲིད་ཟིལ་གནོན་དུ་གསལ་བའི་སྤྱི་བོར་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་བོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་བོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་མཐིང་ག་གསུམ་གསལ་ལ། དེ་ཡང་ཧཱུྃ་ཡིག་དེ་ཉིད་སྙིང་གི་མདུན། བྲང་གི་ནང་ཁྱམས་སུ་བསྒོམ་དགོས་པར་གསུངས། དེ་དག་ལས་འོད་ཟེར་དཀར་བོའ་ིརྩེ་ལས་ལྷ་མོ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་བསྣམས་པ། སེར་བོས་རྩེ་ལས་ཞགས་པ་མ་སེར་མོ་ཞགས་པ་ཐོགས་པ། དམར་བོའ་ིརྩེ་ལས་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་ཐོགས་པ། ལྗང་ཀུའི་རྩེ་ལས་དྲིལ་བུ་མ་ལྗང་ཀུ་དྲིལ་བུ་ཐོགས་པ་གྲངས་མེད་པ་སྤྲོས་ཏེ་ངོ་བོ་རྩ་བའི་བླ་མ་དང་རྣམ་དབྱེར་མ་མཆིས་པ་ཕྱོགས་དུས་ཀྱི་བསྡུས་པའི་རྒྱལ་དང་རྒྱལ་སྲས་རྣམས་ཡིན་པ་ལ། རྣམ་པ་མཁའ་འགྲོ་མ་གསང་བ་ཡེ་ཤེས་སོགས་གཙོ་བོར་བཞུགས་པ་ཨོ་རྒྱན་སྤྲུལ་བའི་ཞིང་དང་། གནས་སོ་གཉིས། ཡུལ་ཉེར་བཞི། དུར་ཁྲོད་ཆེན་པོ་བརྒྱད། ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་སོགས་ན་བཞུགས་པའི་ཨོ་རྒྱན་པདྨ་འབྱུང་གནས། རིག་འཛིན་ཆེན་པོ་བརྒྱད། རྗེ་འབངས་ཉེར་ལྔ། རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས། ལམ་དེ་དག་ལས་དངོས་གྲུབ་བརྙེས་པའི་གྲུབ་རིགས་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སྔོན་གྱི་དམ་ཚིག་བཞིན་དུ་འདིར་བྱོན་ཅིག་ཅེས། ཁྱེའུས་ཕ་མར་འབོད་འདྲའི་གདུང་དབྱངས་ལ༔ པི་ཝཾ་གླིང་བུའི་གདངས་ལྟར་སྙན་པ་ཡིས༔ ཉིན་མཚན་དུས་དྲུག་རྣམས་སུ་གསོལ་བ་ཐོབ༔ ཅེས་གསུངས་པ་བཞིན་མོས་གུས་གདུང་ཤུགས་དྲག་པོའ་ིདབྱངས་ཀྱིས་སྙན་གསན་དབབ་ཅིང་སྤྱན་དྲང་། པདྨ་ཐོད་ཕྲེང་རྩལ་ནི་གུ་རུ་རིན་པོ་ཆེའི་གསང་བའི་མཚན་ཡིན་པས། དེ་བརྗོད་ན་མྱུར་དུ་བྱོན་པ་ཡིན་པའི་ཕྱིར་སྤོས་རོལ་བཅས་ལན་གསུམ་མམ་ལྔ་སོགས་ཅི་རིག་བརྗོད། དེ་དང་ལྷན་དུ་གོང་སྨོས་ལྟར་རང་གི་གནས་གསུམ་འབྲུ་གསུམ་ལས་འཕྲོས་པའི་འོད་ཟེར་དང་ལྷ་མོ་རྣམས་ཀྱིས་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ནམ་མཁའ་ནས་སྤྲིན་རླུང་གིས་བསྐྱོད་པ་ལྟ་བུ། བར་སྣང་ནས་ཁ་ཆར་བུ་ཡུག་འཚུབས་པ་ལྟ་བུ། ས་གཞི་ནས་རླངས་པ་མཆེད་པ་ལྟར་མདུན་གྱི་ནམ་མཁར་མེ་རི་འདབ་འབྱོར་གྱི་ཚུལ་དུ་སྤྱན་དྲངས་ཏེ་འོད་ཟེར་དང་ལྷ་མོ་རྣམས་རང་ལ་བསྡུ། དེ་ནས་བཞུགས་སུ་གསོལ་བ་ནི། བདག་དམ་ཚིག་སེམས་དཔའི་དཀྱིལ་འཁོར་ལ། ལྷ་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་ཉིད་གཡས་སྐོར་གྱི་ཚུལ་དུ་བྱོན་ནས་མེ་རི་ལ་མེ་རི། བསྲུང་གུར་ལ་བསྲུང་གུར། དུར་ཁྲོད་ལ་དུར་ཁྲོད། མུ་རན་ལ་མུ་རན། དྲ་བ་ལ་དྲ་བ། ར་བ་ལ་ར་བ། བླ་བྲེ་ལ་བླ་བྲེ་སོགས་རྟེན་དང་། བརྟེན་པ་ལྷ་ཚོགས་རྣམས་ཀྱང་གཙོ་བོ་ལ་གཙོ་བོ། འཁོར་ལ་འཁོར། དེ་ཡང་སྤྱན་ལ་སྤྱན། ཤངས་ལ་ཤངས། ཞལ་ལ་ཞལ། ལྗགས་ལ་ལྗགས། སྐུ་ལུས་ལ་སྐུ་ལུས། གདན་ལ་གདན་སོགས་ཐིམ་པའི་མོད། མེ་དཔུང་ལ་འབར་རྫས་བསྣན་པ་ལྟར་དམ་ཚིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་ལ་གཟི་བརྗིད་དང་བཀྲག་མདངས་ཆེར་རྒྱས་པར་བསམ། ཕྱག་འཚལ་སྐབས་རྒྱལ་བོ་གདན་ལ་འཁོད་པ་ན་འབངས་ཀྱིས་ཞེ་ས་བྱེད་པ་ལྟར། གཙོ་བོས་ཐུགས་ཀ་ནས་བདག་དམ་ཚིག་པ་ལས་ཀྱི་རྡོ་རྗེ་ཕྱག་རྒྱ་གཅིག་པ་ཞིག་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཆད་དེ་ཤར་སྒོར་ཐོན་ནས་གཙོ་བོ་ལ་ཨ་ཏི་པུ་ཧོ་ཞེསཿ བརྡ་ཕྱག་འཚལ་བ་ལ། གཙོ་བོས་པྲ་ཏི་ཙྪ་ཧོཿ ཞེས་དབུ་བཏུད་ཙམ་གྱིས་ཕྱག་ལན་མཛད། དེ་ཡང་གཙོ་བོ་དང་ལས་ཀྱི་རྡོ་རྗེ་གཉིས་ལ་བཟང་ངན་མེད་པར་མཚོན་པའི་བརྡའོ། །མཆོད་པའི་སྐབས་ཕྱི་བུམ་དབང་དང་མཐུན་པའི་མཆོད་པ་ལ། ལས་ལྷ་དང་འདོད་སྣམ་གྱི་ལྷ་མོ་རྣམས་ལས་གཟུགས་རྡོ་རྗེ་མ་སོགས་གྲངས་མེད་པ་སྤྲོས་ཏེ། མཆོད་ཡོན་ཞལ། ཞབས་བསིལ་ཞབས། མེ་ཏོག་གི་ཕྲེང་བ་དབུ། བདུག་སྤོས་ཤངས། མར་མེ་སྤྱན། དྲི་ཆབ་ཐུགས་ཀར། ཞལ་ཟས་ལྗགས། རོལ་མོ་སྙན། གཟུགས་མེ་ལོང་། སྒྲ་རོལ་མོ། དྲི་སྤོས་ཕོར། རོ་ཞལ་ཟས། རེག་དར་གོས་སྟེ་འདོད་ཡོན་སྣ་ལྔ། གདུག་དང་གསེར་ཉ་སོགས་བཀྲ་ཤིས་རྟགས་བརྒྱད། འཁོར་ལོ་རྟ་མཆོག་སོགས་རྒྱལ་སྲིད་སྣ་བདུན། ཡུངས་དཀར་དུར་བ་སོགས་བཀྲ་ཤིས་རྫས་བརྒྱད་རྣམས་ཕྱག་དང་སྤྱན་ལམ་དུ་ཕུལ་བས་གཞན་ལ་བརྐུས་པ་འཕྲོག་པ་སེར་སྣ་སོགས་ཀྱི་སྒྲིབ་པ་རྣམས་དག་ནས་ཆགས་མེད་ཞེན་མེད་ཀྱི་ངང་ནས་མི་བཟད་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལ་དབང་བསྒྱུར་ནུས་པར་བསམ། ནང་གསང་དབང་དང་མཐུན་པའི་མཆོད་པ་ནི། ལས་ལྷ་དང་འདོད་སྣམ་སྟེང་གི་ལྷ་མོ་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ལས་བདུད་རྩི་སྨན་གྱི་ལྷ་མོ་གྲངས་མེད་པ་སྤྲོས་ཏེ་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བའི་བདུད་རྩི་འོ་མའི་རྒྱ་མཚོ་ལྟར་དཀར་ལམ་མེར་འཁྱིལ་བ་ལས། ཐབས་ཤེས་མཚོན་བྱེད་མཐེབ་སྲིན་ཉི་ཟླ་ཁ་སྦྱོར་གྱི་ཕྱག་རྒྱས་བདུད་རྩིའི་གཟེགས་མ་ནམ་མཁར་གཏོར་བ་སྤྲིན་ལྟར་ཆགས་པ་ལས་རྩ་བརྒྱད་ཡན་ལག་སྟོང་སྦྱར་གྱི་བདུད་རྩིའི་སྨན་ཆར་ཆེན་པོ་བབས་པ་ཞལ་དུ་གསོལ་བས་ཐུགས་མཉེས་ཤིང་ཟག་མེད་བདེ་བ་ཆེན་པོའ་ིདགའ་བ་ཁྱད་པར་ཅན་སྐྱེ། རང་གཞན་སེམས་ཅན་རྣམས་སྡུག་བསྔལ་གྱི་རྒྱུ་དུག་ལྔ་སེར་སྣ་བཅས་དག་ནས་སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོ་མངོན་དུ་འགྱུར་བའི་ས་བོན་ཐེབས་པར་བསམ། དེ་བཞིན་དུ་ལྷ་མོ་ཞལ་ཟས་མ་སོགས་གྲངས་མེད་པ་སྤྲོས་ཏེ་བཟའ་བཅའ་ལྡག་གཞིབ་སོགས་བྱིན་རླབས་ཀྱི་སྐབས་སྨོས་པ་བཞིན་ཕྱི་གཏོར་སྣོད་དང་བཅུད་གཏོར་མར་གྱུར་པ་གྲངས་མེད་པ་ཐོགས་དེ་མཆོད་པས་མཉེས་ཤིང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་མངོན་དུ་གྱུར་ནས་གཏི་མིག་མུན་ནག་གིས་གདུང་བའི་འགྲོ་བ་རྣམས་སྐྱོབ་ནུས་པའི་ས་བོན་ཐེབས་པར་བསམ། ཡང་རཀྟའི་ལྷ་མོ་གིརྟི་མ་སོགས་ལྷ་མོ་གྲངས་མེད་པ་སྤྲོས་ཏེ་ཁམས་གསུམ་གྱི་ཆགས་ཞེན་ཁྲག་གི་རྒྱ་མཚོར་འཁྱིལ་བ་ལས་གཏི་མིག་དང་ཞེ་སྡང་གི་ངོ་བོ་ཤ་དང་རུས་པའི་བདག་ཉིད་མི་རོ་དང་རྟ་རོའ་ིརྦ་ཀློང་རབ་ཏུ་འཁྲིགས་པ་ལས་མཆོད་པའི་སྤྲིན་མུ་མེད་པར་འཕྲོ་བ་དེ་ཉིད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕུལ་བས་བདེ་སྟོངས་ཡེ་ཤེས་ཆེན་པོས་དགའ་བ་ཆེར་འབར་ཏེ་ཐུགས་མཉེས་ཤིང་ཚོགས་རྫོགས་ནས། ཆགས་བྲལ་བདེ་བ་ཆེན་པོའ་ིཡེ་ཤེས་མངོན་དུ་འགྱུར་བའི་ས་བོན་ཐེབས་པར་བསམ། ཤེར་དབང་དང་མཐུན་པའི་མཆོད་པ་ནི། ཕྱི་སྒེག་བཞི། ནང་སྒེག་བཞི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། ཐུན་མོང་འདོད་ཡོན་གྱི་ལྷ་མོ་གསུམ་སྟེ་བཅུ་དྲུག་གི་མཚོན་སྒེག་བཞད་གཡོ་བའི་གར་མ། བདེ་ཆེན་སྦྱོར་བའི་རིག་མ་སོགས་འབུམ་ཕྲག་གྲངས་མེད་པ་སྤྲོས་ཏེ་དཀྱིལ་འཁོར་བ་རྣམས་ལ་ཕུལ་བས། ལྷ་ཚོགས་དེ་དག་གིས་ཀྱང་ཆགས་མེད་ཆགས་པ་ཆེན་པོའ་ིབརྟུལ་ཞུགས་ཀྱིས་མཉམ་པར་སྦྱར་བས་བདེ་སྟོངས་ཡེ་ཤེས་ཀྱི་རོས་ཐུགས་མཉེས་ཤིང་ཚིམས་པར་བསམ། ཚིག་དབང་དང་མཐུན་པའི་མཆོད་པ་ནི། མཆོད་བྱ་ཐུན་མོང་ཉེར་སྤྱོད་ནས་ཐུན་མིན་རིག་མའི་འདོད་ཡོན་གྱི་བར་དང་། མཆོད་བྱེད་ལས་ཀྱི་རྡོ་རྗེ། མཆོད་ཡུལ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྒྱུ་མའི་འཕྲུལ་འཁོར་དབྱིངས་སུ་ཞིག་པའམ་རླབས་རྒྱ་མཚོར་ཐིམ་པ་ལྟར་ཆོས་ཅན་ཀུན་གྱི་ཆོས་ཉིད་སྤྲོས་བྲལ་མཉམ་ཉིད་བདེ་བ་ཆེན་པོའ་ིངང་ལ་མཉམ་པར་འཇོག་པ་ནི་མཆོད་པའི་ཕྱག་རྒྱ་ཆེན་པོ་སྟེ། དེ་ལྟར་དབང་བཞིའི་དམ་ཚིག་དང་མཐུན་པའི་མཆོད་པ་རྫོགས་པར་ཕུལ་བས་ལྷ་རྣམས་མཉེས་ཤིང་། དམ་ཚིག་པ་ལའང་དབང་བཞིས་རྒྱུད་སྨིན་པར་བྱས་ཏེ་ཚོགས་གཉིས་མཐར་ཕྱིན་པ་དང་། སྐུ་གཉིས་དམ་པ་མངོན་དུ་འགྱུར་བའི་དངོས་གྲུབ་བསྩལ་བར་བསམ། དེ་ནས་ལྷ་མོ་རྣམས་ལྷ་རྣམས་ཀྱི་གནས་སོ་སོར་ཐིམ་ཞིང་ལས་ལྷ་གཙོ་བོའ་ིཐུགས་ཀར་ཐིམ་པར་བསམ། བསྟོད་པ་ལ། སླར་གཙོ་བོའ་ིཐུགས་ཀ་ནས་ལས་ལྷ་དང་། དེ་ལས་ཀྱང་རྡོ་རྗེའི་ལྷ་མོ་གླུ་མ་གར་མ་པི་ཝཾ་མ་སོགས་གྲངས་མེད་པ་སྤྲོས་ཏེ་ལྷ་ཆེན་འཕྲུལ་དགའི་རྣམ་འགྱུར་ལྟར་དབྱངས་དང་གར་སྟབས་སྣ་ཚོགས་ཀྱིས་དཀྱིལ་འཁོར་ཡོངས་རྫོགས་ལ་བསྟོད་པ་དང་། འཁོར་གྱིས་གཙོ་བོ་ལ་བསྟོད་པ་དང་། ཆོས་ཉིད་ཀྱི་རང་སྒྲས་བསྟོད་པ་རྣམས་ཡོད་མོད། འདིར་ཞལ་རྒྱུན་ཞིག་ཏུ་མིས་མི་ལ་བསྟོད་པ་ལྟར་མདུན་གྱི་ནམ་མཁར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བྱོན་ནས་སྙན་པའི་གླུ་དང་དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒོ་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཆེ་བ་བརྗོད་པའི་བསྟོད་པ་སྣ་ཚོགས་མཛད་པར་སྒོམ་ཚུལ་ཞིག་གསུང་། དེ་ཡན་ཆད་ཀྱིས་ཏིང་ངེ་འཛིན་ལྷའི་གཟེར་སོང་། གཉིས་པ་བཟླས་པ་སྔགས་ཀྱི་གཟེར་ལ། གཙོ་བོའ་ིཐུགས་ཀར་ཙིཏྟ་རིན་པོ་ཆེ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་སུ་པདྨ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་ངོ་བོ་བཅོམ་ལྡན་འདས་འོད་མཚན་སྟོང་འབར་ཡིན་པ་ལ། རྣམ་པ་རིག་འཛིན་རྡོ་རྗེ་ཆོས་སྐུ་མདོག་དམར་བོ་ཚོན་གང་བ་སྐུ་གཅེར་བུ། རུས་པའི་རྒྱན་དྲུག་གསོལ་ཞིང་དབུ་སྐྲ་ཐོར་ཅོག་བཅིངས་པ། དེའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་སྔོན་མོ་གྲི་གུག་གཡས་དང་། ཐོད་ཁྲག་གཡོན་དུ་འཛིན་པའི་ཡབ་ལ་འཁྱུད་ཅིང་ཕྱག་རྒྱ་ལྔ་དང་ལྡན་པ། ཡབ་ཀྱི་ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་བསྣམས་པའི་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། ཞལ་ཞི་མ་ཁྲོ། ཡབ་ཡུམ་གཉིས་སུ་མེད་པ། སྐུ་སྣང་ལ་རང་བཞིན་མེད་པ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན། དེ་ཡང་མདུན་སར་བསྒོམ་ན་སྲོག་རླུང་འཇུག་པའི་གེགས་འབྱུང་ཉེན་ཡོད་པས་དམ་ཚིག་སེམས་དཔའི་སྒལ་ཚིགས་དང་ཉེ་ཕྱོགས་སུ་བསྒོམ། དེ་ཡི་ཐུགས་ཀར་པདྨ་དང་ཉི་ཟླའི་གདན་ཡུང་འབྲུ་ཀླེབ་པ་ཙམ་གྱི་དབུས་སུ་ཧཱུྃ་ཡིག་མཐིང་ག་སྤུས་བྲིས་པ་ལྟ་བུ་ཡིག་མགོ་ལྷའི་ཞལ་ཀྱུ་ཕྱོགས་དང་མཐུན་པ། དེའི་མཐར་མདུན་ནས་བརྩམས་ཏེ་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཞེས་རྡོ་རྗེའི་རྭ་ལངས་པ་ལྟར་ཟོར་ཟོར་ཁོང་གསེང་ཡིག་མགོ་ཕྱི་རོལ་ཐུགས་སྲོག་ལ་རྒྱབ་བསྟན་པ། མདོག་མཐིང་ག་སྤུས་བྲིས་པ་ལྟ་བུ་བཀོད་པ་གཡོན་དང་འཁོར་བ་གཡས་སུ་འཁོར་བ། གདན་སྔགས་ཕྲེང་ཐུགས་སྲོག་དང་བཅས་པ་ཐམས་ཅད་གཅིག་ལ་གཅིག་མ་རེག གཅིག་གིས་གཅིག་མི་སྒྲིབ་པ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་བསྒོམ། བཟླས་པ་ལ་འཇུག་ཚེ་ཕྲེང་བ་བྱིན་རླབས་དང་འབྲུ་གསུམ་བརྒྱ་རྩ་འདོན། དེ་ནས་གབ་བྱང་ལས། མི་ལ་གཅེས་པ་རྣམ་ཤེས་ལྟར༔ ཕྱག་རྒྱ་རྟགས་ཀྱི་ལྷ་སྐུ་ཀུན༔ ཟིལ་གནོན་ཡེ་ཤེས་སེམས་དཔའ་ནི༔ ཤིན་ཏུ་གསལ་བརྟན་ཐོན་པ་གནད༔ ཅེས་གསུངས་པ་ལྟར་ཡེ་སེམས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་སེམས་བཟུང་སྟེ་བསྙེན་པ་བཟླ། དེ་སྐབས་སུའང་རྣམ་པ་གསལ་བ་རྣམ་དག་དྲན་པ་ང་རྒྱལ་བསྟན་པ་གསུམ་རེས་མོས་ཀྱི་ཉམས་སུ་ལེན་དགོས། དེ་དག་གི་ནང་ནས་ཀྱང་གལ་ཆེ་བ་ནི་ང་རྒྱལ་བརྟན་པ་ཡིན་ཏེ། དེ་ཡོད་ན་གཞན་གཉིས་ཞར་ལ་སྐྱེ་སླ་བའི་ཕྱིར་རོ། །དེ་ཡང་རྣམ་པ་གསལ་བ་ནི་ཆོས་ཉིད་གང་དུའང་མ་གྲུབ་པའི་གསལ་ཆའམ་གདངས་ལས་སྣང་བའི་འཁྲུལ་འཛིན་ཤར་བ་དེ་རིག་འཛིན་འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པའི་རྣམ་པར་གསལ་བ་ལ་བསླབ་པ་དེ་དང་། རྣམ་དག་དྲན་པ་ནི་བེམ་པོ་དང་རང་མཚན་པའི་གང་ཟག་ཙམ་མ་ཡིན་པར་རྒྱལ་བ་རྣམས་ཀྱི་ཐུགས་ཡེ་ཤེས་ཆེན་པོའ་ིརང་རྩལ་ལས་ཤར་བར་བལྟ་བ་སྟེ་དེས་ལྷ་རང་རྒྱུད་དུ་འཛིན་པའི་གོལ་ས་སྦྱོང་བའོ། །ང་རྒྱལ་བརྟན་པ་ནི་བདག་ལྷ་དེ་དང་དེ་དངོས་ཡིན་སྙམ་པའོ། །གསུམ་པ་དགོངས་པ་མི་འགྱུར་བའི་གཟེར་ནི། ཆོས་ཉིད་དེ་བཞིན་ཉིད་ཀྱི་ལྟ་བའི་རྩིས་ཟིན་པ་སྟེ། མཉམ་ཉིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་བསླབས་པ་སྟེ་ཞེས་གསུངས་པ་ལྟར་འདི་ནི་བསྐྱེད་རིམ་གྱིས་སྲོག་གི་གནད་ཡིན་པས། ཇི་སྐད་དུ། འདི་མེད་སྒོམས་པ་འཁྲུལ་བའི་ལམ། །འདི་ལྡན་མ་བསྒོམ་ཆོས་སྐུའི་ངང་། །ཞེས་དང་། སྟོངས་ཉིད་སྙིང་རྗེའི་སྙིང་བོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་གསུངས་པ་བཞིན། སྣང་སྲིད་རྣམ་དག་གི་ལྟ་བ་དང་ཕྱོགས་རེས་བྲལ་བའི་སྙིང་རྗེ་གཉིས་མེད་པར་གྱུར་ན་བསྐྱེད་རིམ་བསྒོམ་ཡང་འཁོར་བའི་རྒྱུ་ལས་འཕགས་མི་ནུས་ཏེ། ཞི་བ་རང་རྒྱུད་དུ་བཟུང་ན་གཟུགས་ཁམས་ཀྱི་ལྷར་སྐྱེ་བ་དང་། ཁྲོ་བོ་རང་རྒྱུད་དུ་བཟུང་ན་རྒྱུ་དེར་འཆི་ཁ་ཞེ་སྡང་གིས་གསོས་བཏབ་ནས་གཞན་གནོད་ཁོ་ན་བྱེད་པའི་མཁའ་ལ་རྒྱུ་བའི་ཡི་དྭགས་རྒྱལ་འགོང་མ་རུང་བ་དང་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་གསུང་། དེ་ལྟར་ཆོས་ཉིད་ལས་རྒྱང་རིང་དུ་གྱུར་ནས་ཆོས་ཅན་འཁྲུལ་བའི་གཞན་དབང་དུ་གྱུར་པའི་སེམས་ཅན་རྣམས་ལ་དམིགས་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོའི་ངང་ནས་བཟླས་བརྗོད་ཆུ་བོའ་ིརྒྱུན་ལྟར་བརྩོན་པ་དང་། ཁྱད་པར་དུ་མཉམ་རྗེས་གང་གི་སྐབས་སུ་ཡང་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། ཡུལ་གོང་མ་ལ་དད་པ། མར་སེམས་ཅན་ལ་བྱམས་དང་སྙིང་རྗེ་སོགས་ལ་རྒྱུན་མ་ཆད་པར་བསླབ་ན་རིམ་གྱིས་བློ་ཆོས་ཕྱོགས་སུ་འཁོར་ནས་ཆོས་པ་ཕྱི་ནང་མཚུངས་པ་རེ་འོངས་སྲིད་དེ། དེ་ནི་བློ་ཆོས་སུ་འགྲོ་བ་དང་ཆོས་ལམ་དུ་འགྲོ་བྱེད་ཡིན་པའི་ཕྱིར་རོ། །བཞི་བ་འཕྲོ་འདུའི་གཟེར་ནི། ཐུན་གྱི་སུམ་ཆ་ཙམ་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་སྲོག་གི་ཡེ་གེ་ཧཱུྃ་གཡོ་འགུལ་དང་བྲལ་ཞིང་བཀྲག་མདངས་དང་འོད་ཟེར་འབར་བ། དེ་མཐར་འགལ་མེའི་འཁོར་ལོ་ལྟར་སྔགས་ཕྲེང་ཨོཾ་ཡིག་ནས་བཟུང་གཡས་བསྐོར་དུ་ཀྱི་ལི་ལི་འཁོར་བ་ལ། ཧཱུྃ་གི་འོད་ཟེར་གྱིས་ཉི་འོད་མེ་ཤེར་ལ་ཕོག་པ་ལྟར་འོད་ཟེར་ཆེར་འབར། དེ་ཡིས་ཡེ་ཤེས་སེམས་དཔའ་ལ་བཀྲག་མདངས་རྒྱས། དེ་ལས་བདག་དམ་ཚིག་སེམས་དཔའ་ལ་གཟི་བརྗིད་འབར། དེ་ནས་རིག་འཛིན་བརྒྱད། རྗེ་འབངས་ཉེར་ལྔ། རྒྱུད་སྡེ་དྲུག་དང་རྒྱ་བོད་ཀྱི་རིག་འཛིན་སོགས་ནས་ཀེང་ཆེན་སྡེ་བཞི་གཞལ་ཡས་ཁང་མེ་རི་དང་བཅས་པར་ནང་ནས་རིམ་པ་ལྟར་གཅིག་གིས་འོད་ཟེར་གཅིག་ལ་ཕོག་པས་ཐམས་ཅད་མེ་ཕུང་ཆེན་པོ་རབ་ཏུ་འབར་བ་བཞིན་གཟི་བརྗིད་དང་བཀྲག་མདངས་རྒྱས་ཤིང་འོད་ཟེར་མུ་མེད་པར་འཕྲོ་བ་ཞིག་ལ་གསལ་སྣང་མ་ཐོབ་བར་དུ་འབད་དགོས། དེ་ལྟར་གྲུབ་ཟིན་པའི་རྗེས་ཐོག་ཏུ་གདོད་འོད་ཟེར་སྤྲོ་བསྡུ་ལ་བསླབ་པར་བྱ་སྟེ་དེ་ནི། སྔགས་ཕྲེང་ཤིན་ཏུ་ཕྲ་བ་ལས་འོད་ཟེར་གྱི་ཕུང་བོ་དཀར་ལ་འཚེར་བ། སེར་ལ་སྣུམ་པ། དམར་ལ་བཀྲག་པ། ལྗང་ལ་གནག་པ། མཐིང་ལ་རྔམ་པ་འཕྲོས། ཁྱད་པར་ལྷ་དབང་དུ་སྡུད་པའི་ཕྱིར་འོད་ཟེར་དམར་བོ་ཉི་རྡུལ་གྱི་གྲངས་དང་མཉམ་པ་བ་སྤུའི་བུ་ག་སོ་སོ་ནས་འཕྲོས་པའི་རྩེ་ལས་མཆོད་པའི་ལྷ་མོ་མཆོད་རྫས་དཔག་ཏུ་མེད་པ་ཐོགས་པ་གྲངས་དང་མཐས་མི་ཐུག་པ་མང་བོས་བསྒྲུབ་བྱ་གཙོ་འཁོར་སོགས་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མཆོད་པ་ཕུལ་བས་དེ་དག་གི་ཐུགས་མཉེས། རང་གི་བསོད་ནམས་ཀྱི་ཚོགས་རྫོགས། སླར་འོད་ཟེར་རྣམས་ཚུར་འདུས་པ་དང་ལྷན་དུ་མཆོད་ཡུལ་དེ་དག་གི་རྒྱུད་ལ་བཞུགས་པའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཐམས་ཅད་རང་ཉིད་ལ་ཐིམ་པས། ཉོན་མོངས་པའི་སྒྲིབ་པ། ལས་ཀྱི་སྒྲིབ་པ། བག་ཆགས་ཀྱི་སྒྲིབ་པ། ཤེས་བྱའི་སྒྲིབ་པ་སྟེ་བཞི་དག བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་སྟེ་བཞི་ཐོབ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ངོ་བོ་ཉིད་སྐུ་དང་བཞི་མངོན་དུ་བྱས་པར་བསམ་ལ་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པས་ཡེ་ཤེས་ཀྱི་ཚོགས་རྫོགས། དེ་ལྟར་ཚོགས་གཉིས་ལ་བརྟེན་ནས་དཀྱིལ་འཁོར་གྱི་ལྷ་དང་ཉེ་བར་བསྙེན་ཅིང་བདག་བྱིན་གྱིས་རློབས་པ་ནི་རང་དོན་ཆོས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན། ཡང་ཆོས་སྐུ་སྐྱེ་བ་མེད་པའི་རང་རྩལ་ལས་བྱུང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྔོ་སྐྱ་དཔག་ཏུ་མེད་པ་མར་འཕྲོས། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོང་། མི་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་འཆི་འཕོ་ལྟུང་བྱེད་དང་། རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་འབྲས་སོ་སོར་ངེས་པའི་ལམ། ལས་ཀྱི་མཐའི་ལམ་སྟེ་འགྲོ་དྲུག་དང་། ལམ་རྒྱུད་ལྔའི་ལས་དང་། གང་ཟག་གི་བདག་འཛིན་གྱི་རྩ་བ་ཅན་གྱི་ཉོན་མོང་གི་སྒྲིབ་པ་དང་། ཆོས་ཀྱི་བདག་འཛིན་གྱི་རྩ་བ་ཅན་གྱི་ཤེས་བྱའི་སྒྲིབ་པ་ཐམས་ཅད་བ་མོར་ཉི་འོད་ཕོག་པ་ལྟར་སྐད་ཅིག་ལ་དག་ནས་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ཀྱི་ལུས་ལྷ་སྐུ། ངག་སྙིང་བོ། ཡིད་ཆོས་སྐུའི་དགོངས་པ་འཕོ་འགྱུར་མེད་པའི་ངོ་བོར་སངས་རྒྱས་ནས་སྲིད་པ་ཞེས་བྱ་བའི་མིང་ཙམ་ཡང་དམིགས་སུ་མེད་པར་བལྟ་བ་ནི་གཞན་དོན་ཕྲིན་ལས་ཀྱི་རྟེན་འབྲེལ་བསྒྲིགས་པ་སྟེ་དོན་གཉིས་ལྷུན་གྲུབ་ཀྱི་ས་ལ་སྦྱོར། སྣང་སྲིད་ཐམས་ཅད་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཉག་གཅིག་གི་རོལ་པར་བལྟས་ནས་ཐམས་ཅད་ཀྱིས་བཛྲ་གུ་རུའི་སྒྲ་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟར་སྒྲོགས་པར་དམིགས་ལ་བསྙེན་པ་བཟླ། དེ་ཡང་སྣང་གྲག་རིག་གསུམ་ཐ་མལ་དུ་སོང་བའི་བསྙེན་པའི་གོ་མི་ཆོད་པས། སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲ་གྲག་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ ཞེས་རང་ལུགས་ཀྱི་དག་རྫོགས་སྨིན་གསུམ་འདི་བསྙེན་པའི་མདོ་ཆིངས་ཆེན་པོ་ཡིན་པས་དེ་ཡི་དགོངས་པ་དང་མ་བྲལ་ན་ཕྱི་མ་ཟངས་མདོག་དཔལ་རིར་ཉིང་མཚམས་སྦྱོར་བ་ལ་ཐེ་ཚོམས་མེད། སྔགས་བཟླ་བ་དེ་ཡང་གནད་ལྔ་དང་ལྡན་དགོས་ཏེ། སྔགས་དག་པ། མ་ཡེངས་པ། གྲིམ་ལྷོད་རན་པ། བར་མ་ཆད་པ། བློ་སྣ་མི་མང་བ་ལྔ་སྟེ། དེ་འདྲའི་སྒོ་ནས་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་པའི་མྱུར་ལམ་འདི་ལ་བརྟེན་ནས་བླ་མ་རིག་འཛིན་འདུས་པའི་གོ་འཕངས་མ་ཐོབ་ཀྱི་བར་དུ་སྲོག་ལ་བབས་ཀྱང་མི་གཏོང་སྙམ་པའི་དམ་བཅའ་ཤུགས་དྲག་པོས་ངང་ནས་ཉམས་ལེན་ལ་བརྩོན་པ་གལ་ཆེ། དེ་ལྟར་སྲོག་སྡོམ་གཟེར་བཞིའི་གནད་དང་ལྡན་པ་ནི་ཆེའི་གལ་བོ་ཆེ་ཞིག་སྟེ། དེ་དག་དང་བྲལ་བའི་བསྐྱེད་རིམ་བསྒོམ་པ་ནི་མི་ཤི་བའི་རོ་དང་འདྲ་བ་ཞིག་གོ ། ཐུན་གྲོལ་བ་ལ་ཕྱོགས་ཚེ་བསྒོམ་པའི་ལྷ་མ་གསལ་བ། བཟླས་པའི་སྔགས་མ་དག་པ། ཡིད་ཀྱི་ཏིང་ངེ་འཛིན་མ་གསལ་བ་རྣམས་དག་པར་བྱ་བའི་ཕྱིར་དབྱངས་གསལ་རྟེན་སྙིང་། དེ་གསུམ་བརྟན་པར་བྱ་བའི་སླད་དུ་ཡི་གེ་བརྒྱ་བ་སྟེ་ཐམས་ཅད་སྦྲེལ་ནས་ལན་གསུམ་གྱི་མཐར་འདོད་གསོལ་དང་མཆོད་བསྟོད་བྱ། དེ་ལྟར་བསྙེན་པ་འབུམ་ཕྲག་བཅུ་གསུམ་སོགས་སོང་རྗེས། སྲོད་ཐུན་མགོར་མཆོད་པ་ཁ་གསོ། བསྒྲུབ་པའི་མགོ་འཛིན་པ་ལ་ཆོ་ག་སྔར་ལྟར་བསྙེན་པ་ལྔ་བརྒྱ་ཙམ་བཏང་རྗེས། གདོད་སིདྡྷིའི་ཚབ་ཏུ་ཨོཾ་ཨཱཿཧཱུཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾཿ ཞེས་པ་ཁ་དོག་དང་བཀོད་ལུགས་སྔར་ལྟར་ལ། ཐུགས་ཀའི་སྔགས་ཕྲེང་གཡས་བསྐོར་སོགས་བརྗོད་ཅིང་། ཡེ་ཤེས་སེམས་དཔའི་ཡུམ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀར་པདྨ་དང་ཉི་མའི་གདན་ལ་བྃ་ཡིག་དམར་བོ་རྣམ་བཅད་མེད་པ་སྤུས་བྲིས་པ་ལྟ་བུ་ཞིག་གསལ་གདབ། དེ་ནས་ཡེ་སེམས་རྡོ་རྗེ་ཆོས་ཀྱི་ཐུགས་སྲོག་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་སེམས་གཏད་ནས་སྒྲུབ་སྔགས་བཟླ། ཐུན་གྱི་སུམ་ཆ་ཙམ་ལ་སྣང་སྟོང་གཉིས་སུ་མེད་པའི་གསལ་སྣང་བརྟན་པོའ་ིངང་ནས་ཐུགས་ཀའི་སྔགས་ཕྲེང་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ཁ་དོག་ལྔ་ལྡན་བཀྲག་མདངས་གཟི་བརྗིད་དང་ལྡན་པ་དེ་ཉིད་གཡས་སུ་ཀྱུ་ལི་ལི་འཁོར་བ་ལས་འོད་ཟེར་གྱི་ཁྱོགས་དང་བཅས་རང་འདྲ་གཉིས་པ་རེ་ཆད་པ་ལུ་གུ་རྒྱུད་དུ་འབྲེལ་ཡབ་ཀྱི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས་ནས་ཐུགས་ཀའི་བྃ་ལ་གཡོན་དུ་བསྐོར་ཏེ་མཁའ་གསང་ནས་ཐོན། ཡབ་ཀྱི་རྡོ་རྗེ་ནོར་བུའི་ལམ་དུ་ཞུགས་ཏེ་ཐུགས་སྲོག་ཧཱུྃ་ཡིག་ལ་གཡས་བསྐོར་གྱིས་མདུན་ནས་སིབ་སིབ་ཐིམ་པ་བར་མ་ཆད་པར་འགལ་མེའི་འཁོར་ལོ་བསྐོར་བ་ལྟར་འཁོར་བས་སྔགས་ཕྲེང་དེར་མེ་ཕུང་ལ་ཤིང་བསྣན་པ་ལྟར་འོད་ཟེར་ཆེར་འབར། དེ་ཡི་རྐྱེན་ལས་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ་བདེ་བ་ཆེན་པོའ་ིཉམས་འབར་ཞིང་ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོས་པ་གཙོ་འཁོར་རྣམས་ལ་ཕོག་པས་སྐུ་ལ་གཟི་བརྗིད་དང་བཀྲག་མདངས་འབར། ཐུགས་བདེ་སྟོངས་ཡེ་ཤེས་ཀྱིས་མྱོས་ཤིང་ཉམས་འུར་ནས་སྐུ་ཡིས་གར་འཁྲབ་ཅིང་ཞལ་ནས་ཧཱུཾ་གླུ་སྒྲོག་བཞིན་ཕྱག་གིས་ཊ་དྲིལ་འཁྲོལ་བར་དམིགས་ལ། སླར་དེ་དག་གི་སྐུ་གསུང་ཐུགས་ལས་བྱུང་བའི་འོད་ཟེར་གྱི་རེག་པ་ཙམ་གྱིས་མ་དག་འཁྲུལ་ངོར་སྣང་བའི་སྣོད་བཅུད་གཉིས་ཀ་ལན་ཚྭ་ཆུར་ཞི་བའམ་མུན་ཁང་དུ་ཉི་འོད་ཕོག་པ་ལྟར་གྱུར་ནས། དབྱིངས་རིག་གཉིས་སུ་མེད་པའི་རྩལ་སྣང་དག་པ་རབ་འབྱམས་སུ་ཤར་བ་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཉག་གཅིག་ཏུ་གྱུར་པར་བལྟས་ལ་སྔགས་བཟླ། སྐབས་འདིར་ཉིན་བཞིན་ཚོགས་མཆོད་བསྡུས་པ་རེ་དང་། ཚེས་བཅུ་ཉེར་ལྔ་ལ་ཚོགས་མཆོད་རྒྱས་པ་རེ་གཏོང་། གདན་དྲོད་དང་མི་འབྲལ་བ་དང་། ཕྲེང་བ་ཡི་དམ་དུ་གསལ་བའམ་ཁྲོ་ཞལ་དུ་གསལ་ནས་གདན་བསྲུང་དུ་འཇོག ཐུན་མཚམས་ཀྱི་བྱ་བ་ཐམས་ཅད་གཙོ་བོའ་ིཐུགས་ཀ་ནས་ལས་ལྷ་ཕྱག་རྒྱ་གཅིག་པ་རེ་སྤྲོས་ནས་དེས་བྱེད་པ་དང་། ལྷའི་ང་རྒྱལ་བརྟན་པ་དང་གཅིག གནས་གསུམ་དུ་གོ་ཆས་ལྷ་གཟི་བརྗིད་འབར་བ་དང་གཉིས། བཟའ་བཏུང་ཐམས་ཅད་ཚོགས་འཁོར་དུ་དམིགས་པ་གསུམ་ཐུན་མཚམས་ཀྱིས་བྱ་བའོ། །ཐུན་བར་རྣམས་དང་ཁྱད་པར་སྲོད་ཐུན་དང་ཉལ་བའི་སྐབས་སུ་རང་གི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གསལ་བའི་འོད་ཀྱིས་རང་ཉིད་ཡི་དམ་ལྷ་ཡི་སྐུ་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་ཁྱབ་པས་འོད་ཕུང་རབ་ཏུ་འབར་ཞིང་བལྟར་མི་བཟོད་པ་ཞིག་ཏུ་དམིགས་ཏེ་རྩ་སྔགས་དང་འབྲུ་གསུམ་བཟླ་བཞིན་གཉིད་ལོག་ན། གཉིད་འོད་གསལ་དུ་འཆར་བ་དང་། འདྲེ་གདོན་སོགས་ཀྱིས་གླགས་མི་རྙེད་པ་དང་། སྡིག་སྒྲིབ་ཐམས་ཅད་རྩད་ནས་དག་པའི་དགོས་པ་ཡོད་དོ། །དེ་ནས་ཐོ་རང་གྱི་ཐུན་ལ་དབྱངས་གསལ་རྟེན་སྙིང་སྦྲེལ་བ་ལན་བདུན་གྱིས་ངག་བྱིན་རླབས་བྱ། བློ་ལྡོག་རྣམ་བཞི་དང་སྐྱབས་སེམས་གཉིས་ལན་བདུན་རེ་བསྐྱལ། ཡིག་བརྒྱ་བརྒྱ་རྩའམ་ཉེར་གཅིག་བརྗོད། ས་ཏྭ་དང་སིདྡྷི་གཉིས་བརྒྱ་རྩ་རེ་བརྗོད་ནས་དབང་བཞི་བླང་བ་བསྔོ་སྨོན་སོགས་རྫོགས་མཐར་ཆོ་ག་གཞུང་བཞིན་བྱ། བསྙེན་པའི་སྐབས་སིདྡྷི་ཁོ་ན་དང་། ཚེས་བཅུ་ཉེར་ལྔ་མ་གཏོགས་ཚོགས་མཆོད་ཀྱང་མི་དགོས། དེ་ཡང་སྒྲུབ་པ་པོའ་ིརྒྱུད་ལྷ་སྔགས་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ནས་དངོས་གྲུབ་ཀྱི་སྣོད་ཁྱད་པར་ཅན་དུ་སྒྲུབ་པར་བྱེད་པའི་སླད་དུ་བསྙེན་པའི་རྣལ་འབྱོར་བཞག་པ་སྟེ། བསྙེན་པའི་ཐད་དུ། རིག་འཛིན་རྒྱ་མཚོས་བྱིན་གྱིས་རློབསཿ ཅེས་པ་ཙམ་ལས་མ་གསུངས་ཤིང་། བསྙེན་ཡིག་ལས་ཀྱང་། དེ་ལྟར་ཚོགས་གཉིས་ལ་བརྟེན་ནས་ལྷ་ཉེ་བར་བསྙེན་ཞིང་། བདག་བྱིན་གྱིས་རློབས་པ་ནི་རང་དོན་སྔོན་དུ་བྱ་བ་ཡིན། ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྙེན་པ་ཨོ་རྒྱན་རིན་པོ་ཆེ་ལ་བྱེད་དགོས་པ་ཡང་། ཇི་སྐད་དུ། བོད་ཀྱི་བླ་མའི་སྐལ་བ་གུ་རུ་ཉིདཿ ཅེས་གསུངས་པས་ན་བྱིན་རླབས་ཀྱི་རྩ་བ་བླ་མ་ཡིན་པའི་ཕྱིར་དེ་ལ་བསྙེན་པ་བྱས་ན་བྱིན་རླབས་ཤིན་ཏུ་ཉེ་ཞིང་མྱུར་བ་ཡིན་པའི་ཕྱིར་རོ། །རིག་འཛིན་རྣམ་བཞིར་དངོས་སུ་སྦྱོར་ནུས་ཀྱི་རྟོགས་པ་ཁྱད་པར་ཅན་གྱི་དངོས་གྲུབ་དངོས་སུ་འཐོབ་བྱེད་ནི་སྒྲུབ་པ་ཡིན་ཏེ། དེ་ཡི་ཐད་དུ། འབུམ་ཕྲག་བཅུ་གཉིས་དངོས་གྲུབ་ཐོབཿ ཅེས་གསུངས་པའི་ཕྱིར་རོ། །དེ་ནི་རིག་འཛིན་སྤྱི་ཛབ་སྟེ་སྒྲུབ་པ་དེ་ལ་བྱས་ན་ཚན་ཆེ་སྟེ་རྡོ་རྗེ་འཆང་གི་གྲལ་བརྙེས་སོ་ཅོག་གི་རིག་འཛིན་རྩལ་འཆང་ཐམས་ཅད་དངོས་གྲུབ་སྩོལ་བ་ལ་དགོངས་པ་གཅིག་ཏུ་དྲིལ་ནས་བསྒྲུབ་པས་ཏེ། དེ་ལྟར་མོས་པ་ཡང་གལ་ཆེ་སྟེ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་གསུངས་པ་ལྟར་གང་ཟག་གི་བློ་ངོ་ལ་ལྟོས་པའི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །དེ་ཡང་བཀའ་བརྒྱད་བདེར་འདུས་དང་གསང་རྫོགས་གཉིས་སུ་རིག་འཛིན་སློབ་དཔོན་ཡོངས་རྫོགས་ཀྱི་སྙིང་པོ་འབྲུ་གསུམ་དང་མ་ཧཱ་གུ་རུའི་སྔགས་འདི་ཉིད་ལ་བཤད་ཅིང་། རིག་འཛིན་ཡོངས་འདུས་དང་། གྲོལ་ཐིག་ལམ་རྒྱས་པར་ཡང་སྔགས་འདི་འབྱུང་བར་གསུང་། ཐུན་བར་རྣམས་སུ་ལེའུ་བདུན་མ་དང་དཀར་དམར་གྱི་གསུར་སོགས་ཆོས་སྤྱོད་རིགས་བླ་མའི་ཞལ་རྒྱུན་ལྟར་བྱ། ཚོགས་བྱ་བ་ལ་དང་བོ། ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་གྱུར་ཅེས་བརྗོད་པས་མོད་ལ། མདུན་གྱི་ནམ་མཁར་ངོ་བོ་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡིན་པ་ལ། རྣམ་པ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་ཐམས་ཅད་སྐད་ཅིག་གིས་འོག་ཕྱོགས་ཞི་བའི་དཀྱིལ་འཁོར་ན་ཞི་བ་བཞི་བཅུ་རྩ་གཉིས། སྟེང་ཕྱོགས་ཁྲོ་བོའ་ིདཀྱིལ་འཁོར་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། དེ་ཡི་སྟེང་འོག་ཕྱོགས་མཚམས་རྣམས་སུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སངས་རྒྱས་བྱང་སེམས་སོགས་སྐྱབས་གྱུར་མ་ལུས་པས་བསྐོར་ནས་བཞུགས་པའི་དྲུང་དུ་བདག་གིས་སྐུ་ཡི་དམ་ཚིག་ཉམས་ཆག་བཤགས་པའི་ཆེད་དུ་རང་ཐ་མལ་གྱི་ཚུལ་དུ་ལུས་ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པར་སྤྲུལ་ནས་དད་པ་བརྟན་པོའ་ིངང་བརྐྱང་ཕྱག་བཙལ་བར་དམིགས་བཞིན། ཨེ་མ་ཧོ༔ ཕྱོགས་བཅུ་དུས་བཞི་སོགས་ཀྱིས་སྐབས་ཚོགས་ཞིང་གི་ལྷ་རྣམས་ཀྱི་དཔྲལ་བ་ལས་འོད་ཟེར་དཀར་བོ་འཕྲོས་ཏེ། ཇི་སྐད་དུ། དེས་ནི་ལུས་ཀྱི་སྒྲིབ་པ་དག༔ སྐུ་ཡི་དམ་ཚིག་ཉམས་པ་བསྐང་༔ ཞེས་གསུངས་པ་ལྟར་སྲོག་གཅོད་མ་བྱིན་ལེན་མི་ཚངས་སྤྱོད་སོགས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་རྣམས་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཀྱི་སྐུའི་དམ་ཚིག་ཉམས་པ་ཐམས་ཅད་དག་པར་བསམ། ཚོགས་ཞིང་གི་ལྷ་སྤྱི་དང་། ཁྱད་པར་དུ་གཞུང་ལས། རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ༔ ན་རག་དོང་སྤྲུག་སྙིང་བོ་བཟླ༔ ཞེས་གསུང་བཞིན་ཡིག་བརྒྱ་འདོན་སྐབས་སུ་མགྲིན་པ་ལས་འོད་ཟེར་དམར་བོ་འཕྲོས་ཏེ་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་བཞིའི་སྒྲིབ་པ་རྣམས་དང་། བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན༔ མཚམས་མེད་ལྔ་ཡི་སྡིག་པ་བྱང་༔ ཞེས་དང་། འདི་དག་དག་པར་དུས་གཅིག་ལ༔ བརྒྱ་དང་རྩ་བརྒྱད་བརྗོད་གྱུར་ན༔ དུས་གསུམ་རྒྱལ་བའི་སྲས་སུ་སྐྱེ༔ ཞེས་དང་། ཡི་གེ་བརྒྱ་བ་དུས་གཅིག་ལ༔ བརྒྱ་རྩ་བརྒྱད་དུ་བཟླས་པ་ཡིས༔ ངག་གི་སྒྲིབ་པ་རྣམས་སྦྱོང་ཞིང་༔ གསུང་གི་དམ་ཚིག་ཉམས་པ་བསྐང་༔ ཞེས་སོགས་གསུངས་པ་ལྟར་མཚམས་མེད་ལྔ་དང་གསུང་གི་དམ་ཚིག་ཉམས་པ་རྣམས་དག་པར་བསམ། ཀློང་བཤགས་སྐབས་ཐུགས་ཀ་ནས་འོད་ཟེར་མཐིང་ག་འཕྲོས། མེ་ལོང་བག་རྡུལ་ཕྱིས་པ་བཞིན༔ ཡིད་སྒྲིབ་དག་ཅིང་ཐུགས་དམ་བསྐང་༔ ཞེས་པ་ལྟར། བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་དང་། ཐུགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་བསྐང་ཞིང་དག་པར་བསམ། སྤྱི་བཤགས་སྐབས་དྲང་བོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་གནས་ལུགས་ཀྱི་ངང་ལ་མཉམ་པར་བཞག་པས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་ཐམས་ཅད་དག་པར་བསམ་པ་སྟེ། ལུས་ཀྱི་ཕྱག ངག་གི་ཡིག་བརྒྱ། ཡིད་ཀྱི་ཀློང་བཤགས། སྒོ་གསུམ་ཆ་མཉམ་གྱི་དམ་ཚིག་གསོ་ཕྱིར་རྫོགས་པ་ཆེན་པོའ་ིལྟ་བ་བཞི་ལ་བཤགས་པ་རུ་བཞི་དང་། དེ་ལ་ཁ་བསྐང་སྨན་རཀ་གཏོར་མ་མར་མེའི་བསྐང་བ་སྟེ་དེ་རྣམས་ལ་རུ་ཟུང་བཞིའི་བཤགས་པ་ཞེས་བྱ། དེ་ཡང་རུ་ཟུང་གི་བཤགས་པ་གཉིས་ལ་གྲངས་བཞི་བཞིར་མཛད་པ་ནི་སྒོ་གསུམ་བྱ་བ་བཞིའི་ཉམས་ཆག་སྐོང་ཆེད་ཡིན་པར་ཨོ་རྒྱན་གླིང་པའི་བཀའ་འདུས་ལས་གསུངས་ཤིང་། བཞི་ཚན་གཉིས་ནི་ཉམས་ཆག་བཤགས་པ་དང་། དམ་ཚིག་གསོ་བའི་ཆེད་དུ་མཛད་པར་རྡོ་གྲུབ་གསུང་། ཉམས་སུ་ལེན་ལུགས་ནི་ལྟ་བའི་ཀློང་བཤགས་ཡན་ཆད་ལ་རང་ལུས་ཐ་མལ་དུ་གནས། དེ་ནས་རང་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་འདོད་ཡོན་གྱི་ལྷ་མོ་གྲངས་མེད་པ་སྤྲོས་ཏེ་དེ་དག་གིས་བཤགས་ཡུལ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ལ་དང་བོ་སྨན། གཉིས་པ་རཀྟ། གསུམ་པ་གཏོར་མ། བཞི་བ་མར་མེ་རྣམས་རིམ་པར་ཕུལ་བས་དགྱེས་ཤིང་བརྩེ་བར་བཞེས་ཏེ་རང་གི་དམ་ཚིག་ཉམས་ཆག་རྣམས་ཀྱང་ཡོངས་སུ་དག་པར་བསམ། དེ་ནས་མར་མེའི་སྨོན་ལམ་དང་ནམ་མཁའི་མཐར་ཐུག་སོགས་ཀྱི་མཐར། ཚོགས་ཞིང་རྣམས་མཐའ་ནས་རིམ་བཞིན་འོད་དུ་ཞུ་ནས་ཐིག་ལེ་དམར་བོ་ཞིག་ཏུ་གྱུར་པ་རང་གི་སྨིན་མཚམས་སུ་ཐིམ། དེའི་རྐྱེན་ལས་རང་ཉིད་ཡི་དམ་དུ་གསལ་བ་ལ་སྔར་ལས་ཀྱང་གཟི་བརྗིད་ཆེར་རྒྱས་ནས་ཚོགས་རྫས་རྣམས་འདོད་སྣམ་གྱི་ཕྱི་རོལ་རྡོ་རྗེའི་ས་གཞིའི་སྟེང་དུ་ཐབས་བདེ་བ་ཆེན་པོའ་ིངོ་བོ་བཟའ་བ་རྣམས་གཡས་དང་། ཤེས་རབ་སྟོངས་པ་ཉིད་ཀྱི་ངོ་བོ་བཏུང་བ་རྣམས་གཡོན་དུ་བཤམས་ཡོད་པ་ལ་ཆུ་ནང་ཆང་གསུམ་བྲན། དེ་ནས་རང་ཉིད་གུ་རུ་རིན་པོ་ཆེར་གསལ་བའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ཚོགས་རྫས་རྣམས་ལ་ཕོག རཾ་ལས་མེས་མ་དག་པ་ཐམས་ཅད་བསྲེགས། ཁཾ་ལས་ཆུ་བྱུང་བས་སྦྱངས། ཡཾ་ལས་རླུང་བྱུང་བས་གཏོར་ཏེ་སྟོངས་པའི་ངང་ལས། ཚོགས་སྣོད་ཀ་པ་ལ་དུམ་བུ་གཅིག་པ་སྟོང་གསུམ་དང་མཉམ་པའི་ནང་དུ་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་རི་རབ་དང་རྒྱ་མཚོ་མཉམ་པས་ཁེངས། དེའི་སྟེང་དུ་ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་གསུམ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་ཐམས་ཅད་སྤྱན་དྲངས། ཚོགས་རྫས་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩི་འདོད་དགུ་ཐམས་ཅད་འབྱུང་བའི་རང་བཞིན་དུ་གྱུར་བར་བསམ། དེ་ནས་འོག་མིན་དང་གནས་ཡུལ་དུར་ཁྲོད་སོགས་ནས་བླ་མ་རིག་འཛིན་འདུས་པའི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས། ཚོགས་ཕུད་སྐབས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ནས་དེ་དག་གིས་ཕྱག་ན་ཕྱི་ཉེར་སྤྱོད་ལྔ་དང་བཀྲ་རྟགས་རྫས་བརྒྱད་སྣ་བདུན་སོགས་གྲངས་མེད་པ་བསྣམས་ནས་ཐོག་མར་ལྷ་ལ་འདྲེས་གདགས་པའི་ཕྱིར་དུ་ཕུལ་བ་དེ་ཉིད་དགྱེས་བཞིན་བཞེས་ནས་རྣལ་འབྱོར་བ་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་བར་དམིགས། མཐར་མཆོད་ལྷ་རྣམས་རང་ལ་བསྡུ། ཕུད་གཉིས་པ་བར་བཤགས་སྐབས་གོང་ལྟར་མཆོད་ལྷ་སྤྲོས་ཏེ་ཕྱག་ན་ངོ་བོ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཡིན་པ་ལ། རྣམ་པ་ཟག་མེད་ཀྱི་བདུད་རྩིའི་བཀང་བའི་ཀ་པ་ལ་དཔག་ཏུ་མེད་པ་ཐོགས་ཏེ་ལྷ་ཚོགས་རྣམས་ལ་འཁོན་སོང་བ་སྦྱང་ཕྱིར་ཕུལ་བས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་སྤྱི་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་པ་འགལ་བ་རལ་བ་ལ་སོགས་པའི་ཉེས་པ་ཐམས་ཅད་དག་ནས་སྔ་མར་ལྷ་ཐམས་ཅད་ཐུགས་ཁྲོས་ཤིང་མི་དགྱེས་པའི་ཉམས་ཀྱིས་ཞལ་ནག་རོག་གེར་བཞུགས་པ་ལ། ཕྱི་ནས་དགྱེས་པའི་འཛུམ་ཞལ་ཟླ་ལྟར་དཀར་བ་བསྟན་ནས་བུ་ད་ཁྱོད་ཀྱིས་བཅས་རང་གི་ཁ་ན་མ་ཐོ་བའི་ཉེས་པ་ཐམས་ཅད་དག་བྱུང་ཞེས་གསུང་ཚངས་པའི་དབྱངས་ཀྱིས་དབུགས་དབྱུང་བར་བསམ། མཆོད་ལྷ་སླར་རང་ལ་བསྡུ། ཚོགས་བསྒྲལ་སྐབས་སྐད་ཅིག་གིས་མདུན་དུ་ཨེ་ཁང་གྲུ་གསུམ་མཐིང་ནག་ཁ་རུབ་ཅིང་གཏིང་ཟབ་པ། འཇིགས་ཤིང་སྐྱི་གཡའ་བའི་ནང་དུ་བདག་འཛིན་མ་རིག་པའི་ངོ་བོ་བསྟན་དང་འགྲོ་བའི་སྤྱི་དགྲ། རྣལ་འབྱོར་བའི་སྒོས་དགྲར་གྱུར་པ་དེ་ཉིད་ཀྱི་ལུས་རིད་ཅིང་ཁ་ངུ་བ། མིག་ཤི་མིག་ཁྲག་གི་མཆི་མ་འཛག་པ་ལག་གཉིས་མྱ་ངན་གྱི་ཕྱག་རྒྱ་ཅན་དཔྲལ་བ་རང་ལ་བསྟན་པ་ཞིག་བསྐྱེད་ལ་འགུགས་གཞུག་བྱ། རང་ཉིད་སྐད་ཅིག་གིས་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་དཔལ་རྟ་མགྲིན་ཁྲོ་བོའ་ིརྒྱལ་བོ་སྐུ་ཆེ་ཞིང་ལྕགས་བསྲེག་གི་རི་ལ་མེ་སྟག་གི་ཚ་ཚ་འཕྲོ་བ་ལྟར་མདོག་དམར་ཞིང་འཇིགས་སུ་རུང་བ། ཞལ་གདངས་ཤིང་ལྗགས་འདྲིལ་བ། མཆེ་བ་གཙིག་ཅིང་ཞལ་ནས་ཧཱུཾ་ཕཊཿ ཀྱི་སྒྲས་གནམ་ས་སྒུལ་བ་ཞིག་ཏུ་གསལ་བའི་ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་བཞི་འཕྲོས་ནས་དགྲ་བགེགས་སྡིག་ཅན་དེ་ཉིད་སྲིད་པ་གསུམ་གྱི་ཁམས་གར་གནས་ཀྱང་སྡོད་པའི་རང་དབང་མེད་པར་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་སྐེ་ནས་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུས་སེམས་མྱོས་པར་བྱས་ཏེ་བྱ་སྤུ་རླུང་གིས་དེད་པ་ལྟར་སྐད་ཅིག་ལ་མདུན་དུ་བཀུག་ནས་ཉ་བོ་ལ་བསྟིམ། ཚེ་ཁྲུས་གནས་གསུམ་གྱི་དམིགས་གནད་དང་ལྡན་པའི་སྒོ་ནས་དགྲ་དགེགས་དེའི་གཞི་དུས་ཀྱི་ལས་ཉོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་རྒྱུན་བཅད། འབྲས་དུས་ཀྱི་སྐུ་གསུམ་མངོན་དུ་བྱས་ནས་རྣམ་ཤེས་འོག་མིན་གྱི་ཞིང་ནས་མགོན་པོ་འོད་དཔག་ཏུ་མེད་པའི་ཐུགས་ཀར་སྤར་བའམ། ཡང་ན་རང་གི་སྤྱི་བོའ་ིཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་བསྟིམ་པར་བྱ། རྣམ་ཤེས་སླར་ཕུང་བོ་དེར་མི་འཇུག་པའི་ཕྱིར་དུ་ཤེས་རབ་ཀྱི་མཚོན་ཆ་རྣོན་པོས་དུམ་བུར་གཏུབ་ཅིང་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས་ཚོགས་ཞིང་གི་ལྷ་ཚོགས་རྣམས་ལ་ཕུལ་བས་དགྱེས་པ་ཆེན་པོས་བཞེས་པར་བསམ། ན་མོ་བདེ་གཤེགས་སྙིང་པོའ་ིསོགས་བསྐང་བའི་སྐབས་ཚོགས་ཞིང་གི་ལྷ་ཚོགས་རྣམས་སྤྱན་དྲངས་ནས་སྔར་གྱི་ཚོགས་ཞིང་དང་གཉིས་སུ་མེད་པར་བཞུགས་པའམ། ཡང་ན་སྔར་གྱི་ཚོགས་ཞིང་གི་ལྷ་ཚོགས་རྣམས་གསལ་ཡང་འདེབས་རེ་བྱེད་པ་གཉིས་གང་བདེར་བྱ། བསྐང་རྫས་བྱིན་རླབས་སྐབས་ཀ་པ་ལ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་དང་མཉམ་པའི་ནང་དུ་བཅུད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མང་བོར་སྤེལ་ཏེ་ལྷ་ཚོགས་རྣམས་ལ་ཕུལ་བས། དེ་དག་གིས་ལྗགས་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་འཁོར་ལོའ་ིརྣམ་པ་སྦུ་གུ་ཅན་དང་འོད་ཟེར་གྱི་རྣམ་པ་ཅན་སྣ་ཚོགས་པ་མཆོད་རྫས་རྣམས་ལ་ཟུག་ནས་བཅུད་དྲངས་ཏེ་གསོལ་བས་ཐུགས་མཉེས་ཤིང་ཟག་མེད་ཀྱི་བདེ་བའི་རོས་ཚིམ། བདག་གི་དམ་ཚིག་ཉམས་ཆག་ཐམས་ཅད་སོར་ཆུད། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་བར་དམིགས་པ་སྤྱིའི་བསྐང་བའི་སྐབས་དང་། ཁྱད་པར་གྱི་བསྐང་བའི་སྐབས་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་དམིགས་པའོ། །ཚོགས་ལ་རོལ་བ་ནི། འདོད་ཡོན་གྱི་ལྷ་མོ་རྣམས་ཀྱིས་བདག་དམ་ཚིག་སེམས་དཔའ་ལ་མཆོད་པའི་ཚུལ་དུ་ཕུལ་བ་དེ་ཉིད་གསོལ་བས་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་སྐྱེས་ཤིང་བཀྲག་མདངས་དང་གཟི་བརྗིད་ཆེར་རྒྱས་པའི་རྐྱེན་གྱིས་ཉི་འོད་ཕོག་པའི་མར་གསར་བཞིན་ཚོགས་ཞིང་གི་ལྷ་ཚོགས་རྣམས་འོད་དུ་ཞི་ནས་དམ་ཚིག་པར་ཐིམ་པས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཐོབ་པར་དམིགས། མདུན་བསྐྱེད་ཡོད་ཚེ་བརྟན་བཞུགས་ལས་འོད་ཞུ་མི་དགོས། ལྷག་མ་ནི། ལྷག་སྣོད་ཀ་པ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་ལྷག་གཏོར་དེ་ཉིད་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ཡིན་པ་ལ། རྣམ་པ་ཤ་ཆེན་གྱི་རི་བོ་རཀྟའི་རྒྱ་མཚོའི་རང་བཞིན་དུ་དམིགས་ཏེ་ཨ་ཀ་རོ་སོགས་ཀྱིས་བརླབས་ལ། དཀྱིལ་འཁོར་ཆེན་པོའ་ིམུ་རན་ལ་འཁོད་པའི་ལྷག་མགྲོན་རྣམས་ལ་གཏོར་མ་ཕུལ་བས་དགྱེས་ཤིང་ཚིམ་ནས་རྣལ་འབྱོར་བས་བྲན་དང་ཕོ་ཉའི་ཚུལ་གྱིས་ཅི་བཅོལ་བའི་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམ། ལྷག་གཏོར་བྱང་ཤར་རམ་ལྷོ་ནུབ་གང་བདེར་སྒྲུབ་པ་མ་ཐོན་བར་བཙོན་འཛིན་བྱ། ཆད་ཐོ་ལ་འགུགས་གཞུག་དང་དམིགས་པ་སོགས་ཚོགས་བསྒྲལ་སྐབས་ལྟར་བྱས་ལ། བསྐུལ་བའི་སྐབས་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་དབྱིབས་གྲུ་གསུམ་ཁ་དོག་མཐིང་ནག་མེ་རི་དང་མེ་དཔུང་གི་ཚོགས་རབ་ཏུ་འབར་བའི་ནང་དུ། བཅུད་ཁྲོ་བོ་ཁྲོ་མོའ་ིཚོགས་དཔག་ཏུ་མེད་པའི་སྐུ་ལས་འོད་ཟེར་ནག་པོ་དྲག་ལ་རྩུབ་པ་མང་དུ་འཕྲོས་པ་ལས་མཚོན་ཆའི་ཆར་ཆེན་པོ་བབས་ནས་དགྲ་བགེགས་སྡེ་དཔུང་སྡོང་ཟླ་རྒྱབ་རྟེན་དང་བཅས་པ་རྣམས་རམ་ནག་སེར་བས་བརྡུང་བ་ལྟར་བཅོམ་པའི་ཤ་རུས་ཁྲག་གསུམ་ཨོཾ་ཨཱཿཧཱུཾ་གིས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བ་ཉིད། གཏོར་མ་རྒྱན་ལྡན་གྱི་རྣམ་པར་སྣང་བ་དེ་ཉིད་སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱི་དམ་ལ་བཞག་པའི་ཆོས་སྐྱོང་སྤྱི་དང་། ཁྱད་པར་ཀློང་ཆེན་སྙིང་ཐིག་གི་ཟབ་གཏེར་གྱི་བསྲུང་མ་མ་གཟའ་དམ་གསུམ། གནོད་སྤྱིན་ཙུའུ་དམར་བོ་སོགས་བཀའ་བསྲུང་ཆོས་སྐྱོང་རྣམས་ལ་ཕུལ་བས་ཐུགས་དགྱེས་པར་མཛོད་ལ་སྔོན་གྱི་ཐ་ཚིག་བཞིན་ཞི་རྒྱས་དབང་དྲག་སོགས་ཅི་བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད་ཅིག་ཅེས་ཐ་ཚིག་བསྒྲགས། བསྟན་མ་ནི་གོང་གི་ཆད་ཐོའི་གཏོར་སྣོད་ཀྱི་བཤལ་ཆུ་དང་བསྟན་གཏོར་གཉིས་ཨོཾ་ཨཱཿཧཱུཾ་གིས་སྦྱང་སྤེལ་བསྒྱུར་གསུམ་བྱས་ཏེ་བོད་སྐྱོང་བསྟན་མའི་ཚོགས་ལ་ཕུལ་བས་མཐའ་དམག་དང་རྒྱ་འདྲེ་འགོང་བོ། ནད་དང་དལ་ཡམས་མུ་སྟེགས་པ་སོགས་ཀྱིས་རྒྱུ་ལམ་ཆོད་ལ། རྒྱལ་བསྟན་དར་ཞིང་རྒྱས་པའི་ཕྲིན་ལས་མཛོད་ཅིག་ཅེས་ཕྲིན་བཅོལ་བྱ། རྟ་བྲོ་བྱ་བ་ནི། སྔོན་བནྡེ་སྡོམ་ཉམས་དང་སྔགས་པ་དམ་ཉམས་དག་དང་དབང་ཆོས་ལྷན་དུ་ཞུས་ནས་གྲོགས་མཆེད་དུ་གྱུར་པ་ལ་ད་ལྟ་དེ་དག་འདྲེ་དང་རྒྱལ་འགོང་དུ་གྱུར་ནས་ཆོས་བྱེད་རྣམས་ལ་བགེགས་དང་བར་ཆད་བྱེད་པ་ཡིན་པས་བསྲུང་འཁོར་གྱིས་འགོག་མི་ནུས་ལ་མནན་ན་ནོན་པ་ཡིན་པས། རང་ཉིད་གུ་རུ་སྣང་སྲིད་ཟིལ་གནོན་དུ་གསལ་བའི་ཕྱག་གཡས་གསེར་གྱི་རྡོ་རྗེའི་རྩེ་མོ་ལས་དཔལ་རྟ་མགྲིན་ཁྲོ་བོའ་ིཚོགས་གྲངས་མེད་པ་འཕྲོས། དེ་དང་ལྷན་དུ་ཆོས་སྐྱོང་དྲེགས་པའི་ཚོགས་ཀྱི་དཔུང་དང་བཅས་པས་དམ་སྲི་དེ་ཉིད་བྲོས་ཤིང་གབ་པའི་རང་དབང་མེད་པར་འགུགས་འཆིང་སྡོམ་མྱོས་བྱས་ཏེ་གཏོར་གཞོང་རིའི་རྒྱལ་བོ་རི་རབ་མགོ་ཐུར་བསྟན་དུ་གསལ་བའི་འོག་ཏུ་མནན་ཞིང་ལྷ་ཚོགས་དེ་དག་གིས་ཕྱག་གི་མཐེའུ་ཆུང་རྣམས་ལུག་གུ་རྒྱུད་དུ་སྦྲེལ་ནས་སྟེང་དུ་རྡོ་རྗེའི་བྲོ་འཁྲབ་པས་རྒྱུད་ཀྱི་བདག་འཛིན་བདག་མེད་ཀྱི་ཀློང་དུ་མ་ཞིག་གི་བར་དུ་བསྐལ་བ་སྟོངས་ཀྱང་ཐར་མི་ནུས་པར་མནན་པར་བསམ། དེ་ནས་རྣལ་འབྱོར་བ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་ཐམས་ཅད་ཡར་ངོ་ཟླ་བ་ལྟར་རྒྱས་པར་དམིགས་ནས་གཏོར་གཞོང་དེ་ཉིད་འབྲུ་དཀར་གྱིས་བཀང་བར་བྱ། དངོས་གྲུབ་བླང་བ་ནི། བསྒྲུབ་སྔགས་མ་ཧཱ་གུ་རུ་འབུམ་ཕྲག་བཅུ་གསུམ་སོགས་ཀྱི་མཐར། སང་སྔ་མོ་དངོས་གྲུབ་ལེན་པ་ལ་འཇུག་པའི་དགོང་ཐུན་མཇུག་ཏུ་མཆོད་གཏོར་གསར་བ་མང་དུ་བཤམས། རྙིང་བ་རྣམས་ཁ་གསོ། དངོས་གྲུབ་ཀྱི་རྫས་ཀྱང་བཟང་ལ་མང་བ་ཉེ་སྡོག་བྱ། བསྟོད་པའི་མཇུག་ཏུ་ཛབ་ཁ་དབྱེ། བསྙེན་སྒྲུབ་ཀྱི་སྔགས་གཉིས་འདོན་སྐབས་སུ་དངོས་གྲུབ་བསྡུ་བའི་དམིགས་པ་བྱ། རྗེས་ཆོག་གི་བསྟོད་པའི་མཇུག་ཏུ་བཛྲ་ས་མ་ཡ་ཛ་བཏགས་པའི་ཡིག་གེ་བརྒྱ་བ་བརྒྱ་དང་བརྒྱད་ཀྱི་མཐར། ཧོ་རིག་འཛིན་སོགས་དང་། ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་སོགས་སྔགས་ཉེར་གཅིག་གིས་ཉན་གསན་དབབ། འདི་ལ་རྩ་སྔགས་དང་སྦྲེལ་དགོས་ཚུལ་ཞིག་ཀྱང་སྣང་། རྗེས་ཆོག་བྱ། ཕྱི་ཉིན་སྔ་མོ་ཆོ་ག་སྔར་ནུབ་ལྟར་ཛབ་ཁ་དབྱེ་ཞིང་མཆོད་བསྟོད་ཚོགས་ཀྱི་བསྐང་བ་ཡན་ཆད་བཏང་རྗེས། བརྗོད་མེད་དོན་གྱི་བཤགས་པ་ཡེ་ཤེས་སྐུ་མཆོག་གི་མཇུག་ཏུ་གོང་ལྟར་བཛྲ་ས་མ་ཡ་ཛ་བཏགས་པའི་ཡིག་བརྒྱ་བརྒྱ་རྩའམ་ཉེར་གཅིག་གང་རུང་གི་མཐར། བགེགས་བསྐྲད་ཅིང་བསྲུང་འཁོར་བསྒོམ། ཚིག་བདུན་སྤྱན་འདྲེན་ལན་གསུམ་དང་། བཞེངས་བསྐུལ་མ། ཧཱུཾ་ཧཱུཾ་ཧཱུཾ་རྗེ་བཙུན་ཆེན་པོ་སོགས་ཀྱི་མཐར། གཞུང་གི་བྱིན་འབེབས། ཧཱུཾཿ སྤྲོས་བྲལ་ཆོས་སྐུའི་སོགས་ཀྱིས་བྱིན་དབབས། དེ་ནས་དངོས་གྲུབ་བསྐུལ་ཆོག ཧོ་དཀྱིལ་འཁོར་ལྷ་ཚོགས་སོགས་དངོས་གྲུབ་བསྐུལ་སྔགས་ཉེར་གཅིག་གི་མཐར་རྫས་རྣམས་གནས་གསུམ་དུ་གཏུགས་ཅིང་ཞལ་དུ་རོལ། དྲང་བ་བླངས། དེ་ཉིན་གྱི་ཚོགས་ལྷག་དང་སྔར་གྱི་ལྷག་བཙོན་རྣམས་ལྷན་ཅིག་བྱིན་རླབས་བྱས་ཏེ་ཕྱི་རོལ་ཀྱི་གཙང་སར་གཤེགས། བསྐུལ་བ་མན་ཆད་དཀྱུས་ལྟར་བྱ། ནོངས་བཤགས་སྐབས། རང་གི་ཐུགས་ཀ་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལྷ་སྐུ་ཕྱག་རྒྱ་གཅིག་པ་ཞིག་སྤྲོས་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཐོན་ཏེ་ལྷ་ཚོགས་རྣམས་ལ་བདག་གིས་ཐུན་འདིའི་ནང་དུ་མཆོད་རྫས་མ་ཚངས་པ། སྒྲུབ་པ་གཡེལ་བ་། ཏིང་འཛིན་མ་གསལ་བ། བྱིང་བ་རྨུགས་པ་འཐིབས་པ་གཉིད་པ་སོགས་ཀྱི་ལས་བསགས་པ་ཐམས་ཅད་བཟོད་པར་གསོལ་ལོ། མཐོལ་ལོ། བཤགས་སོ། ཞེས་དག་པར་དམིགས་ལ་ཡིག་བརྒྱ་དང་སྦྲག་ཕྱག་ལན་གསུམ་བཙལ་མཐར་ཕྱག་རྒྱ་གཅིག་པ་རང་ལ་བསྡུ། བསྡུ་རིམ་ནི། ཕྱི་སྣོད་ཀྱི་ཞིང་དང་གཞལ་ཡས་ཁང་རྣམས་རིམ་པར་འོད་དུ་ཞུ་ནས་ནང་བཅུད་ཀྱི་ལྷ་ཚོགས་རྣམས་ལ་ཐིམ། ལྷ་ཚོགས་ཐམས་ཅད་ཀྱང་མཐའ་ནས་རིམ་བཞིན་འོད་དུ་ཞུ་སྟེ་གཙོ་བོ་ལ་ཐིམ། གཙོ་བོ་ཡང་དབུ་ནས་མར་དང་གདན་ནས་ཡར་འོད་དུ་ཞུ་སྟེ་སྙིང་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ཡང་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། སྔགས་ཕྲེང་འོད་དུ་ཞུ་ནས་ཐུགས་སྲོག་ཧཱུྃ་ལ་ཐིམ། ཧཱུྃ་ཡང་ཞབས་ཀྱུ་འ་ཆུང་ལ་ཐིམ། འ་ཆུང་ཧ་ཁོག་ལ་ཐིམ། ཧ་ཁོག་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ན་ད་སུམ་འཁྱོགས་ལ་ཐིམ། ན་ད་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་ནམ་མཁའི་རང་བཞིན་དུ་གྱུར་ཏེ། གནས་ལུགས་སྤྲོས་པ་དང་བྲལ་བའི་ངང་དུ་དལ་ཅིག་མཉམ་པར་བཞག་ནས་ཡེ་ཤེས་ཆོས་སྐུ་དེ་ངའོ་སྙམ་པའི་ང་རྒྱལ་འཛིན། དེ་ལས་སླར་ཆུ་ལས་ཉ་ལྡང་བ་ལྟར་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྐད་ཅིག་གིས་བཀྲ་ལམ་གྱིས་གསལ་བར་བྱེད་པ་ནི་རྗེས་ཐོབ་སྒྱུ་མས་ལྷ་སྐུར་ལྡང་ཞེས་པའི་དོན་ཏེ། སྐད་ཅིག་སྟོང་གསལ་ཆེན་པོའ་ིངང་ཉིད་ལས༔ རྡོ་རྗེ་སེམས་དཔའི་ང་རྒྱལ་མ་བྲལ་བར༔ ཞེས་གསུངས་པ་ལྟར། ཕྱི་ནང་སྣོད་བཅུད་སྣང་གྲགས་ཐམས་ཅད་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཉག་གཅིག་ཏུ་ཤར་བའི་སྤྲོ་བསྡུས་བྱེད་པོ་པདྨ་འབྱུང་གནས་ཏེ་ངའོ་སྙམ་པའི་ངང་ནས་གནས་གསུམ་འབྲུ་གསུམ་དང་ཡེ་ཤེས་སེམས་དཔའ་བཅས་གསལ་དགོས་པར་གསུང། བསྔོ་བ་ནི། རང་གི་ཐུན་གཅིག་པོ་འདིའི་ནང་གི་དགེ་བ་དེས་མཚོན། དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་མ་རྒན་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་དུ་བསྔོ་བར་བྱ་བའོ། །དེ་ཡང་བསྔོ་བའི་ཡུལ། བསྔོ་རྒྱུའི་དགེ་རྩ། བསྔོ་མཁན་བདག་བཅས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་བདེན་མེད་སྒྱུ་མའི་རང་བཞིན་དུ་ཤེས་ནས། འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན༔ དྲན་རིག་ཟག་པ་མེད་པའི་ཡེ་ཤེས་ཀྱི༔ འཁོར་གསུམ་ཡོངས་དག་ཆེན་པོར་རྒྱས་བཏབ་ནས༔ གནས་ལུགས་རྫོགས་པ་ཆེན་པོའ་ིཀློང་དུ་ཨཱཿཞེས་རྡོ་རྗེ་ཐོལ་གླུ་ལྟར་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་རྒྱས་འདེབས་པའམ། དེ་ལྟར་བློས་མི་ལྕོགས་ན་བསྔོ་བ་རྗེས་མཐུན་པ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་། འཕགས་པ་ཀུན་ཏུ་བཟང་བོ་དང་འཇམ་དཔལ་དབྱངས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བདག་གིས་ཀྱང་བསྔོ་བར་བྱའོ་སྙམ་པ་དང་། སྨོན་ལམ་ནི། བདག་དང་སེམས་ཅན་ཐམས་ཅད་མི་འབྲལ་ཚོམ་བུ་གཅིག་ཏུ་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་དུ་སངས་རྒྱས་པར་ཤོག་ཅིག་ཅེས་སྨོན་ལམ་གདབ་བོ། །བཀྲ་ཤིས་ནི། རང་གི་མདུན་གྱི་ནམ་མཁར་འཇའ་འོད་མེ་དཔུང་གི་ཀློང་ན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བཀྲ་ལམ་གྱིས་བྱོན་ནས་ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ཁྲོ་མོ་རྣམས་ཀྱིས་བྲོ་བརྡུངས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བཀྲ་ཤིས་པའི་ཚིག་བཅད་མང་བོ་སྙན་པའི་གླུ་དབྱངས་དང་སྦྲེལ། མཁའ་འགྲོ་མ་རྣམས་ཀྱི་ཕྱག་ན་གདུགས་རྒྱལ་མཚན་བ་དན་སྣ་ཚོགས་པ་ཐོགས་ཤིང་། རོལ་མོའ་ིབྱེ་བྲག་སྣ་ཚོགས་སྒྲོགས་བཞིན་ཐམས་ཅད་ཀྱིས་མེ་ཏོག་མནྡ་རའི་ཆར་ཆེན་པོ་འབེབས་པར་མོས་ལ་བཀྲ་ཤིས་བརྗོད་པར་བྱའོ། །སྨྲས་པ། རྒྱལ་བསྟན་ཁང་ཆེན་རྡིབ་ལ་ཕྱོགས་པ་ན། ནུས་པ་ཆུང་ཡང་ནུས་པའི་ཚོད་ཀྱིས་ནི། །གྱེན་དུ་འདེགས་པའི་ཁུར་བབ་ཅི་ལ་མེད། །དེ་ཕྱིར་ཆེར་བླུན་ཉམ་ཆུང་བདག་འདྲ་ཡང་། །ཆུང་ནས་བསྟན་ཞུགས་ཚོགས་ཀྱི་གྲལ་འདབ་ནས། །མི་ཚེ་མཐའ་རུ་བསྐྱལ་བའི་བག་ཆགས་ཀྱིས། །དེ་ཡི་ཕྱོགས་ལ་ཞེན་པ་ཕྲན་ཙམ་མཆིས། །དེ་ཕྱིར་ངོ་ཚའི་གནས་ལ་མ་འཛེམས་པར། །བླུན་ཚིག་འཆལ་ངག་དུ་མའི་སྒོ་ཕྱེས་པས། །ཉེས་འགལ་མ་ལུས་རྒྱལ་བ་སྲས་བཅས་དང་། །གཟུར་གནས་མཁས་དབང་ཚོགས་ལ་སྙིང་ནས་འཆགས། །མི་སྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཅེས་སྔ་འགྱུར་གསང་ཆེན་ཆོས་འཁོར་གླིང་དུ་ཀློང་སྙིང་རྩ་བ་གསུམ་གྱི་སྒྲུབ་སྡེ་གྲུབ་གཉིས་ནོར་བུའི་གླིང་ཞེས་པ་གསར་འཛུགས་མཛད་པའི་སྐབས་དང་བསྟུན་དཔའ་བོ་ལས་རབ་རྩལ་གྱི་སྤྲུལ་བའི་ཟློས་གར་མཆོག་སྤྲུལ་ལུང་རྟོགས་རྒྱ་མཚོ་ལགས་དང་། གསང་ཆེན་ལུང་བསྟན་གླིང་གི་མཁན་ཆོས་ཀྱི་ཉི་མ་རྣམ་གཉིས་ཀྱིས་བཀའ་བསྩལ་སྤྱི་བོར་བབ་པ་ལྡོག་ཏུ་མ་བཟོད་པར་རྡོ་གྲུབ་དགོན་གྱི་གྲལ་མཐའ་བ་ཨོ་རྒྱན་ཕྲིན་ལས་སུ་འབོད་པ་དེ་ཉིད་ཀྱིས་བྲི་ཁུལ་བྱས་པ་འདི་ཉིད་ཀྱང་ཕྱོགས་དུས་ཐམས་ཅད་དུ་ཁ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ །