Nitartha Digital Library
Tibetan
 
previousདཔལ་ཆེན་འདུས་པའི་ལས་བྱང་གི་དགོངས་དོན་ཅུང་ཟད་བཤད་པ་ཟབ་དོན་གསལ་བྱེད་རིན་ཆེན་སྣང་བ། རང་བྱུང་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ།next

དཔལ་ཆེན་འདུས་པའི་ལས་བྱང་གི་དགོངས་དོན་ཅུང་ཟད་བཤད་པ་ཟབ་དོན་གསལ་བྱེད་རིན་ཆེན་སྣང་བ། རང་བྱུང་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ།


ARJ001_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཡི་དམ་ཐུགས་སྒྲུབ་བླ་མ་དྲག་མཐིང་དཔལ་ཆེན་འདུས་པའི་ལས་བྱང་གི་དགོངས་དོན་ཅུང་ཟད་བཤད་པ་ཟབ་དོན་གསལ་བྱེད་རིན་ཆེན་སྣང་བ་ཞེས་བྱ་བ་བཞུགས་སོ། །རྡོ་རྗེའི་བླ་མ་ཐོད་ཕྲེང་རྩལ་དང་བདེ་གཤེགས་སྒྲུབ་སྡེ་ཆེན་པོ་བརྒྱད་དབྱེར་མེད་པའི་ལྷ་ཚོགས་ལ་གུས་པས་ཕྱག་འཚལ་ལོ། །འབར་བའི་ཡེ་ཤེས་ཀློང་དགུའི་རྣམ་རོལ་ཁྲག་འཐུང་དཔའ་བོའ་ིམཚན་དཔེར་བཞེངས། །དངོས་གྲུབ་འདོད་དགུའི་ཆར་གྱི་ལྕིད་པའི་སྒྱུ་འཕྲུལ་སྤྲིན་གྱི་ཕྲེང་བས་མཛེས། །རིགས་ཀུན་ཁྱབ་བདག་བླ་མའི་གསང་གསུམ་མི་ཟད་དབྱིངས་ཀྱི་རྒྱན་རྫོགས་པར། །འདུད་དོ་མཆོག་དངོས་གྲུབ་པའི་དགའ་སྟོན་མཐོང་པའི་ཆོས་ལ་རྫོགས་པར་སྩོལ། །རབ་འབྱམས་རྒྱུད་སྡེའི་སྲོག་གི་ཟུངས། །རིག་འཛིན་གྲུབ་བརྙེས་གཤེགས་ཤུལ་ཆེ། །སྔ་འགྱུར་ཆོས་ཀྱི་ཉིང་ཁུའི་དཔྱིད། །དད་དང་མོས་པས་ཅི་ནུས་དབྱེ། །དེ་ལ་འདིར་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་དངོས་གཞིའི་ལམ་གྱི་གཙོ་བོ་བུམ་དབང་གི་ལམ་རིག་འཛིན་ཞི་དྲག་གི་བསྐྱེད་རིམ་ལས། བླ་མ་དྲག་པོ་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྐྱེད་རིམ་ལས་བྱང་གི་དགོངས་དོན་ཅུང་ཟད་བཤད་པ་ལ། ཤེས་བྱའི་རྣམ་བཞག་སྤྱིར་བཤད་པ་དང་། སྒྲུབ་ཐབས་ལས་བྱང་གི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཡི་དམ་གྱི་ལྷ་བསྙེན་ཅིང་སྒྲུབ་པར་འདོད་པའི་གང་ཟག་གིས། སྒྲུབ་བྱ་རིན་ཐང་ཆེ་བའི་ནོར་ལྟ་བུ་ཆོས་དབྱིངས་རང་བཞིན་རྣམ་དག་གི་ལྷ། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ། དེ་དག་གིས་བྱིན་གྱིས་བརླབས་པའི་མཚན་མའི་ལྷར་གྲགས་པ་གསུམ་ལ་ཡིད་ཆེས་གསུམ་དང་ལྡན་པས་སྒྲུབ་ན་དངོས་གྲུབ་ཚེགས་མེད་དུ་ཐོབ་པ་གསང་སྔགས་ཀྱི་ཟབ་གནད་ཐུན་མོང་མ་ཡིན་པ་ཡིན། དེའི་དང་པོ་སྒྲུབ་བྱ་རང་ལ་བཞུགས་པ་ཡིད་ཆེས་པའི་ཕྱིར། བསྒྲུབ་བྱའི་ལྷ་གང་ཡིན་པ་ལུང་རིགས་མན་ངག་གསུམ་གྱིས་སྒྲོ་འདོགས་གཅོད་མ་ཤེས་ན། མདའ་འཕེན་པ་ལ་འབེན་ངོས་མ་ཟིན་པ་ལྟར་བསྒྲུབ་བྱ་མེད་པའི་སྒྲུབ་བྱེད་དུ་ཟད་པའི་ཕྱིར། འདིར་གང་བསྒྲུབ་བྱའི་ལྷ་ནི། ངེས་པའི་དོན་དུ་ཆོས་དབྱིངས་རང་བཞིན་རྣམ་དག་གི་ལྷ་དམ་ཚིག་སེམས་དཔའ་གཞི་ལམ་འབྲས་གསུམ་དབྱེར་མི་ཕྱེད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ་སོ་སོ་རང་རིག་པའི་སྤྱོད་ཡུལ་ཅན་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དཔལ་ཆེན་ཞལ་ལུང་ལས། རིག་པ་ཐིག་ལེ་ཉག་གཅིག་ནི༔ ཆོས་རྣམས་ཀུན་གྱི་གྲོལ་པ་སྟེ༔ མདོ་སྔགས་ཐེག་པ་བསམ་ཡས་སུ༔ བསྟན་ཀྱང་ཐེག་པ་གཅིག་ལས་མེད༔ ཅེས་གསུངས་པ་ལྟར། འོད་གསལ་གདོད་མའི་གནས་ལུགས་རང་རིག་བྱང་ཆུབ་ཀྱི་སེམས་རང་བཞིན་གྱི་རྣམ་པར་དག་པའི་ཆོས་ཉིད་དེ་ནི་རྒྱལ་བས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་བསྟན་དོན་མཐར་ཐུག་ལམ་ཀུན་གྱི་འབབ་སྟེགས་ཏེ། དེ་ལ་ཆོས་ཉིད་ངོ་བོའ་ིསྒོ་ནས་དབྱེ་བ་བྱར་མེད་ཀྱང་། ཆོས་ཅན་ཐ་སྙད་ཀྱི་སྒོ་ནས་ཕྱེ་ན་རྡོ་རྗེ་ཆོས་ཀྱིས་མཛད་པའི་སེམས་འགྲེལ་ལྔའི་ནང་ཚན་མཛད་པ་ཆོ་འཕྲུལ་ལྷའི་ལུང་ལས། ལྷ་ཞེས་བྱ་བ་བྱང་ཆུབ་སེམས༔ དེ་ནི་རྒྱུད་དུ་རབ་ཏུ་བརྗོད༔ གཞི་ནི་གནས་པའི་དོན་ཉིད་དེ༔ ལམ་ནི་རྣལ་འབྱོར་སྒྲུབ་པའོ༔ འབྲས་བུ་མཐར་ཐུག་མཛད་པའི་ལས༔ ཞེས་པ་ལྟར་སྦྱང་གཞི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆ་མེད་ཀུན་འགྲོ་རིག་སྟོང་གདོད་མའི་འོད་གསལ་ཏིལ་ལ་མར་བཞིན་འདུ་འབྲལ་མེད་པར་གནས་ཀྱང་། སྦྱང་བྱ་རྣམ་འགྱུར་གློ་བུར་གྱི་དྲི་མ་མཁའ་ལ་སྤྲིན་ལྟར་སྣང་བ་འཁོར་བའི་ཆོས་མེད་པ་གསལ་སྣང་དུ་འཛོམ་པས་དོན་གྱི་གནས་ལུགས་སྒྲིབ་པ་ལ། སྦྱོང་བྱེད་རྣམ་འབྱོར་སྒྲུབ་པའི་རིམ་པ་གདུལ་བྱའི་བློ་དང་མཚམས་པ་ཐེག་པའི་སྒོ་དུ་མ་ཞིག་བསྟན་པ་ཡང་། དཔལ་ཆེན་ཞལ་ལུང་ལས། འདི་ཉིད་མ་རིག་རྟོག་ཅན་རྣམས༔ ཐེག་པའི་ཚིག་ལ་རྩོད་པ་བྱེད༔ ཇི་སྲིད་སེམས་ཅན་བློ་མང་བ༔ དེ་སྲིད་ཐེག་པ་བསམ་ཡས་སུ༔ ཀུན་ཏུ་བཟང་པོ་ང་ཡིས་བསྟན༔ ཞེས་སོ། །དེ་ཐམས་ཅད་ཀྱི་སྦྱང་འབྲས་དྲི་མ་དང་བྲལ་བའི་གཞི་ཇི་ལྟ་བའི་ཡོན་ཏན་མངོན་དུ་གྱུར་ནས་སྐུ་གསུམ་ལྷུན་གྲུབ་འོད་གསལ་ཆེན་པོའ་ིས་ལ་ཕྱིན་པས་གདུལ་བྱའི་དོན་མཛད་པ་འབྲས་བུའི་རྣམ་བཞག་བཅས་གསུམ་དུ་དབྱེ་ཡང་དོན་ལ་དུ་མ་རོ་གཅིག་གཉིས་སུ་མེད་པའི་ཆོས་ཉིད་རྣམ་པར་དག་པ་བདེ་བ་ཆེན་པོའ་ིཡེ་ཤེས་གཅིག་ཏུ་ཤེས་པར་བྱ་དགོས་ཏེ། རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། རྒྱུད་ཅེས་བྱ་བ་རྒྱུན་ཆགས་ཏེ༔ རྒྱུ་ཡིས་མ་བསྐྱེད་རྐྱེན་ལས་གྲོལ༔ རིག་པ་བདེ་གཤེགས་སྙིང་པོའ་ིརྒྱུད༔ སྤྲོས་པ་རྣམ་དག་ངོ་བོ་ཉིད༔ མ་བཅོས་མ་བསླད་དེ་བཞིན་གཤེགས༔ ཅེས་སོ། །གཞི་ངོ་བོའ་ིགནས་ཚུལ་དེ་ལྟར་ཡང་ད་ལྟ་སེམས་ཅན་གྱི་དུས་སུ་གཞི་འབྲས་གཉིས་སུ་མེད་པའི་ཆོས་ཉིད་དེ་དྲི་མ་གློ་བུར་བས་བསྒྲིབས་ཏེ་ཡོན་ཏན་མངོན་གྱུར་དུ་མི་སྣང་བའི་སྐྱོན་བསལ་ཕྱིར་ལམ་ཉམས་སུ་ལེན་དགོས་པས་དེའི་རྣམ་བཞག་ཀྱང་། དཔལ་ཆེན་ཞལ་ལུང་ལས། འོན་ཀྱང་འདིར་ནི་དབང་པོའ་ིཁྱད༔ རབ་དང་འབྲིང་དང་ཐ་མ་གསུམ་༔ གསུམ་ཚན་གསུཾ་དུ་དབྱེ་བ་ལས༔ ཐེག་པའི་རྣམ་གྲངས་དགུ་རུ་བསྟན༔ ཀུན་འབྱུང་འདྲེན་པའི་ཐེག་པ་དང་༔ དཀའ་ཐུབ་རིག་བྱེད་ཐེག་པ་དང་༔ དབང་བསྒྱུར་ཐབས་ཀྱི་ཐེག་པའོ༔ ཞེས་གདུལ་བྱའི་དབང་པོ་རབ་འབྲིང་ཐ་མ་ལ་དགོངས་པས་རྒྱུ་འབྲས་ཀྱི་ཐེག་པའི་རྣམ་བཞག་དགུར་གསུངས་པ་ལས། གང་ཟག་དབང་པོ་རབ་ལ་དགོངས་པས་ལྟ་སྒོམ་སྤྱོད་པའི་ཟབ་གནད་དུ་མས་ཁྱད་པར་འཕགས་པས་ཚེ་གཅིག་འབྲས་བུ་ཟུང་འཇུག་གི་ས་ལ་སྦྱོར་བ་རྣལ་འབྱོར་བླ་ན་མེད་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནང་རྒྱུད་ཡོ་ག་གསུམ་སྟེ། སྔ་མ་ལས། དེ་ལ་ཚེ་གཅིག་མྱུར་གྲོལ་ལམ༔ གང་ཟག་སྐལ་པ་མཆོག་ལྡན་ལ༔ དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ༔ རབ་ལ་རྫོགས་པ་ཆེན་པོའི་ལམ༔ འབྲིང་ལ་ཨ་ནུ་ཡོ་ག་ཆེ༔ དམན་ལ་མ་ཧཱ་ཡོ་གའོ༔ ཞེས་བླ་མེད་ཀྱི་ཐེག་པ་གསུམ་ལས་སྐབས་འདིར་འཆད་བྱ་ནི་མ་ཧཱ་ཡོ་ག་སྟེ། དེ་ལ་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའ་ིལམ་ལ་རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་གཉིས་སུ་གྲགས་པའི་ཕྱི་མ་སྒྱུབ་སྡེའི་རྩ་བ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དེ། དཔལ་ཆེན་ཞལ་ལུང་ལས། གསང་སྔགས་ཀུན་གྱི་གཞི་ལྟ་བུ༔་ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་དབང་གི་རྣམ་བཞག་བར་དུ་ལམ་གྱི་གཞུང་ཤིང་དམ་ཚིག ལྟ་བ་དག་མཉམ་བདེན་པ་དབྱེར་མེད། སྒོམ་པ་ལྷ་སྔགས་ཏིང་འཛིན་གྱི་རྣམ་བཞག་གི་བསྐྱེད་རིམ་སོགས་སྔགས་ལམ་གྱི་ཐོག་མར་ཤེས་བྱའི་རྣམ་བཞག་མེད་དུ་མི་རུང་བ་ཐམས་ཅད་སྟོན་པས་ན་མ་ཧཱ་ཡོ་ག་ནི་སྔགས་ཀྱི་ཐེག་པའི་གཞི་སྟེ་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལས། སྣང་གྲགས་རིག་པའི་ཆོ་འཕྲུལ་དུ་མངོན་པར་བྱང་ཆུབ་པ་དཔལ་ལྡན་སྒྱུ་འཕྲུལ་དྲ་བའི་སྙིང་པོ་དཔལ་ཆེན་ཞལ་ལུང་དང་ཧེ་རུ་ཀ་འདུས་པའི་སྦྱོང་བྱེད་བསྐྱེད་རིམ་ཞེས་གསུངས། སྦྱང་བྱ། སྦྱང་གཞི། སྦྱང་འབྲས་པ་བཞིན། སྔ་མ་ལས། དེ་ལྟར་སྦྱང་གཞི་ལུས་ངག་ཡིད༔ སྦྱོང་བྱེད་ལྷ་སྔགས་ཏིང་འཛིན་གྱིས༔ སྦྱང་འབྲས་བདེ་བཤེགས་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ༔ ཡོངས་སྨིན་དོན་གྱི་སངས་རྒྱས་ཏེ༔ ཞེས་གསུངས་པའི་དོན་དཔལ་ཆེན་གཞུང་ལས་ཀྱང་། སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང༔ ཞེས་པ་ལྟར་སྦྱང་གཞི་རིག་སྟོང་འོད་གསལ་ཀུན་ཁྱབ་རིས་མེད་ཀྱི་ཆོས་གདོད་ནས་དག་པའི་ངང་དུ་འཁོར་འདས་སྤང་བླང་གཉིས་སུ་མེད་པ་ཉིད་དུ་གནས་ཀྱང་། སྦྱང་བྱ་གློ་བུར་གྱི་དྲི་མ་གཉིས་འཛིན་ཆགས་སྡང་གི་སྣང་བ་སྣོད་ཀྱི་འཇིག་རྟེན་འབྱུང་ལྔ། སྲིད་པ་བཅུད་ཀྱི་སྐྱེ་འགྲོའ་ིཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་ལ་བརྟེན་པའི་རྩ་རླུང་ཐིག་ལེའི་ཁམས་རྣམ་ཤེས་ཚོགས་བརྒྱད་ཟག་བཅས་ལས་ཉོན་གྱི་རང་བཞིན་འཁོར་བའི་ཆོས་དང་འབྲེལ་བས་དོན་གྱི་ཡིན་ལུགས་སྒྲིབ་བྱེད་དུ་གྱུར་པ་ལ། སྦྱོང་བྱེད་ཀྱང་བདེན་གཉིས་སྤང་བླང་དུ་མི་བལྟ་བ་སྦྱང་བྱ་སྣོད་བཅུད་རྒྱུད་གསུམ་དང་མཐུན་པར་ཡེ་ཤེས་དག་པའི་ལྷ་གདན་གསུམ་ཞི་ཁྲོའ་ིལྷ་སྔགས་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་གནས་སྣང་གཉིས་ཀ་དག་པ་རབ་འབྱམས་རྣམ་པ་ལམ་དུ་ཁྱེར་བས་གློ་བུར་གཉིས་འཛིན་གྱི་དྲི་མ་ཕྲ་རགས་སངས་ཏེ་ཐམས་ཅད་དག་ཆེན་གཞིའི་ཡིན་ལུགས་དབྱིངས་རིག་གཉིས་མེད་གནས་སྣང་གཉིས་ཀ་ལ་མངོན་དུ་གྱུར་ནས་སྐུ་དང་ཡེ་ཤེས་ཆེན་པོའ་ིཀློང་དུ་མངོན་པར་བྱང་ཆུབ་པའི་འབྲས་བུའི་ཐ་སྙད་བཏགས་པ་རྣམ་པའི་དབྱེ་བ་ཙམ་ལས་དོན་ལ་ཆོས་ཉིད་གཅིག་གི་ངོ་བོ་ལས་མ་འདས་པ་སྟེ། ཆོ་འཕྲུལ་ལྷའི་ལུང་ལས། ཞི་དང་ཁྲོ་བོའ་ིསྐུར་གསལ་བས༔ ཆགས་དང་ཞེ་སྡང་རབ་བསལ་ཏེ༔ གཞན་གྱི་དོན་དུ་སྐུར་སྣང་བ༔ ཐོབ་མེད་འབྲས་བུ་དེ་ཡི་མཆོག༔ དེ་ནི་འབྲེལ་བའི་ལམ་ཞེས་བྱ༔ གཞི་ལམ་འབྲས་གསུམ་མི་ཕྱེད་པའོ༔ ཞེས་གསུངས་པས་ན་སྦྱང་གཞི་འགྲོ་བ་ཐམས་ཅད་རང་བཞིན་གྱིས་རྣམ་པ་ལྷའི་བདག་ཉིན་དུ་གནས་པས། དེའི་རྣམ་པ་ལམ་བྱེད་སྣོད་བཅུད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དམ་ཚིག་སེམས་དཔར་སྒོམ་པ་དང་། སྦྱང་འབྲས་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ཡིན་པ་དེའི་རྣམ་པ་ལམ་བྱེད་ཆོས་སྐུ་ཉིད་ཡེ་ཤེས་སེམས་དཔའ་ཞི་ཁྲོའ་ིརྣམ་པར་སྤྱན་འདྲེན་པ་དང་། གཞི་འབྲས་གཉིས། གདོད་ནས་དབྱེར་མེད་ཀྱི་རང་བཞིན་དུ་བཞུགས་པས། དེའི་རྣམ་པ་ལམ་བྱེད་ཡེ་ཤེས་དམ་ཚིག་དཀྱིལ་འཁོར་གཅིག་ལ་བསྟིམ་སྟེ་བཟང་ངན་གྱི་དབྱེ་བསམ་མེད་པ་གདོད་ནས་དམ་ཡེ་དབྱེར་མེད་དུ་ཤེས་ནས་ཉམས་སུ་ལེན་པའི་གནད་ཀྱི་མདོ་འགག་ཤེས་དགོས་ཤིང་། དེས་ན་སྔ་མ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ ཡེ་ནས་མ་བཅོས་ལྷའི་བདག་ཉིད༔ ཞེས་དང་། དཔལ་ཆེན་ཞལ་ལུང་ལས་། སྣང་སྲིད་འཁོར་འདས་ཆོས་རྣམས་དང་༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རྣམ་དག་ལྷ་ཡི་དཀྱིལ་འཁོར་དུ༔ ཤེས་པར་བྱ་བ་དག་བསླབས་པས༔ ཞེས་པ་ལྟར་ཆོས་དབྱིངས་བསམ་གྱིས་མི་ཁྱབ་པའི་དབྱིངས་བྲལ་སྨིན་ཡོན་ཏན་རྒྱ་མཚོའི་དཔལ་དང་འདུ་འབྲལ་འཕེལ་འགྲིབ་མེད་པའི་ཡེ་ཤེས་གཅིག་ལ་ལྡོག་ཆས་དབྱེ་ན། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་གནས་ཤིང་དེ་ནི་ཕྲ་བའམ་གཉུག་མའི་ལུས་ངག་ཡིད་གསུམ་ཞེས་མི་ཤིགས་རྡོ་རྗེ་གསུམ་གྱི་ལྷར་གདོད་ནས་དག་པ་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ཏེ། དེའི་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་ཀྱི་ཆོས་རིགས་ཀུན་ཁྱབ་བདག་སྤྱི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་བདག་ཉིད་དེ། དེའི་རང་མདངས་ཀུན་རྫོབ་སྣང་ངོའ་ིཆ་ནས་ཁུ་རྡུལ་རླུང་གསུམ་དང་། རླུང་སེམས་འཇུག་པ་གཅིག་པས་སེམས་དང་བཅས་པའི་རྟེན་དབུ་རྐྱང་རོ་གསུམ་གྱི་རྩ་སྟེ། དེ་དག་ལས་ལུས་ངག་ཡིད་གསུམ་གྱི་ཆོས་སུ་གྲུབ་པའི་ཁམས་དྲུག་ལྡན་ཉིད། དག་པ་ལྷའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་སྣང་བ་མཐའ་ཡས་པའི་རྣམ་པར་ལམ་དུ་བྱས་པས། བྲལ་འབྲས་དོན་གྱི་གནས་ལུགས་མངོན་དུ་གྱུར་ཏེ་རྡོ་རྗེའི་གསང་བ་ཆེན་པོ་མི་ཟད་རྒྱན་གྱི་འཁོར་ལོར་འཆར་བའི་ཐབས་ཀྱི་གསེང་ལམ་ལ་རྨད་དུ་བྱུང་བ་སྟེ། འཇམ་དཔལ་གཤིན་རྗེ་འཆི་བདག་ཟིལ་གནོན་ལས། ཁམས་དྲུག་ལྡན་པའི་ལུས་ཀྱི་རྟེན༔ རྡོ་རྗེ་བཞི་ཡི་གོ་འཕང་ལ༔ སྦྱོར་བ་རྡོ་རྗེའི་ཏནྟྲ་ལས༔ རྒྱུ་འབྲས་དག་གྲོལ་ལམ་གྱིས་མིན༔ ཞེས་གསུངས། ཡིད་ཆེས་གསུམ་པ་སྒྲུབ་གཞི་དམ་ཡེ་དབྱེར་མེད་ཀྱི་ལྷ་དེ་ལས་སྒྲུབ་བྱའི་བྱིན་རླབས་སམ་རྩལ་ལས་ཤར་བ་མཚན་མའི་ལྷའི་སྒོ་ནས་དབྱེ་ན། དེ་ལ་གཟུགས་ཕུང་སྐུ་རྡོ་རྗེར༔ འཇམ་དཔལ་སྐུ་ཡི་སྒྲུབ་པའི་གནད༔ ཞེས་སོགས་གསུངས་པ་ལྟར་སྐུ་དེ་བཞིན་གཤེགས་པའི་རིགས་འཇམ་དཔལ་གཤིན་རྗེ། གསུང་པདྨའི་རིགས་རྟ་མགྲིན། ཐུགས་རྡོ་རྗེའི་རིགས་ཡང་དག ཡོན་ཏན་རིན་པོ་ཆེའི་རིགས་ཆེ་མཆོག་བདུད་རྩི། འཕྲིན་ལས་ཀྱི་རིགས་ཕུར་པ། དེ་ལས་འཕྲོས་པ་མ་མོ་རྦོད་གཏོང་དང་རིག་འཛིན་སློབ་དཔོན་གཉིས་དྲུག་པ་ཧེ་རུ་ཀའི་རིགས། མཆོད་བསྟོད་དང་དྲེགས་འདུལ་ཐུགས་རྡོ་རྗེའི་རིགས། དྲག་སྔགས་སྟོབས་ལྡན་ནག་པོ་ལས་རིགས་ཏེ་དཀྱིལ་འཁོར་གྱི་ཚོམ་བུ་དགུ་དང་། རིགས་ཀྱི་ངེས་པས་དབྱེ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་ནང་གསེས་སྐུ་ཡི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སོགས་དབྱེ་བས་ཉེར་ལྔ། བསྡུ་ན་ཁྱབ་བྱ་ཕུང་ཁམས་དག་པའི་རིགས་ལྔའི་ཁྱབ་བྱེད་ཧེ་རུ་ཀའམ་རྡོ་རྗེ་སེམས་དཔའི་རིགས་བསྣན་པས་དྲུག། དེ་ཡང་བསྡུ་ན་ཡོན་ཏན་དང་སྐུ་གཉིས་རྟེན་བརྟེན་པར་འབྲེལ་བས་རིན་འབྱུང་སྐུ་རིགས་སུ་བསྡུ། ཕྲིན་ལས་ཀྱི་གཙོ་བོ་གསུང་ཡིན་ཞིང་དེ་ཡང་རྗེས་ཆགས་སྙིང་རྗེའི་དྲངས་པས་ཕྲིན་ལས་འཇུག་དགོས་པས་དོན་གྲུབ་པདྨའི་རིགས་སུ་བསྡུ། དྲུག་པ་གཙོ་བོ་ཐུགས་བདེ་སྟོང་གཉིས་མེད་ཡེ་ཤེས་ཀྱི་དབྱིངས་གཅིག་པས་རྡོ་རྗེའི་རིགས་སུ་བསྡུས་པས་རིགས་གསུམ་རྡོ་རྗེ་གསུམ་གྱི་ཁྱབ་བདག་དང་། དེ་ཡང་དོན་ལ་སྐུ་གསུང་ཐུགས་གཉིས་སུ་མེད་པ་བདེ་ཆེན་ཐིག་ལེ་ཉག་གཅིག་ལས་མ་འདས་པས་སྤྱི་དཔལ་ཆེན་པོ་རིགས་ཀུན་གྱི་ཁྱབ་བདག་གཅིག་ཏུ་བསྡུ་ནུས་ཤིང་། དེ་དག་ཀྱང་ངོ་བོ་དང་ལྡོག་ཆས་དབྱེ་བ་རྩམ་ལས་གང་ལྟར་བྱས་ཀྱང་མི་འགལ་བས་སྐབས་འདིར་ནི་ཚོམ་བུ་དགུའི་ལྷ་ཚོགས་ཐམས་ཅད་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྣམ་འཕྲུལ་དུ་ཤེས་པས་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་བསྡུས་ཏེ་སྒྲུབ་པ་བླ་མེད་རྒྱུད་སྡེ་ཀུན་གྱི་མཐར་ཐུག་སྒྲུབ་བྱེད་ཀྱི་མན་ངག་ལ་ཡིད་ཆེས་གཉིས་པ་སྟེ། གཞུང་ལས། གསང་ཆེན་རྒྱུད་སྡེ་རྒྱ་མཚོ་ཀུན༔ སྒྲུབ་སྡེ་ཆེན་པོ་བརྒྱད་ལ་འདུ༔ རིག་འཛིན་བརྒྱད་དང་མཁས་པ་བཞི༔ གོང་འོག་རྒྱ་མཚོ་ལྟ་བུའི་འཛིང་༔ བརྒལ་བར་མི་ནུས་བློ་ཅན་ལ༔ བཅུད་དྲིལ་འདི་ལས་གཞན་མ་གསུངས༔ ཞེས་དང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ལས་བྱང་བདེ་གཤེགས་འདུས་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི༔ རང་རྩལ་གཞོམས་མེད་ནཱ་དའི་རྒྱུད༔ རྡོ་རྗེའི་དབྱངས་ཀྱི་རབ་ཕྱེ་བའི༔ ཆོས་འཁོར་དབྱེ་བ་བསམ་ཡས་པ༔ འགྲོ་ཀུན་སྐད་དང་བསམ་པ་བཞིན༔ གང་འདུལ་ཅིང་ཡང་སྣང་བ་ལས༔ ཐམས་ཅད་ཀུན་གྱི་ཟབ་པའི་བཅུད༔ རྒྱུད་དང་སྒྲུབ་པའི་སྡེ་རུ་འདུས༔ དེ་ལ་ཡེ་ཤེས་ཀློང་དགུ་ཡི༔ ཕྱག་རྒྱའི་བྱེ་བྲག་ཇི་སྙེད་ཀུན༔ བླ་མའི་ཐུགས་ལས་བྱུང་བའི་ཕྱིར༔ འདི་སྒྲུབ་བདེ་གཤེགས་ཐམས་འགྲུབ༔ ཞེས་སོ། ཡང་རིག་འཛིན་རྩ་རྒྱུད་ལས། དེ་ནི་མངོན་དུ་བྱེད་པའི་ཐབས༔ ལམ་གྱི་རྒྱུད་ནི་མཐའ་ཡས་ཀྱང༔ ཐབས་ལ་བརྟེན་པ་ཕ་ཡི་རྒྱུད༔ ཤེས་རབ་གཙོར་སྟོན་མ་ཡི་རྒྱུད༔ ཆ་མཉམ་གཉིས་མེད་ཟུང་འཇུག་རྒྱུད༔ ཅེས་གསུངས་པ་ལྟར། སྤྱིར་གདུལ་བྱ་ཞེ་སྡང་ཅན་དང་། ཕྱི་སྤྲོས་པ་ལ་འཆོལ་བའི་དོན་དུ་བསྐྱེད་རིམ་དང་ལས་ཚོགས་གཙོ་བོར་བསྟན་ཅིང་། རྫོགས་རིམས་ཀྱང་ཐབས་སྣང་བའི་ཡེ་ཤེས་སྒྱུ་ལུས་དང་། རླུང་མངོན་སྤྱོད་གཙོ་བོར་སྟོན་པ་ཕའི་རྒྱུད་དང་། གང་ཟག་འདོད་ཆགས་ཅན་དང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནུས་པ་ལ་དགོངས་ནས་རྫོགས་རིམ་སྤྱི་དང་ཤེས་རབ་སྟོང་ཉིད་མངོན་དུ་བྱེད་པའི་གནད་འོད་གསལ། ཐབས་ལམ་ཐིག་ལེ་འཇུ་འདུལ། དབང་གི་ལས་གཙོ་བོར་སྟོན་པ་ལ་མ་རྒྱུད་དང་། གཏི་མུག་ཅན་དང་བྱ་རྩོལ་མེད་པའི་དོན་དུ་ཐབས་ཤེས་དང་བསྐྱེད་རྫོགས་གཙོ་ཆེ་ཆུང་མེད་པར་དག་མཉམ་ཐིག་ལེ་ཉག་གཅིག་གི་གནས་ལུགས་གཙོ་བོར་སྟོན་པ་གཉིས་སུ་མེད་པའི་རྒྱུད་ཀྱི་དབྱེ་བ་གསུམ་དང་། སྔགས་གསར་མ་འགའ་ཞིག་གིས་བླ་མེད་ཀྱི་རྒྱུད་ཐམས་ཅད་ཟུང་འཇུག་གི་དོན་གཏན་ལ་འབེབས་པ་འདྲ་ཡང་ཐབས་ཤེས་ཀྱི་ཕྱོགས་གཙོ་ཆེ་ཆུང་སྟོན་ཚུལ་གྱིས་དབྱེ་བས། དཀྱིལ་འཁོར་གང་དུ་ལྷ་ཕོ་མོ་ཤས་ཆེ་ཆུང་། གཙོ་བོ་གཙོ་མོ་གོ་འཕོ་ལུགས་རིན་པོ་ཆེ་དང་རུས་པའི་རྒྱན་སོགས་ཆ་ལུགས། གཡས་གཡོན་གྱི་བསྐོར་ཕྱོགས། དུས་ཉིན་མཚན་གང་དུ་ཕྲིན་ལས་བརྩམ་པ། དག་པ་སྦྱར་ལུགས་སོགས་གཙོ་ཆེ་ཆུང་གི་ཕ་མའི་རྒྱུད་དེ་ལྟར་འབྱུང་བ་གསུངས་པ་དང་། རྙིང་མས་ཕ་རྒྱུད་མ་ཧཱ། མ་རྒྱུད་ཨ་ནུ། གཉིས་མེད་ཨ་ཏི་ཞེས་གསུངས་པ་ལྟར་ན་སྤྱི་བཀའ་སྒྲུབ་པ་བཀའ་བརྒྱད་ལའང་། སྒོས་བཀའ་གཤིན་རྗེ་དང་། དྲག་སྔགས་དྲེགས་འདུལ་སོགས་དང་། སྤྱི་བཀའ་སྒྲུབ་སྡེ་བརྒྱད་ཆིག་དྲིལ་ལའང་དབང་དང་བསྐྱེད་རིམ་དང་ལས་ཚོགས་སྐོར་མ་ཧཱ། ཡང་དག་རྟ་མགྲིན་ཕུར་པ་སོགས་དང་། རྫོགས་རིམ་ཨ་ནུའི་ཐབས་གྲོལ་དང་དབང་བཞི་པའི་དོན་ཨ་ཏི་གཙོར་བཏོན་པ་ཤེས་ཆེ་བ་སྤྱིར་བཏང་གིས་སྨོས་པ་ལས་སྒྲུབ་སྡེ་བརྒྱད་སྤྱི་དང་བྱེ་བྲག་རེ་རེ་བཞིན་རྒྱུད་ལུང་མན་ངག་གི་དགོངས་པ་རྩལ་དུ་བཏོན་ནས་འཆད་ན་དབང་བཞི་ཀའི་ལམ་ཡོངས་རྫོགས་རེ་བཞུགས་པ་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་སྙན་བརྒྱུད་སྐོར་རྣམས་དང་། གཏེར་ཆེན་མཆོག་གླིང་གི་ཟབ་པ་སྐོར་བདུན་རྣམས་ལྟ་བུ་ཡིན་པས་མཐའ་གཅིག་ཏུ་ཁ་མཚོན་གཅོད་མི་ནུས་ལ། དོན་དུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཉིད་བླ་མེད་རྒྱུད་སྡེ་རྣམ་པ་གསུམ་ཀའི་དགོངས་བཅུད་གཅིག་ཏུ་དྲིལ་ནས་སྙིགས་དུས་ཀྱི་གང་ཟག་ཤེར་བརྩོན་དམན་ཞིང་བློ་རྨོངས་པ་ལ་དགོངས་ནས་ལྷ་གཅིག་སྒྲུབ་པས་བླ་མེད་རྒྱུད་སྡེ་རབ་འབྱམས་འདུས་པའི་ཉིང་ཁུ། གང་ཟག་གཅིག་གི་ཉམས་སུ་ལེན་བདེ་བ་མན་ངག་ལག་ལེན་དུ་བསྡེབས་པ་སྟེ། དེར་མ་ཟད་གཤིན་རྗེ་སོགས་སྒོས་བཀའ་བྱེ་བྲག་པ་རྣམས་ལ་ཡང་། དབང་མན་ངག་རྒྱུད་ལུང་ཚང་བ་རེ་བཞུགས་ཤིང་རིགས་དང་མཚན་གྱིས་དབྱེ་ན། སྒྲུབ་སྡེ་བརྒྱད་སྤྱིའི་དབང་དུ་བྱས་ན་སྐུ་དེ་བཞིན་གཤེགས་པ་གཤིན་རྗེ་གཤེད་དང་། སྒྲུབ་བྱེད་ཀྱི་ལམ་འཁོར་ལོ་བཞི་སོགས་དང་། སྒོས་བཀའ་གཤིན་རྗེ་གཅིག་ལ་དབྱེ་ན། སྐྱ་དེ་བཞིན་གཤེགས་རིགས་ཕྱག་རྒྱ་ཟིལ་གནོན་ཚེ་བདག་རྡོ་རྗེའི་རིགས་འཇོམས་བྱེད་འཆར་ཁ་ནག་པོ། རིན་པོ་ཆེའི་རིགས་ཁ་ཐུན། པདྨའི་རིགས་རུ་མཚོན་དམར་པོ། ལས་ཀྱི་རིགས་ཤོར་གསང་ཉི་མ་ཁྲོས་པ། ཁྲོ་ཆུ་ཀིང་ཀང་དམར་ནག་སོགས་གསུངས་པས་མཚོན་དུ་མ་ཡོད་ཅིང་། དོན་ལ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་གཅིག་ལས་ཆོས་ཅན་ཡེ་ཤེས་ཀློང་དགུ་གང་ལྟར་བཤད་ཀྱང་རྒྱུད་ཐ་དད་དང་དགོངས་པ་འགལ་འདུ་རུ་མི་གནས་པས་དོན་གནད་དགོངས་པ་གཅིག་ཏུ་འབབ་པ་ནི། ཕུར་བུ་བི་ཏོའ་ིརྒྱུད་ལས། བདེ་བར་གཤེགས་པ་གར་གྱི་བདག །འདོད་དགུར་བསྒྱུར་བས་གར་ཡང་བདེ། །གར་གྱི་དབང་ཕྱུག་ཆེན་པོ་ལ། མཁས་པས་ཕྱོགས་རེས་མི་བརྟག་གོ། ཞེས་གསུངས་པ་བཞིན་ནོ། །དེ་དག་སྒྲུབ་བྱེད་ལམ་གྱི་རྣམ་བཞག་ཀྱང་། །གཤིན་རྗེ་ལ་འཁོར་ལོ་བཞི། །རྟ་མགྲིན་ལ་རྟ་སྐད་ཐེངས་གསུམ། ཡང་དག་ལ་གྲུབ་པ་གཅིག་པུ། ཆེ་མཆོག་ལ་ཆོས་དོན་རྟགས་ཀྱི་བདུད་རྩི། ཕུར་པ་ལ་ཐལ་འབྱིན་རྣམ་པ་བཞི། མ་མོ་ལ་རྩ་རླུང་ཐིག་ལེའི་དགོངས་པ། རིག་འཛིན་ལ་བསྙེན་སྒྲུབ་ལས་གསུམ། མཆོད་བསྟོད་ལ་འབོད་རྦད་བསད་གསུམ། དྲགས་སྔགས་ལ་རྫོང་འཕྲང་སྲོག་གསུམ་གྱི་གནད་དང་། སྒྲུབ་སྡེ་བཀའ་བརྒྱད་ཆིག་དྲིལ་གྱི་རིམ་ལྔ་སོགས་ཟབ་རྒྱས་བསམ་མི་ཁྱབ་པ་བཞུགས་མོད་སྐབས་འདིར་བཤད་བྱའི་སྙིང་པོ་རྩ་རྒྱུད་ཐོད་པའི་དུམ་བུ་ལས། བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀུན༔ རང་ལས་ལོགས་སུ་མ་ཡིན་ཏེ༔ ཡེ་ཤེས་ལྟར་དུ་ཀློང་དགུའི་རྩལ༔ ཡི་དམ་ལྟར་དུ་སྒྲུབ་སྡེ་བརྒྱད༔ བྱང་སེམས་ལྟར་དུ་ཉེ་བའི་སྲས༔ རིག་འཛིན་ལྟར་དུ་འདི་ལྟར་ཏེ༔ ཞེས་གསུངས་པ་ལྟར་བསྒྲུབ་བྱ་སངས་རྒྱས་རྣམས་ཀྱི་ཐུགས་ཡེ་ཤེས་ཆེན་པོ་ཀློང་དགུའི་བདག་ཉིད། རྣམ་པ་མདོ་སྔགས་ཐུན་མོང་གི་ལམ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཡིན་པས་དེ་ལས་བྱང་སེམས་ཉེ་བའི་སྲས་རེ་རེའི་ཡང་བྱང་ཆུབ་སྤྱོད་པའི་རྣམ་ཐར་ནི་སངས་རྒྱས་ལས་ཀྱང་ལྷག་པ་ལྟ་བུ་དང་། མཚན་དང་རིགས་སྔགས་བཟུང་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མདོ་རྒྱུད་དུ་མ་ནས་ཡང་ཡང་བསྟན་པ་ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་འདུས་ཤིང་། གསང་སྔགས་བླ་མེད་ཀྱི་སྐབས་སུ་དཔལ་ཆེན་སྒྲུབ་སྡེ་བརྒྱད་སངས་རྒྱས་ཐམས་ཅད་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའ་ིདཀྱིལ་འཁོར་རབ་འབྱམས་ཀྱི་རིགས་བརྒྱའི་ཁྱབ་བདག་ཏུ་བཞུགས་པ་དང་། དེ་རེ་རེའི་ལྷ་སྔགས་ཀྱི་རྣལ་འབྱོར་གྱིས་མཆོག་དངོས་བདེ་བླག་ཏུ་སྒྲུབ་ནུས་པ་སྤྱི་དང་བྱེ་བྲག་གི་རྒྱུད་དང་སྒྲུབ་ཐབས་མན་ངག་ལས་རྒྱ་ཆེར་འབྱུང་བ་ཀུན་ཚོམ་བུ་གཅིག་ཏུ་སྒྲུབ་པ་དང་། འཛམ་གླིང་གདུལ་བྱ་ཐུན་མོང་གི་སྣང་ངོར་བཀའ་བབས་རིག་འཛིན་ཆེན་པོ་བརྒྱད་དུ་གྲགས་པ་ལས། ཀླུ་སྒྲུབ་དང་གུ་རུ་པདྨ་ལྟ་བུ་རེ་རེའི་ཡང་མཛད་པ་སངས་རྒྱས་དང་མཉམ་པ་སོ་སོའ་ིརྣམ་ཐར་དུ་གསལ་བ་ཐམས་ཅད་ཀུན་དཔལ་ཆེན་ཧེ་རུ་ཀ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་བསྡུས་པ་བླ་མའི་རྣལ་འབྱོར་སྐབས་བླ་མ་ཁྲོམ་ཚོགས་སུ་སྒོམ་པས་ཚེ་རབས་ཐམས་ཅན་དུ་མཁས་གྲུབ་ཀྱི་བླ་མ་མང་པོའ་ིརྗེས་སུ་འཛིན་པ་གཞོན་ནུ་ནོར་བཟང་ལྟ་བུ་དང་། བླ་མ་སོ་སོའ་ིམཁས་བཙུན་བཟང་གསུམ་གྱི་བྱིན་རླབས་དང་རྣམ་ཐར་གྱི་ཡོན་ཏན་ཐམས་ཅན་བདག་གཅིག་ལ་རྫོགས་པར་ཐོབ་པའི་རྟེན་འབྲེལ་ཡོད་པར་གསུངས་པ་ལྟར། སྒྲུབ་ཆེན་བཀའ་བརྒྱད་སོ་སོའ་ིབྱིན་རླབས་དངོས་གྲུབ་ཐམས་ཅད་དཀྱིལ་འཁོར་གཅིག་སྒྲུབ་པས་ཐོབ་ནུས་པ། བདེ་གཤེགས་སྒྲུབ་ཆེན་བརྒྱད་ཅེས་སྔ་འགྱུར་སྒྲུབ་སྡེའི་སྲོག་རྩ་གཅིག་པུ་རུ་གྱུར་པ་འདི་ཉིད་ལ། གསར་ཕྱོགས་ཀྱི་རྒྱུད་སྡེ་མ་རྒྱུད་རིགས་དྲུག་གི་ནང་ཚན་དཔལ་ཧེ་རུ་ཀའི་རིགས་བདེ་མཆོག་དང་དགྱེས་རྡོར། སྒྱུ་ཐོད་གདན་བཞི་མ་ཡ་རྣམས་དང་། རྡོ་རྗེ་སེམས་དཔའ་མ་ནིང་གི་རྒྱུད་གཉིས་མེད་དུས་ཀྱི་འཁོར་ལོའ་ིབསྐྱེད་རྫོགས་རྣམས་ཀྱིས་ཤིན་ཏུ་ཟབ་པར་གྲགས་པ་རྣམས་ཀྱིས་མཚོན་ཡི་དམ་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལ་འདུ། དེ་ཡང་བསྡུ་ན་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཡང་དག་ཧེ་རུ་ཀའི་དཀྱིལ་འཁྱོར་ལ་འདུ། འདི་ནི་རིགས་ཀུན་གྱི་ཁྱབ་བདག་ཧེ་རུ་ཀ་སྤྱི་རྒྱུད་ཀྱི་དགོངས་པ་དཔལ་རྡོ་རྗེ་སེམས་དཔའ་ཁྲོ་བོའ་ིསྐུར་བཞེངས་པ། གུ་རུ་རིན་པོ་ཆེའི་ལྷག་པའི་ལྷ་འདི་ལ་བརྟེན་ནས་ཕྱག་ཆེན་སློབ་པའི་འོད་གསལ་མཐར་ཕྱིན་པའི་ཚུལ་བསྟན་པ་རྣམས་གཙོ་འཁོར་གྱི་དབྱེ་བསྡུ་ཙམ་ལས་དོན་གྱི་ལྷ་སྔགས་ཀྱི་རྣམ་པ། ཟབ་མོའ་ིདགོངས་གནད་ཐམས་ཅད་གཅིག་ཏུ་དྲིལ་བ་སྟེ། གཞུང་ལས། གལ་པོ་ལ་སོགས་ཧེ་རུ་ཀའི༔ ཏནྟྲ་ཀུན་གྱི་བཅུད་ཀྱང་འདྲིལ༔ ཞེས་གསུངས། བཀའ་བརྒྱད་ཁོ་ན་ལའང་དཀྱིལ་འཁོར་གྱི་ལྷའི་རྣམ་པ་དང་། སྔགས་ཀྱི་ཁྱད་པར་ཏིང་ངེ་འཛིན་གྱི་གཟེར་ཁའི་ཁྱད་པར་གྱིས་དབྱེ་ན། མཆོག་གླིང་གི་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་བླ་མ་བཀའ་བརྒྱད། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིག་འཛིན་བདུད་གཤེད་བླ་ཕུར་བཀའ་བརྒྱད་སྦྲག་མ། རིག་འཛིན་སྐད་ལྡན་འདྲེན་མཛད་བླ་མ་བཀའ་བརྒྱད་དང་། སྙིང་པོ་སྐོར་ལྔའི་མཁའ་འགྲོ་དགུངས་འདུས་སྙིང་པོ་དང་། རྫོགས་ཆེན་སྡེ་གསུམ་བཀའ་སྲུང་ཡེ་ཤེས་མཁའ་འགྲོ་རྣམས་མཁའ་འགྲོ་བཀའ་བརྒྱད་དུ་གསུངས་པས་མཚོན་དུ་མ་བཞུགས་ལ། འདི་ནི་བཀའ་བརྒྱད་ཁོ་ནའི་ལྷ་སྔགས་ལ་དཔྱད་ན་བླ་མ་བཀའ་བརྒྱད་དྲག་སྔགས་ལྟར་སྒྲུབ་པའི་དགོངས་པ་གཙོ་བོར་སྟོན་ནམ་སྙམ་མོ། གསུམ་པ་བླ་མ་ལ་ཡིད་ཆེས་པ་ནི། ཚུལ་དེ་ལྟར་སྒྲུབ་བྱེད་ཉི་མའི་ཟེར་དང་སྒྲུབ་བྱ་སྤྲ་བ་སྐམ་པོར་མེ་མཆད་པའི་མཚམས་སྦྱོར་མེ་ཤེལ་ལྟ་བུ་ཀུན་འདུས་རིག་འཛིན་པདྨ་ས་བྷ་ཝ་ཞེས་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ནས་སྒྲུབ་ཆེན་བཀའ་བརྒྱད་ཚིག་དྲིལ་གྱི་སྒྲོམ་བཀའ་བབ་རིག་འཛིན་བརྒྱད་ཀྱིས་ཞལ་མ་ཕྱེད་པ་འབྱེད་པ་དང་། དེ་དག་གི་སྨིན་གྲོལ་ཡོངས་སུ་རྫོགས་ཤིང་རྒྱུད་ལུང་མན་དག་ཐམས་ཅན་ཀྱི་ལམ་གནད་དབྱེ་བསྡུ་ལ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་དབང་ཐོབ་ནས་རིག་འཛིན་བརྒྱད་ལས་ལྷག་པའི་དངོས་གྲུབ་མཆོག་གི་གོ་འཕང་བརྙེས་པའི་ཚུལ་བསྟན་ནས་དེ་དག་ལ་ཆོས་ཀྱི་སྐྱེས་ཕུལ་བ་དང་། རྒྱ་གར། ཟ་ཧོར། ཨུ་རྒྱན། བོད་ཡུལ་ཀུན་ཏུ་བཀའ་བརྒྱད་དང་བཀའ་འདུས་ཀྱི་ཆོས་འཁོར་བསྐོར་ནས་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚངས་བརྟོལ་བ་སོགས་སྤྱི་དཔལ་ཆེན་པོ་དངོས་དང་ཞལ་མི་གཉིས་པ་དེ་ཉིད་བླ་མ་དྲག་པོ་གཏུམ་ཆེན་མཐིང་གའི་སྐུར་བཞེངས་པ་འདིར་བླ་མའི་སྒྲུབ་སྐོར་ལ། སྒྲུབ་ཚུལ་བཞི་ལས་བླ་མ་ཤིན་ཏུ་དྲག་པོ་མཐིང་གའི་གསང་སྒྲུབ་ལྟར་བཀྲལ་བས་སྒྲུབ་པའི་ཕྱིར། བླ་མ་ཡི་དམ་གཉིས་སུ་མེད་པར་སྒྲུབ་པ་ལ་བླ་མ་བཀའ་བརྒྱད་ཅེས་ཡོངས་སུ་གྲགས་པ་མངའ་རིས་པཎ་ཆེན་རིན་པོ་ཆེའི་ཟབ་གཏེར་རིག་འཛིན་ཡོངས་འདུས་དང་། གྲོལ་ཐིག་ལམ་རྒྱས་པའི་ཡང་ཞུན་ལྟ་བུ་སྟེ། ཌཱ་ཀིའི་གསང་གཏན་ཆེན་མོ་ལས། གུ་རུ་རིན་པོ་ཆེ་དང་འཇམ་དཔལ་བཤེས་གཉེན་གྱི་ཞལ་གཟིགས་པའི་རྗེས་ཚེ་འདིའི་སྣང་བ་ཕལ་ཆེར་བརྗེད་ནས་སྐྱེ་བ་འཕོས་པ་ལྟ་བུ་ལ་མངའ་རིས་པཎ་ཆེན་གྱི་བག་ཆགས་འལ་འོད་ཆད་ཆོད་དུ་གསལ་བ་ཁོ་ནའི་ངང་དུས་འདས་ཞེས་སོགས་བྱིན་རླབས་ཀྱི་བབ་ཐོབ་ཚུལ་གྱིས་ཤེས་ཤིང་། གཞུང་ཉིད་ལས་ཀྱང། འདི་བླ་མ་ཡི་དམ་གྱི༔ རྣམ་པར་སྒྲུབ་པས་བྱིན་རླབས་མྱུར༔ ཞེས་གསུངས། དེས་ན་གསང་རྫོགས་ལས། སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ལྷའི་འཁོར་ལོ་མངོན་སུམ་མཐོང་མི་ནུས་པའི་གདུལ་བྱའི་དོན་དུ། དཀྱིལ་འཁོར་གྱི་བདག་པོ་ཧེ་རུ་ཀ་བརྒྱད་པོ་ཉིད་རིག་པ་འཛིན་པ་གཙོ་བོའ་ིཚུལ་དུ་སྣང་། ཞེས་འབྱུང་བ་དང་། རྒྱུད་གཞན་ལས། དབང་གི་སྐབས་སུ་སངས་རྒྱས་རྣམས་སློབ་དཔོན་གྱི་ལུས་ལ་ཞུགས་ནས་རྗེས་སུ་འཛིན་པས་སངས་རྒྱས་སྟོང་མཆོད་པ་བས་རྡོ་རྗེ་སློབ་དཔོན་གྱི་བ་སྤུ་གཅིག་མཆོད་པས་བསོད་ནམས་ཀྱི་ཚོགས་ཆེ་བར་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་བཀའ་བབ་རིག་འཛིན་བརྒྱད་དང་ཁྱད་པར་སློབ་དཔོན་པདྨ་ཀཱ་རའི་ཞབས་འདིའི་སྐུའི་རྣམ་འགྱུར་འཁྲུངས་རབས་ཐམས་ཅད་རྣལ་འབྱོར་བླ་མེད་ཀྱི་ཀུན་སྤྱོད་ཉག་གཅིག་གི་སྟེང་ནས་སོང་བས་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝ་ཞེས་མཚན་དུ་གྲགས་པས་ན་སྤྲུལ་སྐུ་རྣམས་ཀྱི་ཐུགས་ཀྱི་རྒྱུད་ཚོད་ལ་མཆོག་དམན་གྱི་དབྱེ་བསམ་མེད་ཀྱང་གདུལ་བྱ་འདུལ་བའི་མཛད་སྤྱོད་ཀྱི་དབང་གིས་བླ་མ་གུ་རུ་རིན་པོ་ཆེ་ཉིད་ཡི་དམ་གྱི་ཚུལ་དུ་སྒྲུབ་ན། གསང་སྔགས་ཀྱི་བླ་མ་ནི་དབང་གི་ཆུ་བོའ་ིམཛོད་འཆང་བ་ཞིག་ཡིན་པས་སྒྲུབ་པ་པོ་རྡོ་རྗེའི་རིགས་ཀྱི་སྐལ་པ་མཆོག་ལྡན་དུ་བྱིན་གྱིས་བརླབས་ལ་ཐུགས་རྗེ་མྱུར་ཞིང་། བླ་མ་ནི་གདུལ་བྱ་ལ་ཡི་དམ་དང་མཁའ་འགྲོ་ལས་ཐུགས་བརྩེ་ངེས་པར་ཆེ་བ་དང་གདུལ་བྱས་ཀྱང་དངོས་སུ་ཞལ་མཐོང་གསུང་ཐོས་པའི་སྒྲུབ་ཐག་སྙིང་ཉེ་བ་ལྟ་བུར་སོང་བས་ཡི་དམ་དང་མཁའ་འགྲོའ་ིབྱིན་རླབས་གཡེལ་ཞུད་ཀྱི་སྐྱོན་དང་ཉེས་པ་ལེགས་པར་གསོས་ཏེ། བྱིན་རླབས་དངོས་གྲུབ་མྱུར་ཞིང་བར་ཆད་མེད་པ་དང་རས་ལ་འབྱར་རྩི་རྒྱབ་སྟེ་གདོད་ཚོན་ཆུར་བཅུག་ན་ཇི་ལྟར་འདོད་པའི་འཛིན་བཏུབ་པས་ཁ་དོག་བཟང་པོ་འབྱུང་བ་བཞིན། རྩ་བ་གསུམ་གྱི་སྒྲུབ་ཚུབ་སྤྱིར་བཤད་ན། ཐོག་མར་བྱིན་རླབས་ཀྱི་རྩ་བ་བླ་མ་སྒྲུབ་པས་མྱུར་ཞིང་དངོས་གྲུབ་ཀྱི་སྒོ་འབྱེད་ཡིན་པས་བསྟེན་པ། བར་དུ་དངོས་གྲུབ་ཀྱི་རྩ་བ་སངས་རྒྱས་ཀྱི་དག་པའི་གཟུགས་སྐུ་མཐར་ཐུག་ཡི་དམ་གྱི་ལྷ་དང་སྐལ་མཉམ་དུ་བྱེད་པས་སྒྲུབ་པ། མཐར་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའ་ིཕྲིན་ལས་མྱུར་ཞིང་ལས་ཀྱི་གཉེར་འཛིན་པས་ལས་སྦྱོར་ཚུལ་འབྲེལ་ཆགས་པར་གསུངས་པ་ཡང་འདིར་བཀའ་བརྒྱད་གཅིག་ལ་རྩ་བ་གསུམ་ཀ་ཆིག་དྲིལ་དུ་བྱས་ཏེ་བསྟེན་སྒྲུབ་ལས་གསུམ་ཚིག་རྫོགས་སུ་གསུངས་པས་ཤིན་ཏུ་ཟབ་པ་དང་། གུ་རུ་རིན་པོ་ཆེས་བོད་དུ་ཐོགས་མར་སངས་རྒྱས་ཀྱི་བསྟན་པ་སྤེལ་ནས། གཙུག་ལག་ཁང་དང་སྒྲུབ་གནས་མཛད་སྐུ་ཚབ་ལུང་བསྟན། མཚོ་བྲག་ལ་སྐུ་དང་ཕྱག་ཞབས་ཀྱི་རྗེས་བཞག ཚེས་བཅུའི་དུས་ཆེན་དང་ཉི་མ་འཆར་ནུབ་དུས་བོད་ལ་འབྱོན་པ། གཏེར་སྟོན་དང་གཏེར་གནས་མང་པོ་དུས་སུ་སྣང་ཞིང་། བོད་ཀྱི་ལྷ་འདྲེ་ཐམས་ཅན་བྲན་དུ་བཀོལ། རྒྱུད་འབུམ་བསྒྱུར་ཞུས་དང་། ཇོ་བོ་རྗེ། མི་ཏྲ་ཇོ་ཀི་སྙིང་པོའ་ིཞབས་སོགས་སྤྲུལ་པས། བཀའ་གཏེར་དག་སྣང་གི་ཆོས་རྒྱུན་བཙུགས་པ་སོགས་ཕྱག་མཚན་དུ་ལྷག་པར་བཞེས་པས་བོད་ཡུལ་བསྐལ་པ་མང་པོའ་ིགོང་ནས་ཐུགས་བསྐྱེད་དང་སྨོན་ལམ་གྱིས་འབྲེལ་བའི་བླ་མའི་སྐལ་བར་ངེས་པ་དང་། རྗེ་དེའི་ཐུགས་དམ་གཙོ་བོ་སྒྲུབ་སྡེ་བརྒྱད་ཆིག་དྲིལ་བཀའ་བརྒྱད་ཡིན་ཅིང་། དེའི་རྒྱུད་ལུང་མན་ངག་གི་བཀའ་བབ་བརྙེས་ཏེ་སྤྱི་དཔལ་ཆེན་པོ་དང་ཐ་མི་དད་པའི་གོ་འཕང་བརྙེས་པའི་བཀའ་བརྒྱད་འདི་ནི་གསང་སྔགས་བསྟན་པའི་སྙིང་པོར་གདམས་ཏེ་རྒྱུད་ལུང་མན་ངག་ཀུན་ལས་བཀའ་བརྒྱད་རྣམ་གསུམ་ནི་ཡང་ཉམས་སུ་མི་རུང་བའི་བཀའ་གཙིགས་ཀྱིས་ཕྱག་རྒྱས་བཏབ་པའི་ལྷ་ཡིན་པས་དེ་གཉིས་དབྱེར་མེད་སྒྲུབ་ཚུལ་འདི་ནི་ཐུགས་སྒྲུབ་ཀུན་གྱི་སྙིང་པོ་འབྲེལ་ཚད་དོན་ལྡན་ཡིན་པའི་རྒྱུ་མཚན། ཟ་ཧོར་གྱི་རྒྱལ་ཁབ་ཨོ་རྒྱན་རྒྱལ་པོ་ཚོམ་བུ་དང་བཅས་པ། རྗེ་འབངས་སྙིང་གི་བུ་དགུ་ལ་བསམ་ཡས་བྲག་དམར་ཀེའུ་ཚང་ནས། བོད་ཡུལ་གྱི་གསང་སྔགས་ཆོས་ཀྱི་སྨིན་གྲོལ་གྱི་ཐོག་མ། སྲིན་ཡུལ་དུ་ཕེབས་ཁར་རྒྱལ་སྲས་ལྷ་རྗེ་སོགས་རྗེ་འབངས་ཡབ་ཡུམ་ཉེར་གཅིག་ལ། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་འབྲལ་ཁའི་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་པ་ཀུན་དོན་དུ་སྒྲུབ་པ་བཀའ་བརྒྱད་ཁོ་ནར་ངེས་པས་ཐུགས་ཀྱི་བརྣག་པ་མཐར་ཐུག་སྟེ། བཀའ་འདུས་སྔ་ཕྱི་བར་གསུམ་གྱི་བར་པ་བླ་མ་དགོངས་འདུས་གསེར་ཆོས་འབྲེལ་ཚད་དོན་ལྡན་བསྔགས་བརྗོད་རྒྱ་ཆེར་གནང་བ་ཡང་། བླ་མ་དང་ཡི་དམ་དབྱེར་མེད་དུ་སྒྲུབ་པ་ལ་གཙོ་བོར་དགོངས་པས་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཡིན་པས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། སྤྱིར་ཡང་མ་འོངས་བོད་ཡུལ་སེམས་ཅན་རྣམས༔ བླ་མའི་སྐལ་པ་པདྨ་འབྱུང་གནས་ཡིན༔ རང་ཉིད་བླ་མ་པདྨའི་རྣམ་པར་བསྒྱུར༔ བྱིན་རླབས་ཐུགས་རྗེ་ལྷག་ཏུ་ཆེ་བར་འབྱུང༔ ཐུགས་སྒྲུབ་རྒྱས་བསྡུས་ཡོངས་ཀྱི་གཞུང་ལྟར་སྒྲུབ༔ ཚེ་གཅིག་སངས་རྒྱས་མ་འགྲུབ་ཁོ་མོས་མནའ༔ ཞེས་དང་། ལམ་རིམ་ཡེ་ཤེས་སྙིང་པོར་ཡང་། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ རྩ་གསུམ་ཀུན་འདུས་པདྨ་ང་ཉིད་སྒོམ༔ ཞེས་དང་། ཐུགས་སྒྲུབ་བར་ཆད་ཀུན་སེལ་དབང་ཆོག་ནོར་བུའི་ཕྲེང་བ་ལས། དེ་ལྟར་ཟབ་པའི་ཡང་རྩེ་གསང་སྔགས་ཀྱི༔ འཇུག་སྒོ་སྙིང་པོ་དབང་གི་རིམ་པ་སྟེ༔ དེ་ཡང་བླ་མ་ཡི་དམ་དབྱེར་མེད་པའི༔ ཚུལ་ལ་བརྟེན་ན་བྱིན་རླབས་ལྷག་པར་ཆེ༔ ཞེས་གསུངས། རྒྱུ་མཚན་དེའི་བླ་མ་གསང་འདུས་ཀྱི་སྒྲུབ་པ་ལུང་གི་བྱང་བུ་ལས། འབྲས་བུ་གསང་སྔགས་རྡོ་རྗེ་ཡི༔ རྒྱུད་དང་ལུང་ཆེན་ཀུན་ལས་ཀྱངཿ ཚོགས་ཆེན་གཉིས་རྫོགས་སྙིང་པོ་ཡི༔ དོན་རྟོགས་འདོད་ན་བླ་མ་སྒྲུབ༔ ཞེས་གསུངས་པའི་རྒྱུ་མཚན་མདོ་རྒྱུད་སྤྱི་དང་ཁྱད་པར་གསང་སྔགས་ཀྱི་ལམ་ནས་དངོས་གྲུབ་ཐམས་ཅད་བླ་མའི་བྱིན་རླབས་འབའ་ཞིག་ལ་རགས་ལས་ཤིང་། དེར་མ་ཟད་བསྐྱིད་རྫོགས་རྫོགས་ཆེན་གྱི་ལམ་ཀུན་གྱི་གེགས་སེལ། བོག་འདོན། ཉམས་ལེན་གྱི་སྲོག་རྩ་ཐམས་ཅད་བླ་མའི་རྣལ་འབྱོར་ཁོ་ནར་ངེས་པར་ཡང་ཡང་གསུངས་པ་དང་། ཁྱད་པར་ཀུན་མཁྱེན་བླ་མ་རིག་འཛིན་འཇིགས་མེད་གླིང་པ་ཉིད་དང་པོ་ལམ་གྱི་གྲོལ་བ་བརྙེས་སྐབས་ཀྱང་། རབ་མཆོག་མོས་གུས་ཀྱིས་གྲོལ་ཏེ་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་སར་ཕེབས། ཟབ་ཆོས་ཀྱི་བཀའ་བབ་ཐམས་ཅད་ཀྱང་རྩ་གསུམ་གང་ལྟར་སྒྲུབ་ཀྱང་རྣམ་པ་དང་ངོ་བོ་གཉིས་ཀ་རིག་འཛིན་བླ་མ་ཞི་དྲག་དང་། བླ་མ་མཁའ་འགྲོའ་ིཚུལ་དུ་གསུངས་པས་རིག་འཛིན་བླ་མའི་སྒྲུབ་སྡེའི་བཀའ་བབ་ཏུ་སངས་རྒྱས་གཉེར་པ་སློབ་དཔོན་ཆེན་པོ་ཉིད་ཀྱིས་བླ་མ་དགོངས་འདུས་ལས་རྡོ་རྗེའི་ལུང་གིས་བསྔགས་པ་སྟེ། སྙིང་ཐིག་གི་རྫོགས་རིམ་དང་། རིག་འཛིན་གྱི་བསྐྱེད་རིམ་ལ་བརྟེན་ནས་འགྲོ་ཀུན་རིག་འཛིན་རྣམ་པ་བཞིར་སྦྱོར་བའི་ལམ་སྟོན་དུ་བསྔགས་པའི་ཕྱིར་ཞེས་ཀུན་མཁྱེན་བླ་མ་རང་གིས་ཀྱང་དེ་ལྟར་ཞལ་གྱིས་བཞེས་པ་ལྟར་དང་། སྒྲུབ་བྱའི་ལྷ་རྩ་གསུམ་ཞི་ཁྲོ། སྒྲུབ་པ་བཀའ་བརྒྱད་སོགས་མཚན་དང་དཀྱིལ་འཁོར་གང་ལྟར་སྣང་། ཡང་དོན་ལ་བླ་མའི་ཐུགས་ཡེ་ཤེས་ཆེན་པོའ་ིརོལ་པ་གཅིག་ལས་ཐ་དད་དུ་མ་དམིགས་པར་ཤེས་པ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་དངོས་གྲུབ་མྱུར་དུ་ཐོབ་བྱེད་ཀྱི་གནད་ཟབ་མོ་སྟེ། བླ་མ་ཡང་གུ་རུ་རིན་པོ་ཆེ་དང་དབྱེར་མེད་ཤེས་ན་བོད་ཀྱི་བླ་མའི་སྐལ་པ་དང་སྙིགས་མ་དམུ་རྒོད་ཀྱི་སེམས་ཅན་ལས་ཉོན་ནད་མུག་མཚོན་འཁྲུགས་ཀྱིས་མནར་བ་ཀུན་འདུལ་བ་ལ་ཐུགས་རྗེ་ལྷག་པར་མྱུར་ཞིང་མཁྱེན་བརྩེ་འཕྲིན་ལས་སྟོབས་དང་ཤུགས་བླ་མ་སངས་རྒྱས་བྱང་སེམས་ཀུན་ལས་ཆེ་བ་སྟེ། རིག་འཛིན་རྩ་རྒྱུད་ཐོད་དུམ་ལས། འདི་ནི་རིག་འཛིན་རྡོ་རྗེ་ཆོས༔ སྟོན་པ་རང་ཉིད་སྡུད་བྱེད་ཀྱི༔ ཚུལ་བཟུང་ཟབ་མོའ་ིགསང་བ་འཛིན༔ གཙོ་དང་འཁོར་གྱི་ཚོལ་བུའི་ཚུལ༔ ལྟར་དུ་བསྟན་པའི་མན་ངག་བཅུད༔ གསང་སྔགས་ཀུན་གྱི་འབྲས་བུ་སྟེ༔ མངའ་བདག་རྒྱལ་པོའ་ིཆོས་སྐལ་ཡིན༔ ཞེས་སོ། ཁྱད་པར་རིག་འཛིན་འདུས་པའི་དྲག་སྒྲུབ་དང་བཀའ་བརྒྱད་དྲག་སྔགས་ལྟར་སྒྲུབ་པ་ཡི་དམ་ཀུན་འདྲིལ་འདི་ལྟ་བུ་ནི་སྙིགས་དུས་ཀྱི་རྒྱལ་བསེན་དམ་སྲིའི་བར་ཆད་ཐམས་ཅད་ནང་རང་རྒྱུད་ཀྱི་ཉོན་མོངས་དུག་ལྔའི་རང་གཟུགས་ཏེ། དེ་ཀུན་གྱི་རྩ་བ་ཞེ་སྡང་དང་གཏི་མུག་གཉིས་ཡིན་པས་འདུལ་བྱེད་ཀྱི་གཉེན་པོ་ཡང་རྡོ་རྗེའི་རིགས་གུ་རུ་དྲག་མཐིང་དང་ཆེ་མཆོག་དབྱེར་མེད་པ་ཉིད་གཉེན་པོ་སྟོབས་ཀྱི་ལྷ་ཚན་ཆེ་ཞིང་བྱིན་རླབས་མྱུར། དུས་བབ་ཀྱི་ཟབ་ཆོས་སྒྲུབ་བྱ་མ་ནོར་བ་སྟེ། གཞུང་ལས། མ་འོངས་ལྔ་བརྒྱ་ཐ་མའི་ཚེ༔ མཐའ་ཡི་རྒྱ་འདྲེ་འབྱུང་པོ་དང་༔ དབུས་ཀྱི་དམ་སྲི་གློ་བུར་བསྡོངས༔ ཆོས་པའི་སྙིང་ཞུགས་མི་དགེ་སྤྱོད༔ སྐྱེ་བོའ་ིསྙིང་ཞུགས་སྡིག་རྒྱུན་སྤེལ༔ རྨི་ལམ་བཙུན་པ་བྱ་སྤྲེལ་རྨི༔ བག་མི་ཕེབས་ཤིང་སྙིང་རླུང་ལྡང༔ དེ་ཚེ་གཉེན་པོ་སྟོབས་ཀྱི་ལྷ༔ ཕལ་གྱིས་ཐུལ་བར་མི་འགྱུར་བས༔ ཕྱི་ལྟར་བྱང་སེམས་ནང་རིག་འཛིན༔ གསང་བ་དྲག་གཏུམ་འབར་བའི་ལྷ༔ བདེ་གཤེགས་ཡོངས་རྫོགས་སྒྲུབ་སྡེ་བརྒྱད༔ དཔལ་ཆེན་འདུས་པའི་སྒྲུབ་པ་འདིས༔ ལོག་འདྲེན་འདུལ་བར་ཐེ་ཚོམ་མེད༔ ཤིན་ཏུ་གསང་ཞིང་རང་ཉམས་ལོངས༔ བསྟན་འགྲོའ་ིདོན་དུ་སྙིང་སྟོབས་བསྐྱེད༔ ཞེས་གསུངས་པ་ལྟར། སློབ་དཔོན་སངས་རྒྱས། གཉིས་པ་ཉིད་སྤྱི་དཔལ་ཆེན་པོ་དང་གཉིས་སུ་མེད་པའི་གོ་འཕང་མཐོང་བའི་ཆོས་ལ་མངོན་གྱུར་དུ་མཛད་ནས་འཕགས་བོད་ཀུན་ཏུ་བཀའ་བརྒྱད་དང་བཀའ་འདུས་ཀྱིས་ལས་ཅན་རྗེ་འབངས་རྣམས་ལོ་ཟླ་ཙམ་གྱིས་མཆོག་གི་རྡོ་རྗེའི་རིག་པ་འཛིན་པའི་ས་ལ་སྦྱོར་བས་གྲུབ་ཐོབ་ཀྱི་ཚངས་བརྡོལ་བ་དང་། རྗེ་འབངས་སོ་སོའ་ིངོ་སྐལ་བཀའ་བརྒྱད་ཀྱི་རྒྱུད་ལུང་མན་ངག་མདོ་རྒྱུད་སྙིང་པོ་དུ་མས་སྨིན་གྲོལ་མཛད་དེ་གཏེར་ཁ་ཕལ་ཆེར་ལས་བཀའ་བརྒྱད་ཀྱི་ཆོས་སྡེ་མ་བྱོན་པ་མེད་པས་ད་ལྟའང་གདམས་པའི་ལྷག་མ་བཀའ་བརྒྱད་ལུགས་སྲོལ་མི་འདྲ་བ་བཅུ་དགུ་ཙམ་སྨིན་གྲོལ་མ་ཉམས་པར་བཞུགས་པ་དང་། ཁྱད་པར་བོད་ཡུལ་གདུལ་བྱའི་གཙོ་བོ་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁུ་དབོན་ནི་སྐུའི་སྐྱེ་བ་ཐམས་ཅད་དུ་དཔལ་ཆེན་བཀའ་བརྒྱད་ཉིད་ཐུགས་དམ་ལྷག་པའི་ལྷར་ཕོག་སྟེ་གུ་རུ་སྲིན་ཡུལ་དུ་གཤེགས་ཁར་འབྲལ་ཁའི་ཞལ་ཆེམས་འདས་རྗེས་ཀྱི་ཚུལ་དུ་བཀའ་དུས་ཆོས་ཀྱི་རྒྱ་མཚོའི་གསང་མཛོད་ཕ་ཕོག་ཏུ་གཏད་རྒྱ་མཛད་པ་ལྟར་མངའ་བདག་ཉང་རིན་པོ་ཆེ་གུ་རུ་ཆོས་ཀྱི་དབང་ཕྱུག། རིག་འཛིན་རྒོད་ལྡེམ་སོགས་ཀྱིས་བཀའ་བརྒྱད་ཡི་དམ་ལྟར་སྒྲུབ་པའི་རྒྱུད་ལུང་མན་ངག་དང་། མངའ་རིས་པཎ་ཆེན་རིན་པོ་ཆེའི་བཀའ་བརྒྱད་བླ་མ་ལྟར་སྒྲུབ་པ། ཡབ་རྗེ་ཨོ་རྒྱན་གླིང་པའི་བཀའ་འདས་ཆོས་ཀྱི་རྒྱ་མཚོའི་གསར་སྙིང་གི་རྒྱུད་སྡེ་རབ་འབྱམས་ཚོམ་བུ་ཉེར་གཅིག་དང་མངའ་བདག་འཇམ་པའི་དབྱངས་ཚངས་པ་ལྷའི་མེ་ཏོག་འབྲས་བུ་མཐར་ཕྱིན་པའི་སྨོན་ལམ་གྱི་རང་གཟུགས། རྒྱལ་སྲས་ལྷ་རྗེའི་སྐྱེ་བ་བཅུ་གསུམ་པ་ཀུན་མཁྱེན་བླ་མ་འཇིགས་བྲལ་གླིང་པ་ཉིད་ཡིན་པ། རྡོ་རྗེའི་གསུངས་ཚད་མས་ཞལ་གྱིས་བཞེས་པའི་ཐུགས་ཐིག་མཐར་ཐུག་དཔལ་ཆེན་འདུས་པ་ཉིད་ཡིན་པ་དང་། གང་དང་གཉིས་སུ་མེད་པའི་ཐུགས་རྗེ་ཡས་སྤྲུལ་གངས་ཅན་མཁས་གྲུབ་རྒྱ་མཚོའི་དེད་དཔོན་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རིང་བརྒྱུད་དེ་དག་ཐམས་ཅད་གསན་ཏེ་ཉམས་བཞེས་ཚུལ་བཞིན་གནང་བས། ཨོ་རྒྱན་སངས་རྒྱས་གཉིས་པ་རྗེ་འབངས་གཏེར་སྟོན་སོ་སོའ་ིཡེ་ཤེས་ཀྱི་སྐུའི་རྗེས་སུ་བཟུང་སྟེ་སྨིན་གྲོལ་ཡོངས་སུ་རྫོགས་པའི་ཆུ་བོ་གཅིག་ཏུ་འདུས་པ། སྐལ་བཟང་གི་བཙས་སུ་སླར་ཡར་སྣང་བ་མཛད་ནས་བརྒྱུད་པ་དང་བྱིན་རླབས་ཉམས་པ་གསོས། གུ་རུ་རིན་པོ་ཆེའི་དངོས་ཀྱི་ཞལ་གཟིགས་ནས་རྗེས་སུ་གདམས་པའི་ཉེ་བརྒྱད་ཁྱད་པར་ཅན་རྣམས་ཀྱི་རྒྱུད་ལུང་མན་ངག་སྨིན་གྲོལ་ངོ་མཚར་ཅན་ཟབ་རྒྱས་ད་ལྟའང་མ་ཉམས་པར་བཞུགས་བཞིན་པའི་རྟེན་འབྲེལ་གྱི་དབང་གིས་བདག་ཅག་གུ་རུའི་རྗེས་སུ་འཇུག་པ་ཀུན་ཀྱང་སྔོན་བྱུང་སྟོན་པའི་རྣམ་ཐར་བཞིན་རྗེས་འཇུག་གདུལ་བྱའི་ཉམས་ལེན་ཀྱང་ལྷག་པའི་ལྷ་འདི་ལྟ་བུ་ལ་བསྟེན་ན་གནས་སྐབས་ས་ལམ་གྱི་བར་ཆད་ཞི་ཞིང་མཐར་ཐུག་མཆོག་གི་དངོས་གྲུབ་ལ་སྤྱོད་པའི་སྐལ་བཟང་མཐོང་ཆོས་ལ་མངོན་དུ་འགྱུར་བ་གདོན་མི་ཟ་ཞིང་། ཁྱད་པར་དེང་དུས་ཀྱི་གདུལ་བྱ་བློ་རྨོངས། བརྩོན་འགྲུས་ཆུང་། ལྟོ་གོས་ཀྱི་ཁོལ་པོར་མི་ཚེ་སྟོང་ཟད་དུ་བཅུག་པ་གལ་ཆུང་ཆོས་ལ་བྱས་ནས་ཞག་བདུན་ཕྲག་ཁ་ལོང་བའི་ཐོས་བསམ་སྒོམ་པ་ལ་བརྩོན་པ་མི་ནུས་པའི་སྐབས་འདི་ལྟ་བུ་ལ་ཆེད་དུ་དགོངས་ནས་ཚིག་ཉུང་དོན་ཟབ་བྱིན་རླབས་དང་ནུས་མཐུ་མྱུར། གདུལ་བྱའི་དུས་སྐབས་དང་མཐུན་པའི་མན་ངག་བློ་གཏད་གཅིག་ཆོག་ཏུ་དེ་དག་ཀུན་གྱི་བཅུད་དྲིལ་ལྟ་བུ་འདི་ཉིད་ཡིན་པའི་ཚུལ་གཞུང་ལས། གལྤོ་ལ་སོགས་ཧེ་རུ་ཀའི༔ ཏནྟྲ་ཀུན་གྱི་བཅུད་ཀྱང་འདྲིལ༔ ལས་ལ་མི་ལྟོས་དཔལ་ཆེན་པོའ༔ི སྲོག་ནས་འཕྲོགས་ནས་རྣོ་ལ་མྱུར༔ དབང་གི་ཆུ་བོ་མ་ཉམས་སྟེང༔ བརྒྱུད་པ་བདུན་ལྡན་སྒྲུབ་ཐག་ཉེ༔ ཞེས་དང་། གཏེར་འདི་གཞི་ལམ་འབྲས་བུའི་རྒྱུད༔ རྒྱལ་བ་དགོངས་དང་རིག་འཛིན་གྱི༔ བརྡ་ལས་དབང་དང་བྱིན་རླབས་འབྱུང༔ མཁའ་འགྲོ་གསང་བའི་ཡི་གེ་ལས༔ ཚིག་དང་དོན་དུ་མི་འགལ་ཞིང༔ དངོས་གྲུབ་སྒྲུབ་ལ་མི་བསླུ་བ༔ པདྨ་ང་ཡི་ཁྱད་ཆོས་ཏེ༔ རང་བྱུང་རྡོ་རྗེའི་དཔལ་དུ་ཤོག༔ ཅེས་གསུངས་པའི་ཚུལ་ལ་ཐུགས་གཞིགས་ཀྱིས་འོད་གསལ་སྙིང་ཐིག་གི་གྲུབ་མཐའ་འཛིན་པ་ཀུན་ནས་ཚེས་བཅུའི་དུས་མཆོད་ཙམ་ལ་སྙིང་ཐིག་གི་གྲུབ་མཐའ་ཡིན་རློམས་མི་མཛད་པར་རྒྱུད་ལུང་མན་ངག་གི་སྲོག་རྩ་དམར་འབྱིན་སྐོར་ལ་གསན་བསམ་སྒོམ་པ་གལ་ཆེ་བར་སེམས་ཞེས་གསོལ་བ་འདེབས་པ་ལགས། གཉིས་ཇི་ལྟར་སྒྲུབ་པའི་ཚུལ་ལ། སྒྲུབ་བྱེད་རིན་ཐང་དཔོག་པའི་ཟོངས་ལྟ་བུ་དབང་བཞིའི་རིམ་པ་དང་རྗེས་སུ་འབྲེལ་བའི་ལམ་སྒོང་སྐྱེས་ཀྱི་བག་ཆགས་སྦྱོངས་བ་རྒྱས་པ་ཆེན་པོའ་ིབསྐྱེད་རིམ་དཔལ་ཆེན་ལས་བྱང་རྒྱས་འབྲིང་། མངལ་སྐྱེས་སྦྱོངས་བ་རིག་འཛིན་ཡབ་བཀའ་དང་། བརྫུས་སྐྱེས་སྦྱངས་བ་ཡུམ་བཀའ་དང་། ཡང་གསང་བླ་སྒྲུབ་རྣམས་དང་། ཀུན་གྱི་རྫོགས་རིམ་རང་ལུས་དང་གཞན་ལུས་ཀྱི་སྙན་བརྒྱུད་སྦས་དོན་ཐབས་ལམ། མན་ངག་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་དང་བཅས་དང་ཁྲིད་ཡིག་ཡེ་ཤེས་བླ་མ་རྩ་བ་ཡན་ལག་ཡི་གེ་མང་དུ་བཞུགས་ཀྱང་སྐབས་འདིར་འཆད་བྱ་སྒྲུབ་ཚུལ་ཚོང་གི་ཐབས་ལ་མཁས་པ་ལྟ་བུ། དཔལ་ཆེན་འདུས་པ་རྩ་བའི་ལས་བྱང་གི་སྒོམ་དོན་བསྐྱེད་བཟླས་ཀྱི་ལམ་ཉིད་བཤད་པ་ལ་གསུམ། སྔོན་འགྲོ་བསགས་སྦྱངས་འགལ་སྤངས་མཐུན་སྒྲུབ་ཀྱི་རིམ་པ་དང་། དངོས་གཞི་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པ། རྗེས་ཕྲིན་ལས་ཀྱི་ཁ་སྐོང་བའི་ལས་རིམ་མོ། །དང་པོ་ལ། སྤྱི་དང་བྱེ་བྲག་གི་སྔོན་འགྲོ་གཉིས་ལས། དང་པོ་ནི་རིག་འཛིན་བསྙེན་ཡིག་ལས། ཐུན་མོང་གི་སྔོན་འགྲོས་རྒྱུད་ལེགས་པར་སྦྱངས། བླ་མའི་རྣལ་འབྱོར་གྱི་དབང་བཞི་བླང་བ་ལ་ནན་ཏན་བྱས་པས་ཉམས་ཆག་དག་ཅིང་སྒྲུབ་པ་མཐར་ཕྱིན་པ་ཡིན། ཞེས་གསུངས་པ་ལྟར། རང་རེ་ནང་པ་སངས་རྒྱས་པའི་མདོ་སྔགས་ཀྱི་ཆོས་གང་ཉམས་སུ་བླངས་ཀྱང་ངེས་འབྱུང་གི་གཞི་བཟུང་དགོས་པས་དེ་ཉིད་བསྐྱེད་པའི་ཐབས་བློ་ལྡོག་རྣམ་བཞི་དང་སྐྱབས་འགྲོ། ཐེག་པ་ཆེན་པོའ་ིཆོས་ཀྱི་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་། གསང་སྔགས་ཀྱི་སྣོད་རུང་དུ་བྱ་ཕྱིར་རྒྱུད་རྣམ་པར་དག་པ་དང་། བསོད་ནམས་ཀྱི་སྐལ་པ་ཆེ་བ་མོས་གུས་ཐུན་མིན་དུ་སྐྱེ་དགོས་པ་དེ་དག་གི་དོན་དུ་བློ་ལྡོག་རྣམ་བཞིའི་དམིགས་རྣམ་གསལ་འདེབས་དང་། སྐྱབས་འགྲོ་སེམས་བསྐྱེད་དང་རྡོར་སེམས་སྒོམ་བཟླས། མཎྜལ་ཕྱི་ནང་། བླ་མའི་རྣལ་འབྱོར་བཅས་སྔོན་འགྲོ་རྣམ་མཁྱེན་ལམ་བཟང་ཁྲིད་ཡིག་རྒྱས་བསྡུས་ལྟར་དམིགས་སྒོམ་རྡོ་རུས་འཕྲོད་པ་གནད་དུ་འགྲོ་བ་ཉམས་ལེན་གྱིས་འབུམ་ལྔ་ཕྱག་ལེན་ལྟར་གྲངས་ཀྱང་འགྲོ་ངེས་དང་། སྔར་བསགས་སྦྱངས་ཟིན་པས་ཀྱང་གསལ་འདེབས་ཀྱི་ཚུལ་དུ་ཞག་བདུན་ཕྲག་ལས་མི་ཉུང་བ་བསྐྱར་ཞིང་གསོལ་འདེབས་དང་། ཁྱད་པར་བླ་མའི་རྣལ་འབྱོར་ལ་འབད་པ་རྩལ་དུ་བཏོན་པས་སྔར་རྒྱུའི་དབང་བཞི་ཐོབ་པའི་ནུས་པ་ལམ་དབང་ཐོད་རྒལ་དུ་ལེན་པས་གསོ་བ་དང་། བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་དོན་ཡང་ཚང་ཞིང་། བླ་མའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོའི་བྱིན་རླབས་དང་དངོས་གྲུབ་ཀྱི་སྒོ་འབྱེད་ཡིན་པས་ཤིན་ཏུ་གལ་ཆེ་བ་ནི་བརྒྱུད་པ་འདིའི་དམིགས་བསལ་གྱི་ཕྱག་བཞེས་ཡིན་པ་དང་། ཡི་དམ་གྱི་ལྷ་དྲག་པོ་སྒྲུབ་པའི་སྔོན་དུ་ཞི་བ་བསྙེན་ན་རྒྱུད་འཇམ་བཀྲ་ཤིས་བར་ཆད་མི་འབྱུང་བར་གྲགས་པ་བཞིན་བྱིན་རླབས་བླ་མའི་རྣལ་འབྱོར་གྱིས་ཕྱི་གསོལ་འདེབས་ལྟར་སྒྲུབ་པས་ཞི་བསྙེན་དང་། དཔལ་ཆེན་དངོས་གཞིའི་གསང་བ་དྲག་སྒྲུབ་ཏུ་འབྲེལ་ཆགས་པས་ལག་ལེན་ཏུ་ཐེབས་དགོས་སོ། །བྱེ་བྲག་ཏུ་བཀའ་བརྒྱད་བཀའ་གཏེར་སྤྱི་དང་ཁྱད་པར་འདི་ཉིད་ཀྱི་སྨིན་བྱེད་གཞུང་ལྟར་བརྒྱུད་ལྡན་གྱི་བླ་མ་ལས་ནོས་ཤིང་། བསྙེན་སྒྲུབ་ལ་འཇུག་པའི་ཐོག་མར་གྲུབ་ན་བླ་མ་ལས་དབང་བསྐྱར་ཏེ་ཞུ་བ་དང་། མ་བྱུང་ཡང་བདག་འཇུག་གི་ཆོ་ག་ཡང་ཡང་བྱ་ཞིང་དམ་ཚིག་གཞུང་བཞིན་གནས་པ་གལ་ཆེའོ། །གཉིས་པ་བྱེ་བྲག་གི་སྔོན་འགྲོ་སྦྱོར་བའི་ཆོས་ལ། དང་པོ་གང་དུ་སྒྲུབ་པའི་གནས་ནི། དང་པོ་དབེན་ཞིང་ཉམས་དགའི་གནས༔ གྲུབ་ཐོབ་ཞབས་ཀྱིས་བཅགས་པ་དང༔ ཁྱད་པར་དུར་ཁྲོད་རྩུབ་འགྱུར་ཚལ༔ ཞེས་ཐོག་མའི་བསྙེན་སྒྲུབ་བྱ་བའི་ཡུལ་གོང་ལྟར་ཤིས་པའི་དགེ་མཚན་དང་ལྡན་པ་དང་། གཉིས་པ་ཐོབ་པས་དུར་ཁྲོད་སོགས་དང་། རྒྱུན་གྱི་ཉམས་ལེན་དང་བསྙེན་པ་ཙམ་ནི་ཡིད་དགའ་ཉེར་འཚེ་མེད་པའི་གནས་སུ་རུང་གསུངས། གཉིས་པ་ཡོ་བྱད་ནི། དཀྱིལ་འཁོར་རྩིབས་བཅུ་སྒོ་རྫོགས་ཅནཿ མཚན་ཉིད་ཚང་བ་བྲིས་པའི་སྟེང་། སྒྲུབ་རྫས་ཐོད་སྐུ་སྔགས་བྱང་དང་༔ ཙནྡན་དང་ནི་སེང་ཕུར་སོགས༔ སྤྲོས་བཅས་སྒྲུབ་ཡིག་ལྟར་དུའམ༔ ཡང་ན་གཙོ་ཕུར་ཙམ་ལ་བསྟན༔ ཉེར་སྤྱོད་སྨན་གཏོར་རཀྟ་དང་༔ དཀྱིལ་འཁོར་རྒྱན་བཀོད་ལེགས་པར་བཀྲམ༔ ཞེས་གསུངས་རྣལ་འབྱོར་སྤྲོས་མེད་ཏིང་འཛིན་གཙོ་བོར་བཏོན་པ་ལ་བསྙེན་པའི་སྐབས་སུ་སྒྲུབ་རྟེན་རྣམས་ཀྱི་སྤྲོས་པ་རྒྱས་པ་མ་བྱུང་ཀྱང་རུང་སྟེ། བསྙེན་ཡིག་ལས། བསྙེན་སྒྲུབ་ལས་རུང་ལ་དཔལ་གཏོར་ཙམ་ལའང་བརྟེན་དུ་རུང་ངོ་། །ཞེས་སོགས་དང་། དཀྱིལ་འཁོར་ཀྱང་སྒོ་རྫོགས་ཅན་མ་བྱུང་ཀྱང་། འཁོར་ལོ་རྩིབས་བཅུ་མེ་རི་དང་བཅས་པའམ། ཚོམ་བུ་ལ་བརྟེན་དུ་རུང་བར་གསུངས། སྒྲུབ་པ་དང་སྒྲུབ་ཆེན་གྱི་སྐབས་སྤྲོས་པ་ཅི་ཙམ་རྒྱས་ན་ལེགས་པས་ཐིག་ཚོན་བྱིན་རླབས་སྔོན་དུ་འགྲོ་བས་རྡུལ་ཚོན་དང་རས་བྲིས་གང་རུང་བྲི་ཚུལ་སྒྲུབ་ཁོག་ཏུ་གསལ་བ་ལྟར་དང་། ཐོད་པ་མཚན་ལྡན་གྱི་དཔྲལ་བ་ལ་དབུ་བསྟན་པའི་ཆེ་མཆོག་གི་ཕྱག་རྒྱ་རྒྱས་བསྡུས་ཀྱི་སྐུ་མཚན་ཉིད་ཚང་བ་རབ་གནས་དང་ལྡན་པ་དམིགས་རྟེན་དང་ལྷན་ཅིག་པའི་རྒྱབ་ཏུ་གསེར་རམ་མཚལ་གྱིས་བྲིས་པའི་བསྙེན་སྒྲུབ་ཀྱི་སྔགས་བྱང་ཙནྡན་ནམ་སེང་ལྡེང་གི་ཕུར་པ་སོར་བཅུ་གཉིས་པའི་མགུལ་དུ་དཀྲིས་པ་དཀྱིལ་འཁོར་དབུས་སུ་བཞག དར་ནག་གི་ལྡིང་གུར་ཕུབ་པ་ནི་མེད་ཐབས་མེད་ལ། འབྱོར་ན་ཆེ་མཆོག་གི་བུམ་གཅིག་སོགས་བཀའ་བརྒྱད་བདེ་འདུས་ལས་གསུངས་པ་ལྟར་གྲུབ་ན་ལེགས་ཤིང་། སྒྲུབ་པ་པོ་གཅིག་པུས་དབེན་པར་བསྙེན་སྒྲུབ་ཆིག་ཆོད་ཏིང་འཛིན་གྱི་བསྐྱེད་བཟླས་གཙོ་བོར་འདོད་ན་གཞུང་མཐུན་རས་བྲིས་ཀྱི་དཀྱིལ་འཁོར་སྟེང་། ཐོད་སྐུལ་དང་ཕུར་པ་སྔགས་བྱང་དང་བཅས་པ་བསྙེན་པ་ལ་འཇུག་པའི་སྐབས་ནས་བཀོད་པ་ལེགས་པར་སེམས། སྤྱིར་མཆོད་པ་དང་སྒྲུབ་རྫས་ཐམས་ཅན་བག་དྲོ་བརྗིད་ཆགས་པར་བྱས་ན་བྱིན་རླབས་ཆགས་པའི་རྟེན་འབྲེལ་ཡོད་པར་གསུངས། གཞན་སྒྲུབ་པའི་དུས། གྲོགས་ཡོ་བྱད་སོགས་ནི་དངོས་བསྟན་དུ་མ་གསུངས་པས་གསང་བ་སྤྱི་ལྟར་ཤེས་པར་བྱའོ། །གསུམ་པ་ལས་རིམ་གྱི་ཐོག་མར་སོ་ཐེར་གྱི་སྡོམ་པ་ཡར་ལྡན་བྱེད་བྱེད་ཅིང་ལོག་ལྟའི་གཉེན་པོར་སྐྱབས་འགྲོ་ནི། སྔགས་བླ་མེད་ཀྱི་ལམ་སྤྱི་ལ་ཐོག་མར་བསྐྱེད་རིམ་དག་རྫོགས་སྨིན་གསུམ་གནད་དུ་འབྱོར་བས་རྒྱུད་ལས་རུང་དུ་བྱས་ནས་གཟོད་རྫོགས་རིམ་ཐབས་གྲོལ་གྱི་ལམ་གྱིས་མཐར་དོན་གྱི་ཡེ་ཤེས་ཀྱི་མྱོང་བ་རྒྱུད་ལ་འདྲེན་དགོས་ཀྱང་། སྙིང་ཐིག་རང་གཞུང་ཐུན་མིན་གྱི་ལུགས་ལ་ཐོག་མར་དགོངས་བརྒྱུད་ཀྱི་བྱིན་རླབས་དང་ལྡན་པའི་བླ་མས་འོད་གསལ་རིག་པ་ངོ་སྤྲད་ནས་བླ་མ་རང་རིག་དབྱེར་མེད་དུ་ཤེས་པས་མཉམ་པར་བཞག་ཅིང་དེ་ཉིད་སྒྲུབ་བྱའི་ལྷའི་རྟེན་དང་བརྟེན་པའི་བསྐྱེད་བཟླས་བྱེད་པ་མཆོག་གི་བསྐྱེད་རྫོགས་དབྱེར་མེད་སྟེ། དེས་ན་སྔོན་དངོས་རྗེས་ཀྱི་ཉམས་ལེན་ཐམས་ཅད་དབང་བཞི་པའི་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་འདྲེན་པའི་ཐབས་ཁོ་ན་དངོས་བརྒྱུད་ནས་ཡིན་པར་ཤེས་པ་གལ་ཆེ་ཞིང་གསང་སྔགས་པས་འབྲས་བུ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོ་བྱེད་རྩོལ་དང་བྲལ་བཞིན་དོན་གཉིས་ལྷུན་གྱིས་གྲུབ་པར་བཞུགས་པའི་མཛད་པ་དང་མཐུན་པ་ད་ལྟ་ནས་ལམ་བྱེད་ཀྱིས་སྒོ་གསུམ་ལྷ་སྔགས་ཡེང་ཤེས་སུ་དག་པར་སྦྱངས་དགོས་པས་སངས་རྒྱས་རྣམས་དང་པོ་ཐུགས་བསྐྱེད་པའི་ཡུལ་སངས་རྒྱས་ཞིག་གི་སྤྱན་སྔར་དམ་བཅའ་བ་ལྟར། རྒྱུ་གང་གིས་སྐྱབས་སུ་འགྲོ་ན་སྲིད་ཞིའི་མཐའ་དང་ཐ་མལ་གྱི་སྣང་ཞེན་འཇིགས་པ་། སྐྱབས་ཡུལ་གྱི་མཁྱེན་བརྩེ་ནུས་གསུམ་ལ་དད་པ། སེམས་ཅན་རྣམས་ཀྱང་སྡུག་བསྔལ་ལས་སྐྱོབས་ཕྱིར་སྙིང་རྗེ་གསུམ་གྱིས། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་ན་སྣོད་བཅུད་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ཆེན་པོར་ཡོངས་སུ་དག་པའི་དབུས་སུ། ཧཱུཾ་ཞེས་སངས་རྒྱས་ཀུན་གྱི་ཐུགས་སྲོག་ས་བོན་བརྗོད་པས་རང་ཉིད་གཉུག་མའི་ལྷར་གསལ་བའི་སྙིང་གའི་རིག་པ་བྱང་ཆུབ་ཀྱི་སེམས་ཧཱུྃ་ཡིག་གི་རྣམ་པ་ལས་བྱུང་བའི་འོད་ཀྱིས་སད་པར་བྱས་པའི་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་སྐུ་འཇམ་དཔལ་གཤེགས་རིགས། གསུང་རྟ་མགྲིན་པདྨ། ཐུགས་ཡང་དག་དང་དྲེགས་འདུལ་རྡོ་རྗེའི་རིགས། ཡོན་ཏན་བདུད་རྩི་རིན་པོ་ཆེའི་རིགས། ཕྲིན་ལས་ཕུར་པ་དང་དྲག་སྔགས་ལས་ཀྱི་རིགས། རིག་འཛིན་དྲུག་པ་ཧེ་རུ་ཀའི་རིགས་ཀྱིས་བསྡུས་པའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་དང་རིགས་མཆོག་ཐམས་ཅན་ཡོངས་སུ་རྫོགས་པ་ནི་གདུལ་བྱའི་སྐལ་པ་དང་མཐུན་པའི་དཀོན་མཆོག་གསུམ་གྱི་རང་བཞིན་ཡང་། ཐུན་མོང་དང་ཐུན་མིན་དེ་བཞིན་མཐོང་བས་འདིར་དབང་པོ་རབ་ཀྱི་སྤྱོད་ཡུལ་ལྟར་གསང་སྔགས་བླ་མེད་ཀྱི་ལུགས་སངས་རྒྱས་ལོངས་སྐུ་ཆེན་པོ་ཡིན་ལ། དེ་དག་གི་སྐུ་གྲོལ་མཐར་ཕྱིན་པའི་དགེ་འདུན། གསུང་འགོག་ལམ་གྱི་བདེན་གཉིས་ཡོངས་རྫོགས་དམ་ཆོས། ཐུགས་སངས་རྒྱས་ཀུན་གྱི་ཡེ་ཤེས་སུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གཅིག་འདུས་ཀྱི་ངང་དུ་བཞུགས་པ་གཞན་རྒྱུད་བྱོན་ཟིན་གྱི་མཆོག་གསུམ་ལ་སྟོན་པ། ལམ་གྲོགས་ཀྱི་ཚུལ་དུ་ཡིད་ཆེས་དད་པས་དུས་འདི་ནས་བྱང་ཆུབ་སྙིང་པོའ་ིབར་བློ་གཏད་ལིང་སྐྱུར་དུ་སྐྱབས་སུ་ཞུ་བ་མདོ་སྔགས་ཐུན་མོང་གི་ཕྱིའི་སྐྱབས་འགྲོ། རིགས་ལྔ་ཞི་ཁྲོའ་ིརྒྱུད་སྡེ་རྒྱ་མཚོའི་ལྷག་པའི་ལྷ་དཀྱིལ་འཁོར་གཅིག་དྲིལ་དུ་རྫོགས་པའི་སྤྱི་དཔལ་ཆེན་པོ་ཁྲོ་རྒྱལ་སྟོབས་ཀུན་འདུས་པའི་གཅིག་གི་གསང་གསུམ་གྱི་ངོ༵་བོར༵་ཡོངས༵་སུ་རྫོགས་པར་ཤར༵་བ༵་ནི་ནང་དུ་རང་གི་ཕུང་ཁམས་སྐྱེ་མཆེད་ཚོགས་བརྒྱད་དབང་ཡུལ་དང་བཅས་པ་བདེ་བ་ཆེན་པོའ་ིཡེ་ཤེས་ཀྱི་རོལ་པར་གདོད་ནས་དག་པའི་ཆོས་ཉིད་དང་འདུ་འབྲལ་མེད་པས་རྩ་གསུམ་ཀུན་འདུས་སུ་རང་ངོ་ཤེས་པ་ནི་སྔགས་སྤྱིའི་ཐུན་མིན་ནང་གི་སྐྱབས་འགྲོ། དེ་ཐམས་ཅད་ཀྱང་རིན་པོ་ཆེའི་གྱང་བུ་གཅིག་གི་ངོས་ལ་རི་མོ་སྣ་ཚོགས་བྲིས་པ་བཟང་ངན་མེད་པ་བཞིན་དཀྱིལ་འཁོར་སྤྲུལ་བཤད་སྤྲོ༵་བསྡུས༵་ཐམས་ཅན་ཀྱི་འཕྲོ་གཞིའམ་བྱེད་༵པ་པོ༵་ནི། ཆོས་ཉིད་བྱང༵་ཆུབ༵་ཀྱི་སེམས༵་ཡེ་ཤེས་ཀློང་དགུའི་ངོ་བོར་གཞི་གནས་ཀྱི་ཡེ་ཤེས་གཅིག་གི་བདག་ཉིད་དུ་ངེས་པ་དོན་གྱི༵་ལྷར༵་རང་ལ་རྫོགས་པར་རང༵་ངོ༵་ཤེས༵་པའི༵་ལྟ་བུའི་ངང༵་བརྐྱང་ནས༵་མྱོང་བའི་རྒྱུན་མ་ཉམས་པར་བསླབ་པ་ནི་རྡོ་རྗེ་སྙིང་པོ་གསང་བའི་སྐྱབས་འགྲོ་སྟེ། རྣམ་བཞག་དེ་དག་ཀྱང་རྒྱུ་འབྲས་ཀྱི་ཚུལ་དུ་རིམ་པར་ཉམས་སུ་ལེན་དགོས་པས་ན་འགལ་མེད་གཅིག་དྲིལ་དུ་ཤེས་པས་བདེན་གཉིས་ཟུང་འཇུག་གི་སྐྱབས་འགྲོའ་ིདོན་ལ་བློ་བཞག་པས་སྐྱབས་སུ་འགྲོ་བའི་རྟེན་གྱི་གང་ཟག་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱང་ཚོགས་ཞིང་གི་སྤྱན་སྔར་འཁོད་པས་བདག་གི་རྗེས་སུ་སློབ་པས་སྐྱབས༵་སུ་༵མཆི༵་བར་བསམ་པས་སྐྱབས་འགྲོ་བྱ་ཞེས་སོ། །དམིགས་རིམ་འདི་སྨིན་སློབ་ཏུ་བྱེད་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོའ་ིརྣམ་བཞག་བློ་སྦྱངས་པས་ངེས་པ་འདྲོང་བར་བྱ་ཞིང་། ཕྲིན་ལས་དཀྱུས་ཀྱི་སྐབས་སྐྱབས་ཡུལ་ཐམས་ཅས་ཆིག་རྫོགས་སུ་བཞུགས་པར་བསམ་ལ། འཁོར་འདས་མཉམ་སྦྱོར་གྱི་ཐལ་མོ་སྙིང་གར་སྦྱར་ནས་དད་པའི་བློས་མོས་པ་ལམ་དུ་བྱས་ཀྱང་རུང་གསུངས། སྐབས་འདིའི་སྦྱང་གཞི་སྦྱིར་རང་སྣང་མ་དག་པ་ཐམས་ཅད་དང་། ཁྱད་པར་འཇིག་རྟེན་པའི་སྐྱབས་མི་དཔོན། མཁར་རྫོང་། དམག་རི་སོགས་དང་། མུ་སྟེགས་པ་ཚངས་པ་དང་དབང་ཕྱུག་སོགས་ཕྱི་པའི་ལྷ་བདུད་བཙན་ཀླུ་སོགས་སྐྱབས་སུ་འགྲོ་མི་འོས་པའི་ལོག་པའི་སྐྱབས་ཡུལ་དང་། ཡང་དག་པའི་སྐྱབས་བསླུ་བ་མེད་པ་བླ་མ་དང་དཀོན་མཆོག་ལ་ལོག་ལྟ་དང་མ་གུས་པ་བགྱིས་པ་དང་། མཐར་ཐུག་གི་སྐྱབས་རང་རིག་བདེ་གཤེགས་སྙིང་པོ་ལ་ཡེ་རྫོགས་སུ་བཞུགས་པ་མ་ཤེས་པའི་འཁྲུལ་རྟོག་གི་སེམས་སྣང་བག་ཆགས་དང་བཅས་པ། སྦྱོངས་བྱེད་ཀྱི་ནང་གསང་བའི་སྐྱབས་འགྲོ་གཞུང་ལྟར་ཉམས་སུ་བླང་བས། སྦྱངས་འབྲས་སྐྱབས་གསུམ་གྱི་ཡོན་ཏན་རང་རྒྱུད་ལ་རྫོགས་པའི་ཐབས་ཐུན་མོང་མ་ཡིན་པ། བྱེད་ལས་གྲུབ་འབྲས་ཡེ་ཤེས་ཟབ་མོའི་མྱོང་བ་རྒྱུད་ལ་སྐྱེས་པ་སྟེ་ནང་པ་སངས་རྒྱས་པའི་ལམ་གྱི་རྨིང་རྡོ་འདི་ཁོ་ན་ཡིན་ཅིང་ཕན་ཡོན་ཚད་མེད་པས་ཉམས་ལེན་གནད་དུ་འགྲོ་བ་ཅིས་ཀྱང་གཅེས་པའོ། །དངོས་གཞི་བསྐྱེད་རིམ་གྱི་གསལ་སྣང་སྒྲུབ་པའི་སྐབས་སུ་གསལ་བརྟན་དག་གསུམ་ཚུལ་བཞིན་མ་ཤེས་ན་ཡི་དམ་གྱི་ལྷ་དང་བླ་མ་དབྱེར་མེད་པ་ལ་སྐྱབས་འགྲོའ་ིའདུན་པས་ཡིད་ཆེས་ཀྱི་དད་པ་ཕྱིར་མི་ལྡོག་པས་གསོལ་བ་བཏབ་ན་དངོས་གྲུབ་ཐོབ་པ་ལ་གནད་ཟབ་པ་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་སྲོག་སྡོམ་གཟེར་བཞིའི་ལྷ་ཁྲིད་ལས་གསུངས་པ་དང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཕྱི་ནང་གསང་བའི་བསྙེན་སྒྲུབ་སྤྱིའི་རྣམ་བཞག་ལས་ཀྱང་། ལྷག་པའི་ལྷ་ནི་རྣམ་གྲོལ་ཡེ་ཤེས་ཀྱི་སྐུ་ཅན་དོན་གཉིས་མཐར་ཕྱིན་མཁྱེན་བརྩེ་ནུས་པ་ཚད་མེད་པས་སྨོན་ལམ་དང་ཡེ་ཤེས་ཀྱིས་དངོས་གྲུབ་ཡིད་བཞིན་དུ་སྩོལ་བ་ལ་བསླུ་བ་མེད་པ་དང་བསྐྱེད་བཟླས་མཆོད་སྒྲུབ་བྱས་ན་བདག་འཆིང་བ་ཀུན་ལྡན་ལ་བྱིན་རླབས་ཀྱིས་གཏན་བདེ་ལ་འགོད་ངེས་སྙམ་པ་ཕྱི་ལྟར་སྒྲུབ་པའི་ཚུལ་བཞིན་སྒྲུབ་ན་ཐུགས་རྗེ་ཆེན་པོའ་ིའབྲེལ་བའི་ཕྱིར་དང་། སྨོན་ལམ་དང་ཡེ་ཤེས་ཀྱི་དབང་གིས་ངེས་པར་རྗེས་སུ་འཛིན་པར་གསུངས་པ་རྣམས་དགོངས་པའི་གནད་གཅིག་པའོ། །བཞི་པ་བྱང་སེམས་ཀྱི་བསླབ་པ་མ་ཉམས་པར་བྱེད་ཅིང་ཐེག་དམན་གྱི་གཉེན་པོ་སེམས་བསྐྱེད་ནི། ཧཱུྃ་ཞེས་སངས་རྒྱས་རྣམས་ཀྱི་ཐུགས་རྣམ་པ་ཐམས་ཅན་མཁྱེན་པའི་ཡེ་ཤེས་དང་དམིགས་མེད་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་སྒྲིབ་པ་སྤང་བའི་སེམས་བསྐྱེད་མཚོན་པའི་ཐུགས་ཀྱི་ས་བོན་བརྗོད་པ་དང་བཅས། ཆོས༵་ཀྱི་༵དབྱིངས༵་ཀ་དག་ཐོག་མའི་སྤྱི་གཞིའི་ངང་ལ་འཁོར་འདས་སྤང་བླང་གི་ཕྱོགས་རིས་མེད་པ་བདག་གཞན་མཉམ༵་ཉིད་བདེ་བ་ཆེན་པོ་གཅིག་ཏུ་བརྡལ༵་བས་གནས་ཞེས་པའི་དོན་རང་ངོ་ཤེས་པ་ནི་དོན་དམ་སེམས་བསྐྱེད་དང་། ཡང༵་ཞེས་པ་ཕྱི་མ་ཀུན་རྫོབ་སེམས་བསྐྱེད་སྡུད་པའི་དོན་ཏེ། དེ་ལྟར་གནས་ལུགས་མ༵་རྟོགས་པས་རིག་རྩལ་ལ་བདག་ཏུ་ཞེན་ནས་མེད་སྣང་རིགས་དྲུག་གི་གནས་དོན་ལུས་ཀྱི་འཁྲུལ༵་པའི་རྒྱུ་འབྲས་རང་རྒྱུད་ཞེན་པས་ཐོག་མ་མེད་པའི་དུས་ནས་སྐྱེ་ཤིའི་ཁ་བརྒྱུད་དེ་འཁྱམ༵ས་པ༵་ལ་ཚད་མེད་བཞིའི༵་ཤུགས་ཀྱིས་དྲངས་པས་རྗེས་སུ་འཛིན་པ་དང་། ལྷག་པར་རྒྱུད་མི་སྲུན་པའི་སྤྱོད་པ་བརླང་པོ་ཅན་རྡོ་རྗེ་ཐེག་པའི་གདུལ་བྱ་ཡིན་པས་བདག་༵འཛིན་༵དུག་གསུམ་ཤུགས་དྲག་པོའ་ི ཉིང་འཁྲུལ་དུ་གྱུར་པའི་རུ་ཏྲ་སྡེ་གསུམ་གྱི་བདུད་༵བཞིའི་དཔུང་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱིས་ཚར་གཅོད་དེ་གནས་ལུགས་མཐར་ཐུག་འོད་༵གསལ༵་ཆོས༵་ཀྱི་སྐུ་༵ཟག་མེད་ཆོས་ཁམས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་འབྲས་བུ་མི་སློབ་པ་མཐར་ཐུག་གི་ཡེ་ཤེས་ཀྱི་ཀློང༵་དུ་༵བཀོད་པས་སྲིད་ཞིའི་མཐའ་གཉིས་ལས་བསྒྲལ༵་བའི༵་ཕྱིར༵། འབྲས་བུ་གསང་སྔགས་ཀྱི་ལོངས་སྐུ་ཁྱད་པར་བ་བླ་མ་ཤིན་ཏུ་དྲག་པོ་གཏུམ་ཆེན་མཐིང་ག་དང་། དེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་རོལ་དཔལ༵་ཆེ༵ན་པོ་སྒྲུབ་སྡེ་བརྒྱད་ཀྱི་ལྷ་༵ཚོགས༵་གཅིག་དྲིལ་གྱི་བསྐྱེད་རྫོགས་ཟབ་མོའ་ིབསྒྲུབ༵་པ༵ས་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཡུད་ཙམ་གྱིས་ཡོངས་སུ་རྫོགས་པའི་གོ་ཆ་ལྷུར་བླང་བར༵་བགྱིའོ་སྙམ་པ་སྨོན་འཇུག་གཉིས་མེད་ཀུན་རྫོབ་སེམ༵ས་བསྐྱེད་༵ དོ༵་སྙམ་པའི་དམ་བཅས་སྐྱབས་ཡུལ་གྱི་ཚོགས་ཞིང་རྣམས་དཔང་པོར་བཞུགས་པ་ལས་ལེན་པའོ། །དེས་ན་མཚམས་ཀྱི་ཐོག་མཐའ་ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ལྷག་པའི་ལྷ་བསྒྲུབ་སྙམ་པའི་སྨོན་པ་དང་། སྒོ་གསུམ་གྱི་རྣམ་དཀའ་ཕར་ཕྱིན་དྲུག་ལྡན་དུ་སློབ་པ་འཇུག་པ། དེ་ཐམས་ཅད་བློ་འདས་ཀྱི་དྲན་པའི་རྩིས་ཟིན་པ་དོན་དམ་སེམས་བསྐྱེད་དེ། ཐེག་པ་ཆེན་པོ་མདོ་སྔགས་དགོངས་གཅིག་གི་ཟབ་གནད་དུ་ཤེས་པས་ཉམས་སུ་ལེན་པ་གལ་ཆེའོ། །འདིས་སྦྱངས་གཞི་རང་དོན་ཡིད་བྱེད་ཀྱི་བློ་ངན་གྱི་གཉེན་པོར་སྦྱོངས་བྱེད་སེམས་བསྐྱེད་ཀྱི་རྣལ་འབྱོར་ཟབ་མོའ་ིསྦྱངས་འབྲས་སྐུ་གཉིས་ཐོབ་པར་བྱེད་པའོ། །གསུམ་པ་ཚོགས་བསགས་པ་ནི། སངས་རྒྱས་རྣམས་ཀྱིས་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་མཐུན་པར་ཐབས་མཁས་ལྟ་སྒོམ་ཁྱད་པར་ཅན་གྱི་རྩིས་ཟིན་པས་རྒྱུན་བཤགས་ཡན་ལག་བརྒྱད་ཀྱིས་བསགས་སྦྱངས་བྱ་བ་སྟེ། སྦྱངས་གཞི་སྒོ་གསུམ་ཐ་མལ་གྱི་བྱ་བྱེད་རྒྱུ་འབྲས་དང་བཅས་པ། སྦྱངས་བྱེད་ཚོགས་གཉིས་རྫོགས་སྨིན་སྦྱངས་སྟོབས་རྨད་དུ་བྱུང་བའི་ཐབས་མཁས་ཀྱི་སྒོ་དུ་མས། སྦྱངས་འབྲས་སྐུ་བཞི་བདེ་བ་ཆེན་པོ་བསྐལ་པ་གྲངས་མེད་ཀྱི་ངལ་དུབ་ལ་མ་ལྟོས་པར་ཚེ་ལུས་གཅིག་གི་སྟེང་མངོན་དུ་བྱེད་པ་ཚོགས་བསགས་ཀྱི་རིམ་པ་སྟེ། ཡན་ལག་བདུན་པའི་བསགས་སྦྱངས་ཙམ་མདོ་སྔགས་ཐུན་མོང་ཡིན་ཀྱང་ཏིང་འཛིན་དམིགས་པའི་ཟབ་ཁྱད་ཀྱིས་གནད་དང་ལྡན་པ་དེ་ཡང་རྒྱུད་ཆེན་པོ་སྒྱུ་འཕྲུལ་གྱི་དགོངས་པ་ལྟར་ཡན་ལག་བརྒྱད་ཀྱི་དོན་ནི། ཚོགས་ཞིང་གི་ཡོན་ཏན་ལ་དྭངས་བའི་ཡིད་ཀྱིས་ཧོ༵ཿ ཞེས་ངོ་མཚར་བརྗོད་པ་དང་བཅས། མཚོན་བྱེད་རྫས་ཀྱི་རྡོ་༵རྗེ་༵ཕ་ལམ་དང་ཆོས་མཚུངས་པས་མཚོན་བྱ་དོན་གྱི་རྡོ་རྗེ་ཆོས་ཉིད་ཀྱི་དོན་རང་གིས་གཟིགས་ཤིང་། གོ་འཕང་དེ་ལ་གཞན་ཡང་དཀྲི་མཁས་པའི་སློབ༵་དཔོ༵ན་ནི་དུས་གསུམ་བྱོན་པའི་སང༵ས་རྒྱས༵་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་དེ་དག་ལས་ལྷག་པའི་དཔལ༵་གྱི་སྒྲས་བསྔགས་པ་སྟེ། དུས༵་གསུམ༵་སངས་རྒྱས་སོགས་མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་ཀྱི་ངོ་བོ་ཐུགས་རྗེ་ལ་བྲི་གང་མེད་པས་བཞུགས༵་པའི་སྒྲས་རྟེན་ལ༵་ཕྱག་༵འཚ༵ལ་ལོ། །ཞེས་ཡན་ལག་དང་པོ་དང་། དཀོན་མཆོ༵ག་གསུམ༵་པོ་ནི་སློབ་པ་ལམ་གྱི་གནས་སྐབས་ན་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་དད་པས་བརྟེན་༵པའི༵་ཚོགས་ཀྱི་ཞིང༵་བླ་མེད་དུ་གྱུར༵་པ་ལ་༵དེ་དག་ཡོན་ཏན་རང་རྒྱུད་ལ་སྒྲུབ་པའི་བློས་རྒྱུ་འབྲས་གཉིས༵་སུ་མེད་༵པར་ཤེས་པའི་ཡིད་ཀྱིས༵་སྐྱབས༵་སུ་མཆི༵་བ་དང་། བླ་ན་མེད་པའི་མཆོད་པ་དངོ༵ས་འབྱོར༵་དང་། བླ་ན་མེད་པའི་མཆོད་པ་ཀུན་ཏུ་བཟང་པོའ་ིཏིང་འཛིན་ཡིད་༵ཀྱིས༵་རྣམ༵་པར་སྤྲུལ༵་པའི༵་ཞིང་དང་དངོས་པོ་བསམ་པ་དག་༵པ༵འི་མཆོ༵ད་པ༵་བཞེ༵ས་སུ་གསོལ༵་བར་ཞུས་པ་དང་། མཆོག་ཐུན་གྱི་དངོས༵་གྲུབ༵་ཆུ་༵བོ༵་ལྟ་བུར་ཐོབ་པ་ལ་བར་དུ་གཅོད་༵པའི་བགེགས༵་ཀྱི་གཙོ་བོ་སྒོ་གསུམ་གྱི་ཉེས༵་བྱས༵་དམ་ལྡོམ་ཉམས་ཆགས་མ༵་ལུས༵་པ་ཐམས་ཅད་སྟོབས་བཞིའི་གནད་ལ་བརྟེན་ནས་བཤག༵ ས་པ༵་འབུལ་བར་བ༵གྱི་སྙམ་པའོ། །ཤར་སོགས་ཕྱོགས༵་བཅུ་༵དང་བདག་གཞན་ཐུན་མོང་དུ་དམིགས་པའི་འཁོར་༵གསུམ༵ ། རང་བཞིན་མེད་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ནི་བདེན་གཉིས་དབྱེར་མེད་དུ་དག་༵པའི༵་ཆོས༵་ཉིད་དེ། དེའི་ངང་ནས་བདག་གཞན་གང་ལའང་མ༵་ཆགས༵་མ་སྡང་བར་དགེ་བ་ལ་སྤྱོད་༵ ཅིང་འཁོར་གསུམ་དུ་དམིགས་པས་མ་ཞེན་པར་སྒྱུ་མ་ལྟ་བུའི་ཚོགས་གཉིས་ལ༵་གོམ་དུ་འཇུག་པ་ནི་དོན་དམ་པའི་རྗེས༵་སུ་ཡི༵་རངས༵་པའོ། །ཀུན་རྫོབ་ཚད་མེད་བཞི་དང་དོན་དམ་རྟག་ཆད་ཀྱི་དག་༵པའི༵་མཐ༵འ་བ༵ཞི་སྤྲོས་བྲལ་དྲི༵་མ༵་མེད་༵པའི་གནས་ལུགས་ཀྱི་ངང་དུ་སྒྱུ་མ་ལྟ་བུའི་ལམ་བདེན་གྱི་ཚོགས་གཉིས་ཐམས་ཅད་རྫོགས༵་སྨིན་སྦྱངས་བ༵འི་བདེན་གཉིས་དབྱེར་མེད་དུ་བྱང༵་ཆུབ༵་ཀྱི་སེམས༵་བསྐྱེད་༵པའོ། །བདེ༵་གཤེགས༵་འདས་པ། དབང༵་ཕྱུག་༵ད་ལྟ། སེམས༵་ཅན་༵མ་འོངས་པའི་སངས་རྒྱས་རྣམས་ལ༵་འབྲས་བུ་མངོན་དུ་གྱུར་པ་དང་། དབང་དང་བྱིན་རླབས་ཀྱི་སྣོད་དུ་རུང་བ་དང་། གཞན་དོན་མཐར་ཕྱིན་པའི་དགོས༵་པ༵་གསུམ༵་ཐོབ་པའི་ཕྱིར༵་བདག་འཛིན་གྱི་བཅིངས་པའི་ལུས༵་གཅེས་འཛིན་བློས་བཏང་སྟེ་དབུལ༵་ལོ༵་སྙམ་པས་བདག་མེད་རྒྱལ་བའི་ཞིང་དུ་སྤྱོད་ནུས་པ་དང་། བདག་ཉིད་གཅིག་པ་དང་ལྷན་སྐྱེས་ཀུན་བརྟགས་ཀྱི་མ་རིག་པ་གསུམ་གྱིས་འཁྲུལ་པ་ཚེ༵་རབས༵་ཐོག་མར་བགྲང༵་སྟེ་དེ་ནས་ད་ལྟའི་བར་གྱི་བསམ་པ༵་ཡིད། སེམས་དང་ལུས་ངག་གི་དཀར་པོའི༵་ལས༵་རྣམ༵ས་ཀུན་༵སྙིང་རྗེའི་ཐབས་མཁས་དང་ཤེས་རབ་ཟུང་འཇུག་གིས་གཅིག་ཏུ་བསྡུས༵་ཏེ༵་རྫོགས་པའི་བྱང༵་ཆུབ༵་ཆེན༵་པོ༵་ཐོབ་པའི་རྒ ྱ


ARJ001_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ུར༵་བསྔོ༵་བ་སྟེ་ཡན་ལག་བརྒྱད་དོ། །དེ་དག་གིས་རྒྱུད་དག་པར་བྱས་ནས་ཚོགས་ཞིང་རང་ལ་བསྡུས་ཏེ་དངོས་གྲུབ་མཆོག་གི་སྣོད་རུང་དུ་གྱུར་བའོ། །བཞི་པ་གཏོར་མ་བཏང་བ་ལ། བསྙེན་པ་འཇུག་པའི་ཐོག་མ་དང་། སྒྲུབ་ཆེན་དང་སྒྲུབ་པའི་སྐབས་འདིར་ཐ་ཚིག་ལ་གནས་པའི་དཀར་ཕྱོགས་ཀྱི་དགེ་བསྙེན་ལ་དཀར་གཏོར་བཏང་ཞིང་ཕྲིན་ལས་བཅོལ། དགེ་བའི་ལས་ལ་བར་དུ་གཅོད་པའི་ནག་ཕྱོགས་ལ་གཏོར་མས་བརྔན་ཏེ་བསྐྲད་པ་ནི། སྟོན་པ་སངས་རྒྱས་པའི་སྔ་ལོག་བདུད་ཀྱིས་བར་གཅོད་བརྩམས་པའི་ཚེ། ས་ཡི་ལྷ་མོས་རྫོགས་སྨིན་སྦྱངས་མཐར་སོན་པའི་དཔང་པོར་ཞུས་པ་དང་། ཐེག་ཆེན་ཐུན་མོན་ལྟར་ན་སྲོད་ལ་བྱམས་པའི་ཏིང་ངེ་འཛིན་དང་། རྒྱུད་རྣམས་ཀུན་གྱི་གླེང་གཞིར་དེ་བཞིན་གཤེགས་པས་གཤིན་རྗེ་དང་ཁྲོ་བོ་མི་གཡོ་བ་དང་སྒྲོལ་མ་བཅས་སྤྲུལ་པའི་སྟོབས་ཀྱིས་བདུད་བཏུལ་བ་དང་མཚུངས་ཏེ། ཧཱུཾ་གི་སྒྲ་ནི་འཇོམ་པ་ལ་འཇུག་པས་ཧཱུཾ་ཞེས་བརྗོད་པ་དང་རང་ཉིད་བགེགས་ཚོགས་ཐམས་ཅན་འཇོམས་བྱེད་ཀྱི་སྤྱི་དཔལ་ཆེན་པོ་ཞེ་སྡང་རྡོ་རྗེ་ཧེ་རུ་ཀ་སྔོན་པོ་རྡོ་རྗེ་དང་དུང་ཁྲག་འཛིན་པ་བཟོད་པར་དཀའ་བའི་གཟི་བྱིན་ཅན་གྱི་ང་རྒྱལ་གྱིས་ཐུགས་ཀའི་འོད་ཀྱིས་མགྲོན་རྣམས་མདུན་དུ་བཀུག་ལ། དངོས་སུ་བཤམས་པའི་གཏོར་མ་ཡོད་ན་རྫས་སྔགས་ཏིང་འཛིན་གསུམ་ལྡན་གྱིས་བྱིན་གྱིས་བརླབས་ཏེ་སྔགས་ཀྱིས་བསྔོས་ལ་བཀའ་བསྒོ་བ་ནི། མ་ཏོག་འཁྲུལ་པའི་སེམས་ཅན་རྣམས་བདག་དང་བདག་གིར་འཛིན་པའི་གཉེན་པོར་ང༵་ནི༵་རྡོ་རྗེའི་ཡེ་ཤེས་ཀྱི་མཚོན་ཆས་ལོག་རྟོག་འཇོམས་པའི་ཁྲོ་རྒྱལ། ཆོས་ཅན་འཁོར་འདས་ཡོངས་ལ་འདོད་རྒུར་དབང་བསྒྱུར་བའི་སྤྱི༵་དཔལ༵་ཆེན་༵པོ༵་ཆོས་ཉིད་གདོད་ནས་དག་པས་བདུག་ཚོགས་ཉིད་དང་ནམ་ཡང་ལྷན་ཅིག་མི་གནས་པའི་ཁྲག་འཐུང་ཁྲོ་བོའ་ིརྒྱལ་པོ་སྟེ༵། བདག་གིས་དེའི་གོ་འཕང་བྱང༵་ཆུབ༵་ཆེན་པོ་སྲིད་ཞིའི་མཐའ་ལ་མི་གནས་པར་བསྒྲུབ༵་པ་ལ༵་བར༵་དུ་གཅོད་༵པ་ནི་སྒྲིབ་པའི༵་དྲི་མ་དང་བཅས་པའི་སེམས་བདུད་དང་གནོད་༵བྱེད་༵རྒྱུ་འབྲས་ལོ༵ག་པར་སྤྱོད་པས་སེམས་ཅན་ངན་འགྲོར་འདྲེན་པའི་འབྱུང་པོ་རྣམ༵ས་སྟོང་དང་སྙིང་རྗེ་དབྱེར་མེད་བྱང་ཆུབ་སེམས་ཀྱིས་བྱིན་གྱིས་བརླབས་པའི་འདོད་ཡོན་མཁོ་དགུའི་གཏོར༵་མ༵་སྔོན་གྱི་ལན་ཆགས་སྦྱངས་པའི་ཕྱིར་བྱིན་པ་འདི་ལོངས༵་ལ༵་གནས་འདིར་མ་འདུག་པར་རྒྱ་མཚོ་ཆེན་པོའ་ིམཐར་ཕྱིར༵་དེངས༵་ཤིག་གལ༵་ཏེ༵་བཀའ༵་བསྒོ་ཞིང་བརྔན་སྟེར་བས་མ་ཚིམ་པར་ལུས་སེམས་མ་རུངས་པས་ད་དུང་བྱང་ཆུབ་སྒྲུབ་པ་ལ་བར་གཅོད་བརྩམས་ཏེ་རྡོ་རྗེའི་སྲུང་འཁོར་གྱི་རྭ་བས་མཚམས་བཅད་པ་ལུས༵་འད༵འ་བར་བྱེད༵་པ་རྣམས༵་ཡེ་ཤེས་རོལ་པའི་མཚོན་ཆས་བརྡུངས་ཏེ་ཡན་ལག་གི་མཆོག་མགོ༵་བོ༵་ཨ་རྫ་ཀའི་འབྲས་བུ་བཞིན་ཚལ༵་པ༵་བརྒྱར༵་འགས༵་ཤི༵ང་། ལུས༵་ནི་༵རྡུལ༵་བྲན་༵བཞི༵ན་དུ་བཤི༵ག་སྟེ་བཅོམ་ངེས་པས་བག་ཡོད་པར་གྱིས་ལ་སོང་ཤོག་ཞེས་བརྗོད་པ་དང་དྲག་སྔགས་མེ་དཔུང་མ་བཟླས་ཞིང་ནག་པོའ་ིཚོགས་འདུལ་བའི་ཏིང་ངེ་འཛིན་གྱིས་གཟིར། བགེགས་ཚོགས་འཇོམས་པའི་ཐུན་ཡུངས་ཀར་གྱི་ཆར་འབེབས་པ་དང་བཅས་བརྡེགས་ཏེ། ཨོ༵་བ༵ཛྲ་མ༵་ཧཱ་༵ཀྲོ༵་ངྷ་༵ནི་རཱ་ཁྲོ་བོ་ཆེན་པོ་སྟེ་སྤྱི་དཔལ་ཧེ་རུ་ཀ་པ༵་པདྨ་༵ཀྲོ༵་དྷི་ཤྭ་༵རཱི༵་ནི་པདྨ་དབྱིངས་ཕྱུགས་སྟེ་ཡབ་ཡུམ་གནམ་ཞལ་མ། བ༵ཛྲ་ཀཱི་ལི༵་ཀཱི་ལ༵་ཡ༵་ནི་ཡབ་ཡུམ་གཉིས་ཀྱི་འབར་བའི་ཕྱག་མཚན་རྡོ་རྗེ༵་ཕུར་པའི་ཆར་ཆེན་པོ་དང་། མ༵་ཧཱ་༵ཡ༵ཀྴ་སྤྲུལ་པའི་ཕོ་ཉ་གནོད་སྦྱིན་ཆེན་པོ། ཀཱ་༵ལ༵་རཱུ་༵པ༵་ནག་པོའ་ིགཟུགས་ཅན་སྤྲོས་ཏེ། ཀ༷རྨ༵་རཾ་རཾ་ཕྲིན་ལས་མེ་དཔུང་། ཛྭ་༵ལ༵་རཾ་འབར་བའི་མེ་དང་བཅས་པས་ཧཱུཾ་ཕ༵ཊ་ནག་ཕྱོགས་འཇོམས་ཤིག་བཅས་པའོ། །བསྙེན་མཚམས་ཀྱི་སྐབས་འདི་ནས་དཀར་གཏོར་དང་གསེར་སྐྱེམས་ཕུལ་ལ། མཚམས་ཐོ་རྒྱལ་ཆེན་སྡེ་བཞི་དཔལ་མགོན་བདུན་ཅུ་དང་བཅས་པར་བསྐྱེད་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་གཏོར་མ་དང་གསེར་སྐྱེམས་ཕྱི་རོལ་དུ་ཕུལ་བས་དགྱེས་བཞིན་བཞུགས་པས་བར་ཆད་སྲུང་བར་བསམ་ཞེས་རིག་འཛིན་ཡབ་བཀའ་བསྙེན་ཡིག་ལས་གསུངས་པ་ལྟར་ཤེས་པར་བྱ་དགོས་པ་དང་། ལྔ་པ་སྲུང་འཁོར་ནི་བསྙེན་མཚམས་དང་སྒྲུབ་ཆེན་སྐབས་འདིར་རྒྱལ་ཐོ་བཞག་ནས་ཉིན་རེ་བཞིན་རྒྱལ་ཆེན་བཞིའི་དམག་དཔུང་གིས་ཕྱོགས་བཞི་སྲུང་བར་གསལ་ཞིང་མཆོད་གཏོར་འབུལ་བ་ནི་ཕྱི་མཚམས་བཅད་པ་དང་། ཧཱུཾ་ནི་སྡུག་བསྔལ་འཇོམས་ཤིང་འཆོས་པ་འཇུག་པས་དེ་ཉིད་བརྗོད་པས་སྡུག་བསྔལ་གྱི་བདེན་པའི་རྒྱུ་འབྲས་ཀྱི་རང་གཟུགས་གདོན་བགེགས་འཇོམས་ཤིང་བར་གཅོད་མི་འཇུག་པར་འཆོས་པའི་སྲུང་པའི་ཕྱིར་བ༵དག་ཉིད་༵ལས་ཀྱི་ཁྲོ་བོ་ཞེ༵་སྡང༵་རྡོ་རྗེ་ཡི་སྤྱན་མིག་གཡས་གཡོན་ཉི༵་ཟླའི༵་འོད་རྣོན་འབར༵་བའི་སྡང་མིག་གི་མེ་ཆུའི་ཟེར་གྱིས་གཟིར་ཞིང༵་ཞབས་རྡོ་རྗེའི་འགྲོས་དང་གསུང་ཧཱུཾ་ཕཊ་ཀྱི་ང་རོ་བཅས་པས་སྣང་སྲིད་མེ་དཔུང་འབར་བས་བགེགས་ཚོགས་བསྲེགས་པར་བསམ་པ་འབར་བ་སྟངས་སྟབས། དབུས་སུ་སྣང་སྲིད་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པའི་ནང་ཕྱོགས་སྐྱོང་བཅུ་བཀུག་སྟེ་གདན་དུ་གན་རྐྱལ་བྱས་པ་ལ། སྔར་ཐུགས༵་ལ༵ས་སྤྲོས་པའི་ཁྲོ་༵བོའི༵་ཚྭ་༵ཚྭ་༵སྤྲོས་པ་རྣམས་ཚུར་འདུས་པ་ལས། ཧཱུཾ་ཀར་སོགས་ཁྲོ་རྒྱལ་བཅུ་ཞལ་གསུམ་ཕྱག་དྲུག་སྐུ་སྨད་ཕུར་བུའི་རྣམ་པས་གདོན་ཚོགས་གཟིར་ཞིང་མནན་པས་རྟོག་མེད་བདེ་ཆེན་དུ་བརྒྱལ་བར་བསམ་པ་སྲུང་བ་འཁོར་ལོ། །འཁོར་ལོའ་ིཕྱི་རོལ་སྟོང༵་གསུམ༵་ཐམས་ཅན་ཡེ་ཤེས་ཀྱི་སྤྲུལ༵་པའི༵་མེ༵་ཁ་དོག་ལྔ་འབར་བ་ཡིས། གདོན་བགེགས་བག་ཆགས་བཅས་བསྲེགས་པར་བྱེད་པའི་མེ་ལྕེའི་འགེ༵ངས་བར་བསམ་པ་སྲོག་བྱེད་མེའི་མཚམས། ཕྱོགས༵་མཚམ༵ས་ཐམས་ཅན་རྡོ་རྗེ་འཁོར་ལོ་ཕུར་བུ་ཐོ་བ་རལ་གྲིའི་མཚོ༵ན་ཆ་འཆོལ༵་བའི་འཁོར་ལོ་རླུང་སྤུ་གྲི་རེག་ཆོད་ལྟར་འཁོར་བས་གཏམ༵ས་པར་བསམ་པ་མཚོན་ཆ་འཆོལ་བའི་མཚམས། ནམ་མཁའ་ས་གཞི་ཐམས་ཅད་ཁྲོ་བོ་ཁྲོ་མོའ་ིསྤྲིན་ལྟར་ཁྱབ་པར་བསམ་པ་ཁྲོ་བོ་རོལ་པའི་མཚམས། བདག༵་རྟོག་གི་རང་གཟུགས་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་དམིགས་མེད་༵སྤྲོས་བྲལ་སྟོང༵་ཉིད་བདེ་བ༵་ཆེན་པོར༵་མཚམ༵ས་བཅ༵ད་དོ༵་སྙམ་པ་གསང་མཚམས་ཏེ་ལྔ་པོ་ནང་མཚམས་བཀའ་བརྒྱད་ཀྱི་སྒོས་ཆོས་སུ་གསུངས་པ་དེ་དག་ལས་དང་པོ་པས། རང་སེམས་སྐྱེ་འགགས་མེད་པའི་གཞི་རྩ་བཅད་པས་བགེགས་བདེན་མེད་དུ་ཤེས་པ་དང་། རྣམ་པ་སྲུང་འཁོར་རྣམས་དེ་དག་གཅིག་ལ་གཅིག་གིས་མི་སྒྲིབ་ཅིང་གསལ་ལ་མ་འདྲེས་པ་ངོ་བོ་སངས་རྒྱས་ཐམས་ཀྱི་ཐུགས་ཡེ་ཤེས་ལྔའི་ངོར་ཤར་བ་གསལ་བཏབ་པར་གསུངས་ཤིང་། སྔགས་དོན་ནི། ཨོཾ༵་གྱིས་ཐོག་དྲང་སུརྻ་ཙནྡྲ་༵ཉི་མ་ཟླ་བ། བ༵ཛྲ་༵ཀྲོ༵་ཏ་རྡོ་རྗེ་ཁྲོ་བོ། ཛྭ་༵ལ༵་ར༵ཾ་ར༵ཾ་འབར་བ་མེ། ཙ༵ཀྲ་ཝརྟི་སྲུང་བའི་འཁོར་ལོ། མ༵་ཧཱ་༵ཀྲོ་ཏ་ཁྲོ་བོ་ཆེན་པོ་སརྦ་དུཥྚ་བགེགས་ཐམས་ཅད། ཨེ༵་དབྱིངས་སྟོང་ཉིད་ཀྱི་ཀློང་དུ་ཧཱུཾ་༵ཕཊ་༵ཀྱིས་གསུངས་ཤིང་གཏོར་བའི་དོན་དུ་སྟེ་སྲུང་འཁོར་ལྔ་དང་ཕྱི་ནང་གསང་མཚམས་བཅད་པ་སྔགས་ཀྱིས་ཀྱང་བརྟན་པར་བྱ། དྲུག་པ་བརྡ་སྒོ་ཕྱག་བཤགས་པ་དང་དམ་བཅའ་བཞིའི་ལས་རིམ་ནི། སྤྲོས་པ་ལ་དགའ་ན་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདེ་གཤེགས་སྤྱི་བཤགས་བརྗོད་པས་རྟོག་འཁྲུལ་ཉམས་པའི་དངོས་གྲུབ་ཀྱི་གེགས་རྣམས་བཤགས་ལ་ཡིག་བརྒྱ་བཟླ། བསྡུ་ན་ཏིང་འཛིན་གྱིས་བཤགས་ཡུལ་གསལ་བཏབ་པས་ཀྱང་རུང་ལ་ཚིག་དོན་ནི། ཧཱུཾ་ཞེས་ཐུགས་སྲོག་བརྗོད་པས་སྣོད་བཅུད་གདོད་ནས་དག་པ་ཡེ་ཤེས་ལྷ་ཡི་འཁོར་ལོར་སད་པར་མོས་པས། སྣང་སྲིད་ལྷ་དང་གཞལ་ཡས་ཁང་དུ་གནས་ཀྱང་མ༵་རིག་༵པའི་དབང་གིས་གཟུང་འཛིན་རང་རྒྱུད་དུ་ཞེན་པའི་ལོག་རྟོག་གི་འཁྲུལ་པས་སྣོད་བཅུད་ཐ་མལ་དུ་ཞེན་པའི་ལིང༵་རྟོག་༵གི་སྒྲིབ་གཡོག་རང་རིག་ཆོས་ཉིད་མངོན་གསུམ་མཇལ་བའི་ཡེ༵་ཤེས༵་ཀྱི་ཐུར༵་མས༵་དབྱེས༵་པས་དག་པ་རྡོ་རྗེའི་སྤྱན་ཐོབ་སྟེ། ཚད་མེད་ཀྱི་སྒོ་བཞི་ཤག་གིས་ཕྱི་བས་སྣོད་བཅུད་ལྷའི་འཁོར་ལོར་གདོད་ནས་རྫོགས་པའི་སྒྲིབ་བྲལ་ཡེ་ཤེས་ཆེན་པོའ་ིརང་རྩལ་དཔལ་ཆེན་ཚོམ་བུ་དགུའི་ལྷ་ཚོགས་མངོན་སུམ་དུ་མཇལ་བ་ལ་དད་མོས་ཤུགས་བསྐྱེད་པ་ཀུན་རྫོབ། དེ་ཡང་རང་སེམས༵་གཞིར་གནས་གྱི་ཆོས་ཉིད་༵དང་དག་པ་ཡེ་ཤེས་ཀྱི་ལྷ་སྐུར༵་བཟང་ངན་གཉིས་མེད་དུ་རྟོགས༵་པས༵་དོན་དམ་གྱི་བརྡ་ཕྱག་འཚལ༵་ཞིང་། སྔར་བྱས་སྒོ་གསུམ་འགལ་འཁྲུལ་དང་པོ་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ལ་ཉམས་ཆགས་སུ་གྱུར་བའི་ཉེས་ལྟུང་ལ་གནོང་འགྱོད་བྱ་བ་སུན་འབྱིན་པའི་སྟོབས་ལས་གནོང་འགྱོད་དྲག་པོའ་ིབཤགས་པ། སྒོ་གསུམ་རྡོ་རྗེ་གསུམ་དུ་སྦྱོར་བའི་དམ་ཚིག་དངོས་གྲུབ་ཀུན་གྱི་གཞི་ཡིན་པ་ཤེས་རབ་དང་ཏིང་འཛིན་གྱིས་རྟོགས་གོམ་མ་བྱས་པའི་ནོ༵ངས་པས༵། ཐུན་མོང་ཁྱད་པར་རྩ་བ་ཡན་ལག་ཉིང་ལག་གི་ཉམས་ཆགས་ཅི་དང་ཅི་བགྱིས་པ་ཀུན་ཡིད་ལ་བྱ་བ་ཉམས་པའི་བརྡ་སྦྱར་བཞི་བཤགས་པས། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས་བྱུང་བའི་ཡེ་ཤེས་ཆེན་པོའ་ིམེའི་འོད་ཟེར་བདག་ལ་ཕོག་པས། སྡིག་སྒྲིབ་བག་ཆགས་བསྲེགས་པར་མོས་པས་དོན་ལ་སྡིག་སྒྲིབ་དངོས་པོར་མ་གྲུབ་པས་དམིགས་མེད་ཆོས༵་སྐུ་རོ་མཉམ་ཆེན་པོའ་ི༵ཀློང༵་དུ་༵བཤགས༵་པའི་བྱ་བྱེད་ལས་འདས་པའི་དོན་ལ་བློ་བཞག་པ་ཤེས་རབ་ཆེན་པོས་རང་བཞིན་མེད་པར་བཤགས་པ་ཞེས་ཀུན་འདུས་རིག་པའི་མདོ་ལས་གསུངས་པའི་སྡིག་སྦྱོང་གི་སྒོ་བཞིས་རྒྱུད་དག་པར་བྱས་པས། འགྲོ་བ་ཐམས་ཅན་རང་། བཞིན་རྣམ་དག་གི་ལྷའི་བདག་ཉིད་དམ་ཚིག་པ་དང་སངས་རྒྱས་རྣམས་སྒྲིབ་བྲལ་ཆོས་སྐུ་ཡེ་ཤེས་སེམས་དཔའ་གཉིས་མེད་རོ་མཉམ་ཆེན་པོའ་ིལྷ་ནི་སྲིད་ཞིའི་སྤྱི་དཔལ༵་ཆེན་༵ པོ་སྟེ་དེ་ཉིད་གདོད་ནས་རང་དང་འདུ་འབྲལ་མེད་པར་ངོ་ཤེས་པས་དེ་མངོན་དུ་བྱེད་པའི་ལྟ་དགོངས་ཏིང་འཛིན་ཐམས་ཅན་ཀྱང་སྲོག་༵གི༵་ཕྱིར༵་ཡང༵་མི༵་བཏང༵་ངོ༵་ཞེས་དམ་བཅའ་བ་ནི་སྔགས་ཀྱི་སྡོམ་པ་ཡར་ལྡན་དུ་བྱེད་པས་དངོས་གྲུབ་ཐོབ་བྱེད་ཀྱི་རྩ་བའོ། །ཀུན་རྫོབ་བརྡ་སྒོ་ཕྱག་བཤགས་པ་ཐམས་ཅན་དོན་དམ་རང་བཞིན་གནས་པའི་ཡེ་ཤེས་རང་རིག་པས་མངོན་དུ་གྱུར་པ་ལ་འཁོར་གསུམ་དམིགས་མེད་དུ་མཚར་བའི་དོན་གྱིས་ཨ༵་ལ༵་ལ༵་ཧོ༵༔ ཞེས་བརྗོད་པའོ། །བདུན་པ་བྱིན་འབེབས་ནི། སངས་རྒྱས་རྣམས་འོད་ཟེར་ཆེན་པོའ་ིདབང་བསྐུར་བའི་མཛད་པ་དང་མཐུན་པ་སྟེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ཧཱུཾ་ནི་སྐུ་གསུང་ཐུགས་ཡིན་ཏེ། རྡོ་རྗེ་ཐུགས་ནི་ཐོབ་བྱེད་པའོ། །ཞེས་པ་ལྟར་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཡི་གེས་མགོ་དྲངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་ལྔ་ཡོངས་སུ་རྫོགས་པ་དཔལ༵་ཆེན་༵པོ་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་ཡི་དམ་ལྷག་པའི་ལྷ་རབ་འབྱམས་ཀུན་འདུས༵་པའི༵་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་༵ཚོགས༵་རྣམ༵ས་དབྱིངས་ཡེ་གཉིས་མེད་ཆོས༵་སྐུའི་ཀློང༵་ནས༵་རང་བྱུང་ཀུན་ཁྱབ་ཀྱི་དམིགས་མེད་ཐུགས༵་རྗེའི༵་ནུས་རྩལ་ཤུགས་དྲག་ཏུ་བསྐྱེད་༵པས་ཐུགས་རྒྱུད་བསྐུལ་ནས། ལོང༵ས་སྐུ་ཁ་སྦྱོར་ཡན་ལག་བདུན་དང་ངེས་པ་ལྔ་རྫོགས་པའི༵་དཀྱིལ་འཁོར་གྱི་ལྷ་ཚོགས་ཞི་ཁྲོ་རབ་འབྱམས་བདུན་བརྒྱ་ཉེར་ལྔའི་ལྷ་སྔགས་ཕྱག་མཚན་གྱི་རྣམ༵་རོལ༵་ཆོས་དབྱིངས་ཁྱབ་པར་བརྡལ་བའི་ཆེ་ཆུང་མ་ངེས་པ་ཁ་བ་བུ་ཡུག་འཚུབ་པ་བཞིན། མཛེས་པའི་གར། རྡོ་རྗེའི་གླུ། མེ་ཏོག་གི་ཆར། དྲི་ཞིམ་གྱི་ངད་པ་ཅིར༵་ཡང༵་བརྒྱུར་བ་དང་བཅས་ཏེ་མཁའ་ཁྱབ་གཟུགས་སྐུའི་ཚུལ་དུ་བཞེངས་པ་ཆར་ཆེན་བབ་པ་བཞིན་བྱོན་ནས། སྤོས་རོལ་གདུང་དབྱངས་ཏིང་འཛིན་གྱིས་བསྐུལ་བས་བདག་གནས་ཡོ་བྱད་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་ལྷག་པའི་ཏིང་འཛིན་གྱི་སྤྲུལ་པའི་སྐུ་དང་ཞིང་གི་བཀོད་པའི༵་དཀྱིལ༵་འཁོ༵ར་རྟེན་བརྟེན་༵པར་བཅས༵་པ་ལ་གཉིས་མེད་དུ་ཐིམ་པས་མཐུ་རྩལ་ནུས་པའི་ཆོ་འཕྲུལ་དཔལ་དུ་འབར་བས་ཡོངས་གྲུབ་ཡེ་ཤེས་དཀྱིལ་འཁོལ་མངོན་དུ་གྱུར་པའི་དབང༵་བཞི་བསྐུར་བ་དང་། རྡོ་རྗེ་གསུམ་གྱི་བྱིན་༵ཆེན་ཕོབ༵་ཏེ་མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་འགྲུབ་པའི་ཕྱི་ནང་གསང་བའི་རྟགས༵་མཚ༵ན་མྱུར་བར་སྟོན་༵ པར་མཛོད་ཅེས་ཚིག་གིས་བསྐུལ་ཞིང་། ཁྲག་འཐུང་སྤྱི་སྔགས་རུ་ལུའི་ཛྭ་སཱ་ལ་སྒྲ་འཇུག་ཚུལ་བཅུ་སོགས་གསུངས་པ་ལས། འདིར་སྦྱན་དྲངས་པར་ཤེས་པ་སྟེ་ས༵རྦ་ཐམས་ཅད། ས༵་མ༵་ཡ༵་དམ་ཚིག་ཨ༵་བེ༵་ཤ་༵ཡ༵་ཕོབ་ཅིག་ཕེ༵་ཕེ༵། བདུན་པ་མཆོད་པ་བྱིན་རླབས་ནི། བྱང་སེམས་སློབ་པས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་ཡོངས་སུ་སྦྱངས་བའི་མཛད་པ་ལྟར། ཧཱུཾ་ཞེས་རང་ཉིད་གཉུག་མའི་ལྷ་དཔལ་ཆེན་པོའ་ིང་རྒྱལ་ལ་གནས་པས། སྣོད་བཅུད་ལ་མ་དག་པའི་འཛིན་རྟོག་ཡེ་ནས་མི་དམིགས་པའི་ཆོས་ཉིད་སྟོང་པའི་དབྱིང༵ས་ནས༵་རིག་སྟོང་ཡེ་ཤེས་ཀྱི་རོལ་པ་སྦྱངས་བྱེད་རྡོ་རྗེའི་ཡི༵་གེ༵་འབྲུ་༵གསུམ་ཆར༵་དུ་༵བབ༵་པས་དམིགས་རྟེན་གྱི་མཆོད་པ་གཙོ་བོར་གྱུར༵་པའི་སྣོད་བཅུད་ཐམས་ཅན་ལ་ཕོག་པས་སྲེག་བྱེད་མེའི་ཡི་གེ་རཾ་གྱིས་མཆོ༵ད་རྫས༵་ཀྱི་ཉེས༵་པའི་སྐྱོན་མ༵་དག་༵པ་བསྲེགས༵། ཡཾ་ལས་རླུང་གིས་དངོས་འཛིན་གྱི་འཆིང་བ་གཏོར༵། ཁཾ་ལས་ཆུས་བག་ཆགས་ངན་པའི་དྲི༵་མ་བཀྲུས་ཏེ་ཆོས་ཀུན་རང་བཞིན་གྱིས་དག་པའི་དོན་ལ་བློ་བཞག་སྟེ། བྷཱུྃ་ལ༷ས་རིན་༵པོ་ཆེའི༵་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་བྱུང་བའི་ཉེར་སྤྱོད་བདུན་སོགས་དང་། ཨཱ་༵ལུ་༵བདེ་སྐྱོང་གི་བྷནྔྷ༵ འི༵་སྣོད་ཀྱི་ནང༵་དུ་དབང་ལྔའི་མེ་ཏོག་སོགས་ཕྱི༵་དང༵་ནང༵་སྨན་གཏོར་རཀྟ། གས༵ང་བ་གསུམ༷་གྱི་མཆོད་སྤྲིན་རྣམས་རྣམ་པ་དམ་ཚིག་གི་རྫས་ཇི་ལྟར་འོས་པ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རོ་ནུས་ཡོན་ཏན་བརྒྱ་ཕྲག་དུ་མའི་དཔལ་འཛིན་པས་ལྷ་རྣམས་མཉེས་བྱེད་ཀྱི་ཕུལ་དུ་གྱུར་པའི་རང་རིག་ཀུན་ཏུ་བཟང་བོའ་ིརྣམ་འཕྲུལ་ཉག་གཅིག་གི་མཆོད་སྤྲིན་རྒྱ་༵མཚོར༵་ལྷུན་གྱིས་རྫོགས་པ་གྱུར༵་པར་བསམ་ལ། ཐོག་མཐར་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡི་གེ་ནི་དེའི་ཟག་མེད་ཡེ་ཤེས་ཀྱི་རོལ་པར་འཆར་བའི་བྱིན་རླབས་བསྐུལ་བའི་དོན་ཉེར་སྤྱོད་དང་འདོད་ཡོན་གྱི་སྔགས་དང་། པཱུ་༵ཛ༵་མཆོད་པ། ས༵་མ༵་ཡ༵་དམ་ཚིག་སྟེ་མཆོད་པའི་དོན་སྤྱོད་པར་དམ་བཅའ་བ་སྟེ། མཆོད་རྫས་རྣམས་དཀྱིལ་འཁོར་གྱི་ལྷས་སྤྱན་ལམ་བཏེགས་པ་ཙམ་གྱིས་དགྱེས་པས་བཞེས་ཏེ་དངོས་གྲུབ་ཀྱི་གནས་ལ་བསྐུལ་ནུས་པའི་བྱིན་རླབས་ཀྱི་རྒྱུན། སྭཱ་༵ཧཱ་༵ནི་གཞི་ཚུགས་པའི་དོན་དང་། ནང་མཆོད་སྨན་ནི། རླུང་མེ་ཐོད་སྒྱེད་ལ་གནས་པའི་ཀ་པཱ་ལར་ཤ་ལྔ་བདུད་རྩི་ལྔ་ཡིག་འབྲུ་ལྔས་མཚན་པ། རླུང་མེས་བསྐོལ་བས་ཉེས་སྐྱོན་སྦྱངས། ཉི་མ་འཆར་ཀའི་མདངས་ལྟར་ཞུ་བས་དམ་ཚིག་གི་བདུད་རྩིར་རྟོགས། འབྲུ་གསུམ་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་འདྲེས་པས་དམ་ཡེ་གཉིས་མེད་དུ་སྦར། རཀྟའི་སྣོད་བྷནྡྷ་ལྕང་ལོ་ཅན་དུ་ཁམས་གསུམ་གྱི་ཆགས་པའི་བཅུད་བསྡུས་པའི་ཁྲག་མཚོ་རྦ་རླབས་འཁྲུགས་པ་ལ། གིརྟི་མར་མེའི་མཁའ་གསང་ནས་བབ་པའི་བདེ་རྒྱན་གཅིག་ཏུ་འདྲེས་པ་དང་། གཏོར་མ་སྤྱིར་བདུད་རྩི་ལྟར་ལ་ཟེག་མ་ལས་འདོད་ཡོན་ལྔའི་མཆོད་སྤྲིན་ཟག་མེད་དུ་འཕྲོ་བར་བསམ་ལ་སོ་སོའ་ིསྔགས་ལན་གསུམ་རེ་བརྗོད་པའོ། །སྨན་བྱིན་གྱིས་རླབས་པའི་སྔགས་དོན་ནི། སྐུ་གསུང་ཐུགས་ཀྱི་ས་བོན་འབྲུ་གསུམ་ནི་སྦྱངས་རྟོགས་སྦར་བའི་ས་བོན། ས༵རྦ༵་པ༵་ཉྩ་༵ཨ༵་མྲྀཏ་༵སྨན་དང་བཅུད་ཐམས་ཅད་བདུད་རྩི་ལྔའི་རང་བཞིན། ཧཱུཾ་དམ་ཚིག་གི་ངོ་བོར་ཞུ་བ། ཧྲཱིཿ ཡེ་ཤེས་ཀྱི་བདུད་རྩི་དགུག་པ། ཋ༵ཿ གཉིས་སུ་མི་གནས་པ་གྲོལ་བ་སྟེ་དེས་ན་སྦྱངས་རྟོགས་སྦར་གསུམ་གྱིས་འཁོར་འདས་ཐམས་ཅན་ཡེ་ཤེས་ལྔའི་བདུད་རྩིར་དག་པས་གཙང་དམེའི་རྟོག་པ་ལས་གྲོལ་བར་བྱིན་གྱིས་རླབས་པའི་སྔགས་སོ། །གཏོར་མ་བྱིན་གྱིས་རླབས་པའི་སྔགས་དོན་ནི། ཨོ༵ཾ་ཨཱཿ༵ ཧཱུཾ་སྔ་མ་དང་མཚུངས། མ༵་ཧཱ་༵བ་ལིཾ་ཏ་ནི་གཏོར་མ་ཆེན་པོ་སྟེ། ཕྱི་དམ་རྫས་ནང་ཕུང་པོ་གསང་བ་བྱང་ཆུབ་སེམས་ཀྱི་གཏོར་མ། ཏེ་ཛྭ་བ༵་ལི་ཏ་༵ནི་ཐུགས་རྗེའི་འགྲོ་བ་འདུལ་བའི་རྩ་ལ་སྣང་གི་གཏོར་མ། དེ་ཁོ་ན་ཉིད་དབྱིངས་རིག་གཉིས་སུ་མེད་པ། བྷ་༵ལུ་༵བྷ་ཏེ་དེ་གཉིས་མེད་རོ་གཅིག་ཏུ་སྦྱོར་བའི་དོན། གུ་༵ཧྱ་ནི་གསང་བ་སྟེ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དབྱེར་མེད་པའི་གཏོར་མའི་དོན་རྟོགས་ན་བྱུང་ཚོར་གྱི་རྟོག་པ་ཁྱབ་བརྡལ་ཆེན་པོ་དབྱིངས་སུ་དག་པའི་གསང་བའི་གཏོར་མ། ས༵་མ༵་ཡེ༵་དེ་ཉིད་ལྷ་ལ་ཕུལ་བའི་ནུས་པས་ཉམས་ཆགས་ཀྱི་རྟོག་སྒྲིབ་དབྱིངས་སུ་བསྐང་བའི་དོན། སྭཱ་༵ཧཱ་༵མཆོད་པ་དེའི་དངོས་གྲུབ་འབྱུང་བའི་གཞི་ཚུགས་ཤིག་ཞེས་དང་། རཀྟ་བྱིན་རླབས་ཀྱི་སྔགས་དོན་ནི། ཨོ༵ཾ་ཨཱཿ༵ ཧཱུཾ་སྔར་ལྟར་ལ། མ༵་ཧཱ་༵ར༵ཀྟ་༵ནི་ཁྲག་ཆེན་སྟེ་འདི་ཁ་དབྱེ་ན། ཀུན་རྫོབ་རྫས་ཀྱི་རཀྟ་ཉེར་ལྔ་སྟེ། རྡོ་ཤིང་རྩི་འབྲུ་མེ་ཏོག་གི་རཀྟ་ལྔ་ལྔ། གུ་ཧྱ་མཱུ་ལ་རཀྟི་ནི་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་ཚང་བ་མི་རྒན་པའི་སྙིང་ཁྲག་ཡན་ལག་བརྟན་པའི་རཀྟ་ལོང་རྩའི་ཁྲག་པདྨ་རཀྟ་སྐྱེས་པས་མ་ཙེས་པའི་མཚན་ལྡན་གྱི་རཀྟ། ཉོན་མོངས་འཁོར་བའི་རཀྟ་ཞིང་བཅུའི་སྙིང་ཁྲག་སྣང་བ་བརྡའི་རཀྟ་དམར་པོར་གྱུར་ཚད། ས༵་མ༵ནྟ་ཀུན་ཏུ་སྟེ་དེ་ཐམས་ཅད་འཁོར་འདས་ཀྱི་ཆགས་པ་ཆེན་པོའ་ིདྭངས་མ་འབར་ཞིང་འཕྲོ་བས་བཅུད་བསྡུས་པ། མ༵ཎྜལ༵ ༵་ཟླུམ་པོའ་ིདཀྱིལ་འཁོར་རྣམ་པ་ལྷ་མོ་གིརྟི་མའི་བྷ་ག་ནས་བྱུང་བའི་རཀྟའི་རྒྱན་གྱིས་ཁྲག་མཚོ་མི་རྟའི་རོའ་ིརྦ་རླབས་འཁྲུགས་པ་བདེ་བ་ཆེན་པོའ་ིདཀྱིལ་འཁོར་གྱི་དོན། ཧཱུཾ་གིས་བདེ་བ་ཆེན་པོའ་ིབཅུད་བསྡུས་པའི་ནུས་པས། ཕ༵ཊ་ཀྱིས་རྒྱུད་དྲུག་གི་རྟོག་པ་དབྱིངས་སུ་གཏོར་བའོ། །དེ་ལྟར་ཕྱི་ནང་གི་མཆོད་པ་བྱིན་གྱིས་མ་བརླབས་ན། ཡོན་ཆབ་ལ་དྲི་ཟ་ཉེ་འཁོར། མེ་ཏོག་ལ་མེ་ཏོག་ཚེ་རྒྱན་སོགས་བགེགས་འཇུག་པས་ལྷ་མི་མཉེས་ཤིང་། དངོས་གྲུབ་སྒྲུབ་པའི་རྫས་སུ་མི་རུང་བ་བདེ་འདུས་ལས་གསུངས་ཤིང་། ནང་མཆོད་རྣམས་ལའང་རྫས་སྔགས་ཏིང་འཛིན་གྱིས་བརླབས་པར་འབག་བཙོག་གི་སྐྱོན་ཤོར་ན་རྩ་གསུམ་དམ་ཅན་འདུ་བའི་རྫས་སུ་མི་འགྱུར་བར་གསུངས་སོ། །གཉིས་པ་དངོས་གཞི་ལ། དཔལ་ཆེན་ཞལ་ལུང་ལས། དེ་ལྟར་སྦྱང་གཞི་ལུས་ངག་ཡིདཿ སྦྱོང་བྱེད་ལྷ་སྔགས་ཏིང་འཛིན་གྱིསཿ སྦྱོངས་འབྲས་བདེ་གཤེགས་སྐུ་གསུང་ཐུགསཿ རྡོ་རྗེ་གསུམ་གྱི་འཁོར་ལོ་རུཿ ཡོངས་སྨིན་དོན་གྱི་སངས་རྒྱས་ཏེཿ མ་ཧཱ་ཡོ་གའི་གྲུབ་མཐའ་རུ༔ སྤྱི་དཔལ་ཆེན་པོའ་ིངེས་བཤད་དོ༔ ཞེས་ལམ་གྱི་སྤྱིི་ཆིངས་སུ༔ བསྟན་པའི་རིམ་པ་དང་པོལང་བསྐྱེད་པའི་ངོ་བོ་རིམ་གྱི་ཏེ༔ ཞེས་གསུངས་པ་ལྟར། རྟེན་ཏིང་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ་གཉིས་ལས། དང་པོ་ལའང་། རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་དང་། ཐུགས་རྒྱུད་བསྐུལ་བ་བཟླས་པའི་རིམ་པ་གཉིས་ལས། དང་པོ་དཀྱིལ་འཁོར་བསྐྱེད་པ་ལ་ཡང་། དཔལ་ཆེན་ཞལ་ལུང་ལས། དེ་ལ་མ་ཧཱ་ཡོ་ག་ནི༔ དོན་དམ་མ་སྐྱེས་ཆོས་ཉིད་རྩལཿ ཏིང་འཛིན་གསུམ་གྱི་ཆོ་འཕྲུལ་ལས༔ སྣོད་བཅུད་འཛིན་ཞེན་སྦྱངས་བའི་ཕྱིར༔ རྟེན་དང་བརྟེན་པའི་འཁོར་ལོར་ཤར༔ ཞེས་གསུངས་པ་ལྟར། རྒྱུ་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། དབང་བསྐུར་རྒྱས་གདབ་ཀྱི་རིམ་པའོ། །དང་པོ་ནི། སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཚེ་སྣོད་བཅུད་འོག་མིན་གྱི་ཞིང་རང་སྣང་ཡེ་ཤེས་ཀྱི་འཁོར་ལོར་དག་པ་དང་མཚུངས་པར་སྦྱངས་གཞི་སྣོད་བཅུད་ཆགས་པའི་སྐྱེ་བ། སྦྱོངས་བྱེད་སྒོང་སྐྱེས་སྦྱངས་པ་རྒྱས་པ་ཆེན་པོའ་ིབསྐྱེད་རིམ་སྦྱངས་འབྲས་གཟུགས་སྐུ་མངོན་དུ་བྱེད་པའི་ཚུལ་ཏེ། ཏིང་འཛིན་རྣམ་གསུམ་འདི་བསྐྱེད་རིམ་གྱི་མདོ་ཆིངས་ཆེན་པོ་སྟེ། འདི་ལྟར་རང་བཞིན་གྱི་ཆོས་ཉིད་ལ་རྟོག་བཟོས་མ་བཅོས་པའི་རིག་པ་ངོ་བོ་ཉིད་ཀྱིས་སྟོང་ཀྱང་། གདངས་ཀྱིས་གསལ་བའི་ལྷག་མཐོང་གི་རིག་རྩལ་ལམ་སྣང་ཆ་ཐམས་ཅད་དག་པ་རབ་འབྱམས་ཡོངས་གྲུབ་ཆེན་པོའ་ིདཀྱིལ་འཁོར་དུ་གསལ་གདབ་ཤེས་ན་རིག་པ་གཅིག་གི་ཀློང་ཏིང་འཛིན་རྣམ་གསུམ་ཡེ་རྫོགས་སུ་བཞུགས་པ་མངོན་དུ་བྱས་པས་ཤིན་ཏུ་ཟབ་པ་སྙིང་ཐིག་འདིའི་མན་ངག་ལུགས་ལྟར་དང་། དེ་ལྟར་བློས་མ་ཆུན་ན། ཧཱུཾ་ནི་སྤྱིར་སྐུ་གསུང་ཐུགས་བྱེ་བྲག་ཐུགས་ཀྱི་སྙིང་པོ་རྒྱུ་གསུངས་པས་ཏིང་འཛིན་གསུམ་ཀ་མཚོན་པ་སྟེ། སྤྱིར་སྐྱེ་གནས་བཞི་ཀ་སྦྱངས་པའི་བསྐྱེད་རིམ་ཐམས་ཅད་ལ་ཏིང་འཛིན་གསུམ་གྱིས་ཁྱབ་ཀྱང་། ཁྱད་པར་འདི་ནི་སྒོང་སྐྱེས་སྦྱོངས་པ་རྒྱས་པ་ཆེན་པོའ་ིབསྐྱེད་རིམ་པས་ཏིང་འཛིན་རྣམ་གསུམ་རིམ་ཅན་དུ་སྒོམ་པ་སྟེ། དང་པོ་དེ་ཏིང་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་ར༵ང་བྱུང་གི་རིག་༵པ༵འི་ངོ་བོ་ནི་དངོས་དང་དངོས་མེད་བདག༵་རྟོག་གི་ཡུལ་དུ་མི་གནས་པའི་མེད་༵པ་སྟོང་ཉིད་རང་བཞིན་གྱི་འོད་གསལ་ཇི་ལྟ་བ་དྲན་པ་བྱས་པས་འཆི་སྲིད་ཆོས་སྐུར་སྦྱོང་ཞིང་རྟག་ལྟ་དང་། གཟུགས་མེད་ཁམས་དག་པར་བྱེད་པས་དེ༵་བཞིན་ཉིད་ཀྱི་ཏིང་ངེའི་འཛིན་ཅེས་བྱ། དབྱིངས་རིག་སྟོང་པ་ཆེན་པོ་དེའི་རོལ༵་རྩལ༵་འགྲོ་བ་ཀུན་༵ལ་སྙོམས་པར་སྣང༵་བའི་སྙིང༵་རྗེ༵་ཆེ༵ན་པོ༵་སྒྱུ་མ་ལྟ་བུ་དང་ཟུང་དུ་འཇུག་པ་ནི་ཆད་ལྟ་དང་གཟུགས་ཁམས་ལས་རྣམ་པར་གྲོལ་ཞིང་མཆེད་པ༵འི་ཡེ་ཤེས་བསམ་མི་ཁྱབ་པས་བར་སྲིད་ལོངས་སྐུར་རྫོགས་པའི་གཞི་འདིང་བས་ཀུན་སྣང་གི་ཏིང་འཛིན་དང་། ཟུང་འཇུག་སྲིད་ཞི་ཀུན་ཁྱབ་ཀྱི་དཀྱིལ་འཁོར་བསྐྱེད་པའི༵་རྒྱུ་ཡི༵་རིག་པ༵འི་ངོ་བོ། རྣམ་པ་དཔལ་ཆེན་པོའ་ིཐུགས་སྲོག་ཧཱུཾ་ཡིག་མཐིང་ནག་སྐར་ཆེན་ལྟར་འབར་ཞིང་འོད་འཕྲོ་བ་ནི་ནམ་མཁའི་དཀྱིལ་དུ་ཤར་བ་རྒྱུའི་ཏིང་འཛིན་ཏེ་སྐྱེ་གནས་སུ་འཇུག་ཀ་མའི་སྲིད་བཅས་ཀྱི་ཤེས་པ་དང་། འདོད་ཁམས་སྐྱེ་བ་སྤྲུལ་པའི་སྐུར་སྨིན་པར་བྱེད་དེ་འདི་གསུམ་ནི་བསྐྱེད་རིམ་སྤྱིའི་ཁོག་ཕུབ་ཐུན་མོང་མ་ཡིན་པ་སྟེ། དག་རྫོགས་སྨིན་གསུམ་གྱི་གནད་དོན་དེ་ལྟར་ཤེས་པས་དངོས་གཞི་སྒོམ་པའི་སྐབས་ཧཱུཾ་ཞེས་བརྗོད་པས། སྣང་གྲགས་ཀྱི་ཆོས་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་རིག་པའི་མྱོང་བ་ཡོད་ན་དེ་ཉིད་དང་མྱོང་བ་མེད་༵ ཀྱང་སེམས་སྣང་མེད་ལ་ཅུང་ཟད་བཞག་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེའི་སེམས་དུང་ངེ་བྱ། ཟུང་འཇུག་དེའི་ངང་ནས་ས་བོན་ཧཱུཾ་དུ་ལམ་གྱི་སྒོམ་པ་སྟེ་མྱོང་ཁྲིད་བྱེད་ན་ཏིང་འཛིན་རྣམ་གསུམ་རེ་རེ་བཞིན་ཞག་གིས་བཅད་པའི་དམིགས་པ་བཟུང་ཞིང་། རྒྱུའི་ཧཱུཾ་ཡིག་རེ་རས་ལ་བྲིས་པ་མདུན་དུ་བཀྲམ་སྟེ་ཞི་གནས་ཀྱི་སེམས་སྒྲུབ་པ་སོགས་བཀའ་བརྒྱད་ཀྱི་སྒྲོམ་ཁོག་ཏུ་གསུངས་པ་ལྟར་ཡིན་ཀྱང་། དེང་སང་མོས་སློབ་ཙམ་གྱི་གཟུགས་བརྙན་ལའང་ཏིང་འཛིན་རྣམ་གསུམ་འདི་གཞི་འབྲས་སྦྲེལ་བའི་ང་རྒྱལ་དང་དག་དྲན་མོས་པ་ཙམ་ལ་གསལ་འདེབས་བརྟན་པོ་བྱས་ན་རྟེན་བརྟེན་པའི་དཀྱིལ་འཁོར་སོ་སོའ་ིགཞི་འབྲས་སྦྲེལ་བའི་ང་རྒྱལ་སོགས་མ་ནུས་ཀྱང་ཏིང་འཛིན་གསུམ་གྱི་དག་རྫོགས་སྨིན་གསུམ་ཚང་བར་ཤེས་ན་དེའི་བསྐྱེད་པའི་ལམ་གྱིས་གནད་དོན་འདུ་བར་གསུངས་པས་གལ་ཆེ་བར་སེམས་སོ། །གཉིས་པ་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ། རྡོ་རྗེ་གུར་ལས། སངས་རྒྱས་གནས་གཞི་རྫོགས་བྱས་ནས། །ཀུན་ཏུ་བཟང་པོས་བདེ་བ་དངོས། །རྣམ་པ་ལྔ་པོ་སྒོམ་བྱས་ཏེ། །རང་ལྷག་ལྷ་ཡི་སྒྲུབ་ཐབས་བྱ། །དེ་བཞིན་དཀྱིལ་འཁོར་རྣམ་བཀོད་ལ། །མཆོད་བསྟོད་བདུད་རྩི་མྱོང་སོགས་པ། །རིམ་པ་འདི་ཡིས་སྒོམ་བྱས་ན། །ཡན་ལག་དྲུག་གི་སྦྱོར་བ་འདེད། །ཅེས་གསུངས་པ་ལྟར། བསྐྱེད་རིམ་ཡན་ལག་དྲུག་གི་དང་པོ་གཞལ་ཡས་ཁང་སྒོམ་པ་ནི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཏེ། རྟེན་སྐུ་བརྟེན་པ་ཡེ་ཤེས་སུ་གྲགས་པ་ལྟར་ཟག་མེད་འབྲས་བུའི་ཡོན་ཏན་ཐམས་ཅན་ཀྱི་རྟེན་བྱེད་པའི་ཆ་ནས་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་སྟེ། དེ་ཉིད་ལྷར་བཞེངས་པ་རྣམ་སྣང་ཡིན་པའི་རྒྱུ་མཚན་གྱིས་སྐུ་དང་ཞིང་ཁམས་རྒྱ་མཚོའི་འབྱུང་གནས་སུ་གྲགས་པ་ལྟར་ཡན་ལག་དང་པོ། ཐོག་མར་རྟེན་གཞལ་ཡས་ཁང་སྒོམ་པ་ནི། འདི་མན་ཆད་མངོན་རྟོགས་ནི་སྒོམ་དོན་ཙམ་ལས་ཧ་ཅང་ཡི་གེ་མང་བར་དོགས་ནས་འབྲུ་འགྲེལ་མ་བྲིས་པས། ཐོག་མར་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཆོས་ཀྱི་དབྱིངས་ཡིན་ལ། དབྱིངས་དེ་ཉིད་ཀྱི་ཕྱག་རྒྱ་ཡུམ་ལྔར་དག་པ་མཚོན་ཕྱིར་རྒྱུའི་ཧཱུཾ་ལས་འོད་ཟེར་སྤྲོ་བསྡུས་སྣོད་བཅུད་ཐ་མལ་གྱི་ཞེན་རྟོག་སྦྱངས་ཏེ་དག་པའི་ཞིང་དུ་གྱུར་པ་ལ། ཧཱུཾ་ཡིག་ཉིད་སྐད་ཅིག་གིས་སངས་རྒྱས་ཐམས་ཅན་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ངོ་བོ་སེམས་ཉིད་སྟོང་གསལ་ཀ་དག་ལ། རྣམ་པ་རྒྱུའི་ཧེ་རུ་ཀ་མདོག་སྔོན་པོ་ནམ་མཁས་གར་ཁྱབ་སྐུ་ཡིས་ཁྱབ་ཅིང་ཨ་འབྲས་ཐེར་ཟུགས་མ་ཡིན་པ་ཟང་ཐལ་སྒྲིབ་གཡོག་དང་བྲལ་བས་ཆོས་ཀྱི་དབྱིངས་གང་བའི་ཆོ་འཕྲུལ་ཅན། ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དུང་ཁྲག་འཛིན་པ་ཁྲི་བོའ་ིཆས་ཐམས་ཅད་རྫོགས་པ་ཞབས་དོར་སྟབས་ཀྱིས་ནམ་མཁའི་དབྱིངས་སུ་བཞེངས་པར་བསྒོམ། དེའི་ཐུགས་ཀ་ནས་འབྱུང་ལྔ་དག་པ། ཡུམ་ལྔའི་ས་བོན་འོག་ཏུ་རིམ་བརྩེགས་སུ་ཆད་པ་རྡོ་རྗེ་སྲུང་བའི་འཁོར་ལོའི་ནང་དུ། ཨེ་ལས་སྣང་ཆ་གསལ་ཞིང་གོ་འབྱེད་པ་ཐབས། སྟོང་ཆ་ཤེས་རབ་གཉིས་སུ་མེད་པ་འབྱུང་པ་ནམ་མཁའི་དྭངས་མའི་ཡོན་ཏན་བསྡུས་ཏེ་ཞུ་བ་ལས་ཐམས་ཅད་དབྱིངས་ཕྱུག་ནམ་མཁའ་གྲུ་གསུམ། ཡཾ་ལས་སྒྲོལ་མ་གཡོ་བ་རླུང་རྒྱ་གྲམ། ར་ལས་མཱ་ཀི་གཤེར་བ་རཀྟའི་རྒྱ་མཚོ་ཟླུམ་པོ། སུ་ལས་སྤྱན་མ་སྲ་བརྟན་ཞིང་ཆེན་གྱི་ས་གཞི་གྲུ་བཞི། ཀེ་ལས་རུས་པའི་རི་རབ་གྲུ་བཞི་བང་རིམ་བཞི་ལྡན་གྱི་སྟེང་ཁ་ཁྱེད་གྲུ་བཞི་པ། ས་མཚམས་གཅོད་བྱེད་ཕྱི་མཐར་རྡོ་རྗེའི་རྭ་བ་ལྕགས་རི་ལྟ་བུའི་སྲུང་འཁོར་གྱི་ནང་དུ་བསྐོར་བའི་དབུས། རྃ་ལས་གོས་དཀར་དྲོ་བའི་ཁམས་འབར་བའི་མེ་ལྕེ་ཀུན་ཏུ་འཁྱིལ་བའི་ཀློང་དུ། ཧཱུྃ་ཡིག་མཐིང་ག་ཐམས་ཅན་འཇོམས་ཤིང་གསོད་པའི་ས་བོན་ལས་རྡོ་རྗེའི་རྭ་བའི་ནང་དུ་གནམ་ལྕགས་ཞུན་མ་ལས་གྲུབ་པའི་རྡོ་རྗེ་སྔོན་པོ་ཆེ་བ་ཁྲོལ་བླུགས་ཀྱི་བར་མཚམས་སུ་ཆུང་བ་རྡུལ་ཕྲན་ལྟ་བུའི་རྡོ་རྗེ་ཞུ་ལུགས་སུ་འབྲེལ་བའི་བྲག་ཆེན་སྲ་ཞིང་འཐས་པའི་སྟེང་། བྷྲུྃ་ཡིག་ཁ་དོག་ལྔ་ལྡན་ཆད་པ། བྷྲུྃ་ཡེ་ཤེས་ལྔའི་ས་བོན། ར༵ཏྣ་༵རིན་པོ་ཆེ། བྷ་༵ཉྫ་༵ཐོད་པ། ཛྙཱ་༵ན་༵ཡེ་ཤེས། ཙ༵ཀྲ་༵འཁོར་ལོ། མ༵ནྜལ༵ ༵་དཀྱིལ་འཁོར་ཏེ་བྷྲུཾ་ཞེས་པས་རྣམ་པ་གང་ལྟར་སྣང་དོན་ལ་མ་དག་པའི་ཕུང་ལྔ་གཟུགས་ཕུང་ལ་བརྟེན་པས་ངག་ཡིད་ཀྱི་གཞི་ལུས་ཡིན་པ་དང་། འབྲས་བུ་ཆོས་དབྱིངས་ཡེ་ཤེས། ཡེ་ཤེས་གཞན་བཞིའི་འཕྲོ་གཞི། ལམ་དག་པ་ལྷ་རྣམས་ཀྱི་གནས་རྟེན་ཞིང་དང་གཞལ་ཡས་ཁང་ཡིན་པས་གང་དུ་སངས་རྒྱས་པའི་ཞིང་གི་སྒྲོན་མ་བཀོད་པ་བཞིན་ཕྱི་རིན་པོ་ཆེ། ནང་ཐོད་པའི་གཞལ་ཡས་ཁང་། དོན་ཡེ་ཤེས་ལྔའི་རང་བཞིན་རྣམ་སྣང་གི་བདག་ཉིད་གཞལ་ཡས་ཁང་སྒོམ་པ་སྟེ། རྡོ་རྗེ་རྭ་བའི་ནང་ཕྱོགས་མཚམས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་སུ་ཁ་དོག་སྣ་ཚོགས་པའི་པདྨའི་ལྟེ་བ་ཟླུམ་པོ་ལེབ་ཆགས་ལྗང་གུ། གེ་སར་དམར་པོ་ཟིལ་ཕོད་དང་བཅས་པའི་སྟེང་ཉི་དཀྱིལ་དྭངས་གསལ་རྒྱ་གེ་སར་དང་མཉམ་པ། དེའི་དབུས་སྣ་ཚོགས་རྡོ་རྗེ་ལྟེ་བ་མཐིང་ག་གྲུ་བཞི། དེ་ལས་ཐོན་པའི་རྭ་བཅུ་གཉིས་ཕྱོགས་མདོག་རྭ་དབུས་མའི་རྩེ་གེ་སར་དང་མཉམ་པའི་དབུས་སུ་རྒྱུའི་ཧཱུཾ་ལས་བྷྲུྃ་ཁ་དོག་ལྔ་ལྡན་ཆད་པ་གནས་གྱུར་པ་ལས་ཡེ་ཤེས་ཀྱི་སྤྲུལ་པའི་གཞལ་མེད་ཁང་གི་ནང་ནས་རིམ་བཞིན་མཐིང་དཀར་སེར་དམར་ལྗང་བའི་རྩིག་པ་ལྔ་སྦྲག་རེག་ལ་མ་འབྱར་བ། དེའི་ནང་དུ་ཁ་ནས་མེ་འབར། སྣ་ནས་དུད་པ་འཕྱུར། སྤྱུགས་གླུའི་རྩེར་སྒྲ་སྒྲོགས་པའི་ཐོད་པ་སྐམ་རློན་རྙེད་གསུམ་གྱི་རྩིག་པ་རཀྟས་སྦྱིན་ཐབས་སུ་སྦྱར་བ། གནམ་ལྕགས་ཀྱི་གཟེར་བཏབ་པ་གྲུ་བཞིའི་རྩིག་པ་ཕྱི་ནང་གཉིས་ཀ་ཕྱོགས་བཞིར་ཧར་བཏོན་པའི་སྒོ་བཞིའི་གཡས་གཡོན་ནས་མདུན་དུ་ཕྱིར་འཐེན་པའི་སྒོ། དེའི་རྩིག་སྣེ་གཉིས་ནས་ངོས་སུ་འགྱེད་པ་སྒོ་ཁྱུད། དེའི་ངོས་ནས་མདུན་དུ་འཐེན་པ་སྒོ་ལོགས། སྒོལ་རྒྱུའི་རྟ་བབ། སྒོར་འཇུག་པའི་ཕྱི་ནང་གི་ཐེམ་སྐས་བཞི་བཞི་བརྒྱད། འབྲས་བུའི་རྟ་བབ་སྒོ་སྟེང་ཀ་བ་བཞིས་བཏེགས་པའི་བརྒྱད་ནི། གཞི་སྔོན་པོ་ལ་གསེར་གྱི་རྡོ་རྗེ་འགྲེང་བུར་བསྒྲིགས་པའི་རྟ་རྐང་། རིན་པོ་ཆེ་དམར་པོའ་ིབད་འདབ་ཀྱི་ཆུ་སྐྱེས། རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་ལེབ། སྣ་འཕྱང་ལས་འཕྱང་བའི་རིན་པོ་ཆེའི་དྲྭ་མིག་གི་ཟར་ཚགས། གཞི་སོ་སོ་ལ་རིན་པོ་ཆེའི་ཕྲ་བཏབ་པའི་སྣ་འཕྱང་། གཞི་བར་སྟེང་ལ་སེང་མགོའ་ིཁ་ནས་འཕྱང་བའི་དྲྭ་ཕྱེད་ལ་ཆུན་འཕྱང་། གཞི་སྔོན་པོའ་ིསྟེང་དཀར་པོའ་ིཤར་བུས་བསྒྲིགས་པ། བྱ་འདབ་དང་འདྲ་བའི་ཟུར་བཞིར་ཁྱུང་མགོའ་ིལྐོག་མ་ནས་དྲིལ་བུ་རླུང་བསྐྱོད་ཀྱི་རྒྱ་ཕུབ། མདུན་དུ་སྣམ་བུ་རྣམས་གླང་རྒྱབ་ཀྱི་ཐད་དུ་ཆ་གཅིག་དེ་ཉིད་མིག་གསུམ་པའི་དབུས་མར་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་དྲྭ་བ་དྲྭ་ཕྱེད། སྒོའ་ིཡ་ཕུབ་ཀྱི་རྩིག་པའི་མདུན་དུ་བླ་རེ་བསིལ་ཁང་གིས་གཞི་དང་རྟ་བབ་འདེགས་བྱེད་ཀྱི་གདུང་དང་བཅས་པ་ཕྱོགས་མདོག་བསིལ་ཁང་གི་སྟེང་དབུས་པདྨ་ལ་གཙོ་བོ་མཚོན་པའི་ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ནས་ངེས་པའི་དོན་མཚོན་པའི་གཟེར་བུ་ནོར་བུའི་ཏོག་ཅན་གྱི་གདུགས་ནང་དུ་ཅོད་པན་ཅན་དང་། གཡས་གཡོན་དུ་འཁོར་མཚོན་བྱེད་གསེར་གྱི་རི་དྭགས་ཕོ་མོའ་ིགཟུགས། དྲང་དོན་མཚོན་པའི་གཎྜི་དང་ཐབས་ཤེས་ཀྱི་རྡོར་དྲིལ་ཡང་བཞག་པར་གསུངས། གཞལ་ཡས་ཁང་གི་རྩིག་པའི་ཕྱི་རོལ་རྨང་གཞི་འགྲམ་སྟེགས་ཀྱི་ཚིལ་རཏྣའི་འདོད་སྣམ་དམར་པོ་སྒོ་ཁྱུད་ཀྱི་རྩིག་པ་ལ་ཐུག་གི་བར་འཁོར་བའི་སྟེང་། ཤར་སྟོད་དུ་པི་ཝཾ་མ་སྔོན་མོ་དང་། གླིང་བུ་མ་སེར་མོ། ཤར་སྨད་དུ་རྔ་ཟླུམ་མ་དམར་མོ་དང་། རྫ་རྔ་མ་ལྗང་གུ། དེ་བཞིན་ལྷོར་སྒེག་མ་སྔོན་མོ་དང་། བཞད་མ་དམར་མོ་རང་རྒྱ། གླུ་མ་སེར་མོ་ཏིང་ཤག་གར་མ་ལྗང་གུ་གར་རྒྱ། ནུབ་ཏུ་མེ་ཏོག་མ་སེར་མོ། སྤོས་མ་ནག་མོ། མར་མེ་མ་དམར་མོ། དྲི་མ་ལྗང་གུ་བྱང་དུ་གཟུགས་མ་དཀར་མོ་མེ་ལོང་། རོ་མ་སེར་མོ་ཟས་གཞོང་། རེག་མ་ལྗང་གུ་ན་བཟའ། ཆོས་དབྱིངས་མ་དཀར་མོ་ཆོས་འབྱུང༵་སྟེ་རྡོ་རྗེའི་ལྷ་མོ་བཅུ་དྲུག་ཞི་ཚུལ་ཅན་དར་དང་རིན་པོ་ཆེས་བརྒྱན་པ། སྒོ་ཁྱུད་ཀྱི་མཚམས་དང་ཤར་ལྷོ་ལ་སོགས་པའི་མཚམས་རྣམས་སུ་ཟླ་ཕྱེད་རྡོ་རྗེ་རེ་རེས་མཚན་པ། རྩིག་པའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཏབ་པ་ཁ་བད་ཀྱི་ཚུལ་དུ་ཕྱིར་འཕྱ་བ། ཕ་གུའི་སྟེང་ཀ་སྤུངས་ཞུ་དང་བཅས་པས་བཏེགས་པའི་གསེར་གདུང་རྩིག་པའི་ཕྱི་མཐའ་དང་ཁོད་མཉམ་པ། གདུང་དང་འདེགས་ཀྱི་ཕྱི་ངོས་ཕྱིར་འབུར་བའི་གཟེར་ཡས་མས་རིམ་པ་བཞི་བཞིས་བཏབ་པ་ལ། གསེར་སྐུད་དཀྲིས་ཏེ་འཕྲེད་ལ་འཐེན་ནས་བཅིང་པས་དྲ་བ་ནང་དུ་མི་འགྲོ་བའི་སྐ་རག་བཞི། ནང་གི་ཐོག་ཕུབ་ཀྱི་ཕྱམ་རྣམས་གསེར་གདུང་ལ་བཀའ་བའི་སྣེར་ཙི་པ་ཏྲའི་གདོང་བརྐོས་པའི་ཁ་ནས་ནོར་བུ་དང་མུ་ཏིག་གི་དྲྭ་བ་འགུག་གཅིག་ནས་གཅིག་གི་བར་སྦྲེལ་བ་དང་། ཁའི་དབུས་ནས་ཐུར་དུ་དཔྱངས་པའི་སྣེ་ལ་ནོར་བུ་སྦོམ་པོ་བཏགས་པ་དྲྭ་ཕྱེད་ཕ་གུ་ལ་རེག་ལ་ཁད་ཙམ་དུ་དཔྱངས་པ། གཞན་ཡང་མེ་ཏོག་གི་ཕྲེང་བ། དར་དཔྱང་མེ་ལོང་ཟླ་ཕྱེད་རྔ་ཡབ་རླུང་བསྐྱོད་དང་བཅས་པས་བརྒྱན་པས་མཛེས་པ། འདོད་སྣམ་གྱི་ཕྱི་མཐའ་ནོན་པའི་བྱ་འདང་ཕུབ་འདབ་ཕུབ་པའི་ནང་ཙམ་གྱི་འོག་ནས་སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུའི་ཤར་བུ་ཕྲེང་བ་དཀར་པོ་བསྒྲིག་པ། བྱ་འདབ་ཀྱི་རྩ་བ་གནོན་བྱེད་རིན་པོ་ཆེའི་སྤང་ལེབ་དཀར་པོ་སྟག་མོ་རིས་རིམ་པ་གསུམ་པའམ་བཞི་ཡོད་པ་བསླང་ནས་བསྒྲིག་པུ་ཤུ་མཆོད་རྟེན་བརྩེགས་སུ་བསྒྲིགས་པའི་མདའ་ཡབ་དང་། ཐོག་ཕུབ་ལ་གཞལ་ཡས་ནང་གི་ཀ་བ་ཕྱོགས་རེར་གཉིས་གཉིས་ཀྱིས་བཏེགས་པའི་ཏལ་གདུང་བཞི་བསྣོལ་མཚམས་འཕེལ་ཀ་བསྒྲིགས་ནས་བཏང་བའི་སྣེ་བརྒྱད་ཀ་བ་བརྒྱད་ཀྱི་སྟེང་དུ་ཁེལ་བར་བྱས་པས་གསེར་གདུང་དང་གདུང་ཆེན་བཞིའི་སྣེ་ཐུག་པའི་སྟེང་ཁོད་མཉམ་པའི་སྟེང་ཕྱམ་ཉི་ཤུ་རྩ་བརྒྱད་ཀྱི་དབུས་ཀྱི་རེའུ་མིག་མ་གཏོགས་གཞན་བརྒྱད་པོ་ཕུབ། སྟེང་དུ་རིན་པོ་ཆེའི་སྤང་ལེབ་ཀྱི་རྒྱལ་མ། ཐོགས་པའི་ཚུལ་དུ་རིན་པོ་ཆེ་གཅལ་དུ་བཀྲམ་པས་བྱ་འདབ་དང་ཁོད་མཉམ་པ། རེའུ་མིག་དབུས་མ་མཐོང་ཀ་བཞག་པའི་ཟུར་བཞིར་ཁང་བུ་བརྩེགས་པ་མཛེས་པས་བཏེགས་པའི་སྟེང་རྒྱ་ཕིབ་བཀལ་བའི་རྩེ་མོར་རྡོ་རྗེ་རིན་པོ་ཆེ་འབར་བའི་ཏོག་གིས་མཚན་པ། གཞལ་ཡས་ཁང་ནང་མ་དུར་ཁྲོད་དྲག་པོའ་ིཕོ་བྲང་མི་མགོའ་ིརྩིག་པ་རིམ་གསུམ་ལ། བྷནྡ་ལྕང་ལོ་ཅན་གྱི་ཁ་བད། ཤ་ཆེན་གྱི་འདོད་སྣམ། ཉི་ཟླའི་ཀ་གདན། ཆུ་སྲིན་གྱི་ཁའི་ཀ་ཞུ། ལྷ་ཆེན་བརྒྱད་ཀྱི་ཀ་བ། ཀླུ་ཆེན་བརྒྱད་ཀྱི་གདུང་མ། གཟའ་ཆེན་བརྒྱད་ཀྱི་ཕྱམ། རྒྱུ་སྐར་གྱི་དྲལ་གཟེབ། འདི་དག་རྣམ་པ་ལྷ་ཀླུ་ཆེན་པོའ་ིགཟུགས་ལ་ངོ་བོ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཡིན་ཞེས་བཀའ་མ་རྟ་མགྲིན་ཐུགས་དྲིལ་གྱི་ལས་བྱང་ལས་གསུངས་པ་ལྟར་དང་། རྒྱུ་རློན་དང་རྒྱུས་པའི་དྲྭ་ཕྱེད། ཐོད་ཚལ་གྱི་ཆུན་འཕྱང་། མི་རོའ་ིའཕན་གདུགས་སོགས་འཇིགས་ཤིང་རྔམས་པའི་རྒྱན་གྱིས་སྐྱི་གཡང་བ། ཕྱི་རོལ་དུ་བསིལ་བ་ཚལ། སྐུ་ལ་རྫོགས། ཧེ་ཆེན་རོལ་པ། གསང་ཆེན་རོལ་བ། པདྨ་བརྩེགས། ཡ་མ་ཁ། ཁུ་བྱུག་ཀློང་། འཇིག་རྟེན་མངོན་རྫོགས་ཏེ་ངུ་འཁོར་ཆེན་པོ་བརྒྱད་ལ་ཤིང་བརྒྱད་ཀྱི་རྩ་བར་ཕྱོགས་སྐྱོང་། ཞིང་སྐྱོང་། ཆུ་ཀླུང་སྤྲིན་རི་མཆོད་རྟེན་མེ་རིག་འཛིན་གྲུབ་ཐོབ། ཤ་ཟ་འབྱུང་པོ་བྱ་གཅད་རོ་དང་ཀེང་རུས་ཀྱིས་གང་བ་དང་། རྡོ་རྗེའི་སྲུང་འཁོར་གྱི་ཕྱི་རོལ་ཡེ་ཤེས་བསྐལ་པའི་མེ་ལྕེ་ཁ་དོག་ལྔ་པ་འབར་ཞིང་འཁྲུགས་པའོ། །དེ་ལྟར་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་ཞིང་ཆེན་པོ་རྣམ་པ་གང་ལྟར་སྣང་ཡང་ངོ་བོ་དག་ཆེན་ཡེ་ཤེས་ཀྱི་རོལ་པ་ཀུན་བརྟགས་ཀྱི་བློས་བཅོས་ཤིང་བཏགས་པ་ཙམ་མ་ཡིན་པ་གདོད་ནས་ལྷུན་གྲུབ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་རང་སྣང་འོག་མིན་གྱི་ཞིང་ཁམས་སུ་བྱང་ཆུབ་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པའི་བརྡ་དོན་རྟགས་གསུམ་སྤྱི་ལྟར་ཤེས་པ་ལ་གོམས་པས་བར་ཆད་མེད་ལམ་མངོན་དུ་གྱུར་ནས་འབྲས་དུས་རང་སྣང་དོན་གྱི་འོག་མིན་གྱི་ཞིང་ལ་སྦྱོར་བའི་ཐབས་རྨད་དུ་བྱུང་བའོ། །གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བ་ལ་གནམ་ལྕགས་ཞུན་མ་ལས་གྲུབ་པའི་དྲག་པོའ་ིའཁོར་ལོ་རྩིབས་བརྒྱད་པའི་དབུས་ཀྱི་ལྟེ་བའི་ཆར་ཆོས་དབྱིངས་བདེ་བ་ཆེན་པོའ་ིཡེ་ཤེས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཆོས་འབྱུང་ཟུར་གསུམ་སྟེང་རྡོ་རྗེའི་བྲག་ཆེན་འབར་བའི་རྩེར་དུག་ལྔ་དག་པའི་བརྡར། དཔའ་གཏུམ་སྟག་འཇིགས་བྱེད་སེང་གེ་གདུག་པ་གཟིག་གཏུམ་པ་དོམ། སྟོབས་ལྡན་གླང་ཆེན། བརྗིད་པ་མ་ཧེ། འཛིན་པ་ཆུ་སྲིན། ཞེ་སྡང་སྦྲུལ་ཏེ་བྱོལ་སོང་གཙོ་བོ་བརྒྱད་ཀྱིས་ལྷ་ཀླུའི་དྲེགས་པ་ཆེན་པོ་བརྒྱད་བརྫིས་པའི་འོག་སྐྱོན་གྱིས་མ་གོས་པའི་པདྨ་དང་ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་གྱི་གདན་ཁྲི་དང་བཅས་པའོ། །དེ་ཉིད་ལ་སླར་ཡང་སྔགས་ཀྱིས་གསལ་བཏབ་སྟེ་རུ་༵དྲ་༵དྲག་པོ། ཀྲོ་༵ངྷི་༵ཁྲོ་མོ། ཏི༵་ར༵་རོ། བཾ༵་རོའ་ིས་བོན། པཾ༵་ས་བོན། པ༵དྨ་༵མ༵་ངྷ་༵ལ་པདྨའི་དཀྱིལ་འཁོར་དེའི་འགྲེས་ཏེ། མ་སུརྻ་མ་ངྷ་ལ་ཉི་མ། ཨ་ཙནྜ་མ་དྷ་ལ་ཟླ་བའི་བརྩེགས་མར་བསྒོམ་པའོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ། དང་པོ་གཙོ་བོ་བསྐྱེད་པ་ནི། ཡན་ལག་གཉིས་པ་རྗེས་སུ་ཆགས་པ་ནི་ཧེ་རུ་ཀའི་རིགས་རྡོ་རྗེ་འཆང་སྟེ་དེ་ནི་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གསུངས་པ་ལྟར་དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་རྒྱུ་དང་འབྲས་བུའི་ཧེ་རུ་ཀར་བཞེངས་ནས་གཙོ་འཁོར་ཐམས་ཅན་སྤྲོ་བསྡུས་བྱེད་པོ་ཡིན་ཅིང་དག་བྱ་དག་བྱེད་དག་འབྲས་ཀྱི་གནད་ཀྱང་། དཔལ་ཆེན་ཞལ་ལུང་ལས། བདེ་བ་ཆེན་པོའ་ིམཁའ་ཀློང་དུ༔ ཐབས་ཤེས་རྒྱུ་ཡི་ཧེ་རུ་ཀ༔ བདེ་སྟོང་ཆེན་པོར་རོལ་པ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི༔ འཕྲོ་འདུའི་བཀོད་པ་ཅིར་ཡང་སྣང༔ དུག་ལྔ་ཆགས་འཛིན་བྲལ་བར་སྦྱངས༔ འཕགས་པ་མཆོད་ཅིང་གཞན་དོན་བྱས༔ དེ་ཚེ་ཉོན་མོངས་བདུད་བཅོམ་མོ༔ དེ་ཡང་ཆགས་སྡང་འཛིན་རྟོག་ཀུན༔ གཉིས་མེད་རང་འབྱུང་ཡེ་ཤེས་རྩལ༔ སྤང་ཐོབ་བྲལ་བའི་ཆོས་ཉིད་ལ༔ དགག་སྒྲུབ་ཕྱོགས་ལྷུང་ལས་འདས་པསཿ བསླུ་བྲིད་ལྟ་བུའི་བདུད་བཅོམ་མོ༔ རྡོ་རྗེ་ཕུང་པོའ་ིཡན་ལག་ལྔ༔ རྫོགས་པའི་སངས་རྒྱས་ལྔར་ཤེས་ཤིང༔ རྣམ་དག་ལྷ་ཡི་སྐུར་གྱུར་པས༔ ཐ་མལ་ཕུང་པོའ་ིབདུད་བཅོམ་མོ༔ ཚོགས་གཉིས་འབྲས་བུའི་ཐུགས་ཀ་ལས༔ བསྐྱེད་རྫོགས་གདེང་གྱུར་སངས་རྒྱས་ཏེ༔ དེ་ལས་སྐྱེ་དང་འཆི་བ་ཡི༔ རྣམ་རྟོག་རང་མཚན་མེད་པས་ན༔ འཆི་བདག་བདུད་ནི་བཅོམ་པའོ༔ ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པས་རྣམ་པ་སྦྱོར་སྒྲོལ་གྱི་སྤྱོད་པ་ངོ་བོ་ཡེ་ཤེས་ཀྱི་རྒྱས་ཐེབས་པས་དོན་ལ་དུག་གསུམ་གྱི་འཆིང་བ་གྲོལ་ཞིང་འབྲས་བུ་དཔལ་ཆེན་པོའ་ིགོ་འཕང་མངོན་དུ་བྱ་ཕྱིར། འབྲས་བུའི་མྱང་འདས་སངས་རྒྱས་ཀྱི་མཛད་པས་མ་དག་འཁོར་བའི་སེམས་ཅན་གྱི་བྱ་སྤྱོད་མ་སྤངས་ལམ་དུ་བྱེད་པ་སྟེ། རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོའ་ིརྣམ་ཐར་སྒོ་གསུམ་གྱིས་དབྱིངས་ཁྱབ་པའི་འཁོར་འདས་ཀྱི་བྱེད་པོ་རིག་པ་བྱང་ཆུབ་ཀྱི་སེམས་རྒྱུའི་ཧེ་རུ་ཀའི་གཟུགས་སུ་ཤར་བས་དབྱིངས་རིག་བདེ་སྟོང་ཆེན་པོའ་ིསྦྱོར་བའི་འོད་ཀྱིས་མཁའ་ཁྱབ་ཀྱི་སེམས་ཅན་གྱི་ཐ་མལ་དུག་ལྔ་སྦྱངས་ཤིང་ཧེ་རུ་ཀའི་གོ་འཕང་ལ་བཀོད། འཕགས་པ་རྣམས་བདེ་བ་ཆེན་པོའ་ིཡེ་ཤེས་ཀྱིས་མཉེས་ཏེ་སྣོད་བཅུད་དག་པ་ཆེན་པོའ་ིརོལ་པར་སྦྱངས་བས་ཉོན་མོངས་པའི་བདུད་ཆོམས། བདེ་སྟོང་འཕོ་འགྱུར་མེད་པའི་ཡེ་ཤེས་ནམ་མཁའི་གཟུགས་ཀྱི་དབྱིངས་སུ་རྒྱུའི་ཧེ་རུ་ཀ་རྟོག་པ་དང་བྲལ་བར་བཞུགས་པས་སྣང་གསུམ་འཕོ་བའི་སྒྲིབ་པ་དང་བྲལ་བས་ལྷ་བུའི་བདུད་ཆོམས། དབྱིངས་ཕྱུག་མས་ཞུ་བ་གླུ་བསྐྱལ་གྱིས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་ནས་ཐུགས་རྗེའི་རྩལ་གྱི་རྟོག་པ་གཡོས་ཏེ་འགྲོ་བའི་དོན་དུ་དཀྱིལ་འཁོར་སྤྲོས་ནས། གཟུགས་ཕུང་རྣམ་སྣང་གཤིན་རྗེ་གཤེད། ཚོར་བ་རིན་འབྱུང་ཆེ་མཆོག་འདུ་ཤེས་སྣང་མཐའ་རྟ་མགྲིན། འདུ་བྱེད་དོན་གྲུབ་ཕུར་པ། རྣམ་ཤེས་མི་བསྐྱོད་པ་ཡང་དག་གི་དཀྱིལ་འཁོར་སོགས་སྒྲུབ་པ་བཀའ་བརྒྱད་ཀྱི་གཙོ་འཁོར་གྱི་ཚོམ་བུ་བཀོད་པས་ཐ་མལ་གྱི་ཕུང་པོའ་ིབདུད་ཆོམས། རང་སྣང་ཡེ་ཤེས་ཀྱི་སྟོན་འཁོར་ངེས་པ་ལྔ་ལྡན་འབྲས་བུ་མཐར་ཐུག་གི་ལོངས་སྐུ་ལ་བསྐྱེད་རྫོགས་ཟུང་འཇུག་གི་སྦྱངས་འབྲས་ཚོགས་གཉིས་རྫོགས་སྨིན་སྦྱངས་མཐར་སོན་པས་ཐ་མལ་སྐྱེ་འཆིའི་རྒྱུ་འབྲས་ལས་འདས་པས་འཆི་བདག་གི་བདུད་ཆོམས་པ་སྟེ་གནད་དོན་དེ་ལྟར་ཤེས་པའི་སྒོམ་ཚུལ་དངོས་ནི་ནམ་མཁར་གནས་པའི་རྒྱུ་ཡི་ཧེ་རུ་ཀ་དཀྱིལ་འཁོར་དབུས་ཀྱི་གདན་ལ་བབ། ཆགས་པ་ཆེན་པོའ་ིཡབ་མཉམ་པར་སྦྱོར་བའི་དགའ་བའི་རོ་དང་བདེ་བའི་སྒྲ་དང་བཅས་པའི་འོད་ཀྱིས་རྒྱལ་བ་རྣམས་མཆོད་ཅིང་སེམས་ཅན་གཞན་གྱི་དོན་བྱས། སླར་ཉིད་ཀྱི་སྐུ་ལ་བསྡུས་ནས་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར་པ་ཧཱུཾ་ཡིག་གིས་མཚན་པ། བདེ་འདུས་གཞུང་ལས་དབྱིངས་ཕྱུག་མས་ཆོས་ཉིད་སྟོང་པའི་རང་སྒྲས་བསྐུལ་ཏེ་གསུངས། མཚན། ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀ་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དང་། བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཤིན་ཏུ་དྲག་པོ་གཏུམ་ཆེན་མཐིང་ཀ་དབྱེར་མེད་པའི་བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་སྐུ་མདོག་མཐིང་ནག་དུག་གསུམ་གདོན་ཚོགས་འཇོམས་པའི་བརྡར་ཞལ་གསུམ། དབུས་མཐིང་གཡས་དཀར་གཡོན་དམར་རལ་པ་ཁམ་ནག་གྱེན་དུབ་རྫེས་པའི་དབུས་རྡོ་རྗེ་རྩེ་ལྔ་པའི་ཏོག་དང་། དབུ་རེ་རེ་ཐོད་པ་སྐམ་པོ་ལྔ་ལྔ་རིན་པོ་ཆེའི་རྩེ་ཕྲན་ཅན་གྱི་ནང་རྒྱལ་བ་རིགས་ལྔར་བཞུགས་པ་ནི་ཞི་བ་རྡོ་རྗེ་དབྱིངས་གདན་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། སྤྱན་དགུ་སྡང་མིག་བསྒྲད་པ་དང་། ཞལ་དྲག་ཏུ་གདངས་ཤིང་མཆེ་བ་བཞི་གཙིགས་པ། ལྗང་འདྲིལ་ཞིང་སྨར་སྨིན་ལས་མེ་འབར་བས་སྲིན་པོ་ལྟར་ཁྲོས་པ། ཕྱག་དང་པོ་གཉིས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་གཟུང་འཛིན་གྱི་མཚན་རྟོགས་འཇོམས་པའི་བརྡར་རྡོ་རྗེ་དང་། བཟོད་པའི་ཕར་ཕྱིན་རྫོགས་པས་དགྲ་བགེགས་ལ་སྙིང་རྗེའི་ཆགས་པ་མཚོན་པའི་བརྡར་དུང་ཁྲག་བསྣམས་པས་ཡུམ་ལ་འཁྱུད་པ། གཡས་གཉིས་བསམ་གཏན་ཕར་ཕྱིན་བདེ་གསལ་མི་རྟོག་པའི་ཡེ་ཤེས་མཚོན་པའི་ཁ་ཊྭཾ་དང་། བརྩོན་འགྲུས་ཀྱིས་མི་མཐུན་ཕྱོགས་བསྲེགས་པའི་མེ་དཔུང་། གཡོན་གཉིས་སྦྱིན་པའི་ཕར་ཕྱིན་གྱིས་ཚོགས་གཉིས་ཀྱི་ཞིང་ས་བཏུལ་བའི་བརྡར་ཐོང་གཤོལ་དང་། ཚུལ་ཁྲིམས་རྒྱུད་ལ་བཟུང་ནས་མི་གཏོང་བ་མཚོན་ཕྱིར་ལྕགས་སྡིག་ལྟེ་བར་ཕྱིན་དྲུག་རྫོགས་པའི་མཚོན་ཆ་བསྣམས་པ། ཚད་མེད་པ་དང་རྫུ་འཕྲུལ་རྐང་པས་ས་ལམ་མྱུར་དུ་བགྲོད་པའི་བརྡར་ཞབས་བཞི། ཤེས་རབ་ཀྱིས་སྦྲོས་པ་བྲལ་བའི་བརྡར་གཡས་བསྐུམ། ཐབས་མཁས་སྐྱོ་དུབ་དང་བྲལ་བའི་བརྡར་གཡོན་བརྐྱངས་བ་གྱད་ཆེན་པོའ་ིསྟབས་ཀྱིས་ཆགས་སྡང་འཁྲུལ་རྟོག་གི་གཟུགས་རྒྱལ་འགོང་དང་བདུད་བཞི་བསྣོལ་བའི་སྤྱི་བོའི་སྟེང་ནས་བརྫིས་པ་ཐུགས་རྗེའི་འཛིན་ནས་མི་གཏོང་བའི་བརྟར་ཆུ་སྲིན་གྱི་ཕྲག་ཁེབ་ནི་འཕྲག་པ་གཡས་གཡོན་དུ་ཆུ་སྲིན་གྱི་མགོ་ལྤགས་ཀྱི་སྟོད་ཁེབ་ལྟ་བུ་ཡིན་ནམ་དཔྱད། དཔུང་པ་གཡས་གཡོན་དུ་ཐབས་ཤེས་མཚོན་པའི་ཉི་ཟླ་འཆར་བ། ཐབས་ཤེས་དབྱེར་མེད་པའི་རྟགས་སུ་རྡོ་རྗེ་དང་རིན་པོ་ཆེའི་རང་བཞིན་ཁྱུང་གི་གཤོག་པ་གཉིས་བརྐྱང་བ། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ལ་གང་གིས་ཀྱང་མི་ཚུགས་པའི་བརྡར་དབང་གི་བསྭེ་ཁྲབ། རྡོ་རྗེའི་རེ་ཁཱ་ཅན་གྱི་སློག་པ། རྒྱ་གྲམ་བྱེའུ་ཆས་ཆུང་ངུ་མང་པོའ་ིཁྲག་ཡིན་ནམ་དཔྱད། མཆེ་བ་ཟླ་ཚེས་ལྟར་གཙིགས་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པ་སྟེ་དཔལ་ཆེན་པོའ་ིསྐུ་ལ་ཟག་མེད་ནང་གི་ཡོན་ཏན་མཚོན་པའི་རྒྱན་ཡེ་ནས་རང་ཆས་སུ་བཞུགས་པའི་དཔལ་གྱི་ཆས་བརྒྱད་དང་། ཐབས་མཁས་ཕྲིན་ལས་ཀྱི་གོས་ཞིང་གི་གཡང་གཞི། ཁྱབ་པ་ཐུགས་རྗེའི་གོས་གླང་ཆེན་ཀོ་རློན་གྱི་སྟོད་གཡོག་ཕྱི་ནང་གསང་གསུམ་སྡུད་པའི་གོས་སྟག་ཤམ་སྟེ་བགོ་བའི་གོས་གསུམ། ཀླུ་རིགས་ལྔའི་རྒྱལ་རིགས་དཀར་པོའ་ིདབུ་སྐྲ་བཅིང་བ་དང་། རྗེ་རིགས་སེར་པོའ་ིསྙན་རྒྱན། ཟམ་ཟེའི་རིགས་དམར་པོའ་ིམགུལ་ཆུན། དམངས་རིགས་ལྗང་གུའི་དོ་ཤལ་ཏེ་ཕྱག་ཞབས་ཀྱི་གདུ་བུའི་རྒྱན་དང་། ཡང་ན་དམར་རིགས་སྔོ་ཁྲས་དོ་ཤལ་གདོལ་པའི་རིགས་ནག་ཁྲས་གདུ་བུ་མཛད་པ་ཡང་འབྱུང་། ཐོད་སྐམ་ལྔའི་དབུ་རྒྱན། ཐོད་རློན་ལྔ་བཅུའི་སེ་རལ། ཐོད་པ་ཚལ་གསུམ་གྱི་ཕྲེང་བའི་ག་ཤལ་ཞེས་ཀྱང་འབྱུང་། ཐོད་པ་ཚལ་བུའི་དཔུང་རྒྱན་ཏེ་འདོགས་པའི་རྒྱན་གཉིས། དུར་ཁྲོད་ཀྱི་ཆས་བརྒྱད་དེ་འདི་རྣམས་གཞན་དང་ཅུང་ཟད་འདྲ་མིན་རོལ་པ་ཆེན་པོའི་གཏོར་ཟློག་ལྟར་ཡིན། མཁུར་ཚོས་སུ་རཀྟའི་ཐིག་ལེ། ཨོག་མར་ཞག་གི་ཟོ་རིས། དཔྲལ་བར་ཐལ་ཆེན་གྱི་ཚོམས་བུ་སྟེ་བྱུག་པའི་རྩི་གསུམ། སྔོན་བྱུང་རུ་ཏྲ་བསྒྲལ་བའི་ལོངས་སྤྱོད་ཀྱི་ཆས་དཔལ་ཆེན་པོའ་ིསྐུའི་རྒྱན་དུ་བཞེས་པའི་རྒྱལ་བྱེད་དཔའ་རྟགས་ཀྱི་ཆས་ཡོངས་གྲགས་དུར་ཁྲོད་ཀྱི་ཆས་བརྒྱད་དོ། །སྙིང་ཐིག་རང་གཞུང་ལྟར་བརྩིས་ན་དུར་ཁྲོད་ཀྱི་ཆས་བཅུས་སྐུ་ལ་བརྒྱན་པ། སྤྱི་གཙུག་ཏུ་རྡོ་རྗེའི་བྱ་ཁྱུང་ལྡིང་བ་སྟེ་སྤྱིར་དཔལ་ཆེན་པོའ ི་ཞལ་ལུང་ལས། དེ་ཡང་རིགས་པས་བསྐྱེད་པའི་ལྷར༔ རང་རྒྱུད་རྩིས་གདབ་མེད་པའི་ཕྱིར༔ རྟོག་པ་འདུལ་བའི་གཉེན་པོ་རུ༔ གཙོ་དང་འཁོར་གྱི་རོལ་པ་དང་༔ ཞལ་ཕྱག་རྣམ་འགྱུར་མཐའ་ཡས་པའི༔ རྟགས་དང་དོན་གྱི་བརྡ་མཚོན་ནས༔ སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་དུ༔ སྒོ་གསུམ་ལྷ་སྔགས་ཏིང་འཛིན་གྱིས༔ གདམས་པ་གདིང་དུ་གྱུར་པ་ལ༔ བསླབ་ཕྱིར་བདག་སྲས་གཞན་སྲས་ནི༔ ཞེས་སོགས་གསུངས་པ་ལྟར་གཙོ་འཁོར་ཞི་ཁྲོ་རྒྱན་དང་ཕྱག་མཚན་སོགས་རིག་རྩལ་ཡེ་ཤེས་ཀྱི་རོལ་པ་གང་འདུལ་འདོད་དགུར་འཆར་བར་རང་རྒྱུད་ཐ་མལ་གྱི་འཛིན་པ་དག་པ་དང་རྒྱན་དང་ཕྱག་མཚན་གྱི་དོན་རྟགས་བསྐྱེད་རིམ་ཁྲིད་ཟིན་ཕལ་ཆེར་དུ་འབྱུང་བ་ལྟར་ཤེས་པར་བྱ་བ་ལས་འདིར་ཧ་ཅང་ཡིག་ཚོགས་ཐལ་བས་མ་བྲིས་སོ། །ཡུམ་གནམ་ཞལ་དབྱིངས་ཕྱུག་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཅེར་བུ་སྐུ་དཀྲོལ་ཞིང་ནུ་མ་འབུར་བ་གསང་བའི་ཆུ་སྐྱེས་རྒྱས་པ་སོགས་ལང་ཚོས་སྒེག་པ། གཡས་ཀ་ཊཾ་དང་བཅུས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ་གཡོན་འདོད་ཆགས་དབྱིངས་སུ་དག་པའི་བརྡར་དུང་ཁྲག་ཞལ་དུ་སྟོབ་པ། ཞབས་གཉིས་གཡོན་བསྐུམ་པས་ཡབ་ལ་འཁྱུད་ཅིང་། གཡས་བརྐྱང་བའི་སྟབས་ཀྱིས་སྙོམས་པར་ཞུགས་པ། གཟིག་ཤམ་དང་ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན་དབྱིངས་རིག་གཉིས་སུ་མེད་པའི་ཚུལ་དུ་སྦྱོར་ཞིང་བཞུགས་པའོ། །གཉིས་པ་འཁོར་གྱི་ཚོགས་བསྐྱེད་པ་ནི། གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་རྡོ་རྗེ་དང་པདྨ་སྦྱོར་བས་ཆགས་པའི་བརྡ་བཞིས་བསྐུལ་ཏེ་འཁྱུད་སྡོམ་སྤྲད་པས་སྦྱོར་བ་སྟེ་དགའ་བཞི་ཉམས་སུ་མྱོང་ནས་མཁའ་གསང་བྱིན་གྱིས་བརླབས་པ་དང་། གདན་དང་། ས་བོན་སྤྲོ་བའི་བྱ་བ་གསུམ་བྱས་པའི་ཚིམ་སྟེ་བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་སྟོང་གསུམ་སྤྲུལ་པས་ཁྲོ་བོས་གང་། དྲེགས་པ་ཅན་རྣམས་ཚར་བཅད་དབང་དུ་བསྡུས། ཐམས་ཅད་དཔལ་ཆེན་པོའ་ིགོ་འཕང་ལ་བཀོད། ཚུར་འདུས་སྙོམས་འཇུག་གི་བདེ་བའི་བཅུད་དུ་ཞུ་བ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའ་ིབདག་ཉིད་ཧཱུྃ་ཡིག་བརྒྱད་དུ་གྱུར་པ་མཁའ་གསང་ནས་སྤྲོས་ཏེ་ཕྱོགས་མཚམས་སུ་འཁོར་ལོའ་ིརྩིབས་བརྒྱད་ཀྱི་སྟེང་དུ་རང་སྒྲ་བཅས་བབ་པ་ཡོངས་སུ་གྱུར་པ་ལས་ཤར་དུ་ཐུགས་རྡོ་རྗེ་ཡང་དག་མཐིང་ག་ལ་རིགས་བཞིའི་ཧེ་རུ་ཀ་ཡབ་ཡུམ། ལྷོར་ཡོན་ཏན་རྡོ་རྗེ་གཤིན་རྗེ་སེར་ནག་ལ་གཤེད་ཆེན་སྡེ་བཞི། ནུབ་ཏུ་གསུང་རྡོ་རྗེ་རྟ་མགྲིན་དམར་ནག་ལྷོ་བྱང་དུ་སྲས་ཕྲ་མེད་གཉིས། ཤར་ནུབ་ཏུ་རྡོ་རྗེ་དང་པདྨ་ཀར་དབང་། བྱང་དུ་ཕྲིན་ལས་རྡོ་རྗེ་ཕུར་པ་ལྗང་ནག་ལ་རིགས་བཞིའི་སྲས་མཆོག ཤར་ལྷོར་བླ་མེད་ཧེ་རུ་ཀ་སྔོ་ནག་ལ་དབྱིངས་ཀྱི་མ་དྲུགལྷོ་ནུབ་ཏུ་རིག་འཛིན་རྡོ་རྗེ་ཆོས་དཀར་པོ་རིགས་ཀྱི་རིག་འཛིན་བཞི། ནུབ་བྱང་དུ་དྲེགས་འདུལ་མཐིང་ནག་དང་། བྱང་ཤར་སྟོབས་ལྡན་ནག་སོ་ལ་དྲེགས་པའི་སྡེ་དཔོན་བཞི་སྟེ་ལས་བྱང་རྩ་བར་ཀུན་ཀྱང་རིགས་བཞིའི་འཁོར་དང་བཅས༔ ཞེས་གསུངས་པས་བཀའ་བརྒྱད་བདེ་འདུས་ཀྱི་བསྐྱེད་འདིའི་ཡུམ་གྱི་ཕྱག་གཡས་གཟུགས་ཁམས་འདེགས་ཚུལ་གྱེན་དུ་བསྟན་པ། གཡོན་འདོད་ཁམས་གནོན་པས་སྒྲུབ་པའོ། །མཆན་རྫོགས་ཆུང་ངུར་རྩ་རྒྱུད་ཀྱི་ལེའུ་བཅུ་པ་དང་། གཏེར་གཞུང་གེ་ལས་ས་བྱང་དང་རྣམ་བཤད་དུ་འདི་ལྟར་གསུངས་པས་དེ་བཞིན་བཀོད་པ་ཡིན་ལ། དཔལ་དགུའི་ཡུམ་རྣམས་ཆོས་ཉིད་འགྱུར་བ་མེད་པ་མཚོན་པའི་སྐུ་མདོག་མཐིང་ནག་གྲི་ཐོད་ཅན་རུས་རྒྱན་དང་ཐོད་ཕྲེང་རྒྱན་ལྡན། ཡབ་རྣམས་དཔལ་དང་དུར་ཁྲོད་ཆས་གཙོ་བོའ་ིསྐབས་ལྟར་དང་། རིག་འཛིན་ཞི་མ་ཁྲོ། དབུ་སྐུ་ནག་པོ་ཐོར་ཚུགས་རིན་པོ་ཆེའི་དབུ་རྒྱན་དང་ཅོད་པན། ཟི་ལྡིར་དར་གྱི་སྨད་གཡོགས། རུས་པའི་རྒྱན་དྲུག་དར་གྱི་ཕོ་ལོང་བསྒྲིལ་བའི་གདན་ལ་བཞེངས་པ། གཞན་རྣམས་པད་ཉིད་དགྲ་བགེགས་ཕོ་མོའ་ིགདན་དང་བཅས་པའི་གཙོ་འཁོར་ཀུན་གྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་སྟེང་རྡོ་རྗེའི་ལྟེ་བར་ཧཱུྃ་ལ་རང་སྔགས་ཀྱིས་གཡས་སུ་བསྐོར་བར་གསལ། གཞལ་ཡས་ཁང་གི་སྒོ་བཞིར་སྒོ་མ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག་དྲིལ་བུ་མ་བཞི་དཀར་སེར་དམར་ལྗང་བཞིས་ཕྱག་རྒྱ་བཞི་བསྣམས་པ་ཁྲོ་མོའ་ིཆས་ཅན་དུ་གསལ་བ་དང་། ཕྱག་རྒྱ་རྒྱས་པའི་སྐབས། དཔལ་ཆེན་པོ་དབུ་དགུ། ཕྱག་བཅོ་བརྒྱད། ཞབས་བརྒྱད་ཅན་རྩ་ཕྱག་དང་པོ་གཉིས་རྡོ་རྗེ་དུང་ཁྲག་ཕྱག་གཡས་བརྒྱད་སེམས་དཔའ། གཡོན་བརྒྱད་སེམས་མ་བརྒྱད། ཡེ་ཤེས་སེམས་དཔལ་ཀུན་བཟང་ཡབ་ཡུམ་རིགས་ལྔ་ཡབ་ཡུམ་དགུ་རྒྱན་དུ་རྫོགས་པས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྫོགས་གསུངས་འཁོར་གསལ་ཁ་མི་འདུག་ལས་བྱང་གཞུང་དུ། བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་རྣམས༔ ཉི་ལས་འོད་ཟེར་བཞིན་དུ་ཤར༔ ཅེས་གསུངས་པས་དེ་ལྟར་ཚོམ་བུ་དགུའི་ལྷ་གཙོ་འཁོར་རག་རྩིས་ཀྱི་བདུན་བརྒྱ་ཉེར་ལྔའི་གྲངས་རྩི་ཚུལ་ནི། ཆེ་མཆོག་ལ་ཕྱོགས་བཞིར་རིགས་བཞི་ཡབ་ཡུམ། ཁྱམས་ལ་ཁྲོ་བོ་བཅུ་སྒོ་མཐར་བྱེད་བཞི་སྟེ་གཙོ་འཁོར་ཉེར་བཞི། ཡང་དག་ལ་ཡང་ངག་ཞལ་གསུམ་ཕྱག་དྲུག་གསུམ་རྡོ་རྗེ་ཁ་ཊྭཱྃ་གསང་བའི་རྡེའུ་ཆུང་། གཡོན་གསུམ་དུང་དམར་སྒྱུ་ཞགས་ཕྱུང་ཁྲ། ཞབས་བརྒྱད་ཅན་འཁོར་དངོས་བསྟན་གཽ་རཱི་བརྒྱད་དག་པ་ཅན་གསུངས། རིགས་བཞི་ཡབ་ཡུམ། ཕྱོགས་མཚམས་བརྒྱད་དུ་གཽ་རཱི་བརྒྱད་དང་། སིང་ཧ་མ་བརྒྱད་སྤེལ་ཏེ་བཞུགས་པ་སྒོར་རྟ་གདོང་མ་སོགས་བཞི་སྟེ་གཙོ་འཁོར་སུམ་ཅུ། གཤིན་རྗེ་གཤེད་ཀྱི་འཁོར། གཙོ་བོའ་ིགཡས་སུ་སྒྲོལ་ཡུམ། རྩི་བས་ལ་གཤེད་བཞི་ཡབ་ཡུམ། ཁྱམས་ལ་འཆི་བདག་བཅུ་གཉིས་ཡུམ་བཅས། སྒོར་གདོང་མོ་བཞི་སྟེ་གཙོ་འཁོར་གཤིན་རྗེ་ཞལ་གསུམ་ཕྱག་དྲུག་གི་རྡོ་རྗེ་འཁོར་ལོ་རལ་གྲི་གཡས། བེ་ཅོན་གཏུན་ཤིང་སྡིགས་མཛུབ་གཡོན། ཞབས་བཞི་ཡུམ་སྙིང་དང་གྲི་ཐོགས་པ་རྒྱན་དང་སྤྲུལ་བའི་ལྷ་ཡོངས་རྫོགས། ལས་གཤིན་བཞི་གཤིན་ཆེན་བཅུ་གཉིས་ཟླ་ཞག་གཤེད་བདུན་མེད་པ་ཀིང་ཀང་བཅས་གསུངས་པ་ཕྱོགས་མཚམས་སུ་དགུ་རེ་འདུག་སོ་དགུ། སྒོམ་ཁོག་ཆེན་མོར་གཤེད་བཞི་ལའང་སྒྲོལ་ཡུམ་བཤད་པ་ལྟར་ན་ཞེ་གསུམ་རྟ་མགྲིན་དབུ་ལྔ་ཕྱག་བཅུ་དྲུག་གི་གཡས་རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་ལྕགས་ཀྱུ་སྦྲུལ་ཞགས་འཁོར་ལོ་རལ་གྲི་རྡོ་རྗེ་ཕྲེང་བ། གཡོན་བརྒྱད་ལ་ཕྱག་མཚན་དགུ་འདུག་པ་ཁྱུང་ཁྲ་ཐབས་སུ་འགྱེད་པ་ལས་ཕྱག་གིས་མ་བསྣམས་པ་ཡིན་ནམ་སྙམ། མཆན་ཐོད་ཁྲག་པདྨ་སྙིང་དབྱུག་པ་རྒྱ་གྲམ་བེ་ཅོན་མེ་དཔུང་ཏྲི་ཤུ་ལ་ཁྱུང་ཁྲ། ཞབས་བརྒྱད་ཡུམ་པདྨ་གཟི་ལྡན་ནོར་བུ་ཟ་མ་ཏོག་བསྣམས། འཁོར་གོ་ལ་མ་དྲག་ཡུལ་བཞི་ཁམས་རྒྱ་དམུས་ལོང་ཁྱི་སྤྱང་ཕོ་ཉ་སུམ་བརྒྱ་དྲུག་ཅུ་གསུངས། གྱི་འཁོར་གཡས་གཡོན་དུ་ཕྲ་མེན། རྩིབས་དང་ཁྱམས་ཀྱི་ཕྱོགས་བཞིར་ཟིལ་གནོན་ཡབ་ཡུམ་བརྒྱད། སྒོ་བཞིར་ཁྲོ་བོ་བཞི། རྡོ་རྗེ་གཞོན་ནུའི་འཁོར་རྩིབས་ལ་སྲས་མཆོག་ཀཱོ་ལ་ཡབ་བཞི། ཁྱམས་ཀྱི་ཕྱོགས་མཚམས་དང་ཤར་སྟོད་ནུབ་སྨད་རྣམས་སུ་ཁྲོ་བཅུ་ཡབ་ཡུམ། ཟ་གསོང་ཉི་ཤུ་དང་བཅས་པ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་གཡས་རྡོ་རྗེ་རྩེ་དགུ་རྩེ་ལྔ། གཡོན་མེ་དཔུང་ཁ་ཊྭཱྃ་མཐའ་གཉིས་ཕུར་བུ་ཞབས་བཞི། སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་དྲིལ་བུ་ཐོད་ཁྲག་སྒྲོལ་ཡུམ་ཨེ་ཀ་ཛ་ཊི་གྲི་ཐོད་འཁོར་སྲས་མཆོག་རིགས་ལྔ་ཁྲོ་བཅུ་ཁྲ་ཕྱག་ཕུར་སྲུང་དམ་ཅན་གསུངས་པ་འབྱུང་བ་ལྟར་འཕྲོས་དོན་དུ་བཀོད་པ་དང་། སྒོར་གདོང་མོ་བཞི་སྟེ་གཙོ་འཁོར་ལྔ་བཅུ་བླ་མེད་ཧེ་རུ་ཀའི་གཙོ་བོའ་ིགཡས་དང་རྩིབས་བཞིར་རྟག་པའི་རྒྱལ་མོ་ལྔ། གཙོ་བོའ་ིམདུན་དང་གཡོན། ཁྱམས་ཀྱི་ནང་ངོས་རྣམས་སུ་རྗེ་མོ་བཅུ་གཉིས་ཁྱམས་ཀྱི་ཕྱི་ངོས་སུ་སྲིད་པའི་སྨད་མོ་ཉེར་གསུམ། སྒོར་སྲིང་བཞི་སྟེ་གཙོ་འཁོར་ཞེ་བརྒྱད། རིག་འཛིན་ཐོད་པ་རྩལ་གྱི་འཁོར། རྩིབས་ལ་ལྷུན་གྲུབ་རིག་འཛིན་སོགས་བཞི། ཁྱམས་ལ་རིག་འཛིན་བརྒྱད། སྒོར་སློབ་དཔོན་བཞི་སྟེ་གཙོ་འཁོར་བཅུ་བདུན་ནི་རྣམ་བཤད་ལྟར་དང་། སྒོམ་ཁོག་ཆེན་མོར་རྩིབས་མཆན་ལ་རིག་འཛིན་བརྒྱད། ཁྱམས་ལ་སློབ་དཔོན་བཞི་བཀོད་པར་གསུངས། དྲེགས་འདུལ་གྱི་གཙོ་བོའ་ིགཡས་གཡོན་དུ་དབང་ཕྱག་ཡབ་ཡུམ་རྩིབས་ལ་ཡ་མ་རཱ་ཛ་སོགས་བཞི་ཡུམ་བཅས། སྟེང་འོག་ཏུ་གཟའ་དང་ཀླུ་ཡབ་ཡུམ། ཁྱམས་ཀྱི་ཕྱོགས་རེར་ཤམ་སོ་སོགས་གསུམ་གསུམ་སྟེ་བཅུ་གཉིས། སྒོར་སྲོག་བདག་སོགས་བཞི་སྟེ་གཙོ་འཁོར་སོ་གཉིས། སྟོབས་ལྡན་ནག་པོའ་ིའཁོར་རྩིབས་ལ་འཆི་བདག་སོགས་བཞི་ཡུམ་བཅས། ཁྱམས་ཀྱི་ཕྱོགས་བཞིར་མ་ཧཱ་དེ་ཝ་སོགས་བཞི། སྟེང་འོག་ཏུ་གཟའ་དང་ཀླུ། སྒོར་ལི་བྱིན་ཧ་ར་སོགས་བཞི་སྟེ་གཙོ་འཁོར་ཉི་ཤུ་དེ་ལྟར་བསྐྱེད་རྫོགས་ཆེན་མོ་ལྟར་ན། ཕོ་བྲང་གླེང་དགུ་ཡོད་པས་དེའི་ལྷ་ཚོགས་ལ་ཁྱོན་ཉིས་བརྒྱ་དང་ཉི་ཤུ་རྩ་བཞིའོ། །བཀའ་སྲུང་ནི། དཀྱིལ་འཁོར་ཕྱི་ཁྱམས་ལ་དབང་མོ་ཉེར་བརྒྱད། ཕྱིའི་མུ་ཁྱུད་ལ་མཁའ་འགྲོ་སོ་གཉིས། གིང་བཅོ་བརྒྱད་ལངྐའི་གནས་གཞན་འགོད་པའི་རིམ་པས་དྲུག་ཅུ་སྟེ་བཅུ་དྲུག་འབར་མ་བརྒྱད། ས་བདག་སོ་གཉིས། མ་བདུན། སྲིང་བཞི། ཕོ་ཉ་དྲུག་ཅུ་རྩ་བཞི། འབུམ་ཕྲག་ཡངས་པའི་མཁྲོ་རིགས་བསྡུས་པས་ཉི་ཤུ། བརྟན་བཅུ་གཉིས་ཏེ། དྲིལ་བས་བཀའ་སྲུང་ཉིས་བརྒྱ་དང་བཞི་བཅུ་ཞེ་གཅིག་རྣམས་རྩ་རྒྱུད་དང་སྒོམ་ཁོག་ལས་དངོས་སུ་བཤད་ཅིང་། དེ་སྟེང་དཀྱིལ་འཁོར་དགུ་མུ་རན་ལ་བཀོད་པའི་བཀའ་སྲུང་ཆེ་མཆོག་གི་ཅེ་སྤྱན་མ་བརྒྱད། ཡང་དག་གི་དབང་མོ་ཉེར་བརྒྱད། གཤིན་རྗེ་གཤེད་ཀྱི་གིང་བདུད་རྩིས་ཤན་པ་རྣམས་བཞི་བཞི་སྟེ་བཅུ་དྲུག་རྟ་མགྲིན་གྱི་ཁམས་བརྒྱ་མ་དྲུག་དམུས་ལོང་བཞི། ཁྱི་བརྒྱད། སྤྱང་བརྒྱད། ཕོ་ཉ་བཞི། འབྲུག་མོ་བཞི་སྟེ་སོ་གཉིས། ཕུར་པའི་ཤྭ་ན། བདག་ཉིད་ས་བདག་གིང་བདུད་སྐྱེས་བུ་རྣམས་བཞི་བཞི་སྟེ་ཉེར་བཞི། མ་མོའ་ིཡང་གབ་མ་བཞི། སྦས་པའི་མ་བཞི། གདོང་མོ་བཞི། རོ་ཁམ་གསུམ། ནག་མོ་ཕུང་གསུམ་གསང་བའི་ཕོ་ཉ་གསུམ་སྟེ་ཉེར་བཞི། རིག་འཛིན་གྱི་དཔའ་བོ་དང་མཁའ་འགྲོ་མ་བཞི་བཞི་སྟེ་བརྒྱད། དེ་ལྟར་དཀྱིལ་འཁོར་དྲུག་པོའ་ིབཀའ་སྲུང་ཆིག་བརྒྱ་ཞེ་གཉིས་ཡོད་ཅིང་། དྲེགས་འདུལ་དང་དྲག་སྔགས་ཀྱི་མུ་རན་ལ་བཀོད་པ་གྲངས་ངེས་མ་མཛད་དོ། །དེ་རྣམས་ཀྱི་སྟེང་དུ་གཙོ་བོ་ཡབ་ཡུམ་གྱི་ཕྱག་མཚན་ཞི་བ་བཞི་བཅུ་ཞེ་གཉིས་དང་། ཡུམ་གྱི་ཀཾ་སིང་བཅུ་དྲུག་བསྣན་པའི་བསྐྱེད་རྫོགས་ཆེན་མོ་ལྷ་གྲངས་ཀུན་དྲིལ་བས་རགས་རྩིས་བདུན་བརྒྱ་ཉི་ཤུ་རྩ་ལྔ་སྟེ་ལས་བྱང་དུ་དངོས་བསྟན་གསུངས་ཕྱིར་གྲངས་རྩི་ཚུལ་ཤེས་ན་ལེགས་པར་སེམས་ཏེ་བཀོད་པ་ལས། རྒྱས་པའི་སྐུ་མདོག་ཕྱག་མཚན་སོགས་གཙོ་བོའ་ིཡེ་ཤེས་ཀྱི་རོལ་པ་ལས་ཉི་མ་དང་འོད་ཟེར་བཞིན་དུ་མོས་པས་བསྐྱེད་པ་ཙམ་གྱིས་རུང་བར་མངོན་ནོ། །གསུམ་པ་བྱིན་གྱིས་རླབས་ཤིང་དབང་བསྐུར་བ་ནི། སངས་རྒྱས་རྣམས་མངོན་པར་བྱང་ཆུབ་པའི་ཚེ་ནང་གི་སྤང་རྟོགས་ཀྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མངའ་གསོལ་བ་དང་མཚུངས་པར། སྦྱང་གཞི་ཕྱི་ནང་གཞན་གསུམ་གྱི་སྣོད་བཅུད་རྒྱུད་གསུམ་ལ་སྦྱོངས་བྱེད་དབང་བསྐུར་རྒྱས་གདབ་ཕྱག་རྒྱ་བཞིས་བཅིབས་པ་གསུམ། བསྐྱེད་རིམ་རྒྱས་པ་གཉིས་ཀྱི་ཡན་ལག་ཏུ་འབྱུང་བ་བཞིན་རྫོགས་པར་བྱས་པའི་གནད་ཀྱིས། སྦྱངས་འབྲས་གདན་གསུམ་ཞི་ཁྲོའ་ིསྐུ་གསུང་ཐུགས་ཡེ་ཤེས་ལྔ་དག་པ་བདེ་བ་ཆེན་པོ་མངོན་དུ་བྱེད་པ་སྟེ། ཧཱུཾ་རང་ལས་ཤར་བའི་སོགས་ཀྱི་དོན་དེ་ལྟར་བསྒོམ་པའི་ལྷ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་གཉིས་སུ་མེད་པ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པས་གསང་བ་བསམ་གྱིས་མི་ཁྱབ་པའི་ནུས་མཐུའི་རྩལ་ཡོངས་སུ་རྫོགས་པར་བྱ་བ་སྟེ། རང་དམ་ཚིག་གི་འཁོར་ལོར་བསྐྱེད་པའི་ལྷ་གཙོ་འཁོར་རྣམས་ཀྱི་སྤྱི་བོར་དུང་ཁང་གི་འཁོར་ལོར་ཟླ་བ་ལ་ཨོཾ་དཀར་པོ་སྐུ་རྡོ་རྗེ་རྣམ་སྣང་དང་རིན་འབྱུང་འདྲེས་པ། མགྲིན་པར་པདྨ་དམར་པོ་ལ་ཨཱཿདམར་པོ་གསུང་རྡོ་རྗེ་སྣང་མཐའ་དང་དོན་གྲུབ་འདྲེས་པ། སྙིང་གར་གཙོ་བོ་ཡབ་རྣམས་ཀྱི་ཡེ་ཤེས་སེམས་པའི་མདུན་དུ་ཡུམ་དང་འཁོར་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་ཐུགས་རྡོ་རྗེ་མི་བསྐྱོད་པ་དང་རྡོར་སེམས་འདྲེས་པ་ཧཱུྃ་མཐིང་གའི་མཚན་པ་རྣམས། དུས་འཁོར་ལས་ཟླ་བའི་ཁམས་ཆུ་རླུང་ནམ་མཁའ་གསུམ་ཐབས་ཀྱི་ལུས་ངག་སེམས། ཉི་མའི་ཁམས་ས་མེ་ཡེ་ཤེས་ཀྱི་ཁམས་ཤེས་རབ་ཀྱི་ལུས་ངག་སེམས་སྟེ་ཐབས་ཞུ་བ་དང་། ཤེས་རབ་རླུང་རྒྱུ་བ་ལས་བྱུང་བའི་བྱེད་པས་ཆུ་རླུང་ཟུང་འཇུག་ལུས། མེ་རླུང་ངག་མཁའ་སེམས་ཐུགས་ཏེ་གཉུག་མའི་རྡོ་རྗེ་གསུམ་གྱི་སྒྲུབ་གཞི་འབྱུང་ལྔ་སེམས་དང་བཅས་པ་དྭངས་མའི་ཐིག་ལེ་མི་ཤིགས་པའི་དོན་ལྟར་ཡུམ་ལྔ་རྣམས་ཀྱང་འདྲེས་ཏེ། རྣམ་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡི་གེ་བསྒོམ་པ་ནི། རྒྱལ་བ་རིགས་དྲུག་པོ་རིགས་གསུམ་དུ་འདུས་པའི་བྱིན་བརླབས་ནུས་རྩལ་ཆེ་བའི་བདག་ཉིད་གསུངས་ན་ལྷར་བསྒོམས་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་གསུམ་གྱི་རྣམ་པར་སྤྱན་དྲངས། གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་རྣམ་པ་ཉི་ཤུ་བྱང་ཆུབ་པའི་ལྷ། སྤྱི་བོར་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ། མགྲིན་པར་སྣང་མཐའ་དམར་པོ་པདྨ་འཛིན་པ། ཐུགས་ཀར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པས་རྒྱས་བཏབ་པས་གཞི་ལམ་འབྲས་བུའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། དེ་བརྟན་པའི་ཕྱིར་རྡོ་རྗེ་རྩེ་ལྔ་པ་དང་། གསུམ་པ་གཅིག་པའི་ཕྱག་རྒྱ་གནས་གསུམ་དུ་བཞག་པ་དང་ཆབས་ཅིག་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་པའི་སྔགས་རྣམས་བརྗོད་པས་བརྟན་པར་བྱའོོ། །སྔགས་དོན་ནི། ཨོ༵ཾ་རབ་བསྔགས་ས༵རྦ༵་ཐམས་ཅད། ཏ་༵ཐ་ག་ཏ་༵ དེ་བཞིན་གཤེགས་པ། མ༵་ཧཱ་༵ཆེན་པོ། ཀཱ་ཡ་སྐུ་བཛྲ་སྭ་བྷཱ་ཝ་རྡོ་རྗེའི་རང་བཞིན་ནམ་ངོ་བོ། ཨཏྨཀོ་ཉཧྃ་བདག་ཉིད་ངའོ། ཞེས་དང་། གཞན་གཉིས་ལ་ཝ༵་ཀཱ་གསུང་། ཙི༵ཏྟ་༵ཐུགས་ཀྱི་ཁྱད་པར་རོ། །བསྐྱེད་རིམ་ཡན་ལག་གསུམ་པ་དབང་བསྐུར་བ་ནི་མི་བསྐྱོད་པ་ཡིན་ཏེ། སྦྱངས་བྱ་ཕྱི་རོལ་འཇིག་རྟེན་གྱི་ཆགས་གནས་འཇིག་སྟོང་ཐམས་ཅད་སེམས་ཅན་རྣམས་ཀྱི་ཀུན་རྟོག་གི་དབང་གིས་བསྒྲུབ་པ་སྟེ། སེམས་མེད་པར་ལས་མི་བསགས། ལས་མེད་ན་འཇིག་རྟེན་སྣ་ཚོགས་མངོན་པར་འབྱུང་བའི་རྒྱུ་མེད། ལས་བྱེད་པ་པོ་འཕོ་བའི་རླུང་དང་འགྲོགས་པའི་ཀུན་རྟོག་ལས་གཞན་མེད། རླུང་སེམས་དེ་དག་གི་གཞི་བཞིི་པའི་དུས་ཀྱི་རླུང་སེམས་ཤིན་ཏུ་ཕྲ་བའི་རྩ་བ་ལས་བྱུང་། དེའི་མཐའ་རང་བཞིན་འོད་གསལ་གྱི་དབྱིངས་ལ་གཞན་དུ་དངོས་པོའ་ིགྲུབ་པ་ཅི་ཡང་མེད་བཞིན་སྣང་བ་ཡིན་པས་རང་བཞིན་འོད་གསལ་གྱི་རང་རྩལ་ཡེ་ཤེས་ལྔ་རིགས་ལྔའི་གཟུགས་སུ་ཤར་བའི་དག་པ་ལྷའི་ཕྱག་རྒྱས། མ་དག་པའི་ཕུང་ཁམས་ཉོན་མོངས་ལ་རྒྱས་བཏབ་ན་གསེར་གྱུར་གྱི་རྩི་ཡི་ནུས་པས་ལྕགས་ཐམས་ཅན་གསེར་དུ་བསྒྱུར་ནུས་པ་ལྟར་དབང་བསྐུར་རྒྱས་གདབ་ཀྱི་རིམ་པ་འདི་ནི་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་དབྱེར་མི་ཕྱེད་པའི་མཚོན་དོན་ཆེས་ཟབ་པ་ཡིན་ལ། དེས་ན་མི་བསྐྱོད་པའི་ཡེ་ཤེས་ཀྱིས་རིགས་གཞན་བཞི་ལ་རྒྱས་བཏབ་པ་ནི་རང་བཞིན་ལ་རང་བཞིན་གྱིས་རྒྱས་གདབ་པར་གསུངས། དབང་བསྐུར་བ་ལ། དགྱེས་རྡོར་ལས། ཕྱག་རྒྱ་རྟགས་དང་མཚན་མ་སྟེ། །འདིས་ནི་རིགས་ནི་མཚོན་པར་བྱ། །ཞེས་གསུངས་པ་ལྟར་རིགས་མི་འཆོལ་བའི་ཕྱིར་དང་བོ་དབང་བསྐུར་བྱེད་ཕྱག་རྒྱ་རྡོ་རྗེ་ཐལ་མོ་ལས་གུང་མོ་གཉིས་གཤིབ་པ་སྤྱི་བོ། མཛུབ་མོ་དཔྲལ་བ། སྲིད་མཛུབ་རྣ་ལྟག་གཡས། མཐེ་བོང་ལྟག་པ། མཐེའུ་ཆུང་རྣ་ལྟག་གཡོན་དུ་བཞག་ལ། གཉིས་པ་དབང་བསྐུར་གྱི་སྔགས་དོན་ནི། ཨོ༵ྃ་རབ་བསྔགས། མ༵་ཧཱ་༵ཆེན་པོ། ཤུ་༵ནྱ་༵ཏ་ཡུལ་སྟོང་པ་ཉིད། ཛྙཱ་ན་བ༵ཛྲ་༵ཡུལ་ཅན་གྱི་ཡེ་ཤེས་རྡོ་རྗེ། སྭ་བྷཱ་ཝ༵་དེའི་རང་བཞིན་རྣམ་པར་དག་པ། ཨ༵ཏྨ་༵ཀོ༵ཉ་ཧཱ༵ྃ་བདག་ཉིད་ངའོ། ཨོ༵ཾ་མ༵་ཧཱ་༵ཨ༵་དརྴ༵་མེ་ལོང་ལྟ་བུ། ཨོ༵ཾ་མ༵་ཧཱ་༵ས༵་མ༵་ཏ་༵མཉམ་པ་ཉིད། ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་སོ་སོར་རྟོག་པ། ཨོ༵ཾ་མ༵་ཧཱ་༵ཀྲྀཏྱ་ནུཥྛ་ན་བྱ་བ་གྲུབ་པའི་ཁྱད་པར་ལས་ཛྙཱ་ན་མན་ཆད་སྔ་མ་ལྟར་རོ། །གསུམ་པ་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་དམིགས་པ་ནི། ལྷ་ཚོགས་རྣམས་ཀྱི་སྤྱི་བོ། དཔྲལ་བ་རྣ་ལྟག་གཡས། ལྟག་པ་རྣ་ལྟག་གཡོན་ཏེ་མགོ་བོའ་ིགནས་ལྔར་རང་རང་གི་རིགས་ཀྱི་བདག་པོ་དབུས་སུ་སོང་བའི་ཤུལ་དུ་སྣང་མཐའ་སྤོ་བས་འདིར་གཙོ་བོ་ཆེ་མཆོག་གི་རིགས་བདག་སྣང་མཐའ་གསུངས་པ་དཔང་བཙན་དུ་བྱས་པའོ། །མཆན། ངེས་པའི་བདེ་གཤེགས་དབང་ལྷ་ཡབ་ཡུམ་ལྔ་རྗེས་སུ་ཆགས་པའི་སྦྱོར་བའི་ཞུ་བདེའི་ཆུ་རྒྱུན་བྱང་ཆུབ་སེམས་ཡེ་ཤེས་ལྔའི་རོལ་པ་བབས་པས་མགོ་བོའ་ིགནས་ལྔ་ནས་ཞུགས་ལུས་ཀྱི་ནང་དུ་ཞུགས་ཏེ་གནས་བཞིར་གང་བས་དབང་བཞི་བསྐུར། ཉོན་མོངས་པ་ལྔའི་བག་ཆགས་ཀྱི་དྲི་མ་དག་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར་པས། མེད་སྣང་སྒྱུ་མའི་འཁྲུལ་འཁོར་ཙམ་དུ་གསལ་བའི་བརྟེན་པ་དུག་ལྔ། རྟེན་ཕུང་ལྔ་མ་དག་པ་གཞན་དབང་གི་ཆ་ཀུན་བརྟགས་ཀྱི་ཆོས་ལ་དག་པའི་གཞན་དབང་རིགས་ལྔའི་ཕྱག་རྒྱས་བཏབ། བྱང་སེམས་ཀྱི་ཆུ་རྒྱུན་གྱི་ལུས་ཀྱི་ནང་གང་བའི་ལྷག་མའམ། ཟེག་མ་སྤྱི་བོར་ལུད་པ་ལས་རིགས་ཀྱི་བདག་པོ་རང་ཆས་སུ་བཞུགས་པ་ལ་ཐིམ་པས་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་ང་རྒྱལ་འཛིན་པས། དག་པའི་གཞན་དབང་གི་སྣང་ཆ་རིགས་གང་ལྟར་སྣང་ཡང་ངོ་བོ་དཀྱིལ་འཁོར་གྱི་གཙོ་བོའ་ིབདེ་སྟོང་འགྱུར་བ་མེད་པའི་གདན་གསུམ་ཡོངས་གྲུབ་ཡེ་ཤེས་ཆེན་པོའ་ིརོལ་པ་རྒྱས་ཐེབས་ཤིང་དག་པ་ལས་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་གོ་འཕང་ཕྱིར་མི་ལྡོག་པས་བརྙེས་པའི་བརྡར་དབུ་གཙུག་ན་རྡོ་རྗེ་ཕྱེད་པ་དང་། དེའི་ལྟེ་བར་རིགས་བདག་སྣང་བ་མཐའ་ཡས་ཀྱི་དབུ་བརྒྱན་པར་གྱུར་སྙམ་པ་ནི་དཔལ་ཆེན་ཕྱག་རྒྱ་རྒྱས་པ་ལས། ཕུང་ཁམས་ཚོགས་བརྒྱད་གཞན་དབང་ཅན༔ གདན་གསུམ་ཡོངས་གྲུབ་ཆེན་པོར་རྒྱ༔ ཞེས་གསུངས་པ་ལྟར་རོ། །སྤྱིར་རིགས་ལྔ་ལ། སྣང་མཐའ་ལྟ་བུའི་པདྨའི་རིགས་གཅིག་ལ་ནང་གསེས་པདྨའི་གཤེགས་རིགས། པདྨ་རྡོ་རྗེ་རིན་ཆེན་ལས་ཀྱི་རིགས་ཆུང་དབྱེར་མཛད་པས། དབང་སྔགས་ཀྱི་སྐབས་ཆོས་དབྱིངས་ཡེ་ཤེས་གཙོ་བོར་གསུངས། རྒྱས་འདེབས་ཀྱི་སྐབས་སྣང་མཐའ་རིགས་བདག་ཏུ་གསུངས་པ། སྔ་མ་གཟུགས་ཕུང་པོ་གཞན་བཞི་ཀའི་རྟེན་ཡིན་པས་དེ་ཉིད་དག་པ་ཁྱབ་བྱེད་གཤེགས་རིགས་གཙོ་བོ་སྟེ་ཡེ་ཤེས་བཞི་ཀའི་དབྱེ་གཞི་ཆོས་དབྱིངས་ཡེ་ཤེས་ཏེ། དེ་ཉིད་གཟུགས་སྐུར་སྣང་བ་རྣམ་སྣང་། གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་རྟེན་སྐུ་ཡིས་བྱེད་པས། སྐུ་གཅིག་གིས་རིགས་ཐམས་ཅད་ཁྱབ་པའི་ཕྱིར་རྣམ་སྣང་གཙོ་བོར་བཞག་པའི་རིགས་ལྔ་སྦྱོར་བའི་བྱང་སེམས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་དྲི་མ་སྦྱངས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བས་ཕྱི་མ་རིགས་བདག་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གསུངས་པ། སངས་རྒྱས་རྣམས་དག་འབྲས་མཐར་ཐུག་ནི་རྟོགས་པ་ཆོས་སྐུ་སྟེ། དེ་ནི་གསུངས་རྡོ་རྗེ་མཐར་ཐུག་ཡིན་པས་ཕུང་ཁམས་སྐྱེ་མཆེད་ཀྱི་འཁྲུལ་པའི་དྲི་མ་གཏོར་ཞིང་དག་པ་ཡེ་ཤེས་ཀྱི་ནུས་པ་མངོན་གྱུར་དུ་སད་དེ་རྣམ་པ་ཉི་ཤུའི་བྱང་ཆུབ་པའི་འབྲས་བུའི་ཆེ་རྟགས་ཁྱབ་བྱེད་རིགས་དྲུག་པ་རྡོར་སེམས་ཀྱི་ངོ་བོ། རྣམ་པ་ཧེ་རུ་ཀའི་རིགས་དེའི་རིགས་ཆུང་སྣང་མཐའ་དབུས་སུ་བཞག་པས་རྒྱས་གདབ་དགོས་པ་དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་འདི་ཉིད་བླ་མ་དྲག་པོ་དང་བཀའ་བརྒྱུད་དབྱེར་མེད་ཡིན་པས། གུ་རུ་རིན་པོ་ཆེ་གསུངས་པདྨའི་རིགས་སུ་གཙོ་བོར་གསུངས་པས་ཡིན་ནམ་སྙམ་སྟེ་བླ་མཆོད་དངོས་གྲུབ་རྒྱ་མཚོ་ལས་ཀྱང་རིགས་བདག་གཙོ་བོ་སྣང་མཐའ་གསུངས་པས་སོ། །དེར་མ་ཟད་ཆེ་མཆོག་ཉིད་སྐུ་མདོག་སྨུག་ནག་དབང་གི་ཁྲོ་བོ་ཞེས་གསུངས་པ་དང་། ཚོགས་ཆེན་འདུས་པའི་སྐབས་དབུ་གཙུག་ཏུ་རྟ་དབུ་འབྱུང་བ་སོགས་དང་། ཟབ་གཏེར་དུ་མའི་ཆེ་མཆོག་དང་། ཡང་དག་རྟ་མགྲིན་རྣམས་ངོ་བོ་གཅིག་པའི་ཚིག་ཟིན་དུ་མ་འདུག་པས་ཟབ་གནད་ཁྱད་པར་ཅན་ཡོད་ངེས་པས་དཔྱད་དགོས་ལ། གཉིས་པ་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ་ལ། སམྦྷུ་ཊར་སྦྱོར་བའི་ཏིང་འཛིན་མཆོག །རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་པོ། །ཞེས་ཏིང་འཛིན་གསུམ་དུ་གསུངས་པའི་དང་པོ་ངོ་བོ་ཉིད་སྐུ་སྦྱོར་བའམ་སྙོམས་འཇུག་གི་ཏིང་ངེ་འཛིན་དམ་ཡེ་དབྱེར་མེད་དུ་སྦྱོར་བའི་ཕྱིར་སྤྱན་དྲངས་བསྟིམ། ལོངས་སྐུ་དཀྱིལ་འཁོར་རྒྱལ་མཆོག་འཁོར་གྱི་ལྷ་བསྐྱེད་པ། སྤྲུལ་སྐུ་ལས་རྒྱལ་མཆོག་མཆོད་བསྟོད་ཕྲིན་ལས་རྣམས་ལ་ཏིང་འཛིན་གསུམ་དུ་བཤད་པའི་དང་པོ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ནི། ཧཱུྃ༔ ཞེས་ཡེ་ཤེས་ལྔ་གཅིག་ཏུ་རྫོགས་པའི་ཐུགས་སྲོག་གིས་བསྐུལ་བ་སྔོན་དུ་འགྲོ་བས། ཚུལ་གང་གིས་སྤྱན་འདྲེན་ན། སངས་རྒྱས་ནི་སེམས་ཅན་གང་གིས་དད་པས་དྲན་པ་ཙམ་གྱིས་དེ་མ་ཐག་དེར་བྱོན་པ་ཆོས་ཉིད་ཡིན་པ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོས་འདུན་པ་སེམས་པའི་རྐྱེན་དང་། སྙིང་གའི་འོད་ཟེར་སྤོས་རོལ་དབྱངས་ཀྱིས་བསྐུལ་ཏེ། གང་ནས་སྤྱན་འདྲེན་ན་འཁོར་འདས་ལམ་གསུམ་ཀུན་ལ་ཁྱབ་ཀྱང་གང་དུའང་མི་གནས་པའི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་ཉིད་ཡུལ་འོག་༵མི༵ན་ཡུལ་ཅན་སོ་སོར་རང་རིག་པའི་སྤྱོད་ཡུལ་གྱི་སྣང་ཆ་ཆོས༵་དབྱིངས༵་ཡེ་ཤེས་སོགས་ལྔ་རུ་རང་སྣང་བདེ༵་ཆེན་༵སྟུག་པོ་བཀོད་པའི་ཞིང༵་ཁམས༵་ཆེན་པོ་ནས༵ ། གང་ཞིག་སྤྱན་འདྲེན་ན། ཆོས་ཀྱི་དབྱིངས་དེའི་ངང་དུ་ལྷུན་༵གྲུབ༵་འོད་གསལ་གྱི་རྩལ་ཕྱིར་གསལ་དུ་ཤར་བའི་རོ༵ལ་པ༵་མེ་ལོང་སོགས་ལྔ་དང་། ཀློང་གྱུར་འདའ་ཀ་དབྱིངས་གྲོལ་མཐའ་གྲོལ་གྱི་ཡེ༵་ཤེས༵་ཀློང༵་དགུའི༵་ཕྱག་རྒྱའི་གཟུགས་སྐུར་བཞེངས་པའི་གར༵་གྱི་སྒྱུ་འཕྲུལ། ཞི༵་བ་རྡོ་རྗེ་དབྱིངས་རིགས་ལྔ། ཁྲོ་༵བོ་བདུན་བརྒྱ་ཉེར་ལྔ་སོགས་རབ༵་འབྱམ༵ས་ཀྱིས་བསྐོར་བའི་དཔལ༵་ཆེན་༵བཀའ༵་བརྒྱད་ཀྱི་ལྷ་༵ཚོགས་རྣམས། དགོས་པ་གང་གིས་ན་དུག་ལྔ་རང་རྒྱུད་དུ་སྤྱོད་པ་གདུག་༵པའི་བདུད་བཞི་དང་རུ་ཏྲ་སྡེ་གསུམ་འདུལ༵་བའི་ཕྱིར༵། གང་དུ་སྤྱན་འདྲེན་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒོམ་པའི་གནས༵་འདི༵ར་གཤེགས་སུ་གསོ༵ལ་ཅེས་སོ། ཨེ༵་ཧྱ་༵ཧི་ཚུར་སྤྱོན། ཛཿ ས་ཡེ་ཤེས་པ་འགུག་ཧཱུྃ་གིས་དམ་ཡེ་དབྱེར་མེད་དུ་གཞུག བྃ་གྱིས་བྱ་བ་མ་ཟིན་པར་འཆིང་། ཧོཿ པ་དགྱེས་པས་མྱོས་ཀྱི་ཕྱག་རྒྱ་བཞི། ས༵་མ༵་ཡ༵་དམ་ཚིག་ཧྲིང་ཧྲིང་འདུས་ཤིག་པའི་བརྡ་སྐད། ཛ༵ཿ ཛ༵ཿ ཡིད་དམ་བཅས་པ་སྤྱོན་ཅིག་ཅེས་ནན་གྱིས་བསྐུལ་བའོ། །གཉིས་པ་བཞུགས་གསོལ་ནི། ཧཱུྃ་ཞེས་ཐུགས་སྲོག་ནས་བརྗོད་པས་བསྐུལ་ཏེ་སྦྱངས་བྱ་མ༵་དག་༵ འཁོར་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སུ་སྣང༵་བ༵། སྦྱངས་འབྲས་དག༵་པ༵་ར༵བ་འབྱམ༵ས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་རྟེན་༵གཞལ་ཡས་ཁང་དང༵་བརྟེན་༵པ༵་ལྷའི༵་འཁོར༵་ལོར༵་ཡོངས༵་སུ་ཤར༵་བའི༵་ཕྱིར། སྦྱོངས་བྱེད་སྣང་སྲིད་གཞིར་བཞེངས་ཀྱི་ཏིང༵་ངེ་འཛིན་༵གྱིས་སྤྲུལ་པ༵འི་ཞིང༵་མཆོག་༵ ཐ་མལ་གྱི་སྣང་ཞེན་དག་མཉམ་ཆེན་པོར་རྟོགས་པས་ཉམས༵་དགའ༵་བ་བཙལ་ཀྱང་མི་རྙེད་པ་འདིར། གཞི་དམ༵་ཚིག་འབྲས་བུ་ཡེ༵་ཤེས་པ། ལམ་དེ་གཉིས༵་དབྱེར་མེད་༵དུ་ཤེས་པའི་ཏིང་འཛིན་གྱིས་ངོ༵་བོའ་ིགནས་སྣང་གཉིས་ཀ་དག་པའི་བདག་ཉིད་དུ་ནམ་མཁའ་ལྷའི་འཁོར་ལོར་གྱུར་པར་བརྟན་༵པར་བཞུགས༵་སུ་གསོལ་ཞིང་དམ་ཡེ་དབྱེར་མེད་དུ་བསྟིམ་པའི་དོན་ཏེ། སྔགས་ས༵་མ༵་ཡ༵་དམ་ཚིག་པ་ལ། ཨ༵་བེ༵་ཤ་༵ཡ༵་ཡེ་ཤེས་པ་གཉིས་མེད་དུ་ཕོབ་ཅིག་ཏི༵ཥྛ་བརྟན་པ། ལྷན་༵བཞུགས་ཤིག་པའི་བརྡ་སྐད་དོ། །གསུམ་པ་གཉིས་མེད་ཀྱི་དཀྱིལ་འཁོར་ལ་ཕྱག་མཆོད་བསྟོད་པ་ལས། དང་པོ་ཕྱག་ནི། སངས་རྒྱས་རྣམས་འབྲས་བུ་མངོན་དུ་གྱུར་པའི་ཚེ་ས་གསུམ་གྱི་ཆེ་དགུའི་ཕྱག་དང་མཆོད་པས་བཀུར་སྟི་བྱས་པ་དང་། ངོ་མཚར་གྱི་མཛད་པའི་གྲགས་སྙན་འོག་མིན་གྱི་ཞིང་མན་ཆད་དུ་ལྷ་རྣམས་ཀྱིས་བསྒྲགས་ཤིང་ཕྱོགས་བཅུའི་ཞིང་ཀུན་ནས་རྒྱལ་བ་རྣམས་ཀྱི་ཀྱང་བསྔགས་པ་དང་མེ་ཏོག་གཏོར་བ་དང་མཚུངས་པ། སྦྱངས་གཞི་སྣོད་བཅུད་ཐ་མལ་གྱི་ཞེན་སྣང་། སྦྱངས་བྱེད་སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟ་བ། སྦྱངས་འབྲས་དག་པ་ཆེན་པོའ་ིསྣོད་བཅུད་མངོན་དུ་གྱུར་པའོ། །ཧཱུྃ་ཞེས་ཐུགས་སྲོག་ཡེ་ཤེས་ལྔ་ལ་ཟག་མེད་ཡོན་ཏན་རྫོགས་པའི་དོན་རྗེས་སུ་དྲན་པས་བསྐུལ་ཏེ་དབྱངས་རིག་གཉིད་མེད་ཀྱི་ངོ་བའི་གཞི་ལས་རང་བྱང་བའི་གཞི་སྣང་ཡེ་ཤེས་ཀྱི་རོལ་པར་རང༵་ཤར༵་བས་ན་དོན་ལ་ཡེ་ཤེས་གཅིག་གི་ཉིད་དུ་སྤྲུལ༵་པ་ལས་རྒྱུད་ཐ་དད་པ་གཅིག་ཀྱང་མེད་པའི་རྟེན་དང་བརྟེན་༵པའི༵་དཀྱིལ༵་འཁོར༵་ལ༵། རྣམ་པ་གདུལ་བྱ་འདུལ་ཕྱིར་གཙོ་འཁོར་སོགས་གང་ལྟར་བཀོད་ཀྱང་དམ་ཡེ་དང་བདག་མདུན་ལ་བཟང༵་ང༵ན་གཉིས༵་འཛིན་གྱི་ཀུན་༵རྟོག་༵གིས་གོ་སྐབས་མི་ཕྱེད་པར་སྤྱི་དཔལ་ཆེན་པོ་གཅིག་གི་ཡེ་ཤེས་ཀློང་དགུའི་དབྱིངས་སུ་རྣམ༵་པར་དག་༵པ་ཡིན་ཀྱང༵་། དེ་ཐམས་ཅད་དོན་དམ་རང༵་རིག་༵ཆོས༵་སྐུ་ཐིག་ལེ་ཉག་ཅིག་ལས་མ་འདས་བཞིན་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་ཆར་ཚོམ་བུ་དགུའི་ལྷ་ཚོགས་མངོན་སུམ་དུ་མཇ༵ལ་བ༵་ལ་དད་མོས་གུས་པ༵འི་ཚུལ་གྱིས་ཀུན་རྫོབ་འཇིག་རྟེན་གྱི་སྲི་ཞུའི་ཚུལ་དུ་སྔགས་ཕྱི་པ་དང་སྒོ་བསྟུན་ཏེ་ཕྱག་མཆོད་འཕྲུལ་དགའི་ལྷ་རྣམས་རང་གི་སྤྲུལ་པའི་ལོངས་སྤྱོད་ལ་རོལ་པ་ལྟར་བྱ་བས་སྒོ་གསུམ་གུས་བཏུད་ཀྱི་བརྡ་ཕྱག་༵གི་གར༵་གྱིས་བཏུད་པ་དང་དོན་དམ་ལ་དམ་ཡེ་བཟང་ངན་སྤང༵་བླང༵་མེད་༵པའི༵་ཆོས་ཉིད་ངོ་ཤེས་པ་འདྲེས་པ་ནན་ཏན་གྱི་ལྟ་ཕྱག་གི་ངང༵་ནས༵་བདེན་གཉིས་དབྱེར་མེད་ཀྱི་ཚུལ༵་དུ་འཚལ༵་བར༵་བགྱི་ཞེས་སོ། །ཨ༵་ཏི༵་པཱུ་ཧོཿ ཞེས་ཕྱག་འཚལ་བའི་བརྡ་དང་། ན་མ་ཡ་ངྷིཿ ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱང་མཉེས་ཤིང་དགྱེས་པས་ལན་དུ་དངོས་གྲུབ་དང་བྱིན་རླབས་སྕལ་བའི་བརྡའོ། །གཉིས་པ་མཆོད་པ་ལ་ཡན་ལག་བཞི་པ་མཆོད་པ་དོན་ཡོད་གྲུབ་པ་སྟེ་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ནི། དོན་གཉིས་མཐར་ཕྱིན་པའི་མཛད་པ་ཡིན་པས་དེའི་རྒྱུ་ཚོགས་གཉིས་རྫོགས་སྨིན་སྦྱངས་མཐར་སོན་དགོས་པས་དཀའ་ཐུབ་དང་དུས་ཡུན་རིང་པོ་ལ་མི་ལྟོས་པར་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཚོགས་གཉིས་བསགས་པའི་ཉེ་རྒྱུ་མཆོད་པ་ཡིན་པས་ཏེ། དེ་ལ་དབྱེ་ན། ཕྱག་རྒྱ་གར་དགུ་ཡེ་ཤེས་གླུ་ཕྱི་ཉེར་སྤྱོད་དང་འདོད་ཡོན། ནང་དུག་གསུམ་གནས་དག་གསང་བ་སྨན། གཏོར་མ། རཀྟ། བདུད་རྩི་གསང་ནན། དེ་ཁོ་ན་ཉིད་སྦྱོར་སྒྲོབ་རྣམས་དབང་བཞིས་ལམ་ཁྱེར་དང་རྗེས་སུ་འབྲེལ་བ་སྟེ། ཕྱི་མཆོད་ཀྱི་དང་པོ་ཕྱག་རྒྱ་གར་མཆོད་ནི། སངས་རྒྱས་རྣམས་ཀྱི་སྒྲིབ་བྲལ་ཡེ་ཤེས་ཀྱི་སྐུ་གདུལ་བྱ་གང་འདུལ་དུ་རྣམ་པ་ཐམས་ཅད་པའི་གཟུགས་ཆུ་ཟླ་དང་འཇའ་ཚོན་བཞིན་འགག་མེད་ཅིང་ཡང་སྣང་བས་མཚན་མའི་བློས་འདི་ཞེས་ཕྱོགས་དང་རིས་སུ་ཆད་པ་མེད་པས་ན་སྐབས་འདིར་གདུག་པ་ཅན་རྣམས་འདུལ་བའི་དོན་དུ་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་སྟོན་པ་ཡང་། སངས་རྒྱས་ཀྱི་སྐུའི་ཡོན་ཏན་མཐོང་ན་མི་མཐུན་པ་མེད་པའི་ཁྱད་ཆོས་དང་ལྡན་པ་ཡིན་པས་བསྟོད་པའི་སྐབས་རྒྱས་པར་བཤད་པ་བཞིན་སྐུ་གསུང་ཐུགས་ཀྱི་གར་གསུམ་གསུམ་གྱི་མཛེས་ཤིང་བརྗིད་རྔམས་ཀྱི་ཟིལ་གྱིས་དྲེགས་པའི་ཚོགས་ཀྱི་ཁེངས་དྲེགས་བཅོམ་པས་ཚར་གཅོད་ཅིང་། དད་པ་ཅན་རྣམས་སྙིང་རྗེའི་རོལ་པར་ཤེས་པས་རྗེས་སུ་འཛིན་པ་ལ་དཔལ་བའི་ངང་ཚུལ་རྗེས་སུ་དྲན་པས་སྤྲུལ་པའི་ལྷ་མོ་རྒྱན་ཕྲེང་དུ་མས་མཛེས་པ་རྣམས་ཀྱི་རྡོ་རྗེའི་གར་གྱི་རྣམ་འགྱུར་དེ་དང་མཚུངས་པ་ཕྱག་ཞབས་ཀྱིས་བསྒྱུར་བས་བསྟོད་དབྱངས་སྒྲོགས་པ་དང་། གཉིས་པ་ཡེ་ཤེས་གླུ་མཆོད་ནི། མཆོད་པའི་ལྷ་མོ་དེ་དག་གིས་བསྟས་དགོད་ལག་བཅང་འཁྱུད་པའི་སྒྱུ་རྩལ་དང་བཅས། ཧ་སིད་ལ་སོགས་པའི་གླུས་ལྷ་རྣམས་ཀྱི་ཐུགས་རྒྱུད་ལ་དགའ་བཞིའི་ཉམས་འགྱུར་འདྲེན་པས་བདེ་སྟོང་གི་ཡེ་ཤེས་ཀྱིས་ཀུན་ཏུ་མྱོས་ཤིང་སིམ་པ་ལྟར་སྣང་ཡང་དོན་ལ་རང་བྱུང་རང་ཤར་གྱི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའ་ིཡེ་ཤེས་རྣམ་པར་རྟོག་པས་མི་གཡོ་བའི་གསུང་ཡེ་ཤེས་གླུའི་བསྟོད་པས་མཆོད་པ་དང་། ཡང་ལྷ་མོ་རྣམས་ཀྱིས་ཉེར་སྤྱོད་དང་འདོད་ཡོན་གྱི་མཆོད་པ་ལྷ་ཀླུ་མིའི་ཆེ་རྒུ་རྣམས་ཀྱིས་མི་སྤྱོད་པ་དག་པའི་ཞིང་ན་སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་དང་བསོད་ནམས་ཀྱི་སྟོབས་ལས་བྱུང་བ་རིན་ཐང་གཞལ་དུ་མེད་ཅིང་ནུས་པ་མཆོག་ཏུ་གྱུར་པའི་བདུད་རྩིའི་མཆོད་ཡོན་རིན་པོ་ཆེའི་བྱ་མ་བུམ་པའི་སྣོད་ཀྱིས་བསྒྲེངས་པ་སོགས་བཀུར་སྟི་དང་བཅས་འབུལ་བའི་རྣམ་པ་ཡང་དངོས་སུ་བཤམས་པ་དམིགས་རྟེན་དུ་བྱས་ནས་ཡིད་སྤྲུལ་དང་། བདག་པོས་མ་བཟུང་བ། སྨོན་ལམ་གྱི་སྟོབས་ལས་བྱུང་བའི་ཀུན་ཏུ་བཟང་པོའ་ིམཆོད་སྤྲིན་དུ་སྤྲོས་པ་རྣམས་དོན་ལ་ཡུམ་བཀའི་གསང་སྒྲུབ་སེང་གདོང་ལས། ཡུལ་ལ་དབང་པོའ་ིསྤྱོད་པ་ཡིས༔ མཆོད་དང་མཆོད་བྱར་མི་དམིགས་ཀྱང༔ སྐྱེ་མཆེད་ཡབ་དང་སྦྱོར་བ་ཡི༔ ཡུལ་དྲུག་འདོད་ཡོན་ལྷ་མོར་རོལ༔ ཞེས་གསུངས་པ་ལྟར་ཡུལ་དང་ཡུལ་ཅན་ཐམས་ཡབ་ཡུམ་སྣང་སྟོང་གཉིས་མེད་ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ཞེན་མེད་སྒྱུ་མ་ལྟ་བུར་ལོངས་སྤྱོད་པས་ཚོགས་གཉིས་མིག་འཕྲུལ་ལྟར་རྫོགས་པར་བྱེད་པ་ཐུགས་བདེ་སྟོང་གི་མཆོད་པ་གསུམ་དུ་བཤད་ན་རུང་སྙམ་ཞིང་དེ་གསུམ་ནི་ཕྱི་སྣོད་བཅུད་ཀྱི་དཔལ་ཡོན་ལ་གཙོ་བོར་དམིགས་རྟེན་དུ་བྱས་ཤིང་སྤྲོས་བཅས་ལྟར་སྟོན་པས་བུམ་དབང་གི་ལམ་ཁྱེར་བསྐྱེད་རིམ་དང་འབྲེལ་ཆེ་བ་དང་། གདུག་པའི་རུ་ཏྲ་ཐམས་ཅད་དུག་གསུམ་རང་རྒྱུད་དུ་སྤྱོད་དེ་འཁྲུལ་པ་རྣམས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཀྱི་མཚོན་ཆས་བསྒྲལ་ནས་འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེས་སྡང་རུས་པའི་གྲམ་ཁྲོད། གཏི་མུག་ཤ་ཆེན་གྱི་རི་བོའ་ིརྣམ་པར་ཕུལ་བས་དཔལ་གྱི་ལྷ་ཚོགས་རྣམས་ཀྱིས་ཡེ་ཤེས་བདེ་བ་ཆེན་པོའ་ིལོངས་སྤྱོད་དུ་བཞེས་ནས་དུག་གསུམ་གནས་སུ་དག་པའི་སྐུ་གསུམ་བདེ་བ་ཆེན་པོའ་ིགོ་འཕང་ལ་བཀོད་པར་མོས་པ། ནང་དུག་གསུམ་གནས་དག་གི་མཆོད་པ་དང་། སྔགས་དོན་ཀྱང་ཧ་ལ་ནི་དུག་པཉྩ་ལྔ། པཱུ་ཛ་མཆོད་པ། ཧོ་མཉེས་ཚིམ་གྱི་དོན་དེ་དུག་ལྔ་ཡེ་ཤེས་སུ་དག་ཕྱིར་མཆོད་པ་དགྱེས་པའི་དོན་ཏེ་རྩ་བ་དུག་གསུམ་ལ་ང་རྒྱལ་ནི་འདོད་ཆགས། ཕྲག་དོག་ཞེ་སྡང་དུ་འདུ་བས་མཆོད་པ་དམིགས་སུ་མ་གསུངས་པའོ། །སྣང་སྲིད་སྣོད་བཅུད་ཐམས་ཅན་གདོད་ནས་ཡེ་ཤེས་ལྔའི་བདུད་རྩིར་རྣམ་པར་དག་ཅིང་རང་བྱུང་ཡེ་ཤེས་ཀྱི་འཁོར་ལོར་སངས་རྒྱས་རྣམས་གཡོ་བ་མེད་པར་བཞུགས་པའི་ཚུལ་དང་མཐུན་པར་བདུད་རྩི་སྒྲུབ་ཅིང་མཆོད་ནས་དངོས་གྲུབ་སྒྲུབ་པ་ལ་བསླུ་བ་མེད་པ་ནི་རྡོ་རྗེའི་དམ་ཚིག་རྨད་པོ་ཆེ་ཞེས་ལྟ་བ་ཆོས་ཀྱི་བདུད་རྩི། བདུད་རྩི་ལྔ་རེ་རེ་ལ་ཕྱི་ནང་གི་རྩ་བ་བཞི་བཞིར་སྦྱར་བས་བརྒྱད་དེ། བརྒྱད་ཚན་དེ་དག་རེ་རེའི་ལའང་སོ་སོའ་ིསྐྱོབས་དང་འཕྲད་དུ་གྱུར་པའི་རྩི་བཅུད་ཀྱི་སྨན་བརྒྱ་ཉེར་ལྔ་རེ་སྦྱོར་དུ་ཡོད་པས་ཡན་ལག་སྟོང་སྟེ་དེ་ལྟར་སྦྱར་བའི་གྲུབ་པ་ཆེན་པོའ་ིདམ་ཚིག་གི་རྫས་ཀྱི་བདུད་༵རྩི་མཐོང་ཐོས་མྱོང་རེག་གྲོལ་བ་བཞི་ལྡན་དང་། རྒྱུ་ཉོད་མོངས་རང་རྒྱུད་༵དྲུག་༵འབྲས་བུ་ཕུང་ལྔ་འབྱུང་ལྔ་སྡུག་བདེན་གྱི་མཚན་གཞིས་ལོངས་སྤྱད་པ་འགྲོ་དྲུག་གི་སྡུག་བསྔལ་འཇོ༵མས་ཤིང་འཆེས་ཏེ་ཡེ་ཤེས་ལྔར་ལམ་དུ་བྱེད་པའི་རྩི་སྨན་ནི་རང་ལུས་དང་གཞན་ལུས་ལ་བརྟེན་པའི་ལམ་ནི་དོན་གྱི་བདུད་རྩི་དང་། ཆོས་རྫས་དོན་གྱི་བདུད་རྩི་ཐམས་ཅད་དཔལ་ཆེ་མཆོག་ཧེ་རུ་ཀ་རིགས་ལྔ་ཡེ༵་ཤེ༵ས་ལྔ་ཡི༵་དཀྱིལ་འཁོར་དུ་ཤེས་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་སྒྲུབ་པས་དངོས༵་གྲུབ་འདོད་དགུ་དབང་བྱེད་པ་རྟགས་ཀྱི་བདུད་རྩི་སྟེ་དེ་དག་རྗེས་སུ་མཚོན་པ་མྱོང་གྲོལ་དམ་རྫས་ཀྱི་མཆོད་པ་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱི་དང་། རྩ་བརྒྱུད་ཀྱི་བླ་མ་ལ་བྱེ་བྲག་ཏུ་མཐེབ་སྲིན་ཉི་ཟླའི་གྭའུའི་བཅུས་ནས་ཕུལ་བས་དྭངས་མའི་སེམས་སྤྲིན་གྱིས་བདེ་བ་ཆེན་པོའ་ིརོས་མཉེས་པའི་མཐུས། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཨོཾ་ཨཱ་ཧཱུྃ་རྣམ་པ་བདུད་རྩིའི་སྟེང་དུ་བྱུང་བ་དང་ཚིག་གི་ཕྱག་རྒྱ་གུ་ཧྱ་ལག་གིས་བླང་སྟེ་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པ་དང་། སྔགས་དོན་ཨ༵ྃ་ཨཱ༵ཿ ཧཱུྃ་སྐུ་གསུང་ཐུགས། སརྦ༵་ཐམས་ཅད། པ༵ཉྩ་༵ལྔ་ཨ༵་མྀ༵་ཏ་༵བདུད་རྩི་ཧཱུྃ་རྣམ་པ་རིགས་ལྔའི་དམ་རྫས་ཧཱི༵ཿ ངོ་བོ་ཡེ་ཤེས་ལྔ། ཋ༵་དེ་གཉིས་དབྱེར་མེད་ཀྱི་མཆོད་པ་དང་། བརྒྱུད་མཆོད་སྐབས་ཁ༵་ར༵ཾ་སྟོབ་པ་དང་། ཁཱ་ཧི་གསོལ་ཅིག་པའོ། །དོན་ལ་སྐུ་གསུང་ཐུགས་ཐམས་ཅད་མཉེས་བྱེད་དམ་ཡེ་གཉིས་མེད་བདུད་རྩིའི་མཆོད་པས་བཞེས་ཤིག་གི་དོན་ནོ། །ཀཱ་༵ཡཱ་༵ཝ༵ཀྐ་ཙི༵ཏྟ་༵སྐུ་གསུང་ཐུགས་སིདྡྷི་དངོས་གྲུབ་འབྲུ་གསུམ་རང་ལ་སྩོལ་བའི་དོན་ཏེ། བྷ་༵ག་༵ཞེས་ཆོས་དབྱིངས་རྡོ་རྗེ་བཙུན་མོའ་ིཆུ་སྐྱེས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཅན་ཡངས༵་ཤིང་རྒྱ་ཆེ་བ༵འི་གཏོར༵་གཞོང་དུ། ལི༵ངྒ་༵ནི་སྣོད་བཅུད་ཡོངས་རྫོགས་བདེ་ཆེན་འདོད་ཡོན་གྱི་ཟེགས་མ་འཕྲོ་བའི་རྟགས་ཅན་གཏོར༵་མ༵འི་རྣམ་པ༵ར་དཔལ་དུ་འབར༵་བའི་རྡོ་རྗེ་ཐབས་ཤེས་གཉིས་སུ་མེད་པའི་བཟ༵འ་བཅའ་བཏུང་བ༵འི་ཚོགས་བདའ་དགུའི་རྣམ་པ་དམ༵་ཚིག་༵གི་རྫས༵་ལྷུན་པོ་ལྟར་སྤུངས་ཏེ་ཕུལ་བས་ཨ༵་ལ༵་ལ༵་སྟེ་ཞེས་ལྷ་ཚོགས་དགྱེས༵་རྔམ་ཚིམས་པར༵་རོལ༵་པར་བསམ་པ་དང་། མ༵་ཧཱ་༵བ༵་ལིཾ་ཏ་༵ཁཱ་ཧི་གཏོར་མ་ཆེན་པོ་རོལ་ཅིག། སྐྲ་ལྕང༵་ལོ༵་དང་བཅས༵་པའི་དུང་ཆེན་དུ་རཀྟའི་རྒྱ་མཚོའི་རྦ་ཀློང་འཁྲུགས་པ་ཡང་སེམས་ཅན་རྣམས་ཆོས་ཉིད་རང་ངོ་མ་རིག་པའི་གཏི་མུག་གིས་ང་དང་ང་ཡིར་ཞེན་རྟོག་གི་ཆགས་པས་སེར་སྣ་དང་ཞེ་སྡང་ང་རྒྱལ་ཕྲག་དོག་ཀྱང་དེའི་ཤུགས་ལས་འབྱུང་ཞིང་དེའི་དབང་གིས་རྒྱུད་དྲུག་འཁྲུལ་སྣང་གི་རྟོག་པ་སྐྱེ་འགགས་གནས་བྲལ་ཆོས་ཀྱི་དབྱིངས་སུ་བསྒྲལ་བའི་བརྡ་རྟགས་སུ་ཁྲག་ཆེན་གྱི་རྒྱ་མཚོ་ཞིང་གི་ལྷུ་དུམ་འཕྱོ་ཞིང་དུག་གི་རླངས་སྤྲིན་ཅན་ཕུལ་བས། གཟུང་འཛིན་འཁོར་བའི་རྒྱུ་འབྲས་བདེ་ཆེན་ཆོས་ཉིད་ཀྱི་གནས་སུའམ་རྒྱན་དུ་གདབ་པར་བྱ་བའི་ཕྱིར། ཡེ་ཤེས་ལྷ་ཡི་གཟུགས་པ་ལ་བཟང་ངན་བླང་དོར་གྱི་འཛིན་པ་མེད་པར་བཞེས་པས་གདུལ་བྱའི་རྒྱུད་ལ་དུག་ལྔ་གནས་དག་གི་བདེ་སྟོང་མི་རྟོག་པའི་དགོངས་པའི་རྩལ་རྒྱས་པར་མཛད་དུ་གསོལ་ཞེས་ཕུལ་བ་དང་། མ་ཧཱ་རཀྟ་ཁཱ་ཧི་རཀྟ་ཆེན་པོ་རོལ་ཅིག་རྟགས་དཔལ་ཆེན་པོ་དཀྱིལ་འཁོར་གླིང་དགུའི་གཙོ་བོ་རྣམས་ཡབ་ཡུམ་ཞལ་སྦྱོར་དུ་སྟོན་པ་ནི། རྒྱུ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅན་ཐབས་ཤེས་གཉིས་ལས་མ་འདས་པའི་དོན་མངོན་དུ་བྱ་ཕྱིར་ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོ་བཞིས་སྦྱོར་བ་ནི། འབྲས་བུ་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་སུ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་གདོད་ནས་འདུ་འབྲལ་མེད་པ་ཡེ་ཤེས་ཆེན་པོའ་ིརོས་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་ལོངས་སྤྱོད་རྫོགས་པའི་སྐུ་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ལས་མ་གཡོས་པར་བཞུག་པའི་བརྡ། འབྲུ་དང་ཕབ་སྦྱར་བའི་རྫས་ཛ་གད་བཅུད་ཀྱི་ཉིང་ཁུའི་མཆོད་པས་བྱེད་ལས་སེམས་ཀྱི་ཟུག་རྡུ་སེལ་ཞིང་དཔའ་བོའ་ིངར་གྱི་སྟོབས་བསྐྱེད་པའི་བདུད་རྩིར་མཆོད་པ་སྟེ། མ་ཧཱ་༵བཛྲ་ཨ་མྲྀ་ཏ་ཛ་གད་པཱུ་ཛ་ཧོ་ནི་རྡོ་རྗེ་བདུད་རྩི་ཆེན་པོ། ཐབས་བདེ་བ་ཆེན་པོ་རྡོ་རྗེ་ཝཾ་གྱི་གཟུགས་ཅན་ལ་གནས་ཀྱང་ཤེས་རབ་རྣམ་ཐར་གསུམ་ལྡན་ཨེ་དབྱིངས་པདྨའི་གྲོང་ཁྱེར་ལ་སྙོམས་པར་ཞུགས་པའི་གནད་དོན་རྟོགས་པས་མ་བསྐུལ་ན་ཡེ་ཤེས་མངོན་དུ་བྱ་མི་ནུས་པས་ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་ཀྱི་རོལ་པ་ཆེན་པོའ་ིསྒྱུ་རྩལ་གྱིས་རབ་ཏུ་དགྱེས་པར་བསྐུལ་བས། ལྷ་ཚོགས་ཀུན་ཀྱང་ཟག་མེད་བདེ་ཆེན་གྱི་མཆོད་པས་ཤིན་ཏུ་དགྱེས་པའི་དགོངས་པ་ལས་ནམ་ཡང་མ་གཡོས་པས་སྲིད་པ་མིང་མེད་དུ་དག་པར་གྱུར་ནས་སྔུག་བསྔལ་གྱི་བདེན་པའི་གནས་ཚུལ་བདེ་བ་ཆེན་པོར་ཤར་བས། འབྲས་བུ་འཁྲུལ་པའི་རྣམ་རྟོག་གི་རྒྱུ་འབྲས་བདག་དང་བདག་གིར་འཛིན་པ་མེད་པར་ཤིན་ཏུ་ཞི་བ་ཐེག་ཆེན་འགོག་བདེན་མཐར་ཐུག་གི་དབྱིངས་སུ་སིམ་སྟེ་ངལ་སོས་པས་རྟོག་པས་བདག་བསྒྲལ་བས་སྤང་བ། ཐུགས་རྗེས་གཞན་སྒྲོལ་གྱི་རྟོགས་པའི་ཡོན་ཏན་རྫོགས་པས་འབྲས་བུ་སྐུ་གཉིས་ཀྱི་ཕྲིན་ལས་མཐར་ཕྱིན་པའོ། །ཛཿ ཧཱུྃ་བཾ་ཧོ་བཞི་ནི་འཁྱུད་སྡོམ་སྤྲད་པས་ཕྱག་རྒྱ་དང་སྦྱོར་བའི་དོན་ཏན་སྦྱོར་བ། གང་ན་སྒྲོལ་བའི་མཆོད་པས་མཉེས་ཚིམ་གྱི་དོན་པཱུ་ཛ་ཧོཿ སྤྱིར་སྲིད་རྩ་བ་དག་ཏུ་ལྟ་བ་ཆགས་པ་དེའི་མི་མཐུན་ཕྱོགས་ལ་སྡང་སེམས་རང་བཞིན་གྱིས་འབྱུང་བས་དེའི་གཉེན་པོར་མདོ་ལས་སྟོང་ཉིད་དང་སྙིང་རྗེ་སྔགས་ལས་སྦྱོར་སྒྲོལ་གཉིས་གསུངས་པས་མཆོད་པའང་གཞི་མཐུན་དུ་འབུལ་བའོ། །ནང་དང་གསང་བའི་མཆོད་པ་རྣམས་གཙང་དམེ་བླང་དོར་མེད་པར་ལོངས་སྤྱོད་པའི་བརྟུལ་ཞུགས་ཀྱིས་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་དྭངས་མའི་ཁམས་རྣམ་རྒྱས་པས་བདེ་གསལ་མི་རྟོག་པའི་ཞི་བདེའི་ཡེ་ཤེས་འཕེལ་བར་བྱེད་པས་གསང་དབང་གི་ལམ་གྱི་གྲོགས་སུ་གྱུར་བ་དང་། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་ལ་བརྟེན་ནས་ཡབ་ཡུམ་སྙོམས་པར་འཇུག་པ་གསུམ་པའི་དབང་གི་ལམ་ཁྱེར་ལ་བརྟེན་ནས་ཞི་བདེ་འགྱུར་མེད་ཀྱི་ཡེ་ཤེས་ཀྱིས་མཚན་རྟོག་དབྱིངས་སུ་གསོད་པར་བྱེད་པ་དང་། དེ་ཐམས་ཅད་མཆོད་བྱ་མཆོད་བྱེད་ལས་འདས་པ་གདོད་མའི་གཤིས་ལུགས་སྤྲོས་བྲལ་དེ་ཁོ་ན་ཉིད་དབང་བཞི་པའི་ཡེ་ཤེས་དོན་དམ་འོད་གསལ་གྱི་ངོ་བོར་མཉམ་པར་འཇོག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དབང་བཞི་པའི་དགོངས་པ་དང་འབྲེལ་བ་སྟེ་རྡོ་རྗེ་གྱུར་གྱི་རྒྱུད་ལས། བདེ་བའི་ཐམས་ཀྱི་སྡོམ་པ་སྟེ། ཞེས་གསུངས་པ་ལྟར་དཀའ་སྤྱད་ལ་མ་ལྟོས་པས་ལམ་གཞན་ལས་བདེ་ཞིང་། གཞི་འབྲས་གཉིས་མེད་ཀྱི་དག་པ་སྦྱོར་ཚུལ་གྱིས་ཐ་མལ་གྱི་སྣང་ཤེས་སྡོམས་པས་མྱུར་བ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཐབས་ཤེས་གཉིས་མེད་དུ་སྦྱོར་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །ཡན་ལག་དྲུག་པ་བསྟོད་པ་ནི་རིན་ཆེན་འབྱུང་ལྡན་ཏེ་བྲལ་སྨིན་གྱི་ཡོན་ཏན་མཐར་ཕྱིན་པའི་ཁྱབ་བདག་རིན་པོ་ཆེའི་རིགས་རིན་འབྱུང་ཡིན་པ་བཞིན་བསྟོད་པའི་གླུས་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་ཆེ་བ་སྒྲོགས་ཤིང་བསྔགས་པ་ཡིན་པས་ན་མཆོད་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུའི་བསྟོད་པ་ལ། ཚིག་བཅད་དང་པོའ་ིསྐུ་གར་དགུའི་རྣམ་འགྱུར་ལ་བསྟོད་པ་སྟེ། ཧཱུྃ་ཞེས་ཐུགས་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གདུལ་བྱའི་ཡུལ་ལ་རྗེས་སུ་བསྐུལ་བའི་ཕྱིར་ཐུགས་སྲོག་གི་སྒྲས་བོད་པའི་ཚུལ་དུ་བསྐུལ་ཏེ་གནས་ལུགས་ཡང་དག་པའི་ཡེ་ཤེས་མངོན་དུ་གྱུར་པའི་མཁྱེན་པ་དང་། བྱམས་སྙིང་རྗེ་ཆེན་པོ་བརྩེ་བ་ཟུང་དུ་འཇུག་པའི་ཐུགས་ཀྱི་ངོ་བོ་ལ་ཆགས་སྡང་གི་རྟོག་པའི་རྒྱུ་བ་མི་མངའ་ཡང་། གདུལ་དཀའ་རུ་ཏྲ་རྣམ་སྨིན་རྩུབ་མོའ་ིའཕང་བ་རྣམས་དབང་དྲག་གི་ལྷག་པའི་ཕྲིན་ལས་ཀྱི་འཇུག་པ་མྱུར་བས་འདུལ་བའི་ཕྱིར། མི་བསྐྱོད་པའི་ངོ་བོ་སྐུ་ཆེ་ཞིང་ཡན་ལག་རག་པས་རྨོངས་ཉམས་ཀྱིས་མི་སྡུག་པ་སྲིན་པོ་ལྟར་ཁྲོས་པ། རྣམ་སྣང་གི་ངོ་བོ་སྐུ་རྒྱན་གྱི་མཛེས་ཤིང་ཡབ་ཡུམ་སྦྱོར་བ་སོགས་ནི་ཆགས་ཉམས་ཀྱིས་སྒེག་པ། རིན་འབྱུང་གི་ངོ་བོ་བདུད་བཞི་གདན་༵དུ་བཏིང་བ་སོགས་སྟོབས་དང་ལྡན་པས་ཁྲོ་ཉམས་ཀྱིས་དཔའ་བ། གཟི་བྱིན་ཉི་མ་འབུམ་ལས་ལྷག་པ་ནི་སྐུ་ཡི་ཉམས་གསུམ། དོན་གྲུབ་ཀྱི་ངོ་བོ་ཟུངས་ཤིག་རྒྱོབ་ཅིག་ཧཱུྃ་ཕཊ་སོགས་པའི་དྲག་ཤུལ་ལམ་གཤེ་བས་འཇིགས་པའི་ང་རོ་སྒྲོགས་པ་དང་། འོད་དཔག་མེད་ཀྱི་ངོ་བོ་ཆགས་དགྱེས་དྲེགས་པས་ཧ་ཧ་ལ་སོགས་པའི་རྡོ་རྗེའི་གད་རྒྱང་གིས་བཞད་པ། མཱ་མ་ཀིའི་ངོ་བོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་ང་རོ་དྲག་པོ་སྒྲོགས་པས་འཇིགས་རུང་གི་ཉམས་ཏེ་གསུང་གི་གར་གསུམ་སྤྱན་མའི་ངོ་བོ་ཆོས་སྐུ་སྤྲོས་མཚན་ལས་འདས་པ་མི་རྟོགས་པའི་དབྱིངས་ས་སུ་མཆོག་ཏུ་ཞི་བ། དམ་ཚིག་སྒྲོལ་མའི་ངོ་བོ་དམིགས་པ་མེད་པའི་ཐུགས་ནི་སྙིང་རྗེའི་བརྩེ་བ་གོས་དཀར་མོའ་ིངོ་བོ་ཁྲོ་ཆགས་ཀྱིས་ཐུགས་ཚིམ་པ་ལྟ་བུའི་འཕྲིན་ལས་ཅི་ཡང་ནུས་པས་རྔམས་པ་གསུམ་ནི་ཐུགས་ཀྱི་ཉམས་ཏེ་རྡོ་རྗེ་གསུམ་གྱི་གར་དགུའི་རྣམ་པས་ལུས་སྣང་བ་འདོད་ཁམས་ངག་ཕྱེད་སྣང་གཟུགས་ཁམས། ཡིད་མི་སྣང་གཟུགས་མེད་ཁམས་ཀྱི་སྟེང་འོག་བར་གྱི་ས་གསུམ་ལ་གནས་པའི་དྲེགས་པ་ཅན་དུག་གསུམ་གྱི་རང་གཟུགས་རུ་ཏྲ་སྡེ་གསུམ་ཟིལ་གྱིས་མནན་པའི་ཚུལ་ལ་བསྟོད་པའོ། །གཉིས་པ་ཐུགས་ཕྱག་མཚན་གྱི་དག་པ་ལ་བསྟོད་པ་ནི། བརྡ་རྡོ་རྗེ་དང་ཐོད་ཁྲག་རྩ་ཕྱག་གིས་འཛིན་པས། དོན་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ། རྟགས་སྲིད་རྩ་མ་རིག་པས་ཁྱབ་བྱེད་དུ་བྱས་པའི་ཁྱབ་བྱ་ཆགས་སྡང་དབྱིངས་སུ་དག་པ་མཚོན་པ་འདིས། གཞི་དབྱིངས་རིག་གཉིས། ལམ་ཐབས་ཤེས་གཉིས་འབྲས་བུ་སྐུ་དང་ཡེ་ཤེས་མཚོན་ཅིང་། ཕྱག་བར་པས་ཁ་ཊྭཱཾ་རྩེ་གསུམ་འཛིན་པས་རྒྱུ་དུག་གསུམ་སྐུ་གསུམ་དུ་དག་པ། གཡོན་བར་བས་ཐོང་གཤོལ་དཀུར་བརྟེན་ནས་ཕྲག་པར་སློང་བས་ཉོན་མོངས་ཐ་རྒོད་གྱིས་བྱང་ཆུབ་ཀྱི་མྱུ་གུ་སྐྱེ་མི་གཏུབ་པ་རྒྱུད་མ་རུངས་པར་བྱས་པའི་གཤིས་ངན་ནད་མུག་མཚོན་སོགས་འཇོམས་པར་རྟོགས་པས་བདག་བསྒྲལ་བ་དང་། ཐ་མ་གཉིས་ཀྱི་མེ་དཔུང་ནི་ཚར་གཅོད་དྲག་པོ་དང་། ལྕགས་སྡིག་གིས་རྗེས་འཛིན་ཞི་བའི་ཕྲིན་ལས་གཉིས་ཀྱིས་ཞེ་སྡང་གི་རྟོག་པའི་རང་གཟུགས་རྒྱལ་པོ་ཕོ་གདོན། ཆགས་དང་སེར་སྣས་འདོད་ཆགས་ཀྱི་རང་གཟུགས་བསེན་མོ་འགོར་པོ། རྟོག་མེད་རྡོ་རྗེ་ཁྲོས་པའི་མཚོན་ཆས་གཏི་མུག་གི་རང་གཟུགས་དྲེག་པ་སྡེ་བརྒྱད་ཀྱི་ཚོགས་ཀུན་འདུལ་ཞིང་བྲལ་དུ་བཀོལ་བའི་མཛད་པས་ཐུགས་རྗེའི་གཞན་སྒྲོལ་བ་ལ་བསྟོད་པའོ། །གསུམ་པས་སྐུ་ཡོངས་རྫོགས་ལ་བསྟོད་པ་སྟེ་དཔལ་ཆེན་པོའ་ིཡེ་ཤེས་ཀྱི་སྐུའི་དབྱིངས་སམ་ངོ་བོ་རྣམ་ཀུན་མཆོག་ལྡན་གྱི་ཆོས་སྐུའི་ངོ་བོ་ནི་གཞི་ལམ་འབྲས་བུའི་སྐབས་ཐམས་ཅད་དུ་སྐྱེ་འགགས་འཕོ་འགྱུར་གྱིས་གཡོ་བ་མེད་པ་མཚོན་པས་སྐུ་མདོག་མཐིང་ག་སྟེ། དེ་ནི་ཁ་དོག་གཞན་གང་གིས་བསྒྱུར་དུ་མི་གཏིབ་པ་བཞིན་ནོ། །ཆོས་སྐུ་དེ་ཡང་སྟོང་པ་ཕྱོགས་གཅིག་མ་ཡིན་པ་ཟག་མེད་བདེ་ཆེན་འབྲས་བུའི་ཡོན་ཏན་ཐམས་ཅད་ཉི་མ་དང་ཟེར་བཞིན་རྫོགས་པར་མངའ་བ་མཚོན་བྱེད་དུ་དབུ་གསུམ་ནི་འབྲས་བུ་སྐུ་གསུམ་གྱི་ཡོན་ཏན་ཕྱག་དྲུག་ནི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཞབས་བཞི་ནི་གཞི་ཚད་མེད་བཞིས་གཞན་ཕན་གྱི་མཛད་པ་རྫོགས་སྨིན་སྦྱངས་མཐར་སོན་པ་སྟེ། སྐུ་ཡི་བརྡ་རྟགས་དང་ཟག་མེད་ཀྱི་ཡོན་ཏན་རྫོགས་པར་མངའ་བ་མཚོན་པའོ། །བཞི་པ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ནི། ངང་ཁྲོ་ཤུགས་ཁྲོ་ཁྲོ་བར་བཅས་དང་བཅོས། ཞེས་པ་ལྟར་ཆོས་ཉིད་འགྱུར་བ་མེད་པའི་དབྱིངས་ཀྱི་གཤིས་བདེ་བ་ཆེན་པོ་ཐིག་ལེ་ཉག་གཅིག་གདོད་ནས་སྤངས་བྱ་དང་ལྷན་ཅིག་མི་གནས་པ་ཆོས་སྐུ་མཉམ་པ་ཆེན་པོ་ངང་གིས་ཁྲོས་པའི་ཐུགས་རྗེའི་རྩལ་ལས་ཆོས་ཅན་ཆོས་དབྱིངས་ཡེ་ཤེས་ལ། ཆོས་ཉིད་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ཀློང་གྱུར་འདའ་ཀ་དབྱིངས་སྒྲོལ་མཐའ་གྲོལ་གྱི་ཀློང་དགུར་ཤར་བའི་རང་རྩལ་གྱིས་གདུལ་བྱའི་ཁམས་ལ་ཐུགས་རྗེ་གཡོས་ཏེ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དགྱེས་པ་ཆེན་པོའི་ཞི་བའི་ཆགས་ཚུལ་ཁྲོ་བོའ་ིརྔམས་གཤེའི་གཟུགས་སྐུའི་ཕྱག་རྒྱར་དཔལ་ཆེན་སྒྲུབ་སྡེ་བརྒྱད་དུ་བཞེངས་པ་ཀུན་ཀྱང་ཁ་སྦྱོར་བདུན་གྱི་བདག་ཉིད་བདེ་བ་ཆེན་པོའ་ིལོངས་སྤྱོད་ཀྱི་ཉམས་ལ་བྲི་གང་མེད་པར་བཞུགས་པ་ཆོས་ཅན་ཤུགས་ཀྱིས་ཁྲོ་བ་དང་། དེ་ཐམས་ཅད་ཀྱི་གསང་བ་རྒྱན་འཁོར་ལྔའི་ངེས་པའི་ཆོ་འཕྲུལ་སྤང་བྱ་དང་ལྷན་ཅིག་ནམ་ཡང་མི་གནས་པའི་ཁྲོ་བ་དང་བཅས་པའི་ཕྱིར། མཁའ་ཁྱབ་ཡིད་ཅན་གདུལ་དཀའ་ཀུན་འདུལ་ཕྱིར་འབར་བ་ཁྲག་འཐུང་གི་འཁོར་ལོས་འདུལ་ནས་འཁོར་བའི་སྐྱེ་རྒྱུན་བཅད་པ་ནི་སྤྲུལ་སྐུ་རྡོ་རྗེའི་ཁྲོ་བོའི་དཀྱིལ་འཁོར་འདུ་འཕྲོའམ་སྤྲོ་བསྡུ་མཛད་པ་སྟེ། ཐུགས་ལ་ཁྲོ་བ་མི་མངའ་ཡང་འགྲོ་བའི་དོན་དུ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཁྲོ་བོ་དང་། ཕྲ་མེན་གྱི་གཟུགས་སུ་བཅོས་པ་བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་ཀྱང་ངོ་བོ་དཔལ་ཆེན་པོ་གཅིག་གི་ཡེ་ཤེས་རྣམ་འཕྲུལ་འགགས་མེད་ཅིང་ཡང་སྟོན་པ་ཀུན་མཁྱེན་བརྩེའི་ཡེ་ཤེས་ལ་བྲི་གང་དང་དགོངས་པ་མཐོ་དམན་མེད་པར་ཤེས་པས་བསྟོད་ཅེས་སོ། །འདི་ལ་མངོན་རྟོགས་རྒྱས་པའི་སྐབས་འབྱུང་བའི་བསྟོད་པའི་དོན་ཀྱང་སངས་རྒྱས་སྐུ་གསུམ་གྱི་ཡོན་ཏན་མཐར་ཕྱིན་པས་དབུ་དགུ་ནི་སྟོབས་བཅུའི་བྱིངས་སུ་ཡེ་ཤེས་ཀྱི་རྩལ་རྫོགས་པས་བདུད་དང་མུ་སྟེགས་ཐམས་ཅན་ཟིལ་གྱིས་གནོན་ནུས་པ་མཚོན་པའི་བརྡ་རྟགས་སུ་དབུ་དགུ་ལས་དང་བྱ་བ་ཐམས་ཅན་ལག་པས་བྱེད་དགོས་པ་ལྟར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ལ་མ་འདྲེས་བཅོ་བརྒྱད་ཀྱི་ཡོན་ཏན་མཐར་ཕྱིན་པའི་བརྡ་དོན་ཕྱག་བཅོ་བརྒྱད་ཀྱིས་ཀུན་བཟང་ཡབ་ཡུམ་མཚོན་པའི་རྡོ་རྗེ་དང་དུང་ཁྲག་སེམས་དཔའི་སེམས་མ་བཅུ་དྲག་ཕྱག་ཆའི་ཚུལ་དུ་བསྣམས་པ་ཡིས། དབང་པོ་སྒོ་ལྔ་དང་ཡུལ་ལྔ་ལས་ཡུལ་ཅན་རྣམ་ཤེས་གསུམ་འདུས་ཀྱིས་སྲེད་ལེན་གྱིས་ལས་འདུ་མི་བྱེད་པར་གདན་གསུམ་ལྷའི་འཁོར་ལོའ་ིཕྱག་རྒྱ་ཆེན་པོའ་ིརྒྱས་བཏབ་པས། བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་ཆེན་པོར་འབྱམས་སུ་ཀླས་པས་དག་ཆེན་ཡེ་ཤེས་ཆེན་པོའ་ིདབྱིངས་སུ་སྦྱོར་བ་ལ་བསྟོད་པ། ཀུན་གཞི་ཡིད་ཆོས་ཕུང་ཁམས་སྐྱེ་མཆེད་བྱ་བྱེད་ཀྱི་ཚོགས་དང་བཅས་པ་འབྲས་བུ་དག་ཆེན་ཡེ་ཤེས་ཀྱི་ལྷ་གདན་གསུམ་གཙོ་འཁོར་ཐམས་ཅད་ཀྱང་རྣམ་པ་གང་ལྟར་སྟོན་ཀྱང་དོན་ལ་སྐུ་གསུམ་དང་ཁ་སྦྱོར་ཡན་ལག་བདུན་གྱི་རྣམ་བྱང་ཆེན་པོའ་ིཡོན་ཏན་ཡོངས་སུ་རྫོགས་པས་དགོངས་པ་ལ་མཐོ་དམན་མེད་པ་སངས་རྒྱས་ཉག་གཅིག་ཏུ་བཞུགས་པ་རྣམས། གདུལ་བྱ་རྗེས་སུ་འཛིན་སླད་ཞི་ཁྲོའ་ིབཞིན་ལག་གི་མཚན་དཔེར་རྣམ་འགྱུར་དང་གཙོ་འཁོར་གྱི་ཚུལ་དུ་ཤར་བའི་རོལ་པ་ཅིར་ཡང་སྟོན་པ་ཐམས་ཅན་སྤྱི་དཔལ་ཧེ་རུ་ཀའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་གཅིག་གི་བདག་ཉིད་དུ་རྫོགས་པ་ཁྱེད་ལ་མཆོག་དམན་གྱི་རྟོག་པ་སྤངས་ཏེ་གུས་པས་བསྟོད་པའོ། །བསྙེན་ཡིག་ཏུ་ལྷ་ལ་གསལ་སྣང་མ་ཐོན་བར་དུ་འོད་ཟེར་སྤྲོ་བསྡུ་སོགས་བྱེད་མི་དགོས་ཏེ་ཐོད་སྐུ་ཡོད་ན་ཅེ་རེ་བལྟ་བ་དང་ཡིད་ཡུལ་དུ་གོམས་འཇུག་པ་རེས་མོས་སུ་བསླབ་གསུངས་པ་ནི་བློ་ཆུང་ལས་དང་པོ་པ་རྣམས་ཀྱིས་མ་གོམས་བར་ལ་བརྟགས་པའི་སྐུར་རྩལ་སྦྱངས་པ་སྟེ་བཟོ་བོ་མཁས་པ་བྲིས་སྐུའམ། ལྡེར་བཟོ་རབ་གནས་དང་ལྡན་པ་དམིགས་རྟེན་དུ་དྲན་པ་རྒྱུ་བའི་ཡན་ལག་ཅེས་ཆེད་དུ་མི་སྒོམ་པར་དབུ་ནས་ཞབས་ཀྱི་བར་ལ་མིག་མི་འཛུམ་པར་ཅེ་རེ་བལྟ་བ་ལ་གོམས་པས་རྟོག་ཚོགས་གཡོ་ཉམས་རི་གཟར་གྱི་ཆུ་ལྟར་བྱུང་ཡང་མ་སུན་པར་བྱས་པས་ཇེ་ཞིག་ན་དེའི་རྣམ་འགྱུར་ཇི་ལྟ་བའི་བག་ཆགས་བརྟན་པ་ལས་མིག་གཙུམ་ཡང་ཡིད་ཡུལ་དུ་བཀྲ་གསལ་གྱིས་འཆར་བ་ནི་ཐོབ་པའི་ཉམས་ཞེས་བྱ། དེའི་ཚེགས་གསལ་སྣང་དེས་ཐ་མལ་གྱི་སྣང་ཞེན་ལ་རྒྱས་བཏབ་སྟེ་སྣང་སྟོང་སྒྱུ་མའི་སྐུ་ཤེལ་བུམ་དྲི་མེད་དམ་འཇའ་ཚོན་ལྟ་བུ་ཕྱི་ནང་ཟང་ཐལ་གསལ་འཚེར་བཀྲག་དང་ལྡན་པ་མེ་ལོང་གི་གཟུགས་ལྟ་བུར་རྩལ་སྦྱོངས། དེ་ཡང་ཧ་ཅང་བཙིར་ཟིན་མི་བྱེད་པར། དེ་གའི་གསལ་སྣང་མ་འགགས་པའི་ངང་ལ་ཤིགས་སེ་མཉམ་པར་བཞག་རེ་ཞིག་བྱིང་ཉམས་བྱུང་ནའང་མི་གསེངས། དེ་ལྟར་བསྐྱངས་པས་ཇེ་ཞིག་ན་མི་རྟོག་པའི་ངང་ལས་ལྷ་སྐུའི་གསལ་སྣང་རང་ཤུགས་སུ་འདྲེན་ནུས་པ་འབྱུང་། དེ་ཙ་ན་དམིགས་རྟེན་མི་དམིགས་པར་སྦྱངས་ཏེ་རང་ལྷར་བསྒོམ་པ་རྩེ་གཅིག་ཏུ་མཉམ་པར་བཞག་གསལ་སྣང་ལ་རྩེ་གཅིག་ཏུ་གནས་ཤིང་ང་རྒྱལ་བརྟན་པོ་བྱུང་བ་དང་། བློ་འབྲིང་རྣམས་ཀྱིས་སྐུ་ཡོངས་རྫོགས་ཀྱི་རྣམ་འགྱུར་ཝལ་གྱིས་གསལ་བ་དང་། དེ་ནས་དབུའི་རྣམ་པ། ཕྱག་གཡས་གཡོན་སྐུ་སྐེད་ཡན། ཞབས་གཡས་གཡོན། སྐུ་ཡོངས་རྫོགས་གདན་དང་བཅས་པ་རེ་རེ་ནས་གསལ་སྣང་འདོན། ལྟ་སྐུའི་ཆེ་ཆུང་དང་གཙོ་འཁོར་མང་ཉུང་། རྒྱང་ཉེ་རིང་། ཐུན་རིང་ཐུང་གི་སྐྱེད་བྲི་སོགས་མ་ངེས་པར་རྩལ་སྦྱངས། དེ་ཡང་དང་པོ་དམིགས་རྟེན་གྱི་སྐུ་ལ་བལྟ་ཡུན་རིང་བར་བྱ། སྒོམ་ཡུན་ཐུང་བར་བྱེད། ཅུང་ཟད་གོམས་ནས་བལྟ་ཡུན་ཇེ་ཐུང་། སྒོམ་ཡུན་ཇེ་རིང་ལ་བསླབ། རྣམ་པ་གསལ་བ་སྒྱུ་མ་ལྟ་བུའི་བསྐྱེད་རིམ་ལ་སློབ་པས་ཆད་ལྟར་མི་གོལ་ཞིང་། སྐྱོ་བོའ་ིཚེ་མངོན་རྟོགས་བསྟོད་པའི་སྐབས་སུ་བཤད་པ་ལྟར། རྣམ་དག་དྲན་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་ངོ་བོར་རྩལ་སྦྱངས་པས་རྟག་ལྟར་མི་གོལ་བའི་གནད་དོ། །གཞུང་ལས། དང་པོར་མོས་པས་འགོད་པ་སྟེཿ ལྷ་དང་ཞིང་ཁམས་ཆོས་ཉིད་གསུམཿ གཅིག་ཏུ་འདྲེས་པའི་གཟེར་ཐེབས་ཚེཿ རང་སྣང་དོན་གྱི་འོག་མིན་དུཿ འཚང་རྒྱ་འདི་ལ་ཐེ་ཚོམ་མེདཿ ཅེས་གསུངས་པ་ལྟར། བློ་རབ་རྣམས་ཀྱིས་ནི་རང་བཞིན་ཇི་ལྟ་བའི་དངོས་པོ་ངོས་བཟུང་ལས་འདས་པའི་བསྐྱེད་རྫོགས་ཟུང་འཇུག་ཡེ་ཤེས་ཆེན་པོའ་ིསྐུ་རྣམ་པ་གསལ་ཞིང་ངོ་བོས་སྟོང་། ཆོས་ཉིད་སྟོང་བཞིན་དུ་རང་བཞིན་སྤྱན་གྱི་དཀར་ནག་ཚུན་ཕྱེད་པའི་གསལ་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་འཛིན་ཞེན་དང་བྲལ་བར་རྩལ་སྦྱངས་ཚུལ་གང་ཟག་གི་དབང་པོ་དང་བསྟུན་ནས་ཉམས་སུ་བླང་ཞིང་ལྷ་འཚམས་བཟུང་བ་སོགས་པ་བཅད་བདུན་བླ་མ་དགོངས་འདུས་ཀྱི་མན་ངག་བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས་སུ་གསུངས་པ་ལྟར་གོམས་པར་བསླབ་བོ། །དེ་ལྟར་ལྷའི་རྣམ་པ་རང་སེམས་དང་དབྱེར་མེད་བསྲེས་ཏེ་བསྒོམ་པས་སྐུ་ཡོངས་རྫོགས་ཀྱི་གསལ་སྣང་ལ་ཇི་ཙམ་གནས་འདོད་པ་དེ་སྲིད་དུ་སྡོད་པས་བརྟན་པའི་ཉམས་དང་། བ་སྤུའི་བུ་ག་དང་སྤྱན་གྱི་དཀར་ནག་ཚུན་གསལ་ཞིང་ཡུལ་རྐྱེན་གང་གིས་ཀྱང་མི་འཕྲོག་པར་གསལ་བརྟེན་གྱི་ཚད་བརྒྱད་ཐོབ་པ་མཐར་ཕྱིན་པའི་ཉམས་ཞེས་གསུངས་ལ། གཞན་ཡང་དཔལ་ཆེན་ཞལ་ལུང་ལས། ཕྱོགས་རིས་བྲལ་བའི་ལྟ་བ་ཡིས༔ ཐེ་ཚོམ་ཡིད་གཉིས་འཕྲང་ལས་གྲོལ༔ གསལ་འགྲིབ་མེད་པའི་སྒོམ་པ་ཡིས༔ བྱིང་རྒོད་གཉིས་འཛིན་འཕྲང་ལས་གྲོལ༔ སྤྱོད་པ་མ་འཁྲུལ་དམ་ཚིག་གིས༔ ཐེག་པ་དམན་པའི་འཕྲང་ལས་གྲོལ༔ ཞེས་གསུངས་པ་ལྟར། སྣང་བ་ལྷ་དང་འདྲེས་པ་ཙམ་གྱིས་མཆོག་དངོས་ཀྱི་རྒྱུར་མི་འགྱུར་བས་ལྷ་དོན་ལ་སྦྱར་ཞེས་རང་སེམས་ལྷའི་སྐུ་དང་ཡེ་ཤེས་སུ་ཤར་བ་ལ་རིག་པ་བྱང་ཆུབ་ཀྱི་སེམས་ལྷ་སྐུའི་འབྲས་བུར་གདོད་ནས་དུ་མ་རོ་གཅིག་ཏུ་སྨིན་པའི་བསྐྱེད་རྫོགས་དབྱེར་མེད་ཡེ་ཤེས་ཆེན་པོའ་ིསྐུར་ལ་བཟླ་བའི་ཕྱིར་རང་གི་སྒོ་གསུམ་བྱ་བྱེད་དང་བཅས་པ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མཛད་པ་ཕྲིན་ལས་སུ་སྡོམ་པར་བྱེད་པའི་གཟེར་བུ་ལྟ་བུ་སྲོག་སྡོམ་གཟེར་བཞི་ཅེས་སྔ་འགྱུར་གྱིས་བསྐྱེད་རིམ་མན་ངག་ཐུན་མོང་མ་ཡིན་པར་གསུངས་པའི་གནད་ལ་འོག་མིན་བགྲོད་པའི་ཐེམ་སྐས་སུ་གསུངས་པ་བཞིན་གོམ་པར་བསླབ་པས་རིག་འཛིན་གབ་བྱང་ལས། དབྱིངས་ཀྱི་སྣང་ཆ་ལྷར་ཤར་བས༔ བསོད་ནམས་ཚོགས་ཆེན་འདི་ཡིས་རྫོགས༔ དེ་ལ་དངོས་ཞེན་རྣམ་དག་པས༔ ཡེ་ཤེས་ཚོགས་ཀྱང་རྫོགས་པ་ཡིན༔ ཞེས་དང་། དཔལ་ཆེན་ཞལ་ལུང་ལས། བསོད་ནམས་དང་ནི་ཡེ་ཤེས་མཐུས༔ བསྐྱེད་རྫོགས་གདིང་དུ་གྱུར་པ་ལས༔ རྣམ་རྟོག་རགས་པ་ཆོམས་གྱུར་ཏེ༔ ཡེ་ཤེས་ལྷ་ཡི་ཕྱག་རྒྱ་ཀུན༔ དང་པོ་ཡིད་ཀྱི་ཡུལ་དུ་གསལ༔ དེ་ཡི་དངོས་སྣང་མཐུ་བརྟས་པས༔ སེམས་ཉིད་ཤིན་ཏུ་སྦྱངས་པའི་མཐུས༔ རང་བཞིན་དབང་པོའ་ིཡུལ་དུ་གསལ༔ མཐར་ནི་བདེན་གཉིས་དབྱེར་མེད་ཀྱི༔ ལུས་སེམས་ཤིན་སྦྱངས་ཐོབ་པའི་ལྷ༔ ལུས་ཀྱི་ཡུལ་དུ་མངོན་སུམ་གསལ༔ ཡུལ་གསུམ་གྱད་དུ་གྱུར་པ་ལས༔ མ་དག་ལུས་ཀྱི་དངོས་སྣང་ཆོམས༔ ཞེས་གསུངས་པ་ལྟར་ས་ལམ་གྱི་བགྲོད་ཚུལ་ཀྱང་རིག་འཛིན་གྱི་གབ་བྱང་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །གཉིས་པ་ཐུགས་བརྒྱུད་བསྐུལ་བ་བསྙེན་པའི་རིམ་པ་ལ། གཞུང་ལས་བསྙེན་དང་སྒྲུབ་ལས་སྦྱོར་རོ༔ ཞེས་པ་ལྟར་ཞི་བར་བསྙེན་པ། ཁྲོ་བོར་སྒྲུབ་པ། ལས་ལ་སྦྱར་བ་གསུམ་གྱི་དང་པོ་ནི། སངས་རྒྱས་རྣམས་ཀྱིས་འགྲོ་བ་འདུལ་བའི་ཕྲིན་ལས་ཀྱི་གཙོ་བོ་ཆོས་འཁོར་ཡིན་པ་བཞིན་གསུང་རྡོ་རྗེ་རིག་སྔགས་སུ་ཤར་བས་ལས་བཞི་མཆོག་གི་དངོས་གྲུབ་སྒྲུབ་བྱེད་ཀྱི་རྩ་བ་སྔགས་ཏེ་སྦྱངས་གཞི་ཐ་མལ་གྱི་ངག་སྒྲ། སྦྱོངས་བྱེད་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ། སྦྱངས་འབྲས་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པའི་གོ་འཕང་མངོན་དུ་གྱུར་པའི་གནད་ཤེས་པས་སྒོམ་དོན་གྱི་དམིགས་རིམ་དངོས་ནི། བདག་ཉིད་ཆེ་མཆོག་ཡབ་ཡུམ་སོགས་ཀྱི་དོན་སེམས་དཔའ་སུམ་བརྩེགས་འདི་ཡེ་ཤེས་སེམས་དཔའ་རང་དྲའམ། ཡང་ན་སྒྱུ་འཕྲུལ་ལྟར་རྒྱན་དང་ཕྱག་མཚན་སྤང་བའི་རང་འདྲ་དང་། ཁ་ཅིག་སྤྲུལ་པ་དང་སྤྲུལ་གཞིའི་དབང་དུ་མཛད་པ་དང་། འགའ་ཞིག་ཁྲོ་བོ་ལ་ཞི་བ། ཞི་བ་ལ་ཁྲོ་བོ་སོགས་སྒོམ་ཚུལ་དུ་མ་ལས། འདི་ནི་ཁྲོ་བོའ་ིཐུགས་ཀར་ཞི་བ་སྒོམ་པ་སྟེ། དམིགས་པ་བསྙེན་ཡིག་ཏུ་གསལ་བ་ལྟར་ལ། དེ་ཡང་བདེ་གཤེགས་ཞི་བའི་སྒྲུབ་པ་ལ། རྒྱས་པ་རིགས་བརྒྱ། བསྡུས་པ་ཞེ་གཉིས། རབ་ཏུ་བསྡུས་པ་དེ་ཉིད་རིགས་ལྔ། ཤིན་ཏུ་བསྡུས་པ་གསང་ཆེན་རིགས་གཅིག་དང་། ཕྱག་རྒྱ་རྐྱང་སྒྲུབ་ཀྱི་སྒྲུབ་ཚུལ་བཅས་བདེ་འདུས་ཞི་བ་འདུས་པ་རྩ་བའི་རྒྱུད་དུ་གསུངས་པ་འདི་ནི་གསང་ཆེན་རིགས་གཅིག་གི་སྒྲུབ་ལུགས་རིགས་ཀྱི་ཁྱབ་བདག་ཏུ་རྟོགས་པ་ལྷ་གཅིག་སྒྲུབ་པས་ཐམས་ཅན་འགྲུབ་པར་གསུངས་པའི་དགོངས་པ་སྟེ་འདི་ཉིད་མཆོག་སྒྲུབ་ཀྱི་སྙིང་པོ་ཡིན་པས་གྲངས་བསྙེན་ཚད་ཇི་ཙམ་མང་བཞིན་ལེགས་པ་ཡིན་ནོ། །གཞུང་ལས། རིགས་རྣམས་ཀུན་གྱི་དབང་ཕྱག་མཆོག༔ སངས་རྒྱས་ཀུན་གྱི་མེས་པོ་སྒོམ༔ རྒྱལ་བའི་དཀྱིལ་འཁོར་བསམ་ཡས་ཀུན༔ བདེ་གཤེགས་གཅིག་སྒྲུབ་ཀུན་གྱི་ངང༔ ཞེས་དང་། བཟླ་བྱའི་སྔགས་འབྲུ་གསུམ་ཡང་བདེ་གཤེགས་འདུས་པ་ཞི་བ་གསང་ཆེན་རིགས་གཅིག་ལས། ཏིང་འཛིན་གྱི་གནད་ཡི་གེ་འབྲུ་གསུམ་ལ་འདུས་ཏེ༔ ཨོཾ་གྱིས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན༔ ཨཱ༔ ཀུན་སྣང་གི་ཏིང་ངེ་འཛིན་༔ ཧཱུཾ་རྒྱུའི་ཏིང་ངེ་འཛིན་ནོ༔ ཞེས་དང་། སྐུ་ཐམས་ཅད་ཀྱི་གནད་ཀྱང་འབྲུ་གསུམ་ལ་འདུས་ཏེ། ཨོཾ་གྱིས་ཆོས་སྐུ་ཐོབ་པར་བྱེད༔ ཨཱཿཔ་ལོངས་སྐུ་ཐོབ་པར་བྱེད། ཧཱུཾ་གིས་སྤྲུལ་སྐུ་ཐོབ་པར་བྱེད༔ ཞེས་སོགས་རྒྱས་པར་གསུངས་པ་ལྟར་སངས་རྒྱས་ཐམས་ཅན་ཀྱི་གཉིས་སུ་མེད་པའི་རྡོ་རྗེ་གསུམ་གྱི་ས་བོན་དུ་ངེས་པས་བཟླས་པ་ཙམ་གྱིས་ལས་ཀུན་བྱེད་ཅིང་ཕན་ཡོན་ཚད་མེད་པ་སྟེ། བླ་མ་དགོངས་འདུས་ལས། བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པའི་རྒྱལ་བ་ཐམས་ཅད་ཀྱི་སྐུའི་སྙིང་པོ་ཨོཾ༔ གསུང་གི་སྙིང་པོ་ཨཱཿཐུགས་ཀྱི་སྙིང་པོ་ཧཱུྃ་གསུམ་ལ་འདུས་པས༔ འབྲུ་གསུམ་རྩ་བའི་སྙིང་པོ་འདི་འགྲུབ་ན་ཐམས་ཅད་འགྲུབ་ཅིང་༔ འདི་བྱིན་རླབས་ཀུན་འདུས་ཀྱི་རྩ་བ༔ དངོས་གྲུབ་ཀུན་འདུས་ཀྱི་རྩ་བ༔ ཕྲིན་ལས་ཀུན་འདུས་ཀྱི་རྩ་བ་ཡིན་པའི་ཕྱིར༔ སྔགས་ཀྱི་དབུ་ལ་འབྱུང་བ་དང་༔ རྒྱས་འདེབས་པ་ཐམས་ཅད་འབྲུ་གསུམ་གྱིས་བྱེད་པ་དེའོ། །ཞེས་སོ། འདི་ལས་ཀྱང་། ཚེ་གཅིག་བྱང་ཆུབ་འདོད་པ་རྣམས༔ འདི་ལ་རྟག་ཏུ་ནན་ཏན་གྱིས༔ འབྱུང་འཇུག་སྔགས་སུ་གོམས་པ་ན༔ ཕུང་པོ་འོད་སྐུར་དེངས་བར་འགྱུར༔ ཞེས་གསུང་པས་ཆོས་འདིའི་བརྒྱུད་འཛིན་ཐམས་ཅད་མཆོག་གི་དངོས་གྲུབ་ཀྱི་ཉེ་ལམ་ལ་བརྟེན་ནས་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་ས་བཟུང་བའི་རྣམ་ཐར་ལ་མིག་ལྟོས་ཀྱིས་དོན་དམ་ཡེ་ཤེས་ཀྱི་ལྷ་མཆོད་སྒྲུབ་པ་ལ་ནན་ཏན་དུ་བྱ་དགོས་པས་ན་གཞུང་དུ་འབྲུ་གསུམ་ཡིད་བཟླས་སམ། མ་བདེ་ན་ཤུབ་བུའི་བཟླས་པས་འབྱུང་འཇུག་གདོད་ནས་དག་པའི་སྔགས་སུ་གོམས་པར་བྱ་གསུངས་པས་སྔགས་སྒྲུབ་མན་ངག་རིན་ཆེན་ཕྲེང་བ་ལས། མཆོག་གི་དངོས་གྲུབ་བཟླས་པ་ཁྱད་པར་ཅན་གྱིས་འགྲུབ༔ ཅེས་གཡོ་བ་རླུང་གི་རྫོགས་རིམ་དུ་བཤད་པའི་རྡོར་བཟླས། རླུང་ཕྱིར་དབྱུང་བ་ཨོཾ། རྔུལ་པ་ལ་ཨཱཿགནས་པ་ཧཱུྃ་ལ་སྦྱང་བའམ། ཡང་ན་སྤྱི་འགྲོ་ལྟར་དབྱུང་བ་ཨོཾ་རྔུབས་པ་ཧཱུྃ། གནས་པ་ཨཱཿལ་བསླབ་པས་རླུང་རིག་བསྲེ་བའི་ཉམས་ལེན་ལ་འབད་པ་མཆོག་ཏུ་ཟབ་པས་རྡོར་བཟླས། ཡིད་བཟླས་སྤེལ་མ། སྐྱོན་ངག་བཟླས་ཀྱང་ཅུང་ཟད་བྱའོ། །གཉིས་པ་ཁྲོ་བོར་སྒྲུབ་པ་ལ། སྒྲུབ་པ་དང་། སྒྲུབ་ཆེན་གཉིས་ལས། དང་པོ་ནི། དམིགས་གནད་སྙིང་པོ་བསྙེན་ཡིག་ལས། ལྷ་དང་ཞིང་ཁམས་ཆོས་ཉིད་གསུམ་བློས་བཀོད་མ་ཡིན་པར་གཉིས་མེད་རང་ཤར་མ་སྒོམ་ལྷུན་གྱིས་གྲུབ་པའི་བསྐྱེད་རིམ་ཞེས་རིག་པའི་མྱོང་བ་ཡོད་ན་ལྟ་བ་དེའི་རྩི་དང་མ་བྲལ་བས་ལྷ་སྔགས་ཀྱི་གསལ་འདེབས་པ་ནི་ཤིན་ཏུ་ཟབ་པའི་གནད་དེ། ཞེས་གསུངས་པའི་དོན། སེམས་རིག་ལ་ཤན་ཕྱེས་ནས་རིག་པ་སྐུ་གསུམ་ཆེན་པོའ་ིབདག་ཉིད་དེ་མངོན་སུམ་མྱོང་བས་ངོ་ལེགས་པར་འཕྲོད་པ་གཞིར་བཟུང་བས་གཟུང་འཛིན་གྱི་རྟོག་པ་ཐད་དཀར་ཅན་ནས་རིག་པ་ཟང་ཐལ་ཆེན་པོའ་ིངང་བཟོ་མེད་དུ་བཞག་པ་ལས་མ་གཡོས་བཞིན་དེའི་རང་མདངས་དཀྱིལ་འཁོར་གྱི་ལྷར་ཤར་བ་ལ་དམ་ཡེ་བསྲེས་ནས་གསལ་སྣང་དང་ང་རྒྱལ་བརྟན་པོ་ལ་བཞག་ནས་ལྷ་སྔགས་དབྱེར་མེད་དུ་ཤེས་པའི་ངང་བཟླས་པ་ལ་བརྩོན་པའི་རྒྱུན་དྲན་ཤེས་དང་མ་བྲལ་བ་བྱས་ན་རྡོ་རྗེ་གསུམ་གྱི་རྣམ་འབྱོར་ཀྱང་ཚང་ཞིང་། གསལ་སྣང་བརྟན་བཞིན་ཀུན་རྟོག་ཇེ་ཕྲར་འགྲོ། དེའི་ཚེ་ལྷར་སྣང་ཀུན་རྟོག་གི་བཅོས་ནས་སྒོམ་པའི་ཆ་དེ་ཕྲ་བས་གསལ་དཀའ་ཡང་ལྷར་སྣང་དེ་ཡལ་དུ་མི་བཅུག་པ་ཡབ་ཡུམ་སྦྱོར་པའི་བདེ་བ་དང་། དོ་ལའི་བཟླས་པས་བོག་དབྱུང་ནས་བདེ་ཆེན་རྣམ་པར་མི་རྟོག་པའི་ཡེ་ཤེས་དངོས་སུ་འདྲེན་པར་འགྱུར་གྱི་བར་བོག་དབྱུང་བ་དང་། དེ་ལྟར་ཡང་ཡང་གོམས་པའི་གནད་ཀྱིས་འོད་གསལ་རྐྱང་པ་ཙམ་མ་ཡིན་པ་དཀྱིལ་འཁོར་གྱི་ལྷ་སྟོང་གཟུངས་ཀྱི་སྣང་ཆ་དང་བཅས་པ་ཤར། དེ་ལྟར་ཤར་བ་དང་རིག་སྟོང་དབྱེར་མེད་ཀྱི་ཉམས་ལེན་རྐྱང་དེད་བྱས་ནས་སྒོམ་པས་ཡུལ་སྣང་ལྷར་ཐིམ་ལྷར་སྣང་ཆོས་ཉིད་དུ་ཐིམ་ནས་ཀུན་རྟོག་གི་འཁྲུལ་པ་དབྱིངས་སུ་དག་པའི་གང་སྣང་ལྷའི་དཀྱིལ་འཁོར་རང་རིག་སྤྲོས་བྲལ་ཉག་གཅིག་གི་རྣམ་རོལ་དུ་འགྱུར་བས། འདི་ལ་ས་བཅུ་ལམ་ལྔ་རིག་འཛིན་བཞིའི་རྣམ་བཞག་དང་། བོག་འབྱིན་རྩལ་བཅས་དང་རྩོལ་མེད་ཀྱི་རྫོགས་རིམ་སྦྱོར་ཚུལ་རིག་འཛིན་འདུས་པའི་གབ་བྱང་ལས་གསུངས་པ་ལྟར་ཤེས་པར་བྱ་དགོས་པའི་གནད་དེ་ལས། ལྷ་དང་སྣང་བ་ཆོས་ཉིད་གསུམ༔ གཅིག་ཏུ་འདྲེས་པར་མ་གྱུར་བར༔ ཏིང་འཛིན་གནད་ཀྱི་འཛིན་ཕུར་གདབ༔ ཅེས་དང་། གཞུང་ལས། ལྷ་དང་ཞིང་ཁམས་ཆོས་ཉིད་གསུམ༔ གཅིག་ཏུ་འདྲེས་པའི་གཟེར་ཐེབ་ཚེ༔ རང་སྣང་དོན་གྱི་འོག་མིན་དུ༔ འཚང་རྒྱ་འདི་ལ་ཐེ་ཚོམ་མེད་༔ ཅེས་སོ། བསྙེན་སྔགས་ནི་བླ་མ་དྲག་པོ་དང་ཆེ་མཆོག་དབྱེར་མེད་ཀྱི་དོན་ཏེ། ཨོཾ་ཡེ་ཤེས་ལྔ་ལྡན། གུ་རུ་བླ་མ། ཤྲཱི་དཔལ། བཛྲ་ཡཀྴ་རྡོ་རྗེ་གནོད་སྦྱིན། ཀྲོ་ཏ་ཁྲོ་བོ། ཙིཏྟ་ཐུགས། ཧཱུྃ་ཞེས་སྩོལ་བའི་དོན་ཏེ། བླ་མ་དཔལ་རྡོ་རྗེ་གནོད་སྦྱིན་ཁྲོ་བོའི་ཐུགས་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་ཅེས་པ་ནི། བྱིན་རླབས་ཀུན་ཀྱི་རྩ་བ་བླ་མ་ནི༔ དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་པའི་ལྷ༔ ཞེས་པ་ལྟར་སྒྲུབ་བྱའི་གཙོ་བོ་ཆོས་ཉིད་དོན་གྱི་ལྷ་ཡེ་ཤེས་རྒྱུད་ལ་འཆར་བ་ནི་བླ་མའི་བྱིན་རླབས་ཁོ་ན་རག་ལས་པས་དེ་ཉིད་དཔལ་ཆེན་པོའ་ིརྣམ་པར་བཞེངས་པས་ཐུགས་རྒྱུད་བསྐུལ་བའི་ཕྱིར་བསྙེན་པ་འདི་ཡང་གསོལ་འདེབས་ཀྱི་ཚུལ་དུ་བཟླས་ན་དངོས་གྲུབ་མྱུར་བའི་གནད་ཡོད་པ་དང་། ལྷ་ཚོགས་འཕྲོ་འདུ་བསམ་ཡས་ཀྱང་༔ གཙོ་བོ་གཅིག་པུའི་ཆོ་འཕྲུལ་ཏེ༔ དཔལ་ཆེན་སྲོག་ལ་དབང་ཐོབ་ན༔ ཚོམས་བུའི་འཁོར་ལོ་མ་སྒྲུབ་ཤར༔ ཞེས་གསུངས་པ་ལྟར་བདུན་བརྒྱ་ཉེར་ལྔ་ལ་སོགས་པའི་གཙོ་འཁོར་དང་། གཙོ་བོ་ལ་ཡང་བསྐྱེད་རྫོགས་རྒྱས་འབྲིང་བསྡུས་པ་སོགས་མང་དུ་གསུངས་ཀྱང་དེ་ཐམས་ཅད་གཙོ་བོ་སྤྱི་དཔལ་ཆེན་པོ་གཅིག་གི་ཡེ་ཤེས་ཀྱི་རོལ་བ་ལས་མ་འདས་པས་ན་ཐོག་མ་ཁོ་ནར་གཙོ་མཆོག་དཔལ་ཆེན་པོའི་གསལ་སྣང་བརྟན་པོར་སྒྲུབ་པའི་སེམས་འཛིན་དང་། དེ་ཡང་གུ་རུ་རིན་པོ་ཆེ་དང་གཉིས་མེད་དུ་ཤེས་པའི་དད་མོས་གདུང་ཤུགས། གསལ་སྣང་དང་ཐུགས་ཡིད་བསྲེས་པའི་རྣམ་འགྱུར་ལ་ཁམས་དང་མཐུན་པར་བསླབ་དགོས་ཏེ། མདོར་ན་ཞི་བ་རིགས་ལྔ། ཁྲོ་བོ་གཙོ་མཆོག་དགུ་ཡི་དཀྱིལ་འཁོར་རྟེན་བརྟེན་པ་དང་། ལྷ་སྔགས་སྤྱི་བྱེ་བྲག་བསྙེན་སྒྲུབ་ལས་གསུམ་གང་ལྟར་བཤད་ཀྱང་དོན་ཡེ་ཤེས་ཐུགས་ཀྱི་ས་བོན་ཧཱུྃ་ལ་འདུས་པས། བཀའ་བརྒྱད་བདེ་འདུས་ལས་ཀྱང་ཧཱུྃ་གི་དྲིལ་སྒྲུབ་སྙིང་བོ་རྫོགས་རིམ། རིམ་ལྔ་དང་སྦྱར་བ། ཡོ་ག་གསུམ་དུ་སྒྲུབ་པ་སོགས་ཟབ་འདྲིལ་མང་པོ་གསུངས་པ་ལྟར་ངག་བཟླས་ཀྱི་སྐྱོ་བ་དང་། ཐུན་མཚམས་ཐམས་ཅད་ལ་ཟབ་མོ་ཐུགས་ཀྱི་སྒྲུབ་པ་ཡིན་པས་ཧཱུྃ་བཟླས་གལ་ཆེ་བར་གསུངས་པས་བཟླས་པའི་སྙིང་པོ་ཧཱུཾ་ལ་བཟུང་ཡང་ཤིན་ཏུ་ཟབ་པོ། །གཉིས་པ་ནི་ཚོམ་བུ་དགུ་སྤྱི་དྲིལ་གྱི་བཟླས་པ་སྟེ། སྔགས་ཀྱང་ཁྲོ་བོ་སྤྱི་བསྡུས་ཀྱི་སྔགས་བཛྲ་ཙཎྜ་འབྲུ་བཅུ་དགུ་པ་སྟེ། ཨོཾ་རབ་སྔགས། བཛྲ་རྡོ་རྗེ། ཙཎྜ་གཏུམ་པོ། སརྦ་ཐམས་ཅད། དུཤྚན་གདུག་པ་ཅན། ཏ་ཀ་མཐར་བྱེད། ཧ་ན་སྣུན། ད་ཧ་སྲེག པ་ཙ་ཆོས། ཧཱུྃ་ཕཊ༔ ཞེས་ཐུགས་སྲོག་གིས་བསྐུལ་བ་དང་། ཐབས་ཤེས་ཀྱི་དབྱིབས་སུ་གཏོར་ཞིང་སྡུད་པའི་དོན་ཏེ། ཊཱིཀ་བསྡུས་དོན་གྱི་ཆིངས་ལས། ཁྲོ་བོ་སྤྱི་བསྡུས་སྔགས་ཀྱི་གནད༔ དྲག་སྔགས་བཅུ་དགུ་པ་ལ་ཐུག༔ ཅེས་གསུངས་སོ། །སྤྱི་བསྡུས་ཀྱི་གྲངས་ཐེམ་པ་དང་སྒྲུབ་པ་ཕྱག་རྒྱ་སྤྲོས་བཅོས་ཀྱི་ཚུལ་དུ་ཕྱག་རྒྱ་རྒྱས་པའི་སྐབས་ལྟར། ཡང་དག་སོགས་རིགས་བཞིའི་ཁྲག་འཐུང་གི་བསྙེན་པ་རུ་ལུ་སོགས་ཀྱང་ཅུང་ཟད་རེ་བཟླས་ན་ལེགས་པར་སེམས་སོ། །དེ་ལྟར་ན་ཕྱག་རྒྱ་རྒྱས་པའི་མངོན་རྟོགས་ཐུན་རེ་རེ་བཞིན་ངེས་པར་སྦྱར་དགོས་སོ། །གསུམ་པ་ལས་སྦྱོར་ནི། སངས་རྒྱས་རྣམས་ཐོག་མར་ཐུགས་བསྐྱེད་པའི་དུས་ནས་གཞན་ཕན་རླབས་པོ་ཆེའི་དམ་བཅའི་དབང་གིས་བྱང་ཆུབ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་སྤྱོད་པས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་གཞན་དོན་འབའ་ཞིག་ལ་འཇུག་པ་ཐེག་པ་ཆེན་པོའ་ིཁྱད་ཆོས་ཏེ། ཁྱད་པར་དུ་གསང་སྔགས་ནི་ལྟ་དགོངས་ཏིང་འཛིན་གྱི་གནད་ཟབ་མོ་ད་ལྟ་ལམ་ལ་མོས་པས་སློབ་པའི་དུས་ནས་སངས་རྒྱས་ཀྱི་ཕྲིན་ལས་དུ་བྱེད་ཕྱིར་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་ལྷ་སྔགས་ཏིང་འཛིན་རྫས་ཀྱི་ལས་སྦྱོར་མང་དུ་གསུང་ཏེ་རྣམ་འབྱོར་པས་དོན་གཉིས་སྒྲུབ་པའི་ཐབས་རྨད་དུ་བྱུང་བ་ནི། སྤྱིར་བྱང་ཆུབ་སྒྲུབ་པའི་གང་ཟག་གིས་དོན་དུ་གཉེར་བྱའི་གཙོ་བོ་ཐམས་ཅད་མཁྱེན་པའི་གོ་འཕང་ཁོ་ན་ཡིན་པས་མཆོག་གི་དངོས་གྲུབ་ཀྱི་ལམ་ལ་སྙིང་པོར་དྲིལ་བ་ལས། ཐུན་མོང་གི་ལས་བཞིའི་རིམ་པ་དང་། ཁྱད་པར་མངོན་སྤྱོད་ཀྱི་ལམ་རིམ་སོགས་གཙོ་བོར་བྱེད་མི་རུང་བ་དམ་པ་རྣམས་ཀྱིས་གསུངས་པ་བཞིན་དོན་ལ་གནས་ཤིང་ཁྱད་པར་བརྒྱུད་པ་འདིའི་ཕྱག་བཞེས་ལ་བསྐྱེད་རྫོགས་གདམས་ངག་གི་ཟབ་གནད་ཐམས་ཅད་བདག་འཛིན་དང་ཉོན་མོངས་པའི་གཉེན་པོར་གནད་དུ་བསྒྲིལ་བ་ལས། ཆགས་སྡང་ཐ་མལ་གྱི་ཀུན་སློང་གིས་དྲག་པོའ་ིསྲུང་བ་ཟློག་བསད་མནན་གཙོར་འདོན་མི་གནང་བའི་རྗེས་སུ་ངེས་པར་སློབ་བྱ་གལ་ཆེ་བ་ཉིད་ནའང་། ཤིན་ཏུ་མི་སྲུང་པ་སྙིགས་དུས་འདིར་ཆོས་བྱེད་ཕལ་ཆེར་བར་ཆད་ཀྱི་གཞན་དབང་དུ་འགྱུར་ཞིང་། བདུད་དང་དམ་སྲི་རྒྱལ་བསེན་ནག་ཕྱོགས་ཁ་དར་བའི་སྐབས་གུ་རུ་རིན་པོ་ཆེའི་བོད་ཀྱི་གདུལ་བྱ་ལ་བརྩེ་བས་ཆེད་དུ་དགོངས་པའི་ལྷ་སྔགས་ཀྱི་གཉེན་པོ་གཅིག་ཆོག་འདི་ལྟ་བུ་ལ་རྫས་དང་འཁྲུལ་འཁོར་ཕྱག་ལེན་རྒྱས་པའི་ཕྱོགས་མ་ཡིན་པའི་ཟབ་མོའ་ིཏིང་འཛིན་གྱི་གནད་གཟེར་སྙིང་པོ་འདི་དག་བྱམས་དང་སྙིང་རྗེའི་རྩིས་ཟིན་ཅིང་། ལྷ་དང་བླ་མ་སྔགས་ལ་ཡིད་ཆེས་ཀྱི་དད་པ་དང་། དགོངས་པའི་སྲོག་གིས་ཟིན་པས་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་དག་ལ་མེད་དུ་མི་རུང་བའི་ལས་སྦྱོར་ཡིན་པས་རང་གཞན་བསྟན་འགྲོའ་ིདོན་དུ་ངེས་པར་ཉམས་སུ་བླངས་འོས་ལ། དེར་མ་ཟད་འདིི་ནི་བཀའ་བརྒྱད་རྣམ་གསུམ་གྱི་བཅུད་དྲིལ་ལྟ་བུ་ཡིན་པས་དེ་དག་ཏུ་གསལ་བའི་ལས་སྦྱོར་འདི་ལ་སྦྱར་ཆོག་པ་ཀུན་མཁྱེན་བླ་མ་ཉིད་ཀྱི་ཞལ་ལས་ཐོས་ཞེས་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་གསུངས་པ་ལྟར་ལ། སྤྱིར་སྔགས་ཀྱི་ལས་ཐམས་ཅད་དང་ཁྱད་པར་མངོན་སྤྱོད་ལ་རྫོང་འཕྲང་སྲོག་གསུམ་གྱི་ཉམས་ལེན་ཤེས་དགོས་པས་ན། རྫོང་ནི་ལྟ་བ་སྟེ་ལྟ་བ་གདེང་ལྡན་གྱི་རྫོང་ཟིན་ན་གང་ལ་ཡང་མི་འཇིགས་པར་རང་ཉིད་གཏན་སྲིད་ཟིན་པའི་ཕྱིར། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སུ་འདུ། རང་གི་སེམས་སྐྱེ་འགགས་མེད་པ་རང་བྱུང་གི་ཡེ་ཤེས་བླ་མའི་མན་ངག་གིས་ངོ་འཕྲོད་པ་ནི་ལྟ་བའི་རྫོང་ཟིན་པ་ཡིན་ལ། ལྟ་ཐོག་ཏུ་མྱོང་བས་མ་སློབ་ན་གོ་ཡུལ་ཙམ་གྱིས་ཕན་མི་ཐོག་པས་སྒོམ་པའི་འཕྲང་བགྲོད་ཕྱིར་ལྟ་དོན་བཞིན་སྒོམ་པ་གལ་ཆེ་སྟེ། མ་སྒོམ་པར་སངས་རྒྱས་པ་ནི་རྡོ་རྗེ་སེམས་དཔས་ཀྱང་མ་གསུངས། ལྟ་སྒོམ་དེ་གཉིས་ཚད་དུ་འཁྱོལ་འདས་ཀྱི་ཆོས་ཀུན་ལ་དབང་བསྒྱུར་བ་ཐོབ་པས་སྤྱོད་པའི་སྒོ་ནས་སྲོག་འཕྲོག་པ་སྟེ། དེ་ནི་རྣམ་འབྱོར་དབང་ཕྱུག་ཆེན་པོའ་ིདགོངས་པ་ཚད་དུ་འཁྱོལ་ན་གསང་བའི་དགྲ་གསུམ་སོད། འཇིགས་པའི་བདུད་བཞི་ཆོམས། འགྲོ་དྲུག་གི་གཡང་ས་ཆོད་པའི་གནད་རྒྱས་པ་བཀའ་བརྒྱད་རྫོང་འཕྲང་ལས་གསུངས་པ་ལྟར་ཤེས་དགོས་སོ། དམིགས་གནད་དངོས་ནི་རྩ་བའི་བསྙེན་ཡིག་ཀུན་མཁྱེན་དངོས་ཀྱི་རྡོ་རྗེའི་གསུངས་པ་ལྟར་ཏེ་སྤྱིར་བསྙེན་སྒྲུབ་གྱི་དམིགས་རིམ་ཐམས་ཅད་བསྙེན་ཡིག་ཏུ་ཞིབ་རྒྱས་སུ་གསུངས་པས་འདིར་ཡི་གེའི་ངལ་བས་མ་བྱས་ལ། དམིགས་གསལ་བསྙེན་སྒྲུབ་ཡན་ལག་བཞི་ནི་ལས་བྱང་གཅིག་གི་སྦྱོར་དངོས་རྗེས་དང་། བསྙེན་བཟླས། རྫོགས་རིམ། རིག་འཛིན་བཞིའི་ལམ་ལ་སྦྱོར་བ་སོགས་ཐ་སྙད་དུ་མར་འཇུག་ཏུ་རུང་བ་ལས་སྐབས་འདིར་གོ་དོན་ཙམ་བཤད་ན་དཔལ་ཆེན་ཞལ་ལུང་ལས། བསླབ་ཕྱིར་བདག་སྲས་གཞན་སྲས་ནི༔ ཐུགས་རྗེའི་དབང་དང་ཤེས་རབ་དབང་༔ ཡེ་ཤེས་ཕྱག་རྒྱའི་འཁོར་ལོ་ལས༔ དང་པོ་བསྙེན་པ་བྱ་བ་ནི༔ སྣང་སྲིད་འཁོར་འདས་ཆོས་རྣམས་དང་༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རྣམ་དག་ལྷ་ཡི་དཀྱིལ་འཁོར་དུ༔ ཤེས་པར་བྱ་བ་དག་བསླབ་པས༔ བདག་གིས་སྲས་སུ་དེ་བཞིན་གཤེགས་༔ མངོན་དུ་བྱས་པར་གྱུར་པ་ཡིན༔ གཉིས་པ་ཡེ་ཤེས་ལྷ་ཉིད་དང་༔ ཉེ་ཕྱེར་ཉེ་བའི་བསྙེན་པ་ནི་༔ དེ་ཡི་བྱིན་རླབས་རྒྱུད་སྨིན་ཅིང་༔ བླ་ན་མེད་པའི་ཡེ་ཤེས་ལ༔ མངོན་པར་བྱང་ཆུབ་ཉིད་དུ་སློབ༔ གསེར་ལ་བསྲེགས་བཅད་བརྡར་བ་བཞིན༔ རང་བཞིན་ནན་གྱིས་གོམས་པ་སྟེ༔ བདག་ཉིད་དེ་བཞིན་གཤེགས་པ་ཡི༔ སྲས་སུ་བྱས་པ་ཉིད་དུའོ༔ གསུམ་པ་བསྒྲུབ་པར་བྱ་བ་ནི༔ བསྐྱེད་རྫོགས་གོམས་པའི་ཡེ་ཤེས་ཀྱི༔ ཚད་མེད་ཐུགས་རྗེ་ཆེན་པོའི་མཐུས༔ འགྲོ་བ་ཀུན་གྱི་དོན་མཐུན་པར༔ དམ་ཚིག་ཆེན་པོའ་ིའཇུག་པ་སྟེ༔ འདི་ནི་བདག་གི་སྲས་ཉིད་དུ༔ དེ་བཞིན་གཤེགས་པ་བྱས་པའོ༔ བཞི་པ་སྒྲུབ་པ་ཆེན་པོ་ནི༔ ཚོགས་གཉིས་ཆེན་པོ་ལ་བསྟེན་ནས༔ བདག་གཞན་གཉིས་ཀའི་ཚོགས་སྒྲུབ་ཀྱི༔ དཀྱིལ་འཁོར་བྱ་བ་ལ་ཞུགས་ཏེ༔ སྤང་རྟོགས་ཡོན་ཏན་མངོན་བྱས་པས༔ དོན་གཉིས་ལྷུན་གྱིས་གྲུབ་པ་སྟེ༔ འདི་ནི་དེ་བཞིན་གཤེགས་པ་ཡི༔ སྲས་སུ་བདག་ཉིད་བྱས་པའོ༔ དེ་ལྟར་བསྙེན་སྒྲུབ་ཡན་ལག་བཞིས༔ རོལ་པ་རྣམ་བཀོད་ཆོ་འཕྲུལ་ལས༔ ཏིང་འཛིན་གདེང་དུ་འགྱུར་པའི་མཐུས༔ ས་བཅུ་ལམ་ལྔའི་ཡོན་ཏན་ཀུན༔ ལུས་རྒྱའི་སྦུབས་ནས་རྫོགས་པའོ༔ ཞེས་གསུངས་པའི་དོན་གཞི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཕུང་ཁམས་སྐྱེ་མཆེད་དུ་སྣང་བ་ཀུན་དོན་ལ་སྐུ་དང་ཡེ་ཤེས་གདན་གསུམ་ལྷའི་དཀྱིལ་འཁོར་དག་མཉམ་བདེན་པ་དབྱེར་མེད་དུ་ཤེས་པའི་ལྟ་སྒོམ་ནི་རྒྱུ་བདག་གི་ཕུང་ཁམས་སྐྱེ་མཆེད་ཀྱི་སྲས་སུ་འབྲས་བུ་གདན་གསུམ་ལྷའི་འཁོར་ལོ་གཞན་སྒྲུབ་པས་ཡིན་ལུགས་མངོན་གྱུར་གྱི་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དོན་རྟོགས་པ་ནི་མཆོག་གི་དངོས་གྲུབ་ཀྱི་རྒྱུ་རྡོ་རྗེ་ཐེག་པ་འདི་ལྟ་ན་མ་ནོར་བ་ཡིན་པ་ཐོག་མར་གཏན་ལ་དབབ་བྱ་བསྙེན་པའི་ཡན་ལག་དང་། འདི་ནི་སྣོད་བཅུད་རྒྱུད་གསུམ་གྱི་གནས་སྣང་གཉིས་ཀ་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་གདོད་ནས་བཞུགས་པ་དག་པ་སངས་རྒྱས་ཀྱི་ཐུགས་རྗེས་ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱི་ནུས་པས་ཡིན་པས་ན་ཐུགས་རྗེའི་དབང་ཞེས་གསུངས་པའོ། །ལྟ་སྒོམ་གྱི་གནད་དེ་ལ་ནན་ཏན་གྱིས་གོམས་པའི་ཕྱིར་སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས་ཀྱི་ལམ་ལ་བརྩོན་པས་གསེར་བཞུ་བརྟུལ་བྱས་པ་བཞིན། འབྲས་བུ་དག་པ་ཡེ་ཤེས་ཀྱི་ལྷའི་བྱིན་རླབས་ཀྱི་ནུབ་པས་རྒྱུ་སྣོད་བཅུད་རྒྱུད་གསུམ་གནས་སྣང་གཉིས་ཀར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་དག་པ་ཆེན་པོར་ཤར་བ་ནི། གཞན་དེ་བཞིན་གཤེགས་པའི་སྲས་སུ་བདག་གི་ཕུང་ཁམས་སྐྱེ་མཆེད་དག་པ་ཆེན་པོའི་ལྷའི་རོལ་པོའ་ིལྷའི་རོལ་པར་བྱིན་གྱིས་རླབས་པ་སྟེ་མངོན་གྱུར་དུ་སད་པ་ནི་དག་པའི་གནས་སྣང་གི་ཡིན་ལུགས་མངོན་གྱུར་གྱི་ནུས་པ་ཐོན་པ་ཉེ་བསྙེན། གཞན་སྲས་ནི་བདག་དོན་གྱི་སྤངས་རྟོགས་ཕུན་སུམ་ཚོགས་པ་དང་། བདེན་གཉིས་ལྷག་པའི་བདེན་པ་དབྱེར་མེད་དུ་ཤེས་པ་སངས་རྒྱས་ཀྱི་ཟབ་མོའ་ིདགོངས་དོན་མཐར་ཐུག་དབང་པོ་རྣོན་པོའ་ིཤེས་རབ་ཀྱི་ནུས་པའི་དབང་གིས་རྟོགས་བྱར་གསུངས་པ་དང་། དེ་ལྟར་བསྐྱེད་རྫོགས་ཀྱི་ལམ་ལ་གོམས་པས་ནུས་པའི་གདེང་ཐོབ་སྟེ་ཚད་མེད་སྙིང་རྗེ་ཆེན་པོའི་འགྲོ་བའི་དོན་བྱས་ནས་སྣོད་བཅུད་དག་པ་ཧེ་རུ་ཀའི་ཞིང་དུ་བསྒྱུར་ནུས་པ་ནི། བདག་ཉིད་དཀྱིལ་འཁོར་གྱི་ལྷའི་སྐུ་དང་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྡོ་རྗེའི་སྲས་དེ་བཞིན་གཤེགས་པའི་གདུང་དུ་སེམས་ཅན་ཐམས་ཅད་བསྐྲུན་པ་སྒྲུབ་པའི་ཡན་ལག་དང་། བསྐྱེད་རྫོགས་རིམ་པ་གཉིས་ཀྱིས་ཚོགས་གཉིས་བདེ་མྱུར་དུ་རྫོགས་སྨིན་སྦྱངས་མཐར་སོན་པས་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་དུ་གྱུར་ཅིང་། དངོས་གྲུབ་གཉིས་ལ་དབང་ཐོབ་ནས་སྒོམ་ལམ་ཕྱག་ཆེན་དང་། མཐར་ལམ་ལྷུན་གྲུབ་རིག་འཛིན་སྐུ་ལྔ་ལྷུན་རྫོགས་བདེ་གཤེགས་སྨིན་པ་རྒྱ་མཚོའི་གོ་འཕང་མངོན་དུ་མཛད་ཕྱིར་ཚོམས་བུ་ཚོགས་སུ་སྒྲུབ་སྟེ། འོག་མིན་གྱི་ཞིང་དུ་སངས་རྒྱས་པ་ནི་འབྲས་བུ་དག་པ་མཐར་ཕྱིན་སངས་རྒྱས་གཞན་གྱི་ཕུང་ཁམས་སྐྱེ་མཆེད་རང་སྣང་ཡེ་ཤེས་ཀྱི་འཁོར་ལོའ་ིསྲས་སུ། རྒྱུ་བདག་ཉིད་ཀྱང་གཉིས་སུ་མེད་པར་མངོན་པར་བྱང་ཆུབ་པས་སྒྲུབ་པ་ཆེན་པོའ་ིགཞན་སྲས་ཀྱིི་རྣམ་བཞག་གཉིས་གཞན་དོན་གྱིི་སྤང་རྟོགས་ཏེ། དེ་ནི་གནས་སྣང་གཉིས་ཀ་དག་ཆེན་ཡེ་ཤེས་ཀྱི་འཁོར་ལོ་སངས་རྒྱས་རང་སྣང་གི་དགོངས་པ་སྒྲ་ཇི་བཞིན་དུ་རྟོག་ཅིང་སྣང་བས་ཡེ་ཤེས་ཕྱག་རྒྱའི་འཁོར་ལོ་སྟེ། དེ་དག་གིས་ས་བཅུ་ལམ་ལྔ་ཡོངས་རྫོགས་བསྡུས་ཚུལ་ལུགས་འདིའི་ཐུན་མོང་མ་ཡིན་པའི་དགོངས་པ་དང་། ཡང་གསུང་སྔགས་ཀྱི་བཟླས་པ་ལ་བསྙེན་སྒྲུབ་ཡན་ལག་བཞི་སྦྱོར་ཚུལ་ནི། གང་བསྙེན་བྱའི་ཡེ་ཤེས་ལྷ་རང་རྒྱུད་ལ་ཉེ་བར་བྱེད་པ་བསྙེན་པ་ཞེས་གསུངས་པས་དབང་དམ་ཚིག་ལ་གནས་པས་བསྙེན་སྒྲུབ་ཀྱི་སྟ་གོན་བྱ་བ་བསྙེན་པ། དེ་ལས་ཐུགས་ཡིད་འདྲེས་པར་བྱེད་པ་བདེ་གཤེགས་ཞི་བའི་བསྙེན་པ་ཉིད་བདེ་འདུས་སུ་ཉེ་བསྙེན་དུ་གསུངས་པས་སྐབས་འདིར་ཡེ་ཤེས་རང་དབང་དུ་བྱེད་པ་ཁྲོ་བོར་སྒྲུབ་པ་གསུངས་པས་སྤྱི་དཔལ་གཙོ་བོའི་བསྙེན་བཟླས་སྐབས་ཐུགས་སྲོག་སྔགས་ཕྲེང་ལ་སེམས་འཛིན་ཉེ་བསྙེན། དོ་ལའི་ཁྱོགས་བཟླས་སྒྲུབ་པ། གཞན་དོན་གཙོ་བོ་གྱུར་བའི་ཕྲིན་ལས་བཞིན་སྒྲུབ་པ་སྒྲུབ་ཆེན་དུ་གསུངས་པས་འཁོར་སྤྱི་དྲིལ་དང་རིགས་བཞིའི་བཟླས་པ་ལས་སྦྱོར་གྱི་བཟླས་པ་སྒྲུབ་ཆེན་ཡིན་པ་འདྲ་ཞིང་། དེ་ལྟར་གོམས་པའི་ཕན་ཡོན་ཀྱང་དཔལ་ཆེན་ཞལ་ལུང་ལས། དེ་ལྟར་བསྙེན་སྒྲུབ་ཡན་ལག་བཞིའི༔ རོལ་པ་རྣམ་བཀོད་ཆོ་འཕྲུལ་ལས༔ ཏིང་འཛིན་གདེང་དུ་གྱུར་པའི་མཐུས༔ ས་བཅུ་ལམ་ལྔའི་ཡོན་ཏན་ཀུན༔ ལུས་རྒྱའི་སྦུབས་ནས་རྫོགས་པའོ༔ ཞེས་གསུངས་ལྟར་རོ། །བཟླས་དམིགས་ལའང་བཞི་གསུངས་པ་ལས། ཡེ་ཤེས་རྒྱལ་པོ་སོགས་ཀྱི་སྐབས་བཀོད་པའི་བཟླས་པ་ཟླ་བ་སྐར་ཕྲེང་ལྟ་བུ། རང་རང་སྔགས་ཀྱི་སོགས་དོ་ལའི་ཁྱོགས་ཀྱི་བཟླས་པའམ་འགལ་མེ་ཀླད་བསྐོར་རམ་འཁོར་ལོའ་ིབཟླས་པ་ཞེས་བྱ། སྤྲོ་བསྡུས་དོན་གཉིས་བྱས་པ་དང་། ཕྲིན་ལས་བཞི་སྒྲུབ་པ་ནི་རྒྱལ་པོའ་ིཕོ་ཉ་འགྱེད་པའམ་སྤྲོ་བསྡུའི་བཟླས་པ། ལྷ་ཚོགས་ཀུན་ཀྱང་སོགས་ནི་བུང་བ་ཚང་ཞིག་གམ་བདག་གཞན་གཉིས་མེད་ཀྱི་བཟླས་པ་སྟེ། འདི་བཞི་ཡང་བསྙེན་སྒྲུབ་ཡན་ལག་བཞི་སོ་སོར་སྦྱར་བའམ་ཡོད་ལ། བསྙེན་པའི་ཚད་ཀྱང་གྲངས་བསྙེན་གྱི་དབང་དུ་བྱས་ན། གཙོ་ལ་འབྲུ་འབུམ་ལས་རུང་སྟེ༔ གཞན་དུ་དེ་ཡི་བཞི་འགྱུར་ལ༔ སྤྱི་དྲིལ་བཅུ་ཆ་དག་ཏུའོ༔ ཞེས་གསུངས་པ་ལྟར་སྤྱི་དཔལ་ཆེན་པོ་ལ་འབྲུ་འབུམ་གསུངས་པས་འབུམ་ཕྲུག་བཅུ་གསུམ་དང་། སྤྱི་དྲིལ་བཛྲ་ཙཎྜ་འབུམ་ཕྲག་བཞི་ཁ་སྐོང་བཅས་དང་། གཙོ་བསྙེན་བཞི་འགྱུར་བཟླ་བར་གསུངས་པ་ནི་སྨིན་སློབ་ཀྱི་དབང་དུ་མཛད་པ་ཡིན་ཞེས་མཁྱེན་བརྩེ་རིན་པོ་ཆེའི་དཔལ་འདུས་ཕྲིན་ལས་སྙིང་པོ་ལས་གསུངས་པས་གཙོ་བོ་དང་སྤྱི་དྲིལ་གཉིས་ཀ་བཞི་འགྱུར་དུ་བཟླས་དགོས་པ་ཤུགས་ཀྱིས་བསྟན་པ་བཞིན་བཟླས་ན་རྩོད་དུས་ལ་དགོངས་པའི་གྲངས་བསྙེན་གྲངས་རྒྱས་པར་འགྱུར་བར་སེམས་སོ། །སྤྱིར་བཏང་གཞུང་གི་བསྙེན་ཚད་དངོས་བསྟན་པ་ནི་རྫོགས་ལྡན་གྱི་དུས་ལ་དགོངས་པས། སུམ་ལྡན་ལ་རྫོགས་ལྡན་གྱི་བསྙེན་གྲགས་དེའི་ཉིས་འགྱུར། གཉིས་ལྡན་དུས་གསུམ་འགྱུར་རྩོད་ལྡན་ལ་བཞི་འགྱུར་བཟླ་བར་གསུངས་པས་གཙོ་ཆེར་སྒྲུབ་པ་པོ་རང་གི་ནང་གི་ཤེར་ཏིང་གི་ནུས་ཚད་བསྟུན་པ་གཅེས་ཤིང་། དུས་བསྙེན་གྱི་དབང་དུ་བྱས་ན་རྩ་བའི་བསྙེན་ཡིག་ཏུ་ཟླ་བ་གཅིག་གིས་མཚན་ཏེ་གསུངས་པ་བཞིན་བསྙེན་སྒྲུབ་གཉིས་ཡུན་རིང་ཐུང་ཆ་མཉམ་སྒྲུབ་ཆེན་དེའི་སུམ་ཆ། ལས་སྦྱོར་ཞག་བདུན་ལྟ་བུ་ཡིན། སྤྱིར་དུས་གྲངས་ཀྱི་བསྙེན་ཚད་གཅིག་རྒྱས་པར་སོང་ཕྱིན་སླར་ལོ་རེ་བཞིན་དགོས་པའི་དུས་སྐབས་དང་འབྲེལ་བ་བསྙེན་པ་ཁ་གསོ་རྒྱས་བསྡུས་ཅི་འགྲུབ་བྱས་ན་ཤིན་ཏུ་ལེགས་པ་ཕྱག་བཞེས་ལས་འབྱུང་ཞིང་། འདི་ནི་ཡི་དམ་གཅིག་སྒྲུབ་པས་བླ་མེད་རྒྱུད་སྡེ་རྒྱ་མཚོའི་ལྷ་སྔགས་ཐམས་ཅད་འདུས་པས་དེ་དག་གི་བསྙེན་བཟླས་དཀྱིལ་འཁོར་གཅིག་གིས་གྲུབ་པ་དང་། ཡེ་ཤེས་དང་འཇིག་རྟེན་གྱི་དཀྱིལ་འཁོར་ཐམས་ཅད་གཅིག་དྲིལ་དུ་སྒྲུབ་པས་ནུས་སྟོབས་ཆེ་བ་སོགས་དགོས་པ་དུ་མ་དང་ལྡན་པ་ལས་བྱང་གི་ཡིག་ཆུང་རྣམས་ལས་དངོས་ཤུགས་ཀྱིས་གསུངས་པ་ལྟར་སྐལ་བཟང་དག་གིས་ཤེས་ཤིང་ཉམས་ལེན་ལ་བརྩོན་པ་གཅེས་སོ། །སྤྱིར་བཟླས་པ་ལ། ངག་བཟླས་སྐད་གསང་མཐོན་པོར་བཟླ་བ་དང་། མཆུ་དང་ལྕེ་འགུལ་ཙམ་གྱིས་ཤུབ་བུར་བཟླ་བ་དང་། རླུང་བཟུང་སྟེ་སྔགས་ཀྱི་གཟུགས་དང་སྒྲ་ལ་སེམས་གཏན་པའི་འགོག་བཟླས་དང་། རླུང་འཛིན་པ་ཙམ་ཡང་མི་བྱ་བར་ཡིད་ཁོ་ནས་གཟུགས་སམ་སྒྲ་གདངས་དྲན་པ་ཡིད་བཟླས་དང་། ས་བོན་གྱི་ནཱ་ད་ལས་དབུགས་ཕྱིར་དབྱུང་བ་ལྷན་ཅིག་ཧཱུྃ་གིས་སྒྲས་སྐུའི་འོད་ཟེར་སྤྲོས་ཏེ་དོན་གཉིས་སྒྲུབ། ནང་དུ་འཇུག་པའི་ཚེ་ཨོཾ་གྱི་སྒྲེ་བསྡུས། གནས་པའི་ཚེ་ཨཱཿཡི་སྒྲས་ནཱ་ད་ལ་ཐིམ་པའམ། ཡང་ན་རང་སྔགས་སྦྱར་ཏེ་རྡོ་རྗེའི་བཟླས་པ་བྱ་བ་སོགས་རྣམ་བཞག་ཡོད་པའང་ཞར་ལ་འཕྲོས་དོན་བརྗོད་པའོ། །བཟླ་བྱའི་སྔགས་རྣམས་ཀྱང་སྒྲ་དོན་སྔར་སྨོས་པ་ལྟར་དང་། ཁྱད་པར་སྔགས་ཀྱི་དེ་ཉིད་ལྷ་ལྷའི་དེ་ཉིད་འོད་གསལ་ཞེས་གྲགས་པ་ལྟར་བརྗོད་མེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི་ཡི་གེ་ཨ་ལས་བྱུང་ཞིང་ཨའི་ངོ་བོར་གནས་པ་ཨ་ནི་ཆོས་ཉིད་སྐྱེ་བ་མེད་པ་རྗེས་སུ་མཚོན་པས་ཆོས་སྐུ། ཨ་ཡི་གེ་ཕྱེས་ནས་སྣ་ཚོགས་སུ་སྣང་བའི་ངག་གི་འདུ་བྱེད་ཐམས་ཅད་ཡི་གེ་ཨཱ་ལི་ཀཱ་ལི་ཚོགས་པ་ལས་ནུས་པ་མ་འགགས་པ་བྱུང་ཞིང་དོན་ལ་ཐབས་ཤེས་གཉིས་མེད་ལོངས་སྐུ། སྐྱེ་འགགས་གཉིས་མེད་ཀྱི་དབྱིངས་ནས་ཐབས་ཆེན་ཡི་གེའི་ཚོགས་པས་ཆོས་ཀུན་སྟོན་ཞིང་གསལ་བ་ནི་སྤྲུལ་སྐུ་སྟེ་དོན་ལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཡིན་ཞིང་། བྱེ་བྲག་ཏུ་བཟླ་བྱའི་སྔགས་རྣམས་གྲུབ་པ་བཞི་ལྡན་དུ་བྱིན་གྱིས་བརླབས་པའི་ནུས་མཐུ་ཅན་ཏེ་ཡི་གེ་ཐམས་ཅད་སྟོང་ཆེན་མཉམ་པ་ཉིད་ཀྱི་ངོ་བོ་ཅན་དུ་ཡེ་ནས་གྲུབ་ཅིང་གནས་ལུགས་དེ་རང་ལ་ཡང་བཞུགས་པས་ཆོས་ཉིད་ངོ་བོས་གྲུབ་པ། ཞི་ཁྲོ་གཙོ་འཁོར་གྱི་ལྷ་དེའི་ཐུགས་ཡེ་ཤེས་ཀྱི་ངོ་བོ་ཐུན་མོང་མ་ཡིན་པར་སྣང་བའི་རང་བཞིན་བསླུ་མེད་དུ་གྲུབ་པ། རྩ་རླུང་ཐིག་ལེའི་རྟོག་ཚོགས་ཐམས་ཅད་སྔགས་དང་ཕྱག་རྒྱའི་དཀྱིལ་འཁོར་དུ་རྫོགས་པ་ཆོས་ཅན་རང་བཞིན་གྱིས་གྲུབ་པ། ཆོས་ཀུན་ལ་མངའ་དབང་འབྱོར་བའི་སངས་རྒྱས་རྣམས་ཀྱི་ཡི་གེ་གཅིག་ནས་མང་པོའི་བར་གྱི་སྔགས་རྣམས་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པས་བྱིན་གྱིས་བརླབས་ཀྱིས་གྲུབ་པ། སྨན་དང་ནོར་བུ་བཞིན་ལས་དང་དངོས་གྲུབ་སྒྲུབ་པ་ལ་ནུས་པ་ཐོགས་མེད་མི་བསླུ་བའི་མཐུ་གྲུབ་པ་ཅན་ལྷ་སྔགས་དབྱེར་མེད་དུ་ཤེས་པ་ཤིན་ཏུའང་གཅེས་སོ། །གསུམ་པ་རྗེས་ཀྱི་ལས་རིམ་དང་པོ་ཚོགས་ཀྱི་འཁོར་ལོ་ལ་ཐོག་མར་ཡོ་བྱད་བཤམས་པ་ནི། སྤྱིར་གསང་སྔགས་རྒྱུད་སྡེའི་ཚོགས་ཀྱི་འཁོར་ལོ་མཚན་ཉིད་པ་སྒྲ་ཇི་བཞིན་སྤྱོད་པ་ཡུལ་དུས་གང་ཟག་གིས་དེང་སང་དཀའ་བས་ཡེ་རྒྱ་ལ་བརྟེན་པའི་ཚོགས་འཁོར་རྗེས་མཐུན་ཕྲིན་ལས་ཀྱི་ཁ་སྐོང་དུ་འབྱུང་བ་ལྟར་བཤད་ན་ཀུན་ལ་ཕན་པར་འགྱུར་བའི་ཕྱིར་བཤད་པ་ལ། དུར་ཁྲོད་དང་དབེན་པ་སྒྲུབ་པའི་གནས་རྣམས་སུ་ལྷའི་དཀྱིལ་འཁོར་བཤམས་པའི་དྲུང་དུ་བདག་མདུན་ཆོ་ག་ལ་བརྟེན་པའམ། ཐུ་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་བཏང་ཡང་རུང་ཞིང་། གང་ལྟར་ཡང་སྨན་རཀ་གཏོར་མ་ཕྱི་ནང་གི་མཆོད་པ་བཀྲམ་པའི་དྲུང་འདི་ཉིད་ལས། ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགས༔ ཞེས་གསུངས་པ་ལྟར་ཤ་ལྔ་བདུད་རྩི་དངོས་ནི་བདུད་རྩི་ཆོས་སྨན་ལ་ཚང་ཞིང་། སྦྱངས་རྟོགས་སྦར་གསུམ་གྱི་ལྟ་དགོངས་མེད་པའི་གཙང་དམེའི་རྫས་མང་པོ་བསཊ་མི་རུང་བས་གཙང་ཞིང་ལོག་འཚོས་མ་སྦགས་པའི་འབྲས་བུ། འབྲུ་ཤིང་མེ་ཏོག་སོགས་བཟའ་བཏུང་། ཚོང་འདུས་ཀྱི་ཤ་ཆང་སོགས་ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་དུ་ཀ་པཱ་ལ་སོགས་ཀྱི་སྣོད་དུ་བཤམས། གཉིས་པ་ཚོགས་ཀྱི་འདུ་བ་ནི། ཐབས་དང་ཤེས་རབ་ལྕམ་དྲལ་ལྡན༔ ཞེས་པ་ལྟར་དམ་ཚིག་དང་ལྡན་ཞིང་འདུ་བར་འོས་པའི་རྣལ་འབྱོར་ཕོ་མོ་ལྷ་གྲངས་ལྟར་རམ་ཇི་ལྟར་འོས་པ་རྣམས་ཚོགས་ཤིང་གྲལ་དུ་འཁོད་པས། གསུམ་པ་ཇི་ལྟར་བྱ་བའི་ལས་རིམ་དངོས་ནི། སྐྱབས་སེམས་ནས་བརྩམས་བཟླས་པའི་བར་ལས་བྱང་ལྟར་བྱ་ཞིང་ཁྱད་པར་བདེ་ཆེན་གྱི་བཟླས་དམིགས་གཙོ་བོར་སྒོམ་པར་གསུངས། ཚོགས་མཆོད་འདི་ཐུན་མཚམས་ཀྱི་བྱ་བ་ཡིན་པས། ལྷའི་སྙིང་པོ་ཙམ་གྱིས་གཉུག་མའི་ཧེ་རུ་ཀའི་ང་རྒྱལ་གནས་པས་ཀྱང་རུང་བར་གསུངས། གང་ལྟར་ཡང་ཕྱི་ནང་གི་ཆོས་སྲུང་ལ་གཏོར་མ་ཕུལ། ལས་ཀྱི་རྡོ་རྗེས་བྱིན་གྱིས་རློབས་པར་བསྐུལ་ཏེ། རང་གི་ཐུགས་ཀ་ནས་སྤྲོས་པའི་རྃ་ཡྃ་ཁྃ་གིས་རྫས་ཀྱི་ཉེས་སྐྱོན་བསྲེགས་གཏོར་བཀྲུས་སྣོད་ཀ་པཱ་ལར་བཅུད་དམ་རྫས་བཅུར་མོས་པས་སྦྱངས་རྟོགས་སྦར་བའི་དམིགས་པས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བརྗོད་པས་བྱིན་གྱིས་བརླབས་པས་མགྲོན་དུ་སྐུ་གསུམ་གྱི་ཞིང་རབ་འབྱམས་དང་། ཁྱད་པར་རྡོ་རྗེ་ཐེག་པའི་སྐལ་ལྡན་རིག་འཛིན་དཔའ་བོ་ཌཱ་ཀིའི་ཕོ་ཉའི་འདུ་བ་ཐོབ་པའི་གནས་ཉེར་བཞི་སྟེ། པུལླི་ར། ཛ་ལནྔྷ་ར། ཨོ་རྒྱན། ཨརྦུ་ཏ། བཞི་དཔའ་བོ་དང་རྣལ་འབྱོར་མ་རྟག་ཏུ་བཞུགས་པའི་གནས་དང་། གོ་ད་ཝ་རི། རསྨི་ཤྭ་རི། དེ་ཝི་ཀོ་ཊ་། མ་ལ་ཝ་བཞི་དུས་རེས་འགའ་ཙམ་བཞུགས་པས་ཉེ་བའི་གནས་གཉིས་ནི་སྔོན་ནམ་མཁའ་ལས་བྱུང་བའི་ལྷ་དང་དྲི་ཟ་བཞི་བཞིས་བཟུང་བས་མཁའ་སྤྱོད་ཀྱི་གནས་དང་། ནཱ་ག་ར་དང་། སིནྡྷུ་གཉིས་ཚོགས་འཁོར་ལ་རྟག་ཏུ་རོལ་པའི་ཡུལ་ལམ་དུར་ཁྲོད། མ་རུ་ཏ་དང་། ཀུ་ལུ་རེས་འགའ་རོལ་པས་ཉེ་བའི་དུར་ཁྲོད་དམ་ཡུལ། ཁྲམ་རྟགས་ཅན་བརྒྱད། ས་འོག་ན་གནས་པའི་ཀླུ་དང་ལྷ་མིན་གྱིས་བཟུང་བས་ས་འོག་སྤྱོད་པའི་གནས། ཀཱ་མ་རུ་པ་དང་། ཨོ་ཏྲི་གཉིས་རྟག་པར་སྤྱོད་པའི་ཞིང་དང་། ཏྲི་ཤ་ཀུ་དང་ཀོ་ས་ལ་གཉིས་རེས་འགའ་ལོངས་སྤྱོད་པས་ཉེ་ཞིང་། ཕྲེ་ཏ་པཱུ་རི་དང་གྲི་ཧ་དེ་ཝ་གཉིས་རྟག་ཏུ་བགྲེང་པའི་འདུ་བ་དང་། སོརཥྚ་སུ་ཝརྞ་གཉིས་རེས་མོས་སུ་བགྲོ་བས་ཉེ་འདུ། ཀ་ལིངྐ་དང༷་། ལམྤ་ཀ་༷གཉིས་རྟག་ཏུ་ཁྲུས་བྱེད་པའི་ས་ཡིན་པས་ཚནྔྷོ། ཀཉྩི་དང་ཧི་མ༵་ལ་གཉིས་རེས་འགའ་བྱེད་པས་ཉེ་བའི་ཚནྔྷོ་སྟེ། གོར་རྟགས་ཅན་བརྒྱད། འདི་དག་ས་སྟེང་གི་གནོད་སྦྱིན་དང་སྲིན་པོའ་ིབཟུང་བས་ས་སྤྱོད་ཀྱི་གནས་ཏེ་ཧེ་རུ་ཀ་ཡི་གནས་བཅུ་པོ་འདི་བསྐྱེད་རིམ་བརྟན་པས་བརྟུལ་ཞུགས་ཀྱི་སྤྱོད་པས་རྒྱུ་བའི་གནས་འཛམ་གླིང་ཆར་གདོད་ནས་གྲུབ་པ་དང་། རྒྱ་ནག་ལྟ་བུའི་གྲོང་ཁྱེར་ཆེན་པོ་གཅིག་ན་ཡང་ཚང་བ་ལྟ་བུ་དང་། བསྐྱེད་རིམ་གྱི་དངོས་གྲུབ་གྲུབ་ཟིན་དང་། རྫོགས་རིམ་ཕྲ་ཡངས་ཀྱི་ལུས་ཐོབ་པས་སྤྱོད་ཅིང་རྒྱུ་བའི་གནས་འཇིག་རྟེན་གྱི་ཁམས་ཡོངས་རྫོགས་གཅིག་ལ་བཞག་པ་དང་། ཟུང་འཇུག་གི་སྐུ་གྲུབ་ནས་རིག་པ་བརྟུལ་ཞུགས་ལོངས་སུ་སྤྱོད་པའི་གནས་དག་པའི་ཞིང་ཁམས་རབ་འབྱམས་ལ་བཞག་པ་དང་། དུས་འཁོར་ལས་རྒྱུད་གཞན་དང་གཞན་དུ་གནས་ཉེར་བཞི་ཕྱོགས་རེ་བ་གསུངས་པ་ཐུན་མོང་གི་དབང་དུ་བྱས་ཀྱི། ཕྱིའི་དམངས་རིགས་སོགས་མིའི་རིགས་དྲུག་དང་། ནང་གི་ཕུང་ཁམས་དབང་ཡུལ་ལས་དབང་བྱ་བ་དྲུག་དྲུག་རྣམས་གང་དུའང་གནས་པས། དེར་རང་བཞིན་གྱིས་སྒྲུབ་པའི་རྣམ་འབྱོར་མས་ཀུན་ཏུ་ཁྱབ་པ་བཞིན་ཁྱིམ་གཅིག་ཏུའང་གནས་ཡུལ་ཐམས་ཅད་རྫོགས་པར་གསུངས་པ་སོགས་ཕྱིའི་ཡུལ་ཆེན་དེ་དག་གང་ལ་བརྟེན་པའི་རྣམ་བཞག་མཐའ་ཡས་ཤིང་། ནང་དུ་སྤྱི་བོ་ཛ་ལནྔྷ་ར་དང་། རྩ་ཉི་ཤུ་རྩ་བཞི་ལས་ཁམས་སོ་སེན་སོགས་ཉེར་བཞི་འབབ་པ་ཡུམ་བདེ་རྒྱལ་གྱི་ཚོགས་ལས་འབྱུང་བ་ལྟར་རྩ་གནས་དེ་རྣམས་སུ་རླུང་འགགས་པས་ས་བཅུའི་དང་པོ་རབ་ཏུ་དགའ་བ་སོགས་བརྙེས་པར་བཤད་པ་དང་། དཔལ་འདུས་ཀྱི་འཁོར་ལོ་ལས། ཁྱིམ་བཅུ་གཉིས་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་རླུང་གི་འཕོ་བ་དག་པ་ལ་ཡུལ་ཉེར་བཞི་ཡིན་པར་གསུངས་ཤིང་། ཧེ་རུ་ཀ་གལྤོ་ལས། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། དུར་ཁྲོད་མིང་ནི་བསིལ་བའི་ཚལ། ཞེས་སོགས་གསུངས་པ་ལྟར། ཨོ་ཊི་ཡཱ་ནར་པདྨ་བརྩེགས་པས་མཚོན་གཞུང་ཚིག་གིས་གསལ་བའི་དུར་ཁྲོད་ཆེན་པོ་བརྒྱད་རྣམས་ན་བཞུགས་པའི་དཔལ་ཆེན་འབར་བ་ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་ལ། དཔའ་བོ་མཁའ་འགྲོ། རིག་འཛིན་རྣལ་འབྱོར། ཤུགས་འགྲོ་ཞིང་སྐྱོང་འཁོར་དང་བཅས་པ་ཐམས་ཅད་ནམ་མཁའ་གང་བར་སྤྱན་དྲངས་པར་བསམ་ཞིང་། གུ་རུ་བླ་མ། དེ་ཝ་ལྷ། ཌཱ་ཀ་དཔའ་བོ། ཌཱཀི་ནི་མཁའ་འགྲོ་མ། ངྷརྨ་པཱ་ལ་ཆོས་སྐྱོང་རྣམས། ས་མ་ཡ་ཛཿ དམ་ཚིག་གི་འདུ་བར་སྤྱོན་ཅིག་ཅེས་པའོ། །ཚོགས་ཀྱི་མཆོད་པ་དངོས་ལ། སྔ་མ་ལས། དང་པོ་འདོད་ཡོན་དྲུག་གིས་མཆོད། གཉིས་པ་དམ་རྫས་བདུད་རྩིའི་བཤགས། གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབ། ཞེས་གསུམ་དུ་གསུངས་པ་ལྟར་ཕུད་དང་པོ་མཆོད་པ་ནི། དམ་ཚིག་གི་རྫས་རྣམས་ལས་ཕྱིའི་ཚོགས་མཆོད་ཤ་ལྔ་བདུད་རྩི་ལྔ་དང་ཐབས་ཤེས་ཀྱི་བཟའ་བཏུང་། ནང་རྡོ་རྗེ་འདོད་ཡོན་གྱི་ལྷ་མོ་ལྔའི་མཛེས་པའི་གཟུགས་སོགས་ཡུལ་ལྔ་དང་། གསང་བ་བདེ་ཆེན་སྦྱོར་མཆོད་ཀྱིས་དགྱེས་པ་བསྐྱེད། བར་པ་བཤགས་པ་ལ། ཆ་གཉིས་པ་བདུད་རྩི་ལྔའིི་རང་བཞིན་དུ་དམིགས་ཏེ་ཕུལ་བས་ཐུགས་དམ་བསྐང་ཞིང་འཁོན་གཅུགས་སོགས་ཉེས་བྱས་ཐམས་ཅད་དག་པར་བསམ་ལ་ཡིག་བརྒྱ་བཟླ། ཐ་མ་བསྒྲལ་སྟབ་ལ། ཚོགས་བྱིན་གྱིས་མ་བརླབས་པའི་སྔ་ལོགས་སུ་བཅད་པའི་ཟན་དང་ཤ་དུམ་ལ་དམིགས་ཏེ། བདག་ལྟ་ཉོན་མོངས་ཀྱི་རང་གཟུགས་ཉམས་པའི་དགྲ་བགེགས་ཕྱག་རྒྱ་བཞིས་འགུགས་བསྟིམ་ལྷ་དང་ཕྲལ་ཞིང་ཉམས་ཐག་པས་གནས་པ་ལ། བདག་ཉིད་ལས་ཀྱི་ཁྲོ་བོའ་ིཕྱག་སོར་རིགས་ལྔ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ལས་སྐྱེས་པའི་ཕུར་བུ་སྒྲོལ་བྱེད་ཡཀྴ་ཀྲོ་ངྷ་གསལ་བ་བསྒྲལ་བྱའི་སྙིང་གར་བཏབ་པས། ཁོའ་ིཚེ་དཔལ་བཀྲག་དང་གཟི་མདངས་ཨ་ཡི་རྣམ་པར་བསྡུས་ནས་རང་ལ་བསྟིམ་པས་བདག་ཉིད་རྡོ་རྗེའི་ཚེ་སྲོག་དང་དབྱེར་མེད་དུ་བསམ་པ་ཚེ་ལུང་དང་། ཀུན་གཞི་ཎྲྀའ་ིརྣམ་པ་ཕུར་རྩེའི་ཧཱུྃ་གིས་བླངས་ཏེ་ཕཊ་ཀྱིས་འཕངས་བས་རྣམ་ཤེས་ཧྲཱིཿ འི་གཟུགས་ཀྱིས་འོག་མིན་དུ་དཔལ་ཆེན་པོའ་ིསྦྱོར་མཚམས་སུ་ཐིམ་པར་བསམ་པ་ཁྲུས་ལུང་། སྙིགས་མའི་ལུས་དུམ་བུར་གཏུབས་པ་ལྷ་ཚོགས་ལ་ཕུལ་བས་དགྱེས་ཚིམ་དུ་བཞེས་པར་བསམ་ལ། མཱཾ་ས་ཤ་ཆེན། རཀྟ་ཁྲག་ཙིཏྟ་སྙིང་། གོ་རེ་ཙ་ན་ཀླད་པ། བྷ་སུ་ཏ་ནང་ཁྲོལ། ཀེ་ནི་རི་ཏི་རུ་པ། ག་ཎ་ཙཀྲ་པཱུ་ཛ་ཚོགས་ཀྱི་འཁོར་ལོའ་ིམཆོད་པ། ཁ་ཁ་ཁཱ་ཧི་ཟོ་ཤིག་ཅེས་སོ། །དེ་ནས་ནང་རྣལ་འབྱོར་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་མཆོད་པའི་ཕྱིར། འདི་ནི་དམ་ཚིག་མཆོག་གི་གནས༔ ཤག་དང་རྩོད་པ་ཀུ་ཅོ་མེད༔ ཞེས་པ་ལྟར་ཚོགས་གྲལ་དུ་ཐ་མལ་གྱི་སྣང་ཞེན་སྤངས་ཏེ། ཚིམ་པ་དང་། དགའ་བ་འཛིན་ཞེན་མེད་པས་མཆོད་རྫས་ལྟེ་བའི་མེས་བཞུས་པའི་དྭངས་མ་བདུད་རྩིའི་ལུས་ཀྱི་ལྷ་ཚོགས་མཉེས་པར་བསམ་ལ་ནང་གི་སྲེག་བླུགས་ཀྱིས་ལོངས་སྤྱོད་པས། རྩ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་རྣམས་དང་རང་ཉིད་ཧེ་རུ་ཀ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བས་དགའ་བཞིའི་ཉམས་སྐྱོང་བ་གསང་བའི་སྲེག་བླུགས་ཡུལ་དང་ཡུལ་ཅན་ཐམས་ཅད་བདེ་སྟོང་ཡེ་ཤེས་སྤྲོས་བ་དང་བྲལ་པའི་ངང་དུ་ལ་བཟླ་བ་ཡང་གསང་གི་མཆོད་པས་དགྱེས་པ་བསྐྱེད་ཅིང་རྡོ་རྗེའི་གླུ་གར་ཀྱང་བྱ། ལྷག་མའི་སྟོང་དམེ་གཏོར་གྱི་རས་མ་དང་ཕུད་ཆ་གསུམ་པའང་བསྣན་ཏེ་སློབ་དཔོན་གྱིས་ཁ་ཕྲུ་བཏབ། ཧེ་རུ་ཀའི་དམ་རྒྱས་མནན་ལ། བྱིན་གྱིས་བརླབས་པ་དཀྱིལ་འཁོར་གྱི་བྱང་ཤར་རམ་ཤར་ལྷོར་བཞག་ལ། ལྷག་སྡུད་སྤྱན་དྲངས་ཏེ། དཔའ་མོ་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། གིང་ཆེན་བཅོ་བརྒྱད། ལངྐ་མ་མོ་བདུན། སྲིང་མོ་བཞི། འབར་མ་བརྒྱད། ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས་ལ་ཕུལ་བས་བཞེས་ཤིང་ཕྲིན་ལས་མཛད་པར་བསམ་ལ ། མཚན་མོ་ཡིན་དུས་མཚན་གྱི་གདོང་ཐུག་བསྲུང་ཕྱིར་དཔལ་འབར་དང་། ཉིན་མོ་སྤོས་མེ་བཙུགས་ལ་གོམ་པ་བདུན་ཅུའི་སར་སྲིན་མོའི་ཟ་ལམ་དུ་འབུལ། ཐམས་ཅད་རྡོ་རྗེའི་རིགས་སུ་སྨོན་ལམ་གདབ་བོ། །གཉིས་པ་ཐུགས་དམ་བསྐུལ་བ་ནི། ཐུགས་དམ་གང་བསྐུལ་ན། ཧཱུྃ་ཞེས་ཐུགས་སྲོག་ས་བོན་བརྗོད་པ་སྔོན་དུ་འགྲོ་བས། མི་གནས་ཡེ་ཤེས་སོགས་རྐང་པ་གཉིས་ཀྱིས་བསྟན་པ་ལྟར། སྲིད་ཞིའི་མཐའ་གང་ལའང་མི་གནས་པའི་གཞི་མ་འཁྲུལ་པའི་སངས་རྒྱས་ཆོས་སྐུ་སྤྲོས་བྲལ་གྱི་ཕོ་བྲང་ནས། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་ཞི་བ་དང་ཁྲོ་བོའ་ིལྷ་ཚོགས་རྣམས་ཡུལ་གང་ལ་བསྐུལ་ན། འགྲོ་བའི་དོན་ལ་དགོངས་པར་མཛོད་ཅིག་ཅེས། དགོས་པ་ཅིའི་ཕྱིར་བསྐུལ་ན། སེམས་ཅན་རྣམས་རིག་པའི་རང་བཞིན་བདེ་གཤེགས་སྙིང་པོ་གཤིས་ཀྱི་གནས་ལུགས་དབྱིངས་ཀྱི་བཞུགས་ཚུལ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མ་རྟོགས་པ། ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པའི་མཚན་ཉིད་བག་ཆགས་སྣ་ཚོགས་འཛིན་པའི་ཀུན་གཞི་ལུང་མ་བསྟན་ལས། རྣམ་ཤེས་གསལ་རིག་གིས་གཟུང་འཛིན་དུ་ཞེན་པས་སྒོ་ལྔའི་རྣམ་ཤེས་ཡུལ་ལྔའི་སྣང་བ་དང་། རྟེན་ཅིིང་འབྲེལ་བ་ལས་འགྲོ་བ་རིགས་དྲུག་གི་རྒྱུད་ཉོན་མོངས་དུག་ལྔའི་གནས་དོན་ལུས་ཀྱི་འཁྲུལ་པ་རང་རྒྱུད་ལ་སྤྱོད་དེ་རྒྱུ་ལས་དང་ཉོན་མོངས་ཤུགས་དྲག་པོའ་ིགཟིར་བའི་གཞན་དབང་དུ་གྱུར་བའི་མཐུ་ཡིས། འབྲས་བུ་ཕྱི་རོལ་སྣོད་བཅུད་ཀྱི་ཡུལ་ལ་སྨིན་པའི་རིགས་དྲུག་གི་སྡུག་བསྔལ་གྱིས་ཕྱི་མ་དང་ཚེ་འདིར་ནད་མཚོན་མུ་གེས་མནར་བའི་སེམས་ཅན་རྣམས་ལས་གང་མཛད་ན་ཞི་བའི་ཕྲིན་ལས་དང་། རྩོལ་བཅས་རྒྱུ་འབྲས་ཀྱི་ཐེག་པས་གདུལ་དཀའ་ཞིང་དུག་ལྔ་འཆོལ་ཉོག་ཏུ་སྤྱོད་པའི་རུ་ཏྲ་སྡེ་གསུམ་ལྟ་བུའི་དམུ་རྒོད་པའི་སྙིགས་མའི་སེམས་ཅན་འདི་དག་རྣམས། དྲག་ཤུལ་རྡོ་རྗེ་ཁྲོས་པའི་མངོན་སྤྱོད་ཀྱི་ཕྲིན་ལས་དང་། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་ལ་དངོས་བརྒྱུད་ཀྱིས་སྦྱོར་བའི་ཐེག་པ་མཆོག་གི་ཆོས་ཀྱིས་གདུལ་ཏེ་ཁྱད་ཆོས་དྲུག་གི་གྲོལ་བང་མཛོད་ཅིག་ཅེས་སོ། །གསུམ་པ་ཆད་ཐོའ་ིགཏོར་མ་འབུལ་བ་ནི། སྐབས་འདིར་བཀའ་གཏེར་སྲུང་མའི་གཏོར་འབུལ་རྣམས་ཀྱང་འབུལ་དགོས་ཤིང་། ཆད་ཐོ་ཞེས་པའི་ཆད་ནི་སྔོན་ནས་ཁས་བླང་བའི་དོན་དང་། ཐོ་ཞེས་པ་ནི་ལས་འདི་ཙམ་ཞིག་གྱིས། འདི་ཙམ་མ་བྱེད་ཅེས་བླང་དོར་གྱི་སྒོ་ནས་མཚམས་བཟུང་བའི་དོན་ཡིན་པས་ན། སྐུ་གསུམ་གྱི་ཞིང་ཁམས་རྣམས་སུ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བའི་ཚེ་བསྟན་པ་སྲུང་ཞིང་སྒྲུབ་པ་པོ་རྣམས་ཀྱི་ཕྲིན་ལས་སྒྲུབ་པར་ཁས་བླང་བའི་སྲུང་མ་རྣམས་ལ་ཐ་ཚིག་བསྐུལ་ཏེ་ལས་སྒྲུབ་པའི་ཆེད་དུ་གཏོར་མ་འབུལ་བའོ། །བཞི་པ་བརྟན་མ་སྐྱོངས་པ་ནི། ངེས་པའི་དོན་དུ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་སྒོ་མཚིས་མ་བརྒྱད་དང་། སྙིང་པོའ་ིརྣམ་འབྱོར་བཞི་ཡིན་ཀྱང་རྣམ་པ་གུ་རུ་རིན་པོ་ཆེའི་བོད་སྐྱོངས་ཡུལ་ལྷའི་གཙོ་བོ་དང་། མུ་སྟེགས་ཀྱི་རྒོལ་བ་སྲུང་བར་བཀའ་བསྒོས་པའི་ཐ་ཚིག་བསྐུལ་བའི་ཕྱིར་ཁྱད་པར་དུ་གཏོར་མ་འབུལ་བ་སྔ་འགྱུར་གྱི་ལུགས་ཏེ། བལ་བོད་ཀྱི་ས་མཚམས་སུ་ཚེ་རིང་མ་སོགས་བོད་ཡུལ་མཐའ་དབུས་སུ་བརྟན་ཅིང་ཆགས་པའི་བདུད་དང་གནོད་སྦྱིན་སྨན་མོའ་ིརིགས་ཀྱི་མ་མོ་བཅུ་གཉིས་ཏེ། ཕྱི་ལྟར་ན་དུས་སྦྱོར། ནང་དུ་རྡོ་རྗེའི་ལུས་ཀྱི་འཕོ་བ། གཞན་དུ་རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་ཌཱ་ཀི་མ་འཁོར་སྨན་ཕྲན་འབུམ་འབུམ་དང་བཅས་པ་ལ། ཆད་ཐོའ་ིགཏོར་གཞོང་བཤལ་བའི་ཆུས་བྲན་པའི་གཏོར་མ་ཕུལ་ཏེ་ལས་སྤྱི་དང་བོད་དུ་མཐའ་དམ་སྲུང་བར་བསྐུལ་བའོ། །ལྔ་པ་རྟ་བྲོ་ནི། དབང་ཆེན་ཁྲོ་བོའ་ིརྟ་སྐད་ཀྱིས་མ་མོ་མཁའ་འགྲོ་ཐམས་ཅད་བསྡུས་ནས་སྣང་སྲིད་ཁྲོ་བོ་རོལ་པའི་དཀྱིལ་འཁོར་དུ་ཤར་བས་རྡོ་རྗེའི་གླུ་བྲོ་གར་གྱིས་ལས་སོ་སོར་རྒྱས་བཏབ་པ་རྟ་བྲོ་ཞེས་གསུངས་པ་སྟེ། སྣོད་བཅུད་ཁྲག་འཐུང་རོལ་པའི་དུར་ཁྲོད་དུ་གསལ་བས་བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་ལས་རིང་དུ་བྱོལ་བའི་བདག་ལྟ་དམ་སྲིའི་ཚོགས་ཐམས་ཅད་བཀུགས་ནས་སྟོང་ཆེན་རྡོ་རྗེ་བཙུན་མོའ་ིརྣམ་ཐར་གསུམ་གྱི་མཁའ་དབྱིངས་སུ་རྒྱས་བཏབ། འཛིན་ནས་མི་གཏོང་བའི་ཐུགས་རྗེའི་ཆུ་སྲིན་གྱི་གྲེ་བར་གཏད། བཏབ་ནས་མི་འཆོར་བ་ཕྲིན་ལས་དུས་དགྲའི་དབང་པོའ་ིཁམས་གསུམ་ཟ་བའི་ཞལ་དུ་བསྐུར། རང་བྱུང་ཡེ་ཤེས་ཀྱི་མེས་སྲིད་རྩ་མ་རིག་པའི་རྒྱུ་འབྲས་གཏན་མེད་དུ་མ་སོང་བར་མནན་པས། ཀུན་རྫོབ་གཡོ་འཁྲུལ་གྱི་བསྐལ་པ་ཆགས་གནས་འཇིག་སྟོང་བྱུང་ཀྱང་ཐུགས་རྗེའི་ཡལ་བར་དོར་ཏེ་མི་གཏོར་བའི་དགོངས་པས་རྣམ་པ་གཏོར་གཞོང་རི་རིབ་ཏུ་གསལ་བ་སྦུངས་ཏེ་རྡོ་རྗེའི་རྒྱས་བཏབ་པ་ནི་ལས་གང་ལའང་ཐོས་མཐའ་བསྡུ་ན་སླར་གསོར་མི་རུང་བའི་གནད་ཟབ་མོའ།ོ ། དྲུག་པ་དངོས་གྲུབ་བླང་བ་ནི། རྒྱུད་གྱི་དངོས་གྲུབ་བླང་བ་ཞེས་ལྷ་སྒྲུང་པའི་སྐབས་རྟགས་མཚན་ཁྱད་པར་ཅན་བྱུང་ན་དེ་མ་ཐག་དངོས་གྲུབ་ལེན་དགོས་པར་གསུངས་པས་དེ་ནི་ཏིང་ངེ་འཛིན་གསལ་བས་དངོས་གྲུབ་ལེན་ཚིག་སྔགས་བཅས་བརྗོད་པས་རུང་ཞིང་། བསྙེན་སྒྲུབ་རྫོགས་པའི་ཉིན་ཐ་མ་ཡིན་ན་མཚམས་གཅོད་དང་བྱིན་འབེབས། བཤགས་པ། མཆོད་བསྟོད་སྔོན་དུ་འགྲོ་བས། བླ་མ་དང་དཔལ་ཆེན་པོ་གཉིས་སུ་མེད་པའི་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དབང་ལེན་བྱའི་ཡུལ་དང་། རྣམ་འགྱུར་བློ་བུར་གྱི་འཁྲུལ་རྟོག་རྣམ་སྨིན་བག་ཆགས་ཀྱི་རྟེན་ཉིད་དབང་ལེན་པ་པོའ་ིཚུལ་གྱིས་གཙོ་བོ་ལས་ལོགས་སུ་ཕྱེ་ནས། དཀྱིལ་འཁོར་པའི་གནས་གསུམ་ལས་བྱུང་བའི་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་རང་གི་གནས་གསུམ་དུ་ཐིམ་པས། ས་བཅུ་ལམ་ལྔ་སོགས་མཆོག སྒྲུབ་ཆེན་བརྒྱད་དང་ལས་བཞི་སོགས་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ་ལ། སྒྲུབ་རྟེན་ཕུར་པ་སོགས་གནས་གསུམ་དུ་བཞགསྒྲུབ་རྫས་རྣམས་མྱོང་བའོ། །རྩ་སྔགས་གུ་རུ་ཤཱིའི་མཐར་དངོས་གྲུབ་བསྐུལ་བའི་སྔགས་དོན་ངྷརྨ་ཀཱ་ཡ་ཆོས་ཀྱི་སྐུ་དང་། སཾ་བྷོ་ཀཱ་ཡ་ལོངས་སྐུ་དང་། ནིརྨ་ཀཱ་ཡ་སྤྲུལ་པའི་སྐུའི་ཙིཏྟ་སིདྔྷི་ཕ་ལ་ཧཱུཾ་ཐུགས་ཀྱི་དངོས་གྲུབ་བཟང་པོ་སྩོལ་བའི་དོན་ཏེ། བསྙེན་སྒྲུབ་ཀྱི་མཐར་བདག་འཇུག་བླང་ནས་དབང་དང་དངོས་གྲུབ་ལེན་པ་གཅིག་རྫོགས་ཀྱིས་ཡན་ལག་ཏུ་འགྱུར་བས་དེ་ལྟར་འདོད་ནས་བདག་མདུན་བུམ་པ་སྒྲུབ་པས་གཞུང་བསྲང་སྟེ་བདག་འཇུག་དབང་དོན་རྒྱ་མཚོ་ལྟར་བྱ་དགོས་སོ། །བདུན་པ་ནོངས་བཤགས་ནི། སྔགས་ཀྱི་དངོས་གྲུབ་ཐོབ་པ་ནི་དམ་ཚིག་རྣམ་པར་དག་པ་ལ་རག་ལས་ཀྱང་། རྨོངས་དང་ཉོན་མོངས་པས་ཟིལ་གྱིས་ནོན་པས་སྒོ་གསུམ་བག་མེད་དུ་གྱུར་པ་བདག་ཅག་གིས་ཏིང་འཛིན་བྱིང་རྒོད་ཆོ་ག་ལྷག་ཆད། མཆོད་རྫས་དམན་པ་ལ་སོགས་པའི་འགལ་འཁྲུལ་གྱིས་ཡེ་ཤེས་ཀྱི་ལྷ་རྣམས་ལ་མཚན་རྟོགས་མི་མངའ་ཡང་། ལེགས་ཉེས་ཀྱི་སྟངས་འཛིན་དམ་ཚིག་གི་རྗེས་གཅོད་པའི་མཁའ་འགྲོ་དང་ཆོས་སྲུང་གི་སྤྱན་སྔར་གནོང་ཞིང་འགྱོད་པས་བཤགས་ན་ཉེས་པའི་རྒྱུར་མི་འགྱུར་བའི་དག་ཚངས་སྩལ་དུ་གསོལ་ཞེས་ཡིག་བརྒྱ་ལན་གསུམ་བཟླས་པས་བཤགས། བརྒྱད་པ་ཉེར་བསྡུ་དང་ལྷར་ལྡང་ནི། མཆོག་གི་སྤྲུལ་སྐུ་རྣམས་སྐུ་དངོས་ཀྱི་གདུལ་བྱ་དང་ཕྲིན་ལས་རྫོགས་པའི་ཚེ། མྱ་ངན་ལས་འདའ་བ་དང་ཆོས་མཚུངས་པར་སྦྱངས་བྱ་སྣོད་བཅུད་འཇིག་པའི་བསྐལ་པས་དབྱིངས་སུ་བསྡུ་བ་འཆི་སྲིད་ཀྱི་སྣང་མཆེད་ཐོབ་གསུམ། སྦྱོངས་བྱེད་དཀྱིལ་འཁོར་གྱི་འཁོར་ལོར་བསྡུ་བ། སྦྱངས་འབྲས་རྣམ་ཀུན་མཆོག་ལྡན་ཆོས་སྐུ་མངོན་དུ་བྱེད་པ་སྟེ། འབྲས་བུ་སངས་རྒྱས་རྣམས་གཟུགས་སྐུའི་སྣང་བ་ཆོས་སྐུའི་ཕྲིན་ལས་ཡིན་ཅིང་། ཆོས་སྐུའི་ཡེ་ཤེས་དབྱིངས་ཀྱི་ངོ་བོ་ཡིན་པས་དེ་དང་རྣམ་པ་མཐུན་པས་གཞི་མ་དག་འཆི་སྲིད་སྦྱོངས་བྱེད་ཐ་མལ་གྱི་སྣོད་བཅུད་ལྷ་དང་གཞལ་ཡས་སུ་ཤར་བ་དག་ཆེན་སྐུ་དང་ཡེ་ཤེས་ཀྱི་རོལ་པའི་སྣོད་བཅུད་ལྷར་སྣང་བ་ཐམས་ཅད་ཀྱང་རིམ་གྱིས་འོད་དུ་ཞུ་སྟེ་སྲུང་འཁོར་ལ་བསྡུ་བ་སྣང་བ་ཐིམ་པ། སྲུང་འཁོར་ནས་རྟེན་གཞལ་ཡས་ཁང་གི་བར་བསྡུ་བ་རགས་པ་ཐིམ་པ། བརྟེན་པའི་ལྷ་རྣམས་ཀྱང་གཙོ་བོ་ཐིམ་པ་སྣང་བ། གཙོ་བོའ་ིཡུམ་ཡབ། ཡབ་ཡེ་ཤེས་སེམས་དཔའ་ལ་ཐིམ་པ་མཆེད་པ། དེ་ཡང་ཧཱུཾ་ལ་ཐིམ་པ་ཐོབ་པ། ཧཱུྃ་ཞབས་ཀྱུ་ནས་བཟུང་གྱེན་རྫོགས་ནཱ་དའི་བར་སྟོང་པའི་དབྱིངས་སུ་བསྡུས་པ་ཉེར་ཐོབ་སྟེ་འཆི་བའི་འོད་གསལ་དང་། དག་པ་ཆོས་སྐུ་ལས་གཟུགས་སྐུའི་མཛད་པ་དང་ཕྲིན་ལས་ཀྱི་འཇུག་པའི་སྣང་བ་རྒྱུན་མི་འཆད་དུ་འཆར་བས་འགྲོ་བ་སྒྲོལ་བའི་མཚོན་དོན། སླར་ཡང་དབྱིངས་ཀྱི་རང་བཞིན་འོད་གསལ་རྣམ་པར་མི་རྟོག་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཟུང་འཇུག་གཉུག་མའི་ཧེ་རུ་ཀ་ཕྱག་རྒྱ་གཅིག་པ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་འཛིན་པའི་སྐུར་ལྡངས་ལ་གནས་གསུམ་ཨོཾ་ཨཱཿཧཱུྃ་རྡོ་རྗེ་གསུམ་གྱི་ས་བོན་གྱིས་རྒྱས་བཏབ་པས་སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་ལམ་དུ་ཁྱེར་བར་མཚན་རྟོག་གི་བར་ཆད་ཀྱིས་གླགས་མི་རྙེད་པར་སྲུང་བར་བསམ་ལ། བཛྲ་རཀྵ་ཧ་ཞེས་རྡོ་རྗེ་གོ་ཆའི་རྒྱ་དང་བཅས་པས་རྒྱས་བཏབ་སྟེ་ཡིག་བརྒྱས་བརྟན་པར་བྱའོ། །སྤྱིར་ཐུན་གྱི་དངོས་གཞིའི་སྣང་གྲགས་རིག་པ་ལྷའི་སྐུ་གསུང་ཐུགས་སུ་བལྟ་བའི་ཏིང་ངེ་འཛིན་གྱི་གསལ་སྣང་དེའི་ཐུན་མཚམས་དུའང་མ་བརྗེད་པས་སྤྱོད་ལམ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་ཞེན་མེད་དུ་སྣང་སེམས་ཀུན་ལྷ་སྔགས་ཆོས་སྐུ་ལམ་ཁྱེར་གྱིས་རྒྱས་ཐེབས་པ་དང་། དད་དང་མོས་གུས་སྙིང་རྗེ་དྲན་ཤེས་རྣམས་དང་མ་བྲལ་བས་མཉམ་རྗེས་འཁོར་མོ་ཡུག་ཏུ་རྒྱུན་ཆགས་པར་བསྐྱང་བས་འགྲུབ་ཐག་ཉེ་ཞིང་བྱིན་རླབས་དང་དངོས་གྲུབ་ཀྱི་ཚན་ཁ་ཆེ་བའི་གནད་ཤིན་ཏུ་ཟབ་པས་དེ་ལྟར་ཉམས་ལེན་ལ་བར་མེད་དུ་བརྩོན་དགོས་སོ། །དགུ་པ་བསྔོ་སྨོན་ནི། ཐེག་པ་ཆེན་པོའ་ིལམ་གྱི་གནད་ཆེ་ཤོས་ཏེ། བསྔོ་བ་མི་ཟད་ལམ་ཡིན་ཏེ། སྤེལ་དང་བསྒྱུར་བའི་ཆོས་ཅན་ཡིན། ཞེས་གསུངས་པ་ལྟར་དུས་གསུམ་དུ་བསགས་པའི་དགེ་རྩ་དམིགས་ཡུལ་དུ་བྱས་པ་འདིས་ཧཱུྃ་ཞེས་ཐུགས་ཆོས་ཀྱི་དབྱིབས་ཡེ་ཤེས་ཆེན་པོའི་དོན་རྗེས་དྲན་གྱིས་ས་བོན་གྱིས་བསྐུལ་ཏེ་གཞི་རྣམ་པ་སྣོད་བཅུད་ཀྱི་སྣང་བ། སྒྲར་གྲགས་པ་དྲན་རྟོག་རིག་པའི་ཆོས་སུ་ཤར་བ་ཐམས་ཅད་དོན་ལ་དཔལ་ཆེན་པོའ་ི རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་གསུམ་གྱི་དང་དུ་ཡེ་ནས་ལྷུན་རྫོགས་སུ་གནས་པའི་ཚུལ་དང་མཐུན་པར་ལམ་དུ་བྱ་བའི་ཕྱིར། རིག་འཛིན་གབ་བྱང་ལས། དབྱིངས་ཀྱི་སྣང་བ་ལྷར་ཤར་བས༔ བསོད་ནམས་ཚོགས་ཀྱང་འདི་ཡིས་རྫོགས༔ དེ་ལ་དངོས་ཞེན་རྣམ་དག་པས༔ ཡེ་ཤེས་ཚོགས་ཀྱང་རྫོགས་པ་ཡིན༔ ཞེས་པ་ལྟར་ཟག་མེད་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་གདོད་ནས་ཆོས་དབྱིངས་འོད་གསལ་ཆེན་པོའི་ངོ་བོ་རུ་བཞུགས་པ་ནི་གཟུགས་སྐུ་མཐར་ཐུག་དང་། དེ་དག་ཀྱང་དངོས་པོ་དང་མཚན་མའི་ཆོས་སུ་མི་གནས་པ་རྣམ་ཀུན་མཆོག་ལྡན་གྱི་ཆོས་སྐུ་སྟེ་དེ་གཉིས་དབྱེར་མེད་པའི་གནས་ལུགས་དེ་མངོན་དུ་བྱེད་པ་ལ་བསྐྱེད་རྫོགས་གཉིས་སྣང་བཅས་བསོད་ནམས་དང་། སྣང་མེད་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་བདེ་མྱུར་གྱིས་བསགས་པས་རྫོགས་སྨིན་སྦྱངས་པའི་རིམ་པ་གཉིས་སུ་བསྟན་པ་ལ། ལྟ་དགོངས་ཏིང་འཛིན་གྱི་ཐབས་ལ་མཁས་པའི་སྒོ་དུ་མས་བསྐལ་པ་མང་པོའ་ིཚོགས་སྐད་ཅིག་ལ་འདུམ་ནུས་པ་སྔགས་ཀྱི་མྱུར་ལམ་ཁྱད་པར་ཅན་གྱི་རྣལ་འབྱོར་མཆོག་གི་ཚོགས་གཉིས་བསགས་པའི་སྒོ་འདི་ནི། ལམ་གྱི་ཐོག་མ་ནས་ཐབས་ཤེས་ཟུང་འཇུག་གི་ལྟ་དགོངས་ཁྱད་པར་ཅན་གྱི་རྩིས་ཟིན་ཅིང་རྒྱས་ཐེབས་པས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་གོ་འཕང་མཆོག་དམ་པ་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་རྫོགས་པའི་ཡེ་ཤེས་སྐུ་གསུམ་འདུ་འབྲལ་མེད་པའི་མྱ་ངན་ལས་འདས་པ་ཆེན་པོའ་ིབདག་ཉིད་དང་ཐ་མི་དད་པའི་གནས་ཚུལ་ཤེས་པ་ནི། འཁོར་གསུམ་ཡོངས་དག་གི་བསྔོ་བའི་རྒྱལ་པོ་འཕགས་ཆེན་རྣམས་ཀྱི་སྤྱོད་ཡུལ་དང་གཉིས་སུ་མེད་པ་སྟེ། དེའི་ནུས་པས་མཁའ་ཁྱབ་ཀྱི་འགྲོ་བ་ཀུན་ལ་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཏུ་བརྡལ་བས་སྤྱི་དཔལ་ཆེན་པོའ་ིམི་སློབ་འབྲས་བུའི་གོ་འཕང་དམ་པ་མངོན་དུ་བྱེད་པའི་གནས་ཐོབ་པར་ཤོག་ཅེས་སྨོན་པ་སྟེ། དེ་ལྟ་བུའི་ཆོ་ག་ཚར་གཅིག་གི་ཐོག་མ་སྐྱབས་འགྲོ་ནས་བརྩམས་ཐོག་མཐའ་ཀུན་ཏུ་སྨོན་འཇུག་གི་རྩིས་ཟིན་པའི་གཞན་ཕན་གྱི་བློས་མཆོད་ཚོགས་ཕངས་མེད་དུ་འབུལ་བ་སྦྱིན་པ། དམ་བཅའི་རིང་དུ་མི་བོར་ཚུལ་ཁྲིམས། དཀའ་སྤྱད་བཟོད་ཅིང་བསགས་སྦྱང་ཀུན་ལ་ཚོད་ཡོད་བྲི་གཞོལ་དུ་མི་གཏོང་བ་བཟོད་པ། ཐུན་དང་ཐུན་མཚམས་ཐམས་ཅད་སོས་དལ་ལེ་ལོའ་ིདབང་དུ་མི་གཏོང་བ་བརྩོན་འགྲུས། ལྷའི་གསལ་སྣང་གིས་ཐ་མལ་གྱི་འཛིན་རྟོག་ཟིལ་གྱིས་གནོན་པ་བསམ་གཏན། ལྷ་སྔགས་སྤྲོ་བསྡུ་ཐམས་ཅད་ཆོས་ཉིད་མ་བཅོས་པའི་གསལ་ཆ་རང་བཞིན་ལྷུན་གྲུབ་ཏུ་འཆར་བའི་ཤེས་རབ་སྟེ་ཕ་རོལ་དུ་ཕྱིན་པ་དྲུག་རྫོགས་པས་བདེན་གཉིས་དབྱེར་མེད་པའི་སེམས་བསྐྱེད་ཀྱི་དོན་མདོ་སྔགས་དགོངས་པ་གཅིག་མཐུན་དུ་ཤེེས་པས་ཇི་སྐད་དུ། ཕུང་བོ་ཁམས་རྣམས་ལྷ་རུ་བསྒོམ། །རྫས་དང་འཕྲོ་འདུ་ཚོགས་ཀྱི་ལམ། །དེ་ཉིད་འདྲིས་བྱེད་སྦྱོར་བའི་ལམ། །ཀུན་ཏུ་བཟང་པོ་ཧེ་རུ་ཀ ། སེམས་སུ་སྨིན་པ་མཐོང་བའི་ལམ། །ཤིན་ཏུ་བརྟན་པ་སྒོམ་པའི་ལམ། །དབྱིངས་ཡིག་གཉིས་མེད་མཐར་ཕྱིན་ལམ། །ཞེས་གསུངས་པ་ལྟར་ལམ་ལྔ་རིམ་རྫོགས་ཀྱིས་བསོད་ནམས་ཀྱི་འབྲས་བུ་ཡང་བསྐལ་ཆེན་གཅིག་གི་ཚོགས་སྒྲུབ་པ་དང་མཉམ་པར་རྒྱལ་བ་རྡོ་རྗེ་འཆང་གི་རྒྱུད་སྡེ་དུ་མ་ནས་གསུངས་པ་ལ་ཡིད་ཆེས་སྤྲོ་བས་སྔོན་སོང་གི་དགེ་རྩའི་དཔེར་མཚོན་ནས་དུས་གསུམ་གྱི་དགེ་རྩ་ཐམས་ཅད་དུས་གསུམ་སྲས་བཅས་རྒྱལ་བས་ཇི་ལྟར་བསྔོས་པ་བཞིན། བདག་གིས་ཀྱང་བསྔོ་བས་ཐེག་པ་ཆེན་པོོའ་ིས་ལམ་གྱི་ཡོན་ཏན་ཐམས་ཅད་རྫོགས་པར་ལོངས་སྤྱོད་པའི་སྐལ་བཟང་སེམས་ཅན་ཐམས་ཅད་ཀྱིས་འགྲུབ་པར་གྱུར་ཅིག་སྙམ་པའི་བསྔོ་སྨོན་བྱ་བ་ནིི། ཐེག་པ་ཆེན་པོའ་ིཚོགས་གཉིས་སྤེལ་བའི་ཐབས་ཁྱད་པར་ཅན་ནོ། །བཅུ་པ་བཀྲ་ཤིས་ནི། སངས་རྒྱས་དང་བྱང་སེམས་རེ་རེའི་མཚན་བཟུང་བས་ཀྱང་བཀྲ་ཤིས་དང་དགེ་ལེགས་རྒྱ་ཆེར་འཕེལ་བར་གསུངས་པས་ན་མཆོག་གསུམ་རབ་འབྱམས་བསྙེན་སྒྲུབ་མཆོད་བསྟོད་ཐུགས་དམ་བསྐུལ་བའི་བདེན་མཐུས་སྲིད་ཞིའི་ཉེས་ཚོགས་ཞི་ཞིང་། བསྟན་འགྲོའ་ིདགེ་མཚན་གྱིས་སྣོད་བཅུད་ཐམས་ཅད་མཛེེས་པའི་བདེན་ཚིག་གི་ཤིས་པ་བརྗོད་པས་མཁའ་དབྱིངས་ནས་རྒྱལ་བ་སྲས་དང་བཅས་པས་ཀྱང་དགྱེས་པའི་ཚུལ་གྱིས་རྡོ་རྗེའི་བདེན་ཚིག་དང་། མེ་ཏོག་གི་ཆར་སིལ་མ་བསྙིལ་བས་བདག་གནས་ཡོ་བྱད་ཐམས་ཅད་ཀྱང་གཟི་མདངས་དང་ཡོན་ཏན་རྒྱས་པར་བསམ་ལ་མེ་ཏོག་འཐོར་ཞིང་རོལ་མོ་འཁྲོལ་བས་དགེ་ལེགས་སུ་བྱ་བའོ། །ཚིག་དོན་ནི། རྡོ་རྗེ་ཐེག་པའི་བསྟན་པ་འཇིག་རྟེན་འདིར་ཇི་ལྟར་སྣང་བའི་ཚུལ་དང་འབྲེལ་བ་སྟེ། འདི་ལྟར་དུས་གསུམ་གྱི་ལྡོག་ཆས་ནས་ནམ་ཡང་ཕྱེ་བ་མེད་པ་ཆོས་དབྱིངས་བསམ་མི་ཁྱབ་པའི་ཀློང་དུ་ཁྱད་པར་དྲུག་གིས་སངས་རྒྱས་པའི་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོའ་ིཐུགས་ཡེ་ཤེས་རྒྱ་མཚོ་རྣམ་པ་ལྔའི་ཆོ་འཕྲུལ་སྟོན་པ་རིགས་ལྔ་གངས་ཆེན་མཚོའི་ཡེ་ཤེས་རང་སྣང་གི་སྟོན་འཁོར་དགོངས་པ་རོ་གཅིག་པས་སྐུ་ལྔའི་ཡོན་ཏན་མ་འདྲེས་ལྷུན་རྫོགས་སུ་མངའ་བ་ལོངས་སྤྱོད་རྫོགས་སྐུ་ལས། ཐུགས་རྗེས་སྤྲུལ་པའི་རང་མདངས་ཕྱོགས་དུས་ཀུན་ཏུ་སྐུ་དང་ཞིང་ཁམས་བསམ་མི་ཁྱབ་པའི་སྤྲིན་བཀོད་པའི་ཆ་ཤས་ལས། སྒྲོན་མེའི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་རྩ་བྱོན་ནས་སོ་སོའ་ིརྣམ་ཐར་དང་ཕྲིན་ལས་སྣ་ཚོགས་པ་ཡིས་གདུལ་བྱ་འདུལ་བའི་ངོ་མཚར་ཅན་གྱི་སྒྲོན་མེའི་བསྐལ་པ་བཟང་པོ་འབྱུང་དཀའ་བ་ཡིན་པའི་རྒྱུ་མཚན་གྱིས་མཆོག་གསུམ་རིན་པོ་ཆེའི་སྣང་བ་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག་ཅེས་སྐུ་གསུམ་སྟོན་པའི་རྣམ་བཞག་དང་། དེ་ལས་བྱེ་བྲག་ཏུ་གདུལ་བྱ་ཕྱོགས་རེའི་འདུལ་ཞིང་མཐུན་པར་མི་མཇེད་ཀྱི་ཞིང་ཁམས་འདིའི་སྒྲོན་མ་བཀོད་ཚུལ་ནི། སངས་རྒྱས་གངས་ཅན་མཚོའི་ཕྱག་མཉམ་གྱི་སྟེང་རིན་པོ་ཆེའི་ལྷུང་བཟེད་སྤོས་ཆུའི་རྒྱ་མཚོ་ལས་སྐྱེས་པའི་པད་སྡོང་ཉི་ཤུ་རྩ་ལྔས་དབུའི་གཙུག་ཏོར་བར་སླེབ་པའི་བཅུ་གསུམ་པ་ཐུགས་ཀྱི་ཐུགས་སྟོང་གསུམ་བྱེ་བ་ཕྲག་བརྒྱ་མི་མཇེད་འཇིག་རྟེན་གྱི་ཁམས་སྟོན་པ་ཤཱཀྱ་ཐུབ་པ་གཅིག་གི་འདུལ་ཞིང་། འདི་ནི་སངས་རྒྱས་ལས་ཀྱང་དཀོན་པའི་གསང་སྔགས་རྡོ་རྗེ་ཐེག་པས་འདུལ་བའི་ཞིང་རྨད་དུ་བྱུང་བའི་ཕྱིར། མཆོག་གི་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པས་གཟུགས་སྐུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་བརྒྱད་ན་གསང་བའི་བདག་པོའི་དམ་པའི་རིགས་ཅན་དྲྭ་མ་ལྔ་སོགས་ལ་གསང་རྒྱུད་རྣམས་བཟླས་ཏེ་གསུངས་པ་ཕྱག་རྡོར་གྱི་སྤྲུལ་པ་སྐལ་ལྡན་རྒྱལ་པོ་ཛཿ འམ་ཨིནྡྲ་བྷུ་ཏི་ལ་བཀའ་བརྒྱུད་རྟགས་ཀྱི་གླེགས་བམ་གྱི་དབང་ཐོབ་པས་རྒྱུད་དོན་ཐུགས་སུ་ཆུད་པ་སོགས་རིག་པ་འཛིན་པ་རྣམས་ལས་བརྒྱུད་དེ་མི་ཡུལ་དུ་དར་བར་མཛད་པ་དང་། སྒྲུབ་སྡེ་རྣམས་མཁའ་འགྲོ་ལས་ཀྱི་དབང་མོ་ཆེས་མཆོད་རྟེན་བདེ་བྱེད་བརྩེགས་པར་སྦས་པ་བཀའ་བབ་རིག་འཛིན་བརྒྱད་དང་། ཀུན་འདུས་གསུང་རྡོ་རྗེ་པདྨ་སཾ་བྷ་ཝས་སྤྱན་དྲངས་པ་དང་། རྫོགས་པ་ཆེན་པོའ་ིརྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ནི། སྟོན་པ་བཅུ་གཉིས་ཀྱིས་ལྷ་དང་མིའི་ཡུལ་དུ་དར་ཞིང་རྒྱས་པར་མཛད་པ་རྣམས་རིག་འཛིན་དགའ་རབ་རྡོ་རྗེ་དང་། རྡོ་རྗེ་སེམས་དཔའ་ལས་གསན་ནས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་བས་ཡི་དམ་ལྷའི་དབང་ཐོབ། རིག་འཛིན་ཤཱི་སེང་ཧ་ལས་རིག་པ་རྩལ་གྱི་དབང་ཐོབ་པ་གུ་རུ་པདྨ་སཾ་བྷ་ཧ་ཁམས་གསུམ་ཡོངས་སྒྲོལ། སྲིད་གསུམ་གཏིང་དཀྲུགས། དུག་གསུམ་རྩད་ནས་ཆོད་དེ་སངས་རྒྱས་ཐམས་ཅད་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐ་མི་དད་པར་གྱུར་ནས་རྒྱུད་ལུང་མན་ངག་མཐའ་དག་གི་གསང་མཛོད་བརྙེས། ཉང་ཏིང་འཛིན་བཟང་པོས་སྟོང་གསུམ་གཟིིགས་པའི་སྤྱན་ཅན་གྱིས་བསྐུལ་ཏེ་རྒྱ་གར་རྒྱལ་པོའ་ིམཆོད་གནས་པཎྚི་ཏ་ལྔ་བརྒྱ་ལྔ་ཚིག་དང་དབུས་སུ་བཞུགས་པའི་མཁས་པ་བི་མ་མི་ཏྲ་ལ་ཡར་མར་གྱི་སྤྱན་དུས་གཅིག་ཏུ་གཟིགས་ནས་བོད་ཡུལ་ཕེབས་པར་ལུང་བསྟན་པ་ལྟར་བྱོན་ནས་མདོ་རྒྱུད་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོའ་ིབསྟན་པ་སྤེལ་བ་ལ་དགེ་བའི་བཤེས་གཉེན་གྱི་དབང་ཐོབ་པ་སྟེ། དབང་གི་ཆུ་བོ་བཞི་ཡིས་མཚོན་སྟོན་པ་དངོས་ཀྱིས་ཨོ་རྒྱན་གྱི་རྒྱལ་པོ་ལ། ཨིནྡྲ་བྷུ་ཏི་ལ་གསང་བ་འདུས་པ། ཤམྦྷ་ལར་གསང་བདག་ཟླ་བ་བཟང་པོ་ལ་དུས་འཁོར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་དབྱངས་དངོས་ལས་ལུང་ནོས་ཏེ། ཀྲྀ་ཡོག་སྡེ་གསུམ་དང་། འདས་སྒྱུ་མཉམ་སྦྱོར་ཟླ་གསང་ཁྲོས་པ་རྒྱ་ཆེར་སྤེལ་བས་མཚོན་གསར་རྙིང་གི་མཁས་གྲུབ་ཀུན་ལ་གྲགས་པའི་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེའི་གསང་མཛོད་མཐའ་དག་བཞུགས་པ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་འཕུར་འགྲོའ་ིམཁའ་འགྲོའ་ིགནས་སུ་བཞུགས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པའི་འབྱུང་གནས་ཨུ་རྒྱན་ངྷརྨ་གཉྫའི་ཡུལ་གྱི་རྒྱུད་ལུང་མན་ངག་མིག་སྲོག་ལྟ་བུ་རྣམས། སྟོན་པ་ཐམས་ཅད་མཁྱེན་པས་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་བཞིན། ཀུན་བཟང་རྣམ་འཕྲུལ་ཐོ་རི་སྙན་ཤལ་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། སྤྱན་རས་གཟིགས་དངོས་སྲོང་བཙན་སྒམ་པོས་སྲོལ་བཏོད། ཁྱད་པར་དུ་འཕགས་པ་འཇམ་དཔལ་དབྱངས་དངོས་ཆོས་ཀྱི་རྒྱལ་པོའ་ིཚུལ་དུ་སྣང་བ་མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་ཐུགས་བསྐྱེད་དུས་སུ་བབ་སྟེ། རྒྱལ་བསྟན་རིན་པོ་ཆེ་དཀར་འབྱམས་སུ་བརྡལ་བའི་གནས་ནི། ཕྱི་ལྟར་གངས་རི་དཔལ་དང་ལྡན་པའི་ཕྲེང་བས་བསྐོར་བ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཕྱག་མཚན་དུ་བཞེས་པའི་ཡུལ་ལྗོངས། ནང་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་དངོས་གྲུབ་ཀྱི་འབྱུང་གནས་དུས་སྦྱོར་དང་རྟེན་འབྲེལ་གནས་སུ་དག་པའི་ཡུལ་ཉེར་བཞི་ལས། ཟག་བཅས་དང་ཟག་མེད་ཀྱི་བདེ་བ་བཙན་ཐབས་སུ་འདྲེན་པའི་གནས་བདེ་སྐྱོངས་འཁོར་ལོ། གཞན་དུ་ཕྲིན་ལས་རིགས་ཀྱི་གནས་གསང་གནས་རླུང་གི་འཁོར་ལོ་སྟེ། རིགས་གསུམ་རྒྱལ་བའི་སྤྱི་གཟུགས་མཁན་སློབ་ཉི་ཟླ་ཟུང་དང་། རྡོ་རྗེའི་སྐུ་ཅན་བི་མ་ལ་མི་ཏྲ་ལ་སོགས་པའི་པཎ་ཆེན་བརྒྱ་རྩ་བརྒྱད་སྤྱན་དྲངས། གཙུག་ལག་ཁང་བཞེངས། དགེ་འདུན་གྱིི་སྡེ་བཙུགས། དམ་པའི་ཆོས་བསྒྱུར་བཤད་ཉན་གསུམ་གྱིས་གཏན་ལ་ཕབས་ནས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་ཅིང་། ཁྱད་པར་རྒྱ་གར་གྱི་དབང་གི་ཆུ་བོ་བཞི་ཀ་འདུས་པ་སངས་རྒྱས་གཉིས་པ་པདྨ་ཀཱ་ར་ཉིད་ཀྱིས་བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚངས་ནས་སྒྲུབ་པ་བཀའ་བརྒྱད་ཀྱི་འཁོར་དུ་རྗེ་འབངས་སྙིང་གི་བུ་དགུར་དབང་བསྐུར་ནས་མངའ་བདག་རྒྱལ་པོའི་མེ་ཏོག་དབུས་ཀྱི་ཆེ་མཆོག་ལ་བབ་པ་སོགས་རིགས་ཀྱི་དཀྱིལ་འཁོར་དུ་སྒྲུབ་པས་ལྷ་དང་གཉིས་སུ་མེད་པའི་གོ་འཕང་བརྙེས་ཏེ་རྫུ་འཕྲུལ་སྣ་ཚོགས་བསྟན་པར་མཛད། ཁྱད་པར་གཉགས་ཛྙཱ་ན་ཀུ་མཱ་རའམ་གསང་མཚན་དྲི་མེད་ཟླ་ཤར་དུ་གྲགས་པ་དང་། ལོ་ཆེན་བཻ་རོ་ཙཱ་ནས་རྒྱ་གར་ནས་སློབ་དཔོན་དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་གཉེན་ལས་དབང་ཐོབ། བོད་ནས་སློབ་དཔོན་ཉིད་དང་དགོངས་པ་མཉམ་པའི་ལོ་ཆེན་བཻ་རོ་ཙཱ་ན་དང་། རྒྱ་གར་གྱི་སློབ་དཔོན་ཧཱུཾ་ཀ་ར་ལས་དབང་ནོས་ཤིང་ཉི་ཟླ་སྟོད་ལ་གནོན་ནུས་པ་གནུབ་ནམ་མཁའི་སྙིང་པོས་ཀྱང་གཉགས་ལ་དབང་བསྐུར། བོད་ཀྱི་དབང་གི་ཆུ་བོ་བཞི་འདུས་གཉགས་ལོ་ཆེན་པོའ་ིགནུབ་ཆེན་སངས་རྒྱས་ཡེ་ཤེས་དང་སོག་པོ་ལྷ་དཔལ་ལ་དབང་བསྐུར། དེས་གནུབ་ཡོན་ཏན་རྒྱ་མཚོ་ལ་བཀའ་བབ་བཞིའི་སྟེང་པཱན་ཏ་ལའི་དབང་བཀའ་དང་ལྔ་འདུས་པས་རིམ་པར་གྲུབ་ཐོབ་དངོས་གྲུབ་པར་བརྒྱུད། དེ་ལས་མངའ་བདག་ཉང་རལ་པ་ཅན་གྱིས་གསན་ཅིང་བཀའ་བརྒྱད་ཀུན་གྱི་ཕྱི་མོ་བདེ་གཤེགས་འདུས་པའི་ཆོས་གཏེར་གྱི་བཀའ་བབ། དེ་ལས་རིམ་བརྒྱུད་ཀྱིས་ཆོས་རྒྱལ་ཐུགས་སྒྲུབ་མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོས་གསན་པ་རྒྱ་མཚོ་ལྟ་བུའི་ཡང་སྙིང་བཀའ་བརྒྱད་བདེ་འདུས་ཁོ་ནའི་ཚར་ཉེར་ལྔ་གསན་པ་དང་། གཞན་ཡང་མངའ་བདག་གསུང་སྤྲུལ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏོར་བྱོན་བཀའ་བརྒྱད་གསང་རྫོགས། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་མཆོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་རིག་འཛིན་དངོས་གྲུབ་རྒྱལ་མཚན་གྱི་ཟབ་གཏེར་བཀའ་བརྒྱད་རང་ཤར་ཞེས་གཏོར་བྱོན་བཀའ་བརྒྱད་རྣམ་གསུམ་དང་། མངའ་རིས་པཎ་ཆེན་རིན་པོ་ཆེའི་ཟབ་གཏེར་བླ་མ་བཀའ་བརྒྱད་རིག་འཛིན་ཡོངས་འདུས་དང་། ཀུན་མཁྱེན་པྲཛྙཱ་རསྨིའི་ཟབ་གཏེར་གྲོལ་ཐིག་ལམ་རྒྱས་པའི་ཡང་སྙིང་ལྟ་བུ། ཀློང་ཆེན་སྙིང་ཐིག་གི་ཡི་དམ་སྤྱི་སྒྲུབ་རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པ། ཉང་དང་ཆོས་དབང་བྱང་བདག་རྣམས་ཀྱི་རྣམ་འཕྲུལ་ཀུན་མཁྱེན་བླ་མ་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་དུ་བྱོན་པས་མཚོན་བཀའ་གཏེར་ལུགས་སྲོལ་བཅུ་དགུ་ཙམ་གྱི་སྨིན་གྲོལ་གྱི་རྒྱུན་ད་ལྟའང་མ་ཉམས་པ་བཞུགས་ཤིང་དངོས་གྲུབ་བརྙེས་པ་ཟམ་མ་ཆད་པར་བྱོན་པ་ལས། དེ་དག་གི་བཀའ་སྲོལ་རྒྱ་མཚོའི་རྒྱུན་འཇམ་པའི་དབྱངས་དངོས་ཆོས་རྒྱལ་ཁུ་དཔོན་གྱི་མི་སློབ་ཡེ་ཤེས་ཆེན་པོའི་རང་གཟུགས་གངས་ཅན་ཐུབ་པ་ཡོངས་རྫོགས་ཀྱི་མངའ་བདག་འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་ཀྱིས་གསན་བསམ་སྒོམ་པ་མཐར་ཕྱིན་པར་མཛད། གུ་རུ་རིན་པོ་ཆེ་དང་། བཀའ་བབ་རིག་འཛིན་རྣམ་བརྒྱད། རྗེ་འབངས་རྣམས་ཀྱང་སྨིན་གྲོལ་དངོས་སུ་གསན་ཅིང་། སྔོན་མེད་གསང་བ་དུ་མས་བཀའ་བབ་ཀྱི་ཤིང་རྟ་ཆེན་པོར་གྱུར་པས་མཚོན་བསྟན་པ་མཐའ་ནས་མཐའ་རུ་རྒྱས་པའི་བཀྲ་ཤིས་ཤོག་ཅེས་བསྟན་པའི་བབ་ལོ་རྒྱུས་དང་འབྲེལ་བ་དང་། གླིང་བཞིའི་གཙོ་བོ་འཛམ་གླིང་ལས་ཀྱི་ས་པའི་ཡུལ་གྱི་ལྟེ་བ་སྐལ་བཟང་སངས་རྒྱས་སྟོང་སངས་རྒྱས་པའི་གནས་རྒྱ་གར་རྡོ་རྗེ་གདན་བསྐལ་པ་འཕོ་འཇིག་གི་དུས་ཀྱང་མེ་བདུན་ཆུ་གཅིག་གིས་འཇིག་པ་མེད་པར་གནས་པའི་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་ལྟེ་བ་ལས་བྱང་ཆུབ་ཀྱི་ཤིང་འཁྲུངས་ཤིང་། རྭ་བཞིར་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞིས་མཚོན་པ། ནང་ལྟར་རྡོ་རྗེ་ཕུང་པོའ་ིསྙིང་ག་ཆོས་ཀྱི་འཁོར་ལོར་རླུང་སེམས་ཀྱི་དྭངས་མ་མི་ཤིག་ཐིག་ལེའི་དབྱིབས་སུ་ཞུགས་ནས་ཐིམ་པས་མངོན་པར་སངས་རྒྱས་བར་གསུངས་པ་ནི་འཇིག་རྟེན་གྱི་ཉི་མ་ཐོག་མར་འཆར་བའི་གནས་དང་། མཉམ་མེད་ཐུབ་པའི་བསྟན་པ་རིན་པོ་ཆེ་བྱང་ནས་བྱང་དུ་དར་ཞིང་རྒྱས་པར་ལུང་བསྟན་པ་བཞིན། འཕགས་ཡུལ་གྱི་བྱང་ཐུབ་པ་མཆོག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་གཉེེར་དུ་གཏད་པའི་གངས་ཅན་རྟེན་གྱི་སྣོད་བེམ་པོའ་ིདངོས་པོ་ས་རྡོ་རྣམས་ཀྱང་སྐུ་དང་ཡིག་འབྲུའི་བཀའ་རྟགས་རང་བྱོན་གྱི་བཀོད་པ་དང་། བརྟེན་པ་མིའི་འགྲོ་བ་བསྐྲུན། འཕགས་པ་ཉིད་གང་འདུལ་སྤྲུལ་པའི་རོལ་གར་སྣ་ཚོགས་རྒྱུན་མི་འཆར་པས་བྱིས་པ་སྨྲ་ཤེས་པ་ཚུན་ཆད་ཡི་གེ་དྲུག་པའི་སྒྲ་རྩོལ་མེད་དུ་འབྱུང་བས་སྣོད་བཅུད་གཉིས་ཀ་རི་བོ་གྲུ་འཛིན་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་གཡོ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་གྱི་གཙུག་ལག་ཁང་དུ་སློབ་དཔོན་སངས་རྒྱས་གཉིས་པ་ལྷོ་ནུབ་སྲིན་ཡུལ་དུ་གཤེགས་ཁར་རྗེ་འབངས་འདུས་པ་ཉེར་གཅིག་ལ་བཀའ་འདུས་ཆོས་ཀྱིི་རྒྱ་མཚོའི་ཆོས་འཁོར་བསྐོར་བ་དང་། བོད་སྲིན་མོ་གན་རྐྱལ་གྱི་ས་གནད་གནོན་པའི་སྙིང་དང་སྙིང་ཁྲག་གི་རུ་གནོན་འཕྲུལ་སྣང་དང་ར་མོ་ཆེའི་གཙུག་ལག་ཁང་གི་རྟེན་གཙོ་སྟོན་པའི་ཞལ་སྐྱིན་རྣམ་གཉིས་དང་རང་བྱོན་འཕགས་པའི་རྟེན་བཞུགས་སུ་གསོལ་བས་གཙོར་མཛད། མཐའ་འདུལ་དང་ཡང་འདུལ་རུ་གནོན་གྱི་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་དང་། ཁྱད་པར་འཕགས་ཡུལ་བཤད་སྒྲུབ་འབྱུང་བའི་གནས་བིཀྲ་མ་ཤཱི་ལ་ལ་དཔེ་བྱས་ཏེ་རི་རབ་གླིང་བཞི་ཉི་ཟླ་ལྕགས་རི་དང་བཅས་པའི་ཚུལ་དུ་ཡོད་པའི་ཆོས་འཁོར་ཆེན་པོ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། ཧས་པོ་རི་རྩེར་བྱོན་ནས་ནམ་མཁའ་ལ་རྡོ་རྗེའི་གར་དང་། དྲེགས་པ་ཟིལ་གནོན་གྱི་ཐ་ཚིག་བསྒྲགས་ནས་དགོངས་པས་གཟིར་བ་སོགས་ཀྱིས་མངའ་རིས་ནས་མདོ་ཁམས་བར་གྱི་ལྷ་སྲིན་ཆེ་ཕྲ་ཐམས་ཅད་དམ་ལ་བཏགས་ཤིང་ཆོས་ཀྱི་སྲུང་མར་བསྐོས། ལོ་པཎ་བསྡེབས་པ་ཡོངས་སུ་གྲགས་པ་བརྒྱ་རྩ་སྤྱན་དྲངས་པས་མཚོན་མདོ་སྔགས་ལུང་རྟོགས་ཀྱི་ཆོས་བཤད་ཉན་བསྒྱུར་གསུམ་དང་། བསྟན་པའི་སྦྱིན་བདག་ས་ལ་གནས་པའི་འཕགས་པ་རིགས་གསུམ་མགོན་པོ་ཆོས་སྐྱོངས་པའི་རྒྱལ་པོའི་ཚུལ་དུ་བསམ་བཞིན་བྱོན་ནས་རྒྱལ་བསྟན་རིན་པོ་ཆེ་དར་རྒྱས་ཡུན་དུ་གནས་པར་མཛད་པའི་མཆོད་ཡོན་ཐམས་ཅད་གདན་འཛོམས་པའི་ཕྱག་རྗེས་སུ་སྐུ་རྟེན་གཙུག་ལག་ཁང་གི་གཙོ་བོ་ར་ས་འཕྲུལ་སྣང་བོད་ཡུལ་དབུས་འགྱུར་འཆང་། ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་བསམ་ཡས། ཁྲ་འབྲུག་བྱམས་པ་མི་འགྱུར་ཏེ་གངས་ཅན་མཛེས་པའི་ཆོས་འཁོར་གསུམ་དང་འབྲེལ་བར་རྡོ་རྗེའི་གནས་ཆེན་པོ་གསུམ་དུ་མཆིམས་ཕུའི་རྗེ་འབངས་ཉེར་ལྔ། ཡེར་པའི་གྲུབ་ཆེན་བརྒྱད་ཅུ ། ཤེལ་བྲག་གི་སྔགས་པ་སུམ་ཅུ་སོགས་ཀྱིས་བསྟན་པ་སྙིང་པོ་འཕགས་ཡུལ་ལས་ཀྱང་ལྷག་པའི་གསར་རྙིང་རིགས་སུ་མ་ཆད་བའི་སྡེ་སྣོད་གསུམ་དང་། རྒྱུད་སྡེ་ཆེན་པོ་བཞིའིི་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་དར་བ་གངས་ཅན་གྱི་ལྗོངས་སུ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་། གསུང་རྟེན་མདོ་སྔགས་རིག་གནས་དང་བཅས་བསྒྱུར་བཤད་ཉན་གསུམ་མཛད་པའི་ཐུགས་རྟེན་དབུ་ཟླུམ་མདོའ་ིསྡེ་དང་། གོས་དཀར་ལྕང་ལོའ་ིསྡེ་གཉིས་ཀྱིས་དགེ་འདུན་འདུས་པའི་སྡེའི་ཐུགས་བསྐྱེད་དང་སྨོན་ལམ་ཕྲིན་ལས་ཀྱི་ཤིང་རྟས་ཕན་བདེའི་རྩ་ལག་རྒྱལ་བསྟན་རིན་པོ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ཡུན་རིང་དུ་གནས་པའི་བཀྲ་ཤིས་ཤོག། །དེ་ལྟར་བཤད་པ་དེ་དག་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་གནད་དུ་དྲི་ལན་གསང་སྔགས་ཀྱི་བསླབ་པའི་མཐའ་བཅུའམ་དྲུག་ཏུ་འདུས་པར་ཤེས་པར་བྱ་སྟེ། རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། དེ་ལ་རྒྱུད་ལུང་མན་ངག་གི༔ ཁྱད་པར་འདིི་ལྟར་ཤེས་བྱ་སྟེ༔ སྟོན་པས་བཀའ་སྩལ་རྒྱུད་ཡིན་ལ༔ ཞུ་བ་པོ་ཡིས་བསྡུས་པ་ལུང་༔ དེ་ལ་དཀྱུས་དང་དཀྲུགས་དང་གབ༔ ཇི་བཞིན་གསལ་བ་མན་ངག་སྟེ༔ ཅེས་གསུངས་པའི་དོན་ལ་རྒྱུད་ཐོབ་པས་གྲོལ་རྟ་ཕོ་སྒྲོགས་སུ་བཀྲོལ་བ་ལྟ་བུའི་བླང་དོར་གྱི་མིག་ཕྱེད། བར་དུ་སྒོ་ཀུན་ནས་ཚོལ་བ་བུང་བ་ཚང་ཚོལ་བ་ལྟ་བུའི་མང་དུ་ཐོས་པའི་སྙིང་པོའ་ིམཛོད་བསགས། མཐར་མདོ་གཅིག་ཏུ་བསྡུས་པ་ཚོང་པ་ཁེ་ཚོལ་བ་ལྟ་བུའི་དོན་གནད་དུ་ཕོག་པས་ཐོས་པས་རྒྱུད་དོན་ཤེས་བསམ་པས་ལུང་གི་དོན་གནད་དུ་བརྡེག་ནས་ཉམས་སུ་བླངས། སྒོམ་པས་མན་ངག་གི་གནད་རིག་ནས་ཐེ་ཚོམ་མེད་པའི་གདིང་ཐོབ་སྟེ། མཁས་པའི་ཕུལ་དུ་ཕྱིན་པ་རི་མཐོན་པོའ་ིརྩེར་ཕྱིན་པ་ལྟ་བུའི་བསླབ་པ་བཞིའི་སྒྲོ་འདོགས་བཅད་པའི་སྟེང་ཉམས་ལེན་གྱི་ལམ་ཀྱང་། སྔ་མ་ལས། རྟག་ཆད་ལས་གྲོལ་ལྟ་བ་དང་༔ ཡུལ་དུས་འབྲེལ་བའི་སྤྱོད་པ་དང་༔ དཀྱིལ་འཁོར་ཕྱག་རྒྱ་གསལ་རྫོགས་དང་༔ ཕྲིན་ལས་བཞི་ཡི་མཐའ་བསྒྱུར་དང་༔ འཇུག་སྒོ་དབང་གི་བྱེ་བྲག་དང་༔ དེ་ཡི་སྲོག་འཛིན་དམ་ཚིག་དང་༔ ལྷ་ཡི་སྙིང་པོ་སྲོག་སྔགས་དང་༔ བདེན་པའི་མཐུ་ཅན་ཕྱག་རྒྱ་དང་༔ ལྷ་དང་སྙིང་ཉེར་བསྙེན་པ་དང་༔ ཚོམས་བུ་ཚོགས་ཀྱི་སྒྲུབ་པ་དང་༔ བསོད་ནམས་ཚོགས་སྤེལ་མཆོད་པ་སྟེ༔ རྒྱུད་ཀྱི་དངོས་པོ་བཅུ་གཅིག་གི༔ མདོ་ཚངས་ཡིན་པས་མཁས་པས་བཟུང་༔ ཞེས་གསུངས་པ་མཚན་ཉིད་ཐེག་པས་ཕ་རོལ་ཏུ་ཕྱིན་པ་བཅུའི་བདག་ཉིད་དུ་བསྟན་པ་གང་རིམ་པའི་དབང་གིས་བསྒྲོད། གཞི་དམ་ཚིག་གིས་བཟུང་། ཐག་ལྟ་བས་བཅད། ཉམས་སུ་ཏིང་ངེ་འཛིན་གྱིས་བླངས། ལམ་སྤྱོད་པས་དོར། དོན་མན་ངག་གིས་སྒྲུབ་པའི་མཐའ་དྲུག་ཏུ་འདུས་ཏེ་དབང་དཀྱིལ་འཁོར་ལ་བསྟེན་དགོས་པ་དང་། བསྙེན་སྒྲུབ་མཆོད་པ་སྔགས་ཕྱག་རྒྱ་ཐམས་ཅད་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་ཚོགས་དགོས་པ་དང་། དེ་ཐམས་ཅད་ལས་ཕྲིན་ལས་འབྱུང་བའི་ཕྱིར་སྤྲོས་པ་ཙམ་སྟེ། དེ་ལྟར་ཉམས་སུ་བླང་བས་ལྟ་བ་ཆོས་ཉིད་ཀྱི་རྫོགས་ཟིན་པས་ཐེ་ཚོམ་གྱི་འཕྲང་ལས་གྲོལ། སྒོམ་པ་གསལ་འགྲིམ་མེད་པས་བྱིང་རྒོལ་གཉིས་འཛིན་གྱི་འཕྲང་ལས་བརྒལ། སྤྱོད་པས་འཁོར་འདས་ཀྱི་སྲོག་འཕྲོག་པས་ཐེག་དམན་གྱི་འཕྲང་ལས་གྲོལ་བའི་ཕྱིར། མ་ཧཱ་ཡོ་གའི་བསྐྱེད་རིམ་གསལ་བ་གསུམ་གྱིས་ཉམས་ལྔ་མཐར་སོན་ནས་དེ་ལ། ཨ་ནུས་རྫོགས་རིམ་གྱི་རྣམ་འབྱོར་ཟབ་མོའ་ིརྒྱས་ཐེབས་པས་བོགས་དབྱུང་སྟེ། རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཆེ༔ ལྷུན་གྲུབ་རིག་འཛིན་རྣམ་པ་བཞིའི༔ གོ་འཕང་མཆོག་ལ་གནས་པའོ༔ ཞེས་པ་ལྟར་ལམ་ལྔ་ས་བཅུའི་སྤངས་རྟོགས་བསྒྲོད་པས་རིག་འཛིན་བཞིའི་གོ་འཕང་མངོན་དུ་བྱེད་ཚུལ་རྒྱས་པ་རིག་འཛིན་འདུས་པའི་གབ་བྱང་ལས་འབྱུང་བ་བཞིན་མཐར་སོན་པས་ཕྱི་དགྲ་ང་ཡིར་འཛིན་པ་ལས་བྱུང་བའི་འབྱུང་བཞིའི་གནོད་པ་དང་དགྲ་བགེགས་ཀྱི་འཚོ་བ། ནང་དགྲ་ངར་འཛིན་ལས་བྱུང་བའི་ནད་དང་ཉོན་མོངས། གསང་དགྲ་གཟུང་འཛིན་འཁྲུལ་རྟོག་འཕོ་བའི་བག་ཆགས་དག་པས་འཇིགས་པའི་དགྲ་གསུམ་སོད་དེ། ཐབས་སྦྱོར་སྒྲོལ་གྱི་སྤྱོད་པ་རྨད་དུ་བྱུང་བས་ཉོན་མོངས་དུག་ལྔ་ཡེ་ཤེས་ལྔར་དག་ཅིང་དགག་སྒྲུབ་བླང་དོར་ལས་འདས་པའི་རིག་པ་ནམ་མཁའ་ལྟ་བུའི་དགོངས་པ་ཀློང་དུ་གྱུར་པས་ཉོན་མོངས་པའི་བདུད་ཚོམས། ཐ་མལ་གྱི་ཕུང་ཁམས་དྭངས་མའི་ཐིག་ལེར་སྨིན་ཏེ་རིགས་ལྔ་གདན་གསུམ་གྱི་འཁོར་ལོར་ཤར་བས་དངོས་འཛིན་གྱི་བདག་དག་པས་ཕུང་པོའ་ིབདུད་ཚོམས། སྣང་བརྟགས་ཤེས་བྱའི་ཆོས་ལ་བདག་མེད་རོ་མཉམ་ཆེན་པོའ་ིགཉིས་མེད་རང་བྱུང་གི་ཡེ་ཤེས་རྟོགས་པས་བསླུ་བྲིད་ལྷའི་བུའི་བདུད་ཚོམས། སྐྱེ་འཆི་བར་དོའ་ིམཚན་རྟོགས་ཀ་ནས་དག་པས་ཡེ་གནས་གསལ་འགྲིབ་མེད་པ་ཆོས་སྐུའི་ངོ་བོར་འཆི་བདག་གི་བདུད་ཆོམས་ཏེ་ལས་ཉོན་རིགས་དྲུག་གི་གཡང་ས་ཤེར་ཏིང་གི་ནུས་པས་ཆོད་ནས་དོན་གཉིས་ལྷུན་གྲུབ་སྲིད་ཞིའི་སྤྱི་དཔལ་ཆེན་པོའ་ིསྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཀྱི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་གོ་འཕང་བདེ་བླག་མངོན་དུ་བྱེད་པའི་ཚུལ་ཏེ་དཔལ་ཆེན་ཞལ་ལུང་འདི་ལ་ནང་རྒྱུད་ཡོ་ག་གསུམ་གྱི་ཟབ་གནད་རྒྱ་ཆེར་བཞུགས་པ་ལས། སྐབས་སུ་བབ་པ་མ་ཧཱ་ཡོ་གའི་ལམ་གནད་གལ་ཆེ་བ་དཔལ་འདུས་སུ་སྦྱར་འོས་པ་དག་འཕྲོས་དོན་གྱི་ཚུལ་དུ་རང་བློས་ཇི་ལྟར་དཔོག་ཚོད་འདུས་གསལ་དུ་སྨོས་ཟིན་ཏོ།། །།མཁྱེན་གཉིས་དཀྱིལ་འཁོར་རྫོགས་པའི་ཡེ་ཤེས་རྩལ། །ལྔ་བདོའ་ིའགྲོ་བ་རྗེས་བརྩེའི་ཉིན་མོར་བྱེད། །རྨད་བྱུང་ཕྲིན་ལས་འོད་ཟེར་མཁའ་ཁྱབ་ཞིང་། །སྤྲོ་མཛད་ཀུན་མཁྱེན་ཁྱོད་མཚུངས་གཞན་སུ་ཞིག །མཚན་དཔེའི་ཞལ་མཇལ་སྐལ་པ་ཕྲ་ན་ཡང་། །ངེས་གསང་དགོངས་བཅུད་ཆོས་སྐུའི་མཆོད་སྡོང་ཆེ། །མངོན་སུམ་སྤྱོད་ལ་ཡིད་ཆེས་དད་པ་དང་། །ལྷག་པའི་བསམ་པའི་བསྙེན་བཀུར་ཕྲ་མོ་ཞུས། །ཆ་ཤས་ཙམ་ལ་རྒྱུད་ཀྱི་དངོས་པོ་ཀུན། །རྫོགས་པས་རྡོ་རྗེའི་ཚིག་གི་རྒྱ་དཀྲོལ་ལ། །ལེགས་བཤད་དབྱངས་ཀྱི་རྒྱལ་མོའ་ིམགྲིན་པའི་གླུ། །ཆོས་དབྱིངས་ཁྱད་པར་བརྡལ་ཡང་ཟད་མི་ཤེས། །དེ་ལྟ་ན་ཡང་བློ་དང་འཚམས་པའི་ངག །གོ་སླ་གནད་འདུས་རང་དང་སྐལ་མཉམ་ལ། །ཕན་འདོད་ཁོ་ནས་དམ་པའི་ལེགས་བཤད་བཅུད། །སོར་མོའ་ིབུང་བས་བསྡུས་པའི་ཟེག་མ་ཙམ། །ཟབ་དོན་སྙིང་ཐིག་རྫོགས་ལྡན་ནོར་བུའི་སྤྲིན། །དུས་མཐའི་རླུང་གིས་དབྱིངས་སུ་སྡུད་ཉེ་ཚེ། །རྣམ་བཤད་ཐོ་རངས་སྐར་མ་འདི་ཙམ་ཡང་། །ཐེག་མཆོག་ཉིན་བྱེད་འདྲེན་པའི་ལྟས་སུ་རློམས། །མ་བརྟགས་གྱི་ནར་འཕྱན་པའི་ཅོལ་ཆུང་ལ། །བསྟན་པ་རི་མོའ་ིམར་མེས་བསླུ་ནུས་ཀྱང་། །བློ་ཁ་ནང་དུ་ཕྱོགས་པའི་ཆོས་འདོན་དག། །སྲིད་ན་གྲགས་རྗེས་མ་འབྲང་ཆོས་འདིར་ལྟོས། །མཁས་པའི་རྣམ་དཔྱོད་གྲུབ་པའི་ཉམས་མྱོང་གི ། དྲོད་ཚད་མ་ཡལ་ཞལ་རླངས་འདི་ཡིན་པས། །དད་བརྩོན་སྐལ་བཟང་གསེར་གྱི་སྣོད་མཆིས་ན། །སེང་གེའི་འོ་མ་ཐར་འདོད་བཅུད་དུ་ལོངས། །འདི་ལ་བརྟེན་ནས་རིག་འཛིན་གྲུབ་པའི་ཁྱུ། །གྲོལ་བ་མངོན་གྱུར་མཁའ་སྤྱོད་ཞིང་མཛེས་ཏེ། །བསྟན་འགྲོར་སྨན་པའི་ཕྲིན་ལས་མ་ཉམས་པ། །ད་ལྟའང་བཞུགས་པའི་ངོ་མཚར་གཟིགས་མཛོད་ཀྱེ། །དེ་ཕྱིར་བདག་རྨོངས་རྟོགས་པའི་གདེང་མེད་ཀྱང་། །ཡིད་ཆེས་དད་པའི་ཉེར་ལེན་ཁོ་ན་ཡིས། །ཆོས་འདི་ཐོས་བསམ་བྱས་པའི་ལག་རྗེས་ཕྱིར། །དེེད་དཔོན་རྒན་པོའ་ིརྒྱུས་ཡོད་ལམ་སྟོན་ལགས། །ཕ་མས་བཟང་པོའ་ིབསགས་པའི་གཅེས་དགུའི་དབྱིག། །རྗེས་འཇུག་བུའི་ཕྱིར་ཐང་མར་བརྡལ་བ་འདི། །རང་ནོར་ངོ་ཤེས་པ་ལས་གསེར་བཞིན་དུ། །སྙིང་པོ་ལེན་པ་བློ་ལྡན་ཅིས་མ་ཡིན། །ཐེག་མཆོག་ཆོས་འཛིན་རྣམ་དཀར་ཐམས་ཅད་ཀྱི། །ཕུལ་དུ་སོན་པ་རྒྱལ་བ་དགྱེས་པའི་སྤྲིན། །མ་ལུས་འགྲོ་ལ་སྨན་པའི་དབྱར་རྔ་བཅས། །རྣམ་གྲོལ་སྙེ་མས་འགྲོ་རྒྱུད་ཁེངས་གྱུར་ཅིག །རྣམ་གཡེང་འདུ་འཛིིའི་གོ་སྐབས་མི་ཕྱེད་པའི། །བྲག་རིའི་ཁང་བཟང་ལྗོན་བཟང་སྐྱེད་ཚལ་ཅན། །བྱ་དང་རི་དྭགས་རྩེ་བའི་མདུན་ས་དེར། །འདི་འདྲའི་མན་ངག་ཡིད་ཀྱི་བཅུད་འགྱུར་ཤོག །ཟིན་མེད་འདིར་སྣང་ཆུ་རིས་རྗེས་གཅོད་དང་། །ཆོས་ལྟར་བཅོས་པའི་ངན་སྤྱོད་རིང་སྤངས་ནས། །འབྲེལ་ཚད་གདོད་མའི་ནང་དབྱིངས་འོད་གསལ་ཆེར། །གྲོལ་བ་དྲུག་གི་ཕྲིན་ལས་ཡོངས་རྫོགས་ཤོག། །ཅེས་པའང་རང་ཉིད་ན་ཚོད་གཞོན་པའི་སྐབས་ལམ་འདིའི་བསྙེན་སྒྲུབ་ལ་བརྩོན་པའི་གཡར་ཁྲལ་གྱི་ཚེ། ཀུན་མཁྱེན་དངོས་ཀྱི་གསུངས་བསྙེན་ཡིག་ནི་བསྙེན་སྒྲུབ་རང་རྐྱང་གི་དམིགས་གནད་དམར་ཁྲིད་ཙམ་ལས་མེད་པས་རང་འདྲའི་བློ་དམན་ལ་ཉེར་མཁོའ་ིཆེད་ཟིན་ཐུན་འདི་ལྟ་བུ་ཞིག་བྲིས་པ། འཇམ་མགོན་བླ་མ་ངྷརྨ་མ་ཏི་དང་རྡོ་རྗེ་མཆེད་གྲོགས་རྣམས་ནས་དགྱེས་ཚུལ་གནང་བས་དབུགས་དབྱུང་ནའང་། དུས་ཀྱི་འགྱུར་བས་དཔེ་མི་སྣང་བར་གྱུར་པ་སླར་ཡང་ལྷོ་འབྲུག་གི་སྨན་ལྗོངས་བུམ་ཐང་ཐར་པ་གླིང་གི་འཇིགས་མེད་རྒྱལ་བའི་དབང་ཕྱུག་སོགས་སྤོངས་བ་པ་འགའ་ཞིག་དང་། བལ་ཡུལ་གྱི་བྱེ་བྲག་ནུབ་རིའི་བླ་མ་ཀརྨ་ཚུལ་ཁྲིམས་མཐར་ཕྱིན་ནས་ལམ་འདིའི་སྒྲུབ་གྲྭ་འཇུགས་པ་ལ་ཉེར་མཁོའ་ིཆེད། ལྷ་རྫས་ཀྱི་རྟེན་དང་བཅས་བསྐུལ་ངོར་མཁས་གྲུབ་ཀྱི་དབང་ཕྱུག་མདོ་ཁམས་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེས་སྒྱུ་འཕྲུལ་དྲྭ་བ་རྩ་བའི་དཀྱིལ་འཁོར་དུ་ཐོག་མར་སྨིན་པར་མཛད་པའི་སྐབས་སྩལ་བའི་མིང་། རང༵་བྱུང༵་འོད་༵གསལ༵་རྡོ་རྗེ་ཐུགས༵་མཆོག་རྩལ༵་ལམ་མིང་གཞན་འཇིགས༵་མེད་༵མཁྱེན་༵བརྩེའི་འོད་༵ ཟེར༵་དུ་ཡང་འབོད་པའི་ཀུ་ས་ལི། སྙིང་ཐིག་བཀའ་གཏེར་གྱི་གདམས་པའི་བདུད་རྩིའི་གསང་མཛོད་ཀྱིས་ཕྱུག་པའི་སྔགས་རིག་འཛིན་པས་ལྷོ་འབྲུག་གི་རྒྱལ་ཁབ་ཀྱི་བྱེ་བྲག་རྟ་བབ་བདེ་ཆེན་རྩེའི་སྨན་ལྗོངས་སུ་བསྙེན་སྒྲུབ་ལ་བརྩོན་པའི་ཐུན་གསེང་རྣམས་སུ་བྲིས་པ་འདིས་ཀྱང་ཀུན་བཟང་ཐུགས་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།དགེའོ།། །།


previousདཔལ་ཆེན་འདུས་པའི་ལས་བྱང་གི་དགོངས་དོན་ཅུང་ཟད་བཤད་པ་ཟབ་དོན་གསལ་བྱེད་རིན་ཆེན་སྣང་བ། རང་བྱུང་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ།next