Nitartha Digital Library
Tibetan
 
previousམཁའ་འགྲོ་བདེ་ཆེན་རྒྱལ་མོའི་སྒྲུབ་གཞུང་གི་འགྲེལ་བ་རྒྱུད་དོན་སྣང་བ། འཇིགས་མེད་དགེ་བའི་དཔལ་ཆེན།no next

མཁའ་འགྲོ་བདེ་ཆེན་རྒྱལ་མོའི་སྒྲུབ་གཞུང་གི་འགྲེལ་བ་རྒྱུད་དོན་སྣང་བ། འཇིགས་མེད་དགེ་བའི་དཔལ་ཆེན།


ARJ001_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་སྙིང་གི་ཐིག་ལེའི་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་སྒྲུབ་གཞུང་གི་འགྲེལ་བ་རྒྱུད་དོན་སྣང་བ་བཞུགས་སོ། །


ARJ001_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མའི་མགོན་པོ་ཡེ་ཤེས་ཐུགས་ཀྱི་བདུད་རྩིའི་མཚོར། །རྣམ་པར་རོལ་བ་རྒྱལ་བའི་ཐུགས་བསྐྱེད་པད་སྡོང་རྩེར། །འཇའ་ལུས་རྡོ་རྗེ་མཚན་དཔེ་ཀུན་རྫོགས་པདྨ་ཀཱར། །གང་གི་ཞལ་སྐྱིན་འཇིགས་མེད་གླིང་པར་སྙིང་ནས་འདུད། །རང་བཞིན་གདོད་མའི་དབྱིངས་ན་ཀུན་བཟང་མོ། །ཁ་སྦྱོར་ཡན་ལག་བདུན་ལྡན་ཝ་ར་ཧི། །སྣ་ཚོགས་སྤྲུལ་པའི་རང་ཞལ་མཚོ་རྒྱལ་ལྕམ། །སྐུ་གསུམ་མཉམ་ཉིད་དབྱིངས་ཀྱི་མཁའ་འགྲོར་འདུད། །གང་གི་གསང་གསུམ་རྡོ་རྗེའི་གོ་འཕང་ལ། །སྦྱོར་ཐབས་ཡང་གསང་དགོངས་པའི་གཏེར་བཅུད་ཀྱི། །སྒྲུབ་གཞུང་བདེ་བ་ཆེན་པོའ་ིདཔལ་ཕྲེང་ཉིད། །ཅུང་ཟད་བླ་མའི་ལུང་གིས་གསལ་བར་ཕྱེ། །དེ་ལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་རིག་འཛིན་ནང་བསྒྲུབ་ཀྱི་ཡུམ་བཀའ་མཁའ་འགྲོ་བདེ་ཆེན་རྒྱལ་མོའ་ིསྒྲུབ་གཞུང་རྣམ་པར་འགྲེལ་བ་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་སྦྱོར་བ་ལའང་བཤམས་ཆོ་གའི་སྔོན་འགྲོའ།ི ། དང་པོ་ནི། དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པུས༔ ཆོས་འབྱུང་དམར་པོ་ལྷ་མཚན་ཅན༔ དེ་སྟེང་བདེ་སྐྱོང་མདཱ་ནཿ ཡང་ན་རིན་ཆེན་སྨན་བཅུད་བསྟམསཿཤེལ་དང་མེ་ལོང་སྲོག་གི་རྟེནཿ ཕྱི་ནང་མཆོད་པས་མཐའ་མ་བསྐོར༔ ཞེས་པས་རིག་འཛིན་ཡབ་བཀའི་དཀྱིལ་འཁོར་དུ་དབང་རྫོགས་པར་ཐོབ་ཅིང་། བྱེ་བྲག་ཏུ་འདི་ཉིད་ཀྱི་བྱིན་རླབས་ཀྱིས་རྒྱུད་སྨིན་པར་བྱས་པའི་སྔགས་པ་དམ་ཚིག་དང་ལྡན་པས། མཁའ་འགྲོ་འདུ་བའི་གནས་ཁྱད་པར་ཅན་དུ་ས་བླངས། སྦྱང་བཟུང་། བསྲུང་སོགས་ས་ཆོག་དང་། ས་ལྷ། ལྷ་བུམ་པ། སློབ་མ་ལྟ་གོན་སོགས་སྤྱི་དོན་དང་གཞན་ཡང་རྒྱུད་སྤྱི་དང་བྱེ་བྲག་ནས་བྱུང་བ་བཞིན་སྔོན་དུ་སོང་ནས། ཐིག་ཆེན་བརྒྱད་བཏབ་སྟེ་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཟླ་གམ་སྒོ་གཅིག་མདུན་བསྟན་གྱི་དབུས་སུ་ཆོས་འབྱུང་དམར་པོ་བཾ་ཡིག་གིས་མཚན་པའི་མཐར་རྡོ་ར་དང་འོད་ཕྲེང་གིས་བསྐོར་བའི་སྟེང་། བྷཐྷབཟང་པོ་བསྲུབས་མེད་པ་ཆང་དང་ཆོས་སྨན་སིནྡྷུ་རས་བྲན་པ་ཉིད་ཡུན་རིང་བསྒྲུབ་ན་ཁ་མར་ཁུས་བཅད་པའམ། ཡང་ན་སྐམ་རྫས་རིན་པོ་ཆེ་དང་མགྲོན་བུ་སྨན་བཅུད་འབྲུ་སྣ་བཟང་པོས་བལྟམས་པས་ཀྱང་རུང་། དེའི་ཁར་མཁར་བེའི་མེ་ལོང་ལ་སིནྡྷུ་རས་བཅག་པར་གཞོན་ནུ་མའི་རྡུལ་གྱིས་ཆོས་འབྱུང་བསྣོལ་མར་བྲིས་པའི་དབུས་སུ་བཾ། མདུན་ནས་གཡས་བསྐོར་གྱིས་ཆོས་འབྱུང་གིས་གྲ་རེར་ཛྙཱ་ན་ཝཱ་ར་ཧཱི་ཧཱུཾཿ ཅེས་ཡིག་འབྲུ་རེ་བཀོད་པའི་སྟེང་ཤེལ་རྡོ་བཞག་སྟེ་ལྡིང་གུར་དམར་པོ་དབུབ། བདག་འཇུག་དང་འབྲེལ་ན་ཤེལ་རྡོའ་ིཚབ་དྲིལ་བུ་བཤམས། མདུན་དུ་གཏོར་མ་ཆོས་འབྱུང་བསྣོལ་མའི་སྟེང་དཔལ་གཏོར་ཟླ་གམ་དབྱིབས་ཅན་མཛེས་བྱེད་པདྨས་བརྒྱན་པ་མེད་ཀྱང་རུང་། གཏོར་མའི་མཐར་འབྲས་ཟན་གྱི་ཆན་ཉ་ཤ་སྒོ་བཙོང་འོ་ཆང་སོགས་མྱོས་བྱེད་ཀྱིས་བརྒྱན་ཀྱང་རུང་སྟེ་སྡོམ་བྱུང་ལས། གཏོར་མ་མྱོས་བྱེད་མེད་པར་ནི། །མྱུར་དུ་འགྲུབ་པར་མི་འགྱུར་རོ། །ཞེས་སོ། གཡས་གཡོན་དུ་ཕོ་མོའ་ིཐོད་པ་ཚད་ལྡན་ནམ། བཅོས་པའི་ཀཱ་པ་ལར། གཡས་སུ་ཆང་ལ་ཆོས་སྨན་དང་། གཡོན་དུ་རཀྟ་སོ་ལྔའམ་མ་འབྱོར་ན་རྩི་ཁྲག་གམ། སྲོག་ཆགས་ཀྱི་ཁྲག་གང་རུང་བཏབ་པ། རྒྱབ་ཏུ་མ་མགོན། གཟའ། ཚེ་རིང་མཆེད་ལྔའི་གཏོར་མ་བཤམས། ཕྱི་མཆོད་མགོ་གཡས་དང་ནང་མཆོད་མགོ་གཡོན་ནས་བརྩམས་པའི་སྒོར་མཆོད་དམ་སྦྲེང་ཚར། གཞན་ཡང་ཚོགས་ཀྱི་ཡོ་བྱད་དང་ཆད་བསྟན། དེ་མ་ཐག་དགོས་པའི་སྔོན་གཏོར། ཌཱ་དྲིལ་འཐོར་ནས་སོགས་ཀྱང་འདུ་བགྱིས་ཏེ། བསྙེན་པའི་སྐབས་སྟན་འོག་ཏུ་ཀུ་ཤ་དང་རྒྱ་གྲམ་བཏང་། ཕྱི་ནང་གི་མཚམས་གཅོད་པ་སོགས་ཀྱང་སྤྱི་བཞིན་བྱ། དཀྱིལ་འཁོར་ཞལ་ཤར་དང་རང་ཉིད་ཁ་ནུབ་ཕྱོགས་ཨོ་རྒྱན་གྱི་ཞིང་དུ་ཕྱོགས་ཏེ་འདུག་གོ། གཉིས་པ་ཆོ་གའི་སྔོན་འགྲོར་ཐུན་མོང་དང་ཁྱད་པར་གཉིས་ལས། དང་པོ་ནི། རང་ཉིད་དལ་འབྱོར་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་ལུས་འདི་རྒྱུ་རྐྱེན་གྱིས་རྙེད་པར་དཀའ་བ། དེ་མྱུར་དུ་འཇིག་པའི་ངང་ཚུལ། ལས་དང་དེའི་འབྲས་དཀར་ནག་མི་ཟད་པ་མྱོང་བ། ཐོག་མཐའ་མི་མངོན་པའི་འཁོར་བའི་སྡུག་བསྔལ་གྱི་རང་བཞིན། དེ་ལས་ལྡོག་སྟེ་ཐར་བའི་ལམ་དུ་ཞུགས་པའི་ཕན་ཡོན། དེའི་ལམ་ཚུལ་བཞིན་ཤེས་པ་ལ་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ལ་རག་ལས་པར་བསམ་པ་སོགས་ཐུན་མོང་དང་། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ནས་སྡོམ་པ་མཐའ་དག་རྒྱུད་ལ་བསྟེན་པར་བྱེད་པ་སྐྱབས་སུ་འགྲོ་བ། ཐེག་པ་ཆེན་པོའ་ིསྒོར་ཞུགས་ནས་དམན་སེམས་བཏང་སྟེ་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་དམ་བཅའ་བཟུང་བ་སེམས་བསྐྱེད། དེའི་ཆེད་དུ་རྣམ་མཁྱེན་གྱི་གོ་འཕང་སྒྲུབ་པར་བྱེད་པ་ལ་འགལ་རྐྱེན་སྡིག་སྒྲིབ་ཞི་བར་བྱེད་པ་རྡོར་སེམས་བསྒོམ་བཟླས། མཐུན་རྐྱེན་ཚོགས་རྫོགས་པར་བྱེད་པ་མཎྜལ། བྱིན་རླབས་མྱུར་དུ་རྒྱུད་ལ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་རིམ་པ་རྣམས་འདིའི་གཞུང་གི་ཁྲིད་རྣམས་སུ་རྗེ་བླ་མས་གསུངས་ན། ཡན་ལག་བརྒྱད་ལྡན་གྱི་རྫིང་བུའི་འགྲམ་དུ་བ་ཚྭ་ཅན་གྱི་ཁྲོན་པ་མི་འགྲུའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་འགལ་རྐྱེན་བསལ་བ་དང་། མཐུན་རྐྱེན་བསྒྲུབ་པའོ། །དང་པོ་ལའང་གཉིས་ཀྱི་དང་པོ་འགལ་རྐྱེན་བསལ་བ་དངོས་ནི། །གཞུང་དུ་མ་བཤད་ཀྱང་དགོངས་པ་གཅིག་པས་ཡབ་བཀའ་ནས་བླངས་ཏེ། །གཏོར་མ་རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། ཨ་ཀ་རོའམ་བསྡུ་ན་འབྲུ་གསུམ་གྱིས་བརླབས་ལ། འདོད་པ་ཁམས་ཀྱི་དབང་ཕྱུག་དང་དེའི་འཁོར་སྡེ་རིགས་སུ་རྟོགས་ཚད་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པ་ཡིན་པས། དེ་འདུལ་བའི་གཉེན་པོར་འདི་ཉིད་ཀྱི་ལས་ཐམས་ཅད་པའི་ལྷ། ཧྲཱི༔ ཞེས་པ་ལས་བདག་ཉིད་རྟ་མགྲིན་པདྨ་དབང་གི་སྐུ་ལོག་འདྲེན་རྣམས་ཀྱི་བལྟར་མི་བཟོད་ཅིང་། བགེགས་རིགས་འདུལ་བའི་གཤེད་པོར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ལ། སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་འདིརཿ ཀླགས་བལྟ་བར་གཅོད་བདུད་ཀྱི་རིགསཿ གཏོར་མ་ལོང་ལ་གཞན་དུ་དེངསཿ བཀའ་ལས་འདས་ན་རྡོ་རྗེས་གཞོམཿ ཞེས་རྐང་གསུམ་གྱིས་བཀའ་བསྒོ་བ་དང་། གཅིག་གིས་སྡིག་ཤིང་གཟིར་བ་བསྟན་ཏེ། །དེ་ཡང་སྣོད་བཅུད་ཡེ་ནས་གཞལ་ཡས་ཁང་དང་ལྷའི་རང་བཞིན་དུ་གནས་པ་ལ་གནས་པར་ཤེས་པའི་སྤྲུལ་པ་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་དུ་ལམ་ལ་ཞུགས་པའི་གང་ཟག་གིས་བསྒོམས་པར་བྱེད་པ་འདིར་ཕྱོགས་ནས་གློ་བུར་དུ་ལྷགས་པའི་བགེགས་རིགས་འབྱུང་པོ་དང་། ས་གཞི་འདིར་གཉུག་མར་གནས་པའི་ནག་ཕྱོགས་ཀྱི་འབྱུང་པོ་རྣལ་འབྱོར་པ་ལ་ཀླགས་བལྟ་ཞིང་། བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པ་དང་། གསང་སྔགས་ཟབ་མོ་ཉམས་སུ་ལེན་པ་ལ་བདུད་དུ་ལྡང་བའི་རིགས་ཀུན་མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ལོང་ལ་ས་ཕྱོགས་གཞན་རྒྱ་མཚོ་ཆེན་པོའ་ིཕ་མཐའ་ལ་སོགས་ཕར་དེངས་ཤིག གལ་ཏེ་བདག་ཉིད་དབང་ཆེན་པདྨས་བཀའ་བསྒོས་པ་དེ་ལས་མདའ་བར་བྱེད་ན་ལུས་ངག་ཡིད་གསུམ་རྡོ་རྗེ་ཅན་གྱི་ཁྲོ་བོ་མེ་རབ་ཏུ་འབར་བའི་སྤྲུལ་པ་མང་པོ་སྤྲོས་ཏེ་རྡོ་རྗེས་རྡུལ་ཕྲན་བཤིག་པ་བཞིན་དུ་གཞོམ་པས། དེ་བས་མ་སྡོད་པར་ཕྱིར་དེངས་ཤིག་ཅེས་པའོ། །ཧཱུྃ་བཞིའི་སྔགས་ནི་སྤྱི་ཁྱབ་ཏུ་གྲགས་ཆེ་བས་ཅུང་ཟད་འགྲེལ་ན། ཨབཱ་སྐྱོང་བའི་དབྱིངས་ལ་མ་ནི་ཎྲ་རྐྱེན། ཨིཎྲ་རྗེས་འགྲེལ། ཚ་བ་དག་གི་ཨུདྲ་སཱ། བཱ་ཨུཌ། ཌ་རྗེས་འབྲེལ། ཨུ་ཨོ། རྟགས་དོན་སི་པིད་བྱི། རྟགས་མཐའི་ནཱ་ཕྱིས། མ་སྲོག་མེད་ད་རོར་བྱས་པས་ཨོཾ་གྲུབ་པས་འགྲོ་བ་ཐུགས་རྗེས་ཉེ་བར་སྐྱོང་བའམ། ཨ་ཨོ་མ་གསུམ་འདུས་པས་སྐུ་གསུང་ཐུགས་ཀྱི་དོན། སུམ་བྷ་གནོད་མཛེས། ནི་སུམ་བྷ་ངེས་པར་གནོད་མཛེས་ཧཱུཾ་ཧཱུཾ་ནི་རྩེ་མོ་ལས། སྡུག་བསྔལ་འཆོས་ཤིང་འཇོམས་བྱེད་ཅིང་། སྲིད་པའི་ཞགས་པ་གཅོད་པར་བྱེད། གདུག་པ་བསྡངས་ཤིང་གསོད་བྱེད་པའི། །ཧཱུཾ་ནི་མཆོག་ཏུ་དྲན་པར་བྱ། ཞེས་དང་། ཕཊ་ཀྱང་དེ་ཉིད་ལས། གདུག་ཅིང་སྡུག་བསྔལ་འཇོམས་བྱེད་ཅིང་། བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་དགྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་པའོ། །གྲིཧྞ་གིཧྞ། བཟུང་བཟུང་། གིཧྞ་པ་ཡ། གྲྀཧྣ་པ་ཡ། ཟུངས་ཤིག ཟུངས་ཤིག ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིརྱར་ཛ་ཡ་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཤིན་ཏུ་ཐོབ། ཧཱུཾ་ཧཱུཾ་ཕཊ་གོང་དང་འདྲའོ། །སྤྱིར་སྔགས་འདི་སྔ་འགྱུར་གྱི་གཞུང་ལས་ཀྱང་གསུང་མོད་ཀྱིས། །གསར་མའི་རྒྱུད་མངོན་རྫོགས་བླ་མ་ནས་གསུངས་པ་བཤད་མ་ཐག་པ་དང་། བདེ་མཆོག་རྩ་རྒྱུད་ལས། བྷ་ག་ཝཱན་བཛྲ་ར་ཛ་ཡ་ཏེ་བཅོམ་ལྡན་འདས་རྡོ་རྗེ་རྒྱལ་པོས་ཤིན་ཏུ་ཐོབ་ཀྱི་ཁྱད་ཙམ་གསུངས་སོ། །གཉིས་པ་སྲུང་འཁོར་ནི། །དེ་ལྟར་གེགས་གཏོར་གྱི་གེགས་རྙིང་པ་རྣམས་བཟློག་ནས་འདིས་སྔ་མ་རྣམས་སླར་མི་འཇུག་བ་དང་། གསར་པ་དག་ཀྱང་བསྲུང་བར་བྱེད་དེ། །ཧཱུཾཿ སྣང་སྲིད་དག་པ་རབ་འབྱམས་ལཿ གེགས་དང་བར་གཅོད་མིང་ཡང་མེདཿ གློ་བུར་རྣམ་རྟོག་འཁྲུལ་བའི་གདོནཿ ཆོས་དབྱིངས་ངང་དུ་མཚམས་བཅད་དོཿ ཞེས་པ་སྣང་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། སྲིད་པ་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའ་ིརང་བཞིན་དུ་ཡེ་ནས་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་གྲུབ་པ་ལ། བགེགས་རིགས་འབྱུང་པོས་མི་མཐུན་པར་བལྟ་བ་དང་། བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་མིང་ཙམ་ཡང་དྲོད་ཐོབ་པའི་རྣལ་འབྱོར་གྱི་ངོར་མེད་ན་ཡང་། དེ་ལྟ་བུའི་ཀློང་དུ་མ་གྱུར་པའི་སྣང་ངོར་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་བཞིན་དུ་མེད་བཞིན་པའི་གློ་བུར་གྱི་རྣམ་པར་རྟོག་པ་རང་ངོ་ལ་འཁྲུལ་པའི་གདོན་རིགས་རང་ཤར་ཏེ། སྒྱུ་འཕྲུལ་མེ་ལོང་ལས། སྣམ་རྟོག་འདུ་ཤེས་ཀུན་སྤངས་ན། །བགེགས་ཀྱི་སྦྱོར་བ་ཡོད་མི་འགྱུར། །དེ་བས་རྣམ་རྟོག་བགེགས་ཡིན་པར། །ཡང་དག་རིགས་པ་ཉིད་ཀྱིས་གསུངས། །ཞེས་པས་རྣམ་རྟོག་སྤྲོས་པའི་མཚན་མ་ཐམས་ཅད་ཆོས་ཀྱི་དབྱིངས་དོན་དམ་པའི་རང་བཞིན་གྱི་ངང་དུ་གནས་པ་ལས་ཐ་མལ་དུ་མི་འདའ་བས་མཚམས་བཅད་དོ། །ཞེས་བློ་རབ་རྣམས་ཀྱིས་དེ་ལྟར་གོ་བར་བྱ་ལ། །ལས་དང་པོ་པས་བགེགས་རྒྱ་མཚོའི་ཕ་མཐར་འདེད་པའི་ཁྲོ་བོ་རྣམས་སླར་འདུས་པ་དང་རང་གི་སྙིང་ཁའི་འོད་ཟེར་གཉིས་གཅིག་ཏུ་གྱུར་པ་ལས། རྡོ་རྗེའི་གུར་ཁང་ཟླུམ་པོ་རྡོ་རྗེའི་ས་གཞི་དྲ་བ་དང་བླ་བྲེ། ཏོག་ལ་སོགས་པ་མཐར་ཇེ་ཆུང་ཇེ་ཆུང་གིས་ཞལ་བར་བྱས་ཤིང་། །མེ་དཔུང་ཁྲོ་བོ་མཚོན་ཆ་སྣ་ཚོགས་རྩེ་མོ་ཕྱིར་བསྟན་གྱིས་བསྲུང་བར་བསམ་མོ། གཉིས་པ་མཐུན་རྐྱེན་བསྒྲུབ་པ་ལ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་མཆོད་རྫས་བརླབ་པ་གསུམ་ལས། དང་པོ་ལ་བདུན་གྱི་དང་པོ་སྐྱབས་སུ་འགྲོ་བའི་གང་ཟག་ནི་ནང་བ་སངས་རྒྱས་པའི་བསྟན་པ་ལ་ཞུགས་ཤིང་དཀོན་མཆོག་ལ་སྐྱབས་སུ་འགྲོ་བར་ཁས་བླངས་པའི་གང་ཟག་སྡོམ་ལྡན་ནོ། །གཉིས་པ་རྒྱུ་གང་གིས་སྐྱབས་སུ་འགྲོ་བ་ནི་རང་ཉིད་འཁོར་བའི་སྡུག་བསྔལ་ལ་འཇིགས་པ་དང་། །དཀོན་མཆོག་གི་ཡོན་ཏན་ལ་དད་པ་དང་། ཕ་མར་གྱུར་པའི་སེམས་ཅན་སྙིང་རྗེ་བ་སྟེ་གསུམ་མོ། གསུམ་པ་དུས་ནམ་གྱི་བར་དུ་སྐྱབས་སུ་འགྲོ་བ་ནི་རྒྱུའི་སྐྱབས་འགྲོ་ནམ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་དང་། འབྲས་བུའི་སྐྱབས་འགྲོ་དེ་ནས་ཀྱང་འདུ་འབྲལ་མེད་པའི་ཚུལ་གྱིས་སོ། །བཞི་པ་སྐྱབས་སུ་འགྲོ་བའི་ཡུལ་ལ་གཉིས་ལས། རང་བཞིན་གནས་ལུགས་ཀྱི་སྐྱབས་འགྲོ་ནི། སྐྱེ་མེད་ཡེ་ཤེས་མཁའ་འགྲོའ་ིསྐུཿ འགགས་མེད་རང་བྱུང་རྣལ་འབྱོར་མཿ རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལཿ འདུ་འབྲལ་མེད་པར་སྐྱབས་སུ་མཆིཿ ཞེས་པ་ལ་གསུམ། དང་པོར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པའི་གཤིས་ཡེ་གྲོལ་ཆེན་པོའ་ིཆོས་ཉིད་ཤེས་པ་ནམ་མཁའ་ལྟ་བུའི་ཀློང་དུ་ཐུགས་རྗེའི་བྱེ་བྲག་ཅིར་ཡང་ཁྱབ་པར་འགྲོ་བས་མཁའ་འགྲོའ་ིསྐུ་སྟེ། སློབ་དཔོན་ཆེན་པོ་པདྨས་མཛད་པའི་ཡང་དག་གི་གསང་འགྲེལ་ཆེན་མོར། ཡེ་ཤེས་དང་ཐུགས་རྗེ་ནམ་མཁའི་ཁམས་སུ་ཁྱབ་པར་འགྲོ་ཞིང་དོན་མཛད་པའི་ཕྱིར་མཁའ་འགྲོ་མ་ཞེས་གསུངས་སོ། དེ་ལ་སྐྱེ་མེད་ཀྱི་གནས་ལུགས་ལ་ཚིག་གི་མཐའ་དཔྱད་པ་དང་དོན་གྱི་ཐོག་ཏུ་དབབ་པ་གཉིས་ལས། དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྩ་ཤེར། བདག་ལས་མ་ཡིན་གཞན་ལས་མིན། གཉིས་ལས་མ་ཡིན་རྒྱུ་མེད་མིན། དངོས་པོ་གང་དང་གང་ལ་ཡང་། སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས། ཕྱི་ནང་གི་དངོས་པོ་ཐམས་ཅད་རང་ཉིད་དངོས་པོར་གྲུབ་ཟིན་པ་ལས་རང་སྐྱེན་ནི་སྐྱེ་བ་ནི་དེ་ཉིད་ཐོབ་པའི་ཕྱིར་དུ་ཡིན་ན་ཐོབ་ཟིན་པ་སྐྱེ་བའི་དགོས་པ་མེད་པ་དང་། སྐྱེ་བ་ཐུག་མེད་དུ་འགྱུར་ཏེ་སྐྱེས་ཟིན་པའི་ས་བོན་ཉིད་ཡང་ནས་ཡང་དུ་སྐྱེ་བའི་ཕྱིར་ཏེ། འཇུག་པ་ལས། དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོགས་པར་འགྱུར་ན་ནི། །དེ་ཕྱིར་མྱུ་གུ་སོགས་ཀྱི་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང་། །ཞེས་སོགས་ཀྱི་བཀག་གོ། །ཅི་སྟེ་གཞན་དུ་གྱུར་པའི་རྐྱེན་ཞིག་ལས་འབྲས་བུ་སྐྱེ་བར་འགྱུར་སྙམ་ན། རང་བཞིན་ཐ་དད་པའི་རྒྱུ་ལས་རང་བཞིན་ཐ་དད་པའི་འབྲས་བུ་སྐྱེ་ན་མར་མེའི་འོད་ལས་ཀྱང་མུན་པ་འཐུག་པོ་འབྱུང་བར་འགྱུར་ཏེ་གཞན་ཡིན་པའི་ཕྱིར་དང་། རྒྱུར་གྱུར་མ་གྱུར་ལས་འབྲས་ཡིན་མིན་ཐམས་ཅད་སྐྱེ་སྟེ་སྔ་མ་ལས། གཞན་ལ་བརྟེན་ནས་འགའ་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང་། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །བསྐྱེད་པར་བྱེད་པ་མ་ཡིན་མ་ལུས་པ་ཡང་གཞན་ཉིད་མཚུངས། །ཞེས་སོ། །ཡང་བདག་གཞན་རེ་རེ་བ་ལས་མི་སྐྱེ་སྟེ་གཉིས་ཀ་ཚོགས་པ་ལས་སྐྱེའོ་ཞེ་ན་ཡང་། བཤད་མ་ཐག་པའི་ཉེས་པ་གཉིས་ཀ་ཐོག་ཏུ་འབབ་པ་ཞིག་སྟེ། འཇུག་པ་ལས། གཉིས་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་གང་གི་ཕྱིར། །བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཡིན་ཕྱིར་རོ། །ཞེས་སོ། །ཡང་དངོས་པོ་གང་ལ་ཡང་རྒྱུ་མེད་དེ་ངོ་བོ་ཉིད་ཀྱི་འབྱུང་བའོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། བྱ་རོག་ལ་རྨ་བྱའི་མདོངས་འབྱུང་བ་དང་། རི་བོང་ལ་རྭའི་རྭ་སྐྱེ་བ་དང་། སྒོ་ང་ལ་རྟའི་སྤུ་བྱུང་བ་སོགས་སུ་འགྱུར་ཏེ་རྒྱུ་མེད་ལས་འབྱུང་བར་སྙམ་པ་དང་། འཇིག་རྟེན་པ་མཐུན་པའི་ས་བོན་གདབ་པའང་དོན་མེད་དུ་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར། སྔ་མ་ལས། གལ་ཏེ་རྒྱུ་མེད་ཁོ་ནས་ལྟ་ཞིག་འགྱུར་ན་ནི། །དེ་ཚེ་མཐའ་དག་ཐམས་ཅད་ལས་ཀྱང་རྟག་ཏུ་སྐྱེ་འགྱུར་ཞིང་། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡི་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པ་བྱེད་པ་ཡང་མི་འགྱུར་ཞེས་མཐའ་བཞི་བཀག་པའི་རིག་པ་ཉིད་ཀྱི་དངོས་པོ་རྣམས་ཀྱི་རང་བཞིན་ནམ་ངོ་བོ་སྐྱེ་མེད་དུ་བསྒྲུབ་ཏེ། སློབ་དཔོན་འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལས་ཕྱོགས་ནི་ཡོད་མིན་པས། །དེ་ལ་ཡུན་ནི་རིང་པོ་ནའང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་དང་། ཀླུ་སྒྲུབ་ཀྱིས་རིན་ཆེན་སྒྲོན་མར། གལ་ཏེ་དངོས་ཞིག་ཡོད་ན་ནི། །ཁས་ནི་བླང་བར་བྱ་དགོས་ན། །དངོས་པོ་སྐྱེ་བ་མེད་ཉིད་ལ། །ཁས་ནི་བླང་བར་ཇི་ལྟར་བྱ། །ཞེས་དང་། གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་བཤམ་གྱི་ནི་བུ་བཞིན་ནོ། །ཞེས་སོ། །གཉིས་པ་དོན་གྱི་ཐོག་ཏུ་དབབ་པ་ནི། །བཤད་མ་ཐག་པ་བཞིན་གདོད་ནས་སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་ངང་ལས་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་སྐྱེ་བར་སྣང་བ་རྨི་ལམ་སྒྱུ་མ་ལྟ་བུ་སྟེ། །སྐྱེ་བར་སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པའི་ཕྱིར་དོན་ལ་སྐྱེ་བ་མེད་པས་འཁོར་བའི་དུས་ནའང་འཆིང་གྲོལ་གཉིས་སུ་མེད་དེ། རྗེ་བླ་མས། སྐྱེ་བ་མེད་ལས་སྐྱེས་པས་སེམས་ནི་འཁྲུལ། །སྐྱེས་ཙམ་ཉིད་ནས་རང་བཞིན་མེད་ཤེས་ན། །འགག་པ་མེད་པ་ཆོས་སྐུའི་རང་ཞལ་ཏེ། །འཁོར་བའི་དུས་ནའང་འཆིང་གྲོལ་གཉིས་སུ་མེད། །ཅེས་དང་། གསང་སྙིང་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་དང་། ཀླུ་སྒྲུབ་ཀྱི་སྐྱེ་མེད་མཛོད་དུ། །གར་ཡང་མ་རྟོག་ཅི་ཡང་མ་བསམས་ཤིག། བཅའ་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག། མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་སྔ་ཕྱིའི་གཤེགས་ཤུལ་ཡིན། །ཞེས་སོ། །གཉིས་པ་ནི་དེ་ལྟར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་རང་ངོ་ན་སྐྱེ་བ་མེད་ཀྱང་དེའི་རང་བཞིན་ནི་གནས་ལུགས་ཀྱི་གཏིང་མདངས་ཡེ་ཤེས་ཆེན་པོ་ཉིད་འགགས་པ་མེད་པར་གཞན་གྱི་རྐྱེན་གྱིས་མ་བསྐྱེད་ཀྱང་ངོ་བོ་ཉིད་ཀྱི་རང་བྱུང་བའི་ཡེ་ཤེས་མ་བཅོས་རྣལ་མའི་དོན་ལ་དབང་འབྱོར་པའི་བདག་ཉིད་མ་དེ་ལ་མཁའ་འགྲོ་ཞེས་བྱ་སྟེ། མ་ནི་སྙིང་པོ་བྱང་ཆུབ་སེམས། །མོ་ནི་རང་བྱུང་ཡེ་ཤེས་ཕྱིར། །ཞེས་ངོ་བོ་ཉིད་ཀྱི་གནས་ལུགས་ལ་མ་མོ་མཁའ་འགྲོའ་ིམཚན་གཞིར་བཞག་པའི་ཕྱིར་རོ། །དེ་ཡང་དབུ་མ་ཐལ་འགྱུར་བ་རྣམས་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་རྡུལ་ཙམ་མེད་པ་ལ། བསྐྱེད་བྱ་དང་བསྐྱེད་བྱེད་དང་འགོག་པ་དང་སྒྲུབ་པ་སོགས་འཁོར་འདས་དང་། རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་བཞག་གི་ངེས་པ་མི་འགལ་བར་འཆར་བ་ཉིད་ཀླུའི་དབང་པོས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བས། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྟེན་པ་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། ཚིག་གསལ་ལས། གང་ལ་རྟེན་ཅིང་འབྲེལ་བ་འབྱུང་རུང་བ་དེ་ནི་འཕགས་པའི་བདེན་པ་བཞི་རྣམས་རིགས་པར་འགྱུར་རོ། །ཞེས་སོ། དེ་དང་མཐུན་པར་པདྨའི་གསང་འགྲེལ་དུ། །ཐེག་པ་འོག་མ་བས་འབྱུང་བ་ལྔ་པོ་འདི་དང་། འདིས་བསྐྱེད་པའི་སེམས་ཅན་ཀུན་ཀུན་རྫོབ་སྒྱུ་མར་མཐོང་ལ། །དེ་བས་གསང་སྔགས་ཁྱད་པར་ཆེ་སྟེ་ལྷ་སྒྱུ་མར་མཐོང་ཤེས་ལ། །དེ་བས་ཀྱང་རྫོགས་པ་ཆེན་མོ་ཁྱད་པར་ཆེ་སྟེ་ལྷུན་གྲུབ་སྒྱུ་མར་མཐོང་ཞིང་སྤྱོད་པས་རིམ་པས་དཔགས་ཤིང་ཁྱད་ཆེ་བས། །ཤེས་རབ་ཀྱིས་གཡང་ས་ཆོད་པར་བྱས་ནས། ཏིང་ངེ་འཛིན་ལ་ལོངས་སྤྱོད་པར་ཤེས་ན། །ཇི་ལྟར་འདོད་པས་དབང་སྒྱུར་བས་སྒྱུ་མའོ། །དེ་ཡང་ནམ་མཁའ་ཆེ་ལས་ལྷུན་གྲུབ་སྒྱུ་མ་ཡུལ་ལ་རོལ། །ཞེས་དང་། རང་བཞིན་གཅིག་ཏུ་མ་ངེས་པར། །ཇི་ལྟར་བལྟས་པ་དེ་ལྟར་སྣང་། །ཞེས་ཡིད་ཆེས་ཀྱི་ལུང་དང་བཅས་ཏེ་གསུངས་ལ། །ཁྱད་པར་ལྷུན་གྲུབ་ཀྱི་གཏིངས་མདངས་སྒྱུ་མ་ལྟ་བུ་ལས་འཁོར་འདས་འབྱུང་བའི་རྣམ་བཞག་ནི་ཐེག་མཆོག་མཛོད་དང་། རྣམ་མཁྱེན་ཤིང་རྟ་ལས་རྟོགས་པར་བྱའོ། །གསུམ་པ་ནི། དེ་ལྟར་སྐྱེ་མེད་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་དང་། འགགས་མེད་ཀྱིས་ཆོས་ཐམས་ཅད་ཀྱི་སྣང་ལུགས་རྟོགས་པའི་ཤེས་རབ་ཉིད་དུས་གསུམ་གྱི་རྒྱལ་བ་མ་ལུས་ཤིང་ལུས་པ་མེད་པ་ཀུན་གྱི་ཡུམ་ཀུན་ཏུ་བཟང་མོ་ཉིད་རྣམས་རྟགས་ཀྱི་ལྷ་སྐུ་རྡོ་རྗེ་ཕག་མོའ་ིངོ་བོ་ལ་བླང་དོར་རམ་འདུ་འབྲལ་མེད་པའི་ཚུལ་གྱིས་སྐྱབས་སུ་མཆི་བ་སྟེ། འགྲོ་བའོ། །དེ་ཡང་ཉང་གཏེར་ཕག་མོ་ལས། །རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམཿསྤྲོས་བྲལ་ཆོས་སྐུ་བདེ་ཆེན་ལསཿ རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུཿཞེས་དང་། །གསང་འགྲེལ་ལས། ཆོས་ཉིད་ཀུན་ཏུ་བཟང་མོའ་ིམཁའ་ཀློང་སྐྱེ་བ་མེད་པའི་མཁའ་ལས། སྐྱེ་བའི་ཆོ་འཕྲུལ་ཇི་ལྟ་བུའི་ངོ་བོར་ཡང་ཤར་ཅིར་ཡང་སྣང་སྟེ། ཞི་བའི་ལྷ་མོ་ལྟ་བུ་དང་། ཁྲོ་མོ་ལྟ་བུ་དང་། གནོད་སྦྱིན་མོ་ལྟ་བུ་དང་། རིགས་དྲུག་རྫོགས་པའི་ཡུམ་བུད་མེད་ལྟ་བུ་ཡང་ཤར་ཞིང་སྣང་སྟེ། ཅིར་ཡང་མེད་པ་ལས་སྒྱུ་མ་མཁན་གྱིས་ཅིར་ཡང་བསྒྱུར་དུ་བཏུབ་པ་བཞིན། དོན་ཆོས་ཉིད་ཡུམ་གྱི་མཁའ་སྐྱེ་བ་མེད་པའི་དོན་རྟོགས་ན། རྟགས་རིགས་པའི་ཡེ་ཤེས་སྐྱེ་བའི་ཆོ་འཕྲུལ་ཇི་ལྟར་ཡང་སྣང་ངོ་། །སརྦ་བུདྡྷ་ལས། རང་གི་ངོ་བོས་ཡོངས་བསྒྱུར་ན། །བུད་མེད་ཀུན་གྱི་སྒྱུ་མ་འགྲུབ། །སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་ནི། །མཁའ་འགྲོ་མ་ཞེས་བརྡར་བསྟན་ཏོ། །ཞེས་ལུང་དང་བཅས་གསུངས་སོ། །དེ་ལ་རྡོ་རྗེ་ནི་ཆོས་ཉིད་ཀྱི་ངོ་བོ་མི་འགྱུར་མི་ཤིགས་པའི་དོན་ལ་བཤད་ལ། ཕག་གི་གཙང་རྨེར་རྟོག་པ་མེད་པ་ཐམས་ཅད་ཟ་བ་བཞིན་ཆོས་ཅན་དང་ཆོས་ཉིད་ཀུན་ལ་རྣམ་དབྱེར་མེད་པ་ལོངས་སྤྱོད་པའི་དོན། མོ་ནི་བུད་མེད་བཟང་མོ་ལས་ཅིར་ཡང་འབྱུང་བ་བཞིན་སྐྱེ་འགགས་གཉིས་སུ་མེད་པའི་ངང་ལས་གང་འདུལ་གྱི་ཕྲིས་འབྱུང་བ་སྟེ། ཉང་གཏེར་ཁྲོས་ནག་ལས། སྣང་སྟོང་དབྱེར་མེད་ཆོས་རྣམས་ཀུན་གྱི་གཞིཿ མི་སྐྱེ་མི་འགོག་ནམ་མཁའི་ངོ་བོ་ཉིདཿ གང་ལ་ཅི་འདུལ་དེར་སྟོན་པའིཿ ཡེ་ཤེས་མཁའ་འགྲོའ་ིཚོགས་ལ་ཕྱག་འཚལ་བསྟོདཿཅེས་དང་། བདེ་མཆོག་ལསཿ དེས་ན་ཧེ་རུ་ཀ་དཔལ་རྒྱུདཿ སེམས་ནི་དྲི་མེད་ཡིན་པར་བཤདཿ དག་པའི་ཆོས་ཀྱི་སྤྲུལ་པ་ནིཿ ཕག་མོའ་ིགཟུགས་སུ་བསྟན་པ་ཡིནཿ ཞེས་སོ། །གཉིས་པ་རྣམ་བཅས་དམིགས་པའི་ཡུལ་ནི། སྐྱེ་མེད་ཀྱི་ཆ་ལས་འགགས་མེད་དུ་རང་ཤར་བའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་པདྨ་རིགས་ཀྱི་མཁའ་འགྲོ་བདེ་ཆེན་ཡེ་ཤེས་ཀྱི་རྒྱལ་མོ་ཉིད་ཀྱི་ཐུགས་ཀར་རྡོ་རྗེ་ཕག་མོ། དབུ་གཙུག་ཏུ་སངས་རྒྱས་ཐམས་ཅད་ཀྱི་འདུས་གཟུགས་རྒྱལ་བ་པདྨ་ཐོད་ཕྲེང་ལ་རྒྱུད་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་རབ་འབྱམས་ཀྱིས་བསྐོར་བ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་མཐར་ཡུལ་ཉེར་བཞི་གནས་སོ། །གཉིས། དུར་ཁྲོད་བརྒྱད་སོགས་ཀྱི་དཔའ་བོ་རྣལ་འབྱོར་མ་མཁའ་འགྲོ་འབུམ་ཕྲག་རྒྱ་མཚོའི་ཚོགས་དང་བཅས་པ་དེ་དག་གི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཉག་གཅིག་གི་རོལ་བ་སྟེ། །གསང་འདུས་ལས། དྲི་མེད་སེམས་ནི་སངས་རྒྱས་རྒྱུད། །ཆོས་ཀྱང་ངག་ཏུ་ཡང་དག་གསུངས། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །ཞེས་དང་། རྡོ་རྗེ་ཕུར་པའི་རྒྱུད་ལས། ཆོས་སྐུ་མཁའ་འདྲ་གཟུགས་སྐུ་འཇའ་ལྟར་སྣང་། །གསང་སྔགས་སྒྲ་སྙན་ལྟ་བུར་སྒྲ་སྒྲོགས་ཤིང་། །ཁྲོ་བོ་ཁྲོ་མོའ་ིཚོགས་ཀྱི་གདུག་པ་འདུལ། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་པ་ལྟར། ཕྱི་ལྟར་ན་སངས་རྒྱས་ཆོས་དང་དགེ་འདུན་གསུམ། །ནང་ལྟར་ན་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གསང་བ་ལྟར་ན་རྩ་དང་རླུང་དང་ཐིག་ལེ་གསུམ། །ངོ་བོ་ཉིད་དུ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་འམ། ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད། དེ་དག་གི་ཡེ་ཤེས་དང་ཐུགས་རྗེའི་བྱེ་བྲག་ཏུ་གྱུར་པ་སྤུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་མངོན་སུམ་ལྟ་བུར་མདུན་གྱི་ནམ་མཁའི་གནས་སུ་གསལ་འདེབས་པའོ། །ལྔ་པ་ཚུལ་ཇི་ལྟ་བུས་སྐྱབས་སུ་འགྲོ་ནས། །རང་གི་བྱངས་དྲངས་པའི་ཕ་མ་སེམས་ཅན་ཐམས་ཅད་སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅི་བྱུང་ཡང་ཁྱེད་ཤེས་ཀྱིས་བློས་ལིང་འགེལ་གྱི་ཚུལ་གྱིས་སྐྱབས་སུ་འགྲོ་བ་ནི་གནས་སྐབས་རྒྱུའི་སྐྱབས་འགྲོ་དང་། མཐར་ཐུག་འབྲས་བུའི་སྐྱབས་འགྲོ་ནི་འདུ་འབྲལ་མེད་པའི་ཚུལ་གྱིས་ཏེ་ཡུམ་བར་མ་ལས། རབ་འབྱོར་གང་ལ་སངས་རྒྱས་ཀྱང་མི་དམིགས་ལ་ཆོས་དང་དགེ་འདུན་ཡང་མི་སེམས་ན། འདི་ནི་ཡང་དག་པའི་སྐྱབས་འགྲོའ།ོ ། ཞེས་པས་གོང་དུ་བཤད་པ་ལྟར་རོ། །དྲུག་པ་དགོས་ཆེད་ནི། །རང་དོན་གྱི་ཆེ་བ་མ་ཡིན་པར་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྐྱེས་བུ་ཆེན་པོའ་ིབློས་སོ། །བདུན་པ་བསླབ་བྱ་ནི། དགག་བསྒྲུབ་ཕྱོགས་མཐུན་སྤྱི་ལྟར་བསྲུང་བར་བྱའོ། །གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། འདི་ནས་བྱང་ཆུབ་མ་ཐོབ་པརཿ ཡེ་ཤེས་མཁའ་འགྲོ་ཁྱོད་བསྒྲུབ་ནསཿ ཕྱོགས་རིས་བྲལ་བའི་སེམས་ཅན་རྣམསཿ བདེ་ཆེན་སལ་འགོད་བར་བགྱིཿ ཞེས་པས། འདི་ལྟར་སེམས་ཅན་ཐམས་ཅད་ནི་རང་ཉིད་ལ་དྲིན་འཁོར་ཐབས་མེད་པའི་ཕ་དང་མ་རུ་མ་གྱུར་པ་མེད་ལ། ཕ་མ་དེ་དག་འགྲོ་དྲུག་གི་གནས་རིགས་ཐ་དད་པར་ད་ལྟའི་སྡུག་བསྔལ་ལ་སྤྱོད། ཕྱི་མའི་སྡུག་བསྔལ་གྱི་རྒྱུ་བསྒྲུབ་པས་ཤིན་ཏུའང་སྙིང་རྗེའི་ཡུལ་དུ་གྱུར་ལ། ད་དུང་རང་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་རང་ངོ་མ་ཤེས་ན་ནམ་ཡང་ཐར་བའི་སྐབས་མེད་ཅིང་འཁྲུལ་པའི་ལས་ལ་སྤྱོད་པས་ན། དེ་ལ་ད་ལྟ་རང་ཉིད་ཀྱིས་ཕན་འདོགས་པར་ཞུགས་ཀྱང་ལས་ཉོན་མི་ཟད་པའི་སྒྲིབ་པས་བདག་ཀྱང་འཁོར་བའི་གནས་ལས་ཡོངས་སུ་མ་བརྒལ་ན་གཞན་ལ་ཕན་པ་ཇི་ལྟར་བསྒྲུབ། དེ་བས་བདག་གིས་གསང་སྔགས་བླ་ན་མེད་པའི་སྒོར་ཞུགས་ནས། འདི་ནས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་སྤང་ཐོབ་དང་བྲལ་བའི་ཡེ་ཤེས་དང་། བདག་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་མ་སོང་གི་བར་དུ། བྱང་ཆུབ་སེམས་དང་ཁྱོད་ཉིད་ཁོ་ནས་ཕྱག་རྒྱ་ནམ་ཡང་མི་བཏང་བར་བཟུང་སྟེ་རྩེ་གཅིག་ཏུ་བསྒྲུབ་པར་བགྱིའོ། །ནམ་སྙིང་པོ་བྱང་ཆུབ་ལ་རེག་པར་གྱུར་ནས། གདུལ་བྱའི་སེམས་ཅན་གདུལ་སླ་བ་དཀར་ཕྱོགས་ཀྱི་སྡེ་ཚན་དང་། གདུལ་དཀའ་བ་ནག་ཕྱོགས་ཀྱི་སྡེ་ཚན་ནམ། ཡང་ན་ཉེ་རིང་ཆགས་སྡང་གིས་རིས་སུ་གཅོད་པའི་ཕྱོགས་ལྷུང་གི་བློ་དང་བྲལ་བའི་ངང་ནས། ལམ་དུས་སུ་ཚོགས་སྦྱོར་དུ་མོས་པས་སྤྱོད་པའི་སེམས་བསྐྱེད་དང་། མ་དག་ས་བདུན་ལ་ལྷག་བསམ་དག་པ་དང་། དག་པ་གསུམ་ན་རྣམ་པར་སྨིན་པའི་སེམས་བསྐྱེད་ལ་གོམས་པའི་རང་ཤུགས་ཀྱིས། མི་སློབ་པའི་ལམ་དུ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའ་ིརྩལ་སེམས་ཅན་རྣམས་ལ་སྤྲོས་ཏེ་རང་རང་གི་སྐལ་པ་དང་འཚམས་པའི་སྤྲུལ་པས། བསམ་པ་དང་མཐུན་པའི་ཆོས་བསྟན་དེ་རྒྱུད་ལས་སུ་རུང་བར་བྱས་ནས། མཐར་ཐུག་དོན་དམ་པར་རང་ཉིད་གང་དུ་བསྒྲོད་པའི་ལམ་ཟབ་དེར་ཡོངས་སུ་དཀྲིས་ཏེ་སེམས་ཅན་ཀུན་ཀྱང་བདེ་བ་ཆེན་པོ་ཁ་སྦྱོར་ཡན་ལག་བདུན་ལྡན་སངས་རྒྱས་སྐུ་གསུམ་གྱི་ས་ལ་འགོད་པར་བགྱིའོ། །ཞེས་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་དེ་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་སོ། །འདི་ནི་སེམས་བསྐྱེད་པ་དང་དམ་བཅའ་སྟབས་གཅིག་ཏུ་བཟུང་བའོ། །གསུམ་པ་མཆོད་རྫས་བྱིན་བརླབས་ནི། ཨོཾ་ཨཱཿཧཱུཾཿ དངོས་པོར་འཛིན་པའི་རྣམ་རྟོག་ཀུནཿཕྱི་ནང་གསང་གསུམ་མཆོད་པའི་སྤྲིནཿ ཀུན་ཏུ་བཟང་པོའ་ིའདོད་ཡོན་ནིཿནམ་མཁའ་ལྟ་བུར་མཛད་པ་མེདཿ ཅེས་པས། ཨོཾ་མཆོད་རྫས་ཀྱི་རང་བཞིན་གྱི་མ་དག་པ་འབག་བཙོག་གི་སྦྱོང་བྱེད་ཡིན་ནོ། །དེ་ལ་རང་བཞིན་གྱི་མ་དག་པ་ནི་མཆོད་ཡོན་ལ་རིག་པ་མཆོག་ལས། ལོག་འདྲེན་ཆུ་ལྟར་གཡོ་བ་ཞེས་བྱ་བ་དེ་དག་གིས་ནི་ཆུ་ལ་གནས་ན་རིགས་སྔགས་འཆང་གྲུབ་པར་བྱེད་པ་རྣམས་འཛིན་པར་བྱེད་དོ། །དེ་དག་གི་མཚན་མ་འབྱུང་སྟེ། །སེམས་འཁྲུག་པར་བྱེད་དེ། །འདོད་པ་ལ་ལྷུར་སེམས་པ་དང་། །བྲུ་བས་གཟིར་ཞིང་། ཁ་ཟས་ལ་མངོན་པར་ཆགས་པ་དང་། །འཇིགས་པའི་སེམས་སྐྱེ་བར་འགྱུར་རོ། །ཞེས་སོ། །དེ་བཞིན་དུ་མེ་ཏོག་ལ་ཁོང་དུ་འཇུག་པས་འཇིག་རྟེན་མེ་ཏོག་དྲི་ཆབ་ལ་ཟས་སུ་དྲི་ཟབ་ཉེ་བར་འཁོར། བདུག་པ་ལ་ནག་པོ་འདུས་ཆེན། མར་མེ་ལ་གཙུག་ཕུད་གཅིག་པ། ལྷ་བཅོས་ལ་གདུགས་དཀར་ལས་ཟས་སུ་གཏོར་མ་ཟ་བ་སོགས་གཞན་ཡང་མཆོད་རྫས་འབུལ་དང་། སྒྲུབ་པ་པོ་ལ་བར་དུ་གཅོད་པར་བྱེད་པའི་ཚུལ་དཔུང་བཟང་གིས་ཞུས་པར། རིག་པ་འདོན་པའི་སེམས་ནི་གཡེང་བར་བྱེད། །དཔེར་ན་ཆུ་ནང་དྲི་མ་སྣང་བ་ལྟར། །དེ་བཞིན་མི་ཡི་ལུས་ལ་འཇུག་པར་འགྱུར། །ཁྲུས་ཚེ་གཞན་ལ་ཟློས་པ་ན་ཡང་གཞན། ཉམས་ན་གཞན་ཡང་མེ་ཏོག་བདུག་པ་དང་། །མར་མེ་འབུལ་བའི་ཚེ་ནའང་གཞན་ཡིན་ལ། །སྦྱིན་བསྲེག་བྱེད་པའི་ཚེ་ནའང་འགེགས་གཞན་འཇུག །ཅེས་སོགས། ཤོ་ལོ་ཀ་དགུས་གསལ་བར་གསུངས་ཀྱང་། འདིར་ཡི་གེར་འཇིགས་ལ། དེ་དག་ཕྱིར་བསྐྲོད་པ་ལ་ཨོཾ་ནི་གེགས་ཞི་ནས་ཤེས་པར་བྱེད་པ་ནོར་བུ་འཛིན་པའི་སྙིང་པོ་སྟེ། རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་པ་བཟང་པོ་རྣམས་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་སོ། །ཨཱཿཡིག་གིས་རྟོགས་པ་སྟེ་སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱ་ཆེན་པོའ་ིརང་བཞིན་དུ་གནས་པ་ལ་དེ་ལྟར་དུ་རྟོགས་པས་ན་སྤེལ་བ་ཞེས་བྱ་སྟེ། །གསང་རྙིང་ལས། མཉམ་པའི་སྒྲུབ་རྫས་ཆེན་པོ་ནི། །བདག་དང་མཉམ་པའི་ཚོགས་ལ་འབུལ། །ཞེས་དང་། །ཨོཾ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་ནི་སྤྲིན་ཆེན་མོ། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །ཞེས་སོགས་གསུངས་སོ། །ཧཱུཾ་གིས་ནི་བསྒྱུར་བ་སྟེ། དེ་ཡེ་ཤེས་ལྔའི་བྱེ་བྲག་གིས་ཇི་ལྟར་འདོད་པའི་ཡོན་ཏན་ལྔའི་དངོས་པོར་བྱེད་པ་སྟེ། །ཞལ་ལུང་འགྲེལ་བར་སྨན་ཞབས་ཀྱིས། ཟླ་ཕྱེད་ཐིག་ལེ་རྣམས་སྒེག་པ། །མགོ་བོ་ཨེ་ཡིག་ཐུར་དུ་བལྟས། །མི་བསྐྱོད་པ་ཡི་ངོ་བོའ།ོ ། དྲིལ་བུ་ལྟ་བུའི་ལུས་ཉིད་ནི། །རིན་ཆེན་རྟོག་གི་ངོ་བོའ།ོ ། དེ་ཡི་ཕྱི་རོལ་དུ་དབྱུག་པ་ནི། །ཚེ་དཔག་མེད་ཀྱི་ངོ་བོའ།ོ ། རིང་པོ་ཨུ་ནི་ཕྱིར་ཕྱོགས་འགྱུར། །དོན་ཡོད་གྲུབ་པའི་ངོ་བོའ།ོ ། ཞེས་རྒྱ་ཡིག་གི་ཧཱུྃ་སྦྱར་བ་ལྟར་ན། ཟླ་ཚེས་ཐིག་ལེ་རྣམ་སྣང་། །མགོ་བོ་མི་བསྐྱོད། ཧའི་ཁོག་པ་རིན་འབྱུང་། །འ་ཚེ་དཔག་མེད། ཨུ་དོན་གྲུབ་དང་སྦྱར་བའི་བཤད་པ་ཡིན་ནོ། །ཡང་ན། ཨོཾ་སྐུ་རྡོ་རྗེའི་རྣམ་སྣང་གི་ས་བོན་གྱིས་སྣང་བ་མ་དག་པའི་རྟོགས་ཚོགས་ཆོས་དབྱིངས་ཡེ་ཤེས་སུ་སྦྱོར། །ཨཿ ནི་གསུངས་རྡོ་རྗེའི་ས་བོན་རོ་རྣམ་དག་པ་འོད་དཔག་མེད་ཀྱིས་བདུད་རྩིར་དག་པ་དང་། །ཧཱུྃ་ཐུགས་རྡོ་རྗེ་མི་བསྐྱོད་པའི་ས་བོན་མེ་ལོང་ཡེ་ཤེས་ཀྱིས་མེ་ལོང་གི་ངོས་སུ་ཅིར་ཡང་འཆར་བ་ལྟར་མཆོད་རྫས་རྣམ་པ་གང་འདོད་པའི་དངོས་པོ་ཅིར་ཡང་སྒྱུར་བར་བྱེད་དོ། །དེ་ལྟར་འབྲུ་གསུམ་གྱི་དོན་བསྟན་ནས། དངོས་གཞི་ནི་ཕྱི་ཡུལ་གྱིས་དངོས་པོ་འབྱུང་བ་ལྟ་ལ་རང་རྒྱུད་དུ་འཛིན་པའི་རྣམ་པར་རྟོག་པ་ཀུན་ཀྱང་། སའི་ཁམས་སུ་སྣང་བ་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་འཛིན་པ་ལ་སོགས་པ་རྒྱལ་བའི་སྤྱན་དུ་དགྱེས་པའི་དངོས་པོ་དང་། ལྷ་མོའ་ིརང་བཞིན་ནི། ཆུའི་ཁམས་སུ་སྣང་བ་ཐམས་ཅད་སྒྲའི་ལྷ་མོ་དམར་མོ་པི་ཝཾ་ཐོགས་པ་ལ་སོགས་པ་རྒྱལ་བའི་སྙན་དུ་དགྱེས་པའི་མཆོད་པའི་དངོས་པོ་དང་ལྷ་མོའ་ིརང་བཞིན། དེ་བཞིན་དུ་མེའི་ཁམས་དྲིའི་ལྷ་མོ་སྔོན་མོ་དྲིའི་དུང་ཆོས་འཛིན་པ་སོགས་རྒྱལ་པའི་ཤངས་དགྱེས་བྱེད། རླུང་གི་ཁམས་རོའ་ིལྷ་མོ་སེར་མོ་མཁར་གཞོང་བཟའ་བཅའ་ལྡག་མྱང་བཏུང་བ་སོགས་ཞལ་ཟས་སྣ་ཚོགས་ཀྱིས་བཀང་བ་འཛིན་པ་སོགས་རྒྱལ་བའི་ལྗགས་དགྱེས་བྱེད། ནམ་མཁའི་ཁམས་རེག་བྱའི་ལྷ་མོ་དཀར་མོ་ན་བཟའ་པཉྪ་ལི་ཀ་ཐོགས་པ་སྣ་ཚོགས་རྒྱལ་བའི་སྐུ་དགྱེས་བྱེད་ཀྱི་མཆོད་པའོ། །ནང་སེམས་ཀྱི་དངོས་པོ་ཕུང་པོ་ལྔ་ལ་རང་རྒྱུད་འཛིན་པའི་རྣམ་པར་རྟོག་པ་ཀུན་ཀྱང་། གཟུགས་སུ་སྣང་བ་གཟུགས་ཀྱི་ལྷ་མོ་དང་མཆོད་པ། ཚོར་བར་སྣང་བ་སྒྲའི་ལྷ་མོ་དང་མཆོད་པ། འདུ་ཤེས་སུ་སྣང་བ་དྲོའ་ིལྷ་མོ་དང་མཆོད་པ། འདུ་བྱེད་དུ་སྣང་བ་ཐམས་ཅད་རོའ་ིལྷ་མོ་དང་མཆོད་པ། རྣམ་ཤེས་སུ་སྣང་བ་རེག་བྱའི་ལྷ་མོ་དང་མཆོད་པའི་རང་བཞིན་དུ་བལྟའོ། །གསང་བ་སེམས་ཀྱི་དངོས་པོ་དུག་ལྔ་ལ་རང་རྒྱུད་དུ་འཛིན་པའི་རྣམ་པར་རྟོག་པ་ཀུན་ཀྱང་། ཞེ་སྡང་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་གཟུགས་རྡོ་རྗེ་མ། །དེ་བཞིན་དུ། ང་རྒྱལ་རྣམ་པར་དག་པ་མཉམ་ཉིད་ཡེ་ཤེས་ཀྱིའི་ངོ་བོ་སྒྲ་རྡོ་རྗེ་མ། འདོད་ཆགས་རྣམ་པར་དག་པ་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་དྲི་རྡོ་རྗེ་མ། །ཕྲག་དོག་རྣམ་པར་དག་པ་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་རོ་རྡོ་རྗེ་མ། །གཏི་མུག་རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་རེག་རྡོ་རྗེ་མའོ། །དེ་དག་ཀྱང་གསང་འདུས་ཀྱི་བསྒྲུབ་ཐབས་མདོར་བྱང་ལས། གཟུགས་ཕུང་རྟོགས་པ་མེ་ལོང་དང་། །སའི་ཁམས་མིག་གི་དབང་པོ་དང་། །གཟུགས་དང་རྣམ་ལྔར་གྱུར་པ་སྟེ། །མེའི་ཚོར་བའི་ཕུང་པོ་མཉམ་ཉིད་དང་། །ཆུ་ཁམས་རྣ་བའི་དབང་པོ་དང་། །སྒྲ་དང་རྣམ་ལྔར་གྱུར་པ་སྟེ། །འདུ་བྱེད་སོ་སོར་རྟོག་པ་དང་། །བྱིན་ཟ་སྣ་ཡི་དབང་པོ་དང་། །དྲི་དང་རྣམ་ལྔར་གྱུར་པ་སྟེ། །འདུ་བྱེད་བྱ་བ་གྲུབ་པ་དང་། །རླུང་ཁམས་ལྕེ་ཡི་དབང་པོ་དང་། །རོ་དང་རྣམ་ལྔར་གྱུར་པ་སྟེ། །ཞེས་སོགས་གསུངས་པས། ཕྱི་ནང་གསང་བའི་མཆོད་སྤྲིན་དུ་རང་བཞིན་དུ་གྲུབ་མོད། འོན་ཀྱང་གསང་སྔགས་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་ཀུན་ནས་གཙོ་བོར་གསུངས་ཤིང་། གཞན་ཡང་མདོ་སྔགས་ཀྱི་གཞུང་ཕལ་མོ་ཆེ་ནས་ཐུན་མོང་དུ་བཤད་པ་ལ། ཕྱིའི་མཆོད་པ་དང་སྔགས་ནང་རྒྱུད་ཁོ་ན་ལས་གསུངས་པ་ལ། ནང་གི་མཆོད་པ་དང་ཤིན་ཏུ་གསང་སྟེ་སྤྱོད་པ་སྦྱོར་སྒྲོལ་དང་རྗེས་སུ་འབྲེལ་བ་ལ། གསང་བའི་མཆོད་པ་ཞེས་གསུམ་དུ་གསུངས་པ་ལས། །དང་པོ་གཡུང་འགྲེལ་ལས། ཕྱིའི་མཆོད་པ་རྣམ་པ་ལྔ་དང་གཞན་ཡང་བླ་རེ་དང་། འཕན་གདུགས་དང་རོལ་མོའ་ིབྱེ་བྲག་སྣ་ཚོགས་དང་། ཞེས་གསུངས་པས། ཉེར་མཆོད་ལྔའི་སྔོན་དུ་ཆུ་གཉིས་འགྲོ་བའོ། །དེ་ཡང་ཨོཾ་ལས་རིན་པོ་ཆེའི་སྣོད་དུ། མཆོད་ཡོན་ནི་ཞལ་སྐྱེམས་ཡིན་ཏེ། གུར་ལས། ཏིལ་ནག ནས་ཀུ་ཤུ། འབྲས་ཡོས། མེ་ཏོག་དཀར་པོ་དྲི་ཞིམ། ཙནྡ་དཀར་པོ་བཅས་དུང་ཆོས་ལ་སོགས་པའི་སྣོད་དུ་བླུག་པར་བཤད། བརྒྱད་བདེར་འདུས་ལས། ཆུ་དང་འོ་མ་བསྲེ་བར་གསུངས། ཡན་ལག་བརྒྱད་ལྡན་དུ་བྱིན་གྱིས་བརློབ་ཏེ། །ཡན་ལག་བརྒྱད་ལྡན་འདུལ་བ་ལུང་ལས། །ཡང་དང་དྲོ་དང་འཇམ་པ་དང་། །དྭངས་དང་བསིལ་དང་རྙོག་པ་མེད། །འཐུང་ན་ལྟོ་ལ་མི་གནོད་དང་། །མགྲིན་པ་ལ་ཡང་མི་གནོད་པས། །འདི་དག་ཡན་ལག་བརྒྱང་ལྡན་ཆུ། །ཞེས་སོ། །ཞབས་བསིལ་ནི་ཕྱག་ཞབས་བསིལ་བར་བྱེད་པའི་ཆུ་སྟེ་དྭངས་ཞིང་དྲི་བཟང་དང་བཅས་པའོ། །མེ་ཏོག་ནི་ཆུ་དང་ཐང་ལས་སྐྱེས་པ་ཨུ་དུམ་ཝ་ར་ལ་སོགས་པ་ཕྲེང་བར་སྤེལ་ལེགས་སུ་བརྒྱུས་པ་དབུ་ལ་འཆང་པ་དང་། །འགའ་ཞིག་མགུལ་དུ་འཕྱང་བའོ། །བདུག་སྤོས་ནི་ཙནྡ་དཀར་དམར་དང་སིཧླ་ལ་སོགས་པ་རང་བཞིན་ལས་བྱུང་བ་དང་སྦྱར་བ་སོགས་དྲི་ཞིམ་པ་སྣ་ཚོགས་སྤོས་ཁང་དུ་བསྲེགས་པ་དང་། རེད་བུར་བསྲེགས་པའོ། །མར་མེ་ནི་འབྲུ་མར་དང་ཞུན་མར་སོགས་པ་སྡོད་བུར་ལྡན་པ་དེ་དང་། ཉི་ཟླའི་ནོར་བུའི་སྒྲོན་མ་སོགས་སྣང་བའི་མདངས་དང་ལྡན་པའོ། །དྲི་ཆབ་ནི་དྲིའི་དུང་ཕོར་དུ་ཆུ་གཙང་ལ་དྲི་དང་བཟང་པོའ་ིསྨན་སྣ་ཚོགས་འབྲུ་མར་དང་སྦྱར་བའི་བྱུག་པའོ། །ཞལ་ཟས་ནི་མཁར་གཞོང་དུ་བཟའ་བཅའ་ལྡན་མྱང་སོགས་བཟང་དགུའི་ཁ་ཟས་སྤུངས་པའོ། །རོལ་མོ་ནི། སིལ་སྙན་ཕེབ་རྡོག་པི་ཝཾ་རྔ་དུང་ཆ་ལང་རྫ་རྔ་རྔ་ཟླུམ་གླིང་བུ་སོགས་འབུད་པ་དང་དཀྲོལ་བ་དང་བརྡུང་བའི་རིགས་བྱེད་དོ། །བླ་རེ་ནི་མེ་ཏོག་དང་གོས་བཟང་པོ་ལ་སོགས་པས་གདུགས་ཕྱོགས་སུ་བྲེས་པ་དང་། འཕན་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་དབྱིངས་ཤམས་བུ་དཔྱངས་པ་དང་། །གདུགས་ནི་མདངས་ཏེ་ཉི་མའི་ཚ་གདུང་སྐྱོབས་པ་དང་། ན་བཟའ་ནི། ལྷའི་གོས་པཉྩ་ལི་ཀ་སོགས་ཚ་གྲང་གདུང་བ་སྐྱོབ་ཅིང་རེག་ན་བདེ་བ་དང་། །སྤོས་དྲི་ཞིམ་པོའ་ིཕྱེ་མའི་འཕུར་མ་སོག། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའ་ིསྤྱོད་པའི་རྗེས་སུ་སློབ་པའི་སྨོན་ལམ་ལས། །མེ་ཏོག་དམ་པ་འཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མེར་མེ་མཆོད་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་ཆབ་དང་། །ཕྱེ་མ་འཕུལ་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོད་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །ཞེས་པ་ལྟར་རོ། །གཉིས་པ་ནང་གི་མཆོད་པ་ནི། གཡུང་འགྲེལ་ལས། ནང་གི་མཆོད་པ་དམ་རྫས་དང་། ཚོགས་ཀྱི་ཡོ་བྱད་གླུ་ཚིག་ཏེ། །གླུ་ཡེ་ཤེས་ཀྱི་མཆོད་པ་དང་། །རྐང་པའི་བྲོ་དང་། ལག་པའི་གར་ཏེ་གར་ཡེ་ཤེས་ཀྱི་མཆོད་པ་སྟེ་སུ་ར་རྭ་བཅུ་དྲུག་དང་། ཞེས་གསུངས་པས། དམ་རྫས་ནི་ཤ་ལྔ་དང་བདུད་རྩི་ལྔའི་རང་བཞིན་སྨན་དང་། རཀྟ་དང་། གཏོར་མའོ། དང་པོ་ནི། སྲིད་པ་ཐམས་ཅད་བདུད་རྩི་སྨན་གྱི་རང་བཞིན་ཏེ་བདུད་རྩི་སྒྲོན་གསལ་ལས། །རྣམ་ཐར་གསུམ་དང་ལྡན་པ་ཡི། །ཡང་དག་དོན་ལ་བདུད་རྩི་ཞེས། །དཔའ་བོ་ཆེན་པོས་དེ་སྐད་གསུངས། །འཁོར་བ་བདུད་དང་འདྲ་བ་ལ། །ཡེ་ཤེས་ཆེན་པོའ ི་རྩི་བཏང་པས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཀུན་རྫོབ་སྒྱུ་མའི་དཔེ་བྱད་ལ། །ཡེ་ཤེས་ཆེན་པོའ་ིརྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ཕུང་པོ་ལྔ་ནི་བདུད་ཡིན་ཏེ། །དེ་བཞིན་རིགས་ལྔའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་བཞིན་མིག་ལ་རྩོགས་པ་ཡི། །སྐྱེ་མཆོད་རྣམས་ནི་བདུད་ཡིན་ཏེ། །སེམས་དཔའ་སེམས་མའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །འབྱུང་བ་ལྔ་ནི་བདུད་ཡིན་ཏེ། །ཡུམ་ཆེན་ལྔ་ཡི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱང་། །དེ་བཞིན་དམིགས་པའི་བདུད་ཡིན་ཏེ། །དེ་ལ་འཇོམས་པའི་རྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་བཞིན་འཁོར་བའི་བག་ཆགས་ལ། །ཐུགས་རྗེ་ཆེན་པོའ་ིརྩི་བཏང་བས། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་ཕྱིར་ཨ་ནི་མཉམ་གནས་ཏེ། །མྲྀ་ནི་ཐམས་ཅད་བདུད་ཡིན་པས། །དེ་ཡི་རྩི་ནི་ཐཱ་ཞེས་བྱ། །དེ་བཞིན་ཨ་ནི་དྲི་ཡིན་ཏེ། །སྨྲྀ་ནི་ཐམས་ཅད་སྨན་ཡིན་ནོ། །དེ་བཞིན་ཐཱ་ནི་རྩི་རུ་བཤད། །ཨ་ནི་ཐམས་ཅད་རྒྱུ་ཡིན་ཏེ། །མྲྀ་ནི་དེ་བཞིན་འབྲས་བུའོ། །དེ་ལ་ཐ་ནི་ཐབས་སུ་གསུང་། །ཨ་ནི་ཆོས་ཉིད་ཡང་དག་སྟེ། །མྲྀ་ནི་ཡེ་ཤེས་ཆེན་པོའ།ི ། ཐ་ནི་ཡོངས་སུ་དག་པའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པར་རཀྟ་ནི། ཐུགས་རྗེ་ཆགས་པས་ཁམས་གསུམ་འཁོར་བ་སོ་སོར་རྟོག་པའི་ཡེ་ཤེས་སུ་སྒྲོལ་བ་སྟེ། །བདེ་འདུས་ལས། ཆོས་ཉིད་བརླན་གྱི་ཡེ་ཤེས་ཆུ། །ཐུགས་རྗེ་ཆགས་པའི་ཁ་དོག་དམར། །སྲིད་པ་བསྐྱེད་པ་རྒྱུའི་ཁྲག །པདྨ་རཀྟ་རང་བྱུང་ཁྲག །ཞིང་བཅུ་བསྒྲལ་བ་སྲོག་གི་ཁྲག །རྩི་བཅུད་དམར་པོ་འབྱུང་བའི་ཁྲག །ཐམས་ཅད་དག་པ་དབང་གི་ཁྲག །མ་དག་ཁམས་གསུམ་འཁོར་བའི་རྒྱུ། །ཧེ་རུ་ཀ་ཡི་དགོངས་པ་ཡིས། །སྲིད་གསུམ་འཁོར་བའི་བག་ཆགས་བསྒྲལ། །མཆོད་པའི་རྫས་སུ་བྱིན་རླབས་ཏེ། །ཞེས་སོ། །གསུམ་པ་གཏོར་མ་ནི། སྔ་མ་ལས། སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །སྲིད་པ་བཅུད་ཀྱི་སྐྱེ་འགྲོ་གཏོར་མར་བཤམས། །ཞེས་ཚོགས་དྲུག་སྣང་བའི་ཡུལ་གྱུར་ཐམས་ཅད་གཏོར་སྣོད་ལས། །སྲིད་གསུམ་འགྲོ་བའི་ལྔ་ཕུང་ཐམས་ཅད་གཏོར་མར་གདོད་ནས་གྲུབ་ལ། ཡོངས་གྲུབ་རང་བཞིན་དག་པའི་ཆོས་ཉིད་ཀྱིས་བརླབ་པས་སྣང་སྲིད་གཞིར་བཞེངས་ཀུན་ཏུ་བཟང་པོའ་ིམཆོད་སྤྲིན་ཞེས་བྱའོ། །གཞན་ལྷག་མ་ནི་ཚོགས་ཀྱི་སྐབས་སུ་སྟོན་ནོ། །གསུམ་པ་གསང་མཆོད་ནི། གསང་བའི་མཆོད་པ་སྦྱོར་སྒྲོལ་གཉིས་ལས། །དང་པོ་ནི། ཀུན་ཏུ་བཟང་མོའ་ིགསང་བའི་བྷ་ག་ལས། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས། །གཉིས་མེད་བྱང་ཆུབ་སེམས་ཀྱི་མཉེས་གྱུར་ཅིག། ཅེས་སོ། །གཉིས་པ་སྒྲོལ་བའི་མཆོད་པ་ནི། །གསང་སྙིང་ལས། ཐོག་མར་བདག་ཉིད་རྟོགས་སྒོམ་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློང་ན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་དང་། གདོད་མའི་སྟོང་ཆེན་དབྱིངས་ཀྱི་བྷ་གའི་ཀློང་། །རྣམ་ཀུན་མཆོག་ལྡན་རིག་པའི་རྡོ་རྗེ་ཡིས། །རྟེན་འབྲེལ་ལུགས་ལྡོག་འཁོར་བའི་བག་ཆགས་བསྒྲལ། བདེ་སྟོང་དགའ་བཞིར་ཉམས་རྩལ་རྫོགས་པའི་གར། །ཞེས་སོ། །དེ་ལྟར་ཕྱི་ནང་གསང་བའི་མཆོད་པའི་བརླབ་ཚུལ་ནི་སྣང་སྲིད་ཐམས་ཅད་གདོད་ནས་མཆོད་པའི་རང་བཞིན་དུ་གནས་པ་ལ། རྣལ་འབྱོར་རབ་ཀྱི་དེ་ལྟར་གསལ་འདེབས་པར་གཞུང་གི་དགོངས་འགྲེལ་ཙམ་དུ་བཀོད་ལ། བྱེ་བྲག་ཏུ་སོ་སོར་བྱིན་གྱིས་བརླབ་པའི་ཚུལ་ནི། རྗེ་བླ་མས་མཛད་པའི་རྡོ་རྗེ་ཕུར་བ་རྒྱུད་ལུགས་ཀྱི་ལས་བྱང་དཔག་བསམ་ལྗོན་པ་ལས་རྟོགས་པར་བྱའོ། །མཆོད་པའི་སྤྲིན་ནི་ཆིག་ཟུར་བསྡུས་པ་སྟེ། །དེ་ལྟར་མཆོད་པའི་དངོས་རྣམས་སྤྲིན་གྱི་ཕུང་པོ་སྟེ་རྒྱ་མཚོའི་མིང་གི་རྣམ་གྲངས་གྲངས་མེད་པའི་དོན། ཀོ་ས་ལར། དེ་རྣམས་ཀྱི་ཚོགས་ནི་སྤྲིན་ནོ། །སྤྲིན་གྱི་ཕུང་པོ་ནི་རྒྱ་མཚོ་སྟེ་རྒྱ་མཚོའི་སྒྲས་ནི་གྲངས་མཐའ་མེད་པར་ཉིད་དུ་སྟོན། །ཞེས་སོ། །དེ་ཉིད་ཀྱང་ཐུན་མོང་ཞིང་དང་བསམ་པ་དང་། །དངོས་པོ་ཀུན་ལ་ངན་པ་དང་མ་དག་པའི་སེལ་མེད་པར་ཀུན་ནས་ཀུན་ཏུ་བཟང་པོའ་ིམཆོད་རྫས་ཁོ་ནས་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་དུ་ལྷུན་གྱིས་གྲུབ་པ་ནི། མཆོད་པའི་ཕུང་པོ་ཉིད་ཀྱང་སྟོང་གསུམ་དང་མཉམ་ཞིང་དེའི་རྡུལ་རེ་རེར་ཀྱང་དེ་ལྟ་བུའི་མཆོད་སྤྲིན་སྔ་མ་ལྟར་བལྟ་ཞིང་དེའི་རྡུལ་རེའི་ནང་དུའང་དེ་ལྟར་བལྟ་བ་སོགས་གྲངས་མཐའ་མེད་པར་བློས་མོས་པ་ནམ་མཁའ་མཛོད་ལྟ་བུར་ནམ་ཡང་འཛད་པ་མེད་པ་ནི་ཐུན་མོང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའ་ིརྗེས་སུ་སློབ་པའི་མཆོད་སྤྲིན་ཏེ། །དེ་ཡང་མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱིས། །ཞེས་སོ། ཐུན་མོང་མིན་པ་ནི། ནམ་མཁའི་མཐས་བསྡུས་པའི་ཞིང་ཁམས་རྒྱ་མཚོ་ལྟ་བུ་རྒྱལ་བ་ཀུན་ཏུ་བཟང་པོའ་ིཡེ་ཤེས་རོལ་པའི་ཆོ་འཕྲུལ་རང་བཞིན་འདོད་ཡོན་དག་པའི་མཆོད་སྤྲིན་ཆེན་པོ་བློའ་ིསྤྱོད་ཡུལ་ལས་འདས་པ་ནི་ནམ་ཡང་མཁའ་ལྟར་འཛད་པ་མེད་པ་རྒྱལ་བ་ཀུན་ཏུ་བཟང་པོའ་ིཡེ་ཤེས་ཀྱི་མཆོད་པ་སྟེ། །ཞི་ཁྲོ་ལས། སྣོད་བཅུད་མ་ལུས་འདོད་ཡོན་རོལ་པའི་རྒྱནཿཀུན་བཟང་མཆོད་པའི་སྤྲིན་ཕུང་བསམ་ཡས་པཿ ཞེས་སོ། །ཤིན་ཏུ་ཐུན་མོང་མིན་པ་ནི། །དབྱིངས་རིག་གཉིས་སུ་མེད་པ་ཀུན་ཏུ་བཟང་མོའ་ིགསང་བའི་བྷ་གར་ཐབས་མཆོག་ཀུན་ཏུ་བཟང་པོའ་ིཡིས་བདེ་སྟོང་འདོད་པའི་ཡོན་ཏན་ཆེན་པོའ་ིམཆོད་སྤྲིན་ནི་ཟག་བཅས་ཀྱི་འགྱུར་བར་བྲལ་བ་ནམ་མཁའ་ལྟ་བུའི་རང་བཞིན་དུ་ནམ་ཡང་མཛད་པ་མེད་པ་སྟེ། །བཤད་རྒྱུད་ལས། ཡུམ་གྱི་བྷ་ག་དགྱེས་པའི་ཕོ་བྲང་དུ། །ཡབ་ཀྱི་རྡོ་རྗེ་གཉིས་མེད་བྱང་ཆུབ་སེམས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ལ། །ཞེས་སོ། །སརྦ་ནི་ཐམས་ཅད། པཱུ་ཛ་མཆོད་པ། ས་མ་ཡཱཿ དམ་ཚིག་གི་ཧོ་དགྱེས་པ་སྟེ། སྣོད་བཅུད་ཐམས་ཅད་ཡེ་ནས་དག་པ་འདོད་ཡོན་མཆོད་པའི་དམ་ཚིག་ཆེན་པོར་ལྷུན་གྱིས་གྲུབ་པའི་རང་བཞིན་ཏེ། །སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་ལས། །གནས་དང་འཁོར་ལ་སོགས་པ་གཞན་ལ་མི་ལྟོས་པར་ཡེ་ཤེས་ཀྱི་རང་སྣང་ཉིད་དུ་ཏིང་ངེ་འཛིན་གྱི་སྒྱུ་མའི་རོལ་པར་ལྷུན་གྱིས་གྲུབ་པས་ལོངས་སྤྱོད་ཆེན་པོ་ཞེས་བྱའོ། །ཞེས་སོགས་དང་མཐུན་ནོ། །སྤྱི་དོན་གཉིས་པ་དངོས་གཞི་བསྐྱེད་པའི་རིམ་པ་བསྒོམ་པ་ལ་གཉིས་ཏེ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ཕྲིན་ལས་བྱ་བའི་ཡན་ལག་བསྒྲུབ་པའོ། །དང་པོ་ལ་གསུམ་གྱི་སྐྱེ་མེད་ཨ་ཏིའི་གནས་ལུགས་བསྟན་པ་ནི། །ཨ་ནི་ཡི་གེ་ཀུན་གྱི་འབྱུང་གནས་སྣང་བའི་ཆ་ཙམ་ཡང་མ་དོར་བའི་སྟོང་པའི་མཐར་ཡང་མ་གྲུབ་པ་དང་། །དེ་ཉིད་དངོས་པོ་དང་མཚན་མར་མེད་པས་མི་སྟོང་ཞེས་ཀྱང་དམིགས་སུ་མེད་པ་གང་གི་ཚེ་དེ་གཉིས་ཀྱི་རང་བཞིན་གཉིས་སུ་མེད་པའོ། །ཞེས་པའི་དབུ་མའང་དམིགས་སུ་ཡོད་པ་མ་ཡིན་ཏེ་ལྟོས་པ་སྣང་བ་དང་སྟོང་པའི་རང་བཞིན་ལས་འདས་ཕྱིར་རོ། །དེ་ལྟར་ན་ཆོས་ཐམས་ཅད་མིང་ཙམ་ལས་སྨྲ་བསམ་སྤྲོས་བརྗོད་ཀྱི་ངོ་བོར་མ་གྲུབ་པ་ནི་སངས་རྒྱས་ཀུན་གྱི་དགོངས་པ་ཆོས་སྐུ་ལྷུན་གྲུབ་ཆེན་པོའ་ིརང་བཞིན་ཏེ། གསང་སྙིང་ལས། ཨ་ནི་སྟོང་དང་མི་སྟོང་གི་དབུས་མའང་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེའི་ཕྲེང་བ་ཉིད་ལ་གནས། །ཞེས་དང་། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བའི་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་སོ། །དེ་ཡང་སྐྱེ་མེད་ཀྱི་ངང་ལས་ཐུགས་རྗེ་འགགས་མེད་ལྷུན་གྲུབ་དག་པ་རབ་འབྱམས་ལྷག་མཐོང་གི་ཡེ་ཤེས་ཆེན་པོ་སྣང་ཆའི་རྟེན་འབྲེལ་མངོན་དུ་བྱ་བ་ནི་འདི་མན་གྱི་བསྐྱེད་རིམ་ཐམས་ཅད་ཡེ་སྟོང་འོད་གསལ་རྫོགས་པ་ཆེན་པོའ་ིརྩིས་ཟིན་པའི་རང་གདངས། ཐབས་སྙིང་རྗེ་ཆེན་པོ་དང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དུ་ལྡང་བར་བྱ་སྟེ། དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་སྒོམ་ན་ཡང་། །སྲིད་པར་འདིར་གནས་ཐར་པ་ཐོབ་མི་འགྱུར། །ཞེས་དང་། གུར་ལས། སྟོང་ཉིད་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་རྣམ་བསྒོམ་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱིས་ཡང་བསྟན་པའོ། །གཉིས་པ་འགགས་མེད་འོད་གསལ་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྟན་པ་ལ་གཉིས། །སྣང་སྲིད་ཡེ་ནས་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་བསྟན་པ་དང་། །རྣམས་པ་བདེ་ཆེན་ཐིག་ལེ་ཉག་གཅིག་གི་ཕོ་བྲང་དུ་གསལ་གདབ་པའོ། །དང་པོ་ལ་གཉིས་ཀྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ཡུམ་ལྔའི་ཀློང་དུ་བསྟན་པ་ནི། །སྣང་བ་ཐམས་ཅད་ཡུམ་ལྔའི་ཀློང༔ ཞེས་པས་ཕྱི་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པ་རིགས་ཀྱི་ཡུམ་ལྔའི་མཁའ་ཀློང་སྟེ༔ སྲ་བ་སའི་ཁམས་ཐམས་ཅད་རྣམ་པར་དག་པ་ཡུམ་སངས་རྒྱས་སྤྱན་མའི་ཀློང་། །མཉེན་པ་ཆུའི་ཁམས་ཐམས་ཅད་རྣམ་པར་དག་པ་ཡུམ་མ་མ་ཀིའི་ཀློང་། །དྲོ་བ་མེད་པའི་ཁམས་ཐམས་ཅད་རྣམ་པར་དག་པ་ཡུམ་ན་བཟའ་དཀར་མོའ་ིཀློང་། བསྐྱོད་པ་རླུང་གིས་ཁམས་ཐམས་ཅད་རྣམ་པར་དག་པ་ཡུམ་དམ་ཚིག་སྒྲོལ་མའི་ཀློང་། །སྣང་བ་ནམ་མཁའི་ཁམས་ཐམས་ཅད་རྣམ་པར་དག་པ་ཡུམ་ནམ་མཁའ་དབྱིངས་ཕྱུག་མའི་ཀློང་སྟེ། །རྒྱུད་ལས། ས་ཆུ་སྤྱན་དང་མ་མ་ཀི༔ མེ་རླུང་གོས་དཀར་དམ་ཚིག་སྒྲོལ༔ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ༔ ཞེས་དག་བྱ་དག་འབྲས་ལ་སྦྱར་ཞིང་། །བྷི་མ་ལས་ཀྱང་། །སྣང་སྲ་མཉེས་དྲོད་བསྐྱོད་དང་ལྔ། །དབྱིངས་ཀྱི་ངོ་བོ་རྒྱལ་མོ་སྟེ། །ཞེས་སོ། །གཉིས་པ་སྲིད་པ་གསུམ་མཁའ་འགྲོའ་ིདཀྱིལ་འཁོར་དུ་བསྟན་པ་ནི། །སྲིད་པ་ཐམས་ཅད་མཁའ་འགྲོའ་ིདལ༔ ཞེས་པར་རྗེ་བླ་མས་བསྙེན་པའི་ཡང་ཡིག་འདུས་དཀྱིལ་མངོན་བརྗོད་དུ། །ས་འོག་ས་སྟེང་ས་བླ་སྟེ་བར་སྣང་སྟོང་པའི་ཆ་གསུམ་ལ་སྲིད་པ་གསུམ་དུ་གྲགས་པ་ཐམས་ཅད་ཀྱང་མཁའ་འགྲོའ་ིདལ་དུ་རང་བཞིན་གྱིས་སངས་རྒྱས་པ་ཡིན་པར་ཤེས་པ་ཡིན་ནོ། ཞེས་གསུང་པའི་དོན་སྡོམ་པའི་རྒྱུད་ལས། །ཤྲཱི་ཧེ་རུ་ཀ་ཡི་སྤྲུལ་པ་ཆེ། །དེ་ཡི་དཀྱིལ་འཁོར་གཙོ་མོ་ཡིན། །མཁའ་འགྲོ་ཉི་ཤུ་རྩ་བཞི་འདིས། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །འགྲོ་བ་ཀུན་ལ་འདི་ཡི་ཁྱབ། །ཅེས་དང་། གསང་རྙིང་ལས། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཀྱང་རྒྱལ་བའི་མི་བསྙེས་སོ། །ཞེས་དང་། སློབ་དཔོན་པདྨས། སྙིགས་མའི་འབྱུང་བ་རྟོག་བཅས་ཀྱི་སེམས་ནམ་མཁའ་ཉིད། །རྟོག་མེད་དུ་ཡེ་ནས་མ་བཅོས་པར་ཆོས་སྐུའི་ངང་དུ་གསལ་ཞིང་། །ཀུན་ཏུ་ཁྱབ་གདལ་བས། །སེམས་དང་ནམ་མཁའ་སྣང་བ་རྟེན་བྱེད་པའི་ཡུམ་ཀུན་ཏུ་བཟང་མོ་རྡོ་རྗེ་རིགས་ཀྱི་མཁའ་འགྲོར་སྣང་ལ་རང་བཞིན་མེད་པར་སངས་རྒྱའོ། །སྙིགས་མའི་རྟོག་བཅས་ཀྱི་འབྱུང་བ་ཤ་རུས་པ་ལྟར་སྣང་བ་རྟོག་མེད་དུ་གསལ་བ། ཤ་རུས་པ་ལྟར་སྣང་བ་རིལ་བསྐྱེད་པའི་རྟེན་བྱེད་པས་ཡུམ་སངས་རྒྱས་སྤྱན་ཏེ། དེ་བཞིན་རིགས་ཀྱི་མཁའ་འགྲོ་མ་ཞེས་བྱའོ། །སྙིགས་མའི་འབྱུང་བ་རྟོག་བཅས་ཁྲག་དང་ཆུ་ལྟར་སྣང་བ་རྟོག་མེད་དུ་གསལ་བས་ཐུགས་རྗེས་རླན་སྡུད་པ་མ་མ་ཀི་སྟེ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་ཞེས་བྱའོ། །སྙིགས་མའི་འབྱུང་བ་རྟོག་བཅས་དྲོད་དང་མེ་ལྟར་སྣང་བ་རྟོག་མེད་དུ་གསལ་བའི་བྱེས་སྨིན་ཅིང་རྟས་པར་བྱེད་པ་ཡུམ་གོས་དཀར་མོ་ཏེ། པདྨ་རིགས་ཀྱི་མཁའ་འགྲོ་མ་ཞེས་བྱའོ། །སྙིགས་མའི་འབྱུང་བ་དབུགས་དང་རླུང་ལྟར་སྣང་བ། ཐུགས་རྗེས་ཡང་ཞིང་གཡོ་བ་འདེགས་པར་བྱེད་པ་ཡུམ་དམ་ཚིག་སྒྲོལ་མ་སྟེ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་ཞེས་བྱའོ། །ཞེས་སོགས་དང་། །དེ་དག་ཀྱང་ཅིས་མངོན་ཞེས་ན་རྒྱུད་ལས། །སྙིགས་མའི་འབྱུང་བ་ལྔ་ནི་རྟོག་པ་འབྱུང་བ་སྟེ། །དེ་ཉིད་རང་བཞིན་གྱིས་དག་དྭངས་མའི་འབྱུང་བ་ལྔ། །མ་བཅོས་དོན་གྱིས་རིགས་ཀྱི་མཁའ་འགྲོ་མ། །ཞེས་ལུང་དང་བཅས་སྟེ་གསུངས་སོ། །གཉིས་པ་རྣམ་པ་བདེ་ཆེན་ཐིག་ལེ་ཉག་གཅིག་གི་ཕོ་བྲང་གསལ་གདབ་པ་ལ་གཉིས་ཀྱིས། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། རྟག་བདེ་བ་ཆེན་པོའ་ིདཀྱིལ་འཁོར་རོ། །དང་པོ་ནི། རྒྱུ་རྐྱེན་ལས་འདས་གཞལ་ཡས་ཁངཿ ཐིག་ལེ་ཉག་གཅིག་ཆོས་དབྱིངས་སྒོཿ ཞེས་པས། དེ་ལྟར་སྣང་སྲིད་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཉིད་ཀྱང་། རྒྱུད་སྡེ་འོག་མ་ལྟར་རྒྱུ་མ་ནོར་བ་རྩ་བའི་སྔགས་བྷྲུཾ་ཞེས་པ་ལ་སོགས་པ་རྣམ་པ་བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས་གསལ་བཏབ་སྟེ་སྒོམ་པ་ལྟ་བུ་ལས་རྣམ་པར་འདས་པ། ཡེ་ཤེས་ཆེན་པོའ་ིགཞིར་རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཆོས་སྐུ་ཐིག་ལེ་ཉག་གཅིག་ལ་སྐྱེ་འགག་རྟག་ཆད་ལ་སོགས་པ་སྤྲོས་པའི་མཐའ་བརྒྱད་ཀྱི་གྲ་ཟུར་ལས་འདས་པའི་ཕྱི་དབྱིབས་ཀུན་ནས་ཟླུམ་ཞིང་སྟོང་ཉིད་ངང་ལས་ཐུགས་རྗེས་ཆགས་བའི་ཕྲིན་ལས་ཀྱི་འགྲོ་བ་འདུལ་བའི་ནང་དབྱིབས་ཟླ་གམ་གྱི་རྣམ་པ་ལ་ཆོས་ཀྱི་དབྱིངས་གཅིག་དང་དུ་མའི་གྲངས་མཐའ་ཟད་པའི་སྒོ་གཅིག་པ་སྟེ། །རབ་འབོགས་བཀོལ་དུམ་ལས། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཞེས་དང་། བདེ་མཆོག་ལས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་ལ་གནས་པའོ། །ཞེས་དང་། ཀུན་བྱེད་ལས། དཀྱིལ་ནི་མ་ནོར་དོན་གྱི་སྙིང་པོ་ལ། །འཁོར་ནི་འཁོར་འདས་བདེ་ཆེན་རྫོགས་པར་ལྡན། །དེ་ནི་དཀྱིལ་འཁོར་སྙིང་པོ་ཀུན་གྱི་རྩ། །དཀྱིལ་འཁོར་མ་ལུས་འདི་ལ་རྫོགས་པར་རྟོགས། །ཞེས་སོ། །གཉིས་པ་རྟགས་བདེ་བ་ཆེན་པོའ་ིཕོ་བྲང་ལ་དངོས་དང་དོན་ནོ། །དང་པོ་ནི། བདེ་ཆེན་འབར་བའི་ཕོ་བྲང་དབུསཿ ཞེས་པས་བདེ་བ་ཆེན་པོ་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་གནས་རྡོ་རྗེ་བཙུན་མོའ་ིབྷ་ག་སྐུ་གསུང་ཐུགས་གསུམ་རྣམ་པར་ཐར་པའི་སྒོ་གསུམ་གྱིས་མཚོན་པའི་དབྱིབས་གྲུ་གསུམ། ཐབས་དང་ཤེས་རབ་ཟུང་དུ་ཆུད་པའི་ཕྱིར་ཕྱི་དཀར་ལ་ནང་དམར་བའི་འོད་ཟེར་འབར་བ། །རབ་ཏུ་དགའ་བ་ལ་སོགས་པ་སའི་ཡོན་ཏན་གོང་ནས་གོང་དུ་ཡངས་བའི་ཕྱིར་གདེངས་ཁ་ཆེ་བ་གྱེན་དུ་ཕྱོགས་པ་སྟེ། བི་མ་ལས། ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ཁང་། བྷ་ག་ཆོས་འབྱུང་ཞེས་སུ་གྲགས། །མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས། །དེ་ནི་གནས་ཀྱི་བླ་མར་འདོད། །ཅེས་དང་། འདུས་པའི་རྒྱུད་ཕྱི་མ་ལས། རིག་མའི་སྐྱེས་བུ་རྡོ་རྗེ་ཅན། །ལོངས་སྤྱོད་བཞི་དང་ཡང་དག་ལྡན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གྲུ་གསུམ་རྣམས་སུ་སྒོམ་པར་བྱ། །ཞེས་དང་། སློབ་དཔོན་པདྨས། འབྱུང་བ་ལྔ་རིགས་ཀྱི་ཡུམ་ལྔ། ཡུམ་ལྔ་པོ་དེ་ཉིད་ཀུན་ཏུ་བཟང་མོ་དེ་ཉིད་ཀྲོ་ཏི་ཤོ་རིམ་སྟེ། །ཡུམ་དེའི་མཁའ་ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་ཁང་། པདྨ་གེ་སར་གྱི་ཀློང་དུ། རིགས་ལྔ་ཡེ་ཤེས་ལྔ་པོ་དེ་ཉིད་དཔལ་ཆེན་པོ་ཡེ་ཤེས་ཀྱི་ཐིག་ལེ་དཀྱིལ་འཁོར་དང་བཅས་པ་ཡང་ཡུམ་གྱི་མཁའ་འདིར་མྱ་ངན་ལས་འདས། ད་ལྟར་བཞུགས་པའི་སངས་རྒྱས་ཞལ་གཞེས་པ་ཡང་ཡུམ་གྱི་མཁའ་འདིར་དབྱེར་མེད་པར་བཞུགས། སླད་ཀྱི་འབྱོན་པའི་སངས་རྒྱས་རིལ་ཡང་མཁའ་འདིར་བརྒྱུད་ནས་བྱོན་པས། ཆོས་ཉིད་ཡུམ་གྱི་མཁའ་འདི་རྒྱལ་བ་རིལ་གྱི་གདུང་། །འགྲོ་འོང་ཀུན་གྱི་གཞི། སྲིད་པ་ཡོངས་ཀྱི་འབྱུང་གནས། ཡེ་ཤེས་ཐ་དད་པར་རོལ་པས་ཡུམ་གྱི་མཁའོ། །ཞེས་དང་། འགྲེལ་ཆེན་དྲི་མེད་འོད་ལས། ཡི་གེ་ཨེ་དང་། གསང་ཆེན་དང་། པདྨ་དྲང་། ཆོས་འབྱུང་དང་། ནམ་མཁའི་ཁམས་དང་། བདེ་བ་ཆེན་པོའ་ིགནས་དང་། སེང་གེའི་ཁྲི་དང་། བྷ་ག་དང་། གསང་བའི་མིང་གིས་སྟོང་པ་ཉིད་བརྗོད་པའི་ཕྱིར་རོ། །ཞེས་དོན་གཅིག་མིང་གི་རྣམ་གྲངས་སུ་གསུང་ཤིང་། བདེ་མཆོག་ལས་ཀྱང་། ཨེ་དང་བྷ་ག་པདྨ་དང་། བདེ་བའི་གནས་དང་བདེ་བ་ཅན། །སེང་གེའི་གདན་དང་དམིགས་མེད་པ། །དེ་བཞིན་ཉིད་དང་ཕ་རོལ་ཕྱིན། །ཞེས་བྱ་བ་ནི་རྟེན་ཡིན་ནོ། །ཞེས་པས། ཕྱི་ལྟར་དུ་ཕྱག་རྒྱའི་སྐྱེས་གནས། །ནང་ལྟར་དུ་རྒྱལ་བའི་སྐུ་གསུང་ཐུགས། །གསང་བ་ལྟར་དུ་རྣམ་ཐར་སྒོ་གསུམ་མམ། །གཞི་ལམ་འབྲས་བུའི་བདག་ཉིད་ཅན་ཏེ། །དེ་ཡང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་ཡོད་མེད་ཀྱི་མཐའ་ལས་འདས་པས་ཆོས་ཐམས་ཅད་ཀྱི་གཞི། །རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ་ནི་ད་ལྟར་ཡང་མི་གནས་པས་ལམ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་མ་འོངས་པ་ལའང་ལྟོས་མི་འཆའ་བས་འབྲས་བུ་སྟེ། རྩ་ཤེ་ལས། ད་ལྟ་ན་ནི་མི་གནས་ཤིང་། །འདས་དང་མ་འོངས་ཡོད་མ་ཡིན། །གང་དུ་དེ་དག་མི་དམིགས་པ། །དེ་ལ་མི་དམིགས་པ་ཞེས་བརྗོད། །ཅེས་སོ། །ཆོས་འབྱུང་དེ་ཡང་ཟུར་གསུམ་སྟེང་དུ་ཕྱོགས་ཤིང་། གཅིག་རྩ་བར་ཟུག་པས། གཞི་དུས་སུ་སྐྱེ་གནས་བཞི་སྦྱོང་། །ལམ་དུས་སུ་དབང་བཞི་ལ་བརྟེན་ནས་དགའ་བ་བཞི་རྒྱུད་ལ་སྐྱེ་ཞིང་། །འབྲས་དུས་སུ་སྐུ་བཞི་མངོན་དུ་བྱེད་དེ། །གསང་བ་གྲུབ་པ་ལས། ཨེ་ཡི་ཆ་བྱད་བཟང་པོ་ལ། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཀུན་གྱི་འབྱུང་གནས་པ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་སོ། །དེ་ཡང་གཞི་དུས་སུ་སྣང་སྟོང་། །ལམ་དུས་སུ་བདེ་སྟོང་། འབྲས་དུས་སུ་སྐུ་གཉིས་མཚོན་པས་བསྣོལ་མ། ཕ་རོལ་ཕྱིན་པ་དྲུག་གམ། ཡེ་ཤེས་ལྔ་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་དྲུག་གི་ཟུར་དྲུག་པ། དེ་ལྟ་བུའི་ཕོ་བྲང་ཆེན་པོའ་ིདབུས་སུ། གཉིས་པ་ནི། ཆུ་སྐྱེས་གེ་སར་བཞད་པའི་སྟེངཿཉི་མའི་གདན་ལ་ཞེས་པའི་ཆུ་ལས་སྐྱེས་པའི་པདྨ་གེ་སར་ནི་ཀེ་ས་ར་ཟུར་ཆག་པ་ཏེ་ཟེའུ་འབྲུའི་ལང་ཚོ་དར་ལ་བབས་པས་ཤིན་ཏུ་རྒྱས་ཤིང་བཞད་པ་ནི། པདྨ་འདམ་ན་གནས་བཞིན་དུ། འདམ་གྱི་སྐྱོན་གྱིས་གོས་པ་མེད་པ་ལྟར་འཁོར་བ་ན་འགྲོ་བ་འདུལ་བའི་ཕྱིར་གནས་ཀྱང་དེའི་སྐྱོན་གྱིས་གོས་པ་མེད་པ་དང་། །དེའི་སྟེང་དུ། སེམས་ཉིད་ཆོས་སྐུར་ཡེ་ནས་རང་བཞིན་གྱིས་འོད་གསལ་བ་ཉི་མའི་གདན་གྱི་སྟེང་དུ་བཞུགས་པའོ། །གསུམ་པ་བསྟེན་པ་མཁའ་འགྲོའ་ིདཀྱིལ་འཁོར་བསྐྱེད་པ་ལ་གསུམ། གཙོ་མོ་བསྐྱེད་པ་དང་། འཁོར་བསྐྱེད་པ་དང་། རིགས་བདག་གསལ་གདབ་པའོ། །སྔ་མ་གཉིས་ཀྱི་མཁའ་འགྲོ་དངོས་བསྐྱེད་པ་ནི། །མཁའ་འགྲོའ་ིགཙོཿ ཆོས་སྐུའི་ཀློང་ན་ཀུན་བཟང་མོཿ ལོངས་སྐུའི་ཞིང་ན་ཝ་ར་ཧི༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་ནི། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམརཿགཅེས་མོ་མཉམ་པའི་དོར་སྟབས་ཅནཿ ཤིན་ཏུ་ཆགས་དང་བཞད་པའི་ཞལཿཕྱག་གཡས་ཐོད་པའི་ཅང་ཏེའུཿ སྙན་གྱི་ཐད་ཀར་གཏོད་ཅིང་འཁྲོལཿ གཡོན་པས་གྲི་གུག་ཡུ་བ་ནིཿ སྐུ་ལ་བསྟེན་ནས་མཆོག་ཏུ་འགྱིངཿ བྷ་ག་རྒྱས་ཤིང་ནུ་མ་འབུརཿ ཞེས་པས། ཉི་མའི་སྟེང་དུ་མཁའ་འགྲོ་ཀུན་གྱི་གཙོ་མོ་ཆོས་སྐུ་སྐྱེ་བ་མེད་པའི་ཀློང་རང་བཞིན་གྱི་སྤྲོས་པ་བྲལ་བ་ན། རྣམ་ཀུན་མཆོག་ལྡན་གྱི་བདེ་བ་ཆེན་པོ་ན་གསལ་གཞོན་ནུ་བུམ་སྐུའི་གནས་ལུགས་ཉིད་ཆོས་ཉིད་ཀུན་ཏུ་བཟང་མོ་སྟེ། རཏྣའི་ཡང་སྙིང་འདུས་པརཿ སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོཿཞེས་དང་། སྒྱུ་འཕྲུལ་བླ་མ་ལས། །ཆེས་ཕྲའི་ཡེ་ཤེས་ནང་དུ་གསལཿ དམིགས་མེད་འཆར་གཞི་ཆོས་ཀྱི་སྐུཿ ཞེས་དང་། ཆོས་སྐུ་དཔག་མེད་བརྗོད་དུ་མེད། ཅེས་སོ། དེ་ཕྱིར་གསལ་གྱི་རྣམ་པར་བཞེངས་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ངེས་པ་ལྔ་ལྡན་སྟུག་པོ་བཀོད་པ་ན་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་གཏེར་དུ་གྱུར་པ་བཛྲ་ཝཱ་རཱ་ཧཱི་རྡོ་རྗེ་ཕག་མོ་སྟེ། བདེ་མཆོག་ལས། དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའ་ིགཟུགས་སུ་བསྟན་པ་ཡིན། །ཞེས་པར་གྲུབ་ཆེན་ལྭ་བའི་ན་བཟའ་ཅན་གྱིས་དག་པའི་ཆོས་ནི་སྟོང་པ་ཉིད་དེ་ཕག་མོ་ནི་དེའི་ངོ་བོ་ཉིད་དོ། །ཞེས་དང་། སྒྱུ་འཕྲུལ་ལས། ལོངས་སྤྱོད་ཟག་མེད་རིན་ཆེན་གཏེར། །ཞེས་སོ། །དེ་ཉིད་སྤྲུལ་སྐུ་གང་ལ་གང་འདུལ་དུ་བསྟན་པ་ནི་དཔེར་ན་ནམ་མཁའི་ཟླ་བ་ཉ་གང་བ་ལས་ཆུ་སྣོད་ཐ་དད་པར་གཟུགས་བརྙན་ཤར་བ་བཞིན། །ལོངས་སྐུ་མཁའ་ཟླ་ལྟ་བུ་ལས་གདུལ་བྱའི་ཆུ་སྣོད་གང་དུ་ཡོད་པ་དེར། །སྤྲུལ་སྐུ་ཆུ་ཟླ་ལྟ་བུ་བསམ་གྱིས་མི་ཁྱབ་པར་རང་ཤར་བའི་སྒྱུ་འཕྲུལ་ལས། སྤྲུལ་པ་བྱེ་བ་དཔག་ཏུ་མེད་པས་འགྲོ་དོན་མཛད་པ་ལས་གངས་ཅན་གྱི་ལྗོངས་སུ་ཟབ་ཅིང་རྒྱ་ཆེ་བའི་གསང་སྔགས་ཀྱི་ཆོས་སྡེ་མཁའ་འགྲོའ་ིསྙིང་ཁྲག་ལྟ་བུའི་སྒོ་བརྒྱ་འབྱེད་པར་བྱེད་ཅིང་། དེ་ཉིད་མ་འོངས་འགྲོ་བའི་དོན་དུ་གནས་ཆེན་གངས་བྲག་ཐམས་ཅད་གཏེར་གྱི་བཀང་བ་ནས་ལྔ་བརྒྱ་ཐ་མའི་སེམས་ཅན་གདུལ་བའི་ཕྲིན་ལས་མི་ཟད་པ་མངའ་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ཉིད་དེ། གཏེར་ཆེན་རཏྣ་དྭཱེ་པས། མཁའ་འགྲོ་བདེ་ཆེན་དུས་གསུམ་རྒྱལ་བའི་ཡུམཿ ཡེ་ཤེས་མཆོག་གི་རྡོ་རྗེ་ཕག་མོ་ཡངསཿ འགྲོ་བའི་དོན་དུ་སྒྱུ་མའི་ལུས་བཟུང་ནསཿཟག་མེད་བདེ་སྟོང་བཀའ་ཡི་བསྡུ་བ་མཛདཿ དངོས་གྲུབ་ཀུན་གྱི་འབྱུང་གནས་ཡིད་བཞིན་གཏེརཿ ཡེ་ཤེས་མཚོ་རྒྱལ་སྐུ་ལ་ཕྱག་འཚལ་ལོཿ ཞེས་པ་ལྟར་རོ། །འདིར་བསྐྱེད་པའི་རིམ་པ་ནི་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱོང་བྱེད་དོ། །སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་བཅས་སྤྲོས་དང་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པས་དང་པོའ་ིལས་ཅན་བློ་སྤྲོས་པ་ལ་དགའ་བར་བདག་སྲས་ལ་བསྐྱེང་ཚུལ་ལྔ་དང་། གཞན་སྲས་ལ་བརྒྱད་ཀྱི་བསྐྱེད་རིམས་ཤིན་ཏུ་རྒྱས་པ་རྒྱུད་སྡེ་དང་སྒྲུབ་སྡེ་བཀའ་བརྒྱད་ལས་བཤད་པ་ལྟ་བུ་སྒོང་སྐྱེས་སྦྱོང་བྱེད་དང་། ཅུང་ཟད་གོམས་པའི་དེ་ལས་སྤྲོས་པ་ཆུང་བ་ལ་མངོན་བྱང་བཞིའམ་ལྔའི་སྒོ་ནས་བསྐྱེད་ཅིང་ཞུ་བ་གླུས་བསྐུལ་དང་བཅས་པ་ཡོད་པ་མངལ་སྐྱེས་སྦྱོང་བྱེད་དང་། དེ་བས་ཀྱང་གོམས་པ་བརྟན་པ་སྤྲོས་མེད་ལ་ཉི་ཟླ་ས་བོན་ཙམ་ལས་སྔགས་ཀྱི་རྐྱེན་གྱིས་བསྐྱེད་པ་དྲོད་བཤེར་སྐྱེས་སྦྱོང་བྱེད་དང་། བློ་རབ་གོམས་པ་བརྟན་པ་ཤིན་ཏུ་སྤྲོས་མེད་ལ་རྒྱུ་རྐྱེན་གྱིས་རྩོལ་བ་ལ་མ་ལྟོས་པར་གདོད་ནས་གྲུབ་པ་ལ་གསལ་གདབ་པའི་ཚུལ་གྱིས་སྐད་ཅིག་དྲན་རྫོགས་སུ་བསྒོམ་པ་རྫུས་སྐྱེས་ཀྱི་བག་ཆགས་སྦྱོང་བྱེད་དང་བཞིར་ཡོད་པ་ལས། འདི་ནི་ཕྱི་མའི་དབང་དུ་བྱས་ཏེ་བློ་རབ་ཨ་ཏིའི་རྣལ་འབྱོར་ལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་གདོད་ནས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་གསལ་གདབ་པ་ལས་མིང་དང་གཟུགས་དང་མངོན་རྟོགས་ཀྱི་རིམ་པ་རེ་རེ་བ་ནས་བསྐྱེད་པར་མི་བྱ་སྟེ། །རང་ཤར་ལས་ཅིག་ཅར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །ཞེས་དང་། དྲིལ་བུ་བས། བརྫུས་ཏེ་འབྱུང་བའི་སེམས་ཅན་བཞིན། །ས་བོན་མེད་པའི་རྣམ་པར་བསྒོམ། །ཞེས་དང་། སྡོམ་འབྱུང་ལས། དབང་པོ་རྣོན་པོའ་ིསྐད་ཅིག་གི། །རྣམ་པ་སེམས་ཙམ་དཀྱིལ་འཁོར་བསམ། །ཞེས་གསུངས་སོ། །གདོད་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་རྣམ་པ་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱི་ཕྱག་གཉིས། འདོད་ཆགས་རྣམ་པར་དག་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ངོ་བོ་གསུང་པདྨའི་རིགས་ཀྱི་འགྲོ་བ་འདུལ་བའི་བརྡར་སྐུ་མདོག་དམར་མོ། སྒྲིབ་པ་གཉིས་རྣམ་པར་དག་པས་གཟུང་འཛིན་མཚན་མའི་རྟོག་པའི་གོས་དང་བྲལ་བས་གཅེར་མོའ་ིགཟུགས་ལ་དགའ་བ་བཅུ་དྲུག་མཐར་ཕྱིན་པའི་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཆོས་ཅན་སྲིད་པ་དང་ཆོས་ཉིད་ཞི་བའི་མཐའ་ལ་མི་གནས་པའི་ཞབས་གཉིས་མཉམ་པའི་བཞེངས་སྟབས་ལས། འགྲོ་བའི་དོན་མཛད་པའི་བརྡར་ཅུང་ཟད་དོར་སྟབས་ཅན། འདོད་ཆགས་རང་ག་མའི་ཀུན་ཏུ་རྟོག་པའི་འཆིང་བ་ཡོངས་སུ་བཅད་ཀྱང་འགྲོ་བ་ཀུན་རང་གི་བདེ་གཤེགས་སྙིང་པོའ་ིཆོས་ཉིད་མ་རྟོགས་པ་རྣམ་པར་རྟོག་པའི་གཞན་དབང་དུ་གྱུར་ཏེ་སྣ་ཚོགས་འཁྲུལ་པའི་འཁོར་ལོ་ལ་སྤྱོད་པ་ཀུན་ལ་ཐུགས་བརྩེ་བའི་ཤུགས་ཀྱིས་ཤིན་ཏུ་རྗེས་སུ་ཆགས་པར་སྟོན་པ་དང་། འོན་ཀྱང་སེམས་ཅན་ཀུན་གྱི་རང་བཞིན་གདོད་མ་ནས་མངོན་པར་སངས་རྒྱས་པའི་ཕྱིར་རང་མཚན་དུ་སྡུག་བསྔལ་འཁྲུལ་པའི་འཁོར་ལོ་མི་མངའ་བའི་རང་བཞིན་ལ་གཟིགས་སྟེ་དགྱེས་ནས་བཞད་པའི་ཞལ་གྱི་རྣམ་པར་བསྟན་པའོ། །ཕྱག་གཡས་ཐབས་སྙིང་རྗེ་ཆེན་པོའ་ིརང་བཞིན་གྱིས་རང་བྱུང་བདག་མེད་ཀྱི་ཐོད་པ་འཁོར་འདས་ལྟག་པ་དབྱིངས་སུ་སྤྲད་ཀྱང་སྤང་བླང་དང་བྲལ་བའི་ཆོས་ཉིད་གཅིག་གི་རང་བཞིན་དུ་གནས་པའི་བརྡར་ཁོང་རྒྱུད་བུ་ག་ནས་འབྲེལ་བའི་ཅང་ཏིའུ། རིགས་བདག་བླ་མའི་ཐུགས་བརྒྱུད་བསྐུལ་བའི་ཚུལ་གྱིས་ཁ་གྱེན་དུ་སྙན་གྱི་ཐད་སོར་གཏོད་ཅིང་། ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་གཉིས་ཀྱི་ལྕག་གིས་བསྐུལ་ཏེ་འཁྲོལ་བའི་སྒྲ་སྒྲོགས་པ། ཕྱག་གཡོན་ཤེས་རབ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་རང་བཞིན་བདག་མེད་རྟོགས་པའི་གནས་ལུགས་སྟོང་པ་ཉིད་ཀྱི་གྲི་གུག་གིས་འཁོར་བའི་རྩ་བ་མ་རིག་གཟུང་འཛིན་གཅོད་པའི་བརྡར་ཁ་ཐུར་དུ་བསྟན་ནས་འཛིན་པའི་ཡུ་བ་ཉིད་ནི་གསང་སྔགས་ཀྱི་ཉེ་ལམ་བདེ་ཆེན་ཡེ་ཤེས་བསྐྱེད་པའི་དཀུ་སྐབས་ལ་བརྟེན་ནས་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་སུ་འགྱིང་བ། ཆགས་ཅན་གྱི་གདུལ་བྱ་རྣམས་འདུལ་བའི་ཕྱིར་གསང་བའི་བྷ་ག་བདེ་བའི་རླབས་ཀྱིས་རྒྱས་ཤིང་གཞོན་ནུའི་ལང་ཚོ་ལས་མ་གཡོས་པའི་ནུ་འབུར་ཟུང་གིས་རྣམ་པར་བརྒྱན་པའོ། །གཉིས་པ་ལ་རྒྱན་དང་། སྤྱན་གྱིས་གཟིགས་སྟངས་གཉིས་ལས། དང་པོ་ནི། རིན་པོ་ཆེ་དང་གཞོན་ནུའི་བརྒྱནཿ པུཎྼ་རི་ཀའི་དོ་ཤལ་འཕྱང༔ རུས་པའི་རྒྱུན་དྲུག་སྐུ་ལ་མཛེསཿ གནག་སྣུམ་དབུ་སྐྲའི་ལན་ཚར་ཅནཿ རིན་པོ་ཆེ་ཡི་རྩེ་བྲན་བརྗིདཿ ཅེས་པས། ཕྲེང་བ་དང་གདུ་བུ་ལ་སོགས་པའི་རིན་པོ་ཆེའི་བརྒྱན་སྤྱི་དང་བྱེ་བྲག་ཏུ་གཞོན་ནུའི་རྒྱན་ནམ་བྱིས་པའི་རྒྱན་དུ་གྲགས་པ་ནོར་བུ་རིན་པོ་ཆེ་དང་། པུཎྼ་རི་ཀ་སྤེལ་མར་གསང་གནས་ཐལ་བར་སླེབ་པའི་དོ་ཤལ་འཕྱང་བ་ཡིན་ཏེ་མི་དབང་ས་རས། གཞོན་ནུའི་ཉམས་ཅན་རྣམས་ལ་མེ་ཏོག་གི་རྒྱན་དང་ནོར་བུའི་རིན་པོ་ཆེའི་ཕྲ་སྤེལ་བ་བྱིས་པའི་རྒྱན་དུ་གྲགས་པ་དང་། ཞེས་སོ། །རུས་པའི་རྒྱན་དྲུག་ནི། བདེ་མཆོག་རྩ་རྒྱུད་ལས། ཕ་རོལ་ཕྱིན་པའི་རྒྱན་དྲུག་སོགས། ཞེས་པ་དང་། བརྟག་གཉིས་ལས། སྒོམ་པ་པོ་ཡིས་རྣམ་འཛིན་པ། །རྣ་བ་དག་ལ་རྣ་ཆ་ཟུང་། །སྤྱི་བོར་འཁོར་ལོ་རྣམ་པར་འཛིན། །ལག་པ་དག་ལ་ལག་གདུབ་གཉིད། །སྐྱེད་པ་ལ་ཡང་སྐྱེད་རགས་ཉིད། །རྐང་པར་དེ་བཞིན་རྐང་གདུབ་ཉིད། །ལག་པའི་རྩ་བར་དཔུང་རྒྱན་ཉིད། །མགྲིན་པར་རུས་པའི་ཕྲེང་བ་སྟེ། །ཞེས་དང་། རྐུན་མའི་སྐྲ་ལ་ཅོད་པན་བྱས། །དེ་ལ་ཧཱུཾ་དབྱུང་སྦྱང་བར་བྱ། །སངས་རྒྱས་ལྔའི་ཐོད་པ་རྣམས། །རྣལ་འབྱོར་སྤྱོད་པས་རྣམ་པར་འཛིན། །ཐོད་པ་སོར་ལྔ་བ་ཡི་ཚད། །བྱས་པས་ཅོད་པན་འཛིན་པར་བྱ། །ཞེས་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བརྡར་སྤྱི་བོར་རུས་པའི་འཁོར་ལོ་བུག་པ་བརྒྱད་ཕུག་པའི་མཐའ་མུ་འཁྱུད་ལ་རུས་པའི་ཕྲེང་བས་འཁོར་ལོའ་ིརྩིབས་ལྟ་བུ་བརྒྱད་བྱས་པའི་མདུན་གྱི་རྩིབས་ལྔར། མིའི་ཐོད་པ་སོར་ལྔ་པའི་དཔངས་ལ་ཐོད་སྐམ་བྲིས་པ་ལྔ་འགོད། དེའི་སྟེང་འོག་ཏུ་རུས་པའི་ཕྲེང་བ་རྟག་རྒྱུག་དང་བར་སྡེམས་སུ་གསུམ་བྱས་པའི་མདུན་དུ་ཐོད་པའི་ཐད་དྲ་བ་དྲ་ཕྱེད་སོར་གསུམ་པ་དང་གཡས་གཡོན་དུ་རྣ་བའི་རྩེ་མོ་ནོན་པ་བྱ་ཞིང་རྒྱབ་ངོས་སུ་སྣ་ཚོགས་རྡོ་རྗེ་དང་གཡོན་དུ་ཟླ་ཚེས་བྱ། མི་མགོའ་ིཐོད་དུ་རིན་པོ་ཆེའི་རྩེ་བྲན་བརྗིད་པའི་ཚུལ་རྩེ་མོར་རྡོ་རྗེ་དང་རིན་པོ་ཆེས་བརྒྱན་པར་བཤད་དོ། །བཟོད་པའི་ཕ་རོལ་ཕྱིན་པའི་བརྡར་རྣ་རྒྱན་ནི། རུས་པའི་འཁོར་ལོ་ལ་ཁུག་པ་གསུམ་བྱས་པ་དང་། ཕྱེད་གཉིས་སྟེ་ལྔས་ཡིས་བརྒྱན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའི་བརྡར་མགུལ་རྒྱན་ནི། རུས་པའི་གཞུང་གསུམ་གྱི་བར་ཕྲེང་བ་བརྒྱད་ཀྱིས་རྒྱ་གྲམ་དུ་བསྡམས་པའི་ཕྱིར་དོ་ཤལ་གྱི་ཚུལ་དུ་འཕྱང་བའི་རུས་པའི་མདུང་རྩེ་གསུམ་པས་མཛེས་པ་བརྒྱད་དེ་བཅུ་དྲུག་གོ། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་བརྡར་རྐང་ལག་དཔུང་གསུམ་ལ་གདུབ་ཆུང་གཉིས་གཉིས་ཏེ་དྲུག་པོ་ནི་རུས་པའི་གཞུང་གསུམ་ཕྲེང་བ་ལྔ་ལྔས་བར་བསྡམས་པའི་སྨད་དུ་མདུང་རྩེ་དང་གཡེར་ཁས་མཛེས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའི་བརྡར་སྐ་རགས་ནི། །ཕར་ཚུར་བཅས་གཞུང་ལྔའི་བར་ཕྲེང་བ་བརྒྱད་དམ་བཅུ་དྲུག་གི་རིམ་གྱིས་བསྡམས་པར་དྲབ་དྲ་ཕྱེད་དང་། གཡེར་ཁ། རུས་པའི་མདུང་རྩེས་མཛེས་པའོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་བརྡར་རུས་པའི་ཚངས་སྐུད་ནི། །རུས་པའི་འཁོར་ལོ་བརྒྱད་ལ་བུག་པ་ཕུག་པ་རྒྱ་གྲམ་དུ་བསྡམས་ཏེ་རྒྱབ་མདུན་དུ་ཡོང་བར་བྱས་ཏེ་རྒྱ་གྲམ་དུ་བཅིངས་པའོ། །ཕྱི་མ་འདི་རྐུན་པོ་བསད་པའི་སྐྲ་སྐུད་ལ་བྱས་པའི་ཚེ་རུས་པའི་ཕྱག་རྒྱ་ལྔ་ཞེས་བྱའོ། དེ་དག་གི་དག་པ་ཡང་རྗེ་བཙུན་རིན་པོ་ཆེ་གྲགས་པས། ཐོད་པ་སྐམ་པོ་ལྔ་ནི་རིགས་ལྔ་རེ་རེ་ཡང་སོར་ལྔ་ལྔའི་ཚད་ཡེ་ཤེས་ལྔ། བར་བསྡམས་ཕྲེང་བ་ཚར་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་དུ་དག་པ་དྲ་བ་དྲ་ཕྱེད་སངས་རྒྱས་ཀྱི་མཛད་པ་རྒྱ་ཆེན་པོ་མཛད་པ། དབུ་ན་རྒྱུ་པའི་འཁོར་ལོ་ནི་དབྱིངས། དྲ་བ་དྲ་ཕྱེད་ཡེ་ཤེས། སྣ་ཚོགས་རྡོ་རྗེ་སྤྲུལ་སྐུ་གང་འདུལ་གྱི་ཕྲིན་ལས། ཟླ་བ་ཚེས་པ་ཡོན་ཏན་འཕེལ་བ། མགུལ་གྱི་གཞུང་གསུམ་ཕྲེང་བ་བཅུ་དྲུག་གི་སྟོང་ཉིད་བཅུ་དྲུག་གི་སྒྲ་སྒྲོགས་པ། སྐེ་རགས་ཀྱི་གཞུང་ལྔ་ཡེ་ཤེས་ལྔའི་རང་བཞིན། །བར་བསྡོམས་བརྒྱད་འཕགས་ལམ་བརྒྱད་དམ། བཅུ་དྲུག་ནི་དེ་སྟེང་བདེན་བཞི་དང་ཚད་མེད་བཞི། །དྲ་བ་དྲ་ཕྱེད་སེམས་ཅན་གྱི་དོན་བྱེད་པ་སོགས་རྒྱ་ཆེར་བཤད་དོ། །དེ་དག་གི་སྐུ་ལ་མཛེས་པར་སྤྲས་པའོ། །རུས་པའི་རྒྱན་དྲུག་ནི་གསར་སྙིང་ཀུན་གྱི་ཧེ་རུ་ཀ་དང་ཁྲོ་བོ་དང་ཁྲོ་མོ། མཁའ་འགྲོ་སོགས་གང་ལ་ཡང་ཁྱབ་ཆེ་བའི་ཕྱིར་དེང་སང་རྐང་གྲངས་ཙམ་ཤེས་པ་དཀོན་པས་རྗེ་བཙུན་གྲགས་པའི་གསུང་ལ་བརྟེན་ནས་ཅུང་ཟད་བཤད་དོ། །བུང་བའི་ཁ་དོག་ལྟ་བུར་གནག་ཅིང་སྣུམ་པའི་མདངས་དང་ལྡན་པའི་དབུ་སྐྲའི་ལན་ཚར་ཅན་ཏེ་ལྕང་ལོའ་ིཟར་བུ། སྐུ་རྒྱབ་དང་ལྷག་མ་དཔུང་སྟེང་དུ་ཅུང་ཟད་དཔྱངས་པ་ཅན། །རིན་པོ་ཆེའི་རྩེ་བྲན་བརྗིད་པ་ནི་གོང་གི་ཐོད་སྐམ་གྱི་རྩེར་བཀོད་པ་དེ་ཡིན་ནོ། །གཉིས་པ་སྤྱན་གྱིས་གཟིགས་སྟངས་ནི། །དབུ་མའི་སྤྱན་ནི་དབྱིངས་ལ་གཟིགས༔ ལོངས་སྐུའི་སྤྱན་གྱིས་འགྲོ་བ་འདུལ༔ སྤྲུལ་སྐུའི་སྤྱན་གྱིས་ཁམས་གསུམ་དགུགཿ ཅེས་པས། ཆོས་སྐུ་ངོ་བོ་སྟོང་ཉིད་ཀྱི་སྤྱན་ནི་དབྱིངས་ནང་གསལ་རིགས་བདག་བླ་མའི་ཐུགས་ཀ་ལ་གཟིགས་པས་དགོངས་ཀློང་གཅིག་ཏུ་གྱུར་ཏེ་ཡེ་ཤེས་དབྱིངས་སུ་འཁྱིལ། ལོངས་སྐུ་རང་བཞིན་ཡེ་ཤེས་ལྔའི་སྤྱན་གཡས་པ་རང་གི་ཞིང་ཁམས་ལ་ཐད་དཀར་གཟིགས་པས་གསལ་སྣང་སྐུ་དང་ཡེ་ཤེས་སུ་སྨིན་ཏེ་འགྲོ་བ་འདུལ་བའི་ཕྲིན་ལས་མཐར་ཕྱིན། སྤྲུལ་སྐུ་ཐུགས་རྗེ་གང་ལ་གང་འདུལ་གྱི་སྤྱན་གཡོན་པ་ཐུར་དུ་གཟིགས་པས་ཁམས་གསུམ་དུ་འཁོར་བའི་གདུལ་བྱ་རང་རྒྱུད་བདག་ཏུ་ཞེན་པ་རྣམས་དགུག་པ་དང་གཟིར་བ་ལ་སོགས་པའི་དབང་དང་དྲག་ཤུལ་གྱི་སྤྱོད་པས་འཁོར་བ་དབྱིངས་སུ་སྒྲོལ་བ་སྟེ། ནམ་མཁའ་དང་མཉམ་པའི་རྒྱུད་ལས། །ཆོས་ཀྱི་སྐུ་ཡི་གཟིགས་སྟངས་ཀྱིས། །ཁམས་གསུམ་འཁོར་བ་སྤྱི་ནས་འདོན། ལོངས་སྐུས་སྲིད་པའི་གཞི་མ་འཇིགས། སྤྲུལ་སྐུས་སངས་རྒྱས་ཞིང་དུ་སྒྲོལ། །ཞེས་དང་། གསང་བ་སྒྲ་རྒྱུད་ལས། ཕབ་དང་ལྡོག་དང་ཟུར་གྱིས་ནི། །གཟིགས་སྟངས་རྣམ་པ་གསུམ་དུ་གྲགས། །མཛེས་པའི་ཚུལ་དགུ་རྫོགས་ཚུལ་ནི། །སྐྱེ་བ་གནས་སུ་དག་པས་སྐུ་གཉེན་ཤ་ཆགས་པ་དང་། །ན་བ་གནས་སུ་དག་པས་སྐུ་སྐབས་ཕྱེད་ཅིང་རིས་པར་མཚམས་སུ་ལྕུག་པ་དང་། །འཆི་བ་གནས་སུ་དག་པས་སྐུ་ལྷོད་པོར་མ་གྱུར་པ་འཁྲིལ་བག་ཆགས་པ་དང་། །འཁྱོག་པ་མ་ཡིན་དྲང་བས་ན་ལྡེམ་པ། རྒ་བ་གནས་སུ་དག་པས་སྐུ་འཇམ་ཞིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན་ཏེ་ངོ་བོའ་ིཡོན་ཏན་ལྔ་དང་། མཚན་དཔེའི་ཡོན་ཏན་མ་འདྲེས་ཤིང་གཙང་བས་དྲི་མ་མེད་པས་ཁ་དོག་གསལ་བ་དང་། ཟད་པར་རྫོགས་པས་བཀྲག་ཅིང་འཚེར་བའི་མདངས་ཅན་དང་། །གཟི་བརྗིད་ཡིད་དུ་འོང་བས་ལྷུན་སྡུག་པ་དང་། །འགྲོ་བ་ཟིལ་གྱིས་གནོན་པས་གཟི་བྱིན་ཆེན་པོ་དང་ལྡན་པ་སྟེ་རྣམ་པའི་ཡོན་ཏན་བཞི་དང་སྡོམས་པས་དགུ་སྟེ། །གསང་སྙིང་ལས། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་མཚེར་ལྷུན་སྟུག་གཟི་བརྗིད་ལྡན། །ཞེས་སོ། །གཉིས་པ་ལུས་དཀྱིལ་ལ་གཉིས། ངོ་བོ་མདོར་བསྟན་པ་དང་། །རྣམ་པ་རྒྱས་པར་བཤད་པའོ། །དང་པོ་ནི། །སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགསཿ ཞེས་པས་མཁའ་འགྲོའ་ིསྐུའི་དབྱིབས་ལ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་འགའ་ཞིག་དངོས་དང་འགའ་ཞིག་བརྒྱུད་ནས་མགྲོན་ཐབས་ཀྱི་ཚུལ་གྱིས་རྫོགས་ཏེ། །བཀོད་པ་ལུས་ལ་སྔགས་ཀྱི་དཀྱིལ་འཁོར་རྫོགས། །ཞེས་སོ། །གཉིས་པ་རྣམ་པ་རྒྱས་པར་བཤད་པ་ལ་གཉིས། ཞི་བའི་དཀྱིལ་འཁོར་རྫོགས་ཚུལ་དང་། ཁྲོ་བོའ་ིདཀྱིལ་འཁོར་རྫོགས་ཚུལ་ལོ། །དང་པོ་ལ། གཉིས་གདན་གསུམ་ལྷའི་དཀྱིལ་འཁོར་དང་། དེ་རང་བཞིན་ཡོངས་གྲུབ་ཆེན་པོར་བསྟན་པའོ། །དང་པོ་ལ་གདན་གསུམ་གྱི་དང་པོ་ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན་གྱི་དཀྱིལ་འཁོར་ལ་གཉིས་ཀྱི་དང་པོ་གནས་ནི། ཐུགས་ཀ་དཔལ་གྱི་བེའུ་དབྱིངསཿ མ་བསྐྱེད་རང་བྱུང་ཡོངས་གྲུབ་ལྷཿ འཁོར་ལོ་རྩིབས་ལྔའི་ལྟེ་བ་རུཿ ཞེས་པས། དུས་གསུམ་གྱི་སངས་རྒྱས་སྟོང་རྩ་གཉིས་མ་གདྷ་རྡོ་རྗེའི་གདན་དུ་འཚང་རྒྱ་བ་བཞིན། ད་ལྟ་དུས་གསུམ་དུ་ལུང་དུ་མ་བསྟན་པའི་སེམས་ཉིད་བདེ་བར་གཤེགས་སྙིང་པོ་ཡང་སངས་རྒྱ་བའི་གནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་རྡོ་རྗེ་གདན་ཡིན་ཏེ། དེའི་ཕྱིར་བསྐྱེད་རྫོགས་ཐམས་ཅད་ཀྱི་སྤྲོ་བསྡུའི་གཞི་སྙིང་ལ་འགོད་དེ། མངོན་བརྗོད་བླ་མས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང་། སྒྱུ་འཕྲུལ་གསང་ཐིགས་ཀྱི་འགྲེལ་བར། བི་མ་ལས། །གང་ལ་ཡོད་པ་རྣམ་པ་བརྒྱད་དུ་ཤེས། །ཞེས་པ་གང་དུ་ཡོད་ན་སྙིང་ཁོང་སྟོང་གི་དབུས་ན་རྩ་བརྒྱད་པའི་དབུས་མ་དངས་མའི་རྩ་དཀར་པོའ་ིནང་ན་རང་བཞིན་བྱང་ཆུབ་སེམས་ཀྱི་རྟེན་ཀུན་བཟང་རིགས་ལྔ་བཞུགས་པའི་གཞལ་མེད་ཁང་དེར་རླུང་སེམས་ཀྱི་དངས་མ་ནམ་འདུས་པའི་ཚེ་མྱ་ངན་འདས་པའི་ཞིང་སྣང་མཐའ་དག་འཆར་བར་བཤད་པས། ཐུགས་ཀ་ཡོན་ཏན་ཐམས་ཅད་འབྱུང་བའི་གནས་ཡིན་པས་དཔལ་གྱི་བེའུ་ཏེ། དེའི་དབྱིངས་སུ་བློས་མ་བསྐྱེད་པར་གདོད་ནས་ཕུང་ཁམས་སྐྱེད་མཆེད་ཀྱི་རང་བཞིན་ཏུ་བྱུང་ཞིང་ཡོངས་སུ་གྲུབ་པའི་ལྷའི། འཁོར་ལོ་གཅིག་ཏུ་སྣང་བ་དེའི་གནས་རྩིབས་ཡེ་ཤེས་ལྔ་བསམ་གྱི་མི་ཁྱབ་པའི་ཡེ་ཤེས་ཀྱི་ལྟེ་བ་དང་ལྡན་པ་ལའོ། །གཉིས་པ་ལ་གཉིས་ཀྱི་དང་པོ་ནི། ཀུན་གཞི་ཡིད་ཆོས་གནས་དག་པཿ ཁྱབ་གདལ་རིག་པ་ཀུན་ཏུ་བཟངཿ སྣང་སྟོང་གཉིས་མེད་ཡུམ་དང་སྦྱོརཿ ཞེས་པས་སྤྱིར་རྣམ་པར་ཤེས་པའི་ཚོགས་བརྒྱད་ནི། ཀུན་གཞིའི་རྣམ་ཤེས་མེ་ལོང་དྭངས་མའི་ངོས་ལྟ་བུ་ཤེས་པ་ཡུལ་ལ་མ་འཕྲོས་པའི་འཆར་གཞི་བྱེད་པ་དང་། ཡིད་ཀྱི་རྣམ་ཤེས་དོན་སྤྱིའི་ཡུལ་དང་རྗེས་ཀྱི་བློ་ཡུལ་ལ་དཔྱོད་པ་དང་། །ཉོན་མོངས་པ་ཅན་གྱི་ཡིད་དགག་སྒྲུབ་ཏུ་བྱེད་པའི་ཤེས་པ་དང་། སྒོ་ལྔའི་ཤེས་པ་གཟུགས་མཐོང་བ་ལ་སོགས་པའི་རྟོག་མེད་ལྔའོ། །དེ་ཡང་མཐོང་ཐོས་རེག་ཚོར་གྱི་ཆ་ནི་རྟོག་མེད་ཡིན་ལ། །དེ་ལ་སོ་སོར་ཤེས་པ་ཡིད། དེ་ལ་དགག་སྒྲུབ་བྱེད་པ་ཉོན་ཡིད་དོ། །སྒོ་ལྔ་དང་ཡིད་ཤེས་ཙམ་གྱི་ལས་མི་གསོག །ཉོན་ཡིད་ཀྱི་ཀུན་གཞིའི་སྟེང་དུ་ལས་གསོག། ཀུན་གཞི་ནི་དེ་ཐམས་ཅད་ཀྱི་རྟེན་རྟོག་མེད་ལུང་མ་བསྟན་ཟག་བཅས་རྣམ་བྱང་གི་དགེ་བ་དང་། མི་དགེ་བ་མཐའ་དག་གི་རྟེན་ཡིན་ནོ། །འདི་དག་ནི་འཁོར་བའི་རང་བཞིན་སྦྱང་གཞི་ཡིན་ལ། ཁམས་གསུམ་པའི་སེམས་དང་སེམས་བྱུང་ཀུན་གཞི་དང་བཅས་པ་ལས་ལོག་པ་ནི་སྦྱངས་འབྲས་ཏེ། །དཀོན་མཆོག་བརྩེགས་པ་ལས། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་བ་ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་ན་འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཞེས་གསུངས་པས། དེ་ཡང་ཀུན་གཞི་རྟོག་མེད་ལུང་མ་བསྟན་དྭངས་མ་ཕྱེད་པའི་ལུང་མ་བསྟན་དུ་རྩེ་གཅིག་པ་ཡིན་ལ། ཉམས་སུ་ལེན་དུས་དངས་ལ་རིག་པའི་ཕྱིར་གཟུགས་མེད་དང་ཀུན་གཞིའི་རྣམ་པར་ཤེས་པ་ཡིད་དང་བཅས་པ་གསལ་བ་ཙམ་རིས་སུ་མ་ཆད་པར་གནས་པའི་ཚེ་དེ་རང་རིག་པའི་ངོ་བོར་མ་ཤེས་པ་ལས། ཉམས་སུ་ལེན་དུས་རང་བྱུང་གི་ཡེ་ཤེས་སུ་ཐག་ཆོད་གསལ་དྭངས་སྤྲོས་པ་དང་བྲལ་བ། གཟུགས་དང་ཡིད་ཤེས་ལོག། སྒོ་ལྔའི་རྣམ་ཤེས་ཡུལ་སོ་སོར་གསལ་བ་ལས་འདིར་ཉམས་སུ་ལེན་དུས་གཟུགས་སྒྲ་དྲི་རོ་རེག་སོགས་ཡུལ་ལྔའི་རྗེས་སུ་མི་འབྲང་ཞིང་མི་འཛིན་པས་འདོད་པའི་སེམས་སྒོ་ལྔའི་རྣམ་ཤེས་ཉོན་ཡིད་དང་བཅས་ལོག་པ་དེ་ཉིད་ལ་ཡེ་ཤེས་སམ་དག་འབྲས་ཞེས་བྱ་ཏེ། དེ་དག་སྣང་ཆའི་ཞེན་པ་སྦྱོར་ཕྱིར་ཞལ་ཕྱག་གི་རྣམ་པའི་ལྷར་བཞེངས་པ་ནི་ཀུན་བཟང་རིགས་ལྔ་སོགས་ཞི་ཁྲོའ་ིལྷ་ཚོགས་ཏེ། །ལུས་དཀྱིལ་མངོན་བརྗོད་དུ། དག་བྱ་ནི་དྲི་མ་སྟེ་ཀུན་གཞི་དང་ཉོན་ཡིད་ཀྱིས་ཐོག་མར་བསྐྱེད་པའི་ཕུང་པོ་ལྔ་འབྱུང་བ་ལྔ་རྣམ་པར་ཤེས་པའི་ཚོགས་ཞེས་བྱ་སྟེ་བདག་རྐྱེན་དང་། དམིགས་རྐྱེན་གཉིས་ཀྱི་འབྲས་བུ་དབང་པོ་སྒོ་ལྔ་ལ་སོགས་པའི་སྐྱེ་མཆེད་ཕན་ཚུན་ཡུལ་དང་་ཡུལ་ཅན་དུ་འབྲེལ་བ་རྣམས་ཡིན་ལ། །དག་འབྲས་ནི་རང་ཤེས་རིག་པའི་རྒྱལ་པོ་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་བཅོམ་ལྡན་འད། དཔལ་ཀུན་ཏུ་བཟང་པོ་ལ་སོགས་ལྷའི་རྣམ་པར་ཤར་ནི། དྲི་མེད་བཤགས་རྒྱུད་ལས། ཀུན་གཞི་གསང་བ་དག་པའི་དབྱིངས་ནས་ཡིད་རང་བྱུང་རང་ཤེས་རིག་པའི་རྒྱལ་པོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡབ་ཞེས་པ་ལ་སོགས་པས་བསྟན་ལ། དེའང་ཡིད་ནི་བདག་པོའ་ིརྐྱེན་འཕྲུལ་པ་སྐྱེད་པའི་བྱེད་པ་པོ་ཡིན་ལ། དེ་རང་བཞིན་མེད་པར་ཤེས་པ་ལ་གནས་ལུགས་དོན་གྱི་ཀུན་ཏུ་བཟང་པོ་རང་ཤེས་རིག་པའི་རྒྱལ་པོ་ཞེས་བྱའོ། །ཆོས་ཞེས་བྱ་བ་ནི་སྒྲ་ཡང་དག་པ་ཞིག་སྟེ་འདིར་དམིགས་པའི་རྐྱེན་ཡིད་ཀྱི་ཁམས་ཡིན་པས་འཁོར་འདས་ཀྱི་མཚན་ཉིད་ཐམས་ཅད་ལ་འཇུག་ཀྱང་སྐབས་འདིར་ཀུན་རྫོབ་ཏུ་སྣང་བའི་ཆོས་ཐམས་ཅད་དོན་དམ་བདེན་པ་སྤྲོས་པ་དང་བྲལ་བའི་དབྱིངས་སུ་སྡུད་པར་བྱེད་ཅིང་དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་ཡུམ་དུ་ཤར་བས་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ཞེས་པའི་བརྡར་བཏགས་པའོ། །གཉིས་པོ་ནི་ཆོས་ཀྱི་སྐུ་སྟེ་དབྱིངས་ལ་བཞུགས་པ་ཉིད་ཀྱང་རེ་ཞིག་སྣང་སྟོང་ཟུང་དུ་འཇུག་པའི་ཐ་སྙད་མཚོན་ཕྱིར་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྟན་པའོ། །དེ་སྐད་དུ། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཞེས་ལུང་དང་བཅས་ཏེ་གསུངས་པས་འཁོར་ལོའ་ིལྟེ་བ་ལ་ཀུན་གཞི་ལས་ཡིད་དུ་ལངས་པའི་ཤེས་པ་དང་། དེ་ཡུལ་ལ་རྟོག་པའི་ཆོས་དེ་ཉིད་རང་བཞིན་དུ་འོད་གསལ་བའི་གནས་སུ་དག་པ་ཉིད་གུད་དུ་མ་བཟུང་པའི་ཁྱབ་ལ་གྱི་རིག་པ་ཟང་ཐལ་བ་དེ་ཉིད་ཀུན་ཏུ་བཟང་པོ་སྟེ། འདོད་དགུ་ལྷུན་གྱི་གྲུབ་པའི་རིན་པོ་ཆེའི་ཁྲིའི་སྟེང་། རང་བཞིན་གྱི་འོད་གསལ་ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་དང་། ཉེས་པའི་སྐྱོན་གྱིས་གོས་པ་མེད་པས་པདྨའི་གདན་ལ་ཡབ་སྐུ་མདོག་ཆོས་ཉིད་འགྱུར་བ་མེད་ལ་མཐིང་ག །ཆོས་ཉིད་ཐིག་ལེ་ཉག་གཅིག་གི་བརྡར་ཞལ་གཅིག་ཐབས་ཤེས་དང་ལྡན་པའི་ཕྱག་གཉིས་འཁོར་འདས་མཉམ་པ་ཉིད་དུ་མཁྱེན་པའི་ཕྱག་རྒྱ་མཉམ་བཞག་ཅན། །གཟུང་འཛིན་དང་བྲལ་བའི་ཕྱག་རྒྱ་གཅེར་བུ་གོས་མེད། ཞབས་མཉམ་པའི་སྐྱིལ་ཀྲུང་ཅན་སྣང་བའི་ཞེན་པ་སྦྱོང་བྱེད་དང་། དེ་ཉིད་སྟོང་བ་ཉིད་དང་དབྱེར་མེད་པས་ཡུམ་ཀུན་ཏུ་བཟང་མོ་ཉོན་མོངས་པའི་དྲི་མ་སྤངས་པས་སྐུ་མདོག་དཀར་མོ་ཞལ་གཅིག །ཕྱག་གཉིས་འཁོར་འདས་ཐལ་སྦྱར་ལས་ཆོས་ཅན་ཆོས་ཉིད་རྣམ་ཐར་སྒོ་གསུམ་དུ་བསྡུད་པའི་ཆོས་འབྱུང་གི་ཕྱག་རྒྱ་ཅན། ཞབས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དེ་ཉིད་དང་ཞལ་སྦྱོར་བའོ། །གཉིས་པ་གཤེགས་པ་གཤེགས་མ་ལྔ་ནི། རྩིབས་ལྔར་གཟུགས་ཚོར་འདུ་ཤེས་དངཿའདུ་བྱེད་རྣམ་ཤེས་དག་པའི་ལྷཿ རྣམ་སྣང་རིན་འབྱུང་སྣང་མཐའ་ཡསཿ དོན་གྲུབ་རྡོ་རྗེ་མི་བསྐྱོད་ལྔརཿ ས་ཆུ་སྤྱན་དང་མ་མཱ་ཀིཿ མེ་རླུང་གོས་དཀར་དམ་ཚིག་སྒྲོལཿ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མཿ གནས་དག་རིགས་ཀྱི་ཡུམ་ལྔས་འཁྲིལཿ ཞེས་པས། འཁོར་ལོ་རྩིབས་ལྔ་ལས་མདུན་དུ་ཐོག་པ་འོག་མར་མི་ཆུད་པ་འདིར་ཤོང་ཞིང་། །སྟོབས་རྣམ་པ་བཅུ་མངའ་བའི་བརྡར་གླང་པོས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླ་དང་བཅས་པར། གཞིག་ཅིང་གཞོམ་དུ་རུང་བ་གཟུགས་སྤྱིའི་མཚན་ཉིད། བྱེ་བྲག་ཏུ་རྒྱུའི་གཟུགས་ས་ཆུ་མེ་རླུང་བཞི། འབྲས་གཟུགས་དབང་པོ་ལྔ་དང་ཡུལ་ལྔ། རྣམ་པར་རིག་བྱེད་མ་ཡིན་པ་སྟེ་བཅོ་ལྔ་གནས་སུ་རང་བཞིན་གྱིས་རྣམ་པར་དག་པའི་རྣམ་པར་སྣང་མཛད་ཉེས་པའི་སྐྱོན་གྱིས་མ་གོས་པའི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་མེ་ལོང་ལྟ་བུ་ཡེ་ཤེས་ཀྱི་ཀུན་ལ་དབང་བསྒྱུར་ཞིང་འཁོར་བའི་བག་ཆགས་གཅོད་པས་འཁོར་ལོ་ཐུགས་ཀར་འཛིན་ཅིང་གཡོན་ཤེས་རབ་སྟོང་པ་ཉིད་ཀྱིས་ཆོས་སྒྲ་སྒྲོག་པའི་དྲིལ་བུ་དཀུར་བརྟེན་པ། །འབྱུང་བ་སའི་ཁམས་གནས་སུ་དག་པ་ཡུམ་སངས་རྒྱས་སྤྱན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་གཞི། གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་འཁོར་ལོ་འཛིན་པའོ། །དེའི་གཡས་ཀྱི་རྩིབས་ལ་གདུལ་བྱ་མྱུར་དུ་བསྒྲོད་ཅིང་། རྫུ་འཕྲུལ་རྐང་བཞི་བརྙེས་པའི་ཅང་ཤེས་རྟའི་ཁྲི་པདྨ་ཉི་ཟླར་བཅས་པར། ཚོར་བ་སྤྱིའི་མཚན་ཉིད་ཉམས་སུ་མྱོང་བ། །བྱེ་བྲག་ཏུ་བདེ་སྡུག་བར་གསུམ་གནས་སུ་དག་པ་རིན་ཆེན་འབྱུང་ལྡན་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པས་སྐུ་མདོག་སེར་པོར་ཞལ་གཅིག་ཕྱག་གཉིས་གཡས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཆེ་བའི་འདོད་དགུའི་ཡོན་ཏན་འབྱུང་བའི་རིན་པོ་ཆེ་འབར་བ་དང་། གཡོན་དྲིལ་བུ་དཀུར་བརྟེན་པ། འབྱུང་བ་ཆུའི་ཁམས་གནས་སུ་དག་པ་ཡུམ་མ་ཀི་སེར་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། །གཡོན་རིན་པོ་ཆེ་འཛིན་པའོ། །དེའི་གཡོན་ཀུན་བཟང་གི་རྒྱབ་ཟུར་གྱི་རྩིབས་ལ་སྣང་བ་ཐམས་ཅད་དབང་དུ་བྱེད་ཅིང་དབང་བཅུ་མངའ་བ་རྨ་བྱས་བཏེག་པའི་ཁྲི་པདྨ་ཉི་ཟླར་བཅས་པ། འདུ་ཤེས་སྤྱིའི་མཚན་ཉིད་མཚན་མར་འཛིན་པ། བྱེ་བྲག་ཏུ་ཡུལ་ལ་འཇུག་པ་རྒྱ་ཆེ་ཆུང་བར་མ་གསུམ་གནས་སུ་དག་པ་སྣང་བ་མཐའ་ཡས། །འགྲོ་བའི་དོན་ལ་རྗེས་སུ་ཆགས་པའི་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྤྱི་དང་རང་གི་མཚན་ཉིད་གསལ་ལ་མ་ཆགས་པས་པདྨ། གཡོན་དྲིལ་བུ་དཀུར་བརྟེན་པ། འབྱུང་བ་མེའི་ཁམས་གནས་སུ་དག་པ་ཡུམ་ན་བཟའ་དཀར་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད། གཡོན་པདྨ་འཛིན་པའོ། །དེའི་གཡས་ཀུན་བཟང་གི་རྒྱབ་ཟུར་གཡོན་གྱི་རྩིབས་ལ་ཕྲིན་ལས་སྣ་ཚོགས་པས་འགྲོ་བ་འདུལ་ཞིང་ཐོགས་པ་མེད་པའི་ཡེ་ཤེས་གསུམ་དང་སོ་སོ་ཡང་དག་པའི་རིག་པ་བཞིས་དོན་མཛད་པའི་ནམ་མཁའ་ལྡིང་གི་ཁྲི་པདྨ་ཉི་ཟླར། འདུ་བྱེད་སྤྱིའི་མཚན་ཉིད་མངོན་པར་འདུ་བྱེད་པ། བྱེ་བྲག་ཏུ་ལྡན་པའི་འདུ་བྱེད་རེག་པ་དང་། ཚོར་བ་དང་། འདུ་ཤེས་དང་། ཡིད་བྱེད་དང་སེམས་པ་སྟེ་ཀུན་ཏུ་འགྲོ་བ་ལྔ། མོས་པ་དང་། འདུན་པ་དང་། དྲན་པ་དང་། ཏིང་འཛིན་དང་། ཤེས་རབ་སྟེ་ཡུལ་སོ་སོར་ངེས་པ་ལྔ། དད་པ་དང་། ངོ་ཚ་དང་། ཁྲེལ་ཡོད་དང་། བག་ཡོད་དང་། བཏང་སྙོམས་དང་། མི་འཚེ་བ་ངང་། ཤིན་དུ་སྦྱངས་པ་དང་། བརྩོན་འགྲུས་དང་། མ་ཆགས་པ་དང་། མི་སྡང་བ་དང་། གཏི་མུག་མེད་པ་སྟེ་དགེ་བ་བཅུ་གཅིག་དང་། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིགས་ཚོགས་ལ་ལྟ་བ། ཐེ་ཚོམ་སྟེ་དྲུག །རྩ་བའི་ཉོན་མོངས་། འགྱོད་པ་གཉིད། རྟོག་པ་དཔྱོད་པ་སྟེ་བཞི་ནི་གཞན་དུ་གྱུར་བའོ། །ཕྲོ་བ། སེར་སྣ། སྒྱུ། གཡོ། རྒྱགས་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། གཡེང་བ། བག་མེད། བརྗེད་ངས། ཤེས་བཞིན་མ་ཡིན་པ། འཚེ་བ། ངོ་ཚ་མེད། ཁྲེལ་མེད་པ། ཁྲོ་བ། འཁོན་འཛིན། ཆབ་པ། འཚིགས་པ་ཏེ་ཉི་ཤུ་ཉེ་ཉོན་རེ་རེ་ལས། ཚོར་བ་དང་འདུ་ཤེས་ལས་གཞན་པའི་ཞེ་དགུ་དང་། མི་ལྡན་པའི་འདུ་བྱེད་གནས་སུ་དག་པ་དོན་ཡོད་གྲུབ་པ། སེམས་ཅན་གྱི་དོན་སྣ་ཚོགས་སུ་འཛད་པའི་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་གཡས་བྱ་བ་གྲུབ་པའི་འཕྲིན་ལས་མཐར་ཕྱིན་པས་རལ་གྲིའི་རྡོ་རྗེ་རྒྱ་གྲམ། གཡོན་དྲིལ་བུ་དཀུར་བརྟེན་པ་འབྱུང་བ་རླུང་གི་ཁམས་གནས་སུ་དག་པ་ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྲིལ་ཞིང་། གཡོན་རྒྱ་གྲམ་འཛིན་པའོ། །དེའི་གཡས་གཙོ་བོ་ཀུན་བཟང་གི་གཡོན་དུ། ཐེག་པ་འོག་མས་ཉམས་མི་མངའ་ཞིང་མི་འཇིགས་པ་བཞི་མཚོན་པའི་ཕྱིར་སེར་གེས་བཏེག་པའི་ཁྲི་པདྨ་ཉི་ཟླར། རྣམ་པར་ཤེས་པ་སྤྱིའི་མཚན་ཉིད་ཡུལ་རིག་པ་བྱེ་བྲག་ཏུ་ཀུན་གཞིའི་རྣམ་ཤེས། ཡིད་སྒོ་ལྔའི་རྣམ་ཤེས། ཉོན་ཡིད་བཅས་ཚོགས་བརྒྱད་གནས་སུ་དག་པ་བཅོམ་ལྡན་མི་བསྐྱོད་རྡོ་རྗེ་ཆོས་ཉིད་མི་འགྱུར་བས་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་གཡས་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་སྐྱེ་ཤི་འཕོ་འགྱུར་མེད་ཅིང་སྣང་སྟོང་ཟུང་དུ་འཇུག་པའི་རྡོ་རྗེ། གཡོན་དྲིལ་བུ་དཀུར་བརྟེན་པ། འབྱུང་བ་ནམ་མཁའི་ཁམས་གནས་སུ་དག་པས་ཡུམ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་ལ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྲིལ་ཞིང་། གཡོན་རྡོ་རྗེ་འཛིན་པའོ། །རིགས་ལྔ་ཡབ་རྣམས་མཉམ་པའི་སྐྱིལ་ཀྲུང་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་ངོ་། །གཉིས་པ་སྐྱེ་མཆེད་དག་པ་སེམས་དཔའ་སེམས་མའི་གདན་ལ་གཉིས། རྣམ་ཤེས་ཀྱི་སེམས་དཔའ་ནང་སྒེག་བཞི་དང་བཅས་པ་དང་། དབང་པོའ་ིསེམས་དཔའ་ཕྱི་སྒེག་བཞི་དང་བཅས་ཏེ་བཤད་པའོ། །དང་པོ་ལ་གཉིས་ཀྱི་སྤྱིར་བཤད་པ་ནི། གཡས་ཕྱོགས་དབང་པོའ་ིརྩ་བཞི་ལཿ རྣམ་ཤེས་དག་པའི་ནང་སེམས་བཞིརཿ ཡུལ་བཞི་དག་པའི་སེམས་མས་འཁྲིལཿ ཞེས་པས། དེ་ཡང་འབྱུང་བ་བཞིའི་དྭངས་མ་ལྟེ་བའི་རྩ་མདུད་དུ་སྤྱན་གཉིས་ཆགས་པ་ལ་རྩ་གསུམ་གྱིས་སྦྲེལ་ཏེ་ལྟེ་བ་ནས་སྙིང་ཁར་འབྲེལ། དེ་ནས་མགྲིན་པར་འབྲེལ། དེ་ནས་ཀླད་པ་དུང་ཁང་གི་གཡས་སུ་འཁྱིལ་བའི་ཕྱོགས་ཀྱི་རྩ་བཞི་ལས་དབང་པོ་ཡུལ་དུ་འཆར་བར་བྱེད་པའི་རྩ། རྩ་བ་གཉིས་ལ་རྩེ་མོ་ལྔར་གྱེས་ནས་སྒོ་ལྔ་སོ་སོའ་ིརྟེན་བྱེད་པ་ལ། གཟུགས་ཀྱི་རྟེན་མིག སྒྲ་རྣ་བ། དྲི་སྣ། རོ་ལྕེ། རེག་སྨིན་མཚམས་སུ་ཟུག་པའི་ཕྱི་མ་ལས་སྔ་མ་བཞིའི་གཡས་ཕྱོགས་ཀྱི་དབང་པོའ་ིརྩ་བཞི་ལ་མིག་རྣ་བ་སྣ་ལྕེ་བཞི་རྣམ་ཤེས་དག་པའི་ནང་གི་སེམས་དཔའ་བཞི་ལ་ཡུལ་གཟུགས་སྒྲ་དྲི་རོ་བཞི་དག་པའི་སེམས་མ་བཞིས་འཁྲིལ་བ་བསྐྱེད་པར་བྱའོ། །གཉིས་པ་བྱེ་བྲག་ཏུ། མིག་ལ་ས་སྙིང་སྒེག་མོ་མཿ རྣ་བར་ཕྱག་རྡོར་གླུ་མ་གཉིསཿ སྣ་ལ་ནམ་སྙིང་ཕྲེང་བ་མོཿ ལྕེ་ལ་སྤྱན་རས་གཟིགས་གར་མཿ ཞེས་པས་མིག་གི་རྣམ་ཤེས་གཟུགས་མཐོང་བ་གནས་སུ་དག་པ་སངས་རྒྱས་ཀྱི་སྤྱན་ཡུལ་ལྔ་ཀ་ལ་འཇུག་ཅིང་ཆོས་ཉིད་རོ་གཅིག་ཏུ་གཟིགས་པ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དཀར་པོ་ཡེ་ཤེས་ཀྱི་མྱུ་གུ་བསྐྲུན་པས་གཡས་རིན་པོ་ཆེའི་མྱུ་གུ་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ་མིག་གི་ཡུལ་དུ་གཟུགས་སུ་སྣང་བ་གནས་སུ་དག་པ་སྒེག་མོ་དཀར་མོ་གཡས་ཡབ་ལ་འཁྱུད་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ་ལའོ། །སྒྲ་ཐོས་པ་ལས་འཕགས་པ་སངས་རྒྱས་ཀྱི་སྙན་ཡུལ་ལྔ་གར་འཇུག་ཅིང་དེ་བཞིན་ཉིད་དེ་རོ་གཅིག་པར་གསན་པ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་མཐིང་ཁ་གཡས་སྡུང་ལ་འཇོགས་བྱེད་རྡོ་རྗེ་རྩེ་གསུམ་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། རྣ་བའི་ཡུལ་སྒྲ་ཐོས་པ་གནས་སུ་དག་པ་གླུ་མ་དམར་ཆོས་ཀྱི་སྒྲ་སྒྲོག་པས་བྱེད་པི་ཝཾ་འཛིན་པ་གཉིས་སོ། །སྣའི་རྣམ་ཤེས་དྲི་ཚོར་བ་ལས་འཕགས་པ་སངས་རྒྱས་ཀྱི་ཤངས་ཡུལ་ལྔ་གར་འཇུག་ཅིང་སྐྱེ་བ་མེད་པར་རོ་གཅིག་ཏུ་ཚོར་བ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་སེར་པོ་ཉོན་མོངས་རྒྱུན་གཅོད་པས་གཡས་རལ་གྲི། གཡོན་དྲིལ་བུ་དཀུར་བརྟེན་པ། སྣའི་ཡུལ་དུ་དྲི་ཚོར་བ་གནས་སུ་དག་པ་ཕྲེང་བ་མོ་སེར་མོ་ཐབས་ཤེས་རབ་འདུ་འབྲལ་མེད་པས་མཚོན་པས་སངས་རྒྱས་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །ལྕེའི་རྣམ་ཤེས་རོ་བརྒྱ་མྱོང་བ་ལས་འཕགས་པ་སངས་རྒྱས་ཀྱི་ལྗགས་ཀྱི་དབང་པོས་ཡུལ་ལྔ་ལ་འཇུག་ཅིང་གཉིས་སུ་མེད་པར་རོ་གཅིག་ཏུ་མྱོང་བ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་མོར་ཉེས་པའི་སྐྱོན་གྱིས་མ་གོས་པས་གཡས་པདྨ། གཡོན་དྲིལ་བུ་དཀུར་བརྟེན་པ། ལྕེའི་ཡུལ་དུ་རོ་མྱོང་བ་གནས་སུ་དག་པ་གར་མ་ལྗང་ཁུ་གདུལ་བྱ་དགའ་བར་སྐྱེད་པས་གར་བསྒྱུར་བའི་ཕྱག་ན་རྡོ་རྗེ་དྲིལ་བུ་འཁྲོལ་བའོ། །གཉིས་པ་ལའང་གཉིས་ཀྱི་དང་པོ་སྤྱིར་བསྟན་པ་ནི། གཡོན་ཕྱོགས་དབང་པོའ་ིརྩ་བཞི་ལཿ དབང་པོ་དག་པའི་ཕྱི་སེམས་བཞིརཿ དུས་བཞི་དག་པའི་སེམས་མས་འཁྲིལཿ ཞེས་པས། གཡོན་ཕྱོགས་ཀྱི་མིག་རྣ་བ་སྣ་ལྕེ་སྟེ། དབང་པོ་བཞིའི་རྩ་བཞི་ལ་ཡང་དབང་པོའ་ིངོ་བོ་བཞི་དག་པའི་ཕྱིའི་སེམས་དཔའ་བཞི་ལ་འདས་མ་འོངས་ད་ལྟར་མ་ངེས་པའི་དུས་བཞི་གནས་སུ་དག་པའི་སེམས་མ་བཞིས་འཁྲིལ་ཏེ། གཉིས་པ་བྱེ་བྲག་ཏུ། མིག་ལ་བྱམས་པ་བདུག་སྤོས་མཿ རྣ་བར་སྒྲིབ་སེལ་མེ་ཏོག་ཅནཿསྣ་ལ་ཀུན་བཟང་ཨ་ལོ་ཀེཿ ལྕེ་ལ་འཇམ་དཔལ་དྲི་ཆབ་མཿ ཞེས་པས། མིག་གི་དབང་པོ་ཟབ་མའི་མེ་ཏོག་ལྟ་བུ་ལས་ཁྱད་པར་འཕགས་པ་རྡོ་རྗེའི་སྤྱན་སྒྲིབ་པ་མེད་པ་ཡུལ་ལྔ་ཀ་ལ་འཛིན་པའི་རྟེན་བྱེད་པ་བྱང་ཆུབ་སེམས་དཔའ་བྱམས་པ་དཀར་སེར་ཉོན་མོངས་པའི་ཚ་གདུང་བསིལ་བས་གཡས་ཀླུ་ཤིང་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ་སྔར་འདས་པའི་ཆོས་ཞིག་ནས་མེད་པ་ལས་ཁྱད་པར་འཕགས་པ་སྔ་མའི་ཆོས་ཇི་བཞིན་པ་མངོན་སུམ་དུ་གསལ་བའི་རང་བཞིན། འདས་པའི་དུས་ལ་མ་ཆགས་མ་ཐོགས་པར་ཡེ་ཤེས་གཟིགས་པ་ལ་འཇུག་པའི་མཚོན་བྱེད་དུ་བདུག་སྤོས་མ་དཀར་སེར་ཚུལ་ཁྲིམས་ཀྱི་དྲིས་ཚིམ་པར་བྱེད་པས་སྤོས་ཁང་འཛིན་པའོ། །རྣ་བའི་དབང་པོ་གྲོ་ག་གཅུས་པ་ལྟ་བུ་ལས་ཁྱད་པར་འཕགས་པ་སྙན་གྱི་དབང་པོ་ཉམས་པ་མེད་པས་ཡུལ་ལྔ་གསལ་བའི་རྟེན་བྱེད་པ་སྒྲིབ་པ་རྣམ་སེལ་དམར་སེར་སེམས་ཅན་ལ་ཆོས་སྟོན་པས་གཡས་སྒྲོམ་བུ་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ད་ལྟར་གྱི་དབང་པོ་མངོན་སུམ་དུ་སྣང་བ་ལས་འཕགས་པ་ཆོས་ཐམས་ཅད་བསྐལ་དོན་མེད་པར་ད་ལྟའི་དུས་ལ་མ་ཆགས་མ་ཐོགས་པར་ཡེ་ཤེས་གཟིགས་པ་ལ་འཇུག་པའི་མཚོན་བྱེད་མེ་ཏོགས་དམར་སེར། བྱང་ཆུབ་ཀྱི་ཡན་ལག་མཚོན་པར་མེ་ཏོག་གི་ཕྲེང་བ་ཅན་ནི་ཟ་མ་ཏོག་འཛིན་པའོ། །སྣའི་དབང་པོ་ཟངས་ཀྱི་མོ་ཁབ་བཤིབས་པ་ལྟ་བུ་ལས་འཕགས་པ་ཤངས་ཀྱི་དབང་པོ་ཡུལ་ལྔ་ལ་འཇུག་པའི་རྟེན་བྱེད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དམར་ལྗང་སེམས་ཅན་གྱི་རེ་བ་སྐོང་བས་གཡས་རིན་པོ་ཆེའི་སྙེམ། གཡོན་དྲིལ་བུ་དཀུར་བརྟེན་པ། མ་འོངས་པའི་ཡུལ་མངོན་སུམ་དུ་གྱུར་པ་ལས་ཁྱད་པར་འཕགས་པ་མ་བྱུང་བའི་ཆོས་རྣམས་སྐྱུ་རུ་ར་ཕྱག་མཐིལ་དུ་བཞག་པ་བཞིན་མཁྱེན་པ་མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་ལ་འཇུག་པ་ཨ་ལོ་ཀེ་དམར་ལྗང་མ་རིག་པའི་མུན་པ་སེལ་བས་མར་མེ་འཛིན་པའོ། །ལྕེའི་དབང་པོ་ཟླ་བ་ཕྱེད་པ་ལྟ་བུ་ལས་འཕགས་པ་གསུང་རོ་བྲོ་བའི་མཆོག་མཁྱེན་པས་ཡུལ་ལྔ་ཀ་ལ་འཇུག་པའི་རྟེན་བྱེད་པ་འཇམ་དཔལ་དཀར་ལྗང་། ཉོན་མོངས་པ་སྤངས་པས་གཡས་ཨུཏྤ་ལ་འཛིན་པ། གཡོན་དྲིལ་བུ་དཀུར་བརྟེན་པ། འབྱུང་བ་མ་ངེས་པའི་ཚོགས་དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་སྟེ་རང་བྱུང་གི་སྣང་བ་ཇི་བཞིན་པའི་ངང་ནས་འཕོ་འགྱུར་མེད་པའི་ཆོས་ཉིད་ལ་བཞུགས་པའི་མཚོན་བྱེད་དུ་དྲི་ཆབ་མ་དཀར་ལྗང་། བག་ཆགས་ཀྱི་དྲི་མ་འཁྲུད་པས་དྲིའི་དུང་ཆོས་འཛིན་པའོ། །སེམས་དཔའ་བརྒྱད་པོ་ཐམས་ཅད་ཀྱང་ཞབས་གཡས་ཅུང་ཟད་བརྐྱང་པའི་ཕྱེད་སྐྱིལ་གྱིས་བཞུགས་ཤིང་། སེམས་མ་རྣམས་གཡོན་ཅུང་ཟད་བརྐྱང་པའི་ཕྱེད་སྐྱེལ་གྱིས་ཡབ་ལ་འཁྱུད་པའོ། །ཞི་བ་དེ་དག་ཀྱང་མཛེས་པའི་ཚུལ་དགུ་དང་ལྡན་ཞིང་། །ལྷ་རྫས་ཀྱི་དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚིག་གུའི་སྨད་དཀྲིས་དང་། ཁ་དོག་སྣ་ཚོགས་པའི་ཅོད་པཎ་དང་། ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན་སྙན་ཆ། མགུལ་རྒྱན། ལྟེ་བར་སླེབ་པའི་སེ་མོ་དོ། །གསང་བར་སླེབ་པའི་དོ་ཤལ། སྐ་རགས། ཕྱག་གདུབ། ཞབས་གདུབ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་དེ་ཞི་རྒྱན་བཅུ་གསུམ་མོ། ཡང་ན་ཕྱག་ཞབས་ཀྱི་གདུབ་བུ། གཅིག་ཏུ་བགྲངས་ཏེ་རིན་པོ་ཆེའི་རྒྱུན་བདུན་དང་། སྐུའི་སྟོད་གཡོགས་དར་དཀར། གསུང་གི་ཆོས་གོས་ལེབ་བརྒན། ཐུགས་ཀྱི་ཟི་ལྡིར་མཐིང་འོད། ཡོན་ཏན་སྐུ་རགས་སེར་པོ། ཕྲིན་ལས་གསང་གོས་མརྒད། གར་གྱི་ཕུ་དུང་ལྗང་གུ་སྟེ་དར་རྒྱན་དྲུག་དང་བསྡོམས་པས་ཞི་རྒྱན་བཅུ་གསུམ་མོ། །གསུམ་པ་སྤྲུལ་སྐུ་ཐུབ་པ་དྲུག་ནི། དཔྲལ་བ་ལྕེ་དང་སྙིང་ཁ་དངཿ ལྟེ་བ་གསང་གནས་རྐང་མཐིལ་གཡོནཿ འཇིག་རྟེན་དུག་དང་ཉོན་མོངས་ལྔཿ སེར་སྣ་ལྟ་བ་གནས་དག་པཿ རིག་པའི་སྐྱེས་བུ་ཐུབ་པ་དྲུགཿ ཅེས་པས་དཔྲལ་བར་ལྷའི་འཇིག་རྟེན་དུ་བལྟ་བ་དང་། ཉོན་མོངས་པ་ང་རྒྱལ་གནས་སུ་དག་པ། ལྷའི་ཐུབ་པ་བརྒྱ་བྱིན་དཀར་པོ་ལྷ་རྣམས་ལ་ཆོས་ཀྱི་སྡོམ་བཞི་སྟོན་པས་ཕྱག་རྒྱ་པི་ཝཾ་ཅན། མགྲིན་པར་ལྷ་མ་ཡིན་གྱི་འཇིག་རྟེན་དུ་ལྟ་བ་དང་། ཉོན་མོངས་ཕྲག་དོག་གནས་སུ་དག་པ་ལྷ་མ་ཡིན་གྱི་ཐུབ་པ་ཐགས་བཟུང་རིས་མཐིང་ཁ་ལྷ་མ་ཡིན་རྣམས་ཀྱི་འཐབ་རྩོད་འདུལ་བས་ཕྱག་རྒྱ་གོ་མཚོན་ཅན། སྙིང་ཁར་མིའི་འཇིག་རྟེན་དུ་ལྟ་བ་དང་། ཉོན་མོངས་པ་འདོད་ཆགས་གནས་སུ་དག་པ་མིའི་ཐུབ་པ་ཤཱཀྱ་ཐུབ་པ་སེར་པོ་མི་རྣམས་ལ་དགེ་བ་བཅུ་སྟོན་པས་ཕྱག་རྒྱ་མཁར་བསིལ་ལྷུང་བཟེད་ཅན། །ལྟེ་བར་དུད་འགྲོའ་ིའཇིག་རྟེན་དུ་ལྟ་བ་དང་། ཉོན་མོངས་པ་གཏི་མུག་གནས་སུ་དག་པ། བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན་དམར་བ་བྱོལ་སོང་རྣམས་གཏི་མུག་ལས་སྐྱོབ་ཕྱིར་གླེགས་བམ་པོ་ཏི་འཛིན་པ། གསང་གནས་སུ་ཡི་དྭགས་ཀྱི་འཇིག་རྟེན་དུ་ལྟ་བ་དང་། ཉོན་མོངས་པ་སེར་སྣ་གནས་སུ་དག་པ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་སེར་ནག་ཡི་དྭགས་བཀྲེས་སྐོམས་སེལ་བས་ཕྱག་རྒྱ་རིན་པོ་ཆེའི་སྒྲོམ་བུ་ཅན། རྐང་མཐིལ་གཡོན་དུ་དམྱལ་བའི་འཇིག་རྟེན་དུ་བལྟ་བ་དང་། ཉོན་མོངས་པ་ཞེ་སྡང་གནས་སུ་དག་པ་དམྱལ་བའི་ཐུབ་པ་ཨ་ཝ་གླང་མགོ་དུད་ཁ་དམྱལ་བའི་ཉེས་དམིགས་སྟོན་པས་ཕྱག་རྒྱ་མེ་ཆུ་བསྣམས་པ་དྲུག་ཀ་གཙུག་ཏོར་དང་ལྡན་ཞིང་ཆོས་གོས་གསུམ་སོགས་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་འགྲོ་བའི་དོན་ལ་འགྲེང་སྟབས་སུ་གཤེགས་པའི་ཚུལ་ཅན་ནོ། །གསུམ་པས་ལས་དབང་དག་པ་ཁྲོ་བོ་ཁྲོ་མོའ་ིགདན་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའི་དང་པོ་ནི། །ཡན་ལག་བཞི་ལ་སེམས་ཅན་གྱིཿ ལུས་ཀྱི་རྣམ་པར་ཤེས་པ་དང་། དབང་པོ་རེག་བྱ་རེག་ཤེས་བཞིཿ གནས་དག་སྒོ་བ་ཡབ་བཞི་ལཿརྟག་ཆད་ལྟ་དང་བདག་ལྟ་དང་༔ མཚན་མར་ལྟ་བ་གནས་དག་ཡུམཿ ཞེས་པས། ལག་པ་གཉིས་དང་རྐང་པ་གཉིས་ཏེ་ཡན་ལག་བཞི་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་རྣམ་པ་ཤེས་པ་དང་། དེ་བརྟེན་པའི་ལུས་ཀྱི་དབང་པོ་དང་། རེག་བྱ་ཡུལ་དང་། དེ་གསུམ་འཛོམས་པ་ལས་རེག་པར་ཤེས་པ་སྟེ་གནས་སུ་དག་པའི་སྒོ་བ་ཡབ་བཞི་ལ། །ཕྱི་ནང་གི་དངོས་པོ་ལ་རྟག་པར་ལྟ་བ་དང་། །ཆད་པར་ལྟ་བ་དང་། བདག་ཏུ་ལྟ་བ་དང་། མཚན་མར་ལྟ་བ་གནས་སུ་དག་པ་ལས་སྒོ་མ་ཡུམ་བཞིའོ། །གཉིས་པ་བྱེ་བྲག་ཏུ། ལག་གཡས་གཤིན་རྗེ་ལྕགས་ཀྱུ་མཿགཡོན་པ་སྟོབས་ཆེན་ཞགས་པ་མོཿ རྐང་གཡོན་རྟ་མགྲིན་ལྕགས་སྒྲོག་མཿགཡས་པ་བདུད་རྩི་འཁྱིལ་དྲིལ་བུཿ ཚད་མེད་བཞི་ཡི་ཕྲིན་ལས་ཅནཿ ཞེས་པས་ལག་གཡས་སུ་ལུས་ཀྱི་རྣམ་པར་ཤེས་པ་རེག་བྱ་འཇམ་རྩུབ་མྱོང་བ་ལས་འདས་པ། སངས་རྒྱས་ཀྱི་སྐུའི་རྣམ་ཤེས་ཀྱིས་ཡུལ་ལྔ་ག་ལ་འཇུག་པ་ཤར་སྒོའ་ིབདག་པོ་གཤིན་རྗེ་གཤེད་སྨུག་ནག་འཆི་བདག་གི་བདུད་འཇོམས་པས་ཐོང་དབྱུག་འཛིན་པ་ངོ་བོ་གཟུགས་ལ་སོགས་པ་རྟག་པ་མ་ཡིན་པ་མེད་བཞིན་དུ་སྣང་བ་གཟུགས་བརྙན་ལྟ་བུ་སྦྱིན་པས་སེམས་ཅན་རྣམས་སྡུད་པའི་མཚན་ཉིད་ལྕགས་ཀྱུ་མ་སྨུག་ནག་འཁོར་བ་ཐུགས་རྗེས་འཛིན་པའི་ལྕགས་ཀྱུ་འཛིན་པའོ། །ལག་གཡོན་དུ་ལུས་ཀྱི་དབང་པོ་ལུས་ཀྱི་རྣམ་ཤེས་ཀྱི་རྟེན་བྱེད་པ་ལས་འདས་པ་སངས་རྒྱས་ཀྱི་སྐུའི་དབང་པོ་ཡུལ་ལྔ་ག་ལ་འཇུག་པ་ལྷོ་སྒོའ་ིབདག་པོ་སྟོབས་པོ་ཆེ་སེར་ནག །ཕུང་པོའ་ིབདུད་ཡེ་ཤེས་ལྔས་འཇོམས་བྱེད་རྡོ་རྗེ་རྩེ་ལྔ་འཛིན་པ། སྒྲ་ལ་སོགས་པའི་ཆོས་ཐམས་ཅད་ཆད་པ་མ་ཡིན་པ་ངོ་བོ་རང་རང་གི་སྣང་བ་མ་དོར་བར་སྨིག་རྒྱུ་དང་འདྲ་བར་མཚོན་ཞིང་རྣམ་པ་སྙན་པར་སྨྲ་བས་སེམས་ཅན་རྣམ་སྡུད་པའི་ཕྱིར་ཞགས་པ་མ་སེར་ནག་འཁོར་བ་ཐུགས་རྗེས་འདྲེན་པའི་ཞགས་པ་འཛིན་པའོ། །རྐང་པ་གཡོན་དུ་ལུས་ཀྱི་ཡུལ་རེག་བྱ་ལས་འདས་པ་སངས་རྒྱས་ཀྱི་སྐུའི་རེག་བྱའི་ཁམས་ཡུལ་ལྔ་ལ་ཞུགས་པའི་ནུབ་སྒོའ་ིབདག་པོ་རྟ་མགྲིན་དམར་ནག །ཉོན་མོངས་པའི་བདུད་འཇོམས་པའི་ཐོད་པ་སྦྲུལ་གྱི་དཀྲིས་པ་འཛིན་པ། ཡིད་ཀྱི་ཆོས་རྣམས་ལ་དགག་སྒྲུབ་ཀྱིས་བདག་ཏུ་བཟུང་དུ་མེད་དེ། རྨི་ལམ་དང་འདྲ་ཞིང་། རྣམ་པ་དོན་མཐུན་པས་སེམས་ཅན་རྣམས་དབང་དུ་བྱེད་པའི་ཕྱིར་ལྕགས་སྒྲོག་མ་དམར་ནག་སེམས་ཅན་ཐུགས་རྗེས་མི་འཆོར་བའི་ལྕགས་སྒྲོག་འཛིན་པ། རྐང་པ་གཡས་པར་ལུས་ཀྱི་རྣམ་ཤེས་དང་། དབང་པོ་དང་རེག་བྱ་གསུམ་ཚོགས་པ་ལས་རེག་ཤེས་ཏེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་འདས་པ་སངས་རྒྱས་ཀྱི་སྐུ་ཡུལ་ལྔར་འཇུག་པ་བྱང་སྒོའ་ིབདག་པོ་བདུད་རྩི་འཁྱིལ་པ་ལྗང་ཁུ། ལྷ་བུའི་བདུད་འཇོམས་པས་རྡོ་རྗེ་རྒྱ་གྲམ་འཛིན་པ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ངོ་བོ་དངོས་པོ་དང་མཚན་མར་མ་གྲུབ་པས་རྨི་ལམ་དང་འདྲ་ཞིང་རྣམ་པ་དོན་སྤྱོད་པས་སེམས་ཅན་རྣམས་ཞི་བ་ལ་འགོད་པའི་ཕྱིར་དྲིལ་བུ་མ་ལྗང་ནག །ཉོན་མོངས་ཐལ་བར་རློག་པའི་དྲིལ་བུ་འཛིན་པའོ། །དེ་ཡང་ཤར་གྱི་སྒོ་བས་བྱམས་པ་ཚད་མེད་དང་ཞི་བའི་ཕྲིན་ལས་དང་། ལྷོའ་ིསྒོ་བས་སྙིང་རྗེ་ཆེན་པོ་རྒྱས་པའི་ཕྲིན་ལས་དང་། ནུབ་ཀྱི་སྒོ་བས་དགའ་བ་ཚད་མེད་པ་དང་དབང་གི་ཕྲིན་ལས་དང་། བྱང་གི་སྒོ་བས་བཏང་སྙོམས་ཚད་མེད་དང་། དྲག་པོའ་ིཕྲིན་ལས་ཏེ་ཚད་མེད་བཞིའི་ཕྲིན་ལས་མཐར་ཕྱིན་པར་མཛད་པ་ཅན་ནོ། །ཁྲོ་བོ་བཞི་ཀའང་གཡོན་སྡིག་མཛུབ་མཛད་ཅིང་། ཡུམ་རྣམས་གཡོན་པ་དུང་ཁྲག་སྟོབས་པའི་ཚུལ་ཅན་ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་ལ་རྣམ་པར་འགྱུར་བའི་ཞལ་ཅན། གར་གྱི་ཉམས་དགུས་སྒེག་ཅིང་། དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཏེ་བསྐལ་པའི་མེ་དཔུང་གིས་ཀློང་ན་གྱད་ཀྱི་དོར་སྟབས་ཀྱིས་གདུག་པ་ཅན་ཚར་གཅོད་པའི་ཚུལ་དུ་བཞུགས་པའོ། །དེ་དག་གི་གདན་རིགས་ལྔ་ལ་ལྔ་བརྩེགས། ཀུན་བཟང་ཡབ་ཡུམ་ལ་བཞི་བརྩེགས། །སེམས་དཔའ་ལ་གསུམ་བརྩེགས། ཐུབ་པར་སད་རྐྱང་། ཁྲོ་བོར་ཉི་རྐྱང་སྟེ། འོད་རིམ་ལས། ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །མི་འཇིགས་སེང་གེ་བརྒྱད་དང་ལྡན། ཤར་ཕྱོགས་ལྟེ་བར་སྟོབས་ཆེན་གླང་། །ལྷོ་རུ་རྫུ་འཕྲུལ་རྟ་བརྒྱད་དེ། །ནུབ་ཏུ་ཕོ་བྲང་རྨ་བྱ་བ། །བྱང་དུ་ཕྲིན་ལས་ཤང་ཤང་བརྒྱད། །ཁྲི་རྐང་བར་མཛེས་རབ་ལྡན་པས། །ཉི་མ་ཟླ་བ་ལྔ་བརྩེགས་པས། །ཉི་ཟླ་ཆུ་སྐྱེས་གསུམ་བརྩེགས་སེམས། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །བྱ་བྱེད་ཀུན་བཟང་ཡབ་ཡུམ་ལ། །ཉི་ཟླ་པདྨ་རིན་ཆེན་རྒྱས། །གདན་ལ་མཉམ་པའི་ཚུལ་དུ་བཞུགས། །ཞེས་སོ། །གཉིས་པ་དེ་རང་བཞིན་ཡོངས་གྲུབ་ཆེན་པོར་བསྟན་པ་ནི། དག་བྱ་དག་བྱེད་རྫོགས་པ་ལསཿ ཡོངས་གྲུབ་གནས་གསུམ་ཚང་བའི་ལྷཿ སྣང་ལ་རང་བཞིན་མེད་པར་གསལཿ ཞེས་པས་དག་བྱ་དག་བྱེད་ནི་སྔར་ཡང་བསྟན་མོད་དེ་ཤིན་ཏུ་གསལ་བར་ཕྱེ་ན། བདེ་གཤེགས་སྙིང་པོ་དག་གཞི་ཀུན་གཞིའི་ཡིད་དག་བྱ། དག་བྱེད་ཀུན་བཟང་ཡབ་ཡུམ་ཏུ་བསྐྱེད་པ། དག་འབྲས་རིག་པ་ཀ་དག་དོན་གྱི་ཀུན་བཟང་ཡབ་ཡུམ་ཐོབ་པ་ཡིན། དེ་དཔེའི་སྒོ་ནས་སྟོན་ན་ལག་པ་དག་གཞི། དག་བྱ་དྲེག་པ་ནག་པོ། དག་བྱེད་སུག་པ་བུལ་ཏོག་ཆུ་བཅས། དག་འབྲས་ལག་མགོ་དྲི་མེད་དཀར་པོར་སོང་བ། དེ་བཞིན་དུ་ཆོས་དག་བྱ། ཀུན་བཟང་མོ་དག་བྱེད། ཕུང་ལྔ་དག་བྱ། རིགས་ལྔ་དག་བྱེད། འབྱུང་ལྔ་དག་བྱ། ཡུམ་ལྔ་དག་བྱེད། མིག་རྣ་བ་སྣ་ལྕེའི་དབང་པོ་དང་རྣམས་དག་བྱ། སེམས་དཔའ་བརྒྱད་དག་བྱེད། ཡུལ་གཟུགས་སྒྲ་དྲི་རོ་བཞི་དང་། དུས་འདས་མ་འོངས་ད་ལྟ་མ་ངེས་པ་བཞི་དག་བྱ། དག་བྱེད་སེམས་མ་བརྒྱད། འཇིག་རྟེན་དྲུག་དང་ཉོན་མོངས་དྲུག་དག་བྱ། ཐུབ་པ་དྲུག་དག་བྱེད། ལུས་ཀྱི་རྣམ་ཤེས་ལུས་དབང་རེག་བྱ། རེག་ཤེས་བཞི་དག་བྱ། སྒོ་བ་བཞི་དག་བྱེད་རྟག་ཆད་བདག་ལྟ་མཚན་མར་ལྟ་བ་བཞི་དག་བྱ། སྒོ་མ་བཞི་དག་བྱེད། དེ་ཐམས་ཅད་ཀྱི་དག་གཞི་བདེ་གཤེགས་སྙིང་པོ། གློ་བུར་གྱི་དྲི་མའི་དག་བྱ་ལ་དག་བྱེད་གདན་གསུམ་ལྷ་ཡི་འཁོར་རྫོགས་པར་སྒོམ་པ་ལས་དག་འབྲས་གདོད་མ་ནས་ཡོངས་སུ་གྲུབ་པའི་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་མི་ལུས་ལུས་པ་མེད་པ་བསྐྱེད་པ་སྟེ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། དེ་བསལ་ན་ནི་སངས་རྒྱས་ཉིད། ཅེས་དང་། རྒྱུད་བླ་མ་ལས། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་གྱིས་ནི་ཁམས་སྟོང་གིས། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་ཤོ་ལོ་ཀ་ཕྱི་མར་ཚིག་དང་པོ་གཉིས་ཀྱིས་གཞི་གསུམ་པའི་ལམ། བཞི་པས་འབྲས་བུ་བསྟན་ཏོ། །ལྷ་ཚོགས་དེ་དག་ཀྱང་འགགས་པ་མེད་པ་ལྷུན་གྲུབ་ཀྱི་རང་མདངས་སུ་སྣང་ལ། དངོས་པོ་དང་མཚན་མའི་རང་བཞིན་མེད་པས་ཆུ་ཟླ་ལྟ་བུར་གསལ་བར་བསྒོམས་པས་ཚོགས་རྣམ་པ་གཉིས་ཀྱང་ཞར་ལ་རྫོགས་ཏེ། རྒྱུད་ལས། ཡེ་ཤེས་ལྷ་ཉིད་གསལ་སྒོམ་པས། བསོད་ནམས་ཚོགས་ཀྱང་རྫོགས་པར་འགྱུར། །དེ་ཉིད་ཆུ་ཟླའི་ཚུལ་ཤེས་པས། །ཡེ་ཤེས་ཚོགས་ཀྱང་མྱུར་དུ་རྫོགས། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་ན་འདིར་བདག་ཅེས་པ་རྟག་ཅིང་གདགས་པར་བྱ་བ་འདི་ཙམ་ཞིག་ཐབས་དང་ཤེས་རབ་ཀྱི་དོན་དུ་བརྟག་པར་འདོད་ལ། །དེ་རྣམ་པ་གང་ཡང་རུང་བ་ཞིག་གིས་ལྷའི་རྣམ་པར་བྱས་པ་ནི་ཐབས་མཁས་པ་ཕུལ་དུ་བྱུང་བའོ། །གང་གི་ཕྱིས་ལྷའི་རྣམ་པ་བདག་དང་བཅས་པ་དེ་དག་ངོ་བོ་ཉིད་མེད་ཅིང་མ་སྐྱེས་ལ། །སྨོན་པ་མེད་པ་ལྷག་པར་ཁོངས་སུ་ཆུད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཀྱེ་རྒྱལ་བའི་སྲས། དེ་ལྟར་ན་འདི་ནི་ཐབས་དང་ཤེས་རབ་ཀྱི་ལམ་ཟུང་དུ་འབྲེལ་བ་སྲིད་པ་དང་ཞི་བའི་དབྱིངས་གཉིས་ཀར་དུ་མི་ལྷུང་བར་འགྲོ་བས་ན་ཐེག་པ་མཆོག་གི་ལམ་ཡིན་ཏེ། །ཐོགས་མེད་པའི་དུས་ཅན་གྱི་རྒྱུད་དང་། ལུས་དང་མིང་དང་འགྲོ་བ་དང་། སྐྱེ་གནས་ཐ་མལ་པ་ལ་མངོན་པར་ཞེན་པ་འགོག་པའི་འབྲས་བུ་ཅན་གྱི་གསང་སྔགས་ཀྱི་ལམ་དུས་གསུམ་དུ་འབྱུང་བའི་རྒྱལ་བ་རྣམས་དགྱེས་པའོ། །ཞེས་སོ། །གཉིས་པ་ཁྲོ་བོའ་ིདཀྱིལ་འཁོར་ནི། དེ་ཡི་བ་སྤུའི་བུ་ག་ལཿཁྲག་འཐུང་རྒྱུད་སྡེའི་དཀྱིལ་འཁོར་ནིཿ མ་ལུས་ལུས་པ་མེད་པ་རྫོགསཿ ཀུན་ཀྱང་སྐུ་མདོག་ཕྱག་མཚན་སོགསཿ རྣམ་འགྱུར་མ་ངེས་སྒྱུ་འཕྲུལ་ནིཿ རང་བྱུང་རང་ཤར་ཆེན་པོའཿོ ཞེས་པ་ལ་གཉིས། གཞུང་གི་དགོངས་པ་མདོར་བསྟན་པ་དང་། ལྷའི་རྣམ་གྲངས་དང་སྐུ་མདོག་ཕྱག་མཚན་རྒྱས་པས་བཤད་པའོ། །དང་པོ་ནི་རང་ཉིད་མཁའ་འགྲོར་གསལ་བ་དེ་ཡི་བ་སྤུའི་ཁུང་བུའི་བུ་ག་ཐམས་ཅད་ལ། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་རྒྱུད་སྡེའི་གནས་ལས་གསུངས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནི་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ལ་སོགས་པ་ཆོས་སྐུའི་ལྷ་ཚོགས་ཐམས་ཅད་མ་ལུས། ཁྲག་འཐུང་ཡབ་ཡུམ་ཀེའུ་སེང་སྒོམ་ལ་སོགས་པ་ལོངས་སྐུའི་ལྷ་ཚོགས་ཐམས་ཅད་མི་ལུས། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་པ་སྤྲུལ་པའི་ཁྲག་འཐུང་ཁྲོ་བོ་ཁྲོ་མོ་ཐམས་ཅད་ལུས་པ་མེད་པར་རྫོགས་ཤིང་། དེ་དག་ཀུན་ཀྱང་དཀར་ནག་སེར་ནག་དམར་ནག་ལྗང་ནག་མཐིང་ག་ལ་སོགས་པ་སྐུ་མདོག་དང་། རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་དགྲ་ཝ་སྟ་ཁ་ཊཱཾ་ཐོ་བ་ཞིང་དབྱུག་ཐོད་ཁྲག་དྲིལ་བུ་ལ་སོགས་པའི་ཕྱག་མཚན་སོགས་དང་། རྣམ་པར་འགྱུར་བའི་དབུ་དང་ཕྱག་ཞབས་ཀྱི་རྣམ་པ་ཀུན་ཀྱང་གཅིག་ཏུ་མ་ངེས་པ་སྒྱུ་མའི་འཕྲུལ་པ་བཞིན་དུ་རང་གི་རིག་པའི་ཆོ་འཕྲུལ་ལས་བྱུང་ཞིང་རང་མདངས་ལས་ཤར་བའི་ཁྲག་འཐུང་ཆེན་པོའ།ོ ། གཉིས་པ་ལྷའི་རྣམ་གྲངས་དང་སྐུ་མདོག་ཕྱག་མཚན་སོགས་བསྟན་པ་ལ་གཉིས། གཙོ་བོའ་ིབཞུགས་ཚུལ་དང་། འཁོར་གྱི་བཀོད་པའོ། དང་པོ་ནི། ཀླད་པ་དུང་ཁང་གི་གཞལ་ཡས་ཁང་གི་ནང་དུ་རྩིབས་བཞིར་དབུས་སུ་འགྲོ་བ་ཟིལ་གྱིས་གནོན་པ་ཁྱུ་མཆོག་གི་སྟེང་དབྱུག་མ་དང་ལྷ་ཆེན་ཕོ་མོ་ཟུང་དུ་བསྣོལ་བའི་སྟེང་། །གཏི་མུག་གནས་སུ་དག་པས་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་བུདྡྷ་ཧེ་རུ་ཀ་སྨུག་ནག་དུག་གསུམ་གནས་སུ་དག་ཅིང་སྐུ་གསུམ་མངའ་བའི་དབུ་གསུམ་གཡས་དཀར་གཡོན་དམར་དབུས་རང་མདོག ཡེ་ཤེས་དྲུག་ལ་དབང་བསྒྱུར་ཞིང་ཕ་རོལ་དུ་ཕྱིན་པ་དྲུག་གིས་འགྲོ་དྲུག་སྒྲོལ་བའི་ཕྱག་དྲུག་གིས་གཡས་དང་པོ་འཁོར་ལོ། བར་པ་རྡོ་རྗེ་རྩེ་ལྔ། ཐ་མ་ཞིང་དབྱུག །གཡོན་དང་པོ་དགྲ་ལྷ། བར་པ་ཐོད་ཁྲག །ཐ་མ་ཁ་ཊྭཾ་བསྣམས་པ་བདུད་བཞི་འདུལ་བའི་ཞབས་བཞི་པའོ། །གཟུགས་ཕུང་རང་བཞིན་མེད་པར་ཤེས་པ་བུདྡྷ་ཀྲོ་ཏི་ཤྭ་རི་མ་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ་གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པ། གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་གཡོན་དུང་ཁྲག་སྟོབས་པ། གཟིགས་པ་ཤམ་སོགས་ཁྲ་མོའ་ིཆས་ཅན་ཁྲོ་མོ་ཕྱི་མ་རྣམས་ཀྱང་སྐུ་མདོག་ལས་གཞན་ཆ་ལུགས་མཐུན་ནོ། །དེའི་ཐུགས་ཀར་རང་རིག་པའི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ་ཁྲོ་བོའ་ིརྗེ་བཙན་སྐུ་མདོག་སྨུག་ནག་ཞལ་གསུམ་གཡས་དཀར་གཡོན་མཐིང་ཕྱག་དྲུག་གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ། གཡོན་གསུམ་བྷན་དམར་འཛིན་པ་ཞབས་བཞི་པ། ཡུམ་གནས་ཞལ་མ་སྨུག་ནག་འཁྲིལ་བའོ། །ཤར་གྱི་རྩིབས་ལ་བརྗིད་པ་མ་ཧེ་ཕྱི་སྟེང་དྲེགས་པ་ཕོ་མོའ་ིགདན་ལ། ཞེ་སྡང་གནས་སུ་དག་པ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་སེར་དབུས་རང་མདོག་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་ཞིང་འབྱུག །གཡོན་གསུམ་དྲིལ་བུ་དུང་ཁྲག་སྟོང་གི་འཇིག་རྟེན་འདེགས་པའོ། །ཞབས་བཞི་པ། རྣམ་ཤེས་རང་བཞིན་མེད་པར་ཤེས་པ་ཡུམ་བཛྲ་ཀྲོ་ཏི་ཤྭ་རིམ་མཐིང་ནག་གོ། །ལྷོའ་ིརྩིབས་ལ་གདུག་པ་གཟིག་གི་སྟེང་གཤིན་རྗེ་བསྣོལ་བའི་གདན་ལ། །ང་རྒྱལ་གནས་སུ་དག་པ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོར་རཏྣ་ཧེ་རུ་ཀ་སེར་ནག་ཞལ་གསུམ་གཡས་སྔོ་གཡོན་དམར་དབུས་རང་མདོག །ཕྱག་དྲུག་གི་གཡས་གསུམ་ནོར་བུ་རྡོ་རྗེ་ཞིང་དབྱུག །གཡོན་གསུམ་རྒྱུ་ཞགས་དུང་ཁྲག །དགྲ་ལྷ། ཞབས་བཞི་པ། ཚོར་བ་རང་བཞིན་མེད་པར་ཤེས་པ་ཡ་མ་རཏྣ་ཀྲོ་ཏི་ཤྭ་རིམ་སེར་ནག །ནུབ་ཀྱི་རྩིབས་ལ་དཔའ་གཏུམ་སྟག་གི་སྟེང་ཀླུ་དབང་གི་གདན་ལ་འདོད་ཆགས་གནས་སུ་དག་པ་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་པདྨ་ཧེ་རུ་ཀ་དམར་ནག་ཞལ་གསུམ་གཡས་དཀར་གཡོན་སེར་དབུས་རང་མདོག །ཕྱག་དྲུག་གི་གཡས་གསུམ་པདྨ་རྡོ་རྗེ་ཞིང་དབྱུག །གཡོན་གསུམ་དྲིལ་བུ་དུང་ཁྲག་རྔ་ཆུང་། །ཞབས་བཞི་པ། འདུ་ཤེས་རང་བཞིན་མེད་པར་ཤེས་པ་ཡུམ་པདྨ་ཀྲི་ཏི་ཤྭ་རིམ་དམར་ནག་གོ ། བྱང་གི་རྩིབས་ལ་གཏུམ་པ་དོམ་གྱི་སྟེང་གནོད་སྦྱིན་གྱི་གདན་ལ་ཕྲག་དོག་གནས་སུ་དག་པ་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ཀརྨ་ཧེ་རུ་ཀ་ལྗང་ནག་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་རང་མདོག་ཕྱག་དྲུག་གི་གཡས་གསུམ་རལ་གྲི། རྡོ་རྗེ། ཞིང་དབྱུག །གཡོན་གསུམ་ཐོང་བཤོལ། དུད་ཁྲག་སྟོང་གི་འཇིག་རྟེན་འདེགས་པ། ཞབས་བཞི་པ། འདུ་བྱེད་རང་བཞིན་མེད་པར་ཤེས་པའི་ཡུམ་ཀརྨ་ཀྲོ་ཏི་ཤྭ་རིམ་ལྗང་ནག་གོ། ཁྲོ་བོ་རྣམས་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་ཀློག་ལྟར་འཁྱུག་པ། ཁྲོ་གཉེར་གཡོ་བ། སྒེག་པ་དཔའ་བ། མི་སྡུག་པ། རྒོད་དང་། གཤེ་དང་། འཇིགས་སུ་རུང་བ་དང་། སྙིང་རྗེ་རྔམས་དང་ཞི་བ་སྟེ་གར་གྱི་ཉམས་དགུ་དང་། ཐེག་ཆེན་གྱི་དོན་ལ་མངའ་བརྙེས་པས་གླང་ཆེན་པགས་པ་དང་། །དྲེགས་པ་དབང་དུ་སྡུད་པའི་ཞིང་གི་གཡང་གཞིའི་སྟོད་གཡོགས། །གཟུང་འཛིན་གྱི་མཐའ་ལས་གྲོལ་བའི་སྟག་ལྤགས་ཀྱི་ཤམ་ཐབས་ཏེ་ཀོ་རློན་གྱི་གོས་གསུམ། རྒྱལ་རིགས་དཀར་པོའ་ིདབུ་རྒྱན། རྗེ་རིགས་སེར་པོའ་ིརྣ་ཆ་དང་མགུར་ཆུ། །བྲམ་ཟེ་རིགས་དམར་པོའ་ིདོ་ཤལ་དང་དཔུང་རྒྱན། །གདོལ་པའི་རིགས་ནག་པོའ་ིཕྱག་ཞབས་ཀྱི་གདུ་བུ། དམངས་རིགས་ལྗང་ཁུའི་སྐ་རགས་ཏེ་སྦྲུལ་ཆུན་ལྔ། །མི་མགོ་སྐམ་པོའ་ིདབུ་རྒྱན། །རྙིད་པའི་སེ་རལ་ཁ། རློན་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་ཏེ་ཐོད་ཕྲེང་གསུམ། །ཉི་ཟླ་ཕྲག་པ་ནས་འོད་འགྱེད་པ། །དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། །མཁུར་ཚོས་སུ་རཀྟའི་ཐིག་ལེ། །ལྐོག་མར་ཞག་གི་ཟོར་རིས་ཏེ་དཔལ་གྱི་ཆས་བརྒྱད་དང་། ཡང་ན་ཐལ་ཆེན་རཀྟ་ཞག་གི་ཟོར་རིས་དང་། །ཀོ་རློན་གཡང་གཞི་སྟག་གི་ཤམ་ཐབས་དང་། །ཐོད་འཕྲེང་སྦྲུལ་ཆུན་མེ་དཔུང་ཆེས་ཀྱིས་བརྒྱན། །ཞེས་སོ། །གཉིས་པ་འཁོར་གྱི་བཀོད་པ་ལ་གཉིས་ལས། །དང་པོ་ཁྲོ་མོ་ཉི་ཤུའི་བཀོད་པ་ནི། །གནས་ཀྱི་མ་མོ་བརྒྱད་ནི། །དེའང་རྣམ་ཤེས་ཚོགས་བརྒྱད་འཁོར་བར་བསྐྱེད་པའི་གནས་ཡིན་ལ། །དེ་རྣམས་གནས་སུ་དག་པའི་ཕྱིར་གནས་ཀྱི་ཕྱག་རྒྱ་ཞེས་བྱའོ། །དེ་ལ་ཀུན་གཞི་གནས་སུ་དག་པ་ཀེའུ་རི་དཀར་མོ་ཞིང་དབྱུག་དང་བྷན་དམར། ཡིད་ཀྱི་རྣམ་ཤེས་གནས་སུ་དག་པ་ཙོ་རི་སེར་མོ་མདའ་གཞུ་འགེངས་པ། ཉོན་ཡིད་གནས་སུ་དག་པ་པྲ་མོ་ཧ་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་སྒྲེང་པ་ལུས་ཀྱི་རྣམ་ཤེས་གནས་སུ་དག་པ་བཻཏྟ་ལི་ནག་མོ་རྡོ་རྗེ་འཕྱར་ཞིང་བྷན་དམར་འཐུང་བ། མིག་གི་རྣམ་ཤེས་གནས་སུ་དག་པ་པུཀྐ་སི་དམར་སེར་བྱིས་པའི་རྒྱུ་མ་འདྲེན་པ། སྣའི་རྣམ་ཤེས་གནས་སུ་དག་པ་གྷ་སྨ་རི་ལྗང་ནག་དུང་དམར་དཀྲུག་ཅིང་གསོལ་བ། ལྕེའི་རྣམ་ཤེས་གནས་སུ་དག་པ་སྨེ་ཤ་ནི་མཐིང་ནག་བྱིས་པའི་སྙིང་ཟ་བ། རྣ་བའི་རྣམ་ཤེས་གནས་སུ་དག་པ་ཙཎྡ་ལི་སེར་སྐྱ་བམ་གྱི་མགོ་ལུས་འབྲལ་བའོ། །ཡུལ་གྱི་ཕྲེན་བརྒྱད་ལ། དེའང་སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་ཀྱི་ཡུལ་ཆོས་ཉོན་མོངས་པ་ཅན་གྱི་ཡུལ་རློམ་སེམས་ཀུན་གཞིའི་ཡུལ་ཕྱི་ནང་གི་ཆོས་ཐམས་ཅད་གནས་སུ་དག་པས་ཡུལ་གྱི་ཕྱག་རྒྱའོ། །དེ་ལ་ཀུན་གཞིའི་ཡུལ་ཕྱི་ནང་གི་ཆོས་གནས་སུ་དག་པ་སིངྷ་སེར་མོ་སེང་གདོང་ལག་པས་རོ་བསྣོལ་ནས་ཁའི་ཐད་དུ་འཛིན་པ། ཡིད་ཀྱི་ཡུལ་ཆོས་གནས་སུ་དག་སུ་བྱ་གྲི་དམར་མོ་སྟག་གདོང་རོ་ལ་མིག་གཉིས་འབྲུ་ཚུགས་སུ་བལྟ་བ། །ཉོན་ཡིད་ཀྱི་ཡུལ་རློམ་སེམས་དག་པ་སྲི་ལ་ནག་མོ་ཝ་གདོང་ཞིང་ཆུང་ལྕེས་འདག་པ། །རེག་བྱ་དག་པ་ཤྭ་ན་མཐིང་ནག་སྤྱང་གདོང་རོའ་ིལྟོ་བ་འབྲལ་བ། གཟུགས་དག་པ་ཀྲྀ་ཏ་གདོང་དམར་མོ་རྒོང་གདོང་རྒྱུ་མ་འདྲེན་པ། སྒྲ་དག་པ་ཀ་མ་ཀ་སེར་མོ་ཀམ་མགོ་ཞིང་ཆེན་ཕྲག་ཏུ་བཀལ་བ། དྲི་དག་པ་ཁ་ཁ་ནག་མོ་བྱ་རོག་མགོ་ཅན་བྷན་གྲི་གདེང་བ། རོ་དག་པ་ཧུ་ལུ་མཐིང་སྐྱ་འུག་གདོང་ལྕགས་ཀྱུ་འདེབས་པའོ། །སྒོམ་བཞིའི་ཕྱག་རྒྱ་ནི། ཕྱིན་ཅི་ལོག་གི་བདུད་བཞི་འཇོམས་ཤིང་ཡེ་ཤེས་བཞིས་རྒྱས་འདེབས་པ་སྟེ། དེའང་གཟུགས་ལ་རྟག་པར་ལྟ་བ་གནས་སུ་དག་པས་འཆི་བདག་གི་བདུད་བཅོམ་ཞིང་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་མཐོང་བས་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་སྟག་གདོང་དཀར་མོ་ལྕགས་ཀྱུ་འཛིན་པ། སྒྲ་ལ་སོགས་པའི་ཆོས་ཐམས་ཅད་ཆད་པར་བལྟ་བ་གནས་སུ་དག་པས་ཕུང་པོའ་ིབདུད་བཅོམ་ཏེ་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་སྲིད་ཞི་མཉམ་པར་མཐོང་བས་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ཕག་གདོང་ནག་མོ་ཞགས་པ་འཛིན་པ། །ཡིད་ཀྱི་ཆོས་རྣམས་ཐམས་ཅད་བདག་ཏུ་བལྟ་བ་དག་པས་ཉོན་མོངས་པའི་བདུད་བཅོམ་ཏེ་ཆོས་ཐམས་ཅད་དགག་བསྒྲུབ་སོགས་བདག་ཏུ་བཟུང་དུ་མེད་པར་རྨི་ལམ་ལྟར་སོ་སོ་རང་གི་རིག་པར་མཐོང་བས་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་དྲེད་གདོང་དམར་མོ་ལྕགས་སྒྲོག་འཛིན་པ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མཚན་མར་ལྟ་བ་དག་པས་ལྷའི་བུའི་བདུད་བཅོམ་ཏེ་དངོས་པོ་མཚན་མར་ལྟ་བ་ཐམས་ཅད་སྤྲུལ་པའི་རོལ་གར་དུ་མཐོང་ནས་འགྲོ་བའི་དོན་བྱེད་པས་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པའོ། །གཉིས་པ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་བཀོད་པ་ནི། སྲིན་མོ་སྨུག་ནག་ཐོད་རློན་བསྣམས་པ། ཚངས་པ་དམར་སེར་པདྨ་བསྣམས་པ། ལྷ་ཆེན་དཀར་ལྗང་ཏྲི་ཤུལ་འཛིན་པ། རྟོགས་འདོད་མ་སྔོན་མོ་འཁོར་ལོ་འཆང་བ། གཞོན་ནུ་མ་དམར་མོ་མདུང་ཐུང་འཕེན་པ། བརྒྱ་སྦྱིན་དཀར་མོ་ཨུཎྡྲ་གདེངས་པ་སྟེ་ཤར་གྱི་རྣལ་འབྱོར་མ་དྲུག་གོ ། རྡོ་རྗེ་མ་སེར་མོ་དུང་ཁྲག་འཐུང་བ། བདུད་རྩི་དམར་མོ་པདྨ་བསྣམས་པ། ཟླ་བ་དཀར་མོ་པུཎྚ་རི་ཀ་འཛིན་པ། བེ་ཅོན་མ་ལྗང་ནག་དབྱུག་ཐོ་འཕྱར་བ། །སྲིན་མོ་དམར་མོ་དུང་ཁྲག་འཐུང་བ། ཟ་བ་ལྗང་ནག་སྒྱུ་མ་འདྲེན་པ་སྟེ་ལྷོའ་ིརྣལ་འབྱོར་དྲུག་གོ ། དགའ་བ་དམར་མོ་ཀ་ཏར་འཕྱར་བ། སྟོབས་ཆེན་དཀར་མོ་གཤོལ་མདའ་འཛིན་པ། །རྡོ་རྗེ་སེར་མོ་སྤུ་གྲིས་གཅོད་པ། འདོད་པ་དམར་མོ་མདའ་གཞུ་འགེངས་པ། ནོར་སྲུང་མ་དཀར་མོ་བུམ་པ་འཛིན་པ། རླུང་ལྷ་སྔོན་མོ་བ་དན་འཕྱར་བ་སྟེ་ནུབ་ཀྱི་མ་མོ་དྲུག་གོ ། གསོད་བྱེད་དཀར་མོ་རལ་གྲི་འཛིན་པ། མེ་མོ་དམར་མོ་གསལ་ཤིང་འཕྱར་བ། ཕག་མོ་ནག་མོ་མཆེ་ཞགས་འཛིན་པ། རྒན་བྱེད་མ་དམར་མོ་ཞིང་ཆུང་ཟ་བ། སྣ་ཆེན་མ་དཀར་ལྗང་ཐོད་ཁྲག་འཐུང་བ། ཆུ་ལྷ་སྔོན་མོ་སྤྲུལ་ཞགས་འཛིན་པ་སྟེ་བྱང་གི་རྣལ་འབྱོར་མ་དྲུག་གོ ། རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་སེར་ནག་ཞགས་པ་འཛིན་པ། རྡོ་རྗེ་དམར་ནག་ལྕགས་སྒྲོག་འཛིན་པ། རྡོ་རྗེ་ལྗང་དམར་མོ་དྲིལ་འཁྲོལ་དགྱེས་པ་སྟེ་སྒོ་མ་བཞིའོ། །དབང་ཕྱུག་ཉེར་བརྒྱད་འདི་དག་ཀྱང་ཐུན་མོང་དུ་འཇིག་རྟེན་པ། ཐུན་མོང་མ་ཡིན་པར་འཇིག་རྟེན་ལས་འདས་པ། ཤིན་ཏུ་ཐུན་མོང་མ་ཡིན་པར་རྩ་གནས་ཀྱི་ལྷ། སངས་རྒྱས་པའི་ཚེ་མངོན་དུ་སྣང་བ་ཡིན་ལ། ཚུལ་ཡང་རྒྱུན་སྲིན་མོ་ཁྲོས་པའི་གཟུགས་དང་། ཚངས་པ་གདོང་བཞི་པའི་ཆུང་མ་ཞི་བའི་ཉམས་ཅན། གཞན་རྣམས་ཀྱང་ཕལ་ཆེར་ཞི་མ་ཁྲོའ་ིཉམས་ཅན་དང་། ཤིན་ཏུ་ཁྲོས་པའི་ཚེ་ཚངས་མ་སྒྲུལ་གདོང་སོགས་ཕྲ་མེན་གྱི་གཟུགས་ཅན་དུ་བཤད་པ། མཐའ་གཅིག་ཏུ་བཟུང་བ་ནི་རྒྱུད་དང་དེའི་འགྲེལ་པ་རྒྱ་མཚོའི་མཐའ་གཞལ་བར་མ་ནུས་ཤིང་བླ་མའི་མན་ངག་གིས་འཕོངས་པའི་གཏི་མུག་པའི་བློ་ཅན་ཞེས་བྱའོ། །དེ་ལྟར་ཁྲོ་མོ་ཉི་ཤུ་དང་དབང་ཕྱུག་ཉེར་བརྒྱད་རྣམས་ཀྱང་གཏུམ་ཞིང་ཁྲོས་པའི་དྲག་མོའ་ིཉམས་ཅན་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པ། ཁྲོ་མོ་ཉི་ཤུར་ཞིང་དང་ཉི་གདན། དབང་ཕྱུག་ལ་ཞིང་གདན་རྐྱང་པའོ། །དེ་ལྟར་ཁྲོ་མོ་ཉི་ཤུའི་དག་པ་ནི་སྙིང་འགྲེལ་ཕྱོགས་བཅུ་མུན་སེལ་དང་། སློབ་དཔོན་ཧཱུ་ཀ་རའི་གདམ་ངག་གནུབས་ནམ་མཁའི་སྙིང་པོ་ལས་བརྒྱུད་པ་རུ་ལུ་གསེར་ཕྲེང་གི་འགྲེལ་པ་བཞིན་བཀོད་ལ། ཞལ་བརྙན་གྱི་དག་པ་དབང་ཕྱུག་རྣམས་ཁྱོ་མིང་ཆུང་མར་བཏགས་པའི་རྒྱུ་མཚན་བཀོད་ན་ཧ་ཅང་མཐའ་ཀླས་པར་འགྱུར་བས་རེ་ཞིག་དེ་ཙམ་མོ། །དེ་དག་ཀྱང་འཁོར་གྱི་ལྷ་ཞེ་བརྒྱད་གི་མཁའ་འགྲོའ་ིསྐུ་ལུས་ཀྱི་བ་སྤུའི་བུ་ག་ཀུན་ཏུ་བསྒོམ་པར་བྱའོ། །གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་ལུས་དཀྱིལ་དུ་བསྒོམ་ཚུལ་འོག་ཏུ་ཚོགས་མཆོད་སྐབས་འཆད་དོ། །གཉིས་པ་འཁོར་ཀྱི་མཁའ་འགྲོ་བསྐྱེད་པ་ནི། འབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོརཿ ཞེས་པས། རིགས་བསྡུས་ན། སྔ་འགྱུར་རྒྱུད་འབུམ་ནས། དྲི་ཟ་ཆེན་མོ་འབུམ་ཕྲག་དང་། གྲུལ་འབུམ་ཆེན་མོ་འབུལ་ཕྲག་དང་། །ཚངས་མ་ཆེན་པོ་འབུམ་ཕྲག་སོགས་ཡོད་དེ་མཐའ་དག་སྨྲ་བར་མ་ལྡང་ཞེས་ལུས་དཀྱིལ་མངོན་བརྗོད་ནས་བཤད་ལ། །གཞན་ཡང་ཤར་ཕྱོགས་སུ་རྡོ་རྗེ་བདེ་ཆེན་དཀར་མོ་སོགས་ཞི་བའི་ཕྲིན་ལས་བསྒྲུབ་པའི་མཁའ་འགྲོ་དཀར་མོ་འབུམ་ཕྲག་དང་། ལྷོ་ཕྱོགས་སུ་རིན་ཆེན་སེར་མོ་དོན་གྲུབ་ལ་སོགས་རྒྱས་པའི་ཕྲིན་ལས་བསྒྲུབ་པའི་མཁའ་འགྲོ་སེར་མོ་འབུམ་ཕྲག་དང་། ནུབ་ཕྱོགས་སུ་པདྨ་དམར་མོ་སྒྲ་སྒྲོགས་ལ་སོགས་དབང་གི་ཕྲིན་ལས་བསྒྲུབ་པའི་མཁའ་འགྲོ་དམར་མོ་འབུམ་ཕྲག་དང་། བྱང་ཕྱོགས་སུ་ཀརྨ་སྣ་ཚོགས་མཐར་ཕྱིན་སོགས་དྲག་པོའ་ིཕྲིན་ལས་བསྒྲུབ་པའི་མཁའ་འགྲོ་ལྗང་མོ་འབུམ་ཕྲག་དང་། བར་སྣང་གི་ཆ་ལ་བུབྡྷ་ཁྲོས་མ་ནག་མོ་དང་། མཚམས་མ་ངེས་པར་དམ་ཚིག་གི་མཁའ་འགྲོ། ཤ་ཟའི་མཁའ་འགྲོ། འཇིག་རྟེན་གྱི་མཁའ་འགྲོ་སོགས་འབུམ་ཕྲག་འབུམ་སོགས་ཡང་བའི་གྲངས་ཀྱིས་བསྡུས་པས་བརྗོད་དུ་མེད་པའི་དཔའ་བོ་མཁའ་འགྲོའ་ིཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །གསུམ་པ་རིགས་བདག་ནི། རིགས་བདག་པདྨ་ཐོད་ཕྲེང་རྩལཿ ཨཱཙརྱ་གཞོན་དཀར་གསལ་འཛུམཿ ཧེ་རུ་ཀ་པ་ཅང་དྲིལ་འཁྲོལཿ དམ་ཚིག་ཡེ་ཤེས་གཉིས་སུ་མེདཿ སྒོམ་པ་ཙམ་གྱིས་དངོས་གྲུབ་ཐོབ༔ ཅེས་པས། རང་གི་རིགས་པདྨའི་དབང་གི་མཚོན་པའི་བརྡར་པདྨའི་རིགས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བདག་ཉིད་སྣང་བ་མཐའ་ཡས་གང་འདུལ་གྱི་སྐུར་བཞེངས་པ་ཨྱོན་གྱི་སློབ་དཔོན་པདྨ་འབྱུང་གནས་སྐུ་ལ་ཉོན་མོངས་པ་མ་སྤངས་གནས་སུ་དག་པའི་བརྡར་ཐོད་པའི་ཕྲེང་བས་བརྒྱན་པ། ཐོད་ཕྲེང་རྩལ་ཞེས་བྱ་བ་དེ་ཉིད་ཨཱཙརྱ་ཏེ་སློབ་དཔོན་གྱི་སྐད་དོད་ཡིན་པའི་རྒྱ་གར་འཕགས་པའི་ཡུལ་ནས་འོངས་པའི་སྐྱེས་བུ་པཎྜི་ཏ་སྐུ་ལ་གཞོམ་གཞིག་དང་བསྒྲེས་རྒུད་མེད་པའི་སློབ་དཔོན་གཞོན་ནུའི་སྐུ་བྱད་ཅན་སྐུ་མདོག་ཟླ་བའི་འོད་ལྟར་ཤིན་ཏུ་དཀར་ཞིང་གསལ་བར་བྱེད་པ་ཞལ་འཛུམ་ཞིང་སྤྱན་རྩ་ཕྱོགས་བཅུར་འཁྱིལ་བ་ལ་སོགས་པ་མཚན་དཔེའི་ཡོན་ཏན་ཐམས་ཅད་རྫོགས་པ། ཧེ་རུ་ཀའི་ཆས་དབུ་རལ་པའི་ཐོར་ཚུགས་ཅན་རུས་པའི་རྒྱན་དྲུག་དང་སྟག་ཤམ་སོགས་གསོལ་བ་གུ་རུ་ཉི་མ་འོད་ཟེར་ལྟ་བུ། ཕྱག་གཡས་སྐྱེ་མེད་དབྱིངས་ལས་སྐྱེ་བའི་ཆོས་སྒྲ་སྒྲོག་པའི་ཅང་ཏེའུ་དང་། གཡོན་ཤེས་རབ་ཀྱི་སྒྲ་བསྒྲགས་པ་ཉིད་ན་གྲགས་སྟོང་སྐྱེ་བ་མེད་པའི་སེམས་ཉིད་ཀྱི་གནས་ལུགས་མཚོན་པའི་དྲིལ་བུ་འཁྲོལ་བ། ཞབས་སྲིད་ཞིའི་མཐའ་གང་ལ་ཡང་མི་གནས་པའི་མཉམ་པ་ཉིད་ཀྱིས་སྐྱིལ་ཀྲུང་ཅན། དེ་ཉིད་ཀྱི་འཁོར་དུ་རྒྱ་བོད་ཀྱི་པཎ་གྲུབ་རིགས་པ་འཛིན་པའི་ཚོགས། རྒྱུད་སྡེ་བཞིའི་ཡི་དམ་ལྷ་ཚོགས། དམ་ཅན་རྒྱ་ཚོའི་ཚོགས་དང་བཅས་པ་མགྲོན་ཐབས་སུ་བཞུགས་པའོ། །དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱང་། བདག་དམ་ཚིག་པ་ངན་པར་བལྟ་བ་དང་། ལྷ་ཡེ་ཤེས་པ་བཟང་པོར་བལྟ་བ་གཉིས་སུ་མེད་དེ། ཡེ་གདོད་མ་ནས་དག་པའི་ཤེས་པའི་རང་བཞིན་ཡེ་ཤེས་ཏེ་ཐལ་འགྱུར་ལས། ཡེ་ནི་ཐོག་མར་འབྱུང་བ་ལས། ཤེས་པ་ཉོན་མོངས་སྐྱོན་མ་གོས་ཞེས་སོ། །དེ་ལྟར་སྣང་བཅས་ལྷའི་འཁོར་ལོ་བཞེངས་པས་བསྒོམ་པ་ཙམ་གྱིས་འབྲས་བུ་དག་པ་གཉིས་ལྡན་གྱི་ཆོས་སྐུ་དེ་ཉིད་ཡིན་པས་དངོས་གྲུབ་ད་ལྟ་ཐོབ་པའི་ཕྱིར་འབྲས་བུ་ལམ་ཕྱེད་རྡོ་རྗེའི་ཐེག་པ་སྟེ། གསང་སྙིང་ལས། །ས་ལ་སོགས་པར་ཕྱག་རྒྱ་བྱས། །རྣམ་གྲོལ་རིམ་པས་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱང་བྱས་ནས། སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་སོ། །གཉིས་པ་ཕྲིན་ལས་བྱ་བའི་ཡན་ལག་བསྒྲུབ་པ་ལ་ལྔ། ཡེ་ཤེས་པ་སྤྱན་དྲངས་པ། བཞུགས་གསོལ་ཞིང་ཕྱག་བྱ་བ། མཆོད་པ་འབུལ་བ། བསྟོད་པ་བྱ་བ། འཛབ་བཟླ་པའོ། །དང་པོ་ལ་གསུམ། གང་ནས་སྤྱན་འདྲེན་པའི་གནས། གང་སྤྱན་འདྲེན་པའི་ལྷ། སྤྱན་དྲངས་ནས་དོན་ཅི་གསོལ་བའི་དང་པོ་ནི། ཡུལ་གྱི་མིང་ནི་རྒྱ་གར་ཡུལཿ གནས་ཀྱི་མཆོག་གྱུར་ཨོ་རྒྱན་གནསཿ དྷུ་མ་ཐཱ་ལ་མཁའ་འགྲོའ་ིགྲོངཿ གླིང་གི་གླིང་མཆོག་རྔ་ཡབ་གླིངཿ དོན་ལ་འོག་མིན་བདེ་ཆེན་ཞིངཿ རྣམ་པ་མཁའ་སྤྱོད་སྤྲུལ་པའི་གནསཿ དགྱེས་བཞིན་བཞུགས་པའི་ཡུལ་ཀུན་ནས༔ ཞེས་པས་སྤྱིར་ཡུལ་གྱི་མིང་ནི་འཛམ་བུའི་གླིང་འདི་ཆགས་ནས་རིང་ཞིག་ནས་འོད་གསལ་གྱི་གནས་ལ་སོགས་པ་ནས་ཡུལ་དབུས་སུ་བབ་པའི་ལྷ་རྣམས་ལ་ནམ་མཁའ་ནས་སྒྲ་བྱུང་ནས་མི་སྣང་ཞེས་པས་མི་གྲང་པའི་ཡུལ་འཕགས་ཡུལ་ལ་འདོད་རྒྱལ་གྱི་མིང་རྒྱ་གར་གྱི་ཡུལ་ཅེས་བྱ་སྟེ། དེ་ན་ཡུལ་གླིང་མང་དུ་ཡོད་པའི་དབུས་འགྱུར་འཆད་ན་རྡོ་རྗེ་གདན་ཞེས་རྫོགས་པའི་སངས་རྒྱས་སྟོང་གིས་འཚང་རྒྱ་བའི་གནས། བསྐལ་པ་འཇིག་པའི་དུས་ཀྱི་མེ་ཆུ་རླུང་གསུམ་གྱིས་ཀྱང་གཞིག་པར་མི་ནུས་པ་གནས་དམ་པའི་ཆོས་ཀྱི་འབྱུང་གནས་ཏེ། དེ་ཡུལ་གླིང་ནུབ་ཕྱོགས་ན་ཨོཾ་ཌྜྜཱ


ARJ001_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ི་ཡ་ན་སྟེ་རིང་འཕུར་ཏེ། མཁའ་འགྲོའམ། འཕུར་འགྲོའ་ིགླིང་ཞེས་པར་ཟུར་ཆགས་པས། ཨོ་རྒྱན་ཡུལ་དེར་རྒྱལ་པོ་ཨིནྡྲ་བྷོདྷི་ཞེས་པ་ལ་བཅོམ་ལྡན་འདས་ཀྱིས་གསང་སྔགས་གསུངས་པས་རྒྱས་པོ་མངའ་འབངས་དང་བཅས་པ་འཇའ་ལུས་ཀྱི་སྐུར་གྱུར་ཏེ་སངས་རྒྱས་པས་ཡུལ་དེ་སྟོངས་པས། ལྷོ་ཕྱོགས་ན་མཚོ་ཞིག་ཡོད་པ་འཕེལ་དེ་ཀླུ་དང་བཅས་པའི་མཚོས་གང་དེ་ནས་ཕྱག་ན་རྡོ་རྗེ་རྒྱུད་ཀྱི་གླེགས་བམ་གསེར་གྱི་བྱང་བུ་ལ་བཻཌུརྱ་ཞུན་མས་བྲིས་ཏེ་ཀླུ་རྣམས་སྨིན་པར་མཛད་དེ་རྒྱུད་གཏད་པས་ཐམས་ཅད་མིར་གྱུར་ཏེ་ཉམས་སུ་བླངས་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ། དེ་རྣམས་ཀྱི་བུ་དང་བུ་མོ་དཔའ་བོ་དང་མཁའ་འགྲོར་གྱུར་པས། གནས་དེ་ཉིད་གནས་ཀུན་གྱི་མཆོག་ཏུ་གྱུར་པ་ཨོ་རྒྱན་མཁའ་འགྲོའ་ིགནས་ཞེས་གྲགས། མཚོ་བསྐམས་ཏེ་དཔལ་ཧེ་རུ་ཀའི་ལྷ་ཁང་རང་བྱུང་ཕུན་སུམ་ཚོགས་པ་ཞིག་བྱུང་བས་གསང་སྔགས་ཀྱི་རྒྱུད་མཐའ་དག་གི་གླེགས་བམ་རྣམས་དེར་བཞུགས་པས་ཨོ་རྒྱན་དྷུ་མ་ཐཱ་ལའི་གནམ་མཛོད་ཅེས་སུ་གྲགས་ཏེ་མཁའ་འགྲོའ་ིགྲོང་ཁྱེར་ཆེན་པོ་ཀུན་གྱི་གཙོ་བོ་ཡིན་ལ། གཞན་དུ་ན་ཨོ་རྒྱན་གྱི་ཡུལ་ལ་འཛམ་གླིང་གི་སུམ་གཉིས་ཡོད་པར་བཤད་ཅིང་། །ཤར་ན་འཛམ་བུམ་ལེ། ལྷོ་ན་པ་ཏའི་གླིང་། ནུབ་ན་ནཱ་ག་བྷེ་དྷའི་གླིང་། བྱང་ན་ཀ་ཤ་ཀ་མ་ལིའི་གླིང་ལ་སོགས་པ་ཡོད་པར་བཤད་དོ། །བྱེ་བྲག་ཏུ་ལྷོ་གླིང་གསུམ་ལས་ཀྱང་ཨོ་རྒྱན་ཆེན་པོས་སྲིན་པོ་བཏུལ་བའི་སྐུ་དངོས་ཀྱི་གདུལ་ཞིང་དུ་གྱུར་པ་གླིང་གི་མཆོག་ལྷོ་ནུབ་རྔ་ཡབ་ཀྱི་གླིང་། དབུས་ན་ཟངས་མདོག་དཔལ་གྱི་རིའི་རྩ་བ་ཀླུ་ཆེན་པོ་དག་རྩེ་ཞིང་རོལ་བ། །རྐེད་ལ་དཔའ་བོ་དང་མཁའ་འགྲོ་མང་པོས་ཡོངས་སུ་གང་ཞིང་། རྩེ་མོར་ཚངས་པའི་འཇིག་རྟེན་དུ་སྙེགས་པ་ལྟ་བུ། རྡོ་རྗེ་ཕག་མོའ་ིབྱིན་གྱིས་བརླབས་པ། གསང་སྔགས་བརྡའི་རང་སྒྲ་སྒྲོགས་པ་དེའི་སྟེང་ན་ཕོ་བྲང་གཞལ་མེད་ཆེན་པོ་གྲུ་བཞི་སྒོ་རྒྱན་རྟ་བབས་སོགས་བརྡ་དོན་རྟགས་གསུམ་ཚང་བའི་ཞིང་སྐུ་གསུམ་ལྷུན་གྱི་གྲུབ་པའི་ཞིང་ཁམས་ཆེན་པོ་དེ་ཉིད་དོན་ལ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཏེ། དེ་ཡང་དབྱེ་ན་ཆོས་སྐུའི་འོག་མིན་མཐའ་དབུས་ཕྱོགས་ཆའི་སྤྲོས་པ་ཐམས་ཅད་ལས་འདས་པ་སངས་རྒྱས་ཐམས་ཅད་ཀྱི་མཐར་ཐུག་བསྒྲོད་བྱ་ཀ་དག་གི་ནང་དབྱིངས། ཡང་དག་དོན་གྱི་འོག་མིན་ཏེ་ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟ་སྟེ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །ཅེས་སོ། །ལོངས་སྐུའི་འོག་མིན ། ཆོས་སྐུའི་དབྱིངས་ལས་ཡེ་ཤེས་ཆེན་པོའ་ིརང་སྣང་ལྷུན་གྲུབ་འཕོ་འགྱུར་མེད་པ་སྟེ། །སྒྱུ་འཕྲུལ་རྡོ་རྗེ་ལས། འོག་མིན་ཆེན་པོའ་ིགནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །ཞེས་སོགས་གསུངས་སོ། །སྤྲུལ་སྐུའི་འོག་མིན་ནི། གདུལ་བྱ་སར་གནས་ལ་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་དང་། འདྲེས་མ་ལ་གཙང་མའི་གནས་ཀྱི་འོག་མིན་ནོ། །དེ་དག་ཀྱང་སྡུག་བསྔལ་ཟག་བཅས་ལས་འདས་པ་བདེ་བ་ཆེན་པོའ་ིཞིང་ཁམས། །རྣམ་པ་ལྟར་ན་མཁའ་སྤྱོད་ལ་སོགས་པ་བཤད་མ་ཐག་པ་རང་བཞིན་སྲལ་པའི་སྐུའི་ཞིང་ཁམས་དབུས་ན་སྟུག་པོ་བཀོད་པ། ཤར་ན་མངོན་པར་དགའ་བ། ལྷོ་ན་རིན་པོ་ཆེས་བརྒྱན་པ། ནུབ་ན་བདེ་བ་ཅན། བྱང་ན་ལས་རབ་གྲུབ་པ་ལ་སོགས་པར་ས་བཅུའི་སེམས་དཔའ་ལ་སྟོན་པ་རིགས་ལྔས་གསུང་མཆོག་མི་སྨྲ་ཡང་སྐུའི་འོད་ཟེར་གྱིས་ཆོས་སྟོན་པའི་དེ་དག་དང་ཚུལ་མཚུངས་པ་མཁའ་སྤྱོད་སྤྲུལ་པའི་ཞིང་ཁམས་པདྨ་འོད་ཟེར་བྱ་སྟེ། གནས་དེ་དྲན་པ་ཙམ་གྱི་བདེ་ཆེན་ཐོབཿ ཅེས་སོ། །གཞན་ཡང་དཔའ་བོ་དང་མཁའ་འགྲོ་རྣམས་དགྱེས་ཤིང་བཞུགས་པའི་ཡུལ། ཛ་ལབྷར། ཨོ་རྒྱན་ཡུལ། ཀེ་ཀེ་རི། ཀ་མ་རུ་བཞི་དཔའ་བོ་མཁའ་འགྲོ་རྣམས་རྟག་ཏུ་བཞུགས་པས་གནས་སུ་གྲགས་ཏེ། ས་དང་པོ་རབ་ཏུ་དགའ་བ། མ་ལ་ཝ། སིནྡྷུ། ན་ག་ར། ལྕགས་པའི་བྲང་བཞི་རེས་འགའ་བཞུགས་པའི་ཉེ་བའི་གནས་ཏེ། ས་གཉིས་པ་དྲི་མ་མེད་པ། མུམྨུ་ནི། དེ་ཝི་ཀོ་ཊ་གཉིས་དཔའ་བོ་མཁའ་འགྲོ་རྣམས་རྟག་ཏུ་ཚིགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་ཅིང་དེས་ཡོན་ཏན་བསྐྱེད་པས་ཞིང་ཏེ། ས་གསུམ་པ་འོད་འཕྲོ་བ། ཀུ་མུ་ཏ་དང་ཨཪྤུ་ཏ་གཉིས་ཚོགས་འཁོར་གྱི་རེས་འགའ་ཡོན་ཏན་བསྐྱེད་པས་ཉེ་ཞིང་སྟེ་བཞི་པ་འོད་བྱེད་པ། ཧ་རི་ཀོ་བའི་མཆོད་སྦྱིན་གཉིས་རྟག་ཏུ་རྣམ་རྟོག་འཁྲུད་པས་ཚནྡྷེ་ཧ་སྟེ་ལྔ་པ་སྦྱང་དཀའ་བ། ལཾ་བྷ་ཀ་དང་། ཀཉྩི་གཉིས་རེས་འགའ་འཁྲུད་པས་ཉེ་བའི་ཚོནྡྷེ་སྟེ་དྲུག་པ་མངོན་དུ་གྱུར། བྱེད་པའི་བྲང་དང་གསེར་གླིང་གཉིས་དཔའ་བོ་མཁའ་འགྲོ་རྣམས་རྟག་ཏུ་བཀའ་འགྲོས་བྱེད་པས་འདུ་བ་སྟེ་བདུན་པ་རིང་དུ་སོང་བ། ཀོང་ཀ་ན་དང་། བྷི་རྟ་ར་གཉིས་རེས་འགའ་བྱེད་པས་ཉེ་འདུ་སྟེ། བརྒྱད་པ་མི་གཡོ་བ། རབ་སོན་དགེ་འདུན་དང་རྒྱ་མཚོའི་འགྲམ་གཉིས་རོ་གནས་ཤིང་རྟག་ཏུ་གྷ་ན་ཙཀྐྲས་གཙང་རྨེའི་རྟོག་པ་སྤོང་བས་དུར་ཁྲོད་དེ་དགུ་པ་ལེགས་པའི་བློ་གྲོས། ཙ་རི་ཏྲ་དང་། གཞོན་ནུའི་གྲོང་གཉིས་རེས་འགའ་སྤོང་བས་ཉེ་བའི་དུར་ཁྲོད་དེས་བཅུ་པ་ཆོས་ཀྱི་སྤྲིན་ནོ། དེ་དག་ན་བཞུགས་པའི་དཔའ་བོ་མཁའ་འགྲོ་རྣམས་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ཡང་དེ་དང་དེ་ལ་གནས་པའི་ཚུལ་གྱིས་བཞུགས་ཏེ། །སཾ་བྷུ་ཏ་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཙྪནྡྷོ་ཧ་ནི་སྤྱངས་བཀའ་བས་ཉེ་བས་སྨིན་གསུམ་མངོན་དུ་གྱུར། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བས། །དུར་ཁྲོད་ལེགས་པའི་བློ་གྲོས་ཡིན། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །རྣལ་འབྱོར་མ་ཡི་ཀླ་ཀློའ་ིསྐད། །སུ་ལས་སོགས་པ་ཅི་གསུངས་པས། །ཕྱི་དང་ནང་དུ་བསམ་པར་བྱ། །ཞེས་སོ། །ཁ་ཆེའི་གྲོང་ཁྱེར་དཔེ་མེད་དང་། གྲོང་གི་མཐའ་གཉིས་རྟག་ཏུ་བདེ་བ་ཆེན་པོའ་ིསྙོམ་འཇུག་ཉམས་སུ་ལེན་པས་འཐུང་གཅོད་དེ་བཅུག་ཅིག་པ་ཀུན་ཏུ་འོད། ཁ་བའི་རི་དང་། ཀོ་ཤ་ལ་གཉིས་རེས་འགའ་ཉམས་སུ་ལེན་པས་ཉེ་བའི་འཐུང་གཅོད་དེ་བཅུ་གཉིས་པ་ཡེ་ཤེས་ལྡན་ཏེ། ཀུ་མུ་ཏི་ལས་འཐུང་གཅོད་དཔེ་མེད་ཇི་བཞིན་དུ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཅན། །ཞེས་སོ། །ལན་ཚ་རྒྱ་མཚོའི་ནང་སྐྱེས་དང་། །སོ་སོར་ཥ་ྜགཉིས་འཐུང་གཅོད་ཀྱི་ཁ་སྐོངས་དང་། ཀ་ལིདྐ། སྐྱེད་ཚལ་གཉིས་ཉེ་བའི་འཐུང་གཅོད་ཀྱི་ཁ་སྐོངས་ཏེ་གནས་སུམ་བཅུ་རྩ་གཉིས་ཏེ་རྟག་པ་གཉིས་པའི་ལུགས་སུ་བཤད་དོ། །དེ་དག་གི་འབྲས་བུ་གསང་ཆེན་རྡོ་རྗེ་འཛིན་པའི་ས་བཅུ་གསུམ་པ་ཡིན་ཏེ། དགོངས་པ་ལུང་བསྟན་ལས། །སངས་རྒྱས་རྣམས་ཀྱིས་གང་བསྟན་པ། །སར་གྱུར་པ་ནི་བཅུ་གསུམ་པ། །ཞེས་སོ། །དེ་དག་ཀྱང་རང་གཞུང་བླ་མཆོད་དང་སུན་བཟློག་ཏུ་རབ་ཏུ་དགའ་དང་དྲི་མ་མེད། གནས་དང་ཉེ་བའི་གནས་ཡིན་ཏེ། །ཞེས་སོགས་གསུངས་པ་དེ་དག་ཀུན་སོ། །གཉིས་པ་གང་སྤྱན་འདྲེན་པའི་ལྷ་ནི། །ཆོས་སྐུ་ཡུམ་ཆེན་མཚོ་རྒྱལ་མཿ འབུམ་ཕྲག་མཁའ་འགྲོའ་ིཚོགས་དང་བཅསཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཞེས་པས་ཆོས་སྐུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་མ་བཅོས་སྒྲོ་བཀུར་དང་བྲལ་བའི་ཤེས་པ་ཉིད་ཡེ་ཤེས་ཀྱི་སྐུ་ཞལ་ཕྱག་གི་རྣམ་པར་སྣང་བ་ནི་མཚོ་རྒྱལ་མ་བདག་ཉིད་ལ་ཡུལ་ཉེར་བཞི། གནས་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དཔའ་བོ་མཁའ་འགྲོ་ལ་སོགས་འབུམ་ཕྲག་ཡངས་པའི་མཁའ་འགྲོའ་ིའཁོར་དང་བཅས་ཏེ་བདག་གནས་ཡོ་བྱད་རྣམས་བྱིན་གྱིས་བརློབ་པའི་ཕྱིར་དུ་གནས་མཆོག་འདི་ཉིད་དུ་གཤེགས་སུ་གསོལ་ཞེས་པའོ། །དེ་ཡང་ཕྱི་ལྟར་དུ་ཨོ་རྒྱན་ཡུལ་དང་རྔ་ཡབ་པདྨ་འོད་སོགས་མཁའ་སྤྱོད་དང་ས་སྤྱོད་ཀྱི་གནས་ཀུན་ནས་རིག་འཛིན་བླ་མ་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སངས་རྒྱས་ཀྱི་སྤྲུལ་བ་ཡིན་ཡང་། རྣམ་པ་དེ་དང་གྲུབ་པ་ཐོབ་པའི་ཚུལ་གྱིས་གཞན་དོན་མཛད་ཅིང་བཞུགས་པ་ནས་སྤྱན་འདྲེན་པའི་ཚུལ། ཧཱུྃ་བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའ་ིཚོགསཿ དགོངས་ཤིག་ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་རྣམསཿ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལཿ རིག་འཛིན་མཁའ་འགྲོའ་ིགནས་ནས་གཤེགས་སུ་གསོལཿ དབུ་སྐྲ་མཛེས་པའི་ཐོར་ཚུག་ཤིག་སེ་ཤིགཿ རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལིཿ སོགས་དང་མཐུན་པར་སྤྱན་འདྲེན་ལ། ནང་ལྟར་ན་རང་གི་རྩ་རླུང་ཐིག་ལེའི་སྒྲིབ་བྱེད་དག་པས། རྩ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་རྒྱ་མཚོས་བདེ་ཆེན་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བའི་ཚུལ་གསང་བ་ལྟར་ན་ཕྱོགས་བཅུ་དུས་བཞིའི་དཀྱིལ་འཁོར་ཀུན་གྱི་བདག་ཉིད་ཆེན་པོ་གཤིས་ཀྱི་གནས་ལུགས་གང་དུའང་མི་དམིགས་ཤིང་སྤྲོས་པ་དང་བྲལ་བའི་ཐུགས་ཀྱི་དཀྱིལ་འཁོར་ཆོས་སྐུའི་ངང་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཇི་ལྟར་འདོད་པ་ཐམས་ཅད་སྤྱན་དྲང་ངོ་། །ཞེས་པ་སྟེ། གསང་སྙིང་ལས། ཕྱོགས་དུས་དཀྱིལ་འཁོར་བདག་གཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་སྟེ། །ཞེས་སོ། །དེའང་བློས་འབྱོན་པར་མོས་པ་རྩམ་ལ་སྤྱན་དྲང་བར་བརྗོད་ཅིང་། ཐམས་ཅད་མཁྱེན་པའི་ཐུགས་རྗེས་ཀྱང་བྱིན་གྱིས་རློབས་པ་ཡིན་ལ། །གཙོ་བོར་རང་གི་སེམས་ཀྱི་རྣམ་འཕྲུལ་ཙམ་གོམས་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེའང་སེམས་སངས་རྒྱས་ཡིན་པས་དེ་གོམས་ཤིང་གསལ་བས་དཀྱིལ་འཁོར་འགྲུབ་པ་ནི་འཐད་པའོ། །ཞེས་ཀློང་འགྲེལ་ལས་བཤད་དོ། །གསུམ་པ་སྤྱན་དྲངས་ནས་དོན་ཅི་གསོལ་བ་ནི། གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུརཿབགེགས་དང་ལོག་འདྲེན་བར་ཆད་གསོལཿ མཆོག་དང་མཐུན་མོང་དངོས་གྲུབ་སྩོལ། ཞེས་པས་རྒྱལ་བའི་ཐུགས་ལ་མཚན་འཛིན་གྱི་རྟོག་པ་མི་མངའ་ཡང་། ཡེ་ཤེས་དང་ཐུགས་རྗེའི་བྱེ་བྲག་ལས་བཀྲ་ཤིས་ཡོན་ཏན་རྫོགས་པའི་གནས་མཆོག་འདིར་བྱིན་གྱིས་བརླབ་པའི་དུས་ལ་བབས་པས་ན་འདིར་འདུས་པ་རྣམས་ལ་ལུས་ལ་འགྱུར་མེད་སྐུ། ངག་ལ་ཚངས་དབྱངས་གསུང་། ཡིད་ལ་འཁྲུལ་མེད་ཐུགས། ཡོན་ཏན་འགྲན་ཟླ་བྲལ་བ། ཕྲིན་ལས་འགྲོ་བ་འདུལ་བའི་དངོས་གྲུབ་བབས་རྣམ་པ་བཞིས་བྱིན་ཕོབ་ཅིག །ཁྱད་པར་དུ་བསྒྲུབ་པའི་མཆོག་དོན་གཉིས་ལྷུན་གྲུབ་ཆེན་པོ་མངོན་དུ་བྱེད་པའི་རྣལ་འབྱོར་པ་བདག་ལ་ལུས་ལ་བུམ་པའི་དབང་། ངག་ལ་གསང་བའི་དབང་། ཡིད་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་། སེམས་ལ་ཡེ་ཤེས་རྡོ་རྗེ་ཚིག་གི་དབང་སྟེ་དབང་བཞིའི་དབང་ད་ལྟ་ཉིད་དུ་ཐོབ་པར་བསྐུར་དུ་གསོལ། །དེ་དག་མྱུར་དུ་ཐོབ་པའི་འགལ་རྐྱེན་དུ་གྱུར་པ་བགེགས་ཀྱི་མི་མཐུན་པར་བལྟ་བ་དང་ལོག་པར་འདྲེན་པས་དངོས་གྲུབ་ཕྱིན་ཅི་ལོག་ཏུ་བསྒྱུར་བ་དང་དངོས་གྲུབ་ཀློང་དུ་གྱུར་བའི་བར་མཚམས་གཅོད་པར་བྱེད་པ་ཐམས་ཅད་ཕྱིར་སོལ་ལ། །མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་། གནས་སྐབས་སུའང་གྲུབ་པ་བརྒྱད་སོགས་ཐུན་མོང་འཇིག་རྟེན་པའི་དངོས་གྲུབ་དམ་པ་བདག་ལ་རྩལ་དུ་གསོལ་ཞེས་པ་སྟེ། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །ཞེས་པ་དང་མཐུན་ནོ། །ཨོཾ་སྐུ། ཨཱཿགསུང་། ཧཱུཾ་ཐུགས། བཛྲ་རྡོ་རྗེ། ཛྙཱ་ན་ཡེ་ཤེས། ཌཱཀྐི་ནཱི་མཁའ་འགྲོ་མ། ཨཱ་འདིར། ཨ་ར་ལི་རོལ་པ། ཕཻཾ་ཕཻཾ། ཞེས་པ་འདི་ལ་ཕ་ཨེ་མ་གསུམ་གྱི་སྒྲ་དོན་པ་དགོས་གསུངས། དོན་ཁོ་བོས། ཛཿ དགུག་པ་སྟེ་བྱོན་ཞེས་པའོ། །གཉིས་པ་བཞུགས་སུ་གསོལ་ཞིང་ཕྱག་འཚལ་བ་ལ་གཉིས་ཀྱི་དང་པོ་བཞུགས་སུ་གསོལ་བ་ནི། ཧོཿ གདོད་ནས་དམ་ཚིག་ཡེ་ཤེས་པཿ གཉིས་སུ་མེད་དེ་རྡོ་རྗེའི་གདནཿ ཞེས་པ། རང་རིག་གདོད་ནས་སྐུ་དང་ཡེ་ཤེས་ཆེན་པོའ་ིརང་བཞིན་དུ་ལྷུན་གྱི་གྲུབ་པའི་ཕྱིར་དམ་ཚིག་འཁོར་ལོ་བསྐྱེད་པས། ཡེ་ཤེས་པ་དབྱིངས་ནས་སྤྱན་དྲངས་ཏེ་བསྲེ་བའི་གཉིས་སུ་འཛིན་པ་མེད་པ་དེ་ཉིད་རྣམ་པར་རྟོག་པས་དབྱེ་བར་བྱ་མི་ནུས་པའི་ཕྱིར་རྡོ་རྗེའི་གདན་སྟེ། རོང་ཟོམ་ཆེན་པོས། འགྲོ་བ་རྣམས་སེམས་ཀྱི་རང་བཞིན་ནི་དབྱེར་མི་ཕྱེད་པའི་ཕྱིར་རྡོ་རྗེ་ཞེས་དང་། གསང་འདུས་ལས། རྒྱུད་ལྔ་དག་གི་སེམས་དག་ནི། རྡོ་རྗེ་ཞེས་སུ་བཤད་པ་ཡིན། ཞེས་གསུངས་པ་ལས་དང་པོ་པས་ནི་དབྱིངས་ནས་སྤྱན་དྲངས་པའི་ལྷ་ཚོགས་རྣམས་དམ་ཚིག་བསྐྱེད་པའི་འཁོར་ལོ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་འདྲེས་ཏེ་ཇི་སྲིད་བསྒྲུབ་བྱ་དང་བསྒྲུབ་བྱེད་གཅིག་ཏུ་མ་གྱུར་གྱི་བར་དུ་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་གདན་ལ་བཞུགས་པར་བསམ་མོ། །རྡོ་རྗེའི་ཆོས་བདུན་ནི་རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་ཞིག་པར་བྱ་བ་མེད། །བསྲེགས་པར་བྱར་མེད་འཇིགས་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། ཞེས་སོ། །གཉིས་པ་ཕྱག་འཚལ་བ་ནི། མཁའ་འགྲོ་སེམས་ཀྱི་ཆོ་འཕྲུལ་དུཿ ལྷན་ཅིག་སྐྱེས་ལ་ཕྱག་འཚལ་ལོཿ ཞེས་པས། ཆོས་སྐུ་དབྱིངས་ཀྱི་མཁའ་འགྲོ་རིག་པ་བྱང་ཆུབ་ཀྱི་སེམས་དེ་ཉིད། གཟུགས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་ཆོ་འཕྲུལ་གྱི་རྣམ་པ་ཇི་སྙེད་དུ་ཤར་ཡང་གདོད་ནས་ཡེ་གྲོལ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་སུ་ངེས་པས་རང་རིག་རང་ངོ་ཤེས་པ་ལྟ་བའི་མཇལ་ཕྱག་སྟེ། ཕྱག་ཆེན་ཐིག་ལེ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དངཿ ཇི་ལྟར་མར་ལ་མར་བཞག་བཞིནཿ རང་གི་རིག་པའི་ཡེ་ཤེས་ནིཿ ལེགས་མཐོང་གང་ཡིན་འདིར་ཕྱག་ཡིནཿཞེས་དང་། གཞན་ཡང་། མི་རྟོགས་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི་དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེ་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། ཞེས་སོ། །རྣམ་པ་འཇིག་རྟེན་དང་བྱ་བྱེད་ཐུན་མོང་གི་ཕྱག་འཚལ་བ་ནི་རང་གི་ཐུགས་ཀ་ནས་ཡིད་དུ་འོང་བའི་ལྷ་མོ་བཞི་སྤྲུལ་ཏེ་སྔ་མའི་ནཱ་མ་ནི་ཕྱག་འཚལ་བའི་དོན་ཏེ་བརྡའ་ཕྱག་སྤངས་བླངས་མེད་པར་བཙལ་བར་ཕྱི་མའི་ནཱ་མས་གཉིས་ཆོས་སུ་མ་གྲུབ་པའི་བརྡར་དེའི་ཐུགས་ཀ་ནས་ཀྱང་ལྷ་མོ་བཞི་བྱུང་སྟེ་ཕྱག་འཚལ་ནས་ཧཱུཾ་གིས་སླར་ཐུགས་ཀར་བསྡུས་པའོ། །གསུམ་པ་མཆོད་པ་འབུལ་བ་ལ་ནི། ཧོཿ སྣང་ཞིང་སྲིད་པའི་ཆོས་སོ་ཅོགཿ འདོད་ཡོན་ལྔ་ཡི་བརྒྱན་དུ་ཤརཿ སེམས་ཀྱི་ཡིད་བཞིན་གཏེར་ཆེན་པོཿ བླང་དོར་མེད་པའི་དགྱེས་མཆོད་འབུལཿ ཞེས་པས་བདེ་བའི་རོལ་པས་ལུས་སུ་སྣང་ཞིང་སྲིད་པའི་གྲོང་ཁྱེར་འདོད་ཁམས། དག་ཕྱེད་དུ་སྣང་ཞིང་སྲིད་པའི་གྲོང་ཁྱེར་གཟུགས་ཀྱི་ཁམས། ཡིད་མི་སྣང་ཞིང་སྲིད་པའི་གྲོང་ཁྱེར་གཟུགས་མེད་ཀྱི་བསྡུས་པའི་ཆོས་སོ་ཅོག་ཐམས་ཅད་ཀྱི་དངོས་པོ་ཀུན་གོང་དུ་མཆོད་པ་བྱིན་བརླབ་སྐབས་བཤད་པ་ལྟར་ཁ་དོག་ཕྱེད་ཅིང་དབྱིབས་ལེགས་པའི་གཟུགས་ཀྱི་མཆོད་པ་སྣ་ཚོགས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་བརྗོད་པ་སོགས་སྒྲ་སྙན་པའི་མཆོད་པ། ཙན་དན་སྦྲུལ་སྙིང་སོགས་དྲིའི་མཆོད་པ་སྣ་ཚོགས་དང་། རོ་དང་བཅུད་ཕུན་སུམ་ཚོགས་པ་སེམས་སོགས་ལུས་བརྟག་བྱེད་ཞལ་ཟས་ཀྱི་མཆོད་པ་སྣ་ཚོགས་དང་། འཇམ་ཞིང་འཁྲིལ་བག་ཆགས་པ་ལུས་ཀྱི་དབང་པོ་ཚིམས་བྱེད་རེག་བྱའི་མཆོད་པ་སྣ་ཚོགས་ལ་སོགས་པ་འདོད་པའི་ཡོན་ཏན་རྣམ་པ་ལྔའི་རྒྱན་གྱི་འཁོར་ལོ་ཤར་བ་སྟེ་ཏིང་ངེ་འཛིན་གྱིས་མཆོད་སྤྲིན་བཀོད་པ་ནི་དཀྱིལ་འཁོར་ལ་ཡིད་ཀྱིས་ཇི་ལྟར་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི་རང་གི་སེམས་ཀྱིས་བཀོད་པའི་ཡིད་བཞིན་གྱི་འདོད་དགུ་ཐམས་ཅད་འབྱུང་བའི་གཏེར་ཆེན་པོ་བསམ་གྱིས་མི་ཁྱབ་པར་སྤྲིན་གྱི་ཕུང་པོ་ཙམ་རྣམ་པར་འཕྲུལ་བ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་ལྟ་བུར་བྷྲུཾ་གྱི་གསལ་གདབ་བོ། །དེ་ཡང་རྒྱན་དང་བཀོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་ཅིང་ཡིད་དུ་འོང་བས་མཛེས་པར་སྤྲས་ཤིང་། གཉེན་ལ་འཇམ་ཞིང་རེག་ན་བདེ་བའི་རང་བཞིན་རྒྱུ་སྣ་ཚོགས་རིན་པོ་ཆེའི་གཞི་འཁོད་སྙོམས་པ་ལ། རིན་པོ་ཆེ་སྣ་ཚོགས་ཀྱིས་མིག་མངས་རིས་སུ་བྲིས་ཤིང་མཛེས་པར་བྱས་ཤིང་ལྷའི་ནོར་བུ་སྣ་ཚོགས་ཀྱི་ཚོམ་བུ་རབ་ཏུ་བརྒྱན་པས་ཕྱོགས་བཅུ་ཀུན་ཏུ་འཁྱིལ་བར་སྤྲས་པ་དང་། ཏྲཾ་ལས་འདོད་དགུ་འབྱུང་བའི་རིན་པོ་ཆེ་སྣ་བདུན་གྱི་ཕུང་པོ་འོད་ཟེར་གྱི་དྲ་བ་འབར་བའི་རི་བོ་ལྷུན་སྟུག་པ་དང་། ཁམ་ལས་མཚོ་དང་ལྟེང་ཀ་ལ་སོགས་པ་མདོག་མཛེས་ཤིང་དབྱིབས་ལེགས་པའི་པདྨའི་རྫིང་བུ་རོ་བྲོ་བའི་མཆོག་བསིལ་བ་ལ་སོགས་པ་ཡན་ལག་བརྒྱད་ལྡན་གྱི་ཆུས་ཡོངས་སུ་གང་བ་མེ་ཏོག་གིས་ཁེབས་ཤིང་བྱ་སྐད་སྙན་པར་སྒྲོགས་པ་དང་། བྷྲུཾ་ལས་རིན་པོ་ཆེའི་ཁང་པ་དབྱིབས་དང་ཁ་དོག་དང་བཀོད་པའི་བྱེ་བྲག་སྣ་ཚོགས་པས་བརྒྱན་པ་རབ་ཏུ་མང་པོ་དང་། ཨོཾ་ལས་སྐྱེད་མོས་ཚལ་གྱིས་གཞིར་རིན་པོ་ཆེའི་རྒྱན་འཕྲོ་དང་དཔག་བསམ་གྱི་ཤིང་ལྗོན་པའི་ཚལ་གོས་དང་ནོར་བུ་སྣ་ཚོགས་ཀྱི་དྲ་བས་དཔྱངས་པ་དང་། ཧྲཱིཿ ལས་སྒྲ་སྐད་ཐམས་ཅད་གླུ་དབྱངས་སྙན་པ་དང་། བསྟོད་པ་དང་ཤིས་པ་བརྗོད་པ་ལ་སོགས་པའི་ཚིགས་སུ་བཅད་པའི་སྒྲ་རང་བྱུང་བ་དང་། ཨཾ་ལས་གོས་ཀྱི་རྣམ་པ་དང་མཆོད་པའི་ཡོ་བྱད་བླ་རེ་དང་རྒྱལ་མཚན་དང་། གདུགས་དང་སྟོད་གཡོགས་སྨད་གཡོགས་ལ་སོགས་པའི་ན་བཟའ་སྣ་ཚོགས་དང་། ཏྲཾ་ལས་དབུ་རྒྱན་དང་མགུལ་རྒྱན་དང་དོ་ཤལ་དང་དཔུང་རྒྱན་དང་སེ་མོ་དོ་ལ་སོགས་པ་རྒྱན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་། ཨོཾ་ལས་རོ་བརྒྱ་ལྡན་པའི་བཟའ་བ་སྣ་ཚོགས་པ་དང་། བདུད་རྩིའི་བཏུང་བ་ཞིམ་པོ་དང་། གོས་ཟུང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་འགོ་བ་སྣ་ཚོགས་པ་རྣམས་དང་། ཧཱུཾ་ལས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་རང་རང་ལ་ཇི་ལྟ་བ་འོས་པའི་གོས་དང་རྒྱན་ལ་སོགས་པས་མཛེས་པར་བརྒྱན་པའི་ལྷ་དང་ལྷ་མོའ་ིརང་བཞིན་རྡུལ་ཕྲ་རྙེད་ཀྱི་གྲངས་དང་མཉམ་པར་གྱུར་པ་ཐམས་ཅད་རྐང་བྲོ་དང་ལག་པའི་གར་དང་རོལ་མོའ་ིགླུ་དབྱངས་ལ་སོགས་པ་བསམ་ཡས་ཀྱི་མཉེས་པར་བྱེད་པའོ། །དེ་ལྟ་བུའི་མཆོད་པའི་སྤྲིན་གྱི་ཕྱོགས་བཅུའི་ནམ་མཁའི་ཁམས་ཇི་སྙེད་པ་ཐམས་ཅད་ཡོངས་སུ་བཀང་ནས་འཁོར་བ་དང་མྱ་ངན་ལས་འདས་པའི་དབྱིངས་ཀྱིས་བསྡུས་པའི་གཞི་ལམ་འབྲས་བུའི་དཀྱིལ་འཁོར་དུ་གྱུར་ཏོ་ཅོག་ཀུན་ལ་མཆོད་སྤྲིན་དེ་དག་གིས་རེ་རེ་ཞིང་རྒྱས་པར་འབུལ་བའོ། །ཇི་ལྟར་འབུལ་བའི་ཚུལ་ནི། སྐལ་ལྡན་རྣལ་འབྱོར་པའི་ཏིང་ངེ་འཛིན་མི་གསལ་བ་དང་གསལ་བའི་ཁྱད་པར་གྱིས་བསམ། ཡང་ན་ཅིག་ཅར་དུ་གསལ་ལམ་གྱི་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པར་སྦྱོར་ཞིང་འབུལ་ལོ། །དེ་ལྟར་ཏིང་ངེ་འཛིན་གྱི་མཆོད་པའི་སྤྲིན་གྱི་ཕུང་པོ་དེ་དག་ཀྱང་རང་གི་སེམས་ཙམ་ལས་གང་དུའང་གྲུབ་པ་མེད་ལ་སེམས་དེ་ཡང་ནམ་མཁའ་ལྟ་བུའི་རང་བཞིན་གང་ནའང་མི་གནས་ཤིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་མཆོད་བྱ་དང་མཆོད་བྱེད་མཆོད་ཡུལ་གསུམ་མ་གྲུབ་པའི་ཚུལ་གྱིས་མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱའོ། །དེ་འང་བློ་རབ་ཀྱིས་མཆོད་དུས་ཉིད་ནས་དེ་ལྟར་བསྒོམ་ཞིང་འཛིན་ཞེན་མེད་པར་བྱ་ལ། དམན་པས་རྗེས་སུ་མི་དམིགས་པའི་ངང་ལ་བཞག་གོ། འདི་ནི་མཆོད་པའི་མཆོག་སྟེ། དཀོན་མཆོག་ཏ་ལའི་མདོ་ལས། གང་ལ་མཆོད་པ་ནམ་མཁའ་འདྲར་ཤེས་ཤིང་། གང་གི་མི་དམིགས་གང་དུའང་འཛིན་པ་མེད། དེ་ནི་མཆོད་པ་ཀུན་གྱི་དམ་པ་སྟེ། ཡེ་ཤེས་གཞལ་མེད་བསམ་ཡས་རབ་འཐོབ་འགྱུར། །ཞེས་སོ། ཚུལ་དེ་དག་ཀྱང་སྒྱུ་འཕྲུལ་གསང་སྙིང་ལས། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །གཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་ཕྲ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །བརྒྱན་དང་དཔག་བསམ་ལྗོན་པའི་ཚུལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱན་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་སྒོམ། །ཞེས་སོ། །དེ་ལྟར་མཆོད་པའི་དངོས་པོ་སྣང་ཞིང་སྲིད་པའི་ཁྱོན་འདོད་པའི་ཡོན་ཏན་གྱི་རྣམ་གྲངས་དུ་མར་ཕུལ་བ་དག་ཀྱང་བདུད་རྩི་ལྔའི་རང་བཞིན་གཙང་རྨེ་བླང་དོར་གྱི་བློ་རྟོག་རང་གམ་མེད་པའི་རྒྱལ་བ་ཀུན་ཀྱང་དེའི་ངང་ལས་མི་འདའ་བའི་དགྱེས་པའི་མཆོད་སྤྲིན་གྱི་ཕུང་པོར་འབུལ་ཞིང་སྟོབས་པ་སྟེ། བདུད་རྩི་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ལྷུན་གྲུབ་རྫོགས་སངས་རྒྱས། །དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །ཞེས་དང་། ཚངས་དང་དྲོད་གཙང་མ་ཟད། དེ་དག་གྲོལ་བ་ངས་མ་བཤད། །དངོས་དང་དངོས་མེད་རྟོག་པའི་མཚན། །གཙང་དང་མི་གཙང་རྟོག་པའི་མཚན། །གཙང་མེ་མེད་པར་ཀུན་གྱིས་སྤྱོད། །དེ་དག་གྲོལ་བ་ངས་བཤད་དོ། །ཞེ་སོ། །འགྲེལ་ཆུང་ལས། ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཞེས་སོ། །སྔགས་དོན་ལ་གཉིས་དང་པོ་མཆོད་པའི་ཡུལ་ནི། བཛྲ་རྡོ་རྗེ། ཛྙཱ་ན་ཡེ་ཤེས། ཌཱཀྐི་ནི་མཁའ་འགྲོ་མ་སྟེ་ཡེ་ཤེས་རྡོ་རྗེའི་མཁའ་འགྲོ་མ་ཞེས་པའོ། །གཉིས་པ་མཆོད་རྫས་ལ་གསུམ་ལས་དང་པོ་ལ་པུསྤེ་མེ་ཏོག་གི་ཕྲེང་བ་དབུ། དྷུ་པེས་བདུག་སྤོས་ཤངས། ཨ་ལོ་ཀས་མར་མེ་སྤྱན། གྷནྡྷེ་དྲི་ཆབ་སྐུར། ནཱེེ་ཝི་ཏེ་ཞལ་ཟས་ལྗགས། ཤཔྟ་རོལ་མོ་སྙན་དུ་འབུལ་བ་སྟེ་དེ་ཡང་འབུལ་ཚུལ་ནི་གོང་དུ་བྱིན་རློབས་སྐབས་བཤད་པའི་མཆོད་རྫས་རྣམས་དང་ལྷ་ཆེན་འཕྲུལ་དགའ་བ་རྣམས་རང་གི་སྤྲུལ་པའི་འདོད་ཡོན་ལ་ལོངས་སྤྱོད་པ་ལྟར་རང་གི་ཐུགས་གནས་ལྷ་མོ་མཆོད་རྫས་དེ་དག་ཐོགས་པས་མཆོད་ནས་སླར་གནས་སོ་སོ་དང་། རེག་རྡོ་རྗེ་མ་སྨིན་མཚམས་སུ་ཐིམ་པར་བསམ་མོ་གཉིས་པ་ཕྱག་རྒྱ་ཆེན་པོའ་ིམཆོད་པ་ནི། མ་ཧཱ་ནི་ཆེན་པོ། མུ་དྲ་ནི་ཕྱག་རྒྱ་སྟེ། འདི་ལ་གསུམ། ཕྱི་ལྟར་ན་ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྟེ། དེ་ཡང་ས་བོན་ཆོས་རྒྱ་བཅའ་བ་དམ་རྒྱ། དགྲོལ་བ་ལས་རྒྱ། ལྷར་སྣང་ཕྱག་རྒྱ་ཆེན་པོ་སྟེ། རྒྱུད་ལས། སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའ་ིཕྱག་རྒྱ་འདའ་དཀའ་འོ། །ཞེས་སོ། །ནང་ལྟར་ན་རིགས་བདག་བླ་མ་བདེ་བ་ཆེན་པོའ་ིཡེ་ཤེས་སུ་རོལ་པའི་བདུད་རྩིའི་རྒྱུན་གཙོ་མོའ་ིམཁའ་གསང་དུ་འཁྱིལ་བ་དང་། གཞན་ཡང་རྩ་གནས་ཀྱི་ལྷ་དང་དཔའ་བོ་མཁའ་འགྲོ་ཐམས་ཅད་རང་གི་ཡབ་ཡུམ་མཉམ་པར་སྦྱར་བས་དྡྷུ་ཏིའི་མར་སྣའི་དྭངས་མ་ཡེ་ཤེས་ཀྱི་མེར་གྱུར་ཏེ། ཡར་སྣ་བདེ་ཆེན་འཁོར་ལོའ་ིབྱང་ཆུབ་ཀྱི་སེམས་ཞུ་བ་ལས་འཁོར་ལོ་བཞིར་དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར་སྟེ་བདེ་སྟོང་གཉིས་སུ་མེད་པའི་འོད་གསལ་དུ་བཞུགས་པས། ཆགས་སྡང་གཉིས་དག་དབྱིངས་རིག་དབྱེར་མེད་དུ་ལ་བཟླས་ཆོས་ཉིད་འོད་གསལ་གྱི་སྣང་བ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བས་གཟུགས། །ཆོས་ཉིད་བདེ་བའི་རང་སྒྲ་སིད་དང་ཧ་ལ་སོགས་པའི་གདངས་སུ་ཤར་བ་སྒྲ། །འོད་གསལ་གྱི་སྣང་ཆ་མ་འགགས་པས་དྲི་བསུང་ཁྱབ་གདལ་དུ་འཐུལ་བ་དྲི། །འཁོར་འདས་གཉིས་ཆོས་ཐམས་ཅད་ཀ་དག་གི་ངང་དུ་ཆུད་པས་དྭངས་མའི་ཐིག་ལེ་བརྟོས་པ་རོ། །འཕོ་མེད་ཀྱི་རོ་བདེ་བས་སྣང་སྲིད་འཁོར་འདས་ཐམས་ཅད་ཐིག་ལེ་ཉག་གཅིག་གི་ངོ་བོར་རྒྱས་ཐེབས་པས་རེག་བྱ་སྟེ་རྒྱུད་ལས་བདག་ཉིད་ཆེན་པོའ་ིམཆོད་པ་ཡིས། །རྒྱལ་བའི་དཀྱིལ་འཁོར་མ་ལུས་མ་ཉེས། །ཞེས་སོ། །གསལ་བ་ལྟར་ན་མཆོད་བྱའི་རྫས། མཆོད་བྱེད་བདག་མཆོད་ཡུལ་གྱི་དཀྱིལ་འཁོར་ཐམས་ཅད་ཡེ་ཤེས་ཆེན་པོ་གདོད་མའི་དབྱིངས་སུ་རྣམ་པ་དག་པའི་རྟོག་མེད་བློ་འདས་ཆེན་པོའ་ིམཆོད་པ་སྟེ། །ཡབ་བཀའ་ལས། མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུནཿ ཡེ་ཤེས་དབྱིངས་སུ་རྣམ་དག་པའིཿ མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམཿ ཞེས་སོཿགསུམ་པ་ནང་གི་མཆོད་པ་ལ་གསུམ་ལས་དང་པོ་ནི། རཀྟ་ཅེས་པས་ཆགས་པའི་དམར་བའི་རང་བཞིན་ཉིད་ཀྱང་སྐད་སོར་བཞག་གིས་རཀྟའི་མཆོད་པ་སྟེ་དེ་ཡང་ཀུན་རྫོབ་ལ་བོར་བའི་རྩ་བ་མཚན་མ་རྫས་ཀྱི་རཀྟ་ཁམས་སུ་སུཾབྷནྡྷ་འབར་བའི་དབྱིངས་སུ། ཉོན་མོངས་པ་ཀུན་གྱི་རྩ་བ་མ་རིག་ཁྲག་གི་རྒྱ་མཚོའི་རླབས་ཕྲེང་རྦ་ཀློང་འཁྲུགས་པའི་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཕུལ་བས་འཁོར་བ་ལུགས་ལྡོག་ཏུ་སྐད་ཅིག་གིས་སྟོང་བར་བསམ། རཱ་ཕུར་ལས། བྷནྡྷ་འབར་བ་དམར་གྱི་ཞལ་བུ་སྣོདཿ རྟེན་འབྲེལ་བཅུ་གཉིས་མུ་ལ་སྲིད་པའི་ཁྲགཿ མ་ཧཱ་ཆགས་ལ་བསྒྲལ་བའི་ཁྲག་ཆེན་པོཿ ཞེས་སོ། །གཉིས་པ་པཉྩ་ཞེས་པས་ལྔ་སྟེ་བདུད་རྩི་ལྔའོ། །བཾ་བརྒྱད་ལས། །སྐུ་ལྔ་ལྷུན་གྲུབ་བདུད་རྩི་ནི། །སོ་སོའ་ིལུས་ལ་གནས་པ་ཡིན། །དྲི་ཆེན་དྲི་ཆུ་རཀྟ་དང་། །མཾ་ས་སེམས་ཆུ་འདི་རྣམས་ཀུན། །གཙོ་རུ་དང་དུ་བླང་བར་བྱ། །ཞེས་པས་རང་བྱུང་གི་རྫས་ཕྱིའི་རྩ་བརྒྱད། ནང་གི་རྩ་བརྒྱད། གསང་བའི་རྩ་བརྒྱད། །དོན་གྱི་རྩ་བརྒྱད་དང་། ཡན་ལག་སྟོང་ལ། ཆུ་ལས་བྱུང་བ་རླུང་གིས་དེད་པ་རྩི་སྨན། རྡོ་སྨན། སྔོ་སྨན། གཤོག་པ་ཅན། གདོད་པ་ཅན། སྡེར་མོ་ཅན། རྨིག་པ་ཅན། མཆེ་བ་ཅན་ཏེ་བཅུ་དེ་རེ་རེ་ལས་བརྒྱ་བརྒྱ་བྱུང་བས་སྟོང་ཕྲག་གཅིག་གོ། །དེ་དག་ཀྱང་ཡེ་ཤེས་ལྔའི་བདུད་རྩིར་བྱིན་གྱིས་བརླབས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་ལ་མཐེབ་སྲིན་གྱི་ཉི་ཟླའི་གའུས་བཅུས་ཏེ་ཕུལ་བས་བདེ་གསལ་ཆེན་པོའ་ིརོས་མཉེས་ཏེ་དངོས་གྲུབ་བདག་ལ་སྩལ་བར་བསམ་སྟེ། ཐལ་བ་ལས། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །ཞེས་སོ། །གསུམ་པ་ནི་བྷ་ལིངྟ་ནི་གཏོར་མ་སྟེ། སྔར་བཤམས་པའི་གཏོར་མ་འདོད་ཡོན་གྱི་དབྱིངས་སུ་སྦར་ཏེ་གནས་པ་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུར་རྩེ་གཅིག་པའི་འོད་ཀྱི་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་མོ། །སརྦ་ནི་ཐམས་ཅད་པཱུཛ་ནི་མཆོད་པ་སྟེ་མདོར་བསྡུ་ན་བཀུར་བའི་གནས་སུ་གྱུར་པ་རྣམས་སྒོ་གསུམ་ནས་བསྐུར་ཞིང་མཆོད་པ་དང་། རྫས་ཀྱི་སྒོ་ནས་ཀྱང་མཉེས་པར་བྱེད་པའི་བདག་ཉིད་དོ། ཞེས་དཀོན་མཆོག་འགྲེལ་ལས་གསུངས་སོ། །ཨཱཿནི་སྐྱེ་བ་མེད་པའི་དབྱིངས་ལས་ཧཱུྃ་ནི་ཡེ་ཤེས་ལྔའི་མཆོད་པའི་རང་བཞིན་དུ་ལྷུན་གྱི་གྲུབ་པར་བྱེད་པའོ། །བཞི་པ་བསྟོད་པ་ལ་བཞི་ལས། །དང་པོ་རྒྱལ་བ་ཀུན་གྱི་བསྐྱེད་བཞིར་བསྟན་པ་ནི། རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མཿ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིནཿ དགྱེས་ཆགས་བཞད་པའི་རྣམ་འགྱུར་མཚོ་རྒྱལ་ཡུམཿ སངས་རྒྱས་པདྨའི་ལྕམ་ལ་ཕྱག་འཚལ་བསྟོདཿ ཅེས་པས། དུས་གསུམ་གྱི་རྒྱལ་བ་ཀུན་གྱི་ཡུམ་ནི་ཆོས་ཉིད་ཀྱི་གནས་ལུགས་སྒྲོ་སྐུར་དང་བྲལ་བ་སྟེ། ཀུན་བྱེད་ལས། ཀྱེ་ད་ནི་མ་བཅོས་ཇི་བཞིན་སྙིང་པོ་ལ་སྒྲོ་འདོགས་སྐུར་འདེབས་དོན་ལས་ཀུན་འདས་པས། །དུས་གསུམ་རྒྱལ་བ་ང་ལས་བྱུང་བའི། །རྒྱལ་བའི་ཡུམ་ཞེས་ངེས་པར་བསྟན་པ་ཡིན། །ཞེས་སོ། །དེ་ཉིད་ཞལ་ཕྱག་གི་རྣམ་པར་བསྟན་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དཔའ་བོ་དང་མཁའ་འགྲོ་ཀུན་ལ་དབང་བསྒྱུར་ཞིང་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་དེ། རྒྱུད་ལས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་དུས་འཁོར་ལོའ་ིཡུམ་སྣ་ཚོགས་ཡུམ་གྱུར་མའང་དེ་དག་ཉིད་ལས་གཞན་དུ་མ་དམིགས་ཏེ། འགྲེལ་ཆེན་དྲི་མེད་འོད་གསལ་ལས། སངས་རྒྱས་ཀུན་གྱི་བསྐྱེད་མཛད་མ། །སྐྱེ་དང་འཇིག་པ་རྣམ་སྤང་ཉིད། །ཀུན་ཏུ་བཟང་མོའ་ིསྤྱོད་པ་དེ། །སྣ་ཚོགས་ཡུམ་ནི་དེ་ལ་འདུད། །ཅེས་དང་། པཉྩི་ཀ་པདྨོ་ཅན་ལས། སྣ་ཚོགས་ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་ཏེ། དེ་རྣམས་ཀྱི་རང་བཞིན་གསལ་བར་མཛད་པས་ན། སྣ་ཚོགས་ཡུམ་ཞེས་བྱ་བ་ཡིན་ནོ། །ཞེས་སོ། །དེ་ལྟར་སངས་རྒྱས་ཐམས་ཅད་བསྐྱེད་ཅིང་འབྱུང་བའི་གནས་རྒྱལ་བ་ཀུན་གྱི་ཐུགས་རྣམས་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཤེས་རབ་ཕ་རོལ་ཕྱིན་མ་སྟེ། སྒྲ་གཅན་འཛིན་གྱི་ཡུམ་ལ་བསྟོད་པར། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན་སོགས། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་ན། །དུས་གསུམ་རྒྱལ་བའི་སྤྱི་ལ་ཕྱག་འཚལ་ལོ། །ཞེས་དང་། །ཕྱོགས་གླང་གིས། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་སོགས་གསུངས་སོ། །དེ་ལྟར་རྒྱལ་བ་ཐམས་ཅད་ཐུགས་ཡེ་ཤེས་ཀྱི་ཀློང་དུ་རོ་གཅིག་པ་ལས་འདིར་གང་འདུལ་གྱིས་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་ཞི་བའི་ཕྲིན་ལས་ཆེན་པོས་འགྲོ་བ་ཀུན་རྗེས་སུ་འཛིན་པའི་ཕྱིར་དགྱེས་ཞིང་འཛུམ་པའི་རྣམ་པ་ཅན་དང་། དབང་གི་ཕྲིན་ལས་ཆེན་པོས་ཐུགས་རྗེས་ཁམས་གསུམ་ཡོངས་སུ་མི་གཏོང་བའི་ཕྱིར་ཤིན་ཏུ་ཆགས་ཤིང་ཞེན་པའི་རྣམ་པ་ཅན་དང་། རྒྱས་པའི་ཕྲིན་ལས་ཀྱིས་གདུལ་བྱ་སེམས་ཅན་ཐམས་ཅད་ལ་ཅི་འདོད་པའི་དངོས་གྲུབ་ཆེན་པོ་རྩོལ་བའི་ཕྱིར་རྡོ་རྗེའི་གད་མོ་རྣམ་པར་བཞད་པའི་རྣམ་པ་དང་། དེ་དག་གིས་གདུལ་བར་མི་ནུས་པའི་གདུལ་བྱ་ཁྲོ་གཏུམ་མ་རུངས་པའི་ཚོགས་ཐམས་ཅད་དྲག་མོར་ཁྲོས་པའི་རྣམ་པར་འགྱུར་བས་གདུལ་བར་མཛད་ཅིང་སྔོན་མངལ་གྱི་པདྨོ་ལས་རྣམ་པར་གྲོལ་བའི་ཚེ་མཁར་ཆེན་པའི་ཉེ་ལོགས་ཀྱི་ཆུ་མིག་རྒྱས་ཏེ་མཚོར་གྱུར་པས་ན་མཚོ་རྒྱལ་མ་དེ་ཉིད་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་རྫོགས་པའི་སངས་རྒྱས་པདྨ་ལས་གྲོལ་བའི་བདེ་ཆེན་ཡེ་ཤེས་པ་སྐྱེས་པ་ལྕམ་དེ་ཉིད་ལ་ལུས་གུས་པས་ཕྱག་འཚལ་ཞིང་། ངག་ཡིད་དད་པས་ཡོན་ཏན་ལ་བསྟོད་པའོ། །གཉིས་པ་སྐུ་གསུང་ཐུགས་ཀྱི་རྣལ་རོལ་ལ་བསྟོད་པ་ནི། མཐོང་བས་ཡིད་འཕྲོག་མཚན་དཔེའི་ལང་ཚོ་ཅནཿ ཐོས་པས་རྣམ་གྲོལ་འགགས་མེད་བརྡའ་ཡི་གསུངཿ དྲན་པའི་བདེ་སྟོང་ཡེ་ཤེས་བསྐྱེད་པའི་ཐུགསཿ ཌཱཀྐི་རྗེ་མོ་མཁར་ཆེན་བཟའ་ལ་བསྟོདཿ ཅེས་པས་སྐུ་མི་བཟད་པ་རྒྱན་གྱི་འཁོར་ལོ་མཐོང་བ་ཙམ་གྱིས་འཇིག་རྟེན་འདིའི་སྣང་བ་མཐའ་དག་འགགས་ནས་རྒྱལ་བའི་ཡོན་ཏན་བསམ་གྱི་མི་ཁྱབ་པས་ཡིད་འགོག་པར་བྱེད་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་བཅུའི་ལང་ཚོ་ལས་མ་གཡོས་པའི་བདག་ཉིད་ཅན་ཏུ་བཞུགས་ཤིང་། གསུང་གི་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐོས་པ་ཙམ་གྱིས་སྲིད་པའི་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བའི་འགགས་པ་མེད་པ་སངས་རྒྱས་ཀྱི་གསུངས་དབྱངས་ཡན་ལག་དྲུག་ཅུའི་ཡོན་ཏན་རྫོགས་པའི་བརྡའ་དང་བརྡའ་ལན་གྱི་རྣམ་པ་ཅི་ཡང་འཆར་བའི་གསུང་གིས་རྒྱུད་སྡེ་རྒྱ་མཚོའི་གསང་བ་སྟོན་པ་དང་། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡིད་ལ་དྲན་པ་ཙམ་གྱིས་ཉོན་མོངས་པ་རྣམ་པར་རྟོག་པའི་བྱེ་བྲག་ཐམས་ཅད་འགགས་ནས་བདེ་སྟོང་ཆེན་པོའ་ིཡེ་ཤེས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྐད་ཅིག་ལ་བསྐྱེད་པའི་ཐུགས་གཡོ་བ་མེད་པའི་བདག་ཉིད་དང་ལྡན་པའི་ཞིང་ཌཱཀྐི་མཱི་ཞེས་པ་ཌི་ད་ནམ་མཁར་འགྲོ་བ་ལའོ་ཞེས་པའི་དབྱིངས་ལ། ཌ་རྐྱེན། ཌཱ་རྗེས་འགྲེལ་ཕྱིས་སྲོག་གི་ཨ་བཞག །ཌྲ་རྗེས་སུ་འབྲེལ་བ་ལ་མཐའི་དབྱངས་ལ་སོགས་པ། །ཨིང་ཕྱིས་མཚམས་སྦྱར་བས་ཌྲ་གྲུབ། ཨ་ཀ་གྱ་གྱུར་འགྲོ་བ་ལའོ། །ཞེས་པའི་བྱིངས་ལ། ཨ་དབྱངས་དང་མའི་རྐྱེན་ལའང་དབྱི་འོས། ཀའི་ཨ་ཕྱིས། ཨི་ནཱ་དྲངས་པས་ཌཱ་ཀིནཱ་ལ་མོ་རྟགས་སུ་བྱེད་པའི་རྐྱེན་ཨཱི་རིང་པོ་བྱིན་པས། ཌཱ་ཀི་ན་ཞེས་པ་ཚིག་སྡུད་ཀྱི་དབང་གིས་ནཱ་ཨཱི་དང་བཅས་པ་ཕྱིས་པས་ཌཱ་ཀི་ཏེ་མཁའ་འགྲོ་སྟེ་དེ་ཐམས་ཅད་ཀྱི་རྗེ་མོ་ནི་མཁར་ཆེན་པོའ་ིསྲས་མོར་གྱུར་པས་བཟའ་ནི་བུད་མེད་ཀྱི་མིང་སྟེ་དེ་ལ་བསྟོད་པའོ། །བསྟོད་པའི་ཚུལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པས་སྟེང་འོག་ཕྱོགས་མཚམས་ཀུན་ནས་ལྷ་མོ་མཛེས་ཤིང་ཡིད་འོང་དུ་མས་གཙོ་འཁོར་ཀུན་ལ་ཕྱག་འཚལ་ཞིང་གྲགས་སྟོང་སྐྱེ་བ་མེད་པའི་རང་སྒྲ་འབྲུག་སྟོང་ཙམ་ལྡིར་བས་བསྟོད་པར་བསམ་ལ། རྒྱུད་ཀརྨ་མཱ་ལེ་ལས། རྡོ་རྗེ་སོར་ཞིང་དྲིལ་བུ་བསིལ། །རིགས་ལྔའི་ཕྱག་རྒྱའི་དྲིལ་སྟབས་བྱ། །ཞེས་གསུངས་པ་ལྟར་གྱི་ཕྱག་རྒྱ་ཡང་བྱའོ། །གསུམ་པ་སྨོན་ལམ་གདབ་པ་ནི་བཅུ་དྲུག་དགའ་སྟེར་མཆོག་གི་ཕོ་ཉ་མོཿ གསལ་སྣང་སྒྱུ་མའི་ཏིང་འཛིན་དང་འགྲོགས་ནསཿ ཕྱི་ནང་གཞན་གསུམ་རྩ་རླུང་ཐིག་ལེའི་ཁམསཿ ཀུན་ཏུ་བཟང་མོའ་ིཀློང་དུ་དག་གྱུར་ཅིགཿ ཞེས་པས་འཁོར་ལོ་བཞི་སོ་སོར་དགའ་བ་བཞིའི་འགྲོས་རེ་ལ་དགའ་བ་བྱེ་བྲག་པ་བཞི་བཞིར་ཕྱེ་བའི་བཅུ་དྲུག་ཏུ་བསྟན་ཏེ་ཕྱག་ཆེན་ཐིག་ལེ་ལས། དགའ་བ་བཅུ་དྲུག་ཐེག་ལེ་སྟེ། ཐིག་ལེ་ཟླ་བའི་ཐིག་ལེ་སྟེ། ཨཱ་ལི་ཐིག་ལེར་ཤེས་པར་བྱ། །འཁོར་ལོ་བཞི་ཡི་རིམ་པས་སོ། །ཞེས་པས། དེ་ལྟ་བུའི་བཞི་ཚན་བཞིའི་དགའ་བ་སྟེར་བ་བྱེད་པ་ནི་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱེད་པའི་ཕོ་ཉ་མོའ་ིཡེ་ཤེས་ཀྱི་སྐུའི་གསལ་སྣང་སྒྱུ་མ་ལྟ་བུར་སྣང་བཞིན་དུ་རང་བཞིན་མ་གྲུབ་པའི་ཏིང་ངེ་འཛིན་དང་རྟག་ཏུ་མི་འབྲལ་བར་འགྲོགས་ནས་ཕྱིར་བསྐྱེད་རིམ་ནང་སྣང་བཅས་ཀྱི་རྫོགས་རིམ། གཞན་སྣང་མེད་འོད་གསལ་གྱི་རྫོགས་རིམ་གསུམ་བརྟེན་ནས་གནས་པ་རྩ། གཡོ་པ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་དང་བཅས་པའི་ཐིག་ལེའི་ཁམས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་དོན་དམ་པ་ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡེ་ཤེས་ཆེན་པོའ་ིཀློང་དུ་དག་པར་གྱུར་ཅིག་ཅེས་པ་སྟེ་བདག་འཇུག་དབང་དོན་རྒྱ་མཚོ་ལས། རྩ་དག་བསྐྱེད་རིམ་སྤྲུལ་སྐུར་འབྱོངསཿ རླུང་དག་ཁ་སྦྱོར་ཡན་ལག་བདུནཿ ཁམས་དག་རྣམ་ཀུན་མཆོག་ལྡན་གྱིཿ བདེ་ཆེན་ཡེ་ཤེས་ཁྱོད་ཀྱི་མཐོངཿ ཞེས་སོ། །ལྔ་པ་འཛབ་ལ་གསུམ་ལས་དང་པོ་མཁའ་འགྲོའ་ིརྩ་བསྙེན་ལ་གསུམ་གྱི་དང་པོ་རང་ཉིད་མཁའ་འགྲོའ་ིཐུགས་ཀ་རུཿ ཕག་མོ་མཐིང་ནག་གྲི་ཐོད་འཛིནཿ སྙིང་དབུས་དགའ་འཁྱིལ་བཾ་མཚན་མཐརཿ སྔགས་ཕྲེང་འཁོར་བའི་འོད་ཟེར་ལསཿ ལྷ་སྐུའི་སྣང་ཞེན་གསལ་བར་བྱསཿ རིགས་བདག་བླ་མའི་ཐུགས་རྒྱུད་བསྐུལཿ དེ་ལས་འོད་འཕྲོས་དོན་གཉིས་བྱསཿ བླ་མའི་སྐུ་ལས་བདུད་རྩིའི་རྒྱུནཿ ཟག་མེད་བདེ་བ་ཆེན་པོའ་ིབབསཿ དགའ་བ་བཞི་ཡི་བྱེད་ལས་ཀྱིསཿ དབང་བཞི་ཡེ་ཤེས་ཉམས་སུ་མྱོང་༔ ཞེས་པས། བདག་ཉིད་མཁའ་འགྲོའ་ིཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཕག་མོ་ཆོས་དབྱིངས་འགྱུར་བ་མེད་པས་སྐུ་མདོག་མཐིང་ནག །ཕྱག་གཡས་དུག་གསུམ་གཅོད་པའི་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་བདེ་བ་ཆེན་པོའ་ིཐོད་པ་ཁྲག་བཀང་བསྣམས་པ། བདེ་བ་ཆེན་པོའ་ིཡེ་ཤེས་སུ་ཆོས་ཐམས་ཅད་སྡོམ་པས་ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་ཅིང་། རྒྱུད་ཀྱི་ཟབ་གནད་སྙིང་ཁའི་རྩ་འཁོར་ལ་བསྣན་དགོས་པས་གཡོན་བརྐྱངས་པས་པདྨ་དང་ཉི་མ་རོའ་ིསྙིང་ཁ་མནན་པ། དེ་ཡང་བམ་རོའ་ིགདན་རྟོག་བྲལ་ཆོས་སྐུ་ཉིད་གདན་རང་བཞིན་གྱིས་འོད་ལ་བས་ལོངས་སྐུ། པདྨའི་གདན་འཁོར་བའི་སྐྱོན་གྱིས་མ་གོས་པས་སྤྲུལ་སྐུའོ། །ཕ་རོལ་ཕྱིན་དྲུག་མངའ་བས་རུས་པའི་རྒྱན་དྲུག །དོན་དམ་འགྱུར་བ་མེད་པས་རྣ་ལྟག་ན་ཕག་ཞལ་ངུར་བ། དུས་གསུམ་གཟིགས་པའི་སྤྱན་གསུམ། སྐུ་གསུམ་ལྡན་ཞིང་ཕྲིན་ལས་བཞི་བསྒྲུབ་པའི་མཆན་ཁུང་ན་ཁ་ཊཾ་ཀ་འཛིན་པའི། སྙིང་གི་དབུས་སུ་མཚན་ཉིད་བཞི་དང་ལྡན་པའི་དགའ་འཁྱིལ་གཡོན་དུ་ཀྱི་ལི་ལི་འཁོར་བའི་དབུས་ན་ཐུགས་སྲེག་བཾ་གྱི་མཚན་པ། དེའི་མཐའ་བསྐོར་དུ་གསང་སྔགས་ཡིག་འབྲུ་བཅུ་གཉིས་པ་བྱུ་རུ་འབྲུ་མར་གྱི་བསྐུས་པ་ལྟ་བུའི་སྔགས་ཕྲེང་གཡོན་དུ་ལངས་ཐབས་སུ་འཁོར་བར་བཀོད་པ་དྲན་པ་བཞག་སྟེ། ལྷ་སྐུ་ལ་གསལ་སྣང་མ་ཐོན་བར་དུ་བསྒོམ། དེའི་ཞེན་པའི་ང་རྒྱལ་གྱི་གསལ་སྣང་འཐོན་པར་བྱས་པ་དང་། སྔགས་ཕྲེང་ལས་འོད་ཟེར་འཕྲོས་སྤྱི་བོ་ནས་འཐོན་རིགས་བདག་བླ་མའི་ཐུགས་དམ་གྱི་རྒྱུད་བསྐུལ། བདེ་སྟོང་གི་མཆོད་པས་མཉེས་དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་མཆོད་ཅིང་གཡོས་ཚུར་འདུས་མཆོག་མཐུན་མདོས་དངོས་གྲུབ་རྣམ་པ་གཉིས་ཐོབ་པས་བདག་དོན་དང་། ཡང་འཕྲོས་ཁམས་གསུམ་རྒྱུད་དྲུག་གི་སྡུག་བསྔལ་རྒྱུ་དང་བཅས་པ་སྦྱངས་ཤིང་འཁོར་བ་གནས་སྤར་ནས་མིང་མེད་པར་བསམས་ཏེ། སྟོང་པ་ཉིད་ལ་བཞག་པ་གཞན་དོན་ཏེ་དོན་གཉིས་བྱས། ཡང་རིགས་བདག་བླ་མའི་སྐུ་ལ་བདུད་རྩིའི་རྒྱུན་ཟག་པ་མེད་པའི་བདེ་བ་ཆེན་པོའ་ིཡེ་ཤེས་ཀྱི་རང་བཞིན་དུ་རང་ཉིད་མཁའ་འགྲོར་གསལ་བའི་སྤྱི་བོར་བབས་པས་དགའ་བ། མགྲིན་པར་མཆོག་དགའ་སྙིང་ཁར་ཁྱད་པར་གྱི་དགའ་བ། ལྟེ་བ་དང་གསང་གནས་སུ་བབས་པས་ལྷན་གཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས། དེའི་བྱེད་ལས་ཀྱིས་རྩ་ཐིག་རླུང་གསུམ་གྱི་དྲི་མ་དག་ཅིང་ཡོན་ཏན་ཁྱད་པར་ཅན་ཐོབ། དེའི་འགྲོས་ཀྱིས་གསང་སྔགས་ཀྱི་རྒྱུད་སྡེ་མ་ལུས་པའི་དབང་བཞི་ཐོབ་དེའི་ཡེ་ཤེས་ཉམས་སུ་མྱོང་ཞིང་། སྒྲིབ་བཞི་དག་པས་ས་ལམ་གྱི་ཡོན་ཏན་རྫོགས་པར་བསམ་མོ། །འདི་ནི་གནད་ཤིན་ཏུ་ཟབ་པ་ཡིན། །ཚོགས་འཁོར་སྟོང་ལ་དགའ། །བདག་འཇུག་དང་དབང་བསྐུར་འབུམ་སྡེ་ཚང་། །ཉམས་ཆགས་དང་སྡིག་ལྟུང་འདག །དངོས་གྲུབ་ཆེན་པོའ་ིསྣོད་དུ་གྱུར། །རིག་པའི་རྩལ་ཁ་རྒྱས། །ཉམས་རྟོགས་རང་བཞིན་གྱིས་འཕེལ། །ཆོས་ཐམས་ཅད་ཀྱི་འབྱུང་གནས། །རྒྱལ་བ་ཀུན་གྱི་ཡུམ་ཡིན་པས་སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགས། །དེ་བསྒྲུབས་པས་གསང་སྔགས་ཀྱི་ཉེ་ལམ་ཟབ་མོའ་ིརྟེན་འབྲེལ་འགྲིག་པ་ཡིན་ནོ། །ཞེས་བསྙེན་ཡིག་ལས་གསུངས་སོ། །གཉིས་པ་འཛབ་དངོས་དང་ཕན་ཡོན་གཉིས་ལས་དང་པོ་ནི། །ཨོཾ་ནི་ཡེ་ཤེས་ལྔའི་ངོ་བོ་སྔགས་བྱིན་གྱིས་རློབས་པ། །པདྨོ་ནི་རང་སྐད་ཆོས་ཐམས་ཅད་ལམ་ཆགས་མི་ཆགས་ཆགས་པ་མེད་པའི། །ཡོ་གོ་ནི། ནི་རྣལ་འབྱོར་མ་སྟེ་ཆོས་ཉིད་རྣལ་མ་མ་བཅོས་པའི་དོན་འབྱོར་བ། ཛྙ་ན་ནི་ཡེ་ཤེས་ཏེ་ཆོས་སྐུའི་གཞི་འཛིན་པ་དང་། ལོངས་སྐུའི་མཚན་ཉིད་འཛིན་པ་དང་། །སྤྲུལ་སྐུ་ཡུལ་ལ་ཁྱབ་པའི་ཡེ་ཤེས་སོ། །ཝ་ར་ཧི་ནི་ཕག་མོ་སྟེ་ཆོས་ཅན་ཆོས་ཉིད་ཀྱི་འཁོར་ལོར་སྡོམ་པ། །ཧཱུྃ་ནི་སྐབས་ཐོབ་ཀྱི་དངོས་གྲུབ་བསྐུལ་བ་ལ་འཇུག་གོ ། དེ་ལྟར་བཟླས་པའི་སྐྱོན་བཅུ་སྤངས། གཟེར་བཞིའི་མན་ངག་དང་ལྡན་པར་བཟླའོ། །བསྙེན་ཚད་ནི། ལས་རུང་ལ་འབྲུ་འབུམ། གྲངས་བསྙེན་ལ་བཞི་འགྱུར། རྟགས་བསྙེན་ལ་རྟགས་མཐོང་གི་བར་རོ། །སྲོག་སྡོམ་གཉིས་པའི་ཕན་ཡོན་ནི། རྒྱལ་ཐབས་སྤྱི་བླུགས་ཚང་བའི་དབངཿ བསྐུར་ཐོབ་མེད་པའི་ཆོས་ཉིད་ལཿ མཉམ་པར་བཞག་པ་གནད་ཀྱི་གཟེརཿ བསྐྱེད་རྫོགས་རྣམ་གྲངས་མང་མི་དགོསཿ འདི་ཉིད་གཅིག་པུས་དགོས་གྲུབ་ཐོབཿ ཅེས་པས་གོ་སླའོ། །གསུམ་པ་གྲུབ་པའི་རྟགས་ནི། རྟགས་ཀྱི་རིམ་པ་བསམ་ཡས་ཀྱངཿ མཆོག་ལ་དགོངས་པ་གཡོ་འགུལ་མེདཿ ཐུན་མོང་མཁའ་འགྲོ་འདུ་བ་དངཿ ཇི་སྙེད་མཁྱེན་པའི་ཀློང་རྡོལ་ནསཿ སྣང་བ་བརྡའ་དང་ཆོས་སུ་འཆརཿ ཉམས་དགའ་བག་ཕེབས་རིག་པ་དངསཿ མཁའ་སྤྱོད་ལ་སོགས་གྲུབ་ཆེན་བརྒྱདཿ དངོས་སུ་གྲུབ་ཅིང་རྨི་ལམ་དུཿ བུད་མེད་དམར་མོ་འདུ་བ་དངཿ མེ་ཏོག་དང་མགྲོན་ཤེལ་དཀར་རྙེདཿ མདའ་དར་ཕྱག་མཚན་མཐོང་བ་སོགསཿ མཁའ་འགྲོ་གྲུབ་པའི་རྟགས་སུ་བཤདཿ ཅེས་པས་མཆོག་གི་དངོས་གྲུབ་མཐོང་ལམ་རྣམ་པར་མི་རྟོག་ཡེ་ཤེས་སོགས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པས་དགོངས་པ་གཡོ་འགུལ་མེད་པར་གནས་པ་དངཿ ཐུན་མོང་གི་དངོས་གྲུབ། ཉིན་མོ་མི། ནུབ་མོ་མཁའ་འགྲོ། ནང་ནུབ་ཏུ་ཟས་འདུ་བ་སྟེ་འདུ་བ་གསུམ་དང་། །ཇི་སྙེད་མཁྱེན་པའི་ཤེས་བྱ་རྒྱ་མཚོའི་ཀློང་རྡོལ་ནས། ཅི་སྣང་ཐམས་ཅད་བརྡའ་ཙམ་དང་འཁོར་འདས་བླང་དོར་སྟོན་པའི་ཆོས་སུ་འཆར་ཞིང་། །གནས་ཁང་ཉམས་དགའ་བ་དང་། བློ་བག་ཕེབས་པ་དང་། །གསང་བ་རིག་པ་དངས་སྙིགས་ཕྱེད་པ་དང་མཁའ་སྤྱོད་ལ་སོགས་པའི་གྲུབ་པ་བརྒྱད་ཐོབ་སྟེ། ཇི་སྐད་དུ། མཁའ་སྤྱོད་རལ་གྲི་རིལ་བུ་དང་། །རྐང་མགྱོགས་བུམ་པ་གནོད་སྦྱིན་འཁོལ། །བཅུད་ལེན་དང་ནི་མིག་སྨན་ནོ། །ཞེས་པས་མཁའ་སྤྱོད་ནི་ནམ་མཁའ་ལ་གནས་ནུས་ཤིང་འཆི་བ་མེད་པ་དང་། རལ་གྲི་ཕ་རོལ་ལས་རྒྱལ་བར་བྱེད། རིལ་བུ་ལག་ཏུ་ཐོགས་པས་ལུས་མི་སྣང་བ་དང་། རྐང་མགྱོགས་འཆི་ལ་ལྷམ་འགྲུབ་སྟེ་དེ་གྱོན་པས་ཡུད་ཙམ་ལ་རྒྱ་མཚོའི་མཐའ་སྐོར་བར་ནུས་པ་དང་། བུམ་པ་དེའི་ནང་དུ་ཅི་འདོད་པའི་གཏེར་འབྱུང་བ་དང་། གནོད་སྦྱིན་འཁོལ་གྱིས་སྐད་ཅིག་ལ་ལས་ཅི་འདོད་བསྒྲུབ་པ་ཙཏྱ་མཆོད་རྟེན་བཞེངས་པ་ལྟ་བུ་དང་། བཅུད་ལེན་གྱིས་ཉི་ཟླའི་ཚེ་གླང་པོའ་ིསྟོབས་པདྨའི་མདངས་སོགས་འབྱུང་བ་དང་། མིག་སྨན་བྱུགས་པས་ས་འོག་གི་གཏེར་མཐོང་བ་དང་ཡོན་ཏན་བརྒྱད་དོ། །དེ་དག་དངོས་སུ་འབྱུང་ཞིང་དབང་དམན་ལ་རྨི་ལམ་དུ་བུད་མེད་དམར་མོ་འདུ་བ་དང་བཀུར་སྟི་བྱེད་པ་དག་འབྱུང་སྟེ་ལྷག་མ་གོ་སླའོ། །ཕྲིན་ལས་ཁ་བསྒྱུར་གཞན་ལས་ཤེས། ཞེས་པ་ནང་བསྒྲུབ་བདེ་ཆེན་སྙིང་པོའ་ིགཏེར་བུམ་བཞིན་ལས་ཚོགས་ཉེར་གཅིག་བསྒྲུབ་པར་རྗེ་བླ་མས་གསུངས་ཤིང་། རྗེ་བཙུན་ཛྙཱ་ནའི་ཆོག །ཁྲིགས་ལས་ཀྱང་གསལ་ལོ། །གཉིས་པ་ལུས་དཀྱིལ་གྱི་འཛབ་ནི། ཨོཾ་ཡེ་ཤེས་ལྔ་དེ་ཡང་ཨ་རྣམ་སྣང་དང་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་སྟེ་ཆོས་དབྱིངས་ཡེ་ཤེས། ན་རོ་རིན་འབྱུང་དང་རཏྣ་ཧེ་རུ་ཀ་ཡབ་ཡུམ་སྟེ་མཉམ་ཉིད་ཡེ་ཤེས། ཟླ་ཚེས་སྣང་མཐའ་དང་པདྨ་ཧེ་རུ་ཀ་ཡབ་ཡུམ་སྟེ་སོར་རྟོག་ཡེ་ཤེས། རིང་ཆ་དོན་གྲུབ་དང་ཀརྨ་ཧེ་རུ་ཀ་ཡབ་ཡུམ་སྟེ་བྱ་གྲུབ་ཡེ་ཤེས་ཐིག་ལེ་མི་བསྐྱོད་དང་བཛྲ་ཧེ་རུ་ཀ་ཡབ་ཡུམ་མེ་ལོང་ཡེ་ཤེས་སོ། །གུ་ཧྱ་ཛྙ་ན་གསང་བའི་ཡེ་ཤེས་ཏེ་དེ་དག་གི་རང་བཞིན་གསལ་བར་བྱ་བ་དང་། བོ་དྷི་བྱང་ཆུབ་ཙིཏྟ་སྙིང་པོ་སྟེ་འབྲས་བུའི་སེམས་དཔའ་སེམས་མ། མ་ཧཱ་ཆེན་པོ་སུ་ཁ་བདེ་བ་སྟེ་སྒོ་སྐྱོང་ཐུབ་དྲུག་ལ་སོགས་ཏེ་ལོངས་སྐུ་ཞི་བའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྙིང་པོ་དང་། རུ་ལུ་གོང་མ་ཀེའུ་རི་བརྒྱད་རུ་ལུ་འོག་མ་སིང་ཧ་བརྒྱད། ཧཱུཾ་སྒོམ་བཞི་བྷྱོཿ དབང་མོ་ཉེར་བརྒྱད། ཧཱུྃ་དེ་དག་གི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ་བ་སྟེ། གལ་པོ་ལས། ཨོ་ནི་རིགས་ལྔ་ཡབ་ཡུམ་བཅུ། རུ་ལུ་དང་པོ་ཀེའུ་རི་བརྒྱད། རུ་ལུ་འོག་མ་སིང་ཧ་བརྒྱད། །བྷྱོཿ ནི་དབང་ཕྱུག་ཉི་ཤུ་བརྒྱད། །ཧཱུྃ་ནི་ཚད་མེད་སྒོ་མ་བཞི། །ཞེས་སོ། །ལུས་དཀྱིལ་གྱི་བཟླས་པའི་ཚེ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་གར་ཉི་ཟླའི་གའུ་ཁ་སྦྱོར་ནང་། །ཐུགས་སྲོག་ཨ་ཡིག་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་མ་དག་པའི་སྣང་ཞེན་སྦྱངས། སྣང་སྲིད་ཐམས་ཅད་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པར་བསམ་མོ། །དེ་ལྟར་གོ་དོན་སློངས་ནས་ཡེ་ཤེས་སེམས་དཔའི་བཞུགས་གནས་ལ་རྒྱུད་སྟེ་གཞན་ནས་སྙིང་ཁ་ཀཉྩི་ཀ་དང་། དྲན་པ་ཧི་མ་ལ་ཡ་ཞེས་དག་སྦྱོར་སོ་སོར་བཤད་པ་ལྟར། འདིར་ཡང་ཐུགས་ཀའི་ཀུན་བཟང་ཡབ་ཡུམ་ཕག་མོར་གནས་བསྒྱུར་བ་ཡང་མ་ཡིན། ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཁར་ཕག་མོ་སྣོད་ལ་སྣོད་འཇུག་ལྟ་བུའི་རྣམ་རྟོག་གིས་བཏགས་པའི་བློ་ཞེན་གཅིག་གིས་གཅིག་ལ་ཐུག་རེག་དང་། ཕན་ཚུན་སྒྲིབ་པ་ལྟ་བུའི་རྟོག་པ་ངན་པ་སྤངས་ནས་རང་བཞིན་བཅོས་པའི་གནས་ལུགས་ཀྱི་གདངས་ལྷའི་རྣམ་པ་ཡོངས་སུ་རྫོགས་པར་གསལ་བཏབ་པའི་གཙོ་མོའ་ིཐུགས་ཀའི་ཐད་ཀྱི་འོད་ཀྱི་རྣམ་པའི་ཀློང་དུ་ཕག་མོ་ཉིད་ལྷག་པར་གསལ་བ་ལ་རིག་པ་གཡོ་མེད་དུ་གཏད་ཅིང་འོད་ཟེར་སྤྲོ་བསྡུ་བྱ། སྐུའི་དབྱིངས་ལ་རྒྱུད་སྡེའི་དཀྱིལ་འཁོར་ཚོམ་བུའི་ཚུལ་དུ་རྫོགས་ཚུལ་ལ་དབང་པོ་རབ་ཀྱིས་གོ་དོན་སློང་བ་དང་། འབྲིང་གིས་མོས་པ་ལམ་བྱེད། ཐ་མས་གཙོ་མོ་དང་ཡེ་ཤེས་སེམས་དཔའ་གསལ་ཐེབས་པར་སྒོམ་པ་ནི་སྤྱི་དོན་ཡིན་ནོ། །ཞེས་བསྙེན་ཡིག་ལས་སོ། །གསུམ་པ་འཛབ་འཇུག་བསྡུ་བ་ནི། མཆོད་པ་ཁ་གསོལ་ལ། ཨོཾ་ཧཱུཾ་ཏྲཱཾ་ཏྲི་ཨཱཿལྷ་རྫས་དང་ཏིང་འཛིན་ལས་གྲུབ་པའི་སོགས་མཆོད་ཕྲེང་རྒྱས་པའམ། བསྡུ་ན་མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། སོགས་ཤོ་ལོ་ཀ་དང་ཨརྒྷཾ་སོགས་ཀྱིས་མཆོད་ལ། རྩ་བསྙེན་ལ་མཚོ་དབུས་གེ་སར་དང་། ལུས་དཀྱིལ་ལ་དེ་དག་སྔགས་པ་མི་ཟད་རྒྱ་མཚོས་བསྟོད་དེ། ཡི་གེ་བརྒྱབས་ཉེས་བྱས་བཤགས་སོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་ཚོགས་བྱ་བ། ཐུགས་དམ་བསྐུལ་བ། ཆད་ཐོ། བསྟན་མ། རྟ་བྲོ། དངོས་གྲུབ་བླངས་བ། ཉེས་བྱས་བཤགས་པ། ཉེར་བསྡུ། བསྔོ་བ། སྨོན་ལམ། བཀྲ་ཤིས་ཀྱི་རིམ་པ་དང་བཅུ་གཅིག་ལས་དང་པོ་ཚོགས་བྱ་བ་ལའང་བཅུ་གཅིག་ལས། དང་པོ་ཚོགས་ཀྱི་ངོ་བོ་ནི་ཤེས་རབ་ཐབས་སྙོམས་པར་འཇུག་པས་བྱང་ཆུབ་ཀྱི་སེམས་མྱང་བའི་བདེ་བ་དང་ལྡན་ཞིང་བཟའ་བ་དང་བཏུང་བ་ལ་སོགས་ལོངས་སྤྱོད་པ་ཚོགས་ཀྱི་འཁོར་ལོ་སྟེ། སྡོམ་འབྱུང་ལས། ཐོད་པའི་རྒྱན་ལ་དགའ་བ་དང་། །རྡོ་རྗེ་དྲིལ་བུ་མཉམ་ལྡན་པས། །ཞེས་སོ། །གཉིས་པ་མཚན་ཉིད་ནི། གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པའི་སྐབས་གང་ཞིག་རྟེན་དང་། གང་ཟག་དང་། ཡོ་བྱད་ཁྱད་པར་ཅན་ཚོགས་པ་སྟེ། ཀུན་གསལ་ལས། རྟེན་དང་གང་ཟག་ཡོ་བྱད་ཚོགས། ཐབས་ཆེན་གསང་བས་ཚོགས་ཞེས་བྱ། ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། རང་གི་ལྷ་ཡི་སྦྱོར་བ་ཡིས། བདག་དང་གཞན་ལ་མཆོད་པར་བྱ། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །འཁོར་ལོ་ལ་ནི་འཁོར་ལོ་རོལ། །ཞེས་སོ། །གསུམ་པ་ངེས་ཚིག་ནི། གྷ་ན་ཙཀྐྲའི་སྒྲ་ལས། དམ་ཚིག་གཅིག་པ་དང་མཛའ་བ་ཕོ་མོ་ཚོགས་ནས། ཞིམ་མི་ཞིམ་དང་། བསྒྲོད་བྱ་དང་བསྒྲོད་མིན་ལ་སོགས་པའི་སྒྲོ་འདོགས་གཅོད་པ་སྟེ། གདན་བཞི་ལས་མཛའ་བ་ཚོགས་པས་ཚོགས་ཞེས་བྱ། །རྣམ་རྟོག་སྤྱོད་པས་འཁོར་ལོ་བརྗོད། །ཅེས་སོ། །བཞི་པ་དབྱེ་བ་ལའང་བཞི། །རྡོ་རྗེ་ལས་རིམ་ལས། སྐྱེ་བོ་འཛའ་བ་ཀུན་ཚོགས་པ་དང་། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་བའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། ལྷ་དང་དམ་ཅན་ཀུན་འདུས་པས། །འདུས་པ་ཆེན་པོའ་ིཚོགས་སུ་བཤད། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པ། །ཚོགས་ཆེན་པོ་རུ་ངེས་པར་བརྟག །ཅེས་པས་སྐལ་ལྡན་འདུས་པས། འབྱོར་ལྡན་ཡོ་བྱད་དངོས་གྲུབ་ལྷ། བསོད་ནམས་ཡེ་ཤེས་ཀྱི་ཚོགས་དང་བཞི་ལས། དང་པོ་ནི། དམ་ཚིག་ལྡན་པའི་རྣལ་འབྱོར་ཕོ་མོ་ཟུང་དུ་ཚོགས་པས་ཐབས་ཤེས་མཚོན་པ་དང་། དེའང་འདུས་པ་ཆུང་ངུར་གཙོ་བོ་ཡབ་ཡུམ། སྐུ་གསུང་ཐུགས་ཀྱི་ཟུང་གསུམ་རིགས་ལྔས་ཟུང་ལྔ་སྟེ། གཉིས་དང་། དྲུག་དང་། བཅུ་ཚང་བའོ། །འདུས་པ་འབྲིང་ལ་ལྷའི་གྲངས་འདུས་པ་ཆེན་པོར་རབ་ཏུ་མང་པོ་སྟེ། གསང་རྒྱུད་ལས། འདུས་པ་ཆུང་ངུར་གཉིས་དྲུག་བཅུ། འབྲིང་ལ་དཀྱིལ་འཁོར་གྲངས་ཡིན་ཏེ། །ཆེན་པོ་རབ་ཏུ་མང་པོའ།ོ ། ཞེས་སོ། །དེ་ཡང་རྣལ་འབྱོར་ཕོ་མོ་མང་དུ་ཚོགས་ཀྱང་ཟུང་དུ་མ་འབྲེལ་ན། དཔའ་བོའ་ིསྟོན་མོ་དང་། དཔའ་མོའ་ིསྟོན་མོ་ཟེར། དེ་ལ་ཡང་གཙོ་བོ་ལ་ཕྱག་རྒྱས་བཏབ་པའི་བུད་མེད་གཅིག་མེད་ན་ཆང་འཐུང་མི་རུང་བ་དང་། །གཙོ་མོ་ལ་ཕྱག་རྒྱས་བཏབ་པའི་སྐྱེས་པ་གཅིག་མེད་ན་ཤ་ཟ་མི་རུང་བར་བདེ་མཆོག་ལས་གསུངས་སོ། །གཉིས་པ་ནི། ཕྱི་ནང་གསང་བའི་ཡོ་བྱད་ཐམས་ཅད་ཡིན་ལ། ཁྱད་པར་ཤ་ཆང་མེད་དུ་མི་རུང་བའི་ཐབས་ཤེས་ཀྱི་རྫས་ཏེ་སྔ་མ་ལས། མ་ཧཱ་མཾ་ས་བདུད་རྩིར་བཅས། །མེད་དུ་མི་རུང་དངོས་གྲུབ་རྫས། །བཟའ་བཏུང་འབྲུ་བཅུད་ཤིང་འབྲས་དང་། །འདོད་པའི་ཡོན་ཏན་ཐམས་ཅད་དོ། །ཞེས་སོ། །གསུམ་པ་ནི། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དམ་ཅན་རྒྱ་མཚོའི་ཚོགས་དེ་ཐམས་ཅད་ཀྱི་སྐུ་དང་། མེ་ཏོག་གི་ཚོམ། ཏིང་འཛིན་གྱི་བསོད་ནམས་ཀྱི་ཞིང་དུ་སྤྱན་དྲངས་པ་ཐམས་ཅད་དོ། །བཞི་པ་ནི། ཚོགས་ཀྱི་འཁོར་ལོའ་ིཚེ་ཐབས་བསྐྱེད་པའི་རིམས་པ་དང་། འབྲེལ་བས་ཀུན་ཏུ་སྤྱོད་པ་སྣང་བ་དང་བཅས་པ་བསོད་ནམས་ཀྱི་ཚོགས་དང་ཤེས་རབ་རྫོགས་རིམ་གྱིས་བསྡུས་པའི་ཟབ་མོ་སྐྱེ་མེད་དུ་རྟོགས་ཤིང་སྒོམ་པ་རྣམས་ཡེ་ཤེས་ཀྱི་ཚོགས་སྟེ། ལྔ་བ་དགོས་པ་ནི། གང་དུ་ཚོགས་ཀྱི་འཁོར་ལོ་བསྐོར་ཏེ་ཟོས་ན། ཉམས་ཆགས་དག་ནས་འདོད་པའི་དོན་འགྲུབ་པ་དང་མཆོག་དང་མཐུ་མོང་གི་དངོས་གྲུབ་ཐོབ་སྟེ། རྟག་གཉིས་ལས། གང་དུ་ཟོས་ན་འདོད་དོན་ཀུན། །བསྒྲུབ་པ་ཅན་གྱིས་དངོས་གྲུབ་འགྱུར། །ཞེས་སོ། །དྲུག་པ་གནས་ནི་སྔ་མ་ལས། དུར་ཁྲོད་རི་ཡི་བྱ་སྐྱིབས་མཾ། །དེ་བཞིན་མི་མེད་གྲོང་ཁྱེར་རམ། །ཡང་ན་དབེན་པའམ་རྒྱ་མཚོའི་འགྲམ། །ཞེས་སོ། །བདུན་པ་གདན་ནི། རས་ལ་རོའ་ིགཟུགས་སམ། སྟག་ལྤགས་ལྷ་གྲངས་དང་མཉམ་པ་སྟེ་སྔ་མ་ལས། དེ་ལ་གདན་ཏུ་བརྟག་པར་བྱ། །རོ་ཡི་གཟུགས་ཅན་དགུ་དང་ནི། །ཡང་ན་སྟག་གི་ལྤགས་པ་དང་། །དུར་ཁྲོད་རེ་རས་དེ་བཞིན་ནོ། །ཞེས་སོ། །བརྒྱད་པ་རྣལ་འབྱོར་གྱིས་མཚན་ཉིད། །དབང་དང་དམ་ཚིག་ལྡན་པ་ལྟ་བ་ཡེ་གྲོལ་ཀ་དག་སྒོམ་པ་བསྐྱེད་རྫོགས་དབྱེར་མེད། སྤྱོད་པ་བླང་དོར་ཞེན་མེད་དོ། །དགུ་བ་དུས་ནི། རིང་བ་ལོའ་ིམཚན་མོ་རིང་མཐའ་དང་ཐུང་མཐའ་ཉིན་མཚན་མཉམ་དུས་གཉིས་སྟེ་བཞི་དང་། འབྲིང་བ་ཟ་བའི་དུས་མར་ངོའ་ིབརྒྱད་དང་བཅུ་བཞི། ཐུང་བ་ཞག་གི་མཚན་མོའ་ིདུས་སུ་བྱའོ། །བཅུ་པ་བྱ་བའི་རིམ་པ་ལ་བཅུ་གཉིས་ལས། དང་པོར་ཕན་ཡོན་བསྟན་པ་ནི། བསོད་ནམས་ནང་ནས་ཚོགས་འཁོར་མཆོག། ཅེས་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པ་ཐམས་ཅད་ཀྱི་ནང་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཉིད་ཐབས་མཆོག་ཏུ་གྱུར་ཏེ། བདེ་བ་དང་ནད་མེད་པ་དང་དགེ་བའི་སེམས་ཕུན་སུམ་ཚོགས་པ་ལ་སོགས་ཏེ་ཚེ་འདིར་བསམ་པ་ཐམས་ཅད་འགྲུབ་ཅིང་བགེགས་ཞི་བ་དང་ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་དུ་གྲོལ་ནས་ཀུན་ཏུ་བཟང་པོའ་ིགོ་འཕང་ཐོབ་པར་བྱེད་དོ། །རྡོ་རྗེ་དྲ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམས་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་དང་། །སྡོམ་འབྱུང་ལས། བདེ་བ་ཕུན་ཚོགས་ལྡན་པ་དང་། །ནད་མེད་པ་དང་དགེ་བའི་སེམས། །འདོད་དང་སྒྲོལ་སོགས་ཡང་དག་ཐོབ། །དངོས་གྲུབ་ཕུན་སུམ་ཚོགས་པར་འགྱུར། །ཞེས་སོ། །འདིར་ལུང་དང་རྩ་བ་དང་འདྲ་བས་བརྐུས་སམ་མཉམ་ན་མ་ཡིན་ཏེ། །དབུ་མའི་རྩ་བའི་མཆོད་བརྗོད་དཀོན་བརྩེགས་ལས་བཤད་པ་དང་། མངོན་པ་མཛོད་ཀྱི། མངོན་འབྱུང་སྲིད་པ་ཤ་གཟུགས་ཅན། ཞེས་སོགས་རྒྱུད་མང་པོ་ལས་བྱུང་བའི་ཕྱིར་འདི་ནི་མཁའ་འགྲོའ་ིགསང་མཚོད་གི་རོལ་པར་བཤད་པའོ། །གཉིས་པ་བཤམས་པ་ནི། །མཁའ་འགྲོ་འདུ་བའི་དམ་ཚིག་རྫས། ནང་མཆོད་ཁྱད་པར་བཟང་དུ་བཤམས། ཞེས་པས། གནས་དེར་དཀྱིལ་འཁོར་རས་བྲིས་རྡུལ་མཚོན་ཚོམ་བུ་གང་རིགས་བཀོད་པའི་དྲུང་དུ་ཕྱི་ནང་གསང་བའི་མཆོད་པ་དང་། ཁྱད་པར་དུ་དཔའ་བོ་དང་། མཁའ་འགྲོ་རྣམས་དགྱེས་ཤིང་དེ་དག་གི་རྫས་ཚོགས་ཀྱི་ཡོ་བྱད་སྟག་ལྤགས་ཀྱི་སྟེང་དུ་ཀ་པཱ་ལར་བཟའ་བཅའ་ལྡག་མྱང་བཏུང་བའི་བྱེ་བྲག་རབ་བརྒྱ་རྩ་བརྒྱད། འབྲིང་དྲུག་བཅུ་རྩ་བཞི། ཐ་མའང་ཤ་ཆང་ཟན་གསུམ་སོགས་ལས། ནང་མཆོད་ཀྱི་ཁྱད་པར་བདུད་རྩི་ཕུང་མའི་བདུད་རྩི་རིལ་བུ་བཏབ་པས་བྲན་པ། བཟང་ཞིང་གྱ་ནོམ་པར་བཤམ་མོ། །གསུམ་པ་བླ་མ་སྤྱན་དྲངས་ཞིང་གྲལ་ལ་འཁོད་པ་ནི། རྣལ་འབྱོར་ཕོ་མོ་རྣམས་རུས་པའི་རྒྱུན་དྲུག་དང་ཌ་དྲིལ་སོགས་དཔའ་བོ་མཁའ་འགྲོའ་ིཆས་ཀྱིས་བརྒྱན་ལ། སློབ་དཔོན་དང་སྒོ་སྲུང་ལས་ཀྱི་རྡོ་རྗེ་བཅས་སྔོན་དུ་འཇུག །དེ་ནས་གཞན་རྣམས་ཀྱང་རིམས་ཀྱིས་འོངས་ནས་སྒོ་དྲུང་དུ་ཁྲུས་བྱ། སྒོ་བའི་ལེགས་པར་འོངས་སམ་ཞེས་པའི་བརྡར་མཛུབ་མོ་གཅིག་བསྟན། གཞན་དག་གིས་ཀྱང་འོངས་སོ་ཞེས་པའི་བརྡར་གཉིས་བསྒྲེངས་ཏེ་བསྟན་ནས་ནང་དུ་ཕྱིན། ལས་ཀྱི་རྡོ་རྗེས་རིགས་གང་ཡིན་ཞེས་བའི་བརྡར་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་གདེངས་པའི་ལན་དུ། རིགས་གང་ལ་མེ་ཏོག་ཕོག་པའི་གཙོ་བོའ་ིཕྱག་རྒྱ་བསྟན་ནས། རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ་མཎྜལ་ཕུལ་ཏེ། དབང་གི་རིམ་པ། བུམ་དབང་དགེ་བསྙེན། གསང་དབང་དགེ་ཚུལ། ཤེར་དབང་དགེ་སློང་། རྫོགས་པ་ཆེན་པོ་གནས་བསྟན་སྟེ་གཙོ་བོའ་ིཕྱོགས་བཞིར་འཁོད་དོ། །བཞི་པ་རྣལ་འབྱོར་ལ་གནས་པར་གསོལ་བ་བཏབ་པ་ནི། ལས་ཀྱི་རྡོ་རྗེས་ཕྱག་འཚལ་ཞིང་མེ་ཏོག་འཐོར་ཏེ་ཐལ་མོ་སྦྱར་བས་བཏུང་དེ། །ཧོ ། དཔལ་ཀུན་ཏུ་བཟང་པོའ་ིརང་བཞིན་ཚད་མེད་པའི་ཐུགས་རྗེ་འགྲོ་བའི་དོན་དུ་བཞུགས་པ་བླ་མ་རྡོ་རྗེ་འཛིན་པ་ཆེན་མོས་གཙོ་མཛད། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དགོངས་སུ་གསོལ། ཆོས་ཐམས་ཅད་རྫོགས་པ་ཆེན་པོའ་ིརང་བཞིན་དུ་གདོད་ནས་མངོན་པར་བྱང་ཆུབ་ཀྱང་འགྲོ་བའི་ཁམས་རྣམས་མ་རིག་པའི་དབང་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་ཁྱབ་པ་ལ་དགོངས་ཏེ། ཐུགས་རྗེ་ཆེན་པོའ་ིརོལ་བས་རང་བཞིན་ལྷུན་གྱི་གྲུབ་པའི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་ཟབ་མོའ་ིརྣལ་འབྱོར་ལ་གནས་པར་ཞུ་འཚལ། ཞེས་དལ་བུས་བརྗོད་པར་བྱའོ། །ལྔ་པ་དཀྱིལ་འཁོར་བསྐྱེད་པ་ནི་གེགས་བསྐྲད་པ་ནས་བཟླས་པའི་བར་དེ་བཤད་མ་ཐོག །དྲུག་པ་བྱིན་གྱིས་བརླབ་པ་ནི། ཧོཿབདེ་བ་ཆེན་པོའ་ིསྣོད་མཆོག་ཏུཿ ཚོགས་ཀྱི་འཁོར་ལོའ་ིལོངས་སྤྱོད་ནིཿ བླང་དོར་མེད་པའི་དམ་ཚིག་རྫསཿ ཨོཾ་ཨ་ཧཱུྃ་གིས་བདུད་རྩིར་བསྒྱུརཿ ཞེས་པས་བདེ་བ་ཆེན་པོའ་ིསྣོད་ནི་ཀ་པ་ལི་སྟེ། ཀ་སུ་ཀ་ན་བདེ་བ། པཱ་ལ་ན་སྐྱོང་བ་སྟེ། བདེ་བ་སྐྱོང་བའི་སྣོད་ཕྱི་ལྟར་ན་ཐོད་པ་གྲུ་གསུམ། ནང་ལྟར་ན་ཕྱག་རྒྱའི་སྐྱེ་གནས། གསང་བ་ལྟར་ན་རྡོ་རྗེ་བཙུན་མོའ་ི བྷ་ག་སྟེ་སངས་རྒྱས་ཀུན་གྱི་བཞུགས་གནས་ཏེ། སངས་རྒྱས་ཐོད་པ་ལས། སངས་རྒྱས་རྡོ་རྗེ་ཞེས་གསུངས་པ། །ཐོད་པ་གྲུ་གསུམ་ཡང་དག་འབྱུང་། །སྦྱོར་བ་གསང་བར་གནས་པའི་རྩ། །དེ་ཡི་སྣ་ཚོགས་ངོ་མཚར་བ། །འདི་ནི་བདེ་ཆེན་ཡེ་ཤེས་སོ། །ཞེས་དང་། རང་གཞུང་ལས་སྣང་སྲིད་བདེ་ཆེན་ཀ་པཱ་མརཿ ཞེས་སོ། །དེ་ཡང་དུམ་བུ་གཅིག་པ་མཆོག་ཏུའོ། །ཚོགས་ཀྱི་འཁོར་ལོ་ནི། དམ་ཚིག་གཅིག་པའི་མཛའ་བ་ཕོ་མོ་ཚོགས་ནས་བདེ་བ་ཆེན་པོའ་ིཡེ་ཤེས་ཉམས་སུ་མྱོང་བའི་འཁོར་ལོ་ལ་ལོངས་སྤྱོད་པ་དེའི་ཡོ་བྱད་དེ་དག་ནི་ཤ་ལྔ་དང་བདུད་རྩི་ལྔའི་རང་བཞིན་དུ་གཙང་རྨེ་བླང་དོར་མེད་པའི་རིགས་ལྔའི་དམ་ཚིག་བྱིན་གྱིས་བརླབ་སྟེ། ཀུན་འདུས་རིག་པའི་མདོར། བ་གླང་ཁྱི་དང་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་ལ་སོགས། །ཟོས་ན་ཡོན་ཏན་ཐམས་ཅད་འགྲུབ། །བདག་ཅག་རྣམས་ཀྱི་དམ་ཚིག་ལྔ། །ཞེས་དང་། ཐལ་བ་ལས། བདུད་རྩི་ལྔ་ནི་རིགས་ལྔའི་དངོས། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །ཞེས་དང་། གསང་འདུས་ལས། ཤ་ཆེན་དམ་ཚིག་ཆེན་པོ་ནི། རྡོ་རྗེ་གསུམ་མཆོག་འགྲུབ་པར་འགྱུར། །ཞེས་དང་། ལེ་ལག་ལས། བདུད་རྩི་ཡེ་ནས་དག་པའི་ཆོས། །བླང་དོར་མེད་པས་ཀུན་ལས་འདས། །ཡེ་བསྲུང་ཆེན་པོའ་ིདམ་ཚིག་ཏུ། མཁས་པས་དང་དུ་བླང་བར་བྱ། །ཞེས་གསུངས་སོ། །དེ་དག་ཀྱང་ཐོད་པ་གསུམ་གྱི་སྒྱེད་པུར་ཀ་པཱ་ལའི་ནང་རྫས་ཨོཾ་ཨ་ཧཱུྃ་འོག་གི་རླུང་མེའི་སྦྱོར་བས་ཞུ་བ་ལས་ཤ་ལྔ་དང་བདུད་རྩི་ལྔར་གྱུར་ཏེ་ཟླ་བའི་ཁ་གཅོད་རྡོ་རྗེ་རྩེ་ལྔ་ཁོང་གསེང་ཅན་ལས་འཕྲོས་པའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་གཉིས་མེད་དུ་ཐིམ་པས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་འཆར་བར་བསྒྱུར་རོ། །བདུན་པ་ཚེགས་ཕུད་འབུལ་བ་ལ་གཉིས། སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་མཁའ་སྤྱོད་ཀྱི་ཞིང་དང་། ས་སྤྱོད་ཀྱི་ཞིང་གཉིས་ལས། དང་པོ་ནི། །ཧཱུྃ། འོག་མིན་གནས་དང་མཁའ་སྤྱོད་ཞིངཿ སྤྱན་འདྲེན་གྱི་སྐབས། ཞེས་པས་གོང་དུ་བཤད་པའི་ཆོས་ལོངས་སྤྲུལ་གསུམ་གྱི་འོག་མིན་གྱི་གནས་རྣམ་པ་གསུམ་དང་། མཁའ་ལ་སྤྱོད་པ་རང་བཞིན་སྤྲུལ་པའི་སྐུའི་ཞིང་བཅུ་དབུས་དུར་ཁྲོད་མེ་རི་འབར་བ་དང་བཅུ་གཅིག་གོ ། གཉིས་པ་ནི། དཔའ་བོ་མཁའ་འགྲོ་འདུ་བའི་གནས། ཉི་ཤུ་རྩ་བཞི་སྤྲུལ་བའི་ཡུལཿ ཞེས་པས། དཔའ་བོ་དང་མཁའ་འགྲོའ་ིཚོགས་ཐམས་ཅད་འདུ་ཞིང་གནས་པ་ཨོ་རྒྱན་ལ་སོགས་པ་གཙོ་བོ་ཉི་ཤུ་རྩ་བཞི་སྟེ་སངས་རྒྱས་ཀྱི་སྤྲུལ་པ་མང་པོས་འཛིན་པས་ས་སྤྱོད་ཀྱི་ཡུལ་ཁྱད་པར་ཅན་དུ་བཤད་དེ། འཁོར་ལོ་སྡོམ་པ་ལེའུ་ཞེ་གཅིག་པ་ལས། ཀུ་ལུ་ཏ་དང་མ་རུ་དང་། །སིནྡྷའི་ཡུལ་དང་ནཱ་གར། །སུ་ལྦརྞ་དྭི་སོ་རཥྚ། །གྲོ་ཧ་དེ་ཝ་པྲེ་ཏ་པུར། །ཧི་མ་ལ་ཡ་ཀཉྕི་དང་། །ཝཾ་བྷ་ཀའི་ཡུལ་ཀ་ལྐིང་། །ཀཽ་ས་ལ་ཏྲི་ཤ་ཀུན། །ཨེ་ཊེ་ཀ་མ་རུ་པ་དང་། །མ་ལ་ཝ་དང་དཱེ་ཝི་ཀོ་ཏི། །རཱ་མེ་ཤྭ་རི་གོ་ད་ཝར། །ཨེཪྤུ་ཏ་དང་ཨོ་རྒྱན་དང་། །ཛ་ལནྡྷར་པཱུ་ལིར་སོགས། །ཡུལ་འདི་དག་གི་བུ་མོ་གང་། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །ཞེས་སྐུའི་འཁོར་ལོ་ནས་གསུངས་ཀྱང་འདིར་རང་གཞུང་གི་གོ་རིམ་ལྟར་འཆད་ན་སྤྱིར་ཡུལ་འདི་དག་ཚངས་པའི་འཇིག་རྟེན་ནས་རླུང་གི་དཀྱིལ་འཁོར་གྱི་བར་དུ་ཡོད་པར་ཡང་བཤད། རྒྱ་ནག་ལྟ་བུའི་གྲོང་ཁྱེར་ཆེན་པོ་དེར་རྫོགས་པ་ཡང་བཤད། །འཛམ་བུའི་གླིང་དུ་ཡོད་པར་ཡང་བཤད་ཅིང་། དེ་བཞིན་གྲངས་ཀྱང་། དུས་འཁོར་ལས། གླིང་བཞི་གནས། གླིང་ཕྲན་ཉེ་གནས། ཆུ་ཕྱེད་ནང་མའི་ཕྱོགས་བཞི་ཞིང་། །མཚམས་བཞི་ཉེ་ཞིང་། །ཕྱི་མའི་ཕྱོགས་འདུན་པ་མཚམས་ཉེ་འདུན་མེ་ཕྱེད་ནང་མའི་ཕྱོགས་འདུ་བ་མཚམས་ཉེ་འདུ། ཕྱོགས་ཕྱིའི་ཕྱོགས་འཐུང་སྤྱོད། མཚམས་ཉེ་ཐུང་། རླུང་ཕྱེད་ནང་མའི་ཕྱོགས་དུར་ཁྲོད། མཚམས་ཉེ་བའི་དུར་ཁྲོད། ཕྱེད་ཕྱེད་ཕྱི་མར་དུར་ཁྲོད་བརྒྱད་དེ་ཡུལ་ཉེར་བཞི་དང་། བརྟག་གཉིས་སུ་གོང་དུ་བཤད་པའི་གནས་སོ་གཉིས་དང་། ཕྱག་མཐིལ་ལས་ཡུལ་ཉེར་བརྒྱད་བཤད་ཅིང་འདིར་གཞུང་དང་མཐུན་པར་བདེ་མཆོག་གི་རྗེས་སུ་འབྲངས་ཏེ་འཛམ་བུ་གླིང་དུ་ཡོད་པར་བཤད་ན། ཛ་ལནྡྷ་ར་ནི་ཁ་ཆེ་དང་རྒྱ་གར་ཀྱི་མཚམས་དྷོ་ལ་མེ་འབར་ཡོད་པའི་ས་ལྷ་མོ་འབར་བའི་གདོང་ཅན་མ་བྱ་བ་མཚན་མའི་གཟུགས་སུ་གནས་པ་ཡོད་པ་འདིའི་ཀུ་པ་ནའི་དགོན་པར་བསྡུ་བ་གསུམ་པ་ཡང་གྱིས། པུལླི་ར་མ་ཎ་ནི་ཀ་ལི་ཏ་ཀའི་ཡུལ་གྱི་མཐའ་སྔོན་རྒྱལ་པོ་རཱ་མ་ཎས་བཟུང་བའི་ས་ཞིག་ཡིན་ཞེས་སོ། །ཨཪྤུ་ཏ་ལྷོ་ཕྱོགས་ཀྱི་རྒྱུད་ན་ཡོད་པར་གྲགས། འགའ་ཞིག་རི་འབྲང་རྒྱས་ལྟར་མཐོ་བའི་མཐའ་ན་ཌ་ཀྱི་བསྐོར་བར་འདོད་དོ། །ར་མི་ཤྭ་ར་ནི་ཡི་དྭགས་དངོས་སུ་རྒྱུ་བ་ལ་འདོད། ཁ་གཅིག་འཛམ་བུའི་གླིང་གསོག་ཡུལ་ན་ར་མི་ཤྭ་ར་ཞེས་བྱ་རྒྱལ་པོར་མ་ཎས་བྱེ་མ་ལས་བྱས་བའི་དབང་ཕྱུག་གི་རྟེན་དགའ་བྱེད་དབང་ཕྱུག་བྱ་བ་ཡོད་པ་ལ་འདོད་དོ། །ཨོ་རྒྱན་ཡུལ་མི་གོང་དུ་བཤད་པ་ལྟར་དཔའ་བོ་མཁའ་འགྲོ་ཐམས་ཅད་ནམ་མཁའ་ལ་འགྲོ་བའི་འཕུར་འགྲོ་བས་བྱ་བ་དེ་ན་རྡོའ་ིཆོས་འབྱུང་ཡོད་པའོ། །གཽ་ཏ་ཝ་རི་ནི་ལྷོ་ཕྱོགས་དཔའ་གྱི་རི་བོའ་ིཆུ་བོ་གཽ་ཏ་ཝ་རི་འབབ་པའི་ས། སྔོན་དེ་ན་ཆུ་མེད་པར་དྲང་སྲོང་ཞིག་གིས་བ་བསད་པའི་མཆོད་སྦྱིན་བྱས་པས་ཆུ་བྱུང་བའི་མཆོད་སྦྱིན་ཡང་ཟེར་རོ། །དེ་ཝི་ཀོ་ཊ་ནི་རྡོ་རྗེ་གདན་གྱི་བྱང་ཤར་ན་ལྷ་མོ་མཁར་ཞེས་པ་རྡོའ་ིརེ་མ་ཏིའི་ཕྱག་རྒྱ་ཡོད་པའོ། །ཁ་གཅིག་ཨོ་ཌི་བི་ཤའི་བྱང་ན་ཡུལ་བ་ལེ་ཏྲ་བྱ་བའི་གྲོང་ཁྱེར་དཔལ་ལྷ་མོ་མཁར་ཅེས་པ་ན་ལྷ་མོ་ཙ་རྩི་ཀ་གནས་པ་ལ་བཞེད་དོ། །མ་ལ་ཝ་ནི་ཙན་དན་བཟང་པོ་སྐྱེ་བའི་ས་ལ་འདོད་པ་དང་། ཡང་འགའ་ཞིག་ལྷོའ་ིགླིང་ཕྲན་འདོད་པ་དང་། ཁ་ཅིག་ཆུ་བོ་སིནྡྷའི་བྱང་ཕྱོགས་ན། མ་ལ་ཝ་ཞེས་གྲོང་ཁྱེར་ཨུ་ཙ་ཡ་ནིའི་རྒྱལ་པོ་ཉི་མ་རྣམ་པར་གནོན་པའི་སར་དབང་ཕྱུག་གིས་རྟེན་ཡོད་པ་ལ་འདོད་དོ། །འདི་བརྒྱད་ནི་སྔོན་ནམ་མཁའ་ནས་བྱུང་བའི་ལྷ་ས་བཞི་དང་། དྲི་ཟས་བཞིས་བཟུང་བས་ས་བླར་གྲགས་ཤིང་ཐུགས་ཀྱི་འཁོར་ལོའ་ིདཔའ་བོ་དང་རྣལ་འབྱོར་མ་དག་གནས་པའི་ས་སྟེ་སྐུ་མདོག་དང་དག་པ་ནི་རྒྱས་པར་འོག་ཏུ་ལུས་དཀྱིལ་སྐབས་འཆད་དོ། །ལམྤ་ཀ་ནི་ནུབ་ཕྱོགས་ན་གྲོང་ཁྱེར་འབུམ་ཕྲག་བཞི་ཡོད་པའོ། །འགའ་ཞིག་གར་ལོག་གི་ཡུལ་དབྱངས་ཅན་ཞེས་པར་བྲག་དང་ཆུ་འཐབ་བའི་བར་ན་ཡོད་པར་གྲགས། །ཀ་མ་རུ་ནི་རྒྱ་གར་ཤར་ཕྱོགས་འདོད་པའི་གཟུགས་ཅན་ཞེས་ར་བའི་གྲོང་ཁྱེར་རོ། །ཁ་གཅིག་བྱང་ཤར་ཀ་མ་རུ་ཞེས་བྱ་བའི་གྲོང་ཁྱེར་ན་ལྷ་མོ་འདོད་པའི་གཟུགས་ཅན་མོ་ཞེས་བྱ་བ་མོ་མཚན་གྱི་གཟུགས་སུ་གནས་པ་ལ་འདོད་དོ། །ཨོ་ཌི་ནི་བ་ལེ་ཏྲའི་གྲོང་ཁྱེར་ལྷ་མོ་ཙི་རྩ་ཀ་གནས་པའི་རྟེན་ཡོད་པ་དེའོ། །ཀོ་ས་ལ་ལྷོ་ནུབ་མཉན་ཡོད་དང་ཉེ་བའི་ས་ལན་ཛི་ཀོ་ས་ལའོ། །ཀ་ལིངྐ་ནི་ལྷོ་ཕྱོགས་རྒྱ་ཚོའི་འགྲམ་ཏི་ལིང་ཀ་དང་ཉེ་བའི་ཡུལ་ལོ། །ཀཉྩི་ཀ་ནི་ལྷོ་ནུབ་བ། ཡང་ན་རཱ་མི་ཤ་རཱའི་བྱང་ཤར་ན་གྲོང་ཁྱེར་ཆེན་པོ་ཡོད་ཅེས་སོ། །ཧི་མ་ལ་ཡ་ནི་རི་བོ་གངས་ལྡན་ཏེ་ཤམྦྷ་ལོའ།ོ། འདི་བརྒྱད་ནི་སྔོན་ས་སྟེང་ནས་བྱུང་བའི་གནོད་སྦྱིན་གྱི་ས་གཞི་དང་། སྲིན་པོས་བཞི་བཟུང་བས་ས་སྟེང་དུ་གྲགས་ཤིང་། གསུང་གི་འཁོར་ལོའ་ིདཔའ་བོ་མཁའ་འགྲོ་རྣམས་གནས་སོ། །པྲེ་ཏ་པུ་རི་ནི་ཡི་དྭགས་ཀྱི་གྲོང་སྟེ་བོད་ཀྱི་ཏེ་སེའོ། །གྲྀ་ཧཱ་དཱེ་ཝ་ནི་ལྷ་ས་བཟུངསཔ་སྟེ་འདོད་པའི་ལྷ་གནས་ཞིག་གོ ། མ་རུ་ནི་སིནྡྷུའི་ཤར་ཕྱོགས་ན་གནས་སོ། །སཽརཥྚ་ན་ནུབ་ཕྱོགས་སོ་བ་ནཱ་ཐ་ཞེས་པ་དབང་ཕྱུག་གི་རྟེན་ཡོད་པའོ། །སུ་ཝརྞ་དཱི་བ་ནི་གསེར་གྱི་གླིང་ནི་རྒྱ་མཚོའི་བར་གྱི་གླིང་ཕྲན་ཏེ་མི་གནས་པར་བཤད། ནཱ་གར་ནི། རྡོ་རྗེ་གདན་གྱི་བྱང་གངྒའི་འགྲམ་པ་ཏ་ལི་སུ་ཏྲ་ནཱ་གར་བྱ་བའི་ཡུལ་ལོ། །སཱུ་ནཱ་གར་བྱ་བའི་ཡུལ། ཀུ་ལུ་ཏ་ནི་ལྷོ་ནུབ་རྡོ་སྤུས་མོ་ལྟ་བུ་ཡོད་པ་འགའ་ཞིག་བྲག་ཕུག་རྡོ་རྗེའི་ཆོས་འབྱུང་གི་མཚན་པ་རི་སྤུས་མོ་འདྲ་བ་གཉིས་ཀྱི་བར་ན་ཡོད་པ་ལ་འདོད་དོ། །སིནྡྷུ་ནི། ཆུ་བོ་སིནྡྷུ་འབབས་པའི་ས་ཨོ་རྒྱན་དང་ཉེ་བར་ཡོད་དེ་སིནྡྷུ་ཡང་དངོས་ནི་འདི་ནས་བྱུང་བའོ། །འདི་བརྒྱད་ནི་སྔོན་ས་འོག་ནས་བྱུང་བའི་ཀླུས་བཞི་དང་། ལྷ་མིན་གྱིས་བཞི་བཟུང་བས་ས་འོག་ཏུ་གྲགས་ཤིང་སྐུའི་འཁོར་ལོའ་ིདཔའ་བོ་མཁའ་འགྲོ་རྣམས་གནས་སོ། །གཉིས་པ་བྱེ་བྲག་ཏུ་རྒྱས་པར་བཤད་པ་ལ་གསུམ་གྱི་དང་པོ་ཐུགས་ཀྱི་འཁོར་ལོ་ལའང་གསུམ་སྟེ་དཔའ་བོ་མཁའ་འགྲོ་རྣམས་རྩ་གནས་སུ་བཞུགས་ཚུལ་ཚུལ་ཇི་ལྟ་བུས་སྤྱན་དྲངས། ཚོགས་ཀྱི་འཁོར་ལོ་འབུལ་བའི་ཚུལ་གྱི་དང་པོ་ནི་ནང་ལྟར་རྡོ་རྗེ་ཕུང་པོའ་ིགྲོངཿསྤྱི་བོ་ཛ་ལནྡྷ་ར་ལཿ སྨིན་མཚམས་པུལླེ་ར་མ་ཎཿ ལྟག་པའི་རྩ་ཁམས་ཨཪྤུ་ཏཿ མཛོད་སྤུ་རཱ་མི་ཤྭ་ར་དངཿ རྣ་བ་གཡས་པ་ཨོ་རྒྱན་ཡུལཿ གཡོན་པ་གཽ་ཏ་ཝ་རིའི་ཞིངཿ མིག་གཉིས་དེ་ཝི་ཀོ་ཊ་དངཿ ཕྲག་པ་མཱ་ལ་ཝ་བརྒྱད་ནཿ ཞེས་པས་གོང་དུ་བཤད་པའི་ཕྱི་རོལ་གྱི་འཛམ་བུའི་གླིང་ན་ཡོད་པའི་ཡུལ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ནང་ལྟར་ན་རྡོ་རྗེ་ཕུང་པོའ་ིགྲོང་ཁྱེར་ན་རྩ་གནས་ཀྱི་རྣམས་པས་ཚང་སྟེ་དེའི་ཁམས་དཀར་དམར་རྣམས་ཀྱང་དཔའ་བོ་མཁའ་འགྲོའ་ིརང་བཞིན་དུ་གནས་པ་ཡིན་ཏེ ། །དེ་ཡང་རྣམ་མཁྱེན་ཤིང་རྟ་ལས། དེའང་ཐུར་སེལ་གྱི་ལམ་གསུམ་ལྕགས་སྒྲོག་ལྟར་བཅིངས་པའི་རྩ་ལས་དགྱེས་པའི་རྩ་ཆེན་ཉི་ཤུ་རྩ་བཞིའི་སྣང་གཟུགས་པའི་རྩ་མདུད་ཡིག་འབྲུའི་རྣམ་པར་ཡོད་པ་ལ་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་གནས་སུ་ཉེ་བར་བརྗོད་ཅིང་དེ་རྣམས་ལས་བྱུང་བའི་ཁམས་ཉི་ཤུ་རྩ་བཞི་པོ་དང་བཅས་པ་ནི་ནང་གི་ཡུལ་ཉི་ཤུ་རྩ་བཞིར་གྲུབ། ཅེས་པས། གཙུག་ཕུད་དམ་སྤྱི་བོར། སྐྲ་རྩེ་ལ་སོགས་པའི་དབྱེ་བས་རྩ་ཕྲ་གཟུགས་མ། སྐྲ་དང་བ་སྤུའི་ཁམས་འབབ་པ། དེ་ཡུལ་ཛཱ་ལནྡྷ་ར། དེའི་ཁམས་དཀར་པོ་ལས་ཀེང་རུས་ཆེན་པོ་དང་། དམར་པོ་ལས་རྣལ་འབྱོར་མ་གཏི་མུག་པའི་མིག་ཅན་མ་དོན་བྱང་ཆུབ་མཆོག་གི་ཆོས་ཚོར་བ་དྲན་པ་ཉེ་བར་བཞག་པའོ། །སྨིན་མཚམས་ཏེ་སྐྲ་སྐྱེ་མཚམས་རྩ་ནང་རྡོ་རྗེ་གསུམ་མི་ཕྱེད་པས་མི་ཕྱེད་མ། སོ་སན་གྱི་ཁམས་འབབ་པ་དེ་ཡུལ་པུལླི་ར་མ་ཎི། དཔའ་བོ་ཐོད་པའི་དུམ་བུ་དང་། རྣལ་འབྱོར་མ་རབ་གཏུམ་མ། དོན་ལུས་དྲན་པ་ཉེར་བར་གཞག་པའོ། །ལྟག་པའི་རྩ་ཁམས་མགོའ་ིརྒྱབ་གཡོན་ཕྱོགས་སུ་བརྟེན་པས་གཡོན་མ། ཤ་འབབ་པ་དེ་ཡུལ་ཨུཏྤ་ཏ། དཔའ་བོ་མཆེ་བ་རྣམ་པར་གཙིགས་པ་དང་དོན་སེམས་དྲན་པ་ཉེ་བར་བཞག་པའོ། །རྣ་བ་གཡས་པར་རྩེ་རྩེ་བ་མོ་པགས་པའི་དྲི་མ་འབབ་པའི་ཡུལ་ཨོ་རྒྱན་ཡུལ། དཔའ་བོ་ཀངྐ་ལ་དང་། རྣལ་འབྱོར་མ་འོད་ལྡན་མོ། དོན་ཆོས་དྲན་པ་ཉེར་བར་གཞག་པའོ། །དེ་དག་གནས་ཏེ་འཁོར་ལོ་བཞིའི་རྩ་བརྒྱད་བརྒྱད་ནས་བྱང་སེམས་དཀར་བའི་ཆ་དང་དམར་བའི་ཆ་བརྒྱད་བརྒྱད་རྒྱུན་དུ་གནས་པས་སོ། །མཛོད་སྤུ་མིག་གཉིས་ཀྱི་དབུས་ཀྱི་ཆ་རྩ་རུས་སྦལ་གཟུགས་ཡོད་པས་རུས་སྦལ་སྐྱེས་མ་རུས་པ་འབབ་དེ་ཡུལ་རཱ་མི་ཤྭ་རར་དཔའ་བོ་འོད་དཔག་མེད་དང་རྣལ་འབྱོར་མ་མིའུ་ཐུང་མའོ། །དོན་མི་དགེ་བའི་ཆོས་སྐྱེས་པ་སྤོང་བའོ། །རྣ་བ་གཡོན་པ། རྩ་ཟླུམ་པོ་ཉིད་ཀྱིས་ཐུང་ངུ་མ། ཞག་འབབ་པ། དེ་ཡུལ་གཽ་ད་ཝ་རི་དཔའ་བོ་སུ་ར་བཻ་རི་དང་། རྣལ་འབྱོར་མ་དཔའ་བོ་བློ་གྲོས་མ། དོན་མི་དགེ་བའི་ཆོས་མ་སྐྱེས་པའི་མི་བསྐྱེད་པའོ། །མིག་གཉིས་གྱི་རྩ་སྲིད་པ་སྒོམ་པས་སྒོམ་པ་མོའ་ིའཇམ་པ་མོ། མཚན་པ་འབབ་པ། དེ་ཡུལ་དཱེ་ཝི་ཀོ་ཊ། དཔའ་བོ་རྡོ་རྗེ་འོད་དང་། རྣལ་འབྱོར་མ་ནམ་མཁའི་དབང་ཕྱུག །དོན་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་དོ། །ཕྲག་པ་གཉིས་ཀྱི་རྩ་བ་དབང་བསྐུར་སྦྱིན་པས་དབང་བསྐུར་སྦྱིན་མ། སྙིང་འབབ། དེ་ཡུལ་མཱ་ལ་དཔའ་བོ་རྡོ་རྗེའི་སྐུ་དང་རྣལ་འབྱོར་མ་ཤིང་གྲིབ་མ། དོན་དགེ་བའི་ཆོས་སྐྱེས་པ་འཕེལ་བར་བྱེད་པའོ། །དེ་བཞིན་རྩ་བརྒྱད་ནི་བྱང་སེམས་དཀར་དམར་རེས་འགའ་གནས་པས་ཉེ་གནས་སོ། །གཉིས་པ་ཚུལ་ཇི་ལྟ་བུས་སྤྱན་འདྲེན་པ་ནི། བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལཿ དབུ་སྐྲ་ཐོར་ཚུགས་ལྡེམ་སེ་ལྡེམཿ ལྕང་ལོའ་ིཟར་བུ་ཏ་ལ་ལཿ སྙན་ཆ་གདུབ་བུ་ཀྱི་ལི་ལིཿ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོཿ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅསཿ རྡོ་རྗེའི་གླུ་དང་གར་ལ་རོལཿ དེ་ལྟར་ཐུགས་ཀྱི་འཁོར་ལོའ་ིལྷ་ཐམས་ཅད་ནམ་མཁའ་ལ་སྤྱོད་པའི་ཚུལ་གྱིས་བཞུགས་ཤིང་། ཐམས་ཅད་ཀྱང་སྐུ་མདོག་སྔོན་པོ། ཀེང་རུས་ཆེན་པོ་ལ་སོགས་པ་དཔའ་བོ་བརྒྱད་དང་། གཏུ་མིག་མ་ལ་སོགས་ཏེ། རྣལ་འབྱོར་མ་ཡི་མངོན་རྟོགས་གྲུབ་ཆེན་ལུ་ཡི་པས། དཔའ་བོ་ཐམས་ཅད་ཞལ་གཅིག་ལ་སྤྱན་གསུམ་པ་ཕྱག་བཞི། རལ་པའི་ཐོར་ཚུགས་དང་། དར་དཔྱངས་ཅན། འཁྱུད་པའི་ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ། ཕྱག་གཡོན་པར་ཁ་ཊཱཾ་ཀ། གཡས་པ་ན་ཌ་མ་རུ། ཕྱག་རྒྱ་ལྔ་ལ་སོགས་པ་དང་ལྡན་པའི་སྐུ་གཡས་བརྐྱང་གི་བཞུགས་པའོ། །དེ་བཞིན་དུ་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། །འཁྱུད་པའི་ཕྱག་གིས་ཐོད་པ་དང་། །གདུག་ལ་སྡིག་མཛུབ་གྲི་གུག་ཅན། །སྤྱན་གསུམ་དྲག་པོའ་ིགཟུགས་ཅན་མ། །སྐྲ་གྲོལ་བས་ནི་རྣམ་པར་མཛེས། །གཉིས་མེད་སྦྱོར་བས་སྙོམ་པར་བཞུགས། །ཕྱོགས་ཀྱི་ན་བཟའ་བསྣམས་པའི་མཆོག །མགུལ་རྒྱན་ནོར་བུ་དཔུང་བརྒྱན་དང་། །རྣ་ཆ་དང་ནི་ཚངས་སྐུད་ཅན། །མགོ་བོའ་ིཕྲེང་བས་མགུལ་བརྒྱན་པ། །སྐེ་རགས་སིལ་སིལ་སྒྲ་སྒྲོགས་པའོ། །ཞེས་སོ། །དེ་དག་གི་འཁོར་དུ་ནམ་མཁའ་ལ་འགྲོ་བའི་དཔའ་བོ་སྐྱེས་པའི་གཟུགས་ཅན་དང་ནི། མཁའ་འགྲོ་མ་སྟེ་བུད་མེད་ཀྱི་གཟུགས་ཅན་བསམ་གྱིས་མི་ཁྱབ་པ་དང་། །དེ་དག་ཕྱི་འདོད་ཡོན་རོལ་པའི་ཚོགས་ཀྱི་འདུ་བར་ཡུལ་སོ་སོ་ནས། གཤེགས་སུ་གསོལ་བར་བསྐུལ་བ་དང་། ནང་ཨ་ཧཾ་མཉམ་སྦྱོར་གྱི་ཚོགས་གྱི་འདུ་བར་རྩ་ཁམས་སོ་སོའ་ིདཔའ་བོ་མཁའ་འགྲོའ་ིརང་བཞིན་ཁམས་དཀར་དམར་འཁོར་ལོ་བཞིའི་གནས་སུ་དགའ་བཞི་ཉམས་སུ་མྱོང་ཕྱིར་གཤེགས་སུ་གསོལ་བ་དང་། གསང་བ་རྩ་གནས་རྣམས་ཀྱི་མདུད་པ་གྲོལ་ནས་མ་རིག་བཅུ་གཉིས་རིམ་གྱིས་དག་ནས་ས་ལམ་གྱི་ཡོན་ཏན་རྫོགས་པར་བསྐུལ་བའོ། །དེ་ལྟར་འབྱོན་པའི་ཡབ་རྣམས་རྩའི་མདུད་པ་ཐམས་ཅད་གྲོལ་བྱང་སེམས་གཙུག་ཏོར་གྱི་རྩེར་སོན་པ་དབུ་སྐྲ་རལ་པའི་ཐོར་ཚུགས་ལྡེམ་སེ་ལྡེམ་པར་གཡོ་བ་ལྟེ་བ། ངེས་བརྗོད་རྩེ་མོ་ལས། རོ་མ་རྐྱང་མ་ཀུན་འདར་མ། །མདུད་པ་འཁོར་བའི་འཁྲུལ་སྣང་སྟེ། གྲོལ་བས་ཡེ་ཤེས་མྱ་ངན་འདའོ། །ཞེས་སོ། །ཡུམ་རྣམས་ཀྱང་ཆོས་རྣམས་ལ་བདག་ཏུ་འཛིན་པ་གྲོལ་བའི་དབུ་སྐྲ་ལྷོད་འཆིངས་སུ་གྲོལ་བའི་ལྕང་ལོའ་ིཟར་བུ་སྐུ་རྒྱབ་དུ་ཏ་ལ་ལ་སྟེམ་གཟིངས་པར་བཤོད་གནས་པ་དང་། ཡབ་ཡུམ་གཉིས་ཀ་བདེ་བ་ཆེན་པོ་གཡོས་པས་ཕན་ཚུན་འཁྱུད་པ་ལ་སོགས་པའི་ཕྱག་རྒྱས་ནོར་བུས་བརྒྱན་པའི་སྙན་ཆ་དང་ཕྱག་ཞབས་ཀྱི་གདུབ་བུ་ཀྱི་ལི་ལི་འགལ་མེད་བཞིན་དུ་འཁོར་བ་དང་། དེ་བཞིན་རུས་པའི་རྒྱན་དང་གཡེར་ཁ་དང་དྲིལ་ཆུང་ཀུན་ཀྱང་ཕན་ཚུན་ཐབས་པའི་སྒྲ་ཁྲོལ་ལོ་ལོ་སྒྲོགས་ཅིང་། ཡབ་དང་འཁོར་ཚོགས་ཀྱི་ཕྱག་གི་ཅང་ཏེའུ་དང་། དྲིལ་བུ་ཀུན་ཀྱང་འགྲོ་བ་བདེ་ཆེན་གྱི་ལམ་ལ་སྦྱོར་ཕྱིར་སྒྲ་འཁྲོལ་བ་དང་བཅས་ཏེ། ཨེ་མ་ཀ་རི་ཀ་རི་ལ་སོགས་པ་མ་སྐྱེས་པས་ན་མི་འགག་པ་ལ་སོགས་ཀྱི་ངག་རྡོ་རྗེའི་གླུ་དང་། སྐུ་ལུས་ཕྱག་རྒྱ་གར་གྱི་རྣམ་པ་ལ་རོལ་བའོ། །གསུམ་པ་ཚོགས་ཀྱི་འཁོར་ལོ་འབུལ་བ་ནི། །འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལཿ དམ་ཚིག་ཉམས་པ་ཐོ་ལོ་བཤགསཿ ཕྱི་ནང་བར་ཆད་དབྱིངས་སུ་སྒྲོལཿ མཆོག་དང་མཐུན་མོང་དངོས་གྲུབ་སྩོལཿ ཞེས་པས། ཚོགས་ཕུད་དང་པོ་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་བྲོ་བ་ལུས་ཀྱི་ཡུལ་དུ་རེག་བྱ་མཇམ་པ། ཡིད་ཀྱི་ཡུལ་དུ་བདེ་སྟོང་ཡེ་ཤེས་ཆེན་པོའ་ིདགའ་བ་ལས་མི་འདའ་བ་དུ་མས་སྤྲུལ་པའི་ལྷ་མོའ་ིསྤྲིན་འདོད་ཡོན་དྲུག་གི་ལོངས་སྤྱོད་ཟད་མི་ཤེས་ཚོགས་སུ་འབུལ་བ་སྟེ། བདེ་མཆོག་ལས། །སྔགས་པས་རྟག་ཏུ་མཉམ་བཞག་པས། །མཚན་མ་ནམ་མཁའི་གོས་ཅན་བྱས། སྐྱེས་པའི་གལ་ཏེ་གཡོན་པ་རུང་། །རྣལ་འབྱོར་མ་ཀུན་དཔའ་བོ་མཉེས། །ཕྱག་རྒྱ་གར་གྱི་མཆོད་པ་ཡིས། །རང་བྱུང་རྟག་ཏུ་མཆོད་ན་ནི། །མ་ལུས་ལུས་པ་མེད་འགྲུབ་ཅིང་། །གཡོན་པའི་མཆོད་པ་རབ་ཏུ་འགྲུབ། །ཞེས་རྟགས་ཀྱི་སྒོ་ནས་མཁའ་འགྲོ་མ་ཚོགས་དང་། །ཀུན་སློང་གི་སྒོ་ནས་གཡོན་པ་ཞེས་པ་བསྟན་པར་རིག་པར་བྱའོ། །ཞེས་རྗེ་བླ་མས་གསུང་ངོ་། །གཉིས་པ་དམ་རྫས་བདུད་རྩི་ཕུལ་བས་རྩ་བའི་དམ་ཚིག་སྐུའི་ཕྱིའི་ཕྱི་སྲོག་མི་གཅོད་པ་སོགས་དགུ ། གསུང་གི་དགུ་ཐུགས་ཀྱི་དགུ་སྟེ་ཉེར་བདུན་དང་། །ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ། །མེད་པ། ཕྱལ་ཁ་ལྷུན་གྲུབ་གཅིག་པུ་ཏེ་དེ་དག་ལས་འདས་པ་དང་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ་ཞེས་སྟོབས་བཞིའི་སྒོ་ནས་བཤགས་པ་དང་། གསུམ་པ་ཕྱིའི་བར་ཆད་འབྱུང་བ་གཅན་གཟན་དུག་མཚོན་རྒྱལ་པོའ་ིཆད་པ་སོགས་དང་། ནང་གི་བར་ཆད་ནད་གདོན་རྣམ་གཡེང་འདུ་འཛིན་སོགས་དང་། གསང་བའི་བར་ཆད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པར་གྱུར་པ་སྟེ་མདོར་ན་བདག་ལྟའི་དབང་གིས་ཅི་བྱུང་བ་ཐམས་ཅད་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་ཀློང་དུ་སྒྲོལ་བ་སྟེ། ཧེ་རུ་ཀ་གལ་པོ་ལས། །དང་པོ་འདོད་ཡོན་དྲུག་གིས་མཆོད། །གཉིས་པ་དམ་རྫས་བདུད་རྩིའི་བཤགས། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབས། །ཞེས་དང་། རང་གཞུང་དཔལ་ཆེན་འདུས་པ་ལས། །སངས་རྒྱས་དམ་ཚིག་བླ་ན་མེད། ཅེས་སོགས་དང་པོ་དང་། གང་ཞིག་འཁྲུལ་པར་གྱུར་པ་དེ་ནས་བཟུངཿ ཞེས་གཉིས་པ་དང་། ཨེ་ལས་ཐར་མེད་སྲིད་པའི་འབྲུབ་ཁུང་དུ། ཞེས་སོགས་སྒྲལ་སྟོབས་བསྟན་པའི་དོན་རྣམས་ཀྱང་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ཐུགས་དམ་སྐོང་ནས་མཆོག །ཁ་སྦྱོར་ཡན་ལག་བདུན་ལྡན་དང་། །ཐུན་མོང་གྲུབ་པ་བརྒྱད་ལ་སོགས་པས་ལམ་དང་འབྲས་བུའི་ཡོན་ཏན་མཐའ་དག་གི་དངོས་གྲུབ་སྩོལ་བར་མཛོད་ཞེས་པའོ། །གཉིས་པ་གསུང་གི་འཁོར་ལོ་ནི་ལོངས་སྤྱོད་འཁོར་ལོ་ལམྤ་ཀཿ མཆན་དང་མཁལ་ཁུང་ཀ་མ་རུཿ ནུ་མ་གཉིས་ནི་ཨོ་ཊི་སྟེཿ ལྟེ་བ་ཏྲི་ཤ་ཀུ་ནའི་གྲོངཿ སྣ་ཡི་རྩེ་མོ་ཀོ་ས་ལཿ ཡར་རྐན་ཀ་ལིངྐ་ཡི་ཡུལཿ སྙིང་ཁ་ཀཉྩི་ཀ་དང་ནིཿ ཧི་མ་ལ་ཡའི་གྲོང་ཁྱེར་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ ཞེས་པས་མགྲིན་པ་ལོངས་སྤྱོད་འཁོར་ལོ་ན་རྩ་བ་མིན་དང་འདྲ་བར་ཚ་བས་ན་ཚ་བ་མ། ལྟོ་བ་འབབ་པ། དེའི་ཡུལ་ལམ་པ་ཀར། དཔའ་བོ་རྡོ་རྗེ་བཟང་པོ་དང་། རྣལ་འབྱོར་མ་ཤིན་ཏུ་བཟང་མོ། །དོན་བརྩོན་འགྲུས་ཀྱི་དབང་པོའ།ི ། མཆན་དང་མཁལ་ཁུར་རྩ་གཉིས་ཉོན་མོངས་སུན་འབྱིན་པས་སྐྱོན་ལྡན་མ། མིག་འབབ། ཡུལ་ཀ་མ་རུ། དཔའ་བོ་མྱུ་གུ་ཅན་དང་། རྣལ་འབྱོར་མ་སྲུང་མ་དོན་འདུན་པའི་རྫུ་འཕྲུལ་གྱི་རྐང་པའོ། །ནུ་མ་གཉིས་ཀྱི་རྩ་ལུས་གཟུང་བསྐྱེད་པར་བྱེད་པས་འཇུག་པ་མ། འཁྲིས་པ་འབབ། དེ་ཡུལ་ཨོ་ཊེ་སྡེ་དཔའ་བོ་རྡོ་རྗེ་རལ་པ་ཅན་དང་། རྣལ་འབྱོར་མ་འཇིགས་བྱེད་ཆེན་མོ། །དོན་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ། ཕྱི་མ་འདི་གཉིས་འཁོར་ལོ་བཞིའི་རྩ་བརྒྱད་ནས་བྱང་སེམས་གནས་པ་ལ་བརྟེན་ནས་བདེ་བ་ཆེན་པོའ་ིས་ལ་སྤྱོད་པས་ཞིང་ངོ་། །ལྟེ་བར་རྩ་ཐམས་ཅད་བསྐྱེད་པར་བྱེད་པས་མ་མོ་གློ་བར་འབབ་པ། གློ་འབབ་མ། དེ་ཡུལ་ཏྲི་ཤ་ཀུ་ནི། དཔའ་བོ་རྡོ་རྗེ་ཧཱུཾ་མཛད་དང་། །རྣལ་འབྱོར་མ་ཆང་འཐུང་མ་དོན་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ། །འདི་གཉིས་བདེ་བ་ཆེན་པོ་ལ་རེས་འགའ་ལོངས་སྤྱོད་པས་ཉེ་ཞིང་ངོ་། །ཁའི་ཡ་རྐན་རྩ་ཞི་བ་ཉིད་ཀྱིས་བསིལ་སྦྱིན་མ། ཆུ་རྒྱུས་འབབ་པ། དེ་ཡུལ་ཀ་ལིངྒ་། དཔའ་བོ་རབ་ཏུ་བཟང་པོ་དང་། རྣལ་འབྱོར་མ་སྔོ་སངས་ལྷ་མོ། །དོན་དད་པའི་དབང་པོ། །འདི་དང་གོང་གི་ལམྤ་ཀ་གཉིས་བདེ་བ་ཆེན་པོ་ལ་བརྟེན་ནས་རྣམ་རྟོག་རྟག་ཏུ་འཁྲུད་པས་མཚན་རྡོ་ཧའོ། །སྙིང་ཁའི་རྩ་ཟླ་བ་ལྟ་བུས་ན་འབབ་པའི་ཚད་མའམ་གཞོལ་བ། བཤང་བ་འབབ་པ། དེ་ཡུལ་ཀཉྩི་ཀ། དཔའ་བོ་འཇིགས་བྱེད་ཆེན་པོ་དང་། རྣལ་འབྱོར་མ་རྟ་རྣམ། དོན་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་དེ་ཉིད་དང་ཡང་ནི་དྲན་པའི་ཆ་རྩ་ས་བོན་གྱི་མཛོད་དབང་པོའ་ིསྒོ་ང་གཉིས་སྐྲ་མཚམས་འབབ་པ། དེ་ཡུལ་ཧི་མ་ལ་ཡའི་གྲོང་ཁྱེར་དཔའ་བོ་མིག་མི་བཟང་དང་། རྣལ་འབྱོར་མ་མཁའ་འགྲོ་གདོང་མ་སྟེ། དོན་ཆོས་རབ་རྣམ་འབྱེད་བྱང་ཆུབ་ཀྱི་ཡན་ལག །འདི་གཉིས་རྣམ་རྟོག་རེ་འགའ་འཁྲུངས་པས་ཉེ་བའི་ཚན་དྷོ་གསུང་གི་འཁོར་ལོའ་ིལྷ་ས་ལ་སྤྱོད་པའི་ཚུལ་གྱིས་བཞུགས་པའི་རྣལ་འབྱོར་མ་ཀུན་ཀྱང་ཐམས་ཅད་ཀྱང་སྐུ་མདོག་དམར་པོའ།ོ ། མཁའ་འགྲོ་དང་ནི་མཁའ་འགྲོ་མཿ མན་གོང་བཞིན་ནོ། །གསུམ་པ་སྐུའི་འཁོར་ལོ་ནི། །མཚན་མ་སྟེ་ཏ་པུ་རིའི་ཞིངཿ བཤང་ལམ་གྲི་ཧཱ་དཱེ་ཝའི་ཡུལཿ མཐེ་བོང་མ་རོ་བརླ་རཥྚཿ བྱིན་བསུ་ཝ་རྞ་དཱི་ཝཿ སོར་མོ་བཅུ་དྲུག་ནཱ་ག་རཿ སྤུས་མོ་ཀུ་ལནྟ་དང་ནིཿ བོལ་གོང་སིནྡྷུའི་གྲོང་ཁྱེར་ནཿ བཞུགས་པའི་དཔའ་བོ་རྣལ་འབྱོར་མཿ ཞེས་པས། མཚན་མ་ནི་རྩེ་བེམ་པོས་བསྡུས་པའི་གཟུགས་ཅན་མའམ་གཟུགས་བཟང་མ། བད་ཀན་ནཾ་རེག་བྱ་འབབ་པ། །དེ་ཡུལ་པྲེ་ཏ་པུ་རིའི་ཞིང་ཁམས་དཔའ་བོ་སྟོབས་པོ་ཆེ་དང་། རྣལ་འབྱོར་མ་འཁོར་ལོའ་ིཤུགས་ཅན་དོན་ཏིང་ངེ་འཛིན་བྱང་ཆུབ་གྱི་ཡན་ལག་གོ ། གཤང་པའི་ལམ་རྩ་མཉམ་པའི་དངོས་པོ་སྤྱི་མ། རྣག་འབབ་པ། དེ་ཡུལ་གྲི་ཧ་དཱེ་ཝའི་ཡུལ་དཔའ་བོ་རིན་ཆེན་རྡོ་རྗེ་དང་། རྣལ་འབྱོར་མ་དུང་བསྐྱེད་མ། །དོན་བརྩོན་འགྲུབ་བྱང་ཆུབ་ཀྱི་ཡན་ལག་འདི་གཉིས་གོང་གི་རྣམ་རྟོག་འཁྱུད་པ་ལ་བརྟེན་ནས། དེ་ཁོ་ན་ཉིད་ཀྱི་རྟོགས་པ་བསྐྱེད་པས་འདུ་བའོ། །རྐང་པའི་མཐེ་བོང་གཉིས་ཀྱི་རྩ་ཉོན་མོངས་སྟེ་འཚད་མ། ལུང་པ་སྐམ་པོ་འབབ་པ་ཡུལ་མ་རུ། དཔའ་བོ་རྣམ་པར་སྣང་མཛད་དང་། །རྣལ་འབྱོར་མ་འཁོར་ལོས་བསྒྱུར་མ། །དོན་ཡང་དག་པའི་རྟོག་པའོ། །བརླ་གཉིས་ཡིད་དགའི་རྒྱུ་ཀུན་སྟེར་བས་རྒྱུ་བྱིན་མ། ཁྲག་འབབ་པ། དེ་ཡུལ་སཽརཥྚ། དཔའ་བོ་རྟ་མགྲིན་དང་། རྣལ་འབྱོར་མ་ཆང་ཚོང་མ། དགའ་བ་ཡང་དག་བྱང་ཆུབ་ཀྱིས་ཡན་ལག་གོ། བྱིན་པའི་རྗེན་དར་སྦྱོར་བ་ཐམས་ཅད་མེད་པས་སྦྱོར་བྲལ་ལ་རྡུལ་འབབ་པ། དེ་ཡུལ་སུ་ཝཪྞ་དཱིབ། དཔའ་བོ་ནམ་མཁའི་སྙིང་པོ་དང་། །རྣལ་འབྱོར་མ་འཁོར་ལོའ་ིགོ་ཆ། །དོན་ཤིན་ཏུ་སྦྱངས་བྱང་ཆུབ་ཀྱི་ཡན་ལག །འདི་གཉིས་རྟོགས་པ་རི་དགའ་བསྐྱེད་པས་ཉེ་འདུའོ། །རྐང་པའི་སོར་མོ་བཅུ་དྲུག་གི་ཕྱེད་དེ་བརྒྱད་རྩ་བ་དགའ་བ་སྡུད་པས་སྡུག་གུ་མ། ཚལ་ཏེ་སྨོན་ཆུ་འབབ་པ། དེ་ཡང་སྡོམ་བྱུང་ལས། རྐང་པའི་སོར་མོ་ནཱ་ག་ར། །རྟག་ཏུ་ཚིལ་འབབ་ཤེས་པར་བྱ། །ཞེས་དང་། རྡོ་རྗེ་མཁའ་འགྲོའ་ིའགྲེལ་བར། སོར་མོ་རྣམས་ནི་རྐང་པའི་སོར་མོ་ཕལ་པ་བརྒྱད་དོ། །ཞེས་པའི་རྗེས་སུ་འཕྲོད། །དེ་ཡུལ་ན་ག་ར། དཔའ་བོ་དཔལ་ཧེ་རུ་ཀ་དང་། །རྣལ་འབྱོར་མ་ཤིན་ཏུ་དཔའ་མོ། །བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གོ། །པུས་མོ་གཉིས་རྩ་ཤེས་རབ་ཀྱི་ལྷ་མོ་ཡིན་པས་ཡིད་བཟང་མ། བྱིས་པའི་སྣབས་དང་ཁ་ཆུ་འབབ་པ། ཡུལ་ཀུ་ལུ་ཏ། དཔའ་བོ་རྡོ་རྗེ་སེམས་དཔའ་དང་། །རྣལ་འབྱོར་མ་བརྩོན་འགྲུས་ཆེན་མོ། །ཡང་དག་བྱང་ཆུབ་ཀྱི་ཡན་ལག །གོང་གི་མཐེ་བོང་མ་རུང་འདི་གཉིས་རྣམ་རྟོག་རེས་འགའ་སྤོང་བས་ཉེ་བའི་དུར་ཁྲོད་དོ། །རྐང་པའི་རྒྱབ་བོལ་གོང་གཉིས་དངོས་གྲུབ་སྦྱིན་པས་གྲུབ་མ་མྱ་ངན་དང་མཆིལ་མ་འབབ་པ། དེ་ཡུལ་སིནྡྷུ། དཔའ་བོ་པདྨ་གར་གྱི་དབང་ཕྱུག་དང་། །རྣལ་འབྱོར་མ་སྟོབས་ཆེན་མ། དོན་ཡང་ནག་པའི་དག་གོ། འདི་དང་གོང་གི་ནཱ་ག་ར་གཉིས་རྣམ་རྟོག་རྟག་པར་སྤོང་པའི་དུར་ཁྲོད་དོ། །སྐུའི་འཁོར་ལོ་ས་འོག་ན་སྤྱོད་པའི་ཚུལ་གྱིས་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་དག་ཀྱང་ཐམས་ཅད་སྐུ་མདོག་ཕྱག་མཚན་ནི་འཁོར་ལོ་གསུམ་ཀ་མཐུན་ནོ། །ལྷག་མ་གོང་ལྟར་རོ། །ཐམས་ཅད་སྐུ་མདོག་དཀར་སྟེ། དེ་དག་ཀྱང་སྡོམ་བྱུང་ལས། རྩ་ཡི་གནས་དང་ཡུལ་རྣམས་ནི། །ཉི་ཤུ་རྩ་བཞིའི་གྲངས་ཡིན་ཏེ། །ཞེས་དང་། སཾ་བྷུ་ཊར། པཱུ་ལི་རར་ནི་མི་ཕྱེད་མ། །སོ་དང་སེན་མོ་འབབ་པར་བརྗོད། །འབར་བ་འཛིན་པའི་པྲ་གཟུགས་མ། །དེ་བཞིན་སྐྲ་དང་བ་སྤུ་འབབ། །ཨོ་རྒྱན་གནས་ནི་ཆེན་མོ་ལ། །བརྩེ་བ་མ་ནི་རྣམ་པར་གནས། །རྣ་བ་གཡས་པར་གནས་ནས་ནི། །པགས་པ་དྲི་མ་རྣམ་པར་གནས། །ཞེས་སོགས་ནས། ཀུ་ལུ་ཏར་ནི་ཡིད་བཟང་མ། །ཤ་དང་སྣབས་ནི་འབབ་པར་གནས། །ཞེས་པའི་བར་ཚིགས་སུ་བཅད་པ་ཕྱེད་དང་བཅུ་དྲུག་གི་བསྟན་ཅིང་། །ཀུན་སྤྱོད་ལས་ཀྱང་། པཱུ་ལིར་མ་ལ་མགོ་ལ། །ཛ་ལནྡྷ་ར་སྤྱི་གཙུག་ལ། །སོགས་ཚིགས་བཅད་དྲུག་གིས་བཤད་ཀྱང་ཧ་ཅང་མཐའ་ཀླས་པས་ལུང་ཟུར་སྨོས་ཏེ་བཞག་གོ། །སྙིང་ནང་དུ་རྣམ་པ་གསུམ་གྱི་འཇུག་པས་བསྐོར་བས་གསུམ་བསྐོར་མ། གཟུགས་འབབ་པ། འདོད་ཡོན་ཀུན་དང་ལྡན་པས་འདོད་མ་སྒྲ་འབབ་པ་ཁྱིམ་གྱི་བདག་པོ་ཡིན་པས་ཁྱིམ་མ་དྲི་འབབ་པ་གཏུམ་པའི་ལས་བྱེད་པས་གཏུམ་མོ་རོ་འབབ་པ། བདུད་འཇོམས་པར་བྱེད་པས་བདུད་བྲལ་མ་རེག་བྱ་འབབ་པ་སྟེ་རིམ་པ་བཞིན། ཡང་དག་པའི་ལས་ཀྱི་མཐའ། འཚོ་བ། རྩོལ་བ། དྲན་པ། ཏིང་འཛིན་ནོ། །རྐྱང་མ་རོ་མ་དབུ་མ་གསུམ། དྲན་པ་ཏིང་འཛིན་ཤེས་རབ་ཀྱི་དབང་པོའ།ི ། སྙིང་ཁའི་ཡན་ལག་གི་རླུང་གི་རྟེན་རྩ་སུམ་བཅུ་རྩ་གཉིས་སུ་མ་བགྲངས་པས། འགའ་ཞིག་གི་སྦས་རྩ་ཟེར། སྟོབས་ལྔ་དང་སྦྱར་བས་རྩ་དང་བྱང་ཕྱོགས་སོ་བདུན་གྲངས་མཉམ་མོ། །རྩ་ཉེར་བཞིར་དཔའ་བོ་མཁའ་འགྲོ་གནས་ཚུལ་ཡང་སྡོམ་པའི་ཞེ་གཅིག་པར། རྣལ་འབྱོར་མ་དྲུག་ཀུ་ལུ་ཏ། །མ་ལུའི་ཡུལ་ན་མོ་རྣམས། །ཞེས་པ་ནས། ས་སྟེང་ན་ནི་རྫོགས་པར་འགྱུར། །ཞེས་པའི་བར་ལུས་དཀྱིལ་མངོན་བརྗོད་ན་བསྟན་པ་བཞིན་ནོ། །དེ་བཞིན་དཔའ་བོ་དང་རྣལ་འབྱོར་མ་དག་ཀྱང་དྲག་པོ་འཇིགས་བྱེད་བཏུལ་བའི་ཚེ་གདུལ་བྱའི་མིང་གདུལ་བྱེད་ལ་བརྟགས་པ་སྟེ། ངོ་བོ་ནི། ཐོད་པའི་དུམ་བུ་ཀུན་ཏུ་བཟང་པོ། ཀེང་རུས་ཆེན་པོ་འཇམ་དབྱིངས་ཀེང་རུས་ཅན་སྤྱན་རས་གཟིགས་མཆེ་བ་རྣམས་གཙིགས་པ་སྙིང་། ལྷ་དགྲ་ཕྱག་རྡོར། རྡོ་རྗེ་འོད་དཔག་མེད་བྱམས་པ། རྡོ་རྗེ་འོད་ནམ་སྙིང་། རྡོ་རྗེའི་སྐུ་ནམ་མཁའ་མཛོད། རབ་གཏུམ་མོ་རྡོ་རྗེ་ཕོ་ཉ་མོ། གཏུམ་མིག་མ་བསྐུལ་བྱེད་མ། །འོད་ལྡན་མ་རིན་ཆེན་སྒྲོལ་མ། །སྣང་བྱེད་མ་རྡོ་རྗེ་ཉི་མ། །དཔའ་བོའ་ིབློ་གྲོས་མ་རོ་ལངས་མ། །མིའུ་ཐུང་ན་རྡོ་རྗེ་གཞོན་ནུ་མ། །ལང་གའི་དབང་ཕྱུག་མ་ནི་སྐམ་བུ་འཛམ། །ཤིང་གྲིབ་སངས་རྒྱས་བྱང་ཆུབ་མ་སྟེ་ཐུགས་འཁོར་རོ། །རྡོ་རྗེ་མྱུ་གུ་གྲིབ་སེལ་མ་རྡོ་རྗེ་རལ་པ་ཅན་སྤོས་ཀྱི་གླང་པོ། །དཔའ་བོ་ཆེན་པོ་བློ་གྲོས་མི་ཟད་པ། རྡོ་རྗེ་ཧཱུྃ་མཛད་ཡེ་ཤེས་རྟོག །རྡོ་རྗེ་བཟང་པོ་ནི་སྤོབས་པ་བརྩེགས་པ། །རབ་ཏུ་བཟང་པོ་ནི་མྱ་ངན་དང་མུན་པ་ཀུན་འཇོམས། འཇིགས་བྱེད་ཆེན་པོ་ནིངན་སོང་ཀུན་འདྲེན། མིག་མི་བཟང་དྲ་བ་ཅན་གྱི་འོད། །ས་སྲུང་མ་ནི་ཡེ་ཤེས་སྒྲོལ་མའོ། །འཇིགས་བྱེད་ཆེན་མོ་ནི་རྡོ་རྗེ་འཇིགས་བྱེད་མའོ། །ཆང་འཐུང་མ་ནི་རྒྱན་ལྡན་མའོ། །སྔོ་སངས་མ་ནི་སྒྲོལ་མའོ། །རབ་བཟང་མ་ནི་གོས་དཀར་མོ། །རྟ་སྣ་མ་ནི་ཉེ་བའི་སྤྱན། བྱ་གདོང་མ་ནི་ཉེ་བའི་མ་མཱ་ཀཱི་སྟེ་གསུང་འཁོར་རོ། །སྟོབས་པོ་ཆེ་ནི་ཟླ་འོད་གཞོན་ནུ། །རྡོ་རྗེ་རིན་ཆེན་ནི་རྡོ་རྗེ་འོད། །རྟ་མཆོག་ནི་ཉི་མའི་སྙིང་པོ། །ནམ་མཁའི་སྙིང་པོ་ནི་རྡོ་རྗེ་འོད་ཟེར། །ཧེ་རུ་ཀ་ནི་མཐུ་ཆེན་ཐོབ། །པདྨ་གར་དབང་ནི་ནོར་བཟང་། རྣམ་པར་སྣང་མཛད་ནི་བཟང་སྤྱོད། །རྡོ་རྗེ་སེམས་དཔའ་ནི་བློ་གྲོས་རྒྱ་མཚོ། །ཤུགས་ཅན་མ་ནི་རྒྱལ་མཚན་རྩེ་མོ། །དུམ་སྐྱེས་མ་སོ་སོར་འབྲང་མ། རྐོས་རིག་མ་རྒྱ་ཆེན་མོ། །འཁོར་ལོའ་ིགོ་ཆ་མ། ལོ་མ་གྱོན་མ། རབ་ཏུ་དཔའ་མོ་རྡོ་རྗེ་ལུ་གུ་རྒྱུད། །སྟོབས་ཆེན་མ་ཕྱིར་བཟློག་ཆེན་མོ། །འཁོར་ལོ་སྒྱུར་བ་ནི་གཙུག་ཏོར་གདུགས་དཀར། །བརྩོན་འགྲུས་ཆེན་མོ་ནི་རྡོ་རྗེ་འཇིགས་བྱེད་དེ་རྣམས་སྐུའི་འཁོར་ལོ་ཏེ་ཀུན་སྤྱོད་དུ། ཐོད་པའི་དུམ་བུ་སོགས་འཁོར་གསུམ། །ཉི་ཤུ་རྩ་བཞི་གཉིས་མེད་ཡིན། །སེམས་ཅན་འཁོར་བ་ལས་བསྒྲོལ་པས། །དཔའ་བོ་ཉིད་ནི་ཡིན་པར་བཤད། །སོགས་གསུངས་སོ། །བརྒྱད་པ་བཤགས་པ་ལ་བཅུ་ལས། །དང་པོ་ནི་ཡེ་ཤེས་མཁའ་འགྲོའ་ིལྷ་ཚོགས་དགོངས་སུ་གསོལ། །ཞེས་པས། ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་སྐུ་བཞི་ཡེ་ཤེས་ལྔས་བསྡུས་པའི་ལྷ་ཚོགས་འཁོར་རིན་ཆེན་རྒྱ་མཚོའི་ཚོགས་དང་བཅས་པ་བདག་ལ་དགོངས་སུ་གསོལ་ཞེས་པའོ། །གཉིས་པ་སྡིག་པ་མི་དགེ་བ་བཤགས་པ་ནི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གྱུར་པསཿ ལུས་ངག་སེམས་ཀྱིས་སྡིག་སྤྱད་མཐོལ་ལོ་བཤགསཿ ཞེས་པས་བག་མེད་ཀྱི་དབང་གིས་སོ་སོ་འདོད་ལ་རྣམ་པར་ཆགས་པ་དང་ཀུན་ཏུ་མནར་སེམས་ཞེ་སྡང་དང་། ལས་རྒྱུ་འབྲས་ལ་རྨོངས་པ་སོགས་གཏི་མུག་གི་དབང་དུ་གྱུར་པས་སྲོག་གཅོད་དང་། མ་བྱིན་ལེན་དང་། མི་ཚང་སྤྱོད་དེ་ལ་ལས་ཀྱི་ལས་གསུམ་དང་། རྫུན་ཕྲ་མ། ངག་འཁྱལ། ཚིག་རྩུབ་སྟེ་ངག་གི་བཞི། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་སོགས་མི་དགེའི་ཕྱི་མོ་བཅུ་དང་། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ། ལྕི་བ་བཅུ་དྲུག །ལོག་པ་བརྒྱད་སོགས་སྡིག་པ་མི་དགེ་བའི་ཚོགས་དང་། སོ་སོར་ཐར་པ་རིགས་བདུན་གྱི་སྡོམ་པ། །བྱང་ཆུབ་སེམས་དཔའི་བསླབ་སྡོམ་པ་ཉི་ཤུ་དང་ནག་ཆོས་བཞི་སོགས། རྩ་བ་དང་ཡན་ལག་སོགས་གསང་སྔགས་ཀྱི་དམ་ཚིག་ཉམས་པའི་སྡིག་ལྟུང་ཉེས་ཚོགས་ཅི་མཆིས་པ་མཐོལ་ལོ་བཤགས་སོ། །གསུམ་པ་ཐེག་ཆེན་ལས་ཉམས་པའི་ཉེས་པ་བཤགས་པ་ལ་གཉིས་ཀྱི་དང་པོ་ཡང་དག་དོན་མ་རྟོགས་པ་ནི་ཐེག་པ་དམན་པའི་དབང་དུ་གྱུར་པས་ན། །ཡང་དག་དོན་མ་རྟོགས་པ་མཐོལ་ལོ་བཤགསཿ ཞེས་པས་རང་ཉིད་དང་པོར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་ཞུགས་ཏེ་དེ་མནོས་ཀྱང་། ཐེག་པ་དམན་པ་ཉན་རང་གི་དབང་དུ་བློ་གྱུར་པས་ན། གཞན་དོན་ལ་དམིགས་པའི་དམིགས་པ་དང་། ཐབས་ཤེས་འབྲེལ་བའི་བསྒྲུབ་པ་དང་། བདག་མེད་རྟོགས་པའི་ཡེ་ཤེས་དང་། བརྩོན་པ་ནམ་ཡང་མི་འདོར་བས་བརྩོན་འགྲུས་དང་། འགྲོ་ལ་ཕན་བདེའི་ཐབས་དང་། མི་གནས་པའི་མྱ་ངན་ལས་འདས་པས་དོན་གཉིས་ལྷུན་གྱིས་གྲུབ་པས་གྲུབ་པ་དང་། སངས་རྒྱས་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་གཞན་དོན་མཛད་པས་མཛད་པ་སྟེ་ཆེན་པོ་བདུན་ནི་མདོ་སྡེའི་རྒྱན་ལས། དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་བསྒྲུབ་པ་གཉིས་དག་དང་། །ཡེ་ཤེས་རྩོལ་པ་བརྩལ་པ་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཞེས་གསུངས་པའི་ཡང་དག་པའི་དོན་མ་རྟོགས་ཏེ་ཕྱིན་ཅི་ལོག་གི་ལམ་དུ་ཞུགས་པ་མཐོལ་ལོ་བཤགས་པའོ། །གཉིས་པ་སྤྱོད་པ་ཉམས་པ་བཤགས་པ་ནི། སྙིང་རྗེ་ཆུང་ཞིང་ཞེ་སྡང་དབང་གྱུར་པས། །འགྲོ་བའི་དོན་མ་བགྱིད་པར་མཐོལ་ལོ་བཤགས། །ཞེས་པས་གསང་སྔགས་ཀྱི་ལམ་གྱི་གཙོ་བོ་ཐབས་སྙིང་རྗེ་ཆེན་པོ་འབའ་ཞིག་གི་ལམ་དུ་འཁྱེར་དགོས་ན་དེ་ལས་ཉམས་ཏེ་སྙིང་རྗེ་ཆུང་ཞིང་བློ་ཞེ་སྡང་རང་ཀ་མའི་དབང་དུ་གྱུར་ཏེ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ། དོན་མཐུན་པ་སྟེ་བསྡུ་བའི་དངོས་པོ་བཞི། འགྲོ་བའི་དོན་ཡང་དག་པར་མ་བགྱིས་པར་རང་དོན་ཉི་ཚེའི་སྤྱོད་པས་དུས་འདའ་བ་མཐོལ་ལོ་བཤགས་པའོ། །བཞི་པ་བག་མེད་པ་བཤགས་པ། །ལེ་ལོ་གཉིད་ཀྱི་དབང་དུ་གྱུར་པ་ཡིས། །བསྒོམ་དང་བསྒྲུབ་པ་གཡེལ་བ་མཐོལ་ལོ་བཤགས། །ཞེས་པས་ཉིན་པར་ལེ་ལོ་དང་བག་མེད་གཞན་དབང་འཁྲུལ་པའི་འཁོར་ལོས་དུས་འདས་པས་སྣང་བ་སྒྱུ་མའི་ལྷ་སྐུར་མ་ཤེས་མཚན་མོ་ཉོན་མོངས་པ་གཏི་མུག་གཉིས་ཀྱི་དབང་དུ་གྱུར་ཏེ་འོད་གསལ་རང་ངོ་མ་ཤེས། ནང་ནུབ་ཀུན་ཏུ་ད་ལྟའི་ཤེས་པ་རང་ཀ་མ་འདི་ཟངས་ཐལ་རྗེན་པའི་ཆོས་སྐུ་ཡེ་གྲོལ་བློ་འདས་ཆེན་པོར་མ་ཤེས་པ་དེ་མི་བསྒོམ་པ་རང་བབས་ཀྱི་བསམ་གཏན་ལ་འཛིན་རྩོལ་གྱི་ཞེན་པས་བཅིངས་པ་དང་། བསྒྲུབ་པ་ཡེ་ནས་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་ལ་སྤང་བླང་གི་མཚན་མས་གཡེལ་བ་མཐོལ་ལོ་བཤགས་པའི། །ལྔ་པ་མཆོད་པ་ལོ་ཟླར་འདས་པ་བཤགས་པ་ནི། སེར་སྣ་འཇུར་གེགས་དབང་དུ་གྱུར་པས་ན། །མཆོད་པ་ལོ་ཟླར་འདས་པ་མཐོལ་ལོ་བཤགས། །ཞེས་པ་བློ་སྦྱིན་པའི་མི་མཐུན་ཕྱོགས་སེར་སྣ་ཆེ་བ་དང་འཇུར་གེགས་ཀྱི་དབང་དུ་གྱུར་པས་དེས་ན། དཀོན་མཆོག་གི་མཆོད་པ་དང་། རྡོ་རྗེ་སློབ་དཔོན་གྱི་བསྙེན་བསྐུར་དང་། །ཚོགས་ཀྱི་འཁོར་ལོ་ལ་སོགས་པ་བསྒྲུབ་པར་དམ་བཅས་པ་ལས། དུས་རིང་བ་ལོ། ཐུང་བ་ཟླ་བ། ཤིན་ཏུ་ཐུང་བ་ཞག་དུས་སུ་བསྒྲུབ་པར་ཁས་བླངས་པ་ལས་འདས་པ་མཐོལ་ལོ་བཤགས་པའོ། །དྲུག་པ་བླ་མའི་དམ་ཚིག་ཉམས་པ་བཤགས་པ་ནི། ང་རྒྱལ་ཁེངས་སེམས་དབང་དུ་གྱུར་པས་ན། །བླ་མའི་སྐུ་གསུང་ཐུགས་དང་འགལ་བ་མཐོལ་ལོ་བཤགས། །ཞེས་པས་རང་ཉིད་བླ་མ་ལས་རིགས་སམ་ནོར་དང་། གཟུགས་དང་། སྟོབས་དང་། དཔལ་འབྱོར་དང་། ཐོས་པ་ལ་སོགས་པའི་སྒོ་ནས་ཆེ་བར་བལྟས་ཏེ། མངོན་པའི་ང་རྒྱལ་དང་ཁེངས་པ་ཆེན་པོའ་ིསེམས་ཀྱི་དབང་དུ་གྱུར་པས་དེས་ན་བླ་མ་ལ་དངོས་སམ་ལྐོག་ནས་སྐུ་གསུང་ཐུགས་དང་འགལ་བར་བྱས་པ་ཐམས་ཅད་བཤགས་པ་སྟེ། དེ་ཡང་བླ་མ་ནི། འདྲེན་པའི་བླ་མ་ནི་ཆོས་ཀྱི་སྒོར་འདྲེན་པས་རབ་བྱུང་གི་མཁན་པོ་ལྟ་བུ། ཤེས་རྒྱུད་གྲོལ་བ་ནི། ཆོས་འཆད་པའི་སློབ་དཔོན་ལྟ་བུ། །མན་ངག་སྟོན་པ་ནི་སེམས་བསྐྱེད་པའི་དགེ་བའི་བཤེས་གཉེན་ལྟ་བུ། ཉམས་ཆགས་བསྐོང་བ་ནི་སྡིག་པའི་བཤགས་ཡུལ་དམ་ཚིག་དབང་གི་བླ་མ་ནི་རང་ཉིད་ལ་དབང་བསྐུར་ཏེ་རྒྱུད་སྨིན་པར་མཛད་པ། །སྤྱིའི་བླ་མ་ནི་བཀའ་དྲིན་ཅུང་ཟད་ཐོབ་ཅིང་ཀུན་གྱིས་བཀུར་བ་སྟེ། གསལ་བཀུར། སྤྱི་དང་འདྲེན་དང་དམ་ཚིག་དང་། །ཉམས་ཆགས་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུས་ཀྱི་སློབ་དཔོན་རྣམས། །ཞེས་སོ། །ཁྱད་པར་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ནི། དབང་བསྐུར། རྒྱུད་བཤད། མན་ངག་བསྟན་ན་བཀའ་དྲིན་གསུམ་ལྡན་ཞེས་ཤིན་ཏུ་གཉན་ལ། གཉིས་སམ་རེ་རེ་ལས་མ་ཐོབ་ན་ཡན་ལག་གི་བླ་མ་ཞེས་གོང་མ་ལ་ལྟོས་ན་ནི་གཉན་ནོ། །དེ་དག་ཀྱང་རྩེ་མོར་སངས་རྒྱས་ཆོས་དང་དགེ་འདུན་དང་། སློབ་དཔོན་ཡང་ནི་བཞི་པ་ཡིན། ཞེས་དང་། ཁྱད་པར་གསང་སྔགས་སྟོན་པའི་སློབ་དཔོན་ནི། རྒྱ་མཚོ་ལས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡིས། །བླ་མ་ལ་ནི་དེ་བཞིན་གཤེགས། །ཞེས་སོ། །དེའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཀྱང་། ཡོན་ཏན་མཛོད་དུ། རྩ་བའི་བླ་མའི་སྐུ་གསུང་ཐུགས་གསུམ་ལ། །ཕྱི་ནང་གསང་བའི་དམ་ཚིག་གསུམ་ཚན་གསུམ། །སྲོག་གཅོད་མི་ཚངས་སྤྱོད་དང་རྐུ་བ་སྤོང་། །ཕ་མ་སྤུན་སྲིང་རང་ལུས་ཆོས་གང་སྨོད། །བླ་མའི་གྲིབ་འགོངས་ཡུམ་གཙེ་སྤུན་སྲིང་བརྟེན། །གསུང་གི་གསུམ་ལ་རྫུན་ཕྲ་ཚིག་རྩབ་སྤོངས། །ཆོས་སྨྲ་དོན་སེམས་གནས་ལུགས་བསྒོམ་མི་བསྐུར། །བླ་མའི་ཡུམ་དང་སྤུན་སྲིང་ཚིག་མི་བརྙས། ཐུགས་ཀྱི་གསུམ་ལ་ཡིད་ཀྱི་རྣམ་གསུམ་དང་། །སྤྱོད་དང་སྒོམ་དང་ལྟ་བ་ལོག་པ་སྤང་། །བླ་མ་ལྷ་མཆེད་ལྟ་སྒོམ་མཐུན་ཀུན་སེམས། །ཞེས་གསུངས་པར་སྤྲོ་ན་འགྲེལ་བར་བལྟའོ། །དམ་ཚིག་ཉམས་པའི་ཉེས་བྱས་ནི། །བཤགས་རྒྱུད་ལས། དམ་ཚིག་ཉམས་པའི་ཆད་པ་མི་བཟོད་པས་རྡོ་རྗེ་མཁའ་འགྲོས་སྙིང་ཁྲག་འཐུང་བ་དང་། ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དངཿ མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བརཿ སྡུག་བསྔལ་མི་བཟད་དྲག་པོ་མྱོང་བར་འགྱུརཿ ཞེས་སོ། །བདུན་པ་མཆེད་ལ་བཤགས་བྱ་བ་ནི། །བརྩེ་གདུང་ཆུང་བའི་དབང་དུ་གྱུར་པས་ན། །གྲོགས་མཆེད་ཐུགས་དང་འགལ་བ་མཐོལ་ལོ་བཤགས། །ཞེས་པས་སྤྱིར་སེམས་ཅན་ཀུན་ལ་སྙིང་བརྩེ་བ་ཞན་པ་དང་། རྡོ་རྗེའི་སྤུན་ལ་གདུང་སེམས་ཆུང་བའི་དབང་དུ་གྱུར་པས། དེས་ན། གྲོགས་མཆེད་དང་ལྕམ་དྲལ་རྣམས་ཀྱི་ཐུགས་དང་འགལ་བ་མཐོལ་ལོ་བཤགས་པའོ། །དེ་ཡང་སྤྱིར་མཆེད་ལྕམ་ལ་རྣམ་པ་དྲུག་སྟེ་སེམས་ཅན་ཐམས་ཅད་ཡེ་གདོད་མ་ནས་གཞི་གཅིག་གིས་བསྡུས་པས་སྤྱིའི་མཆེད། །སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་ཅོག་ལྡན་པ་གཅིག་པའི་མཆེད། །ལྟ་སྤྱོད་གཅིག་པ་མཐུན་པའི་མཆེད། །བླ་མ་གཅིག་པ་མཛེས་པའི་མཆེད། །ཆོས་ལྷན་ཅིག་ཏུ་ཉན་པ་ཉེ་བའི་མཆེད། །དབང་ལྷན་ཅིག་ཏུ་ཞུས་པ་འདྲེས་པའི་མཆེད་དེ་རྡོ་རྗེའི་སྤུན་ནོ། །འདི་ནི་སྤྱིར་ཐར་པ་ལམ་དང་ཐེག་པ་ཆེན་པོར་ཞུགས་པར་བརྩེ་བ་སྟེ། །དཔལ་ཕྲེང་གི་མདོར། བྱང་ཆུབ་སེམས་ལྡན་ཐེག་ཆེན་ཞུགས་ལ་བྱམས། །ཞེས་སོ། །ཁྱད་པར་རྡོ་རྗེའི་སྤུན་ལ་བརྩེ་གདུང་བྱ་སྟེ། རྔམ་ཀློག་ལས། རྡོ་རྗེའི་སྤུན་ལ་དུང་སེམས་ཀྱང་། །འདྲེས་དང་མ་འདྲེས་ཡོངས་ཀྱི་སྤུན། །ཡང་དག་ལམ་དུ་ཞུགས་པ་ལ། །རྔན་དང་བཅས་ཀྱི་སེམས་ཙམ་ཡང་། །རྟག་ཏུ་སྤང་བར་བྱ་བ་ཡིན། །བརྩེ་ཞིང་གདུང་བའི་ཤུགས་ཕྱུང་ལ། གཅིག་ལ་གཅིག་ནི་མིག་བཞིན་བལྟ། །མདོར་ན་སྲོག་ལའང་མི་ཆགས་པར། །སྤུན་དང་མིང་སྲིང་དགོས་པ་བསྒྲུབ། །ཅིའི་ཕྱིར་རྡོ་རྗེའི་སྤུན་རྣམས་ནི། །འདི་ནས་བྱང་ཆུབ་བར་དག་ཏུ། །མི་འབྲལ་འགྲོགས་པའི་གྲོགས་མཆོག་སྟེ། །མར་མེའི་འོད་དང་སྡོང་བུ་འདྲའོ། །ཞེས་སོ། །བརྒྱད་པ་ཕུད་ཉམས་པ་བཤགས་པ་ནི། ཟླ་གྲོགས་ངན་པའི་དབང་དུ་གྱུར་པ་ཡིསཿ ཕུད་དང་ལྷག་མར་གྱུར་པ་མཐོལ་ལོ་བཤགསཿ ཕུད་དང་ལྷག་མར་གྱུར་པའི་སྐྱོན་དབང་གིསཿཕུད་མྱུར་ཐུགས་དང་འགལ་བ་མཐོལ་ལོ་བཤགསཿ ཕུད་ཉུལ་ཐུགས་དང་འགལ་བའི་སྐྱོན་དབང་གིསཿ མཁའ་འགྲོའ་ིབཀའ་ཆད་གནས་གྱུར་མཐོལ་ལོ་བཤགསཿ ཞེས་པས། ཟླ་གྲོགས་ལས་ཀྱི་རྡོ་རྗེ་ལ་སོགས་བློ་བག་མེད་པ་དང་ཡིད་མ་གཞུངས་པས་ངན་པའི་དབང་དུ་གྱུར་པས། དེས་ན་ཕུད་དང་པོ་ཉམས་ཏེ་ལྷག་མའི་གནས་སུ་གྱུར་པ་མཐོལ་ལོ་བཤགས་པ་དང་། ཕུད་དང་པོ་དེ་ནས་ཕྱིས་ཏེ་ལྷག་མའི་གནས་སུ་ཉམས་པའི་སྐྱོན་དབང་གིས་ཕུད་ཉུལ་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་ལ་རྟོག་པ་མི་མངའ་ཡང་རང་གི་དམ་ཚིག་དང་འགལ་བ་མཐོལ་ལོ་བཤགས་སོ། །ཕུད་ཉུལ་ཡེ་ཤེས་མཁའ་འགྲོའ་ིཐུགས་དང་འགལ་བའི་སྐྱོན་གྱིས། དབང་གི་དམ་ཚིག་རྗེས་གཅོད་པའི་ལས་དང་ཤ་ཟ་འཇིག་རྟེན་གྱི་མཁའ་འགྲོ་མའི་ཚུལ་བཟུང་བདག་གི་བཀའ་ཆད་ཀྱི་གནས་སུ་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས། །ཞེས་སོ། །དགུ་པ་སྒྲོལ་བ་གནས་སུ་མ་སྟོབས་པའི་བཤགས་པ་ནི། །སྒྲོལ་བའི་དུས་སུ་སྙིང་རྗེ་ཆུང་བ་ཡིསཿ སེམས་ཅན་གནས་མ་སྟོབས་པ་མཐོལ་ལོ་བཤགསཿ ཉོན་མོངས་གནས་མ་སྟོབས་པའི་སྐྱོན་དབང་གིསཿ ཡུན་གྱི་སྒྲིབ་པར་གྱུར་པ་མཐོལ་ལོ་བཤགསཿ ཞེས་པས། །སྙིང་རྗེ་ཆེན་པོའ་ིདབང་གིས་གདུལ་བྱ་གདུག་ཅིང་གཏུམ་པ་ཞི་རྒྱས་དབང་གསུམ་གྱི་གདུལ་མི་ནུས་པ་དག་པ་ཁྲོ་བོའ་ིདཀྱིལ་འཁོར་དུ་དྲག་ཤུལ་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱིས་སྒྲོལ་བའི་དུས་སུ་ཐབས་སྙིང་རྗེ་དང་ཤེས་རབ་སྟོང་ཉིད་ཀྱི་རྩལ་ཆུང་བས་ནུས་པས་གསོད་པར་ནུས་ཀྱང་སྟོང་ཉིད་ཀྱིས་སེམས་ཅན་དེའི་རྣམ་ཤེས་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོའ་ིགནས་སུ་མ་སྟོབས་ཏེ་གསོ་བར་མ་ནུས་པ་མཐོལ་ལོ་བཤགས་སོ། །དེ་ལྟར་ཆོས་ཉིད་ཀྱི་ནུས་པས་གསོ་བར་མ་ནུས་པར་ཞེ་སྡང་རང་ག་མ་ཉོན་མོངས་པའི་དབང་དུ་སོང་བས་སེམས་ཅན་བདེ་བའི་གནས་སུ་མ་སྟོབས་པར་ངན་སོང་དུ་བྱང་བའི་སྐྱོན་དབང་གིས། བདག་ཉིད་འཁོར་བའི་སྡུག་བསྔལ་མི་བཟད་པའི་གནས་སུ་ཡུན་རིང་དུ་གནས་པའི་སྒྲིབ་པར་གྱུར་པ་མཐོལ་ལོ་བཤགས་སྟེ། སེམས་ཅན་སྒྲིབ་པའི་འགོས་པ་ནི་ངེས་བརྗོད་བླ་མ་ལས། དེ་ལྟར་བསྒྲལ་བའི་དགོས་པ་ཡང་། །བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་གི་དམ་སྐོང་ཞིང་། །ལས་ངན་བར་ཆད་སྡུག་མུན་ཐུང་། །ཞེས་དང་། གསང་སྙིང་ལས། ཡོད་མེད་དབུ་མར་མི་དམིགས་ཤིང་། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །སྲོག་མེད་སྲོག་ཀྱང་བཅད་དུ་མེད། །སྲོག་ཀྱང་སྐྱེས་བུའི་ལོག་རྟོག་ཙམ། །ཞེས་སོ། །བཅུ་པ་སྦྱོར་བ་ཚད་དུ་མ་ཕྱིན་པའི་བཤགས་པ་ནི། །སྦྱོར་བའི་དུས་སུ་ཏིང་འཛིན་མ་གསལ་བས། །གཟུང་མ་ཐུགས་དང་འགལ་བ་མཐོལ་བཤགས། །གཟུང་མ་ནི་ཐུགས་དང་འགལ་ཆགས་སྐྱོན་དབང་གིསཿ ཆགས་ཤིང་འཁོར་བར་སྐྱེ་བ་མཐོལ་ལོ་བཤགསཿ བཤགས་ན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ ཞེས་པས་རང་གི་རྒྱུད་ཤེས་རབ་སྟོང་པ་ཉིད་ཀྱི་ཡུམ་དང་མཉམ་པར་སྦྱོར་བའི་དུས་སུ། ཞི་གནས་ཀྱི་ཏིང་ངེ་འཛིན་སེམས་གནས་དགུའི་ཐ་མ་མཉམ་པར་འཇོག་པ་སེམས་བྱིང་རྒོད་ཀྱི་དབང་དུ་སོང་ནས་མ་གསལ་བར་གཡོས་པས་སྟོང་ཉིད་རྣམ་པ་ཀུན་གྱི་མཆོག་ལྡན་རྣམ་ཐར་སྒོ་གསུམ་གྱི་གཟུངས་མ་རྡོ་རྗེ་བཙུན་མོའ་ིཐུགས་མཆོག་ཏུ་མི་གཡོ་བ་མཉམ་པ་ཉིད་ཀྱི་གནས་ལུགས་དང་འགལ་བས་མཐོལ་ལོ་བཤགས་སོ། །སྟོང་ཉིད་ཀྱི་གཟུངས་ཐམས་ཅད་ཀྱི་གཞི་མ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའི་ཐུགས་མི་གཡོ་བ་མཉམ་པ་ཉིད་དང་འགལ་བའི་སྐྱོན་དབང་གིས། གླང་པོ་ཆེ་སྨྱོན་པ་ལྕགས་སྒྲོག་དང་ལྕགས་ཀྱུས་བཏབ་པ་བཞིན་སེམས་དྲན་པའི་ལྕགས་ཀྱུ་དང་ཤེས་བཞིན་གྱི་ལྕགས་སྒྲོག་གིས་བཏང་བས་སྒྱུ་མ་ལྟ་བུའི་ཡུལ་དྲུག་ལ་བདག་ཏུ་འཛིན་པས་ཆགས་པ་ལ་སོགས་པའི་ཉོན་མོངས་རང་དགའི་དབང་དུ་གྱུར་ཞིང་འཁྲུལ་སྣང་མི་ཟད་པའི་འཁོར་བའི་འཁོར་ལོ་སྐྱེ་བདག་གི་རྒྱུད་མཐོལ་ལོ་བཤགས་སོ་ཞེས་པ་སྟེ། རྒྱུད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་མ། སྟོང་ཉིད་ཤེས་རབ་མཛེས་མ་ཉིད། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །དེ་ཉིད་མ་བརྟེན་འཚང་མི་རྒྱ། །ཞེས་སོ། །བཤགས་ནས་བདག་གི་རྒྱུད་དག་པར་གྱུར་ཏེ་ཡེ་ཤེས་མཁའ་འགྲོའ་ིསྐུ་མི་འགྱུར་བ། གསུང་མི་འགག་པ། ཐུགས་མི་གཡོ་བ་གསུམ་གྱི་དངོས་གྲུབ་སྩོལ་ཞིག་པའོ། །བཤགས་པའི་ཚིགས་སུ་བཅད་པ་ཕྱེད་བརྒྱད་འདི་ནི་ཧེ་རུ་ཀ་རོལ་པ་ལས་གསུངས་པའི་ཕྱིའི་རྣམ་པར་བཅད་པ་དོར་དགོས་སོ། །དགུ་པ་ཚོགས་ལ་རོལ་པ་ནི། །ལས་ཀྱི་རྡོ་རྗེས་ཕྱག་འཚལ་ཞིང་ཐབས་དང་ཤེས་རབ་ཀྱི་རྫས་པདྨའི་ཕྱག་རྒྱས་བྲིམ་ཞིང་། །ཧཱུཾ། དཔའ་བོ་ཆེན་པོ་དགོངས་སུ་གསོལ། །འདི་ནི་ཆོས་རྣམས་བཟང་པོ་སྟེ། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་པའི་ལན་དུ་ལེན་པ་པོས་ཀྱང་པདྨའི་ཕྱག་རྒྱས། ཨོཾ། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །གཟུགས་དང་འཛིན་པ་རྣམ་པར་སྤངས། །འདོད་ཆགས་ལ་སོགས་དྲི་མ་བྲལ། །དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །ཨ་ལ་ལ་ཧོ། ཞེས་བླངས་ཏེ་ལོངས་སྤྱོད་དོ། །ཚོགས་ཀྱི་གྲལ་དུ་རྩོད་པ་དང་། །ཀུ་ཅོ་དང་ཐ་མལ་གྱི་སྣང་བས་བདེན་པར་ཞེན་པ་ལ་སོགས་པ་མི་བྱ་བར། །ཚིམས་པ་དང་། དགའ་བ་དང་། འཛིན་ཞེན་མེད་པས། ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་གསུམ་དུ་ཤེས་པར་བྱའོ། །བཅུ་པ་ལྷག་གཏོར་བཏང་བ་ལ་གཉིས་ཀྱི་དང་པོ་ནི། རབ་ཞིང་ལྤགས་ཀྱི་སྟེང་ཐལ་ཆེན་གྱི་ཚོམ་བུ་བཀོད། འབྲིང་བྱེ་མའི་སའི་མཎྜལ་ལ་དྲི་ཆུ་དང་རཀྟས་ཆག་ཆག་བཏབ། ཐ་མ་སྟེགས་བུ་གང་བྱུང་གི་སྟེང་འབྲུ་ཚོམ་སོགས་བཀོད་པའི་སྟེང་བནྡྷའི་ལྕགས་ཟངས་ཀྱི་སྣོད་དུ། ཤིས་པའི་ལས་གཙོ་བོར་འདོད་ན་དཀྱིལ་འཁོར་གྱི་གཙང་ལྷག་སྟེང་དྲག་ཤུལ་གྱི་ལས་ཐབས་འབའ་ཞིག་གཙོ་བོར་འདོད་ན་རྣལ་འབྱོར་པས་ཚིམ་པར་རོལ་བའི་རྨེ་ལྷག་སྟེང་དུ་བཞག་སྟེ། དཔལ་ཆེན་ལས། འབངས་ཐོག་རྗེ་ཡིས་མི་གནོན་རྒྱུ། སོགས་ཀྱིས་བསྟན་ནོ། །དེ་ནས་རང་ཉིད་ལྷར་གསལ་བའི་ཡ་རྐན་མ་རྐན་ལ་ཨཱཿལས་སྣང་མཐའ་ཡབ་ཡུམ་བསྐྱེད་ལ་བདུད་རྩི་ཁར་བཏུངས་ཏེ་ལྷའི་བྱང་སེམས་དང་མཉམ་དུ་བབས་པར་བསམ་སྟེ་འབྲུ་གསུམ་བརྗོད་བཞིན་དུ་ལྷག་མར་བྱ་ཁྱུང་གི་ཕྱག་རྒྱས་ཁ་ཁྲུས་བཏབ། དོན་ནི་དགོངས་འདུས་ལས། ཕུད་ལ་མཆིས་བསྐལ་མི་ལྡན་གྱིསཿལྷག་མ་ཁ་ཁྲུ་ངེད་ལ་ཞུཿ སོགས་ཀྱི་བཀའ་ཉན་པའི་དགོས་པ་ཡོད་དོ། །ཨོཾ་ནོར་བུ་འཛིན་པའི་སྙིང་པོ། ཨ་ཀ་རོ་མ་སྐྱེས་པ། མུ་ཁ་སྒོ། སརྦ་ཐམས་ཅད། དྷརྨ་ནཾ་ཆོས། ཨ་དྷྱ་གདོད་མ། ཨུཏྤན་སྐྱེ་བ་མེད་པ། ཏྭོ་དྷ་ནི་དེ་ཁོ་ན་ཉིད། དོན་ཨ་ཡིག་ནི་གདོད་མ་ནས་མ་སྐྱེས་པ་སྟེ་ཆོས་ཐམས་ཅད་ཀྱི་སྒོའ།ོ ། ཞེས་ཤེར་ཕྱིན་ནས་གསུངས་པ་དང་མཐུན་ནོ། །ཨོཾ་ཨཱཿཧཱུཾ་ནི་དེ་རྣམས་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཕཊ་ནི་མ་རུང་པ་ཚར་བཅད། སྭཱ་ཧཱ་ནི། གཞི་ཚུགས་ཤིག་པའོ། །འདོད་ཡོན་གྱི་ཕུང་པོར་དམིགས། འབར་བའི་ཕྱག་རྒྱ་བཅས་ཏེ་ཕཻཾ། ཞེས་པས་ལྷག་མའི་མགྲོན་ཀུན་བྱ་རྒོད་ཤ་ལ་འཐིབ་པ་བཞིན་བྱོན་པར་བསམ་མོ། གཉིས་པ་ལ། མགྲོན་གྱི་རྣམ་གྲངས་བསྟན་པ་དང་། ཕྲིན་ལས་བཅོལ་བ་གཉིས་ལས། དང་པོ་ནི། ལྷག་ལ་དབང་བའི་བཀའ་ཉན་ནིཿ མཁའ་འགྲོ་སུམ་ཅུ་རྩ་གཉིས་དངཿ གིང་ཆེན་ཁྱོ་ཤུགས་ལངྐ་འབུམཿ ཕོ་ཉ་གསུམ་བརྒྱ་དྲུག་བཅུའི་སྡེཿ མགྱོགས་མ་བཞི་དང་འབར་མ་བརྒྱདཿ མ་མོ་བདུན་དང་སྲིང་མོ་བཞིཿ ཤུགས་འགྲོ་གནས་ཉུལ་ཕྲ་མེན་རྣམསཿ ལྷག་ལ་གདུང་ཞིང་ཚོགས་ཁང་འགྲིམཿ ཞེས་པས། ངོ་བོ་དཔལ་ཆེན་པོའ་ིཐུགས་རྗེའི་སྒྱུ་འཕྲུལ་ལས་ཤར་ཀྱང་རྣམ་པ་འཇིག་རྟེན་དྲེགས་པའི་གཟུགས་སུ་བསྟན་པའི་ལྷག་མ་ལེན་པ་ལ་དབང་བསྒྱུར་ཞིང་ཁས་བླངས་པའི་རྒྱལ་བའི་དཀྱིལ་འཁོར་གྱི་རིམས་པ་ཚུལ་བཞིན་སྒྲུབ་པའི་རྣལ་འབྱོར་པའི་བཀའ་ཉན་ནི་དགའ་བྱེད་མ། འདྲེན་བྱེད་མ་སོགས་ཞི་བའི་མཁའ་འགྲོ་བརྒྱད། འཇོམས་བྱེད་མ་ཆགས་བྱེད་མ་སོགས་རྒྱས་པའི་མཁའ་འགྲོ་མི་བརྒྱད། གནོད་སྦྱིན་མ་ཡང་དག་འཕྲོག་སོགས་དབང་གི་འདྲེ་བརྒྱད། ཕག་གདོང་མ། རྔ་མོང་གདོང་སོགས་དྲག་པོའ་ིམཁའ་འགྲོ་བརྒྱད་དེ་སུམ་ཅུ་རྩ་གཉིས་ཆས་མཁའ་འགྲོ་སྤྱི་མཐུན་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སྤྱང་ཀི་སོགས་གིང་ཆེན་ཁྱོ་དགུ་རྡོ་རྗེ་འཁྲུལ་མོ་ཆེ་དང་། རྡོ་རྗེ་གང་རྩམ་སོགས་ཤུགས་དགུ་སྟེ་བཅོ་བརྒྱད་ཀིངྐར་ཕོ་ཉའི་སྐད་དོན་ཟུར་ཆག་པས་གིང་སྟེ་ཉྭ་སུལ་རགས་པ། ཡན་ལག་དར་གྱི་སྒྲོག་བཅིངས་དང་དར་ཤིང་། དར་དཔྱངས་སོགས་དང་ལྡན་པའོ། །ལངྐའི་བདག་པོ་མགྲིན་བཅུ་སོགས་སྲིན་པོ་འབུམ་ཕྲག་དུ་མའོ། །རྣམ་པར་རྒྱལ་བ་དང་སྙེམ་མ་དབང་ཕྱུག་སྔོན་ཅན་དང་། རྡོ་རྗེར་སྡེར་མོ་སོགས་ཁྲོ་བོ་ཡབ་ཡུམ་དྲུག་བཅུ་ནི་ཁྲོ་བོའ་ིཚུལ་དང་། རྡོ་རྗེ་འབར་བའི་ཕོ་ཉ་དང་། མཐོང་བྱེད་མ་སོགས་དུང་གི་ཕོ་ཉ་མོ་དྲུག་བཅུ་རྡོ་རྗེ་དབྱིངས་ཕྱུག་མ་དང་། རྡོ་རྗེ་མཁའ་འགྲོ་མ་སོགས་གསེར་གྱི་ཕོ་ཉ་མོ་དྲུག་བཅུ། རྡོ་རྗེ་ཐོག་འབེབས་མ་དང་། རྡོ་རྗེ་འབྲུག་སྒྲོག་མ་སོགས་བསེའི་ཕོ་ཉ་མོ་དྲུག་བཅུ། རྡོ་རྗེ་རྒྱ་གྲམ་མ་དང་རྡོ་རྗེ་འཇོམས་ཆེན་མ་སོགས་གཡུའི་ཕོ་ཉ་མོ་དྲུག་བཅུ་ཏེ་ཕོ་ཉ་ཉིས་བརྒྱ་བཞི་བཅུ་ནི་སྐྲ་བརྫིས་པ་ཐོད་སྐམ་དབུ་རྒྱན། མི་ལྤགས་ཀྱི་སྟོད་གཡོགས། གཟིགས་གི་ཤམ་ཐབས། རུས་པའི་ཕྱག་རྒྱ་ལྔ་སོགས་ཁྲོ་མོའ་ིཆས་སོ། །མོ་མོ་རལ་གཅིག་མ། མ་མོ་ཐལ་མདོག་མ། མ་མོ་རལ་པ་ཅན་སོགས། ཕྱག་མཚན་སྣ་ཚོགས་འཛིན་པ་ཆས་གོང་ལྟར་རོ། །མ་མོ་དྲུག་བཅུ་ནི། དྲུག་བཅུ་དྲུག་གིས་ཕོ་ཉ་སུམ་བརྒྱ་དྲུག་བཅུའི་སྡེ་ཚན་དང་དཀར་མོ་མིག་གཅིག་རྒྱས་འདེབས་སོགས་འགྱོགས་མ་བཞི་དང་། འབར་མ་ཉི་ཟེར་ཅན་དང་མེ་འཁྱེར་གློག་ཕྲེང་ཅན་སོགས་འབར་མ་བརྒྱད། རྡོ་རྗེ་ཀུན་བཟང་མོ་དང་ཀུན་གྲགས་མ་སོགས་མ་མོ་བདུན་དང་། གླིང་བཞི་མགྱོགས་འགྲོ་མ་སོགས་སྲིང་མོ་བཞི་སོགས་ཕལ་ཆེར་གོང་མ་དག་དང་ཆ་ལུགས་མཐུན་པ། ཤུགས་ཀྱི་འགྲོ་བ་དང་གནས་ཉུལ་གྱི་མ་ཚོགས་དང་། དབང་ཕྱུག་མ་སོགས་མགོ་ལུས་མི་མཐུན་པའི་ཕྲ་མེན་གྱི་ཚོགས་ལ་སོགས་པ་རྣམས་ཀྱང་སྔོན་ཚེ་དམ་བཅས་པ་བཞིན་དུ་ལྷག་ལ་གདུང་བཞིན། ཚོགས་ཀྱི་ཁང་པ་ཉུལ་བ་སྟེ། གསང་སྙིང་ལས། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི། མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་པས། །སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི། །གཙུག་ཏུ་བླངས་ཏེ་བསྐུར་བར་བྱེད། །ཅེས་པ་ལྟར་རྣལ་འབྱོར་པ་རབ་ལྟ་སྒོམ་གྱི་གདེངས་དང་ལྡན་པས་ཀླུའི་གཙུག་ནོར་བཞིན་ཏུ་བཀུར་ཞིང་གྲིབ་ལྟར་འགྲོགས། ཕྲིན་ལས་མ་བཅོལ་ཀྱང་བསྒྲུབ། །རྣལ་འབྱོར་པ་འབྲིང་བསྐྱེད་རིམས་གསལ་ཞིང་བསྙེན་བསྒྲུབ་ཐེམ་པས་དམངས་ཀྱིས་རྒྱལ་པོ་མཐོང་བ་ལྟར་བཅོལ་བའི་ཕྲིན་ལས་བསྒྲུབ། རྣལ་འབྱོར་ཐ་མ་དམ་ཚིག་གཙང་ཞིང་། མཐུན་རྫས་འཛོམ་ན། རྗེ་དཔོན་གྱིས་འབངས་ལ་དོན་ཆེན་བཅོལ་བ་ལྟར་གཏོར་མ་ལེན་ཅིང་འཆད་ལ་བོར་བའི་ཕྲིན་ལས་བསྒྲུབ་བོ། །གཉིས་པ་ནི། ཕམ་ཕབས་བཟང་པོ་འདི་བཞེས་ལཿ མི་མཐུན་རྐྱེན་ངན་བར་ཆད་སོལཿབཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོདཿ ཅེས་པས། ཕམ་ཕབས་ཀྱི་གཏོར་མ་བཟང་པོ་འདི་བཞེས་ལ་རྣལ་འབྱོར་པ་བདག་ལ་དགྲ་གདོན་ནད་མཚོན་དུག་སོགས་མི་མཐུན་པའི་རྐྱེན་ངན་པ་ཅི་དང་ཅི་ཡིས་དམ་པའི་ཆོས་བསྒྲུབ་པའི་བར་དུ་ཆད་པར་བྱེད་པ་ཐམས་ཅད་ཕྱིར་སོལ་བ། ཞི་བ་དང་རྒྱས་པ་དང་། དབང་དང་། དྲག་ཤུལ་མངོན་སྤྱོད་ཀྱི་ལས་ཆེན་རྣམ་པ་བཅུ་གཉིས་གང་བཅོལ་བའི་ཕྲིན་ལས་ཐམས་ཅད་བསྒྲུབ་པར་མཛོད་ཅིག་པའོ། །བཅུ་གཅིག་པ་རྡོ་རྗེའི་གླུ་གར་བྱ་བ་ནི། ཉི་ཟླ་ཁ་སྦྱོར་རྒྱུད་ནས་གསུངས་པ་ཐེག་མཆོག་མཛོད་ལེའུ་བཅུ་བདུན་པར་ལེགས་པར་བཀྲལ་བ་བཞིན་སྤྲོ་ན་ལྷག་གཏོར་གྱི་གོང་ཚོགས་སུ་རོལ་བའི་རྗེས་སུ་བྱའོ། །བཅུ་གཉིས་པ་སྨོན་ལམ་གདབ་པ་ནི། མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུཿ ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིཿ བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་དང་། སྤྲོ་ན་གཞན་བསྔོ་སྨོན་དང་། བཀྲ་ཤིས་ཡང་བྱ་བར་བཤད་དོ། གཉིས་པ་ཐུགས་དམ་བསྐུལ་བ་ནི། །ཧཱུཾ། བཞེངས་ཤིག་ཡེ་ཤེས་མཁའ་འགྲོའ་ིལྷཿ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལཿ བྱང་ཆུབ་བསྒྲུབ་པའི་བར་ཆད་ཐུལཿ སྣོད་བཅུད་འབྱུང་བའི་རྒུད་པ་སོལཿ རྩ་རླུང་དབང་ཐང་ཉམས་པ་གསོསཿ བསྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ ཅེས་པས་གནད་ནས་བསྐུལ་བའི་ཚུལ་གྱིས་བཞེངས་ཤིག་ཅེས་སྨོས་ལ་སུ་བཞེངས་ན་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མའི་ལྷ་ཚོགས་ཐམས་ཅད་དོ། །ཚུལ་ཇི་ལྟ་བུས་བཞེངས་ན། སྤྲོས་པའི་མཐའ་གང་ལ་ཡང་མི་གནས་པའི་ཡེ་ཤེས་ཆེན་པོ་ཆོས་ཀྱི་སྐུའི་ཕོ་བྲང་ཆེན་པོའ་ིདབྱིངས་ནས་རྣམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ཆགས་ཤིང་བཞད་པའི་རྣམ་པ་ཅན་གྱི་མཚན་དཔེར་བཞེངས་ལ། ཕྲིན་ལས་ཅི་མཛད་ན་བདག་ཅག་བྱང་ཆུབ་བསྒྲུབ་པར་བྱེད་པའི་རྣལ་འབྱོར་པ་ཀུན་གྱི་བར་དུ་གཅོད་པའི་ཚོགས་ཕྱི་ནང་གསང་གསུམ་ཅི་མཆིས་པ་ཐམས་ཅད་ཕྲིན་ལས་རྣམ་བཞིས་འཕྲལ་དུ་ཐུལ་པར་མཛོད་ཅིང་། སྣོད་ཀྱི་འབྱུང་བའི་རྒུད་པས་ཆར་ཆུ་མི་འབེབས་ཤིང་། བཙའ་ཐན་སད་སེར་སྡང་བ། ལོ་ཏོག་བཟའ་ཤིང་སོགས་ལ་འབྲས་བུ་མི་འབྱུང་བ་ནི། རི་ཀླུང་དུ་རྩ་མི་སྐྱེ་བ་སོགས་དང་། བཅུད་ཀྱི་འབྱུང་བའི་རྒུད་པས་མི་རྣམས་ཚེ་ཐུང་། ནད་མང་། དཔལ་དང་གྲགས་པ་ཉམས་པ་སོགས་མཐོ་རིས་ཀྱི་ཡོན་ཏན་བདུན་ལས་ཉམས་པ་དང་། ཕྱུགས་ཀྱི་དཀར་ཤེ་ཉམས་པ་སོགས་ཐམས་ཅད་སེལ་བ་དང་། །ཁྱད་པར་དུ་རྣལ་འབྱོར་པ་ལ་རྩ་རླུང་ཐིག་ལེ་དང་སྟོབས་དང་དབང་ཐང་ཉམས་པས་གློ་བུར་དུ་ལང་ཚོ་རྒུད་ཅིང་འཆི་ལྟས་ཀྱི་མཚན་མ་འབྱུང་བ་དང་ནད་དང་གདོན་གྱི་གནོད་པ་མང་བ་ཁམས་གསུམ་གྱི་སྐྱེ་འགྲོ་དབང་དུ་མི་འདུས་ཤིང་། མངལ་སྐྱེས་ཞིང་སྐྱེས་ལྷན་སྐྱེས་ཀྱི་མཁའ་འགྲོ་མ་རྣམས་གྲོགས་སུ་མི་འགྱུར་བ་ཟས་ནོར་ལོངས་སྤྱོད་ཀྱིས་ཕོངས་ཤིང་ས་ལམ་གྱི་ཡོན་ཏན་འགྲིབ་ཅིང་ཅི་བསམ་དགེ་བར་མི་འགྱུར་བ་མཐའ་དག་གསོས་བསྒྲུབ་པའི་འབྲས་བུ་ཚེ་རིང་ནད་མེད་བདེ་སྐྱིད་དང་ལྡན་ཞིང་ལྷ་འདྲེ་མི་གསུམ་གནས་གསུམ་ཀྱི་དཔའ་བོ་མཁའ་འགྲོ་བཅས་དབང་དུ་བསྡུས། །ས་ལམ་གྱི་ཡོན་ཏན་མངོན་དུ་གྱུར་ཏེ་གནས་སྐབས་སུ་གྲུབ་ཆེན་བརྒྱད་དང་ཕྲིན་ལས་བཞི། མཐར་ཐུག་ཀུན་ཏུ་བཟང་པོ་བྱང་ཆུབ་མཆོག་གི་གནས་དག་མཆིས་པར་མཛོད་ཅེས་སོ། །གསུམ་པ་ཆད་ཐོ་བྱ་བ་ནི། གཏོར་མ་གྲུ་གསུམ་མཐེབ་ཀྱུས་བརྒྱན་པ་བཤམས། འབྲུ་གསུམ་གྱིས་བརླབས་ལ་སྔོན་གྱི་ཆད་ཐོ་ཐ་ཚིག་བསྒྲགས་པ་ལ་གཉིས། སྔོན་བྱུང་གི་རྣམ་པར་བཞག་པ་དང་། གདུལ་བྱའི་དཔལ་ཏུ་རྟེན་འབྲེལ་མངོན་དུ་གྱུར་ཚུལ་ལོ། །དང་པོ་ནི་དུས་གསུམ་ལས་འདས་ཀུན་ཏུ་བཟངཿ རང་སྣང་རྣམ་དག་འོག་མིན་དུཿ གདན་གསུམ་ཚང་བའི་སྟོན་འཁོར་གྱིསཿ གསང་ཆེན་རྒྱུད་སྡེའི་ཆོས་འཁོར་བསྐོརཿ དངོས་འཛིན་དག་པའི་ལྷ་གནས་གསུམཿ རྒྱུད་སྡེ་འབྱུང་བའི་གནས་སུ་བསྟནཿ ཞེས་པས། དུས་གསུམ་ལས་འདས་པ་ཁྱབ་གདལ་དུས་མེད་ཆེན་པོ་ཀུན་ཏུ་བཟང་པོའ་ིབསམ་གྱིས་མི་ཁྱབ་པའི་དུས་ཏེ། མཚན་བརྗོད་ལས་དུས་གསུམ་དུས་མེད་རྟོགས་པའོ། །ཞེས་པས། ཕུན་སུམ་ཚོགས་པ་དང་ཆོས་སྐུའི་དབྱིངས་ཡེ་ཤེས་ཆེན་པོའ་ིརང་སྣང་ཉོན་མོངས་པ་དང་བག་ཆགས་ཀྱི་དྲི་མ་ཤིན་ཏུ་རྣམ་པར་དག་པའི་འོག་མིན་ཆེན་པོ་སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་པ་རང་ཉིད་སྒྲིབ་པ་མཐའ་དག་སྤངས་ནས་མངོན་པར་འཚང་རྒྱ་བའི་ཚེ་མངོན་དུ་སྣང་བའི་ཕོ་བྲང་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས་འོག་མིན་ཆེན་པོའ་ིགནས་མཆོག་ཏུཿ རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུཿ ཞེས་པས་གནས་ཕུན་སུམ་ཚོགས་པ་དང་། ཕུང་པོ་ལྔ་དང་ཁམས་ལྔ་དག་པ། སྟོན་པ་རིགས་ལྔ་ཡབ་ཡུམ། སྐྱེ་མཆེད་དག་པ་སེམས་དཔའ་སེམས་མ་ལས་དབང་དག་པ་ཁྲོ་བོ་ཁྲོ་མོ་སྟེ། དེ་ལྟར་གདན་གསུམ་ཚང་བའི་སྟོན་འཁོར་ནི་གཙོ་དང་འཁོར་ཕུན་སུམ་ཚོགས་པ་བཞི་དང་ལྡན་པ་དེ་ཉིད་ཀྱི་སྐབས་ཆོས་ཕུན་སུམ་ཚོགས་པ་གསང་སྔགས་ཐེག་པ་ཆེན་པོའ་ིརྒྱུད་སྡེའི་ཆོས་ཀྱི་འཁོར་ལོར་རྟག་པ་རྒྱུན་གྱི་འཁོར་གསང་བ་ཆེན་པོའ་ིཚུལ་གྱི་བསྐོར་ཏེ། དེ་དག་ཀྱང་ཕྱག་ན་རྡོ་རྗེ་ལ་སོགས་པ་བཀའི་སྡུད་པ་པོ་དག་གིས་བསྡུས་ཏེ་དངོས་པོའ་ིའཛིན་པ་རྣམ་པར་དག་པའི་ལྷ་གནས་གསུམ་དང་། ཨོ་རྒྱན་གྱི་ཡུལ་དང་། ཤམ་བྷ་ལ་དང་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་དཔའ་བོ་དང་མཁའ་འགྲོ་དང་། རིག་པ་འཛིན་པ་དང་། ཚེ་ལ་དབང་འབྱོར་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་བཟུང་ནས་གནས་ས་ནི་དེ་དག་རྒྱུད་སྡེ་འབྱུང་བའི་གནས་ཞེས་སུ་དེ་བཞིན་གཤེགས་པས་བསྟན་ཏེ། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། ང་ནི་འདི་ནས་མི་གནས་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛུམ་བུའི་གླིང་གི་ཕྱོགས་མཚམས་སུ། །མི་ལས་སྐལ་ལྡན་རིགས་ཅན་སྟེ། །རྒྱལ་པོ་ཛཿ ལས་འབྱུང་བར་འགྱུར། །ཞེས་སོ། །གཉིས་པ་ནི། སྔགས་ནི་ལས་ཅན་སྤྲུལ་པའི་ངོརཿ རང་བཞིན་ཉིད་དུ་འབྱུང་བའི་ཚེཿ སྒྲགས་མདའ་མཚོ་རྒྱལ་བླ་མཚོ་རུཿ དཔལ་ལྡན་རང་བྱུང་རྡོ་རྗེའི་རྒྱུདཿགནས་གསུམ་མཁའ་འགྲོས་བྱིན་བརླབས་ཤིངཿ སྲེད་ལེན་མེད་པའི་བརྡའ་ཡིག་ལསཿ མཛད་མེད་གཏེར་གྱི་སྒོ་ཕྱེ་ཚེཿ འཁྲུལ་པ་གཞི་ལ་དག་པ་ཡིཿ རྟེན་འབྲེལ་བཞིན་དུ་ཕྲིན་ལས་མཛོདཿ ཅེས་པས་སྤྱིར་འདུལ་བའི་བསྟན་པ་དང་ཆོག་མའི་སློབ་དཔོན་འབའ་ཞིག་ལ་ལྟོས་པ་བཞིན་གསོལ་བཞིའི་ལས་ཀྱིས་རྫོགས་པ་ཁོ་ན་འདོད་ལ། དེ་བཞིན་དུ་ཐེག་ཆེན། གསང་སྔགས་ཀྱང་གདུལ་བྱ་རང་རྒྱུད་པ་རྣམས་ལ་ནི་མཚན་ཉིད་ལྡན་པའི་སློབ་དཔོན་ལ་བརྟེན་ནས་རང་རང་གི་གཞུང་ནས་གསུང་བའི་སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་མཐའ་དག་མ་ཚང་ན་ཆོ་ག་ཉམས་པས་སྨིན་མི་ནུས་པར་གསུངས་ཤིང་ངེས་པར་གལ་ཆེ་ལ་ལས་ཅན་སྤྲུལ་པའི་གང་ཟག་གི་ངོར་མི་རྒྱལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་བརྡའ་དང་རྟེན་འབྲེལ་གྱི་གནད་དང་ཆོས་ཉིད་ཀྱི་དོན་ལ་དབང་འབྱོར་པས་རང་བཞིན་ཉིད་དུ་འབྱུང་བའི་ཚུལ་སྟོན་གྱི་གསར་སྙིང་གི་རྒྱུད་སྡེ་མཐའ་དག་གི་འབྱུང་ཁུང་གི་ཤེས་པ་ཧ་ཅང་མཐའ་ཀླས་པའི་ཕྱིར་ལུང་མ་སྨོས་སོ། །ཁྱད་པར་འདིའི་བྱུང་ཚུལ་ལོ་རྒྱུས་ལས། ཆུ་མོ་སྤྲུལ་གྱི་ལོ་དཔལ་ལྡན་བླ་མ་དམ་པ་དྲི་མེད་གླིང་པའི་དགོངས་རྫོགས་སོགས་སུ་དབེན་གནས་སྒྲགས་ཀྱི་ཡང་རྫོང་དུ་ཚོགས་ཀྱི་འཁོར་ལོ་སྟོང་རྩ་དང་། མཁའ་འགྲོའ་ིམེ་མཆོད་སོགས་ཀྱི་ཆེད་གནས་འབྲེལ་དུ་ལྷག་པའི་ཚེ། རེ་ཞིག་ན་གཡུ་རུ་སྒྲགས་ཀྱི་མདའ་གྲོང་མོ་ཆ་དང་ཉེ་བར། མཚོ་རྒྱལ་བླ་མ་ཚོར་སླེབ་པ་ན། མྱོང་གྲོལ་བདུད་རྩི་ཕུར་མ་མཚོ་དར་དང་བཅས་ཕུལ་པས་སྲོག་ཆགས་འཛུལ་བ་ལྟར་དར་རིམ་གྱིས་གཏིང་དུ་སོང་བའི་དར་མཇུག་མཚོ་ཁར་སྐྱ་ཡལ་ལེ་བསྡད་པས། ངོ་མཚར་བའི་སྣང་བ་ཅུང་ཟད་སྐྱེས། དེར་ངག་པའི་ཤེས་པ་ལྷན་སྐྱེས་སུ་ཤར་ནས་ཐ་མལ་གྱི་སྣང་བ་སྤངས་བའི་ཆུ་ལ་བཏུང་བ་དང་། ཉེ་རེག་བྱས་པའི་ཚེ། སྐག་དེར་བུང་བ་ཤིན་ཏུ་གནག་པ་མེ་ཏོག་ཨུཏྤ་ལའི་རྣམ་པ་ལྟ་བུ་ཞིག་འཕུར་ལྡིང་བྱེད་པ་དང། རྒྱུད་མང་གི་སྒྲ་ལྟ་བུ་སྦོམ་ལ་འགྱུར་བ་ལན་གསུམ་སྒྲོག་པའི་རྐྱེན་ལས། སྣང་སེམས་ཆོས་ཉིད་གསུམ་འདྲེས་པའི་ཀློང་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་གསལ་རིན་པོ་ཆེ་ངང་རུས་པའི་རྒྱན་དྲུག །མེ་ཏོག་གི་དོ་ཤལ་འཕྱང་འཕྲུལ་དུ་གཡོ་བ་ཞིག་གིས། རང་གི་མངོན་པར་རྟོགས་པའི་ཚོགས་སྙིང་པོ་དང་བཅས་པ་ལེགས་པར་བསྟན་ཏེཿ མཁའ་འགྲོ་ང་ནི་ཆོས་སྐུའི་ཀློང་ནས་འོངསཿའགྲོ་དང་འོང་གི་རྣམ་རྟོག་ཡོད་མ་ཡིནཿ བུ་མོ་ང་ནི་གནས་ཡུལ་ཉེར་བཞིའི་བདགཿ རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་འོངསཿ བཀོད་པ་ལུས་ལ་སྔགས་ཀྱི་ཡོན་ཏན་རྫོགསཿ བུ་མོ་ང་ནི་དུས་གསུམ་རྒྱལ་བའི་ཡུམཿ ང་ལས་མ་སྐྱེས་དཀོན་མཆོག་གསུམ་ཡང་མེདཿ མཁའ་འགྲོ་ང་བསྒྲུབ་སྐུ་གསུམ་དངོས་གྲུབ་ཐོབཿ གདུལ་བྱའི་འགྲོ་དོན་ལྷོ་ནུབ་ཕྱོགས་ལ་ཡོདཿ རྟེན་འབྲེལ་མ་འཆོལ་ལས་ཅན་སྐྱེས་བུའི་ཚེཿ ཐིག་ལེ་དྲུག་གི་ཀློང་དུ་ངལ་གསོལ་བཏབཿ ༼ཡོཾ༽ ཞེས་གསུངས་པའི་མདོ་ལསཿ དཔལ་ལྡན་རང་བྱུང་རྡོ་རྗེའི་རྒྱུད་མཁའ་འགྲོ་གསང་བའི་ཡི་གེ་རྫུ་འཕྲུལ་གྱི་བཀོད་པ་ཟད་མི་ཤེས་པ་དང་གཉིས་སུ་མེད་པར་གྱུར་ཏེ་སྙིང་གི་དབུས་སུ་ཐིམ་པར་བྱས་སོ། །དེའི་ཚེ་ཆོས་རྗེ་བྲག་ཕུག་པ་མདུན་ན་ཡོད་པ་ནན་བསྟུད་ཀྱིས་གཟིགས་སྣང་ཅི་བྱུང་ཞེས་དྲི་བ་མཛད་པས་བཏང་སྙོམས་སུ་འཇོག་པའི་རྟེན་འབྲེལ་ནི་སད། གསང་བའི་དམ་ཚིག་ཞག་ལྔར་བསྲུངས་ནས་དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་ཚེས་ཉེར་ལྔ་ལ་ཚོགས་དང་མཆོད་པའི་འདུ་བ་རྒྱ་ཆེན་པོ་དང་བཅས་ཡང་རྫོང་དུས་དགྲའི་དབང་པོའ་ིཕོ་བྲང་དུ་རྟེན་འབྲེལ་ཟབ་མོའ་ིམཚམས་སྦྱོར་དང་བཅས་རྒྱ་ཁྲོལ་ལོ། ཞེས་གསུངས་པས་ས་འོག་ས་སྟེང་ས་བླ་ཏེ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོའ་ིངོ་བོ་མཁའ་འགྲོ་བདེ་ཆེན་མས་བྱིན་གྱིས་བརླབས་ཤིང་། དེ་ཉིད་ལ་བདག་ཏུ་འཛིན་པའི་སྲེད་པ་དང་ཟག་བཅས་ཀྱི་དངོས་པོར་ལྟ་བས་ལེན་པ་མེད་པའི་རྟེན་འབྲེལ་བརྡའི་ཡི་གེ་སྤྲུལ་པའི་སྐྱེས་བུ་གང་གི་རྣམ་ཀུན་མཆོག་ལྡན་གྱི་ཐུགས་དང་རོ་གཅིག་པས་འཛད་པ་མེད་པའི་ཐུགས་གཏེར་ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་བའི་ཚེ་འཁྲུལ་པའི་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་གཞི་དབྱིངས་གདོད་མའི་ཀློང་དུ་རང་དག་པ། དེའི་རྟེན་འབྲེལ་བཞིན་དུ་གཏོར་ལེན་དབྱིངས་དང་ཡེ་ཤེས་ཀྱི་མཁའ་འགྲོ་འཁོར་དང་བཅས་པས་ཀྱང་སྔོན་དུ་ཆད་དོན་བྱས་པའི་མདོ་བཞིན་འདི་ཉིད་ཉམས་སུ་ལེན་པའི་རྣལ་འབྱོར་ཀུན་ལའང་རྣམ་རྟོག་དབྱིངས་སུ་ཞི་བ་དང་། ཉམས་རྟོགས་ཀྱི་ཡེ་ཤེས་རྒྱས་པ་དང་། རང་གི་འཁྲུལ་སྣང་རིག་པའི་ཀློང་དུ་འདུས་པ་དང་། རྒྱུད་དྲུག་ལས་སྒྲོལ་བའི་ཕྲིན་ལས་རྣམ་པ་བཞི་མཛོད་ཅེས་པའོ། །གཉིས་པ་བསྟན་མ་སྐྱོང་བ་ནི། གཏོར་ཟླུམ་མཐེབ་སྐོར་བཅུ་གཉིས་ཀྱི་བརྒྱན་པ་བཤམས། གོང་གི་བཤལ་ཆུས་ཀྱང་བྲན་ཏེ། དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོང་མ་སྲིང་བསྟན་མ་བཅུ་གཉིས་རྣམསཿ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེསཿ བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོདཿ ཅེས་པས། སྔོན་སློབ་དཔོན་ཆེན་མོ་པདྨ་དང་སློབ་མ་རླངས་ཆེན་དཔལ་གྱི་སེངྒེས་རྒྱ་བལ་གྱི་མཚམས་ཨ་སུ་རའི་བྲག་ཕུག་ཏུ་དཔལ་ཆེན་དྲེགས་པ་ཀུན་འདུས་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས་དེའི་སྐུར་བཞེངས་ཏེ་བསྟན་མ་བཅུ་གཉིས་དམ་འོག་བཅུག་སྟེ། དབང་བསྐུར་བདུད་རྩི་སྦྱིན་ལག་ཏུ་རྡོ་རྗེ་གཏད་དེ་བཀའ་ཉན་ནས་སྤྱིར་བོད་ཁམས་སྐྱོང་ཞིང་མུ་སྟེགས་མི་འབྱུང་བ་དང་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། ཁྱད་པར་ཨོ་རྒྱན་ཆེན་པོའ་ིརིང་ལུགས་འཛིན་པ་ཀུན་བུ་གཅིག་པ་མས་སྐྱོང་བ་དང་མིང་པོ་སྲིང་མོས་བཀུར་བ་བཞིན་སྐྱོང་བར་དམ་བཅས་ཤིང་ཞལ་གྱིས་བཞེས་པའི་གཙོ་མོ་དུས་སྦྱོར་དང་རྟེན་འབྲེལ་བཅུ་གཉིས་དག་ནས་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་རང་བཞིན་བསྟན་མ་བཅུ་གཉིས་སྟེ། དཔལ་ཆེན་ལས། བལ་བོད་མཚམས་ན་ཚེ་རིང་མཿ ལ་སྟོད་རྡོ་རྗེ་གཡའ་མ་སྐྱོངཿ གནོད་སྦྱིན་གངས་ལ་ཀུན་བཟང་མོཿ འབྲོག་ཆེན་འཁོར་འདུ་བགེགས་ཀྱི་གཙོཿ ཇོ་མོ་གངས་རར་སྤྱན་གཅིག་མཿ བྱང་ན་མཁའ་ལྡིང་ཀླུ་མོ་རྒྱལཿ ཁ་རག་རྡོ་རྗེ་ཁྱུང་བཙུན་མཿ རྨ་ཆེན་སྦོམ་ར་དྲག་མོ་རྒྱལཿ ཀོང་བཙུན་དེ་མོ་བོད་ཁམས་སྐྱོངཿ འབྲོག་བཙན་རྡོ་རྗེ་སྨན་གཅིག་མཿ ཇོ་མོ་ནགས་རྒྱལ་གཡར་མོ་བསིལཿ དབུས་ན་རྡོ་རྗེ་ཟུ་ལེ་སྨནཿ ཞེས་སོ་དེ་རྣམས་སྔོན་པདྨའི་བཀའ་ཉན་བཞིན་འདིར་བྱོན་ལ། དཔལ་གྱི་གཏོར་མའི་བཤལ་ཆུ་དང་ལྡན་པའི་མཆོད་སྦྱིན་འདི་བཞེས་ལ་སྔོན་དམ་བཅས་པ་བཞིན་བདག་གིས་བཅོལ་བའི་འཕྲིན་ལས་བོད་ཁམས་བདེ་བ་དང་རྒྱལ་བསྟན་དར་བ་ཅི་འདོད་པ་ཐམས་ཅད་བསྒྲུབ་པར་མཛོད་ཅེས་པ་དང་། མ་མ་ནི་མ་མོ་བཅུ་གཉིས་ཀྱི་སྙིང་པོ། ཧྲིང་ཧྲིང་འདིར་འདུས་བ་ལིངྷ་གཏོར་མའི་རྡུལ་རེ་རེ་བཞིན་རིན་པོ་ཆེའི་གུར་ཁང་དང་འདོད་ཡོན་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པ་ཁཱ་ཧི་ཟོ་ཞིག་པའོ། །ལྔ་པ་རྟ་བྲོ་ནི། ཡེ་ཤེས་མཁའ་འགྲོའ་ིདཀྱིལ་འཁོར་འདིརཿ ལོག་པར་འདྲེན་པའི་དམ་སྲི་ཀུནཿ མནན་ནོ་ཐེག་པ་རིམ་དགུའི་རྒྱཿ ནམ་ཡང་ལྡང་བར་མ་གྱུར་ཅིག ཅེས་གཏོར་གཞུང་ཁ་སྦུབ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མས་དཀྱིལ་འཁོར་བསྒྲུབ་པ་འདིར་མཐུན་པར་མི་ལྟ་བའི་ལོག་པར་འདྲེན་པའི་སེམས་ཀྱི་བར་ཆད་རྩོམ་པའི་དམ་སྲི་དང་འབྱུང་པོ་ཀུན། གཏོར་གཞོང་ལྕགས་ཀྱི་རི་རབ་ནག་པོ་འདིའི་འོག་ཏུ་མནན་ནོ། ས་འོག་གཤིན་རྗེའི་གྲོང་ཁྱེར་དུ་བསྐྱུར་ཏེ་རིམ་པ་དགུས་རྒྱས་བཏབ་པ་ཉིད་ཀྱང་དོན་ལ་ཐེག་པ་ཆུང་འབྲིང་ཆེན་པོ་རེ་རེར་ཡང་གསུམ་གསུམ་ཕྱེ་བའི་རིམ་པ་དགུས་རྒྱ་ཡིས་བཏབ་ནས་ཆོས་ཀྱི་དབྱིངས་རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའ་ིབྷ་གའི་ཧོམ་ཁུང་ལས་ནམ་ཡང་འཁོར་པ་རང་ག་མར་ལྡང་བར་མ་གྱུར་ཅིག །འདིར་མཁའ་འགྲོའ་ིཐུགས་ཁ་དང་ཁ་ཊྭཱཾ་ལས་རྟ་མགྲིན་གྲངས་མེད་པར་འཕྲོས་ཏེ་གླུ་གར་བྲོ་གསུམ་བརྡུངས་པར་བསམས་ལ་རྣལ་འབྱོར་པ་ཡང་ལག་སྡིགས་མཛུབ་ཀྱིས་མཐེའུ་ཆུང་ལུ་གུ་བརྒྱུད་དུ་སྦྲེལ་ལ་གྲུབ་ཁུང་གི་མཐའ་སྐོར་ནས་བྲོ་བརྡུང་པ་ལས་ལས་བཞིར་དབྱེ་བ་མེད་པ་ཀུན་མཁྱེན་ཆེན་པོ་ཀློང་ཆེན་པོ་ཀློང་ཆེན་པས་གསུང་ལ། གཡང་འགྲེལ་དུ། དྲག་པོར་མཐེའུ་ཆུང་། དབང་ལ་སྲིན་ལག །རྒྱས་པར་གུང་མོ། ཞི་བར་མཛུབ་མོ། སྦྲེལ་བར་གསུངས་ཤིང་བྲོ་རར་ཡང་དྲག་པོར་ཟུར་གསུམ། དབང་ལ་ཟླ་གམ། རྒྱས་པར་གྲུ་བཞི། ཞི་བར་ཟླུམ་པོར་བྱ་བར་གསུངས་སོ། །དྲུག་པ་དངོས་གྲུབ་བླང་བ་ནི། མཆོད་བསྟོད་སྔོན་དུ་འགྲོ་བས། མཁའ་འགྲོ་བསྒྲུབ་པའི་དམ་ཚིག་ད་ནངས་ཐེམཿ དངོས་གྲུབ་རྩོལ་བའི་དུས་ལ་ད་བབས་ནཿ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནསཿ སྐུ་གསུང་ཐུགས་དང་མཉམ་སྦྱོར་དབང་བཅུའི་སྟོབཿ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལཿ ཞེས་པས། ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྒྲུབ་པའི་རྟགས་གྲངས་དུས་གསུམ་དམ་ཚིག་ཐམས་ཅད་ད་ནངས་ཏེ་སྐྱ་རེངས་དང་པོ་ཤར་བའི་སྐབས་སུ་ཐེམ་པས་དེ་ནི་བཏུང་བ་བྱ་ཞིག་དངོས་གྲུབ་ཐོབ་པའི་དུས་ཁྱད་པར་ཅན་ཏེ་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་སྩོལ་བའི་དུས་ལ་ད་ལྟ་བབ་ན་སངས་རྒྱས་ནི་གཞན་དོན་དུས་ལས་མི་ཡོལ་བར་མཛད་པ་ནི་ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུ་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ནི། །སངས་རྒྱས་ཐུགས་ལས་ཡོལ་མི་མངའ། །ཞེས་སོ། །མི་གནས་པ་ལ་གཉིས། ཆོས་ཀྱི་སྐུ་མཐའ་བརྒྱད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ནི་རྩ་ཤེས་ལས། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་ཅིང་སྐྱེ་མེད་པ། །འོང་བ་མེད་ཅིང་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །ཞེས་སོ། །གཟུགས་ཀྱི་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པས་འཁོར་བའི་མཐའ་ལ་མི་གནས་སྙིང་རྗེ་ཆེན་པོས་ཞི་བའི་མཐའ་ལ་མི་གནས་པའི་ཡེ་ཤེས་ཏེ་མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་པ། །སྙིང་རྗེས་ཞི་ལ་མི་གནས་ཤིང་། །མྱ་ངན་འདས་ལ་འཁོར་མི་གནས། །ཞེས་པས། རྒྱལ་བ་ཀུན་གྱི་ཐུགས་རྣམ་ཐར་གསུམ་ལྡན་ཡེ་ཤེས་མཁའ་འགྲོའ་ིདཀྱིལ་འཁོར་གནས་ཏེ། འགྲེལ་ཆེན་དྲི་མེད་འོད་ལས། ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཆོས་ཐམས་ཅད་བསྐྱེད་པར་མཛད་པ་སྟེ། ཆོས་འབྱུང་གི་སྒྲ་ཡིན་ཀྱང་དེ་བརྗོད་པར་མཛད་དོ། །ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ནི་གང་ལས་ཆོས་རྣམས་ཐམས་ཅད་ནི་རང་བཞིན་མེད་པར་འབྱུང་བར་འགྱུར་ཏེ། རང་བཞིན་མེད་པའི་ཆོས་རྣམས་ནི། སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངོ་། །དེ་རྣམས་འབྱུང་བར་འགྱུར་བས། ཆོས་ཀྱི་འབྱུང་གནས་ནི་སངས་རྒྱས་ཐམས་ཅད་ཀྱི་ཞིང་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་དང་། བདེ་བ་ཆེན་པོའ་ིགནས་དང་། སྐྱེ་བའི་གནས་སོ། །ཞེས་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་གསུངས་སོ། །ནས་ནི་འབྱུང་ཁུངས་ཀྱི་ཚིག་སྟེ། དེ་ནས་ཐུགས་རྗེ་ཆེན་པོའ་ིཤུགས་ཕྱུང་ལ་ཞེས་པ་ལྟ་བུ། བདག་གི་སྐུ་གསུང་ཐུགས་ཀྱི་དམ་ཚིག་མངོན་དུ་བསྒྲུབ་པ་ལ་བརྟེན་ནས། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོ་དང་ད་ལྟ་ཉིད་དུ་མཉམ་པར་སྦྱོར་བ་སྟེ། གསང་སྙིང་ལས། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་སོ། །དབང་བཅུ་ནི་མ་དག་པ་བདུན་ལ་དབང་བཅུ་ཕྱི་ལྟར་དུ་ཡོད་དོ། །ཚེ་ལ་དབང་བས་བསྐལ་པ་ཇི་ཙམ་གནས་པར་འདོད་པ་གནས་པ་དང་། །སེམས་ལ་དབང་འབྱོར་བས་ཏིང་འཛིན་དཔག་ཏུ་མེད་པ་ལ་སྐད་ཅིག་རེ་རེར་མཉམ་པར་འཇོག་ཅིང་ལྡང་བར་ནུས་པ་དང་། ཡོ་བྱད་ལ་དབང་འབྱོར་བས་བསམ་པ་ཙམ་གྱིས་འཇིག་ཆེན་གྱི་ཟས་ནོར་སྣ་ཚོགས་པས་གང་བར་ནུས་པ་དང་། ལས་ལ་དབང་བས་བཟོ་དང་ལས་ཀྱི་གནས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་སྤྱོད་པ་དང་། སྐྱེ་བ་ལ་དབང་བས་ལྷ་དང་མིའི་གནས་གང་འདོད་དུ་སྐྱེ་བ་དང་། མོས་པ་ལ་དབང་བས་ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་སུ་བསྒྱུར་ནུས་པ་དང་། སྨོན་ལམ་ལ་དབང་བས་འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱི་གང་བ་ལ་ཇི་ལྟར་སྨོན་པ་འགྲུབ་པ་དང་། རྫུ་འཕྲུལ་ལ་དབང་བས་ཞིང་ཁམས་དཔག་ཏུ་མེད་པ་སྐྲ་རྩེ་གཅིག་གིས་ནམ་མཁའ་ལ་འཛིན་ནུས་པ་སོགས་གང་འདོད་དུ་སྤྲུལ་ནུས་པ་དང་ཡེ་ཤེས་ལ་དབང་བས་ཤེས་བྱ་གང་འདོད་པ་དེ་ཤེས་པ་དང་། ཆོས་ལ་དབང་བས་ཆོས་ཐམས་ཅད་ཀྱི་མིང་དང་དོན་རྣམ་པར་བཞག་པ་ལ་མཁས་པའོ། །དེ་ཡང་དབང་བཅུ་ཕུལ་དུ་བྱུང་བ་ནི་དག་པ་ས་གསུམ་ན་ཡོད་པས་ནང་དུ་བཞག་སྟེ། འདུལ་བ་ལས་གང་ཚེ་མར་མེ་མཛད་ཀྱིས་དང་། ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཅིང་། །དབང་བཅུ་དག་ཀྱང་ཐོབ་པར་འགྱུར། །ཞེས་སོ། །དབང་བཅུ་ཤིན་ཏུ་རྣམ་དག་གི་སངས་རྒྱས་ཀྱི་ས་ན་ཡོད་དོ། །སྟོབས་བཅུ་ནི། དགེ་མི་དགེའང་རྒྱུ་ལས། བདེ་སྡུག་བར་མ་གསུམ་འབྱུང་བར་མཁྱེན་པ་གནས་མཁྱེན་པའི་སྟོབས། དེ་ལས་ལྡོག་ཏེ་མཁྱེན་པ་གནས་མིན་མཁྱེན་པའི་སྟོབས། དེ་བཞིན་འདོད་མི་འདོད་གཉིས་ཀ་ལས་ལྡོག་པ་དང་། ཟད་པའི་དངོས་པོ་སྟེ་ཟག་བཅས་མ་ཡིན་པའི་ལས་དང་། དེའི་རྣམ་སྨིན་དུས་གསུམ་གྱི་དངོས་པོས་བསྡུས་པ་མཁྱེན་སྟོབས་དང་ཉོན་མོངས་ཅན་དང་། དེ་ལས་གཞན་མོས་པ་འབྲིང་དང་མཆོག་སོགས་དུས་གསུམ་གྱི་སྐྱེ་འཕགས་ཀྱི་མོས་པ་སྣ་ཚོགས་མཁྱེན་སྟོབས་དང་། མིག་སོགས་གཟུགས་ཅན་དབང་ལྔ། གཟུགས་མེད་རྣམ་ཤེས་ལྔ། ཕན་ཚུན་འབྲེལ་བ་འདོད་པའི་ལྔ། རང་བཞིན་སྟོང་ཉིད་བཅུ་དྲུག་སོགས་ཁམས་ཀྱི་དབྱེ་བའི་བྱེ་བྲག །དུས་གསུམ་གྱི་ཤེས་བྱར་སྲིད་དོ་ཅོག་ཇི་སྙེད་དུས་གཅིག་མཁྱེན་པ་ཁམས་སྣ་ཚོགས་མཁྱེན་སྟོབས་དང་། མིག་སོགས་དབང་པོ་ཉེར་གཉིས་འབྲས་བུ་དང་བཅས་པ་རྣོན་འབྲིང་རྟུལ་པོའ་ིབྱེ་བྲག་གཟིགས་པ་དབང་པོ་མཆོག་དང་མཆོག་མིན་མཁྱེན་སྟོབས་དང་། འགྲོ་དྲུག །ཉན་རང་། སངས་རྒྱས་གསུམ་གྱི་ལམ་ཡང་དག་དང་ཕྱིན་ཅི་ལོག་མཁྱེན་པ་ཀུན་ཏུ་འགྲོ་བའི་ལམ་མཁྱེན་སྟོབས་དང་། བསམ་གཏན་བཞི། རྣམ་ཐར་བརྒྱད། སྙོམས་འཇུག་སོགས། ཉོན་མོངས་དང་རྣམ་བྱང་གི་ཁྱད་པར་མཁྱེན་སྟོབས་དང་། རང་གཞན་གྱི་གནས་རྗེས་སུ་དྲན་པའི་མཁྱེན་སྟོབས་དང་། དེ་བཞིན་དུ། འཆི་འཕོ་དང་སྐྱེ་བ་འཛིན་པའི་གནས་སྐབས་ཐམས་ཅད་མ་འདྲེས་པར་མཁྱེན་སྟོབས་དང་། ཉན་ཐོས་རང་རྒྱལ་བྱང་སེམས་གསུམ་གྱིས་སྤང་བྱ་དང་། ཟག་པ་ཟད་པའི་སྐབས་མཁྱེན་པའི་སྟོབས་ཏེ། དབུ་མ་འཇུག་པ་ལས། གནས་དང་གནས་མིན་མཁྱེན་སྟོབས་དང་། །དེ་བཞིན་ལས་རྣམས་སྨིན་བློ་དང་། །མོས་པ་སྣ་ཚོགས་ཐུགས་ཆུད་དང་། །སྣ་ཚོགས་ཁམས་ཀྱི་མཁྱེན་སྟོབས་དང་། །སྔོན་གནས་དྲན་པ་མཁྱེན་པ་དང་། དེ་བཞིན་འཆི་འཕོ་སྐྱེ་བློ་དང་། །ཟག་རྣམས་ཟད་པ་མཁྱེན་སྟོབས་དང་། །སྟོབས་བཅུ་པོ་ནི་འདི་དག་གོ ། ཞེས་པས། དེ་སོགས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དུས་སླད་མ་ལ་སྡང་མི་འཚམ་བར་ད་ལྟ་ཉིད་དུ་བདག་ལ་རྩལ་དུ་གསོལ་ཞེས་པའོ། །རྩ་སྔགས་ཀྱི་དོན་གོང་དུ་བཀྲལ་ལ། བཛྲ་རྡོ་རྗེ། ཀཱ་ཡ་སྐུ། ཝཀྐ་གསུང་། ཙིཏྟ་ཐུགས། སརྦ་ཐམས་ཅད། སིདྡྷི་དངོས་གྲུབ། ཕཱ་ལ་བཟང་པོ། ཧོ་རྩོལ་ཞེས་པ་སྟེ་དོན་དུ་པདྨོ་རྣལ་འབྱོར་མ་དང་ཕག་མོའ་ིསྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་བཟང་པོ་རྩོལ་ཞེས་གནད་ལ་དབབ་པའི་ཚུལ་གྱི་བསྐུལ་བ་སྟེ། སྒྲུབ་རྫས་གནས་གསུམ་དུ་གཏུག་ཅིང་མྱོང་ལ། འདིར་སྒྲུབ་རྟེན་ཚད་ལྡན་ཡོད་ན་དེ་ལྟར་བསྐྱེད་གཏོར་མ་མཆོད་པར་དམིགས་པས་འཐུས། གཏོར་མ་གཅིག་པུའི་ཚེ་ཤེས་པ་གསུམ་ལྡན་གལ་ཆེ་སྟེ་དང་པོར་མཆོད་རྫས་སུ་ཤེས་པ། བར་དུ་ལྷར་ཤེས་པ། ཐ་མ་དངོས་གྲུབ་ཏུ་ཤེས་པ་སྟེ། །དེ་ཡང་གང་ཟག་ལས་དང་པོ་པ་བདག་ནི་གཏོར་མའི་སྟོད་གསུམ་གཉིས་ལྷའི་དཀྱིལ་འཁོར་དུ་བསྒོམ། སྨད་གསུམ་གཅིག་གཏོར་མའི་མཆོད་པ་རི་རབ་གླིང་བཞི་མུ་ཁྱུད་རྣམ་རྒྱལ་ཁང་བཟང་བླ་རེ་འཕན་གདུགས་འདོད་ཡོན་སྤྲིན་ཕུང་དང་བཅས་པར་བསྐྱེད་ལ་མཆོད་རླབས་མཆོད་འབུལ་ཀུན་དམིགས་ཕྱེད་པར་འབུལ་ལོ། །དབང་གི་ཚེ་གཏོར་མ་ཡོངས་རྫོགས་ལྷར་བསྐྱེད་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ལེགས་པར་བླངས་ནས་བཞིར་གཏུག་པས་མཁའ་འགྲོའ་ིལྷ་ཚོགས་ཀྱི་གནས་བཞི་ལས་ཀྱང་འོད་ཟེར་དཀར་དམར་མཐིང་ལྗང་བཞི་དང་། ལྷ་སྐུ་ཡིག་འབྲུ་ཕྱག་མཚན་བཅས་ཐོན་རང་གི་གནས་བཞིར་ཐིམ། དབང་བཞི་ཐོབ། སྒྲིབ་བཞི་དག །སྐུ་བཞི་མངོན་དུ་གྱུར་པར་བསམ། མཐར་དངོས་གྲུབ་ཏུ་ཤེས་པ་ལྷ་ལ་ལྷ། ཡེ་ཤེས་ལ་ཡེ་ཤེས། ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་གྱིས་སྒྲུབ་རྫས་དངོས་གྲུབ་ཏུ་ལོངས་སྤྱོད་དོ། བདུན་པ་ནོངས་བཤགས་ནི། ཡེ་ཤེས་མཁའ་འགྲོའ་ིདཀྱིལ་འཁོར་དུཿ མཆོད་རྫས་མ་ཚང་བསྒྲུབ་པ་གཡེལཿ ཏིང་འཛིན་བྱིང་རྨུགས་འཐིབས་ལ་སོགསཿ འགལ་འཁྲུལ་ནོངས་པ་བཟོད་པར་གསོལཿ ཞེས་པས་ཡེ་ཤེས་མཁའ་འགྲོ་བསྒྲུབ་པའི་དཀྱིལ་འཁོར་འདིའི་སྦྱོར་དངོས་རྗེས་གསུམ་དུ་མཆོད་པའི་རྫས་དང་སྒྲུབ་པའི་རྫས་སོགས་མ་ཚང་ཞིང་སྒྲུབ་པ་གཞན་དབང་དང་ལེ་ལོས་གཡེལ་བ་དང་། སྐུ་གསུམ་ཐུགས་ཀྱི་ཏིང་ངེ་འཛིན་གཉིད་ཀྱིས་བྱིང་བ་དང་། བློ་རྨུགས་པ་དང་མུན་འཐིབས་པ་ལྟ་བུས་གསལ་བརྟན་གྱི་ངར་མ་ཐོན་པ་དང་། ལ་སོགས་ཀྱིས་འདོད་ཆགས་ཀྱི་ཡུལ་ལ་གཡེང་བས་འཕྲོ་རྒོད་ཀྱི་དབང་དུ་གྱུར་པ་སོགས་མདོར་ན་རྒྱུད་དང་འགལ་བ་དང་། ལག་ལེན་འཁྲུལ་བ་ཆོ་གའི་ཡན་ལག་ནོངས་པ་སོགས་ཅི་མཆིས་པ་ཐམས་ཅད་ཡེ་ཤེས་ལྷ་ལ་རྟོག་པ་མི་མངའ་ཡང་། དེའི་འཁོར་བཀའི་སྲུང་མ་དམ་ཚིག་གི་རྗེས་གཅོད་པ་དག་གིས་སེམས་ཅན་གྱི་རང་བཞིན་འཁྲུལ་བའི་གཞན་དབང་ཅན་ལ་སོགས་ན་བག་མེད་འགལ་འཁྲུལ་ཐམས་ཅད་རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས་སོ། །བྱམས་པའི་ཐུགས་ཀྱིས་བཟོད་པར་གསོལ་ལ་ཚངས་པའི་དངོས་གྲུབ་སྩོལ་ཞེས་པའོ། །ཡི་གེ་བརྒྱ་པའི་དོན། །ཨོཾ་མཆོག་སྟེར། བཛྲ་ས་ཏྭ་ས་མ་ཡ། རྡོ་རྗེ་སེམས་དཔའ་དམ་ཚིག །མ་ནུ་པཱ་ལ་ཡ། རྗེས་སུ་སྐྱོང་། བཛྲ་ས་ཏྭ། རྡོ་རྗེ་སེམས་དཔའ། ཏྭེ་ནོ་པ་ཏིཥྛ། ཉིད་ཀྱིས་ཉེར་གནས་མཛོད། །ཌི་ཌྷོ་མེ་བྷ་ཝ། བདག་ལ་བརྟན་པར་མཛད་དུ་གསོལ། སུ་ཏོ་ཥྱོ་མེ་བྷ་ཝ། བདག་ལ་ཤིན་ཏུ་དགྱེས་པར་མཛོད། །སུ་པོ་ཥྱ་མེ་བྷ་ཝ། བདག་ལ་ཤིན་ཏུ་རྒྱས་པར་མཛོད། །ཨ་ནུ་རཀྟོ་མེ་བྷ་ཝ། བདག་ལ་རྗེས་སུ་ཆགས་པར་མཛོད། །སརྦ་སིདྡྷི་མེ་པྲ་ཡཙྪ། བདག་ལ་དངོས་གྲུབ་ཐམས་ཅད་སྩོལ། །སརྦ་ཀརྨ་སུ་ཙ་མེ་ཙིཏྟ། ལས་ཀུན་ལ་ཡང་བདག་སེམས་མ། །ཤྲི་ཡ་ཀུ་རུ་ཧཱུཾ། དགེ་ལེགས་སུ་མཛོད་ཧཱུྃ། །ཧ་ཧ་ཧ་ཧ་ཧོཿ སྐུ་བཞི་ཡེ་ཤེས་ལྔ་ཟུང་དང་འཇུག །བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་གྱི། བཛྲ་མཱ་མེ་མུཉྩ། རྡོ་རྗེ་ཉིད་དུ་བདག་མ་འདོར། བཛྲི་བྷ་ཝ། རྡོ་རྗེ་ཅན་མཛོད། །མ་ཧཱ་ས་མ་ཡ་ས་ཏཱ་ཨཿ དམ་ཚིགས་སེམས་དཔའ་ཆེན་པོ་ཨཿ ཞེས་པའོ། །བརྒྱད་པ་རྫོགས་རིམ་ནི། ཆུ་ལས་ཆུ་བུར་རྡོལ་བ་བཞིནཿརང་ལས་སྤྲུལ་བའི་དཀྱིལ་འཁོར་ལྷཿ ཡེ་ཤེས་དབྱིངས་སུ་བཛྲ་མུཾཿ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡངཿ ཞེས་པས་ཆུ་ལས་ཆུ་བུར་བརྡོལ་བ་ཆུར་ཐིམ་པ་བཞིན་དུ། རང་གི་སེམས་ལས་སྤྲུལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སེམས་ཉིད་ཡེ་གདོད་མའི་ཤེས་པ་མ་བཅོས་མཉམ་པ་ཉིད་ཆོས་ཀྱི་དབྱིངས་སུ་བཛྲ་མུཾ་བསྡུ་བའི་ཐ་ཚིག་སྟེ་ལྷའི་གསལ་སྣང་མེ་ལོང་ལ་ཧས་བཏབ་པ་མཐའ་ནས་རིམ་གྱིས་ཡལ་བ་བཞིན་རང་བཞིན་དུ་ཡལ་བས་དྲན་པའི་མཐའ་གསལ། སླར་ཡང་རྗེས་ཐོབ་ཀྱི་སྣང་ཆ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡིང་ཞིང་སྐུ་གསུང་ཐུགས་ཀྱི་ཡི་གེས་རྒྱས་བཏབ་པས་གོ་བགོ་བ་ཡང་དེས་གྲུབ་སྟེ་རྒྱུན་གྱི་སྤྱོད་ལམ་ལ་གནས་པར་བྱའོ། །དགུ་པ་བསྔོ་བ་ནི། མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུཿ བསྐྱེད་རྫོགས་བཟླས་བརྗོད་བགྱིས་པ་ཡིཿ དགེ་བའི་རྩ་བ་གང་ལགས་པཿ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོཿ ཞེས་པས་མཁའ་འགྲོ་མ་བདེ་ཆེན་རྒྱལ་མོའ་ིདཀྱིལ་འཁོར་འདིར་བདག་ནི་ཞུགས་ནས་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་དང་། ཕྱིའི་བཟླས་བརྗོད་གསང་སྔགས་དངོས་སུ་བཟླ་བ། ནང་གི་བཟླས་བརྗོད་ཏིང་ངེ་འཛིན་སེམས་དཔའ་སྔགས་ཕྲེང་དང་བཅས་པ་ལ་དམིགས་པ་གསང་བ་རྡོ་རྗེའི་བཟླས་པ་དང་། སྲོག་རྩོལ་འགོག་པ་སོགས་མདོར་ན་མཆོད་པ་འབུལ་པ་སྦྱིན་པ་སྔགས་ཀྱི་དམ་ཚིག་བསྲུང་པ་ཚུལ་ཁྲིམས། སྒྲུབ་པ་ལ་རྩེ་གཅིག་ལས་གཞན་རྐྱེན་ངན་པ་བཟོད་པ་བཟོད་པ། བསྐྱེད་རྫོགས་དམ་ཚིག་གསུམ་ལ་བརྩོན་པ་བརྩོན་འགྲུས། ལྷ་སྐུའི་གསལ་སྣང་ལས་མི་གཡོ་བ་བསམ་གཏན། དེ་ཐམས་ཅད་ཀྱི་རང་བཞིན་སྒྱུ་མ་ལྟ་བུར་གདོད་ནས་མ་གྲུབ་པར་ཤེས་པ་ཤེས་ཏེ་དེ་ལྟར་བགྱིས་པའི་ཕྱིན་དྲུག་དང་འབྲེལ་བའི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གནས་མིན་དང་ལོག་པར་མི་འགོད་པར་འགྲོ་ཀུན་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་ཕྱིར་བསྔོ་བའོ། །བཅུ་པ་སྨོན་ལམ་ནི། སྣང་སྲིད་ཐམས་ཅད་དག་པ་མཁའ་སྤྱོད་ཞིངཿ བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མཿ རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དངཿ རང་ཞལ་མཇལ་ཏེ་མངོན་པར་བྱང་ཆུབ་ཤོགཿ སྣང་བ་ཐམས་ཅད་གཞལ་ཡས་ཁང་དང་། སྲིད་པ་བཅུད་ཀྱི་འགྲོ་བ་ཐམས་ཅད་ལྷ་དང་ལྷ་མོར་གནས་དག་པ་མཁའ་ལ་སྤྱོད་པའི་ཞིང་ཁམས་སུ་སེམས་ཉིད་བདེ་བ་ཆེན་པོའ་ིརང་བཞིན་འགྱུར་བ་མེད་པ་རྡོ་རྗེ་རྣལ་འབྱོར་མ་རྣམ་བཅས་ཟག་པའི་དངོས་པོ་ཐམས་ཅད་ལས་འདས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དོན་དམ་པའི་གནས་ལུགས་ཀྱི་རྡོ་རྗེ་ཕག་མོ་དང་རང་ཞལ་མཇལ་ཏེ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མངོན་པར་བྱང་། སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་ཐམས་ཅད་མ་ལུས་པར་ཆུབ་པ་མཐར་ཐུག་གི་གོ་འཕང་ཐོབ་པར་ཤོག་ཅིག་པ་སྟེ། དྲི་མེད་འོད་ལས། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། སྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། ཅེས་དང་། ཡེ་ཤེས་དྲ་བ་ལས། དྲི་མ་བྲལ་ཕྱིར་བྱང་བ་སྟེ། ཡོན་ཏན་རྒྱས་པས་ཆུབ་པ་ཉིད། །གཉིས་མེད་འདྲེས་ཕྱིར་ཟུང་འཇུག་ཕྱིར། མངོན་པར་བྱང་ཆུབ་སྐུར་བརྗོད་དོ། །ཞེས་སོ། །བཅུ་གཅིག་པ་བཀྲ་ཤིས་ལ་གསུམ། དང་པོ་བདེན་དཔང་གསོལ་བ་ནི། རིག་འཛིན་བརྒྱུད་པའི་བྱིན་རླབས་དངཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ གསང་སྔགས་ཟབ་མོའ་ིརྟེན་འབྲེལ་གྱིསཿ ཞེས་པས་ཀུན་ཏུ་བཟང་པོ་སོགས། རྒྱལ་བ་དགོངས་པ་བརྒྱུད་པ། རིག་འཛིན་བརྡའ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ་སོགས་རིག་པ་འཛིན་པའི་ཚོགས་གཅིག་ནས་གཅིག་ཏུ་ཟམ་མ་ཆད་པར་བརྒྱུད་པའི་བྱིན་རླབས་དང་སངས་རྒྱས་ཆོས་དང་དགེ་འདུན་སྟེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའི་བདེན་པ་དང་། གསང་སྔགས་ཟབ་མོའ་ིདཀྱིལ་འཁོར་ཚུལ་བཞིན་དུ་བསྒྲུབ་པའི་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་གིས། ཞེས་པའོ། །གཉིས་པ་གནས་སྐབས་ལས་བཞི་འགྲུབ་པའི་བཀྲ་ཤིས་ནི། འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོགཿ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོགཿ སྣང་བ་དབང་འདུད་བཀྲ་ཤིས་ཤོགཿ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོགཿ ཅེས་པས་གོང་གི་བདེན་པ་དང་། རང་གི་སྨོན་པའི་མཐུས། སེངྒེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་ལྕགས་སྒྲོག་ཤ་ཟ་རྒྱལ་མོའ་ིཆད་པ་སོགས་འཇིགས་པ་བརྒྱད་ཞི་བའི་བཀྲ་ཤིས་པར་ཤོག །ཚེ་དང་བསོད་ནམས་དང་དཔལ་དང་གྲགས་པ་རྒྱས་པའི་བཀྲ་ཤིས་ཤོག །ཁམས་གསུམ་རང་སྣང་དང་བཅས་པ་དབང་དུ་འདུས་པའི་བཀྲ་ཤིས་ཤོག །ལོག་པར་འདྲེན་པའི་དགྲ་བགེགས་ཚར་གཅོད་པའི་བཀྲ་ཤིས་ཤོག་ཅེས་པའོ། །གསུམ་པ་མཐར་ཐུག་དག་རྫོགས་སྨིན་གསུམ་གྱི་བདེན་པས་འཇའ་ལུས་འགྲུབ་པའི་བཀྲ་ཤིས་ནི། སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲ་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོགཿ ཅེས་པས་ཕྱིའི་སྣང་བ་ལ་ཞེན་པ་གདོད་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་མདངས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རོལ་པར་རྫོགས། །ཇི་ལྟར་སྒྲ་རུ་གྲགས་པ་ཐམས་ཅད་བདེ་བ་ཆེན་པོ་གསུང་གི་དཀྱིལ་འཁོར་སྐྱེ་མེད་སྔགས་ཀྱི་རང་མདངས་སུ་དག །དྲན་རྟོག་གི་རང་ག་མའི་སྣང་བ་མཐའ་དག་འོད་གསལ་ཆོས་ཀྱི་སྐུའི་རང་བཞིན་དུ་སྨིན་པ་ལ་བརྟེན་རྣལ་འབྱོར་པའི་ལུས་རྡོས་བཅས་ལས་འདས་ཏེ་འཇའ་ལུས་འཕོ་བ་ཆེན་པོའ་ིསྐུ་ཐོབ། ཡིད་གཏད་མེད་ཀྱི་རིག་པ་ཟང་ཐལ་དུ་རྟོགས་ཀ་དག་ཏུ་གྲོལ། རང་མལ་དུ་ཐོབ་པས་ཀུན་ཏུ་བཟང་པོ་བྱང་ཆུབ་མཆོག་གི་ཀློང་དུ་མ་འདས་ཀྱང་གཞན་དོན་དུ་འཁོར་བ་མ་སྟོངས་ཀྱི་བར་དུ་ཕྲིན་ལས་རྒྱུན་ཆད་མེད་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་པཎ་ཆེན་བཱི་མ་ལ་ལྟ་བུའི་དགེ་མཚན་བཀྲ་ཞིང་ལེགས་པའི་ས་ལ་ཤིས་པ་བརྟགས་པ་དེང་འདིར་ཤོག །ཅེས་པ་སྟེ། ཀུན་བྱེད་ལས་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། ཇི་ལྟར་སྣང་བཞིན་གནས་པའི་ཆོས་རྣམས་ཀུན། སྐྱེ་བ་མེད་པའི་ཆོས་ཉིད་ངང་ལ་བཀོད། །སྙིང་པོ་གསུང་གི་དཀྱིལ་འཁོར་བཀོད་པ་ནི། ཇི་ལྟར་གྲགས་ཤིང་གནས་པའི་ཆོས་རྣམས་ཀུན། སྐྱེ་མེད་དབྱིངས་ལ་ཚིག་རྣམས་གསུང་དུ་བཀོད། །སྙིང་པོ་རིག་པའི་དཀྱིལ་འཁོར་བཀོད་པ་ནི། ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན། །མ་སྐྱེས་ཀུན་བྱེད་ཉིད་ཀྱི་དོན་དུ་རིག །ཅེས་དང་། མཚན་བརྗོད་ལས། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །ཇི་གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །ཅེས་སོགས་རྒྱ་ཆེར་གསུངས་སོ། །དེ་ལྟར་རྒྱལ་བ་ཀུན་གྱི་ཡུམ་གྱུར་ཡེ་ཤེས་མཁའ་འགྲོའ་ིབསྒྲུབ་པའི་གཞུང་། །ཟབ་ཅིང་རྒྱ་ཆེའི་རྡོ་རྗེའི་ཚིག་དོན་བདག་བློའ་ིསྤྱོད་ཡུལ་མ་གྱུར་ནའང་། དཔལ་མགོན་བླ་མའི་ལུང་གིས་གནང་དང་ཆོས་བདག་མཁའ་འགྲོས་བསྐུལ་བའི་ངོར། །བདག་བློས་ཇི་ལྟར་དཔོག་པར་གྱུར་ཀུན་གཅིག་ཏུ་གུས་པས་ལེགས་པར་ཕྱེ། །དབང་རྣོན་ཟུར་སྨོས་ཙམ་གྱིས་མཁྱེན་ཏེ་བརྗོད་བྱའི་གནས་ཀུན་དཔྱིས་མི་ཕྱིན། །བརྡུལ་ལ་ལན་བརྒྱ་བསྐོར་བར་འོས་ཏེ་ཚིག་གི་རྙོག་དེ་མཁས་པས་ཁྲེལ། །དེ་ཕྱིར་ཚིག་ཉུང་དོན་དུ་འཚམས་ཏེ་སྔོན་བྱོན་དམ་པའི་གཤེགས་ཤུལ་ཏེ། །བདག་གི་བློ་གྲོས་བུང་བའི་རླབས་ཉིད་ཚུལ་དེར་འཇུག་ལ་སྤྲོ་མོད་ཀྱང་། །དེང་སང་ཚུལ་འདིར་མཁས་པའི་སྤྱན་མངའ་ཞིང་། །བླ་མའི་ཞལ་ལུང་བདུད་རྩིས་ཐུགས་མཚོ་བལྟམས། །མང་དུ་གཟིགས་པའི་དཔྱོད་ལྡན་མཁན་པའི་དབུས། །བློ་ངན་བདག་འདྲས་སྤྱི་བརྟོལ་བསྐྱེད་འདིས་ཅི། །འོན་ཀྱང་རང་ཉིད་གྲགས་ཕྱིར་མ་ཡིན་བློ་མཆོག་མངའ་བར་བསྐུལ་ཕྱིར་ལགས། །ཆོས་དོན་ཡོངས་སུ་མཐོང་ཕྱིར་མ་ཡིན་བླ་མའི་མན་ངག་ཟིན་ཕྱིར་དང་། །རང་གི་བློ་གྲོས་ཡོངས་སུ་བྱང་ཞིག་སྐལ་མཉམ་འགའ་ལ་བསྟན་ཕྱིར་དུ། གཞན་ལ་བསམས་པ་བཟང་པོས་བྲིས་ན་ཉེས་འགལ་ལྷ་དང་སྲུང་མར་བཤགས། །འདིར་འབད་དགེ་བའི་ལྷག་བསམ་ཟླ་བ་སེམས་ཀྱི་རྙོག་པ་དྭངས་པའི་མཁར། །ཕན་དང་བདེ་བའི་བསིལ་ཟེར་བྱེ་བའི་འོད་རབ་འགྱེད་བཞིན་ཤར་བ་ལས། བྱུང་བའི་དགེ་ཚོགས་དྲི་མ་མེད་དེས་འཁོར་བའི་འཁོར་ལོ་འཕྱན་པའི་འགྲོ། །འབྲས་བུའི་ལམ་མཆོག་དམ་པ་འདིར་བརྟེན་སྐུ་གསུམ་གདོད་མར་མངོན་གྱུར་ཤོག །གནས་སྐབས་སུ་ཡང་འཇིག་རྟེན་འདིར། །དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །ལེགས་བྱས་ལྷ་མའི་བདེ་འབྲས་ཀུན། །རྫོགས་ལྡན་གསར་དུ་འོངས་ལ་སྨོན། །དམ་ཆོས་སྤྱོད་ཀུན་བག་ཡོད་པས། །ཆོག་ཤས་བདུད་རྩིས་རབ་ངོམས་ཏེ། །ལུང་དོན་རྟོགས་ཤིང་བསམ་པའི་དོན། །སྒོམ་ལ་གཡེང་བ་ཞི་གྱུར་ཅིག །བཤད་དང་བསྒྲུབ་པའི་ཉིན་བྱེད་ཀྱིས་བསྐུལ་ཏེ། །སྡོམ་གསུམ་པདྨོ་འཛུམ་པའི་བསྟན་འཛིན་རྣམས། །ཟབ་དོན་འབྲས་བུ་ཕན་བདེའི་དྲི་བསུང་བཅས། །སྐལ་ལྡན་བུང་བའི་ཉེར་འཚོར་རབ་གནས་ཤོག །དེ་ལྟར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཡུམ་བཀའ་མཁའ་འགྲོ་བདེ་ཆེན་རྒྱལ་མོའ་ིསྒྲུབ་གཞུང་གི་འགྲེལ་བ་རྒྱུད་དོན་སྣང་བ་ཞེས་བྱ་བ་འདི་ནི། སྔོན་དུ་ས་སྐྱོང་མི་དབང་དཱེ་ཝ་པུ་རིའི་རྗེ་བཙུན་སྐུ་མཆེད་ནས་དྲི་མ་མེད་པའི་ལྷ་རྫས་དང་བཅས་ཡང་ཡང་ནན་ཏན་ཆེན་པོས་གསོལ་བ་བཏབ་པ་རིམ་འགྱང་གི་ཐོག་འདི་ཉིད་ཀྱི་ཕྲིན་ལས་བྱེད་པར་ལུང་གིས་བསྔགས་ཤིང་ངོས་ཀྱང་སྒོ་འདིར་འདྲེན་པའི་བཀའ་དྲིན་ཅན་གང་མཚོའི་གདུང་མཐའ་རྗེ་བཙུན་ཛྙཱ་ནའི་མཚན་ཅན་གྱིས་རིན་ཆེན་གཉིས་པའི་དོང་རྩེ་ཕར་ཕྱིན་གྲངས་ལྡན་དང་། ལྷ་གོས་བཅས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་བའི་གསུང་མ་ལྡོག་པར་བརྟེན། ཡུལ་ཉང་སྟོད་རིག་པའི་འབྱུང་གནས་ཀྱི་སའི་ཐིག་ལེ་ཤམ་བྷོ་རྩེ་དགུའི་གླང་ཆེན་འགྱིངས་པ་ལྟ་བུའི་འདབས་སུ་སྐྱེས་ཤིང་། སྔོན་བྱོན་སྐད་གཉིས་སྨྲ་བའི་གཙུག་རྒྱན་གྲུབ་པའི་དབང་ཕྱུག་ཆེན་པོ་རྭ་ལོ་ཙྭ་བ་རྡོ་རྗེ་གྲགས་ཀྱི་དབོན་ཆོས་རབ་གནས་བཟུང་། དམ་པའི་ངང་ཚུལ་ཅན་རྒྱུད་མར་འབྱོན་པའི་རབ་ཉི་ཤུ་རྩ་ལྔ་པ། ངག་དབང་བསྟན་འཛིན་རྡོ་རྗེའི་འཇིགས་མེད་དགེ་བའི་དཔལ་ཆེན་གྱིས་རྗེ་བླ་མའི་གསུང་གི་གནང་བ་ལན་མང་དུ་ཐོབ་པ་བརྗོད་པར་འཕངས་ནས་དབེན་པའི་བྲག་སྐྱིབས་པདྨ་འོད་གསལ་ཐར་པ་གླིང་དུ་ལོ་གསུམ་བསྒྲུབ་པས། ཚེ་བློ་ངན་ལྕགས་མོ་བྱའི་ལོའ་ིནག་པ་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་དང་པོར་སུག་བྲིས་ཡོངས་སུ་འགྲུབ་པར་བགྱིས་པ་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ། དགེའོ། དགེའོ། སྔ་འགྱུར་བསྟན་པ་རྒྱ་མཚོའི་འཁོར་ལོས་བསྒྱུར། །འགྲོ་ལ་ཐེག་མཆོག་སྒྲ་སྒྲོགས་རྫོགས་ཆེན་པ། །དོན་ཀུན་འགྲུབ་པ་འཇིགས་མེད་གླིང་པ་ཡི། །བསྟན་པ་འཕེལ་རྒྱས་ཡུན་རིང་གནས་གྱུར་ཅིག །དགེ་ལེགས་འཕེལ།


previousམཁའ་འགྲོ་བདེ་ཆེན་རྒྱལ་མོའི་སྒྲུབ་གཞུང་གི་འགྲེལ་བ་རྒྱུད་དོན་སྣང་བ། འཇིགས་མེད་དགེ་བའི་དཔལ་ཆེན།no next