Nitartha Digital Library
Tibetan
བར་དོ་དྲུག་གི་སྔོན་འགྲོ་རྒྱབ་ཆོས་དང་བཅས་པ།


   
   
   
   
འོག་སྒོ་བདེ་ཆེན་འདོད་ཆགས་རང་གྲོལ་གྱི་ཉམས་ཁྲིད། སཱུཪྱ་ཙནྟྲ་རསྨིའི་མིང་ཅན་གྱིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའོག་སྒོ་བདེ་ཆེན་འདོད་ཆགས་རང་གྲོལ་གྱི་ཉམས་ཁྲིད། སཱུཪྱ་ཙནྟྲ་རསྨིའི་མིང་ཅན་གྱིས།next

འོག་སྒོ་བདེ་ཆེན་འདོད་ཆགས་རང་གྲོལ་གྱི་ཉམས་ཁྲིད། སཱུཪྱ་ཙནྟྲ་རསྨིའི་མིང་ཅན་གྱིས།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལསཿ འོག་སྒོ་བདེ་ཆེན་འདོད་ཆགས་རང་གྲོལ་གྱི་ཉམས་ཁྲིད་གུད་དུ་བཀོལ་བ་དོན་བསྡུས་ཟབ་ཁྲིད་བདེ་བ་རང་གྲོལ་བཞུགས་སོ། །

བར་དོ་དྲུག་གི་སྔོན་འགྲོ་རྒྱབ་ཆོས་དང་བཅས་པ་བཞུགས་སོ།

བདེ་ཆེན་རང་གྲོལ་སྐུ་གསུམ་ལྷ་ལ་འདུད། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། །འོག་སྒོ་བདེ་ཆེན་འདོད་ཆགས་རང་གྲོལ་གྱི། །རྫོགས་རིམ་ཉམས་ཁྲིད་དོན་བསྡུས་དམར་ཁྲིད་འདི། །རང་འདྲ་བློ་དམན་དོན་དུ་བསྡུས་ཏེ་བྲིས། །དེ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་གནད་རྫོགས་རིམ་ཉམས་སུ་ལེན་པ་ལ། སྤྱི་དོན་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་མོ། །སྔོན་འགྲོ་ལ་གཉིས་ཏེ། སྤྱི་དང་ཁྱད་པར་རོ། །སྤྱིའི་སྔོན་འགྲོ་ནི། ཀུན་དང་མཐུན་པར། སྔོན་འགྲོ་བདུན་སྦྱོར་རམ། བཞི་སྦྱོར་ལྟར་གཞན་དུ་ཤེས་པར་བྱའོ། །ཁྱད་པར་གྱི་སྔོན་འགྲོ་ལ་གཉིས་ཏེ། སྟོང་ར་གསུམ་གྱིས་སྒོ་གསུམ་སྦྱངས་པ་དང༌། སྟེང་སྒོ་རྣམ་གྲོལ་གཏུམ་མོ་འབར་འཛག་གིས་ལམ་སྦྱོང་བའོ། །དང་པོ་ལ་གསུམ། རྩ་དང་རླུང་དང༌། ཐིག་ལེའི་སྟོང་ར་གཉིས་སྦྱང་བ་ནི། གཞུང་ལས། མཚན་ལྡན་བླ་མས་ཐེག་པའི་རིམ་པ་ལྟར། །དམ་ཚིག་སྡོམ་པ་དབང་བསྐུར་རིམ་པར་བྱ། །ཁྱད་པར་གསུམ་པའི་དབང་ཐོབ་སྐྱེས་བུ་དེས། །ཐོག་མར་ཚད་མེད་སྙིང་རྗེས་ཀུན་བསླངས་ནས། །སྐྱབས་འགྲོ་སེམས་བསྐྱེད་རྒྱ་ཆེན་ཏིང་འཛིན་གསུམ། །རང་ལུས་ལྷར་གསལ་ངང་ནས་སྟོང་ར་བསྒོམ། །ཞེས་གསུངས་པས། ཐོག་མར་བླ་མེད་ཀྱི་དབང་བཞི་རྫོགས་པར་ཞུ། ཁྱད་པར་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་རྫོགས་པར་མནོས་ལ། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། གདོད་མའི་གནས་ལུགས་རང་བྱུང་ཡེ་ཤེས་ལེགས་པར་ངོ་འཕྲོད་ནས། ངེས་ཤེས་ལེགས་པར་དྲང་བར་བྱ་སྟེ། དེ་མ་གཏོགས་པའི་ཆོས་ཐམས་ཅད་འདུས་བྱས་བསླུ་བའི་རང་བཞིན་ཅན་ཏེ། ཞི་བ་བསྒོམས་ཤིང་བརྟན་པ་ཐོབ་ཀྱང༌། གཟུགས་ཁམས་འོད་ལུས་ཀྱི་ལྷར་སྐྱེ། ཁྲོ་བོ་བསྒོམས་པས་ནི་རུ་ཏྲ་སྲིན་པོ་མ་རུངས་པར་སྐྱེ། ཐབས་ལམ་དབང་པོ་གཉིས་སྦྱོར་གྱི་བདེ་བ་ལ་ཞེན་ཆགས་ཀྱིས་སྤྱོད་པས། མངལ་གྱི་སྲིན་བུར་སྐྱེ་བར་གསུངས་པས། ལྟ་བའི་ཡང་རྩེ་དེ་བཞིན་ཉིད་ཀྱིས་ཟིན་པ་གལ་ཆེའོ། །འདིས་ཟིན་ན་ནི། བདུད་དང་སྲིན་པོ་བསྒོམས་ཀྱང་ཆོས་སྐུ་ལས་འགྲོ་ས་མེད་དོ། །དེ་ནས་གཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་ནི། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ། བརྩེ་བའི་སྙིང་རྗེས་མཆི་མ་འཁྲུགས་པ་ཙམ་དུ་བསྒོམ་མོ། །དེ་ནི་འགྲོ་བ་ཐམས་ཅད་ལ་ཐུགས་རྗེས་སྤྲུལ་སྐུ་སྣང་བར་བྱེད་པའི་ཕྱིར། ཀུན་སྣང་གི་ཏིང་ངེ་འཛིན་ཏོ། །དེ་ལྟར་སྟོང་ཉིད་སྙིང་རྗེའི་ངང་ནས། འགྲོ་བའི་དོན་བྱེད་པ་ལ། རྒྱུའི་ཏིང་ངེ་འཛིན་ནི། གང་ལ་གང་འདུལ་གྱི་གཟུགས་སྐུ་མ་སྤྲོས་ན། སྟོང་ཉིད་སྙིང་རྗེ་ཁོ་ནས་གཞན་དོན་དངོས་སུ་མི་འགྲུབ་པས། རྒྱུའི་ཏིང་ངེ་འཛིན་བསྒོམ་པ་ནི། རང་གི་ཡི་དམ་སོ་སོར་བཤད་ཀྱང༌། འདིར་དབང་གི་ཁྲིད་བདེ་བ་ཆེན་པོ་བསྒོམ་པའི་ཕྱིར། དབང་གི་ལྷ་རྟ་ཕག་ཡབ་ཡུམ་བསྒོམ་པ་ནི། ཧྲཱིཿ སྐད་ཅིག་སྟོང་གསལ་ཆེན་པོའི་ངང་ཉིད་ལས། །གར་འདུག་བདེ་ཆེན་འབར་བའི་གཞལ་ཡས་སུ། །པད་ཉི་རོ་སྟེང་ཧྲིཿལས་རྟ་མགྲིན་སྐུ། །མདོག་དམར་རབ་འཇིགས་རྟ་མགོ་ལྗང་བཞུར་མཚེར། །གྲི་གུག་ཐོད་ཁྲག་ཡུམ་དང་བདེ་ཆེན་རོལ། །མཿལས་རྡོ་རྗེ་ཕག་མོ་གཉིས་མེད་འཁྲིལ། །ཁྲོ་འཛུམ་ཞལ་སྦྱཽར་ཕག་ཞལ་མཐིང་ག་ངུར། །གྲི་གུག་ཐོད་ཁྲག་ཡབ་ལ་འཁྱུད་ཅིང་སྟོབས། །གཞོན་ཚུལ་ནུ་མ་བྷ་ག་རབ་རྒྱས་ཤིང༌། །རྡོ་རྗེ་པདྨ་དམ་སྦྱར་སྤྱོད་ཅིང་བསྒུལ། །སྣང་ལ་རང་བཞིན་མེད་པའི་སྐུ་རུ་གསལ། །ཞེས་ཚིག་གིས་གསལ་གདབ་ཅིང་ཡེངས་མེད་དུ་བསྒོམ་མོ། །བསྐྱེད་རིམ་མ་སྦྱངས་པའི་གང་ཟག་ཡིན་ན། འདི་ཡུན་རིང་དུ་བསྒོམ་མོ། །ཆོས་ཐུན་གཅིག་གོ །གཉིས་པ་རྩའི་སྟོང་ར་བསྒོམ་པ་ནི། གཞུང་ལས། ལུས་གནད་སྐྱིལ་ཀྲུང་མཉམ་གཞག་སྒལ་ཚིགས་བསྲངས། །མགྲིན་འགུག་སྣ་རྩེར་ལྟ་ཞིང་དཔུང་པ་བརྒྱངས། །ཞེས་གསུངས་པས། རྣམ་སྣང་ཆོས་བདུན་བཅའ་འོ། །དེ་ནས་རང་ལུས་ཡི་དམ་ཡབ་ཡུམ་སྣང་སྟོང་དབྱེར་མེད་འོད་ཀྱི་རང་བཞིན། ནང་ཁྲོལ་རྡོས་བཅས་ཀྱི་རང་བཞིན་ལས་གྲོལ་བས། དེའི་སྤྱི་བོར་བླ་མ་ཐམས་ཅད་འདུས་པའི་ངོ་བོ་ཨུ་རྒྱན་ཡབ་ཡུམ་དཀར་དམར་གཞོན་ཤ་ཆགས་པ། གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་རོལ་པའི་གནས་བཞི་ནས། ཡི་གེ་འབྲུ་བཞི་རང་གི་གནས་བཞིར་བསྟིམ་ཞིང་དབང་བཞི་བླངས་ལ། དེ་ནས་རང་གི་ཁོག་པ་སྟོང་པ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ། རྩའི་གཙོ་བོ་དྷཱུ་ཏཱི་དབུ་མ་ཞེས། སྣང་ལ་རང་བཞིན་མ་གྲུབ་འོད་ཀྱི་རྩ། །དཀར་སེར་ལྦ་ལྕག་ཙམ་པའི་ཁོང་སྟོང་ཅན། །ཕྱི་ནང་སྟོང་གསལ་འོད་ཀྱི་རྣམ་པ་རུ། །ཡར་སྣེ་སྤྱི་བོའི་ཚང་བུག་ཧཾ་ལ་ཟུག །མར་སྣེ་ཆོས་འབྱུང་ལྟེ་འོག་ལ་ཟུག་སྟེ། །ཁང་སྟོང་ལུག་རིད་(རྒྱུད)རྒྱུ་མ་ཕུས་བཏབ་བཞིན། །ལུས་ཀྱི་སྲོག་ཤིང་ལྟ་བུར་ཟང་ཐལ་གསལ། །ཞེས་གསུངས་པས། དེ་ལྟར་མ་ཡེངས་པར་འགག་མེད་ཟང་ཐལ་དུ་བསྒོམ་མོ། །དེ་ནས་རོ་རྐྱང་གསལ་གདབ་པ་ནི། གཡས་སུ་རྐྱང་མ་དཀར་གསལ་མདའ་སྨྱུག་ཙམ། །ཡར་སྣེ་རྩེ་འགུགས་སྣ་བུག་གཡས་ན་གཏད། །མར་སྣེ་ལྟེ་འོག་དབུ་མར་ཚུད་ཙམ་གསལ། །གཡོན་དུ་རོ་མ་དམར་གསལ་མདའ་སྨྱུག་ཙམ། །ཡར་སྣེ་རྩེ་འགུགས་སྣ་བུག་གཡོན་ལ་ཟུག །མར་སྣེ་ལྟེ་འོག་དབུ་མར་ཚུད་ཙམ་གསལ། རོ་རྐྱང་གཉིས་གཞུང་ཕལ་ཆེར་རོ་མ་གཡས་རྐྱང་མ་གཡོན་དུ་བཤད། ཅེས་པས། དེ་ལ་ཞག་གསུམ་མ་ཡེངས་པར་བསྒོམ་མོ། །དེ་ནས་རྩ་འཁོར་ལྔའི་སྟོང་ར་བསྒོམ་པ་ནི། སྤྱི་བོ་བདེ་བ་ཆེན་པོའི་གཞལ་ཡས་སུ། །རྩ་འདབ་སུམ་ཅུ་སོ་གཉིས་ཐེམ་པ་ནི། །གདུགས་ཀྱི་རྩིབས་མ་ཕུབ་འདྲ་དཀར་གསལ་བསྒོམ། །དེ་ལ་ཞག་གཅིག ། མགྲིན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རུ། །རྩ་འདབ་བཅུ་དྲུག་སྦྲུལ་གྱི་ཆུན་པོ་བཞིན། །དམར་གསལ་མདངས་ལྡན་འགག་མེད་ཟང་ཐལ་བསྒོམ། །ཞག་གཅིག སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ནི། །བརྒྱད་པ་མཐིང་གསལ་གྲུ་གུ་སྒྲིལ་མ་ལྟར། །གསལ་འཚེར་མདངས་ལྡན་འགག་མེད་ཟང་ཐལ་བསྒོམ། །ཞག་གཅིག །ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་ནི། །དྲུག་ཅུ་རྩ་བཞི་སེར་གསལ་མདངས་ལྡན་དུ། །རིན་ཆེན་བང་རིམ་བ་ཐག་ལྟར་ཡང་ཟེར། བརྩེགས་ལྟར་རིམ་བཞིན་དུ། །ཕྱི་ནང་མེད་པར་འགག་མེད་ཟང་ཐལ་བསྒོམ། །ཞག་གཅིག །གསང་གནས་བདེ་སྐྱོང་འཁོར་ལོའི་རྩ་འདབ་ནི། །ཉི་ཤུ་རྩ་བཞི་ལྗང་གསལ་མདངས་ལྡན་དུ། །སྦྲ་ཡི་ཆོན་ཐག་ལྗོན་ཤིང་གྱེས་པ་ལྟར་ཡང་ཟེར། ཇི་བཞིན་ཟང་ཐལ་བསྒོམ། །ཞག་གཅིག །དེ་ལྟར་འཁོར་ལོ་རེ་ལ་ཞག་རེ་བསྒོམ་མོ། །དེ་ནི་གྲངས་ཅན་རྩའི་སྟོང་རའོ། །དེ་ནས་གྲངས་མེད་རྩའི་སྟོང་ར་ནི། ཡ་ཀི་སྤྱི་བོའི་གཙུག་ནས་མ་ཀི་རྐང་པའི་མཐིལ་ཡན་ཆད། འཁོར་ལོ་ལྔ་ཡི་རྩ་ལས་ཕྱིར་གྱེས་པ་ལས། ལུས་རྩའི་དྲྭ་བས་འབྲེལ་ཏེ། ཕྱི་ནང་མེད་པར་འགག་མེད་ཟང་ཐལ་དུ་བསྒོམ། དམིགས་པ་རྣོན་པོས་དངོས་སུ་མཐོང་བ་ཡང་འབྱུང་ངོ༌། །དེ་ཡང་རྩ་དངོས་པོ་ཅན་དུ་བསྒོམས་ན་གེགས་འབྱུང་བས། འགག་མེད་ཟང་ཐལ་གྱི་རྣམ་པར་བསྒོམས་པས་གེགས་མི་འབྱུང་སྟེ། དམིགས་པའི་གནད་འདི་ཤིན་ཏུ་ཟབ་བོ། །གཉིས་པ་རླུང་གི་སྟོང་ར་བསྒོམ་པ་ནི། སྟན་ལ་ལུས་སྐྱིལ་ཀྲུང༌། སྒལ་ཚིགས་དྲང་པོར་བསྲངས། ཐོག་མར་རླུང་རོ་ལན་གསུམ་འབུད་ནས། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་སོང་བར་བསྒོམ། དེ་ནས་དལ་བུས་ཨོཾ་གྱི་རྣམ་པར་ཚུར་རྔུབས་པས། དུས་གསུམ་རྒྱལ་བའི་བྱིན་རླབས་ནུས་མཐུ་འགྲོ་བའི་ཚེ་དང་བསོད་ནམས་ཐམས་ཅད། ཨོཾ་གྱི་ཚུལ་དུ་བསྡུས་ནས། མཆིལ་མ་གཅིག་མིད་པ་དང་མཉམ་དུ། ལྟེ་འོག་ཏུ་ཀྲིགས་ཀྱིས་བསྐྱིལ། འོག་རླུང་འུབ་ཀྱིས་ཡར་འཐེན་ནས་ལྟེ་འོག་ཏུ། བར་རླུང་རིག་པ་སྟོང་གསལ་ཨཱཿའི་ཚུལ་དུ་ཅི་ཙམ་ཐུབ་ཀྱི་བར་དུ་བསྐྱིལ། ཚད་ནི་འཛུམ་མོས་པུས་མོ་ལ་གཡས་སྐོར་རེ་ལ་སེ་གོལ་རེ་གཏོགས་ལ། ཉི་ཤུ་སུམ་ཅུ་བཞི་བཅུ་བརྒྱ་སྟོང་ལ་སོགས་པ་བསྐྱིལ། མི་ཐུབ་པ་དང་བཏང་བའི་ཚེ། ཧཱུྃ་གི་རྣམ་པར་འབུད་པས། སྤྲུལ་པ་གྲངས་ལས་འདས་པས་འགྲོ་བའི་དོན་བྱེད་པར་བསྒོམ། རླུང་གནས་པ་ཇེ་རིང་ཇེ་རིང་དུ་བསྐྱིལ། བསྐྱིལ་བའི་ཚེ་རིག་པ་གསལ་སྟོང་རྗེན་ནེ་ཧྲིག་གེ་བའི་ངང་ནས་བཞག འདི་ཡི་སྐབས་སུ་རྩ་བཟང་བའི་རིགས་ལ། མཐོང་སྣང་བསམ་གྱིས་མི་ཁྱབ་པར་འཆར་ཏེ། བཟང་ངན་གཉིས་འཛིན་མེད་པའི་ངང་ནས་སྦྱོང་ངོ༌། །གཉིས་འཛིན་སྐྱེས་ན་གེགས་སུ་འགྲོ། འཛིན་མེད་ཀྱི་ངང་ནས་སྦྱངས་ནས། ཉམས་རྟོགས་མྱུར་དུ་འཕེལ་ལོ། །དེ་ནས་རླུང་འབུད་པའི་རྗེས་སུ། ཧཱུྃ་རིང་ལན་གསུམ་འབུད་ནས། ཧ་དྲག་ཡང་ཡང་བཏུད་ནས། ནད་གདོན་ཐམས་ཅད་སེང་སེང་ཐོན་པར་བསམ། དེས་རླུང་སྐྱོན་དང་གེགས་མི་འབྱུང་ཞིང༌། ནད་གདོན་སྡིག་སྒྲིབ་ཐོན་པའི་གནད་ཟབ་མོའོ། །གཞན་ཡང་རླུང་བཟུང་བའི་གནད་ནི། སྣ་བུག་གཡས་ནས་རླུང་རྒྱུ་བའི་ཚེ་མི་བཟུང༌། ཉོན་མོངས་པའི་རླུང་རྒྱུ་བས་གེགས་མང་བའི་ཕྱིར་འབུད་པ་གཅེས་སོ། །གཡོན་ནས་རྒྱུ་བའི་ཚེ། ཐབས་ཤེས་གཉིས་སུ་མེད་པ་ཡེ་ཤེས་ཀྱི་རླུང་ཨ་བ་དྷཱུ་ཏཱིའི་སྒོར་འགྲིམས་པས། བཟུང་ཞིང་བསྐྱིལ་ན་གེགས་མེད་ཅིང་ཡེ་ཤེས་ཡོན་ཏན་མྱུར་དུ་འཆར་རོ། །གཞན་ཡང་དུག་ལྔ་འཁྲུལ་སྣང་འཆར་དུས། མི་བཟུང་བར་འབུད། དག་སྣང་མོས་གུས་དགེ་སེམས་སྐྱེས་པའི་ཚེ། མི་འབུད་པར་བཟུང༌། དེ་ལ་སོགས་པ་རྟེན་འབྲེལ་བཟང་ངན་ཐམས་ཅད་རླུང་ལ་རག་ལས་པས། རླུང་ལ་མཁས་པར་བྱས་ཏེ། རྒྱས་པར་གཞན་དུ་ལྟའོ། །གཞུང་ལས། ཨོཾ་གྱིས་རླུང་རྔུབ་ཨཱཿལས་གནས་བཟུང་སྟེ། །ཧཱུྃ་གིས་རླུང་འབུད་དེ་ལ་སྦྱང་བ་གཅེས། །དེ་རྗེས་ཁ་དོག་ལྔ་ལྡན་རླུང་ལ་སྦྱང༌། །ཅེས་པས། རྒྱས་པར་བྱེད་ན། རྩ་པའི་རླུང་ཟིན་ནས། འབྱུང་བ་ལྔ་ཡི་རླུང་ལ་སྦྱངས་པས། ཡོན་ཏན་དཔག་ཏུ་མེད་དོ། །འདོད་ཆགས་རང་གྲོལ་གཞུང་ལས། སྔོན་ལ་རླུང་སྦྱོར་བཤད་ནས་དེ་ནས་རྩ་བཤད་པ་ནི། ལུས་གཅུན་པ་ཡིན་ནོ། །དེ་ནས་རླུང་བྱང་བ་དང་སྟེང་སྒོ་རྣམ་གྲོལ་གཏུམ་མོ་འབར་འཛག་བསྒོམ་པ་ནི། གཞུང་ལས། ལྟེ་འོག་སུམ་མདོར་ཨ་ཐུང་མེ་འདྲ་བསྒོམ། །ལུས་བཞིན་མེ་འབར་སྤྱི་བོའི་ཧཾ་ཉིད་ཞུ། །བདེ་བ་ཡས་འཛག་མེ་དྲོད་མས་ནས་འབར། །འབར་འཛག་བདེ་དྲོད་གཏུམ་མོ་ཡུན་རིང་བསྒོམ། །ཞེས་པས་གཏུམ་མོ་བསྒོམ་པའི་སྔོན་དུ། ཐིག་ལེའི་སྟོང་ར་བསྒོམ་པ་ནི། ཐོག་མར་སྤྱི་བོ་བདེ་ཆེན་འཁོར་ལོ་རུ། །སངས་རྒྱས་དཔའ་པོ་ཌཱཀྐི་ཡབ་ཡུམ་གཉིས། །སྦྱོར་བ་མཛད་པས་བདེ་བའི་ཡེ་ཤེས་རྒྱས། །རྩ་འདབ་སོ་གཉིས་དཔའ་བོ་མཁའ་འགྲོ་མ། །སུམ་ཅུ་སོ་གཉིས་དགྱེས་པའི་འཁྲིལ་སྦྱོར་རོལ། །བདེ་བ་རྒྱས་ཤིང་ཐིག་ལེ་ཕྱིར་འཕྲོས་པས། །རྩ་འདབ་ཐམས་ཅད་ཐིག་ལེས་གང་བར་བསམ། །བདེ་སྟོང་གཉིས་མེད་ངང་དུ་མ་ཡེངས་བསྒོམ། །ཞག་གཅིག །དེ་ནས་མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །པདྨ་དཔའ་བོ་ཌཱཀྐི་ཡབ་ཡུམ་གཉིས། །སྦྱོར་བ་མཛད་ཅིང་རྩ་འདབ་བཅུ་དྲུག་ལའང༌། དཔའ་བོ་ཡབ་ཡུམ་བཅུ་དྲུག་བདེ་བ་རོལ། བདེ་བ་རྒྱས་ཤིང་རྩ་འདབ་ཐིག་ལེས་གང༌། ཞག་གཅིག །དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །རྡོ་རྗེ་དཔའ་བོ་ཌཱཀྐི་ཡབ་ཡུམ་གཉིས། །སྦྱོར་བ་མཛད་ཅིང་རྩ་འདབ་བརྒྱད་ལ་ཡང༌། །དཔའ་བོ་ཡབ་ཡུམ་བརྒྱད་པོས་བདེ་བ་རོལ། །བདེ་བ་རྒྱས་ཤིང་རྩ་འདབ་ཐིག་ལེས་གང༌། །ཞག་གཅིག །དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་རུ། །རིན་ཆེན་དཔའ་བོ་ཌཱཀྐི་ཡབ་ཡུམ་གཉིས། །སྦྱོར་བ་མཛད་ཅིང་རྩ་འདབ་དྲུག་ཅུ་ཡིས། །དཔའ་བོ་ཌཱཀྐི་དྲུག་ཅུ་བདེ་བ་རོལ། །བདེ་བ་རྒྱས་ཤིང་ཐིག་ལེས་རྩ་འདབ་གང༌། །ཞག་གཅིག །དེ་ནས་གསང་གནས་བདེ་སྤྱོད་འཁོར་ལོ་རུ། །ལས་ཀྱི་དཔའ་བོ་ཌཱཀྐ་ིཡབ་ཡུམ་གཉིས། །སྦྱོར་བ་མཛད་ཅིང་རྩ་འདབ་ཉེར་བཞི་ཡི། །དཔའ་བོ་ཌཱཀྐི་ཉེར་བཞི་བདེ་བ་རོལ། །བདེ་བ་རྒྱས་ཤིང་ཐིག་ལེས་རྩ་འདབ་གང༌། །ཞག་གཅིག  ། དེ་ནི་གྲངས་ཅན་ལྷ་ཡི་སྟོང་རའོ། །དེ་ནས་གྲངས་མེད་ལྷ་ཡི་སྟོང་ར་ནི། སྤྱི་བོའི་གཙུག་ནས་རྐང་པའི་མཐིལ་ཡན་དུ། །རྩ་རྣམས་ཐམས་ཅད་དཔའ་བོའི་རང་བཞིན་ལ། །རླུང་རྣམས་ཐམས་ཅད་དཔའ་མོའི་རང་བཞིན་གསལ། །ཐིག་ལེ་ཐམས་ཅད་ཞི་ཁྲོ་རིགས་བརྒྱའི་ལྷ། །ཐམས་ཅད་ཡབ་ཡུམ་འཁྲིལ་སྦྱོར་མཛད་པ་ལས། །ཐིག་ལེ་འཕེལ་ཞིང་ལུས་ཀྱི་ནང་ཀུན་ཡང༌། །བྱང་སེམས་དཀར་དམར་བདེ་བ་ཆེན་པོས་གང༌། །དཔེར་ན་ཞོ་རྐྱལ་འོ་མས་གང་ལྟར་བསྒོམ། ཞག་གཅིག ། དེ་ལྟར་བསྒོམས་པས་བདེ་བ་བཟོད་མེད་སྐྱེ་ཡང་སྲིད། །དེ་ཚེ་བཟློག་བཀྲམ་ཆུང་ཟད་ཙམ་ཡང་བྱ། །འདི་དུས་ཐིག་ལེ་ཤོར་ན་གེགས་སུ་འགྲོ་བས་གཟབ་བོ། །དེ་ལྟར་ཐིག་ལེའི་སྟོང་ར་བསྒོམས་པའི་རྗེས་སུ། གཏུམ་མོ་འབར་འཛག་གི་བདེ་བ་སྦར་བ་ནི། རང་ཉིད་ལྷར་གསལ་བའི་ཁང་པའི་དབུས་སུ། རྩ་གསུམ་ཁྱད་པར་དུ་དབུ་མ་མཚན་ཉིད་བཞི་ལྡན་བསྒོམ། ལུས་གནད་མེ་ཐབ་དྲུག་ཆིངས། སྐང་པ་རེ་མིག་ལྟར་བསྣོལ། སྒལ་ཚིགས་དོང་རྩེ་ལྟར་བསྲངས། དཔུང་བ་རྒོད་གཤོག་ལྟར་བརྒྱངས། རྟིང་པས་བཤང་ལམ་དགག །ལག་གཉིས་པུས་མགོར་འཁྱུད། ལུས་སེམས་ལི་ཁྲི་ལྟར་སྒྲིམ། ཤེས་པ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར། རྩེ་གཅིག་པའི་ངང་ནས་ལྟེ་འོག་རྩ་གསུམ་འདུས་མདོར། ཆོས་འབྱུང་དམར་པོའི་དབུས་སུ། གཏུམ་མོ་ཨ་ཐུང་གི་མེ་མ་ལས་ཐོབ་པའི་རཀྟའི་དྭངས་མ་དེ་ཁྲོས་པ་ལས། ཨ་ཐུང་ལྟ་བུའི་མེར་གྱུར་ཏེ། རྩ་བ་བརྟན་པ། རྩེ་མོ་རྣཽ་བ། རྣམ་པ་གསལ་བ། རེག་བྱ་བདེ་བ་ལ་ཚ་བའི་ངར་དང་ལྡན་པ། ཕྲ་ཞིང་དྲང་བ། ཁ་དོག་དམར་བ། ཕྲ་སྦོམ་རྒྱ་ཁབ་ཕྲ་ཤོས་ཙམ་ཅིག དམིགས་པ་ཕུར་ཚུགས་སུ་གསལ་བར་བསྒོམ། ཞག་གཅིགཡང་རླུང་ཁ་སྦྱོར་བཟུང་ལ་རྐེད་སྐོར་བྱས་པས། རླུང་གིས་མེ་བུས་ནས་ཇེ་ཆེར་མེ་དང་བདེ་བ་གཉིས་སུ་མེད་པར་འབར་ཏེ། ཕལ་པའི་ཁབ་ཙམ་ཅིག་ཏུ་དབུ་མའི་ནང་དུ་གྱེན་ལ་ལྟེ་བར་སླེབ་པར་བསྒོམ། ཞག་གཅིག །ཡང་རླུང་བཟུང་ཞིང་རྐེད་སྐོར་བྱས་པས། མེ་དང་བདེ་བ་གཉིས་སུ་མེད་པར་ཉུང་འབྲུ་ཙམ་སྙིང་གར་སླེབ་པར་བསྒོམ། ཞག་གཅིག །ཡང་རླུང་བཟུང་ཞིང་རྐེད་སྐོར་གྱིས་མེ་ཇེ་ཆེར་དབུ་མའི་ནང་དུ། མཐེབ་མོ་ཙམ་གྱེན་ལ་འབར་བས། མགྲིན་པར་སླེབས་པའི་དྲོད་ཀྱིས་སྤྱི་བོའི་ཧཾ་ཞུ་ནས། སངས་རྒྱས་དཔའ་བོ་ཡབ་ཡུམ་གྱི་སྤྱི་བོར་ཐིམ། ཁོང་གསེང་བརྒྱུད་ནས་སྦྱོར་མཚམས་སུ་ཐོན་ཏེ། བྱང་ཆུབ་སེམས་ཀྱིས་བདེ་ཆེན་འཁོར་ལོ་གང་བ་ལ་སེམས་གཏད། ཞག་གཅིག །ཡང་རླུང་བཟུང་བས། མས་ནས་མེ་འབར། ཡས་ནས་བྱང་སེམས་ཞུ་བའི་བདེ་བ་གཉིས་མགྲིན་པར་འཕྲད་པས། བདེ་དྲོད་འབར་ཞིང་མེ་དང་ཐིག་ལེ་འདྲེས་པས། སྙིང་ག་ལྟེ་བ་ལུས་ཀུན་ལ་མེ་དང༌། ཐིག་ལེ་འདྲེས་པའི་བདེ་དྲོད་ཀྱིས་གང་བར་བསྒོམ། ཞག་གཅིག །བདེ་བ་ཆེས་ན་མེས་ཐིག་ལེ་ཡར་ཕུལ་བས། སྤྱི་བོའི་ཧཾ་ཡིག་ལ་ཐིམ་པར་བསམ། དྲོད་ཆེ་བདེ་བ་ཆུང་ན་ཐིག་ལེ་མར་བབས་ནས། ཐིག་ལེ་མེས་མནན་ནས་རིམ་པ་བཞིན་དུ་ལུས་ཀུན་བདེ་བ་ཐིག་ལེས་ཁྱབ་པར་བསྒོམ། བདེ་དྲོད་སྐྱེས་པ་དང་བདེ་བའི་ངོ་བོ་ལ་ཅེར་གྱིས་བལྟས་པས། ཅིར་ཡང་མ་གྲུབ་སྟེ་ཡེ་ནས་སྟོང་པ་ཉིད། སྟོང་པའི་རང་རྩལ་མ་འགགས་པར་བདེ་དྲོད་དུ་ལྷང་ངེ་བ་ལ་ཞེན་པ་མེད་པར་བཞག །དེ་ནི་ཡེ་ཤེས་ཀྱི་གཏུམ་མོ་འདི་ཐིག་ལེ་བདེ་བ་སྦྱང་བའི་གཏུམ་མོ་མདོར་བསྡུས་ཡིན་ལ། རྒྱས་པར་གཞན་དུ་ཤེས་སོ། །ཞེས་བྱ་སྟེ། གེགས་མི་འབྱུང་ཞིང་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེའོ། །དམིགས་པའི་རྐང་གྲངས་དང་། ཞག་གྲངས་མང་ཉུང་ཉམས་དང་སྦྱར་ལ་བསྒོམ་དུ་བཅུག་གོ །དེ་ཡན་ཆད་སྔོན་འགྲོའི་ཁྲིད་དོ། །དེ་ནས་དངོས་གཞི་ལ་ཡང་གསུམ་སྟེ། འོད་ཀྱི་རིག་མ། རང་ལུས་ཐབས་ལྡན། གཞན་ལུས་ཐབས་ལྡན་གྱི་ཁྲིད་དང་གསུམ་མོ། །དང་པོ་འོད་ཀྱི་རིག་མ་བརྟེན་ནས་བསྒོམ་པ་ནི། འདོད་ཆགས་རང་གྲོལ་གྱི་གཞུང་ལས། ཐོག་མར་འོད་རིག་ཡེ་ཤེས་ཕྱག་རྒྱ་ནི། །རང་གི་ཡིད་དུ་འོང་བའི་བུ་མོ་དེ། །ཁ་དོག་དབྱིབས་དང་སྤྱོད་ལམ་མངོན་སུམ་ལྟར། །ཆགས་པའི་དབང་གིས་མདུན་དུ་བྱུང་བར་བསྒོམ། །རང་ཉིད་ཡི་དམ་རྟ་མགྲིན་བསྒོམ་པའམ། །ཡང་ན་པདྨ་འབྱུང་གནས་གཅེར་བུའི་ཚུལ། །བུ་མོ་དེ་ཉིད་ངོ་བོ་མཚོ་རྒྱལ་ལ། །རྣམ་པ་བུ་མོ་དེ་ཉིད་དངོས་སུ་བསྐྱེད། །དང་པོ་ཆགས་པའི་ཚུལ་གྱིས་གཟུགས་ལ་བལྟ། །དེ་ནས་འཛུམ་ཞིང་ལག་པས་འཁྱུད་པར་བསྒོམ། །ནུ་མ་མཉེ་ཞིང་འོ་བྱེད་ལྕེ་འཇིབས་བསྒོམ། །བདེ་བ་འབར་ནས་མཁའ་གསང་སྤྲད་པ་ལས། །དལ་བུས་བསྒུལ་ཞིང་སྤྱོད་པས་བདེ་བ་གཡོས། །བུ་མོས་མ་བཟོད་མཁུན་ཆུང་ཅལ་ཅོལ་བཏོན། །རང་ཉིད་བདེ་བ་མ་ཤོར་བསྐྱིལ་བར་བསྒོམ། །རིག་པ་མ་བཅོས་བདེ་སྟོང་གཉིས་མེད་བསྲེ། །དེ་ལྟར་བསྒོམ་ཞིང་དབང་ཉམས་བདེ་བ་བསྒོམ། །ལུས་གནད་ལག་གཉིས་པུས་མོ་དམ་དུ་འཁྱུད། །བདེ་བ་དངོས་སུ་རྒྱས་ན་དེ་ཀ་བསྒོམ། །མཇུག་ཏུ་བཟློག་བཀྲམ་འཁྲུལ་འཁོར་འབད་པར་བྱ། །ཞེས་པ་ལྟར་ཞག་གྲངས་ཉམས་དང་སྦྱར་ལ་བསྒོམ་དུ་བཅུག་གོ །དེ་ནས་གཉིས་པ་རང་ལུས་ཐབས་ལྡན་ནི། གཞུང་ལས། དེ་ནས་ལག་པས་ཕྱག་རྒྱ་འདི་ལྟར་བྱ། །ཞེས་པ་ནས། དེ་ཕྱིར་རང་ལུས་ཐབས་ལྡན་འདི་ལ་འབད། ཅེས་པའི་བར་ཏེ། དེའི་ལག་ལེན་ནི། སེམས་བསྐྱེད་དང་ལྡན་པས་བདག་ཉིད་རྟ་མགྲིན་དུ་བསྐྱེད། པང་དུ་ཡུམ་རྡོ་རྗེ་ཕག་མོ་ལ་རྣམ་པ་རང་གི་ཡིད་དུ་འོང་བའི་བུ་མོ་མཛེས་མ་ཅིག །ཆགས་པ་སྐྱེས་ནས་རང་ལ་གུས་པར་བསམ། སྤྱི་བོར་ཨུ་རྒྱན་མཚོ་རྒྱལ་གཉིས། གཉིས་མེད་སྦྱོར་བས་བྱང་སེམས་རང་གི་སྤྱི་བོར་ཐིམ་པས། བདེ་བ་རྒྱས་ཤིང་དབང་བཞི་ཐོབ་པར་བསམས་ལ། དེ་ནས་ཕན་ཚུན་ཆགས་པའི་སེམས་ཀྱིས་གཟུགས་ལ་བལྟ། ཆགས་པའི་གཏམ་བརྗོད་དྲི་མ་བསྣམས་ལ། རོ་ལྕེ་འཇིབས། རེག་ནུ་མ་མཉེ་བ་དང༌། ཤ་ལུས་ལ་རེག་ཅིང་ཆགས་པ་རྒྱས་པར་བསྒོམ། ཁེ་ཀེར་ཁས་སློ་མཁས་པས་ཆམ་ཐས་ཉས་ཆ་རས་ཛ། ཐི་ཏེར་སྠོ་སླེ་མཐས་པས། ཕ་ཉུ་ཁ་མས་ཕར་ས་ཤ། མཛུབ་མོ་ལྔ་རིགས་ལྔའི་མཁའ་འགྲོར་བསམ་ནས་རིག་པ་རྗེན་ནེ་བའི་ངང་ལས་མ་ཤོར་བར། རྡོ་རྗེ་དལ་བུས་ཉུག་ཉུག་སྤྱོད་པས། སྤྱི་བོའི་ཧཾ་ལས་བྱང་སེམས་གཡོས་ནས་མགྲིན་པར་སླེབས་པས། དགའ་བ་ངོས་བཟུང་ཞིང་བདེ་སྟོང་དབྱེར་མེད་ཀྱི་ཉམས་སྐྱོང༌། ཞག་གསུམ། ཡང་སྤྱོད་པས་སྙིང་གར་མཆོག་དགའ་ངོས་བཟུང་ཞིང་བཟློག །ཞག་གསུམ། དེ་ནས་ལྟེ་བར་ལྷན་སྐྱེས་ངོས་བཟུང་ཞིང་བཟློག །ཞག་གསུམ། དེ་ནས་གསང་གནས་རྡོ་རྗེའི་རྩ་བར་དལ་བུས་ཕབ། བདེ་བ་ལྷང་གིས་སྐྱེས་པ་དང༌། ཞེན་མེད་ཀྱི་ངང་ནས་ཡང་ཡང་བཟློག་འདི་ལ་ཞག་བདུན་ཙམ་སྦྱང༌། ཡང་སུན་པ་དང་དུབ་པ་བྱུང་ན། ཞག་གསུམ་ཙམ་གློད་ལ་ངལ་བ་གསོ། ཡང་སྦྱོང་ཞིང་འདུན་པ་གཏད་པ་ཙམ་གྱིས་ལོག་ན། བྱང་སེམས་རྡོ་རྗེའི་རྐེད་པར་ཕབས་ལ། ལག་པས་སྤྱོད་འཕྲོ་བཅད་ལ་བཞག །བདེ་བ་ཆེན་པོ་སྐྱེས་པ་དང༌། ཤ་ཁ་མར་ཥ་སྨྱ་ཐ་ཡོ་གྦ་ཕ་ཉ་ཐ་ཤ ཞེན་པ་མེད་པའི་ངང་ནས་དགའ་བྲལ་གྱི་བདེ་བ་ངོས་བཟུང་ལ། རིག་པ་དྲི་མ་མེད་པའི་ངང་ལ་ལྷན་ནེ་བཞག །འོག་སྒོ་དང་ཉྭ་བཞི་ལྷོད་ཀྱིས་ལྷོད་པས། བདེ་བ་ལྷན་ནེ་ཟིན་ནོ། །བདེ་བ་ཡར་ལོག་ནས་ཆུང་དུ་སོང་ན། ལག་པས་ཅུང་ཟད་ཉུག་ཉུག་སྤྱོད། མར་རམ་མཆིལ་མས་བརླན་ལ་སྤྱོད། ཕྱི་ལ་འཆོར་འཆོར་འདྲ་ན་བསྒུལ་བསྐྱོད་བཤོལ་ལ། རིག་པ་དབྱིངས་ལ་གཏད། སྐབས་འདིར་ཐིག་ལེ་ཉམས་ན་ཕྱིན་ཆད་ངན་ལང་ལ་ཤོར་ནས། བསྐྱིལ་མི་ཐུབ་པར་འཆོར་བས། གཉེན་པོ་དྲག་པོས་ཅི་ནས་ཀྱང་མ་ཤོར་བར་བྱའོ། །བསྐྱིལ་བའི་ཉམས་དང་ལྡན་ན། ཡུན་ཅི་རིང་དུ་བསྐྱིལ་ཞིང་ཉམས་ཀྱིས་ཟིན་པར་འགྱུར། བདེ་ཉམས་ཆུང་ན། པས་པས། པ་ཇི་ཤ་པར་ཨ་ལ་ཕ་རྒྱ་ཐོ། བདེ་བ་ཆེ་ཆེ་འདྲ་ན་འོག་སྒོ་ཀློད། དེ་གཉིས་རེས་མོས་ཀྱིས་བདེ་བ་ཡུན་རིང་ཟིན་ནོ། །དེ་ནས་བཟློག་པའི་འཁྲུལ་འཁོར་ནི། གྱད་བཞི་དྲག་ཏུ་བསྐུམ། ངན་འགྲོའི་ལམ་གཉིས་བསྡམ། ཐུར་སེལ་གྱེན་ལ་འདྲེན། རྒྱ་མཚོ་རི་ལ་སྦྱར། དར་དམར་དགུང་ལ་བསྐྱོད་རྒྱང་ཞགས་ནམ་མཁའ་ལ་བཀན། ཁོང་འདྲེན་དྲག་པོས་རིག་པ་ག་གའི་དབྱིངས་སུ་གཏད་དེ། ལག་པའི་ཁུ་ཚུར་གཉིས་ལྟེ་འོག་ནས་དྲག་ཏུ་འཐེན་ལ། ལྟག་པ་ནས་གནམ་དུ་འཕང་བ་ལན་གསུམ་མམ། ལྔ་ཙམ་བྱས་པ་ལ། དེ་མ་ཐག་ཏུ་རྡོ་རྗེའི་ངར་འཆོར། གསང་གནས་ཀྱི་བདེ་བ་གྱེན་དུ་ལོག་སྟེ། ལྟེ་བར་བདེ་བ་སྐྱེ། ད་རུང་འདྲེན་པས་སྙིང་གར་བདེ་བ་སྐྱེ། རྩ་བཟང་བ་དང་ལུས་ཉམས་བཟང་ན་མགྲིན་པ་དང༌། སྤྱི་བོའི་བར་དུ་མས་བསྟེན་གྱི་དགའ་བ་སྐྱེ། ཕལ་ཆེར་སྙིང་ག་ནས་ཡལ་འགྲོ། དེ་ནས་བཀྲམ་པ་ནི། ཁུ་ཚུར་གཉིས་སྙིང་ག་ནས་ཐད་དཀར་འཕོང་བ། རླུང་དྲག་ཏུ་འབུད་པ་དང་དམིགས་པ་སྤྱི་བོ་ནས་བདེ་བས་ལུས་ཀུན་ཁྱབ་པར་བསམ་ཞིང༌། ལུས་གཡང་མོའི་བཞི་སྤྲུག་དྲག་ཏུ་བྱ་བ་རྣམས་དུས་གཅིག་ཏུ་བྱས་པས། ཐིག་ལེ་རྩ་མིག་ཀུན་ཏུ་ཁྱབ་ནས་འགྲེམ་པར་འགྱུར་རོ། །དེ་རྗེས་སུ་བུམ་པ་ཅན་གྱི་རླུང་ལ་སྦྱངས་པས། ཐིག་ལེ་རླུང་དང་འདྲེས་ན་ལས་སུ་རུང་བ་ཡིན་ནོ། །དེ་ནས་མ་བཅོས་ཀ་དག་གི་ངང་ལ་ཡུན་རིང་དུ་བཞག་པས། གེགས་རྣམས་གཏན་ནས་མི་འབྱུང་ཞིང༌། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །དེ་རྗེས་དག་ེབ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའ།ོ ། དེ་ནི་རང་ལུས་ཐབས་ལྡན་ཞེས་བྱ་སྟེ། །དེ་ཀས་ཀྱང་ནི་བདེ་བ་ཆེར་འཕེལ་ན། །བདེ་སྟོང་ཟག་མེད་མཆོག་གི་ཏིང་འཛིན་ཐོབ། །ཁྱད་པར་འདུལ་བ་འཛིན་པའི་དགེ་སློང་གིས། །གཞན་ལུས་བསྟེན་ན་གཞན་གྱི་སྒྲོ་སྐུར་འབྱུང༌། །དེ་ཕྱིར་རང་ལུས་ཐབས་ལྡན་འདི་ལ་འབད། །སྤྱི་དོན་གསུམ་པ། གཞན་ལུས་ཐབས་ལྡན་ཀྱི་ཁྲིད་ལ་དྲུག་སྟེ། ཕྱག་རྒྱ་བརྟག་པ། དགུག་པ། སྒྲིབ་པ་རང་ལུས་ཚགས་སུ་གཞུག་པ། སྒྱུ་ལུས་སྦྱང་བ། དངོས་གཞི་ཉམས་སུ་ལེན་པ་དང་དྲུག་ལས། དང་པོ་ལ་གཉིས། རང་དང་གཞན་གཉིས་སོ། །ཐོག་མར་གཞན་ལུས་བསྟེན་རུང་གི་གང་ཟག་ནི། གཞུང་ལས། གཞོན་ཞིང་ནད་མེད་ལུས་དར་ལང་ཚོ་རྒྱས། །རྩ་བཟང་བློ་ཆེ་གསང་སྔགས་ལ་མོས་ཤིང༌། །གསུམ་པའི་དབང་ཐོབ་རང་ལུས་སྔོན་སོང་བས། །ཡོན་ཏན་དགུ་དང་ལྡན་པས་གཞན་ལུས་བསྟེན། བསྟེན་མི་རུང་བ་རྒས་རྒུད་དབང་པོ་ཉམས། །གཅོང་ཅན་བློ་ཆུང་རྩ་ངན་དབང་མ་ཐོབ། །གསང་སྔགས་བློར་མི་ཤོང་བའི་གང་ཟག་ལ། །གཞན་ལུས་གདམས་པའི་མིང་ཡང་བསྒྲག་མི་བྱ། །ཞེས་སོ། །གཉིས་པ་མཚན་ལྡན་བརྟག་པ་ལ་སྤང་བླང་གཉིས་ཏེ། རྒྱས་པར་མཚན་འབུམ་ཀུན་དང་མཐུན་ལ། མདོར་བསྡུས་ན། གཞུང་ལས། །ཁྱད་པར་གཟུགས་བཟང་ལང་ཚོ་དར་ལ་མཛེས། །ངག་སྙན་དྲི་ཞིམ་ཡིད་འོང་སྤྱོད་ལམ་དལ། །ནུ་མ་ཆུང་མཁྲེགས་པདྨ་དམ་ཅིང་རུབ། །སོ་དཀར་སྨིན་མཚམས་གཉེར་མ་གྱེན་འགྲེང་གསུམ། །སྐྲ་ལི་ལུས་རན་སྐེད་པ་ཕྲ་བ་དང༌། །བློ་ཆེ་དད་ལྡན་གསང་སྔགས་ལ་མོས་ཤིང༌། །ཁྱད་པར་རང་གི་ཡིད་འོང་རང་ལ་གུས། །གསང་ཐུབ་སྦྱོར་བ་མཁས་ཤིང་ཆགས་པ་ཆེ། །རྩ་བཟང་བཅུ་དྲུག་ཡན་ནས་བཞི་བཅུ་མན། །དེ་ལྟར་རྟགས་ཀུན་རྫོགས་པ་རབ་ཡིན་ཏེ། །ཆ་ཤས་ཚང་བ་འབྲིང་ལ་ཐ་མ་ཡང༌། །སྐྱོན་མེད་ཡོན་ཏན་མེད་ཀྱང་བསྟཻན་རུང་ཙམ། །སྐྱོན་ཅན་རྒས་རྒུད་གཅོང་ཅན་རྩ་ཞིག་ཉམས། །བློ་ཆུང་གསང་མི་ཐུབ་ཅིང་སྔགས་ལ་གཤེ། །ཁྱད་པར་རང་ལ་མ་གུས་པ་ཉིད་སྤང༌། །ཞེས་སོ། །གཉིས་པ་འགུགས་པ་ལ་གསུམ་སྟེ། རྫས་དང་སྔགས་དང་ཏིང་ངེ་འཛིན་གྱིས་འགུགས་པ་ནི་གཞུང་ལྟར་རོ། །གསུམ་པ་སྒྲིབ་པ་ལ་ཡང་གསུམ། ཐབས་དང༌། རྫས་དང༌། སྔགས་ཀྱིས་སྒྲིབ་པ་དང་གསུམ་སྟེ། དེ་ཡང་གཞུང་ལྟར་རོ། །བཞི་པ་རང་ལུས་ཚགས་སུ་གཞུག་པ་ལ་གཉིས། ལུས་སྟོབས་བསྐྱེད་པའི་བཅུད་སྦྱོར་བསྟེན་པ་དང༌། ཁ་ཟས་སྤྱོད་ལམ་གྱིས་ཐིག་ལེ་སྤེལ་བ་ཡང་གཞུང་ལས་ཤེས་སོ། །ལྔ་པ་སྒྱུ་ལུས་སྦྱང་བ་ལ་གཉིས། ལས་དང་པོ་པས། སྒྱུ་ལུས་མ་འབྱོངས་པའི་གང་ཟག་ཡིན་ན། སྒྱུ་ལུས་སྣང་བ་རང་གྲོལ་གྱི་ཁྲིད་ལྟར་རམ། སྒྱུ་ལུས་ཀྱི་ཁྲིད་གཞན་ལྟར་ཡང་རུང་སྟེ་བྱང་བར་བྱའོ། །སྔོན་ནས་བྱང་ཞིང་བདེན་ཞེན་མེད་པའི་གང་ཟག་ཡིན་ན། འདིར་སྦྱང་མི་དགོས་སོ། །མདོ་ཙམ་དུ་སྦྱངས་ན། འདོད་ཆགས་རང་གྲོལ་གྱི་གཞུང་ལྟར་སྦྱོང་ངོ༌། །དངོས་འཛིན་ཞེན་པ་མེད་པའི་ཉམས་མ་སྐྱེས་ཀྱི་བར་དུ་སྦྱང་ཞིང༌། ཆགས་ཞེན་འདོད་ཆགས་རང་ཁར་སྤྱོད་ནས་ཐིག་ལེ་ཉམས་ན། གེགས་མང་བ་དང༌། ཕྱི་མ་མངལ་གྱི་སྲིན་བུར་སྐྱེ་བ་ལ་སོགས་པས། ཉེས་པ་ཆེ་བས་སྒྱུ་ལུས་འདི་སྦྱང་བ་གལ་ཆེའོ། །དྲུག་པ་དངོས་གཞི་ཉམས་སུ་ལེན་པ་ལ་བཅུ་སྟེ། རང་ལུས་ལྷར་བསྐྱེད་སྐྱབས་འགྲོ་སེམས་བསྐྱེད། བཤགས་པ་མཁའ་གསང་བྱིན་རླབས། སྦྱོར་བ་དངོས། དབབ་བསྐྱིལ་བཟློག་བཀྲམ་པ་དང་བཅུ་ལས། དང་པོ་ནི་འདུག་པའི་གནས་གཞལ་ཡས་ཁང་གི་དབུས་སུ། པདྨ་ཉི་མ་རོའི་སྟེང་དུ་ཧྲཱིཿདང་མཿདམར་པོ་གཉིས་ལས་འོད་འཕྲོས། རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ། རྒྱལ་བ་རྣམས་ཀྱི་སྦྱོར་མཚམས་ནས། བྱིན་རླབས་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས་དཀར་དམར་བདེ་བ་ཆེན་པོའི་རང་བཞིན་དུ་བྱོན་ནས། ཧྲཱིཿམཿགཉིས་ལ་ཐིམ་འོད་དུ་ཞུ་བ་ལས། བདག་ཉིད་དཔའ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། གྲི་གུག་ཐོད་ཁྲག་ཡུམ་ལ་འཁྱུད་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ། སྤྱི་གཙུག་ཏུ་རྟ་ཞལ་ལྗང་ཞུར་མཚེར་བའི་པང་དུ་མཿཡོངས་སུ་གྱུར་པ་ལས། མུ་དྲ་རྡོ་རྗེ་ཕག་མོ་དམར་མོ་ཕྱག་གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་ཅིང༌། གཡོན་པས་ཐོད་ཁྲག་ཡབ་ལ་སྟོབས་པའམ། ཡང་ན་རྒྱན་དང་ཕྱག་མཚན་མེད་པ་གཅེར་བུ་འཁྲིལ་སྦྱོར་བསྒོམས་ན་བདེ་བ་ཆེ་བར་གསུངས། འཛུམ་ཞིང་གཞོན་ཚུལ་དང་ལྡན་པ་ནུ་མ་འབུར་ཞིང་བྷ་ག་རྒྱས་པ། སྤྱི་གཙུག་ན་ཕག་ཞལ་ངུར་སྒྲ་སྒྲོགས་པ། རྡོ་རྗེ་པདྨ་མཉམ་པར་སྦྱོར་བའི་སྤྱི་བོར། པདྨ་གེ་སར་གྱི་སྟེང་དུ། ཨུ་རྒྱན་ཡབ་ཡུམ་དཀར་དམར་མདངས་ལྡན་རྒྱན་མེད་གཅེར་བུ་འཁྲིལ་སྦྱོར་བདེ་བའི་མཉམ་སྦྱོར་མཛད་པར་བསྐྱེད་ལ། གཉིས་པ་སྐྱབས་སུ་འགྲོ་བ་ནི། ན་མོ། ལུས་དག་བདེ་ཆེན་ལྷ་ཡི་གཞལ་ཡས་སུ། །རྩ་དག་བདེ་ཆེན་རིག་པའི་ཕོ་བྲང་མཆོག །ཁམས་དག་བདེ་ཆེན་དཔའ་བོ་མཁའ་འགྲོ་རྣམས། །སེམས་དག་བདེ་སྟོང་དབྱེར་མེད་མཆོད་པ་འབུལ། །རླུང་དག་བདེ་བའི་རྒྱུད་བཞི་(གཏེར་གཞུང་ལས་རང་རྒྱུད་)རབ་འགགས་ཏེ། །རྡོ་རྗེ་པདྨར་བདེ་ཆེན་དམ་སྦྱར་བས། །བདེ་སྟོང་དབྱེར་མེད་དགའ་བཞིའི་དོན་རྟོགས་ནས། །དགའ་བདེ་སྣང་སྟོང་དག་པར་སྐྱབས་སུ་འཆི། །དེ་སྐད་གཉིས་ཀས་ལན་གསུམ་བརྗོད། གསུམ་པ་སེམས་བསྐྱེད་པ་ནི། ཧོཿ སྐྱེ་བཞིས་བསྡུས་པའི་སེམས་ཅན་སྡུག་བསྔལ་རྣམས། །རྟེན་འབྲེལ་བཅུ་གཉིས་སྲིད་པའི་རྒྱུན་བཅད་ཕྱིར། །བདེ་ཆེན་རྒྱལ་བའི་བླ་མེད་ལམ་འཇུག་ཕྱིར། །བདེ་ཆེན་ཆགས་པའི་ལམ་མཆོག་འདིར་ཞུགས་ནས། །རྡོ་རྗེ་པདྨ་སྲུབ་ཅིང་བསྒུལ་བསྐྱོད་གཡེམ། །བདེ་ཆེན་སེམས་བཟུང་སྟོང་པའི་ངང་ལས་སྦྱང༌། །ཕ་རོལ་ཕྱིན་དྲུག་ལམ་ལྔ་ས་བཅུ་གནོན། །བླ་མེད་རྒྱུད་སྡེ་ཐེག་པའི་གནད་ཁྲོལ་ཏེ། །ལོངས་སྐུ་སྤྲུལ་སྐུས་འགྲོ་བའི་དོན་བྱེད་ཅིང༌། །ཉོན་མོངས་བདེ་བར་གྲོལ་བར་སེམས་བསྐྱེད་དོ། །བཞི་པ་བཤགས་པ་ནི། སྐྱེ་བ་ཐོག་མཐའ་མེད་པའི་དུས་རིང་ནས། །བདེ་ཆེན་གནད་བཞི་མ་ཤེས་ཉོན་མོངས་པས། །ཉོན་མོངས་རང་ཁར་སྤྱད་པ་མཐོལ་ལོ་བཤགས། །བདེ་སྟོང་ཟག་མེད་མཆོག་གི་དངོས་གྲུབ་སྩོལ། །ལྔ་པ་མཁའ་གསང་བྱིན་གྱིས་བརླབ་པ་ནི། ཡུམ་གྱིས་ཧཱུྃ་བཛྲ་ཞེས་བརྗོད་པས། ཡུམ་གྱི་ཐུགས་ཀ་ནས་ཧཱུྃ་གཅིག་ཆད་པ། ཡབ་ཀྱི་གསང་བ་ལ་ཕོག །འོད་དུ་ཞུ་བ་ལས། གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི་ནང་དུ་བྱང་ཆུབ་སེམས་ཀྱི་ངོ་བོ། དངུལ་ཆུ་ཞུན་མ་ལྟ་བུའི་ཨོཾ་དཀར་པོ་གནས་ཤིང༌། བུག་པ་ཕཊཿནག་པོས་བཀག་པར་གྱུར། ཡབ་ཀྱིས་བྂ་པདྨ་མཎྜལ་ཨེ་ཨེ། བརྗོད་པས། ཡབ་ཀྱི་ཐུགས་ཀ་ནས་བྂ་གཅིག་ཆད་པ་ལས། ཡུམ་གྱི་མཁའ་ལ་ཕོག །འོད་དུ་ཞུ་བ་ལས། མཁའ་པདྨ་འདབ་བརྒྱད་དམར་གསལ། གེ་སར་ཨེས་མཚན་པའི་ནང་དུ་རཀྟའི་ངོ་བོ་ཨཱཿདམར་པོ་མཚལ་ལྕོག་ལའི་མདོག་ལྟ་བུའི་དམར་གསལ་དུ་གནས་པར་གྱུར། རྡོ་རྗེ་པདྨ་བྱིན་གྱིས་བརླབས་པའི་སྔགས་ལ། བཛྲ་པདྨ་མ་ཧཱ་སུ་ཁ་དྷ་རི་ཧཱུྃ། གསུམ་གྱིས་མཁའ་གསང་བྱིན་གྱིས་བརླབས། བདེ་ཆེན་བྱང་སེམས་བྱིན་གྱིས་བརླབ་པའི་སྔགས། ཨོཾ་ཨཱཿཧཱུྃ། བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་སརྦ་པུཙྪ་ཧོ། གསུམ་བརྗོད་པས། མཁའ་གསང་བསྣོལ་མར་བྱིན་གྱིས་བརླབས་སོ། །དྲུག་པ་སྦྱོར་བ་དངོས་ལ་གཉིས་ཏ།ེཆགས་པ་བསླང་བ་དང༌། བདེ་བ་སྦྱང་བའོ། །དང་པོ་ནི། ཕྱག་རྒྱ་ཁྲུས་བྱ། རྒྱན་གྱིས་མཛེས་པར་སྤྲས་ལ། དབེན་པར་ནང་ཚངས་ཅན་གྱི་གདན་ལ། རང་དང་ཕྱག་རྒྱ་ལྷན་གཅིག་བྱས་ལ། ཡུལ་ལྔའི་སྒོ་ནས་ཆགས་པ་བསླང་སྟེ། དང་པོ་ཕན་ཚུན་ཆགས་པའི་གདུང་སེམས་ཀྱིས། གཟུགས་ལ་ལྟ་ཞིང་འཛུམ་པ་དང་དགོད་པར་བྱ། གཉིས་པ་སྒྲ་ནི། ཆགས་པ་སྐྱེ་བའི་འཁྲིག་ཚིག་སྣ་ཚོགས་སྨྲ། གསུམ་པ་དྲི་ནི། ཕན་ཚུན་དྲི་མ་སྣོམ། དྲི་ངན་ན་ཞེན་པ་ལོག་པས་དྲི་བཟང་གིས་ཁྲུས་དང་བྱུག་པར་བྱ། བཞི་པ་རོ་ནི། བུ་རམ་ཀ་ར་ལ་སོགས་པ་རོ་བཅུད་དང་ལྡན་པའི་ཟས་མྱོང་ཞིང་ལྕེ་འཇིབས། ལྔ་པ་རེག་བྱ་ནི། གཅེར་བུ་དམ་དུ་འཁྱུད་པ་དང༌། ཤ་ལུས་ཕན་ཚུན་རེག་ཅིང་དྲུད་པ་དང༌། འོ་བྱ་ནུ་མ་མཉེ། གཡའ་བསྒག །རྡོ་རྗེས་པདྨ་མཉེ་བ་དང༌། ཆགས་པ་བསླང་བའི་ཐབས་སྣ་ཚོགས་བྱ། རྒྱས་པར་ནི་ཆགས་ཞེན་གྱི་སྤྱོད་པ་ཉི་ཤུ་རྩ་བཞིར་བཤད། བསྡུས་པ་ནི་ལྔ་པོ་འདིར་འདུས་སོ། །དེ་ཚེ་རིག་མ་ཆགས་པ་སྐྱེ་བའི་རྟགས་སུ། འཛུམ་ཞིང་མིག་ཟིམ་བུས་ལྟ་བ་དང༌། བྱད་བཞིན་འགྱུར་ཞིང་གདོང་ལ་ཟིལ་པ་ཆགས་པ་དང༌། འཁྲིག་ཚིག་སྨྲ་ཞིང་མཁུན་ཆུང་བཏོན་པ་དང༌། རྐང་ལག་གཡོ་འགུལ་མང་བ་དང༌། ངོ་ཚ་མེད་པར་རང་ལ་དམ་དུ་འཁྱུད་པ་དང༌། སྤྱོད་ལམ་མཉེན་འབོལ་གྱིས་འགྲོ་བ་ལ་སོགས་པ་ཆགས་པ་ལངས་པའི་རྣམ་འགྱུར་སྟོན་པར་འགྱུར་རོ། །གཉིས་པ་དངོས་གཞིའི་བདེ་བ་སྦྱང་བ་ནི། གོང་ལྟར་འདུ་ཤེས་གསུམ་དང་ལྡན་པའི་ངང་ནས། དང་པོ་རྡོ་རྗེ་ལས་སུ་རུང་བར་བྱས་ལ། པདྨའ་ིགཡས་གཡོན་དང་སྟེང་འོག་དང་ཟེའུ་འབྲུ་མཉེ། རྡོ་རྗེས་ཉག་ཅས་ཛ་ཐ་ས་ཛ་ཛ་ཐ་ཆ་རྩ་ཀུ་ཀ་ཉ་ཅ། མཐ་པས་སཁ་ཝས་ས་ཁས་ཝས་ཕརྟུཏ་མར། ཡུམ་ཆགས་པ་སྐྱེ་རྟགས་སུ། དབུགས་རྒོད་ཅིང༌། དམ་དུ་འཁྱུད་པ་དང༌། འོ་བྱེད་ལྕེ་དྲག་ཏུ་འཇིབས། པདྨ་རློན་འཇིབས་འབྱུང༌། ཡུམ་ཆགས་པ་མ་ལངས་པར་སྤྱད་ན་བདེ་བ་ཆུང་ཞིང༌། ཆགས་པ་གཏིང་ནས་ལངས་ནས་སྤྱད་ན། བདེ་བ་བདུན་འགྱུར་གྱིས་འཕེལ་ཞིང༌། བཟོད་པ་མེད་པའི་བདེ་བ་སྐྱེ་བས་གལ་ཆེའོ། །པདྨའི་ཁར་རེག་ཙམ་བསྣུན། ཆགས་པ་གཏིང་ནས་འབར་ན། རྩ་སྣ་མར་ལུག་པར་འགྱུར་རོ། །བདུན་པ་ཐིག་ལེ་དབབ་པ་ལ་བཞི་སྟེ། གནས་བཞིར་དགའ་བ་བཞི་དང་སྦྱར་ནས་དབབ་པ་ནི། དེ་ནས་རིག་པ་གསལ་སྟོང་དྲི་མ་མེད་པའི་ངང་ནས། རྡོ་རྗེའི་རྩ་བ་གཏིམ་གྱིས་ཕུལ་ནས་ཅུང་ཟད་མི་བསྒུལ་བར་གཏིམ་མེ་བཞག །རིག་པའི་ངོ་བོ་ལ་རྗེན་ཅེར་གྱིས་བལྟས་ལ། དེའི་ངང་ལས་མ་ཤོར་བར། དལ་བུས་ཅུང་ཟད་ཅུ་ཁ་ཅུ་ཁ་བསྒུལ་ཞིང་སྤྱོད་པས། བཅུད་ཀྱི་ཐིག་ལེའི་དྭངས་མ་ཟག་མེད་ཀྱི་བརྒྱད་དང༌། རྩ་མདུད་ལྔ་དང་། སྨིན་ཕྲག་དང༌། སྙིང་གི་དཀྱིལ་དང༌། རྡོ་རྗེ་པདྨའི་རྩེར་གནས་པ་རྣམས། རང་དབང་མེད་པར་གཡོས་ནས། གསང་བར་བབ་སྟེ། ལུས་ཀྱི་རྩ་ཐམས་ཅད་ཀྱི་མདོ་གསང་བར་འདུས་པས། དེ་གཉིས་བསྒུལ་བས་རྩ་བྲན་ཐམས་ཅད་གཡོས་ཤིང༌། ཐིག་ལེ་དཀར་དམར་དབུ་མའི་འདུས་མདོར་བབ་སྟེ། དཔེར་ན་སྡོང་པོ་བསྒུལ་བས། ཡལ་ག་ཀུན་རང་དབང་མེད་པར་འགུལ་ནས། ཟིལ་པའི་ཆུ་རྣམས་མཐུར་དུ་བབ་པ་ལྟར། རྩ་ཕྲན་ཀུན་གྱི་ཐིག་ལེ་དང༌། ཁྱད་པར་སྤྱི་བོའི་ཧཾ་ཞུ་ནས་བབ་སྟེ། བྱང་སེམས་མགྲིན་པར་སླེབས་པ་དང༌། ཕྱི་རོལ་རྣམ་རྟོག་རགས་རིམ་འགག །འདོད་ཆགས་གཉིས་འཛིན་གྱི་རྟོག་པ་རགས་པ་ཡང་ནུབ། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག །བདེ་བ་རྟོག་པ་མེད་པའི་ཉམས་སྣང་འཆར་ཏེ། ལུས་སེམས་བདེ་བར་འཆར་བ་སྤྲུལ་སྐུའི་དགོངས་པའོ། །དགའ་བ་བཞི་ལས། དང་པོ་དགའ་བའི་ཡེ་ཤེས་ཞེས་བྱ་སྟེ། བདེ་སྟོང་དབྱེར་མེད་པའི་ཉམས་དེ་ངོས་བཟུང་ལ། མགྲིན་པར་བདེ་པའི་ངང་ལ་བསྒུལ་སྤྱོད་བཤོལ་ལ་ལྷན་ནེ་བཞག །དེ་ནས་ཉམས་ཚོད་དང་སྦྱར་ལ། ཅུང་ཟད་དྲག་ཏུ་སྤྱོད། རྩ་བཟང་བ་མ་གཏོགས་པ། རྩ་ངན་པའི་རིགས་ལ་དྲག་ཏུ་སྤྱོད་ན་ཐིག་ལེ་མྱུར་དུ་འཆོར་བས། དལ་བུས་སྤྱོད་པས་བཅུད་ཀྱི་ཐིག་ལེ་རྣམས་ནས་དྭངས་སྙིགས་ཀྱི་ཐིག་ལེའི་ཞུན་ཆུ་ཐད་ཐད་ནས་འཁྱག་པའི་ཞུན་ཆུ་ལྟར་ཟག་སྟེ། དྷཱུ་ཏིའི་ནང་ནས་རླུང་གིས་མར་མར་ཕུལ་ནས། མགྲིན་པའི་ཐད་ནས་སྙིང་གར་སླེབས་པ་དང༌། གོང་ལས་བདེ་བ་སུམ་འགྱུར་ཙམ་གྱིས་འཕེལ་ཏེ། གཞན་སྣང་གིས་རྟོག་པ་མེད་པར་བདེ་ལྷང་གིས་སོང་བ་ནི། ལོངས་སྐུའི་དགོངས་པ་ཉམས་སུ་མྱོང་བ་སྟེ། དགའ་བ་བཞི་ལས་མཆོག་དགའི་ཡེ་ཤེས་སོ། །ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་འགག །སྣང་བ་ཞེས་བྱ་བ་ཤེས་པ་གསལ་ལམ་གྱིས་འཆར་ཏེ། སྐད་ཅིག་མ་དང་པོའི་ཡེ་ཤེས་ཞེས་བྱ་བ། དེ་ངོས་བཟུང་ལ་སྙིང་གར་བསྒུལ་བསྐྱོད་བཤོལ་ལ་ལྷན་ནེ་བཞག །དེ་ནས་ཚད་དང་སྦྱར་ནས་རིག་པ་མ་ཡེངས་པར་བསྒུལ་ཅིང་སྤྱོད་པས། བདེ་བ་ཇེ་ཆེར་བྱང་སེམས་ལྟེ་བའི་ཐད་དུ་སླེབ། གོང་ལས་བདེ་བ་ལྔ་འགྱུར་ཙམ་གྱིས་འཕེལ་ཏེ་འཛིན་པའི་རྣམ་རྟོག་མེད་པར་ཤེས་པ་དགའ་བདེའི་ངོ་བོར་འཆར་བ་སྟེ། ངོ་བོ་ཉིད་ཀྱི་སྐུའི་དགོངས་པ་མངོན་སུམ་དུ་ཉམས་སུ་མྱོང་བ་སྟེ། དགའ་བ་བཞི་ལས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སོ། །གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག །སྣང་བ་མཆེད་པ་ཞེས་བྱ་བ་བདེ་གསལ་མི་རྟོག་པའི་ཉམས་སྔར་བས་གསལ་དུ་འཆར་བས། སྐད་ཅིག་གཉིས་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ངོས་བཟུང་ལ་ལྟེ་བར་བསྒུལ་སྤྱོད་བཤོལ་ལ་ངང་ལ་ལྷན་ནེ་བཞག །དེ་ནས་ཡང་ཚོད་དང་སྦྱར་ནས་དལ་བུས་བསྒུལ་ཞིང་སྤྱོད་དེ། འདི་ཕན་ཆད་ནས་ཤིན་ཏུ་གཟབ་པར་བྱ་སྟེ། བདེ་བ་མྱོང་བས་ཐིག་ལེ་རང་དབང་མེད་པར་འཆོར་བས། གཉེན་པོ་དྲག་པོ་དང་རིག་པ་དྲི་མ་མེད་པའི་ངང་ལས་མ་ཤོར་བ་གལ་ཆེའོ། །བྱང་སེམས་རྡོ་རྗེའི་རྩ་བར་ཕེབས་པ་དང༌། གོང་ལས་བདེ་ཉམས་བདུན་འགྱུར་ཙམ་གྱིས་འཕེལ་ཏེ། ལས་དང་པོ་པས། གཉེན་པོ་དྲག་པོ་བསྟེན་ཅིང༌། རིག་མ་གཡོ་འགུལ་མེད་པར་བྱའོ། །བརྒྱད་པ་བསྐྱིལ་བ་ནི། ཞེན་པ་མེད་པའི་ངང་ནས་བདེ་སྟོང་དབྱེར་མེད་པའི་དོན་ལ་རིག་པ་གཏད་དེ། བདེ་བ་མ་ཡལ་ཙམ་དུ་དལ་བུས་བསྲུབ། བདེ་བ་འཆོར་སྙམ་བྱུང་ན་འོག་སྒོ་དང་ཉྭ་བཞི་ལྷོད་ཀྱིས་ཀློད། རིག་པ་ཀ་དག་ངང་ལ་ལྷན་ནེ་བཞག་པས། བདེ་བ་མི་འཆོར་བར་ལྷན་ནེ་ཟིན་པར་འགྱུར་རོ། །འདིའི་སྐབས་སུ་བྱི་ལ་སྦྲུལ་རྩེད་ལྟར་བྱས་ཏེ། བདེ་བ་ཡལ་བ་འདྲ་ན་ཉམས་དང་སྦྱར་ལ་བསྒུལ་ཞིང་སྤྱོད། བདེ་བ་འཆོར་འཆོར་འདྲ་ན་འོག་སྒོ་ལྷོད། དེ་ལྟར་རེས་མོས་ཀྱིས་བདེ་བ་བསྐྱིལ་བས། མི་འཆོར་བར་ལྷན་ནེ་ཇི་ཙམ་འདོད་པར་གནས་པ་འོང༌། གནད་འདི་ཤིན་ཏུ་ཟབ་སྟེ་རིལ་བ་ཞབ་ཚགས་ཅན་ཡང་ཟེར། ཐབས་ལམ་གསར་བུ་པས་ནི་དེ་ལས་འདས་ན་ཐིག་ལེ་འཆོར་བས། རྡོ་རྗེའི་རྩ་བར་ཆིལ་གྱིས་ཕེབས་པ་དང༌། བསྒུལ་སྤྱོད་བཤོལ་ལ་ངང་ལ་ལྷན་ནེར་བཞག །འདི་དུས་འཁྲུལ་འཁོར་གང་ཡང་མི་བྱ་བར། བདེ་བ་འཚོ་ཤེས་པ་གལ་ཆེ། རྩབ་རྩུབ་མང་ན་ཤོར་ཉེན་ཆེ་བས། གཉེན་པོས་ཟིན་ཅིང་ལྷོད་པ་གཅེས་སོ། །གལ་ཏེ་འཛིན་ལོང་མེད་པར་འཆོར་སྙམ་བྱུང་ན། ཆུ་སྲིན་གྲེ་འགག་བྱ་སྟེ། མཁའ་འགྲོ་བཞིའི་དབུ་རྒྱན་ཕུད་ལ། ཟོ་རློན་ཁ་ཅིར་ཕྱི་ཕས་ཐུ། གསང་རྩ་དྲག་ཏུ་མནན་པས། དེ་མ་ཐག་ཏུ་ཐིག་ལེ་གྱེན་དུ་ལོག་ནས། བསྐྱིལ་བཟློག་བཀྲམ་པ་གསུམ་དུས་གཅིག་ཏུ་འབྱུང༌། གཟེར་འགག་གནད་ཀྱི་ཐེམ་བུ་ཞེས་ཀྱང་བྱ་སྟེ། ཤིན་ཏུ་ཟབ་བོ། །དེ་ལྟར་བདེ་བ་ཆེ་བདེ་བའི་དུས་ཀྱི་ཚེ། བདེ་བ་དེ་ཀའི་ངོ་ལ་ཅེར་གྱིས་བལྟས་པས། གོང་མའི་བདེ་བ་གསུམ་པོ་གང་བས་ཀྱང༌། ལྷག་པའི་བདེ་ཉམས་འབར་ཏེ། འདིའི་སྐབས་སུ་ལུས་འདར་བ་དང༌། གཉིས་ཀ་རྩ་བཟང་ན་དྲན་མེད་དུ་བརྒྱལ་བ་ལྟ་བུ་སོང་ནས། དེའི་དབང་དུ་མི་གཏོང་བར་རིག་པ་རྗེན་པའི་ཉམས་ཀྱིས་ཟིན་པར་བྱ། ཀློང་དུ་མ་གྱུར་པའི་བར་དུ། དེ་ཕྱིན་ལ་ཐལ་དུ་མི་གཞུག་པར། རྡོ་རྗེའི་རྩ་བར་ཡུན་ཅི་རིང་དུ་བསྐྱིལ་ལ། དེའི་དུས་ཀྱི་བདེ་ཉམས་དེ་འཛིན་མེད་བདེ་སྟོང་ཆོས་སྐུའི་དགོངས་པ་ཉམས་སུ་བླངས་པ་སྟེ། ངོས་ཟིན་པ་གལ་ཆེའོ། །བདེ་བ་ཚད་ལས་འདས་པའི་ཕྱིར་དགའ་བ་བཞི་པ་དགའ་བྲལ་གྱི་དགའ་བ་ཞེས་བྱ་སྟེ། དེའི་ཚེ་རང་བཞིན་བརྒྱད་ཅུའི་རྟོག་པ་ཡུད་ཙམ་འགག་པའི་བར་དེར། གསུམ་པའི་ཡེ་ཤེས་ཉེ་བར་ཐོབ་པ་ཞེས་བྱ་བ་འཆར་ཏེ། སྐད་ཅིག་གསུམ་པའི་ཡེ་ཤེས་ཆོས་སྐུ་རྗེན་པར་འཆར་ཀྱང༌། རྟོགས་ལྡན་ཉམས་ཅན་མ་གཏོགས་པ་བདེ་བས་ཤེས་པ་མྱོས་པ་དང༌། རང་བྱུང་ཡེ་ཤེས་ལ་གོམས་འདྲིས་ཆུང་བ་རྣམས། ངོས་མི་ཟིན་པར་འདོད་ཆགས་རང་ཁ་མར་འཆོར་ཉེན་ཆེའོ། །ངོས་ཟིན་ན་ཆོས་སྐུ་རྗེན་པའི་ཞལ་མཐོང་སྟེ། དབང་བཞི་བའི་དོན། ཚིག་དབང་རིན་པོ་ཆེ་རིག་པའི་རྩལ་དབང་ཐོབ་པ་ཡིན་ནོ། །དེའི་དུས་ཀྱི་དབང་ཉམས་བདེ་བ་ངོ་སྤྲད་པ་ནི། གཞུང་ལས། དུས་གསུམ་རྒྱལ་བའི་དགོངས་པ་དེ་ཀ་ཡིན། །དེ་དུས་བདེ་བའི་ངོ་བོ་ལ་བལྟས་པས། །ཅིར་ཡང་མ་གྲུབ་ངོ་བོ་ཀ་དག་སྟོང༌། །དགའ་བ་བཞི་ལས་དགའ་བྲལ་དགའ་བ་སྟེ། །ཆད་ལྟ་བེམ་སྟོང་མ་ཡིན་རིག་ཅིང་གསལ། །གསལ་བ་མཚན་མར་མ་གྲུབ་བདེ་བ་སྟོང༌། །མཚན་མའི་རྣམ་རྟོག་མེད་དེ་བདེ་བའི་ངང༌། །དེ་ཉིད་ངོ་བོ་སྟོང་ལ་རང་བཞིན་མེད། །རྣམ་པ་གསལ་ཞིང་རིག་པ་རྟོག་པ་མེད། །མཚན་ཉིད་གཉིས་སུ་མེད་པའི་ངང་ལ་གནས། །དེ་ཀའི་ངང་ལ་ཐམས་ཅད་ཀུན་རྫོགས་པའི། །བླ་མེད་སྔགས་ཀྱི་རྫོགས་རིམ་དེ་ཉིད་ཡིན། །རྒྱལ་བ་སྐུ་བཞིའི་དགོངས་པ་དེ་ཀ་ཡིན། །དེ་ཉིད་རྒྱུན་མར་གནས་པ་སངས་རྒྱས་ཡིན། །དེ་འདྲའི་གནད་འདི་སྐྱེས་བོས་མ་ཤེས་པས། །སྙོམས་འཇུག་དུས་སུ་བདེ་བ་ཡུད་ཙམ་རེ། །ཐ་མལ་འདོད་ཆགས་སྤྱོད་དུས་ཡོད་མོད་ཀྱང༌། །དེ་ཉིད་བཟུང་བསྐྱིལ་སྤེལ་གསུམ་མ་ཤེས་པས། །ཐ་མལ་འདོད་ཆགས་རང་ཁར་སྤྱོད་པ་ལ། བདེ་བ་ཡུན་ཐུང་སྡུག་བསྔལ་རྒྱུ་རུ་སོང༌། །བདེ་ལ་ཞེན་པས་འདོད་ཁམས་གནས་སུ་གོལ། །གསལ་བ་ལ་ཞེན་གཟུགས་ཁམས་གནས་སུ་གོལ། །སྟོང་པ་ལ་ཞེན་གཟུགས་མེད་ཁམས་སུ་གོལ། །བདེ་གསལ་སྟོང་པ་ཉིད་ལ་ཞེན་མེད་དུ། །ཉམས་སུ་ལེན་པས་ཁམས་གསུམ་གནས་ནས་འཕགས། །དེ་ཡི་ཕྱིར་ན་འཕགས་པ་ཞེས་བྱའོ། །བདེ་བ་དེ་ཀའི་ངང་ལ་རྒྱུན་མར་གནས། །སྡུག་བསྔལ་འདམ་ནས་བདེ་བར་གཤེགས་པའི་ཕྱིར། །དེ་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ། །སྡུག་བསྔལ་བྱ་བའི་མིང་ཡང་མེད་པར་སངས༌། །བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པའི་ཕྱིར། །དེ་ཕྱིར་སངས་རྒྱས་ཞེས་སུ་མིང་བཏགས་སོ། །ཞེས་པ་དང་། ཟབ་བསྡུས་སྙིང་པོ་ལས་ཀྱང༌། དེ་ཚེ་བདེ་བ་ཆེ་བའི་དུས་ཀྱི་ཚེ། །བདེ་བ་དེ་ཀའི་ངོ་ལ་ཅེར་བལྟས་པས། །བདེ་བ་ཅིར་ཡང་མ་གྲུབ་རང་བཞིན་སྟོང༌། །སྟོང་པ་ཕྱང་ཆད་མ་སོང་སྟོང་པའི་གདངས། །རྣམ་པ་བདེ་བའི་ངོ་བོར་ལྷན་ནེ་བ། རང་རྩལ་འགག་པ་མེད་པར་ས་ལེ་བ། །རྣམ་རྟོག་ཅིར་ཡང་མི་མངའ་ལྷན་ནེ་བ། །བདེ་གསལ་མི་རྟོག་གསུམ་ཀའི་ཉམས་མྱོང་འཆར། །དེ་ཀའི་ངང་ལ་རྒྱུན་དུ་ཁྱེར་ཞིང་བསྒོམ། །བདེ་བ་མྱོང་མཁན་སེམས་ལ་ཅེར་བལྟས་པས། །མཁན་པོ་ཅིར་ཡང་མ་གྲུབ་སྟོང་སེང་ང༌ེ། །སྟོང་པ་ཕྱང་ཆད་མ་སོང་མྱོང་མཁན་ག།ྱི ། ཤེས་རིག་འགག་པ་མེད་པར་ས་ལ་ེབ། །རྣམ་པ་བདེ་བ་ཆེན་པོར་ཡམ་མེ་བ། །སུས་ཀྱང་གནས་པ་མེད་པར་ཧྲིག་གེ་བ། །ངོ་བོ་སྟོང་ལ་རང་བཞིན་གསལ་ཞིང་རིག །རྣམ་པ་བདེ་བ་གསུམ་ཀ་དབྱེར་མེད་པའི། །དེ་ཡི་དུས་ཀྱི་ཤེས་པ་བཟོ་མེད་དེ། །བདེ་བ་ཆེན་པོའི་ཡེ་ཤེས་དེ་ཀ་ཡིན། །བླ་མེད་སྔགས་ཀྱི་རྫོགས་རིམ་དེ་ཉིད་ཡིན། །དུས་གསུམ་རྒྱལ་བའི་དགོངས་པ་དེ་ཀ་ཡིན། །དེ་ལ་རྒྱུན་དུ་གནས་པས་སངས་རྒྱས་ཡིན། །དེ་ལ་མ་ཞེན་སྐྱོང་བས་མན་ངག་ཡིན། །བདེ་སྟོང་རང་ངོ་འཕྲོད་པ་གདམ་ངག་ཡིན། །རང་གིས་ཉམས་སུ་མྱོང་བ་ཉམས་མྱོང་ཡིན། །མྱོང་བཞིན་བརྗོད་དུ་མེད་པ་ཆོས་ཉིད་ཡིན། །མྱོང་ཡང་རང་ངོ་མ་འཕྲོད་འཁོར་བ་ཡིན། །དེ་ལ་ཞེན་ཆགས་སྐྱེས་ན་འཁྲུལ་སྣང་ཡིན། །དེ་ཕྱིར་འཁོར་འདས་གཉིས་ཀྱི་གྱེས་སོ་ཡིན། །དུས་གསུམ་སངས་རྒྱས་བདེ་ཆེན་ངང་ལས་སྐྱེས། །ཁམས་གསུམ་སེམས་ཅན་ཞེན་ཆགས་ངང་ལས་འཁྲུལ། །དེ་ཕྱིར་གདམས་པའི་ཁྱད་པར་ཤིན་དུ་ཆེ། །སྙོམས་མཇུག་དུས་སུ་བདེ་བ་ཡུད་ཙམ་རེ། །ཐ་མལ་འགྲོ་བ་ཀུན་ལ་ཡོད་མོད་ཀྱང༌། །བཟུང་ཞིང་བསྐྱིལ་དང་སྤེལ་བ་མ་ཤེས་པས། །ཞེན་ཆགས་ངང་ནས་སྤྱོད་པས་ཐིག་ལེ་ཉམས། །བདེ་བ་ཡུན་ཐུང་སྡུག་བསྔལ་རྒྱུ་རུ་སོང༌། །འཁོར་བའི་སྲིད་པ་འཕེལ་ཞིང་དུཿཁ་སྤྱོད། །ཞེན་མེད་ངང་ནས་བཟུང་བསྐྱིལ་སྤེལ་པ་ཡིས། །སྡུག་བསྔལ་ཞེས་བྱ་མིང་ཡང་མེད་པར་སོང༌། །བདེ་ཆེན་ཡེ་ཤེས་མཐའ་ཡས་རྒྱས་པའི་ཕྱིར། །སངས་རྒྱས་ཞེས་བྱའི་མིང་ཙམ་བཏགས་པ་ཡིན། །བདེ་གསལ་མི་རྟོག་གསུམ་ལ་ཞེན་ཅིང་ཆགས། །བདེ་བས་འདོད་ཁམས་གསལ་པས་གཟུགས་ཁམས་ལྷ། །མི་རྟོག་ཞེན་པས་གཟུགས་མེད་ཁམས་སུ་གོལ། །ཞེན་པ་མེད་པའི་ངང་ནས་ལམ་དུ་ཁྱེར། །བདེ་བ་ལོངས་སྐུ་གསལ་བ་སྤྲུལ་པའི་སྐུ། །མི་རྟོག་ཆོས་ཀྱི་སྐུ་རུ་མངོན་སངས་རྒྱས། །དེ་ཕྱིར་འཁོར་འདས་གཉིས་ཀྱི་རྩ་བའོ། །ཞེས་གསུངས་པ་ལྟར་རྟོགས་པར་བྱའོ། །འདིའ་ིསྐབས་སུ་ཕྲ་ཞིང་ཤིན་ཏུ་བརྟག་དཀའ་བའི་ཕྱིར། བླ་མ་ཉམས་ཅན་དང༌། རང་གི་མྱོང་བས་ལེགས་པར་ཁེལ་བར་བྱའོ། །དེ་ལྟར་བདེ་བའི་ངོ་འཕྲོད་ནས། དགུ་པ་ཐིག་ལ་ེབཟློག་པ་ལ་གསུམ། ལུས་ཀྱིས་འཁྲུལ་འཁོར་ངག་གིས་རླུང༌། ཡིད་ཀྱིས་དམིགས་པའོ། །གཞུང་ལས། དེ་ལ་བདེ་བ་འཆོར་འཆོར་འདྲ་བ་ན། །བྱང་སེམས་བདེ་བ་བཏང་རེ་ཤི་སྙམ་པས། །གཉེན་པོ་ཞེ་བཅད་དྲག་པོས་བཟློག་པར་བྱ། །དེ་ནི་དཀའ་ཐུབ་སྡོམ་པའི་མཆོག་ཏུ་འགྱུར། །ཉན་ཐོས་བུད་མེད་རྒྱང་དུ་བསྲིང་བ་ཡིས། །ཆགས་པས་གདུང་བ་གཉེན་པོས་བཟློག་རྒྱུ་མེད། །དཀའ་ཐུབ་སྡོམ་པ་ཐོབ་པའི་མིང་ཡང་མེད། །འདིར་ནི་བུད་མེད་དངོས་དང་དམ་འཁྱུད་ནས། །བྱང་སེམས་རྡོ་རྗེའི་རྩེ་ནས་བཟློག་པ་ཡི། །གཉེན་པོ་བཟང་ཞིང་དཀའ་ཐུབ་དྲག་པོའོ། །ཞེས་སོ། །དེ་ལ་དང་པོ་ལུས་ཀྱིས་འཁྲུལ་འཁོར་ནི། མིང་ཅན་གྱིས་ནི་མིང་མེད་རྩ་བ་མནན། ཞེས་པས། མཐེ་བོང་གཉིས་ཀྱི་སྲིན་ལག་རྩ་བ་དམ་དུ་མནན་ལ། བསྐྱོད་བྱེད་ལྔ་བསྐུམ་ཞེས་པ། སོར་མོ་ལྔ་བསྐུམ་ནས་རྡོ་རྗེ་ཁུ་ཚུར་བཅངས། གྱད་བཞི་བསྐུམ་ཞེས་པ་རྐང་ལག་བཞི་ཀའི་མཐེ་བོང་དྲག་ཏུ་བསྐུམ། ངན་འགྲོའི་ལམ་གཉིས་ཞེས་པ་འོག་སྒོ་གཉིས་དྲག་ཏུ་བཙུམས། སྟེང་འོག་གཉིས་རླུང་གཉིས་ཁ་སྦྱར་ནས། རྒྱ་མཚོ་རིར་སྦྱར་ཞེས་པ། གསུས་པ་སྒལ་བ་ལ་སྦྱར༌། དར་དམར་གུང་ལ་བསྐྱོད། ཅེས་པ་ལྕེ་ཡར་རྐན་ལ་སྦྱར། རྒྱང་ཞགས་གནམ་ལ་བལྟ་ཞེས་པ། མིག་གཉིས་ནམ་མཁའ་བལྟ། ངག་གིས་རླུང་ནི། བུམ་པ་ཅན་བཟུང༌། ཁྱད་པར་འོག་རླུང་དྲག་ཏུ་འཐེན། ཁོང་འདྲེན་དྲག་པོ་ཐེབ་རེ་རེ་ལ་ཡང་ནས་ཡང་དུ་དྲག་ཏུ་འདྲེན་ཅིང་སྤྱི་བོར་བསྐྱལ། ལག་པ་གཉིས་གསང་གནས་མཚམས་ནས་དྲག་ཏུ་འཐེན་ལ་སྤྱི་བོའི་ནམ་མཁར་འཕོང༌། །སེམས་ཀྱིས་དམིགས་པ་ནི། དབུ་མའི་ནང་དུ་ཐིག་ལེ་སྐར་མདའ་འཕངས་པ་ལྟར་བྲིང་མ་ཆད་པར་སྤྱི་བོའ་ིཧཾ་ལ་ཐིམ་པར་བསྒོམ། དེ་ལྟར་རླུང་དང་འཁྲུལ་འཁོར་དམིགས་པ་གསུམ་དུས་གཅིག་ཏུ་དྲག་ཏུ་སྤྲུགས་པས། བདེ་བ་ལྟེ་བར་ཚད་མེད་སྐྱེས། དེ་ནས་དྲངས་པས་སྙིང་གར། དེ་ནས་དྲངས་པས་མགྲིན་པར། རིམ་བཞིན་མས་བསྟེན་གྱི་དགའ་བཞི་ཉམས་སུ་མྱོང་ནས། དྲངས་པའི་རྟགས་སུ། གསང་གནས་ཀྱི་བདེ་བ་ཡལ་ནས། རྡོ་རྗེའི་ངར་འཆོར། རབ་ལ་རྡོ་རྗེ་སྦུབས་སུ་ནུབ། ལུས་ཀྱིས་སྟོད་ཟས་ཞིམ་པོས་གང་བ་ལྟར་བདེ་བ་རྒྱས་པར་འགྱུར། ཁྱད་པར་དུ་འཁྲུལ་འཁོར་གྱི་གནད་ལ། ལུས་ཀྱི་འཁྲུལ་འཁོར་ལུས་པོ་འདར་བ་གཅེས། །འདྲེན་གྱི་གནད་ནི་ཁོང་འདྲེན་དྲག་པོ་གཅེས། །དམིགས་པའི་གནད་ནི་སྤྱི་བོར་གཏད་པ་གཅེས། །ལུས་ཀྱི་བྱིན་ལོག་ཤེད་སྐྱེད་འདར་ཕྲིལ་བཏང༌། །ཞེས་པ་ལྟར་དྲངས། འདི་དུས་དམིགས་པ་མཚན་མ་ཅན་དུ་བསྒོམས་ན། གོང་ལྟར་བསྒོམས་པའི་ཐིག་ལེ་ཡི་གེ་ལོག་པའི་དབྱིབས་ཅན་དུ་འགྲོལ་ནས་གེགས་སུ་འགྲོ་བས། དམིགས་མེད་ཀྱི་ངང་ནས་འདུན་པ་སྤྱི་བོར་དྲག་ཏུ་གཏད་པ་ཟབ་བོ། །ད་བཅུ་པ་བཀྲམ་པ་ལ་གསུམ། འཁྲུལ་འཁོར་རླུང་དམིགས་པ་གསུམ་ལས། འཁྲུལ་འཁོར་ནི་ལག་པ་སྙིང་ག་ནས་མདུན་དུ་འཕོང་བ་གསུམ་དང་མཉམ་དུ། རླུང་དྲག་ཏུ་འབུད་པ་དང༌། ལུས་སྤྱང་(གཡང)མོའི་བཞི་སྤྲུགས་ལྟར་དྲག་ཏུ་སྤྲུགས་པ་རྣམས་དུས་གཅིག་ཏུ་བྱས་པས། ཐིག་ལེ་ལུས་དང་རྩ་དམིགས་ཐམས་ཅད་དུ་ཀུན་ལ་ཁྱབ་པར་འགྱུར་རོ། །མ་ཁྲེམས་ན་ནད་དུ་འགྲོ་བས། བཀྲམ་པ་ལ་ནན་ཏན་བྱའོ། །རྗེས་སུ་རླུང་བུམ་པ་ཅན་བཟུང་ནས་རིག་པ་ཀ་དག་གི་ངང་ལ་ཡུན་རིང་དུ་བཞག་པས། གེགས་མི་འབྱུང་ཞིང་ཐིག་ལེ་ཁྲེམས་པ་དང༌། བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེའོ། །དེ་ལ་བྱང་ན་བཟློག་བཀྲམ་གྱི་འཁྲུལ་འཁོར་ལ་འབད་མི་དགོས་ཏེ། །ཀློད་པ་ཙམ་དང་འདུན་པ་གཏད་པ་ཙམ་གྱིས། ལོག་ཅིང་རང་ཁྲེམས་སུ་འགྲོའོ། དེ་ནི་ཟབ་ལམ་དགའ་བཞིས་འགྲོས་ཐིམ་གྱི་གདམས་པ་ཤིན་ཏུ་ཟབ་སྟེ། ཐབས་ལམ་གཞན་དང་མི་འདྲའོ། །གཞན་རྣམས་དྲག་འཛིན་དང༌། བཙན་འཛིན་ལ་སོགས་པ་རྣམས་ནི། རྩོལ་བ་ཆེ་ལ་གེགས་མང་བ་ཡིན་ནོ། །འདི་ནི་འཇམ་བཟུང་ཞེས་བྱ་སྟེ། འཁྲུལ་འཁོར་ལུས་སྦྱང་དང༌། རླུང་རྩོལ་ཡུན་རིང་ལ་སོགས་པ་མི་དགོས་སོ། །དེ་ལྟར་བྱང་ནས། ཤེས་རབ་མའི་བདེ་བ་དྲང་བ་དང༌། དྭངས་སྙིགས་འབྱེད་པ་དང༌། གེགས་སེལ་བོགས་འདོན། འབྱོངས་རྟགས་ངོ་སྤྲོད་ཡོན་ཏན་རྣམས་ནི། གཞུང་ལས་ཤེས་པར་བྱའོ། །འདིར་ནི་རྩ་བ་ལག་ལེན་གྱི་ཉམས་ཁྲིད་གོ་བདེ་བར་བསྟན་པའོ། །དེ་ལྟར་ཟབ་གནད་གདམས་པ་མང་པོ་ཀུན། །འདིར་ནི་མདོར་བསྡུས་རྒྱས་པར་གཞན་དུ་གཟིགས། །ཟབ་ལམ་བླ་མེད་ཐབས་ལམ་བསྒོམ་པ་ལ། །ངོ་ཚ་བསྲུང་ཞིང་ཐ་མལ་ཁྱི་ཕག་ལྟར། །དམ་ཉམས་སྡོམ་ཤོར་བྱི་ཕྲུག་ལྐོག་གསོད་ལ། །ངོ་ཚ་མེད་པར་དམྱལ་བར་ཡང་ལྷུང་ནས། །དེ་ལྟར་ཆོས་པའི་གཟུགས་བསྙན་ཅི་ཞིག་བྱ། །འདུལ་བ་འཛིན་ཞེས་བསླབ་གསུམ་ཁྲིམས་སྡོམ་མེད། །གསང་སྔགས་པ་ཞེས་ཟབ་ལམ་སྦྱོར་སྒྲོལ་མེད། །སྐྱེ་བོ་ཡིན་ཞེས་ཡུལ་ཁྲིམས་ངོ་ཚ་མེད། །ལོག་འཚོའི་དཀོར་ཟ་བརྫུན་ཚིག་འགྲོ་བ་བསླུ། །ཐབས་ལམ་པ་ཞེས་བུ་སྨད་ར་ཁྱུ་ཙམ། །ཀྱི་ཧུད་ཚུལ་འདི་མཐོང་ཞིང་ཡི་རེ་མུག །མདོ་སྔགས་བསྟན་པའི་རྒྱལ་མཚན་ནུས་པ་ཉམས། །དུས་འདིར་སྐྱེས་པའི་འགྲོ་རྣམས་སྐལ་བ་ཕམ། །དེ་ཕྱིར་གཞན་ཕན་དུས་འདིར་རབ་དཀའ་ཞིང༌། །མྱུར་མགྱོགས་ཕོ་ཉའི་ལམ་འདིར་ཞུགས་རེ་རན། །ལམ་འདི་དུག་སྦྲུལ་མགོ་ཡི་ནོར་བུ་ལྟར། །ཕུང་འཚིང་ཤིན་ཏུ་ཆེ་བས་གཟབ་པར་གྱིས། །དེས་ན་ཡིག་ཆུང་ཟབ་བསྡུས་སྙིང་པོ་འདི། །ཤིན་ཏུ་སྦས་ཤིང་གསང་ལ་སྤྱད་པར་བྱའོ། །འཆལ་ན་ཀུན་གྱིས་གཤེ་ཞིང་སྒྲོ་སྐུར་འབྱུང༌། །ཡང་ན་ཕལ་ཆེར་འདི་ལ་བསྙད་བཀལ་ན། །བསླབ་གསུམ་ནོར་བུ་ཆུ་ལ་ཕོ་ཉེན་ཡོད། །འདི་ན་ཟབ་གནད་ལག་ལེན་དགོངས་པ་བསྡུས། །འདི་ལ་གཅེས་པར་མཛོད་ལ་ཉམས་སུ་ལོང༌། །ཉམས་མྱོང་དྲོད་རྟགས་འབྱུང་བར་ཐེ་ཚོམ་མེད། །གུ་རུ་ག་ག་པ་མུ་ཏྲ་ཉིད་ཀྱིས། །བསྐུལ་བའི་དོན་དུ་སྙིགས་མའི་ཀུ་སུ་ལུ། །སཱུརྱ་ཙནྟྲ་རསྨིའི་མིང་ཅན་གྱིས། །ཀོང་ཡུལ་ལྟ་བ་ཐ་འབྲོག་དགོན་པ་རུ། །སྤྲེའུ་ལོ་ཕག་གི་ཟླ་བའི་དུས་བཟང་ལ། །འདི་བརྩམས་དགེ་བས་འགྲོ་ཀུན་མཆོག་ཐོབ་ཤོག །ཟབ་ལམ་རྫོགས་རིམ་གྱི་ཉམས་ཁྲིད་བདེ་བ་རང་གྲོལ་ཞེས་བྱ་བ། འགྲོ་ཀུན་སྐུ་གསུམ་བདེ་བ་ཆེན་པོ་མྱུར་དུ་ཐོབ་པར་གྱུར་ཅིག །ཤུབྷཾ། འགལ་འབྲེལ་ཟློས་སྐྱོན་མ་བརྟགས་མུ་ཅོར་བྲིས། །འདི་ལ་མཁས་རྣམས་བཟོད་པ་མཛད་པར་ཞུ། །བདེ་ཆེན་ལྷན་སྐྱེས་ཉམས་རྟོགས་ཕུལ་དུ་ཕྱིན་པའི་རྗེ་བཙུན་སཱུརྱ་ཙནྟྲའི་དྲུང་དུ། ནམ་མཁའ་ཆོས་ཀྱི་རྒྱ་མཚོས་ཞུས། དེ་ལ་བདག་དགེ་འདུན་རྒྱལ་མཚན་གྱིས་ཞུས་པས། གསང་སྔགས་རྡོ་རྗེ་ཐེག་པ་འདི་བཀའ་བཙན་ཅིང་བྱིན་ཆེ་བ། དར་ཞིང་རྒྱས་ནས། འགྲོ་ཀུན་ཀུན་བཟང་བླ་མེད་ཀྱི་ས་ལ་འགོད་པར་གྱུར་ཅིག །དགེའོ།། །།


previousའོག་སྒོ་བདེ་ཆེན་འདོད་ཆགས་རང་གྲོལ་གྱི་ཉམས་ཁྲིད། སཱུཪྱ་ཙནྟྲ་རསྨིའི་མིང་ཅན་གྱིས།next