Nitartha Digital Library
Tibetan
བར་དོ་དྲུག་གི་སྔོན་འགྲོ་རྒྱབ་ཆོས་དང་བཅས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་ཉིད་བར་དོའི་ཐོད་རྒལ་ངོ་སྤྲོད་མཐོང་བ་རང་གྲོལ།
   
   
   
   
   
   
   
   


 
previousཆོས་ཉིད་བར་དོའི་ཐོད་རྒལ་ངོ་སྤྲོད་མཐོང་བ་རང་གྲོལ།next

ཆོས་ཉིད་བར་དོའི་ཐོད་རྒལ་ངོ་སྤྲོད་མཐོང་བ་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཆོས་ཉིད་བར་དོའི་ཐོད་རྒལ་ངོ་སྤྲོད་མཐོང་བ་རང་གྲོལ་བཞུགས་སོ༔

སྐུ་གསུམ་མངོན་དུ་སྟོན་ལ་ཕྱག་འཚལ་ལོ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཐོད་རྒལ་ངོ་སྤྲོད་མཐོང་བ་རང་གྲོལ་བསྟན༔ འདི་ལ་སྤྱི་དོན་རྣམ་པ་གསུམ་ཡིན་ཏེ༔ དཔེ་དོན་རྟགས་དང་གསུམ་གྱིས་གཏན་ལ་དབབ༔ དཔེ་ཡི་ངོ་སྤྲོད་སྤྱི་དང་བྱེ་བྲག་གཉིས༔ སྤྱིར་ནི་ཐོད་རྒལ་ངོ་སྤྲོད་སུམ་ཅུ་གཅིག༔ བྱེ་བྲག་ཆོས་ཉིད་བར་དོའི་ངོ་སྤྲོད་དོ༔ ཐོག་མར་ཁྲེགས་ཆོད་ཁྲིད་རྣམས་ཚར་བའི་རྗེས༔ རིག་པ་ཐོད་རྒལ་ངོ་སྤྲོད་འདི་ལྟར་བྱ༔ ཤིན་ཏུ་དབེན་ཞིང་ནམ་མཁའ་མཐོང་བའི་སར༔ གནས་དང་ཁྲི་སྟེགས་རྒྱན་ཆས་འཛོམ་པར་བྱ༔ དེ་ནས་ངོ་སྤྲོད་རྫས་ཀྱི་མཆོག་གྱུར་པ༔ གངས་སམ་རྒྱ་མཚོ་གནས་ཆེན་བྲག་རི་ནས༔ འབྱུང་བའི་མན་ཤེལ་ཟུར་བརྒྱད་ལྡན་པ་ལ༔ དྭངས་ཤིང་གསལ་ལ་དྲི་མས་མ་གོས་པ༔ གས་ཆག་མེད་པ་འོད་ལྔའི་ཟེར་འཕྲོ་བ༔ འོད་ཀྱིས་ཁྱིམ་གང་ནས་འོང༌། ཆེ་བ་ཁྱི་དཀར་མགོ་བོ་ཙམ་པ་བྱ༔ དེ་འོག་ངང་པའི་ཞིང་ཁམས་བརྩེགས་མ་མང་པོ་འོང༌། སྒོ་ང་ཙམ་པའམ༔ སོར་བཞི་འམ་སོར་གསུམ་ཚོན་གང་ཙམ་པ་དང་༔ ཐ་མའང་སྐྱེས་བུའི་མིག་ལ་ཁེབས་པ་ཙམ༔ དེ་ནི་རྡོ་རྗེ་སེམས་དཔའི་མེ་ལོང་ཞེས༔ དེ་ནི་ངོ་སྤྲོད་ཀུན་གྱི་རྟེན་དུ་གཅེས་པ་ཡིན༔ སྤོས་ཆུས་ཁྲུས་གསོལ་དྲི་བཟང་སྤོས་ཀྱིས་བྱུག༔ དེ་ཉིད་རྡོ་རྗེ་སེམས་དཔའ་དངོས་སུ་བསྒོམ༔ དེ་ནས་ངོ་སྤྲོད་སུམ་ཅུ་རྩ་གཅིག་ནི༔ དང་པོ་འཇིམ་པའི་མི་མོ་ངོ་སྤྲོད་ཀྱིས༔ རྣམ་ཤེས་ཞུགས་གནས་དོན་གསུམ་ངོ་སྤྲད་བྱ༔ གཉིས་པ་རྡོ་རྗེ་རྦ་རླབས་ངོ་སྤྲོད་ཀྱིས༔ འཆི་ཁའི་འོད་གསལ་སྒྲ་འོད་ངོ་སྤྲོད་བྱ༔ གསུམ་པ་སྤྲིན་མེད་ནམ་མཁའི་ངོ་སྤྲོད་ཀྱིས༔ བར་དོ་དང་པོའི་འོད་གསལ་ངོ་སྤྲོད་བྱ༔ བཞི་པ་མུན་ཁང་ཤེལ་ཟེར་ངོ་སྤྲོད་ཀྱིས༔ ཆོས་ཉིད་དག་པའི་སྣང་བ་ངོས་བཟུང་བྱ༔ ལྔ་པ་ཉི་མའི་དཀྱིལ་འཁོར་ངོ་སྤྲོད་ཀྱིས༔ སྐུ་གསུམ་དག་པའི་ཞིང་ཁམས་ངོ་སྤྲོད་བྱ༔ དྲུག་པ་མེ་ལོང་ཁ་སྦྱོར་ངོ་སྤྲོད་ཀྱིས༔ རང་སྣང་ཡེ་ཤེས་བཞི་སྦྱོར་ངོ་སྤྲོད་བྱ༔ བདུན་པ་མེ་ལོང་དཀྱིལ་འཁོར་ངོ་སྤྲོད་ཀྱིས༔ གཟུགས་སྐུའི་ཞིང་ཁམས་རྣམ་གཉིས་ངོ་སྤྲོད་བྱ༔ བརྒྱད་པ་ཉི་ཟེར་ཤེལ་ཟེར་ངོ་སྤྲོད་ཀྱིས༔ ཐིག་ལེ་(ཐུགས་རྗེ་)ཡེ་ཤེས་ཟེར་གྱི་ངོ་སྤྲོད་བྱ༔ དགུ་པ་གཞལ་ཡས་ཁང་གི་ངོ་སྤྲོད་ཀྱིས༔ དག་པ་ལྷ་ཡི་ཞིང་ཁམས་ངོ་སྤྲོད་བྱ༔ བཅུ་པ་ཆུ་ཟླ་དྭངས་བའི་ངོ་སྤྲོད་ཀྱིས༔ སྣང་སྟོང་རང་བཞིན་མེད་པའི་ངོ་སྤྲོད་བྱ༔ བཅུ་གཅིག་མར་མེ་གསལ་བའི་ངོ་སྤྲོད་ཀྱིས༔ བར་དོ་རྟོག་མེད་གསལ་བའི་ངོ་སྤྲོད་བྱ༔ བཅུ་གཉིས་མཐོངས་ཁུང་ཉི་ཟེར་ངོ་སྤྲོད་ཀྱིས༔ ཐུགས་ཀའི་ཡེ་ཤེས་ཟེར་ཐག་ངོ་སྤྲོད་བྱ༔ བཅུ་གསུམ་མན་ཤེལ་བུམ་ནང་མར་མེ་ཡིས༔ རིག་པ་གཞོན་ནུ་བུམ་སྐུར་ངོ་སྤྲོད་བྱ༔ བཅུ་བཞི་གཞོན་ནུ་རྒྱན་ལྡན་ངོ་སྤྲོད་ཀྱིས༔ ཞི་བ་སྐུ་ལྔ་ལྔ་ཚོམ་ངོ་སྤྲོད་བྱ༔ བཅོ་ལྔ་གཞོན་ནུ་ཕྱེད་སྐྱིལ་ངོ་སྤྲོད་ཀྱིས༔ སེམས་དཔའ་སེམས་མ་བཅུ་དྲུག་ངོ་སྤྲོད་བྱ༔ བཅུ་དྲུག་བཙུན་ཆུང་བཞེངས་པའི་ངོ་སྤྲོད་ཀྱིས༔ སྤྲུལ་སྐུ་ཐུབ་པ་དྲུག་གི་ངོ་སྤྲོད་བྱ༔ བཅུ་བདུན་ཁྲོ་བོ་ཡབ་ཡུམ་ངོ་སྤྲོད་ཀྱིས༔ སྒོ་བ་ཡབ་ཡུམ་བརྒྱད་ཀྱི་ངོ་སྤྲོད་བྱ༔ བཅོ་བརྒྱད་ཁྲོ་འབགས་ཆེན་པོའི་ངོ་སྤྲོད་ཀྱིས༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ངོ་སྤྲོད་བྱ༔ བཅུ་དགུ་དར་ཡུག་མེ་འོང་ངོ་སྤྲོད་ཀྱིས༔ དག་པ་ཡེ་ཤེས་འོད་ལམ་ངོ་སྤྲོད་བྱ༔ ཉི་ཤུ་སྣམ་རས་ཁ་དོག་ངོ་སྤྲོད་ཀྱིས༔ མ་དག་རིགས་དྲུག་འོད་ལམ་ངོ་སྤྲོད་བྱ༔ ཉེར་གཅིག་མེ་ལོང་བསྭེ་ཕུབ་ངོ་སྤྲོད་ཀྱིས༔ ཞི་ཁྲོའི་དཀྱིལ་འཁོར་ཞིང་ཁམས་ངོ་སྤྲོད་བྱ༔ ཉེར་གཉིས་དར་ཡུག་མཁར་ཕོར་ངོ་སྤྲོད་ཀྱིས༔ ཡེ་ཤེས་ཐིག་ལེ་དགུ་བརྩེགས་ངོ་སྤྲོད་བྱ༔ ཉེར་གསུམ་རས་ཡུག་ལྔ་ལྡན་ངོ་སྤྲོད་ཀྱིས༔ དག་པའི་ཡེ་ཤེས་རླུང་ལྔ་ངོ་སྤྲོད་བྱ༔ ཉེར་བཞི་ཉི་ཟླ་འཇའ་ཁྱིམས་ངོ་སྤྲོད་ཀྱིས༔ ཡེ་ཤེས་མུ་ཁྱུད་ར་བའི་ངོ་སྤྲོད་བྱ༔ ཉེར་ལྔ་རྒྱ་མཚོ་ཨར་གཏད་ངོ་སྤྲོད་ཀྱིས༔ རང་འོད་དཀྱིལ་འཁོར་མངོན་སུམ་ངོ་སྤྲོད་བྱ༔ ཉེར་དྲུག་རྒྱ་མཚོ་རྦ་རླབས་ངོ་སྤྲོད་ཀྱིས༔ ཆོས་ཉིད་རང་སྒྲ་མངོན་སུམ་ངོ་སྤྲད་བྱ༔ ཉེར་བདུན་རྒྱང་ཞག་མནན་བཙིར་ངོ་སྤྲོད་ཀྱིས༔ ཆོས་ཉིད་ཟེར་གྱི་སྣང་བ་ངོ་སྤྲད་བྱ༔ ཉེར་བརྒྱད་ཉི་ཟེར་རྩིབས་ཤར་ངོ་སྤྲོད་ཀྱིས༔ འོད་ཟེར་མཚོན་ཆའི་སྣང་བ་ངོ་སྤྲོད་བྱ༔ ཉེར་དགུ་རྒྱ་མ་སེང་རས་ངོ་སྤྲོད་ཀྱིས༔ ཚོམ་བུ་ནམ་མཁའ་ཁྱབ་པའི་ངོ་སྤྲོད་བྱ༔ སུམ་ཅུ་ཤེལ་དང་ཉི་མ་འདྲ་འབག་གསུམ༔ དག་པའི་སྐུ་གསུམ་ཞིང་ཁམས་ངོ་སྤྲོད་བྱ༔ སོ་གཅིག་ནམ་མཁའ་སུམ་སྤྲུག་ངོ་སྤྲོད་ཀྱིས༔ ཅིར་སྣང་ཆོས་ཀྱི་སྐུ་རུ་ངོ་སྤྲོད་དོ༔ དེ་ལ་དང་པོ་འཇིམ་པའི་མི་མོའི་ངོ་སྤྲད་ནི༔ ཤོག་འདག་གིས་འཇིམ་པ་ལ་ལྷ་བཟོ་མཁས་པས་མི་མོའི་གཟུགས་རིད་པ་ཁོང་སྟོང་ཅན༔ དབང་པོའི་བུ་ག་ཐམས་ཅད་ཧ་རེ་བ༔ སྐྱེ་མཆེད་ཚང་བ་དང་བཅས་པ་གཅིག་བྱ༔ དེའི་སྙིང་གར་མར་མེ་གཅིག་བཞག་ལ༔ འོད་དབང་པོ་ལྔ་ལ་ཕྱིར་གསལ་བར་བྱ༔ དེ་མུན་ཁང་ནང་དུ་བཞག༔ དེའི་མདུན་དུ༔ ཁྲོ་བོའི་གཟུགས་མང་པོ་མཚོན་ཆ་དང་རོལ་མོ་ཐོགས་པ་བཀོད་དོ༔ དེ་ལ་དྲང་དོན་ངེས་དོན་གཉིས་སུ་ངོ་སྤྲད་པ་ནི༔ དང་པོ་དྲང་དོན་དུ་བསྟན་པ་ལ༔ འཇིམ་པའི་མི་མོ་འདི་ནི༔ ད་ལྟ་རང་གི་ལུས་འདི་ཡི་དཔེ་ཡིན་ཏེ༔ མར་མེ་འདི་ནི་རྣམ་ཤེས་སྙིང་གར་གནས་པའི་བརྡའོ༔ དེ་ནས་འཆི་བའི་དུས་སུ་དབང་པོ་རྣམས་རིམ་གྱིས་འགགས་ཏེ༔ རྣམ་ཤེས་སྡིག་པོ་ཆེ་ལ་འོག་སྒོར་བུད༔ བར་མ་རྣམས་ནི་སྒོ་གང་རུང་རེ་ལ་ཐོན༔ ཚོགས་བསགས་པ་དང་འཕོ་བ་ཐེབས་པ་ལ་ནི༔ ཚངས་བུག་ཏུ་ཐོན་ཏེ་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་འགྲོའོ༔ གཞན་དག་རྣམས་ནི༔ སྒོ་གང་རུང་གཅིག་ལ་ཕྱིར་ཐོན་པ་དང་བར་དོའི་འཇིགས་སྐྲགས་གི་སྣང་བ་འཆར་ཏེ༔ དེའི་དུས་སུ་གདམས་ངག་དྲན་པར་གྱིས་ཤིག༔ དེ་ཡང་མར་མེ་སྙིང་གར་ཡོད་པའི་དུས་འདི་ནི༔ ད་ལྟ་སྐྱེ་གནས་བར་དོའི་དཔེ་ཡིན་ནོ༔ དེ་ནས་དབང་པོ་རྣམས་རིམ་གྱིས་འགགས་པ་ནི༔ འཆི་ཁ་བར་དོའ་ིདཔེ་ཡིན་ནོ༔ དེ་ནས་མར་མེ་ཕྱིར་ཐོན་ནས་འཇིགས་གཟུགས་སྣ་ཚོགས་སུ་སྣང་བ་འདི་ནི༔ བརྒྱལ་སངས་པ་དང་ཆོས་ཉིད་བར་དོར་སྒྲ་འོད་ཟེར་གསུམ་ཞི་ཁྲོའི་སྣང་བ་འཆར་བའི་དཔེ་ཡིན༔ ཞེས་པ་དང་༔ མི་མོའི་ངོ་སྤྲོད་དྲང་དོན་རྒྱས་པར་གུད་དུ་ཤེས་པར་བྱའོ༔ གཉིས་པ་ངེས་དོན་དྲུག་ཏུ་ངོ་སྤྲད་པ་ནི༔ སྒྲོན་མ་དྲུག་ཏུ་ངོ་སྤྲད་དོ༔ དེ་ཡང་མི་མོའི་ཁང་པ་འདི་ནི༔ ད་ལྟ་སྐྱེ་གནས་བར་དོར་གདོས་བཅས་ཀྱི་ལུས་འདིའི་དཔེ་ཡིན་ཏེ༔ དེ་འང་སྒྲོན་མ་དྲུག་གི་ཚུལ་དུ་གནས་པ་ནི༔ སྙིང་གར་མར་མེའི་ཀོང་བུ་འདི་ནི༔ ཙིཏྟ་ཤ་ཡི་སྒྲོན་མའི་དཔེ་ཡིན་ཏེ༔ སྙིང་གི་དཔེའོ༔ མར་མེ་གསལ་པོར་འབར་བ་འདི་ནི༔ གནས་པ་གཞི་ཡི་སྒྲོན་མེའི་ཚུལ་ཏེ༔ རིག་པ་སྙིང་གི་དཀྱིལ་ན་གནས་པའི་དཔེའོ༔ མར་མེ་སྙིང་གར་གནས་ཀྱང་༔ འོད་མིག་ནས་ཡར་རྒྱུག་པ་འདི་ནི༔ དཀར་འཇམ་རྩའི་སྒྲོན་མའི་ཚུལ་ཏེ༔ སྙིང་དང་མིག་འབྲེལ་བའི་རྩ་ལ་རྣམ་ཤེས་རྒྱུ་བའི་དཔེའོ༔ མིག་གི་ནང་ནས་འོད་མ་འགགས་པར་གསལ་བ་འདི་ནི༔ རྒྱང་ཞགས་ཆུའི་སྒྲོན་མའི་ཚུལ་ཏེ༔ རིག་པ་མིག་ནས་ཕྱིར་གསལ་བའི་དཔེའོ༔ མར་མེ་ཕྱིར་ཐོན་ནས་ཕྱི་རོལ་དུ་གཟུགས་བརྙན་སྣ་ཚོགས་འཆར་བ་འདི་ནི༔ བར་དོ་དུས་ཀྱི་སྒྲོན་མེའི་ཚུལ་ཏེ༔ རྣམ་ཤེས་ཕྱིར་ཐོན་པ་དང་༔ ཆོས་ཉིད་བར་དོ་འཆར་བའི་དཔེའོ༔ དེའི་དུས་སུ་བར་དོ་རང་ངོ་ཤེས་ནས་སྐད་ཅིག་ཉིད་ལ་གྲོལ་བ་ནི༔ མཐར་ཐུག་འབྲས་བུའི་སྒྲོན་མ་སྟེ༔ རྒྱས་པར་སྒྲོན་མ་དྲུག་གི་ངོ་སྤྲོད་དུ་ཤེས་པར་བྱའོ༔ གཉིས་པ་རྡོ་རྗེ་རྦ་རླབས་ངོ་སྤྲོད་ཀྱིས༔ འཆི་ཁའི་འོད་གསལ་སྒྲ་འོད་ངོ་སྤྲོད་བྱ༔ ཞེས་པ་ནི༔ མུན་ཁང་ནང་དུ་ཉི་ཟེར་མདུང་ཞུར་ཙམ་ཞིག་སྟོན་ལ༔ དེ་ཁ་བཅད་པའི་མུན་པའི་གསེབ་ཏུ་ཁྲོ་བོ་དང་གིང་ཕོ་མོ་མགོ་བརྙན་དང་བཅས་པ་བཀོད་ལ༔ དེ་དག་གི་མདུན་དུ༔ སློབ་བུ་རླུང་སྲོག་རྩོལ་བུམ་པ་ཅན་བཟུང་དུ་བཅོལ་ལ༔ རྩེའུ་ཆུང་གཉིས་ཇེ་དྲག་ཇེ་དྲག་མནན་པས་སྣང་བ་རགས་པ་ཐིམ་པ་ནི༔ འཆི་ཁར་ཕྱི་དབུགས་ཆད་ཚེ་སྣང་བ་རགས་པ་ཐིམ་པར་ངོ་སྤྲད་དོ༔ དེ་ནས་རྟོག་པ་ཐམས་ཅད་འགགས་པ་ནི༔ ཕྲ་བ་ཐིམ་པར་ངོ་སྤྲད་དོ༔ དེ་ནས་ཅི་ཡང་མི་དྲན་པའི་རྟོག་པ་མེད་པར་ནམ་མཁའ་དྭངས་བའི་དཀྱིལ་ལྟ་བུ་ཞིག་འཆར་ཏེ༔ དེ་འཆི་བ་འོད་གསལ་ཆོས་སྐུ་ངོ་སྤྲོད་དོ༔ དེའི་རྗེས་སུ་རྨི་ལམ་ལྟ་བུའི་སྣང་བ་ཡད་ཡུད་བན་བུན་ཅིག་འཆར་ཏེ༔ དེ་ནི་བར་དོའི་སྣང་བ་ངོ་སྤྲོད་དོ༔ དེ་ཡང་རྟོག་མེད་ཀྱི་ཤེས་པ་གསལ་ལ་སྟོང་པ་ཡེ་རེ་བ་དེ་འོད་གསལ་དུ་ངོ་སྤྲད་དོ༔ རྨི་ལམ་ལྟ་བུའི་ཤེས་པ་ཡད་ཡུད་དེ་བར་དོ་སྒྱུ་ལུས་སུ་ངོ་སྤྲད་དོ༔ དེ་ནས་གཉིད་སད་པ་ལྟར་བྱུང་དུས༔ ཉི་ཞུར་ཁ་ཕྱེས་ལ༔ མེ་ལོང་དང་ཤེལ་རྡོ་བསྒྲིལ༔ ཁྲོ་འབག་དང་༔ གིང་ཕོ་མོས་བསྡིག༔ རོལ་མོ་དང་ཧ་ཧ་ཧཱུྃ་ཕཊ་བཤུགས་སྒྲ་བསྒྲགས་པས་བར་དོའི་སྣང་བ་འཆར་ཏེ༔ བྲེད༔ སྔངས༔ སྐྲག༔ འདར༔ བྲོས༔ འཆའ༔ གབ་བྱེད་དུ་འོང་སྟེ༔ དེའི་དུས་སུ་སྒྲ་འོད་ཟེར་གསུམ་ཐམས་ཅད་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག༔ སྒྲ་རང་སྒྲ༔ འོད་རང་འོད༔ རང་སྣང་ཆོས་ཉིད་དུ་ངོ་ཤེས་པར་གྱིས་ཤིག༔ ཅེས་ངོ་སྤྲོད་ནས༔ མེ་ལོང་ལ༔ འོད་འཆར༔ ཤེལ་རྡོ་ལ་འཇའ་དང་ཟེར་འཆར་བས༔ འོད་ལྔའི་ནང་ནས་ཟེར་ཕྲ་མོ་ཁྱུག་ཁྱུག་ཅིག་འདར་ཞིང་རྒྱུགས་ཏེ༔ འཽ༔ འདི་ནི་བར་དོ་ཡིད་ཀྱི་ལུས་ཞེས་བྱ་སྟེ༔ འོད་ལྔ་དང་ཟེར་མི་འདྲེས་པས༔ སྐྱ་ཡུད་ཡུད་པ་ཕ་ཀི༔ དོན་མེད་དུ་འདར༔ འབྲོས༔ གབ་བྱེད་ཅིང་གདའ་འོ༔ དེའི་རྗེས་སུ་འོད་གཉིས་རྒྱུགས་པ་འདི་ནི༔ ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ་གཉིས་ཡིན་ནོ༔ དེའི་གདོང་འདི་ན༔ འཇའ་ཚོན་སྣ་ལྔའི་མདངས་གཡོ་ཞིང་འགུལ་བ་འདི་ནི༔ ཡི་དམ་ཞི་ཁྲོ་རིགས་ལྔས་བར་དོ་ན་བསུ་བ་ལ་འོང་བ་ཡིན་ནོ༔ དེ་ཡང་འཇའ་ཁ་དོག་ལྔ་དང་ལྡན་པ་འདི་ནི༔ ཡེ་ཤེས་ལྔའི་འོད་ལམ་ཡིན་ཏེ༔ དེ་ཡང་ངོ་ཤེས་ན་སྐུ་ལྔ་དང་ཡེ་ཤེས་ལྔ་ཡིན་ནོ༔ མ་ཤེས་ན་དུག་ལྔ་དང་ཕུང་པོ་ལྔ་ཡིན་ནོ༔ ཞེས་ལྔ་ཚན་ལྔའི་ངོ་སྤྲོད་གུད་དུ་བཀོལ་བ་རྒྱས་པར་བཤད་དེ༔ བར་དོའི་སྨོན་ལམ་བཏབ་ལ༔ འཽ་ད་བླ་མའི་གདམས་ངག་གིས་ངོ་སྤྲོད་ཅིང་༔ སྨོན་ལམ་རྣམ་པར་དག་པ་བཏབ་པས༔ བར་དོའི་རྣམ་ཤེས་ཡེ་ཤེས་ལྔའི་འོད་ལམ་དང་དབྱེར་མེད་དུ་ཐིམ་ནས་མཚང་རྒྱ་ནས་སོང་ངོ་༔ ཞེས་ངོ་སྤྲོད་རྒྱས་བསྡུས་སྐབས་དང་སྦྱར་ཏེ་བསྟན་ནོ༔ གསུམ་པ་སྤྲིན་མེད་ནམ་མཁའི་ངོ་སྤྲོད་ཀྱིས༔ བར་དོ་དང་པོའི་འོད་གསལ་ངོ་སྤྲོད་བྱ༔ ཞེས་པ་ནི༔ ནམ་མཁའ་སྤྲིན་མེད་དངས་བའི་དུས་སུ༔ སློབ་བུ་ཐམས་ཅད་ཉི་མ་ལ་རྒྱབ་གཏད་ནས༔ གྲལ་ལ་བསྒྲིགས་ཏེ༔ ཆོས་སྐུའི་འདུག་སྟངས་སེང་གེ་ཁྱི་ཚུག་མོ་བྱས་ལ༔ ལྟ་སྟངས་སྟེང་གི་ནམ་མཁའ་དངས་པའི་དཀྱིལ་དུ༔ གྱེན་ལ་ཧྲིག་གེ་བལྟ་སྟེ༔ སེམས་ཀྱིས་ཅི་ཡང་མི་བསྒོམས་པར༔ ཡེངས་མེད་དུ་ཧྲིག་གེ༔ ས་ལེ༔ སྟོང་ལྷང་ངེར་བཞག་པས༔ གསལ་རིག་སྟོང་གསུམ་དབྱེར་མེད་པའི་ཉམས་ཡུད་ཙམ་པ་ཞིག་འཆར་རོ༔ དེ་ལ་བླ་མས༔ འཽ༔ རིགས་ཀྱི་བུ་རྣམས༔ རང་འཆི་བའི་དུས་སུ༔ ས་ཆུ་ལ་ཐིམ༔ ཆུ་མེ་ལ་ཐིམ༔ མེ་རླུང་ལ་ཐིམ༔ རླུང་རྣམ་པར་ཤེས་པ་ལ་ཐིམ༔ རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པའི་དུས་སུ༔ དཀར་ལམ༔ དམར་ལམ༔ ནག་ལམ་གྱི་སྣང་བ་ཤར་བའི་མཐར༔ གཞིའི་འོད་གསལ་གདོད་མའི་སངས་རྒྱས༔ ཀ་དག་ཆེན་པོ༔ དོན་གྱི་ཀུན་ཏུ་བཟང་པོ་དང་ཞལ་མཇལ་ཏེ༔ དེའི་དུས་སུ་ངོ་ཤེས་པར་གྱིས་ཤིག༔ སྐད་ཅིག་མ་ལ་ཡར་གྱི་ཟང་ཐལ་ལ་འཚང་རྒྱ་བར་འགྱུར་རོ༔ མ་ཡེངས་ཤིག༔ ཅེས་ངོ་སྤྲོད་དོ༔ བཞི་པ་མུན་ཁང་ཤེལ་ཟེར་ངོ་སྤྲོད་ཀྱིས༔ ཆོས་ཉིད་དག་པའི་སྣང་བ་ངོས་བཟུང་བྱ༔ ཞེས་པ་ནི༔ གོང་ལྟར་མུན་ཁང་གི་ཉི་ཞུར་ལ་ཤེལ་རྡོ་བསྟན་ཏེ་འདི་སྐད་དོ༔ རིགས་ཀྱི་བུ་རྣམས་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་མེ་ལོང་འདི༔ ཆོས་སྐུ་དངོས་ནི་མ་ཡིན་ཏེ༔ དཔེ་འདི་ཅི་འདྲ་བར་ཤེས་པར་བྱའོ༔ དཔེ་འདི་ལ་ཕྱི་ནང་མེད་པ་ལྟར༔ རིག་པ་ཆོས་ཀྱི་སྐུ་ལ་ཕྱི་ནང་མེད་པར་ཤེས་པར་གྱིས་ཤིག༔ དཔེ་འདི་ལ་མདུན་རྒྱབ་མེད་པ་ལྟར༔ རིག་པ་ཆོས་ཀྱི་སྐུ་ལ་མདུན་རྒྱབ་མེད་པར་ཤེས་པར་གྱིས་ཤིག༔ དཔེ་འདི་དག་ལ་ཟང་ཐལ་བ་བཞིན་དུ༔ རིག་པ་ཆོས་ཀྱི་སྐུ་ལ༔ དྲི་མ་མེད་པར་ཟང་ཐལ་བར་ཤེས་པར་གྱིས་ཤིག༔ དཔེ་འདི་ལ་ཕྱི་ནང་མེད་པའི་ངང་ནས༔ རྐྱེན་མེད་པའི་འོད་ལྔ་གསལ་བ་ལྟར༔ རིག་པ་ཆོས་ཀྱི་སྐུ་ཟང་ཐལ་གྱི་ནང་ན་གཟུགས་སྐུ་ནང་གསལ་དུ་གྲུབ་སྟེ༔ རིག་པ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་ཤེས་པར་གྱིས་ཤིག༔ འདིའི་ནང་ནས་འོད་ལྔ་ཕྱིར་འཆར་ནུས་པ་ལྟར༔ ཆོས་སྐུ་ལས་གཟུགས་སྐུ་རྣམ་གཉིས་གདུལ་བྱ་ལ་འཆར་ནུས་པར་གྱིས་ཤིག༔ ཅེས་ངོ་སྤྲད་དོ༔ ལྔ་པ་ཉི་མའི་དཀྱིལ་འཁོར་ངོ་སྤྲོད་ཀྱིས༔ སྐུ་གསུམ་དག་པའི་ཞིང་ཁམས་ངོ་སྤྲོད་བྱ༔ ཞེས་པ་ནི༔ སྔ་དྲོ་འམ༔ དགོང་མོ༔ ནམ་མཁའ་དྭངས་ཤིང་ཉི་ཟེར་གསལ་བའི་དུས་སུ༔ སློབ་བུ་ཐམས་ཅད་ཕྱེད་སྙེས་སུ༔ ཉི་མ་ལ་མིག་གིས་ཟིམ་བུས་བལྟས་ལ༔ རིགས་ཀྱི་བུ་རྣམས༔ དཔེ་ཉི་མའི་སྙིང་པོ་འདི་དག་ཅིང་དྲི་མ་མེད་པར་གསལ་བ་བཞིན༔ ཆོས་སྐུ་དག་པ་གཉིས་ལྡན༔ ཀ་ནས་དག་ཅིང་དྲི་མ་མེད་པར་ཤེས་པར་གྱིས་ཤིག༔ ཉི་མའི་མདངས་ལ་འཇའ་འོད་ཁ་དོག་ལྔ་དང་ལྡན་པ༔ སུས་ཀྱང་མ་བྱས་པར་རང་གསལ་བ་བཞིན་དུ༔ ཆོས་སྐུ་ཀ་དག་གི་མདངས་ལ་ལོངས་སྐུ་ལྷུན་གྲུབ་ངེས་པ་ལྔ་ལྡན༔ འཇའ་འོད་ཐིག་ལེ་ལྔ་ལྡན་གྱི་སྐུ༔ མ་བྲིས་པའི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བར་ཤེས་པར་གྱིས་ཤིག༔ དེ་ཡང་འཇའ་འོད་ཁ་དོག་ལྔ་དང་ལྡན་པ་འདི་ནི༔ སངས་རྒྱས་ཐམས་ཅད་རིགས་ལྔའི་རང་བཞིན་དུ་ཤེས་པར་གྱིས་ཤིག༔ དེ་ཡང་གཅིག་གིས་གཅིག་མ་བསྒྲིབས་པར་འགགས་མེད་ཟང་ཐལ་དུ་ནམ་མཁར་གནས་པ་འདི་ནི༔ སངས་རྒྱས་ཡེ་ཤེས་ལུས་ཅན་གྱི་སྐུ་སྣང་ལ་རང་བཞིན་མེད་པ༔ སྐུ་ལ་མདུན་རྒྱབ་མེད་པ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་སྐུར་ཤེས་པར་གྱིས་ཤིག༔ དེ་དག་ཀྱང་རྨ་བྱའི་མདོངས་ལྟ་བུ་འམ༔ ཕུབ་ཀྱི་སྦ་སྐོར་བ་ལྟ་བུ་འམ༔ འཇའ་འོད་མུ་ཁྱུད་ལྔ་ལྡན་གྱི་ནང་ན་བཞུགས་པ་ནི༔ རྣམ་དག་དབྱིངས་ཀྱི་སྒྲོན་མ༔ དག་པ་ཡེ་ཤེས་རང་གསལ་གྱི་ཞིང་ཁམས་སུ་བཞུགས་པ་ཤེས་པར་གྱིས་ཤིག༔ དེ་དག་གི་ཟེར་དང་མདངས་འོད་ཕྱོགས་ཐམས་ཅད་དུ་འཕྲོ་ཞིང་གསལ་བ་འདི་ནི༔ ལོངས་སྐུ་ངེས་པ་ལྔ་ལྡན་གྱི་རྩལ་ལས༔ སྤྲུལ་སྐུ་མ་ངེས་ལྔ་ལྡན་གང་ལ་གང་འདུལ་དུ་རྒྱུན་མ་ཆད་པར་ཤེས་པར་གྱིས་ཤིག༔ ཟེར་དེ་དག་གི་ནང་ནས་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ༔ ཉ་མིག་ལྟ་བུ་དང་༔ མུ་ཏིག་གི་དྲྭ་བ་ལྟ་བུའི་བར་དུ༔ དྲྭ་བ་དང་༔ དྲྭ་ཕྱེད་དང་༔ ལུ་གུ་རྒྱུད་དུ་འབྲེལ་ཞིང་༔ འགུལ་བ་དང་༔ འཕྲིགས་པར་སྣང་བ་ནི༔ ཐུགས་རྗེ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་རྒྱུན་མི་ཆད་པར་ཤེས་པར་གྱིས་ཤིག༔ དེ་དག་ཀྱང་སྣང་ཚུལ་ཐ་དད་ཀྱང་༔ ཉི་མ་དང་འཇའ་འོད་དང་ཐིག་ལེ་སྟོང་ཉིད་རང་གསལ་གྱི་རང་ལ་དབྱེར་མེད་པ་ལྟར༔ དོན་ལ་སྐུ་གསུམ་སྣང་ཚུལ་ཐ་དད་ཀྱང་༔ ངོ་བོ་ཆོས་ཉིད་ཀྱི་ངང་ལ་དབྱེར་མེད་པར་ཤེས་པར་གྱིས་ཤིག༔ ཅེས་ངོ་སྤྲད་དེ༔ སྐབས་འདིར་ཡེ་ཤེས་འོད་ལམ་གྱི་སྨོན་ལམ་བཏབ་པར་བྱའོ༔ ༔ དྲུག་པ་མེ་ལོང་ཁ་སྦྱོར་ངོ་སྤྲོད་ཀྱིས༔ རང་སྣང་ཡེ་ཤེས་བཞི་སྦྱོར་ངོ་སྤྲོད་བྱ༔ ཞེས་པ་ནི༔ མེ་ལོང་ཤིན་ཏུ་གསལ་བ་བཞི་ཁ་སྤྲད་ལ༔ དཀྱིལ་དུ་རིགས་ལྔའི་སྐུ་བཞག་ལ་བལྟས་པས༔ ཕྱོགས་བཞི་ཁར་རིགས་ལྔའི་སྐུ་སྣང་སྟོང་དུ་འཆར་བ་ལ་ངོ་སྤྲོད་དེ༔ རིགས་ཀྱི་བུ༔ མེ་ལོང་འདི་ནི་དག་ཅིང་གསལ་བ་ལྟར༔ ཆོས་ཉིད་གྱི་རིག་པ་དག་ཅིང་གསལ་བའོ༔ མེ་ལོང་གི་ནང་ན་སངས་རྒྱས་ཀྱི་སྐུའི༔ གཟུགས་བརྙན་སྣང་ལ་རང་བཞིན་མེད་པར་གནས་པ་བཞིན་དུ༔ ཆོས་ཉིད་ཀློང་ནས་སྐུ་ལྔ་སྣང་ལ་རང་བཞིན་མེད་པར་གནས་པ་ཡིན་ནོ༔ ཕྱོགས་གང་དུ་བལྟས་ཀྱང་སྐུ་ལྔའི་རང་གཟུགས་གསལ་བ་ནི༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་རང་བཞིན་ཡིན་པར་ཤེས་པར་གྱིས་ཤིག༔ ད་ལྟ་བསྒོམ་ཡང་མི་གསལ་ཏེ༔ རང་འཆི་བའི་དུས་སུ་ཆོས་ཉིད་ཀྱི་བར་དོར་མ་བསྒོམ་ཡང་འཆར་བས༔ ངོ་ཤེས་པར་གྱིས་ཤིག༔ ས་རྡོ་རི་བྲག་གི་སྣང་བ་མེད་པར་ཕྱོགས་གང་དུ་ཕྱིན་ཀྱང་༔ སངས་རྒྱས་ཀྱི་སྐུའི་ཚད་གབ་བྱེད་དུ་འོང་ངོ་༔ ངོས་ཟིན་པར་གྱིས་ཤིག༔ ཅེས་ངོ་སྤྲོད་དོ༔ བདུན་པ་མེ་ལོང་དཀྱིལ་འཁོར་ངོ་སྤྲད་ཀྱིས༔ གཟུགས་སྐུའི་ཞིང་ཁམས་རྣམ་གཉིས་ངོ་སྤྲོད་བྱ༔ ཞེས་པ་ནི༔ མེ་ལོང་གཉིས་ཕན་ཚུན་ཁ་སྤྲད་དུ་བཞག་པའི་བར་དུ༔ རྡུལ་ཚོན་གྱི་དཀྱིལ་འཁོར་རམ༔ ཐང་སྐུའི་གཟུགས་མེ་ལོང་ལ་འཆར་དུ་བཅུག༔ མེ་ལོང་དེའི་གཟུགས་བརྙན་དེ༔ མེ་ལོང་ཕ་རོལ་དེ་ལ་འཆར་དུ་བཅུག་ལ༔ རིགས་ཀྱི་བུ༔ མེ་ལོང་འདི་དག་ཅིང་གསལ་བ་ལྟར༔ ཆོས་སྐུ་ཀ་དག་ཡེ་ནས་རྣམ་པར་དག་པའོ༔ མེ་ལོང་གི་ནང་ན་དཀྱིལ་འཁོར་གྱི་ཕྱག་རྒྱ་མ་བསྐྱེད་པར་སྣང་བ་བཞིན་དུ༔ ཆོས་སྐུའི་གདངས་ལ་ལོངས་སྐུའི་ཕྱག་རྒྱའི་དཀྱིལ་འཁོར་མ་བསྐྱེད་པར་རང་བཞིན་གྱིས་གསལ་བ་ཡིན་ནོ༔ མེ་ལོང་འདིའི་གཟུགས་བརྙན་མེ་ལོང་ཕ་ཀི་ལ་གསལ་བ་བཞིན་དུ༔ ལོངས་སྐུ་མ་འགགས་པའི་གདངས་ལས༔ གཞན་དོན་སྤྲུལ་པའི་སྐུ་གཟུགས་བརྙན་ལྟ་བུར་འཆར་བ་ཡིན་ནོ༔ ངོ་ཤེས་པར་གྱིས་ཤིག༔ ཅེས་ངོ་སྤྲད་དོ༔ བརྒྱད་པ་ཉི་ཟེར་ཤེལ་ཟེར་ངོ་སྤྲད་ཀྱིས༔ ཐིག་ལེ་(ཐུགས་རྗེ་)ཡེ་ཤེས་ཟེར་གྱི་ངོ་སྤྲད་བྱ༔ ཞེས་པས༔ མཐོང་ཁུང་གི་ཉི་ཟེར་ལ་ཤེལ་རྡོ་བསྒྲིལ་ལ༔ ཉི་མའི་སྙིང་པོ་ལ་ཟེར་མ་འགགས་པ་བཞིན་དུ༔ ཆོས་སྐུ་ལ་གཟུགས་སྐུ་གཉིས་ཀྱིས་བརྒྱན་ཏེ༔ སྐུ་གསུམ་ལྷུན་གྲུབ་དབྱེར་མེད་པས་འགྲོ་བའི་དོན་བྱེད་པ་ཡིན་ནོ༔ ཉི་ཟེར་ཤེལ་ལ་ཕོག་པས་འཇའ་དང་ཟེར་རང་བཞིན་དུ་འབྱུང་བ་ལྟར༔ ཆོས་སྐུའི་དགོངས་པའི་བྱིན་རླབས་ལོངས་སྐུ་ལ་ཕོག༔ ལོངས་སྐུའི་མཚན་དཔེ་བརྡ་མཚོན་སྤྲུལ་སྐུ་ལ་ཕོག་པས༔ སྤྲུལ་སྐུ་གང་ཟག་སྙན་ཁུང་བརྒྱུད་པས་སེམས་ཅན་གྱི་དོན་དངོས་སུ་བྱེད་པའོ༔ ཞེས་ངོ་སྤྲད་དོ༔ དགུ་པ་གཞལ་ཡས་ཁང་གི་ངོ་སྤྲོད་ཀྱིས༔ དག་པ་ལྷ་ཡི་ཞིང་ཁམས་ངོ་སྤྲོད་བྱ༔ ཞེས་པས༔ དཀྱིལ་འཁོར་བློས་བསླང་ངམ༔ གཙུག་ལག་ཁང་གི་སྒོ་གདོང་ན༔ རྡོ་རྗེ་སེམས་དཔའི་མེ་ལོང་མིག་ལ་བཙུགས་ནས་བལྟས་པས་འཇའ་འོད་ལས་གྲུབ་པའི་གཞལ་ཡས་ཁང་བརྩེགས་མར་འཆར་རོ༔ འོ༔ སངས་རྒྱས་ཀྱི་ཞིང་ཁམས་འདི་ལྟ་བུ༔ སྣང་ལ་རང་བཞིན་མེད་པ་འཇའ་འོད་ལས་གྲུབ་པ་བརྩེགས་མར་འཆར་བ་ཡིན་ནོ༔ ངོ་ཤེས་པར་གྱིས་ཤིག༔ ཅེས་ངོ་སྤྲོད་དོ༔ བཅུ་པ་ཆུ་ཟླ་དངས་བའི་ངོ་སྤྲོད་ཀྱིས༔ སྣང་སྟོང་རང་བཞིན་མེད་པའི་ངོ་སྤྲོད་བྱ༔ ཞེས་པས༔ མཚོ་འམ༔ ཆུ་དངས་ཤིང་འཁྱིལ་བའམ༔ ཟངས་ལ་སོགས་པའི་སྣོད་ཆུས་བཀང་ལ༔ ཚེས་བཅུ་བཞི་འམ༔ བཅོ་ལྔའི་ཟླ་བ་ཤར་བ་དང་སློབ་བུ་རྣམས་ལ་ཆུ་ཟླ་བསྟན་ཏེ༔ འོ༔ འཁོར་འདས་ཀྱི་གཟུགས་བརྙན་ཐམས་ཅད་ཆུ་ཟླ་འདི་དང་མཚུངས་ཏེ༔ དག་པ་སངས་རྒྱས་ཀྱི་སྐུ་གཟུགས་དང་མ་དག་འཁོར་བའི་སྣོད་བཅུད་ཐམས་ཅད༔ སྣང་སྟོང་དབྱེར་མེད་པའི་གཟུགས་བརྙན་ཙམ་སྟེ༔ ཆུའི་ནང་ན་ཟླ་བ་ཡོད་མ་མྱོང་བ་ལྟར༔ སྣོད་བཅུད་འཁོར་འདས་ཀྱི་གཟུགས་བརྙན་ཐམས་ཅད་ཡོད་མ་མྱོང་བ་ངོ་ཤེས་པར་གྱིས་ཤིག༔ ཆུ་ནང་ན་ཟླ་བ་མེད་བཞིན་དུ་སྣང་ཙམ་མི་འགགས་པ་ལྟར༔ འཁོར་འདས་ཀྱི་གཟུགས་བརྙན་ཐམས་ཅད་མེད་བཞིན་དུ་སྣང་ལ་མ་འགགས་པ་ཙམ་དུ་ཤེས་པར་གྱིས་ཤིག༔ ཆུ་དང་ཟླ་བ་དབྱེར་མེད་པ་ལྟར༔ ཐམས་ཅད་སྣང་སྟོང་དབྱེར་མེད་དུ་ཤེས་པར་གྱིས་ཤིག༔ ཆུ་ཟླ་རང་བཞིན་མེད་པར་ཤེས་པས་བདེན་འཛིན་རང་སར་གྲོལ་བ་ལྟར༔ འཁོར་འདས་ཐམས་ཅད་ཀྱང་བདེན་འཛིན་དབྱེར་མེད་རང་གྲོལ་དུ་ཤེས་པར་གྱིས་ཤིག༔ དེས་མཚོན་ནས༔ སྒྱུ་མའི་དཔེ་བཅུ་ཀུན་ལ་ངོ་སྤྲད་དོ༔ བཅུ་གཅིག་མར་མེ་གསལ་བའི་ངོ་སྤྲོད་ཀྱིས༔ བར་དོའི་རྟོག་མེད་གསལ་བའི་ངོ་སྤྲོད་བྱ༔ ཞེས་པས༔ དཀྱིལ་འཁོར་གྱི་མཐའ་ལ༔ མར་མེ་བརྒྱ་འམ་བཞི་བཅུ་རྩ་གཉིས་སམ༔ ཉེར་གཅིག་གམ༔ ལྔ་ལ་སོགས་ལྷ་གྲངས་དང་མཉམ་པར་བཀོད་ལ༔ ཤེལ་མིག་ལ་སྦྱར་ཏེ་བལྟས་པས་གསུམ་ཐོག་བཞི་ཐོག་ཙམ་དུ་འཆར་རོ༔ རིགས་ཀྱི་བུ་རྣམས༔ ལུས་སེམས་བྲལ་བའི་དུས་སུ༔ ཆོས་ཉིད་ཀྱི་བར་དོར༔ ཞི་ཁྲོ་འཇའ་འོད་ཀྱི་རང་བཞིན༔ ནམ་མཁའ་ཁྱབ་པར་འཆར་རོ༔ མར་མེ་འདི་དག་སྣང་ལ་རང་བཞིན་མེད་པ་བཞིན་དུ༔ ཞི་ཁྲོའི་སྐུ་དེ་དག་ཀྱང་སྣང་ལ་རང་བཞིན་མེད་པ་ཤེས་པར་གྱིས་ཤིག༔ མར་མེ་འདི་དག་འགུལ་ཞིང་འཕྲིགས་པ་བཞིན་དུ༔ སྐུ་དེ་དག་ནམ་མཁའི་དབྱིངས་སུ་འགུལ་བ༔ འཕྲིགས་པ༔ ཡོམ་ཡོམ་པ་འཆར་བས༔ ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ཡང་མེ་ལོང་མཐོ་སྐོར་མ་སྟེང་ནས་མར་ཁ་སྦུབས་ནས་བལྟས་པས་འོད་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་འཆར་རོ༔ ཡང་ལྷའི་བུའི་ཕྱག་སོར་ལ་ངོ་སྤྲད་པ་ཞེས་བྱ་བ༔ ཕུག་རོན་གྱི་དོང་རུ་མར་མེ་ལ་གཏད་ནས་བལྟས་པས་འཇའ་འོད་སྣ་ལྔ་འགུལ་འཕྲིགས་སུ་འཆར་རོ༔ དེ་དག་ཀྱང་བར་དོ་ཡེ་ཤེས་ཀྱི་སྣང་བ་ངོ་ཤེས་པར་གྱིས་ཤིག༔ བཅུ་གཉིས་པ་མཐོངས་ཁུང་ཉི་ཟེར་ངོ་སྤྲོད་ཀྱིས༔ ཐུགས་ཀའི་ཡེ་ཤེས་ཟེར་ཐག་ངོ་སྤྲོད་བྱ༔ ཞེས་སྔ་དྲོ་འམ༔ ཕྱི་དྲོའི་དུས་སུ་ཁྱིམ་གྱི་མཐོངས་ཁུང་ཉི་ཞུར་རང་གི་སྙིང་གར་གཏད་ལ༔ སྙིང་གར་མེ་ལོང་གསལ་བ་གཅིག་བཞག་ལ༔ དེ་ལ་ཉི་ཟེར་ཕོག་པའི་འོད་ལ་བལྟ་སྟེ༔ རིགས་ཀྱི་བུ༔ ཆོས་ཉིད་བར་དོར༔ རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱ་བ༔ ཡེ་ཤེས་ལྷའི་ཐུགས་ཀ་ནས་འོད་ཟེར་གྱི་སྣམ་བུ་ཁྱེད་རང་གི་སྙིང་གར་ཟུག་ནས་འོང་སྟེ༔ དེ་ཡང་ཉི་མ་ནི༔ ཡེ་ཤེས་ཀྱི་ལྷ་ཡི་བརྡའོ༔ ཉི་ཞུར་གྱི་ཟེར་འདི་ནི༔ ཡེ་ཤེས་ཀྱི་འོད་ལམ་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་གྱི་བརྡའོ༔ འདིའི་དུས་སུ་འབྱུང་འཇུག་རྣམ་པ་གཉིས་ཏེ༔ སྐལ་ལྡན་རབ་ཀྱིས་གང་ཤར་རང་སྣང་རིག་པར་ངོ་ཤེས་ཏེ༔ ལྷ་ཕྱི་ན་མེད་དེ༔ རང་གི་རིག་པའི་རྩལ་དུ་ཤེས་ནས༔ འོད་རིག་པ་ལ་ཚུར་འཇུག་སྟེ༔ རང་དཀྱིལ་འཁོར་གྱི་གཙོ་བོར་འཚང་རྒྱ་བར་འགྱུར་རོ༔ བློ་དམན་པས་རང་རྩལ་དུ་མ་ཤེས་པས༔ ལྷ་ཕྱི་ན་ཡོད་པར་ཤེས་ནས་མོས་གུས་དང་གསོལ་བ་བཏབ་པས༔ རིག་པ་འོད་ལ་ཕར་འཇུག་སྟེ༔ འཁོར་དུ་སྐྱེ་བར་འགྱུར་རོ༔ འོད་ལ་སྔངས་སྐྲག་འཇིགས་སྣང་སྐྱེས་ན་རང་སྣང་བདུད་དུ་སོང་ནས་འཁོར་བར་འཁྱམས་སོ༔ དེའི་ཕྱིར་ན་ངོ་སྤྲད་འདི་རྣམས་ལ་འདྲིས་ཤིང་དྲན་པར་གྱིས་ཤིག༔ ཅེས་ངོ་སྤྲད་དོ༔ བཅུ་གསུམ་མན་ཤེལ་བུམ་ནང་མར་མེ་ཡིས༔ རིག་པ་གཞོན་ནུ་བུམ་སྐུར་ངོ་སྤྲད་བྱ༔ ཞེས་པས༔ བུམ་སྐུ་འམ༔ བུམ་པའི་ནང་དུ་མར་མེ་བཅུག་ལ༔ བུམུ་པའི་སྟེང་དུ་རྡོ་རྗེ་སེམས་དཔའི་མེ་ལོང་བཞག་སྟེ༔ རིགས་ཀྱི་བུ༔ ད་ལྟ་སྐྱེ་གནས་བར་དོའི་དུས་འདིར་སྙིང་ག་ཆོས་ཀྱི་ཕོ་བྲང་ན་ཞི་བའི་ལྷ་ཐམས་ཅད༔ བུམ་པའི་སྐུ་ལྟ་བུ་འམ༔ བུམ་པའི་ནང་དུ་མར་མེ་བཅུག་པ་ལྟར་ཕྱི་ན་མེད་དེ༔ རིག་པ་ནང་གསལ་གྱི་སྐུ་རུ་བཞུགས་ནས་ཡོད་དོ༔ དེའི་རྩལ་ཀླད་པ་དུང་ཁང་གི་གཞལ་ཡས་ན༔ ཁྲག་འཐུང་གི་ལྷ་ཐམས་ཅད་སྐུ་ཉུངས་འབྲུ་ཙམ་ལ༔ སྤྱན་ཕུལ་ཐག་ཙམ་དུ༔ ཡེ་ཤེས་ཀྱི་སྐུ་ནང་གསལ་དུ་བཞུགས་པས༔ ཤེས་པར་གྱིས་ཤིག༔ ཅེས་ངོ་སྤྲད་དོ༔ བཅུ་བཞི༔ བཅོ་ལྔ༔ བཅུ་དྲུག༔ བཅུ་བདུན༔ བཅོ་བརྒྱད༔ བཅུ་དགུ༔ ཉི་ཤུ༔ ཉེར་གཅིག་རྣམས༔ ཆོས་ཉིད་བར་དོའི་ངོ་སྤྲོད་སྐབས་སུ༔ ལོག་ནས་ཡོད་པར་ཤེས་པར་བྱའོ༔ ཉེར་གཉིས་དར་ཡུག་མཁར་ཕོར་ངོ་སྤྲོད་ཀྱིས༔ ཡེ་ཤེས་ཐིག་ལེ་དགུ་བརྩེགས་ངོ་སྤྲོད་བྱ༔ ཞེས་པས༔ ཤང་རིང་པོ་གཅིག་ལ་དར་ཡུག་ལྔ་ལྡན་བརྐྱངས་ལ༔ མཁར་ཕོར་རམ༔ མེ་ལོང་དགུ་བརྩེགས་སྦྱར་ལ༔ ཡེ་ཤེས་ཀྱི་འོད་ལམ་ལ༔ དག་པའི་ཡེ་ཤེས་ཐིག་ལེ་དགུ་བརྩེགས་འཆར་བ་ཤེས་པར་གྱིས་ཤིག༔ ཉེར་གསུམ་དར་ཡུག་ལྔ་ལྡན་ངོ་སྤྲོད་ཀྱིས༔ དག་པ་ཡེ་ཤེས་རླུང་ལྔའི་ངོ་སྤྲོད་ནི༔ ཤང་རིང་འཕྲེད་ལ་བརྐྱངས་པ་ལ་དར་ཡུག་ཁ་དོག་ལྔ་དཔྱངས་ལ་བསྒུལ་ཞིང་བསྐྱོད་དེ༔ ཤེལ་མིག་ལ་སྦྱར་ཏེ་བསྟན་ཅིང་༔ ཡེ་ཤེས་ཀྱི་རླུང་ཁ་དོག་ལྔ་ལྡན་འཆར་བ་ངོ་ཤེས་པར་གྱིས་ཤིག༔ ཉེར་བཞི་མུ་ཁྱུད་ར་བའི་ངོ་སྤྲོད་ནི༔ ཉི་མ་ཟླ་བ་འཇའ་ཁྱིམ་གྱིས་བསྐོར་བ་ལ་བལྟས་ཏེ༔ ཞི་བའི་སྐུ༔ ཉི་མ་ཟླ་བ་ལྟ་བུ་ལ༔ མུ་ཁྱུད་འཇའ་ཚོན་སྣ་ལྔའི་ར་བས་བསྐོར་བ་འཆར་རོ༔ ངོ་ཤེས་པར་གྱིས་ཤིག༔ ཉེར་ལྔ་རྒྱ་མཚོ་ཨར་གཏད་ངོ་སྤྲོད་ནི༔ མིག་གཉིས་མཛུབ་མོས་མནན་པས་འོད་ཀོར་འོང་སྟེ༔ ད་ལྟ་སྙིང་གི་དཀྱིལ་ན་ཞི་བའི་སྐུ་འཇའ་དང་འོད་ཀྱི་ར་བར་བཞུགས་ནས་ཡོད་པའི་རྟགས་ཡིན་པས༔ ངོ་ཤེས་པར་གྱིས་ཤིག༔ ཉེར་དྲུག་རྒྱ་མཚོ་རྦ་རླབས་ངོ་སྤྲོད་ནི༔ རྣ་བ་གཉིས་མཛུབ་མོས་མནན་པས་གཏིང་ནས་འུར་ཏིང་གི་སྒྲ་འོང་སྟེ༔ ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བའི་རྟགས་ཡིན་ནོ༔ གཞན་ན་མེད་དེ་རང་སྣང་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཉེར་བདུན་ཆོས་ཉིད་ཟེར་གྱི་ངོ་སྤྲོད་ནི༔ མིག་གཉིས་ཀ་མཛུབ་མོས་ཡུན་རིང་དུ་བཙིར་བས་ཟེར་དང་ཐིག་ལེ་ལུ་གུ་རྒྱུད་རྒྱ་ཆེ་བ་འགུལ་འཕྲིགས་འོང་ཞིང་འཕྲོ་སྟེ༔ ཆོས་ཉིད་ཀྱི་བར་དོར་ཟེར་གྱི་སྣང་བ་འཆར་བའི་རྟགས་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཉེར་བརྒྱད་ཉི་ཟེར་བརྩིབས་ཤར་ངོ་སྤྲོད་ནི༔ ནམ་མཁའ་དྭངས་ཤིང་ཉི་ཟེར་གསལ་བའི་དུས་སུ༔ སློབ་མ་རྣམས་ཀྱིས་ཉི་ཟེར་ལ་མིག་གིས་ཟིམ་བུས་བལྟས་པས་ཉི་མའི་ཟེར་མཚོན་ཆ་གཤིབས་པ་འདྲ་བ་དང་༔ མདུང་རྩེ་གཤིབས་པ་འདྲ་བ་དང་༔ བ་དག་(ཐག་)གཟེངས་པ་འདྲ་བ་འོང་སྟེ༔ དེ་ནི་ཆོས་ཉིད་བར་དོར་འོད་ཟེར་མཚོན་ཆར་བབས་པ་འདྲ་བ༔ རང་གི་མགོ་ལ་ཟུགས་པའི་སྣང་བ་འོང་སྟེ༔ དེ་ནི་མཚོན་ཆ་མ་ཡིན་ཏེ༔ ཡེ་ཤེས་གསལ་བའི་ཟེར་ཡིན་ནོ༔ དེ་ལ་མ་སྐྲགས་པར་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག༔ ཉེར་དགུ་རྒྱ་མ་སེང་རས་ངོ་སྤྲོད་ནི༔ མིག་ལ་ཐེར་མ་འམ༔ སེང་རས་ཀྱིས་བཀབ་ལ་ཉི་མ་ལ་བལྟས་པས་འཇའ་འོད་ཀྱི་ཐིག་ལེ་ཐིག་ཕྲན་ནམ་མཁའ་ཁྱབ་པར་འཆར་རོ༔ དེ་ནི་དག་པ་ཡེ་ཤེས་གྱི་སྣང་བ་ལས་གྲུབ་པའི་ཚོམ་བུའི་བརྡ་ཡིན་ཏེ༔ རང་སྣང་དག་པ་ལྷའི་ཚོམ་བུར་ངོ་ཤེས་པར་གྱིས་ཤིག༔ སུམ་ཅུ་དག་པའི་ཆོས་སྐུ་ངོ་སྤྲོད་ནི༔ བྱང་ཕྱོགས་ཀྱི་ཁྲི་སྟེང་དུ་རྡོ་རྗེ་སེམས་དཔའི་ལྷའི་སྐུ་འདྲ་འབག་གཅིག་བཞུགས༔ ལྷོ་ནས་བྱང་དུ་ཤེལ་མིག་ལ་སྦྱར་ནས་བལྟས་པས༔ ནམ་མཁའ་འཇའ་འོད་ཀྱི་སྐུར་འཆར་རོ༔ དེ་ནི་སྐུ་གསུམ་གྱི་བརྡའ་ཡིན་ཏེ༔ ཉི་མ་གསལ་ཞིང་དག་པ་ཀུན་ལ་ཁྱབ་པ་ནི་ཆོས་སྐུའི་བརྡའོ༔ འཇའ་འོད་ལས་གྲུབ་པའི་སྐུ་ནི་ལོངས་སྐུའི་བརྡའོ༔ ཤེལ་ནི་སྤྲུལ་སྐུའི་བརྡ་ཡིན་ཏེ༔ དེ་དག་ནི་དཔེའི་ངོ་སྤྲོད་དོ༔ རྡོ་རྗེ་རྦ་རླབས་དང་༔ རྒྱ་མཚོ་ཨར་གཏད་དང་༔ རྡོ་རྗེ་ལུ་གུ་རྒྱུད་ལ་སོགས་པ་ནི༔ ལུས་ལ་སངས་རྒྱས་བཞུགས་ནས་ཡོད་པའི་རྟགས་ཡིན་ཏེ༔ རྟགས་ཀྱི་ངོ་སྤྲོད་དུ་ཤེས་པར་གྱིས་ཤིག༔ སོ་གཅིག་ནམ་མཁའ་སུམ་ཕྲུག་ངོ་སྤྲོད་ནི༔ ཅིར་སྣང་ཆོས་ཀྱི་སྐུ་རུ་ངོ་སྤྲོད་དོ༔ ཞེས་པས༔ དོན་གྱི་ངོ་སྤྲོད་བསྟན་སྟེ༔ སློབ་བུ་ཐམས་ཅད་རྣམ་སྣང་ཆོས་བདུན་དང་ལྡན་པའི་ངང་ནས༔ ནམ་མཁའ་སུམ་སྤྲུག་གི་ངོ་སྤྲོད་ཅེས་བྱ་བ༔ རིག་པ་མིག་ལ་གཏད་མིག་བར་སྣང་སྟོང་པར་གཏད་ལ༔ ནམ་མཁའ་སྟོང་པ་འདི་ལ་བསྒོམ་རྒྱུ་ཅི་ཡང་མེད་པར༔ མ་ཡེངས་ཙམ་དུ་སལ་ལེ༔ ཧྲིག་གེ༔ ཡེར་རེ༔ ལྷང་ངེ་ཞོག་ལ་ཉོན་ཅིག༔ བལྟས་པས་གྲོལ་བ་ཚིག་གསུམ་པའི་རྒྱུད་ལས༔ ཀྱེ་གསང་བའི་བདག་པོ་ཉོན་ཅིག༔ ཆོས་ཀྱི་སྐུ་ཉམས་སུ་བླངས་ན་ནམ་མཁའ་སུམ་སྤྲུག་གི་གདམས་ངག་གོ༔ ཕྱིའི་ནམ་མཁའ་བར་སྣང་སྟོང་པ་འདི་ཡིན་ནོ༔ ནང་གི་ནམ་མཁའ་མིག་དང་སྙིང་གཉིས་འབྲེལ་བའི་རྩ་སྦུག་སྟོང་པ་དེ་ཡིན་ནོ༔ གསང་བའི་ནམ་མཁའ་རང་གི་སྙིང་རིན་པོ་ཆེའི་གཞལ་ཡས་ཁང་ངོ་༔ རང་གི་རིག་པ་མིག་ལ་གཏད༔ མིག་བར་སྣང་སྟོང་པ་ལ་གཏད་ནས་བཞག་པས་ཡེ་ཤེས་ལྷུག་པར་སྐྱེའོ༔ རང་གི་རིག་པ་མིག་ལ་གཏད་པའི་དུས་སུ༔ རྣམ་རྟོག་གང་གིས་ཀྱང་མ་བསྒྲིབས་པར༔ རྟོག་མེད་ཀྱི་རིག་པ་རྐྱང་པར་འཆར་རོ༔ ཞེས་གསུངས་པས༔ དེ་ལྟ་བུའི་རིག་པ་འདི་ནི༔ རྒྱུ་ལས་མ་བྱུང་༔ རྐྱེན་གྱིས་མ་བསྐྱེད༔ རང་བྱུང་གི་ཡེ་ཤེས༔ ད་ལྟའི་ཤེས་རིག་རྗེན་པ་འདི་ཀ་དག་ཆོས་ཀྱི་སྐུ་མངོན་སུམ་ཡིན་ནོ༔ འཁོར་འདས་ལམ་གསུམ་གྱི་སྣང་བ་ཅི་ཤར་ཡང་འདི་ཁོ་ན་ལས་གཞན་མེད་དོ༔ ཐག་ཆོད་པར་གྱིས་ཤིག༔ འདི་ལ་ངེས་ཤེས་ལྷང་གིས་ནམ་སྐྱེས་པ་དང་ཆོས་སྐུ་ངོ་འཕྲོད་པ་ཞེས་བྱའོ༔ ད་ནི་ཅི་བྱེད་ཀྱང་འདིའི་ངང་དང་མ་བྲལ་བར་གྱིས་ཤིག༔ དེ་ནི་དོན་གྱི་ངོ་སྤྲོད་དོ༔ དེ་ཡན་ཆད་ཀྱིས་རིག་པ་ཐོད་རྒལ་གྱི་ངོ་སྤྲོད་སོང་ངོ་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་ནི་ཆོས་ཉིད་བར་དོའི་ངོ་སྤྲོད་བསྟན་ཏེ༔ བཅུ་བཞི་གཞོན་ནུ་རྒྱན་ལྡན་ངོ་སྤྲོད་ཀྱིས༔ ཞི་བ་སྐུ་ལྔ་ལྔ་ཚོམ་ངོ་སྤྲད་བྱ༔ ཞེས་པ་ནི༔ བར་དོའི་ཞག་གྲངས་དང་མཐུན་པར་ངོ་སྤྲད་དེ༔ དེ་ཡང་གནས་ཁང་དབེན་ཞིང་༔ ནམ་མཁའ་དྭངས་ཤིང་ཉི་མ་མཐོང་བའི་སར༔ བྱང་ཕྱོགས་སུ་ཁྲི་དང་ཡོལ་བ་དཀར་པོའི་སྟེང་དུ༔ བྱིས་པ་གཞོན་ནུ་གཙང་མ༔ ཁ་དོག་དཀར་པོར་བསྒྱུར་ཞིང་རིན་པོ་ཆེ་དང་རྒྱན་དྲུག་གིས་བརྒྱན་པ༔ ཕྱག་གཡས་འཁོར་ལོ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན་པའི་ཐུགས་ཀ་ནས༔ བཅུ་དགུ་དར་ཡུག་མེ་ལོང་ངོ་སྤྲོད་ཀྱིས༔ དག་པའི་ཡེ་ཤེས་འོད་ལམ་ངོ་སྤྲོད་བྱ༔ ཞེས་པས༔ དར་ཡུག་དཀར་པོ་ལ༔ མེ་ལོང་མཁར་ཕོར་རམ༔ ཐིག་ལེ་ཐིག་ཕྲན་བྲིས་པའི་འོད་ལམ་བརྐྱང་༔ ཉི་ཤུ་སྣམ་རས་ཁ་དོག་ངོ་སྤྲོད་ཀྱིས༔ མ་དག་རིགས་དྲུག་འོད་ལམ་ངོ་སྤྲོད་བྱ༔ ཞེས་པས༔ རས་སམ༔ སྣམ་བུ་དཀར་པོ་བཀྲག་མེད་ཀྱི་འོད་ལམ་བརྐྱངས༔ སེམས་དཔའ་སེམས་མ་བཅུ་དྲུག་ངོ་སྤྲོད་བྱ༔ ཞེས་པས༔ གཡས་གཡོན་དུ་གཞོན་ནུ་རྒྱན་ལྡན་སེམས་དཔའ་སེམས་མའི་ཚུལ་དུ་བཀོད་དེ༔ སློབ་བུ་རྣམས་ཤེལ་མིག་ལ་སྦྱར་ཏེ་བལྟས་པས༔ རྣམ་སྣང་གི་སྐུ་སྣང་སྟོང་འཇའི་རྣམ་པ་གཉིས་བརྩེགས་ནམ་མཁར་འཆར་རོ༔ དེའི་ཚེ༔ ཐོས་གྲོལ་ལྟར༔ ཞག་དང་པོའི་བར་དོ་འཆར་ཚུལ་རྒྱས་པར་བཤད༔ སྨོན་ལམ་བཏབ༔ འོད་ལམ་ངོ་སྤྲད་དོ༔ ངོ་སྤྲོད་གཉིས་པ༔ ཁྲི་ཡོལ་མཐིང་ག༔ གཞོན་ནུ་ཁ་དོག་མཐིང་ག་རྡོ་རྗེ་དྲིལ་བུ་འཛིན་པ༔ འོད་ལམ་མཐིང་ག་དང་དམྱལ་བའི་འོད་ལམ་ནག་པོ་བཀྲག་གཤིབས༔ ཤེལ་མིག་ལ་སྦྱར༔ ངོ་སྤྲོད༔ སྨོན་ལམ་གདབ་བོ༔ ངོ་སྤྲོད་གསུམ་པ༔ གཞི་མ་དང་རྒྱན་ཆ་ལུགས་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ༔ འོད་ལམ་སེར་པོ་དང་མིའི་འོད་ལམ་སྔོ་སེར་བཀྲག་མེད་གཤིབས༔ ངོ་སྤྲད༔ སྨོན་ལམ་བཏབ་པོ༔ བཞི་པ་གཞི་མ་རྒྱན་ཆ་ལུགས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ༔ འོད་ལམ་དམར་པོ༔ ཡི་དྭགས་ཀྱི་འོད་ལམ་དམར་པོ་བཀྲག་མེད་གཤིབས༔ ངོ་སྤྲད༔ སྨོན་ལམ་བཏབ་བོ༔ ལྔ་པ་རྒྱན་ཆ་ལུགས་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་ལ། འོད་ལམ་ལྗང་གུ༔ ལྷ་མ་ཡིན་གྱི་འོད་ལམ་ལྗང་གུ་བཀྲག་མེད་གཤིབས༔ ངོ་སྤྲོད༔ སྨོན་ལམ་གདབ་པོ༔ དྲུག་པ་ཁྲི་ཡོལ་ཁ་དོག་ལྔ་ལྡན༔ གཞོན་ནུ་རྒྱན་ལྡན་ཁ་དོག་ལྔ་ལྡན༔ རིགས་ལྔ་སོ་སོའི་ཕྱག་མཚན་སྤྲད༔ སོ་སོའི་འོད་ལམ་བརྐྱངས༔ དུད་འགྲོ་མ་གཏོགས་པ་ལམ་རྒྱུད་ལྔའི་འོད་ལམ་གཤིབས༔ རིགས་ལྔ་དང་༔ ཞི་ཁྲོ་སངས་རྒྱས་སྟོང་སྐུའི་ཐང་སྐུ་ལ་སོགས་བཀྲམ༔ ཉེར་གཅིག་བསེ་ཕུབ་མེ་ལོང་ངོ་སྤྲོད་ཀྱིས༔ ཞི་ཁྲོའི་དཀྱིལ་འཁོར་ཞིང་ཁམས་ངོ་སྤྲད་བྱ༔ ཞེས་པ་སྦ་ཕུབ་ལ༔ ས་ཚོན་གྱིས་འཇའ་རིས་བྲི༔ ཏིང་ཕོར་དང་༔ མེ་ལོང་མཁར་ཕོར་ལྷ་གྲངས་དང་མཉམ་པར་སྦྱར༔ བར་བར་དུ་ཐིག་ལེ་དང་ཐིག་ཕྲན་མང་པོ་བཀོད་དེ༔ གྱང་ལ་གཟར༔ ཤེལ་མིག་ལ་སྦྱར༔ ཞག་དྲུག་པ་ལ་རིགས་ལྔ་ཡོངས་རྫོགས་དང་འོད་ལམ་གྱིས་བསུ་མ་འོང་ངོ་༔ ངོ་ཤེས་པར་གྱིས་ཤིག༔ ཞེས་ཐོས་གྲོལ་ལྟར་དུ་རྒྱས་པར་བཤད༔ སྦ་ཕུབ་ཀྱིས་ཞི་བ་བཞི་བཅུ་རྩ་གཉིས་ལྷ་ངོ་སྤྲད༔ སྨོན་ལམ་བཏབ་བོ༔ བདུན་པ་བྱིས་པ་གཞོན་ནུ་ཁ་དོག་ལྔ་ལྡན་དཔའ་བོ་མཁའ་འགྲོའི་ཆ་ལུགས་བཞེངས་ཚུལ་དར་དང་རུས་པའི་རྒྱན་དྲུག་ཅན༔ དབུས་ཀྱི་གཙོ་བོའི་ཐུགས་ཀ་ནས༔ ལྷན་སྐྱེས་ཡེ་ཤེས་ཀྱི་འོད་ལམ་ཁྲ་བོ་དང་༔ དུད་འགྲོའི་འོད་ལམ་དུད་ཁ་གཤིབས༔ ཤེལ་མིག་ལ་སྦྱར༔ རིག་འཛིན་དཔའ་བོ་མཁའ་འགྲོའི་བསུ་བ་ལ་ངོ་སྤྲད་བྱ༔ སྨོན་ལམ་བཏབ་བོ༔ བརྒྱད་པ་སྤྲུལ་སྐུ་ཐུབ་པ་དྲུག་གི་ངོ་སྤྲོད་བྱ༔ ཞེས་པས༔ བཙུན་ཆུང་དྲུག་ཐུབ་པ་དྲུག་གི་ཆ་ལུགས་བཞེངས་པ་ལ་ངོ་སྤྲོད་བྱ༔ དགུ་པ་སྒོ་བ་ཡབ་ཡུམ་བརྒྱད་ཀྱི་ངོ་སྤྲོད་བྱ༔ ཞེས་པས༔ སྒོ་བ་བཞི༔ སྒོ་མ་བཞི༔ ཕྱག་མཚན་དང་ཁྲོ་ཆས་ཀྱིས་བརྒྱན་པ་ལ་ངོ་སྤྲད༔ བཅུ་པ་ཁྲི་སྟེང་འོག་གསུམ་གྱི་ཁར༔ གོང་མ་ལ་ཆོས་སྐུ་སྣང་བ་མཐའ་ཡས༔ བར་མ་ལ་ལོངས་སྐུ་ཐུགས་རྗེ་ཆེན་པོ༔ འོག་མ་ལ་སྤྲུལ་སྐུ་པདྨ་འབྱུང་གནས༔ སྐུ་གསུམ་གྱི་ཆ་ལུགས་ལ་ངོ་སྤྲོད་དོ༔ དེ་ཡན་ཆད་ནི༔ ཞི་བ་བར་དོའི་ངོ་སྤྲོད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔ དེ་ནས་ཁྲོ་བོའི་བར་དོ་ལ་ངོ་སྤྲད་པ་ནི༔ བཅོ་བརྒྱད་ཁྲོ་འབག་ཆེན་པོའི་ངོ་སྤྲོད་ཀྱིས༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ངོ་སྤྲད་བྱ༔ ཞེས་པས༔ ཁྲི་དང་ཡོལ་བ་སོ་སོའི་ཁ་དོག་ལྟར་ལ༔ དང་པོ་ཁྲོ་བོ་ཁ་དོག་སྨུག་ནག་ཞལ་གསུམ་ཕྱག་དྲུག་དུར་ཁྲོད་ཆས་དང་ཕྱག་དྲུག་མཚོན་ཆ་ཐོས་གྲོལ་ལྟར་སྤྲད༔ ཕུབ་ལས་ཚོན་གྱིས་འོད་ཟེར་འཕྲོ་བའི་ཚུལ་དུ་བྲི༔ མཁར་ཕོར་མེ་ལོང་ཁྲག་འཐུང་དྲུག་ཅུའི་གྲངས་དང་མཉམ་པ་སྦྱར་ལ་ཕྱར༔ ཕོ་ཉ་འཇིགས་གཟུགས་མགོ་བརྙན་ཅན་གྱིས་བསྐོར་ལ༔ ཤེལ་མིག་ལ་སྦྱར༔ ཆེ་མཆོག་ཡབ་ཡུམ་ངོ་སྤྲད་དོ༔ གཉིས་པ་དམར་ནག་ཞལ་གསུམ་ཕྱག་དྲུག་བུདྡྷ་ཧེ་རུ་ཀ་ངོ་སྤྲད༔ གསུམ་པ་མཐིང་ནག་ཞལ་གསུམ་ཕྱག་དྲུག་བཛྲ་ཧེ་རུ་ཀ་ངོ་སྤྲད༔ བཞི་པ་སེར་ནག་ཞལ་གསུམ་ཕྱག་དྲུག་རཏྣ་ཧེ་རུ་ཀ་ངོ་སྤྲད༔ ལྔ་པ་དམར་སྨུག་ཞལ་གསུམ་ཕྱག་དྲུག་པདྨ་ཧེ་རུ་ཀ་ངོ་སྤྲད༔ དྲུག་པ་ལྗང་ནག་ཞལ་གསུམ་ཕྱག་དྲུག་ཀརྨ་ཧེ་རུ་ཀ་ངོ་སྤྲད༔ བདུན་པ་ཀཽ་རཱི་མ་བརྒྱད་ངོ་སྤྲད༔ བརྒྱད་པ་མགོ་བརྙན་སེང་ཧ་མ་མོ་བརྒྱད་ངོ་སྤྲད༔ དགུ་པ་རྟ་གདོང་སྒོ་མ་བཞི་ངོ་སྤྲད༔ བཅུ་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་མགོ་བརྙན་སྣ་ཚོགས་ངོ་སྤྲད་དོ༔ རིགས་ཀྱི་བུ༔ འདི་དག་ནི་ཁྲོ་བོའི་བར་དོ་འཆར་ཚུལ་ཡིན་ཏེ༔ ད་ལྟ་ནི་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་ན་འོད་ཀྱི་སྐུ་རུ་བཞུགས་སོ༔ རང་འཆི་བའི་ཚེ་སྐུ་དེ་དག་ཕྱིར་ཐོན་ཏེ༔ ཆེ་བ་ནི་ནམ་མཁའ་དང་མཉམ༔ འབྲིང་པོ་རི་རབ་ཙམ༔ ཆུང་བ་ཡང་རང་ལུས་བཅོ་བརྒྱད་ཙམ་གྱིས་འཇིག་རྟེན་གྱི་ཁམས་གང་བར་འཆར་དུ་འོང་ངོ་༔ དེ་དག་ཐམས་ཅད་ཀྱང་གཞན་ཞིག་ནས་འོང་བ་མ་ཡིན་ཏེ༔ རང་གི་རིག་པའི་རྩལ་ལས་འཆར་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཆོས་སྐུ་སྟོང་པའི་ཆ་ལས་ཞི་བའི་སྐུ་རུ་འཆར་རོ༔ ཆོས་སྐུ་གསལ་བའི་ཆ་ལས་ཁྲོ་བོའི་སྐུ་རུ་འཆར་རོ༔ རིག་པ་འགགས་མེད་ཀྱི་ཟེར་ལས་ཕོ་ཉ་མགོ་བརྙན་སྣ་ཚོགས་སུ་འཆར་རོ༔ ངོ་ཤེས་པར་གྱིས་ཤིག༔ སྐུ་དང་སྒྲ་འོད་ཟེར་གསུམ་ལ་མ་སྐྲག་ཅིག༔ མ་སྔངས་ཤིག༔ རང་གི་རིག་པའི་སྐུ་རུ་ངོ་ཤེས་པར་གྱིས་ཤིག༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་༔ ཞེས་ངོ་སྤྲད་རྒྱས་པར་ཐོས་གྲོལ་ལས་བཤད་དོ༔ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཞེས་སྨོན་ལམ་བཏབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་རྒྱས་པར་མ་འབྱོར་ན་ཞག་གསུམ་ལ༔ ཉིན་གཅིག་ལ་མི་མོ་ངོ་སྤྲད་དང་རྡོ་རྗེ་རྦ་རླབས་ངོ་སྤྲད་བྱ༔ བར་མ་ལ་ཞི་བའི་ངོ་སྤྲད་ཐམས་ཅད་ཕྱོགས་གཅིག་ཏུ་རྫོགས་པར་བྱ༔ ཕྱི་མ་ལ་ཁྲོ་བོའི་ངོ་སྤྲོད་ཐམས་ཅད་ཕྱོགས་གཅིག་ཏུ་རྫོགས་པར་བྱའོ༔ རྒྱས་བསྡུས་གང་འོས་སྐབས་དང་བསྟུན་ལ་རིག་པས་འཕྲུལ་ཤེས་པར་བྱེད་པ་ཡིན་ནོ༔ ནུབ་ཐ་མ་ལ་སྲིད་པ་བར་དོའི་ངོ་སྤྲོད་རྫོགས་པར་བྱ༔ དེ་ཡང་ཁྲིད་དང་སྦྲེལ་ལ༔ ཁྲིད་ཀྱི་དམིགས་པ་དང་༔ དབང་བསྐུར་དང་༔ ངོ་སྤྲོད་གསུམ་སྦྲེལ་དུ་བྱ་ཞིང་༔ བར་དོའི་ཞག་གྲངས་དང་སྦྱར་ལ་བསྟན་པར་བྱའོ༔ ཨེ་མ་ཧོ༔ གསང་ཆེན་བླ་མེད་ཐེག་པ་ཀུན་གྱི་རྩེ༔ ཡང་གསང་བླ་མེད་རྡོ་རྗེ་ཐེག་པ་ཡི༔ བཅུ་བདུན་རྒྱུད་དང་ངོ་སྤྲོད་སྤྲས་པའི་རྒྱུད༔ མན་ངག་ལག་ལེན་དགོངས་དོན་ཀུན་དྲིལ་ནས། ཐོད་རྒལ་ངོ་སྤྲོད་མཐོང་བ་རང་གྲོལ་འདི༔ བསྒོམ་མི་དགོས་པ་མཐོང་ཆོག་ཟབ་མོའི་བཅུད༔ འཇིག་རྟེན་འདི་ན་ཤིན་ཏུ་རྙེད་དཀའི་ཆོས༔ པདྨ་བདག་གི་སྙིང་ཁྲག་དྭངས་མ་འདི༔ མ་འོངས་སྙིགས་མའི་སྐལ་ལྡན་ལས་ཅན་དོན༔ ཡི་གེར་བྲིས་ནས་རིན་ཆེན་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་ནས་ཀྱང་༔ འགྲོ་ཀུན་མ་ལུས་འདྲེན་པའི་དཔལ་དུ་ཤོག༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཐོད་རྒལ་ཆོས་ཉིད་བར་དོའི་ངོ་སྤྲོད་མཐོང་བ་རང་གྲོལ་ཞེས་བྱ་བ༔ ཇི་སྲིད་འཁོར་བ་སྟོང་པར་མ་གྱུར་ཚེ༔ དེ་སྲིད་ཟབ་ཆོས་བསྟན་པ་མ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ འ་ཨ་ཤ་ས་མ་ཧ༔ བཀྲ་ཤིས་པར་གྱུར་ཅིག༔


previousཆོས་ཉིད་བར་དོའི་ཐོད་རྒལ་ངོ་སྤྲོད་མཐོང་བ་རང་གྲོལ།next