སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི༔ རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཡིག་ལས་སྤྱི་དོན་དྲུག་པ་སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔

སྤྱི་དོན་དྲུག་པ་སྲིད་པ་བར་དོའི་ཁྲིད་ཡིག༔ ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག། སྲིད་པ་རང་གྲོལ་བསྟན་པ་ནི༔ སྣང་བ་བཞི་མ་མཐོང་བ་དང་༔ ཆོས་ཉིད་བར་དོ་ངོས་མ་ཟིན་པ་རྣམས༔ དེ་ནས་སྲིད་པའི་བར་དོ་ལ་ཉམས་སུ་བླང་བའི་གདམས་ངག༔ ལས་ཀྱི་འཕྲོ་མཐུད་པ་ཡུར་ཆད་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི༔ ད་ལྟར་ལྷའི་སྐུ་བསྒོམས་པ་གཅིག་ཡིན་ན༔ བར་དོའི་སྣང་བ་ཤར་བའི་དུས་སུ་ཡང་༔ ཁ་ཆར་དང་༔ བུ་ཡུག་དང་༔ མི་མང་པོས་དེད་པའི་སྣང་བ་ཤར་བའི་ཚེ༔ ལྷའི་གསལ་སྣང་དྲན་མ་ཐག་ཏུ་དེ་དག་ཐམས་ཅད་ཡི་དམ་དུ་འཆར་རོ༔ དེ་རྩལ་སྦྱང་བ་ནི༔ དབེན་པའི་གནས་སུ་གཅིག་པུར་འདུག་ལ༔ འདི་ལྟར་སྒོམ་པར་བྱ་སྟེ༔ ག་རེ་ད་ལྟའི་སྣང་བ་འདི༔ བདག་ཤི་ནས་བར་དོར་འཁྱམས་པར་འདུག༔ གནས་དང་༔ གྲོགས་དང་༔ སྣང་བ་ཡད་ཡུད་འདི་སྲིད་པ་བར་དོའ་ིསྣང་བ་ཡིན་པར་འདུག་པས༔ ད་སྔོན་བར་དོ་ངོས་མ་ཟིན་ནས་འཁྲུལ་བར་འདུག༔ ད་ནི་ཡི་དམ་ལྷའི་སྐུར་ལྡང་བར་བྱའོ་སྙམ་པའི་ངང་ནས༔ ཕྱི་སྣོད་རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་ཁམས༔ ནང་བཅུད་རྣམ་པར་དག་པ་ཡི་དམ་གྱི་ལྷ་ཚོགས༔ སྒྲ་གྲགས་རྣམ་པར་དག་པ་ཡི་དམ་ལྷའི་སྔགས་ཀྱི་རང་སྒྲར་བསྒོམས༔ རྗེས་སུ་ཐམས་ཅད་དམིགས་པ་མེད་པའི་ངང་ལ་ཕྱམ་མེ་བཞག༔ དེ་ལ་སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ། ཡང་ནས་ཡང་དུ་བྱང་བར་བྱས་པས༔ སྲིད་པ་བར་དོ་འཆར་བའི་ཚེ༔ དང་པོར་བར་དོ་ངོས་ཟིན༔ དེ་ནས་བསྐྱེད་རིམ་དྲན་ནས༔ བར་དོར་ལྷའི་སྐུར་ལྡང་སྟེ༔ མངལ་སྒོ་ཁེགས་ནས༔ རིག་འཛིན་གྱི་གོ་འཕང་ཐོབ་པར་འགྱུར་རོ༔ གཞན་ཡང་མི་དང་སེམས་ཅན་ཆགས་པ་སྤྱོད་པ་མཐོང་བའམ༔ བུད་མེད་ཡིད་དུ་འོང་བས་རང་ལ་ཡིད་ཆགས་པར་མཐོང་ནས༔ དེར་ཆགས་པ་སྐྱེས་མ་ཐག་ཏུ༔ ཨ་ཙ་མ༔ བདག་སྲིད་པ་བར་དོར་འཁྱམས་ནས་མངལ་དུ་འཇུག་པའི་གྲབས་བྱེད་པར་འདུག་པས༔ ད་ནི་མངལ་སྒོ་དགག་པར་བྱ་སྙམ་དུ་བསམས་ལ༔ དང་པོ་འཇུག་བྱེད་ཀྱི་གང་ཟག་དགག་པ་ནི༔ ཆགས་པ་ལྷང་གིས་སྐྱེས་མ་ཐག༔ སྐད་ཅིག་དྲན་རྫོགས་སུ་ཡི་དམ་གྱི་སྐུ་རུ་ལྷང་ལྷང་དྲན་པར་བྱའོ༔ དེ་ལ་བྱང་བར་གྱུར་པ་དང་༔ བར་དོར་ཕོ་མོ་ཆགས་པ་སྤྱོད་པ་མཐོང་བའི་ཚེ༔ རང་ཕོར་སྐྱེ་ན་ཕ་ལ་མིག་སེར་སྐྱེ༔ མ་ལ་ཆགས༔ མོར་སྐྱེ་ན༔ མ་ལ་མིག་སེར་སྐྱེ༔ ཕ་ལ་ཆགས་པ་སྐྱེའོ༔ དེའི་དུས་སུ་རང་བསྐྱེད་རིམ་ལ་གོམས་ན༔ ཆགས་པ་དང་མིག་སེར་སྐྱེ་བའི་མོད་ལ༔ ཡི་དམ་ལྷའི་སྐུ་ཀྲོང་ཀྲོང་དྲན་པར་འགྱུར་རོ༔ དེ་གསལ་བ་དང་༔ མངལ་སྒོ་ཁེགས་པ་དང་༔ རང་ལྷའི་སྐུ་རུ་སྨིན་པ་དུས་མཉམ་དུ་འབྱུང་བས༔ ད་ལྟར་ཡང་བུད་མེད་ཡིད་དུ་འོང་བའམ༔ ཆགས་པ་སྐྱེ་བའི་སྨྲ་བརྗོད་དང་སྤྱོད་ལམ་བྱ༔ ཆགས་པ་ལྷང་སྐྱེས་པ་དང་༔ དེས་རྐྱེན་བྱས་ནས༔ རང་ལུས་ལྷའི་གསལ་སྣང་དུ་ལྷང་ལྷང་དྲན་པར་བྱུང་ན༔ འདོད་ཆགས་མ་སྤངས་གྲོགས་སུ་འགྱུར་ཏེ༔ འདོད་ཆགས་ཅི་ལྟར་ཆེ་བ་ལྟར༔ ཡི་དམ་ལྷ་ཡི་བསྐྱེད་རིམ་འབྱོངས་པས༔ བར་དོར་གྲོལ་བ་ལ་ཚེགས་མེད་དོ༔ གཉིས་པ་འཇུག་བྱའི་མངལ་སྒོ་དགག་པ་ནི༔ ཕོ་མོ་གང་ཡང་རུང་བ་སྦྱོར་བ་བྱེད་པ་མཐོང་ན༔ ཆགས་པ་དང་༔ མིག་སེར་སྐྱེས་མ་ཐག༔ བདག་བར་དོར་འཁྱམས་པར་འདུག༔ ཀྱཻ་མ༔ བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོའི་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ མངལ་སྒོ་དགག་ནས་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན༔ ཅེས་བརྗོད་ལ༔ ཕོ་མོ་གཉིས་པོ་དེ་ཡི་དམ་ཡབ་ཡུམ་དུ་ལྷང་ལྷང་དྲན་པར་བྱ༔ གསོལ་བ་གདབ༔ མོས་གུས་བྱ༔ དབང་བསྐུར་ཞུ་བའི་འདུན་པ་དུང་དུང་བྱེད་པ་ལ་གོམས་པར་བྱའོ༔ ཆགས་པ་སྤྱོད་པ་མ་མཐོང་ན་ཡང་༔ ཡིད་ལ་དྲན་པར་བྱ་ཞིང་༔ ཡི་དམ་གྱི་གསལ་སྣང་དྲན་པར་བྱས་པས༔ ད་ལྟར་བསྐྱེད་རིམ་གྱི་གྲོགས་སུ་འགྱུར་ཞིང་༔ སྲིད་པ་བར་དོར་མངལ་སྒོ་ཁེགས་པར་འགྱུར་བས་ཟབ་བོ༔ ས་མ་ཡ༔ གཉིས་པ་བླ་མ་ཡབ་ཡུམ་གྱི་དམིགས་པས་མངལ་སྒོ་དགག་པ་ནི༔ ཆགས་པ་སྤྱོད་པ་མཐོང་བའམ༔ ཆགས་ཡུལ་དྲན་པའམ༔ རང་ཆགས་པ་དྲག་པོ་སྐྱེས་པའི་དུས་སུ༔ ཆགས་ཡུལ་དེ་བླ་མ་ཨོ་རྒྱན་པདྨ་དང་༔ ཡེ་ཤེས་མཚོ་རྒྱལ་ཡབ་ཡུམ་འཁྲིལ་སྦྱོར་དུ་བསམ་ལ༔ མིག་སེར་གྱི་བློ་སྤངས་ལ༔ མོས་གུས་དུང་དུང་བ་བྱ༔ དབང་ཞུ་བའི་འདུན་པ་དྲག་པོ་བྱ་ཁྱད་པར་དུ་དབང་གསུམ་པའི་དོན་དྲན་པར་བྱས་པས༔ ལྷན་ཅིག་སྐྱེས་པའི་དོན་དྲན་ནས་མངལ་སྒོ་ཁེགས་ནས་བར་དོར་གྲོལ་བར་འགྱུར་རོ༔ དེ་ཡང་༔ མིག་སེར་སྤངས་ནས་བླ་མ་ཡབ་ཡུམ་བསྒོམ༔ སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན༔ ཅེས་གསུངས་པ་དེ་ཡིན་ནོ༔ གསུམ་པ་དགའ་བཞི་ཉམས་སུ་བླངས་ནས་མངལ་སྒོ་དགག་པ་ནི༔ འོག་སྒོ་བདེ་བ་ཆེན་པོའི་ཁྲིད་ལ་ཤིན་ཏུ་བྱང་བར་བྱས་ལ༔ དེ་ནས་མཚན་དང་ལྡན་པའི་མུ་དྲ་བཙལ་ཏེ༔ དབེན་པའི་གནས་སུ་ཁྲིད་དེ༔ མུ་དྲ་སྒྱུ་མའི་ལུས་སུ་སྦྱངས༔ དེ་ནས་རང་དང་མུ་དྲ་གཉིས་ཀ་ཡི་དམ་གྱི་ལྷའི་འདུ་ཤེས་ཀྱིས༔ དང་པོ་གཟུགས་ལ་བསླབ་པ་ནི༔ ཕར་ཚུར་ཆགས་པའི་མིག་གིས་ཟིམ་བུས་བལྟ༔ སྒྲ་ལ་བསླབ་པ་ནི༔ འཁྲིག་ཚིག་དང་ཆགས་པ་སློང་བའི་གླེང་མོ་བྱ༔ དྲི་ལ་སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ། བསླབ་པ་ནི༔ མུ་དྲ་དང་པདྨའི་དྲི་ལ་སྣོམ༔ རོ་ནི་བུ་རམ་དང་ཀ་ར་མུར་ལ་ལྕེ་འཇིབ༔ རེག་བྱ་ནི༔ དཀར་འཛིན་མ་མཉེ་བ་དང་༔ ལྕེ་འཇིབ༔ དམ་དུ་འཁྱུད༔ གཡའ་དགག༔ པདྨའི་ཟེའུ་འབྲུ་མཉེ༔ གཅེར་བུར་ཕྱུང་ལ་རྡོ་རྗེ་པདྨ་བལྟ་ཞིང་ཆགས་པ་བསླང་༔ མུ་དྲ་འདོད་པས་མྱོས་ནས་ཆགས་པ་ལངས་པ་དང་༔ རྡོ་རྗེ་ལས་སུ་རུང་བར་བྱས་ལ༔ པདྨར་དལ་བུས་ཕུལ༔ རྩ་བར་གཏིམ་མེ་གཏང་ལ་ཅུང་ཟད་མི་བསྒུལ་བར་སྟོང་ཉིད་ཀྱི་ངང་ལ་བཞག༔ དེའི་ངང་མ་ཤོར་བར་དལ་བུས་བསྐྱོད་པས༔ དང་པོར་དགའ་བ་སྐྱེས་པ་དང་ངོས་བཟུང་ལ༔ དེའི་ངང་ལ་བདེ་སྟོང་དུ་ཕྲིལ་ལེ་བཞག༔ བདེ་བ་ཡལ་བ་འདྲ་ན་ཉམས་དང་བསྟུན་ཞིང་༔ ཇེ་དྲག་ཇེ་དྲག་ཏུ་བསྒུལ་ཞིང་བསྐྱོད་ལ༔ བདེ་བ་ཇེ་ཆེར་མཆོག་དགའ་ངོས་བཟུང་༔ དེ་ནས་ལྷན་ཅིག་སྐྱེས་པའི་དགའ་བ་དང་༔ སྟོང་པ་གཉིས་སུ་མེད་པའི་ཡེ་ཤེས་ངོས་བཟུང་ཞིང་སྦྱངས་པས༔ རང་འཆི་བའི་དུས་སུ༔ འབྱུང་བ་རིམ་གྱིས་བསྡུས་ནས་ཐིམ་པའི་མཐར༔ མ་ལས་ཐོབ་པའི་རཀྟ་གྱེན་དུ་འབྱུང་༔ ཕ་ལས་ཐོབ་པའི་བྱང་སེམས་སྤྱི་བོ་ནས་ཐུར་དུ་བབ་སྟེ༔ བྱང་སེམས་དཀར་དམར༔ དཀར་ལམ་དམར་ལམ་གྱི་སྣང་བ་ཤར་བའི་རྗེས་སུ་སྙིང་ཁར་ཕྲད་དོ༔ ལྷན་ཅིག་སྐྱེས་པའི་དགའ་བ་ཚད་མེད་པ་གཅིག་སྐྱེས་པ་དང་མཉམ་དུ༔ རྣམ་ཤེས་སྟོར་ནས་བརྒྱལ་ལོག་གིས་འགྲོ་བའི་དུས་སུ་ནང་དབུགས་ཆད་པས༔ དེའི་དུས་སུ་དགའ་བ་བཞི་དང་ཐབས་ལམ་བདེ་སྟོང་ལ་སྦྱངས་ཤིང་༔ དབང་གསུམ་པའི་དུས་ཀྱི༔ ལྷན་ཅིག་སྐྱེས་པའི་དགའ་བ་ངོ་འཕྲོད་པའི་གང་ཟག་དེ༔ ངེས་པར་ངོས་ཟིན་ནས་སྐད་ཅིག་གིས་ཡར་གྱི་ཟང་ཐལ་དུ་གྲོལ་བར་འགྱུར་བས༔ དེས་ན་གསང་སྔགས་ཐབས་ལམ་ཕོ་ཉའི་ལམ་ཟབ་པའི་གཏན་ཚིགས་དེ་ལྟར་རོ༔ དེར་ངོས་མ་ཟིན་ན་ཡང་༔ ཆོས་ཉིད་ཀྱི་བར་དོར་ཞི་ཁྲོ་ཡབ་ཡུམ་འཁྲིལ་སྦྱོར་གྱི་སྐུ་མཐོང་མ་ཐག་ཏུ༔ དབང་གསུམ་པའི་དུས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་དྲན་ནས༔ ངོས་ཟིན་ཏེ་གྲོལ་བར་འགྱུར་རོ༔ དེར་ཡང་ངོས་མ་ཟིན་ན༔ སྲིད་པ་བར་དོ་ཕོ་མོ་ཆགས་པ་སྤྱོད་པ་མཐོང་མ་ཐག༔ ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ངོས་ཟིན་ནས༔ མངལ་སྒོ་ཁེགས་ནས་ངེས་པར་བར་དོར་གྲོལ་ཏེ༔ རིག་འཛིན་ཐོབ་པར་འགྱུར་བས༔ གསང་སྔགས་གཞན་ལས་ཟབ་ཅིང་ལམ་མྱུར་བའི་ཕྱིར༔ ད་ལྟའང་འཇིག་རྟེན་གྱི་མི་ཁ་ལ་མི་སྐྲག་པར༔ འོག་སྒོ་བདེ་བ་ཆེན་པོའི་ཁྲིད་ལ་སྦྱང་བ་ནི་བར་དོའི་ཉམས་ལེན་དངོས་གཞི་ཡིན་པས༔ མཚན་ལྡན་གཞོན་ནུ་བཙལ་ཞིང་༔ ཟབ་ལམ་བདེ་བ་ལ་སྦྱང་བ་གལ་ཆེའོ༔ ཞིབ་པར་ནི་འོག་སྒོ་བདེ་བ་ཆེན་པོའི་ཁྲིད་ལས་ཤེས་སོ༔ དེ་ནི་ཆགས་ལམ་པའི་མངལ་སྒོ་དགག་པ་སྟེ༔ སྐལ་ལྡན་སྐྱེས་བུ་རབ་རྣམས་ཀྱི་སྤྱོད་ཡུལ་ལོ༔ ས་མ་ཡ༔ བཞི་པ་གྲོལ་ལམ་པའི་སྤོང་སེམས་ཀྱི་གཉེན་པོས་མངལ་སྒོ་དགག་པ་ནི༔ ད་ལྟར་དགེ་བསྙེན༔ དགེ་ཚུལ༔ དགེ་སློང་གང་ཡིན་ཡང་རུང་སྟེ༔ སྡོམ་པ་ལ་གཅེས་པར་བྱས་ནས༔ ཆགས་པ་སྤྱོད་པ་མཐོང་བའམ༔ ཆགས་ཡུལ་དྲན་པ་དང་༔ མི་སྡུག་པ་སྒོམ་པའམ༔ སྤོང་སེམས་དྲག་པོས་བསླབ་པ་ལ་གཅེས་པར་བྱས་པས༔ བར་དོར་ཕོ་མོ་ཆགས་པ་སྤྱོད་པ་མཐོང་བ་དང་༔ བསླབ་པ་དང་སྤོང་སེམས་དྲན་ཏེ༔ མངལ་དུ་མི་འཇུག་པར་མངལ་སྒོ་ཁེགས་པའམ༔ ཡང་དག་པའི་མངལ་དུ་སྐྱེས་ནས་མཐོ་རིས་ཐོབ་པར་འགྱུར་རོ༔ འདི་ནི་གོང་མ་ལས་ལམ་ཅུང་ཟད་དམན་པ་ཡིན་ནོ༔ ས་མ་ཡ༔ ལྔ་པ་འོད་གསལ་གྱིས་མངལ་སྒོ་དགག་པ་ནི༔ དེ་ལྟར་ཁྲེགས་ཆོད་ཀྱི་ཁྲིད་ལ་སྦྱང་ཞིང་༔ སྟོང་ཉིད་ཀྱི་དོན་ལ་འདྲེས་པར་བྱས་པས༔ རབ་འཆི་ཁའི་བར་དོའི་གཞིའི་འོད་གསལ་ངོས་ཟིན་ཏེ༔ བར་དོ་མེད་པར་ཆོས་སྐུ་ཟང་ཐལ་དུ་འགྲོ་བར་འགྱུར་རོ༔ ཐ་མའང་སྲིད་པ་བར་དོར་ཆགས་པ་སྤྱོད་པ་མཐོང་བ་དང་༔ སྟོང་ཉིད་འོད་སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ། གསལ་གྱི་དོན་རྒྱུད་ལ་ལྷང་གིས་ཤར་ནས་གྲོལ་བར་འགྱུར་རོ༔ ས་མ་ཡ༔ དྲུག་པ་སྒྱུ་ལུས་ཀྱིས་མངལ་སྒོ་དགག་པ་ནི༔ ད་ལྟར་སྒྱུ་ལུས་སྣང་བ་རང་གྲོལ་ལ་སྦྱངས་བས༔ བར་དོའི་འཇིགས་སྐྲག་དང་༔ མངལ་སྒོ་ཤར་བའི་ཚེ༔ སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཏེ་གྲོལ་བར་འགྱུར་རོ༔ དེ་རྣམས་ཐམས་ཅད་ཀྱི་ཉམས་ལེན་རྩ་བ་མདོར་བསྡུ་ན༔ སྐྱེ་གནས་བར་དོའི་སྣང་བ་ཐམས་ཅད༔ བསྐྱེད་རིམ་པས་ལྷ་དང་ལྷ་མོའི་རང་བཞིན་དུ་སྦྱང་༔ རྫོགས་རིམ་པས་ཅི་ཤར་ཅི་སྣང་ཐམས་ཅད་རང་བྱུང་ཡེ་ཤེས་སྟོང་ཉིད་ལྷང་ལྷང་སྦྱང་༔ གཞན་ཡང་སྣང་བ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པ༔ སྣང་སྟོང་དབྱེར་མེད་དུ་སྦྱངས་བས༔ ཉིན་པར་གྱི་འཁྲུལ་སྣང་དག་སྣང་དུ་འཆར༔ དེས་རྨི་ལམ་གྱི་བདེན་ཞེན་གྲོལ་ནས༔ རྨི་ལམ་རྨི་ལམ་དུ་ཤེས་པའམ༔ འོད་གསལ་དུ་འཆར༔ དེས་བར་དོའི་འཁྲུལ་སྣང་དག་སྣང་དུ་འཆར་ནས་བར་དོར་གྲོལ་བར་འགྱུར་རོ༔ དེ་ཉམས་སུ་ལེན་པ་ནི༔ དུས་རྒྱུན་དུ་ད་ལྟར་གྱི་སྣང་བ་སོ་མ་འདི༔ མ་བཅོས་ཀ་དག་གི་ངང་ལ་ཕྱམ་མེ་བཞག༔ གལ་ཏེ་རྟོག་པ་འཕྲོ་ན༔ གྲོལ་ལུགས་ཆེན་པོ་བཞིའི་གདེང་གིས་ཟིན་པར་བྱས་ལ༔ ཅི་སྣང་གང་ཤར་རང་གྲོལ་དུ་སྦྱང་ངོ་༔ གཞན་ཡང་འདི་སྙམ་དུ༔ ད་ལྟའི་སྣང་ཡུལ་འདི་རྣམས་ཐམས་ཅད༔ ང་ཤི་ནས་བར་དོར་འཁྱམས་པའི་སྣང་ཡུལ༔ ཡད་ཡུད་ཟང་ཟིང་དུ་འདུག༔ ཡུལ་འདི་རྣམས་ཀྱང་སྲིད་པ་བར་དོའི་ཡུལ་དུ་འདུག་ཅིང་༔ སེམས་ཅན་སྐྱེ་འགྲོ་འདི་རྣམས་ཀྱང་བར་དོའི་སེམས་ཅན་ཡིན༔ རླུང་སྒྲ་འུ་རུ་རུ་ཟེར་བ་དང་༔ འབྲུག་དང་༔ གློག་དང་༔ ཆར་པ་དང་༔ སེར་བ་དང་༔ མུན་རུག་པ་དང་༔ མི་སྐད་ཁྱི་སྐད་ཀུ་ཏིར་ཏིར་བ་དང་༔ གླུ་གར་དང་༔ རྩེད་བྲོ་དང་༔ དམག་འཁྲུགས་དང་༔ ཁ་སྐད་མི་གཅིག་པའི་གླེང་མོ་འདི་རྣམས་དང་༔ ལས་སྣ་ཚོགས་བྱེད་པ་དང་༔ གཅིག་ཏུ་མ་ངེས་ཤིང་༔ ཟང་ཟིང་སྣ་ཚོགས་ཀྱིས་ཟང་ཟིང་པོར་གྱུར་པ་འདི་བར་དོ་ཡིན་པར་ཐག་ཆོད༔ དེ་རིང་དོ་ནུབ་འཕྲད་པའི་གྲོགས་དང་གཉེན་འདུན་འགྲུལ་རོག༔ འདི་རྣམས་ཀྱང་ཤི་ནས་བདག་དང་ལྷན་ཅིག་ཏུ་བར་དོར་འཁྱམས་པ་ཡིན་པར་འདུག༔ མི་བདེན་པར་འདུག༔ རྨི་ལམ་ལྟ་བུ༔ སྒྱུ་མ་ལྟ་བུ༔ གཏད་མེད་དུ་འདུག་བདེན་མེད་དུ་འདུག་སྙམ་དུ་བསམ་ལ༔ ཡང་སྔར་གྱི་སྐྱབས་འགྲོ་ནས་བཟུང་སྟེ༔ བསྐྱེད་རིམ༔ རྫོགས་རིམ༔ སྟོང་ཉིད་ཕྱག་རྒྱ་ཆེན་པོའི་ངང་ལ་ཕྱམ་ཕྱམ་བཞག༔ བག་ཆགས་གོམས་འདྲེས་སུ་བྱེད་པ་ཡིན་པས༔ རྒྱུན་དུ་བར་དོ་ཡིན་སྙམ་དུ་བསམས་ཤིང་༔ ངག་ནས་ཀྱང་བར་དོ་ཡིན་བར་དོ་ཡིན༔ ཨ་ཙ་མ༔ བདག་བར་དོར་འཁྱམས་ནས་འདུག་པས༔ བླ་མ་བླ་མ་ཞེས་བརྗོད༔ སྐབས་སུ་རབ་མདའ་སྦྲོན་པའི་སྨོན་ལམ་དང་༔ བར་དོ་རྩ་ཚིག༔ འཕྲང་སྒྲོལ༔ འཇིགས་སྐྱོབ་མའི་སྨོན་ལམ་རྣམས་ཡང་ཡང་གདབ༔ ཐོས་གྲོལ་དང་བར་དོའི་ཆོས་སྐོར་ཐམས་ཅད་ལ་ཡང་ནས་ཡང་དུ་བལྟའོ༔ མདོར་ན་བར་དོའི་ཆོས་ལ་བློ་བྱང་བར་བྱེད་པ་དང་༔ འདུན་པ་སྦྱང་བ་ལས༔ ལྷག་པར་བསྒོམ་རྒྱུ་མེད་དེ༔ བར་དོའི་འདུན་པ་རྒྱུན་མི་ཆད་པར་བྱ༔ རྗེས་སུ་སེམས་ཉིད་མ་བཅོས་པའི་ངང་ལ་ཕྱམ་ཕྱམ་བཞག༔ བར་དོའི་འདུན་པ་དེས་རྒྱུད་བསྐུལ་ནས་དགེ་སྦྱོར་ལ་བརྩོན་པར་བྱའོ༔ ཞིབ་ཏུ་ཆོས་ཉིད་བར་དོའི་ཐོས་གྲོལ་དང་༔ སྲིད་པ་བར་དོའི་ཐོས་གྲོལ་གཉིས་སུ་བལྟའོ༔ སྒྲོན་མ་དྲུག་དང་༔ བར་དོའི་རྒྱབ་ཆོས་དང་བར་དོའི་ངོ་སྤྲོད་ཐམས་ཅད་ལ་བློ་ཤིན་ཏུ་སྦྱང་བར་བྱའོ༔ དེས་ནི་རབ་ཚེ་འདིར༔ འབྲིང་འཆི་ཁ༔ ཐ་མ་ཆོས་ཉིད་བར་དོ༔ ཡང་ཐ་སྲིད་པའི་བར་དོར༔ ལས་ཀྱི་འཕྲོ་མཐུད་ནས་གྲོལ་བར་ཐེ་ཚོམ་མེད་དོ༔ སྲིད་པ་བར་དོའི་ཁྲིད་ཡིག༔ སྲིད་པ་རང་གྲོལ་ཞེས་བྱ་བ༔ ས་མ་ཡ༔ ཨེ་མ༔ བར་དོ་དྲུག་གི་དམར་ཁྲིད་རང་གྲོལ་འདི༔ རྒྱལ་བའི་དགོངས་པ་ཀུན་གྱི་མདོ་འགག་སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ། ཡིན༔ ཐེག་པའི་ཟབ་ཆོས་ཀུན་གྱི་ཡང་སྙིང་ཡིན༔ འགྲོ་རྣམས་ཐར་ལམ་ཁྲིད་པའི་ཉམས་ཁྲིད་ཡིན༔ མ་འོངས་བསྐལ་པ་དུས་ཀྱི་ཐ་མ་ལ༔ འགྲོ་བ་ཐམས་ཅད་ཆོས་མིན་སྤྱོད་པའི་ཚེ༔ ཟབ་ལམ་འདི་ཡིས་འགྲོ་ཀུན་སྒྲོལ་བར་ཤོག༔ མ་ལུས་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ བར་དོ་དྲུག་གི་ཁྲིད་ཡིག་ཆེན་མོ༔ ཉམས་ཁྲིད་དགོངས་པ་རང་གྲོལ་ཞེས་བྱ་བ༔ ཇི་སྲིད་འཁོར་བ་སྟོང་པར་མ་གྱུར་ཚེ༔ དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པས༔ སྒམ་པོ་གདར་གྱི་རི་བོ་ནས་བཏོན་པའོ༔ གཅིག་བརྒྱུད་དུ་བྱས་ནས༔ གུ་རུ་ཉི་ཟླ་འོད་ཟེར་ལ་ཟབ་ཆོས་འདིའི་བདག་པོར་བཀའ་བབས་སོ༔