Nitartha Digital Library
Tibetan
བར་དོ་དྲུག་གི་སྔོན་འགྲོ་རྒྱབ་ཆོས་དང་བཅས་པ།


   
སྔོན་འགྲོ་རང་རྒྱུད་སྦྱོང་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousསྔོན་འགྲོ་རང་རྒྱུད་སྦྱོང་བྱེད། next

སྔོན་འགྲོ་རང་རྒྱུད་སྦྱོང་བྱེད།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ རྡོ་རྗེ་ཐེག་པའི་ཆོས་སྤྱོད་ཐུན་བཞིའི་རྣལ་འབྱོར་སྔོན་འགྲོ་རང་རྒྱུད་སྦྱོང་བྱེད་བཞུགས་སོ༔ ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྔོན་འགྲོ་ཐུན་མོང་མ་ཡིན་པ༔ རང་རྒྱུད་སྦྱོང་བར་བྱེད་པའི་ཁྲིད་རིམ་བཞི་ལ༔ དང་པོ་ཐོག་མར་ཐོ་རེངས་ཀྱི་དུས་སུ་མ་རིག་པའི་གཉིད་ཀྱི་ཉོན་མོངས་པ་ལས་བསླང་བར་བྱ་བ་ནི༔ ཨོ་རྒྱན་རིན་པོ་ཆེས་ཆོས་སྤྱོད་ཆེན་མོ་ནས་གསུངས་པ་ལྟར་བརྗོད་པར་བྱའོ༔ ཀྱེ་མ་ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུཿ མ་རིག་གཏི་མུག་དབང་གིས་མ་ནོན་པར༔ བརྩོན་འགྲུས་ངར་བསྐྱེད་ད་ལྟ་ཡར་ལོངས་དང་༔ ཐོག་མ་མེད་ནས་ད་ལྟ་ཐུག་གི་བར༔ མ་རིག་དབང་དུ་ཉལ་ཡུན་དེས་ཆོག་གིས༔ ད་ནི་མ་ཉལ་སྒོ་གསུམ་དགེ་ལ་འབད༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་མི་ཤེས་སམ༔ དེ་རིང་ཙམ་ཡང་རྟག་པའི་གོ་སྐབས་མེད༔ བསྒྲུབ་ལ་བརྩོན་འགྲུས་བསྐྱེད་པའི་དུས་ལ་བབས༔ ད་རེས་གཅིག་པུར་གཏན་བདེ་བསྒྲུབ་དུས་འདིར༔ སྙོམས་ལས་ངང་ལ་བསྡོད་པའི་དུས་མ་ཡིན༔ འཆི་བ་སོམས་ལ་སྒྲུབ་པ་མཐའ་རུ་སྐྱོལ༔ ཚེ་ལ་ལོང་མེད་འཆི་རྐྱེན་བསམ་མི་ཁྱབ༔ དེ་ཚེ་མི་འཚེར་གདེང་ཞིག་མ་ཐོབ་ན༔ སྐྱེས་བུ་ཁྱོད་ཉིད་གསོན་པས་ཅི་ཞིག་རུང་༔ ཆོས་རྣམས་བདག་མེད་སྟོང་ཞིང་སྤྲོས་དང་བྲལ༔ སྒྱུ་མ་སྨིག་རྒྱུ་རྨི་ལམ་གཟུགས་བརྙན་དང་༔ དྲི་ཟའི་གྲོང་ཁྱེར་བྲག་ཆ་ལྟ་བུར་སྤྱོད༔ ཆུ་ཟླ་ཆུ་བུར་མིག་ཡོར་སྤྲུལ་པ་སོགས༔ ཤེས་བྱ་སྒྱུ་མའི་དཔེ་བཅུ་དེ་བཞིན་དུ༔ འཁོར་འདས་ཆོས་རྣམས་ཁྱོད་ཀྱིས་ཤེས་པར་གྱིས༔ ཆོས་རྣམས་རང་བཞིན་སྐྱེ་བ་མེད་པ་སྟེ༔ གནས་མེད་འགག་མེད་འགྲོ་འོང་མེད་པ་སྟེ༔ དམིགས་མེད་མཚན་མ་མེད་ཅིང་བསམ་བརྗོད་བྲལ༔ དོན་འདི་རྟོགས་པར་བྱ་བའི་དུས་ལ་བབས༔ ཅེས་བརྗོད་ཅིང་༔ ན་མོ་གུ་རུ་བྷྱ༔ ན་མོ་དྷེ་ཝ་བྷྱ༔ ན་མོ་ཌཱཀྐི་ནཱི་བྷྱ༔ ཞེས་བླ་མ་ཡི་དམ་མཁའ་འགྲོ་གསོལ་བ་གདབ་ལ།  ཨོ་རྒྱན་རིན་པོ་ཆེའི་ཆོས་སྤྱོད་ཆེན་མོ་ནས་གསུངས་པ་ལས་སྐྱབས་ཡུལ་ལ་གསོལ་བ་གདབ་པ་ནི༔ ཀྱེ་མ་ཀྱེ་མ་མི་རྟག་འཁོར་བའི་ཆོས༔ ཐར་མེད་ལས་ཀྱི་རྒྱ་མཚོའི་དོང་རིང་འདིར༔ ལས་ཀྱིས་མནར་བའི་འགྲོ་རྣམས་སྙིང་རེ་རྗེ༔ སྡུག་བསྔལ་རྒྱ་མཚོ་སྐེམ་པར་བྱིན་གྱིས་རློབས༔ མ་རིག་ལས་ཀྱིས་མནར་བའི་འགྲོ་བ་རྣམས༔ བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད༔ ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ༔ ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས༔ བདག་འདོད་བཟུང་འཛིན་བཅིངས་པའི་བརྩོན་ར་འདིར༔ རི་དྭགས་རྒྱར་ཚུད་སླར་ཡང་འཇུག་པ་ལྟར༔ མ་རིག་གཏི་མུག་ཅན་རྣམས་སྙིང་རེ་རྗེ༔ འཁོར་བ་དོང་ནས་སྤྲུག་པར་བྱིན་གྱིས་རློབས༔ ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར༔ གཅིག་ནས་གཅིག་ཏུ་ཟོ་ཆུའི་འཁྱུད་མོ་བཞིན༔ ཐར་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ༔ རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས༔ སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་རྣམས༔ ཅི་ཙམ་མཐོང་ཡང་མི་འཇིགས་སྙིང་སྲན་ཅན༔ ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད༔ མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས༔ མི་རྟག་བློ་གཏད་མེད་པར་མ་ཤེས་པས༔ ད་རུང་འཁོར་བ་འདི་ལ་ཞེན་ཅིང་ཆགས༔ སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་འདའ༔ འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས༔ སྣོད་ཀྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག༔ བཅུད་ཀྱི་སེམས་ཅན་མི་རྟག་ལུས་སེམས་འབྲལ༔ དབྱར་དགུན་སྟོན་དཔྱིད་ནམ་ཟླ་དུས་མི་རྟག༔ སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས༔ ན་ནིང་ད་ལོ་ནམ་ཟླའི་སྟོད་སྨད་དང་༔ ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག༔ ལེགས་པར་བསམ་ན་རང་ཉིད་འཆི་བས་གཏུགས༔ བསྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས༔ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་༔ འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ༔ ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ༔  ལོང་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས༔ ཀྱེ་མ་ཀྱི་ཧུད་དཀོན་མཆོག་ཐུགས་རྗེ་ཅན༔ རྒྱལ་བ་ཁྱེད་ལ་བརྩེ་བའི་མཐུ་མངའ་བས༔ བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས༔ ད་ལྟ་ཉིད་དུ་ཐར་པར་བྱིན་གྱིས་རློབས༔ དེ་ནས་ཕྱི་ནང་གསང་བའི་སྐྱབས་འགྲོ་ནི༔ ཁམས་གསུམ་རིགས་དྲུག་མཐའ་ཡས་སེམས་ཅན་རྣམས༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་དུ༔ རྒྱུན་ཆད་མེད་པར་འགྲོ་ལ་དགོངས་མཛད་པའི༔ བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ རྐང་གཉིས་གཙོ་བོ་མཚན་དང་དཔེ་བྱད་བརྒྱན༔ འཕྲིན་ལས་མི་ཟད་ནམ་མཁའི་མཐའ་དང་མཉམ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་བཅོམ་ལྡན་འདས༔ སངས་རྒྱས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཞི་བ་ཆགས་བྲལ་དོན་དམ་བདེན་པའི་ཆོས༔ ཐེག་པ་གསུམ་གྱི་ཕྱིར་མི་ལྡོག་པའི་ལམ༔ བཀའ་གཏེར་ལུང་དང་མན་ངག་བསྟན་བཅོས་སོགས༔ དམ་ཆོས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ མ་ནོར་ལམ་གནས་ཚོགས་མཆོག་ཀུན་གྱི་ཞིང་༔ ཉོན་མོངས་དྲི་མས་རབ་དབེན་འཕགས་པའི་ཚོགས༔ བྱང་སེམས་ཉན་རང་རྒྱལ་བའི་བསྟན་འཛིན་མཆོག༔ དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ གསང་བ་བླ་མེད་དཀྱིལ་འཁོར་ཀུན་གྱི་གཙོ༔ བྱིན་རླབས་ཐུགས་རྗེས་འགྲོ་ཀུན་འདྲེན་མཛད་པ༔ བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང་༔ འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་བོར་སྤྲུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར་མཛད་པའི༔ ཡི་དམ་ལྷ་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཆོས་ཉིད་མཁའ་ལ་ཐུགས་རྗེའི་ཤུགས་ཀྱི་འགྲོ༔ དག་པའི་གནས་ནས་བདེ་ཆེན་མཆོག་སྩོལ་ཅིང་༔ དམ་ཚིག་ཅན་ལ་དངོས་གྲུབ་གཏེར་མཛད་མ༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཡེ་ཤེས་ལས་གྲུབ་མངོན་ཤེས་རྫུ་ཕྲུལ་ཅན༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ བཀའ་བཞིན་རྗེས་སུ་བསྒྲུབ་པའི་གྲོགས་མཛད་པ༔ དམ་ཅན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཡེ་ནས་སྟོང་ཉིད་སྤྲོས་དང་བྲལ་བ་ལ༔ ངོ་བོ་རང་བཞིན་ཐུགས་རྗེ་ཀ་ནས་དག༔ མཉམ་རྫོགས་ཀློང་ཡངས་ཆེན་པོའི་རང་བཞིན་ལ༔ འཛིན་མེད་བློ་འདས་ངང་དུ་སྐྱབས་སུ་མཆི༔ ལྷུན་གྲུབ་རང་བཞིན་ཡེ་ནས་སྐུ་ལྔའི་བདག༔ དབྱིངས་རིག་སྟོང་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ རང་རིག་འོད་གསལ་རྡོ་རྗེ་ལུ་གུ་རྒྱུད༔  རྟོག་མེད་རང་གསལ་རྗེན་པར་སྐྱབས་སུ་མཆི༔ མ་འགགས་རང་རྩལ་ཀུན་ཁྱབ་ཐུགས་རྗེ་ཅན༔ ཤར་གྲོལ་འགག་མེད་རིག་རྩལ་རོལ་པའི་ཟེར༔ རྟོག་མེད་ངང་ནས་འགྲོ་བློའི་མུན་སེལ་བ༔ དུས་གསུམ་ཐོག་མཐའ་མེད་པར་སྐྱབས་སུ་མཆི༔ དེ་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་ནི༔ ཀྱེ་མ་ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ཀྱང་༔ དེ་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ༔ སྙིང་རྗེའི་གནས་རྣམས་བྱང་ཆུབ་ཐོབ་བྱའི་ཕྱིར༔ བདག་གི་སྒོ་གསུམ་དགེ་ལ་བསྐུལ་བར་བྱ༔ འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ བདག་གཅིག་མ་ཡིན་འགྲོ་ཀུན་དོན་གྱི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བྱ༔ སྡུག་བསྔལ་རྒྱ་མཚོ་དཔག་ཏུ་མེད་པའི་ནང་༔ རང་གིས་རང་བཅིངས་ཆོས་མེད་སྙིང་རེ་རྗེ༔ སྙིང་རྗེའི་གནས་རྣམས་བདེ་ལ་བཀོད་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བྱ༔ བདག་དང་མཐའ་ཡས་འགྲོ་བ་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་རང་བཞིན་ཡིན་པ་ལ༔ ཡིན་པར་ཤེས་པའི་བདག་ཉིད་ཆེན་པོ་རུ༔ བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བྱ༔ འཇིག་རྟེན་འཁོར་བའི་རྒྱ་མཚོ་སྒྱུ་མ་བཞིན༔ འདུས་བྱས་ཐམས་ཅན་རྟག་པ་མ་ཡིན་ཏེ༔ ངོ་བོ་སྟོང་པ་བདག་མེད་ཡིན་པ་ལ༔ དེ་ལྟར་མ་རྟོགས་བྱིས་པ་འདི་དག་རྣམས༔ རྟེན་འབྲེལ་བཅུ་གཉིས་སྲིད་པའི་འཁོར་བར་འཁྱམས༔ མིང་དང་གཟུགས་ཀྱི་འདམ་ལ་ཆགས་པ་རྣམས༔ སངས་རྒྱས་ཐོབ་ཕྱིར་བདག་གི་ལུས་དང་ངག༔ ཡིད་དང་གསུམ་པོ་དགེ་ལ་བསྐུལ་བར་བྱ༔ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ༔ བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི༔ བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག༔ མཐའ་ཡས་འགྲོ་བའི་སེམས་ཅན་ཇི་སྙེད་པ༔ མ་ལུས་འདྲེན་པའི་བླ་མར་བདག་གྱུར་ཅིག༔ དེ་ནས་ཚད་མེད་བཞི་སྒོམ་པ་ནི༔ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག༔ ཀུན་ཀྱང་སྡུག་བསྔལ་རྒྱུ་དང་བྲལ་གྱུར་ཅིག༔ སྡུག་བསྔལ་མེད་པའི་བདེ་དང་ལྡན་གྱུར་ཅིག༔ ཆགས་སྡང་མེད་པའི་བཏང་སྙོམས་གནས་གྱུར་ཅིག༔ སྡིག་སྒྲིབ་སྦྱང་ཕྱིར་ཡིག་བརྒྱ་འདྲེན་པ་ནི༔ སྤྱི་གཙུག་པད་ཟླའི་གདན་སྟེང་དུ༔ བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ སྐུ་མདོག་ཤེལ་འདྲའི་ཐུགས་ཀ་ནས༔ ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བདུད་རྩིའི་ཆུ་རྒྱུན་ཚངས་བུག་བབ༔ བདག་གི་ཉམས་ཆགས་སྡིག་སྒྲིབ་དག༔ བཅོམ་ལྡན་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས༔ བདག་དང་འགྲོ་བ་སེམས་ཅན་མ་ལུས་པ༔ སྡིག་སྒྲིབ་སྦྱངས་ཕྱིར་ཡེ་ཤེས་བདུད་རྩིའི་རྒྱུན༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡཱ༴ ཏྭ་ཨཱཿ བདག་ནི་མི་ཤེས་གཏི་མུག་རྨོངས་པ་ཡིས༔ དམ་ཚིག་བསྲུང་མཚམས་ལ་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོ་ཁྱེད་ཀྱིས་སྐྱབས་མཛོད་ཅིག༔ གཙོ་བོ་དཔལ་ལྡན་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བརྩེ་བའི་བདག་ཉིད་ཅན༔ འགྲོ་བའི་གཙོ་བོས་བདག་སོགས་སྐྱབས་མཛོད་ཅིག༔ སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་བཅས་ཀུན༔ མ་ལུས་བྱང་ཞིང་དག་པར་མཛད་དུ་གསོལ༔ དགེ་བ་འདི་ཡིས་མྱུར་དུ་བདག་ཉིད་ཀྱང་༔ རྡོ་རྗེ་སེམས་དཔའ་དེང་འདིར་འགྲུབ་གྱུར་ནས༔ འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་མྱུར་དུ་འཁོད་པར་ཤོག༔ རྡོ་རྗེ་སེམས་དཔའ་ཁྱེད་སྐུ་ཅི་འདྲ་དང་༔ འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་༔ ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བར༔ དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག༔ དེ་ནས་མཆོད་པའི་མཎྜལ་འབུལ་བ་ནི༔ ཨོཾ་བཛྲ་བྷུ་མི་ཨ་ཧཱུྃ༔ གཞི་དབང་ཆེན་གསེར་གྱི་ས་གཞིར་གྱུར༔ ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ༔  ཕྱི་རོལ་རིན་ཆེན་ལྕགས་རིའི་ཁོར་ཡུག་གྱུར༔ དབུས་སུ་རི་རྒྱལ་རི་བོ་མཆོག་རབ་ཉིད༔ རིན་ཆེན་སྣ་ལྔ་ལས་གྲུབ་ལྷུན་ཆགས་ཤིང་༔ དབྱིབས་ལེགས་མཛེས་ཤིང་ལྟ་ན་སྡུག་པ་ལ༔ གསེར་གྱི་རི་བདུན་རོལ་མཚོ་བདུན་གྱིས་བསྐོར༔ ཤར་དུ་ལུས་འཕགས་ལྷོ་རུ་འཛམ་བུའི་གླིང་༔ ནུབ་ཏུ་བ་ལང་སྤྱོད་ཀྱི་གླིང་གིས་བརྒྱན༔ བྱང་དུ་སྒྲ་མི་སྙན་གྱི་གླིང་ཆེན་ལ༔ ལུས་དང་ལུས་འཕགས་རྔ་ཡབ་རྔ་ཡབ་གཞན༔ གཡོ་ལྡན་ལམ་མཆོག་འགྲོ་དང་སྒྲ་མི་སྙན༔ སྒྲ་མི་སྙན་གྱི་ཟླ་དང་གླིང་ཕྲན་བརྒྱད༔ ཉི་མ་ཟླ་བ་སྒྲ་གཅན་དུས་མེ་དང་༔ ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་འདི༔  བླ་མ་དཀོན་མཆོག་འཁོར་དང་བཅས་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ༔ རི་རབ་གླིང་བཅས་རྡུལ་སྙེད་མཆོད་སྤྲིན་གཏིབ༔ ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་འདི༔ བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་༔ འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་ཤོག༔ ཨོཾ་ཨཱཿཧཱུྃ༔ རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ༔ དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན༔ ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི༔ བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་༔ འགྲོ་ཀུན་ལོངས་སྐུའི་ཞིང་དུ་སྐྱེ་བར་ཤོག༔ ཨོཾ་ཨཱཿཧཱུྃ༔ སེམས་ཉིད་ཆོས་སྐུ་དག་པའི་གཞལ་ཡས་སུ༔ དམིགས་མེད་སྟོང་གསལ་མཛིན་མེད་ངང་དུ་གནས༔ གདོད་ནས་དག་པའི་གཉུག་མའི་ཡེ་ཤེས་འདི༔ བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ༔ ཐུགས་རྗེས་བརྩེ་བས་དགོངས་ཏེ་བཞེས་ནས་ཀྱང་༔ འགྲོ་ཀུན་ཆོས་སྐུའི་ཞིང་དུ་སྐྱེ་བར་ཤོག༔ ཨོཾ་ཨཱཿཧཱུྃ༔ མཉེས་བྱེད་མཎྜལ་བཟང་པོ་འདི་འབུལ་བས༔  བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་༔ དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་༔ སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་༔ ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀྐི་ནཱི་རཏྣ་མཎྜལ་ལ་པུ་ཙ་མེ་གྷ་ས་མུ་ཏྲ་སྥར་ན་ས་མ་ཡེ་ཧཱུྃ༔ ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་ནི༔ ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་༔ དྲུག་པའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང་༔ འདྲེན་པའི་གཙོ་བོ་ཐུགས་མཆོག་རྡོ་རྗེ་སེམས༔ རྒྱལ་བ་དགོངས་བརྒྱུད་རྣམས་ལ་གསོལ་བ་འདེབས༔ སྤྲུལ་པའི་སྐྱེས་མཆོག་རིག་འཛིན་དགའ་རབ་ཞབས༔ རྒྱལ་བའི་སྲས་མཆོག་གུ་རུ་ཤྲཱི་སིང་༔ རྡོ་རྗེའི་སྐུ་བརྙེས་འཆི་མེད་པདྨ་འབྱུང་༔ རིག་འཛིན་བརྡ་བརྒྱུད་རྣམས་ལ་གསོལ་བ་འདེབས༔ ཟབ་གཏེར་མངའ་བདག་ཀརྨ་གླིང་པ་དང་༔ ཐུགས་ཀྱི་སྲས་མཆོག་ཆོས་རྗེའི་མཚན་ཅན་དང་༔ སྙིགས་དུས་འགྲོ་འགོན་སུརྱ་ཙཎྜའི་ཞབས༔ གང་ཟག་སྙན་བརྒྱུད་རྣམས་ལ་གསོལ་བ་འདེབས༔ ཟབ་ཆོས་གསལ་མཛད་ནམ་མཁའི་མཚན་ཅན་དང་༔ སྨིན་གྲོལ་དོན་སྟོན་ཐུགས་རྗེའི་འོད་ཟེར་དང་༔ རང་རིག་མངོན་གྱུར་བུདྡྷ་མཾ་གའི་ཞབས༔ ཟབ་མོའི་གཏེར་བརྒྱུད་རྣམས་ལ་གསོལ་བ་འདེབས༔ སྐལ་ལྡན་སྨིན་མཛད་ཀུན་དགའ་གྲགས་པ་དང་༔ འབྲེལ་ཚད་དོན་ལྡན་ཀུན་དགའ་བསྟན་འཛིན་རྗེ༔ གནས་ལུགས་མངོན་གྱུར་བཀྲ་ཤིས་དབང་ཕྱུག་དང་༔ རིག་སྔགས་འཆང་བ་པདྨ་དབང་དྲག་དང་༔ སྤྱན་རས་གཟིགས་དབང་རྣམ་སྤྲུལ་ཆགས་མེད་ཞབས༔ སྣང་བཞི་མཐར་སོན་རྫོགས་ཆེན་པདྨའི་མཚན༔ གྲུབ་པའི་ཁྱུ་མཆོག་ནམ་མཁའ་འོད་གསལ་དང་༔ ལང་གྲོའི་ཟློས་གར་ཐེག་མཆོག་བསྟན་འཛིན་རྗེ༔ བཀའ་དྲིན་འཁོར་མེད་ཀུན་བཟང་རྣམ་པར་རྒྱལ༔ རྒྱལ་ཀུན་སྤྱི་གཟུགས་དྲིན་ཆེན་འཁོར་ལོའི་མགོན༔ རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ བརྒྱུད་ཚུལ་དྲུག་ལྡན་ཕྱོགས་མེད་བླ་མ་དང་༔ སྣང་སྟོང་དབྱེར་མེད་ཡི་དམ་ཞི་ཁྲོའི་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས༔ རྩ་གསུམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས༔ གང་ལ་གང་འདུལ་བཀའ་བརྒྱུད་བླ་མ་རྣམས༔ ཁྱེད་ཀྱི་བསྟན་པ་ཤིན་ཏུ་ཉམས་དམའ་ནས༔ དུས་འདིར་སྐྱེས་པའི་རྣལ་འབྱོར་ཡིད་ཕམ་པས༔ འགྲོ་ཀུན་འཁོར་བའི་འདམ་ནས་དྲངས་ཏུ་གསོལ༔ སྨྲེ་སྔགས་གདུངས་པའི་ང་རོས་ཁྱེད་འབོད་ན༔ སྔོན་གྱི་དམ་བཅའ་གཉན་པོ་ད་དགོངས་ལ༔ མཁའ་དབྱིངས་ཀློང་ནས་མཚན་དཔེའི་ཞལ་བསྟན་འཚལ༔ འགྲོ་ཀུན་འཁོར་བའི་འདམ་ནས་དྲངས་དུ་གསོལ༔ གྲགས་སྟོང་ཚངས་པའི་གསུང་གི་སྒྲ་སྒྲོགས་ནས༔ ཁྱེད་ཀྱི་ཐུགས་མཛོད་གཏེར་གྱི་སྒོ་ཕྱེས་ལ༔ མཁྱེན་རབ་ཐུགས་རྗེའི་འོད་ཟེར་རབ་བཀྱེས་ནས༔ འགྲོ་ཀུན་འཁོར་བའི་འདམ་ནས་དྲངས་དུ་གསོལ༔ དུས་མཐའི་འགྲོ་རྣམས་མ་ལུས་ད་སྒྲོལ་ཅིག༔ རྣམ་དག་དབང་བཞིའི་ཆུ་བོ་ད་སྐུར་ཅིག༔ ཉོན་མོངས་འཁྲུལ་པའི་རྒྱུད་བཞི་ད་སྒྲོལ་ཅིག༔ འགྲོ་ཀུན་འཁོར་བའི་འདམ་ནས་དྲངས་དུ་གསོལ༔ བདེ་གཤེགས་སྐུ་བཞིའི་འབྲས་བུ་ད་སྩོལ་ཅིག༔ མཐའ་ཡས་ཕ་མ་མཁའ་མཉམ་སེམས་ཅན་རྣམས༔ མ་ལུས་འདྲེན་པའི་བླ་མར་བདག་གྱུར་ཅིག༔ འགྲོ་ཀུན་འཁོར་བའི་འདམ་ནས་དྲངས་དུ་གསོལ༔ ཅེས་བརྒྱུད་པའི་གསོལ་འདེབས་དང་སྐུ་གསུམ་གསོལ་འདེབས་མ་སོགས་མོས་གུས་དྲག་པོའི་སྒོ་ནས་གདབ། འདོད་དོན་གསོལ་འདེབས་གང་ཤེས་བྱ། དེ་ནས་དབང་བཞི་ཞུ་བའི་དགོངས་པ་ནི༔ བླ་མ་ཡབ་ཡུམ་སྤྱི་གཙུག་ནས༔ ཨོཾ་དཀར་འོད་ཟེར་དང་བཅས་པ༔ བདག་གི་སྨིན་མཚམས་མཛོད་སྤུར་བབས༔ བུམ་དབང་ཐོབ་ནས་ལུས་སྒྲིབ་དག༔ སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ བླ་མ་ཡབ་ཡུམ་མགྲིན་པ་ནས༔ ཨཱཿདམར་འོད་ཟེར་དང་བཅས་པ༔ བདག་གི་ལྕེ་ཡི་དབང་པོར་བབས༔ གསང་དབང་ཐོབ་ནས་ངག་སྒྲིབ་དག༔ གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ བླ་མ་ཡབ་ཡུམ་ཐུགས་ཀ་ནས༔ ཧཱུྃ་མཐིང་འོད་ཟེར་དང་བཅས་པ༔ བདག་གི་སྙིང་གི་དཀྱིལ་དུ་བབས༔ ཡེ་ཤེས་དབང་ཐོབ་ཡིད་སྒྲིབ་དག༔ ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ བླ་མ་ཡབ་ཡུམ་ལྟེ་བ་ནས༔ ཧྲཱིཿལྗང་འོད་ཟེར་དང་བཅས་པ༔ བདག་གི་ལྟེ་བའི་དཀྱིལ་དུ་བབས༔ སྒོ་གསུམ་ཐ་དད་འཛིན་སྒྲིབ་དག༔ དབྱེར་མེད་ལྷན་སྐྱེས་དབང་བཞི་ཐོབ༔ དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ༔ བདག་གི་སྙིང་ཁར་པདྨའི་ཟེའུ་འབྲུ་ལ༔ འབྲལ་བ་མེད་པར་རྟག་པར་བཞུགས་ནས་ཀྱང་༔ བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་དང་༔ འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་སོགས༔ ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བར༔ དེ་འདྲར་ཁོ་ན་བདག་སོགས་འགྱུར་བར་ཤོག༔ ཅེས་པ་ལ་སོགས་བྱའོ༔ འདི་དག་ཟབ་ཆོས་དགོངས་པ་རང་གྲོལ་གྱི་སྔོན་འགྲོ་རང་རྒྱུད་སྦྱོང་བྱེད་ཀྱི་ལྷན་ཐབས་ལ་སྦྱར་ཡང་རུང་ཞིང་༔ བླ་མེད་ཐེག་པའི་ཆོས་སྤྱོད༔ གུ་རུ་སུརྱ་ཙཎྜས་ཡི་གེར་བཀོད་པ༔ དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ དགེའོ༔


no previousསྔོན་འགྲོ་རང་རྒྱུད་སྦྱོང་བྱེད། next