Nitartha Digital Library
Tibetan
བར་དོ་དྲུག་གི་སྔོན་འགྲོ་རྒྱབ་ཆོས་དང་བཅས་པ།


   
   
   
   
   
   
   
   
   
རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   


 
previousརྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ།next

རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི༔ རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཡིག་ལས་སྤྱི་དོན་གཉིས་པ་རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔

སྤྱི་དོན་གཉིས་པ་རྨི་ལམ་བར་དོའི་ཁྲིད་ལའང་གསུམ་སྟེ༔ བག་ཆགས་མཚམས་སྦྱོར་ཞིང་འོད་གསལ་ལམ་དུ་ཁྱེར་བ་མུན་ཁང་ལ་སྒྲོན་མེ་བཏེགས་པ་ལྟ་བུའི་གདམས་ངག༔ ཉིན་པར་སྒྱུ་ལུས་ཀྱི་ཁྲིད་སྣང་བ་རང་གྲོལ་དང་༔ ནུབ་མོ་རྨི་ལམ་གྱི་ཁྲིད་འཁྲུལ་བ་རང་གྲོལ་དང་༔ རྗེས་འོད་གསལ་གྱི་ཁྲིད་གཏི་མུག་རང་གྲོལ་ལོ༔ དང་པོ་སྒྱུ་ལུས་ཀྱི་ཁྲིད་ལའང་གཉིས་ཏེ༔ མ་དག་པའི་སྒྱུ་ལུས་དང་༔ དག་པའི་སྒྱུ་ལུས་སོ༔ མ་དག་པའི་སྒྱུ་ལུས་ནི༔ དབེན་པའི་གནས་སུ༔ སྟན་བདེ་བ་ལ་འདུག་སྟེ༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ༔ དེའི་ཆེད་དུ་བདག་གིས་སྒྱུ་ལུས་སྣང་བ་རང་གྲོལ་གྱི་ཁྲིད་བསྒོམ་པར་བྱ་སྙམ་དུ་སེམས་བསྐྱེད༔ དེ་ནས༔ བདག་གི་སྒྱུ་ལུས་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ༔ སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་བ་གདབ་བོ༔ འདི་ལྟར་གྱི་སྣང་བ་ཐམས་ཅད་མེད་པ་ལ་ཡོད་པར་སྣང་བས༔ དཀར་དམར་སྣ་ཚོགས་སུ་གྲུབ་པ༔ མི་རྟག་པ་ལ་རྟག་པར་འཛིན་པ༔ མི་བདེན་པ་ལ་བདེན་པར་འཛིན་པ༔ འགྲོ་བ་རྣམས་འཆིང་བའི་རྒྱུ་འདི༔ སྒྱུ་མ་ལྟ་བུ་ཡིན་ཞེས་གསུངས་འདུག་ཀྱང་༔ འཁྲུལ་སྣང་བདེན་འཛིན་གྱི་དུས་འདིར༔ ད་ལྟར་སྣང་བ་བདེན་པར་སྣང་བ༔ འདི་རྣམས་དང་པོར་དངོས་པོ་མེད་པ་ལས་རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ། བྱུང་བས༔ ད་ལྟ་ཡང་མེད་བཞིན་དུ་སྣང་བ༔ ཐ་མར་ཡང་ཅིར་ཡང་མེད་པར་འགྲོ་ཞིང་༔ རྟག་བརྟན་ཐེར་ཟུག་ཏུ་གྲུབ་པ་མེད་པ་འདི་དག་རང་བཞིན་མེད་པས༔ སྒྱུ་མ་ལྟ་བུ་ཡིན་སྙམ་དུ་བསམ་ཞིང་༔ དེ་ནས་རང་གི་མདུན་དུ་ཤིང་ཁྲུ་གང་བ་ཙམ་གཅིག་ལ༔ མེ་ལོང་ཤིན་ཏུ་གསལ་བ་གཅིག་བཏགས་ལ༔ རང་ཁྲུས་དང་རྒྱན་གྱིས་སྤྲས་པའི་གཟུགས་མེ་ལོང་དུ་འཆར་བ་ལ་བལྟ་ཞིང་༔ དེ་ལ་བསྟོད་པ་ལ་སོགས་པ་བྱ་ཞིང་༔ དགའ་མི་དགའི་སེམས་ཨེ་འདུག་བལྟ༔ འདུག་ན༔ རང་གིས་རང་ལ༔ རེ་སྡུག༔ མེ་ལོང་གི་གཟུགས་བརྙན་འདྲ་བའི་ལུས་འདི༔ བསྟོད་པས་དགའ་བ་སྐྱེ་བ་ཁྱོད་རེ་འཁྲུལ༔ ལུས་འདི་ནི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ལྟར་སྣང་ཙམ་ལས༔ དོན་ལ་ཡོད་མ་མྱོང་བས༔ བདག་ཏུ་འཛིན་ཅིང་དགའ་བ་ཅི་ལ་བྱེད༔ སྙམ་དུ་བསམ་ཞིང་མེ་ལོང་གཟུགས་བརྙན་གྱི་ལུས་དེ་ཡུན་རིང་དུ་བསྒོམ༔ ཡང་སྨད་པ་དང་སྐྱོན་མཚང་དུ་མ་བརྗོད་ལ༔ མི་དགའ་བ་འདུག་གམ་བལྟ༔ འདུག་ན་བསྟོད་སྨད་ཐམས་ཅད་ནི་བྲག་ཆ་དང་འདྲ་ཞིང་ལུས་ལ་སྙིང་པོ་མེད་པས༔ དགའ་མི་དགའི་འདུ་ཤེས་སྐྱེ་བ་འཁྲུལ་སྙམ་དུ་བསམ་ཞིང་༔ མེ་ལོང་གི་གཟུགས་བརྙན་དེ་བློ་ཡུལ་དུ་གསལ་བར་བསྒོམ༔ བསྟོད་སྨད་གཉིས་རེས་མོས་བྱ་ཞིང་རོ་སྙོམས་མོ༔ ཐུན་གཅིག་གོ༔ དེ་ནས་ངག་བྲག་ཆ་ལྟར་སྦྱང་བ་ནི༔ བྲག་ཆ་ཡོད་པའི་གནས་སུ་གྲོགས་མེད་པར་ཕྱིན་ལ༔ ལེགས་ཉེས་བཟང་ངན་གྱི་སྐད་ཆེན་པོ་བརྗོད་པས༔ ཚུར་ལན་མོ་བྱུང་བ་དང་༔ བྲག་ཆའི་སྒྲ་དེ་ལ་གྲགས་སྟོང་འཛིན་པ་མེད་པ་ལྟར༔ རང་གི་ངག་ཀྱང་བྲག་ཆ་ལྟར་སྦྱོང་ངོ་༔ ཡིད་སྨིག་རྒྱུ་ལྟར་སྦྱང་བ་ནི༔ སྨིག་རྒྱུ་ལ་ལྟ་བའམ་བསྒོམ་ཞིང་བཙལ་བས་མ་རྙེད་པ་ལྟར༔ ཡིད་གཡོ་བའི་རྟོག་ཚོགས་ཐམས་ཅད་ཀྱང་སྨིག་རྒྱུ་ལྟར་རང་བཞིན་མེད་པར་སྦྱང་༔ ཐུན་གཉིས་པའོ༔ དེ་ནས་མེ་ལོང་གི་གཟུགས་བརྙན་དེ་རང་གི་ལུས་ལ་བསྟིམ་ལ༔ ལུས་སྣང་ལ་རང་བཞིན་མེད་པར་བསྒོམ་ཞིང་༔ སྐབས་སུ་འདི་ལྟར་བསམ་སྟེ༔ བཅོམ་ལྡན་འདས་ཐུབ་པ་ཆེན་པོས༔ ཆོས་ཐམས་ཅད་སྒྱུ་མའི་དཔེ་བཅུར་གསུངས་ཏེ༔ འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ༔ སྨིག་རྒྱུ་ལྟ་བུ༔ རྨི་ལམ་ལྟ་བུ༔ གཟུགས་བརྙན་ལྟ་བུ༔ དྲི་ཟའི་གྲོང་ཁྱེར་ལྟ་བུ༔ བྲག་ཆ་ལྟ་བུ༔ ཆུ་ཟླ་ལྟ་བུ༔ ཆུ་བུར་ལྟ་བུ༔ མིག་ཡོར་ལྟ་བུ༔ སྤྲུལ་པ་ལྟ་བུ་ཡིན་ཏེ༔ བདེན་པར་གྲུབ་པ་མེད་སྙམ་དུ་བསམ༔ སྐབས་སུ་གྲོགས་ཡོད་ན་དངོས་སུ་སྨྲ་བཅུག་པའམ༔ མེད་ན་ཡིད་ཀྱིས༔ རང་ལ་བསྟོད་པ་དང་བཀུར་སྟི་མང་པོ་བྱེད་པར་བསྒོམ༔ དགའ་བའི་རྟོག་པ་སྐྱེས་ན་བདེན་མེད་དུ་རོ་སྙོམས༔ ཡང་༔ སྨད་པ་དང་༔ འཕྲོག་བཅོམ་བརྡུང་བཙོག་བྱེད་པར་བསྒོམ༔ མི་དགའ་བ་སྐྱེས་ན་བདེན་མེད་དུ་རོ་སྙོམས་ཤིང་༔ མེ་ལོང་གི་གཟུགས་བརྙན་ལ་བསྟོད་སྨད་བྱེད་པ་དང་ཁྱད་པར་མེད་པར་བསྒོམ་ཞིང་རོ་སྙོམས༔ དངོས་སུ་ཡང་བསྟོད་སྨད་ཀྱི་བྱ་བ་བྱུང་དུས༔ མེ་ལོང་གི་གཟུགས་བརྙན་ལྟར་རོ་སྙོམས༔ གལ་ཏེ་ཆགས་སྡང་སྐྱེས་ན༔ གོང་གི་དམིགས་པ་ལ་ཡུན་རིང་དུ་སྦྱང་ངོ་༔ དེ་ལྟར་ཆོས་བརྒྱད་ཐམས་ཅད་སྒྱུ་མའི་དཔེ་བཅུ་དང་འདྲ་བར་རྒྱུད་ལ་སྐྱེས་ན༔ མ་དག་པའི་སྒྱུ་ལུས་འབྱོངས་པའོ༔ ཐུན་གསུམ་པའོ༔ གཉིས་པ་དག་པའི་སྒྱུ་ལུས་སྦྱང་བ་ནི༔ སེམས་བསྐྱཻད་གོང་ལྟར་བྱས་ཏེ༔ ལུས་སྐྱིལ་ཀྲུང་གིས་འདུག་ལ༔ བླ་མ་ཁྲིའི་སྟེང་དུ་རང་གི་ཡི་དམ་མམ༔ རྡོ་རྗེ་སེམས་དཔའི་ཆ་ལུགས་རྒྱན་དྲུག་གིས་སྤྲས་ཏེ་བཞུགས་ལ༔ སློབ་མ་རྣམས་ཤེལ་མིག་ལ་སྦྱར་ལ༔ རྡོ་རྗེ་སེམས་དཔའི་སྐུ་ལ་བལྟས་པས༔ འཇའ་འོད་སྣ་ལྔ་ལས་གྲུབ་པའི་རྡོ་རྗེ་སེམས་དཔའི་སྐུ་གཉིས་བརྩེགས་གསུམ་བརྩེགས་ལ་སོགས་པ་འཆར་རོ༔ སྣང་ལ་རང་བཞིན་མེད་པའི་སྐུ་དེ་བློ་ཡུལ་དུ་ལམ་མེ་བསྒོམ་མོ༔ ཐུན་བཞི་པའོ༔ དེ་ནས་ལྷ་སྐུ་སྣང་ལ་རང་བཞིན་མེད་པའི་སྐུ་དེ་ཡང་༔ བློ་ཡུལ་དུ་གསལ་བར་བྱུང་བ་དང་༔ རང་གི་ལུས་ལ་བསྟིམ་ཞིང་༔ རང་རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ། ལུས་དེ་ལྟར་གསལ་བར་འབྱོངས་པ་དང་༔ སྣོད་བཅུད་ཐམས་ཅད་དེ་ལྟར་བསྒོམ་ཞིང་གསལ་བར་འབྱོངས་ཙམ་ན༔ དག་པའི་སྒྱུ་ལུས་འབྱོངས་པ་ཡིན་ཏེ༔ བར་དོར་ཞི་ཁྲོའི་སྐུ་ཤར་བའི་དུས་སུ་གྲོལ་བར་ཐག་ཆོད་པས༔ སྐྱེ་གནས་བར་དོའི་ཉམས་ལེན་གྱི་དངོས་གཞི་ཡང་འདི་ཁོ་ན་ཡིན་ལ༔ རྨི་ལམ་བར་དོ་དང་ཆོས་ཉིད་བར་དོའི་སྔོན་འགྲོ་ནི་འདི་ཁོ་ན་ལ་རག་ལས་པས༔ ཤིན་ཏུ་འབད་པར་བྱའོ༔ མ་དག་པའི་སྒྱུ་ལུས་ནི༔ སྲིད་པ་བར་དོའི་སྔོན་འགྲོར་ཡང་གཅེས་པས༔ སྒྱུ་ལུས་གཉིས་པོ་འདི་བར་དོའི་ཉམས་ལེན་དངོས་གཞིའོ༔ སྒྱུ་ལུས་ཞེན་པ་རང་གྲོལ་གྱི་ཁྲིད༔ ས་མ་ཡ༔ དེ་ནས་མཚན་མོའི་ཁྲིད་རྨི་ལམ་འཁྲུལ་བ་རང་གྲོལ་གྱི་ཁྲིད་ལ་གསུམ་སྟེ༔ རྨི་ལམ་བཟུང་བ༔ སྤྲུལ་ཞིང་བསྒྱུར་བ༔ རྨི་ལམ་གྱི་གེགས་བསལ་བའོ༔ དང་པོ་རྨི་ལམ་བཟུང་བ་ནི༔ རྨི་ལམ་བག་ཆགས་ཁྲིད་པ་ཡིན་པས༔ ཉིན་པར་གྱི་སྣང་བ་ཐམས་ཅད་རྨི་ལམ་ལྟ་བུ༔ སྒྱུ་མ་ལྟ་བུར་སྦྱང་བར་བྱ་སྟེ༔ ཕར་ཕྱིན་ལས༔ ཆོས་རྣམས་ཐམས་ཅད་རྨི་ལམ་ལྟ་བུ༔ སྒྱུ་མ་ལྟ་བུའོ༔ ཞེས་གསུངས་པ་ལྟར་ཁོང་དུ་ཆུད་པར་བྱ་ཞིང་༔ ཁྱད་པར་དུ༔ ཉིན་སྣང་སྒྱུ་ལུས་ཀྱི་ཁྲིད་ལ་སྦྱང་བ་གཅེས་ཤིང་༔ འདིའི་སྐབས་སུ༔ ཡུལ་དང་གྲོང་ཁྱེར་ཁང་ཁྱིམ༔ གྲོགས་དང་གླེང་བརྗོད་བྱ་བྱེད་ཐམས་ཅད་རྨི་ལམ་ཡིན་ནོ་སྙམ་པའི་འདུན་པ་དྲག་པོ་བྱ༔ ངག་ཏུ་ཡང་རྨི་ལམ་ཡིན་རྨི་ལམ་ཡིན་ཞེས་བརྗོད་ཅིང་༔ རྨི་ལམ་རང་ཡིན་ནོ་སྙམ་པའི་འདུན་པ་དྲག་པོ་རྒྱུན་ཆགས་སུ་བྱའོ༔ དེ་ནས་སྲོད་ལ་ཉལ་བའི་དུས་སུ་ཡང་༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཉམས་སུ་བླངས་ནས༔ རྫོགས་པའི་སངས་རྒྱས་ཐོབ་པར་བྱ༔ དེའི་ཆེད་དུ་རྨི་ལམ་སྦྱང་སྙམ་དུ་སེམས་བསྐྱེད་ཅིང་༔ དེ་ནས་ཉལ་བའི་དུས་སུ༔ གཞོགས་གཡས་པ་ས་ལ་ཕབ༔ མགོ་བྱང་དུ་བསྟན༔ ལག་པ་གཡས་ཀྱིས་འགྲམ་པ་སྐྱོར༔ གཡོན་པ་དཔྱིའི་སྟེང་དུ་བཞག་ལ༔ ལུས་ཡི་དམ་དུ་གསལ་ན་བསྒོམ༔ མ་གསལ་ན་ཡིན་ནོ་སྙམ་པའི་ང་རྒྱལ་བྱ༔ སྔས་སུ་རྩ་བའི་བླ་མ་བཞུགས་པ་དེའི་པང་དུ་མགོ་བཞག་པར་བསམ་ལ༔ རང་གི་མགྲིན་པར་ཨོ་རྒྱན་པདྨ་ཚོན་གང་བ་འཛུམ་མདངས་ཅན༔ སྣང་ལ་རང་བཞིན་མེད་པ་གཅིག་ཡེ་རེ་བ་ལ་སེམས་གཏད་དེ༔ རྨི་ལམ་ཟིན་པར་བྱིན་གྱིས་བརླབ་ཏུ་གསོལ༔ རྨི་ལམ་རྨི་ལམ་དུ་ངོ་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་བ་ཡིད་ཀྱིས་བཏབ་ལ༔ སེང་གེའི་ཉལ་སྟབས་བྱ་སྟེ་རྨི་ལམ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་དྲག་པོའི་ངང་ནས༔ རྟོག་པ་གཞན་གྱིས་བར་མ་ཆོད་པར་གཉིད་དུ་འགྲོ་བར་བྱའོ༔ དེས་ལན་གཅིག་ལ་མ་ཟིན་ནའང་༔ ལན་མང་དུ་བསྐྱར་ཞིང་འདུན་པ་དྲག་པོས་ནན་ཏན་བྱའོ༔ ནངས་པར་གཉིད་སད་པ་དང་༔ མདངས་རྨི་ལམ་དེ་ཙམ་ཞིག་རྨིས་པ་ཐམས་ཅད་སད་པའི་དུས་ན་གཅིག་ཀྱང་མི་འདུག་པ༔ དེ་དང་འདྲ་བ༔ དེ་རིང་གི་ཉིན་སྣང་འདི་རྣམས་ཐམས་ཅད་དོ་ནུབ་རྨི་ལམ་ཤར་བ་དང་༔ ཁྱད་གཅིག་ཀྱང་མེད་དེ་༔ ཉིན་མཚན་གཉིས་ཀ་རྨི་ལམ་ལ་ཁྱད་མི་འདུག་པས༔ སྒྱུ་མ་ཡིན༔ རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་པོ་ཧུ་རེ་བ་བྱ༔ ཐུན་གཅིག་པའོ༔ དེ་ལ་ལན་མང་དུ་སྦྱངས་ཀྱང་མ་ཟིན་ན༔ ཡང་གཞན་སྔར་དང་འདྲ་བ་ལས༔ རང་ཉིད་ཡི་དམ་དཔའ་བོ་གཅིག་པར་བསྒོམས་པའི་མགྲིན་པར་ཡང་ཡི་དམ་ཚོན་གང་བ་གསལ་ཡེ་རེ་བ་ལ་ཤེས་པ་དྲག་པོ་གཏད་པས༔ རྨི་ལམ་རྨི་ལམ་དུ་ཤེས་པར་བྱའོ་སྙམ་པའི་འདུན་པས་གཉིད་ལོག་གཽ༔ ཐུན་གཉིས་པའོ༔ དེ་ལ་ཡང་ཟིན་པར་དཀའ་ན༔ མགྲིན་པར་པདྨ་འདབ་བཞི་གསལ་བའི་དབུས་སུ་ཨོཾ༔ མདུན་དུ་ཨཱ༔ གཡས་སུ་ནུ༔ རྒྱབ་ཏུ་ཏ༔ གཡོན་ཏུ་ར་བཞི་བསྒོམས་ལ༔ དང་པོར་དབུས་ཀྱི་ཨོཾ་ལ་འདུན་པ་གཏད༔ དེ་ནས་གཉིད་ཐམ་ཐུམ་ལ༔ མདུན་གྱི་ཨཱ༔ ལ་རིག་པ་གཏད༔ གཉིད་ཟིམ་འགྲོ་བ་དང་༔ གཡས་ཀྱི་ནུ་ལ་གཏད༔ གཉིད་ཆེར་ཡུར་རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ། ཙ་ན་རྒྱབ་ཀྱི་ཏ་ལ་གཏད༔ གཉིད་དུ་ཧྲུལ་འགྲོ་ཙ་ན༔ གཡོན་གྱི་ར་ལ་གཏད༔ གཉིད་ཀྱི་དུས་སུ་དབུས་ཀྱི་ཨོཾ་ལ་འདུན་པ་གཏད༔ རྨི་ལམ་གྱི་འདུན་པ་དང་བཅས་པས་རྟོག་པ་གཞན་གྱིས་བར་མ་ཆོད་པར་གཉིད་པས༔ རྨི་ལམ་ཟིན་ནོ༔ ཐུན་གསུམ་པའོ༔ ཡིག་འབྲུ་མི་གསལ་ཞིང་དེ་ལ་ཡང་མ་ཟིན་ན༔ ཡང་མགྲིན་པར་འོད་ཀྱི་ཐིག་ལེ་གསལ་ཡེ་རེ་བ་ལ་དམིགས་པ་གཏད་ཅིང་༔ རྨི་ལམ་གྱི་འདུན་པས་གཉིད་ལོག་པས་ཟིན་ནོ༔ ཐུན་བཞི་པའོ༔ དམིགས་པ་དེ་རྣམས་རེས་མོས་སུ་བསྒོམ་ཞིང་ཉིན་སྣང་རྨི་ལམ་གྱི་འདུན་པ་དྲག་པོ་སྦྱངས་པས༔ ཐ་མ་ཡང་ཟླ་བ་གཅིག་ཚུན་ཆད་ལ་ཟིན་ནོ༔ དེའང་དང་པོར་རྨི་ལམ་མང་དུ་འགྲོ༔ དེ་ནས་གསལ་དུ་འགྲོ༔ དེ་ནས་ཟིན་པར་འགྱུར་རོ༔ དེའང་འཇིགས་སྐྲག་གི་རྐྱེན་གཅིག་ལ་བརྟེན་ནས༔ རྨི་ལམ་ཡིན་སྙམ་དུ་ངོས་ཟིན་པར་སླ༔ རང་ཤུགས་སུ་ཟིན་པར་དཀའ་སྟེ༔ ཟིན་ན་བརྟན་པ་ཡིན་ནོ༔ དེ་རྣམས་གང་ལ་ཡང་མ་ཟིན་ན༔ དམ་ཚིག་ལ་སེལ་ཡོད་པ་ཡིན་པས༔ སྐྱབས་འགྲོ་སེམས་བསྐྱེད༔ བསྐངས་བཤགས་ཡིག་བརྒྱ༔ ཚོགས་འཁོར་ལ་འབད༔ གྲིབ་ལ་འཛེམ་ཞིང་སྔར་བཞིན་བསྒོམས་པས་ཟླ་བ་གཉིས་གསུམ་ཙམ་ལ་ཟིན་ནོ༔ དེའང་ནམ་བཟུང་དུ་ཟིན་པར་གྱུར་པ་དང་༔ དེ་ནས་རྨི་ལམ་སྤྲུལ་བསྒྱུར་ལ་བསླབ་པ་ནི༔ རྨི་ལམ་ཟིན་པའི་དུས་སུ༔ ད་ལྟ་རྨི་ལམ་གྱི་དུས་ཡིན་པས༔ གང་དུའང་བསྒྱུར་དུ་རུང་སྙམ་དུ༔ རྨི་ལམ་དུ་འདྲེའི་ཆོ་འཕྲུལ་སྤྲེའུ་ལ་སོགས་པའམ༔ མི་ཁྱི་ལ་སོགས་པ་གང་བྱུང་བ་དེ༔ ཡི་དམ་གྱི་ལྷར་བསྒོམ་པས་དེར་འགྱུར་རོ༔ དེ་མང་དུ་སྤྲུལ་ཞིང་གང་འདོད་པ་དེར་བསྒྱུར་བ་ལ་བསླབ་པའོ༔ ཐུན་ལྔ་པའོ༔ ཡང་རྨི་ལམ་ཟིན་པའི་ཚེ༔ ཤར་མངོན་པར་དགའ་བའམ༔ ནུབ་ཕྱོགས་ཨོ་རྒྱན་གྱི་ཞིང་དུ་འགྲོ་བའི་འདུན་པ་དྲག་པོ་གཏད་པས༔ དེར་འགྲོ་ཞིང་ཆོས་ཞུ་ནུས་པ་དང་༔ གདོན་གྱི་ཆོ་འཕྲུལ་ལ་ཁྱུང་ལ་སོགས་པའམ་རྟ་མགྲིན་ལ་སོགས་པར་སྤྲུལ་ནས་བཏུལ་པ་ལ་སོགས་པ་གང་འདོད་དུ་སྤྲུལ་ཞིང་བསྒྱུར་བ་ལ་སྦྱང་ངོ་༔ གཞན་ཡང་མང་པོ་གཅིག་ཏུ་བསྡུ༔ གཅིག་མང་པོ་ལ་སྤེལ་བ་ལ་སོགས་ལ་སྦྱོང་ངོ་༔ ཐུན་དྲུག་པའོ༔ དེ་ནས་རྨི་ལམ་ཐོག་རྫིས་ལ་བསླབ་པ་ནི༔ རྨི་ལམ་ཟིན་པ་དང་༔ ཆུ་ཆེན་པོའ་ིའགྲམ་དུ་ཕྱིན་པ་ལ༔ བདག་རྨི་ལམ་ཡིད་ཀྱི་ལུས་ཡིན་པས༔ ཆུ་ཡིས་ཁྱེར་བ་མེད་སྙམ་དུ་བསམ་ལ་ཆུར་མཆོངས་པས་ཆུས་ཁྱེར་བ་མེད་པར་བདེ་སྟོང་དུ་ཕྲིལ་ཕྲིལ་འཆར་རོ༔ དང་པོར་བདག་འཛིན་གྱི་ཞེན་པས་ཅུང་ཟད་མི་ཕོད་དེ༔ གོམས་ནས་ཡ་ང་བག་ཚ་མི་འབྱུང་ངོ་༔ དེ་བཞིན་དུ༔ མེ་དང་༔ གད་གཡང་དང་༔ གཅན་གཟན་ལ་སོགས་པ་ཐམས་ཅད་ལ༔ དེའི་ཐོག་རྫིས་བྱས་པས༔ ཡ་ང་བ་ཐམས་ཅད་ཏིང་ངེ་འཛིན་དུ་འཆར་རོ༔ དེ་ཐམས་ཅད་ཀྱི་གནད་ཉིན་སྣང་སྒྱུ་ལུས་ལ་སྦྱང་ཞིང་༔ རྨི་ལམ་གྱི་འདུན་པ་དྲག་པོ་བྱ་གཉིད་ཁར་མགྲིན་པར་བླ་མའམ་ཡི་དམ༔ ཡིག་འབྲུ༔ ཐིག་ལེ་གང་ལ་ངོས་ཟིན་པ་དེ་ལ་དམིགས་པ་གཏད་པ་གལ་ཆེ་ཞིང་༔ བག་ཆགས་ཀྱི་བར་མ་ཆོད་པ་གཅེས་སོ༔ ཐུན་བདུན་པའོ༔ རྗེས་སུ་རྨི་ལམ་གྱི་གེགས་བསལ་བ་ལ་བཞི་སྟེ༔ སད་འབྱམས༔ བརྗེད་འབྱམས༔ འཁྲུལ་འབྱམས༔ སྟོང་འབྱམས་དང་བཞིའོ༔ དང་པོ་སད་འབྱམས་ནི༔ ལས་དང་པོ་བས༔ རྨི་ལམ་ཡིན་སྙམ་ནས༔ ངོས་ཟིན་མ་ཐག༔ གཉིད་སད་པ་ལ་འབྱམས་པའོ༔ དེ་བསལ་བ་ནི༔ དམིགས་པ་སྙིང་ཁ་མན་ཆད་ལ་བཟུང་ཞིང་༔ རྐང་མཐིལ་གཉིས་སུ་མུན་པའི་ཡི་གེ་ཞེས་བྱ་བ༔ ཐིག་ལེ་ནག་པོ་སྲན་མའི་རྡོག་མ་ཙམ་ལ་སེམས་གཏད་དེ་གཉིད་པས་སེལ་ལོ༔ གཉིས་པ་བརྗེད་འབྱམས་ནི༔ རྨི་ལམ་ཟིན་པ་དང་༔ ཡང་དེ་ཀ་ལ་འཁྲུལ་ཞིང་༔ རྨི་ལམ་རང་ཁ་མར་འགྲོ་བའོ༔ དེ་བསལ་བ་ནི༔ ཉིན་པར་སྒྱུ་ལུས་སྦྱང་ཞིང་རྨི་ལམ་གྱི་འདུན་པ་ལ་གོམས་པར་བྱ༔ གཉིད་དུ་འགྲོ་ཁར་ཡང་༔ རྨི་ལམ་རྨི་ལམ་དུ་ཤེས་ཤིང་མ་འཁྲུལ་བར་བྱ་སྙམ་པའི་འདུན་པས་གཉིད་ལོག་རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ། ཅིང་༔ རྨི་ལམ་ཟིན་དུས་ཀྱང་མ་འཁྲུལ་བར་བྱ་སྙམ་པའི་དྲན་པ་བརྟན་པོ་བྱས་པས་སེལ་ལོ༔ གསུམ་པ་འཁྲུལ་འབྱམས་ནི༔ བག་ཆགས་ངན་པའི་འཁྲུལ་སྣང་ཁོ་ན་རྨི་ཞིང་འབྱམས་ནས་ཡེ་མ་ཟིན་ན༔ ཉིན་པར་རྨི་ལམ་གྱི་འདུན་པ་དྲག་པོ་དང་༔ སྒྱུ་ལུས་ནན་ཆེར་སྦྱང་༔ སྒྲིབ་སྦྱང་༔ བསྐང་བཤགས༔ ཚོགས་བསགས་ལ་འབད༔ རླུང་སྲོག་རྩོལ་དྲག་ཏུ་བསྒོམས་ཤིང་གཉུག་བསྲིངས་བས་སེལ་ལོ༔ བཞི་པ་སྟོང་འབྱམས་ནི༔ འདུན་པ་དྲག་པོས་གཉིད་ཡར་ཏེ་ཤེས་པ་གཏིང་ནས་གཉིད་མི་ཕེབས་པར་འབྱམས་ན༔ དེ་བསལ་བ་ནི༔ སྙིང་གི་དཀྱིལ་དུ་ཐིག་ལེ་ནག་པོ་ཞིག་བསམ་སྟེ༔ འདུན་པ་མི་དྲག་ཙམ་ཡུད་དེ་བ་ལ་གཉིད་ལ༔ མི་བསྒོམ་པར་ཀློད་པས༔ གཉིད་ཕེབས་པ་དང་༔ ཟིན་པར་འགྱུར་རོ༔ གཞན་ཡང་དྲེད་འབྱམས་ཀྱི་གེགས་ཞེས་བྱ་བ་ནི༔ དང་པོ་སྐྱོ་ཤས་ངེས་འབྱུང་གིས་རི་ཁྲོད་ལ་སོགས་ལ་སྒྲུབ་པ་ཅུང་ཟད་རེ་ཡང་བྱས༔ རྨི་ལམ་ཡང་ཟིན་ནས་ཡོད་པ་ལ༔ རྗེས་སུ་འདོད་ཡོན་གྱི་འཁྲི་བ་མ་ཆོད་ནས་འདུ་འཛི་ལ་གཡེངས་བས༔ ཇེ་ཞན་ལ་ཐ་མལ་དུ་ཁྲེས་ཀྱིས་སོང་ནས༔ དྲེད་པོ་ཆོས་རྒྱུས་མཁན༔ གཞན་གྱིས་ཆོས་དང་ཉམས་ལེན་གང་བྱེད་པ་ཐམས་ཅད་ལ་དག་སྣང་མི་སྐྱེ་བར༔ རང་ཉམས་ལ་མཇལ་ཞིང་དེ་ཙམ་གཅིག་དང་རང་གིས་ཀྱང་བྱས་ཏེ་ད་ལྟ་འདི་འདྲ་རེད༔ གཞན་ཡང་དེ་དང་འདྲ་སྙམ་ནས་དྲེད་པོར་འབྱམས་པའོ༔ དེ་སེལ་བ་ནི༔ དལ་འབྱོར་རྙེད་དཀའ་བ༔ འཆི་བ་མི་རྟག་པ་བསྒོམ་པ༔ འཁོར་བའི་ཉེས་དམིགས་བསྒོམ་པ་གཙོ་ཆེར་བྱས་ལ་ཚཻ་འདི་བློས་བཏང་ཞིང་༔ རི་ཁྲོད་ལ་སོགས་དབེན་པར་རྩེ་གཅིག་ཏུ་སྒྲུབ་པ་ལ་འབད་པས༔ སྔར་གྱི་ཉམས་རྟོགས་སོར་ཆུད་ནས་རྨི་ལམ་ཡང་ཟིན་པར་འགྱུར་རོ༔ གཞན་ཡང་བླ་མ་ལ་མོས་གུས་མེད་ན་རྨི་ལམ་མི་ཟིན༔ དམ་ཚིག་ཉམས་ན་མི་ཟིན༔ གོམས་པ་ཆུང་ན་མི་ཟིན༔ གདམས་པའི་གནད་མེད་ན་མི་ཟིན་པས༔ དེའི་བཅོས་ཐབས་ཤེས་པར་བྱའོ༔ དེ་ཡང་རྨི་ལམ་བར་དོ་འདི་བྱང་ན༔ ཆོས་ཉིད་དང་སྲིད་པ་བར་དོ་ཡང་༔ རྨི་ལམ་དང་འདྲ་བས་བར་དོ་ཟིན་པར་གསུངས་སོ༔ དེ་ཡང་རྨི་ལམ་ལན་བདུན་ཟིན་ན་བར་དོ་ངོས་ཟིན་པར་གསུངས་སོ༔ རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ་ཞེས་བྱ་བ༔ ས་མ་ཡ༔ དེ་ནས་རྨི་ལམ་བརྟན་པར་གྱུར་པ་དང་༔ རྨི་ལམ་འོད་གསལ་དུ་བསྒྱུར་བའི་ཁྲིད་གཏི་མུག་རང་གྲོལ་ལ་བསླབ་པ་ནི༔ ཟླ་བ་གཅིག་གི་བར་དུ་མཚམས་དམ་དུ་བཅད་ཅིང་གྲིབ་མ་ལ་འདུག༔ ཟས་བཟང་ཞིང་བཅུད་ཆེ་བ་ཟ༔ བསྐུ་མཉེ་ལ་སོགས་པ་བྱའོ༔ དེ་ནས་ཚེས་གཅིག་ནས་གསུམ་གྱི་བར་དུ་གཉིད་བཅག་ལ༔ དེ་ནས་བཅོ་ལྔའི་བར་དུ༔ མཚན་ཐུབ་པའི་མར་མེ་ཚིལ་ཆེན་བཞུས་པ་བལྟམས༔ བླ་མ་ཡི་དམ་མཁའ་འགྲོ་ལ་ཚོགས་འཁོར་འབུལ༔ མི་ཤས་བརྒྱན་པའི་གཏོར་མ་བཤམས༔ གྲོགས་ཉམས་མྱོང་ཡོད་པ་གཅིག་ཀྱང་རྩར་བཞག་གོ༔ དེ་ནས་དངོས་གཞི་ལ༔ ཐོག་མར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ༔ དེའི་ཆེད་དུ་འོད་གསལ་གཏི་མུག་རང་གྲོལ་བསྒོམ་པར་བྱ་སྙམ་དུ་སེམས་བསྐྱེད༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཏི་མུག་འོད་གསལ་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ༔ འོད་གསལ་ཟིན་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་གསོལ་བ་བཏབ་པས༔ མགོ་བྱང་དུ་བསྟན་ལ་སེང་གེའི་ཉལ་སྟབས་ཀྱིས་ཉལ་ལ༔ རླུང་ཅུང་ཟད་བཟུང་ལ་མགྲིན་པར་དགུག༔ མིག་གྱེན་ལ་ཧྲིག་གེ་བལྟ༔ སྙིང་གར་ཐིག་ལེ་དཀར་པོ་འོད་ཀྱི་རྣམ་པ་ཅན་གཅིག་ཡེ་རེ་གསལ་བ་ལ་དམིགས་པ་གཏད་དེ༔ རིག་པ་གསལ་ཡེ་རེ་བ༔ འོད་གསལ་གྱི་ངང་ལ་གཉིད་དུ་སོང་བ་དང་༔ རྨི་ལམ་དུ་སེམས་འོད་གསལ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ༔ གསལ་སྟོང་བློ་བྲལ་དུ་འཆར་རོ༔ དེ་ཡང་དབང་པོ་རབ་ནི༔ ད་ལྟའི་རིག་པ་རྗེན་པར་ངོ་འཕྲོད་པའི་གང་ཟག་རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ། དེ༔ ད་ལྟའི་རྟོག་པ་གཉིད་འཐུམ་པོ་ལ་འགྲོ་བ་འོད་གསལ་ཞེས་བྱ་སྟེ༔ དེ་ནི་འཆི་ཁའི་དུས་སུ༔ བར་དོ་གཞིའི་འོད་གསལ་འཇག་མའི་སྲིན་བུ་ཡན་ཆད་ལ་འཆར་བས༔ དེའི་དུས་སུ་མ་པང་དུ་བུ་རྒྱུག་པ་ལྟར་ངོ་འཕྲོད་པར་འགྱུར་ཏེ༔ སྐད་ཅིག་གི་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་པ་ལ་ཐེ་ཚོམ་མེད་པས༔ བར་དོ་དྲུག་གི་ནང་ན་འདི་ཁོ་ན་གཅེས་སོ༔ འདི་ངོ་འཕྲོད་པར་བྱེད་པ་ལ་སྐྱེ་གནས་བར་དོར་རིག་པ་ངོ་འཕྲོད་པ་ཤིན་ཏུ་གལ་ཆེ་ཞིང་༔ དེའི་རྟོགས་པ་དེ་རྨི་ལམ་བར་དོར་འོད་གསལ་འཛིན་པ་འདི་གཅེས་པའོ༔ དེ་ཡང་རིག་པ་རྗེན་པར་ངོ་འཕྲོད་པའི་གང་ཟག་གིས་ཆོས་ཉིད་ཀྱི་ངང་དུ་འོད་གསལ་འཛིན་པ་ནི༔ ལུས་གནད་གོང་ལྟར་བཅས་པའི་ངང་ནས༔ རིག་པ་གཅུན་ཏེ༔ གསལ་སྟོང་དུ་ཡེ་རེ་བ་ལ་རིག་པ་སྙིང་ཁར་གཏད་ལ་མ་ཡེངས་པར་གཉིད་ལོག་གོ༔ གཉིད་ཟ་ཟིའི་དུས་སུ༔ གསལ་སྟོང་དབྱེར་མེད་ཀྱི་ངང་མ་ཤོར་བར་བྱ༔ དེ་ནས་གཉིད་དུ་ཧྲུལ་སོང་བ་དང་༔ གཉིད་འཐུག་པོའི་ངོ་བོ་གསལ་སྟོང་དབྱེར་མེད་དུ་ཡེ་རེ་བ་དེ་ངོས་ཟིན་ན༔ འོད་གསལ་ངོས་ཟིན་པའོ༔ དེས་རྨི་ལམ་དང་བག་ཆགས་མི་འོང་བར་གཉིད་ལོག་པ་ཐམས་ཅད་བསྒོམ་པའི་ཉམས་དང་མ་བྲལ་བར་གནས་པ་ནི༔ གཉིད་འོད་གསལ་གྱི་ངང་ལ་གནས་པའོ༔ ཐུན་གཅིག་གོ༔ དེའང་ཁམས་ཀྱི་འོད་གསལ་དང་བསྲེ་བ་ནི༔ དང་པོར་དཔྲལ་བ་ཚ་ཐིབས་ཀྱིས་གཉིད་ལོག་ཙ་ན༔ ས་ཆུ་ལ་ཐིམ་པ་ཡིན༔ དེའི་དུས་སུ་གསལ་སྟོང་ཡེ་རེ་བའི་ཉམས་ལ་བསླབ་ཅིང་༔ འདུན་པ་སྙིང་ཁར་གཏད་དོ༔ དེ་ནས་ཤེས་པ་བྱིང་སོང་ཙ་ན༔ ཆུ་མེ་ལ་ཐིམ་པ་ཡིན༔ དེ་ཙ་ན་ཡང་གསལ་སྟོང་ཡེ་རེ་བའི་ངང་མ་ཤོར་བར་བྱའོ༔ ཤེས་པ་ཟ་ཟི་བྱུང་ཙ་ན༔ མེ་རླུང་ལ་ཐིམ་པ་ཡིན༔ དེ་ཙ་ན་ཡང་གསལ་སྟོང་ཡེ་རེ་བའི་ཉམས་ལ་བསླབ༔ གཉིད་དུ་ཁྲིལ་གྱིས་སོང་བ་དེ༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པ་ཡིན༔ དེ་དུས་ཀྱང་གོང་གི་གསལ་སྟོང་གི་ཉམས་དེའི་ངང་མ་ཤོར་བར་གསལ་ཡེ་རེ་བ་སྙིང་ཁར་གཏད༔ དེ་ནས་རྨི་ལམ་མེད་པ་ལྷན་ནེ་བ་དེ༔ རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ཡིན༔ དེ་ཙ་ན་གཉིད་སྐྱེ་མེད་དྲན་མེད་གསལ་སྟོང་དུ་ལྷན་ནེ་གནས་པར་འགྱུར་ཏེ༔ དེའི་དུས་ཀྱི་གསལ་སྟོང་བློ་བྲལ་དེ་ངོས་ཟིན་ན་འོད་གསལ་ངོས་ཟིན་པ་ཞེས་བྱ་སྟེ༔ དེ་དང་འཆི་བའི་དུས་ཀྱི་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པའི་ཉམས་འདྲ་བས༔ བར་དོ་འབྱོངས་པ་ཡིན་ཏེ༔ ད་ལྟར་རྨི་ལམ་དུ་ངོས་ཟིན་པ་དང་༔ བར་དོའི་རྩལ་སྦྱང་དངོས་གཞིའོ༔ ཐུན་གཉིས་པའོ༔ དེ་ལ་ཡང་ནས་ཡང་དུ་སྦྱངས་ཤིང་༔ གྲོགས་པོས་གཉིད་དུ་སོང་ནས་དར་གཅིག་ཙམ་ན་དལ་བུས་བསླངས་ལ་འོད་གསལ་ཟིན་ནམ་དྲི༔ མ་ཟིན་ན་ལན་མང་དུ་བསྐྱར་བས་ཟིན་པར་འགྱུར་རོ༔ འདི་ནི་རྟོགས་པའི་འོད་གསལ་ཞེས་བྱ་སྟེ༔ འོད་གསལ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པའོ༔ འདི་ལ་ཅིས་ཀྱང་མ་ཟིན་ན༔ ཉམས་ཀྱི་འོད་གསལ་ལ་བསླབ་པ་ནི༔ ལུས་གནད་གོང་ལྟར་ལས༔ རང་གི་སྙིང་གི་དབུས་སུ༔ པདྨ་འདབ་བཞིའི་ལྟེ་བ་ལ༔ རང་གི་རྩ་བའི་བླ་མ་དང་༔ ཨུ་རྒྱན་པདྨ་གཉིས་སུ་མེད་པའི་ངོ་བོ་གསལ་ཡེ་རེ་བ་ལ་དམིགས་པའི་འབེན་བྱས་ཏེ༔ རིག་པ་གསལ་ཡེ་རེ་བ་ལ་གོང་ལྟར་གཉིད་ལོག་པ་ནས༔ རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པའི་བར་དུ་ངང་མ་ཤོར་བར་བྱས་པས༔ དང་པོ་གཉིད་འཐུམ་པའི་དུས་སུ༔ དྲན་མེད་གསལ་སྟོང་དུ་ཡེ་རེ་གནས་ཤིང་༔ རྗེས་སུ་རྨི་ལམ་གྱི་དོད་ལ༔ སྙིང་ཁའི་ཨུ་རྒྱན་གྱི་སྐུ་དེ་གསལ་ལམ་གྱིས་འཆར༔ དེ་ནས་ལུས་རངས་པ༔ དེ་ནས་ཉལ་མལ༔ སྤྱིལ་པོ༔ ཡུལ་ཁམས་ཉིན་པར་དང་འདྲ་བའི་གསལ་སྣང་འཆར༔ ཤིན་ཏུ་འབྱོངས་པས༔ རི་རབ་གླིང་བཞི་དང་བཅས་པ་གསལ་ལམ་གྱིས་འཆར་རོ༔ དེ་ལྟར་འཆར་བ་ཉམས་ཀྱི་འོད་གསལ་ཞེས་བྱ་བ་ཡིན་ཏེ༔ དེ་ལ་རྟོགས་པའི་འོད་གསལ་གྱིས་རྒྱས་གདབ་པས་གཞིའི་འོད་གསལ་ངོ་འཕྲོད་དེ༔ བར་དོ་དང་པོར་རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ། སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ༔ ཐུན་གསུམ་པའོ༔ དེ་ལ་ཡང་ངོས་མ་ཟིན་ན༔ རང་གི་ལུས་ཡི་དམ་དུ་གསལ་བའི་ཁོང་པའི་ནང་ཕྲུ་མ་ཕུས་བཏབ་པ་བཞིན༔ དྭངས་སིང་ངེ་བའི་དབུས་སུ༔ རྩའི་དྭངས་མ་དབུ་མ་འོད་ཀྱི་རྣམ་པ༔ སྣང་ལ་རང་བཞིན་མེད་པ༔ ཚངས་བུག་ནས་ལྟེ་འོག་གི་བར་དུ་དྲང་ཐལ་ལེ་བའི་སྙིང་ཁའི་ཐད་ཀྱི་དབུ་མའི་ནང་དུ༔ ཐིག་ལེའི་དྭངས་མ་དཀར་ལ་དམར་བའི་མདངས་ཅན༔ གསལ་བའི་འོད་དང་ལྡན་པ༔ རླུང་གི་དྭངས་མ་ལས་བྱུང་བས༔ འཕུར་ལྷབ་ལྷབ་འོད་ཀྱི་རྣམ་པ་གསལ་བ༔ དེའི་འོད་ཀྱིས་ཁོང་པའི་ནང་ཐམས་ཅད༔ འོད་ཀྱི་རང་བཞིན་གསལ་ལྷང་ངེ་བ་ལ་དམིགས་ནས༔ རིག་པ་གསལ་སྟོང་ཡེ་རེ་གཉིད་ལོག་པ་ནས་འཐུག་པོའི་བར་དུ༔ དེའི་ངང་མ་ཤོར་བར་བཟུང་བས་འོད་གསལ་ཟིན་པར་འགྱུར་རོ༔ ལན་གཅིག་མ་ཟིན་ནའང་༔ གྲོགས་ཀྱིས་ཡང་ཡང་དམིགས་པ་གསལ་གདབ་ཅིང་༔ དམིགས་པ་རྣམས་རེས་མོས་སུ་བསྒོམས་པས་གང་རུང་གཅིག་ལ་ཟིན་པར་འགྱུར་རོ༔ འོད་གསལ་གྱི་ངོ་བོ་ནི་རྟོག་པ་རྒྱུན་ཆད་དེ༔ གཉིད་དུ་སོང་བ་ནའང་༔ རྨི་ལམ་གྱི་དངོས་པོ་གསལ་སྟོང་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ཡུལ་མེད་རྗེན་པར་གནས་པ་ཡིན་ཏེ༔ གཉིད་སད་རྒྱུ་ཡོད་པ་ཙམ་ལས༔ ཏིང་ངེ་འཛིན་ཁོར་ཡུག་ཏུ་སོང་བའོ༔ ཉམས་ཀྱི་འོད་གསལ་ནི༔ གཉིད་དུ་སོང་ཡང་༔ མཐོང་སྣང་ཉིན་པར་མངོན་སུམ་ལྟར་རང་གནས༔ ལུང་པ༔ ཡུལ་ཁམས་ལ་སོགས་པ་གསལ་བར་མཐོང་ཞིང་༔ གཉིད་དུ་མ་སོང་ངམ་སྙམ་ན་སད་རྒྱུ་ཡོད་པའོ༔ གཉིད་དུ་སོང་སྙམ་ན་ནི༔ ཁྱིམ་གྱི་ནང་གི་དངོས་པོ་གསལ་བར་མཐོང་བའོ༔ དེ་ལ་རྟོགས་པའི་འོད་གསལ་གྱིས་རྒྱས་ཐེབ་ན་མཆོག་ཏུ་གྱུར་ཏེ་བར་དོར་གྲོལ་བར་ངེས་སོ༔ བར་དོ་དྲུག་གི་གལ་ཆེ་བའི་ཁྲིད༔ འོད་གསལ་གཏི་མུག་རང་གྲོལ་ཞེས་བྱ་བ༔ ས་མ་ཡ༔


previousརྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ།next