Nitartha Digital Library
Tibetan
བར་དོ་དྲུག་གི་སྔོན་འགྲོ་རྒྱབ་ཆོས་དང་བཅས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་སྟོན་པའི་གདམས་པ།
   
   
   
   
   
   


 
previousསྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་སྟོན་པའི་གདམས་པ།next

སྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་སྟོན་པའི་གདམས་པ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ སྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་སྟོན་པའི་གདམས་པ་སྲིད་པ་རང་གྲོལ་བཞུགས་སོ༔

ཆོས་སྐུ་སྐྱེ་མེད་ཀུན་བཟང་ཡབ་ཡུམ་དང་༔ ལོངས་སྐུ་འགགས་མེད་རྒྱལ་བ་ཞི་ཁྲོའི་ལྷ༔ སྤྲུལ་སྐུ་རང་བྱུང་པདྨ་འབྱུང་གནས་ལ༔ གུས་པས་ཕྱག་འཚལ་བར་དོར་གྲོལ་བར་ཤོག༔ པདྨ་ཞི་ཁྲོའི་བར་དོ་ཐོས་གྲོལ་ལས༔ དབང་བསྐུར་ངོ་སྤྲོད་མཐོང་གྲོལ་ཆེན་མོ་ཡི༔ ཆོས་ཉིད་བར་དོ་ངོ་སྤྲོད་གོང་དུ་སོང་༔ ད་ནི་སྲིད་པ་བར་དོའི་ངོ་སྤྲོད་བསྟན༔ འདིར་སྲིད་པ་བར་དོའི་ངོ་སྤྲོད་བསྟན་པར་བྱ་སྟེ༔ ངོ་སྤྲོད་གོང་མ་རྣམས་ཚར་བའི་རྗེས་སུ༔ ཡང་༔ བླ་མས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཆ་ལུགས་གདོང་ལ་གཤིན་རྗེའི་ཁྲོ་འབག་ཆེན་པོ་ཞིག་གོན༔ ལག་པ་གཡས་སུ་ཁྲམ་ཤིང་ཆེན་པོ་ཞིག་ཁྱེར༔ གཡོན་དུ་མཎྜལ་ལམ་མེ་ལོང་ཆེན་པོ་ཞིག་ཐོགས་ལ༔ ལུས་ལ་བེར་དམར་པོ་ཞིག་གྱོན་ཏེ་ཁྲི་མཐོན་པོ་ཞིག་གི་ཁར་བསྡད༔ དེའི་འཁོར་དུ་རཀྴ་གླང་མགོས་བེར་ནག་པོ་ཞིག་གོན༔ མགོ་ལ་གླང་མགོའི་འབག་གཅིག་གོན༔ ལག་ན་ཞག་པ་ནག་པོ་ཞིག་ཐོགས་ལ་གཡས་སུ་འཁོད༔ གཞན་ཡང་འབྱུང་པོ་སྤྲེལ་མགོ༔ སྤྲེའུའི་མགོ་ཅན་ལག་ན་ན་རག་གི་བྲེ་སྲང་ཁྱེར་བ༔ དུ་ར་ཕག་མགོ་ཕག་གི་གདོང་ཅན་ལག་ན་ཁྲམ་ཤིང་ཐོགས་པ༔ གདུག་པ་སྦྲུལ་གྱི་མགོ་ཅན་ལག་ན་མེ་ལོང་ཐོགས་པ༔ གཏུམ་པོ་དོམ་མགོ་དོམ་གྱི་མགོ་ཅན་ལག་ན་སྦུད་པ་ཐོགས་པ༔ རྔམ་པ་སེང་མགོ་སེངྒེའི་མགོ་ཅན་ལག་ན་ཐོ་བ་ཐོགས་པ༔ འདབ་ཆགས་ཁྱུང་མགོ་ཁྱུང་གི་མགོ་ཅན༔ ལག་ན་སོག་ལེ་ཐོགས་པ་ལ་སོགས་ཏེ་གཤིན་རྗེ་ཆ་ལུགས་མགོ་བརྙན་ཅན་མང་པོས་ཆོས་ཀྱི་རྒྱལ་པོའི་གཡས་གཡོན་དུ་ཁྲིམས་ར་བཅས་ཏེ་གྲལ་དུ་འཁོད་དོ༔ ལྷན་ཅིག་སྐྱེས་པའི་ལྷས་འབག་ཞི་བ་དཀར་པོ་ཞིག་གྱོན་པ༔ དར་དཀར་གྱི་གོ་ཟུ་གོན་ནས་རྡེའུ་དཀར་པོའི་སྣོད་ཁྱེར༔ ལྷན་ཅིག་སྐྱེས་པའི་འདྲེ་ཁྲོ་འབག་ནག་པོ་ཞིག་གྱོན༔ གོས་ནག་པོ་གོན་ནས་རྡེའུ་ནག་པོའི་སྣོད་ཁྱེར་ཆོས་ཀྱི་རྒྱལ་པོའི་མདུན་ནས་གཡས་ཕྱོགས་སུ་སྣམ་བུ་དཀར་པོ་གཅིག་ལམ་དཀར་པོའི་ཚུལ་དུ་བརྐྱངས་ལ༔ དེའི་སྣ་དེར་མི་གཉིས་ཀྱི་ཐུགས་རྗེ་ཆེན་པོའི་ཆ་ལུགས་ཞལ་གཅིག་ཕྱག་བཞིའི་ཚུལ་དུ་རྒྱན་གྱིས་བརྒྱན་ལ༔ ཁྲི་ཐོག་ཏུ་ཡོལ་བས་བསྒྲིབས་ལ་སྦས་ལ་བཞག༔ གཡོན་དུ་སྣམ་བུ་ནག་པོ་གཅིག་ལམ་ནག་པོའི་ཚུལ་དུ་བརྐྱངས་ལ༔ མུན་ཁང་ནག་པོ་གཅིག་གི་སྒོ་སྣ་གཏད་ལ་བཞག༔ དེ་ནས་ལོགས་གཞན་ཞིག་ཏུ་མི་གཅིག་གི་ཚེ་འདས་དད་ལྡན་དཔལ་སྐྱེས་ཞེས་བྱ་བའི་མིང་བཏགས་པ་གཅིག་སྦས་ལ་བཞག༔ ཟུར་གཅིག་ཏུ་སྡིག་ཅན་རིགས་ངན་གདོལ་པ་ཞེས་བྱ་བའི་ཚེ་འདས་སུ་མིང་བཏགས་པ་གཅིག་སྦས་ལ་བཞག་ལ༔ དེ་ནས་ཆོས་ཀྱི་རྒྱལ་པོས་ཁྲམ་ཤིང་དེ་ལ་ཁྲམ་རིས་གཅིག་བྲིས་ཏེ༔ ཀྱཻ་རཀྴ་གླང་མགོ༔ འཇིག་རྟེན་མི་ཡུལ་བྲང་ང་ཁམས་ནས་མི་གཅིག་ཚེའི་དུས་ལ་བབས་པ་འདྲའོ༔ ང་ཡི་ཁྲམ་ལ་བབས་ནས་བྱུང་ངོ༔ ཅེས་གསུངས་པ་དང་༔ རཀྴ་གླང་མགོས་གདུག་པ་སྦྲུལ་མགོ་ལ་བོས་ཏེ༔ ཀྱཻ་གདུག་པ་སྦྲུལ་མགོ༔ ཁྱོད་ཀྱི་མེ་ལོང་ལ་ལྟོས་ཤིག༔ ཚེ་ལས་འདས་པ་འདིའི་ཡུལ་ནི་གང་༔ རིགས་ནི་གང་༔ མིང་ནི་ཅི་ཟེར་ལྟོས་དང་བྱས་པས༔ གདུག་པ་སྦྲུལ་མགོས་འདི་སྐད་དོ༔ ཀྱཻ་ཚེ་ལས་འདས་པ་དུས་ལ་བབས་པ་དེ༔ ཡུལ་ནི་རྒྱ་གར་ཟངས་གླིང་དུ་འདུག༔ གྲོང་ནི་ཤན་པའི་གྲོང་ཁྱེར་ཤན་ཏི་ནག་པོར་འདུག༔ རིགས་ནི་མི་རིགས་བཞིའི་ནང་ནས་རིགས་ངན་གདོལ་པའི་རིགས་སུ་འདུག༔ མིང་ནི་སྡིག་ཅན་དམྱལ་བ་འབུམ་དུ་ཟེར༔ ཁོ་ཚེའི་གྲངས་ཐེམས་ནས་ཁྲམ་ལ་བབ་པར་འདུག་གོ༔ ད་རྒྱུགས་ཤིག་བྱས་ལ༔ རཀྴ་གླང་མགོ་དང་༔ དུ་ར་ཕག་མགོ་དང་ལྷན་གཅིག་སྐྱེས་པའི་འདྲེ་དང་གསུམ་རྒྱུགས་ནས་སོང་བའི་རྗེས་སུ་ལྷན་ཅིག་སྐྱེས་པའི་ལྷ་ཡང་སྡོང་གྲོགས་ལ་རྒྱུག་པ་དང་༔ དེ་རྣམས་ཀྱིས་མི་ཡུལ་བྲང་ང་ཁམས་ནས་སྡིག་ཅན་ཁོ་རྙེད་མ་ཐག་ཏུ་རྐེ་ལ་ཞགས་པ་ནག་པོ་བཏགས་ནས༔ གླང་མགོ་ཅན་གྱིས་ཁྲིད༔ དུ་ར་ཕག་མགོས་ལག་པ་ནས་འཇུས་ནས་དྲུད༔ ལྷན་ཅིག་སྐྱེས་པའི་འདྲེས་རྡེའུ་ནག་པོ་ཁུར་གཅིག་ཁུར་ནས་རྒྱབ་ནས་དེད༔ ལྷན་ཅིག་སྐྱེས་པའི་ལྷས་རྡེའུ་དཀར་པོའི་སྣོད་གཅིག་ཏུ་རྡེའུ་དཀར་པོ་རྡོག་མ་དྲུག་བཅུག་ནས་ངོ་ཚ་བ་བཞིན་དུ༔ རོགས་ལྡན་ལ་འབད་པའི་ཚུལ་གྱིས་ཐལ་མོ་སྦྱར་ནས་དར་དཀར་པོ་གཅིག་རཀྴ་གླང་མགོ་ལ་ཕུལ་ནས་ཞུ་བ་བྱས་ཀྱང་མ་ཐུབ་པར་སྐད་ངན་ཙི་རི་རི་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཁྲིད་ནས་དེར་འཁོད་པ་དང་༔ ཆོས་ཀྱི་རྒྱལ་པོས་འདི་སྐད་དྲིས་སོ༔ ཀཱ་ཡེ་མི་ནག་པོ་བྲེ་སྲང་ཁུར་བ་ཁྱེད་སུ་ཡིན༔ གང་ནས་འོང་༔ ངའི་མདུན་དུ་མིག་གིས་བལྟ་མི་ཕོད་པ་ཅི་ཡིན༔ ཁྱོད་མི་ལུས་གཅིག་ནི་ཐོབ་པ་འདྲ་འདུག་པ་ལ༔ དཀར་པོ་དགེ་བ་ལ་སྐལ་བ་མ་ཆད་པ་ཙམ་ཞིག་ཡོད་དམ༔ ནག་པོ་སྡིག་པ་ལ་འཛེམ་བག་བྱས་པའི་བཤད་རྒྱུ་ཅི་འདྲ་ཡོད༔ ད་ལྟ་ལ་འུར་ཤོད་ཅིག༔ ཅེས་དྲིས་པ་དང་༔ སྡིག་ཅན་དེས་འདི་སྐད་ཞུའོ༔ ཀྱི་ཧུད་ཀྱི་ཧུད༔ ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་ན༔ བདག་གིས་མི་ལུས་ཙམ་པོ་བ་གཅིག་ཐོབ་སྟེ༔ ཡོ་བྱད་ནི་ཆུང་༔ ཟས་གོས་ནི་ངན༔ བུ་སྨད་ནི་མང་༔ བཟའ་བ་མེད་པས་སེམས་ཅན་མང་པོའི་སྲོག་ལ་འབག་པ་ལགས༔ འབྲས་ཟ་རྒྱུ་མེད་ནས་ལོ་མང་པོ་ལོན༔ ཟས་སུ་ཤ་དྲོན་མོ་ཟ་བ་ལས་གཞན་མེད་དོ༔ འབྲས་ཆང་དང་དཀར་ཆུ་རག་མ་མྱོང་བས་ལོ་མང་པོ་ལོན༔ སྐོམ་དུས་ཁྲག་དང་ཆུ་འཐུང་བ་ཡིན་ལགས༔ ངེད་འོང་བ་ཡུལ་བྲང་ང་ཁམས་དུ་དགེ་བའི་བཤེས་གཉེན་པ་མང་པོས་སྡིག་པ་བྱས་པའི་ཉེས་དམིགས་དང་༔ དགེ་བ་བྱས་པའི་ཕན་ཡོན་མང་པོ་གསུངས་ཤིང་འདུག་ཀྱང་བདག་ནི་དེའི་དྲུང་ན་ཡང་མ་བྱིན༔ མི་ཀུན་གྱིས་ན་རེ༔ ཁྱོད་འདི་ལྟ་བུའི་སྡིག་པ་མ་བྱེད༔ ནམ་ཞིག་འཆི་བ་ཞེས་བྱ་བ་ཞིག་འོང་གིས༔ དེ་ཙ་ན་ཁྱོད་དམྱལ་བར་འགྲོ་ངེས་པས་སྡིག་པ་སྤོངས༔ དགེ་བ་སྒྲུབས་ཤིག་ཟེར་ནས་གྲོས་འདེབས་སུ་བྱུང་ཡང་༔ བདག་གི་བསམ་པ་ལ་དམྱལ་བ་ཡོད་ཟེར་བ་རང་ཨི་བདེན་མི་ཤེས༔ དམྱལ་བར་ཕྱིན་ཟེར་ནས་ལོག་ནས་འོང་བ་སུ་མི་འདུག་སྙམ་ནས་མི་རྣམས་ལ་བདག་གིས་ལན་སྨྲས་པ༔ དམྱལ་བར་ཕྱིན་ནས་ལོགས་པ་སུ་ཡོད༔ དམྱལ་བ་ཡོད་པ་རང་ག་ན་ཡོད༔ ཁ་བདེ་ལྕེ་བདེའི་རྫུན་ཚིག་ཡིན༔ འདི་མན་ཆད་ནི་ས་བརྫོང་རྡོ་བརྫོང་ཡིན་པས༔ དམྱལ་བ་མེད༔ འདི་ཡན་ཆད་ནི་ནམ་མཁའ་སྟོང་པ་ཡིན༔ སངས་རྒྱས་མེད༔ ད་ལྟ་གསོན་པའི་དུས་སུ་གསོད་ཅིང་ཟ་བས་ཆོག༔ ཤི་ཙ་ན་ལུས་ནི་དུར་ཁྲོད་དུ་བསྐྱལ་ནས་བྱ་དང་གཅན་གཟན་གྱིས་ཟོས་ནས་མེད་པར་འགྲོ༔ སེམས་ནི་ཡལ་ནས་འགྲོ་བ་ཡིན༔ དེ་ཙ་ན་དམྱལ་བར་འགྲོ་མཁན་སུས་བྱེད༔ ཧ་ཧ་ཞེས་སྨྲས་ཤིང་༔ དམྱལ་བ་རང་མི་བདེན་སྙམ་ནས་སྡིག་པ་བྱས༔ རེས་དམྱལ་བ་བདེན་པར་གྱུར་ན་ཚེ་ཕྱི་མ་ཕ་གིར་ལུས་པ་ཡིན༔ ད་ལྟ་ལྟོ་རྒྱབ་གཉིས་པོ་སྐྱིད་པར་བྱུང་ན་ཕྱི་མ་ཅི་འདྲ་ནའང་འདྲ༔ སྙམ་པ་བྱུང་༔ དེ་ལྟར་མ་གོ་མ་རིག་བླུན་པའི་དབང་གིས་སྡིག་པ་བྱས་པ་ལགས༔ ཁྱོད་ཆོས་ཀྱི་རྒྱལ་པོ་དང་༔ རཀྴ་གླང་མགོ་ལ་སོགས་པ་རྣམས་དངོས་སུ་ཡོད་པ་འདི་ང་ལ་རྒྱུས་མེད་པས་ལན༔ ཁྱེད་རྣམས་བར་དོའི་ཡུལ་འདིར་ཡོད་པ་ཆ་ཡོད་བཞིན་དུ་ཁྱེད་རྣམས་ལ་བརྙས་པ་བྱས་ནས་སྡིག་པ་བྱས་པ་མ་ཡིན་ནོ༔ མ་གོ་མ་རིག་པས་ལན་པ་ལགས་པས༔ ད་ཁྱེད་དཔོན་གཡོག་གི་ང་ལ་ཁྲིམས་མི་གཏུག་པར་ཞུ༔ ང་མི་ཡུལ་དུ་ཡོད་དུས་འདི་འདྲ་མངོན་སུམ་ཡོད་པའི་ཆ་ཡོད་ན་སྡིག་པ་མི་བྱེད་པའི་རང་དབང་ཡོད་དེ༔ ད་ནི་ངན་པའི་བློ་སྣ་ཕྱི་ན་ལུས༔ ཁྱེད་ནི་ཆོས་ཀྱི་རྒྱལ་པོ་ཡིན་ཟེར་བས༔ ཀྱི་ཧུད་ཀྱི་ཧུད་བདག་ལ་སྙིང་རྗེ་མཛོད་དང་༔ བདག་གི་རོགས་ལྡན་མཛོད་དང་༔ འདི་ནས་མར་ལ་སྡུག་བསྔལ་ཆེན་པོ་ཡོད་ན་ཆོས་ཀྱི་རྒྱལ་པོ་ཁྱེད་ཀྱིས་ང་འདི་ནས་མར་ལ་མི་བཏང་བར་ཡར་མི་ཡུལ་དུ་གཏང་རོགས་མཛོད་དང་༔ དེ་ནས་སྡིག་པ་མི་བྱེད་ལགས༔ དགེ་བ་བྱེད་ལགས༔ ཀྱི་ཧུད་ཀྱི་ཧུད་ཅེས་ཟེར་བ་དང་༔ ཡང་ལྷན་ཅིག་སྐྱེས་པའི་ལྷས་དར་དཀར་པོ་ཞིག་ཆོས་ཀྱི་རྒྱལ་པོའི་ཕྱག་ཏུ་ཕུལ་ནས་འདི་སྐད་ཞུས་སོ༔ ཨེ་མ་ཆོས་རྒྱལ་ཐུགས་ཀྱིས་དགོངས་མཛོད་དང་༔ ཟངས་གླིང་རིགས་ངན་གདོལ་པ་ཟེར་བ་འདི༔ དགེ་སྡིག་མ་ཤེས་གཏི་མུག་རྨོངས་པ་ཡི༔ མ་རིག་དབང་གིས་སྡིག་པ་བྱས་པ་ཡིན༔ གོ་ཞིང་རིག་ནས་བྱས་པ་མ་ཡིན་པས༔ འདི་ལ་ཆད་པ་བཅད་དུ་མི་འཚལ་ཏེ༔ དགེ་བའི་ལས་ཀྱང་ཅུང་ཟད་བྱས་པ་ཡོད༔ ཆུ་ཆེན་གཅིག་ལས་མི་དྲུག་མ་ཐར་ནས༔ དགེ་བའི་སེམས་ཀྱིས་དྲུག་པོ་ཆུ་ལས་སྒྲོལ༔ དེའི་རྟགས་སུ་རྡེའུ་དཀར་པོ་དྲུག༔ གཞན་ཡང་དེ་དང་འདྲ་བའི་དགེ་བ་ཡང་༔ ཞོར་ལ་བསགས་པ་ཅི་ཡོད་ཅི་ཆ་བས༔ ཆོས་རྒྱལ་ཆེན་པོས་དགོངས་པ་ཀློད་པར་ཞུ༔ ཞེས་ཞུས་ནས་ཕྱག་འཚལ་བ་དང་༔ ཡང་འདྲེ་ནག་པོས་སྨྲས་པ༔ ཧ་ཧ༔ ལྷ་དཀར་པོ་ཁྱོད་ལ་དེ་ཙམ་བཤད་རྒྱུ་ཡོད་དམ༔ ཁྱེད་སྣོད་སྟོང་ཐོགས་པ་ངོ་མི་ཚའམ༔ ཁོ་རིགས་ངན་གདོལ་བ་ཞེས་བྱ་བ་འདིས་མི་ཚེ་སྡིག་ལ་བསྐྱལ༔ དགེ་བའི་སྐལ་བ་ཆད༔ སེམས་ཅན་མཐོང་ཚད་བསད༔ ལྟོ་ནི་ཤ་དྲོད་མོ་ལ་བྱས༔ སྐོམ་ནི་ཁྲག་དྲོན་མོ་ལ་འཐུང་༔ ཚིག་རྩུབ་རྒྱུན་དུ་སྨྲས༔ ཕུའི་རི་དྭགས་ཉེས་མེད་བསད༔ མདའ་ཡི་ཉ་མོ་ཉེས་མེད་བསད༔ བར་གྱི་སྤྲང་པོ་ཉེས་མེད་བརྡུང་༔ བཤེས་གཉེན་ཡོངས་ལ་སྐུར་པ་བཏབ༔ གཙུག་ལག་ཁང་ལ་མེ་ཆེན་བཀྱེས༔ རྒྱ་མཚོ་ཆེ་ལ་དུག་ཆེན་བཏབ༔ ནགས་རི་ཆེན་པོ་མེ་ཡིས་བསྲེགས༔ ཕ་མ་བརྡུང་ཞིང་སྐུ་གདུང་བཅོམ༔ ད་ལྟ་རྒྱ་གར་ཟངས་གླིང་ལ༔ སྡིག་པ་ཁོ་ལས་ཆེ་བ་མེད༔ རྡེའུ་ནག་པོ་སྤུངས་ལ་ལྟོས༔ ཁྱོད་ངོ་ང་ཡིས་མི་ཤེས་ཨང་༔ གླིང་ནི་རྒྱ་གར་ཟངས་གླིང་ཡིན༔ གྲོང་ནི་ཤཱནྟི་ནག་པོ་ཡིན༔ ཕ་ནི་ཤན་པ་ཁྲི་དཔོན་ཡིན༔ ལོ་བརྒྱད་གོང་ནས་འདི་རུ་སོང་༔ མ་ནི་བཤན་མོ་ཨ་སྐྱིད་ཡིན༔ ལོ་ལྔའི་གོང་ནས་འདི་རུ་སོང་༔ ཁོ་རང་ཤན་པ་གདོལ་ཕྲུག་ཡིན༔ ད་ལྟ་འདི་རུ་མ་སླེབས་སམ༔ ལོ་ནི་ཆུ་མོ་ཕག་ལོ་ཡིན༔ ད་ལོ་ཟན་གྲངས་ཐེབས་པ་ཡིན༔ རྒྱ་གར་ཤར་ཕྱོགས་པ་རྣམས་ཀྱིས༔ ཤན་པ་ལག་དམར་ཟེར་བ་ཡིན༔ རྒྱ་གར་ལྷོ་ཕྱོགས་པ་རྣམས་ཀྱིས༔ སྡིག་ཅན་དམྱལ་བ་འབུམ་ཞེས་ཟེར༔ རྒྱ་གར་ནུབ་ཕྱོགས་པ་རྣམས་ཀྱིས༔ རིགས་ངན་གདོལ་བ་ཟེར་བ་ཡིན༔ རྒྱ་གར་བྱང་ཕྱོགས་པ་རྣམས་ཀྱིས༔ ནག་པོ་ཀུན་གསོད་ཟེར་བ་ཡིན༔ རིགས་ནི་ནག་པོ་གདོལ་པའི་རིགས༔ རྒྱུ་ནི་སྡིག་ཅན་བཤན་པའི་རྒྱུ༔ ཕ་ཚེ་བུ་རྒྱུད་མ་ལུས་པ༔ དམྱལ་བའི་ལམ་རྒྱུས་མཁན་པོ་ཁྱོད༔ གསོད་པའི་དུས་སུ་དགའ་དགའ་འདྲ༔ འདི་ནས་ཁྲོ་འབག་ཡར་བཟུར་ཕྱིར་བཟུར་བྱ་ཞིང་༔ ཞིང་དབྱུག་བརྒྱབ་པའི་ཚུལ་བྱའོ༔ ངོ་སྤྲོད་པའི་དུས་སུའོ༔ ཟ་བའི་དུས་སུ་ཞིམ་ཞིམ་འདྲ༔ ད་ལྟ་ཞིམ་པོ་ཨེ་བྱུང་ངམ༔ ཁ་མཁས་ལྕེ་བདེ་ཅི་ལ་ཕན༔ སེམས་ཅན་ས་ཡའི་སྲོག་ལན་ཆགས༔ སྡུག་བསྔལ་མྱོང་རེས་ཁྱོད་ལ་བབ༔ ཁྱོད་ཀྱིས་སྡུག་བསྔལ་མ་མྱོང་ན༔ སེམས་ཅན་ས་ཡ་ཕམ་གྲགས་ཏེ༔ དམྱལ་བ་འབུམ་ཁྱོད་རྒྱལ་གྲགས་སོ༔ ཁྱོད་རང་རང་གིས་ལན་པ་ལ༔ ཆོས་ཀྱི་རྒྱལ་པོ་སྐུ་ཆེ་ཡང་༔ ཁྱོད་ཀྱི་སྡིག་པ་བཀབ་ཏུ་མེད༔ ཆེ་སྟེ་གཙུག་ལག་བསྲེགས་པ་ནས༔ ཆུང་སྟེ་སྲོ་ཤིག་བསད་པ་ཡི༔ རྡེའུ་བསགས་པ་འདི་ཡིན་ནོ༔ ཁྱོད་རང་འགྲོ་གྲབ་བྱས་པ་ཡི༔ ལམ་ནག་དེ་ལ་ད་ལྟར་འདོངས༔ ཟངས་དམག་ཁ་སྦྱོར་ཡངས་ཤིང་ཆེ༔ ཁྲོ་ཆུ་ཁོལ་མ་རྦ་ཀློང་དྲག༔ ལས་ཀྱི་མེ་དཔུང་ཚ་ངར་ཆེ༔ གཤིན་རྗེའི་ཕོ་ཉ་སྙིང་རྗེ་ཆུང་༔ ཆོས་ཀྱི་རྒྱལ་པོ་གདོང་རེ་དྲག༔ ལས་ཀྱི་མཚོན་ཆ་རྩེ་རེ་རྣོ༔ ལས་རླུང་དྲག་པོ་ངད་པ་ཚ༔ དེ་འདྲའི་ཡུལ་དུ་འགྲོ་རེ་རན༔ སྙིང་ཡང་རྗེ་སྟེ་ཚིམ་ཡང་ཚིམ༔ བྲེ་ལོག་སྲང་ལོག་བཙུགས་པ་ཡི༔ བྲེ་སྲང་རྒྱབ་ལ་ཁུར་རྒྱུ་ཡོད༔ སེམས་ཅན་མང་པོ་གསོད་པ་ཡི༔ མཚོན་ཆ་གློ་ལ་བཏགས་རྒྱུ་ཡོད༔ ཁ་རིང་སྨྱོ་བརྡོལ་ཕྱེད་ལས་མེད༔ དམྱལ་ཁམས་བཅོ་བརྒྱད་གྲོང་ཁྱེར་དུ༔ ད་ནི་འགྲོ་བའི་དུས་ལ་བབས༔ ཅེས་ཟེར་ནས་ཁྲིད་པར་བརྩམས་པ་དང་༔ ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས༔ ཀྱཻ་མ་ཨ་ཙ་མ་ན་ང་རེ་འཇིགས༔ མི་ལུས་ཐོབ་ཚེ་དགེ་སྤྱད་དོན་ཆེ་བས༔ ངན་སོང་གནས་སྤངས་ཐར་པའི་ལམ་ལ་འགྲོ༔ བདེ་དང་སྐྱིད་པ་ནམ་ཡང་མི་འབྲལ་ཏེ༔ ཁྱོད་ཀྱི་མི་ལུས་ད་རེས་ཐོབ་དུས་འདིར༔ དགེ་བའི་ལས་རྣམས་ས་བཞིན་དོར་ནས་སུ༔ སྡིག་པའི་ལས་རྣམས་ཧབ་ཐོབ་བྱས་པས་ན༔ ཐོབ་དཀའི་མི་ལུས་དོན་མེད་ཆུད་གསན་ནས༔ སྟོང་ལོག་ཙམ་ཡང་ཁྱོད་ཀྱིས་མ་ཤེས་པས༔ སྡིག་པའི་ཁུར་པོ་ཁུར་བ་སྙིང་རེ་རྗེ༔ རང་གི་ལས་བྱས་རང་ལ་སྨིན་ཙམ་ན༔ སངས་རྒྱས་སྟོང་གི་མཐུས་ཀྱང་སྐྱོབ་པ་མེད༔ ངས་ནི་འདི་ལ་ཅི་ཡང་བྱ་ཐབས་མེད༔ རང་དབང་ཡོད་ཚེ་འདུན་མ་བོར་བ་ཡིན༔ སྡིག་པའི་འབྲས་བུ་རང་ལ་སྨིན་ཙམ་ན༔ སྨྲེ་སྔགས་འདོན་ཀྱང་སྙིང་ནི་རྗེ་མཁན་མེད༔ ད་ལྟ་ང་ལ་རེ་ཡང་བྱ་ཐབས་མེད༔ སྣང་སྲིད་གསལ་བའི་ལས་ཀྱི་མེ་ལོང་འདིས༔ དགེ་སྡིག་རང་གཟུགས་དངོས་སུ་སྟོན་ཙམ་ན༔ སྡིག་ཅན་ཚོ་ལ་ལས་གཅིག་མ་བྱུང་ངམ༔ ལྷན་གཅིག་སྐྱེས་པའི་ལྷ་དང་འདྲེ་གཉིས་ཀྱིས༔ དཀར་ནག་ལས་ཀྱི་རྡེའུ་ཤེར་ཙམ་ན༔ དགེ་བ་བསགས་པའི་མི་ནི་རེ་དགའ་ཡང་༔ སྡིག་པ་བསགས་པའི་མི་ཁྱོད་གྱོང་རེ་ཆེ༔ ཐམས་ཅད་འགྲིམ་པའི་འཕྲང་འགགས་དོག་མོ་འདིར༔ ལས་ཀྱི་གཤིན་རྗེའི་ཁྲིམས་རར་ཚུད་ཙམ་ན༔ ཁ་དྲག་བཙན་ཡང་འདི་རུ་བྱ་ཐབས་མེད༔ སྡིག་པོ་ཆེ་ཀུན་གློ་སྙིང་གས་ལ་ཁད༔ མི་དགེ་ཡོད་པའི་ལས་ཀྱི་བརྡ་དེད་འདི༔ ནམ་མཁའི་ཐོག་ལས་མགྱོགས་ཤིང་ཤུགས་དྲག་པས༔ བྲོས་པས་མ་ཐར་འགྱོད་ཀྱང་མ་ཕན་ནོ༔ འཛམ་གླིང་མི་རྣམས་ཆོས་ལ་མི་འབད་པ༔ ཨ་ཙ་མ་ན་ངས་ནི་བྱ་ཐབས་མེད༔ དཀར་ནག་ལས་ཀྱི་གྲངས་རྩིས་ཞིབ་ལུགས་འདི༔ ཕྲ་ཞིང་ཕྲ་བའི་སྡིག་ཀྱང་མི་བརྗེད་པས༔ སྡིག་པ་མི་འཛེམ་མི་རྣམས་ཅི་དྲན་ན༔ ཐར་ལམ་དཀར་པོའི་ལམ་གྱི་བདེ་ལུགས་དང་༔ ངན་སོང་ནག་པོའི་ལམ་གྱི་སྡུག་ཚོད་ལ༔ འཛམ་གླིང་མི་རྣམས་སྡིག་སྤྱད་དགེ་མི་བསྒྲུབ༔ ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད༔ ལས་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ དཀར་པོ་དགེ་བའི་སྟངས་མ་ང་ཡིས་འཛིན༔ ནག་པོ་སྡིག་པའི་ཆད་པ་ང་ཡིས་གཅོད༔ ཡོ་དྲང་གཟུ་ཡི་ལེགས་ཉེས་སྟངས་བཅད་པས༔ ཁྱོད་རང་འགྱོད་ཀྱང་བདག་གིས་བཅོས་སུ་མེད༔ ད་ནི་སྙིང་རེ་རྗེ་ཡང་བྱ་ཐབས་མེད༔ ནག་པོའི་ལམ་ལ་དམྱལ་ཁམས་གནས་སུ་སོང་༔ འཕགས་པའི་ཐུགས་རྗེས་བཟུང་ཡང་མི་ཟིན་ན༔ ང་ཡིས་ཁྱོད་ལ་བྱ་ཐབས་ཅི་ཡང་མེད༔ སེམས་ཅན་ལས་ལ་སྤྱོད་པ་རྒྱལ་བས་གསུངས༔ ད་ནི་གླང་མགོ་ཅན་གྱིས་ཁྲིད་ནས་སོང་༔ ཁྱོད་ཀྱི་སྡིག་པ་མྱུར་དུ་དག་ནས་སུ༔ མཐར་ཐུག་སངས་རྒྱས་གོ་འཕང་ཐོབ་པར་ཤོག༔ ཅེས་གསུངས་པ་དང་༔ རཀྴ་གླང་མགོས་ན་རེ༔ ཁྱོད་རང་གི་ལས་ཡིན་པས་འགྱོད་ཀྱང་ཅི་ལ་ཕན༔ ངེད་ཅག་ལ་ནི་ཅི་ཡང་ལན་པ་མེད༔ ངེད་ནི་བདེན་རྫུན་གཉིས་ཀྱི་ཤན་འབྱེད་ཡིན་པས་ཁྱོད་རང་ལ་ནག་མེད་ན་ངེད་ཀྱིས་ཁྱོད་ལ་གནོད་པ་བྱེད་དོན་མེད་དེ༔ ད་ཁྱེད་རང་གི་ལས་ཡིན་པས་མྱུར་དུ་འདོང་ངོ་ཟེར་ནས་ཞགས་པ་ནག་པོས་ཁྲིད༔ འདྲེ་ནག་པོས་ཕྱི་ནས་དེད་ནས་སྣམ་བུ་ནག་པོའི་ལམ་དུ་འཁྲིད་དེ༔ མུན་ཁང་ནང་དུ་རྒྱོབ་སོད་ཀྱི་སྒྲ་སྒྲོགས་སྐད་ངན་སྣ་ཚོགས་འདོན་དུ་བཅུག་གོ༔ དེ་ནས་བླ་མས༔ འོ་རིགས་ཀྱི་བུ་རྣམས་སྡིག་པ་བྱས་པ་ལ་དེ་ལྟ་བུའི་ཤན་འབྱེད་དང་སྡུག་བསྔལ་འདི་ལྟ་བུ་ཡོད་པས༔ རང་ཅག་ཚོ་ལ་ཡང་འདི་ལྟ་བུ་ཞིག་འོང་བར་ངེས་པས་དེའི་དུས་སུ་སྐྱེས་བུ་ཕོ་མོ་རང་དོན་གྱི་མདོ་དོན་ཡོད་མེད་རང་ལ་རག་ལས་པས་ད་ལྟ་ནས་དགེ་བ་ལ་འབད༔ སྡིག་པ་ལ་འཛེམ་པ་གལ་ཆེའོ༔ རིགས་ཀྱི་བུ་རྣམས་ཅེས་པ་ལ་སོགས་པ་རྒྱས་པར་དཀྲོལ་ལོ༔ དེ་ནས་ཡང་ཆོས་ཀྱི་རྒྱལ་པོས་ཁྲམ་ཤིང་དེ་ལ་ཁྲམ་རིས་གཅིག་བྲིས་ཏེ༔ ཀྱཻ་རཀྴ་གླང་མགོ༔ ཡང་འཇིག་རྟེན་མི་ཡུལ་བྲང་ང་ཁམས་ན་མི་གཅིག་ཟན་གྲངས་ཐེབས་ནས་ཡོད་པར་འདུག་ངའི་ཁྲམས་ལ་བབ་ནས་བྱུང་ངོ་གསུངས་པ་དང་༔ རཀྴ་གླང་མགོས་གདུག་པ་སྦྲུལ་མགོ་ལ་བོས་ནས༔ ཀྱཻ་གདུག་པ་སྦྲུལ་མགོ་ཁྱོད་ཀྱིས་མེ་ལོང་ལ་ལྟོས་དང་ཚེ་ལས་འདས་པ་དེ་གར་འདུག་ལྟོས་དང་བྱས་པས༔ གདུག་པ་སྦྲུལ་མགོས་འདི་སྐད་དོ༔ ཀྱཻ་ཚེ་ལས་འདས་པ་དུས་ལ་བབས་པ་དེ༔ ཡུལ་ནི་རྒྱ་གར་བྱང་ཤར་གྱི་ཡུལ་དུ་འདུག༔ གྲོང་ཁྱེར་ནི་ག་མ་རུ་པ་ཞེས་བྱ་བར་འདུག༔ རིགས་ནི་མི་རིགས་བཞིའི་ནང་ནས་རྗེའི་རིགས་སུ་འདུག༔ མིང་ནི་ཁྱིམ་བདག་དཔལ་སྐྱེས་སུ་འདུག༔ ཁོ་དུས་དོ་ནུབ་ནས་ཟན་གྲངས་ཐེབས་ནས་ཁྲམ་ལ་བབ་པར་འདུག་གོ༔ ད་རྒྱུགས་ཤིག་བྱས་པས༔ རཀྴ་གླང་མགོ་དང་དུ་ར་ཕག་མགོ་དང་ལྷན་ཅིག་སྐྱེས་པའི་འདྲེ་གསུམ་རྒྱུགས་ནས་སོང་བའི་རྗེས་སུ༔ ལྷན་ཅིག་སྐྱེས་པའི་ལྷ་ཡང་སྡོང་གྲོགས་ལ་རྒྱུགས་པ་ལས་དེ་རྣམས་ཀྱིས་མི་ཡུལ་ཀ་མ་རུ་པ་ནས་ཁྱིམ་བདག་དཔལ་སྐྱེས་རྙེད་ནས་གླང་མགོ་ཅན་གྱིས་སྔོན་ནས་ཁྲིད༔ ཕག་མགོ་ཅན་གྱིས་ལག་པ་ནས་བཟུང་༔ ལྷན་ཅིག་སྐྱེས་པའི་འདྲེས་ཕྱི་ནས་དེད༔ ལྷན་ཅིག་སྐྱེས་པའི་ལྷས་སྡོང་གྲོགས་བྱེད་ཅིང་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཁྲིད་ནས་དེར་འཁོད་པ་དང་༔ ཡང་ཆོས་ཀྱི་རྒྱལ་པོས་འདི་སྐད་འདྲིས་སོ༔ ཀྱཻ་རིགས་ཀྱི་བུ་ཚེ་ལས་འདས་པ་ཁྱོད་མི་ཡུལ་བྲང་ང་ཁམས་ནས་འོང་ངམ༔ ཐོབ་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་ཐོབ༔ མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་དང་མཇལ༔ སྐྱེ་བར་དཀའ་བ་འཛམ་བུའི་གླིང་དུ་སྐྱེས་པ་ཅིག་ཡིན་པར་འདུག་པས༔ དཀར་པོ་དགེ་བའི་ལས་ལ་ཁྱོད་ཀྱི་བསགས་པ་ཅི་ཡོད༔ མི་ཡུལ་བྲང་ང་ཁམས་ན་བསྡད་དུས་སེམས་དཀར་པོ་ལུས་གཙང་མས་སོ་ནམ་ཆོས་ལ་བྱས་སམ༔ འདུས་བྱས་ཀྱི་དགེ་བ་ཡོན་གྱིས་བསླུས་པ་ཅི་ཙམ་ཡོད༔ སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ༔ གསུང་རབ་བྲི་བ༔ ཀློག་འདོན་དུ་བཅུག་པ༔ ཚ་ཚ་བཏབ་པ༔ ཆུ་གཏོར་བཏང་པ༔ ལམ་གྱི་རྡོ་འབུར་བསལ་པ༔ ལམ་གྱི་ཚེར་མ་བསལ་བ༔ ཡར་ལ་མཆོད་པ་འབུལ་བ༔ མར་ལ་སྦྱིན་པ་བཏང་བ༔ གྲོག་ཚང་དུ་ཟན་བྲུལ་གཏོར་བ་དེ་ཡན་ཆད་ཀྱི་ཕྲ་ཞིང་ཕྲ་བ་ནས་བསགས་པའི་དགེ་བ་ཅི་ཡོད༔ གཞན་ཡང་ཐོས་བསམ་སྒོམ་གསུམ་བྱས་པ༔ བསྙེན་གནས་དང་སྨྱུང་གནས་བསྲུང་བ༔ སྨིན་གྲཽལ་གྱི་དབང་ཁྲིད་ཞུས་པ་ལ་སོགས་པའི་དགེ་བ་བསགས་པ་ཅི་ཡོད་པ་ད་ལྟ་མགྱོགས་པར་ཤོད་ཅིག༔ ནག་པོ་སྡིག་པའི་ལས་ལ་ལུས་ཀྱི་སྒོ་ནས་ཆེ་སྟེ་ཕ་མ་མན་ཆད༔ ཆུང་སྟེ་ཤིག་དང་སྲོ་མ་ཡན་ཆད་ཀྱི་སྲོག་བཅད་པ༔ མ་བྱིན་པར་ལེན་པ༔ མི་ཚངས་པར་སྤྱོད་པ་ལ་སོགས་པ་ལུས་ཀྱི་སྡིག་པ་བསགས་པ་ཅི་ཡོད༔ ངག་གི་སྒོ་ནས་ངག་འཁྱལ་པ༔ ཚིག་རྩུབ་མོ༔ ཕྲ་མ༔ རྫུན་དུ་སྨྲ་བ་ལ་སོགས་པ་ངག་གི་སྒོ་ནས་སྡིག་པ་བསགས་པ་ཅི་ཡོད༔ ཡིད་ཀྱི་སྒོ་ནས་བརྣབ་སེམས་དང་༔ གནོད་སེམས་དང་ལོག་པར་ལྟ་བ་ལ་སོགས་པའི་ཡིད་ཀྱི་སྡིག་པ་བསགས་པ་ཅི་ཡོད༔ གཞན་ཡང་མཚམས་མེད་པ་ལྔ་དང་དེ་དང་ཉེ་བ་ལྔ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱིས་ཀུན་ནས་བསླངས་ནས་བསགས་པའི་སྡིག་པ་མི་དགེ་བ་ཅི་ཡོད༔ ཞིབ་ལ་གསལ་བར་ད་ལྟ་མགྱོགས་པར་ཤོད་ཅིག༔ ཅེས་དྲིས་པས༔ དེ་ནས་ཚེ་འདས་དེས་ཞེད་ཅིང་འདར་བའི་ཚུལ་གྱིས་འདི་སྐད་ཞུའོ༔ ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་དྲུང་དུ་ཞུ་ན༔ ང་རྒྱ་གར་བྱང་ཤར་ཀ་མ་རུ་པའི་གྲོང་ཁྱེར་དུ་སྡོད་པའི་ཁྱིམ་བདག་དད་འབྱོར་ཅན་ཞེས་བྱ་བ་ཡིན་ལགས༔ འཁོར་བ་ལ་ཡང་བརྟེན༔ བུད་སྨད་ཀྱང་ཡོད༔ རང་ཟས་ཟ་ཞིང་རང་ཆུ་འཐུང་བའི་ཉམས་ཆུང་ཞིག་ཡིན་ལགས༔ དད་པ་དང་ལྡན་ཡང་ལྡན༔ བླ་མ་བཟང་པོ་ཡུལ་དུ་བྱོན་པ་ཐམས་ཅད་ལ་བསོད་སྙོམས་བཟང་པོ་ཕུལ༔ གཞན་ཡང་དགེ་བ་ལ་བསྐུལ༔ རང་ཡང་དགེ་སེམས་བཟང་པོས་ཀུན་ནས་བསླངས༔ ལྷ་ཁང་བཟང་པོ་ཞིག་གསོས་བྱས༔ ཤི་ངེས་པའི་སྲོག་མང་པོ་བསླུས༔ དབང་ཁྲིད་ཟབ་མོ་ཡང་མང་པོ་ཐོབ༔ འགྲོ་ན་ལམ་འཕྲང་བསལ༔ འདུག་ན་ཡིག་དྲུག་འདྲེན༔ བསྙེན་གནས་དང་སྨྱུང་གནས་བསྲུངས༔ ཡར་དཀོན་མཆོག་ལ་མཆོད་པ་ཕུལ༔ མར་ངན་སློང་ལ་སྦྱིན་པ་བཏང་བའི་ཁྱིམ་པ་བྱང་ཆུབ་སེམས་དཔའ་ཞིག་ཡིན་ལགས༔ དེ་ལྟར་བྱས་པའི་དོན་ལ་མི་ཀུན་གྱིས་ཡང་བདག་ལ་ཁྱིམ་བདག་དད་འབྱོར་ཅན་ཡིན་ཟེར་ལགས༔ ངའི་དགེ་བའི་རྒྱུ་མཚན་དེ་ལྟར་ལགས༔ ནག་པོ་སྡིག་པའི་ལས་ལ་ནི་སེམས་ཅན་གཅིག་གི་སྲོག་ལ་མ་འབག་པ་ཅིག་བྱེད་དགོས་སྙམས་ཀྱང་༔ འཇིག་རྟེན་འཁོར་བ་རུ་སོང་བས་བུ་གཅིག་ཡོད་པ་དེ་ལ་ཆུང་མ་བླང་བའི་ཕྱིར་སེམས་ཅན་གཅིག་གི་སྲོག་ལ་འབག་ལགས༔ དེའི་སྡིག་བཤགས་ལ་རྡོ་རྗེ་གཅོད་པ་བརྒྱ་ཚར་གཅིག་བཏོན་ལགསཿ གྲོང་པ་ཁྱིམ་མཚེས་ཀྱི་ཁྲལ་ཕྱིར་སེམས་ཅན་མང་པོའི་སྲོག་ལ་འབག་དགོས་བྱུང་ལགས༔ དེ་ལ་ཡང་འགྱོད་པ་མང་པོ་སྐྱེས་ནས་བཤགས་པ་ཡང་མང་དུ་བྱས༔ གཞན་ཡང་འཇིག་རྟེན་ཁྱིམ་པ་རུ་སོང་བའི་ལས་དང་གཤིས་ཀྱིས་རྐང་འོག་ཏུ་བཅར་བ་ལག་འོག་ཏུ་འཆི་བ་ཨི་མི་ཡོད་བསམ་ནས་འགྱོད་པ་བྱུང་༔ ངའི་དགེ་སྡིག་གི་རྒྱུ་མཚན་དེ་ཙུག་ལགས་པས༔ དེ་ལུགས་ཀྱི་ཐུགས་དགོངས་བཏང་ནས་ཐུགས་རྗེས་འཛིན་པར་ཞུ་ལགས་ཞེས་ཞུའོ༔ དེ་ནས་ཆོས་ཀྱི་རྒྱལ་པོས་འདི་སྐད་བརྗོད་དོ༔ འོ་ན་ཁྱོད་ཀྱི་ཟེར་བ་དེ་ཚོ་བདེན་པར་གྱུར་ན༔ དགེ་སྡིག་རྒྱུ་འབྲས་ལ་བསམ་བློ་ཡག་པོ་བཏང་ནས་འདུག་སྟེ༔ འོན་ཀྱང་མིའི་རིགས་དེ་རྫུན་མཁས་པ་ཡིན་པས་ངས་ལས་ཀྱི་མེ་ལོང་ལ་དྲི་ཨང་གསུངས་ནས་མེ་ལོང་བསྟན་ནས༔ ཨེ་མ་ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ སྣང་སྲིད་གསལ་བའི་མེ་ལོང་འདི༔ དུས་གསུམ་མཁྱེན་པའི་སྤྱན་བས་གསལ༔ ལས་དགེ་སྡིག་གི་རང་གཟུགས་དངོས་སུ་སྟོན༔ ཁྱོད་མི་ཡུལ་གྱི་དགེ་སྡིག་ཅི་བྱས་ཀུན༔ དེ་ད་ལྟ་མངོན་སུམ་འཆར་ཙ་ན༔ ཁྱོད་ཀྱི་རྫུན་དང་གཡོ་སྒྱུས་ཅི་བྱེད་ཨང་༔ ད་ལྟོས་ཤིག་མེ་ལོང་འདི་ལ་ལྟོས༔ ཞེས་གསུངས་ནས་མེ་ལོང་ལ་བལྟས་ནས༔ འོ་ད་ལྟ་ཁྱེད་རང་གི་ཟེར་བའི་དགེ་སྡིག་གི་ལས་བྱས་ཚད་དེ་རྣམས་རྫུན་མིན་པར་འདུག་གོ༔ ཕོ་སྐྱེས་པ་ཡིན་ནོ༔ ལམ་དཀར་པོ་ལ་བཏང་གིས་ཨང་༔ ཞེས་གསུངས་པ་དང་༔ ཡང་འདྲེ་ནག་པོས་འདི་སྐད་བརྗོད་དོ༔ ཀ་ཡེ༔ ཆོས་ཀྱི་རྒྱལ་པོའི་མདུན་དུ་ཞུ་རྒྱུ་ཡོད༔ མི་ངན་ཁྱིམ་བདག་དཔལ་སྐྱེས་ཟེར་བ་འདིས་མི་ཚེ་རྫུན་ལ་བསྐྱལ་ནས་རང་འདོད་ཕུགས་སུ་བཅུག༔ ཁོའི་མིང་ནི་ཁྱིམ་བདག་དཔལ་སྐྱེས་ཟེར་བ་ཡིན༔ བླ་དག་ནི་མི་ངན་སྤྲེལ་མགོ་ཟེར་བ་ཡིན༔ དད་པ་མེད་པའི་ཁྱིམ་བདག་དད་འབྱོར་འདི༔ ཁོའི་ལོ་ནི་གླང་གི་ལོ་པ་ཡིན༔ ཡུལ་ནི་གྲོང་ཁྱེར་ཀ་མ་རུ་པ་ཡིན༔ རིགས་ནི་རྗེའུ་རིགས་ལས་ནི་སྡིག་པ་བྱས༔ གྲོང་སྟོད་རྒྱུག་ནས་ཕ་སྤུན་འཐབ་མོ་སྤྲད༔ གྲོང་སྨད་རྒྱུག་ནས་ཁྱིམ་མཚེས་འཁྲུགས་པ་སྤྲད༔ ཁྱིམ་མཚེས་ཤྲཱི་བྷ་དྲའི་རྔ་མོང་ལ༔ རྡོ་ཀུན་བརྒྱབས་ནས་བསད་ཀྱང་མིན་རྫུན་བཏབ༔ ཡིག་མཁན་པྲ་ཛྙཱ་མ་ཏི་ཡི༔ གླང་པོ་ཆེའི་ཕྲུ་གུ་གད་གཡང་ལ་བསད་ནས་མིན་བརྫུན་བཏབ༔ ད་ལྟ་ཉིད་ནས་རྡེའུ་ཤེར་བས་ཆོག༔ དཀར་པོའི་ལམ་ལ་འགྲོ་རྒྱུ་ཅི་ལ་ཡོད༔ ནག་པོའི་ལམ་ལ་མྱུར་དུ་ཁྲིད་པས་ཆོག༔ ཅེས་ཟེར་ནས༔ རྡེའུ་ནག་པོ་ཕུལ་གསུམ་ཙམ་ཅིག་བྱོས་པ་དང་༔ ཡང་ལྷ་དཀར་པོས་འདི་སྐད་ཞུའོ༔ ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་བ་ལ༔ ཁྱིམ་བདག་དད་འབྱོར་ཅན་འདི་དད་པ་ཆེ༔ ཆོས་ལ་མོས་ཤིང་སྡིག་ལ་འཛེམ་པར་བྱས༔ རྒྱལ་པོ་མ་ཧཱ་རཱ་ཛའི་དྲུང་དུ་ནི༔ མི་ངན་ལྔ་བརྒྱ་ཙམ་ཞིག་ཁྲིམས་གཏུགས་པ༔ གསེར་སྲང་ལྔ་བརྒྱ་བཏང་ནས་སྲོག་བསླུས་སོ༔ རྒྱ་གར་གྲོང་ཁྱེར་ཀ་མ་རུ་པ་ལ༔ ཁྱིམ་བདག་དཔལ་སྐྱེས་ཁོ་ན་དད་པ་ཆེ༔ ད་ལྟ་རང་གཉིས་རྡེའུ་ཤེར་བས་ཆོག༔ ནག་པོའི་ལམ་ལ་འགྲོ་དོན་ཅི་ལ་ཡོད༔ དཀར་པོའི་ལམ་ལ་ད་ལྟ་ཁྲིད་ནས་འགྲོ༔ ཟེར་ནས་རྡེའུ་དཀར་པོ་བྲེ་དྲུག་ཤེར་ཙམ་ཞིག་བྱོས་པ་དང་༔ འབྱུང་པོ་སྤྲེལ་གདོང་པ་ན་རེ༔ ལྷ་དང་འདྲེ་གཉིས་མི་འཆམས་མི་དགོས་ཀྱི༔ ངའི་ན་རག་སྲང་ལ་བཏེག་ཙམ་ན༔ དགེ་སྡིག་ཆེ་ཆུང་རྒྱ་རྡོས་གཏན་ལ་ཕབ༔ ད་ལྟ་འདི་ལ་བལྟས་པས་གསལ་བ་ཡིན༔ རྡེའུ་སྲང་ལ་འཇལ་བས་སུམ་ལོག་གིས་དཀར་པོ་ལྗིད་པ་དང་༔ ཆོས་ཀྱི་རྒྱལ་པོས་འདི་སྐད་གསུངས༔ ཨེ་མ་མི་ལུས་ཐོབ་ནས་ཆོས་ལ་སྤྲོ་བ་རྣམས༔ རང་འདུན་རང་གིས་ལེགས་པར་བསྒྲུབ་པ་འདི༔ གཞན་གྱིས་རྐུ་ཞིང་འཕྲོག་ཏུ་མི་གཏུབ་པར༔ རང་གི་དགེ་བས་རང་ཉིད་བདེ་ལ་བཀོད༔ ཁྱིམ་བདག་འབྱོར་པ་ཅན་གྱི་ལས་འདི་འདྲ༔ སེམས་ཅན་ཀུན་གྱིས་བྱས་ན་ཅི་མ་རུང་༔ སྤྱན་རས་གཟིགས་ལ་གསོལ་བ་མྱུར་དུ་ཐོབ༔ དཀར་པོའི་ལམ་ལ་ད་ལྟ་ལ་འུར་དེངས༔ ཅེས་བརྗོད་ལ༔ ཤར་ཕྱོགས་རི་བོ་ཏ་ལའི་རྩེ་མོ་ནས༔ ཡི་དམ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ འཁྲུལ་བ་དབྱིངས་སུ་དག་པར་བྱིན་གྱིས་རློབས༔ སེམས་ཉིད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས༔ ཅེས་གསོལ་བ་གདབ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་པའི་སྨོན་ལམ་དེ་ཡང་གདབ༔ དེ་ནས་བར་དོའི་མངལ་སྒོ་དགག་པ་དང་༔ མངལ་སྒོ་གདམ་པའི་ངོ་སྤྲོད་གདབ༔ དེ་རྗེས་དག་པ་སངས་རྒྱས་ཀྱི་ཞིང་དུ་འཕོ་བའི་ངོ་སྤྲད་བཏབ་མ་ཐག་ཏུ་ཡོལ་བ་འུབ་ཀྱིས་བསྡུས་ལ༔ ཐུགས་རྗེ་ཆེན་པོའི་སྐུ་ཁྲ་ལམ་གྱིས་བསྟན༔ སྣམ་བུ་དཀར་པོའི་ལམ་ལ་ཁྲིད༔ གོས་བཟང་པོ་བསྐོན༔ རྒྱན་བཟང་པོ་བཏགས༔ གཟེངས་བསྟོད༔ འོ་རིགས་ཀྱི་བུ་མི་ལུས་ཐོབ་པའི་དོན་འགོ་དེ༔ འདི་ལྟ་བུ་གཅིག་འོང་བ་ཡིན་ནོ༔ དགའ་བ་སྐྱེད་པར་མཛོད་ཅིག༔ ཅེས་བརྗོད་དོ༔ དེ་ནས་སྤྱན་རས་གཟིགས་ཀྱིས་སྨོན་ལམ་འདི་གསུངས་སོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དཔལ་སྐྱེས་ཁྱོད་ཀྱི་གཙོ་བྱས་སེམས་ཅན་རྣམས༔ འབྲུ་དྲུག་སྙིང་པོས་ལམ་སྣ་འདྲེན་པར་ཤོག༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ན་རག་དམྱལ་བ་ཟད་ཅིང་སྟོང་པར་ཤོག༔ ཅེས་སྨོན་ལམ་གདབ༔ ཡིག་དྲུག་བསྐུལ༔ དེ་ནས་བླ་མས༔ འོ་རིགས་ཀྱི་བུ་རྣམས་ཀྱིས་སྡིག་ཅན་ཤན་པ་ལག་དམར་དང་༔ དད་ལྡན་ཁྱིམ་བདག་དཔལ་སྐྱེས་གཉིས་ཀྱི་དགེ་སྡིག་བསགས་ལུགས་ཀྱི་སྐྱིད་སྡུག་གི་ཁྱད་པར་ལ་ལྟོས༔ རང་རེ་ཚོ་ལའང་འདི་ལྟ་བུ་ཞིག་མགྱོགས་པར་འོང་བས་དགེ་བ་ལ་འབད༔ སྡིག་པ་ལ་འཛེམ་པ་གལ་ཆེའོ༔ ཞེས་བརྗོད་ལ་ལྷ་དབང་བསྐུར༔ བཀྲ་ཤིས་བརྗོད༔ བསྔོ་བ་བྱ༔ དཀྱིལ་འཁོར་བསྡུའོ༔ ཨེ་མ་བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དམྱལ་བའི་གནས་རྣམས་དངོས་སུ་མཐོང་ནས་ནི༔ མ་འོངས་སེམས་ཅན་རྣམས་ལ་ཕན་ཕྱིར་དུ༔ བར་དོ་ཐོས་གྲོལ་ཆོས་ཀྱི་ཆ་རྐྱེན་བསྡེབས༔ སྐྱེས་བུ་ལས་ཅན་གཅིག་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་ཀུན་སྨིན་ཅིང་གྲོལ་བར་ཤོག༔ བར་དོ་ཐོས་གྲོལ་གྱི་དབང་བསྐུར་མཐོང་བ་རང་གྲོལ་ངོ་སྤྲོད་ཆེན་མོ༔ དགེ་སྡིག་རང་གཟུགས་སྟོན་པའི་གདམས་པ༔ སྲིད་པ་རང་གྲོལ་ཞེས་བྱ་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པའི་གཏེར་མའོ༔ ཆོས་རྒྱལ་མཐིང༌། གླང་མགོ་དཀར། སྤྲེལ་སེར། ཕག་སྔོ། སྦྲུལ་ལྗང༌། དོམ་མཐིང༌། སེང་གེ་དཀར། ཁྱུང་སྔོ། ལྷན་ཅིག་ལྷ་དཀར་ཞི་བ། འདྲེ་མཐིང་ནག་ཁྲོ་བོ་ཡིན། དེ་རྣམས་ཀྱི་སྐུ་མདོག་ཞལ་ཤེས་ཡིན་ལགས། མཆན།


previousསྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་སྟོན་པའི་གདམས་པ།next