Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚོགས་ཀྱི་འཁོར་ལོའི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚོགས་ཀྱི་འཁོར་ལོའི་རིམ་པ། next

ཚོགས་ཀྱི་འཁོར་ལོའི་རིམ་པ།

ཚོགས་ཀྱི་འཁོར་ལོའི་རིམ་པ་བཞུགས་སོ། མཆོག་དང་ཐུན་མོང་དངོས་གྲུབ་འབྱུང་བ་ཡི། །བླ་མ་དམ་པ་མཆོད་འོས་རྣམས་ལ་འདུད། །རྒྱུད་སྡེའི་ནང་ནས་བླ་མའི་ཕྱག་ལེན་ལྟར། ཚོགས་ཀྱི་འཁོར་ལོའི་རིམ་པ་བྲི་བར་བྱ། །སྤྱིར་བསོད་ནམས་ཀྱི་ཚོགས་བསོག་པར་བྱེད་པ་ལ། ཚོགས་ཀྱི་འཁོར་ལོ་ལས་བསོད་ནམས་ཆེ་བ་མེད། དེ་ལྟར་ཡིན་པ་ཡང༌། ཕ་རྒྱུད་གཤིན་རྗེ་དགྲ་ནག་ལས། བསོད་ནམས་མཐར་ཐུག་ཚོགས་འཁོར་ལོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །རྒྱུད་ཀྱི་རྒྱལ་པོ་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །བརྟུལ་ཞུགས་མཐར་ཐུག་དུམ་བུ་གཅིག །མ་བྱུང་འབྱུང་བར་མི་འགྱུར་རོ། །འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་ཏེ། ཚོགས་ཀྱི་འཁོར་ལོ་འདི་མ་བྱུང་བྱ་བ་ཡིན་ཏེ། འདས་པའི་སངས་རྒྱས་འཁོར་བ་འཇིགས་ཡན་ཆད་ཀྱི་བསྟན་པ་ལ་མ་བྱུང༌། མི་འབྱུང་བྱ་བ་ཡིན་ཏེ། ཕྱིས་མགོན་པོ་བྱམས་པའི་བསྟན་པ་ནས་སངས་རྒྱས་མོས་པའི་བར་དུ་མི་འབྱུང༌། ད་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་བྱུང་བ་ཡིན་ཏེ། རྩོད་ལྡན་གྱི་དུས་སྙིགས་མ་ལྔ་བདོ་བའི་དུས་གདུལ་དཀའ་བའི་སེམས་ཅན་རྣམས་ཀྱི་དོན་དུ་གསུངས་པ་ཡིན་ཏེ། དེ་ལྟ་བུའི་ཚོགས་ཀྱི་འཁོར་ལོ་འདི་ལ་དོན་གསུམ་སྟེ། ཚོགས་ཀྱི་འཁོར་ལོ་དང༌། ཚོགས་ཀྱི་མཆོད་པ་དང༌། དཔའ་བོ་དང་དཔའ་མོའི་སྟོན་མོའོ། །དང་པོ་ཚོགས་ཀྱི་འཁོར་ལོ་ནི། ཕྱིའི་མཆོད་པ་དང༌། ནང་གི་མཆོད་པ་དང༌། གསང་བའི་མཆོད་པ་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། གླུ་གར་དབྱངས་ཀྱི་མཆོད་པ། རོལ་མོ་རྒྱས་པའི་མཆོད་པ། ཞར་ལ་འགྲོ་བ། དབུགས་དབྱུང་བ་འདི་རྣམས་ཚང་ན། ཚོགས་ཀྱི་འཁོར་ལོ་འོང་བ་ཡིན། དེར་འཚོགས་པའི་རྣལ་འབྱོར་པ་རྣམས་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་མེད། ཚོགས་ཀྱི་དཔོན་ལ་དེ་ཁོ་ན་ཉིད་ཀྱིས་མཆོད་པ་ཡོད་ན། ཚོགས་ཀྱིས་མཆོད་པ་འོང་བ་ཡིན། ཚོགས་ཀྱི་དཔོན་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་མེད། མཆོད་པ་གཞན་རྣམས་ཚང་ན་དཔའ་བོ་དཔའ་མོའི་སྟོན་མོའོ། །ཐམས་ཅད་ལ་ཚང་ན་ཚོགས་ཀྱི་འཁོར་ལོ་འོང་བ་ཡིན། དེ་ལྟ་བུའི་མཆོད་པ་འཚོགས་པར་འགྲུབ་ན་བསོད་ནམས་ཀྱི་ཚོགས་རྫོགས་པས་ན་ཚོགས་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་དེ་ཉོན་མོངས་པ། རྣམ་པར་རྟོག་པ་དང༌། སྒྲིབ་པ་ཐམས་ཅད་བཅད་པས་ན་འཁོར་ལོ་ཞེས་བྱའོ། །དོན་དེ་རྣམས་དང་ལྡན་ན། འོག་མ་གཉིས་ཀྱང་ཚོགས་ཀྱི་འཁོར་ལོར་འགྲོ་བ་ཡིན། དེ་ལྟ་བུའི་ཚོགས་ཀྱི་འཁོར་ལོ་བྱེད་ན། དུས་དང་གནས་དང་ཡུལ་གསུམ་མོ། དེ་ལ་དུས་ནི་གཉིས་ཏེ། ཟླ་བ་ཡར་ངོའི་ཚེས་བཅུ་དང༌། མར་གྱི་ཚེས་བཅུའོ། །གནས་ལ་གཉིས་ཏེ། བྱིན་གྱིས་བརླབས་པའི་གནས་དང་ཡིད་དུ་འོང་བའི་གནས་སོ། །དེ་ལ་བྱིན་གྱིས་བརླབ་པའི་གནས་དུར་ཁྲོད་ལ་སོགས་པའོ། །ཡིད་དུ་འོང་བའི་གནས་ནི། རང་གི་ཡིད་དང་མཐུན་པའི་གནས་གང་ཡང་རུང་བའོ། །དེ་གཉིས་ཀ་ལ་ཚོང་དུས་དང༌། དགེ་འདུན་གྱི་ཀུན་དགའ་ར་བ་དང༌། བླ་གབ་མེད་པ་ལ་སོགས་པ་མ་ཡིན་པ་དབེན་པའོ། །ཡུལ་ནི་གཉིས་ཏེ། སློབ་མ་ལ་དབང་བསྐུར་བ་དང༌། བསོད་ནམས་ཀྱི་ཚོགས་གསོག་པའི་ཚོགས་ཀྱི་འཁོར་ལོ་བྱེད་པའོ། །གང་བྱེད་ཀྱང་སྦྱོར་བ་དངོས་གཞི་རྗེས་གསུམ་མོ། །སྦྱོར་བ་ལ་བཞི་སྟེ། རྫས་བསགས་པ་དང༌། སློབ་དཔོན་གྱི་བྱ་བ་དང༌། ལས་ཀྱི་སྐྱེས་བུའི་བྱ་བ་དང༌། སློབ་མའི་བྱ་བའོ། །དང་པོ་རྫས་བསགས་པ་ལ་རྒྱས་བསྡུས་གསུམ། རྒྱས་པ་ལ་ཐང་སྐུ་ལ་སོགས་པའི་རྟེན་བཀྲམ་པ་དང༌། དཀྱིལ་འཁོར་བཞེངས་པ་དང༌། མཆོད་པ་སྟོང་ངམ་བརྒྱའམ། ཉུང་ཡང་ལྷ་གྲངས་དང་མཉམ་པའི་མཆོད་པ་བཤམས། ཁྱད་པར་དུ་ཕྱི་ཡི་མཆོད་པ། ནང་གི་མཆོད་པ། གསང་བའི་མཆོད་པ་དང༌། སིནྡྷུ་ར་སྒྲུབ་པ་ཚོགས་ཀྱི་ཡོ་བྱད་དང༌། དམ་ཚིག་ལྔ་དང་ལྡན་པའི་གཏོར་མ་བཟང་ལ་མང་བར་བཤམ་སྟེ། བུམ་པ་ལྷ་གྲངས་སམ། ཉུང་ཡང་རིགས་ལྔའི་བུམ་པ་ལས་བུམ་དང་བཅས་པའོ། །གཉིས་པ་སློབ་དཔོན་གྱི་བྱ་བ་ནི་གཉིས་ཏེ། སྦྱོར་བ་དང་དངོས་གཞིའོ། །སྦྱོར་བ་ནི་སྟན་བདེ་བ་ལ་འདུག་སྟེ། ཁ་ནུབ་ལ་ཕྱོགས་པར་བལྟས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་བྱ་བའོ། །དངོས་གཞི་ལ་བཞི་སྟེ། བགེགས་བསྐྲད་པ་དང༌། བསང་གཏོར་བྱ་ཞིང༌། སྲུང་བའི་འཁོར་ལོ་སྒོམ་པ་དང༌། མཚམས་བཅད་པ་དང༌། གནས་ཁང་བྱིན་གྱིས་བརླབ་པའོ། །དང་པོ་བགེགས་བསྐྲད་པ་ནི། སྔོན་འགྲོའི་གཏོར་མ་བཤམས་ལ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབས་ལ། ཨ་ཀ་རོའི་སྔགས་ཀྱིས་ལན་གསུམ་དུ་བསྔོས་ལ་ཕྱི་སྒོར་བསྐྱལ། གཏོར་མ་གཅིག་གཉིས་སུམྦྷ་ནིའི་སྔགས་བརྗོད་པས་བགེགས་ཕྱི་རོལ་དུ་སྤྲད་པར་བྱའོ། །གཉིས་པ། བསང་གཏོར་བྱ་ཞིང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རྡོ་རྗེའི་དྲྭ་བ་གུར་ཁང་དུ་བསམ་མོ། །བཞི་པ་མཚམས་བཅད་པ་ནི། དཀྱིལ་འཁོར་གྱི་ཕྱོགས་བཅུར་ཁྲོ་བོ་བཅུ་བསྒོམས་ལ་སོ་སོའི་སྔགས་བརྗོད་ལ་མཚམས་བཅད་དོ། །བཞི་པ་གནས་ཁང་བྱིན་གྱིས་བརླབ་པ་ནི། དྲི་བཟང་གཏོར་མ་བྷྲཱུྃ་ལས་གཞལ་ཡས་ཁང་དུ་བསམ་མོ། །གསུམ་པ་ལས་ཀྱི་སྐྱེས་བུའི་བྱ་བ་ནི། གོས་སྔོན་གོན་ནས་ནོར་བུ་དང་དར་དཔྱང་བཅིངས་ནས་དབྱིག་པ་གཡས་སུ་ཐོགས། ལས་ཐམས་ཅད་ཀྱི་བུམ་པ་གཡོན་དུ་བཟུང༌། ལུས་ཁྲོ་བོར་བསྒོམས་སུམྦྷ་ནི་བརྗོད་ཅིང་སྒོ་སྲུང་ངོ༌། །བཞི་པ་སློབ་མའི་བྱ་བ་ནི་ཕྱི་རོལ་དུ་ཁྲུས་བྱ་སྒོ་དྲུང་དུ་འོང་ལ་ཕྱག་འཚལ། སྒོ་སྲུང་ལ་སྒོ་འབྱེད་པའི་གསོལ་བ་གདབ་པའི་ཚིག་ནི། ཧཱུྃ། ཁྲོ་བོ་སྔོན་པོ་མཛེས་པ་སྟེ། །ཁྱེད་ནི་དམ་ཚིག་ཡིད་དུ་འོང༌། །ནོར་བུ་རིན་ཆེན་མཛེས་བཅིངས་པའི། །དབྱུག་པ་ཕྱག་ན་བསྣམས་པ་སྟེ། །བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར། །དཔའ་བོས་གནང་གི་བཏང་དུ་གསོལ། །རྣལ་འབྱོར་པ་ཡི་ཚོགས་དབུས་སུ། །བཟང་པོའི་སྒོ་འདི་ཕྱེ་སྟེ་ཐོངས། ཞེས་བརྗོད་པར་བྱའོ། །ལས་སྐྱེས་ཀྱིས་སྒོ་ཕྱེས་ནས། ཁྱོར་ཆུ་དྲང་ཞིང་བསང་གཏོར་བྱའོ། །ནང་དུ་ཞུགས་པ་དང༌། ལས་ཀྱི་སྐྱེས་བུས་གྲལ་ལ་བཀོད། མེ་ཏོག་བཀོད་པའི་མཎྜལ་བཀོད་པ་དེ་ཚོགས་པ་རྣམས་ཀྱིས་མཎྜལ་ལན་གསུམ་ཕུལ་ཏེ། དང་པོ་བཀའ་བརྒྱུད་པའི་བླ་མ་ཐམས་ཅད་ལ་ཕུལ། གཉིས་པ་ཡི་དམ་ལྷ་ཚོགས་ཐམས་ཅད་ལ་འབུལ། གསུམ་དེར་འཚོགས་པའི་རྡོ་རྗེ་སྤུན་ཐམས་ཅད་ལ་འབུལ་ལོ། །མཎྜལ་འབུལ་བའི་ཚིག་ནི། དབུས་ཀྱི་རི་རྒྱལ་ལྷུན་པོ་ལ། །གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར། །ཉི་ཟླ་ཟུང་ཞིག་བསྐོར་བ་བྱེད། །གསེར་དང་དངུལ་དང་ཤེལ་དག་དང༌། །མུ་ས་གརྦྷ་བཻཌཱུརྻ། །མུ་ཏིག་དམར་དང་རྡོ་སྙིང་སྟེ། །ཀུན་གཙོ་རིན་ཆེན་སྣ་བདུན་དང༌། །བུམ་པ་བཟང་པོའི་གཏེར་གྱིས་བརྒྱན། །རྗེ་བཙུན་བཀའ་དྲིན་ཅན་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ལས་དང་སྡིག་སྒྲིབ་སྦྱང་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་མཎྜལ་རཏྣ་པུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་པས་འབུལ། ཡི་དམ་གྱི་ལྷ་ལ་འབུལ་བའི་ཚིག་ནི། གོང་མ་རྣམས་ཀྱི་གཤམ་ལ། ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་མ་དྷ་ལ་རཏྣ་པུ་ ཞེས་པའི་སྔགས་ཀྱིས་འབུལ། རྡོ་རྗེའི་སྤུན་རྣམས་ལ་ཚིགས་བཅད་གོང་མ་རྣམས་ཀྱི་གཤམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་གྲོགས་པོ་རྡོ་རྗེ་སྤུན་རྣམས་ལ་མ་དྷ་ལ་རཏྣ་པུ་ཛ་མེ་གྷས་མུ་ཏྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་པའི་སྔགས་བརྗོད་པས་འབུལ། གཉིས་པ་དངོས་གཞིའི་ཆོ་ག་ལ་གཉིས་ཏེ། སློབ་དཔོན་གྱིས་ཕན་ཡོན་ལ་སོགས་པའི་ཆོས་བཤད་ནས། ཕྱིའི་མཆོད་པ་དང༌། ནང་གི་མཆོད་པའོ། །དེ་ལ་ཕྱི་ཡི་མཆོད་པ་གསུམ། ལྷ་གདན་དྲང་བ་དང༌། མཆོད་པ་འབུལ་བ་དང༌། བསྟོད་པ་བྱ་བའོ། །དང་པོ་གདན་དྲང་བ་ནི། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༌། །ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེའི་ངང་ཉིད་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཅེས་བརྗོད་པས་སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་གྱི་དཀོན་མཆོག་གསུམ་གྱི་རྟེན་དུ་གྱུར་པ་ཐམས་ཅད་བྱོན་པར་བསམ་ལ། གཉིས་པ། མཆོད་པ་འབུལ་བ་ནི། མཎྜལ་ལ་སོགས་པའི་སིལ་སྙན་ཐམས་ཅད་རྒྱས་པར་འབུལ་ལོ། །གསུམ་པ་བསྟོད་པ་ནི་དཀོན་མཆོག་གསུམ་གྱིས་བསྟོད་པའོ། །གཉིས་པ་ནང་གི་མཆོད་པ་ལ་དྲུག དཀྱིལ་འཁོར་བསྐྱེད་ལ་ལྷ་གདན་དྲང་བ་དང༌། མཆོད་པ་འབུལ་བ་དང༌། བསྟོད་པ་བྱ་བ་དང༌། ལས་སྦྱོར་དང༌། གྲོགས་སྡོམ་པ་དང༌། དམ་ཚིག་དང༌། རྐྱེན་དུས་ཚོད་དང་འབྲེལ་བའི་སྤྱོད་པའོ། །དང་པོ་ལ་བཞི། བཀའ་བརྒྱུད་ཀྱི་བླ་མ་གདན་དྲངས་པ། ཡི་དམ་གྱི་ལྷ་ཚོགས་སྤྱན་དྲངས་པ་དང༌། ཆོས་སྐྱོང་གདན་དྲངས་པ་དང༌། ཕྱོགས་སྐྱོང་ལ་སོགས་སྤྱན་འདྲེན་པའོ། །དང་པོ་དངོས་དང་བརྒྱུད་པའི་བླ་མ་སྤྱན་དྲངས་པ་ནི། ན་མོ་གུ་རུ། རྟོག་མེད་སྤྲོས་བྲལ་ཆོས་དབྱིངས་ཆོས་ཀྱི་གནས་མཆོག་ནས། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །དངོས་དང་བརྒྱུད་པའི་རྗེ་བཙུན་འཁོར་དང་བཅས། །ཐུགས་རྗེའི་སྨོན་ལམ་དབང་གིས་གནས་འདིར་གཤེགས། ན་མོ་གུ་རུ་བཛྲ་སརྦ་ས་མ་ཛ་ཛཿ ཞེས་པས་བྱོན་པར་བསམ། དེ་ནས་ཡི་དམ་གསང་སྔགས་ཀྱི་ལྷ་ཚོགས་སྤྱན་དྲངས་པ་ནི། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་པའི། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་སངས་རྒྱས་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་བཛྲ་ས་དུ་མ་དྷཱ་ལ་ས་པཱ་རི་ཝཱ་ར་ཛཿཧཱུྃ་བྃ་ཧོཿ བཛྲ་ས་མ་ཡེ་ཧཱུྃ། ས་མ་ཡེ་སྟྭྃ། དཔལ་ལྡན་བཀྲ་ཤིས་གཞལ་ཡས་ཕོ་བྲང་དམ་པ་འདིར། །དད་པས་སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །སྙིང་རྗེ་སྟོབས་ལྡན་དམ་ཚིག་རྣལ་འབྱོར་མ། །བརྩེར་དགོངས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །སྣང་སྟོང་དབྱེར་མེད་ཕོ་བྲང་དམ་པ་འདིར། །ཨེ་ཡིས་སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །སྟོང་ཉིད་ཡེ་ཤེས་དབྱེར་མེད་རྣལ་འབྱོར་མ། །བརྩེར་དགོངས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །པདྨ་ཁ་འབུས་སེམས་ཀྱི་ཕོ་བྲང་ན། །བྃ་གྱིས་སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །དམ་ཚིག་བརྟན་པའི་རྡོ་རྗེ་རྣལ་འབྱོར་མ། །བརྩེར་དགོངས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཤེས་རབ་མཚན་ལྡན་རྡོ་རྗེ་རྣལ་འབྱོར་མ། །དཔའ་བོ་རྣམས་ཀྱང་ཁྱོད་ཀྱི་ཐུགས་ལས་སྤྲུལ། །དངོས་གྲུབ་མཆོག་རྩོལ་ཕག་མོ་འཁོར་བཅས་རྣམས། །བརྩེར་དགོངས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཅེས་བརྗོད་བྱོན་པར་བསམ། གཞན་ཡང་གདན་དྲངས་པའི་ཚིག་ནི། ཡང་དག་བདེ་ཆེན་བྷ་ག་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །མི་འགྱུར་གནས་པའི་གཞལ་ཡས་ནས། །བུདྡྷ་མཁའ་འགྲོ་གཤེགས་སུ་གསོལ། །གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །ཤེས་རབ་བཙུན་མོའི་བྷ་ག་ནས། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །འཇིག་རྟེན་དུར་ཁྲོད་གཞལ་ཡས་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །སྣ་ཚོགས་མཁའ་འགྲོ་གཤེགས་སུ་གསོལ། །ནུབ་ཕྱོགས་རང་བྱུང་བྷ་ག་ན། །རྡོ་རྗེ་ཕག་མོ་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་པའི་གཏོར་མ་བཞེས། །ཨུ་རྒྱན་ཡུལ་གྱི་ཤར་ཕྱོགས་ན། །དུར་ཁྲོད་མིང་ནི་སོ་སའི་གླིང༌། །མཁའ་འགྲོའི་མིང་ནི་ཁྭ་གདོང་མ། །རྒྱན་ཆ་མང་པོ་པུ་རུ་རུ། །རོལ་མོ་སིལ་སྙན་ཁྲ་ལ་ལ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཨུ་རྒྱན་ཡུལ་གྱི་ལྷོ་ཕྱོགས་ན། །དུར་ཁྲོད་མིང་ནི་བསིལ་བའི་ཚལ། །མཁའ་འགྲོའི་མིང་ནི་ཁྱི་གདོང་མ། །རྒྱན་ཆ་མང་པོ༴ རོལ་མོ་སིལ༴ གླུ་ལེན་གར་བྱེད༴ བྱིན་གྱིས་བརླབ་ཕྱིར༴ ཨུ་རྒྱན་ཡུལ་གྱི་ནུབ་ཕྱོགས་ན། །དུར་ཁྲོད་མིང་ནི་བདེ་བའི་ཚལ། །མཁའ་འགྲོའི་མིང་ནི་ཕག་གདོང་མ། །རྒྱན་ཆ་མང་པོ༴ རོལ་མོ་སིལ༴ གླུ་ལེན་གར་བྱེད༴ བྱིན་གྱིས་བརླབ་ཕྱིར༴ ཨུ་རྒྱན་ཡུལ་གྱི་བྱང་ཕྱོགས་ན། །དུར་ཁྲོད་མིང་ནི་དགའ་བའི་ཚལ། །མཁའ་འགྲོའི་མིང་ནི་འུག་གདོང་མ། །རྒྱན་ཆ་མང་པོ༴ རོལ་མོ་སིལ༴ གླུ་ལེན་གར་བྱེད༴ བྱིན་གྱིས་བརླབ་ཕྱིར༴ མཁའ་འགྲོ་ཆེན་པོ་ཁྱེད་རྣམས་ཀྱང༌། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ལ་ལ་རི་བོའི་ཟོམ་ལ་གནས། །ལ་ལ་དཔག་བསམ་ཤིང་ལ་གནས། །ལ་ལ་རྒྱ་མཚོའི་གླིང་ན་གནས། །ལ་ལ་བར་སྣང་མཁའ་ལ་གནས། །ཕལ་ཆེར་དུར་ཁྲོད་དབུས་ན་གནས། །མཁའ་འགྲོ་ཆེན་མོ་ཁྱེད་རྣམས་ཀྱང༌། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། རྣལ་འབྱོར་ཀུན་གྱི་དྲོད་ཉུལ་མ། །འདིར་གཤེགས་རྒྱན་པའི་གཏོར་མ་བཞེས། །བརྒྱུད་པའི་བུ་ཚོ་ལམ་སྣ་དྲོངས། །སྐལ་ལྡན་ཀུན་ལ་བྱིན་གྱིས་རློབས། །སྐྱེ་མེད་ཆོས་ཀྱི་ཕོ་བྲང་ནས། །སྟོང་ཉིད་རྡོ་རྗེ་མཁའ་འགྲོ་མ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ལུས་ནང་རྩ་ཡི་ཕོ་བྲང་ན། །སེམས་ཉིད་རྡོ་རྗེ་མཁའ་འགྲོ་མ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཧ་ཧ་སྒྲོག་པའི་དུར་ཁྲོད་ན། །ཤེས་རབ་ཐབས་ལྡན་རྡོ་རྗེ་མཁའ་འགྲོ་མ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། རྗེ་ནཱ་རོ་པཎ་ཆེན་གྱིས་གདན་དྲངས་པའི། །མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །བརྒྱུད་པའི་བླ་མ་དམ་པ་རྣམས། །བྱིན་རླབས་ཆུ་བོའི་རྒྱུན་མ་གཅོད། །བསྐུལ་ཞིང་དམ་ཅན་མཁའ་འགྲོ་མ། །ཐུགས་ཀྱིས་བྱིན་རླབས་སེམས་ལ་སྩོལ། །སེམས་དམིགས་མེད་ཡེ་ཤེས་མཐོང་གྱུར་ནས། །སྐྱེ་བ་མེད་པར་ལམ་སྣ་དྲོངས། །བསྐུལ་ཞིང་བྱིན་རླབས་མཁའ་འགྲོ་མ། །སྐུ་ཡི་བྱིན་རླབས་ལུས་ལ་སྩོལ། ལུས་ལ་བདེ་དྲོད་སྦར་དུ་གསོལ། །བདེ་བ་ཆེན་པོར་ལམ་སྣ་དྲོངས། །བསྐུལ་ཞིང་དངོས་གྲུབ་མཁའ་འགྲོ་མ། །གསུང་གི་བྱིན་རླབས་ངག་ལ་སྩོལ། ངག་ནུས་པ་དང་ལྡན་པར་བྱིན་གྱིས་རློབས། །བར་ཆད་མེད་པར་ལམ་སྣ་དྲོངས། །ཁྱེད་ཀྱང་མཁའ་འགྲོ་དམ་ཚིག་ཅན། །མི་ངེད་ཀྱང་རྣལ་འབྱོར་སྒྲུབ་པ་པོ། །བརྒྱུད་པའི་བུ་ཚོ་བྱིན་གྱིས་རློབས། །སྐལ་པར་ལྡན་པ་ལམ་སྣ་དྲོངས། ཞེས་བརྗོད་པས་བྱོན་པར་བསམ། དེ་ནས་ཆོས་སྐྱོང་གདན་དྲངས་པ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་བྱོན་མགོན་པོའི་ཚོགས། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བཞི་པ་ཞིང་སྐྱོང་དང་ཕྱོགས་སྐྱོང་རྣམས་གདན་དྲང་བའི་ཚིག་རྣམས་ཀྱང་བརྗོད་པར་བྱའོ། །གཉིས་པ་མཆོད་པ་འབུལ་བ་ལ་གསུམ་སྟེ། ཕྱིའི་མཆོད་པ་དང༌། ནང་གི་མཆོད་པ་དང༌། གསང་བའི་མཆོད་པའོ། །དང་པོ་ཕྱི་ཡི་མཆོད་པ་ནི། ཡོན་ཆབ་ལ་སོགས་པ་རྒྱས་པར་འབུལ། ནང་གི་མཆོད་པ་ཆང༌། གསང་བའི་མཆོད་པ་བདུད་རྩི་ལྔའོ། །གསང་བའི་མཆོད་པ་ལ་གསུམ་སྟེ། སྣོད་ཐོད་པ་མཚན་དང་ལྡན་པའི་ནང་དུ། ཆང་དང་བདུད་རྩི་ལྔ་བླུགས་ལ་གཡོན་དུ་བཞག ཤ་བཏུབ་ལ་ཐོད་པ་བཀང་བ་གཡོན་དུ་བཞག ལག་པ་བྱིན་གྱིས་བརླབ་པ་དང༌། ཆང་བྱིན་གྱིས་བརླབ་པ་དང༌། ལག་པའི་མཆོད་པའོ། །དང་པོ་ལག་པ་བྱིན་གྱིས་བརླབ་པ་ནི། སྲིན་ལག་གཡོན་པ་དང༌། མཐེ་བོང་གིས་ཆང་ལ་ཟླུམ་བསྐོར་དང་གྲུ་གསུམ་གཉིས་བརྩེགས་བྱས། དབུས་སུ་ཐིག་ལེ་བྱ། དེ་ནས་ལག་པ་གཡོན་པའི་སྲིན་ལག་དང་མཐེ་བོང་གིས་ཆང་བླངས་ལ་གཡས་པའི་མཐིལ་དུ་བཀོད་ལ། ཨོཾ་ཞེས་བརྗོད་པས་དཔལ་ཧེ་རུ་ཀར་བསམ། གཡས་པའི་མཐེ་བོང་དང་སྲིན་ལག་གིས་ཆང་བླང་ལག་གཡོན་པའི་མཐིལ་དུ་བཀོད་ནས་ཝྃ་ཞེས་བརྗོད་པས་རྡོ་རྗེ་ཕག་མོར་བསམ། དེ་ནས་གཡས་གཡོན་གྱི་སོར་མོ་བཅུ་ལ་རིམ་པ་བཞིན་དུ་གཡས་པའི་མཐེ་བོང་ཧྃ། གཡོན་པའི་མཐེ་འོང་ལ་ཡྃ། གཡས་པའི་མཛུབ་མོ་ལ་ཧྲཱིཾཿ གཡོན་པའི་མཛུབ་མོ་ལ་མྃ། གུང་མོ་གཉིས་ལ་ཧྲིཾ་ཧྲིཾ། སྲིན་ལག་གཉིས་ལ་ཧཱུྃ་ཧཱུྃ། མཐེའུ་ཆུང་གཉིས་ལ་ཕཊ྄་ཕཊ྄། ཅེས་པ་བཀོད་པ་དང༌། ངག་ཏུ་བརྗོད་པས། རྒྱལ་བ་ཡབ་ཡུམ་བཅུ་གཉིས་བསམ། དེ་ནས་གཡོན་གྱི་སྲིན་ལག་དང་མཐེ་བོང་གིས་ཆང་བླང་ཞིང༌། རྒྱལ་བ་བཅུ་གཉིས་པའི་ཞལ་དུ་བདུད་རྩི་ཕུལ་བས་ཟག་པ་མེད་པའི་བདེ་བ་རྒྱུད་ལ་སྐྱེས་པས། ཡབ་ཡུམ་བཅུ་གཉིས་པོ་བདུད་རྩིར་ཞུ་ནས་ལུས་ལ་བྱུགས་པས་ལུས་ཀྱི་སྒྲིབ་པ་དག་པར་བསམ། གཉིས་པ་ཆང་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་ཝའི་སྔགས་བརྗོད་པས་སྟོང་པར་བསམ། སྟོང་པའི་ངང་ལས་ཐོད་པའི་འོག་ཏུ་ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུ་གདུངས་པའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ་གཅིག་བསམ། དེའི་སྟེང་དུ་ཡི་གེ་རྃ་ལས་མེའི་དལ་ཟུར་གསུམ་པ་གཅིག་བསམ། དེའི་ཟུར་གསུམ་ཀཾ་སྐྱ་བོ་གསུམ་བསམ། དེ་ཡོངས་སུ་གྱུར་པ་ལས་ཐོད་པའི་སྒྱེད་པུ་རི་རབ་ཙམ་པ་གསུམ་བསམ། དེའི་སྟེང་དུ་ཨཱ་དཀར་པོ་ཞིག་བསམ། དེ་ཡོངས་སུ་གྱུར་པ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་ཞིག་བསམ། དེའི་དབུས་སུ་བི། ལྷོ་རུ་མུ། ནུབ་ཏུ་མ། བྱང་དུ་ར། དེ་ལྔ་བདུད་རྩི་ལྔར་བསམ། དེའི་སྟེང་དབུས་སུ་ན། ཤར་དུ་གོ། ལྷོར་ཀུ །ནུབ་ཏུ་ཏ། བྱང་དུ་ན། དེ་ལྔ་ལ་ཤ་ལྔར་བསམ། དེའི་དབུས་སུ་ཨོཾ་དཀར་པོ་ཞིག་བསམ། དེའི་སྟེང་དུ་ཨཱཿདམར་པོ་ཞིག་བསམ། དེའི་སྟེང་དུ་ཧཱུྃ་སྔོན་པོ་ཞིག་བསམ། དེ་ནས་རླུང་གིས་མེ་སྦར་བས་ཐོད་པ་དྲོས། རྫས་རྣམས་ཁོལ་བས་རླངས་པ་འོག་མིན་དུ་སོང་བས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ལ། ཨོཾ་ཨཱཿཧཱུྃ་ལན་ཉི་ཤུ་རྩ་གཅིག་བརྗོད་པས་གཉིས་སུ་མེད་པར་བསམ། དེ་ནས་མཐེབ་སྲིན་གཉིས་ཀྱིས་བདུད་རྩི་བླངས་ལ་འབུལ་བ་ནི། རྡོ་རྗེ་འཆང་ཆེན་པོ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། ཏཻ་ལོ་པ་ཆེན་པོ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། ནཱ་རོ་པ་ཆེན་པོ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། མར་པ་ལོ་ཙཱ་ཆེན་པོ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། མི་ལ་ཆེན་པོ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། རྗེ་དྭགས་པོ་རིན་པོ་ཆེ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། དཔལ་ལྡན་འབའ་རོམ་པ་ཆེན་པོ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། རྗེ་བཙུན་བཛྲ་སཏྭ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། གཞན་ཡང་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་མཚན་ནས་བརྗོད་ཅིང་བདུད་རྩི་འབུལ་ལོ། །དེ་ནས་གསང་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་མཚན་ནས་བརྗོད་ཅིང་བདུད་རྩི་འབུལ། གསུམ་པ་ལག་མཆོད་བྱ་བ་ནི། ལག་པ་གཡོན་པའི་མཐིལ་དུ་གཡས་པས་སྲིན་ལག་དང༌། མཐེ་བོང་གི་ཆང་བླངས་ལ་ཟླུམ་བསྐོར་གཅིག་བྱས། དེའི་ཕྱི་རོལ་དུ་པདྨ་འདབ་མ་ལྔ་པ་ཞིག་བྲི། དེ་ནས་དེའི་དབུས་སུ་འབྲས་རྡོག་པོ་གཅིག་བཞག་ལ། ཨོཾ་བྃ་ཞེས་བརྗོད། དེ་ནས་གཡོན་བསྐོར་པདྨ་རེ་རེའི་སྟེང་དུ་འབྲས་རྡོག་པོ་རེ་རེ་བཞག་ལ། དེ་རེ་རེ་ལ་ཧཾ་ཡྃ་ཧྲིཾ་མྃ་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཞེས་རིམ་པར་བརྗོད་པར་བྱའོ། །དེ་ནས་ཨོཾ་ཧ་ཞེས་བརྗོད་པས་མཐེ་བོང་གི་སྟེང་དུ་འབྲས་རྡོག་པོ་གཅིག་བཞག ན་མ་ཧེ་ཞེས་བརྗོད་པས་མཛུབ་མོའི་སྟེང་དུ་འབྲས་རྡོག་པོ་གཅིག་བཞག སྭཱ་ཧཱ་ཧཱུ་ཞེས་བརྗོད་གུང་མོའི་སྟེང་དུ་འབྲས་རྡོག་པོ་གཅིག་བཞག བཽ་ཥཊ་ཧེ་ཞེས་བརྗོད་པས། སྲིན་ལག་གི་སྟེང་དུ་འབྲས་རྡོག་པོ་གཅིག་བཞག ཧཱུྃ་ཧཱུྃ་ཧོ་ཞེས་བརྗོད། མཐེའུ་ཆུང་གི་སྟེང་དུ་འབྲས་རྡོག་པོ་གཅིག་བཞག ཕཊ་ཕཊ་ཧོ་ཞེས་བརྗོད་པས། མདུན་ཕྱོགས་སུ་འབྲས་རྡོག་གཅིག་བཞག དེ་རྣམས་རྒྱལ་བ་ཡབ་ཡུམ་བཅུ་གཉིས་སུ་བསྒོམ་ལ། སྐབས་འདིར་འདོད་ཡོན་ལྔ་མཆོད་ཡང་བྱ། དཔལ་ཧེ་རུ་ཀ་དང་ཡུམ་རྡོ་རྗེ་ཕག་མོ་དང་གཉིས་ཀྱི་རྩ་བའི་སྙིང་པོ་བརྗོད་ཅིང་སྲིན་ལག་གཡོན་པས་བདུད་རྩི་གཏོར་ཏེ། དེ་ནས་ཨོཾ་བྃ་དང༌། ཨོཾ་ཧ་ལ་སོགས་པའི་སྔགས་བརྗོད་ཅིང་བདུད་རྩི་གཏོར། དེ་ནས་སྲིན་ལག་གཡས་པ་དང་མཐེ་བོང་གཉིས་ཀྱིས་ཤ་བླངས་ལ་གཡོན་བསྐོར་དུ་ལག་མཐིལ་དུ་རིམ་གྱི་བཀང་བར་བྱས་ལ། དེ་ལ་མཆོད་པ་རྣམ་ལྔ་ཐེབས་གཅིག་གིས་འབུལ། དྲིལ་བུ་བསིལ་བ། དེ་ནས་ཤ་རྣམས་ཐོད་པའི་ནང་དུ་མ་བོ་བར་བླུག་གོ །གསུམ་པ་བསྟོད་པ་བྱ་བ་ལ་གཉིས། བཀའ་བརྒྱུད་ཀྱི་བླ་མ་ལ་བསྟོད་པ། གསང་སྔགས་ཀྱི་ལྷ་ཚོགས་ལ་བསྟོད་པའོ། །དང་པོ་བླ་མ་ལ་བསྟོད་པ་བྱ་བ་ནི། གནས་ངེས་པ་འོག་མིན་ཞིང་ཁམས་སུ། །འཁོར་ངེས་པ་རྒྱལ་སྲས་བྱང་སེམས་ལ། །ཆོས་ངེས་པ་བླ་མེད་ཐེག་ཆེན་གསུངས། །རྗེ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །གནས་ངེས་མེད་རི་བྲག་དུར་ཁྲོད་དུ། །འཁོར་ངེས་མེད་སྐལ་པར་གང་ལྡན་ལ། །ཆོས་ངེས་མེད་སྣ་ཚོགས་རྟེན་འབྲེལ་བསྒྲིགས། །རྗེ་ཏཻ་ལོ་པ་ལ་ཕྱག་འཚལ་བསྟོད། །གནས་བྱིན་རླབས་ཕུལླ་ཧ་རི་ན། །འཁོར་བྱིན་རླབས་རྒྱ་གར་བལ་བོད་ལ། །ཆོས་བྱིན་རླབས་རྒྱུད་འགྲེལ་གདམས་པ་བཤད། །རྗེ་ནཱ་རོ་པ་ལ་ཕྱག་འཚལ་བསྟོད། །གནས་བདེ་ཆེན་ལྷོ་ཕུ་ནགས་ཚལ་ན། །འཁོར་བདེ་ཆེན་དབུས་གཙང་གྲྭ་སློབ་ལ། །ཆོས་བདེ་ཆེན་དབང་བཞིའི་ཆུ་བོ་བསྐུར། །རྗེ་ལྷོ་བྲག་པ་ལ་ཕྱག་འཚལ་བསྟོད། །གནས་ཞེན་མེད་བལ་བོད་སོ་མཚམས་སུ། །འཁོར་ཞེན་མེད་དད་བརྩོོན་ལྡན་པ་ལ། །ཆོས་ཞེན་མེད་ཐབས་ཀྱི་ལམ་མཆོག་ཁྲིད། །རྗེ་མི་ལའི་སྐུ་ལ་ཕྱག་འཚལ་བསྟོད། །གནས་སྙན་པ་སྒམ་པོ་ཟངས་ཟླུམ་ན། །འཁོར་སྙན་པ་ཕྱོགས་བཞིའི་མཁས་བཙུན་ལ། །ཆོས་སྙན་པ་སྟོང་ཉིད་སྒྲ་དབྱངས་སྒྲོགས། །རྗེ་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །གནས་ལུང་བསྟན་ཙམ་ཆེན་ལྷ་སྒོ་ན། །འཁོར་ལུང་བསྟན་ལས་འཕྲོ་སད་པ་ལ། །ཆོས་ལུང་བསྟན་ཕྱག་རྒྱ་ཆེན་པོ་བསྟན། །རྗེ་འབའ་རོམ་པ་ལ་ཕྱག་འཚལ་བསྟོད། ཐུགས་གཉིས་མེད་མངོན་ཤེས་དྲུག་དང་ལྡན། །དུས་གཉིས་མེད་སྒྲིབ་པ་བྲལ་བར་གསལ། །ཐབས་དམིགས་མེད་ཅེས་འདུལ་དེ་ལྟར་བསྟན། །རྗེ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་བསྟོད། ལུང་ལེགས་པར་ཟླ་འོད་གཞོན་ནུས་བསྟན། །དམ་ལེགས་པར་འཁོར་བ་སྒྲོལ་བར་བཅས། །ངོ་ལེགས་པར་སྣང་བ་ཆོས་སྐུར་སྤྲད། །རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། རྒྱུད་བསླབ་གསུམ་རྒྱན་ལྡན་བྱང་སེམས་འབྱོངས། །ལས་ཁམས་གསུམ་དུག་གསུམ་དྲི་མ་གསུམ། །དབྱིངས་སྐུ་གསུམ་ངང་དུ་དག་པར་མཛད། །རྗེ་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད། །རྗེ་འགྱུར་མེད་ཆོས་དབྱིངས་ནམ་མཁའ་ལ། །ངེད་ཡེངས་མེད་གུས་པས་གསོལ་བ་འདེབས། །སེམས་སྐྱེ་མེད་ཆོས་སྐུར་བྱིན་གྱིས་རློབས། །དབྱིངས་དམིགས་མེད་རྣམ་དག་འདྲེན་པར་ཤོག །རྗེ་མཉམ་མེད་ཡིད་བཞིན་རིན་ཆེན་ལ། །ངེད་དྲི་མེད་མདངས་ལྟར་གསོལ་བ་འདེབས། །ལུས་གཉིས་མེད་ལོངས་སྐུར་བྱིན་གྱིས་བརླབས། །རྗེ་སྤྲོས་མེད་ཁྱེད་དང་མཚུངས་པར་ཤོག །རྗེ་སྤྲིན་མེད་ཤེས་རབ་ཉི་མ་ལ། །ངེད་དཔག་མེད་འོད་ལྟར་གསོལ་བ་འདེབས། །ངག་འགགས་མེད་སྤྲུལ་སྐུར་བྱིན་གྱིས་རློབས། །དོན་ཕྱོགས་མེད་སྲིད་མཚོ་སྐེམས་པར་ཤོག །རྗེ་ཟག་མེད་བདུད་རྩིའི་ཆུ་བོ་ལ། །ངེད་ཡེངས་མེད་གདུང་བས་གསོལ་བ་འདེབས། །རྐྱེན་དངོས་མེད་བདེ་བར་བྱིན་གྱིས་རློབས། །རྒྱུན་འཆད་མེད་ཡེ་ཤེས་གསལ་བར་ཤོག །རྗེ་དྲི་མེད་བསྟོད་པའི་བསོད་ནམས་ལ། །དོན་དྲི་མེད་འབྱུང་བའི་དགེ་རྩ་དེས། །སེམས་དྲི་མེད་ཆོས་སྐུར་མ་ཤར་བར། །ཐུགས་དྲི་མེད་བརྩེ་བས་བཟུང་དུ་གསོལ། །ཅེས་བརྗོད་དོ། །དཔལ་ཧེ་རུ་ཀ་དང༌། དཔལ་རྡོ་རྗེ་ཕག་མོ་གཉིས་ལ་རིམ་པ་ལྟར་བསྟོད་པ་ནི། དཀྱིལ་འཁོར་མངའ་བདག་ཞལ་བཞི་བཅུ་གཉིས་སྤྱན། །བཅུ་གཉིས་ཕྱག་གིས་འཇིགས་པའི་མཚོན་ཆ་ཕྱར། ཞེས་པ་ལ་སོགས་པ་དང༌། ཁྲག་འཐུང་རྒྱལ་པོ་རྣམ་ཐར་བརྒྱད་ཀྱི་ཞལ། །ཞེས་པ་ལ་སོགས་པས་བསྟོད་པ་བྱའོ། །ཡུམ་གྱི་བསྟོད་པ་ནི། ཧཱུྃ། རྡོ་རྗེ་ཕག་མོའི་སྐུ་ཡི་ཆ་ལུགས་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཤིན་ཏུ་དམར། །གཡས་པས་གྲི་གུག་གཡོན་པས་ཐོད་པ་བསྣམས། །གཡས་བསྐུམ་གཡོན་བརྐྱང་མི་རོའི་གདན་ལ་བཞུགས། །ཕྱག་གཡོན་གྲུ་མོ་ལ་ནི་ཁ་ཊྭཱྃ་བརྟེན། །ཤིན་ཏུ་གསུས་པ་ལྡིར་ཞིང་ཁྲོ་གཟུགས་མ། །སྤྱན་གསུམ་སྐྲ་སེར་ཐོད་པའི་དབུ་རྒྱན་ཅན། །མི་མགོ་ལྔ་བཅུའི་དོ་ཤལ་སྐུར་བརྒྱན་པ། །གཅེར་བུ་ལ་སོགས་རུས་པའི་རྒྱན་ལྔས་བརྒྱན། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཕག་མོའི་གསུང་གི་ང་རོ་ནི། །སྙན་པའི་དབྱངས་ཀྱིས་སེམས་ཅན་ཚིམས་པར་མཛད། །འཇིགས་པའི་ང་རོས་དྲེགས་ཅན་ཟིལ་གྱིས་གནོན། །རྡོ་རྗེ་ཕག་མོའི་གསུངས་ལ༴ རྡོ་རྗེ་ཕག་མོའི་ཐུགས་ཀྱི་རང་བཞིན་ནི། །བདེ་ཆེན་སྤྲོས་བྲལ་འོད་གསལ་ཆོས་ཀྱི་སྐུ། །སྒྲིབ་མེད་རྣམ་དག་ཀུན་མཁྱེན་ཡོན་ཏན་རྫོགས། །རྡོ་རྗེ་ཕག་མོའི་ཐུགས་ལ༴ རྡོ་རྗེ་ཕག་མོའི་ཡོན་ཏན་རང་བཞིན་ནི། །རྫོགས་པ་གང་ཞིག་ངེས་སྒྲུབ་གྱུར་པ་ནི། །མྱུར་དུ་འགྲུབ་པའི་ཡོན་ཏན་དག་དང་ལྡན། །རྡོ་རྗེ་ཕག་མོའི་ཡོན་ཏན་ཆེ་ལ་བསྟོད། །རྡོ་རྗེ་ཕག་མོའི་ཕྲིན་ལས་རང་བཞིན་ནི། །ཁྲོ་མོའི་ཆ་ལུགས་གདུག་པའི་ཕྲིན་ལས་མཛད། །རྡོ་རྗེ་ཕག་མོ་ཕྲིན་ལས་དོན་མཛད་མ། །ངོ་མཚར་ཆེ་བ་དེ་ལ་ཕྱག་འཚལ་བསྟོད། །གཟུགས་སྐུ་རྣམ་གཉིས་སེམས་ཅན་འགྲོ་དོན་མཛད། །གསུང་སྐད་ང་རོས་དྲེགས་པའི་བགེགས་རྣམས་འཇོམས། །གཉིས་མེད་བདེ་ཆེན་མཚན་མའི་རྣམ་རྟོག་འཇོམས། །ཕག་མོ་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །འོག་མིན་གནས་མཆོག་དམ་པ་ནས། །བཅོམ་ལྡན་རྡོ་རྗེ་ཁྲོ་མོ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །ཕྱག་གཡས་རྡོ་རྗེའི་གྲི་གུག་བསྣམས། །ཕྱག་གཡོན་བྷནྡྷ་བདུད་རྩིས་བཀང༌། །ཐོད་པའི་དོ་ཤལ་སྐུ་ལ་རྒྱན། །ནུ་མ་ཤིན་ཏུ་འབུར་ལ་མཁྲེག །སྤྱན་རྩ་དམར་ཞིང་ཟླུམ་པ་སྟེ། །དབུ་སྐྲ་ནག་པ་སྣུམ་ཞིང་འཁྱིལ། །མཛེས་ཤིང་བལྟ་བས་ཆོག་མི་ཤེས། །ལྟ་སྟངས་ཚུལ་གྱིས་བགེགས་ཆེན་གནོན། །ཚངས་པ་བརྒྱ་བྱིན་ཞབས་འོག་འཇུག །རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད། །གསུང་གི་དབང་ཕྱུག་ཕྱོགས་བཅུར་གྲགས། །བདུད་རྣམས་འདུལ་ལ་ཕྱག་འཚལ་བསྟོད། །ཐུགས་ཀྱི་དབང་ཕྱུག་དགོངས་པ་ནི། །མཉམ་ཉིད་ཐུགས་ལ་ཕྱག་འཚལ་བསྟོད། །གཡས་ན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །གཡོན་ན་པདྨ་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །མདུན་ན་ལས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །རྒྱབ་ན་རིན་ཆེན་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་གསུམ་པོ་ཡི་ངོ་བོ་ཉིད། །བསྐལ་པ་མེ་ལྟར་འབར་བའི་འོད། །རྡོ་རྗེ་རྣལ་འབྱོར་མ་ཚོགས་འདུད། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །དམིགས་པ་མེད་པ་ཐུགས་རྗེ་ཡི། །གཟུགས་སྐུ་སྒྱུ་མ་ལྟར་སྤྱོད་པ། །ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །བྱིན་རླབས་མཆོག་སྩོལ་རྣལ་འབྱོར་ཆེ། །མཁའ་འགྲོ་མ་ཚོགས་གཙོ་མོ་ཆེ། །ཉོན་ཅིག་བསྐུལ་ལོ་ཤེས་རབ་མ། །སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །ཅེས་པའི་རྡོ་རྗེའི་གླུ་དང་བཅས་པས་བསྟོད། བཞི་པ་རྣལ་འབྱོར་ནི། ལས་ཀྱི་སྐྱེས་བུས། བླ་མ་དང་དེར་ཚོགས་པ་རྣམས་ལ་མཎྜལ་དང་མེ་ཏོག་རེ་རེ་ཕུལ་ལ། ཕྱག་འཚལ་ནས་ཐུགས་དམ་ལ་བཞུགས་པའི་ཞུ་བ་འབུལ་བའི་ཚིག་ནི། བླ་མ་རྡོ་རྗེ་སློབ་དཔོན་གྱིས་དབུ་མཛད་པའི། དཔའ་བོ་དང་རྣལ་འབྱོར་མ་རྣམས་འགྲོ་བ་སེམས་ཅན་གྱི་དོན་དུ་ཐུགས་དམ་ལ་བཞུགས་པར་ཞུ་འཚལ། ཞེས་བརྗོད་པར་བྱའོ། །ཚོགས་པ་རྣམས་ཀྱིས་ཀྱང༌། བསྐྱེད་རྫོགས་ཟུང་འབྲེལ་དུ་བསྒོམས་ནས། ཟུང་འཇུག་གི་བཟླས་པ་ཡན་ཆད་བྱ། ཚོགས་ཀྱི་འཁོར་ལོའི་དུས་སུ་བསྒོམ་བཟླས་བྱ་བ་དང༌། གཞན་དུ་བསྒོམ་བཟླས་བྱས་པ་གཉིས་ལ་ཚོགས་ཀྱི་འཁོར་ལོའི་དུས་སུ་བསྒོམ་བཟླས་འབུམ་འགྱུར་གྱི་བསོད་ནམས་ཆེ་བ་ཡིན་གསུངས། ལྔ་པ་གྲོགས་སྡོམ་པ་དམ་ཚིག་ནི་ཚོགས་ཀྱི་འཁོར་ལོའི་དུས་སུ་དམ་ཚིག་གསོ་སྦྱོང་བྱ་དགོས་ཤིང༌། དམ་ཚིག་ཆགས་ཉམས་ཅི་བྱུང་བ་ནི་བསྐང་བཤགས་བྱ་བ་ནི། སྡིག་པ་མི་དགེ་བའི་ལས་ཅི་བྱས་པ་ཐམས་ཅད་བློས་དྲན་པར་བྱས་ལ། དེ་ནས་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པའི་ཚིག་ནི། རྡོ་རྗེ་བླ་མ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཀྱིལ་འཁོར་གྱི་ལྷའི་ཁྱད་པར་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང༌། ཡེ་ཤེས་ཀྱི་སྤྱན་མངའ་བ། རྫུ་འཕྲུལ་གྱི་སྟོབས་མངའ་བ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་ཁྱེད་ཀྱི་སྤྱན་སྔར། བདག་རྡོ་རྗེ་འཛིན་པ་མིང་འདི་ཞེས་བགྱི་བ་མཆིས་ནས་ཚེ་ཐོག་མ་མེད་པ་ནས་ཐ་མ་དེང་སང་ཡན་ཆད་དུ། མཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་དང༌། མི་དགེ་བ་བཅུ་དང༌། ལྕི་བ་བརྒྱད་དང༌། ལོག་པ་བཞི་དང༌། ཁ་ན་མ་ཐོ་བ་གཉིས་དང༌། འཕགས་པ་དང༌། དམ་པའི་ཆོས་ལ་སྐུར་པ་བཏབ་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འདོད་པ་ལ་སོགས་པའི་དབང་གིས། ཐེག་པ་ཆེ་ཆུང་གི་བསླབ་པ་བླངས་ནས། ཐེག་པ་ཆེ་ཆུང་གི་བསླབ་པ་དང་འགལ་བ། ཉེས་པའི་ཚོགས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་སོ་སོར་བཤགས་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ནས། མཐོང་སྡོམ་དྲི་བར་བྱའོ། །གཞན་ཡང་རྩ་ལྟུང་བཅུ་བཞིའི་བཤགས་པ་དང་ཡི་གེ་བརྒྱ་པ་ཡང་བརྗོད་པར་བྱའོ། །དྲུག་པ་རྐྱེན་དུས་ཚོད་དང་འབྲེལ་བའི་སྤྱོད་པ་ནི་གསུམ་སྟེ། རྐྱེན་ཚོགས་ཀྱི་འཁོར་ལོ་དང༌། དུས་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་པའི་དུས་དང༌། དེ་དང་འབྲེལ་བའི་སྤྱོད་པའོ། །དང་པོ་རྐྱེན་ཚོགས་ཀྱི་འཁོར་ལོ་བྱེད་པའི་དུས་སུ་ཤིང་ལོའམ་ཤིང་གདན་གྱི་སྟེང་དུ། ཚོགས་ཀྱི་ཡོ་བྱད་བཤམས་ལ། ལས་ཀྱི་སྐྱེས་བུས། བླ་མ་ལ་མཎྜལ་དང་མེ་ཏོག་ཕུལ་ནས་ཕྱག་འཚལ་ཏེ། ཚོགས་བྱིན་གྱིས་བརླབ་པའི་ཞུ་བའི་ཚིག་ནི། བླ་མ་རྡོ་རྗེ་འཛིན་པ་ནི། །ཐུགས་ཆོས་ཉིད་ངང་ལས་མ་གཡོས་ཀྱང༌། །འགྲོ་བ་སེམས་ཅན་དོན་སླད་དུ། །རྡོ་རྗེ་འཆང་གི་སྐུར་སྤྲུལ་ནས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཅེས་གསོལ་བ་གདབ་བོ། །དེ་ནས་ཚོགས་བྱིན་གྱིས་བརླབ་པ་ནི། སློབ་དཔོན་གྱིས་ཆང་བྱིན་གྱིས་བརླབ་པ་ནི། གཡོན་པའི་སྲིན་ལག་གིས་བླངས་ནས་ཚོགས་ཀྱི་ཡོ་བྱད་ལ་གཏོར་ཅིང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷོ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷོ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ཞེས་པས་ཆང་བྱིན་གྱིས་བརླབས་པའི་སྔགས་སྐབས་སུ་མེ་རླུང་གི་སྦྱོར་བ་དང༌། ཤ་ལྔ་བདུད་རྩི་ལྔའི་ས་བོན་བསམ་པ་ཏེ་དེ་ལྟར་འབྱུང་བ་ལྟར་འདིར་ཡང་བསྐྱེད་ལ། མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་ལྷ་ཚོགས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། ཡེ་ཤེས་ཀྱི་བདུད་རྩི་བབས་པས་གཉིས་སུ་མེད་པར་འདྲེས་པར་བསམ། རོལ་མོའི་སྒྲ་དང་བཅས་པས། ཨོཾ་ཨཱཿཧཱུྃ། བརྒྱ་རྩ་བརྒྱད་བརྗོད་པས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཚོགས་འབུལ་བ་ནི། བཀའ་བརྒྱུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ །ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ལ་འབུལ་བའི་ཚིག་ནི། ཧཱུྃ། རྡོ་རྗེའི་བླ་མ་མཁའ་འགྲོའི་ཚོགས་རྣམས་མཆོད་པའི་ཕྱིར། །རྡོ་རྗེ་རབ་ཏུ་གསང་བའི་གླུ་བླངས་ཤིང༌། །རྡོ་རྗེ་རབ་ཏུ་གསང་བའི་གར་བྱས་ནས། །རྣལ་འབྱོར་ཚོགས་མཆོད་འབུལ་ལོ་བཞེས་སུ་གསོལ། །ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་མཆོད་པའི་ཕྱིར། །རྡོ་རྗེ་རབ་ཏུ་གསང་བའི་གླུ༴ རྡོ་རྗེ་རབ་ཏུ་གསང་བའི་གར༴ རྣལ་འབྱོར་ཚོགས་མཆོད༴ མ་མོ་མཁའ་འགྲོའི་ཚོགས༴ རྡོ་རྗེ་རབ་ཏུ་གསང་བའི་གླུ༴ རྡོ་རྗེ་རབ་ཏུ་གསང་བར་གར༴ རྣལ་འབྱོར་ཚོགས་མཆོད༴ དམ་ཚིག་མཁའ་འགྲོའི་ཚོགས༴ རྡོ་རྗེ་རབ་ཏུ་གསང་བའི་གླུ༴ རྡོ་རྗེ་རབ་ཏུ་གསང་བའི་གར༴ རྣལ་འབྱོར་ཚོགས་མཆོད༴ ཤ་ཟ་མཁའ་འགྲོའི་ཚོགས་རྣམས་མཆོད་པའི་ཕྱིར། །རྡོ་རྗེ་རབ་ཏུ་གསང་བའི་གླུ་བླངས་ཤིང༌། །རྡོ་རྗེ་རབ་ཏུ་གསང་བའི་གར་བྱས་ནས། །རྣལ་འབྱོར་ཚོགས་མཆོད་འབུལ་ལོ་བཞེས་སུ་གསོལ། །ཞེས་བརྗོད་པར་བྱའོ། །རྒྱས་པར་དགའ་ན་ཚིགས་བཅད་བཞན་རྣམས་ཀྱང་བརྗོད་དོ། །དེ་ནས་རྣལ་འབྱོར་པ་རྣམས་ལ་དྲི་ཡི་ཐིག་ལེ་བཀོད་ལ། ཕྱི་ཡི་མཆོད་པ་རེ་རེ་འབུལ། དེ་ནས་ཡི་དམ་ལྷ་ལ་སྐུ་ཁྲུས་གསོལ་བར་བསམ་ཁྲུས་བྱའོ། །གསུམ་པ་སྤྱོད་པ་ནི་གསང་སྔགས་ནས་ལས་དང་པོ་པའི་སྤྱོད་པ་དང༌། གསང་སྤྱོད་དང༌། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་གསུམ་ནི། འདིར་མ་ཡིན་ཏེ། འདིར་ནི་ཚོགས་ལ་ལོངས་སྤྱོད་པའི་དུས་སུ་ཡར་ལྡན་གྱིས་སྤྱོད་པ་ཡིན་ནོ། །དེ་ཡང་ཚོགས་ཀྱི་འཁོར་ལོ་ལ་སྡོམ་པ་གསུམ་འགལ་བར་འདུས་པའི་དུས་སུ། དགེ་སློང་རྡོ་རྗེ་འཛིན་པ་དང༌། དགེ་བསྙེན་རྡོ་རྗེ་འཛིན་པ་དང༌། གསུམ་པོ་གང་ཡང་རུང་བ་ཚོགས་ལ་ལོངས་སྤྱོད་པའི་དུས་སུ། ཉམ་ང་བ་བག་ཚ་བ་དང༌། མཛེམ་བག་མི་བྱ་བ། ཡར་ལྡན་དུ་ཤེས་པར་བྱས་ལ་ཚོགས་ལ་ལོངས་སྤྱོད། དེ་ལྟར་ཡིན་པར་ཡང་རྒྱུད་ལས། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་པ་འཛིན་པའི་སྡོམ་པ་གསུམ། །གཞི་གཅིག་འགལ་བར་འདུས་གྱུར་ན། །ཆུང་ངུའི་ཕྱིར་ནི་ཆེ་མི་བཏང༌། །ཡོན་ཏན་ཡར་ལྡན་ཤེས་བྱས་ལ། །གོང་མའི་གོང་མ་སྤྱད་པར་བྱ། །ཞེས་གསུངས་སོ། །དེའི་དུས་སུ་བསྒོམས་པའི་དོན་འདི་དང་ལྡན་ན་ཡར་ལྡན་དུ་འགྲོ་བ་ཡིན་ཏེ། དབང་པོ་རབ་ཟུང་འཇུག་ལྷའི་སྐུ་ལ་ཚོགས་ཀྱི་ཡོ་བྱད་ཀྱིས་ཟུང་འཇུག་གི་མཆོད་པར་ཤེས་པར་བྱ། དབང་པོ་འབྲིང་གིས་འོད་གསལ་གྱི་མཆོད་པར་ཤེས་པར་བྱ། དབང་པོ་ཐ་མས་ཀྱང་རང་ཉིད་ཡི་དམ་གྱི་ལྷར་བསྒོམས་ལ་ཤ་ལྔ་བདུད་རྩི་ལྔས་མཆོད་པའམ། ཡང་ན་ལྷ་ལ་ལྷས་མཆོད་པར་བསམ་པ་ཡིན་ཏེ། གཟུགས་རྡོ་རྗེ་མས་གཟུགས་རྡོ་རྗེ་མ་མཆོད། སྒྲ་རྡོ་རྗེ་མས་སྒྲ་རྡོ་རྗེ་མ་མཆོད། དྲི་རྡོ་རྗེ་མས་དྲི་རྡོ་རྗེ་མ་མཆོད། རོ་རྡོ་རྗེ་མས་རོ་རྡོ་རྗེ་མ་མཆོད། རེག་རྡོ་རྗེ་མས་རེག་རྡོ་རྗེ་མ་མཆོད་པར་བསམ་ལ། ཚོགས་ལ་ལོངས་སྤྱོད། ཚོགས་ལ་ལོངས་སྤྱོད་པའི་དུས་སུ་དམག་གི་གཏམ་དང༌། ཚོང་གཏམ་དང༌། ཁ་རྒྱལ་དང༌། ཀུ་རེ་དང༌། བྲེ་མོའི་གཏམ་སྨད་འཚོང་མའི་གཏམ་དང༌། ཅ་ཅོལ་གྱི་གཏམ་ལ་སོགས་པ་མི་སྨྲ་བར། ཏིང་ངེ་འཛིན་དང་ལྡན་པར་བྱའོ། །དེ་ནས་ལས་ཀྱི་སྐྱེས་བུས་ཚོགས་དྲང་བ་ནི། ལག་པ་གཡས་པས་ཤ་དང༌། གཡོན་པས་ཆང་བཟུང་ལ། དཔའ་བོ་རྣལ་འབྱོར་མ་རྣམས་དགོངས་སུ་གསོལ། །བདག་གིས་ཚོགས་ཀྱི་ཁྱད་པར་འདི། །དང་བའི་སེམས་ཀྱིས་འབུལ་ལགས་ན། །དཀྱིལ་འཁོར་ལྷ་ཚོགས་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། ཞེས་པ་དང༌། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ལ་ལ་ཧོ་ཨ་ཧོ། །སུ་ཀ་ཧོ། སིདྡྷི་ཧོ། །ཅེས་བརྗོད་ལ་དྲང་བར་བྱའོ། །ལེན་པ་པོས་ཀྱང་ལག་པས་པད་ཀོར་དང་བཅས་ཏེ། ཚིག་འདི་སྐད་བརྗོད་ལ་བླང༌། འདོད་ཆགས་དྲི་མ་དང་བྲལ་བའི། །རིན་ཐང་མེད་པའི་ལེགས་འོང་ཆོས། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ཁོ་ན་ཉིད་ལ་ཕྱག་འཚལ། །ཨ་ལ་ལ་ཧོ། ཨ་ཧོ་སུ་ཁ་ཧོ། སིདྡྷི་ཛཿཧོ། ཞེས་བརྗོད་ལ་བླང༌། དེ་ནས་འོག་མ་རྣམས་ལ་ཚོགས་ལ་ལོངས་སྤྱོད་པའི་གནང་བ་སྦྱིན་པའི་ཚིག་ནི། སྦྱོར་བ་དངོས་གྲུབ་དོན་དུ་ནི། །ཀུན་སྤྱོད་དེ་བཞིན་ཉིད་བཞིན་དུ། །སྦྱོར་བའི་ཀུན་ཏུ་སྤྱོད་པ་ཡིས། །ཇི་ལྟར་བདེ་བར་སྤྱད་པར་བྱ། །ཨ་ལ་ལ་ཧོ། ཨ་ཧོ་སུ་ཁ་ཧོ། སིདྡྷི་ཛཿཧོ། ཞེས་བརྗོད་ལ་གནང་བ་སྦྱིན་ནོ། །དེ་ནས་སིནྡྷུ་ར་བཀོད། དཔུང་སྐུད་གདག མེ་ཏོག་ཡང་ངོ༌། །དེར་འཚོགས་པ་རྣམས་ཀྱིས་ཚོགས་ལ་ལོངས་སྤྱད་པས་ངག་གི་སྒྲིབ་པ་འདག་པ་དང༌། ཁ་ཟས་ཀྱི་གཙང་རྨེ་སྤང་བ་དང༌། ངག་ནུས་པ་དང་ལྡན་པ་ཤེས་པར་བྱའོ། །དེ་ནས་གླུ་དང་གླུ་ཡི་ལན་དང༌། གར་དང་གར་གྱི་ལན་དང༌། རོལ་མོ་རྒྱས་པའི་མཆོད་པ་བྱ་བ། ཞར་ལ་འགྲོ་བ། དབུགས་འབྱུང་བ་ནི། ནད་ཀྱིས་ཉེན་པ་ནད་ལས་དབུགས་འབྱུང་བ་དང༌། གདོན་གྱིས་ཉན་པ་གདོན་ལས་དབུགས་འབྱུང་བ་དང༌། སྡིག་པས་ཉན་པ་སྡིག་པ་ལས་དབུགས་འབྱུང་བར་བྱའོ། །དེ་ནས་རྣལ་འབྱོར་པ་རྣམས་ལས་ལྷག་གཏོར་བསྡུས་ལ། སློབ་དཔོན་གྱིས་ཆང་གི་ཁ་ཕྲུས་ལན་གསུམ་བཏབ་ལ། ནང་གཏོར་ལྟར་བྱིན་གྱིས་བརླབས་ལ་བཞག་གོ །གསུམ་པ་རྗེས་ཀྱི་བྱ་བ་ལ་བཅུ་སྟེ། གཏོར་མ་བྱིན་གྱིས་བརླབ་པ་དང༌། གཏོར་མ་བསྔོ་བ་དང༌། ཕྲིན་ལས་བཅོལ་བ། སྨོན་ལམ་དང༌། བསྔོ་བ་དང༌། བཀྲ་ཤིས་དང༌། བཟོད་གསོལ་བ། བཏང་རག་གི་མཆོད་པ་དང༌། ཡེ་ཤེས་སེམས་དཔའ་གཤེགས་པ་དང༌། དམ་ཚིག་སེམས་དཔའ་རང་ལ་བསྡུ་བའོ། །དང་པོ་གཏོར་མ་བྱིན་གྱིས་བརླབ་པ་ནི། དམར་གཏོར་རྣམས་མེ་རླུང་གི་སྦྱོར་བ་དང༌། ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབ། དཀར་གཏོར་རྣམས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ། གཉིས་པ་གཏོར་མ་བསྔོ་བ་ནི། དཀར་གཏོར་ཆེ་བ་གཅིག་བླ་མ་དང་དཀོན་མཆོག་སྤྱི་ལ་འབུལ། དེ་ནས་དཀྱིལ་འཁོར་ཀྱིས་ལྷ་ཚོགས་གང་ཡིན་ལ་སྔགས་སོ་སོས་བསྔོ། ཆོས་སྐྱོང་དང་ཕྱོགས་སྐྱོང་རྣམས་ཀྱི་ཡང་སོ་སོའི་གཞུང་ནས་འབྱུང་བ་བཞིན་དུ་བསྔོ། ཞིང་སྐྱོང་རྣམས་གདན་དྲངས་ལ་བསྔོ་བ་ནི། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་བོ་དང་ནི་རི་སུལ་ཕུག །གྲོང་དང་བཞི་མདོ་ཉིད་དང་ནི། །ཁྱད་པར་དུ་ཡང་ཁང་སྟོང་དང༌། །གདོལ་བའི་གནས་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་ཆེན་པོ་ནག་པོ་ཆེ། །ལྷ་སྦྱིན་ཉམས་སུ་སྟོན་པ་དང༌། །ནག་པོ་རྩིགས་དང་མི་སྡུག་དང༌། །བཀའ་ལས་འདས་དང་ལོག་འདྲེན་དང༌། །རྒན་བྱེད་མོ་དང་དྲག་མོ་དང༌། །མི་སྡུག་མ་དང་ཨུད་མ་དང༌། །རྒྱལ་མ་རྣམ་པར་རྒྱལ་མ་དང༌། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང་མར་མེ་མ། །འཇིགས་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོ་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མོ། །ཐོད་ཕྲེང་ཅན་དང་ཁྭ་གདོང་མོ། །སྦྲུལ་ཆེན་རལ་གྲི་དགྲ་སྟྭ་དང༌། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །དེ་བཞིན་ཆེན་མོ་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་མ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཅན་དེ། །རྡུལ་མེད་རྣམ་པར་སྦྱིན་པ་མོ། །རྡོ་རྗེ་དབང་མོ་བཀའ་འདི་ཡིས། །ཐམས་ཅད་མ་ལུས་འདིར་འདུས་ཅིག །ཨོཾ་ཀ་ཀ་ཀ་དྷ་ན། བྷ་བྷ་བྷ་དྷ་ན། ཁཱ་ཁཱ་ཁཱ་དྷ་ན། སརྦ་དུཥྚན། ཧ་ན་ཧ་ན། གྷ་དྷ་ཡ་གྷ་དྷ་ཡ་ཨ་མུ་ཀ་སྱཻ་ཧཱུྃ་ཛཿ ཞེས་འགུགས་ལ། ཨ་མུ་ཀ་སྱཻ། ཤིནྟཾ་ཀུ་རུ་ཡེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཞེས་བརྗོད་ནས་ཕུལ་བས་གསོལ་བར་བསམ་སོ། །གཞན་ཡང་འཇིག་རྟེན་པ་རྣམས་དང༌། རིགས་དྲུག་སྤྱི་དང༌། གཞི་བདག་དང༌། བགེགས་དང་ལན་ཆགས་ལ་དཀར་གཏོར་ཁ་འབར་མའི་སྔགས་ཀྱིས་བསྔོའོ། །གསུམ་པ་ཕྲིན་ལས་བཅོལ་བ་ལ་གཉིས་ཏེ། བསྟོད་པའི་ཕྲིན་ལས་དང༌། ལས་སུ་སྒྲུབ་པའི་ཕྲིན་ལས་གཉིས་སོ། །དེ་ལ་དང་པོ་བསྟོད་པའི་ཕྲིན་ལས་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །གཤེགས་ཤིག་ཆོས་ཀྱི་དབྱིངས་ནས་གཤེགས། །བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །རི་བོ་ཆེན་པོའི་དབྱིངས་ཕྱོགས་ཀྱི། །རྩུབ་འགྱུར་ཚལ་གྱི་ནུབ་ཕྱོགས་ན། །རི་བོ་ཐམས་ཅད་ཐོད་པའི་རི། །རྩི་ཤིང་ཐམས་ཅད་མདའ་དང་གཞུ། །ཆུ་འབབ་ཐམས་ཅད་ཁྲག་དང་རྣག །སྒྲ་སྐད་ཐམས་ཅད་ངུར་བའི་སྐད། །ཕྱག་ན་རྡོ་རྗེ་སྐྲག་པའི་གནས། །དེ་ལྟ་བུ་ཡི་དུར་ཁྲོད་ན། །ཕག་མོ་ཆེན་མོ་དེ་ན་བཞུགས། །རྣལ་འབྱོར་ཆེན་མོ་དེ་ན་བཞུགས། །དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ། །ཁྲོ་ཞིང་གཏུམ་པས་དགྲ་དཔུང་འཇོམས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །གཡས་གྱི་ཕག་གདོང་ནག་པོ་ལས། །རྟོག་མེད་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །གཡོན་གྱི་ཁྲོ་ཞལ་དམར་པོ་ལས། །སེམས་ཅན་དོན་ལ་དགོངས་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །ཐོད་པ་ལྔ་ཡིས་དབུ་ལ་བརྒྱན་པ་ལས། །རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །གཡས་ཀྱིས་རྡོ་རྗེ་གྲི་གུག་འབར་བ་ལས། །སྲོག་གཅོད་བདུད་འཇོམས་བྱེད་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །གཡོན་གྱི་བྷནྡྷ་ཁྲག་གིས་བཀང་བ་ལས། །ཁྲག་ནད་སྨྱོ་འབོགས་གཏོང་བའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །ཁ་ཊྭཱྃ་རྩེ་གསུམ་རབ་ཏུ་འབར་བ་ལས། །ཁམས་གསུམ་དབང་དུ་སྡུད་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །ཐོད་པ་གསུམ་བརྩེགས་རབ་ཏུ་བརྒྱན་པ་ལས། །སྲིད་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །དར་ལྕེ་འཕྲུལ་ལྕེས་རབ་ཏུ་བརྒྱན་པ་ལས། །བདུད་ཀྱི་རྒྱལ་མཚན་བསྙེལ་བའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །རྡོ་རྗེ་རྩེ་ལྔས་རབ་ཏུ་བརྒྱན་པ་ལས། །དོན་དམ་སྟོང་ཉིད་རྟོགས་པའིི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །ཌཱ་རུ་གསེར་གྱི་རྔེའུ་ཆུང་བརྡུང་པ་ལས། །སྙན་བརྒྱུད་གདམས་ངག་འཛིན་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །དྲང་ཞིང་དཀར་པོའི་དབྱུག་པ་འཛིན་པ་ལས། །ལྷ་སྲིན་གཡུལ་ངོ་བཟློག་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །མི་མགོ་ལྔ་བཅུའི་དོ་ཤལ་བྱས་པ་ལས། །དུག་ལྔ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །རོ་ཡི་གདན་མཆོག་རབ་ཏུ་མནན་པ་ལས། །དུར་ཁྲོད་ཤ་ལ་རོལ་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བསྐལ་པའི་མེ་རི་རབ་ཏུ་འབར་བ་ལས། །སྒྲིབ་པ་རྣམ་གསུམ་བསྲེགས་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །གཅེར་བུ་སྐྲ་གྲོལ་ཐུགས་ཀར་འོད་ཟེར་འབར་བ་ལས། །བདེ་ཆེན་ལས་ལ་འཁོར་བའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །མཁའ་འགྲོ་འབུམ་ཚོ་བཅུ་དྲུག་འཁོར་དང་བཅས། །གཏོར་མ་འབུལ་བ་འདི་དག་བཞེས་སུ་གསོལ། །མཁའ་འགྲོ་མ་དང་ཤུགས་འགྲོ་མ། །བར་སྣང་མཁའ་ནས་གཤེགས་མཛད་མ། །ནག་མོའི་ཚོགས་དང་བདུད་མོའི་ཚོགས། །རྒྱན་གྱི་གཏོར་མ་མཆོད་པར་བཞེས། །རྡོ་རྗེ་ཕག་མོ་འཁོར་བཅས་རྣམས། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཚེ་འདིར་བར་ཆད་སེལ་བ་དང༌། །ཕུགས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །མཁའ་འགྲོའི་ཐུགས་དམ་བསྐང་བའི་ཕྱིར། །ཐ་སྙད་ཕྲིན་ལས་འདིས་བསྐུལ་བས། །བར་དུ་གཅོད་པའི་དགྲ་བགེགས་རྣམས། །མ་ལུས་ཞི་བར་མཛད་དུ་གསོལ། །ཞེས་པ་བསྐུལ་བའི་ཚིག་བརྗོད་དོ། །གཉིས་པ་འཇིག་རྟེན་པ་ལ་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས༴ སྨྱོ་བྱེད་ཚོགས༴ འཇིགས་བྱེད་ཚོགས༴ མཁའ་འགྲོའི་ཚོགས༴ གྲུལ་བུམ་ཚོགས༴ དེ་ལ་སོགས་པའི་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང༌། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་པ་ལ། །ཚེ་འདིར་ནད་མེད་བསོད་ནམས་འཕེལ། །ཞི་རྒྱས་དབང་དྲག་ལ་སོགས་པའི། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། བྱ་བྱེད་གནོད་པ་བཟློག་ཏུ་གསོལ། །འབྲུ་རྣམས་འཕེལ་ཞིང་རྒྱས་པ་ཡི། །སྐལ་པ་དག་དང་ལྡན་གྱུར་ཅིག །འདོད་པའི་དོན་རྣམས་རེ་བ་བཞིན། །གྲུབ་པའི་སྐལ་པ་དང་ལྡན་ཤོག །ཅེས་བརྗོད་ལ་ཕྲིན་ལས་བཅོལ་བའོ། །དེ་ནས་ཨུ་རྒྱན་གྱི་མཁའ་འགྲོ་མ་རྣམས་ལ་ལྷག་གཏོར་འབུལ་བ་ནི། ཧཱུྃ། དབུས་ཀྱི་དུར་ཁྲོད་ཆེན་པོ་ནས། །ཡེ་ཤེས་མཁའ་འགྲོ་དཔལ་འབར་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །སྒྲུབ་པ་པོ་ཡི་གྲོགས་བྱེད་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ནས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཤར་གྱི་དུར་ཁྲོད་ཆེན་པོ་ནས། །རྡོ་རྗེ་མཁའ་འགྲོ་དཔལ་འབར་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །སྒྲུབ་པ་པོ་ཡི་གྲོགས་བྱེད་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ནས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལྷོ་ཡི་དུར་ཁྲོད་ཆེན་པ་ནས། །རིན་ཆེན་མཁའ་འགྲོ་དཔལ་འབར་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །སྒྲུབ་པ་པོ་ཡི་གྲོགས་བྱེད་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ནས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ནུབ་ཀྱི་དུར་ཁྲོད་ཆེན་པ་ནས། །པདྨ་མཁའ་འགྲོ་དཔལ་འབར་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །སྒྲུབ་པ་པོ་ཡི་གྲོགས་བྱེད་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ནས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྱང་གི་དུར་ཁྲོད་ཆེན་པ་ནས། །ལས་ཀྱི་མཁའ་འགྲོ་དཔལ་འབར་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །སྒྲུབ་པ་པོ་ཡི་གྲོགས་བྱེད་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ནས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མཁའ་འགྲོ་ཆེན་མོ་ཁྱེད་རྣམས་ཀྱང༌། །ལ་ལ་ནམ་མཁའི་ཁམས་ན་བཞུགས། །ལ་ལ་དཔག་བསམ་ཤིང་ལ་གནས། །རྣལ་འབྱོར་སྒྲུབ་པའི་ཉམས་ཀྱང་ལེན། །དམ་ཉམས་དགྲ་བོ་རྣམས་ཀྱི་སྲོག་ཀྱང་འཕྲོག །ཨོཾ་ཧྲིཾ་ཧྲིཾ་ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ྄་ཕཊ྄། ཀྱི་སྒྲ་ཡང་འབྱིན་པར་བྱའོ། །བཞི་པ་སྨོན་ལམ་བཏབ་པ་ནི། སེམས་ཅན་ཐམས་ཅད་སྡིག་མེད་ཅིང༌། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རང་རང་ཉིད་ལ་གྲོལ་བ་ཡི། །སངས་རྒྱས་ཉིད་དང་འཕྲད་པར་ཤོག །ལྔ་པ་བསྔོ་བ་བྱ་བ་ནི། མ་བསྒྲལ་བ་རྣམས་བསྒྲལ་བར་བྱ། །མ་གྲོལ་བ་རྣམས་བདག་གིས་གྲོལ། །ད་ལྟ་ཉིད་ནས་རྗེས་བརྩེ་བའི། །རྣལ་འབྱོར་བསྟན་བཅོས་གནས་ལ་འགོད། །དྲུག་པ་བཀྲ་ཤིས་ནི། རྡོ་རྗེ་མཁའ་འགྲོས་ལེགས་བྱིན་པའི། །བྱང་ཆུབ་མཆོག་གི་བཀྲ་ཤིས་ཤོག །བུདྡྷ་མཁའ་འགྲོས་ལེགས་བྱིན་པའི། །ཐོགས་པ་མེད་པའི་བཀྲ་ཤིས་ཤོག །རིན་ཆེན་མཁའ་འགྲོས་ལེགས་བྱིན་པའི། །དབང་བསྐུར་མཆོག་གི་བཀྲ་ཤིས་ཤོག །པདྨ་མཁའ་འགྲོས་ལེགས་བྱིན་པའི། །ཤེས་རབ་མཆོག་གི་བཀྲ་ཤིས་ཤོག །ལས་གྲུབ་མཁའ་འགྲོས་ལེགས་བྱིན་པའི། །ལས་གྲུབ་རྡོ་རྗེའི་བཀྲ་ཤིས་ཤོག །བྱིན་རླབས་རླུང་སེམས་འབྱུང་བ་ཡི། །བདེ་ཆེན་དག་པའི་བཀྲ་ཤིས་ཤོག །འབྱུང་གནས་དངོས་གྲུབ་ལེགས་བྱིན་པའི། །མཁའ་འགྲོ་མ་ཡི་བཀྲ་ཤིས་ཤོག །བླ་མ་དམ་པས་ལེགས་བྱིན་པའི། །བརྩེ་བ་འགྲུབ་པའི་བཀྲ་ཤིས་ཤོག །གང་ལ་སེམས་ཀྱིས་བྱིན་བརླབས་པའི། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །བདུན་པ་བཟོད་པར་གསོལ་བ་ནི། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་པ། །ལུས་ཅན་ཀུན་གྱི་སྐྱབས་གྱུར་པ། །ཀུན་མཁྱེན་དེ་ཀུན་བཟོད་པར་གསོལ། །མ་རྙེད་པ་དང་མ་ཚང་བ། །གཙོ་བོ་ནུས་པ་མ་མཆིས་ཤིང༌། །འདིར་ནི་ཉེས་པ་གང་བགྱིས་པ། །ཀུན་མཁྱེན་དེ་ཀུན་བཟོད་པར་གསོལ། །བརྒྱད་པ་གཏང་རག་གི་མཆོད་པ་ནི། ཕྱི་ནང་གསང་གསུམ་དང༌། རོལ་མོའི་མཆོད་པ་རྒྱས་པར་མཆོད། དགུ་པ་ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ་བ་ནི། ཡིག་བརྒྱ་བརྗོད་པའི་རྗེས་ལ། ཨོཾ་བཛྲ་མུཿ ཞེས་པས་གཤེགས་སུ་གསོལ། བཅུ་པ་དམ་ཚིག་གི་ལྷ་རང་ལ་བསྡུ་བའི་ཚིག་ནི། དམ་ཚིག་གི་ལྷ་རང་གི་ཐུགས་ཀར་བསྡུས་ཏེ། ཨོཾ་པདྨ་ཏི་ཤ་ཧཱུྃ། ཞེས་བརྗོད་ལ་བསྡུའོ། །ཨོཾ་སརྦ་དུཥྚན་གྷྲྀ་ཧ་ན་གཙྪ་ཧཱུྃ། ཞེས་པས་ཕྱི་རོལ་གྱི་ལྷ་གཤེགས་སུ་གསོལ། ཆོས་ཀྱི་རྒྱལ་པོས་དད་པས་བསྐུལ་བཏབ་ནས། །དྲི་མེད་ལུང་དང་བླ་མའི་ཕྱག་ལེན་མན་ངག་ལྟར། །ཚོགས་ཀྱི་འཁོར་ལོ་བྱ་བའི་རིམ་པ་རྣམས། །བདག་གཞན་ཀུན་ལ་ཕན་ཕྱིར་བྲིས་པ་ཡིན། །ཚོགས་ཀྱི་འཁོར་ལོ་བྱ་བའི་རིམ་པ་འདི། ཤཱཀྱའི་དགེ་སློང་པྲཛྙཱ་སེངྷས་མཛད་པ་རྫོགས་སོ། །དགེའོ། །


previousཚོགས་ཀྱི་འཁོར་ལོའི་རིམ་པ། next