cover

ཏི་ཤྲི་རས་པའི་གསུང་འབུམ།

ཏི་ཤྲི་རས་པ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གདམས་པ་རིན་པོ་ཆེ་བརྒྱད་ཅུའི་དབུ་ཕྱོགས།

འགྲོ་བའི་མགོན་པོ་ཏི་ཤྲི་སངས་རྒྱས་རས་ཆེན་གྱིས་མཛད་པའི་བཀའ་འབུམ་ལས། འདིར་ནི་གདམས་པ་རིན་པོ་ཆེ་བརྒྱད་ཅུ་ཞེས་ཡོངས་སུ་གྲགས་པའི་དབུ་ཡི་གཟིགས་ཕྱོགས་ལགས་སོ། །སུ་ཛ་ཡ།

ན་མོ་གུ་རུ། ཁྱབ་བདག་ཆོས་དབྱིངས་ཆོས་ཀྱི་ཕོ་བྲང་ན། །ཟབ་ཅིང་སྤྲོས་བྲལ་འོད་གསལ་ཆོས་སྐུ་ནི། །ལྷུན་གྲུབ་གཟུགས་ཅན་མ་ཡིན་ཐམས་ཅད་པ། །ཐུབ་པ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །འོག་མིན་སྟུག་པོ་ཆོས་ཀྱི་ཕོ་བྲང་ན། །ལྟ་བས་མི་ངོམས་ལོངས་སྤྱོད་རྫོགས་སྐུ་ནི། །གང་གི་ཉམས་སོགས་བརྡ་ཡིས་རིགས་ཅན་འདྲེན། །ཐུབ་པ་ལོངས་སྤྱོད་རྫོགས་སྐུར་ཕྱག་འཚལ་ལོ། །འཛམ་གླིང་བྱེ་བ་མཐའ་ཡས་ཞིང་ཁམས་ན། །བྱང་ཆུབ་སེམས་གཉིས་དབྱེར་མེད་སྤྲུལ་སྐུ་ནི། །གདུལ་བྱའི་སྣང་ངོར་གཅིག་པུ་དུ་མར་སྤྲུལ། །ཐུབ་པ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མཉམ་ཉིད་བདེ་བ་ཆེན་པོའི་ཞིང་ཁམས་ན། །ཟུང་འཇུག་བདེ་ཆེན་ངོ་བོ་ཉིད་སྐུ་ནི། །ཡན་ལག་བདུན་ལྡན་མཁྱེན་པ་རབ་ཏུ་རྒྱས། །ཐུབ་པ་ངོ་བོ་ཉིད་སྐུར་ཕྱག་འཚལ་ལོ། །དག་པ་ཡེ་ཤེས་སྣང་བའི་གཞལ་ཡས་ན། །རང་རིག་ཀུན་གཞི་རྣམ་དག་སྐུ་ཉིད་ནི། །མ་གོས་དྲི་མ་མ་མཆིས་ཟླ་བ་བཞིན། །ཐུབ་པ་རྣམ་དག་སྐུ་ལ་ཕྱག་འཚལ་ལོ། །རབ་བཀྲམ་མཐའ་ཡས་ཆོས་ཀྱི་ཕོ་བྲང་ན། །མ་འདྲེས་ཡོངས་རྫོགས་སྐུ་ལྔའི་བདག་ཉིད་ནི། །གནས་པ་ལྔ་ཡི་ཡོན་ཏན་རབ་ཏུ་རྫོགས། །དྲུག་པ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །གར་བཞུགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ཐུབ་པའི་སྤྲུལ་པ་རྣལ་འབྱོར་དབང་ཕྱུག་ནི། །དངོས་གྲུབ་བྱིན་གྱིས་རླབས་ཀྱི་ཕོ་བྲང་ན། །སྤྲུལ་སྐུ་ཏཻ་ལོ་པ་ལ་ཕྱག་འཚལ་ལོ། །གར་བཞུགས་བྱིན་གྱིས་རླབས་ཀྱི་ཕོ་བྲང་ན། །དཀའ་བ་བཅུ་གཉིས་བྱིན་རླབས་མཐར་ཕྱིན་ནས། །བྱིན་གྱིས་བརླབས་ཀྱིས་མཁྱེན་པ་རྣམ་གཉིས་རྫོགས། །ནཱ་རོ་པཎྜི་ཏ་ལ་ཕྱག་འཚལ་ལོ། །གར་བཞུགས་བདེ་བ་ཆེན་པོའི་ཞིང་ཁམས་ན། །རིན་ཆེན་གླིང་ནས་ནོར་བུ་བརྟགས་མཁན་ལྟར། །རྒྱ་གར་ཡུལ་ནས་དམ་ཆོས་མཆོག་བརྙེས་པའི། །སྒྲ་བསྒྱུར་མར་པའི་སྐུ་ལ་ཕྱག་འཚལ་ལོ། །གར་བཞུགས་ཏིང་འཛིན་འཕེལ་བའི་སྒྲུབ་གནས་ན། །ཕྱི་ནང་གནད་ཀྱི་རྟེན་འབྲེལ་ལུས་ལ་བསྒྲིགས། །རླུང་སེམས་དབང་ཐོབ་དངོས་གྲུབ་མ་ལུས་བརྙེས། །ནོར་བུ་རིན་ཆེན་ཉིད་ལ་ཕྱག་འཚལ་ལོ། །གར་བཞུགས་བྱང་ཆུབ་སེམས་ཀྱི་ཞིང་ཁམས་ན། །སྙིང་རྗེ་སྟོང་པ་དབྱེར་མེད་བདུད་རྩི་ཡིས། །འགྲོ་རྣམས་ཟུང་འཇུག་ཆོས་སྐུར་ཚིམས་མཛད་པའི། །ཆོས་རྗེ་དྭགས་པོའི་སྐུ་ལ་ཕྱག་འཚལ་ལོ། །གར་བཞུགས་དངོས་གྲུབ་འབྱུང་བའི་ཞིང་ཁམས་ན། །ཞབས་ཏོག་གསུམ་གྱིས་བླ་མ་མཉེས་པར་མཛད། །ཚོགས་གཉིས་རབ་རྫོགས་སྐུ་གཉིས་གཞན་དོན་མཛད། །བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །གར་བཞུགས་ཟུང་འཇུག་བདེ་ཆེན་ཞིང་ཁམས་ན། །སྣ་ཚོགས་གཉིས་མེད་ཡེ་ཤེས་རང་ཤར་བ། །རྟོགས་པའི་ང་རོས་ས་བཅུ་ཟིལ་གྱིས་གནོན། །མཉམ་ཉིད་མི་ཡི་སེང་གེར་ཕྱག་འཚལ་ལོ། །གར་བཞུགས་སྟོང་པ་སྙིང་རྗེའི་ཞིང་ཁམས་ན། །སྦྱིན་སོགས་འབྲས་ལྡན་ཚུལ་ཁྲིམས་བསིལ་གྲིབ་ཅན། །བྱམས་པ་ལྷུན་ལྡན་ཞིང་ནས་མེ་ཏོག་འབྱེས། །བྱམས་སེམས་ལྗོན་ཤིང་རྒྱས་ལ་ཕྱག་འཚལ་ལོ། །གར་བཞུགས་ཕྲིན་ལས་འབྱུང་བའི་ཞིང་ཁམས་ན། །བྱང་ཆུབ་སེམས་གཉིས་དབྱེར་མེད་སྤྲིན་ཕུང་ལས། །དམ་ཆོས་ཆར་རྒྱུན་རིགས་སུ་སྨིན་པར་མཛད། །འགྲོ་བ་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །རྗེ་ཡི་ཡོན་ཏན་རྒྱ་མཚོ་རིན་ཆེན་ལ། །བདག་གིས་ཆུ་ཐིག་ཙམ་ཞིག་བསྟོད་པ་ཡིས། །འགྲོ་རྣམས་སྲིད་པའི་སྡུག་བསྔལ་རབ་ཟད་ནས། །བདག་གཞན་དབྱེར་མེད་བྱང་ཆུབ་མྱུར་ཐོབ་ཤོག །

གསོལ་འདེབས་མེར་ཆེན་མ།

༈ སྟེང་འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །ཤར་གཙུག་གི་ནོར་བུའི་དགོན་པ་ན། །ཏཻ་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །བྱང་པཱུ་ལ་ཧ་རིའི་དགོན་པ་ན། །ནཱ་རོ་ཛྙཱ་ན་སིདྡྷི་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །མར་པ་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། གནས་ཆུ་དབར་སྤྲུལ་སྐུའི་ཕོ་བྲང་ན། །རྗེ་བཙུན་མི་ལ་རས་པ་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །ཤར་དྭགས་ལྷ་སྒམ་པོའི་དགོན་པ་ན། །དྭགས་པོ་ཟླ་འོད་གཞོན་ནུ་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །གནས་ལུང་བསྟན་རྩམ་ཆེན་ལྷ་སྒོ་ན། །དཔལ་ལྡན་འབའ་རོམ་པ་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །གནས་སྙིང་ག་ཆོས་ཀྱི་ཕོ་བྲང་ན། །ཡི་དམ་འཁོར་ལོ་བདེ་མཆོག་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །གནས་ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །གནས་ཕྱོགས་རིས་མེད་པའི་དགོན་པ་ན། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། ཏི་ཤྲི་སངས་རྒྱས་རས་ཆེན་གྱིས་མཛད་པའི་གསོལ་འདེབས་མེར་ཆེན་མ་ཞེས་བྱ་བ་འདི། མོས་གུས་དང་བཅས་པས་གསོལ་བ་སིང་སིང་བཏབ་ན། ཉམས་དང་རྟོགས་པ་གསལ་ལ་དྭངས་པ་འགགས་མེད་དུ་སྐྱེའོ། །

བར་དོ་གསུམ་གྱི་གདམས་པ།

༈ བར་དོ་གསུམ་གྱི་གདམས་པ་བཞུགས་སོ། །གྲུབ་ཐོབ་བརྒྱུད་པའི་བླ་མ་དང༌། །ཡི་དམ་མཁའ་འགྲོ་ཐམས་ཅད་ལ། །རབ་ཏུ་གུས་པས་ཞབས་པད་འདུད། །ནཱ་རོ་ཆེན་པོའི་གདམས་པ་ལ། །རྩ་བའི་བླ་མས་གསུངས་པའི་དོན། །བར་དོ་གསུམ་གྱི་གདམས་པ་འདི། །རང་གི་བརྗེད་བྱང་བྲི་བར་བྱ། །རིག་པའི་ཁྱེའུ་ཆུང་བསང་སྤྱང་པོ། །སྐུ་གསུམ་གྱི་ཐང་ལ་འགྲོ་འདོད་ཀྱང། །ལམ་སྣ་འདྲེན་པའི་བླ་མ་དགོས། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་འགྲོ་རོགས་དགོས། །ཚོགས་གཉིས་བསགས་པའི་ལམ་བརྒྱག་དགོས། །ཡེ་ཤེས་གཉིས་ཀྱི་སྒྲོན་མེ་དགོས། །དེ་ལྟར་དགོས་པ་ཅི་ཡི་ཕྱིར། །འགྲོ་བར་འདོད་པའི་ལམ་ཀ་ན། །མ་རིག་མུན་པའི་སྨག་རུམ་ཡོད། །བར་དོ་གསུམ་ལ་འཕྲང་བཞི་ཡོད། །དེ་རེ་རེ་ལ་ཡང་བཞི་བཞི་སྟེ། །དེ་ལ་འཇིགས་པའི་དགྲ་བཞི་ཡོད། །དེ་ལ་སྐྱེལ་མ་རྣམ་བཞི་ཡོད། །འཕྲང་དེ་ལས་ཐར་ན་བདེ་བར་སླེབས། །དེར་སླེབས་དགོས་པ་གང་ཡིན་པ། །རང་ཉིད་མཆོག་ཐོབ་མངོན་སངས་རྒྱས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །གདུལ་བྱ་སྨིན་ཅིང་གྲོལ་བ་དང༌། །ཞིང་དང་ཡོན་ཏན་རྫོགས་པ་ཡིན། །འདུག་ས་བླ་གབ་མི་རྙེད་པར། །ཕར་འགྲོ་ཚུར་འགྲོ་མང་པོ་བས། །གཏན་གྱི་བདེ་གནས་མི་བསྙག་གམ། །ཐམས་ཅད་འགྲོ་བའི་གནས་མིན་ཡང༌། །སྟོན་པ་གཅིག་པུ་འགྲོ་བའི་བླ། །རྡོ་རྗེ་འཆང་ཆེན་ཤཱཀ་ཐུབ་སོགས། །སྔ་མ་གཤེགས་པའི་ཤུལ་ལམ་ཡོད། །མཆོག་གི་གནས་ནི་ཀུན་གྱི་གཙོ། །བླ་མས་གསུངས་པ་གནད་ཀྱི་ཆོས། །གལ་ཏེ་གཞན་ལ་ཕན་སྲིད་དམ། །རས་པས་བརྗེད་བྱང་ཡི་གེར་བཀོད། །བླ་མ་ཡི་དམ་བཟོད་པར་མཛོད། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །གཞི་ལ་གནས་པའི་སྐུ་གསུམ་པོ། །བླ་མའི་དྲིན་གྱིས་རྟོགས་པ་དང༌། །བསྒོམས་པས་ཉམས་སུ་མྱོང་བ་ཡིས། །འབྲས་བུ་སྐུ་གསུམ་ཐོབ་པར་ཤོག །རྫོགས་སོ། །

བར་དོ་གསུམ་གྱི་གདམས་ངག་གི་ས་བཅད།

༈ ན་མོ་གུ་རུ། བར་དོ་གསུམ་གྱི་གདམས་ངག་འདི་ལ་གསུམ་སྟེ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཆོད་པར་་་་་་གྲུབ་ཐོབ་བརྒྱུད་པ། བརྗོད་པ་དང༌། བཤད་པར་དམ་་་་་་ནཱ་རོ་ཆེན་པོ། བཅའ་བའོ། །གཞུང་གི་དོན་ལ་བཞི་སྟེ། རྒྱུའི་་་་་་རིག་པའི་ཁྱེའུ། རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུའི་རྒྱུད་དང༌། གཞུང་ཉེ་་་་་་ཕར་འགྲོ་ཚུར་འགྲོ། བར་བསྡུ་བའོ། །ཐབས་ཀྱི་རྒྱུད་ལ་གཉིས་ཏེ། གཞི་ཡི་རྒྱུད་དང༌། རང་བཞིན་གྱི་རྒྱུད་དོ། །དང་པོ་ལ་བཞི་སྟེ། ཡང་དག་པའི་བླ་མ་བསྟེན་དགོས་པས། བླ་མའི་མཚན་ཉིད་་་་་་་་་་་ལམ་སྣ་འདྲེན་པའི། བསྟན་པ་དང༌། གྲོགས་་་་་་བྱམས་སྙིང་རྗེ། དང༌། མཐུན་རྐྱེན་་་་་་ཚོགས་གཉིས་བསགས་པ། བསྟན་པ་དང༌། འགལ་རྐྱེན་་་་་་ཡེ་ཤེས་གཉིས་ཀྱི། སྤོང་བའི་གཉེན་པོའོ། །རང་བཞིན་གྱི་རྒྱུད་ལ་གཉིས་ཏེ། །དེ་ལྟར་དགོས་པ།་་་་་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། འཁྲུལ་་་་་་མ་རིག་མུན་པ། པ་ངོས་བཟུང་བ་དང༌། བར་དོ་་་་་་སྐྱེ་ཤི་བར་དོ། རྨི་ལམ་བར་དོ། །སྲིད་པ་བར་དོའོ། །གསུམ་མོ། །དེ་ལ་བཞི་སྟེ། བར་དོ་སོ་སོའི་ངོ་བོ་བསྟན་པ་དང༌། སོ་སོའི་་་་་་སྐྱེ་བ་རྒ་བ་ན་བ་འཆི་བའོ། །འཕྲང་དང༌། སོ་སོའི་སྒྲ་དང༌། སོ་སོའི་་་་་་དེ་ལ་སྐྱེལ་མའོ། །འབྲས་བུ་ཡི་རྒྱུད་ལ་གཉིས་ཏེ། དགོངས་་་་་་འཕྲང་དེ་ལས་ཐར་ན། པ་སྨོས་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། རང་ཉིད་ཐོབ་བོ།།་་་་་བར་དོ་སོ་སོའི་སངས་རྒྱས་གང་ཡིན་པ་དང༌། སྟོན་པ་་་་་་ཆོས་ཀྱི་འཁོར་ལོ། དེས་ཆོས་གང་གསུངས་པ་དང༌། འཁོར་་་་་་གདུལ་བྱ་སྨིན། གང་ཡིན་པ་དང༌། སྟོན་པ་སོ་སོའི་་་་་་ཞིང་དང་ཡོན་ཏན། ཞིང་ཁམས་དང༌། ཡོན་ཏན་རྫོགས་པའོ། །མཇུག་གི་དོན་ལ་གཉིས་ཏེ། བཟོད་་་་་་བླ་མས་གསུངས། པར་གསོལ་བ་དང༌། དགེ་བའི་རྩ་་་་་་འགྲོ་བ་སེམས་ཅན། བ་བསྔོ་བའོ། །

རྒྱུར་གནས་སེམས་ཅན་ཐམས་ཅད་ལ་འབྲས་བུ་སངས་རྒྱས་སྒྲུབ་པ།

ན་མོ་གུ་རུ། རྒྱུར་གནས་སེམས་ཅན་ཐམས་ཅད་ལ། །འབྲས་བུ་སངས་རྒྱས་སྒྲུབ་པ་ནི། །ཡོད་ནས་སྒྲུབ་བམ་མེད་ནས་བསྒྲུབ། །རྒྱུ་མེད་པ་ལ་འབྲས་བུ་མེད། །སློབ་དཔོན་འཕགས་པའི་ཞལ་ནས་ཀྱང༌། །ནམ་མཁའ་སྟོང་པ་དག་ལས་ཀྱང༌། །མར་མེ་འབར་བ་མི་སྲིད་ལྟར། །རྒྱུ་མེད་པ་ཡི་སངས་རྒྱས་དེ། །གང་ལ་བརྟེན་ཏེ་འབྱུང་ཞེས་གསུངས། །ཡོད་ལས་ཡོད་པར་གྲུབ་ན་ཡང༌། །དེ་ཚེ་འཐས་པའི་སྐྱོན་དུ་འགྱུར། །ཁྱོད་ཀྱིས་བརྟགས་པའི་རྒྱུ་ཡོད་དེ། །འཕགས་པའི་ཚོགས་ཀྱིས་མ་གསུངས་པར། །ཁྱོད་ཀྱི་ཚིག་ལ་བདེན་ཅི་ཡོད། །སྙམ་པར་གྱུར་པ་ཡོད་ན་ཡང༌། །བདག་གི་རིག་པའི་ཤེས་རབ་དང༌། །ཐུབ་པས་གསུངས་པ་དོན་གཅིག་སྟེ། །ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། །བདེ་གཤེགས་སྙིང་པོ་འགྲོ་ཁྱབ་དང༌། །སེམས་ཉིད་རྒྱ་ཆེན་མཆོག་སྐྱེད་དང༌། །འགྲོ་བ་མ་ལུས་སངས་རྒྱས་རྒྱུ། །སྣོད་མིན་སེམས་ཅན་འགའ་མེད་གསུངས། །དེ་ཕྱིར་སེམས་ཅན་སངས་རྒྱས་རྒྱུ། །རྒྱུ་ལས་འབྲས་བུ་གྲུབ་པ་ནི། །རི་བོང་རྭ་དང་མོ་གཤམ་བུ། །གཏན་མེད་ལྟ་བུ་མ་ཡིན་ཏེ། །དབུལ་མོའི་གཏེར་དང་ཡིད་བཞིན་ནོར། །རང་ལ་ཡོད་དམ་བྱི་དོར་ཚར། །དབུལ་ཕོངས་སེལ་བར་གྱུར་པ་དང༌། །དགོས་འདོད་འབྱུང་བ་ཇི་བཞིན་དུ། །རིག་པའི་ཁྱིའུ་ཆུང་བསང་པོ་ཡང༌། །ཡིད་བཞིན་འཆིང་བུས་གཏུམ་དང་འདྲ། །རིག་པ་ཆོས་སྐུར་རྟོགས་གྱུར་ན། །འཆིང་བུ་བྲལ་བའི་ཡིད་བཞིན་ཡིན། །གཟུགས་སྐུ་གཞན་དོན་འབྱུང་བ་དེ། །ནོར་བུས་དགོས་འདོད་འབྱུང་དང་མཚུངས། །བླ་མ་ལ་ཡང་བཞི་ཡིན་ཏེ། །རང་ཉིད་སྔགས་སོང་ནུས་དང་ལྡན། །མངོན་ཤེས་དང་ནི་སྤྱན་ལྔའོ། །སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག །རང་གིས་རྟོགས་ན་སྔགས་སོང་ཡིན། །བྱང་ཆུབ་སེམས་བསྐྱེད་ཚོགས་ཆེན་བསགས། །སྨོན་ལམ་གྲུབ་པས་མི་འགོགས་པ། །གཞན་དོན་འབྱུང་བའི་ནུས་པ་ཡིན། །དེ་ལ་མངོན་ཤེས་རྣམ་ལྔ་ནི། །ལྷ་ཡི་མིག་དང་ལྷ་ཡི་སྙན། །གཞན་སེམས་ཡེ་ཤེས་རྫུ་འཕྲུལ་དང༌། །སྐྱེ་དང་འཆི་འཕོ་ཤེས་པ་དང༌། །ཟག་པ་མེད་པའི་མངོན་ཤེས་སོ། །རེ་རེ་གཉིས་གཉིས་ཤེས་པར་བྱའོ། །སྤྱན་ཞེས་བྱ་བ་རྣམ་ལྔ་ནི། །ལྷ་དང་ཤ་དང་ཤེས་རབ་སྤྱན། །ཡེ་ཤེས་དང་ནི་སངས་རྒྱས་སྤྱན། །འཇིག་རྟེན་ཁམས་ནི་གཅིག་ནས་བརྒྱད། །མཐོང་བར་གྱུར་པ་ཤ་ཡི་སྤྱན། །འཇིག་རྟེན་ཁམས་ནི་བཅུ་དྲུག་ནས། །སུམ་ཅུ་རྩ་གཉིས་བར་དུ་མཐོང༌། །ལྷ་ཡི་མིག་ཅེས་བྱ་བ་ཡིན། །འཇིག་རྟེན་ཁམས་ནི་དྲུག་ཅུ་བཞི། །བརྒྱ་ནས་ཉི་ཤུ་རྩ་བརྒྱད་བར། །མཐོང་བ་ཤེས་རབ་སྤྱན་ཡིན་ནོ། །ཉིས་བརྒྱ་ལྔ་བཅུ་རྩ་དྲུག་ནས། །འཇིག་རྟེན་ཁམས་ནི་ལྔ་བརྒྱ་བཅུ་གཉིས་སུ། །མཐོང་བ་ཡེ་ཤེས་སྤྱན་ཞེས་བྱ། །སྟོང་ནི་ཉི་ཤུ་རྩ་བཞི་རུ། །ཞིང་ཁམས་དཔག་མེད་མཐོང་བ་ནི། །སངས་རྒྱས་ཀྱི་ནི་སྤྱན་ཡིན་ནོ། །བྱམས་པས་སེམས་ཅན་བདེ་འདོད་དང༌། །སྙིང་རྗེས་སྡུག་བསྔལ་སེལ་ནུས་དང༌། །བྱམས་སེམས་བདག་བས་གཞན་གཅེས་གསུམ། །བློ་གཏད་ཐུབ་ཅིང་མངག་གཞུག་ཀྱང༌། །དགོས་འདོད་སྒྲུབ་པའི་གྲོགས་ཡིན་ནོ། །གསེབ་ལམ་དུས་མཐའི་སྐད་ཅིག་ལ། །རང་སྣང་བསོད་ནམས་ཚོགས་ཆེན་རྫོགས། །སྐྱེ་མེད་རྟོགས་པས་ཡེ་ཤེས་ཚོགས། །དབྱེར་མེད་ཟུང་དུ་འཇུག་པ་དེ། །ཡ་རབས་སྐྱེས་བུའི་ལམ་བརྒྱག་ཡིན། །ལམ་ཐག་རིང་གྲངས་མེད་གསུམ་ལ་སོགས། །ཚོགས་དཔག་མེད་གསོག་པར་བྱ་བ་ནི། །བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས། །རྟག་ཏུ་ངུ་ལ་གསུངས་པའི་དོན། །སངས་རྒྱས་སྐུ་ཉིད་ཐོབ་པ་དེ། །གཅིག་མིན་འགའ་ཡང་མ་ཡིན་གསུངས། །དཔག་མེད་བསོད་ནམས་ལས་བྱུང་གསུངས། །ཐབས་དང་ཤེས་རབ་དབྱེར་མེད་ལ། །རང་རྒྱུད་གོམས་པར་བྱེད་པ་དེ། །འཛད་མེད་བརྒྱགས་ཀྱི་མཆོག་ཡིན་ནོ། །དེ་ལྟར་ཚོགས་གཉིས་མི་གསོག་པར། །ཕྱིས་ནས་འགྱོད་པས་ཅི་ཞིག་ཕན། །ཚོགས་བསགས་པ་ནི་མཆོག་ཡིན་ནོ། །འཇུག་པ་ཀུན་རྫོབ་ཡེ་ཤེས་ནི། །སྣ་ཚོགས་ཇི་སྙེད་སྒྲོན་ཤིང་ལ། །རྟོགས་པ་དོན་དམ་ཡེ་ཤེས་ཀྱི། །ཤེས་རབ་ཆེན་པོའི་མེ་སྦར་ནས། །སྒྲོན་ཤིང་སྣང་བའི་བདག་ཉིད་འགྱུར། །རིག་དང་མ་རིག་འདི་གཉིས་ཚུལ་གཅིག་སྟེ། །གོ་རྟོགས་གཉིས་ལ་ལྟོས་པ་ཡིན། །རང་རིག་སྟོང་པར་རྟོགས་ཙམ་ན། །རྟོགས་བྱའི་སྟོང་པ་མ་རིག་པ། །མུན་པ་ཞེས་བྱར་བརྗོད་པ་ཡིན། །ལྷན་ཅིག་སྐྱེས་པའི་མ་རིག་ཡིན། །རྨུགས་པ་ཞེས་བྱར་བརྗོད་པ་ཡིན། །ཀུན་ཏུ་བཏགས་པའི་མ་རིག་ཡིན། །མ་རིག་སྤངས་པ་མེད་ན་ཡང༌། །རང་སེམས་རྟོགས་པས་མུན་པ་དྭངས། །གཟུང་འཛིན་སྤངས་པ་མེད་ན་ཡང༌། །གཟུང་འཛིན་མེད་པས་རྨུགས་པ་དྭངས། །མ་རིག་རིག་པའི་གནས་མེད་དྭངས། །རིག་པ་མ་རིག་གནས་མེད་པར། །མ་རིག་ཡེ་ནས་མི་དགེ་བ། །དེས་བསྐྱེད་ལས་ལས་སྡུག་བསྔལ་འབྱུང༌། །རིག་སྟོང་རྒྱུན་པར་གནས་པ་ནི། །ཡེ་ནས་དགེ་བའི་རང་བཞིན་ནོ། །དེས་བསྐྱེད་ལས་ལས་བདེ་བ་འབྱུང༌། །བར་དོ་རྣམ་གསུམ་གང་ཞེ་ན། །སྐྱེ་འཆི་རྨི་ལམ་བར་དོ་དང༌། །སྲིད་པའི་བར་དོ་གསུམ་ཡིན་ཏེ། །སྐྱེས་ནས་མ་ཤིའི་བར་དོ་ལ། །སྐྱེ་རྒས་ན་འཆིའི་འཕྲང་བཞི་ཡོད། །སྐྱེ་བ་ལ་ཡང་འཕྲང་བཞི་སྟེ། །སྒྱུ་མའི་རྣམ་ཤེས་རླུང་ལྟ་བུ། །ཆགས་སྡང་གཉིས་ཀྱི་དབང་དུ་གྱུར། །ཕ་མ་གཉིས་ཀྱིས་རྐྱེན་བྱས་ནས། །གཤང་རྡོར་པདྨའི་ལམ་ལ་ཞུགས། །དཀར་དམར་གཉིས་ཀྱི་ག་འུར་བཅུག །བདུན་ཚོ་བདུན་ལ་སྐུ་ཉིད་རྫོགས། །རང་བཞིན་གནས་པའི་ཏིང་འཛིན་གྱིས། །ཟླ་བ་བཅུ་ཡི་ས་ལམ་སྦྱངས། །གནས་དེ་ན་སྤྲུལ་སྐུ་འབྱོན་པ་ལ། །ལམ་གྱི་འཕྲང་ཆེན་རྣམ་བཞི་ནི། །མངལ་མདོ་རྒྱ་མདུད་འཕྲང་དང་གཅིག །རྩ་ཨ་ལོང་འབྱེད་འཛུམ་གྱི་འཕྲང་དང་གཉིས། །ཟུལ་མ་མིག་འདྲའི་འཕྲང་དང་གསུམ། །ཆོས་འབྱུང་རྒྱ་སྒོའི་འཕྲང་དང་བཞི། །འཕྲང་དེ་ལ་འཇིགས་པའི་དགྲ་བཞི་ཡོད། །ལུས་མགོ་མཇུག་བསྒྱུར་བའི་དགྲ་དང་གཅིག །ལུས་གག་ལ་འདྲེན་པའི་དགྲ་དང་གཉིས། །དབང་པོ་བསྲུབ་པའི་དགྲ་དང་གསུམ། །པགས་བཤུས་ཚེར་ཕུང་གི་དགྲ་དང་བཞི། །དེ་ལ་སྐྱེལ་བའི་སྐྱེལ་མ་ནི། །ཐུར་སེར་རླུང་གི་སྐྱེལ་མ་དང༌། །རྩ་ཨ་ལོང་འབྱེད་པའི་སྐྱེལ་མ་དང༌། །སྒོ་ལྔ་འབྱེད་པའི་སྐྱེལ་མ་དང༌། །སྐུ་ཁྲུས་གསོལ་བའི་སྐྱེལ་མའོ། །འཕྲང་དེ་ལས་ཐར་བའི་བདེ་བ་ནི། །སྐྱེ་བ་སྤྲུལ་སྐུའི་ཐང་ལ་སླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །རང་ལུས་སྤྲུལ་སྐུའི་བདེར་གཤེགས་དེས། །བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །ཐེག་པ་སྣ་ཚོགས་ཀྱི་གཏེར་ཁ་ཕྱེ། །སྤྲུལ་སྐུའི་གདུལ་བྱ་སྨིན་གྲོལ་བྱས། །ལུས་ལ་མཚན་དཔེ་འོད་དང་ནི། །ཏིང་འཛིན་ཞིང་གཡོ་འཕྲང་ལ་སོགས། །སྤྲུལ་སྐུའི་ཡོན་ཏན་མ་ལུས་རྫོགས། །མཆོག་གི་གནས་སུ་ཕྱིན་པ་ཡིན། །རྒས་པ་ལ་ཡང་འཕྲང་བཞི་ཡོད། །བྱིས་པ་རྒས་པའི་འཕྲང་དང་གཅིག །ཕོ་སར་རྒས་པའི་འཕྲང་དང་གཉིས། །དར་མ་རྒས་པའི་འཕྲང་དང་གསུམ། །རྒྱུ་གཞོམ་རྒས་པའི་འཕྲང་དང་བཞི། །འཕྲང་དེ་ལས་འཇིགས་པའི་དགྲ་བཞི་ཡོད། །རྩ་འཕེལ་རྫོགས་ཆད་པའི་སྒྲ་དང་གཅིག །ཡི་གེ་སྲུབ་པའི་སྒྲ་དང་གཉིས། །ཁམས་རྒྱས་ཉམས་ཀྱི་སྒྲ་དང་གསུམ། །རླུང་འབྱུང་འཇུག་གཡོ་བའི་སྒྲ་དང་བཞི། ༈ །དེ་ལ་སྐྱེལ་བའི་སྐྱེལ་མ་ནི། །རྩ་ཁ་འབྱེད་བདེ་དྲོད་ཀྱི་སྐྱེལ་མ་དང༌། །གསལ་བྱེད་ཡི་གེའི་སྐྱེལ་མ་དང༌། །ཐིག་ལེ་འཕེལ་བའི་སྐྱེལ་མ་དང༌། །རླུང་འབྱུང་འཇུག་གནས་པའི་སྐྱེལ་མའོ། ༈ །འཕྲང་དེ་ལས་ཐར་བའི་བདེ་བ་ནི། །རྒྱུ་མཐུན་རྒས་འཇོམས་ཀྱི་ཐང་ལ་སླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། ༈ །ཀུན་གཞི་ཡི་ནི་བདེ་གཤེགས་དེས། །ཐབས་ལམ་ཟབ་མོའི་གཏེར་ཁ་ཕྱེས། །གདུལ་བྱ་སྣ་ཚོགས་སྨིན་གྲོལ་བྱས། །ཞི་གནས་ལྷག་མཐོང་ཏིང་འཛིན་དང༌། །རྟེན་འབྲེལ་ནུས་པ་ཚོགས་པ་དང༌། །རྟགས་ལྔ་དང་ནི་ཕན་ཡོན་བརྒྱད། །གྲུབ་ཆེན་བརྒྱད་ལ་སོགས་པ་ཡི། །རིག་འཛིན་ཚེ་ཡི་དངོས་གྲུབ་བརྙེས། །གྲུབ་རྟགས་ཡོན་ཏན་མ་ལུས་རྫོགས། །མཆོག་གི་གནས་སུ་ཕྱིན་པ་ཡིན། ༈ །ན་བ་ལ་ཡང་འཕྲང་བཞི་ཡོད། །རྩ་བ་ཉོན་མོངས་ཀྱི་འཕྲང་དང་གཅིག །དགེ་སྡིག་ལས་ཀྱི་འཕྲང་དང་གཉིས། །འབྱུང་བཞི་ལུས་ཀྱི་འཕྲང་དང་གསུམ། །མྱོང་བ་སྡུག་བསྔལ་གྱི་འཕྲང་དང་བཞི། །འཕྲང་དེ་ལ་འཇིགས་པའི་དགྲ་བཞི་ཡོད། །དུག་གསུམ་ཆ་མཉམ་གྱི་དགྲ་དང་གཅིག །མི་དགེ་བཅུ་སྤྱད་ཀྱི་དགྲ་དང་གཉིས། །རླུང་མཁྲིས་བད་འདུས་ཀྱི་དགྲ་དང་གསུམ། །ཚ་གྲང་ཟུག་གཟེར་གྱི་དགྲ་དང་བཞི། །བགེགས་རིགས་བརྒྱད་ཅུའི་དགྲ་དཔུང་ཡོད། །དེ་ལ་སྐྱེལ་བའི་སྐྱེལ་མ་ནི། །དུག་ལྔ་རང་གྲོལ་གྱི་སྐྱེལ་མ་དང༌། །དགེ་བཅུ་སྡིག་འཇོམས་ཀྱི་སྐྱེལ་མ་དང༌། །འབྱུང་བཞི་རོ་སྙོམས་ཀྱི་སྐྱེལ་མ་དང༌། །དམིགས་པ་བློ་བརྡེག་གི་སྐྱེལ་མའོ། །འཕྲང་དེ་ལས་ཐར་བའི་བདེ་བ་ནི། །སྐུ་གསུམ་དབྱེར་མེད་ཀྱི་ཐང་ལ་སླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །ངོ་བོ་ཉིད་སྐུ་བདེ་གཤེགས་དེས། །རྐྱེན་ངན་གྲོགས་སུ་འཆར་བ་དང༌། །གདོན་ལ་སྙིང་རྗེ་བསྒོམ་པ་དང༌། །གནོད་ལ་ལན་དུ་ཕན་འདོགས་དང༌། །སྡུག་བསྔལ་བདེ་བར་བསྒྱུར་བ་དང༌། །བདུད་ལས་རྣམ་རྒྱལ་ལ་སོགས་དང༌། །ཆོས་རྣམས་མཉམ་པར་རྟོགས་པ་ཡིས། །གདམས་ངག་ཟབ་མོའི་གཏེར་ཁ་ཕྱེ། །སྡུག་བསྔལ་གྱིས་ནོན་པའི་གདུལ་བྱ་ལ། །བདེ་བ་ཆེན་པོའི་སྨིན་གྲོལ་བྱས། །རྐྱེན་ངན་གྱི་རླུང་པོ་ལངས་གྱུར་ཀྱང༌། །མི་གཡོ་ཏིང་འཛིན་བརྟན་པ་ཡིས། །ཡོན་ཏན་གྱི་ཆོས་རྣམས་མ་ལུས་རྫོགས། །མཆོག་གི་གནས་སུ་ཕྱིན་པ་ཡིན། །འཆི་བ་ལ་ཡང་འཕྲང་བཞི་སྟེ། །འབྱུང་བཞི་ཐིམ་པའི་འཕྲང་དང་གཅིག །སྣང་བ་ཐིམ་པའི་འཕྲང་དང་གཉིས། །དུ་བ་ལ་སོགས་འཕྲང་དང་གསུམ། །ཕྲ་རགས་ཐིམ་པའི་འཕྲང་དང་བཞི། །དེ་ལ་འཇིགས་པའི་དགྲ་བཞི་ཡོད། །ལུས་ལ་གནད་གཅོད་དགྲ་དང་གཅིག །སེམས་ལ་གཏི་མུག་གི་དགྲ་དང་གཉིས། །འདོད་ཆགས་མེ་དཔུང་གི་དགྲ་དང་གསུམ། །ཞེ་སྡང་རླུང་དམར་གྱི་དགྲ་དང་བཞི། །དེ་རང་བཞིན་བརྒྱད་ཅུའི་དགྲ་དཔུང་ཡིན། །དེ་ལ་སྐྱེལ་མ་རྣམ་བཞི་དགོས། །ལུས་སྦྱིན་གཏོང་ལྷ་སྐུའི་སྐྱེལ་མ་དང༌། །སེམས་སྣང་བ་གསུམ་གྱི་སྐྱེལ་མ་དང༌། །རྟག་སྐད་ཅིག་དགའ་བཞིའི་སྐྱེལ་མ་དང༌། །ཟད་པར་ཏིང་འཛིན་གྱི་སྐྱེལ་མའོ། །འཕྲང་དེ་ལས་ཐར་བའི་བདེ་བ་ནི། །འཆི་བ་འོད་གསལ་གྱི་ཐང་ལ་སླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །རང་སེམས་ཆོས་སྐུའི་བདེར་གཤེགས་དེས། །ཁྱབ་དང་གཟུགས་ཅན་མ་ཡིན་དང༌། །ལྷུན་གྱིས་གྲུབ་དང་འགྲོ་འོང་མེད། །སྤྲོས་པ་ཐམས་ཅད་རབ་ཞི་བའི། །ཁྱབ་བདག་ཆོས་ཀྱི་གཏེར་ཁ་ཕྱེས། །ཆོས་སྐུའི་གདུལ་བྱ་སྨིན་གྲོལ་བྱས། །སངས་རྒྱས་ཞིང་རྣམས་གཡོ་བ་དང༌། །གཅིག་དང་དུ་མ་ལ་སོགས་དང༌། །སྤྲོས་པའི་ཆོས་རྣམས་མ་ལུས་ཀུན། །ཏིང་འཛིན་རྒྱ་མཚོ་ཆེན་པོར་ཐིམ། །ཆོས་སྐུའི་ཡོན་ཏན་མ་ལུས་རྫོགས། །མཆོག་གི་གནས་སུ་ཕྱིན་པ་ཡིན། །རྨི་ལམ་གྱི་ནི་བར་དོ་ལ། །ཆོས་ནི་རྣམ་པ་བཞི་ཡིན་ཏེ། །གཟུང་སྦྱང་སྒྱུ་མ་དེ་ཉིད་གཞི། །རྨི་ལམ་ལ་ཡང་འཕྲང་བཞི་སྟེ། །སྒྱུ་མ་ལུས་ཀྱི་འཕྲང་དང་གཅིག །ཟིན་པ་བོགས་མེད་ཀྱི་འཕྲང་དང་གཉིས། །མེ་ཆུ་ཡ་ངའི་འཕྲང་དང་གསུམ། །རང་བཞིན་སྣང་མེད་ཀྱི་འཕྲང་དང་བཞི། །དེ་ལ་འཇིགས་པའི་དགྲ་བཞི་ཡོད། །གྲོགས་འདུན་ཉམས་པའི་དགྲ་དང་གཅིག །དངོས་པོ་ཨ་འཐས་ཀྱི་དགྲ་དང་གཉིས། །བདག་ཏུ་འཛིན་པའི་དགྲ་དང་གསུམ། །གཏི་མུག་གཉིད་ཀྱི་དགྲ་དང་བཞི། །དེ་ལ་སྐྱེལ་བའི་སྐྱེལ་མ་ནི། །གནད་བཞི་ཡི་ནི་སྐྱེལ་མ་དང༌། །སྦྱང་སྤེལ་སྒྱུར་གྱི་སྐྱེལ་མ་དང༌། །སྒྱུ་མར་ཤེས་པའི་སྐྱེལ་མ་དང༌། །རང་རིག་གསལ་བའི་སྐྱེལ་མའོ། །དེ་ལས་ཐར་བའི་བདེ་བ་ནི། །དེ་ཉིད་མི་སློབ་ཀྱི་ཐང་ལ་སླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །ཟུང་འཇུག་ཆེན་པོའི་བདེར་གཤེགས་དེས། །གཉིས་སུ་མེད་དང་ཟུང་དུ་འཇུག །བློ་ལས་འདས་དང་ཕྱག་རྒྱ་ཆེ། །དམའ་བའི་མནར་མེད་ཡན་ཆད་དང༌། །མཐོ་བའི་སྲིད་རྩེ་མན་ཆད་ཀྱི། །འཁོར་བའི་ཆོས་རྣམས་མ་ལུས་ཀུན། །མཐོ་བའི་སངས་རྒྱས་མན་ཆད་དང༌། །མྱ་ངན་འདས་པའི་ཆོས་རྣམས་ཀུན། །དྲི་ཟའི་གྲོང་དང་སྒྱུ་མའི་དཔེ། །ཐམས་ཅད་སྒྱུ་མར་གསུངས་པ་ཡི། །ཟུང་འཇུག་ཆོས་ཀྱི་གཏེར་ཁ་ཕྱེ། །གཏི་མུག་སྤྲིན་ལྟར་གཏིབས་པ་དང༌། །ཞེ་སྡང་མེ་ལྟར་འབར་བ་དང༌། །འདོད་ཆགས་ཆུ་ལྟར་ཁོལ་བ་དང༌། །ཕྲག་དོག་ཟུར་ལ་འཛེར་པ་དང༌། །ང་རྒྱལ་རི་བོས་ནོན་པ་སོགས། །ཉོན་མོངས་ནད་ཀྱིས་ཐེབས་པ་ཡི། །རྟག་པར་འཛིན་པའི་སྐྱེས་བུ་རྣམས། །སྒྱུ་མའི་ཆོས་ཀྱིས་སྨིན་གྲོལ་བྱས། །རྟག་ཆད་གཉིས་སུ་འཛིན་པ་དང༌། །གཉིས་ཀ་མ་ཡིན་བར་མ་དང༌། །གང་ཟག་བདག་ཏུ་འཛིན་པ་དང༌། །གཟུང་བ་དོན་དུ་འདོད་པ་དང༌། །འཛིན་པ་རྡུལ་ཕྲན་ཆ་བཅས་དང༌། །ཆ་མེད་ཕུང་པོ་ལྔ་རྒྱུན་དང༌། །བདག་མེད་བྱེ་བྲག་མདོ་སྡེ་པ། །རྣམ་བཅས་རྣམ་མེད་སེམས་ཙམ་དང༌། །སྒྱུ་མ་བདེན་པར་སྨྲ་བ་དང༌། །སྒྱུ་མ་གཉིས་མེད་དབུ་མ་དང༌། །རབ་ཏུ་མི་གནས་ཟུང་འཇུག་གོ །གྲུབ་མཐའི་ཆོས་རྣམས་མ་ལུས་རྫོགས། །མཆོག་གི་གནས་སུ་ཕྱིན་པ་ཡིན། །སྲིད་པ་ཡི་ནི་བར་དོ་ལ། །འཕྲང་ཆེན་རྣམ་པ་བཞི་གསུངས་པ། །སྒྱུ་མ་ལུས་ཀྱི་འཕྲང་དང་གཅིག །ལས་ཀྱི་སྣང་བའི་འཕྲང་དང་གཉིས། །སྐྱེ་གནས་རྣམ་བཞིའི་འཕྲང་དང་གསུམ། །ཆགས་སྡང་དྲག་པོའི་འཕྲང་དང་བཞི། །འཕྲང་དེ་ལ་འཇིགས་པའི་དགྲ་བཞི་ཡོད། །འོད་ལྔ་བདག་འཛིན་གྱི་འཕྲང་དང་གཅིག །ལས་ངན་བསགས་པའི་དགྲ་དང་གཉིས། །གར་སྐྱེ་ངེས་མེད་ཀྱི་དགྲ་དང་གསུམ། །འཁྲིགས་ཆགས་ཕ་མའི་དགྲ་དང་བཞི། །དེ་ལ་སྐྱེལ་བའི་སྐྱེལ་མ་ནི། །རིགས་ལྔ་ཡེ་ཤེས་ཀྱི་སྐྱེལ་མ་དང༌། །དག་སྣང་གོམས་བྱེད་ཀྱི་སྐྱེལ་མ་དང༌། །མངལ་སྒོ་བགག་ཐབས་ཀྱི་སྐྱེལ་མ་དང༌། །དབང་བཞི་བླ་མའི་སྐྱེལ་མའོ། །དེ་ལས་ཐར་བའི་བདེ་བ་ནི། །བར་དོ་ལོངས་སྐུའི་ཐང་ལ་སླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །བར་དོ་ལོངས་སྐུའི་སངས་རྒྱས་དེས། །སྔོན་བྱུང་སྲིད་པའི་ཤ་གཟུགས་དང༌། །དག་དང་མ་དག་ལུས་དང་ནི། །དབང་པོ་ཀུན་ཚང་ཐོགས་མེད་སོགས། །མ་སྒྲུབ་རྫུ་འཕྲུལ་ཡོན་ཏན་དང༌། །རིགས་མཐུན་ལྷ་མིག་ཡོན་ཏན་ལ་སོགས་པ། །རང་བཞིན་ཆོས་ཀྱི་འབྱུང་ཚུལ་རྣམས། །ཟབ་མོ་གནད་ཀྱི་གཏེར་ཁ་ཕྱེ། །སྨོན་པ་བདག་མེད་ལྟ་བུ་དང༌། །བལ་ལུད་རླུང་གིས་ཁྱེར་ལྟ་བུ། །སྐད་ཅིག་མི་སྡོད་གཡོ་བ་ཡི། །བར་དོར་གནས་པའི་གདུལ་བྱ་ལ། །བཞི་བཅུ་རྩ་དགུའི་བར་དག་ཏུ། །མཁའ་སྤྱོད་དང་ནི་མཆོག་ཐོབ་པའི། །དངོས་གྲུབ་ཀྱིས་ནི་སྨིན་གྲོལ་བྱས། །ལོངས་སྤྱོད་རྫོགས་པའི་ཞིང་ཁམས་དང༌། །རྒྱུ་དང་ཐབས་དང་འབྲས་བུ་དང༌། །རྒྱུད་གསུམ་གྱི་ནི་ཡོན་ཏན་རྫོགས། །མཆོག་གི་གནས་སུ་ཕྱིན་པ་ཡིན། །གཟུགས་སོགས་ཕུང་པོ་ལྔ་རྣམས་ནི། །མ་མཐར་དངོས་པོ་ཟག་བཅས་དང༌། །རིགས་ལྔ་ལུས་མེད་ལུས་ཀྱི་མཆོག །གཟུགས་སྐུའི་མཐར་ཐུག་ཀུན་གྱི་གཙོ། །རོ་གཅིག་རྡོ་རྗེ་འཆང་ཆེན་ཡིན། །ཚོགས་རྒུའི་རྣམ་ཤེས་ཡེ་ཤེས་ལྔ། །ཤེས་པ་ཀུན་གྱི་མཐར་ཐུག་པ། །ཇི་སྙེད་ཇི་ལྟ་ཡེ་ཤེས་གཙོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན། །བར་དོ་རྣམ་གསུམ་གཞིར་བཞག་ལ། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད། །རྣམ་དག་སྐུ་སྟེ་སྐུ་ཡི་གཙོ། །ཤིན་ཏུ་རྣམ་དག་ངོ་བོ་ཉིད། །པན་ཙ་ཀ་མ་ལའི་རྒྱུད་ལས། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་ལ་སངས་རྒྱས་ཉིད། །ཐོབ་པར་འགྱུར་བ་ཐེ་ཚོམ་མེད། །ཅེས་སྐུའི་མཆོག་ཏུ་ཐུབ་པས་གསུངས། །བར་དོ་གསུམ་གྱི་སྐུ་གསུམ་ནི། །འཆི་བ་འོད་གསལ་ཆོས་ཀྱི་སྐུ། །རྨི་ལམ་སྲིད་པ་ལོངས་སྤྱོད་སྐུ། །སྐྱེ་བ་སྤྲུལ་པའི་སྐུ་ཉིད་དེ། །ན་བ་ངོ་བོ་ཉིད་ཀྱི་སྐུ། །རྒས་པ་རྣམ་དག་སྐུ་ཡིན་ནོ། །སྐྱེ་རྒས་ཀུན་གཞིའི་རིག་པ་ཉིད། །མེ་ལོང་གི་ནི་ཡེ་ཤེས་སོ། །རྨི་ལམ་ཉོན་མོངས་ཅན་གྱི་ཡིད། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྲིད་པ་ཡིད་ཀྱི་རྣམ་ཤེས་ནི། །སོ་སོར་ཀུན་རྟོག་ཡེ་ཤེས་སོ། །འཆི་བ་སྒོ་ལྔའི་རྣམ་ཤེས་ནི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ནད་ལ་རོ་སྙོམས་རྐྱེན་འཇོམས་ནི། །བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཟུགས་ནི་རྣམ་པར་སྣང་མཛད་དང༌། །འཆི་བ་ཡི་ནི་བར་དོའོ། །ཚོར་བ་རིན་ཆེན་འབྱུང་ལྡན་ཏེ། །ན་བ་ཡི་ནི་བར་དོའོ། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །རྨི་ལམ་སྲིད་པའི་བར་དོའོ། །འདུ་བྱེད་དོན་ཡོད་གྲུབ་པ་སྟེ། །རྒས་པ་ཡི་ནི་བར་དོའོ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །སྐྱེ་བ་ཡི་ནི་བར་དོའོ། །སངས་རྒྱས་ཀྱི་ནི་ཡེ་ཤེས་དེ། །ཡོད་པར་འདོད་དམ་མེད་པར་འདོད། །དཔེ་ནི་ནམ་མཁའ་འདྲ་སྟེ་མེད། །དོན་ནི་ཆོས་སྐུ་ཡིན་ཏེ་ཡོད། །དེ་ནི་ཅི་ཕྱིར་ཞེ་ན་ཡང༌། །ཆོས་སྐུ་འདི་ནི་ཆོས་ཅན་ཏེ། །ཡེ་ནས་གནས་པའི་ཤེས་ཡོད་དེ། །མཁྱེན་པ་གཉིས་ནི་སྣང་ཕྱིར་རོ། །དེ་ཚེ་ཁྱབ་པ་མེད་ཅེ་ན། །ཁྱབ་པར་རང་རྒྱུད་ཆོས་རྣམས་ལ། །ཕྱོགས་ཆོས་ཚང་བ་སྒྲུབ་པ་ཡིན། །རྟོགས་པ་ཆོས་ཉིད་ཡེ་ཤེས་ནི། །སྤྲོས་དང་བྲལ་བ་མེད་ན་ཡང༌། །མཁྱེན་བྱ་ཉེར་ལེན་ཡོད་ན་ནི། །འཇུག་པ་ཀུན་རྫོབ་ཡེ་ཤེས་ཡོད། །ཡོད་ནས་རྟག་གམ་མེད་རྟག་ཅེས། །མཁྱེན་བྱ་ཉེར་ལེན་ཡོད་པས་ན། །ཐུགས་རྗེ་རྒྱུན་ཆད་མ་མཆིས་པས། །འཇུག་པ་ཀུན་རྫོབ་རྟག་པ་ཡིན། །དུས་གསུམ་འགྱུར་མེད་འགོག་མེད་པས། །རྟོགས་པ་དོན་དམ་རྟག་པ་ཡིན། །སྐྱེ་བ་སྤྲུལ་སྐུ་འབྱུང་འདི་ནི། །མངོན་པར་བྱང་ཆུབ་ལྔ་ཡིན་ཏེ། །ཕ་མ་མ་རིག་སྲོད་དུས་སུ། །དབང་པོ་བསྲུབས་ནས་བརྒྱལ་གྱུར་ཏེ། །རྟོག་པ་འགགས་པར་གྱུར་པ་དེ། །ཆོས་ཉིད་སྟོང་པའི་བྱང་ཆུབ་ཡིན། །བྱང་ཆུབ་དཀར་དམར་རྣམ་གཉིས་ཏེ། །གདན་ནི་ཉི་ཟླའི་བྱང་ཆུབ་ཡིན། །བདུན་ཕྲག་བདུན་དུ་གྱུར་པ་ལས། །གནས་སྐབས་འཕེལ་བ་ལྔ་ཡིན་ཏེ། །བཞི་པ་རྩ་གནས་ཆགས་པ་ནི། །འཁོར་ལོའི་དབྱིབས་སུ་གྲུབ་པ་ཡིན། །ལྷ་ཡི་ཕྱག་མཚན་ཞེས་པ་ནི། །ཐུགས་ནི་ཕྱག་མཚན་བྱང་ཆུབ་ཡིན། །འཁོར་ལོའི་དཀྱིལ་གྱི་ཨ་དང་ཧཾ། །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་དང་སྒྲ་རྣམས་བྱུང་བས་ན། །གསུང་ནི་ཡིག་འབྲུའི་བྱང་ཆུབ་ཡིན། །གནས་སྐབས་ལྔ་པ་བདུན་མཐའ་ལ། །རུས་སྦལ་དབྱིབས་སུ་གྲུབ་པ་དང༌། །ཡན་ལག་འབུར་ཞིང་དོད་པས་ན། །སྐུ་ནི་རྫོགས་པའི་བྱང་ཆུབ་ཡིན། །ཟླ་བཅུའི་བར་གྱི་ས་ལམ་ནི། །བདུན་ཕྲག་སུམ་ཅུ་རྩ་བདུན་ནི། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཡིན། །མཐར་ཕྱིན་ལམ་དུ་གྱུར་པ་ནི། །རྣམ་གྲོལ་དང་ནི་བར་ཆད་མེད། །བཅོ་བརྒྱད་ཞག་ནི་གྲངས་ཀྱིས་སོ། །ཟླ་དགུ་ངོ་བཅུའི་དབྱེ་བ་བསྟན། །སྐྱེ་བ་སྤྲུལ་སྐུ་ཞེས་བྱ་བ། །སྐྱེ་བ་ལྷུམས་ནས་བལྟམས་པའོ། །སྐུ་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང༌། །མངལ་གྱི་ཕྲུ་མ་ཆོས་གོས་ཉིད། །དེ་བཞིན་མ་ཉིད་མཁན་པོ་ཉིད། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨཱཿ བདེ་ཅན་གྱི་ཡང་རྣམ་པ་ཧཾ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་འདོན་སྐྱེས་པ་དགེ་སློང་ཉིད། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བཅུ་ལ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །དེ་སྐད་གསུངས་པ་སྤྲུལ་སྐུ་ཡིན། །སྤྲུལ་སྐུ་ལྷུམས་ནས་བལྟམས་དུས་སུ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །སྲིད་གསུམ་མ་ལུས་ས་ལེར་གཟིགས། །མྱ་ངན་འདས་པའི་བདེ་བ་མཐོང༌། །གཟུགས་སྐུ་རབ་གནས་བྱེད་དུས་སུ། །སྤྱན་སོགས་འབྱེད་པའི་ཆོ་ག་ཡང༌། །དེ་ལ་དགོངས་ནས་མཛད་པ་ཡིན། །དེ་བཞིན་སྤྲུལ་སྐུ་བལྟམས་དུས་སུ། །སྣང་བ་ཐམས་ཅད་མཐོང་ཐོས་པས། །སྒོ་ལྔ་འབྱེད་ཅེས་བརྗོད་པ་ཡིན། །ལྷ་མཛེས་ལྷུམས་ནས་བལྟམས་པ་ལ། །ལྷ་ཡིས་སྐུ་ཁྲུས་གསོལ་བ་ལྟར། །ཡན་ལག་བརྒྱད་ལྡན་ཆུ་ཡི་ཁྲུས། །མངལ་གྱི་དྲི་མ་འཁྲུད་པ་དང༌། །པགས་བཤུས་ཚ་གདུང་སེལ་བའི་ཕྱིར། །སྐུ་ཁྲུས་གསོལ་ཞེས་བརྗོད་པ་ཡིན། །གཞན་གྱིས་བལྟས་ན་གཟུགས་སུ་མཐོང༌། །རང་ལ་གཟུགས་ཀྱི་འདུ་ཤེས་མེད། །ཉན་ཐོས་རང་སངས་རྒྱས་རྣམས་དང༌། །སོ་སོའི་སྐྱེ་བོ་ཐམས་ཅད་ལ། །སངས་རྒྱས་གཟུགས་ཀྱི་སྐུ་རུ་སྣང༌། །སངས་རྒྱས་གཟུགས་སྐུ་དམིགས་སུ་མེད། །གཞན་གྱིས་ཐོས་པ་ཨ་དང་ཧཾ། །རང་ལ་ཨ་ཧཾ་བརྗོད་སྙམ་མེད། །དེ་བཞིན་ཐུབ་པས་མ་གསུངས་པར། །གདུལ་བྱ་མ་ལུས་ཐམས་ཅད་ལ། །ཆོས་ཀྱི་ཆར་གྱིས་ཚིམ་པར་མཛད། །དེ་བཞིན་ཏཻ་ལོ་ཆེན་པོ་ཡིས། །ཚིག་གཅིག་གསུངས་པ་མ་མཆིས་ཀྱང༌། །ནཱ་རོའི་རྒྱུད་ལ་མདོ་རྒྱུད་འཁྲུངས། །གཞན་གྱིས་བལྟས་ན་སེམས་ཡོད་འདྲ། །རང་ལ་གཟུགས་འཛིན་རྟོག་པ་མེད། །མཁྱེན་བྱ་ཐམས་ཅད་མ་ལུས་པ། །ཇི་སྙེད་མཁྱེན་པར་འགྱུར་ན་ཡང༌། །སངས་རྒྱས་མཁྱེན་པ་དམིགས་སུ་མེད། །དེ་ལྟར་དེ་བཞིན་ཆོས་ཚང་བས། །སྐྱེ་བ་སྤྲུལ་སྐུར་བརྗོད་པ་ཡིན། །རྩ་ཁ་ཐམས་ཅད་འབྱེད་ཅེས་པའི་ཚིག་དོན་ནི། དེ་ལ་གསུམ་དུ་ཤེས་བྱ་སྟེ། །རྩ་དང་ཁ་འབྱེད་དྲོད་དང་གསུམ། །རྩ་ནི་ལུས་ཀྱི་གནས་ལུགས་ཏེ། །མ་ཡི་མངལ་དུ་བདུན་ཕྲག་བཞིར། །ལྟེ་བའི་འཁོར་ལོ་ཆགས་པར་གསུངས། །དེ་ནས་སྙིང་ཁ། མགྲིན་པ། སྤྱི་བོའི་འཁོར་ལོ་ཆགས་པའོ། །ཤ་དང་རུས་པ་རིམ་བཞིན་ཆགས། །རྩ་དང་པགས་པ་ཆུ་རྒྱུས་སོགས། །གཞན་ཡང་རིམ་གྱིས་ཆགས་པར་གསུངས། །དེ་ལ་རྩ་ཡི་དབྱེ་བསྡུ་ནི། །ཕྱེ་ན་སྟོང་ཕྲག་བདུན་ཅུ་གཉིས། །བསྡུ་ན་བརྒྱ་དང་ཉི་ཤུའོ། །ཤིན་ཏུ་བསྡུ་ན་གསུམ་ཡིན་ཏེ། །རོ་མ་རྐྱང་མ་ཀུན་འདར་མའོ། །ཀུན་འདར་སྲོག་ཤིང་ཚུལ་དུ་གནས། །འཁོར་ལོ་རྩ་ཡི་མདུད་པ་སྟེ། །སྤྱི་བོར་སུམ་ཅུ་རྩ་གཉིས་དང༌། །མགྲིན་པར་བཅུ་དྲུག་དག་ཏུ་འདོད། །སྙིང་གར་འདབ་མ་བརྒྱད་ཡིན་ཏེ། །ལྟེ་བར་དྲུག་ཅུ་རྩ་གཉིས་ཏེ། །སྐྱེས་ནས་ཞག་ནི་རེ་རེ་ལ། །རྩ་ནི་རེ་རེ་འཕེལ་བར་གསུངས། །ཉི་ཤུ་རྩ་ལྔ་ལོན་པ་ན། །འཕེལ་བ་རྫོགས་པར་བཞེད་པ་དང༌། །གཞན་ཞིག་སུམ་ཅུ་ཐམ་པར་བཞེད། །དེ་ནས་ཞག་ནི་རེ་རེ་ལ། །རྩ་ནི་རེ་རེ་འཆད་པར་གསུངས། །དེ་ཡིས་སྐྲ་དཀར་གཉེར་མ་འབྱུང༌། །རོ་མ་གཡས་ལ་རྐྱང་མ་གཡོན། །ཀུན་འདར་མ་ནི་དབུས་ཡིན་ནོ། །ལྟེ་འོག་ཏུ་ནི་རྩ་གསུམ་འདུས། །མདུད་པ་ཨ་ཡི་དབྱིབས་སུ་གནས། །ཡར་སྣེ་ཚངས་པའི་བུ་ག་ཧཾ། །གཡས་གཡོན་གཉིས་ནི་སྣ་བུག་གཉིས། །དེ་ཕྱིར་རྩ་ཡི་འབྲེལ་དོན་ནི། །དེ་ལ་བཞེད་ལུགས་མི་མཐུན་ཡང༌། །དེ་ལ་རྣམ་པ་ལྔ་ཡིན་གསུངས། །ཐང་ཤིང་གདུགས་དང་ཐག་ལྟ་བུ། །གྲུ་གུ་འགྲིལ་དང་སྐྲ་ཤད་འཛིང༌། །གང་ཟག་གཅིག་གི་ལུས་ལ་ཡང༌། །ལྔ་པོ་དེ་དག་ཚང་བར་བཞེད། །རྩ་ཁ་འབྱེད་པ་རླུང་ཡིན་ཏེ། །དེ་དག་རླུང་གི་དབྱེ་བསྡུ་ནི། །དེ་ལ་དབྱེ་བ་མང་གསུངས་ཀྱང༌། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །བསྡུ་ན་རྩ་བའི་རླུང་ལྔའོ། །ཤིན་ཏུ་བསྡུ་ན་གཉིས་ཡིན་ཏེ། །ཟག་བཅས་རླུང་དང་ཟག་མེད་རླུང༌། །རླུང་སྦྱོར་རྣམ་པ་བརྟེན་ནས་ནི། །རླུང་ནང་དུ་བཅུག་པས་རྩ་ཁ་འབྱེད། །བདེ་བ་བཅུད་ལས་འབྱུང་བ་ནི། །རོ་མ་དེ་བཞིན་ཁྲག་འབབ་ཅིང༌། །རྐྱང་མ་མི་བསྐྱོད་འབབས་པ་སྟེ། །ཀུན་འདར་མ་ནི་བདེ་བ་ཆེ། །རྩ་ཡི་གཙོ་བོ་བཅུད་ཀྱིས་ཕྱེ། །བཅུད་ནི་གནས་དང་མི་གནས་ཡོད། །བཅུད་གནས་གཙོ་བོ་ཡིན་པར་བཞེད། །རྩ་དང་རླུང་དང་ཐིག་ལེ་གསུམ། །གནད་དུ་ཕོག་ན་དྲོད་དུ་འབྱུང༌། །དྲོད་ནི་སེམས་ཀྱི་ཉམས་མྱོང་ཡིན། །སེམས་ཉིད་དངོས་པོའི་གནས་ལུགས་ནི། །རིག་སྟོང་རྒྱུན་པར་ལུས་ལ་གནས། །ཁྱད་པར་སོ་སོའི་གནས་ལུགས་ནི། །རྣམ་རྟོག་ཕྱོགས་མེད་ཨ་ལ་གནས། །གཉིད་ལོག་མཐུག་པོ་ཧཱུྃ་ལ་གནས། །རྨི་ལམ་སྒྱུ་མ་ཨོཾ་ལ་གནས། །སྙོམས་འཇུག་བདེ་ཆེན་ཧཾ་ལ་གནས། །གནད་ཀྱིས་ཉམས་སུ་བླང་བ་ནི། །རྣམ་པ་བཞི་རུ་ཤེས་པར་བྱ། །དུས་གནད་ཉི་ཟླ་གཟས་བཟུངས་སོ། །ཕན་ཕུན་མུན་རུབ་གུང་གཉིས་སྤངས། །ལུས་ལ་རྣམ་པ་གཉིས་ཡིན་ཏེ། །དངོས་དང་རླུང་གི་སྦྱོར་བའོ། །ལུས་ནི་ཆོས་དྲུག་དང་བཅས་ནས། །བླ་མར་གསོལ་བཏབ་ཡི་དམ་བསྒོམ། །སྦྱོར་བ་རྔུབ་དང་དགང་བ་དང༌། །གཞིལ་དང་མདའ་ལྟར་འཕང་དང་རྣམ་བཞིའོ། །ཡུལ་གནད་ལྟེ་འོག་གསང་གནས་སུ། །ཤེས་གནད་ཡ་ཏོག་མ་ཏོག་གི །ཡབ་ཡུམ་གཉིས་ཀྱི་བདུད་རྩིའི་གནད། །ཉི་མའི་འོད་ཀྱིས་རི་བོང་དབབ། །བར་དུ་བདེ་ཆེན་བསྐྱེད་པར་བྱ། །དེས་ནི་གནད་ཀྱི་ཉམས་ལེན་ནོ། །ཉམས་བླངས་འབྲས་བུ་འབྱུང་བ་ནི། །གནས་སྐབས་མཐར་ཐུག་གཉིས་ཡིན་ནོ། །གསལ་བྱེད་ཡི་གེ་ཞེས་པ་ནི། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །གསལ་བར་བྱེད་པ་ཡི་གེ་དང༌། །དེ་ལ་བརྟེན་ཏེ་འཕོ་བའོ། །གསལ་བྱེད་ཡི་གེའི་གནས་ལུགས་ནི། །དགྱེས་པ་རྡོ་རྗེའི་རྒྱུད་ལས་ཀྱང༌། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱི་ཡང་རྣམ་པ་ཧཾ། །ཞེས་པའོ། ། གནས་སྐབས་འཕེལ་བ་བཞི་པ་ལས། །ལྟེ་བའི་རྩ་མདུད་ཨ་ཡི་དབྱིབས། །གནས་སྐབས་ལྔ་པའི་དུས་སུ་ནི། །ཧཱུྃ་་་་་་སྤྱི་བོའི་རྩ་མདུད་ཧཾ་གི་དབྱིབས། །དྭངས་མའི་རླུང་དང་ཐིག་ལེའི་བཅུད། །ཡི་གེའི་གཟུགས་སུ་གནས་པ་ཡིན། །དེ་གསུམ་འདུས་པ་དགྲ་ཡི་གནད། །གྲགས་པ་ཐམས་ཅད་དེ་ལས་བྱུང༌། །འཁོར་འདས་གཉིས་ཀྱི་ཡི་གེ་ནི། །རིགས་དྲུག་ཡི་གེ་དྲུག་ཏུ་གནས། །སེམས་ནི་བག་ཆགས་ཞེན་པ་ཡིས། །རིགས་དྲུག་ཏུ་ནི་སྣང་བ་ཡིན། །མྱ་ངན་འདས་པའི་ཡི་གེ་ནི། །རིགས་ལྔ་ཡི་ནི་ས་བོན་གནས། །འཁོར་ལོ་གནས་པའི་ཡི་གེ་ནི། །ཧཾ་གནས་འདབ་མ་སུམ་ཅུ་གཉིས། །དབྱངས་ཡིག་བཅུ་དྲུག་གཉིས་འགྱུར་ཏེ། །མཚན་བཟང་སུམ་ཅུ་རྩ་གཉིས་ཡིན། །སྤྲུལ་པར་གནས་པའི་ཡི་གེ་ནི། །གསལ་བྱེད་ཉིས་སྐོར་དག་ཏུ་གནས། །དཔེ་བྱད་བརྒྱད་ཅུའི་རྒྱུ་ཡིན་ནོ། །ཨ་དང་ཧཾ་གི་གཞི་བྱས་ནས། །གཞན་ཡང་མ་ནི་ཡི་གེ་བརྒྱད། །མགྲིན་པར་དབྱངས་ཡིག་བཅུ་དྲུག་དང༌། །གཡས་གཡོན་ཨ་ལི་ཀ་ལི་ལས། །གསུང་ནི་འགགས་མེད་འབྱུང་བའི་གཞི། །དེ་ཡི་གསལ་བྱེད་ཡི་གེའོ། །ཡི་གེ་ལ་བརྟེན་འཕོ་བ་ནི། །འགྲོ་བའི་དོན་དུ་སེམས་བསྐྱེད་ནས། །འཕོ་བའི་སྦྱོར་བས་སངས་རྒྱས་ནི། །ཚེ་འདི་ཉིད་ལ་ཐོབ་པར་བསམ། །བརྒྱུད་ལྡན་བླ་མ་དམ་པ་ལ། །གསོལ་བ་བཏབ་ཅིང་བྱིན་རླབས་ཞུ། །རང་ལུས་ཡི་དམ་ལྷ་རུ་བསྒོམ། །སྤྱི་བོ་ནས་ནི་ཁྲུ་གང་དུ། །པདྨའི་གདན་ལ་ཡི་དམ་བསྒོམ། །གནས་ཆེན་འཁོར་ལོ་བཞི་ལ་ནི། །རེ་རེ་པད་འདབ་བཞི་བཞི་སྟེ། །དབུས་སུ་རང་རང་ཡི་གེ་ནི། །ལྟེ་བར་ཨཱཿལ་སྙིང་གར་ཧཱུྃ། །མགྲིན་པར་ཨོཾ་ལ་སྤྱི་བོར་ཧྃ། །དང་པོ་སྤྲུལ་པའི་འདབ་བཞི་ལ། །ཨ་ནུ་ཏ་ར་བཞི་བསྒོམས་ཏེ། །ཁ་དོག་དམར་པོའི་རང་བཞིན་ལ། །དང་པོ་མདུན་གྱི་ཨ་ལ་གཏད། །ཨ་ཉིད་ཐིམ་པར་གྱུར་པ་དང༌། །གཉིས་པ་གཡས་ཀྱི་ནུ་ལ་གཏད། །ནུ་ཉིད་ཐིམ་པར་གྱུར་པ་དང༌། །གསུམ་པ་རྒྱབ་ཀྱི་ཏ་ལ་གཏད། །ཏ་ཉིད་ཐིམ་པར་གྱུར་པ་དང༌། །བཞི་པར་གཡོན་གྱི་ར་ལ་གཏད། །ར་ནི་དབུས་ཀྱི་ཨ་ལ་ཐིམ། །ལྕགས་སྒོང་དང་ནི་མེ་འདྲེས་བཞིན། །ཨ་དང་རྣམ་ཤེས་དབྱེར་མེད་པ། །འོག་རླུང་གིས་ནི་ཕུལ་བྱས་ནས། །དྷཱུ་ཏིའི་ལམ་ལས་སྐར་མདའ་བཞིན། །རྒྱངས་ཀྱིས་འཕོས་པར་གྱུར་པ་དང༌། །སྙིང་གའི་ཧཱུྃ་ལ་ཐིམ་པར་བསམ། །ཨ་ནུ་ཏ་ར་ཡི་གེ་རྣམས། །ཁ་དོག་སྔོན་པོར་བསྒོམ་པར་བྱ། །སྔར་བཞིན་རིམ་གྱིས་ཐིམ་ནས་ཀྱང༌། །ཧཱུྃ་ཉིད་ཨོཾ་ལ་ཐིམ་པར་བསམ། །འབྱུང་བཞིའི་ཡི་གེ་སེར་པོ་རྣམས། །སྔར་བཞིན་བསྒོམས་ལ་ཐིམ་པ་ཡི། །ཨོཾ་ནི་སྤྱི་བོའི་ཧྃ་ལ་ཐིམ། །འབྱུང་བཞིའི་ཡི་གེ་དཀར་པོ་རྣམས། །སྔར་བཞིན་བསྒོམས་པས་ཧྃ་ལ་ཐིམ། །ཧྃ་དང་རྣམ་ཤེས་དབྱེར་མེད་པ། །སྟེང་དུ་རྒྱངས་ཀྱིས་འཕོས་པ་དང༌། །ཡི་དམ་ལྷ་ཡི་ཐུགས་ཀར་ཐིམ། །ལྷ་ཡི་ས་བོན་གང་ཡིན་ལ། །ཨ་ནུ་ཏ་ར་སྔར་བཞིན་བསྒོམ། །ཁ་དོག་ས་བོན་དག་དང་མཚུངས། །དེར་ནི་མ་ཡེངས་དར་ཅིག་བསྒོམ། །ཡི་གེ་རིམ་བཞིན་ཐིམ་གྱུར་ནས། །ཧྃ་དང་རྣམ་ཤེས་དབྱེར་མེད་པའི། །ཡི་དམ་ལྷ་ཡི་ཐུགས་ཀ་ནས། །འོད་ཟེར་ཐག་གི་དཔྱང་ཐག་ལྟར། །ཧྃ་དང་རྣམ་ཤེས་སྤྱི་བོར་དབབ། །ཨ་ནུ་ཏ་ར་སྔར་བཞིན་བསྒོམ། །ཐིམ་པ་དག་ཏུ་གྱུར་པ་དང༌། །ཨོཾ་དང་རྣམ་ཤེས་དབྱེར་མེད་པས། །རང་གནས་དག་ཏུ་དབབ་པར་བྱ། །ཨ་ནུ་ཏ་ར་སྔར་བཞིན་བསྒོམ། །ཐིམ་པ་དག་ཏུ་གྱུར་པ་དང༌། ཧཱུྃ་དང་རྣམ་ཤེས་དབྱེར་མེད་པས། །རང་གནས་དག་ཏུ་དབབ་པར་བྱ། །ཨ་ནུ་ཏ་ར་སྔར་བཞིན་བསྒོམ། །ཐིམ་པ་དག་ཏུ་གྱུར་པ་དང༌། །ཨ་དང་རྣམ་ཤེས་དབྱེར་མེད་པས། རང་གནས་དག་ཏུ་དབབ་པར་བྱ། །དབུས་ཀྱི་ཨ་དང་ཡི་གེ་བཞི། །ལྟེ་བའི་གནས་སུ་གསལ་བར་བསྒོམ། །སྤྱི་བོའི་ཡི་དམ་འོད་དུ་ཞུ། །རང་ལ་ཐིམ་པར་གྱུར་པ་དང༌། །ཚངས་བུག་ཧཾ་གིས་དགག་པར་བྱ། །དེ་ནི་ད་ལྟར་སྦྱང་བའོ། །དེ་ལ་རྟགས་དང་འབྱོངས་པའི་ཚད། །སྒོ་ནི་རྣམ་པ་དགུ་ཡིན་ཏེ། །འཆི་དུས་གང་ལ་འབྱུང་བ་ནི། །ད་ལྟར་རྟགས་ཤིག་འབྱུང་བ་ཡིན། །འོག་སྒོར་རྟགས་དེ་བྱུང་བ་དང༌། །རིམ་གྱི་རིམ་གྱིས་གདོན་པར་བྱ། །སྤྱི་བོར་ཐོན་པ་འབྱུང་བའི་ཚད། །རྟགས་ནི་སྒོ་ལ་ནད་འབྱུང་སྟེ། །ནམ་ཞིག་འཆི་བར་འགྱུར་བའི་ཚེ། །ལུས་གནད་ལེགས་པར་བཅོས་བྱས་ལ། །སྤྱི་བོར་ཡི་དམ་ལྷ་བསྒོམ་ཞིང༌། །སྔར་བཞིན་གྱིས་ནི་འཕོས་ནས་ཀྱང༌། །ཡི་དམ་ལྷ་ཡི་ཐུགས་ཀར་འཕོ། །དེ་ཚེ་འཕོས་པར་གྱུར་པ་དང༌། །རང་སེམས་ཡི་དམ་ལྷར་གྱུར་ནས། །དཔའ་བོ་དཔའ་མོ་བསྡུས་ནས་ཀྱང༌། །མཁའ་སྤྱོད་དངོས་གྲུབ་ཐོབ་པར་གསུངས། །འོག་མིན་སྟུག་པོ་ཉམས་དགའ་བར། །སྟོན་པ་ཀྱཻ་ཡི་རྡོ་རྗེ་ལས། །བརྡ་ཡི་ཆོས་ཉིད་གོ་བ་དང༌། །རང་སེམས་རྟོགས་པར་གྱུར་པ་དང༌། །མཆོག་གི་དངོས་གྲུབ་ཐོབ་པ་ཡིན། །འཕེལ་ཞེས་བྱ་བའི་ཡིག་དོན་ནི། །ཆགས་ཅན་ཆགས་བྲལ་གཉིས་ཡིན་ཏེ། །ཆགས་བྲལ་སྐྱེས་བུའི་ལམ་འདི་ལ། །གནད་ནི་རྣམ་པ་བཞི་རུ་གསུངས། །དུས་དང་ལུས་དང་ཡུལ་དང་གསུམ། །ཤེས་པ་ཡི་ནི་གནད་དང་བཞི། །དུས་ནི་ཁམས་རྒྱས་ཉམས་དུས་སུ། །ལུས་ཀྱི་ཆོས་ནི་དྲུག་ཡིན་ཏེ། །རྐང་གཉིས་རྡོ་རྗེ་དཀྱིལ་ཀྲུང་བྱ། །ལག་གཉིས་གླིང་བཞི་དབང་དུ་བསྡུ། །བརྟེན་པ་དབུ་མ་དྲང་བའི་ཕྱིར། །གསེར་གྱི་དོང་ཙེ་བརྩེགས་པ་ལྟར། །སྒལ་ཚིགས་ཉི་ཤུ་དྲང་བར་བྱས། །གཟུང་འཛིན་ལྕགས་ཀྱུས་རྦ་རླབས་བཟུང༌། །རོ་འཛིན་རང་གནས་དག་ཏུ་སྦྱར། །བཞི་བཅུ་བསྡམས་པས་སྲ་ཉག་བཟུང༌། །གཏི་མུག་རྡོ་རྗེ་ཟླུམ་པོ་བལྟ། །སྲབ་མོ་རྩིག་པ་དག་ལ་སྦྱར། །ཡུལ་ནི་བདེ་ཆེན་ཧཾ་གི་གནས། །ཤེས་གནད་ཡིད་རིག་གཅེར་བུ་ལ། །མཉམ་སྦྱོར་མཁའ་གསང་བྱིན་བརླབས་ནས། །དགའ་བཞིའི་ཡེ་ཤེས་སྐྱོང་བ་ནི། །ཐིག་ལེ་རྩ་གནས་གཡོས་པ་ཡིན། །བདེ་བ་སྐྱེས་པ་རྣམ་རྟོག་འགགས། །རྣམ་པ་སྣ་ཚོགས་སྐད་ཅིག་མ། །ཡེ་ཤེས་སྐྱེས་པ་དགའ་བ་ཡིན། །བདེ་ཆེན་གནས་སུ་ཐིག་ལེ་འདུས། །ཕྲ་བ་འགགས་པ་རྣམ་པར་སྨིན། །ཡེ་ཤེས་སྐྱེས་པས་མཆོག་དགའ་ཡིན། །གསང་བའི་གནས་སུ་ཐིག་ལེ་འདུས། །གཟུང་འཛིན་སྤངས་པས་མཚན་ཉིད་མེད། །ཟུང་དུ་འཇུག་པ་ལྷན་ཅིག་སྐྱེས། །སྣང་བ་མཆེད་པས་རྣམ་པ་ཉིད། །རྟོག་པ་ཤར་བས་དགའ་བ་བྲལ། །དེ་ལྟར་བདེ་བ་སྐྱེས་ནས་ཀྱང༌། །མི་ཉམས་བཟུང་བར་བྱ་བ་ནི། །མ་བཅོས་རྟོག་པ་བྲལ་བས་བཟུང༌། །བཟློག་པའི་འཕྲུལ་འཁོར་གསུམ་ཡིན་ཏེ། །ལུས་ཀྱི་ཁ་སྦྱོར་གྱེན་དུ་དྲངས། །ངག་གི་རླུང་བཟུང་ཧིཀ་གིས་འཕུལ། །སེམས་ཀྱི་རི་བོང་ཧཾ་ལ་བསྐྱལ། །དེས་ནི་ཟློག་པར་འགྱུར་བ་ཡིན། །སྲིན་ལག་སར་བཙུག་ལུས་ལྗིད་བསྐྱུར། །རླུང་ནི་ཐུབ་ཐང་བཟུང་གྱུར་བས། །དེས་ནི་རྩ་མིག་ཐེབ་པར་གྱུར། །བུམ་པ་ཅན་གྱི་རླུང་དང་བསྲེ། །དེ་ཡི་འཕེལ་ཐབས་བསྟན་པ་ནི། །འཕེལ་བའི་དོན་ནི་གང་ཡིན་པ། །རྩ་གནས་འཁོར་ལོ་ཐམས་ཅད་དུ། །དོན་དམ་ཀུན་རྫོབ་བྱང་སེམས་ཀྱིས། །ཁེངས་པར་གྱུར་ན་འཕེལ་བ་ཡིན། །ཕྱི་རྟགས་སྒྲིབ་པ་བྲལ་བའོ། །ནང་རྟགས་ཡེ་ཤེས་སྐྱེ་བ་ཡིན། །རླུང་འབྱུང་འཇུག་གནས་པའི་ཚིག་དོན་ནི། །རླུང་སེམས་གཉིས་ལ་དབང་ཐོབ་དང༌། །སྒྱུ་མར་སྣང་བ་རྟོགས་པ་དང༌། །རླུང་ནི་གར་འདོད་དྲོངས་པ་ཡིན། །གྲོང་དུ་འཇུག་པའི་གདམས་ངག་ནི། །སྤྱི་དོན་གསུམ་དུ་ཤེས་བྱ་སྟེ། །སྦྱང་སད་ལས་ལ་སྦྱར་བའོ། །དེ་ལ་དང་པོ་སྦྱང་བ་ནི། །སྦྱོར་བ་དབེན་པའི་གནས་སུ་ནི། །མཐུན་པའི་བཙས་རྣམས་ཚགས་བྱས་ལ། །དངོས་གཞི་རང་ཉིད་ལྷར་བསྒོམ་པའི། །མདུན་དུ་སྟེགས་བུ་ཁྲུ་ཡི་ཚད། །དེ་སྟེང་མཚན་ལྡན་ཐོད་པ་ལ། །ནང་དུ་རྩི་ནག་ལེགས་བྱུགས་ཏེ། །རྡོ་རྒྱུས་ཀྱིས་ནི་ཧཱུྃ་བྲིས་ལ། །སྙིང་གར་གནས་པའི་ཧཱུྃ་ཡིག་དང༌། །རང་གི་སེམས་ཉིད་འགྲོགས་ནས་ནི། །སྣ་བུག་ནས་ཐོན་ཧཱུྃ་ལ་ཐིམ། །རླུང་ཡང་ཕྱིར་ཐོན་ཧཱུྃ་ལ་བཟུང༌། །མི་ཐུབ་དུས་སུ་ནང་དུ་རྔུབ། །བསྐྱར་ཞིང་ཡང་ཡང་བསྒོམ་པར་བྱ། །དྲོད་དང་འགུལ་དང་འཚག་པ་འབྱུང༌། །དེས་ནི་དང་པོ་སྦྱར་བའོ། །གཉིས་པ་སད་པར་སྦྱང་བ་ནི། །རོ་ནི་གསར་པ་རྨ་མེད་ལ། །དམིགས་གཏད་སྔར་བཞིན་བསྒོམ་པ་ཡིས། །དྲོད་དང་རྒོད་པ་བྱུང་ན་ནི། །འཕོ་བ་ནུས་པ་སད་པའོ། །ལས་ལ་སྦྱར་བར་བྱ་བ་ནི། །རྒྱལ་རིགས་བྲམ་ཟེ་ལ་སོགས་ཀྱི། །རིམས་དང་མཚོན་གྱིས་མ་ཤི་བའི། །རོ་ནི་གསར་པ་མདུན་བཞག་ལ། །ཁྲུས་བྱས་རྒྱན་ནི་འདོགས་པར་བྱས། །སེམས་ཅན་དོན་དུ་སེམས་བསྐྱེད་ནས། །རང་ཉིད་ཡི་དམ་ལྷ་རུ་བསྒོམ། །རང་གི་ཐུགས་ཀར་གནས་པ་ཡི། །ཧཱུྃ་དང་རྣམ་ཤེས་རླུང་ལ་ཞོན། །སྣ་བུག་ནས་ཐོན་ཤངས་ལ་ཞུགས། །རོ་ཡི་ཐུགས་ཀའི་ཧཱུྃ་ལ་ཐིམ། །རླུང་སེམས་དེ་རུ་གཏད་ལ་བསྒོམ། །དེ་ལ་འཕོས་པར་གྱུར་པ་དང༌། །ཟས་དང་གོས་དང་སྤྱོད་ལམ་གྱིས། །ཞག་བདུན་བར་དུ་བཙའ་བར་བྱ། །བརྟན་པ་ཐོབ་པར་གྱུར་པ་དང༌། །ཕུང་པོ་རྙིང་པའི་དྲིན་ལེན་བསྟབ། །ལུས་དེ་བདག་གཞན་དོན་འགྲུབ་པས། །དེ་ཡི་འབྲས་བུ་ཡིན་པར་གསུངས། །

༈ རླུང་རྒྱུ་བ་ངོས་བཟུང་བ་ནི།

ཤིན་ཏུ་བསྡུས་ན་འབྱུང་བ་རྣམ་པ་ལྔའི་རླུང་ངོ༌། །གནས་སྙིང་ག་ཆོས་ཀྱི་འཁོར་ལོ་ནས། རྒྱུ་བ་ལྟེ་བ་སྤྲུལ་པའི་འཁོར་ལོ་ནས་རྒྱུའོ། །ལྟེ་བའི་ཤར་ཕྱོགས་ནས་འབྱུང་བ་ཆུའི་རླུང༌། ཁ་དོག་དཀར་པོ་སྙིང་གའི་གཡས་ཕྱོགས། མགྲིན་པའི་རྒྱབ། བདེ་ཆེན་གྱི་མདུན། སྣ་ནས་གྱེན་དུ་སོར་བཅུ་བཞི། ནང་དུ་སོར་བཅུ་དྲུག རླུང་དགུ་བརྒྱའི་བར་དུ་རྒྱུ་སྟེ། ལྟེ་བའི་བྱང་ཕྱོགས་དེ་འཕོས་པ་དང༌། རླུང་གི་རླུང་ལྗང་སེར་སྙིང་གི་ལྷོ་ཕྱོགས། མགྲིན་པའི་མདུན། སྤྱི་བོའི་རྒྱབ། སྣ་ཡི་བར། ཤ་ལ་འཁྲིས་ཏེ་རྒྱུའོ། །ལྟེ་བའི་ནུབ་ཕྱོགས་སུ་འཕོས་པ་དང༌། མེ་ཡི་རླུང་ཁ་དོག་དམར་པོ། སྙིང་གི་ཤར་ཕྱོགས། མགྲིན་པའི་གཡས། སྤྱི་བོའི་གཡོན། སྣ་ནས་མཁུར་ཚོས་ལ་འཁྲིས་ཏེ་རྒྱུའོ། །ལྟེ་བའི་ལྷོ་ཕྱོགས་སུ་འཕོས་པ་དང༌། སའི་རླུང་ཁ་དོག་སེར་པོ། སྙིང་ཁའི་བྱང་ཕྱོགས། མགྲིན་པའི་གཡོན། སྤྱི་བོའི་གཡས། སྣ་ནས་ཐུར་དུ་རྒྱུའོ། །དབུས་སུ་འཕོས་པ་དང༌། ནམ་མཁའི་རླུང་ཁ་དོག་སྔོན་པོ་འཁོར་ལོ་བཞིའི་གཞུང་ཤིང་ལ་འཁྲིས་ཏེ། སྣ་ནས་ཐད་སོར་རྒྱུའོ། །དེ་རྣམས་ཐམས་ཅད་ཕྱིར་སོར་བཅུ་བཞི། ནང་དུ་བཅུ་དྲུག་གོ །གྲངས་ནི་ཐམས་ཅད་ལ་རླུང་ནི་དགུ་བརྒྱ་ཕྲག་རེ་རེ་ལ་མཉམ་མོ། །དེ་ལྟར་ལྟེ་བ་སྤྲུལ་པའི་འཁོར་ལོར་རླུང་དགུ་བརྒྱ་ཕྲག་ལྔར་བརྒྱུས་ནས། སྙིང་ཁ་ཆོས་ཀྱི་འཁོར་ལོར་འཕོས་པའི་དུས་ཨ་ཝ་དྷཱུ་ཏིར་རྒྱུ་སྟེ། དེ་ལ་སྐྱོན་གྱི་དུས་ལྔ། ཡོན་ཏན་གྱི་དུས་གཅིག དེར་རྒྱུ་བའི་རྟགས་སུ་ཤེས་པ་ཟིང་ཐོ་འམ། རྣ་བ་ནས་ངུར་སྒྲ་འབྱུང་བའམ། ཐ་མལ་སྙོམས་འཇུག་བྱེད་པའི་དུས། རླུང་ཨ་ཝ་དྷཱུ་ཏིར་རྒྱུ་བ་དང༌། འཆི་ཁར་རྒྱུ་བ་དང༌། བརྒྱལ་བའི་དུས་སུ་རྒྱུ་བ་དང༌། མའི་མངལ་ནས་འདུག་པའི་དུས་སུ་རྒྱུ་བ་དང༌། འཆི་ཁར་རྒྱུ་བ་དང་ལྔ་སྟེ། དེས་ནི་ཚེ་ཐུང་བ་དང༌། ནད་མང་བ་དང༌། རྒས་པ་རྒུད་པ་སྟེ། སྐྱོན་གྱི་དུས་སོ། །བསྒོམ་པའི་དུས་དྷཱུ་ཏིར་བསྡུ་བ་ནི། ཡོན་ཏན་གྱི་དུས་ཏེ་ཏིང་ངེ་འཛིན་འཕེལ་བར་བྱེད། གཞོན་པ་དང་སྐྲ་དཀར་བ་དང་གཉེར་མ་ཉུང་བ་དང་ཡེ་ཤེས་སྐྱེ་བར་བྱེད། སྙིང་ཁར་གོང་བཞིན་རླུང་དགུ་བརྒྱ་ཕྲག་ལྔ། མགྲིན་པར་འཕོས་ཏེ་རླུང་དགུ་བརྒྱ་ཕྲག་ལྔ། སྤྱི་བོར་འཕོས་ཏེ་རླུང་དགུ་བརྒྱ་ཕྲག་ལྔ། དེ་རྣམས་དགུ་བརྒྱ་ཕྲག་ཉི་ཤུ་ཐམ་པ། དེ་ལྟར་ལྟེ་བར་འཕོས་པས་ཕྱོགས་བཞིར་འཕྲོས་པས་རླུང་དགུ་བརྒྱ་ཕྲག་བཞི། ཉིན་ཞག་ཕྲུག་གཅིག་ལ་དགུ་བརྒྱ་ཕྲག་ཉི་ཤུ་རྩ་བཞི། དེ་ལ་ཉིན་ཞག་ཕྲུག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད། དེ་ནི་འབྱུང་བ་ལྔའི་རླུང་བརྩིས་བསྟན་པའོ། །འཁོར་བ་བསྐྱེད་པར་བྱེད་པའི་ཡི་གེ་ནི་ལུས་དང་པོ་ཆགས་པའི་གནས་དེ་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་འཁོར་བའི་རྒྱུ་རིགས་དྲུག་གི་ས་བོན་ཨ་ནྲི་སུ་ཏྲི་པྲེ་དུའི་རྣམ་པར་གནས་པའོ། །དེ་ལྟར་གནས་པ་ལ་འདུན་པ་དང་ཞེན་པས་བསྐུལ་ནས་ལས་སོགས་པ་ནི། ལྷ་ཡི་ས་བོན་ཨ་ལ་ང་རྒྱལ་གྱི་བག་ཆགས་དང༌། མི་ཡི་ས་བོན་ནྲི་ལ་འདོད་ཆགས་ཀྱི་བག་ཆགས་དང༌། ལྷ་མ་ཡིན་གྱི་ས་བོན་སུ་ལ་ཕྲག་དོག་གི་བག་ཆགས་དང༌། ཡི་དྭགས་ཀྱི་ས་བོན་པྲེ་ལ་སེར་སྣའི་བག་ཆགས་དང༌། དུད་འགྲོའི་ས་བོན་ཏྲི་ལ་གཏི་མུག་གི་བག་ཆགས་དང༌། དམྱལ་བའི་ས་བོན་དུཿལ་ཞེ་སྡང་གི་བག་ཆགས་སོ། །དེ་དག་ལས་བག་ཆགས་གསོག་ཅིང་འཁོར་བའི་རྒྱུ་འབྲེལ་བར་བྱེད་དོ། ༈ །མྱ་ངན་ལས་འདས་པ་ནི། ཡི་གེ་སྦྱང་གཞི་རིགས་དྲུག་གི་ས་བོན་དེ་དག་གི་རྩ་ན་གདོད་མ་ནས་འཁོར་འདས་གཉིས་མེད་དུ་གནས་པས། སྦྱོང་བྱེད་མྱ་ངན་འདས་པའི་རང་བཞིན་རིགས་ལྔའི་ས་བོན་གནས་པ་ནི། འདོད་ཆགས་ཀྱི་ནི་རང་བཞིན་ཨའི་རྩ་ན་འདོད་ཆགས་རྣམ་པར་དག་པའི་རང་བཞིན་སྣང་བ་མཐའ་ཡས་ཀྱི་ས་བོན་ཧྲཱིཿདང༌། ཕྲག་དོག་གི་རང་བཞིན་ཎའི་རྩ་ན་ཕྲག་དོག་རྣམ་པར་དག་པའི་རང་བཞིན་དོན་ཡོད་གྲུབ་པའི་ས་བོན་ཨཱ་དང༌། ང་རྒྱལ་གྱི་རང་བཞིན་སུ་དང༌། སེར་སྣའི་རང་བཞིན་པྲེ་དང་གཉིས་ཀྱི་བར་ན་ང་རྒྱལ་དང་སེར་སྣ་རྣམ་པར་དག་པའི་རང་བཞིན་རིན་འབྱུང་གི་ས་བོན་ཏྲྃཿདང༌། གཏི་མུག་རང་བཞིན་ཏྲི་ཡི་རྩ་ན་གཏི་མུག་རྣམ་པར་དག་པའི་རང་བཞིན་རྣམ་པར་སྣང་མཛད་ཀྱི་རང་བཞིན་ས་བོན་ཨོཾ་དང༌། ཞེ་སྡང་གི་རང་བཞིན་དུཿཡི་རྩ་ན་ཞེ་སྡང་རྣམ་པར་དག་པའི་རང་བཞིན་མི་བསྐྱོད་པའི་ས་བོན་ཧཱུྃ་དང༌། ལྔ་ནི་མྱ་ངན་འདས་པའི་ཡི་གེ་སྟེ། རང་བཞིན་ཤེས་ན་ཡེ་ཤེས་ལྔ་ཡི་རང་བཞིན་དང་རིགས་ལྔ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །

སྣང་བ་སྟེ་ཞེ་སྡང་ལས་གྱུར་པ་སུམ་ཅུ་རྩ་གསུམ།

༈ དད་པ་ངོ་ཚ་ཤེས་ཁྲེལ་ཡོད། །མ་ཆགས་ཞེ་སྡང་གཏི་མུག་མེད། །བརྩོན་འགྲུས་ཤིན་ཏུ་སྦྱང་བ་བག་ཡོད་པ། །བཏང་སྙོམས་རྣམ་མི་འཚེ་སྟེ་བཅུ་གཅིག་དགེ །འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ། །ལྟ་ངན་ཐེ་ཚོམ་རྩ་བའི་ཉོན་མོངས་དྲུག །ཁྲོ་བ་འཁོན་དུ་འཛིན་ན་འཆབ་པའི་ཚིག །ཕྲག་དོག་སེར་སྣ་གཡོ་སྒྱུ་རྒྱག་པ་དང༌། །རྣམ་པར་འཚེ་བ་ངོ་ཚ་ཁྲེལ་མེད་པ། །རྨུག་པ་རྒོད་པ་མ་དད་ལེ་ལོ་དང༌། །བག་མེད་བརྗེད་ངས་ཤེས་བཞིན་མ་ཡིན་པ། །རྣམ་གཡེང་ཉེ་བའི་ཉོན་མོངས་ཉི་ཤུའོ། །གཉིད་འགྱོད་རྟོག་པ་དང་ནི་དཔྱོད་པ་སྟེ། །དེ་དག་བཞི་ནི་གཞན་དུ་འགྱུར་བའོ། །རེག་པ་ཡིད་ལ་བྱེད་པ་ཚོར་བ་དང༌། །འདུ་ཤེས་སེམས་པ་ལྔ་ནི་ཀུན་ཏུ་འགྲོ། །འདུན་མོས་དྲན་པ་ཏིང་འཛིན་ཤེས་རབ་སྟེ། །ལྔ་པོ་འདི་དག་ཡུལ་ནི་སོ་སོར་ངེས། །འདི་དག་འདུ་བྱེད་ལྔ་བཅུ་རྩ་གཅིག་གོ །འདུ་བྱེད་ལྔ་བཅུ་རྩ་གཅིག་སྟེ་ཚན་དྲུག་རྣམ་དབྱེ་དང་བཅས་པའོ། །སེམས་སྣང་བ་གསུམ་གྱི་རང་བཞིན་ནི། །གདམས་ངག་རང་བཞིན་བརྒྱད་ཅུ་ནི། །དགེ་བཅུའི་ལས་ཀྱི་ལམ་མ་ཐོབ་པའི་ཡུལ་ལ་ཞེན་པ་དང་བཅས་པའི། ཞེ་སྡང་ལས་གྱུར་སུམ་ཅུ་རྩ་གསུམ་སྟེ། འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་དང་བྲལ་བ་བར་མ་དང༌། ཤིན་ཏུ་འདོད་ཆགས་དང་བྲལ་བ་གང་ཡིན་གྱི་འགྲོ་བ་དང༌། འོང་བ་དག་དང༌། བར་མ་ནས་ཆགས་བྲལ་དུ།་་་་་མྱ་ངན་དང༌། མྱ་ངན་བར་མ་དང༌། ཤིན་ཏུ་མྱ་ངན་དུ་གྱུར་པ་དང༌། ཞི་བ་དང་་་་་་སེམས། རྣམ་པར་རྟོག་པ་དང་་་་་་་རྩ་བ། འཇིགས་པ་དང་་་་་་ཡིད། འཇིགས་པ་བར་མ་དང༌། ཤིན་ཏུ་འཇིགས་པ་དང༌། སྲེད་པ་དང༌། སྲེད་པ་བར་མ་དང༌། ཤིན་ཏུ་སྲེད་པ་དང༌། ཉེ་བར་ལེན་པ་དང་་་་་་་ཉེ་བར་སྤྱོད་པ། མི་དགེ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། ཚོར་བ་པོ་དང༌། ཚོར་བ་བར་་་་་་ཤིན་ཏུ་ཚོར་བ་དང༌། མ་དང༌། རིག་པ་པོ་དང་་་་་་ལྷ་སྦྱིན། རིག་པ་དང༌། འཛིན་པ་གཞི་དང་་་་་་མིག་གི་དབང་པོ། སོ་སོར་རྟོག་པ་དང༌། ངོ་ཚ་ཤེས་པ་དང༌། སྙིང་རྗེ་དང༌། བརྩེ་བ་དང༌། བརྩེ་བ་བར་མ་དང༌། ཤིན་ཏུ་བརྩེ་བ་དང༌། དགོས་པ་དང་བཅས་པ་དང༌། བསྡུས་པ་དང་ཕྲག་དོག་སྟེ། མཚན་ཉིད་སུམ་ཅུ་རྩ་གསུམ་པོ་འདི་དག་ནི་དང་པོ་སྣང་བ་སྟེ་ཞེ་སྡང་ལས་གྱུར་པའོ། །

མཆེད་པ་སྟེ་འདོད་ཆགས་ལས་གྱུར་པ་བཞི་བཅུ།

༈ གཉིས་པ་མཆེད་པ་ལ་ནི་ཆགས་་་་་་པ་དང༌། ཀུན་ཏུ་ཆགས་པ་དང༌། དགའ་བ་དང༌། དགའ་བ་བར་མ་དང༌། ཤིན་ཏུ་དགའ་བ་དང༌། རགས་པ་དང༌། རབ་ཏུ་མགུ་བ་དང༌། ངོ་མཚར་བ་དང༌། རྒོད་པ་དང༌། ཚིམ་པ་དང༌། འཁྱུད་པ་དང༌།་་་་་གཅིག་ལ་གཅིག འོ་བྱེད་པ་དང༌།་་་་་ཕན་ཚུན། འཇིབ་པ་དང༌།་་་་་མཆུ་དང་ལྕེ། བརྟན་པ་དང༌།་་་་་ལུས་སེམས། བརྩོན་པ་དང༌།་་་་་་ལེ་ལོ་མ་ཡིན་པ། ཁེངས་པ་དང༌།་་་་་་ང་རྒྱལ་བྱ་བ་དང༌། འཕྲོག་པ་དང༌།་་་་་་ནོར། སློབ་དང༌། སྤྲོ་བ་དང༌། དགའ་བ་སྦྱོར་བ་དང༌། དགའ་བ་སྦྱོར་བར་མ་དང༌། ཤིན་ཏུ་དགའ་བ་སྦྱོར་བ་དང༌། དྲག་པ་དང༌། རྣམ་པར་སྒེགས་པ་དང༌།་་་་་རྒྱན་འདོགས་པ། འགྲས་པ་དང༌།་་་་་ཞེ་ལ་འཇོག་པ། དགེ་བ་དང༌། ཚིག་གསལ་བ་དང༌། བདེན་པ་དང་མི་བདེན་པ་དང༌། ངེས་པ་དང༌། ཉེ་བར་མི་ལེན་པ་དང༌། སྦྱིན་པ་པོ་དང༌། བསྐུལ་བ་དང༌། དཔའ་བ་དང༌། ངོ་ཚ་མེད་པ་དང༌། བསྒྲིམ་པ་དང༌། འདུག་པ་དང༌། མི་བསྲུན་པ་དང༌། གྱ་གྱུ་ཆེ་བ་དང༌། འདོད་ཆགས་ལས་གྱུར་པ་བཞི་བཅུའོ། །

ཐོབ་པ་སྟེ་གཏི་མུག་ལས་གྱུར་པ་བདུན།

གསུམ་པ་ཐོབ་པ་ལ་ནི། ཆགས་པ་བར་མ་དང༌།་་་་་གཏི་མུག་ལས་གྱུར་པ་བདུན། བརྗེད་ངས་པ་དང༌། འཁྲུལ་བ་དང༌། མི་སྨྲ་བ་དང༌། སྐྱོ་བ་དང༌། ལེ་ལོ་དང༌། ཐེ་ཚོམ་དང་བཅས་པ་སྟེ། འདི་དག་ནི་གཏི་མུག་ལས་གྱུར་པ་བདུན་ནོ། །འདི་དག་ནི་རང་བཞིན་བརྒྱད་ཅུའོ། །སེམས་ཉིད་་་་་་སེམས་དང་སེམས་ལས་བྱུང་བ་གཉིས་སུ་དགེ་མི་དགེ་སྣང་བ་སྟེ། འདོད་ཆགས་ལ་སོགས་སྣང་བ་དང༌། དེ་བཞིན་བར་སྣང་ཡང་ངོ་ཡི་རང་བཞིན་གྲུབ་པ་མེད་ཅིང༌། ཆོས་སུ་དང་ཡང་དེ་ཡི་གཞིར། དད་པས་སྣང་བ་ཡང༌། ཉོན་མོངས་དེ་ཡི་རྒྱུ་མཚན་ཅི་ཕྱིར་སྙམ་ན་དགེ་ཆོས་ཡོད་མ་ཡིན། སེམས་ཉིད་གདོད་མ་ནས་རྣམ་པར་དག་པ་འདི་རྒྱུ་གང་གིས་ཀྱང་རྟེན་བྱས་པའམ། བསྐྱེད་པ་མེད་ཅིང༌། འདིས་ཀྱང་གང་གིས་ཀྱང་རྟེན་བྱ་བའམ། བསྐྱེད་པ་ཡོད་པ་མ་ཡིན་ནོ། །མགོན་པོ་བྱམས་པའི་ཞལ་ནས་ཀྱང༌། རང་བཞིན་མ་མཆིས་གནས་མ་མཆིས། །ཞེས་པ་དང༌། ཡང་ཡུམ་ཆེན་མོ་ལས་ཀྱང༌། གཟུགས་ལ་རང་བཞིན་མེད་དེ་གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་པའོ། །ཞེས་རྣམ་མཁྱེན་བར་དུའོ། །དེས་ན་དོན་དམ་དུ་བརྗོད་དུ་མེད་ལ། ཀུན་རྫོབ་རྨི་ལམ་ལས་ཀྱང་གྲངས་སུ་མི་འདོད། །ན་མོ་གུ་རུ་དང་དང་དུང་དུང་བདེ་བར་དེ། འབུལ་ཐུག་བསྐུལ། མཐོ་སར་སྡོད། ས་ཡན་གནམ་ཡན་གྱིས། ཐད་པ་མ་བཅད། མ་བསྲེ། འུབ་དེར་བསྡུས། ལྗར་གྱིས་ཉོལ། ལོང་ལ་ལྟོས། སླས་སུ་ཆུག ལུག་རྫི་ལ་དཔེ་མཛད་དེ་གདམས་པ། ཏི་ཤྲི་རས་པས་མཛད་པ་རྫོགས་སོ། །

གདམས་པ་རིན་པོ་ཆེ་བརྒྱད་ཅུ།

༈ གདམས་པ་རིན་པོ་ཆེ་བརྒྱད་ཅུ་བཞུགས་སོ། །

༈ རབ་ཏུ་གནས་པའི་ཆོ་ག་ཉིན་ཞག་ཕྲུག་གསུམ་བཞུགས་སོ། །བདེ་གཤེགས་སྲས་བཅས་མཆོད་འོས་ཐམས་ཅད་དང༌། །བཀའ་དྲིན་ཅན་གྱི་བླ་མ་རྣམས་ལ་འདུད། །བདེ་གཤེགས་སྐུ་གཟུགས་རབ་གནས་ཆོ་ག་ནི། །གང་ཚེ་རྒྱལ་བ་ཤཱཀྱ་ཐུབ་པ་ལ། །དེ་ཚེ་དྲང་སྲོང་ཨེ་ཏ་ཡ་དང་ནི། །ཚངས་པ་དང་ནི་ཤཱ་རིའི་བུས་ཞུས་པ། །ཕྱི་མའི་དུས་སུ་སེམས་ཅན་ཚོགས་གསོག་རྟེན། །དོན་རྣམས་ཇི་ལྟར་བགྱི་ཞེས་གསོལ་པ་ལས། །དེ་ལ་སངས་རྒྱས་ཀྱིས་ནི་བཀའ་སྩལ་པ། །སྐུ་གཟུགས་བཞེངས་ནས་མཆོད་པ་ཕུལ་བྱས་ན། །ང་ལ་མཆོད་དང་ཁྱད་པར་མ་མཆིས་པས། །སྐུ་གཟུགས་ཚད་དང་རབ་གནས་ཆོ་ག་གསུངས། །ཞལ་གྱི་སློབ་མ་དགོངས་པ་འཛིན་བྱེད་པ། །ཉན་ཐོས་དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང༌། །རྣལ་འབྱོར་དབང་ཕྱུག་གྲུབ་ཐོབ་རྣམས་དང་ནི། །གནས་ལྔར་ལྡན་དང་མཁས་པ་ཆེན་པོ་དང༌། །ཞུ་བ་པོ་དང་ཐུགས་རྗེ་ལྡན་རྣམས་ཀྱིས། །རབ་ཏུ་གནས་པའི་ཆོ་ག་གསུངས་པ་རྣམས། །བཀའ་དང་བསྟན་བཅོས་མན་ངག་གསུམ་དུ་འདུས། །བཀའ་ནས་གསུངས་པའི་རབ་ཏུ་གནས་པ་ནི། །མདོ་ལུགས་གྷན་ཌཱིའི་མདོ་ལ་སོགས་པ་དང༌། །སྔགས་ལུགས་རྒྱུད་སྡེ་རྣམས་སུ་གསུངས་པ་ལ། །རིག་པའི་དབང་ཕྱུག་བསྟན་བཅོས་མཁན་པོ་ཡིས། །དཀྱིལ་འཁོར་ལ་བརྟེན་ཆོ་ག་རྒྱས་པར་གསུངས། །རྟེན་འབྲེལ་མངོན་གྱུར་གྲུབ་ཐོབ་ཀུ་སུ་ལུས། །མཎྜལ་ལ་བརྟེན་མན་ངག་བསྡུས་པ་གསུངས། །བརྒྱུད་པ་གཉིས་དང་ལྡན་པའི་མངའ་བདག་ནི། །རིག་པའི་གནས་ལྔ་དག་ལ་མཁས་པ་དང༌། །སུམ་ལྡན་བྱང་ཆུབ་སེམས་ནི་མངོན་གྱུར་ཅིང༌། །བསྐྱེད་རྫོགས་བརྟན་པས་བྱིན་རླབས་ཕྲིན་ལས་འགྲུབ། །ཨ་ཏི་ཤ་ཞེས་ཇོ་བོ་ཆེན་པོ་ནི། །མདོ་སྔགས་གཉིས་སོགས་ཆོ་ག་གསུངས་པ་རྣམས། །དགེ་བའི་བཤེས་གཉེན་གཅིག་ནས་གཅིག་ལ་བརྒྱུད། །བདག་གི་བླ་མས་གསན་ཅིང་མཁྱེན་པ་དེས། །ཆོ་ག་ཐོས་དང་ཕྱག་ལེན་མཐོང་བ་དང༌། བླ་མ་རྣམས་ལས་ཆོ་ག་མང་དུ་ཐོས། །འཁོར་འདས་གཉིས་ཀྱི་དཔལ་ལྡན་རིན་པོ་ཆེ། ཆོས་རྗེ་འབྲི་གུང་པ་ཡིས་གསུངས་པ་ནི། །དོན་འདི་མ་ཤེས་སྐྱོན་འདི་འབྱུང་བ་ཡིན། །ཟབ་པའི་དོན་འདི་ཤིན་ཏུ་གལ་ཆེ་བས། །བདག་གིས་དེ་ཡི་དོན་འདི་ཚིགས་སུ་བྱས། །བླ་མ་རྣམས་ཀྱིས་གསུངས་པའི་རབ་གནས་དང༌། །སངས་རྒྱས་སྒོམ་པས་མཁྱེན་པའི་ལག་ལེན་རྣམས། །སྐྱོན་མེད་ཚིག་དོན་ལྡན་པའི་ཆོ་ག་འདི། །བདེ་གཤེགས་མཆོད་ཅིང་བསྟན་པ་དར་རྒྱས་ཤིང༌། །སེམས་ཅན་ཚོགས་རྫོགས་སངས་རྒྱས་འཐོབ་བྱའི་ཕྱིར། །དོན་རྣམས་གསལ་བར་རས་པས་བཤད་པར་བྱ། །སྐུ་གསུང་ཐུགས་ཀྱི་རབ་གནས་བྱེད་པ་འདི། །ཐེག་ཆེན་གསང་སྔགས་རྒྱུད་སྡེའི་ནང་ནས་ཀྱང༌། །ཕྲིན་ལས་རྣམས་ལས་དཀའ་ཤོས་ཡིན་ཞེས་གསུངས། །བྱུར་རྣམས་སེལ་ཞིང་བགེགས་བསྐྲད་ནུས་པ་དང༌། །རྟེན་བསྐྱེད་ཡེ་ཤེས་སེམས་དཔའ་འཇུག་ནུས་པའི། །དེ་ཕྱིར་རབ་ཏུ་གནས་པ་དཀའ་བ་ཡིན། །རབ་ཏུ་གནས་པ་མ་བྱས་ཉེས་དམིགས་དང༌། །རབ་ཏུ་གནས་པ་བྱས་པའི་ཕན་ཡོན་ནི། །རིགས་དང་མི་ལྡན་དམངས་རིགས་མི་རྣམས་ལ། །འཇིག་རྟེན་ཀུན་གྱིས་བཀུར་བར་མི་བྱེད་ལྟར། །དེ་བཞིན་སྐུ་གསུང་ཐུགས་ཀྱི་རྟེན་དག་ལ། །རབ་ཏུ་གནས་པ་མ་བྱས་ཉེས་སྐྱོན་ནི། །ཕྱག་འཚལ་མཆོད་པ་བྱས་པའི་འབྲས་བུ་མེད། །སྔགས་དང་ཏིང་འཛིན་བྲལ་བའི་རྫས་དག་ལ། །སྦྱིན་བསྲེགས་བྱས་པའི་ཐལ་བ་ཇི་བཞིན་ནོ། །རིགས་དང་ལྡན་པའི་མི་རྣམས་ལ། །འཇིག་རྟེན་ཀུན་གྱིས་མཆོད་དང་བཀུར་བར་བྱེད། །དེ་བཞིན་སྐུ་གསུང་ཐུགས་ཀྱི་རྟེན་དག་ལ། །རབ་ཏུ་གནས་པ་བྱས་པའི་དགོས་པ་ནི། །ཕྱག་འཚལ་མཆོད་པ་བྱས་པས་འབྲས་བུ་ཡོད། །མཐོང་དང་མ་མཐོང་རྣམས་སུ་བསོད་ནམས་སྐྱེ། །ཆོ་ག་རྒྱས་པར་བྱ་བ་རབ་གནས་འདི། །རྒྱུ་རྐྱེན་ཚོགས་དང་དོན་ལས་ཕན་ཡོན་འབྱུང༌། །སོ་སོའི་སྐྱེ་བོ་སྐྱབས་འགྲོ་ཐོབ་པ་ནས། །ཚོགས་གཉིས་བསགས་ནས་མངོན་པར་སངས་རྒྱས་པ། །ཕ་རོལ་ཕྱིན་པ་དྲུག་དང་བདེན་པ་བཞི། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་དང༌། །ས་ལམ་མཐར་ཕྱིན་དབང་བསྐུར་མཆོག་ཐོབ་ནས། །མངོན་པར་སངས་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར། །རྒྱུ་རྐྱེན་འཚོགས་ནས་འབྲས་བུ་འབྱུང་བ་ཡིན། །དེ་བཞིན་འདིར་ཡང་རྟེན་འབྲེལ་ཚོགས་དགོས་པས། །རྒྱུ་རྣམས་བྱིན་རླབས་ནས་རས་མཆོག་ནས། །རྟེན་མཆོག་ཚད་ལྡན་སྐུ་ནི་བཞེངས་པ་ལ། །རང་རང་སོ་སོའི་རིགས་རྣམས་བསྐྱེད་བྱས་ལ། །ཕ་རོལ་ཕྱིན་སོགས་རྫས་ཀྱིས་སྐུ་ཁྲུས་གསོལ། །རབ་གནས་ཆོ་ག་ལེགས་པར་ཚར་བ་དང༌། །སངས་རྒྱས་རྣམས་ཀྱིས་འཁོར་ལོ་བསྐོར་བ་ལྟར། །འདིར་ཡང་དེ་དག་ཐམས་ཅད་ཚང་དགོས་པས། །ཆོ་གའི་རིམ་པ་ཇི་ལྟར་མ་ཚང་བས། །དེ་དག་ཐད་སོའི་ཡོན་ཏན་དེ་དང་མཚུངས། །མཚན་དང་དཔེ་བྱད་ལ་སོགས་འབྱུང་བའི་རྒྱུ། །རྫས་དང་ཆོ་ག་དག་ལས་འབྱུང་བ་ཡིན། །རབ་གནས་ལ་ཡང་དངོས་དང་ཆོ་ག་གཉིས། །རབ་གནས་མཁན་པོ་ཚད་དང་ལྡན་པ་ཡི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །སོ་སོར་སྐྱེད་དང་ཡེ་ཤེས་དགུག་གཞུག་བྱ། །རང་རང་གནས་སུ་ཡི་གེ་འགོད་པར་བྱ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་བྱས་ནས། །དོན་དམ་རབ་གནས་སྐབས་འདིར་གལ་ཆེ་བས། །བླ་མའི་ཞལ་དང་རབ་གནས་གཞུང་ལ་ཡོད། །དོན་འདི་ཤེས་ན་རབ་གནས་དངོས་ཡིན་པས། །དོན་ལ་བཀྲ་ཤིས་ཡོན་ཏན་ཕུན་ཚོགས་འབྱུང༌། །སྐབས་འདིར་བསྟོད་དང་མཆོད་པ་རྒྱས་པར་བྱེད། །སྟ་གོན་དུས་སུ་གཙོ་བོ་སྦྱང་བ་དང༌། །དངོས་གཞིའི་དུས་སུ་རྟེན་རྣམས་ཐམས་ཅད་སྦྱང༌། །དོན་དང་ཆོ་ག་གཉིས་སུ་མ་ཡིན་པས། །ཆོ་གའི་དོན་དང་དབྱེར་མེད་ཤེས་པར་བྱ། །དེ་ལྟར་མཛད་ན་རབ་གནས་ཤིས་པ་ཡིན། །གཉིས་པ་ཆོ་གའི་རིམ་པ་བྱ་བ་ནི། །སྟ་གོན་དངོས་གཞི་གཏང་རག་ཆོ་ག་ལས། །དང་པོ་སྟ་གོན་ཆོ་ག་འདི་ལྟར་བགྱི། །ལྷ་ཁང་མཆོད་རྟེན་སྔར་བཞིན་རྟེན་རྣམས་ལ། །ལྷ་རྣམས་བཀོད་པ་དམིགས་རིམ་ཚང་ནས་ཡོད། །ཁྲུས་བྱ་རྒྱན་བཏགས་ན་བཟའ་གསོལ་བྱས་ལ། །དཀྱིལ་འཁོར་བཞེངས་དང་མཆོད་སོགས་རབ་བཤམས་པས། །རྟེན་གྱི་འགྲིག་རིམ་དགོས་པ་རྣམས་ལ་ནི། །དགེ་སློང་མཛེས་པ་ལ་སོགས་མཆོད་གཡོག་གིས། །གཙུག་ལག་ཁང་གི་བྱ་བ་ལེགས་བྱས་ལ། །རྟེན་གྱི་བཀོད་པ་མ་ནོར་ལེགས་པར་བཀྲམ། །ཆོ་ག་རྒྱས་ལ་དཀྱིལ་འཁོར་བཞེངས་པར་བྱ། །བསྡུས་པ་མཎྜལ་རེ་ཁ་ཚོམ་བུ་བཀོད། །མཆོད་བཤམས་རབ་གནས་རྫས་རྣམས་ཚོགས་པར་བྱ། །རབ་གནས་མཁན་པོ་དགེ་བའི་བཤེས་གཉེན་གྱིས། །བྱང་ཆུབ་སེམས་བསྐྱེད་བསྐྱེད་རྫོགས་བརྟན་བྱས་ནས། །དང་པོ་བུམ་པ་བྱིན་གྱིས་བརླབ་པར་བྱ། །དཀྱིལ་འཁོར་ནང་ངམ་རྟེན་གྱི་གཡས་གཡོན་འགྲམ། །སྐབས་སུ་རྒྱུད་སོགས་པོ་ཏི་ཅི་འདོད་བཀྲམ། །དེ་ནས་ཕྱོགས་འདིར་གནས་པའི་བགེགས་རྣམས་དང༌། །རྟེན་ལ་ཆགས་པའི་འབྱུང་པོ་ལ་སོགས་ལ། །གཏོར་མ་བཏང་ཞིང་བདེན་བརྡར་བཀའ་བསྒོ་བྱ། །དེ་ནས་རྡོ་རྗེ་དྲིལ་བུ་བྱིན་བརླབས་ལ། །བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ་པ་རྣམས། །འོག་ནས་རྒྱས་པར་གསུངས་པ་བཞིན་དུ་བྱ། །ཁྱད་པར་གཙོ་བོའི་ར་བ་རིམ་གསུམ་བསྒོམ། །ཁྲོ་བཅུ་བསྒོམ་ཞིང་སྔགས་བཟླས་མཚམས་བཅད་བགེགས་རྣམས་བསྐྲད། །སྒྲུབ་པ་པོ་ཡིས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། །བསང་ཆུ་གཏོར་ཞིང་ཡུངས་ཀར་གྱིས་བྲབ་པའོ། །དེའི་དུས་སུ་བསྲེགས་རྫས་རྣམས་བསྲེགས་པར་བྱ་བ་ནི། མེའི་ནང་དུ་གུ་གུལ་ནག་པོ་དང༌། ཡུངས་ཀར་བསྲེགས་ལ་རབ་ཏུ་གནས་པའི་བརྟེན་རྣམས་ལ་བསྐོར་ཞིང་བགེགས་རྣམས་བསྐྲད་པའི་ཚེ། སློབ་མ་རྣམས་ཀྱིས་ཤར་ཕྱོགས་སུ་བགེགས་བསྐྲད་པ་དང་མཚམས་བསྐོར་ཞིང་བགེགས་རྣམས་བསྐྲད་པའི་མཚམས་གཅོད་པའི་ཚིགས་བཅད་དང་སྔགས་བརྗོད་པར་བྱ་སྟེ། །དང་པོ་སྔོན་འགྲོའི་གཏོར་མ་ནས། ཡི་དམ་བསྒོམ་པ་བདག་བསྐྱེད་མདུན་བསྐྱེད་བྱས་ལ། པདྨ་འདབ་བརྒྱད་གསུམ་གྱི་སྟེང་དུ་བུམ་པ་གསུམ་བཤམས། དབུས་སུ་བདེ་མཆོག་ལྷ་ལྔ་སྒྲུབ་ཐབས་ལྟར་བསྐྱེད། གཡས་སུ་ཡེ་དྷརྨཱ་ལས། ཤཱཀྱ་ཐུབ་པ། གཡོན་དུ་ཧཱུྃ་ལས་བདུད་རྩི་འཁྱིལ་པ་བསྐྱེད། སྤྱན་དྲངས་བསྟིམ། དབང་བསྐུར་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། གཟུངས་ཐག་ལ་འཁྲིལ་ནས་ལྷ་སོ་སོའི་ཐུགས་ཀར་ཕོག བདུད་རྩི་དང་འོད་ཟེར་ལྔ་འཕྲོས་ནས་བུམ་པ་གང་ཞིང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་བསམ་ཞིང༌། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ྄། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱཿཧེ་ཏུནྟེཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ྄། ཏིཥཱནྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྡྷ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། སོགས་བརྒྱ་རྩ་བརྒྱད་བཟླས་ལ། མཆོད་བསྟོད་བཟོད་གསོལ་བྱའོ། །བགེགས་བསྐྲད་ཀྱི་ནས་བསྐྱེད་ཆོག་བྱས་ལ་སྔགས། དེ་ནས་རབ་གནས་ཀྱི་ནས་དྲིས་སྦྲུས་ལ་བསྐྱེད་ཆོག་བྱས་ལ་གདབ་བོ། །དེ་ནས་ལྷག་མ་ཡན་བྱའོ། །ཕྱི་ནང་གཏོར་བསྔོས་བྱས་ལ་བགེགས་གཏོར་གསུམ་གྱིས་གཟུངས་ཀྱི་བགེགས་བསྐྲད་ལ། གཟུངས་སྔགས་ཀྱི་བསྐྱེད་ཆོག་རྣམས་དང་རབ་གནས་བྱས་ལ་རྟེན་གྱི་ནང་དྲི་བཟང་གིས་བྱུག་ལ་ནང་རྫོངས་བཅུག་གོ །དེ་ནས་བརྟེན་ཁྲི་ཁར་བཏོན་ལ། བགེགས་བསྐྲད་ལ་གོང་གི་ནས་ཀྱིས་སློབ་དཔོན་གྱི་བར་རབ་གནས་གཏོར། ༈ རྣམ་རྟོག་ལ་སོགས་ཉེས་པའི་དགྲ་ལས་རྒྱལ། །ཚོགས་གཉིས་མངའ་ཐང་གཟི་བརྗིད་བློ་དང་ལྡན། །བདུད་དཔུང་སྐྲག་མཛད་གཞན་གྱིས་མི་ཐུབ་པས། །ཕྲིན་ལས་གནས་འདིར་ཤར་ཕྱོགས་བསྲུང་བར་ཤོག །ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་པྲ་ཛྙཱ་ཏ་ཐཱ་ག་ཏ་ཧཱུྃ་ཕཊ྄་མཱ་ར་ཡ་ཨ་ཏྲ་ཡན་ཨུཏ་ཙ་ཏ་ཡ་ཧཱུྃ་ཕཊ྄། དེ་ནས་མེ་མཚམས་སུ་མཚམས་བཅད་ཅིང་བགེགས་བསྐྲད་པ་ནི། བསྐལ་པའི་མེ་དཔུང་བདུད་རིགས་བསྲེགས་པར་མཛད། །ཞབས་གཉིས་བགེགས་ཆེན་དུ་མར་རབ་ཏུ་གཟིར། །འགྲོ་དྲུག་སྒྲོལ་མཛད་ཁྲོ་བོ་འདོད་རྒྱལ་པོ། །ཕྲིན་ལས་གནས་འདིར་མེ་མཚམས་སྲུང་གྱུར་ཤོག །ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་ཏ་ཀི་ར་ཙ་མ་ར་ཨ་ཏྲ་ཡན་ཨུཏ་ཙ་ཏ་ཡ་ཧཱུྃ་ཕཊ྄། དེ་ནས་ལྷོ་ཕྱོགས་སུ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱི་སྐུར་སྟོན་འཇིགས་པའི་ཆ་ལུགས་ཅན། །ཕྲིན་ལས་དབང་ཕྱུག་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཕྲིན་ལས་གནས་འདིར་ལྷོ་ཕྱོགས་བསྲུང་བར་ཤོག །ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་ཡ་མནྟ་ཀ་མ་ར་ཨ་ཏྲ་ཡན་ཨུཏ་ཙ་ཏ་ཡ་ཧཱུྃ་ཕཊ྄། དེ་ནས་བདེན་བྲལ་དུ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །སྐུ་མདོག་སྔོ་ལ་འབར་བ་འཇིགས་པའི་གཟུགས། །སྡང་མིག་བགེགས་འཇོམས་ཁྲོ་རྒྱལ་དབྱུག་སྔོན་ཅན། །ཕྲིན་ལས་གནས་འདིར་བདེན་བྲལ་བསྲུང་བར་ཤོག །ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་ནཱི་ལ་དནྡྲ་མ་ར་ཨ་ཏྲ་ཡན་ཨུཏ་ཙ་ཏ་ཡ་ཧཱུྃ་ཕཊ྄། དེ་ནས་ནུབ་ཕྱོགས་སུ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི། ཆོས་དབྱིངས་རྣམ་དག་མཚན་མའི་ཡུལ་ལས་འདས། །ཐབས་ཀྱི་སྐུར་སྟོན་འཇིགས་པའི་ཆ་ལུགས་ལྡན། །གདུལ་བྱ་མངའ་བདག་ཁྲོ་རྒྱལ་རྟ་མགྲིན་ཅན། །ཕྲིན་ལས་གནས་འདིར་ནུབ་ཕྱོགས་བསྲུང་བར་ཤོག །ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་ཧ་ཡ་གྷྲི་ཝ་མ་ར་ཨ་ཏྲ་ཡན་ཨུཏ་ཙ་ཏ་ཡ་ཧཱུྃ་ཕཊ྄། དེ་ནས་རླུང་མཚམས་སུ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི། དྲག་པོ་སྟོབས་ལྡན་རྔམས་པའི་ཆ་ལུགས་ཅན། །སྙིང་རྗེའི་སྤྱན་ནི་ཕྱོགས་བཅུ་ཀུན་ལ་གཟིགས། །ལྷ་ཀླུ་དབང་སྡུད་ཁྲོ་རྒྱལ་སྟོབས་པོ་ཆེ། །ཕྲིན་ལས་གནས་འདིར་རླུང་མཚམས་བསྲུང་བར་ཤོག །ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་མ་ཧཱ་བྷ་ལ་མ་ར་ཨ་ཏྲ་ཡན་ཨུཏ་ཙ་ཏ་ཡ་ཧཱུྃ་ཕཊ྄། དེ་ནས་བྱང་ཕྱོགས་སུ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི། ཟག་མེད་བདེ་ཆེན་ཡེ་ཤེས་རོལ་པའི་སྐུ། །ཤེས་རབ་ཐབས་ལ་མངའ་མཛད་འགྲོ་བ་སྒྲོལ། །དགྲ་བགེགས་བརླག་མཛད་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ཕྲིན་ལས་གནས་འདིར་བྱང་ཕྱོགས་བསྲུང་བར་ཤོག །ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་ཨ་མྲྀ་ཏ་ཀུནྡྷ་ལི་མ་ར་ཨ་ཏྲ་ཡན་ཨུཏ་ཙ་ཏ་ཡ་ཧཱུྃ་ཕཊ྄། དེ་ནས་དབང་ལྡན་མཚམས་སུ་བགེགས་བསྐྲད་ཅིང༌། ཆོས་ཉིད་རང་ལས་ཐུགས་རྗེ་བཞེངས་པའི་སྐུ། །སྒྲིབ་དང་བར་གཅོད་བསྲེགས་མཛད་མེ་དཔུང་འབར། །འགྲོ་དོན་རྫོགས་བྱེད་ཁྲོ་རྒྱལ་མི་གཡོ་མགོན། །ཕྲིན་ལས་གནས་འདིར་དབང་ལྡན་བསྲུང་བར་ཤོག །ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་ཨ་ཙ་ལེ་མ་ར་ཨ་ཏྲ་ཡན་ཨུཏ་ཙ་ཏ་ཡ་ཧཱུྃ་ཕཊ྄། དེ་ནས་སྟེང་ཕྱོགས་སུབགེགས་བསྐྲད། སྟོང་གསུམ་གཡོ་མཛད་རྔམས་པའི་སྒྲ་སྒྲོགས་པ། །འབྱུང་པོ་སྐྲོད་བྱེད་མ་ལུས་དབང་དུ་བསྡུས། །ཡིད་བཞིན་མངའ་མཛད་གང་འདུལ་འཁོར་ལོས་བསྒྱུར། །ཕྲིན་ལས་གནས་འདིར་སྟེང་ཕྱོགས་བསྲུང་བར་ཤོག །ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་ཙཀྲ་ཝརྟི་མ་ར་ཨ་ཏྲ་ཡན་ཨུཏ་ཙ་ཏ་ཡ་ཧཱུྃ་ཕཊ྄། དེ་ནས་འོག་ཕྱོགས་སུ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི། སྒྲུབ་ལ་གྲོགས་མཛད་འགྲོ་བའི་མགོན་གྱུར་པ། །རྒྱལ་བའི་འཕྲིན་ལས་བདུད་རིགས་དབང་དུ་སྡུད། །ཐུགས་རྗེའི་ཐབས་མཁས་ཁྲོ་རྒྱལ་གནོད་མཛེས་ཅན། །ཕྲིན་ལས་གནས་འདིར་འོག་ཕྱོགས་བསྲུང་བར་ཤོག །ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱ་ཨག་ན་ཡ་ཧོ་བྷ་ག་ཝན་བིདྱ་རཱ་ཛ་མ་ར་ཨ་ཏྲ་ཡན་ཨུཏ་ཙ་ཏ་ཡ་ཧཱུྃ་ཕཊ྄། དེ་ནས་བགེགས་བསྐྲད་ཅིང་མཚམས་བཅད་ཟིན་པའི་རྗེས་སུ། དེ་ནས་དཀོན་མཆོག་གི་རྟེན་ལ་ཁྲུས་གསོལ་བ་དང༌། མཎྜལ་བཀྲམས་པ་དང༌། མཆོད་པ་འགྲིམས་ལ་སློབ་མ་རྣམས་ཀྱིས་འཇིག་རྟེན་འདོན་པའི་རྗེས་སུ། བུམ་པ་དང་གསུང་རབ་ལ་མེ་ཏོག་གཏོར། བཟླས་པ་དང༌། གསུང་རབ་ལ་སོགས་བཀླག་པར་བྱའོ། །དེ་ནས་སྒྲུབ་པ་པོས་རྟེན་གྱི་སྤྱན་སྔར་སྐྱིལ་ཀྲུང་གིས་བཞུགས་ནས་སེམས་བསྐྱེད་པ་དང༌། མཆོད་རྫས་རྣམས་བསང་སྦྱངས་ཤིང་དག་པར་བྱས་ལ། དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་དྲན་པར་བྱ་ཞིང༌། རྗེས་དྲན་འདོན་ལ། སློབ་མ་རྣམས་ཀྱིས་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་ཚིགས་བཅད་བརྗོད་པར་བྱ། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །སྐུ་གསུམ་ཡེ་ཤེས་བཞི་ནི་ཡོངས་རྫོགས་ཤིང༌། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ་པ་ཡི། །སངས་རྒྱས་ཐམས་ཅད་ལ་ནི་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་དམ་པའི་ཆོས་ལ་སྐྱབས་སུ་མཆི། །ཐོག་མ་བར་དང་མཐར་དགེ་ཟབ་མོ་ཉིད། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ་པ་ཡི། །དམ་ཆོས་ཐམས་ཅད་ལ་ནི་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་དགེ་འདུན་ལ་ནི་སྐྱབས་སུ་མཆི། །རྒྱལ་བའི་གདུང་འཚོབ་འགྲོ་བའི་མགོན་གྱུར་པའི། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ་པ་ཡི། །དགེ་འདུན་ཐམས་ཅད་ལ་ནི་ཕྱག་འཚལ་བསྟོད། །བདག་ཅག་ལ་སོགས་འགྲོ་བ་མ་ལུས་ཚོགས། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་དང་རྟག་ཏུ་འཕྲད་གྱུར་ནས། །བྱིན་གྱིས་བརླབ་ཅིང་སངས་རྒྱས་འགྲུབ་པར་ཤོག །དེ་ནས་གནས་ཁང་བྱིན་གྱིས་བརླབ་པ་ནི། དེང་འདིར་ཆོ་ག་བྱེད་པའི་གནས་ཁང་འདིར། །སངས་རྒྱས་རྣམས་ཀྱི་བྱིན་རླབས་མཐུ་སྟོབས་ཀྱིས། །རིན་ཆེན་རབ་རྒྱས་ཡངས་ཤིང་རྒྱ་ཆེ་བ། །གཞལ་མེད་ཁང་འབྱེད་ཉིད་དུ་འགྲུབ་པར་ཤོག །དེ་ལྟར་ཕོ་བྲང་རྒྱ་ཆེན་དམ་པ་རུ། །རིན་ཆེན་པདྨ་སེང་གེ་མཛེས་པའི་གདན། །ཕན་ཚུན་ཐོགས་མེད་རྫུ་འཕྲུལ་འོད་བཞིན་དུ། །བར་མཚམས་མེད་ཅིང་ཡིད་བཞིན་འགྲུབ་པར་ཤོག །དེང་འདིར་རྒྱལ་བ་སྲས་བཅས་མ་ལུས་ཚོགས། །མཐའ་ཡས་སེམས་ཅན་སྡིག་སྒྲིབ་སྦྱང་བའི་ཕྱིར། །ཐུགས་རྗེ་ཆེན་པོའི་སྨོན་ལམ་མཐུ་སྟོབས་ཀྱིས། །གནས་ཁང་གདན་མཆོག་ཡོངས་སུ་བཞེངས་སུ་གསོལ། །དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི། བླ་མེད་དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །མཆོད་པའི་ཁྱད་པར་ཇི་སྙེད་ཡོད་པ་ཀུན། །ནམ་མཁའ་རབ་འབྱམས་ཕྱོགས་བཅུར་གང་གྱུར་ནས། །མཆོད་པའི་སྤྲིན་ཚོགས་བསམ་གྱིས་མི་ཁྱབ་ཤོག །བཟང་པོ་སྤྱོད་པའི་སྨོན་ལམ་བྱིན་རླབས་སྟོབས། །མེ་ཏོག་ལ་སོགས་མཆོད་པའི་ཁྱད་པར་རྣམས། །ནམ་མཁའ་རབ་འབྱམས་ཕྱོགས་བཅུར་ཁེངས་གྱུར་ནས། །བཀོད་པའི་ཁྱད་པར་ཟད་པ་མེད་པར་ཤོག །དེང་འདིར་རྒྱལ་བ་སྲས་དང་བཅས་པ་རྣམས། །མཐའ་ཡས་སེམས་ཅན་སྡིག་སྒྲིབ་སྦྱང་བའི་ཕྱིར། །ཐུགས་རྗེ་ཆེན་པོའི་སྨོན་ལམ་མཐུ་སྟོབས་ཀྱིས། །ལྷ་ཡི་མཆོད་སོགས་ཡོངས་སུ་བཞེས་སུ་གསོལ། །དེ་ནས་དམ་ཚིག་པའི་དཀྱིལ་འཁོར་བསྐྱེད་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་པ། །བདུད་སྡེ་དཔུང་བཅས་མ་ལུས་འཇོམས་མཛད་ཅིང༌། །དངོས་རྣམས་ཇི་བཞིན་ཡང་དག་དོན་སྟོན་པའི། །བཅོམ་ལྡན་རྒྱལ་བ་འཁོར་བཅས་གཤེགས་སུ་གསོལ། །ཧཱུྃ། ཕྱོགས་བཅུའི་འཇིག་རྟེན་མ་ལུས་རབ་འབྱམས་ན། །ཐུགས་རྗེའི་དབང་གིས་གདུལ་བྱའི་སྐུར་སྟོན་ཅིང༌། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །རྒྱུད་དྲུག་ཁ་ལོ་སྒྱུར་བར་གཤེགས་སུ་གསོལ། །ཧཱུྃ། ཐབས་མཁས་སྤྱོད་པས་འགྲོ་བ་འདུལ་མཛད་པས། །སྐུ་ཡི་ཆ་ལུགས་སྣ་ཚོགས་ཚུལ་འཛིན་པའི། །ཞི་ཁྲོ་ལྷ་དང་ལྷ་མོའི་ཕྱག་རྒྱའི་ཚོགས། །འགྲོ་བའི་དོན་ཕྱིར་མཆོད་ཀྱི་གཤེགས་སུ་གསོལ། །ཧཱུྃ། རྒྱལ་སྲས་དཔའ་བོ་ཤེས་རབ་མཚོན་བསྣམས་ཤིང༌། །ཉོན་མོངས་ལྟ་བ་ཉམས་པའི་དགྲ་འདུལ་བ། །ཕྱོགས་བཅུའི་འཕགས་པའི་ཚོགས་རྣམས་བཞུགས་སོ་འཚལ། །ཕྱག་འཚལ་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། ཆོས་དབྱིངས་རྒྱ་ཆེན་ནམ་མཁའི་དཀྱིལ་འཁོར་འདིར། །རིན་ཆེན་བཀྲ་ཤིས་གཞལ་ཡས་ཁང་ཆེན་ན། །རིན་ཆེན་རྒྱན་དང་ཉི་ཟླའི་གདན་བཤམས་ནས། །མཐའ་ཡས་སེམས་ཅན་དོན་ལ་བཞུགས་སུ་གསོལ། །དེ་ནས་སྤྱན་དྲངས་པའི་ལྷ་ཚོགས་ལ་དབང་བསྐུར་བ་ནི། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང༌། །འགྲོ་བའི་ཉོན་མོངས་བག་ཆགས་སྦྱང་སླད་དུ། །བདེ་གཤེགས་སྐུ་ལ་ཁྲུས་ཆབ་འདི་གསོལ་བས། །ཁམས་གསུམ་ལུས་ཀྱི་དྲི་མ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏི་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འདྲེན་པའི་གསུང་ལ་དྲི་མ་མི་མངའ་ཡང༌། །འགྲོ་བའི་ངག་གི་དྲི་མ་སྦྱང་སླད་དུ། །བདེ་གཤེགས་གསུང་ལ་ཁྲུས་ཆབ་འདི་གསོལ་བས། །ཁམས་གསུམ་ངག་གི་དྲི་མ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏི་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བཅོམ་ལྡན་ཐུགས་ལ་སྒྲིབ་པ་མི་མངའ་ཡང༌། །འགྲོ་བའི་ཡིད་ཀྱི་སྒྲིབ་པ་སྦྱང་སླད་དུ། །བདེ་གཤེགས་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །ཁམས་གསུམ་ཡིད་ཀྱི་དྲི་མ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏི་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། འགྲོ་བའི་གཙོ་བོ་ཐུགས་རྗེ་འཕགས་པའི་ཚོགས། །བདག་ཉིད་མི་འགྱུར་སྐུ་གསུམ་ལྷུན་གྱིས་གྲུབ། །མཚན་དང་དཔེ་བྱད་ཡོན་ཏན་རྒྱན་གྱུར་པ། །རྡོ་རྗེའི་ལུས་ཅན་བླ་ན་མེད་གྱུར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནཱིརྻ་ཏ་ཡ་མི་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འགྲོ་བའི་གཙོ་བོ་ཐུགས་རྗེ་འཕགས་པའི་ཚོགས། །གསུང་རབ་བཅུ་གཉིས་ཟབ་ཅིང་རྒྱ་ཆེ་བ། །ཕྱོགས་བཅུའི་ནམ་མཁའ་རབ་འབྱམས་མཐར་གཏུགས་པ། །ཚངས་པའི་གསུང་དབྱངས་ཉིད་དུ་ཡོངས་གྱུར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་ནཱིརྻ་ཏ་ཡ་མི་ས་མ་ཡ་ཤྲཱི་ཡེ་ཧཱུྃ། འགྲོ་བའི་གཙོ་བོ་ཐུགས་རྗེ་འཕགས་པའི་ཚོགས། །ཤེས་བྱ་མ་ལུས་མངོན་སུམ་མཁྱེན་གྱུར་པ། །ཟག་མེད་ཡེ་ཤེས་ཤེས་རབ་ཕ་རོལ་ཕྱིན། །ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཉིད་གྱུར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནཱིརྻ་ཏ་ཡ་མི་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་ནས་མཆོད་བསྟོད་དང་ཡན་ལག་བདུན་པའི་ཚིགས་བཅད་བརྗོད་པར་བྱ་བ་སྟེ། དེ་ནས་གསེར་གྱི་བྱང་བུར་དྲི་བཟང་པོའི་ཆུས་རྟེན་འབྲེལ་ཚར་བདུན་གྱི་བར་དུ་བྲིས་ལ་བུམ་པའི་ནང་དུ་བླུགས་པར་བྱའོ། །དེ་ནས་བུམ་ཆུ་དང་དྲི་བཟང་གི་འབྲས་མདུན་དུ་བཞག་ཅིང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རབ་ཏུ་གནས་པར་བྱ་བའི་རྟེན་ལ་བཟོ་བོ་མི་གཙང་བས་གོས་པ་དང༌། བྱུར་དང་བཀྲ་མི་ཤིས་པ་ལ་སོགས་པ་བསལ་བར་བྱ་སྟེ། དེ་ཡང་རྫ་སོ་མ་གཅིག་གི་ནང་དུ་མེ་བཞག་ལ་དེར་རྡོ་རྗེ་གནོད་སྦྱིན་བསྐྱེད་ལ་ཡེ་ཤེས་པ་བསྟིམས་ནས་བསལ་བ་ལ། དང་པོ་རྡོ་རྗེ་གནོད་སྦྱིན་ལ་བསྟོད་པ་ནི། རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་གཙིགས་པ་པོ། །བདུད་འདུལ་རྡོ་རྗེ་རབ་ཏུ་ཟབ། །རྡོ་རྗེ་དྲག་པོ་ལ་ཕྱག་འཚལ། །དེ་ནས་མར་དང་ཡམ་ཤིང་གིས་བྱུར་བསལ་བ་ནི། བྱུར་སེལ་རྡོ་རྗེ་གནོད་སྦྱིན་དང༌། །སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །རྟེན་ལ་ཡོད་པའི་བྱུར་དང་ནི། །བཀྲ་མི་ཤིས་པ་དག་པར་ཤོག །ཨོཾ་བཛྲ་ཡཀྵ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། དེ་ནས་ཏིལ་གྱིས་བགེགས་བསལ་བ་ནི། ཏིལ་དང་ཡུངས་ཀར་བསྲེགས་པ་བཞིན། །སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །རྟེན་དང་ཡོན་གྱི་བདག་པོ་ཡི། །བགེགས་དང་མི་གཙང་དག་པར་ཤོག །ཨོཾ་བཛྲ་ཡཀྵ་སརྦ་པ་པཱཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། དེ་ནས་ཟན་ཆང་གིས་བགེགས་བསལ་བ་ནི། སྐུ་གསུང་ཐུགས་ཀྱི་རྟེན་དག་ལ། །ཟན་ཆང་བྱིན་པའི་བདེན་སྟོབས་དང༌། །སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །བགེགས་དང་བར་ཆད་ཞི་བར་ཤོག །ཨོཾ་བཛྲ་ཡཀྵ་སརྦ་པ་པཱཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། དེ་ནས་ཀུ་ཤས་བགེགས་བསལ་བ་ནི། ཀུ་ཤ་དཱུར་བ་འདི་ཕུལ་བས། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །རྟེན་ལ་ཡོད་པའི་བགེགས་དང་ནི། མ་དྲི་ངན་པ་དག་པར་ཤོག །ཨོཾ་བཛྲ་ཡཀྵ་སརྦ་པ་པཱཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། དེ་ནས་ཤོག་འདེལ་གྱིས་བྱུར་བསལ་བ་ནི། ཡེ་ཤེས་མེ་དཔུང་འབར་བ་དང༌། །སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །རྟེན་ལ་ཡོད་པའི་བགེགས་དང་ནི། །བཀྲ་མི་ཤིས་པ་བསྲེགས་གྱུར་ཅིག །ཨོཾ་བཛྲ་ཡཀྵ་སརྦ་པ་པཱཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། དེ་ནས་དྲི་བཟང་གི་ཆུས་བྱུར་བསལ་བ་ནི། ཡེ་ཤེས་ཆུའི་དཀྱིལ་འཁོར་ནས། །མ་ལུས་རྟེན་སོགས་དག་པར་བཀྲུས། །སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །མ་ལུས་རྟེན་རྣམས་དག་པར་ཤོག །ཨོཾ་བཛྲ་ཡཀྵ་སརྦ་པ་པཱཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། རྡོ་རྗེ་གནོད་སྦྱིན་གཤེགས་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། ཆོས་ཉིད་སྟོང་པ་སོགས་ཀྱིས་བསྟོད་ཅིང་བགེགས་བསྐྲད་དོ། །བྱུར་བསལ་ཟིན་པའི་ཚེ། ཁམ་ཕོར་སོགས་དང་བཅས་པ་ལམ་བཞི་མདོ་ལ་སོགས་པར་བསྐྱལ་བར་བྱའོ། །ནུས་པ་ཡོད་ན་སྐབས་འདིར་མཆོད་པ་འབུལ་ཞིང་གཏོར་མ་བསྔོས་པའི་རྗེས་ལ། དེ་ནས་རབ་ཏུ་གནས་པའི་རྟེན་རྣམས་ལ་གནས་བཅས་པའི་བགེགས་དང་འབྱུང་པོ་ལ་སོགས་པ་བསྐྲད་པ་ལ། སློབ་མ་རྣམས་ཀྱིས་རྔ་བརྡུང་ཞིང་དར་གཡབ་ལ་བགེགས་བསྐྲད་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། ཧཱུྃ། ཆོས་ཉིད་སྟོང་པའི་ངང་ལས་མ་གཡོས་ཀྱང༌། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་རྔམ་བྱེད་སྐུར་སྟོན་པ། །གསུང་གི་ང་རོས་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཁྲོ་བོ་ཆེན་པོ་བརྐྱང་སྐུམ་ཚུལ་དུ་བཞུགས། །ཉི་མ་འབར་བའི་སྤྱན་གྱིས་སྡང་མིག་གཟིགས། །བགེགས་ཀུན་བསྲེགས་པར་མཛད་ལ་ཕྱག་འཚལ་བསྟོད། །ཧཱུྃ། ལྷག་པར་ཡེ་ཤེས་རོལ་པར་སྟོན་མཛད་པ། །བརྡེག་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་མ་ལུས་དབང་དུ་སྡུད། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་མཆོག་གསུམ་ལས་བགྱིས་པས། །བགེགས་ཀྱི་རིགས་ཚོགས་གང་ཡིན་བྱེར་བར་གྱིས། །ཅི་སྟེ་ང་ཡི་བཀའ་ལས་འདས་གྱུར་ནས། །ཡེ་ཤེས་ཅན་གྱི་རྡོ་རྗེ་རབ་འབར་བས། །མགོ་བོ་ཚལ་པ་བརྒྱར་ནི་རབ་འགེམས་ཤིང༌། །རྣམ་པར་འཇིགས་པར་འགྱུར་བ་གདོན་མི་ཟ། དེ་ལྟར་བགེགས་བསྐྲད་པའི་རྗེས་སུ་ནུས་པ་ཡོད་ན་སྐབས་འདིར་མཆོད་བསྟོད་བྱ་ཞིང༌། གཏོར་མ་བསྔོ་བར་བྱའོ། །དེ་ནས་རབ་ཏུ་གནས་པར་བྱ་བའི་རྟེན་རྣམས་ལ་ཁྲུས་གསོལ་བར་བྱ་སྟེ། རྟེན་རྣམས་ལ་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་དུ་བཅུག་ལ། ཐོག་མར་བ་བྱུང་རྣམ་ལྔའི་ཁྲུས་ནི། གང་ལ་ཉེས་པ་མི་མངའ་ཞིང༌། །ཡོན་ཏན་ཐམས་ཅད་དང་ལྡན་པའི། །རྣམ་ལྔ་བདུད་རྩི་ཆུ་ཡིས་ནི། །དད་པས་བདག་གིས་ཁྲུས་གསོལ་ལོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ལ། བཀྲ་ཤིས་ཀྱི་ཚིགས་བཅད་གཅིག་ཀྱང་གྱེར་བར་བྱའོ། །དེ་ནས་མེ་ལོང་གི་ངོས་ལ་ཏིལ་མར་བྱུག་པ་ནི། རི་བོ་ལྟར་ནི་མཛེས་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པའི། །མཆོད་གནས་རིན་ཆེན་འདི་དག་ལ། །ཏིལ་མར་གྱིས་ནི་སྐུ་བྱུགས་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧཱུྃ་ཏྲཱྃ་ཧྲཱིཿཁྃ་སྭཱ་ཧཱ། ཞེས་བརྗོད་ལ་བཀྲ་ཤིས་ཀྱི་ཚིགས་བཅད་གཅིག་ཀྱང་གྱེར་རོ། །དེ་ནས་དྲི་ཞིམ་པོའི་ཤིང་གི་ཕྱེ་མའི་ཆུས་ཁྲུས་གསོལ་བ་ནི། མ་རིག་འཇོམས་ལ་ཉི་མ་སྟེ། །སྲིད་པའི་ནད་ནི་སེལ་བའི་སྨན། །དཀོན་མཆོག་རིན་ཆེན་འདི་ལ་ནི། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཨོཾ་གྷ་ཏ་མ་དྷ་ས་མ་ཡ་སྭཱ་ཧཱ། ཞེས་བརྗོད་ལ་བཀྲ་ཤིས་ཀྱི་ཚིགས་བཅད་གྱེར་རོ། །དེ་ནས་དཀར་གསུམ་མངར་གསུམ་སྦྱར་ཆུས་ཁྲུས་གསོལ། ཇི་ལྟར་ཏོག་དཀར་དགའ་ལྡན་ནས། །ལྷུམས་ནས་བལྟམས་ལ་ཁྲུས་གསོལ་ལྟར། །དེ་བཞིན་བདག་གིས་སྐུ་གཟུགས་དང༌། །ཡིད་འོང་རྣམས་ལ་ཁྲུས་གསོལ་ལོ། །ཨོཾ་པ་ལ་པ་ཤུ་ཏ་ན་སྭཱ་ཧཱ། ཞེས་བརྗོད་ལ་བཀྲ་ཤིས་ཚིགས་བཅད་གྱེར་རོ། །དེ་ནས་ཨ་རུ་ར་ལ་སོགས་པའི་ཕྱེ་མ་སྦྱར་བའི་ཆུས་ཁྲུས་གསོལ་བ་ནི། གདུལ་བའི་སེམས་ཅན་གང་དག་ལ། །རྒྱལ་བའི་སྤྲུལ་སྐུ་མང་པོ་ཡི། །ཆ་བྱད་ལྷ་ཡི་རྣམ་པ་ཡིས། །སྐྱུ་རུ་ར་སོགས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤི་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པ་དང༌། བཀྲ་ཤིས་ཚིགས་བཅད་གྱེར་རོ། །དེ་ནས་དྲི་བཟང་པོ་སྣ་ཚོགས་ཀྱིས་ཁྲུས་གསོལ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་སོགས་ནས་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པ་དང༌། བཀྲ་ཤིས་ཚིགས་བཅད་གྱེར་རོ། །དེ་ནས་ཁྲུས་བྱས་པའི་རྗེས་ལ་མཆོད་པ་ལན་གཅིག་ཕུལ་ལ། སྤོས་བསྲེགས་ཏེ། རབ་ཏུ་གནས་པའི་དོན་དུ་འཕགས་པའི་ཚོགས་རྣམས་ལ་སྙན་གསན་དབབ་པ་ནི། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །དགའ་ལྡན་དུ་ནི་བཞུགས་པ་དང༌། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་འདིར་བཞུགས་ལ། །འདི་རུ་མགོན་པོ་རྟེན་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །མཐའ་ཡས་སེམས་ཅན་དོན་སླད་དུ། །ཡོན་བདག་འབྱོར་པ་ཉིད་ཀྱིས་ནི། །ཇི་ལྟར་འབྱོར་པའི་མཆོད་པ་རྣམས། །མེ་ཏོག་ལ་སོགས་དེ་བཞིན་གཤེགས། །ཡོན་བདག་འཁོར་དང་བཅས་པ་ལ། །རྗེས་སུ་བརྩེ་བས་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་བརླབས་ཤིང༌། །འདི་ཉིད་དུ་ནི་བཞུགས་པར་རིགས། །ཞེས་བརྗོད་ཅིང་སྙན་གསན་དབབ་པའི་རྗེས་སུ། དེ་ནས་ནུས་པ་དང་སྦྱར་ལ་མཆོད་བསྟོད་གྲུབ་ཚད་བྱ་ཞིང༌། གཏོར་མ་བསྔོས་ལ། སློབ་མ་རྣམས་ཀྱིས་ཆོས་སྒྲོགས་པར་བྱས་ལ་ངལ་གསོ་བར་བྱའོ། །འདི་ནི་ཉི་མ་དང་པོ་ལ་བྱ་བའི་ཆོ་གའི་རིམ་པ་རྣམས་ཟིན་ནོ།།

ཉིན་ཞག་ཕྲུག་གསུམ་གྱི་རབ་ཏུ་གནས་པའི་ཆོ་ག

༈ ཉིན་ཞག་ཕྲུག་གསུམ་གྱི་རབ་ཏུ་གནས་པའི་ཆོ་ག་ལ། ཉིན་གཉིས་པ་དངོས་གཞིའི་ཆོ་གའི་རིམ་པ་ལ། སློབ་དཔོན་ལ་སོགས་པ་སྔ་བར་ལངས་ནས། དཀོན་མཆོག་གསུམ་གྱི་རྟེན་ལ་སྐུ་ཁྲུས་གསོལ་ཞིང༌། མཎྜལ་བཀྲམ་པ་དང༌། མཆོད་པ་འགྲིམས་ཤིང༌། སློབ་མ་རྣམས་ཀྱིས་འཇིག་རྟེན་འདོན་པར་བྱའོ། །དེ་ནས་དཔོན་སློབ་རྣམས་རིམ་པ་བཞིན་བསྡད་ནས། སྒྲུབ་པ་པོས་བསྐྱེད་པའི་རིམ་པ་བསྒོམ་ཞིང་བཟླས་པ་ཐུན་གཅིག་བྱས་ལ། དཀོན་མཆོག་ལ་མཆོད་པ་ཕུལ་ཞིང༌། གཏོར་མ་བསྔོ་བའི་རྗེས་ལ། དེ་ནས་ཕ་རོལ་ཕྱིན་པ་དྲུག་གི་ཁྲུས་བྱ་བ་ནི། སྒྲུབ་པ་པོས་བུམ་པ་བཟུང་ནས། སློབ་མ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཁྲུས་དང༌། ཚིགས་བཅད་དང་སྔགས་བརྗོད་པར་བྱ་སྟེ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །སྦྱིན་པའི་དྲི་ཡི་རྗེས་བྱུགས་པའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བེ་ཤི་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ལ། བཀྲ་ཤིས་ཀྱང་བརྗོད་ལ་ཁྲུས་བྱའོ། །འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །འཆལ་བའི་དྲི་མ་སྦྱོང་མཛད་ཅིང༌། །ཚུལ་ཁྲིམས་དྲི་ཡི་རྗེས་བྱུགས་པའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བེ་ཤི་ཀ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཅེས་བརྗོད་ལ། བཀྲ་ཤིས་ཀྱང་གྱེར་ལ་ཁྲུས་བྱའོ། །འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང༌། །བཟོད་པ་དྲི་ཡི་རྗེས་བྱུགས་པའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བེ་ཤི་ཀ་ས་མ་ཡ་ཤྲི་ཡེ་ཧཱུྃ། །ཞེས་བརྗོད་ལ། བཀྲ་ཤིས་ཀྱང་གྱེར་ལ་ཁྲུས་བྱའོ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང༌། །བརྩོན་འགྲུས་དྲི་ཡི་རྗེས་བྱུགས་པའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཨོཾ་སརྦ༴ ཞེས་བརྗོད་ལ། བཀྲ་ཤིས་ཀྱང་གྱེར་ལ་ཁྲུས་བྱའོ། །འདི་ནི་བསམ་གཏན་རང་བཞིན་ཆུ། །གཡེང་བའི་དྲི་མ་སྦྱོང་མཛད་ཅིང༌། །བསམ་གཏན་དྲི་ཡི་རྗེས་བྱུགས་པའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཨོཾ་སརྦ༴ ཞེས་བརྗོད་ལ། བཀྲ་ཤིས་ཀྱང་བརྗོད་ལ་ཁྲུས་བྱའོ། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་བྱའི་དྲི་མ་སྦྱོང་མཛད་ཅིང༌། །ཤེས་རབ་དྲི་ཡི་རྗེས་བྱུགས་པའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། ཨོཾ་སརྦ༴ །ཞེས་བར་བརྗོད་ལ། བཀྲ་ཤིས་ཀྱང་གྱེར་ལ་ཁྲུས་བྱའོ། །ཕ་རོལ་ཕྱིན་དྲུག་ཆུ་བོ་ཡིས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང༌། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བེ་ཤི་ཀ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང༌། བཀྲ་ཤིས་ཀྱང་བྱ། དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཁྲུས་གསོལ་ལ། ལི་ཁྲིའི་ཆུའི་ཁྲུས་ནི། དྲན་པ་ཉེར་བཞག་སྣང་བ་ཡིས། །ཉོན་མོངས་གདུང་བ་ཞི་བྱེད་པའི། །མཆུ་ནི་བིལ་བ་ལྟར་དམར་བའི། །ལི་ཁྲི་ཡི་ནི་སྐུ་ཁྲུས་གསོལ། །ཨོཾ་སརྦ༴ ཞེས་བཀྲ་ཤིས་བརྗོད་དེ་ནས་ཡུངས་ཀར་གྱིས་ཁྲུས་གསོལ་བ་ནི། ཡང་དག་སྤོང་བའི་སྣང་བ་ཡིས། །ཉོན་མོངས་གདུང་བ་ཞི་བྱེད་པའི། །སྤུ་རྣམས་གཡས་སུ་འཁྱིལ་བའི་ཕྱིར། །ཡུངས་ཀར་གྱིས་ནི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ༴ ཞེས་བརྗོད། བཀྲ་ཤིས། དེ་ནས་ཏིལ་གྱི་ཆུས་ཁྲུས་གསོལ་བ་ནི། རྫུ་འཕྲུལ་རྐང་པ་སྣང་བ་ཡིས། །ཉོན་མོངས་གདུང་བ་ཞི་བྱེད་པའི། །ཕྱག་ཞབས་འཁོར་ལོའི་རྩིབས་ལྡན་པར། །ཏིལ་གྱིས་སྐུ་ཁྲུས་གསོལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ༴ ཞེས་བརྗོད། བཀྲ་ཤིས། དེ་ནས་སྙིང་ཞོ་ཤའི་ཁྲུས་གསོལ་བ་ནི། དབང་པོ་ལྔ་ཡི་སྣང་བ་ཡིས། །ཉོན་མོངས་གདུང་བ་ཞི་བྱེད་པའི། །ཕྱག་སོར་དྲྭ་བར་འབྲེལ་བའི་ཕྱིར། །པྲི་ཡང་ཀུ་ཡིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ༴ ཞེས་བརྗོད། བཀྲ་ཤིས། དེ་ནས་ཕོ་རིལ་གྱིས་ཁྲུས་གསོལ་བ་ནི། སྟོབས་ལྔ་ཡི་ནི་སྣང་བ་ཡིས། །ཉོན་མོངས་གདུང་བ་ཞི་བྱེད་པའི། །ཞལ་གྱི་མཛོད་སྤུས་བརྒྱན་པའི་ཕྱིར། །ན་ལེ་ཤམ་གྱིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ༴ ཞེས་བརྗོད། བཀྲ་ཤིས། དེ་ནས་དྲི་ཞིམ་པོའི་ཆུས་ཁྲུས་བྱ་ཞིང༌། སྲན་ཕྱེ་དང་ཡུངས་བའི་ཕྱེ་མ་སོགས་འདག་ཆལ་བྱ་བ་ནི། བྱང་ཆུབ་ཡན་ལག་རྣམ་དག་པས། །ཉོན་མོངས་གདུང་བ་ཞི་བྱེད་པའི། །སྐུ་ལ་དྲི་མས་མི་གོས་ཕྱིར། །འདག་ཆལ་གྱིས་ནི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ༴ ཞེས་དང༌། བཀྲ་ཤིས། དེ་ནས་ཛཱ་ཏིའི་ཆུས་ཁྲུས་གསོལ་བ་ནི། འཕགས་ལམ་བརྒྱད་ཀྱི་སྣང་བ་ཡིས། །ཉོན་མོངས་གདུང་བ་ཞི་བྱེད་པའི། །ཐུགས་ཀར་དཔལ་བེའུ་དང་ལྡན་ཕྱིར། །ཛཱ་ཏི་ཕ་ལས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ༴ ཞེས་དང༌། བཀྲ་ཤིས། དེ་ནས་ཞོ་ཡི་ཆུས་ཁྲུས་གསོལ་བ་ནི། སངས་རྒྱས་ཆོས་རྣམས་སྣང་བ་ཡིས། །ཉོན་མོངས་གདུང་བ་ཞི་བྱེད་པའི། །ཚིམས་རྣམས་བཞི་བཅུ་ཚང་བ་ཡིས། །ཞོ་དང་བཅས་པས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ༴ ཞེས་དང༌། བཀྲ་ཤིས། དེ་ནས་སྦྲང་རྩིའི་ཆུས་ཁྲུས་གསོལ་བ་ནི། སྟོབས་བཅུ་ལྡན་པ་སྣང་བ་ཡིས། །ཉོན་མོངས་གདུང་བ་ཞི་བྱེད་པའི། །ལྗགས་ལ་རོ་མཆོག་བརྒྱད་ལྡན་པའི། །སྦྲང་རྩི་བཅས་པས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ༴ ཞེས་དང༌། བཀྲ་ཤིས། དེ་ནས་དཱུར་བའི་་ཆུས་ཁྲུས་གསོལ་བ་ནི། ཡོན་ཏན་ཆོས་རྣམས་སྣང་བ་ཡིས། །ཉོན་མོངས་གདུང་བ་ཞི་བྱེད་པའི། །སྤྱི་གཙུག་ལྟར་ནི་མི་སྣང་ཕྱིར། །དཱུར་བ་དང་བཅས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ༴ ཞེས་དང༌། བཀྲ་ཤིས། དེ་ནས་མེ་ལོང་གི་ངོས་ལ་ན་བཟས་ཕྱི་བ་ནི། སྲབ་འཇམ་ཡངས་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ནས། །མི་ཕྱེད་དད་པས་འབུལ་ལགས་ཏེ། །ཡོན་བདག་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་ཨ་མ་ལེ་བྷི་མ་ལེ་ནིར་མ་ལེ་སྭ་བྷཱ་ཝ་ཤུདྡྷོཧཾ། ཞེས་དང༌། བཀྲ་ཤིས། དེ་ནས་ཀུ་ཤའི་པིར་གྱིས་མེ་ལོང་གི་ངོས་ལ་དྲི་བཟང་གི་ཆུས་བྱུགས་པ་ནི། ཙན་དན་གུར་གུམ་ལ་སོགས་པའི། །དྲི་བཟང་བྱུགས་པ་དམ་པ་འདི། །མགོན་པོ་སྲས་དང་བཅས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་གྷན་དྷེ་ཧཱུྃ། ཞེས་དང༌། བཀྲ་ཤིས་དང༌། དེ་ནས་མེ་ལོང་གི་ངོས་ལ་མེ་ཏོག་དོར་བ་ནི། དབུ་རྒྱན་སྙན་ཆ་སེ་མོ་དོ། །དོ་ཤལ་དཔུང་རྒྱན་རིན་ཆེན་རྒྱན། །སེམས་ཅན་དོན་ལ་བརྩོན་མཛད་པའི། །མགོན་པོ་རྣམས་ཀྱིས་མནབ་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ལང་ཀཱ་ར་ཧཱུྃ། ཞེས་བཀྲ་ཤིས། དེ་ལྟར་ཁྲུས་ཟིན་པའི་རྗེས་སུ། དེ་ནས་རས་དཀར་པོ་དྲི་མ་མེད་པ་བཟུང་ནས་སྐུ་ཕྱི་བའི་ཚུལ་བྱ་ཞིང༌། འདི་སྐད་བརྗོད་པར་བྱ་སྟེ། རྒྱལ་བའི་སྐུ་ལ་བག་ཆགས་མི་མངའ་ཡང༌། །འགྲོ་བའི་ཉོན་མོངས་བག་ཆགས་སླད་དུ། །རབ་ཏུ་གཙང་བྱས་མི་མཉམ་མཚུངས་མེད་ཕྱིར། །གཙང་མ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་རས་དཀར་གཙང་མ་བཟུང་ལ། སྐུ་ཕྱི་བའི་ཚུལ་བྱ་ཞིང༌། འདི་ལྟར་བརྗོད་པར་བྱའོ། །དྲི་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །གཙང་ཞིང་ཡིད་འོང་དར་གྱིས་སྐུ་ཕྱིས་པས། །ཉོན་མོངས་སྒྲིབ་པ་མ་ལུས་ཀུན་སྦྱངས་ནས། །སྐུ་གསུམ་ངང་དུ་བདག་ཅག་འགྲུབ་པར་ཤོག །ཅེས་བརྗོད་ཅིང༌། བཀྲ་ཤིས་ཀྱི་ཚིགས་བཅད་གྱེར་བར་བྱའོ། །དེ་ནས་མཆོད་པ་གཏོར་མ་ནུས་པ་དང་སྦྱར་ལ་བསྔོ་བར་བྱའོ། །དེ་ནས་བུམ་པ་རྣམས་ཀྱི་ཆུ་ཅུང་ཟད་དེར་བླངས་ལ་ལས་བུམ་གྱི་ནང་དུ་བླུག་པར་བྱའོ། །དེ་ནས་སྒྲུབ་པ་པོའི་རབ་ཏུ་གནས་པའི་རྟེན་རྣམས་སྟོང་པ་ཉིད་དུ་བྱས་ལ། དེའི་ངང་ལ་དམ་ཚིག་པ་མི་བསྐྱོད་པར་བསྐྱེད་ལ། སྤོས་ཕོར་ཐོགས་ཏེ་ཡེ་ཤེས་འགུགས་གཞུགས་བྱེད་པའི་ཚེ་སློབ་མ་རྣམས་ཀྱིས་མི་བསྐྱོད་པའི་ལྷ་ཚོགས་རྣམས་སྤྱན་དྲངས་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། ཆོས་ཉིད་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་མཁས་ཐུགས་རྗེ་ཆེན་པོའི་སྐུར་བསྟན་ནས། །ཞེ་སྡང་རྣམ་དག་རྡོ་རྗེ་རིགས་ཀྱི་གཙོ། །རྒྱལ་བ་མི་བསྐྱོད་འཁོར་བཅས་གཤེགས་སུ་གསོལ། །མེ་ལོང་ལྟ་བུའི་ཡེ་ཤེས་ལས་བྱུང་བ། །ཐུགས་རྗེའི་ཕྲིན་ལས་འགྲོ་བའི་དོན་མཛད་པ། །རྣམ་ཤེས་སྤོང་གྱུར་ཡེ་ཤེས་ཉིད་དུ་མཛད། །རྒྱལ་བ་མི་བསྐྱོད་འཁོར་བཅས་གཤེགས་སུ་གསོལ། །བཅོམ་ལྡན་མི་བསྐྱོད་བདེན་པའི་བྱིིན་རླབས་དང༌། །བདག་གི་སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །ཡེ་ཤེས་སེམས་དཔའི་ལྷ་ཚོགས་མ་ལུས་རྣམས། །དམ་ཚིག་པ་དང་དབྱེར་མེད་ཉིད་གྱུར་ཅིག །དེ་ནས་རྟེན་ལ་བྱིན་གྱིིས་བརླབས་པའི་ནས་གཏོར་བ་ནི། ཚིགས་བཅད་བརྗོད་པར་བྱ་སྟེ། སྔགས་དང་ཏིང་འཛིན་བྱིན་རླབས་དང༌། །རྟེན་ཅིང་འབྲེལ་བའི་ནུས་མཐུ་ཡིས། །གཟུགས་སྐུ་ལ་ནི་ཆོས་སྐུ་ཐིམ། །བཅོམ་ལྡན་མི་བསྐྱོད་ཉིད་འགྲུབ་ཤོག །ཅེས་དང་བཀྲ་ཤིས། དེ་ནས་ལས་བུམ་གྱི་ཆུས་ཁྲུས་གསོལ་བའི་ཚིགས་བཅད་བརྗོད་པར་བྱ་སྟེ། རྣམ་ཤེས་ཕུང་པོ་རྣམ་དག་པས། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱིས་དབང་བསྐུར་རོ། །ཞེས་དང༌། བཀྲ་ཤིས། དེ་ནས་སྒྲུབ་པ་པོས་རྡོ་རྗེ་བཟུང་ནས། ཨོཾ་བཛྲ་ཨཀྵོ་བྷྱ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད་ཅིང་སློབ་མ་རྣམས་ཀྱིས་ཕྱག་འཚལ། རྡོ་རྗེ་གཏད་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། འགྲོ་བའི་སེམས་ཅན་ཐམས་ཅད་ཀྱི། །ཡིད་ཀྱི་སྒྲིབ་པ་སྦྱོང་མཛད་པའི། །སྤྲོས་མེད་མི་རྟོག་མཚོན་པའི་ཕྱིར། །རྡོ་རྗེ་འདི་ནི་ཕྱག་ཏུ་འབུལ། །ཞེས་པ་དང། དེ་ནས་མི་བསྐྱོད་པའི་ལྷ་ཚོགས་ལ་མཆོད་པ་འབུལ་བའི་ཚིགས་བཅད་བརྗོད་པར་བྱ་སྟེ། བཅོམ་ལྡན་མི་བསྐྱོད་ལྷ་ཚོགས་ལ། །བདག་གིས་གུས་དང་དད་པའི་སེམས། །མཆོད་པ་དམ་པ་འདི་འབུལ་བས། །བརྩེ་བའི་ཐུགས་ཀྱིས་བཞེས་སུ་གསོལ། །ཅེས་བརྗོད་པའམ་ཡང་ན་མཆོད་པ་རང་རང་གི་ཚིགས་བཅད་བརྗོད་པར་བྱ་སྟེ། དེ་ནས་སྒྲུབ་པ་པོས་ཡང་རབ་ཏུ་གནས་པའི་རྟེན་དེ་བཅོམ་ལྡན་མི་བསྐྱོད་པ་ཉིད་དུ་བྱས་ལ་དེའི་ངང་ལས་དམ་ཚིག་པའི་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་རྣམས་སྤྱན་དྲངས་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། ཆོས་ཉིད་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་མཁས་ཐུགས་རྗེ་ཆེན་པོའི་སྐུར་བསྟན་ནས། །ང་རྒྱལ་རྣམ་དག་རིན་ཆེན་རིགས་ཀྱི་གཙོ། །རིན་ཆེན་འབྱུང་ལྡན་འཁོར་བཅས་གཤེགས་སུ་གསོལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་བ། །འདོད་རྒུར་བསྒྱུར་ནས་འགྲོ་བའི་རེ་འདོད་སྐོངས། །ཡིད་ཀྱི་རྣམ་ཤེས་མཉམ་ཉིད་ཡེ་ཤེས་མཛད། །རིན་ཆེན་འབྱུང་ལྡན་འཁོར་བཅས་གཤེགས་སུ་གསོལ། །རིན་ཆེན་འབྱུང་ལྡན་བདེན་པའི་མཐུ་སྟོབས་དང༌། །བདག་གི་སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །ཡེ་ཤེས་སེམས་དཔའ་ལྷ་ཚོགས་མ་ལུས་རྣམས། །དམ་ཚིག་པ་དང་དབྱེར་མེད་ཉིད་གྱུར་ཅིག །ཅེས་ནས་བྱིན་གྱིིས་བརླབས་པའི་འབྲས་འཐོར་བའི་ཚིགས་བཅད་བརྗོད་པར་བྱ་སྟེ། སྔགས་དང་ཏིང་འཛིན་བྱིན་རླབས་དང༌། །རྟེན་ཅིང་འབྲེལ་བའི་ནུས་མཐུ་ཡིས། །གཟུགས་སྐུ་ལ་ནི་ཆོས་སྐུ་ཐིམ། །རིན་ཆེན་འབྱུང་ལྡན་ཉིད་འགྲུབ་ཤོག །ཅེས་བཀྲ་ཤིས། དེ་ནས་ལས་བུམ་གྱི་ཆུས་ཁྲུས་གསོལ་བའི་ཚིགས་བཅད་བརྗོད་པར་བྱ་སྟེ། ཚོར་བའི་ཕུང་པོ་རྣམ་དག་པས། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ཞེས་བཀྲ་ཤིས། དེ་ནས་སྒྲུབ་པ་པོས་རིན་པོ་ཆེ་བཟུང་ནས། ཨོཾ་རཏྣ་སཾ་བྷ་ཝ་ཏྲྃ་སྭཱ་ཧཱ། ཞེས་བརྗོད་ཅིང༌། སློབ་མ་རྣམས་ཀྱིས་ཕྱག་མཚན་རིན་ཆེན་གཏད་པའི་ཚིགས་བཅད་བརྗོད་ཅིང༌། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །དབུལ་བའི་སྡུག་བསྔལ་སེལ་བྱེད་ཅིང༌། །ཚེ་བསོད་ཡེ་ཤེས་རྒྱས་མཛད་ཕྱིར། །རིན་ཆེན་འདི་ནི་ཕྱག་ཏུ་འབུལ། །ཅེས་བརྗོད། དེ་ནས་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་ལ་མཆོད་པ་འབུལ་བའི་ཚིགས་བཅད་བརྗོད་པར་བྱ་སྟེ། རིན་ཆེན་འབྱུང་ལྡན་ལྷ་ཚོགས་ལ། །བདག་གིས་གུས་དང་དད་པའི་སེམས། །མཆོད་པ་དམ་པ་འདི་འབུལ་བས། །བརྩེ་བའི་ཐུགས་ཀྱིས་བཞེས་སུ་གསོལ། །ཅེས་བརྗོད། ཡང་ན་མཆོད་པ་རང་རང་གི་ཚིགས་བཅད་བརྗོད་པར་བྱའོ། །དེ་ནས་སྒྲུབ་པ་པོ་རང་ཡང་རབ་ཏུ་གནས་པའི་རྟེན་དེ་བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཉིད་དུ་བྱས་པ་དེ་སྟོང་པ་ཉིད་དུ་བྱས་པ་ལ། དེའི་ངང་ལས་དམ་ཚིག་པའི་སྣང་བ་མཐའ་ཡས་བསྐྱེད་ལ། ལག་ཏུ་སྤོས་ཕོར་ཐོགས་ཏེ། ཡེ་ཤེས་སེམས་དཔའ་དགུག་གཞུག་བྱེད་པའི་ཚེ། སློབ་མ་རྣམས་ཀྱིས་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་རྣམས་སྤྱན་དྲངས་པའི་ཚིགས་སུ་བཅད་པ་བརྗོད་པར་བྱ་སྟེ། ཆོས་ཉིད་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་མཁས་ཐུགས་རྗེ་ཆེན་པོའི་སྐུར་བསྟན་ནས། །འདོད་ཆགས་རྣམ་དག་པདྨ་རིགས་ཀྱི་གཙོ། །སྣང་བ་མཐའ་ཡས་འཁོར་བཅས་གཤེགས་སུ་གསོལ། །སོ་སོར་རྟོགས་པའི་ཡེ་ཤེས་ལས་བྱུང་བ། །གསུང་གི་ཕྲིན་ལས་འགྲོ་བའི་དོན་མཛད་པ། །ཉོན་མོངས་ཡིད་གྱུར་ཀུན་རྟོག་ཡེ་ཤེས་མཛད། །སྣང་བ་མཐའ་ཡས་འཁོར་བཅས་གཤེགས་སུ་གསོལ། །སྣང་བ་མཐའ་ཡས་བདེན་པའི་མཐུ་སྟོབས་དང༌། །བདག་གིས་སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །ཡེ་ཤེས་སེམས་དཔའི་ལྷ་ཚོགས་མ་ལུས་རྣམས། །དམ་ཚིག་པ་དང་དབྱེར་མེད་ཉིད་གྱུར་ཅིག །དེ་ནས་རྟེན་རྣམས་ལ་བྱིན་གྱིིས་བརླབས་པའི་འབྲས་གཏོར་བའི་ཚིགས་བཅད་བརྗོད་པར་བྱ་སྟེ། སྔགས་དང་ཏིང་འཛིན་བྱིན་རླབས་དང༌། །རྟེན་ཅིང་འབྲེལ་བའི་ནུས་མཐུ་ཡིས། །གཟུགས་སྐུ་ལ་ནི་ཆོས་སྐུ་ཐིམ། །སྣང་བ་མཐའ་ཡས་ཉིད་འགྲུབ་ཤོག །བཀྲ་ཤིས། དེ་ནས་ལས་བུམ་གྱི་ཆུས་ཁྲུས་གསོལ་བ་ནི། ཚིགས་སུ་བཅད་པ་བརྗོད་པར་བྱ་སྟེ། འདུ་ཤེས་ཕུང་པོ་རྣམ་དག་པ། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་ཅིང༌། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །ཞེས་བརྗོད། དེ་ནས་སྒྲུབ་པ་པོས་ཕྱག་མཚན་པདྨ་བཟུང་ནས། ཨོཾ་ཨ་མི་ཏ་བྷ་ཧྲཱིཿསྭཱ་ཧཱ། །ཞེས་བརྗོད་ཅིང་སློབ་མ་རྣམས་ཀྱིས་ཕྱག་མཚན་པདྨ་གཏད་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །ངག་གི་སྒྲིབ་པ་སྦྱོང་མཛད་པས། །གསུང་གི་དངོས་གྲུབ་བརྙེས་པའི་ཕྱིར། །པདྨ་འདི་ནི་ཕྱག་ཏུ་འབུལ། །ཞེས་བརྗོད་ཅིང༌། བཀྲ་ཤིས། སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་ལ་མཆོད་པ་འབུལ་བའི་ཚིགས་བཅད་བརྗོད་པར་བྱའོ། །སྣང་བ་མཐའ་ཡས་ལྷ་ཚོགས་ལ། །བདག་གི་གུས་དང་དད་པའི་སེམས། །མཆོད་པ་དམ་པ་འདི་འབུལ་བས། །བརྩེ་བའི་ཐུགས་ཀྱིས་བཞེས་སུ་གསོལ། །ཅེས་པའམ་ཡང་ན་མཆོད་པ་རང་རང་གི་ཚིགས་བཅད་བརྗོད་དེ། དེ་ནས་སྒྲུབ་པ་པོས་ཡང་རབ་ཏུ་གནས་པའི་རྟེན་སྣང་བ་མཐའ་ཡས་སུ་བྱས་པ་དེ་སྟོང་པ་ཉིད་དུ་བྱས་ལ། དེའི་ངང་ལས་དམ་ཚིག་པའི་བཅོམ་ལྡན་འདས་དོན་ཡོད་གྲུབ་པར་བསྐྱེད་ལ། ལག་ཏུ་སྤོས་ཕོར་ཐོགས་ཏེ། ཡེ་ཤེས་པ་བཀུག་གཞུགས་བྱེད་པའི་ཚེ། སློབ་མ་རྣམས་ཀྱིས་དོན་ཡོད་གྲུབ་པའི་ལྷ་ཚོགས་རྣམས་སྤྱན་དྲངས་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། ཆོས་ཉིད་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་མཁས་ཐུགས་རྗེ་ཆེན་པོའི་སྐུར་བསྟན་ནས། །ཕྲག་དོག་རྣམ་དག་ཕྲིན་ལས་རིགས་ཀྱི་གཙོ། །དོན་ཡོད་གྲུབ་པ་འཁོར་བཅས་གཤེགས་སུ་གསོལ། །བྱ་བ་ནན་ཏན་ཡེ་ཤེས་ལས་བྱུང་བ། །སྣ་ཚོགས་སྐུར་སྟོན་ཕྲིན་ལས་སྣ་ཚོགས་མཛད། །སྒོ་ལྔ་གནས་གྱུར་གྲུབ་པའི་ཡེ་ཤེས་མཛད། །དོན་ཡོད་གྲུབ་པ་འཁོར་བཅས་གཤེགས་སུ་གསོལ། །དོན་ཡོད་གྲུབ་པ་བདེན་པའི་མཐུ་སྟོབས་དང༌། །བདག་གིས་སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །ཡེ་ཤེས་སེམས་དཔའི་ལྷ་ཚོགས་མ་ལུས་རྣམས། །དམ་ཚིག་པ་དང་དབྱེར་མེད་ཉིད་གྱུར་ཅིག །དེ་ནས་རྟེན་ལ་བྱིན་རླབས་བྱེད་པའི་འབྲས་གཏོར་བའི་ཚིགས་བཅད་བརྗོད་པར་བྱ་སྟེ། སྔགས་དང་ཏིང་འཛིན་བྱིན་རླབས་དང༌། །རྟེན་ཅིང་འབྲེལ་བའི་ནུས་མཐུ་ཡིས། །གཟུགས་སྐུ་ལ་ནི་ཆོས་སྐུ་ཐིམ། །དོན་ཡོད་གྲུབ་པ་ཉིད་གྱུར་ཤོག །ཅེས་བཀྲ་ཤིས། དེ་ནས་ལས་བུམ་གྱིས་ཁྲུས་གསོལ་བའི་ཚིགས་བཅད་བརྗོད་པར་བྱ་སྟེ། འདུ་བྱེད་ཕུང་པོ་རྣམ་དག་པས། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །ཞེས་བརྗོད། དེ་ནས་སྒྲུབ་པ་པོས་རྡོ་རྗེ་རྒྱ་གྲམ་བཟུང་ནས། ཨོཾ་ཀརྨ་སིདྡྷི་ཨཱཿསྭཱ་ཧཱ། ཞེས་པ་དང༌། སློབ་མ་རྣམས་ཀྱིས་ཕྱག་མཚན་རྡོ་རྗེ་རྒྱ་གྲམ་གཏད་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སྦྱོང་བ་དང༌། །དངོས་གྲུབ་ཐམས་ཅད་བརྙེས་པའི་ཕྱིར། །རྒྱ་གྲམ་འདི་ནི་ཕྱག་ཏུ་འབུལ། །ཞེས་བརྗོད། དེ་ནས་དོན་ཡོད་གྲུབ་པའི་ལྷ་ཚོགས་ལ་མཆོད་པ་འབུལ་བའི་ཚིགས་བཅད་ནི། དོན་ཡོད་གྲུབ་པའི་ལྷ་ཚོགས་ལ། །བདག་གིས་གུས་དང་དད་པའི་སེམས། །མཆོད་པ་དམ་པ་འདི་འབུལ་བས། །བརྩེ་བའི་ཐུགས་ཀྱིས་བཞེས་སུ་གསོལ། །ཅེས་པའམ་ཡང་ན་མཆོད་པ་རང་རང་གི་ཚིགས་བཅད་བརྗོད་དེ། དེ་ནས་སྒྲུབ་པ་པོས་ཡང་རབ་ཏུ་གནས་པའི་རྟེན་དེ་དོན་ཡོད་གྲུབ་པ་ཉིད་དུ་བྱས་པ་དེ་སྟོང་པ་ཉིད་དུ་བྱས་ལ། དེའི་ངང་ལས་དམ་ཚིག་པའི་རྣམ་པར་སྣང་མཛད་བསྐྱེད་ལ། ལག་ཏུ་སྤོས་ཕོར་ཐོགས་ཏེ། ཡེ་ཤེས་པ་དགུག་གཞུག་བྱེད་པའི་ཚེ། སློབ་མ་རྣམས་ཀྱིས་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་རྣམས་སྤྱན་དྲངས་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་མཁས་ཐུགས་རྗེ་ཆེན་པོའི་སྐུར་བསྟན་ནས། །གཏི་མུག་རྣམ་དག་འཁོར་ལོ་རིགས་ཀྱི་གཙོ། །བཅོམ་ལྡན་རྣམ་སྣང་འཁོར་བཅས་གཤེགས་སུ་གསོལ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བ། །སྐུ་ཡི་ཕྲིན་ལས་འགྲོ་བའི་དོན་མཛད་པའི། །ཀུན་གཞི་གནས་གྱུར་ཡེ་ཤེས་ཉིད་དུ་མཛད། །བཅོམ་ལྡན་རྣམ་སྣང་འཁོར་བཅས་གཤེགས་སུ་གསོལ། །རྣམ་པར་སྣང་མཛད་བདེན་པའི་མཐུ་སྟོབས་དང༌། །བདག་གིས་སྔགས་དང་ཏིང་འཛིན་བྱིན་རླབས་ཀྱིས། །ཡེ་ཤེས་སེམས་དཔའི་ལྷ་ཚོགས་མ་ལུས་རྣམས། །དམ་ཚིག་པ་དང་དབྱེར་མེད་ཉིད་གྱུར་ཅིག །དེ་ནས་རྟེན་ལ་བྱིན་གྱིས་བརླབས་པའི་འབྲས་གཏོར་བའི་ཚིགས་བཅད་བརྗོད་པར་བྱ་སྟེ། སྔགས་དང་ཏིང་འཛིན་བྱིན་རླབས་དང༌། །རྟེན་ཅིང་འབྲེལ་བའི་ནུས་མཐུ་ཡིས། །གཟུགས་སྐུ་ལ་ནི་ཆོས་སྐུ་ཐིམ། །རྣམ་པར་སྣང་མཛད་ཉིད་འགྲུབ་ཤོག །ཅེས་བརྗོད། དེ་ནས་ལས་ཀྱི་བུམ་པའི་ཆུས་ཁྲུས་གསོལ་བ་ནི། གཟུགས་ཀྱི་ཕུང་པོ་རྣམ་དག་པས། །ཉོན་མོངས་གཏི་མུག་སྦྱོང་མཛད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡིས་ཁྲུས་གསོལ་ལོོ། །ཞེས་བརྗོད། དེ་ནས་སྒྲུབ་པ་པོས་འཁོར་ལོ་བཟུང་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་སྭཱ་ཧཱ། ཞེས་བརྗོད་ཅིང༌། སློབ་མ་རྣམས་ཀྱིས་འཁོར་ལོ་གཏད་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །ལུས་ཀྱི་སྒྲིབ་པ་སྦྱངས་མཛད་པས། །སྐུའི་དངོས་གྲུབ་བརྙེས་པའི་ཕྱིར། །འཁོར་ལོ་འདི་ནི་ཕྱག་ཏུ་འབུལ། །ཅེས་དང་བཀྲ་ཤིས། དེ་ནས་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་ལ་མཆོད་པ་འབུལ་བའི་ཚིགས་བཅད་བརྗོད་པར་བྱ་སྟེ། བཅོམ་ལྡན་རྣམ་སྣང་ལྷ་ཚོགས་ལ། །བདག་གིས་གུས་དང་དད་པའི་སེམས། །མཆོད་པ་དམ་པ་འདི་ཕུལ་བས། །བརྩེ་བའི་ཐུགས་ཀྱིས་བཞེས་སུ་གསོལ། །ཞེས་པའམ་ཡང་ན་མཆོད་པ་རང་རང་གི་ཚིགས་བཅད་བརྗོདཔར་བྱའོ། །དེ་ནས་སྒྲུབ་པ་པོས་རབ་ཏུ་གནས་པའི་རྟེན་རྣམས་རིགས་ལྔར་བྱས་ལ་མཆོད་པ་དང་བསྟོད་པ་གྲུབ་ཚད་བྱས་ལ། གཏོར་མ་བསྔོ་ཞིང་གསོལ་བ་བཏབ་བོ། །དེ་ནས་ལྷ་ཆ་དཀྲོལ་ཞིང་སློབ་མ་རྣམས་ཀྱིས་བཀྲ་ཤིས་གྱེར་ལ། རབ་ཏུ་གནས་པའི་རྟེན་རྣམས་ལ་བྱིན་གྱིས་བརླབས་པའི་འབྲས་གཏོར་ཞིང་རབ་ཏུ་གནས་པར་བྱའོ། །དེ་ནས་རབ་ཏུ་གནས་པའི་རྟེན་རྣམས་སོ་སོར་བསྒྱུར་བ་ནི། རྟེན་གྱི་མདུན་དུ་སོང་ནས་སློབ་དཔོན་གྱིས་འབྲས་གཏོར་ཞིང་སློབ་མ་རྣམས་ཀྱིས་ཚིགས་བཅད་འདི་བརྗོད་པར་བྱ་སྟེ། བདེ་བར་གཤེགས་པ་སྐུ་ལྔ་དཔེ་བྲལ་བ། །འགྲོ་བའི་དོན་ཕྱིར་གཟུགས་སྐུ་ཅིར་སྣང་བས། །སེམས་ཅན་གང་དང་གང་དུ་འདུལ་བའི་ཕྱིར། །སོ་སོར་མོས་པ་བཞིན་དུ་བསྒྱུར་དུ་གསོལ། །ཞེས་བརྗོད་དོ། །དེ་ནས་དྲིས་བྱུགས། དེ་ནས་སྒྲུབ་པ་པོས་རབ་ཏུ་གནས་པའི་རྟེན་རྣམས་སོ་སོར་བསྒྱུར་བ་ནི། སྐུ་གསུང་ཐུགས་བརྟན་པར་བྱེད་པའི་ཆེད་དུ། རྟེན་རེ་རེ་ནས་རྟེན་འབྲེལ་གྱི་སྔགས་ཚར་རེ་སྦྱར་ལ། སློབ་དཔོན་གྱིས་ཨོཾ་ཨཱཿཧཱུྃ་བརྗོད་ཅིང་རྟེན་རེ་རེ་ནས་དྲི་ཡི་ཐིག་ལེ་བྱ་ཞིང༌། སྐུ་གསུང་ཐུགས་བརྟན་པར་བྱེད་པའི་ཚེ། སློབ་མ་རྣམས་ཀྱིས་སྐུ་བརྟན་པར་བྱ་བའི་ཚིགས་བཅད་བརྗོད་པར་བྱ་སྟེ། སངས་རྒྱས་རྣམས་ཀྱི་སྐུ་ཡི་རང་བཞིན་ཅན། །ཡི་གེ་ཨོཾ་གྱིས་བྱིན་གྱིས་བརླབ་པའི་ཕྱིར། །མི་ཤིགས་རང་བཞིན་རྡོ་རྗེའི་སྐུར་གྱུར་ནས། །བརྟན་པར་གནས་ཤིང་འགྲོ་དོན་མཛད་གྱུར་ཅིག །ཅེས་བརྗོད་ཅིང་བཀྲ་ཤིས་གྱེར་རོ། །དེ་ནས་གསུང་བརྟན་པར་གནས་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། སངས་རྒྱས་རྣམས་ཀྱི་གསུང་གི་རང་བཞིན་ཅན། །ཡི་གེ་ཨཱཿཡིས་བྱིན་གྱིས་བརླབས་པའི་ཕྱིར། །གསུང་དབྱངས་ཡན་ལག་དྲུག་ཅུ་ཉིད་གྱུར་ནས། །བརྟན་པར་གནས་ཤིང་འགྲོ་དོན་མཛད་གྱུར་ཅིག །ཅེས་བརྗོད་ཅིང་བཀྲ་ཤིས་ཀྱང་གྱེར་བར་བྱའོ། །དེ་ནས་ཐུགས་བརྟན་པར་བྱེད་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་རང་བཞིན་ཅན། །ཡི་གེ་ཧཱུྃ་གི་བྱིན་གྱིས་བརླབས་པའི་ཕྱིར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་གྱུར་ནས། །བརྟན་པར་གནས་ཤིང་འགྲོ་དོན་མཛད་གྱུར་ཅིག །ཅེས་བརྗོད་ཅིང་བཀྲ་ཤིས་གྱེར་རོ། །དེ་ལྟར་ཟིན་པའི་ཚེ། དེ་ནས་མཆོད་པ་དང་གཏོར་མ་བསྔོ་ཞིང༌། འཁོར་འཚོགས་པ་རྣམས་ཀྱིས་ཆོས་སྒྲོགས་པར་བྱས་ལ་ངལ་གསོ་བར་བྱའོ། །འདི་ནི་ཉི་མ་གཉིས་པ་ལ་བྱ་བའི་ཆོ་གའི་རིམ་པའོ། །ཉིན་གསུམ་པ་ལ་གཏང་རག་གི་མཆོད་པའི་རིམ་པ་ནི། གོང་དུ་མེ་ཏོག་མ་གཏོར་ན་སྐབས་འདིར་མེ་ཏོག་གཏོར། དྲིས་བྱུགས། སྔར་གཏོར་ཟིན་ན། དཔོན་སློབ་རྣམས་སྔ་བར་ལངས་ལ། དཀོན་མཆོག་གི་རྟེན་ལ་སྐུ་ཁྲུས་གསོལ་ཞིང༌། མཎྜལ་བཀྲམ་པ་དང༌། མཆོད་པ་འགྲིམས་ལ། སློབ་མ་རྣམས་ཀྱིས་འཇིག་རྟེན་འདོན་པར་བྱའོ། །དེ་ནས་སློབ་དཔོན་རྣམས་རིམ་པར་བཞུགས། སྒྲུབ་པ་པོས་བསྐྱེད་པའི་རིམ་པ་བསྒོམ་ཞིང༌། བཟླས་པ་ཐུན་གཅིག་བྱས་ལ། དཀོན་མཆོག་ལ་མཆོད་པ་འབུལ་ཞིང༌། གཏོར་མ་བསྔོས་པའི་རྗེས་སུ་སྒྲུབ་པ་པོས་ཉི་མ་འཆར་ཁའི་དུས་སུ་དབང་པོ་དྲུག་འགྱེད་པའི་ཐོག་མར་གསེར་གྱི་ཐུར་མ་ཐོགས་ནས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །དེ་བཞིན་རྒྱལ་བ་རྣམས་ཀྱི་སྤྱན། །འགྲོ་བའི་དོན་དུ་དབྱེ་བར་བགྱི། །ཨོཾ་ཙཀྱུ་ཙཀྱུ་བྷི་ཤྭ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲ་ཤིས་ཀྱང་གྱེར་བར་བྱའོ། །དེ་ནས་རྣ་བྲུ་ཐོགས་ནས། འགྲོ་རྣམས་ཐོས་པས་ཕོངས་གྱུར་པས། །རྒྱལ་བས་ཆོས་ཀྱི་རྔ་བརྡུང་ལྟར། །དེ་བཞིན་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་སྙན་འདི་དབྱེ་བར་བགྱི། །ཨོཾ་བྱི་ཏ་ཀ་ར་ན་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲ་ཤིས་ཀྱང་གྱེར་རོ། །དེ་ནས་ཚེར་བཟུང་ཐོགས་ནས། ཟག་བཅས་ཕུང་པོ་དྲི་མ་སྤངས་པ་ཡི། །རྣམ་པར་དག་པའི་དྲི་བསྐྱེད་ལྟར། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་ཤངས་འདི་དབྱེ་བར་བགྱི། །ཨོཾ་དི་བྱ་ཧ་ནེ་ཡེ་སྭཱ་ཧཱ། ཞེས་བཀྲ་ཤིས། དེ་ནས་ལྕེ་གཞར་ཐོགས་ནས། ཟག་བཅས་ཆོས་ཀྱི་རོ་མྱོང་བས། །འགྲོ་བ་ཐམས་ཅད་ཚིམ་མཛད་ལྟར། །རོ་མཆོག་ལྡན་པར་བྱ་བའི་ཕྱིར། །རྒྱལ་བའི་ཞལ་འདི་དབྱེ་བར་བགྱི། །ཨོཾ་དེ་བྱ་མུ་ཁ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང༌། རིགས་ལྔའི་ན་བཟའ་ཁ་དོག་ལྔ་ཐོགས་ནས། སྐུ་ཡི་དབང་པོ་རྣམ་དག་པ། །རེག་བྱ་བདེ་བ་འཐོབ་བྱའི་ཕྱིར། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། སྐུ་ཡི་དྲི་མ་བསལ་བར་བགྱི། །ཞེས་བརྗོད་ཅིང་དེ་ནས༌། རྡོ་རྗེ་ཐུགས་ཀར་བཟུང་ནས། ཐུགས་ཀྱི་དབང་པོ་རྣམ་དག་པ། །ཆོས་རྣམས་ཐམས་ཅད་མཁྱེན་པའི་ཕྱིར། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །ཐུགས་ཀྱི་དབང་པོ་དབྱེ་བར་བགྱི། །ཅེས་བརྗོད་ཅིང༌། བཀྲ་ཤིས། དེ་ལྟར་དབང་པོ་དྲུག་ཕྱེ་ན་ཡང༌། མཆོད་པ་གཅིག་འབུལ་བར་བྱའོ། །དེ་ནས་སྤུ་གྲི་ཐོགས་ནས། སྤྲུལ་པའི་སྐུ་རྣམས་ལ་སྐྲ་གཞར་བའི་ཚུལ་བྱས་ཏེ། ཇི་ལྟར་རང་བྱུང་མཆོད་རྟེན་དུ། །སྟོན་པས་ཁྱིམ་པའི་རྟགས་སྤངས་བཞིན། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །ཁྱིམ་པའི་རྟགས་རྣམས་སྤང་བར་བགྱི། །ཞེས་བརྗོད་ཅིང་བཀྲ་ཤིས་ཀྱང་གྱེར་བར་བྱ་སྟེ། དེ་ནས་སྤྲུལ་པའི་སྐུ་ལ་མཁོ་བའི་ཡོ་བྱད་འབུལ་བར་བྱ་སྟེ། སྣམ་སྦྱར་དང༌། བླ་གོས་དང༌། ཤམ་ཐབས་དང༌། འདིང་བ་རྣམས་བཟུང་ནས། ཇི་ལྟར་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས༌། །རྒྱལ་བའི་སྐུ་ལ་ན་བཟའ་གསོལ་བ་ལྟར། །དེ་བཞིན་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །ངོ་ཚ་ཁྲེལ་ཡོད་གོས་མཆོག་འབུལ་བར་བགྱི། །ཨོཾ་དེ་བྱ་ཝསྟྲ་ན་སྭཱ་ཧཱ། བཀྲ་ཤིས་གྱེར་བར་བྱའོ། །དེ་ནས་ལྷུང་བཟེད་དང་ཆུ་ཚགས་ཐོགས་པས། ཇི་ལྟར་སྔོན་གྱི་རྒྱལ་ཆེན་བཞི་པོ་ཡིས། །བདེ་བར་གཤེགས་ལ་ལྷུང་བཟེད་ཕུལ་བ་ལྟར། །འགྲོ་བ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །བདག་གིས་ལྷུང་བཟེད་ཆུ་ཚགས་འབུལ་བར་བགྱི། །ཨོཾ་ཨུ་པ་ཡོ་ག་ས་པ་རི་ཝཱ་ར་ཡེ་སྭཱ་ཧཱ། ཞེས་བརྗོད། དེ་ནས་ལོངས་སྐུ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཁོ་བའི་ཡོ་བྱད་འབུལ་བ་ལ། ཁ་དོག་སྣ་བདུན་གྱི་ན་བཟའ་དང༌། སྐུ་རེག་བཟུང་ནས། ཡན་ལག་རྣམ་པ་ལྔ་དང་ལྡན་པ་ཡི། །སྲབ་ལ་འཇམ་ཞིང་ཡང་པ་ལྷ་ཡི་གོས། །ཚ་གྲང་མི་མཛེས་སྐྱོན་རྣམས་སྤང་བའི་ཕྱིར། །ངོ་ཚ་ཁྲེལ་ཡོད་གོས་མཆོག་འབུལ་བར་བགྱི། །ཨོཾ་སྤརྴེ་པུ་ཛ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲ་ཤིས། དེ་ནས་དབུ་རྒྱན་དང༌། ཅོད་པན་དང༌། རྣ་རྒྱན་དང༌། དཔུང་རྒྱན་དང༌། ཕྱག་གདུབ་དང༌། རྐང་གདུབ་དང༌། མགུལ་རྒྱན་དང༌། སེ་མོ་དོ་དང༌། དོ་ཤལ་དང༌། སྐུ་རགས་དང༌། སྟོད་གཡོགས་དང༌། སྨད་གཡོགས་དང་བཅས་པ་བཟུང་ནས། དབུ་རྒྱན་སྙན་རྒྱན་སེ་མོ་དོ། །དོ་ཤལ་དཔུང་རྒྱན་ལ་སོགས་པའི། །སེམས་ཅན་དོན་ལ་རབ་བརྩོན་པའི། །མགོན་པོ་རྣམས་ཀྱིས་བཞེས་སུ་གསོལ། །ཅེས་དང༌། བཀྲ་ཤིས། དེ་ནས་སོ་མང་དང༌། ཁབ་དང༌། སྨྱུག་གུ་དང༌། གྲི་དང༌། སྤུ་གྲི་དང༌། སག་རྡར་དང༌། ཁྱེ་བོ་རྣམས་བཟུང་ལ། འགྲོ་བ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་བསླབ་པར་བྱ། །ཇི་ལྟར་ཐུགས་དམ་རྒྱ་ཆེན་བཞེངས་པ་བཞིན། །མཁོ་བའི་ཡོ་བྱད་རྣམས་ནི་འབུལ་བར་བགྱི། །ཨོཾ་ཨུ་པཱ་ཡོ་ག་པཱ་རི་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང༌། བཀྲ་ཤིས། དེ་ནས་སྔགས་དང་ཁྲོ་བོའི་སྐུ་གཟུགས་ལ་ཡོ་བྱད་འབུལ་བ་ནི། སྟོད་གཡོགས་སྨད་གཡོགས་དང༌། སྟག་ལྤགས་ཀྱི་ཤམ་ཐབས་དང༌། མུན་ཛ་དང༌། ཅོད་པན་དང༌། དབུ་རྒྱན་དང༌། སྐུ་རེག་རྣམས་བཟུང་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། མི་སྡུག་སྐྱོན་རྣམས་ཐམས་ཅད་སྤངས་པ་དང༌། །མཚན་དང་དཔེ་བྱད་གཟི་བརྗིད་རབ་ཏུ་འབར། །འཕགས་པའི་ནོར་གྱིས་ཡོངས་སུ་བརྒྱན་པའི་ཕྱིར། །མཁོ་བའི་ཡོ་བྱད་རྣམས་ནི་འབུལ་བར་བགྱི། །ཞེས་བརྗོད་ཅིང༌། དེ་ནས་ཌཱ་མ་རུ་དང་རྔེའུ་ཆུང་ཐོད་པ་དང༌། ཁཊྭཱྃ་དང༌། དྲིལ་བུ་ཐོད་པ་རྣམས་བཟུང་ནས་འདི་སྐད་བརྗོད་པར་བྱ་སྟེ། བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །འགྲོ་རྣམས་སྐུ་གསུམ་ཉིད་ལ་བཀོད་པའི་ཕྱིར། །བདག་གིས་འཕགས་ཚོགས་མ་ལུས་ཁྱེད་རྣམས་ལ། །མཁོ་བའི་ཡོ་བྱད་རྣམས་ནི་འབུལ་བར་བགྱི། །ཞེས་བརྗོདཅིང༌། དེ་ནས་ཐོད་པ་སྐམ་པོ་ལྔ་དང༌། མི་མགོའི་ཕྲེང་བ་དང༌། རྩེ་གསུམ་དང༌། རལ་གྲི་དང༌། མདའ་གཞུ་ལ་སོགས་པ་བཟུང་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དྲེག་བྱེད་མ་ལུས་ཚོགས་རྣམས་འདུལ་བ་དང༌། །རྣམ་པར་རྟོག་པ་མ་ལུས་སྤོང་བ་དང༌། །བདེ་བ་ཆེན་པོ་མཆོག་ནི་བརྙེས་པའི་ཕྱིར། །མཁོ་བའི་ཡོ་བྱད་རྣམས་ནི་འབུལ་བར་བགྱི། །ཞེས་བརྗོད་ཅིང༌། དེ་ནས་རབ་ཏུ་གནས་པའི་སྐུ་ལ་ཐུན་མོང་དུ་མཆོད་པ་འབུལ་བ་ནི། མེ་ཏོག་བདུག་སྤོས་མར་མེ་དྲི་དང་ནི། །ལྷ་བཤོས་ལ་སོགས་མཆོག་ཏུ་གྱུར་པ་རྣམས། །བདག་གིས་མི་ཕྱེད་དད་པས་འབུལ་ལགས་ཀྱིས། །འགྲོ་བའི་དོན་ཕྱིར་ཅི་བདེར་བཞེས་སུ་གསོལ། །ཅེས་བརྗོད་ཅིང༌། དེ་ནས་ཐུན་མོང་དུ་འདོད་ཡོན་ལྔ་ཡི་མཆོད་པ་འབུལ་བ་ནི། མེ་ལོང་བཟུང་ལ། ཕྱོགས་དུས་ཀུན་ལ་གཟུགས་མཆོག་ཅི་མཆིས་པ། །ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད་ཅིང་བཀྲ་ཤིས་ཀྱང་གྱེར་རོ། །དེ་ནས་དྲིལ་བུ་བསིལ་ཞིང་རོལ་མོ་རྣམས་བསྒྲག་ལ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། ཤབྡ། ཅེས་བརྗོད་ཅིང་བཀྲ་ཤིས༴ དེ་ནས་དྲི་བཟང་པོའི་ཆུས་བྱུགས་ནས། དྲི་ཡི་མཆོད་པ་འབུལ་བ་ནི། ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང༌། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། གྷནྡྷེ། ཞེས་བརྗོད་ཅིང་བཀྲ་ཤིས། དེ་ནས་ཞལ་ཟས་བཟུང་ནས་རོ་ཡི་མཆོད་པ་འབུལ་བ་ནི། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། རཱ་ས་པཱུ་ཛ། དེ་ནས་ན་བཟའ་བཟུང་ནས། རེག་བྱའི་མཆོད་པ་འབུལ་བ་ནི། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་ཀུན། །མོས་བློས་མཆོད་གནས་རྣམས་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྤརྴེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། །ཞེས་བརྗོད་ཅིང་བཀྲ་ཤིས། དེ་ནས་ཐུན་མོང་རིན་པོ་ཆེ་སྣ་བདུན་འབུལ་བ་ནི། འཁོར་ལོ་འབུལ་བ་ནི། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་འབུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། །ཞེས་བརྗོད། དེ་ནས་ནོར་བུ་རིན་པོ་ཆེ་འབུལ་བ་ནི། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །དབུལ་ཞིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་འཚོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། །ཞེས་བརྗོད། དེ་ནས་བཙུན་མོ་རིན་པོ་ཆེ་འབུལ་བ་ནི། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ཤོག །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་བི་ཏི་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། །ཞེས་བརྗོད། དེ་ནས་བློན་པོ་རིན་ཆེན་འབུལ་བ་ནི། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་པར་ལྡན། །བསམ་པ་བརྟན་པོའི་རབ་འབྱེས་ཤིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད། དེ་ནས་གླང་པོ་རིན་ཆེན་འབུལ་བ་ནི། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ཏེ། །བླ་མེད་ཐེག་པ་རབ་ཞོན་ནས། །ཐམས་ཅད་མཁྱེན་དྲུང་བགྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧ་ས་ཏི་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་དང༌། དེ་ནས་རྟ་མཆོག་རིན་ཆེན་འབུལ་བ་ནི། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ཡོངས་སྒྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཤྭ་ཏ་ར་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་དང༌། དེ་ནས་དམག་དཔོན་རིན་ཆེན་འབུལ་བ་ནི། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེམ་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁཏྒ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད། བཀྲ་ཤིས་ཀྱང་གྱེར་རོ། །དེ་ནས་ཐུན་མོང་དུ་བཀྲ་ཤིས་རྟགས་བརྒྱད་འབུལ་བ་ལ། བཀྲ་ཤིས་ཀྱི་གདུགས་འབུལ་བ་ལ། བཀྲ་ཤིས་གདུགས་མཆོག་འདི་ཕུལ་བས། །ལྷ་མིའི་སྟོན་པ་ཉིད་གྱུར་ཅིང༌། །གཙུག་ཏོར་བལྟ་བས་མི་ངོམས་པའི། །བཀྲ་ཤིས་དེས་ཀྱང་འགྲུབ་གྱུར་ཅིག །ཨོཾ་ཏ་ཙི་ན་ཏ་ཙི་ནི་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད། དེ་ནས་བཀྲ་ཤིས་གསེར་ཉ་འབུལ་བ་ནི། བཀྲ་ཤིས་གསེར་ཉ་འདི་ཕུལ་བས། །ཤེས་རབ་མ་ལུས་གཟིགས་པ་དང༌། །སྤྱན་ནི་མཐོན་མཐིང་ལྟར་གྱུར་པའི། །བཀྲ་ཤིས་དེས་ཀྱང་འགྲུབ་གྱུར་ཅིག །ཨོཾ་པྲ་ས་ཀ་རི་པྲ་ས་ཀ་རི་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད། དེ་ནས་བཀྲ་ཤིས་པདྨ་འབུལ་བ་ནི། བཀྲ་ཤིས་པདྨ་འདི་ཕུལ་བས། །འཁོར་བའི་སྐྱོན་གྱིས་མ་གོས་ཤིང༌། །ལྗགས་ནི་པདྨ་ལྟར་གྲུབ་པའི། །བཀྲ་ཤིས་དེས་ཀྱང་འགྲུབ་གྱུར་ཅིག །ཨོཾ་མ་ཧཱ་པདྨ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད། དེ་ནས་བཀྲ་ཤིས་ཀྱི་དུང་འབུལ་བ་ནི། བཀྲ་ཤིས་ཆོས་དུང་འདི་ཕུལ་བས། །གསུང་དབྱངས་ཡན་ལག་དྲུག་ཅུ་དང༌། །ངག་གི་དབང་ཕྱུག་ཉིད་གྱུར་པའི། །བཀྲ་ཤིས་དེས་ཀྱང་འགྲུབ་གྱུར་ཅིག །ཨོཾ་མ་ཎི་པད་ཏོ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད། དེ་ནས་བཀྲ་ཤིས་བུམ་པ་འབུལ་བ་ནི། བཀྲ་ཤིས་བུམ་པ་འདི་ཕུལ་བས། །འདོད་རྒུ་འབྱུང་བའི་གཏེར་གྱུར་པ། །བུམ་པ་བཟང་པོ་ལྟར་འགྲུབ་པའི། །བཀྲ་ཤིས་དེས་ཀྱང་འགྲུབ་གྱུར་ཅིག །ཨོཾ་ཀ་ལ་ཤང་དུ་ཛ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད། དེ་ནས་བཀྲ་ཤིས་ཀྱི་དཔལ་བེའུ་འབུལ་བ་ནི། བཀྲ་ཤིས་དཔལ་བེའུ་འདི་ཕུལ་བས། །སྤྲོས་བྲལ་ངང་ལས་མ་གཡོས་ཀྱང༌། །ཐུགས་རྗེས་འགྲོ་དོན་མཛད་གྱུར་པའི། །བཀྲ་ཤིས་དེས་ཀྱང་འགྲུབ་གྱུར་ཅིག །ཨོཾ་བི་མ་ལེ་པྲ་ཀ་ར་མ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད། དེ་ནས་བཀྲ་ཤིས་ཀྱི་རྒྱལ་མཚན་འབུལ་བ་ནི། བཀྲ་ཤིས་རྒྱལ་མཚན་འདི་ཕུལ་བས། །མཚན་དང་དཔེ་བྱད་འབར་བ་ཡི། །སྐྱེས་བུ་ཆེན་པོའི་སྐུ་མཆོག་དེ། །བཀྲ་ཤིས་དེས་ཀྱང་འགྲུབ་གྱུར་ཅིག །ཨོཾ་དྷ་ཝ་ཛ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད། དེ་ནས་བཀྲ་ཤིས་འཁོར་ལོ་བཟུང་ནས་འབུལ་བ་ནི། བཀྲ་ཤིས་འཁོར་ལོ་འདི་ཕུལ་བས། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་ཅིང༌། །ཕྱག་ཞབས་འཁོར་ལོས་མཚན་པ་ཡི། །བཀྲ་ཤིས་དེས་ཀྱང་འགྲུབ་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད་བཀྲ་ཤིས། དེ་ནས་བཀྲ་ཤིས་རྫས་བརྒྱད་ལ་དང་པོ་མེ་ལོང་བཟུང་ནས། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། །ཡེ་ཤེས་ཆེན་པོ་མཆོག་ཏུ་དག་གྱུར་ཅིང༌། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །ཅེས་བརྗོད། དེ་ནས་གྷཱི་ཝཾ་བཟུང་ནས། གྷཱི་ཝཾ་དུག་གསུམ་འཇོམས་པ་སྨན་གྱི་གཙོ། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག །ཅེས་དང༌། དེ་ནས་ཞོ་བཟུང་ནས། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་ལེགས་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །ཅེས་དང༌། དེ་ནས་དཱུར་བ་བཟུང་ནས། དཱུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཆོས་ནི་རབ་བསྒྲུབ་ནས། །ཉོན་མོངས་སྐྱེ་ཤིའི་རྒྱུན་བཅད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་གཡང་འཕེལ་གྱུར་ཅིག །ཅེས་དང༌། དེ་ནས་སྟ་རྒ་བཟུང་ནས། བིལ་བ་རྒྱུ་རྐྱེན་འབྲས་བུར་གྱུར་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་ཀུན་འགྲུབ་ཤོག །ཅེས་བརྗོད། དེ་ནས་དུང་བཟུང་ནས་ཚིགས་བཅད་བརྗོད་པར་བྱའོ། །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་བདག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་གི་དབང་ཐོབ་ཤོག །ཅེས་དེ་ནས་ལི་ཁྲི་བཟུང་ནས་ཚིགས་བཅད་བརྗོད་པར་བྱ་སྟེ། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་འདུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་པ་ཡི། །བཀྲ་ཤིས་དེས་ཀྱང་རྒྱལ་སྲིད་བརྟན་གྱུར་ཅིག །ཅེས་བརྗོད། དེ་ནས་ཡུངས་ཀར། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་ཀུན། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བྱེད་ཤོག །ཅེས་བརྗོད། དེ་ནས་གསེར་གྱི་འཁོར་ལོ་ཐོགས་ནས། མཚན་དང་དཔེ་བྱད་ལ་སོགས་དག་པའི་སྐུ། །སྤྲུལ་པའི་འཁོར་ལོ་ཕྱོགས་བཅུར་འགྱེད་པ་ལ། །བདུད་སྡེ་རྣམས་ནི་མི་ཚུགས་བཀྲ་ཤིས་གང༌། །འགྲོ་བའི་རྒྱུད་ལ་འཁོར་ལོའི་བསྒྱུར་བར་ཤོག །ཅེས་དང༌། དེ་ནས་གདུགས་གསེར་གྱི་ཡུ་བ་ཅན་ཐོགས་ནས་ཚིགས་བཅད་བརྗོད། བཀྲ་ཤིས་གདུགས་མཆོག་འདི་ཕུལ་བས། །ལྷ་མིའི་སྟོན་པ་ཉིད་གྱུར་ནས། །གཙུག་ཏོར་བལྟ་བས་མི་ངོམས་པའི། །བཀྲ་ཤིས་དེས་ཀྱང་འགྲུབ་གྱུར་ཅིག །ཅེས་དེ་ནས་མཆོད་པ་ཕུལ་ཟིན་པའི་རྗེས་ལ། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། རྟེན་ཤིང་རྟའི་སྟེང་ལ་གདན་དྲངས་ལ། ཞབས་འོག་ཏུ་མཚོན་གྱི་འཁོར་ལོ་དང༌། དབུ་ལ་གསེར་གདུགས་གསེར་གྱི་ཡུ་བ་ཅན་ཕུབ། ཞལ་ནས་དུང་གཏད། མདུན་དུ་བཤད་པའི་ཆོས་བཞུགས། རབ་ཏུ་བྱུང་བ་རྣམས་སྣམ་སྦྱར་མནབས། བསིལ་བྱེད་བཟུང་ནས་དགེ་འདུན་སེར་ཕྲེང་བྱ། ཡོན་གྱི་བདག་པོ་དང༌། སྐྱེ་བོའི་ཚོགས་ཀྱིས་དར་ཕྱར་དུང་འབུད། སྐྱེས་བུའི་ཚོགས་མང་པོའི་སྣ་དྲངས་ནས། ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར་བ་ནི། ཡོན་གྱི་བདག་པོས་སྤོས་ཐོགས་ལ། རབ་གནས་མཁན་པོ་དང༌། ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། དང་པོ་དབུས་སུ་བསྐོར། དེ་ནས་ཤར་ནས་རིམ་པ་བཞིན་དུའོ། །གཙོ་བོའི་ཚིགས་བཅད་འདོན་པ་ནི། ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སྐྱོབ་པ་ཆོས་ཀྱི་འཁོར་ལོ་བསྐོར། །ཤར་རྡོ་རྗེ་ཆོས་ཀྱི་འཁོར་ལོ་བསྐོར། །ལྷོ་རིན་ཆེན་ཆོས་ཀྱི་འཁོར་ལོ་བསྐོར། །ནུབ་པདྨ་ཆོས་ཀྱི་འཁོར་ལོ་བསྐོར། །བྱང་ལས་ཀྱི་ཆོས་ཀྱིི་འཁོར་ལོ་བསྐོར། །དེ་ནས་ཚིགས་བཅད་གོང་མ་བརྗོད་ཅིང་བསྐོར། དེ་ནས་ནང་དུ་གདན་ལ་ལེགས་པར་བཞུགས་ལ། མཎྜལ་དང་ནས་བཟུང་ལ་མཆོད་པ་རིམ་པ་གཅིག་འབུལ་བར་བྱའོ། །དེ་ནས་བརྟན་པར་བཞུགས་སུ་གསོལ་བ་ནི། ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གི་བསྐལ་པས་འཇིགས་བར་དུ། །ཇི་སྲིད་སེམས་ཅན་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །ཅེས་བརྗོད། དེ་ནས་རྟེན་རེ་རེ་ནས་ཡོན་བདག་གིས་མེ་ཏོག་གི་ཕྲེང་བ་བསྐོར་ཅིང་བརྒྱན་པའི་ཚེ། དཔོན་སློབ་རྣམས་ཀྱིས་བཀྲ་ཤིས་ཀྱང་གྱེར་བར་བྱའོ། །དེ་ནས་ཡོན་བདག་དང་སློབ་དཔོན་གྱིས་སྐུའི་གདན་ཁྲི་ནས་བཟུང་ནས་རྟེན་གཏད་པ་ནི། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཁྱོད། །འགྲོ་བ་སེམས་ཅན་དོན་སླད་དུ། །སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ནས། །ཁྱོད་ཀྱིས་བདག་ལ་གསོལ་བ་ཐོབ། །བདག་ཀྱང་ཡོན་བདག་ཚོགས་རྫོགས་ཕྱིར། །རྒྱུད་ནས་ཇི་ལྟར་གསུངས་པ་བཞིན། །རབ་ཏུ་གནས་པའི་ཆོ་ག་རྣམས། །བདག་གིས་མ་ལུས་རྫོགས་པར་བགྱིས། །འདྲེན་པ་རྐང་གཉིས་གཙོར་གྱུར་པའི། །སངས་རྒྱས་དངོས་དང་འདྲ་བར་གྱིས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཁྱོད། །རྟེན་མཆོག་བཟང་པོ་འདི་བཞེངས་ལ། །མ་འོངས་བསྐལ་པའི་བར་དུ་ནི། །རྟག་པར་མཆོད་ཅིང་སྐྱབས་གནས་མཛོད། །ནམ་ཡང་སྤང་བར་མི་བྱ་ཞིང༌། །རྒྱུན་དུ་གསོལ་བ་བཏབ་གྱུར་ན། །སྡིག་སྒྲིབ་ཐམས་ཅད་སྦྱང་བ་དང༌། །བར་ཆད་ཐམས་ཅད་ཞི་གྱུར་ནས། །འདོད་པ་ཡིད་བཞིན་འགྲུབ་གྱུར་ཞིང༌། །བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །ཨོཾ་ས་མ་ཡ་སྟྭྃ། ས་མ་ཡ་སྟྭྃ། ཞེས་བརྗོད་ཅིང༌། བཀྲ་ཤིས་ཀྱང་གྱེར་བར་བྱའོ། །དེ་ནས་ཆོས་སྐྱོང་མངའ་གསོལ་བ་ནི། སློབ་དཔོན་རྣམས་ཆོས་སྐྱོང་གི་མདུན་དུ་སོང་ནས། གཏོར་མ་བསྔོ་ཞིང་གྱེར་བསྐུལ་བྱས་ལ། མཆོད་པ་ཕུལ་ནས། ཆོས་སྐྱོང་ལ་མཁོ་བའི་ཡོ་བྱད། དབུ་ལ་རྨོག་དང༌། གོ་ཁྲབ་དང༌། མདའ་གཞུ་དང༌། རལ་གྲི་དང༌། མདུང་དང༌། གོས་དང༌། མུན་ཛ་དང༌། ཌཱ་མ་རུ་དང༌། མགོན་པོའི་ཕྲེང་བ་དང༌། ཕྱག་མཚན་རྣམས་བཟུང་ནས། རྒྱལ་བའི་སྤྱན་སྔར་དམ་བཅའ་ཆེན་པོ་ཅན། །བསྟན་པ་སྲུང་བར་ཞལ་གྱིས་བཞེས་པ་ཡི། །ཆོས་སྐྱོང་སྲུང་མ་དམ་ཚིག་ཅན་རྣམས་ལ། །མཁོ་བའི་ཡོ་བྱད་རྣམས་ནི་འབུལ་བར་བགྱི། །ཇི་ལྟར་ཁས་བླངས་དམ་བཅས་དྲན་མཛོད་ལ། །རྟེན་མཆོག་འདི་ལ་རྒྱུན་དུ་གནས་པར་མཛོད། །བསྟན་ལ་སྡང་བའི་དགྲ་དང་བགེགས་རྣམས་ཀུན། །རྡུལ་དུ་བརླག་ཅིང་བསྟན་པ་སྐྱོང་བར་མཛོད། །ཡོན་གྱི་བདག་པོ་འཁོར་དང་བཅས་པ་དང༌། །ཆོས་བཞིན་སྒྲུབ་པའི་རྣལ་འབྱོར་ཚོགས་རྣམས་ཀྱི། །ནད་དང་གདོན་དང་བགེགས་དང་བར་གཅོད་རྣམས། །མཐའ་དག་བཟློག་ཅིང་རྟག་པར་བསྲུང་དུ་གསོལ། །ཅེས་བརྗོད་ཅིང༌། བཀྲ་ཤིས། དེ་ནས་ཆོས་སྐྱོང་ལ་ཆོས་སྲུང་བསྐུལ་བ་ནི། འགྲོ་བ་སེམས་ཅན་དོན་སླད་དུ། །བདེ་གཤེགས་རྣམས་ནི་བཞུགས་ཀྱི་བར། །བདག་དང་གཞན་གྱི་དོན་གྱི་ཕྱིར། །སྤྲུལ་པའི་གཟུགས་བརྙན་བསྲུང་བར་མཛོད། །ཅེས་བརྗོད། དེ་ནས་ཙ་རུའི་འོ་ཐུག་བསྐོལ་ཏེ། དཀོན་མཆོག་གསུམ་ལ་འབུལ་བ་ནི། ཇི་ལྟར་འགྲོ་བའི་བུ་མོ་ལེགས་སྐྱེས་ཀྱིས། །རྫོགས་སངས་རྒྱས་ལ་འོ་ཐུག་ཕུལ་བ་ལྟར། །བདག་གིས་བཀྲ་ཤིས་འོ་ཐུག་འདི་ཕུལ་བས། །ས་སྟེང་བཞུགས་ཀྱི་བར་དུ་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་བཀྲ་ཤིས། དེ་ནས་ཆོས་སྐྱོང་རྣམས་ལ་ཙ་རུ་འབུལ་བ་ནི། བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི་ཚེ། །ཆོས་སྐྱོང་རྣམས་ལ་ཙ་རུའི་སྟོན་མོ་འབུལ། །ཆོས་ཀྱི་ལོངས་སྤྱོད་རྟག་ཏུ་སྤེལ་བ་དང༌། །གཙུག་ལག་ཁང་འདི་མི་འབྲལ་བསྲུང་བར་མཛོད། །ཅེས་དང༌། དེ་ནས་སྒྲུབ་པ་པོ་དཀོན་མཆོག་གསུམ་ལ་ཕུལ་བའི་འོ་ཐུག་བླངས་ནས། ཡོན་བདག་ལ་གཏད་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ལྷག་མ་འདི། །ཟོས་ན་སྡིག་པ་འབྱང་ཞིང་བཀྲ་ཤིས་ལ། །ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་མཛད་པ། །ཁྱོད་ཀྱིས་འོ་ཐུག་བཞེས་ལ་གསོལ་བར་མཛོད། །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པས་ན། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཀུན་གྱིས་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །ཉི་ཟླ་སྒྲ་གཅན་འཛིན་ལས་ཐར་བ་ལྟར། །ཡོན་བདག་འཁོར་དང་བཅས་པ་རྣམས་ལ་ནི། །ནད་དང་རིམས་དང་འགོས་ནད་ཐམས་ཅད་ལས། །ཐར་ཞིང་བདེ་བ་ཕུན་སུམ་ཚོགས་པར་ཤོག །ཅེས་བརྗོད་ཅིང༌། བཀྲ་ཤིས། དེ་ལྟར་རབ་གནས་རྫོགས་པའི་དུས་སུ། ཡང་གཞི་ནས་མཆོད་པ་བཤམས་ལ། སྐུ་ཁྲུས་གསོལ་ཞིང༌། མཎྜལ་བཀྲམ་པ་དང༌། མཆོད་པ་འགྲིམས་ལ་གཤེགས་འདོན། དཔོན་སློབ་རྣམས་གྲལ་རིམ་བཞིན་བསྡད་ནས། གཏང་རག་གི་མཆོད་པ་རྒྱ་ཆེན་པོ་འབུལ་བར་བྱའོ། །དེ་ནས་བཟོད་པར་གསོལ་བའི་ཚིགས་བཅད་བརྗོད་པར་བྱ་སྟེ། གང་ཡང་བདག་བློ་གཏི་མུག་པས། །མ་རིག་ཅུང་ཟད་གང་བགྱིས་པ། །ལུས་ཅན་རྣམས་ཀྱི་སྐྱོབ་པ་པོ། །མགོན་པོ་ཁྱེད་རྣམས་བཟོད་པར་གསོལ། །གཙོ་བོ་ནུས་པ་མ་མཆིས་ཤིང༌། །མ་ཚང་བ་དང་མ་རྙེད་པ། །འདིར་ནི་ནོངས་བགྱིས་གང་ལགས་པ། །མགོན་པོ་ཁྱེད་རྣམས་བཟོད་པར་གསོལ། །དེ་ནས་དགེ་བའི་རྩ་བ་བསྔོ་བའི་ཚིགས་བཅད་བརྗོད་པར་བྱ་ཞིང༌། སངས་རྒྱས་ཆོས་དང་ཚོགས་རྣམས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་གི་དགེ་བའི་རྩ་བ་འདིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་ནས་སྨོན་ལམ་གདབ་པ་ནི། སེམས་ཅན་ཐམས་ཅད་སྡིག་མེད་ཅིང༌། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རང་རང་ཉིད་ལ་གྲོལ་བ་ཡི། །སངས་རྒྱས་ཉིད་དང་འཕྲད་པར་ཤོག །དེ་ནས་དཀྱིལ་འཁོར་ནང་གི་ཡེ་ཤེས་པ་གཤེགས་སུ་གསོལ་བ་ནི། ཀུན་ཏུ་ཞི་དང་རྒྱས་པ་ནི། །ཡོན་བདག་ཆེ་ལ་རབ་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་སེམས་ཅན་དོན་ལ་བྱོན། །དེ་ནས་བུམ་པ་རྣམས་བསྡུས་ནས། བུམ་ཆུ་དེས་ཡོན་བདག་འཁོར་དང་བཅས་པ་རྣམས་ལ་ཁྲུས་བྱའོ། །དེ་ནས་བཀྲ་ཤིས་པའི་རྫས་བིལ་ཝ། སྟ་རྒ། སིལ་འབྲས་སྣ་ཚོགས་དང༌། ཕྱེ་མར་དང༌། ཟས་སྣ་ཚོགས་ཀྱིས་ལྷ་དང་མི་རྣམས་ལ་མཆོད་པར་བྱའོ། །དེ་ནས་སྐབས་འདིར་རྟེན་ལ་མཆོད་པ་དང༌། གཏོར་མ་རྒྱ་ཆེན་པོ་འབུལ་ལོ། །རྣལ་འབྱོར་པ་ཚོགས་ཀྱི་མཆོད་པ་དང༌། རབ་ཏུ་བྱུང་བ་ལ་ཆོས་སྟོན་དྲངས། སྐྱེ་བོ་རྣམས་ལ་ཟས་ཀྱིས་ཚིམ་པར་བྱའོ། །རབ་ཏུ་གནས་པར་བྱས་པའི་སློབ་དཔོན་ལ། རིན་པོ་ཆེ་གསེར་དང༌། དངུལ་དང༌། རྟ་དང་གླང་པོ་ཆེ་དང༌། འབུལ་བ་རྒྱ་ཆེན་པོ་བྱས་ལ། དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་བཏབ། དེར་འཚོགས་པ་ཐམས་ཅད་ཀྱིས་བཀྲ་ཤིས་བརྗོད་པར་བྱའོ། །བདེ་གཤེགས་སྐུ་གཟུགས་རབ་གནས་ཆོ་ག་འདི། །བླ་མ་རྣམས་ཀྱིས་གསུངས་པའི་ཞལ་གདམས་རྣམས། །བདག་གིས་རིམ་པ་ལེགས་པར་བྲིས་པ་ལ། །བླ་མ་མི་མཉེས་གྱུར་པ་བཟོད་པར་གསོལ། །སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཐམས་ཅད་ལ། །རབ་གནས་ཆོ་ག་བྲིས་པའི་དགེ་བ་དང༌། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་འདིས། །བདག་དང་འགྲོ་རྣམས་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་མཐུན་པའི་བྱིན་རླབས་དང༌། །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་ཡིན་ཏེ། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། །བདག་གིས་སྨོན་ལམ་བཏབ་པ་འགྲུབ་པར་ཤོག །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་དང༌། །རྩ་བའི་བླ་མའི་བྱིན་རླབས་བཀྲ་ཤིས་དང༌། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་རྟོགས་པ་ཡི། །བརྩེ་བ་གྲུབ་པའི་བླ་མའི་བཀྲ་ཤིས་ཤོག །སྐུ་ལྔ་ལྷུན་གྲུབ་སངས་རྒྱས་བཀྲ་ཤིས་དང༌། །གསུང་དབྱངས་དྲུག་ཅུ་ཆོས་ཀྱི་བཀྲ་ཤིས་དང༌། །ས་ལམ་གནས་པའི་དགེ་འདུན་བཀྲ་ཤིས་ཀྱིས། །རྟེན་རྣམས་མཆོག་ཏུ་གྱུར་པའི་བཀྲ་ཤིས་ཤོག །རྟེན་བཞེངས་མཆོད་ཅིང་རབ་གནས་བྱས་པ་ཡིས། །ཡོན་བདག་ལ་སོགས་མཐའ་ཡས་སེམས་ཅན་རྣམས། །གཞི་དང་ལམ་དུ་ཚོགས་གཉིས་རྫོགས་པ་དང༌། །འབྲས་བུ་སྐུ་གསུམ་ཐོབ་པའི་བཀྲ་ཤིས་ཤོག །རབ་ཏུ་གནས་པའི་ཆོ་ག ༧ བཀྲ་ཤིས་རིན་ཆེན་འོད་ཅེས་བགྱི་བ་རས་པས་ལེགས་པར་བཀོད་པ་རྫོགས་སོ། །དགེའོ།། །།

རབ་གནས་ཀྱི་བཀྲ་ཤིས་སྟ་གོན་གྱི་ཆོ་ག

༈ རབ་གནས་ཀྱི་བཀྲ་ཤིས་སྟ་གོན་གྱི་ཆོ་ག་བཞུགས། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་རྟེན་དག་ལ། །རབ་ཏུ་གནས་པར་བྱེད་པ་འདི། །ཐེག་ཆེན་གསང་སྔགས་ནང་ནས་ནི། །ཕྲིན་ལས་དཀའ་ཤོས་ཡིན་ཞེས་གསུངས། །གཟབ་ལ་ཞལ་གདམས་འདི་ལྟར་བྱ། །མཆོད་རྟེན་ཚད་དང་ལྡན་པ་ལ། །ག་པུར་ལ་སོགས་དྲི་བྱུགས་ལ། །ཉི་མ་དག་ལ་ལེགས་པར་སྐམ། །ཟངས་ཞབས་གནོད་སྦྱིན་ཡི་གེ་རུ། བྲིས་ལ་ལེགས་པར་བརྐོ་བར་བྱ། །མཆོད་རྣམས་སྣ་ཚོགས་གཏིང་བ་རུ། སརྦ་བིད་སོགས་རྟེན་འབྲེལ་གཞུག རིང་བསྲེལ་ལ་སོགས་དྲིར་བཅས་ཏེ། །དར་ཟབ་དག་གིས་དྲིལ་བར་བྱ། །གྲུབ་ནས་དེ་བཞིན་བྱང་ཆུབ་སེམས། །ཉན་ཐོས་རང་རྒྱལ་ལྷ་མོ་དང༌། །འཇིག་རྟེན་པ་ཡི་གཟུགས་དག་དང༌། །གསང་སྔགས་ཕར་ཕྱིན་མདོ་སྡེ་དང༌། །མཆོད་རྟེན་ལྷ་ཆུང་ལེགས་པར་གཞུག །འཁོར་ལོ་དབུ་ཞབས་མ་ལོག་པར། །ཕོ་ཡི་གཡས་ལ་མོ་ཡི་གཡོན། །ལེགས་པར་གཞུག་ཅེས་དེ་སྐད་གསུངས། །དར་དང་ཐིག་ལེའི་དྲི་དག་དང༌། །སྐུ་ཁྲུས་དྲི་དང་མེ་ཏོག་དང༌། །གསོལ་བ་འདེབས་པའི་གནས་རྣམས་ནི། །རང་གི་གཡས་ཕྱོགས་དག་ཏུ་བཞག །གཞི་སོགས་རྟེན་འབྲེལ་བཟླས་པ་ཞུ། །གཏོར་མ་གཉིས་ཀྱང་བཤམ་པར་བྱ། །ཐོག་མར་མགོན་པོ་ལྕམ་དྲལ་ལ། །ཕུལ་ལ་གསོལ་བ་གདབ་པར་བྱ། །གཉིས་པ་གནོད་བྱེད་བྱིན་ནས་ནི། །རབ་ཏུ་གནས་པར་བྱེད་པ་ལ། །བར་དུ་གཅོད་པར་བྱེད་པ་རྣམས། །རང་རང་གནས་སུ་སོངས་ཞེས་བསྒོ། །བྱང་ཆུབ་སེམས་ཀྱིས་འཕང་ནས་སུ། །ཡི་དམ་ལྷ་ཡི་ང་རྒྱལ་བྱ། །སྐུ་གསུང་ཐུགས་ཀྱིས་བྱིན་རླབས་ནས། །སྒྱུ་མ་ལྟ་བུའི་མོས་པ་བྱ། །མེ་ཏོག་སྙིམ་པར་བླངས་ནས་ནི། །གསོལ་བ་ལན་གསུམ་གདབ་པར་བྱ། །རང་བཞིན་གནས་ནས་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །བྱོན་ནས་རང་གི་རིགས་ལ་ཐིམ། །དེ་ལྟར་བསམ་ཞེས་བླ་མས་གསུངས། །དེ་བས་གཟུགས་ཀྱི་སྟེང་དག་ཏུ། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །སྟེང་དུ་རྟེན་འབྲེལ་མིང་དབྱེར་མེད། །འོད་དང་བཅས་པ་བསམ་པར་བྱ། །དེ་ལས་འོད་འཕྲོས་འོད་ཟེར་གྱི། །གནས་ནས་བཅོམ་ལྡན་རྡོ་རྗེ་ཆོས། །སྐུ་མདོག་དཀར་སེར་ཕྱག་གཡས་ནས། །པདྨ་དཀར་པོ་མགུལ་དང་བཅས། །གཡོན་ན་པདྨ་ཁ་བྱེ་བ། །བསྣམས་པ་ནམ་མཁར་སྤྱན་དྲངས་ལ། །མཆོད་པ་ཕུལ་ཞིང་གསོལ་བ་བཏབ། །ཡི་གེ་བཞི་ཡིས་སྤྱན་དྲངས་ལ། །རྟེན་འབྲེལ་ཐ་མི་དད་པ་ཡི། །གཟུངས་ཀྱི་ཡིག་འབྲུར་གྱུར་པར་བསམ། །ཕ་རོལ་ཕྱིན་པའི་སྟེང་དུ་ཡང༌། །ཟླ་བ་ལ་སོགས་སྔོན་དང་མཐུན། །འོད་ཀྱི་ཡུམ་ཆེན་སྐུ་མདོག་སེར། །སྤྱན་དྲངས་མཆོད་འབུལ་གསོལ་བ་འདེབས། །ཡི་གེ་བཞི་སོགས་སྔ་མ་བཞིན། །ཕ་རོལ་ཕྱིན་པའི་ཡིག་འབྲུར་བསམ། །མདོ་སྟེང་དུ་ཡང་གོང་མ་སྟེ། །འོད་ཀྱིས་སྣང་བ་མཐའ་ཡས་ནི། །སྐུ་མདོག་དམར་པོ་སྤྱན་དྲངས་ལ། །མཆོད་སོགས་སྔ་མ་བཞིན་དུ་བྱ། །མདོ་སྡེའི་ཡིག་འབྲུ་དག་ཏུ་བསམ། །ལྷ་ཆུང་སོ་སོའི་ཐུགས་ཀ་རུ། །སྒོམ་ཐབས་ཡོད་དེ་མི་འགྲུབ་པས། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་གནས་ནས་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་དཔག་མེད་དག །སྤྱན་དྲངས་ལྷ་ཆུང་དག་ལ་བསྟིམ། །དེ་ཡིས་སྤྲིན་ལ་སྤྲིན་བཞིན་བསམ། །དེ་ནས་འཁོར་ལོའི་སྟེང་དུ་པྃ་དམར་སེར་གཅིག་བསམ། པྃ་ཞུ་བ་ལས་པདྨ་འདབ་མ་བརྒྱད་པ་གཅིག་ཏུ་བསམ། དེའི་ལྟེ་བ་ལ་ཛཾ་བྷ་ལ་བསམ། འདབ་མའི་ཟླ་བའི་སྟེང་དུ་སོ་སོའི་སྔགས་བསམ་མོ། །སྔགས་དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས་ནས། ཛམ་བྷ་ལ་ལ་སོགས་པའི་ཕོ་དགུ་བསམ། དེ་ཡི་ཐུགས་ཀར་ཨ་ལས་ཟླ་བའི་སྟེང་དུ་སོ་སོའི་སྔགས་བསམ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་ཛཾ་བྷ་ལ་ལ་སོགས་པ་ཕོ་དགུ་སྤྱན་དྲངས་ལ་མདུན་གྱི་ནམ་མཁའ་ལ་བཞུགས། བགེགས་ཀྱི་རྟོག་པ་ཡོད་ན་ཨོཾ་བཛྲ་ཡཀྵ་ཧཱུྃ་ཕཊ྄། ཞེས་པས་བགེགས་བསྐྲད། མཆོད་པ་འབུལ། གསོལ་བ་གདབ། ཡི་གེ་བཞིས་སྤྱན་དྲངས་ལ། སོ་སོའི་ལྷ་རྣམས་ལ་ཐིམ་པར་བསམ། དེ་ཉིད་ཀྱང་ཡིག་འབྲུར་གྱུར་པར་བསམ་རུང༌། དེ་ཡི་བཟླས་པ་གྲུབ་ཚད་བྱ། །མོ་ཡི་འཁོར་ལོའི་སྟེང་དག་ཏུ། །པྃ་སོགས་པདྨ་དག་དང་མཚུངས། །སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། །བྷ་སུ་དྷཱ་ར་ལ་སོགས་པའི། །ཇོ་མོར་བསྒྱུར་ཞིང་སྤྱན་དྲངས་ལ། །སོ་སོའི་སྔགས་ཐིམ་ཇོ་མོར་གྱུར། ཐུགས་ཀར་ཨཱཿསོགས་སྟེང་དག་ཏུ། །སོ་སོའི་སྔགས་ལས་འོད་འཕྲོས་པས། །རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །ནམ་མཁར་དམིགས་ལ་མཆོད་པ་འབུལ། །གསོལ་བ་གདབ་ཅིང་བགེགས་བསྐྲད་བྱ། །ཡི་གེ་བཞི་སོགས་གོང་དང་འདྲ། །མཆོད་རྟེན་ལྷ་ཆུང་ཁྱད་དག་ཏུ། །བཞུགས་ཚད་ཀུན་ལ་བཟླས་པ་ཞུ། །རང་གིས་དྲི་སྤོས་མེ་ཏོག་ལ། །དམིགས་ལ་རྟེན་འབྲེལ་སྐུ་གསུང་ཐུགས། །མང་ཉུང་བརྒྱ་རྩ་བརྒྱད་བཟླས་སོ། །ཛཾ་བྷ་ལ་ཡི་བཟླས་པ་བྱ། །དེ་ཡི་སྔགས་ནི་འདི་ལྟ་སྟེ། ཨོཾ་ཛཾ་བྷ་ལ་ཛ་ལེན་དྲ་ཡེ་བདག་གི་བ་སུ་པུཥྚིཾ་ཀུ་རུ་སྭཱ་ཧཱ། བགེགས་བསྐྲད་གུ་གུལ་བསྲེག་པར་བྱ། །མེ་ཏོག་གཡས་བསྐོར་དག་ཏུ་གཏོར། །ཆོས་ཀྱི་སྐུ་ཉིད་ཐིམ་པར་བསམ། །དྲི་ཡང་དེ་བཞིན་བྱ་བ་ཉིད། །དེ་ནས་མེ་ལོང་གཟུགས་བརྙན་ལ། །སྤྲུལ་སྐུ་དངོས་སུ་བསམ་ནས་ནི། །སྐུ་ཁྲུས་དག་ཀྱང་གསོལ་བར་བྱ། །རང་ཉིད་ཇོ་མོར་ཀྲོང་བསྐྱེད་ཀྱིས། །ཐུགས་ཀར་ཨ་ལས་ཟླ་བའི་སྟེང་དུ། རྃ་ཡིག་ལས་བྱུང་འོད་ཟེར་གྱིས། །བུདྡྷ་སངས་རྒྱས་བྱང་སེམས་དཔག་མེད་པ། །སྤྱན་དྲངས་མཆོད་རྟེན་ནང་སོར་བཞུགས། །རྟེན་འབྲེལ་ཕར་ཕྱིན་བཟོད་པར་བཀའ། །གཙུག་ཏོར་རྣམ་རྒྱལ་ལ་སོགས་པ། །རིམ་པ་བཞིན་དུ་གཞུག་པར་བྱ། །སྐུ་འབག་ལ་སོགས་ལྷ་ཆུང་རྣམས། །རིམ་པ་བཞིན་དུ་གཞུག་པར་བྱ། །ཕར་ཕྱིན་མདོ་སྡེ་འདུལ་བ་དག །རིམ་པ་བཞིན་དུ་གཞུག་པར་བྱ། །ཕར་ཕྱིན་མདོ་སྡེ་འདུལ་བ་རྣམས། །དར་དམར་དག་གིས་ལེགས་པར་དགབ། །དེ་ནས་ཕོ་ཡི་འཁོར་ལོ་དེ། །ལག་པ་གཡོན་པའི་སྟེང་བཞག་ནས། །སྦྲང་རྩི་ཞུན་མར་ཀ་ར་ཡི། །ལ་དུ་བྱས་ལ་སྲིན་ལག་གིས། །ཡིག་འབྲུ་མངོན་ལ་ཐིག་ལེ་བྱ། །གཞན་ཡང་ཁྱད་པར་བྱུགས་པར་བྱ། །མོ་ཡི་འཁོར་ལོ་དེ་དང་མཚུངས། །དབུ་སོགས་སྤྲད་ལ་མདུན་དུ་བཞག །ཤར་ཕྱོགས་གཟེར་ནི་བཏམ་པར་བྱ། །གཞན་དག་ལེགས་པར་སྡོམ་དུ་གཞུག །བྱི་དོར་བྱས་ལ་གྲལ་དུ་བཞུགས། །ཞབས་སྡོམ་ཀྱི་ཆོ་ག་ལེགས་པར་སྦྱར་བ་རྫོགས་སོ། །

རབ་ཏུ་གནས་པ་བྱེད་པ།

༈ རབ་ཏུ་གནས་པ་བྱེད་པ་ལ། །སྟ་གོན་དངོས་གཞི་གཏང་རག་དང༌། གསུམ་གྱིས་རབ་ཏུ་རྟོགས་བྱ་སྟེ། །དགེ་སློང་མཛེས་པའི་མཆོད་གཡོག་གིས། །གཙུག་ལག་ཁང་གི་བྱ་བ་དང༌། །གདུགས་སོགས་དག་གིས་ལེགས་པར་བརྒྱན། །ལྷ་ཡི་བཀོད་པའང་ལེགས་པར་བྱས། །སྤྲུལ་སྐུ་དབུས་ལ་ལོངས་སྐུ་མཐའ། །ཁྲོ་བོ་གཡས་ལ་ཁྲོ་མོ་གཡོན། །ཡོ་སོགས་མེད་པར་ལེགས་པར་བཀྲམས། །ཡི་དམ་ལྷ་ཡི་ང་རྒྱལ་བྱ། །དྲི་ལ་སྔགས་འདི་བཟླས་པ་ནི། །མཎྜལ་དག་ལ་གཏོར་བར་བྱ། །གྲ་བཞིར་ནས་ཀྱིས་སྤུངས་བྱས་ལ། །ས་ལ་དབང་གི་ཚིགས་བཅད་འདོན། །མཎྜལ་ཁྲུ་དོ་ཁྲུ་བཞི་སྟེ། །སྒོ་བཞི་པའང་གཅིག་པའང་རུང༌། །བཛྲ་དྷྲིཀྲ་ལ་སོགས་གཞུང་དང་བསྟུན། །གཡོན་པ་དག་ཀྱང་དེ་ལྟར་བྱ། །དེ་རྗེས་བུམ་པ་ཚད་ལྡན་ཏེ། །རིན་ཆེན་ལྔ་སོགས་རྡོ་རྗེ་དང༌། །བཀྲ་ཤིས་ཤིང་དང་རྨ་བྱའི་སྒྲོ། །མགུལ་བཅིང་བཏུབ་པའི་རས་རྣམས་ནི། །སྣམ་སོགས་སྟེང་དུ་བཞག་པར་བྱ། །ཁྲོ་བཅུ་གང་ཡང་རུང་བ་ཡིས། །བུམ་པའི་བགེགས་དག་བསྐྲད་པར་བྱ། །འདབ་མ་ལྔ་ཡི་མགུལ་ཆིངས་བྱ། །སྐུ་ཁྲུས་གསོལ་བའི་ཆུ་ཡིས་དགང༌། །ཁ་རྒྱན་བུམ་པ་དག་གིས་བརྒྱན། །རྡོ་རྗེ་ཚད་དང་ལྡན་པ་ལ། །འབྲས་སོགས་བཏག་པ་གསེབ་ཏུ་གཞུག །རྨ་བྱའི་སྒྲོ་ཡང་དེ་བཞིན་ནོ། །མཎྜལ་གཡས་པའི་སྟེང་དུ་བཞག །རྣམ་པར་རྒྱལ་བའི་བུམ་པའང། །གོང་མ་དེ་ལྟར་བྱས་ནས་ནི། །མཎྜལ་གཡོན་པའི་སྟེང་དུ་བཞག །བུམ་པ་གཉིས་པོའི་བར་དག་ཏུ། །རིན་ཆེན་སྣོད་ནི་རབ་མཛེས་པ། །ནས་ཀྱིས་བཀང་བའི་མེ་ལོང་དང༌། །དྲི་ཡི་སྡེ་གུ་གུ་གུལ་བཞག །བུམ་གཉིས་མཐའ་མར་ལྷ་བཤོས་དང༌། །དཀར་ཡོལ་ནང་དུ་ཞོ་ཡང་དབུལ། །གསོལ་བ་འདེབས་པའི་མཆོད་པ་དང༌། །གཏོར་མ་གཉིས་ཀྱང་བཤམ་པར་བྱ། །དང་པོ་ཆོས་སྐྱོང་ལྕམ་དྲལ་ལ། །ཕུལ་ལ་གསོལ་བ་གདབ་པར་བྱ། །དེ་འོག་གཞི་ལ་གནས་པ་ལ། །བྱིན་ལ་ངག་གིས་བསྒོ་བར་བྱ། །དེ་རྗེས་ཚོགས་པ་ཐམས་ཅད་ལ། །རབ་ཏུ་གནས་པའི་ཕན་ཡོན་སོགས། །གདམས་ངག་དག་ཀྱང་བརྗོད་པར་བྱ། །ཀུན་ལ་རྟེན་འབྲེལ་བཟླས་པ་ཞུ། །རྣལ་འབྱོར་པ་ནི་ཤར་བལྟས་ཏེ། །རྟེན་འབྲེལ་བུམ་པའི་གཟུངས་ཐག་ནི། །བསྡམས་ལ་སྡད་ལ་སྲིན་ལག་སྲེས། །ཡི་དམ་ལྷ་ཡི་ང་རྒྱལ་བྱ། །རྟེན་ལ་དམིགས་ལ་རྟེན་འབྲེལ་གྱི། །བཟླས་པ་ཅི་ཙམ་གྲུབ་གྲུབ་བྱ། །བྱང་ཆུབ་སེམས་དང་སྒྱུ་མ་དང༌། །སྐྱེ་བ་མེད་པའི་མོས་པ་བྱ། །དེ་ནས་ཧཱུྃ་སོགས་ཚིགས་བཅད་ཀྱིས། །སངས་རྒྱས་བྱང་སེམས་དཔག་མེད་དག །བྱོན་བསམ་མེ་ཏོག་བླངས་པ་ནི། །གསོལ་བ་དགུ་ཙམ་གདབ་པར་བྱ། །དེས་ཀྱང་དཔག་མེད་བྱོན་པར་བསམ། །དེ་ནས་ལྷ་རྣམས་ཐམས་ཅད་ལ། །རྒྱས་པར་བྱེད་ན་རྣམ་སྣང་གི། །ཐུགས་ཀར་ཨ་ལས་ཟླ་བའི་སྟེང༌། །རྟེན་འབྲེལ་དམིགས་མེད་འོད་བཅས་བསམ། །འོད་ཟེར་ཕྱོགས་བཅུར་འཕྲོས་པར་བསམ། །སེམས་ཅན་སྡིག་སྦྱངས་རྣམ་སྣང་གྱུར། །ཚུར་འདུས་རྟེན་འབྲེལ་ལ་ཐིམ་བསམ། །སྣང་མཛད་དག་ཏུ་གྱུར་པར་བསམ། །ཐུགས་ཀར་ཨཱཿསོགས་རྟེན་འབྲེལ་ལས། །འོད་ཟེར་འཕྲོས་དང་བདག་ཉིད་ཀྱིས། །ཐུགས་ཀའི་ས་བོན་ཡི་གེ་ཡིས། །འོད་ཟེར་གཉིས་པོ་དག་གིས་ནི། །བཅོམ་ལྡན་རྣམ་སྣང་སྤྱན་དྲངས་ལ། །ནམ་མཁར་བཞུགས་ལ་མཆོད་པ་འབུལ། །བགེགས་ཀྱི་དོགས་པ་ཡོད་ན་བསྐྲད། །ཛཿཡིས་སྤྱན་དྲངས་ཧཱུྃ་གིས་བསྟིམ། །བྃ་གྱིས་གཉིས་མེད་ཧོཿཡིས་དགྱེས། །ལྷ་རྣམས་ཀུན་ལ་དེ་བཞིན་བྱ། །སེམས་ཅན་གཟུགས་ལ་ལྷར་བྱེད་པའི། །རིགས་གསུམ་མགོན་པོ་དགུག་གཞུག་བྱ། །ལྷར་མི་བྱེད་ན་ཤཱཀ་ཐུབ་ཀྱིས། །ཐུགས་ཀ་དག་ནས་འོད་འཕྲོས་པས། །སྲོག་ཆགས་དག་ལ་ཕོག་པས་ནི། །དེ་རང་ཉིད་དུ་གྱུར་པར་བསམ། །ངོ་མི་ཤེས་པ་རྣམས་ལ་ནི། །དེ་ཉིད་ལྟ་བུ་དགུག་གཞུག་བྱ། །སྐུ་འབག་རྣམས་ལ་དེ་ཉིད་ཀྱི། །ཡི་དམ་ལྷ་ཡིས་དགུག་གཞུག་བྱ། །ངོ་མི་ཤེས་ན་བདག་རང་གི། །ཡི་དམ་ལྷ་ཡིས་དེ་བཞིན་ནོ། །ཆོས་སྐྱོང་མཆོད་པ་བྱེད་པ་ན། །ཐུགས་ཀའི་རྟེན་འབྲེལ་འོད་ཟེར་གྱིས། །འཇམ་དཔལ་སྤྱན་དྲངས་བསྟིམ་པར་བྱ། །མི་བྱེད་ཐུགས་ཀའི་ཨཱཿཟླའི་སྟེང༌། །རྟེན་འབྲེལ་དག་ལས་འོད་འཕྲོས་པས། །ཆོས་སྐྱོང་ཡེ་ཤེས་སེམས་དཔའ་དག །སྤྱན་དྲངས་དེ་ལ་བསྟིམ་པར་བྱ། །འཇིག་རྟེན་པ་ལ་ཡེ་ཤེས་སེམས། །མགོན་པོ་ལྕམ་དྲལ་དེ་ཉིད་དོ། །ཚོགས་བདག་ཀྱང་ནི་དེ་བཞིན་ནོ། །མཆོད་རྟེན་ནང་དུ་ཨ་ལས་ཟླ། །རྟེན་འབྲེལ་དག་ལས་འོད་འཕྲོས་པས། །རང་བཞིན་གནས་ནས་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་དཔག་མེད་དག །ནམ་མཁར་སྤྱན་དྲངས་མཆོད་པ་འབུལ། །གསོལ་བཏབ་བཞི་ཡིས་སྤྱན་དྲངས་ལ། །བསྟིམས་པས་མཆོད་རྟེན་གཉིས་མེད་བསམ། །སྔགས་ལ་རྡོ་རྗེ་ཆོས་དང་ནི། །ཕ་རོལ་ཕྱིན་མ་ཡུམ་ཆེན་མོ། །མདོ་སྡེ་སྣང་བ་མཐའ་ཡས་ཏེ། །རིམ་པ་བཞིན་དུ་གཉིས་མེད་བསམ། །རྔ་སོགས་ལ་ཡང་མཐའ་ཡས་སོགས། །རྡོ་རྗེའི་ལྟེ་བར་ཨཱཿསོགས་ཀྱིས། །རྟེན་འབྲེལ་འོད་ཀྱིས་སེམས་ཅན་རྣམས། །སྡིག་སྦྱངས་རྡོ་རྗེ་སེམས་དཔར་བསམ། །ཚུར་ལ་བསྡུས་ཏེ་སྔགས་ལ་བསྟིམས། །གཉིས་མེད་རྡོ་རྗེ་སེམས་དཔར་བསམ། །ཐུགས་ཀར་ཨ་སོགས་རྟེན་འབྲེེལ་གྱི། །འོད་ཀྱིས་རང་བཞིན་རྡོ་རྗེ་སེམས། །ནམ་མཁར་སྤྱན་དྲངས་མཆོད་པ་འབུལ། །གསོལ་བཏབ་བཞི་ཡིས་གཉིས་མེད་བསམ། །ཕུར་པའི་རྒྱ་མདུད་ཁར་བསྐྱེད་དེ། །ཕྲེང་བ་ཡི་དམ་སྤྱན་དྲངས་བསྟིམས། །འཁོར་ལོའི་སྟེང་དུ་རྃ་ལ་ཉི། །ཧཱུྃ་ལས་འོད་འཕྲོས་རང་བཞིན་གྱི། །གནས་ནས་ཇོ་མོ་སྤྱན་དྲངས་ལ། །མཁར་བཞུགས་མཆོད་འབུལ་གསོལ་བ་བཏབ། །བཞི་ཡིས་སྤྱན་དྲངས་གཉིས་མེད་བསམ། །དེ་བཞིན་འཁོར་ལོ་ཐམས་ཅད་ཀྱང༌། །རང་རང་ཡིག་འབྲུ་དེ་ལྟར་བྱས། །བསྡུས་ནས་བྱེད་ན་འདི་སྐད་གསུངས། །རྣམ་སྣང་ཐུགས་ཀར་ཨ་ལས་ཟླ། །སྟེང་དུ་རྟེན་འབྲེལ་འོད་ཟེར་གྱིས། །རང་བཞིན་གནས་ནས་སངས་རྒྱས་དང༌། །བྱང་སེམས་དཔག་མེད་བྱོན་གྱུར་ནས། །སྐུ་གསུང་ཐུགས་རིག་ཐིམ་པར་བསམ། །ཤིན་ཏུ་བསྡུས་ནས་བྱེད་གྱུར་ན། །རང་གི་ཐུགས་ཀའི་ཧཱུྃ་དག་ལས། །འོད་ཟེར་ཕྱོགས་བཅུར་འཕྲོས་པས་ནི། །སངས་རྒྱས་བྱང་སེམས་དཔག་མེད་དག །སྤྱན་དྲངས་སོ་སོའི་རིགས་བདག་ལ། །ཐིམ་པར་བསམ་ཞེས་བླ་མས་གསུངས། །དེ་ནས་རྟེན་ལ་དམིགས་ནས་སུ། །རྟེན་འབྲེལ་བཟླས་པ་གྲུབ་ཚད་བྱ། །བྱང་སེམས་སྒྱུ་མ་ལྟ་བུ་ཡི། །ཡི་དམ་ལྷ་ཡི་ང་རྒྱལ་བྱ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས། །བུམ་པ་གཉིས་མེད་ངང་ལ་བསམ། །དཀར་པོ་ཞུ་བས་རིན་ཆེན་གྱི། །གཞལ་ཡས་ཁང་སྟེང་བྃ་དམར་སེར། །ཡོངས་སུ་གྱུར་པ་སྣ་ཚོགས་པའི། །པདྨ་འདབ་བརྒྱད་དེ་སྟེང་དུ། །ཨ་ནི་གྱུར་པས་ཟླ་སྟེང་དུ། །རྟེན་འབྲེལ་སྙིང་པོ་མིང་སྤེལ་མེད། །དཀར་པོ་གཡས་བསྐོར་དག་ཏུ་བསམ། །དེ་ལས་འོད་འཕྲོས་རིགས་དྲུག་ལ། །ཕོག་པས་སྡིག་སྦྱངས་ཤཱཀ་ཐུབ་གྱུར། །ཚུར་འདུས་རྩར་ནི་སླེབས་པ་དང༌། །འོད་དུ་ཞུ་བས་རྟེན་འབྲེལ་ཐིམ། །དེ་ཉིད་གྱུར་པས་ཤཱཀ་ཐུབ་ཏུ་གྱུར་པར་བསམ་ཞེས་སློབ་དཔོན་གྱིས་གསུངས། །ཐུགས་ཀར་ཨ་སོགས་རྟེན་འབྲེལ་ལས། །འོད་དང་རང་གི་ཐུགས་ཀའི་ཧཱུྃ། །འོད་དག་གིས་ནི་རང་བཞིན་གྱིས། །གནས་ནས་ཤཱཀ་ཐུབ་སྤྱན་དྲངས་ལ། །མདུན་གྱི་ནམ་མཁར་བཞུགས་པ་དང༌། །བུམ་ནང་ཤཱཀ་ཐུབ་གཉིས་པོ་ལ། །མཆོད་འབུལ་གསོལ་བཏབ་བགེགས་དག་བསྐྲད། །ཡི་གེ་བཞི་ཡིས་སྤྱན་དྲངས་ལ། །བུམ་པའི་ནང་གི་ཤཱཀ་ཐུབ་དང༌། །གཉིས་སུ་མེད་པ་བསམ་ཞེས་སེམས། །དེ་རྗེས་རང་གི་ཐུགས་ཀ་ཡི། །ཧཱུྃ་ལས་འོད་འཕྲོས་སྲིན་ལག་དང༌། །གཟུངས་ཐག་འཁྲིལ་ཏེ་བུམ་ནང་གི། །ཤཱཀ་ཐུབ་ཐུགས་ཀར་ཕོག་གྱུར་པས། །བདུད་རྩིར་ནར་གྱིས་བྱུང་ནས་ནི། །རིན་ཆེན་དག་ལ་ཕོག་གྱུར་པས། །ཐམས་ཅད་བདུད་རྩིར་ཞུ་བར་བསམ། །དེ་ནས་དེས་འཛིན་ཐམས་ཅད་ནི། །ཤས་ཆེན་ལྷ་ལ་དམིགས་པ་གཏད། །དངོས་མེད་པ་ན་ཐུབ་པ་ཡང༌། །བདུད་རྩིར་གྱུར་ནས་སྐྱེ་མེད་ངང༌། །དམིགས་ལ་བཟླས་པ་གྲུབ་ཚད་བྱ། །དེ་རྗེས་མེ་ཏོག་དྲི་སྤོས་ལ། །དམིགས་ཏེ་རྟེན་འབྲེལ་བཟླས་པ་དག །ཅི་ཙམ་གྲུབ་གྲུབ་བྱ་ཞེས་གསུངས། །སྐུ་གསུང་ཐུགས་ཀྱི་བཟླས་པ་ནི། །མང་ཉུང་ཁྲི་ཚོ་ཙམ་རེ་བྱ། །གཟུངས་ཐག་བུམ་པའི་ནང་དུ་བཞུགས། །རང་ཉིད་ཡི་དམ་ལྷར་བསྐྱེད་པའི། །སྐུ་གསུང་ཐུགས་དག་བྱིན་གྱིས་བརླབས། །བུམ་གཡོན་རང་བཞིན་མེད་པ་ལས། །བྷྲཱུྃ་ནི་དཀར་པོ་བསམ་པར་བྱ། །དེ་ཉིད་གྱུར་པ་རིན་ཆེན་གྱི། །གཞལ་ཡས་ཁང་དུ་བསམ་ནས་སྃ། །དམར་སེར་ཡོངས་སུ་གྱུར་པ་ལས། །འདབ་བརྒྱད་པདྨའི་ལྟེ་བ་ལ། །རྃ་དམར་གྱུར་པས་ཉི་མ་བསམ། །དཀྱིལ་དུ་མཐིང་ནག་ཧཱུྃ་བསམ་མོ། །ཧཱུྃ་ལས་འོད་ཟེར་འཕྲོས་གྱུར་པས། །སེམས་ཅན་ཀུན་ལ་ཕོག་པར་བསམ། །ཀུན་གྱི་ལས་སྒྲིབ་སྦྱངས་ནས་ནི། །ཁྲོ་བོ་བདུད་རྩི་འཁྱིལ་པར་གྱུར། །ཚུར་འདུས་སླར་སླེབས་འོད་དུ་ཞུ། །ཧཱུྃ་ལ་ཐིམ་པར་བསམ་ཞེས་གསུངས། །ཧཱུྃ་ནི་ཡོངས་སུ་གྱུར་པ་ལས། །ཁྲོ་བོར་བསམ་ཞིང་ཐུགས་ཀར་ནི། །རྃ་ལས་ཉི་མ་ཧཱུྃ་བཅས་བསམ། །དེ་ཡི་འོད་དང་རང་བཞིན་གྱིས། །ཐུགས་ཀའི་ཧཱུྃ་འོད་ཉིད་ཀྱིས་ནི། །རང་བཞིན་གནས་ནས་ཡེ་ཤེས་ཀྱི། །བདུད་རྩི་འཁྱིལ་པ་སྤྱན་དྲངས་ནས། །མཁར་བཞུགས་མཆོད་འབུལ་གསོལ་བ་བཏབ། །ཡི་གེ་བཞི་ཡིས་གཉིས་མེད་བསྟིམས། །དེ་རྗེས་རང་གི་ཐུགས་ཀ་ཡི། །ཧཱུྃ་ལས་འོད་འཕྲོས་སྲིན་ལག་དང༌། །གཟུངས་ཐག་དང་འཁྲིལ་བུམ་ནང་གི། །ཁྲོ་བོའི་ཐུགས་ཀར་ཕོག་གྱུར་པས། །བདུད་རྩི་དཔག་མེད་བབས་ནས་ནི། །རིན་ཆེན་ལྔ་ལ་ཕོག་པ་དེ། །ཐམས་ཅད་བདུད་རྩིར་གྱུར་པར་བསམ། །དངོས་འཛིན་ཤས་ཆེ་ལྷ་ལ་དམིགས། །དངོས་འཛིན་མེད་ན་ཁྲོ་བོ་ཡང༌། །བདུད་རྩིར་བསྒྱུར་ནས་སྐྱེ་མེད་ལ། །སེམས་གཏད་བཟླས་པ་འདི་ལྟར་བྱ། ཨོཾ་ཨཱཿབིགྷྣན་ཏ་ཀྲི་ཏ་ཧཱུྃ་ཕཊ྄། དེ་ནས་བུམ་པར་སྔར་བཞིན་བསྐྱེད། །ཧཱུྃ་གིས་སེམས་ཅན་སྡིག་སྒྲིབ་སྦྱངས། །རྡོ་རྗེ་སྣོད་དུ་གྱུར་ནས་ནི། །སླར་སླེབས་འོད་ཞུ་ཧཱུྃ་ལ་ཐིམ། །ཧཱུྃ་ནི་ཡོངས་སུ་གྱུར་པ་ལས། །རྡོ་རྗེ་གནོད་སྦྱིན་དག་ཏུ་བསམ། །ཐུགས་ཀར་རྃ་ལས་ཉི་མའི་སྟེང༌། །མཐིང་ནག་ཧཱུྃ་ལས་འོད་ཟེར་དང༌། །རང་གི་ཐུགས་ཀའི་འོད་ཉིད་ཀྱིས། །བུདྡྷ་བྱང་སེམས་དཔག་མེད་ཀྱི། །ཐུགས་ཀར་ཕོག་པས་འོད་བྱུང་བས། །བུམ་ནང་ཐུགས་ཀར་ཕོག་པ་ལས། །བདུད་རྩི་བབས་པས་རྫས་ལ་རེག །རྫས་ཀྱང་བདུད་རྩིར་ཞུ་བར་བསམ། །དངོས་འཛིན་ཤས་ཆེ་ལྷ་སེམས་གཏད། །རང་བཞིན་སྐྱེ་མེད་ཆོས་མེད་ལ། །སེམས་གཏད་བཟླས་པ་འདི་ལྟར་བྱ། ཨོཾ་བཛྲ་ཡཀྵ་ཧཱུྃ་ཕཊ྄། ཅེས་ནི་གྲུབ་ཚད་དག་ཏུ་བཟླས། །གཟུངས་ཐག་ཞལ་རྒྱན་བསེབ་ཏུ་གཞུག །བཀྲ་ཤིས་སྟ་གོན་ཆོ་ག་སྟེ། །ལེགས་པར་སྦྱར་བ་དང་པོ་རྫོགས་སོ། །གཉིས་པ་དངོས་གཞིའི་ཆོ་ག་བརྗོད་པར་བྱ་སྟེ། །ནངས་སྔ་བར་ལངས་ཏེ། མཎྜལ་སྟེང་ནས་བུམ་པ་བླངས་ནས་གནས་དབེན་པར་བཞག་གོ །དེའི་ཤུལ་ཕྱག་སྟེ་རྡོག་ལམ་མ་ཡིན་པར་བཞག་གོ །རང་ཡི་དམ་ལྷ་ཡི་ང་རྒྱལ་བྱས་ལ། དྲི་ལ། ཨོཾ་བཛྲ་སཏྭ་ཧཱུྃ་དང༌། ཨོཾ་ཨཱཿཧཱུྃ་དང༌། ཨོཾ་བཛྲ་ཡཀྵ་ཕཊ྄་ཀྱིས་བཟླས་པ་བྱས་ལ་དཀྱིལ་འཁོར་ལ་གཏོར། དཀྱིལ་འཁོར་ལ་དྲི་ཞིམ་བུམ་སོགས་གཞུག །མཆོད་པ་སྔ་མ་བཞིན་དུ་བཤམས། །གཏོར་མ་བཟང་ལ་མང་དུ་བཤམ། །བཟང་བ་གཉིས་ནི་མི་མཐོང་བཞག་པར་བྱ། །བྱིངས་པོ་མགོན་པོ་ཆོས་སྐྱོང་ལ། །ཕུན་ཚོགས་མཆོག་ཏུ་ཕུལ་ནས་ནི། །བར་ཆད་མི་འབྱུང་གསོལ་བ་གདབ། །གཅིག་ནི་གཞི་ལ་གནས་པ་ལ། །བྱིན་པས་རབ་གནས་བྱེད་བར་དུ། །འདིར་མ་འདུག་པར་སོངས་ཞེས་བྱ། །ནུས་པ་ཡོད་ན་བསྐྲད་གསུངས་སོ། །དེ་རྗེས་དུང་སོགས་རོལ་མོ་ཡི། །མཆོད་པ་དག་ནི་བྱེད་དུ་གཞུག །སྤོས་བསྲེགས་ལག་ཏུ་བླངས་ནས་ནི། གསོལ་བ་སྔར་བཞིན་གདབ་པར་བྱ། །བུདྡྷ་བྱང་སེམས་དཔག་མེད་པ། །བྱོན་བསམ་སྒྱུ་མ་ལྟ་བུར་བསམ། །སྐྱེ་བ་མེད་པའི་མོས་པ་བྱ།རྣམ་པར་སྣང་མཛད་ལ་སོགས་པའི། དགུགས་གཞུག་སྟ་གོན་དུས་བཞིན་བྱ། སྟ་གོན་དུས་སུ་གཙོ་བོ་སྦྱང༌། །དངོས་གཞིའི་དུས་སུ་ཐམས་ཅད་དོ། །ཁྱད་པར་དེ་འདྲའི་དང་པོ་ནི། །ཡོན་བདག་དེ་ཡིས་ལྷ་ལ་བྱ། །ལྷ་ཆུང་ཡན་ལག་ཐམས་ཅད་ལ། །དམིགས་ལ་རྟེན་འབྲེལ་བཟླས་པ་བྱ། །ཅི་འགྲུབ་དུ་ནི་བྱ་ཞེས་གསུངས། །རྟེན་འབྲེལ་བུམ་པའི་གཟུངས་ཐག་ནི། །སྟེགས་ལ་དྲངས་ཏེ་ལོགས་ལ་བསྐྲད། །བུམ་པ་སྔར་བཞིན་བསྐྱེད་ནས་ནི། །སྐུ་གསུང་ཐུགས་ཀྱི་བཟླས་པ་བྱ། །རྟེན་འབྲེལ་བཟླས་པ་གྲུབ་ཚད་བྱ། །གཟུངས་ཐག་གསེབ་ཏུ་བཞག་པར་བྱ། །རྣམ་པར་རྒྱལ་བའི་བུམ་པ་ཡང༌། །སྔར་བཞིན་བསྐྱེད་ལ་བཟླས་པ་བྱ། །རྟེན་འབྲེལ་ཡུན་རིང་རྣམ་རྒྱལ་ཐུང༌། །དེ་ལྟར་བྱ་ཞེས་བླ་མས་གསུངས། །ཕྲེང་བ་རྣམས་ལ་བསྒྲང་བ་དང༌། །སྐུ་གསུང་ཐུགས་ཀྱི་བཟླས་པ་བྱ། །དེ་ནས་བུམ་པ་མཆོད་པ་དང༌། །མེ་ཏོག་དག་ནི་གཏོར་བར་བྱ། །རྟེན་རྣམས་ལ་ཡང་ཁྱབ་པར་ལྟ། །དེ་ནས་ཡོན་བདག་བལྟས་ནས་ནི། །གཡས་སྐོར་དག་ཏུ་གུ་གུལ་བསྲེགས། །སྨྱུག་སོགས་བལ་གྱིས་དཀྲིས་པ་ཡི། །བུམ་སོགས་དག་ཏུ་ཐིག་ལེ་ཕུལ། །དེ་ཡང་ཆོས་སྐུ་དག་ལ་ནི། །ཆོས་སྐུ་ཐིམ་པར་བྱ་ཞེས་གསུངས། །དེ་རྗེས་མཆོད་སྣོད་བཟེད་དུ་བཅུག །རྟེན་འབྲེལ་བུམ་པ་ལག་བླངས་ལ། །ཡེ་ཤེས་ལྷ་མོ་བྱོན་བསམ་སྟེ། །མེ་ལོང་ནང་གི་གཟུགས་བརྙན་ལ། །སྤྲུལ་སྐུ་དངོས་སུ་བསམ་ནས་ནི། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་གཤེགས་ལ་སྐུ་ཁྲུས་གསོལ། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཞེས་ནི་བརྗོད་ཅིང་སྐུ་ཁྲུས་གསོལ། །ཆུ་ནི་བུམ་པའི་ནང་དུ་བྱོ། །མཎྜལ་སྟེང་ན་ལྡེམ་གྱིས་གཞུག །རྣམ་རྒྱལ་བུམ་པའང་དེ་བཞིན་བྱ། །མ་གྲུབ་མཐོ་བར་འདུག་ལ་གསོལ། །དེ་རྗེས་རང་ཉིད་ཇོ་མོར་བསྒོམ། །ཐུགས་ཀར་ཨཱཿལས་ཟླ་བ་བསམ། །སྟེང་དུ་ཏྲཱྃ་ལྗང་འོད་ཟེར་གྱིས། བུདྡྷ་བྷོ་དྷི་དཔག་མེད་པ། སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས། དེ་ལ་དམིགས་ལ་སྔགས་འདི་བཟླ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཧྲཱིཿབྷུ་ཁྃ་བཛྲི་བྷ་ཝཱ་ཧྲཱི་ཏི་ཏི་ཏིཥྚ་བྷུ་ཁྃ།་་་་་་འདི་གཉིས་བརྒྱ་རྩ་བརྒྱད་བཟླས་པ་ཆོས་ཀྱི་སྐུར་འགྱུར་བ་ཡིན་གསུངས། །ཞེས་པ་བརྒྱ་རྩ་བརྒྱད་བཟླས་པས། །སྐུ་རིགས་སྐུ་ལ་གསུངས་རིགས་གསུངས། །ཐུགས་རིགས་ཐུགས་ལ་ཐིམ་པར་བསམ། །དོན་དམ་རབ་གནས་ཡིན་ཞེས་གསུངས། །དེ་ནས་ཆོས་སྤྱོད་རྒྱས་པ་བྱ། །ཆོ་ག་ཉམས་པ་གསོ་ཆེད་དུ། །ཡི་གེ་བརྒྱ་པ་ལན་གསུམ་འདོན། །གཏོར་མ་སྦས་པ་དེ་གཉིས་བསྐྱེད། །མགོན་པོ་སྤྱན་དྲངས་སྐུ་ལ་ཐིམ། །ཧཱུྃ་ཡིག་ཕྲ་མོས་གང་བར་བསམ། །དེ་ཉིད་གྱུར་པ་རྡོ་རྗེ་ཡིས། །ཆོ་ག་གསོལ་བར་འགྱུར་ཞེས་གསུངས། །གཙང་སྦྱར་གཏོར་མ་འདི་བཞེས་ལ། །ཇི་སྲིད་བསྟན་པ་གནས་ཀྱི་བར། །གཙུག་ལག་ཁང་འདི་སྐྱོངས་ཤིང་གཏད། །འདི་དག་དཀོར་གཉེར་མཛོད་ཅིག་ཅེས། །གསོལ་བ་དག་ཀྱང་གདབ་པར་བྱ། །གསུམ་གྱིས་བཀྲ་ཤིས་ཚིགས་བཅད་བརྗོད། ཁྱམ་ལོགས་དག་ཏུ་གཟུངས་ཆུ་དག །བལ་སོགས་དག་གིས་ཅུང་ཟད་གཏོར། །བཀྲ་ཤིས་ལ་ན་ལ་ཞེས་གསུངས། །མེ་ཏོག་རྡུལ་སོགས་ཕྱག་ནས་ནི། །ཆུ་བོའམ་ཁྲོན་པ་དག་ཏུ་གཏོར། །འདི་འདྲ་དངོས་གཞིའི་ཆོ་གའོ། ༈ །གསུམ་པ་གཏང་རག་གི་མཆོད་པ་ནི། རིན་ཆེན་གསུམ་ལ་དངོས་སོགས་དང༌། །བླ་མ་ཡོན་དང་དགེ་འདུན་དང༌། །བསྙེན་བཀུར་ཆོས་སྐྱོང་གཏོར་མ་འབུལ། །དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ། །པདྨའི་ཚལ་དུ་ཉི་ཟེར་བཞིན། །རང་གི་བློ་ཡིས་ཅུང་ཞིག་བསྡུས། །བླ་མ་རྣམས་ལ་བཟོད་པར་གསོལ། །ཨོཾ་སྭསྟི། སྟ་གོན་གྱི་ཆོ་ག་ལ། ཆོས་བཤད་མང་པོ་ཡོད་ཀྱང་བསྡུས་ནས། དང་པོ་རབ་གནས་ཀྱི་རྒྱུ་བྱིན་གྱིས་བརླབས་ནས། ཐ་མ་རབ་ཏུ་གནས་པ་མཁན་པོ་ཚད་ལྡན་པས་རབ་ཏུ་གནས་པ་བྱས་ནས། ལྷ་བཟོ་ཡོན་བདག་རབ་གནས་མཁན་པོ་གསུམ། བསོད་ནམས་མཉམ་པ་ཡིན་ཞེས་གསུངས། དེ་ཡང་སྔོན་རྒྱལ་བློན་སྔ་དར་བའི་དུས་ན། པཎྜི་ཏ་རིག་པའི་གནས་ལ་མཁས་པ་ཡང་མང་དུ་བྱོན། རྣལ་འབྱོར་པ་ཐུགས་རྒྱུད་མཐུན་པ་ཕུན་སུམ་ཚོགས་པ་ཡང་མང་དུ་བྱོན། དེས་རབ་གནས་མཛད་པས་བཀྲ་ཤིས་པ་ཡིན་གསུངས། སླད་ཀྱིས་རྒྱལ་བློན་གདུག་པ་ཅན་རྣམས་ཀྱིས་བསྟན་པ་བསྣུབས་ནས། བསྟན་པ་ཉམས་དམན་པའི་དུས་སུ། རྒྱལ་བློན་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པས་ཆོག་པར་འཛིན་པ་རྣམས་ལ། མི་མ་ཡིན་པ་ལ་སོགས་པ་རྣམས་ཀྱིས་བདག་བྱས་ནས་ཇི་ལྟར་བཀྲ་མི་ཤིས་པ་སྐད། དེ་ལ་ཕྱག་མཆོད་ལ་སོགས་པ་བྱས་ནས་སྐྱབས་འགྲོ་ལ་སོགས་པ་ཟངས་པ་ཟུར་ཕུད་ནས་ངན་སོང་དུ་ལྷུང་གསུངས། དེ་ལ་རབ་ཏུ་གནས་པ་བྱེད་པའི་དུས་སུ། སློབ་དཔོན་སློབ་མ་སྟ་གོན་ལ་གནས་པ་དང༌། ལྷ་སྟ་གོན་ལ་གནས་པ་དང༌། མི་སྟ་གོན་ལ་གནས་པ་དང༌། རྫས་སྟ་གོན་ལ་གནས་པའོ། །དེ་ལ་ལྷ་སྟ་གོན་ལ་གནས་པ་ནི། རང་གང་དད་པའི་ལྷ་ལ་སོ་སོའི་རྟེན་ལ་བྱོན་པའི་གསོལ་བ་བཏབ། དངོས་སུ་སེམས་ཅན་གྱི་དོན་ལ་བྱོན་པ་རང་ཡིན་གསུངས། ཆོས་སྐྱོང་བའི་སྲུང་མ་སྟ་གོན་ལ་གནས་པ་ནི། དཔལ་ནག་པོ་ཆེན་པོ་དང༌། དཔལ་ལྷ་མོ་དང༌། ཚངས་པ་བརྒྱ་བྱིན་དང༌། ཕྱོགས་སྐྱོང་བཅུ་དང༌། རྒྱལ་པོ་ཆེན་པོ་བཞི་ལ་གཏོར་མ་ཕུལ་ལ། རབ་ཏུ་གནས་པ་འདི་ལ་མི་དང་མི་མ་ཡིན་པའི་བར་ཆད་མི་འབྱུང་བ་དང༌། བཀྲ་ཤིས་དང་བདེ་ལེགས་འབྱུང་བའི་གསོལ་བ་བཏབ། སློབ་དཔོན་སྟ་གོན་དུ་གནས་པ་ནི། སོ་སོར་ཐར་པའི་སྡོམ་པས་བཏབ་པ། རང་བས་གཞན་གཅེས་ཀྱི་བློ་ཡོད་པ། ལྷ་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡོད་པ། ཆོ་ག་མ་འཁྲུགས་པ་ཡོད་པ། དཀྱིལ་འཁོར་བྲི་བའི་ལས་ལ་མཁས་པ། བླ་མས་གནང་བ་ཡོད་པ་གཅིག་གིས་བྱ། སྐྱབས་སུ་འགྲོ་བ་ཐུན་མོང་བ་ཡོད་པ། སོ་སོར་ཐར་པའི་སྡོམས་པས་བསྡམས་པ། བྱང་སེམས་ཀྱི་སྨོན་པ་ཡོད་པ། རྨི་ལམ་སྒྱུ་མ་ལྟ་བུའི་མོས་པ་ཡོད་པ། ཆོ་ག་མ་འཁྲུགས་པ། དགེ་བའི་བཤེས་གཉེན་གྱིས་གནང་བ་ཡོད་པ་གཅིག་གིས་བྱ་གསུངས། དེ་ལྟར་མ་ཡིན་ན་རང་ཚད་དང་མི་ལྡན་པ་དང༌། ཆོ་ག་འཁྲུགས་ནས་རྩ་བ་བཞི་ཞིག་པས་མནར་མེད་དུ་སྐྱེ་མཉམ་གསུངས། སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པར་བྱ། །ཆོ་ག་དམན་པས་མི་བྱ་སྟེ། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལོ། །འཇིག་རྟེན་ཕྱི་མར་འཇིགས་པ་ཆེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །རབ་ཏུ་གནས་པ་བྱ་མི་དགོས་པ་ནི། རྟེན་རང་བྱུང་བྱོན་པ་རྣམས་དང༌། རྣལ་འབྱོར་པ་ཐམས་ཅད་ལྷ་ཡི་ཞལ་གཟིགས་ནས་ཐུགས་དམ་ལྷའི་ཞལ་ནས་འདི་ལྟ་བུ་གཅིག་བཞེངས་གསུངས་པ་ལ་བྱ་མི་དགོས། གཞན་ཡང་རབ་ཏུ་གནས་ལ་མ་བྱས་པའི་ཉེས་དམིགས་ནི། རིགས་དང་མི་ལྡན་མི་རྣམས་ལ། འཇིག་རྟེན་གྱི་མཆོད་གནས་མི་བྱེད་དེ། དེ་བཞིན་རབ་གནས་མ་བྱས་པའི། །སྐུ་གསུང་ཐུགས་ཀྱི་རྟེན་དག་ལ། །ཕྱག་འཚལ་མཆོད་པའི་འབྲས་བུ་མེད། །སྔགས་དང་བྲལ་བའི་ཐལ་བ་ལ། །སྦྱིན་བསྲེགས་བྱས་བཞིན་འབྲས་བུ་མེད། །རབ་གནས་བྱས་པའི་ཕན་ཡོན་ནི། །ཆོ་གའི་བདག་ཉིད་ནུས་པ་ནི། །རྟགས་པ་ལ་སོགས་ཚུལ་ལེགས་པ། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་རྣམས་སུ་བསོད་ནམས་བསྐྱེད། །ཕྱག་འཚལ་མཆོད་པ་བྱས་པའི་འབྲས་བུ་ཡོད། །སློབ་མ་སྟ་གོན་ལ་གནས་པ་ནི། དད་དང་ལྡན་ཞིང་གཏོང་ལ་མཁས། །བསླབ་པ་ཡི་ནི་གནས་བཅུ་མཛད། །དགེ་བའི་ཆོས་ལ་རབ་ཏུ་བརྩོན། །བླ་མ་གུས་སྙིང་བརྩེར་ལྡན། །དམ་པ་དེ་ནི་སློབ་མར་བཟུང༌། མི་སྟ་གོན་ལ་གནས་པ་ནི། དེར་འོང་བ་རྣམས་ཀྱིས་གོས་གསར་པ་བགོ་བ་དང༌། ཤ་ཆང་རྒོག་པ་ལ་སོགས་པ་སྤངས་པ་དང༌། ཁ་བརྡ་བཟང་པོ་མང་བ་དང༌། འབྱོར་པ་དང་རྙེད་པ་དང་གང་བ་དང༌། རྒྱལ་བ་དང༌། ཤེས་པ་ལ་སོགས་པའི་ཁ་བརྡ་བྱ་བ་དང༌། དགྲ་དང་ཆོམ་རྐུན་ལ་སོགས་པ་སྤངས་ཏེ། དེ་ལྟར་མིན་ན་མི་དང་མི་མ་ཡིན་པ་རྣམས་ཀྱིས་བར་ཆད་ཆེན་པོ་བྱེད་པ་ཡིན་གསུངས། རྫས་དང་ཡོ་བྱད་སྟ་གོན་གནས་པ་ནི། གཞུང་ནས་ཇི་སྐད་འབྱུང་བ་བཞིན་དུ། དེ་ཡང་འདི་ནས་གཞུག་པ་ཀུན་ལ་བྱམས་པར་ཆེན་པོས་དམིགས། བྱང་ཆུབ་ཀྱི་སེམས་ཀྱིས་དམིགས་ལ། གཟུགས་གཟུགས་བརྙན། སྒྲ་བྲག་ཆ། དོན་སྐྱེ་མེད་ངང་ལ་དམིགས། ཐང་ཀ་མཆོད་རྟེན་འཁོར་ལོ་ཡན་ཆད་ལ་དམིགས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་བཟླས་པ་མང་དུ་མཛད་པར་ཞུ་གསུངས། དེ་ནས་གསོལ་བ་བཏབ། དེ་ནས་བཀུག་གཞུག་བྱ། དེ་ནས་བུམ་པའི་བཟླས་པ་བྱ་སྟེ། གོ་རིམ་མོ། ལོགས་ཀྱི་མཆོད་པ་ཕུལ་ལ། མེ་ཏོག་སྙིམ་པར་ཐོགས་ཏེ། སྤོས་བསྲེགས་པ་དང་རོལ་མོ་ལ་སོགས་པ་བྱེད་དུ་བཅུག་སྟེ། བླ་མ་རྡོ་རྗེ་འཛིན་པ་ཐམས་ཅད་དང༌། དེ་བཞིན་གཤེགས་པ་ཐམས་ཅད་དང༌། ཉན་ཐོས་རང་སངས་རྒྱས་ཐམས་ཅད་དང༌། འཇིག་རྟེན་ལས་འདས་པའི་རྣལ་འབྱོར་ཐམས་ཅད་དང༌། རྣལ་འབྱོར་ལ་མཆོད་པའི་གནས་རྣམས་འགྲོ་བ་མང་པོ་བསོད་ནམས་བསགས་པ་དང༌། ཐུགས་བརྩེ་བ་ཅན་གྱིས་སྦྱིན་བདག་ཆེ་གེ་མོའི་མི་མང་པོ་རབ་ཏུ་གནས་པའི་ཆེ་གེ་མོ་འདི་ཕོ་བྲང་གཞལ་ཡས་ཁང་འདི་དག་ཀྱང་ཁྱེད་ཉིད་ཀྱིས་བྱིན་གྱིས་བརླབ་ཅིང་བྱིན་གྱིས་རློབས་པར་ཞུ་འཚལ། ཞེས་ལན་དགུ་བྱ་ཞིང་མེ་ཏོག་གཏོར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། རབ་ཏུ་གནས་པ་བྱེད་པ་ལ་འབྱོན་པར་ཞུ། བྱས་པས་ཀྱང་གོ་ཆོད། དོན་གཙོ་བོ་ཡིན་ནོ། །རབ་ཏུ་གནས་པའི་ཆོ་གའོ། ༈ །ཨོཾ་བཛྲ་དྷྲིཀྲ་སྭཱ་ཧཱ། ཨོཾ་ཛི་ཏ་ན་ཛིག་སྭཱ་ཧཱ། ཨོྃ་རཏྣ་དྷྲིཀ་སྭཱ་ཧཱ། ཨོཾ་ཨཱཿརོ་ལིག་སྭཱ་ཧཱ། ཨོྃ་པྲ་ཛྙཱ་དྷྲིཀྲ་སྭཱ་ཧཱ། ཨོཾ་དྷེ་ཤ་ར་དྷི་སྭཱ་ཧཱ། ཨོཾ་མོ་ཧཱ་ར་ཏི་སྭཱ་ཧཱ། ཨོཾ་ར་ག་ར་ཏི་སྭཱ་ཧཱ། ཨོཾ་བཛྲ་ར་ཏི་སྭཱ་ཧཱ། ཨོཾ་ཡཱ་མན་ཏ་ཀྲྀཏ་ཏ་ཧཱུྃ་ཕཊ། ཨོཾ་པྲ་ཛྙཱ་ཏ་ཀྲྀཏ་ཏ་ཧཱུྃ་ཕཊ། ཨོཾ་པདྨ་ཏ་ཀྲྀཏ་ཧཱུྃ་ཕཊ། ཨོཾ་ཨཱཿབིགྷྣན་ཏ་ཀྲྀཏ་ཏ་ཧཱུྃ་ཕཊ། ཨོཾ་ཨཱཿབྷྲཱུྃ་ཧཱུྃ། ཨོཾ་ཨཱཿཨོཾ་ཧཱུྃ། ཨོཾ་ཨཱཿཨོཾ་ཨོཾ། ཛེཾ་ཧཱུྃ། ཨོཾ་ཨཱཿཁ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨོཾ་ཨཱཿམཱུྃ་ཧཱུྃ། ཨོཾ་ཨཱཿབྃ་ཧཱུྃ། ཨོཾ་ཨཱཿཏྃ་ཧཱུྃ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཨོཾ་བཛྲ་དྷརྨ་ཧཱུྃ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱིཿབྷུ་ཁྃ་བཛྲི་བྷ་ཝེ་ཧྲཱིཿབྷཱུ་ཁཾ་བཛྲ་བྷ་ཝི་ཧྲཱིཿདྷཱི་ཏིཥྚ་བྷཱུ་ཁཾ། བྱམས་སྙིང་རྗེ་བྱང་ཆུབ་ཀྱིས་འཕང་ལ། ལྷ་གང་གིས་བསྐྱེད་ཀྱང་ཡི་དམ་གྱི་ལྷར་བསྐྱེད། བསྙེན་པ་འབུམ་ཚོ་རེ་བྱའོ། །ན་མོ་གུ་རུ། དང་པོ་མཆོད་རྟེན་བཞེངས་པ་ནི། །ཁ་དོག་བཟང་ཞིང་གས་ཆགས་མེད། །ཚད་དང་ལྡན་ཞིང་ཞབས་བསྡོམ་སླ། །དེ་ལྟ་བུ་གཅིག་བཞེངས་གསོལ་ལ། །དེ་ནས་དྲོ་བ་སྲབ་ལ་མཉེན། །འཇམ་ཞིང་སྨྱུ་གུ་འཛིན་པ་ལ། །དཀར་ལ་བག་བུག་མེད་པ་སོགས། །དེ་ལྟ་བུ་ལ་བྲི་བར་བྱ། །དེ་ནས་ཟླ་བ་ཡར་ངོ་ལ། །བཞི་སྡེ་དགེ་སློང་ཡན་ཆོད་ལ། །རྒྱུ་དང་སྦྱོར་བའི་ཚོགས་བསོག་བྱ། །མེ་ཏོག་འབྱོར་པ་དག་ཀྱང་འབུལ། །དེ་ནས་ག་པུར་ལ་སོགས་པའི། །དྲི་བཟང་ལྔ་ཡིས་བྲི་བར་བྱ། །ཡང་ནི་དེ་ལྔའི་སེར་གྱིས་མནན། །གལ་ཏེ་དེ་ཡང་མ་འབྱོར་ན། །དྲི་ལྔ་ལེགས་པར་མཉེས་བྱས་ལ། །སྣག་ཚའི་གསེབ་ཏུ་བླུག་པར་བྱ། །དེ་ནས་གཟུངས་ཀྱི་མཁན་པོ་ནི། །ཡ་ཐ་སྡོམ་གསུམ་ལྡན་པ་ནས། །མ་ཐ་དགེ་བསྙེན་སྣ་འགའ་སྲུང༌། །དེ་ལྟ་བུ་གཅིག་མེད་ཁ་མེད། །དེ་ཡང་བསམ་པ་བཟང་བསྐྱེད་ནས། །ཡི་གེ་ཆུང་ཞིང་མཐའ་རས་མེད། །ནག་སོགས་མེད་ཅིང་གསལ་ལ་དྭངས། །ཆད་ལྷག་མེད་པ་བྲི་བར་བྱ། །དེ་ནས་སྲོག་ཤིང་བརྟེན་པ་ནས། །རིམ་གྱིས་བྲི་བར་གསུངས་པ་ཡིན། །མཆོད་རྟེན་ཆེ་ཆུང་ཚད་སྦྱར་ལ། ཆེ་ན་དགུ་བཅུ་རྩ་དགུ་ཕྲག །ཚར་བཞིར་བྲིས་ལ་ཕྱོགས་བཞིར་བཞུགས། །ཆུང་ཐ་ན་ཡང་བདུན་ལ་སོགས། །དེ་ལ་མིང་སྤེལ་བྱ་བ་ནི། །རྩ་བའི་བླ་མ་བཀའ་བརྒྱུད་སོགས། །དགེ་བའི་བཤེས་གཉེན་མཚན་རྣམས་བྲི། །དེ་ནས་བྲེ་ཡི་ནང་རྫོངས་དང༌། །སྐུ་གསུང་ཐུགས་དང་སརྦ་བིད། །སངས་རྒྱས་རབ་བདུན་གསོ་སྦྱོང་དང༌། །རྟེན་འབྲེལ་རྐྱང་པ་བྲི་བར་བྱ། །གདུགས་དཀར་ཅན་གྱི་ཡང་སྙིང་བྲི། །མཛོད་སྤུ་ནོར་བུ་གཉིས་པོ་ལ། །མཁན་པོ་སློབ་དཔོན་མཚན་བཅུག་བྲི། །ཡི་དམ་ལྷ་ཡི་སྙིང་པོ་ལ། །རང་གི་མིང་བཅུག་བྲི་བར་བྱ། །མང་ཉུང་ཚོད་དང་སྦྱར་ལ་བྱ། །རིང་བསྲེལ་ལ་སོགས་མཆོད་རྟེན་རྣམས། །བྲེ་ཡི་ནང་དུ་གཞུག་པར་བྱ། །དེ་ནས་བུམ་པའི་ནང་རྫོངས་ནི། །མེད་དུ་མི་རུང་གཟུངས་རྣམས་ནི། །རྣམ་རྒྱལ་དྲི་མ་མེད་པ་དང༌། །བྱང་ཆུབ་སྙིང་པོ་རྒྱན་འབུམ་དང༌། །གསང་བ་རིང་བསྲེལ་ཟ་མ་ཏོག །འོད་ཟེར་དྲི་མེད་དགུ་བཅུ་དགུ། །རྟེན་འབྲེལ་སྙིང་པོ་ཐུགས་ཀྱི་གཟུངས། །རང་གི་མིང་བཅུག་བྲི་བར་བྱ། །དེ་ནས་ཤིན་ཏུ་གལ་ཆེ་བ། །པད་མོ་དང་ནི་བྱེ་མ་ལ། །ཨུཥྞི་རྣམ་གཉིས་ཡོན་ཏན་སྔགས། །ཡི་གེ་ཉུང་ངུ་ལ་སོགས་པའི། །ཤེས་རབ་ཕ་རོལ་ཕྱིན་པའི་གཟུངས། །ཚོད་དང་སྦྱར་ལ་བྲི་བར་བྱ། །གྲོང་ཁྱེར་འཇུག་པ་ཤིན་ཏུ་བཅས། །ནོར་བུ་རྒྱས་པའི་གཞལ་མེད་ཁང༌། །ཡི་གེ་བརྒྱ་པ་གཉིས་པོ་དང༌། །སྒྲོལ་མ་འཇིག་རྟེན་དབང་ཕྱུག་གི །གཟུངས་གཉིས་དང་ནི་ངན་སོང་སྦྱོང༌། །ཀ་ཁ་བསྡུ་དང་སྡོང་པོས་བརྒྱན། །མཚམས་མེད་ཟད་བྱེད་ནོར་རྒྱུན་མ། །འབྲང་མའི་ཡང་སྙིང་གྷ་དྷེ་མ། །བཀྲ་ཤིས་བྱིན་རླབས་འབྱུང་བ་དང༌། །གནས་པ་གདུགས་དཀར་རྣམས་ཀྱི་ནི། །ཡབ་ཡུམ་བཅས་པ་བྲི་བར་བྱ། །ཨ་ཙཱ་ལ་ཡི་གཟུངས་རིང་གཉིས། །བཀྲ་ཤིས་རྟེན་དང་འབར་བ་དང༌། །སྟོང་ཕྲག་བརྒྱ་པ་ཕལ་པོ་ཆེ། །ཏིང་ངེ་འཛིན་གྱི་རྒྱལ་པོ་དང༌། །འབྲང་མ་གཟུངས་འགྱུར་ཤེས་རབ་སོགས། །བྷོ་དྷ་དབུ་རྟེན་རབ་གནས་འགྱུར། །རྨ་བྱ་རྒུ་འཚོགས་ཆེན་མོ་སྟེ། །དེ་རྣམས་བརྒྱ་རྩ་བརྒྱད་དུ་གཞུག །ཡང་ནི་ཉི་ཤུ་རྩ་གཅིག་གམ། །ཐ་མ་བདུན་དུ་བྲི་བར་བྱ། །དེ་ནས་བྲི་བར་བྱ་བ་ནི། །གཟུངས་ཀྱི་དཔེའུ་ཆེན་མོ་དང༌། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་པ་ཆེན་པོའི་མདོ་སྡེ་དང༌། །རྒྱུད་སྡེ་གཞུག་ཀྱང་ཤིན་ཏུ་བཟང༌། །སྐུ་ཆུང་གཞུག་པར་བྱ་བ་ནི། །སྤྱིར་ནི་གྲུབ་ཚད་བཞུགས་ན་བཟང༌། །དེ་ལ་ཤིན་ཏུ་གལ་ཆེ་བ། །ཤཱཀ་ཐུབ་རང་གི་ཡི་དམ་ལྷ། །བླ་མའི་སྐུ་འབགས་གཞུག་པར་བྱ། །དེ་ཡང་དབུ་ནི་ཡར་བསྟན་ཅིང༌། །ཞལ་ནི་མདུན་དུ་བསྟན་ལ་གཞུག །དེ་ལྟར་དེ་རྣམས་ཚར་བ་དང༌། །བུམ་པའི་སྨད་ལ་པདྨ་སྟེ། །དེ་རུ་གཞུག་པར་བྱ་བ་ནི། །རྟེན་འབྲེལ་སྙིང་པོ་ངན་སོང་སྦྱོང༌། །ལས་ཀྱི་སྒྲིབ་པ་རྒྱུན་བཅད་དང༌། །ངན་སོང་གསུམ་གྱི་སྒོ་གཅོད་དང༌། །ཕ་མ་རྒན་རྒོན་གཉིས་པོ་དང༌། །རང་གི་མིང་འཇུག་བྲི་བར་བྱ། །དེ་ལ་ཕན་ཡོན་ཤིན་ཏུ་ཆེ། །དེ་ནས་པདྨའི་ནང་རྫོངས་ནི། །ཕྱོགས་སྐྱོང་བཅུ་གཅིག་སྙིང་པོ་དང༌། །མགོན་པོ་ནག་པོ་ཞི་ཁྲོ་དང༌། །ཚོགས་བདག་ལྷ་མོ་ནག་མོ་གཉིས། །གནོད་སྦྱིན་ཕོ་དགུ་མོ་དགུ་རྣམས། །ཚོད་དང་སྦྱར་ལ་བྲི་བར་བྱ། །དེ་ལ་མིང་སྤེལ་བྱ་བ་ནི། །རང་གིས་མིང་སྤེལ་འབྱོར་པ་དང༌། །ཚེ་དང་བསོད་ནམས་སྤེལ་བ་དང༌། །བར་ཆད་ཐམས་ཅད་ཞི་དོན་དུ། །མིང་སྤེལ་ཞིང་དེ་ལྟར་གཟུངས་རྣམས་ཚར་བ་དང༌། །དེ་ཡི་གཞུག་ཐབས་བྱ་བ་ནི། །མེ་དང་ཞུགས་ལ་ཅུང་ཞིག་བསྲེགས། །དེ་ནས་ལག་པ་ལེགས་བཀྲུས་ལ། །མཐའ་བཞི་དག་ནི་ལེགས་པར་དྲིལ། །དར་རྐུད་དག་གིས་ལེགས་པར་བཅིང༌། །དེ་ནས་བདག་དང་མཆོད་རྟེན་གྱི། །མཆོད་དང་འབྱོར་པ་འཕེལ་བའི་ཕྱིར། །གནོད་སྦྱིན་འཁོར་ལོ་བཞེངས་པར་བྱ། །དེ་ཡང་ཟླ་བ་ཡར་ངོ་ཡི། །རྒྱུ་དང་སྦྱོར་བའི་ཚོགས་གསོག་བྱ། །ཆོས་སྐྱོང་གཏོར་མ་ཕུལ་བྱས་ལ། །འཁོར་ལོ་ལེགས་པར་བཞེངས་པར་བྱས། །དཀར་གསུམ་འབྲུའམ་དཀར་དམར་ལ། །རྣམ་ལྔ་བསྲེ་ལ་ཆུ་ཆོད་སྦྱར། །དེ་རྣམས་གནོད་སྦྱིན་མཆོད་པ་འབུལ། །དེ་ལྟར་དེ་རྣམས་ཚར་བ་དང༌། །ཞབས་བསྡོམ་བྱེད་དུ་ཉེ་བ་ན། །མཆོད་རྟེན་ལེགས་པར་ཁྲུས་བྱས་ནས། །གུ་གུལ་དུད་པས་བདུག་བྱས་ལ། །དེ་ནས་དྲི་བཟང་ལྔ་པོ་དག །བ་ཞོ་ཙམ་དུ་བཏགས་བྱས་ལ། །འཐུག་སྲབ་བ་ལང་ཀོ་བ་ཙམ། །མཆོད་རྟེན་ནང་དུ་བྱུག་པར་བྱ། །དེ་ནས་དགེ་བཤེས་ཚད་ལྡན་པས། །རབ་གནས་ཆོ་ག་གཞུང་བཞིན་བྱ། །གཟུངས་ཀྱི་རབ་གནས་ཚར་བ་དང༌། །རབ་གནས་མཁན་པོས་གཞུག་པར་བྱ། །ཡང་ན་རང་གིས་གཞུག་པར་བྱ། །ཤར་ཕྱོགས་ཁ་བལྟས་མཆོད་རྟེན་མདུན། །རང་གིས་དངོས་སུ་བསྟན་ལ་གཞུག །དར་དམར་མཆོད་རྟེན་གདན་དུ་སྟིང༌། །རྩ་རུ་སྤོས་ཀྱི་དུད་པས་འབུལ། །གོ་རིམ་བཞིན་དུ་ལེགས་པར་བརྫང༌། །ཞབས་སུ་དར་དམར་དབུལ་བར་བྱ། །དེ་ནས་འཁོར་ལོ་ལེགས་པར་གཞུག །དེ་ནས་མཆོད་རྟེན་བཞེངས་འདོད་པས། མཆོད་རྟེན་དང་ནང་རྫོངས་འདྲ་བ་ཡིན། ཡོ་ནང་རྫོངས་ལ་སླ་ཆོས་བྱེད་དེ། དེ་ཡང་བྱིན་རླབས་ནི། ནང་རྫོངས་དང་རབ་གནས་གཉིས་ལ་འོང་བ་ཡིན། དེ་ཡང་མིང་སྤེལ་གྱི་ཚད་མ་འཆུག་པ་གལ་ཆེ་བ་ཡིན་གསུངས། སྭཱ་ཧཱའི་གོང་དུ་རྒྱུ་སྦྱོར་ཡོན་གྱི་བདག་པོ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མིང་སྤེལ་ལ་གཞུག་པ་ནི། སྒྲིབ་པ་གཉིས་སྦྱང་བ་དང༌། སྲུང་བ་གཉིས་ཀྱིས་མིང་སྤེལ་བར་བྱའོ། །དེ་ཡང་ཆེ་གེ་སརྦ་ཀརྨ་ཨ་བ་ར་ནི་བི་ཤུདྡྷ་ཀུ་རུ་སྭཱ་ཧཱ། སརྦ་པཱ་པཾ་བི་ཤུདྡྷ་ནི་ཀུ་རུ་སྭཱ་ཧཱ། སརྦ་བིག་ནན་ཤིནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་གྲ་ཧེ། སརྦ་ཛྭ་རེ། སརྦ་བིདྱ་སྟེ། སརྦ་ཨུ་པ་ཏ་བྷྱ། སརྦ་ཨ་ཀ་ལ་མྲྀ་ཏྱ་པྲ་ཤ་མ་ན་ཡ། སརྦ་དུ་སྭབ་ནི། སརྦ་དུར་མེ་ཏི། ཆེ་གེ་མོ་སརྦ་བྷིག་ནན། ཨ་པ་ན་ཡ་སྭཱ་ཧཱ། སརྦ་བིག་ནན་བྱ་རཀྵ་རཀྵ་སྭཱ་ཧཱ། དེ་བཞིན་དུ་ཚེའི་བར་དུའོ། །ཨོཾ་ཨན་ཏྲ་ཆེ་གེ་མོ་ཚེ་དང༌། བསོད་ནམས། གཟི་བརྗིད་དང༌། དབང་ཕྱུག་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ནོར་དང་འབྱོར་པ་ཡང་རྒྱས་པར་མཛད་དུ་གསོལ། ཨ་ཡ་མ་ནི་བ་སུ་ལ་བི་མ་ན་ཡ། ཨོཾ་གར་བྷེ་སྭཱ་ཧཱ། རབ་གནས་འདུས་སྐུ་

རབ་གནས་ཀྱི་མན་ངག་གདམས་པ།

ན་མོ་གུ་རུ། རབ་ཏུ་གནས་པའི་ཆོ་ག་ལ། ཇོ་བོ་རྗེ་ནས་བརྒྱུད་པའི་མདོ་སྔགས་གཉིས་དང༌། སློབ་དཔོན་དཔའ་བོ་རྡོ་རྗེའི་སྔགས་ཀྱི་ལུགས་དང༌། པཎྜི་ཏ་པ་བྷི་ཏ་བྷ་དན་ཏའི་སྔགས་ཀྱི་ལུགས་དང༌། བླ་མ་རྡོ་རྗེ་གདན་པའི་ཀུ་སུ་ལུའི་ལུགས་དང༌། ཆོས་རྗེ་ཕག་མོ་གྲུ་པ་ནས་བརྒྱུད་པའི་རིན་པོ་ཆེ་འབྲི་གུང་པའི་ལུགས་དང༌། ངས་ཤེས་པའི་རབ་གནས་དེ་ཚོ་ཡིན། ངས་རབ་གནས་ཀྱི་ཆོ་ག་བྱས་པ་ཁོ་རང་ལ་ཡོད་པ་དེ་ཚོ་ཡིན། དེའི་ནང་ན་ཡོད་པའི་དངོས་གཞི་རབ་གནས་ནི་འདི་རྣམས་གང་བྱེད་ཀྱི་ནང་ན་ཡོད་པ་ཡིན། དེ་ཡང་བླ་མ་རིན་པོ་ཆེ་སངས་རྒྱས་སྒོམ་པས་ཕྱག་ལེན་མཛད་པའི་མདོ་སྔགས་གཉིས་ཀྱི་ནང་ལ་ཡོད་པ་དེ་ཡིན། ཞབས་བསྡོམ་ཆོ་ག་ཡང་དེ་ན་ཡོད། བླ་མ་རིན་པོ་ཆེ་འབྲི་གུང་པས་རབ་ཏུ་གནས་པ་ལ་སྐྱོན་བྱུང་ནས་འདི་མ་ཤེས་པས་ལེན་པ་ཡིན་གསུངས་ནས་ཕྱག་ནམ་མཁའ་ལ་གཡུག་གི་མཛད་པའི་དོན་ནི། ལྷ་ཁང་རབ་གནས་བྱེད་ན་ལྷ་ཁང་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཆེན་པོར་བསྐྱེད་ལ། ནང་གི་ལྷ་གང་ཡིན་པ་དེ་དག་སྐུ་རིགས། གསུང་རིགས། ཐུགས་རིགས། ཡོན་ཏན་རིགས། ཕྲིན་ལས་ཀྱི་རིགས། སོ་སོར་བསྐྱེད་ནས་ཡེ་ཤེས་སེམས་དཔའ་འགུགས་གཞུག་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་གོ་ཆ་བགོས། བསྐྱེད་ཆོག་འདི་མ་བྱས་པའི་གོང་དུ་སྟ་གོན་གྱི་ཆོ་ག་ཁྲུས་དང་བྱུར་སེལ་ལ་སོགས་པ་བྱའོ། །སྟ་གོན་གྱི་དུས་ནས་དགུགས་གཞུག་ཡོད་པ་དེ་བཞིན་དུ་བྱ་བ་ཡིན། རབ་གནས་བྱ་རྒྱུ་ཡང་རང་གཞན་གྱི་གཉིས་ཡིན་ཏེ། རང་གི་ཡིན་ན་ལྷ་ཁང་གི་ཐད་ཀར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་ཤིན་ཏུ་ཆེ་ལ་ཞིང་ཁམས་ཀྱིས་གང་བ་གཅིག་བསྒོམ། དེའི་ནང་དུ་ཡུལ་རི་དང་རི་ཐམས་ཅད་ཚུད་པ། ཡུལ་དེ་ན་གནས་པའི་མི་མ་ཡིན་པ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་གཙོར་བྱས་པ། གཞི་བདག་འཁོར་དང་བཅས་པ་ཐམས་ཅད་དང༌། ཁྱད་པར་དུ་ཀླུ་ཆེན་པོ་ལ་སོགས་པའོ། །མི་ཡིན་ན་རྒྱལ་པོ་དང༌། བཙན་པོ་ལ་སོགས་པ་མི་ཐམས་ཅད་དང༌། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། ཁྱད་པར་དུ་ཡང་མི་མ་ཡིན་པ་དང་མི་ཆེ་བ་ཐམས་ཅད་ལ་གནོད་པ་སྐྱེལ་བ་དང༌། རྩུབ་པོ་ཐམས་ཅད་ལྷག་པར་མདུན་དུ་བསྐྱེད་ལ་བཀར་ཡིན་བསྒོམ། དེ་ནས་དེ་དག་ཐམས་ཅད་ལྷ་ཁང་ནང་གི་ལྷ་ཡི་གཙོ་བོའམ། རང་གི་ཡི་དམ་གྱི་ལྷར་བསྒོམ། དེ་དག་གི་སེམས་ལྷ་གཙོ་བོ་དེའི་ཐུགས་ཀར་བསྒོམས་ལ། དེ་དག་ཐམས་ཅད་ཕྱག་རྒྱ་ཆེན་པོར་མྱོང་བ་གཅིག་བསྒོམ། དེ་ནས་ཡུལ་དེར་གནས་པའི་མི་དང་མི་མ་ཡིན་པའི་འགྲོ་བ་ཐམས་ཅད་ཀྱིས་ཕྱག་དང་བསྐོར་བ་མཆོད་པ་དང༌། ཞབས་ཏོག་བྱེད་པར་བཀའ་བསྒོ་བྱ། གཏོར་མ་ཡང་འབུལ། དེ་དག་ཐམས་ཅད་ལྷ་འདི་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པའི་སྨོན་ལམ་བཏབ། རང་གིས་བདག་པའི་དགོན་པའམ། འདུག་ས་གང་རུང་ཏུ་འདི་བཞིན་དུ་སྒོམས། རང་མི་བདག་ན་མ་ཡིན་ནོ། །འདི་གཤའ་མར་བསྒོམ་ཤེས་ན་རིན་པོ་ཆེས་གསུངས་པའི་གདམས་ངག་གི་གནད་འདི་ཡིན་ཏེ། ཡུལ་དེ་དག་གི་བདག་བྱར་འོང༌། རང་གིས་དབང་དུ་འདུ་བ་ཡིན། རང་ཡུལ་དེར་འདུག་པ་ཡིན་ན་དེ་བཞིན་དུ་བསྒོམ། མི་འདུག་ན་རང་གིས་འཁོར་བསྒོམ་ཤེས་པ་གཙོ་བོ་གཅིག་ལ་བསྟན་ལ་བསྒོམ་དུ་གཞུག རང་མི་དབང་བའི་ལྷ་ཁང་དང་རབ་གནས་བྱ་རྒྱུ་ཐམས་ཅད་རབ་གནས་ཆོ་ག་བྱ་རྒྱུ་བཞིན་དུ་བྱའོ། །ལར་རང་ཡུལ་གར་འདུག་པའི་སར་དང་པོར་སེམས་བསྐྱེད་བྱ། ཡི་དམ་གྱི་ལྷ་བསྒོམ། སྙིང་གི་དཀྱིལ་དུ་བླ་མ་བསྒོམ། བླ་མའི་ཐུགས་ཀར་ཡི་དམ་ལྷའི་ས་བོན་བསྒོམ་པ་ལས་འོད་ཟེར་དམར་པོ་གཅིག་འཕྲོས་པ་ལས་ཡུལ་དེར་གནས་པའི་མི་དང་མི་མ་ཡིན་པ་ཐམས་ཅད། ཁྱད་པར་དུ་ཡང་གལ་ཆེ་བ་རྣམས་མདུན་དུ་དགུག་ལ། དེ་དག་ཐམས་ཅད་བདེ་བར་བྱ་བའི་ཆེད་དུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་ཚོགས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང། སེམས་ཅན་ཐམས་ཅད་ཁྱད་པར་དུ་ཆེ་བ་རྣམས་ཀྱི་དང༌། དེ་དག་ཐམས་ཅད་ཀྱི་སེམས་དང༌། བླ་མའི་ཐུགས་དང༌། རང་གི་སེམས་ཀྱི་ངོ་བོ་རོ་གཅིག་དུ་བསྡུས་ནས་ཕྱག་རྒྱ་ཆེན་པོ་བསྒོམ་པ་གཅིག་མྱོང་བ་གཅིག་བསྒོམས་ནས། བླ་མ་ལ་སོགས་པ་གོང་མ་རྣམས་ཀྱི་བྱིན་རླབས་དང༌། རང་གི་ཏིང་ངེ་འཛིན་གྱི་ནུས་པས་དེ་དག་ཐམས་ཅད་དབང་དུ་འདུ་བ་ཡིན། ཁྱད་པར་དུ་ཡང་གང་ལ་དམིགས་པ་དེ་ལའོ། །ཡུལ་གང་རུང་བ་ལ་ཉོན་མོངས་པ་ཆགས་སྡང་རྨོངས་པ་སྐྱེས་པ་དེ། ཕ་ཏ་ལ་བྱམས་པ་བསྒོམས། རང་གི་ཉོན་མོངས་པ་རྗེས་མི་བཤུ། ཉོན་མོངས་པ་གང་སྐྱེས་པ་དེ་ཕྱག་རྒྱ་ཆེན་པོར་བསྒོམ། དེ་ལྟར་མ་བསྒོམ་ན་ཞེ་སྡང་གི་རྟོག་པས་ཞེ་སྡང་ཅན་དང་ཕྲད་ནས་ཞེ་སྡང་གི་ལས་བྱ་དགོས་འོང༌། འདོད་ཆགས་ཅན་འཕྲད་ན་འདོད་ཆགས་ཀྱི་ལས་བྱ་དགོས་འོང༌། ཉོན་མོངས་པ་གཞན་ལ་ཡང་ངོ༌། །འདི་ཡང་བསྒོམ་ཤེས་ན་འདི་དག་གི་ཕན་ཡོན་འབྱུང་ཞིང༌། ཐམས་ཅད་དབང་དུ་འདུ་བ་ཡིན། དེ་གདམས་ངག་ལ་སོགས་པ་ཡིན། ལར་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་བསྒོམ། ཡི་དམ་གྱི་ལྷ་བསྒོམ། བླ་མ་མཆོག་ཏུ་གྱུར་པ་གཅིག་ལ་མོས་གུས་ཁོང་ནས་བྱེད་པ་གལ་ཆེ། དེ་དག་ཕྱག་རྒྱ་ཆེན་པོར་མྱོང་བ་བྱས་ནས་མཆོག་ཐུན་མོང་གཉིས་ཀྱི་དོན་ཐམས་ཅད་དེས་འགྲུབ་པ་ཡིན། ལར་བྱང་ཆུབ་ཀྱི་སེམས་བསྒོམ། བླ་མ་ལ་མོས་གུས་གྱིས། ཡི་དམ་གྱི་ལྷའི་བསྐྱེད་རིམ་བརྟན་པོ་བསྒོམ་ལ་བཟླས་པ་གྱིས། མཚན་བཅས་ཀྱི་རྫོགས་རིམ་བླ་མ་ནཱ་རོ་པའི་ལུགས་དང་ཆོས་དྲུག་བསྒོམ། ཁྱད་པར་དུ་རླུང་བསྒོམ་པ་གནད་ཆེའོ། །བདེ་གསལ་མི་རྟོག་པའི་ཉམས་ཀྱང་སྐྱེ། རྟོགས་པ་ཡང་སྐྱེ་བ་ཡིན། མཚན་མ་མེད་པའི་རྫོགས་རིམ་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། མཚན་མེད་ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་བསྒོམ། ལར་གཞི་ཆོས་བྱ་བ་ལ་གཞི་ཚུལ་ཁྲིམས་དགོས་པ་ཡིན། ལས་རྒྱུ་འབྲས་ལ་ཡིད་ཆེས་ཤིང༌། དགེ་བཅུ་ཉམས་སུ་ལེན། བྱང་ཆུབ་ཀྱི་སེམས་རྣམ་གཉིས་བསྒོམ། སེམས་ཅན་ཆོས་སྐུར་བསྒོམ། སེམས་ཅན་ཐམས་ཅད་ལ་ཕན་སེམས་ཆེ་བར་བྱ། ལམ་བསྐྱེད་རྫོགས་གཉིས་བསྒོམ། གྲོགས་དམ་ཚིག་བསྲུང༌། གནས་གར་འདུག་གཞལ་ཡས་ཁང་དུ་བསྒོམ། སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་བསྒོམ། ཕྱིའི་བེམ་རིག་གཉིས་ཆོས་ཉིད་དུ་བསྒོམ། རང་སེམས་ཆོས་སྐུར་བསྒོམ། སྣང་བ་རྟེན་འབྲེལ་དུ་ཤེས་པར་བྱ། ལར་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་བླ་མ་ཡིན་པས། བླ་མ་ལ་མོས་གུས་བྱེད་པ་ཁོ་ན་གལ་ཆེ། ངའི་གདམས་པའི་དོན་མཆོག་ཏུ་གྱུར་པ་མཐིལ་དུ་ཕྱུང་བ་འདི་རྣམས་ཡིན། ཉམས་སུ་ལོངས་ལ་གཞན་ལ་ཡང་སྟོན་ཅིག །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །

རབ་གནས་ཀྱི་གསོལ་འདེབས།

༈ ན་མོ་གུ་རུ། རབ་གནས་ཀྱི་གསོལ་འདེབས་དཔེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བླ་མ་དམ་པ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སྐུ་གསུང་ཐུགས་ཀྱི་རྟེན་རབ་གནས་བྱེད་པ་ལ། བཀྲ་ཤིས་དང་བདེ་ལེགས་དང༌། བྱིན་རླབས་ཕུན་སུམ་ཚོགས་པ་འབྱུང་བར་མཛད་དུ་གསོལ། བཀའ་བརྒྱུད་ཀྱི་བླ་མ་རིན་པོ་ཆེ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས། སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་འབྱོན་པར་ཞུ། འཁོར་བ་མ་སྟོང་གི་བར་དུ་བཞུགས་ནས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱག་གི་གནས། མཆོད་པའི་རྟེན། བསོད་ནམས་བསགས་པའི་ཞིང་དམ་པར་བྱིན་གྱིས་བརླབ་ཏུ་གསོལ། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སྔགས་དང༌། ཕྱག་རྒྱ་དང༌། རིག་པའི་ཁྲོ་བོ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་མཆོད་པ་དང༌། བསྟོད་པ་དང༌། རབ་ཏུ་གནས་པ་དེའི་བསོད་ནམས་ཀྱི་སྟོབས་ཀྱིས། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་བཀྲ་ཤིས་པ་དང༌། ཞལ་དྲོ་བ་དང༌། འགྲོ་བ་སྐྱོབས་པའི་བྱིན་གྱིས་བརླབས་དང་ལྡན་ནས། བདག་གཞན་ཐམས་ཅད་ཚེ་རིང་བ་དང༌། ནད་མེད་པ་དང༌། བདེ་བ་དང༌། ལོངས་སྤྱོད་འཕེལ་བ་དང༌། དཔལ་དང་གྲགས་པ་དང༌། འབྱོར་པ་ཕུན་སུམ་ཚོགས་པར་མཛད་དུ་གསོལ། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབད་པ་མེད་པར་ཚེ་འདི་ཉིད་ལ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཅེས་གསོལ་བ་ལན་གསུམ་གདབ་པར་བྱའོ།། །།ཆོས་ལ་མངའ་དབུལ་བ་བཞུགས། གླེགས་བམ་ཐམས་ཅད་ལ་མངའ་དབུལ་བ་ནི། སྡོམ་ལས། བཞུགས་ཁྲི་དང་ནི་ན་བཟའ་དང༌། གླེགས་ཤིང་དང་ནི་གླེགས་ཐག་གོ །དང་པོ་བཞུགས་ཁྲི་དབུལ་ཞིང༌། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་པར་ཤོག །ཨོཾ་བཛྲ་ཨ་ས་ན་ཡ་ཨཱཿཧཱུྃ་སྭཱ་ཧཱ། འདི་ལུས་བྱིན་རླབས་ཡིན་ཅི་མང༌། གཉིས་པ་ན་བཟའ་འབུལ་བ་ནི། སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་ཡ་ཨཱཿཧཱུྃ་སྭཱ་ཧཱ། གསུམ་པ་གླེགས་ཤིང་དབུལ་ཞིང༌། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ལ། །ཐབས་དང་ཤེས་རབ་འབྲེལ་པར་གྱུར་པ་ཡི། །ཉི་ཟླ་ལྟ་བུ་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་རྟོགས་པར་ཤོག །ཨོཾ་བཛྲ་པྲད་ཉཱ་ཨུ་པ་ལ་ཨདྭ་ཡ་ཨཱཿཧཱུྃ་སྭཱ་ཧཱ། བཞི་པ་གླེགས་ཐག་འབུལ་ཞིང༌། སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང༌། །ཡེ་ཤེས་ཆེན་པོ་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་བས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ཨོཾ་བཛྲ་པུཥྚ་ཀ་ད་ར་ཡ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་གཤེགས་པ་མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། ཏདྱ་ཐཱ། པུཥྤེ་པུཥྤེ་ག་སུ་པུཥྤེསྭཱ་ཧཱ། མེ་ཏོག་ལ་ལན་ཉི་ཤུ་རྩ་གཅིག་བསྔགས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གཏོར་ན། བསམ་པ་ཐམས་ཅད་འགྲུབ་པ་དང༌། བཀྲ་ཤིས་པ་དང༌། སྒྲིབ་པ་ཐམས་ཅད་འབྱང་ངོ༌།།

དམིགས་རིམ།

༈ ཨོཾ་སྭ་སྟི། ཡི་དམ་བསྒོམ། ཨོྃ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ྄། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ཆོས་སྐུ།་་་་་ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱཿཧེ་ཏུནྟེཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ྄། ཏེ་ཥཱཉྩཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་བིད་་་་་་ལོངས་སྐུ། སྭཱ་ཧཱ། ཨོཾ་བཛྲ་གར་བྷེ་་་་་་ཆོས་སྐུ་བརྟན་པ། སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་རྣམས་ལ་གོང་དུ་འབུམ་ཚོ་རེ་རེ་བཟླ། བསྙེན་པ་ད་ལོ་བསྐྱལ་ནས་རབ་གནས་སང་ཕོད་བྱས་ཀྱང་ཆོག བསྙེན་པ་ཟླ་བ་སྔ་མར་བྱས་ནས་རབ་གནས་ཟླ་བ་ཕྱི་མ་ལ་བྱས་ཀྱང་ཆོག བསྙེན་པ་དང་རབ་གནས་སྦྲེལ་མར་བྱས་ཀྱང་ཆོག་གསུངས། བགེགས་བསྐྲད་ཀྱི་ནས་ལ་རང་ཁྲོ་བོར་བསྒོམ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ྄། ཨོཾ་ཨ་བིགྷ་ནན་ཏ་ཀྲིཏ་ཏ་ཧཱུྃ་ཕཊ྄། སུམྦྷ་ནི་བཟླས་ལ་མཐར་ཧཱུྃ་དུ་བསྒྱུར་གསོལ་བ་བཏབ་པ་ནི། རང་གི་སྲུང་འཁོར་གྱི་ནང་དུ་བླ་བརྒྱུད་དང་བཅས་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་གཏིབས་པ་བཞིན་དུ་བསམ་ལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དང༌། རྒྱུ་སྦྱོར་བ་ཡོན་གྱི་བདག་པོ་མིང་འདི་ཞེས་བགྱི་བ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་ཚོགས་བསགས་པ་དང༌། སྒྲིབ་པ་སྦྱང་བར་བྱེད་པའི་སླད་དུ། ཁྱེད་འཕགས་པ་སོ་སོའི་སྐུ་དང་གསུང་དང་ཐུགས་རྣམས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་གནས་འདི་རྣམས་དང་རྟེན་འདི་རྣམས་ལ་བཞུགས་ལ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བར་མཛད་དུ་གསོལ། བླ་མ་རྡོ་རྗེ་འཛིན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཡི་དམ་ཆོས་སྐྱོང་སྲུང་མས་རྟག་ཏུ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཅེས་གསོལ་བ་ལན་གསུམ་གདབ། ཡི་དམ་བསྒོམས་ཤིང༌། དྲི་དང་མེ་ཏོག་གི་བསྙེན་པ་ནི། པད་ཟླའི་སྟེང་དུ་ཨོཾ་སེར་པོ་དེ་ལས་འོད་ཟེར་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་བཀྲ་ཤིས་པ་དང༌། བདེ་ལེགས་ཀྱིས་ཁྱད་པར་བྱས། ནམ་མཁའི་ཕྱོགས་སུ་སངས་རྒྱས་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ལ་མེ་ཏོག་ལ་བསྟིམ། གཟུངས་ལྔ་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ལྃ་མྃ་པྃ་ཏྃ་དགུ་ལ་བརྒྱ་རྩ་རེ་བཟླས། ཡང་གཟུངས་ཀྱིས་རབ་གནས་ལ་ཡང་བརྗོད། གང་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེའི་རྒྱུ་དང༌། འབྲས་བུ་དང༌། ལམ་དང་དགོངས་པ་ཕན་སུམ་ཚོགས་པ་དང་ལྡན་པ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་འདས་འདིར་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། ཡང་དག་པར་ལྡན་པ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པའི་ཆོས་དྲན་པ་ཉེ་བར་བཞག་པ་བཞི་དང༌། ཐུགས་རྗེ་ཆེན་པོ་ལ་སོགས་པ་མདོར་ན་སློབ་པ་དང་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ལྡན་པས། དེ་སྐྱོན་གྱི་ཉེས་པ་ཐམས་ཅད་བྲལ་ཞིང༌། བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་བཞི་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འདི་རབ་ཏུ་གནས་པར་བགྱིའོ། གང་འདི་བཅོམ་ལྡན་འདས་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང་ཡང་དག་པར་ལྡན་པ་དང༌། ཚུལ་ཁྲིམས་གསུམ་དང༌། ཏིང་འཛིན་གསུམ་དང༌། བསླབ་པ་གསུམ་དང༌། ཚངས་པའི་གནས་བཞི་དང༌། བསམ་གཏན་བཞི་དང༌། འཕགས་པའི་བདེན་པ་བཞི་དང་ཡང་དག་པར་བདེན་པས། དེའི་ཡང་དག་པ་དང་བདེན་ཞེས་ཕྱིན་ཅི་ལོག་པའི་ཡེ་ཤེས། ཤེས་བྱའི་ཡུལ་བརྙེས་པས་ཉོན་མོངས་པ་མ་ལུས་པ་རྣམས་སྤངས་པ་དང༌། བདུད་བཞི་ལས་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འདི་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང༌། བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་དང༌། སྐྱེས་བུ་ལྟ་བས་ཆོག་མི་ཤེས་པ་དང༌། མཐོང་ན་མི་མཐུན་པ་མེད་པ་སྟེ། དེའི་གཟུགས་ཀྱི་སྐུའི་འབྱོར་པའི་མཐར་ཐུག་པ། མངའ་བརྙེས་པས་འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི། སངས་རྒྱས་བཅོམ་ལྡན་འདས་འདི་རབ་ཏུ་གནས་པར་བགྱིའོ། །ཆོས་སྐུ་ལ་ཆོས་སྐུ་ཐིམ་པའི་བསམ་པས་མེ་ཏོག་གཏོར། དེའི་དོན་ནི་རྟེན་རྣམས་རང་བཞིན་གྱིས་སྤྲོས་བྲལ་ཡིན་པ་ལ། མེ་ཏོག་ཆོས་སྐུའི་འདུ་ཤེས་སུ་གཏོར་བས། དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་སོང་བར་བསམ། དོན་དམ་པའི་དབང་དུ་ན། ཆོས་ཀྱི་སྐུ་དེས་རྟེན་ཐམས་ཅད་ལ་ཁྱབ་པ་དེ་སྟོང་པ་ཡིན་པའི་ཕྱིར་རོ། །བདེ་མཆོག་ལས། འབྱུང་བ་རྒྱུན་གྱི་བཅོམ་ལྡས་འདས། །ཐུགས་རྗེ་རྟག་པའི་སངས་རྒྱས་ཏེ། །རང་བཞིན་ཀུན་ལ་ཁྱབ་པར་གནས། །ཇི་ལྟར་འདོད་པས་དེ་ལྟར་སྣང༌། །སྦྱོར་བའི་དུས་སུ་གསོལ་འདེབས་དྲག་པོ་དང་དངོས་གཞིའི་དུས་སུ་བྱོན་ངེས་སྙམ་པའི་ངེས་ཤེས་བརྟན་པོ་དང༌། རྗེས་ལ་འདི་དག་སངས་རྒྱས་དངོས་ཡིན་སྙམ་དུ་བསྒོམ་པའོ། །

གནོད་སྦྱིན་འཁོར་ལོ།

༈ ན་མོ་རཏྣ་གུ་རུ། གནོད་སྦྱིན་འཁོར་ལོ་བྱེད་ན། པདྨ་འདབ་མ་བརྒྱད་མུ་ཁྱུད་དང་བཅས་པའི་འདབ་མ་བརྒྱད་པ་གཉིས་བྱ། འོག་མ་ལ་དབུས་སུ་ནོར་སྦྱིན་མོ་དབུ་ཤར་དུ་བལྟ་བ། གཞན་རྣམས་ལ་གནོད་སྦྱིན་མོ་བརྒྱད་བྲི། བཟླས་གྲུབ་ན་ཡང་དབུས་མ་ལ། ཨོཾ་བ་སུ་དྷཱ་རི་ནི་ཆེ་གེ་མོ་ཀ་སྱེའི་བ་སུ་པུཥྚིཾ་མེ་ཀུ་རུ་སྭཱ་ཧཱ། ཤར་དུ། ཨོཾ་ཙནྟྲ་ཀན་ཏེ་ཆེ་གེ་མོ་ཀ་སྱེའི་བ་སུ་པུཥྚིཾ་མེ་ཀུ་རུ་སྭཱ་ཧཱ། ཤར་ལྷོར། ཨོཾ་སུ་བྷ་ཏྲ་ཡེ་ཆེ་གེ་མོ་སོགས་སྭཱ་ཧཱ། ལྷོར། ཨོཾ་ཏཏ་ཏ་ཡེ་ཆེ་གེ་མོ་སོགས་སྭཱ་ཧཱ། ལྷོ་ནུབ་ཏུ། ཨོཾ་གུབ་པ་ཏ་ཡེ་ཆེ་གེ་མོ་སོགས་སྭཱ་ཧཱ། ནུབ་ཏུ། ཨོཾ་པུ་ཏད་ཏྱ་ཆེ་གེ་མོ་སོགས་སྭཱ་ཧཱ། ནུབ་བྱང་དུ། ཨོཾ་དྷེ་བྱེ་ཆེ་གེ་མོ་སོགས་སྭཱ་ཧཱ། བྱང་དུ། ཨོཾ་ཨརྻ་ཡེ་ཆེ་གེ་མོ་སོགས་སྭཱ་ཧཱ། བྱང་ཤར་དུ། ཨོཾ་པ་ར་ས་ཏྱེ་ཆེ་གེ་མོ་སོགས་སྭཱ་ཧཱ། སྟེང་གི་པད་འདབ་བརྒྱད་ལ་བྲི་བ་ནི། དབུས་མ་ལ་ཛཾ་བྷ་ལ་དང་ཕྱོགས་ཀྱི་འདབ་མ་བརྒྱད་ལ་གནོད་སྦྱིན་ཕོ་བརྒྱད་བྲི་བའམ། དེ་མ་གྲུབ་ན་དབུས་སུ་ཛཾ་བྲིས་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ།ཆེ་གེ་མོ་སོགས་སྭཱ་ཧཱ། ཤར་གྱི་འདབ་མ་ལ། ཨོཾ་མ་ཎི་བྷ་དྲ་ཡེ་ཆེ་གེ་མོ་སོགས་སྭཱ་ཧཱ། གན་རྐྱལ་གྱི་ཤར་ལྷོར་ཁ་སྦུབ་ཀྱི་བྱང་ཤར་དུ། ཨོཾ་བྷ་རན་ཏྲ་ཡེ་ཆེ་གེ་མོ་སོགས་སྭཱ་ཧཱ། གན་རྐྱལ་གྱི་ལྷོར་ཁ་སྦུབ་ཀྱི་བྱང་དུ། ཨོཾ་བཻ་ཤྲ་མ་ན་ཡེ་ཆེ་གེ་མོ་སོགས་སྭཱ་ཧཱ། གན་རྐྱལ་ཀྱི་ལྷོ་ནུབ་ཁ་སྦུབ་ནུབ་བྱང་དུ། ཨོཾ་མུ་ཁན་ཏྲ་ཡེ་ཆེ་གེ་མོ་སོགས་སྭཱ་ཧཱ། ནུབ་ཏུ། ཨོཾ་དྷ་ན་དྷ་ཡེ་ཆེ་གེ་མོ་སོགས་སྭཱ་ཧཱ། གན་རྐྱལ་གྱི་ནུབ་བྱང་ཁ་སྦུབ་ཀྱི་ལྷོ་ནུབ་ཏུ། ཨོཾ་ཛི་བྷི་ཀུན་དྷ་ལི་ཆེ་གེ་མོ་སོགས་སྭཱ་ཧཱ། གན་རྐྱལ་གྱི་བྱང་ཁ་སྦུབ་ཀྱི་ལྷོར། །ཨོཾ་པུར་ཎ་བྷ་དྲ་ཡེ་ཆེ་གེ་མོ་སོགས་སྭཱ་ཧཱ། གན་རྐྱལ་གྱི་བྱང་ཤར་ཁ་སྦུབ་ཀྱི་ཤར་ལྷོར་ཨོཾ་ཀི་ལི་མི་ལི་ཆེ་གེ་མོ་ཀ་སྱེའི་བ་སུ་པུཥྚིཾ་མེ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་མུ་ཁྱུད་ལ་རྟེན་འབྲེལ་རྐྱང་པ་བྲིས་ལ་ཡི་གེ་དང་ལྷ་གཉིས་ཀའི་གཙོ་བོ་དང༌། གཙོ་མོ་གཉིས་ཀའི་དབུ་ཤར་དུ་བསྟན། གཞན་རྣམས་ཀྱི་དབུ་དབུས་སུ་བསྟན་ལ་བྲི་བར་བྱའོ། །དེ་དག་གནོད་སྦྱིན་མོ་རྣམས་གན་རྐྱལ་གྱིས་དབང་དུ་བྱས་ལ། དབུས་སུ་བྃ་དགུ་ལས་ནོར་རྒྱུན་མ་དང༌། ཤར་དུ་ཟླ་བའི་གཟུགས་ཅན་མ་དང༌། ཤར་ལྷོར་རབ་བཟང་མོ་དང༌། ལྷོར་རབ་ཏུ་སྦྱིན་མ་དང༌། ལྷོ་ནུབ་ཏུ་གསང་བ་མོ་དང༌། ནུབ་ཏུ་རབ་སྦྱིན་མ་དང༌། ནུབ་བྱང་དུ་ལྷ་མོ་དང༌། བྱང་དུ་འཕགས་མ་དང༌། བྱང་ཤར་དུ་དབྱངས་ཅན་མ་རྣམས་ཡིན་ལ། གནོད་སྦྱིན་ཕོ་རྣམས་ཀྱང་དབུས་སུ་ཛཾ་དགུ་ལ་ཆུ་དབང༌། ཁ་སྦུབ་པའི་དབང་དུ་བྱས་ཏེ། ཤར་དུ་ནོར་བུ་བཟང་པོ་དང༌། ཤར་ལྷོར་ཕུར་བུའི་ཕྲེང་བ་དང༌། ལྷོར་གང་བ་བཟང་པོ་དང༌། ལྷོ་ནུབ་ལྐོག་མ་འཁྱིལ་པ་དང༌། ནུབ་ཏུ་གཏེར་འཛིན་དང༌། ནུབ་བྱང་དུ་སྦྱོར་བའི་དབང་པོ། བྱང་དུ་རྣམ་ཐོས་སྲས་དང༌། བྱང་ཤར་དུ་སྤྱོད་པའི་དབང་པོ་རྣམས་ཡིན་ནོ། །དེ་ནས་འཁོར་ལོ་རབ་ཏུ་གནས་པའི་ཆོ་ག་ནི། པུ་ཙ་ད་བྷ་ལིང་བཤམ་ལ། སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་པ་དང༌། དབུལ་བ་སེལ་བའི་དོན་དུ་རབ་གནས་བྱ་སྙམ་དུ་བསམ། དེ་ནས་སྐད་ཅིག་གིས་ཡི་དམ་ལྷར་བསྐྱེད། སྭ་བྷཱ་ཝས་འཁོར་ལོ་མིི་དམིགས་པའི་ངང་པདྨ་དང་ཟླ་བའི་གདན་སྟེང་དུ་ཛཾ་བསམ། འོག་གི་པདྨའི་ལྟེ་བ་ལ་བྃ་བསྒོམ། འདབ་མ་བརྒྱད་ལ་ཡང་དེ་ལྟར་བསྒོམ། དེ་ནས་ཡི་གེ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ནས་ཚུར་འདུས་ཡི་གེ་ལ་ཐིམ་པས་དབུས་ཀྱི་ཛམ་ལས་ཆུ་དབང་སྐུ་མདོག་སེར་པོ་གཡས་ཤིང་ཐོག་སྐུ་ཙ་པུ་རི། གཡོན་ནེའུ་ལེའི་རྐྱལ་པ་བསྣམས་ཤིང༌། རཏྣའི་རྒྱན་ཅན་ཞབས་ཕྱེད་ཀྲུང་གིས་གནས་ཡར་བསྐྱེད་འདབ་མ་བརྒྱད་པོ་ལ་གནོད་སྦྱིན་ཕོ་བརྒྱད་ཕྱག་གཡས་རིན་པོ་ཆེ་གཡོན་ནེའི་རྐྱལ་བུ་འཛིན་པ་རཏྣའི་རྒྱན་ཅན་གསུས་པ་འཕྱང་བ་བསྒོམ་པར་བྱའོ། །འོག་གི་པདྨའི་དབུས་སུ་བྃ་ལས་ལྷ་མོ་ནོར་རྒྱུན་མ་སྐུ་མདོག་སེར་མོ་གཡས་མཆོག་སྦྱིན་མཛད་པ་གཡོན་འབྲས་ཀྱི་སྙེ་མ་བསྣམས་པ། རཏྣའི་རྒྱན་གྱིས་བརྒྱན་པ་བསྐྱེད། འདབ་མ་བརྒྱད་ལ་གནོད་སྦྱིན་མོ་བརྒྱད་གཙོ་མོ་དང་སྐུ་མདོག་ཕྱག་མཚན་མཐུན། དེ་དག་གིས་ཐུགས་ཀར་ཟླ་བའི་སྟེང་དུ་སོ་སོའི་སྙིང་པོ་ལ་རྟེན་འབྲེལ་གྱིས་བསྐོར་བར་བསམ། དེ་རྣམས་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿས་དབྱེར་མེད་དུ་བསམ། ཐུགས་ཀར་ཟླ་བའི་སྟེང་དུ་ཡབ་ཡུམ་གྱི་ས་བོན་ཛྃ་དང་བྃ་ལས་འོད་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་བསལ། སེམས་ཅན་གྱི་ཁམས་ཀྱི་གསེར་དངུལ་དང་རཏྣ་སྣ་ཚོགས་དང༌། འབྲུ་དང༌། རྟ་དང་གླང་པོ་ལ་སོགས་པའི་འདོད་པའི་ལོངས་སྤྱོད་ཐམས་ཅད་བསྡུས། རྨི་ལམ་སྒྱུ་མ་ཙམ་དུ་ཚུར་བཀུག་ནས་ལྷ་རྣམས་ལ་ཐིམ་པས་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ། ཇོ་མོའི་སྙིང་པོ་བརྒྱ་རྩ་བརྒྱད་རེ་མིང་སྤེལ་དང་བཅས་བཟླ། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ་མེ་ཏོག་གཏོར། ཁྲུས་བྱས་དྲིས་བྱུགས། བླ་མ་དང་ཡོན་བདག་རྣམས་ཀྱིས་མེ་ཏོག་ཐོགས་ཏེ། ཨརྻ་ཛཾ་བྷ་ལ་འཁོར་དང་བཅས་པ་དང༌། བ་སུ་དྷ་ར་འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དང༌། ཡོན་བདག་འདི་ཞེས་བགྱི་བས། འགྲོ་བ་མ་རྒན་རྣམས་ཀྱི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ལ། ལོངས་སྤྱོད་ཀྱི་འབྱོར་པ་དཔག་ཏུ་མེད་པ་བསྩལ་དུ་གསོལ། རྟེན་ལ་མཆོད་པ་རྒྱུན་མི་འཆད་པར་མཛད་དུ་གསོལ། ཅེས་གསོལ་བ་ལན་གསུམ་བཏབ་བོ། །དེ་ལྟར་རབ་གནས་ཚར་བ་དང༌། ཀ་ར་དང༌། མར་དཀར་དང་སྦྲང་རྩི་བསྲེས་ལ་ཙཀྲ་ལ་བྱུག ཀ་ར་དང་མར་བྱང་སེམས་ཀྱི་ངོ་བོ། །སྦྲང་རྩི་ནི་བདེ་བ་མྱོང་བའི་ངོ་བོ་ཡིན་གསུངས། དེ་ནས་ཙཀྲའི་སྟེང་འོག་གི་ཡི་གེ་དང་སྐུ་གང་ཡིན་མ་འཛོལ་བར་ཐད་ཀར་བབ་པ་གལ་ཆེ་སྟེ། ཡབ་ཡུམ་གྱི་ངོ་བོ་ཡིན་གསུངས།་་་་་གུ་གུལ་སྤྲ་ཚིལ་གྱི། མི་འཆུག་པར་བྱེད་པ་གལ་ཆེ་་་་་་མཆན། དར་དམར་པོའི་གདན་བྱའོ། །དེ་ནས་ཕྱོགས་ལ་ལོག་པར་བཞག ཞབས་ལེགས་པོ་བསྡམ་མོ། ཚོགས་བདག་བསྐྱེད་ན། བྷ་ལས་ཚོགས་བདག་སྐད་ཅིག་གིས་བསྐྱེད། འཁོར་ཐམས་ཅད་སྔ་མ་ལྟར་བསྐྱེད། དེ་ནས་ཚོགས་བདག་གི་ཐུགས་ཀར་ཟླ་བའི་སྟེང་དུ་གྷ་ལ་རྟེན་འབྲེལ་སྙིང་པོས་བསྐོར་བར་བསམ། དེ་ལས་འོད་འཕྲོས་བྱང་ཤར་མཚམས་ནས་ཚོགས་བདག་དཀར་པོ་གླང་པོ་ཆེའི་མགོ་ཅན་ཞལ་གཅིག་ཕྱག་བཞི། གཡས་ལ་ཕུག་དང་དགྲ་སྟྭ། གཡོན་ཐོད་པ་དང་ཁཊྭཱྃ་འཛིན་པ། ཟླ་བ་ཕྱེད་པས་བཟླས་པ། རཏྣའི་རྒྱན་ཅན་གསུས་པ་འཕྱང་བ་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་བསམ་ལ། དེ་ནས། ཨོཾ་བྷྲཱུྃ་ག་ན་པ་ཏི་ཡེ་ཆེ་གེ་མོ་ཀ་སྱེའི་བ་སུ་པུཥྚིཾ་མེ་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས། རྟེན་འབྲེལ་ལ་ཡང་སྔ་མ་ལྟར་བཟླས། དེ་ནས་འཁོར་ལོ་སྔ་མ་ལྟར་སྦྱར་ལ་ཞབས་བསྡོམ་མོ།།

བརྒྱུད་པའི་བླ་མའི་མཚན་རྟེན་གྱི་དབུ་ན་བཞུགས་པ།

༈ བརྒྱུད་པའི་བླ་མའི་མཚན་རྟེན་གྱི་དབུ་ན་བཞུགས་པ་ནི། ཨོཾ་ཨཱཿབཛྲ་དྷྲིཀྲ་ཧཱུྃ། ཨོཾ་ཨཱཿབཛྲ་ཤ་རྣ་ཧཱུྃ།་་་་་་ཏཻ་ལོ་པ། ཨོཾ་ཨཱཿརཏྣ་བཛྲ་ཧཱུྃ།་་་་་་ནཱ་རོ་པ་རིན་ཆེན་རྡོ་རྗེ། ཨོཾ་ཨཱཿཝ་དྷུ་ཏི་བཛྲ་ཧཱུྃ།་་་་་་མ་ཏི་པ་གཉིས་སུ་མེད་པའི་རྡོ་རྗེ། ཨོཾ་ཨཱཿཙིཏྟ་བཛྲ་ཧཱུྃ།་་་་་་མར་པ་ཀྱཻ་རྡོ་རྗེ། ཨོཾ་ཨཱཿཧ་སྱེ་བཛྲ་ཧཱུྃ།་་་་་་མི་ལ་བཞད་པ་རྡོ་རྗེ། ཨོཾ་ཨཱཿར་ག་བཛྲ་ཧཱུྃ།་་་་་་དྭགས་པོ་འདོད་ཆགས་རྡོ་རྗེ། ཨོཾ་ཨཱཿདྷརྨ་ཤྭ་ར་ཧཱུྃ། ཨོཾ་ཨཱཿམི་བསྐྱོད་རྡོ་རྗེ་ཧཱུྃ།་་་་་་འབའ་རོམ་པ། ཨོཾ་ཨཱཿབཛྲ་པ་ཏ་ཧཱུྃ།་་་་་་ཤེས་རབ་སེང་གེ ཨོཾ་ཨཱཿབདེ་ཆེན་རྡོ་རྗེ་ཧཱུྃ།་་་་་་ཤེས་རབ་བྱང་ཆུབ། ཨོཾ་ཨཱཿལུས་མེད་རྡོ་རྗེ་ཧཱུྃ།་་་་་་བྱང་ཆུབ་དཔལ། ཨོཾ་ཨཱཿབདེ་བའི་རྡོ་རྗེ་ཧཱུྃ།་་་་་་ཚུལ་ཁྲིམས་སེང་གེ ཨོཾ་ཨཱཿཨོཾ་ཡིག་རྡོ་རྗེ་ཧཱུྃ།་་་་་་ཚུལ་ཁྲིམས་ཡེ་ཤེས། ཨོཾ་ཨཱཿབཛྲ་པ་ཏ་ཧཱུྃ།་་་་་་གཞོན་ནུ་འབྱུང་གནས། ཨོཾ་ཨཱཿམི་བསྐྱོད་རྡོ་རྗེ་ཧཱུྃ།་་་་་་བརྩོན་འགྲུས་འབྱུང་གནས། ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་སིད་ཏི་ཧཱུྃ།་་་་་་བྷ་སིདྡྷི། ཨོཾ་ཨཱཿགུ་རུ་པྲ་ཛྙཱ་པ་ལ་སིདྡྷི་ཧཱུྃ།་་་་་་བླ་མ་ཤེས་རབ་བཟང་པོའི་དངོས་གྲུབ་བསྡུས་ཤིག ཨོཾ་ཨཱཿགུ་རུ་ཛྙཱ་ན་སིདྡྷི་ཧཱུྃ། ཨོཾ་ཨཱཿགུ་རུ་དྷརྨ་མ་ཏི་སིདྡྷི་ཧཱུྃ། ཨོཾ་ཨཱཿགུ་རུ་བཛྲ་ཀེ་རུ་སིདྡྷི་ཧཱུྃ། ཨོཾ་ཨཱཿགུ་རུ་མ་ཏི་གྷིར་སིདྡྷི་ཧཱུྃ། ཨོཾ་ཨཱཿགུ་རུ་དྷརྨ་ཤྭ་ར་སིདྡྷི་ཧཱུྃ། ཨོཾ་ཨཱཿགུ་རུ་པྲ་ཛྙཱ་སེང་ཧ་སིདྡྷི་ཧཱུྃ།་་་་་་ཤེས་རབ་སེང་གེ། ཨོཾ་ཨཱཿགུ་རུ་པྲ་ཛྙཱ་བོ་དྷཱི་སིདྡྷི་ཧཱུྃ། ཨོཾ་ཨཱཿགུ་རུ་བོ་དྷི་ཤྲཱི་སིདྡྷི་ཧཱུྃ།་་་་་བླ་མ་བྱང་ཆུབ་དཔལ། ཨོཾ་ཨཱཿགུ་རུ་ཤྲཱི་ལ་སིདྡྷི་ཧཱུྃ། ཨོཾ་ཨཱཿགུ་རུ་ཤི་ལ་ཛྙཱ་ན་སིདྡྷི་ཧཱུྃ།་་་་་་་བླ་མ་ཚུལ་ཁྲིམས་ཡེ་ཤེས། ཨོཾ་ཨཱཿགུ་རུ་ཀུ་མ་ར་སིདྡྷི་ཧཱུྃ།་་་་་་བླ་མ་གཞོན་ནུ། ཨོཾ་ཨཱཿསུ་ཉ་རཏྣ་སིདྡྷི་ཧཱུྃ། ཨོཾ་ཨཱཿགུ་རུ་བྷྱི་ཏྱ་ཀ་ར་སིདྡྷི་ཧཱུྃ། ཨོཾ་ཨཱཿདྷ་ར་ཧཱུྃ། ཨོཾ་ཨཱཿཔྲ་ཛྙཱ་ཕ་ལ་ཧཱུྃ། ཨོཾ་ཨཱཿཛྙཱ་ན་སིདྡྷི་ཧཱུྃ། ཨོཾ་ཨཱཿདྷརྨ་མ་ཏི་ཧཱུྃ། ཨོཾ་ཨཱཿབཛྲ་ཀེ་རུ་ཧཱུྃ། ཨོཾ་ཨཱཿམ་ཏི་གྷིར་ཏི་ཧཱུྃ། ཨོཾ་ཨཱཿདྷརྨ་ཤྭ་ར་ཧཱུྃ། ཨོཾ་ཨཱཿཔྲ་ཛྙཱ་སིདྡྷི་ཧཱུྃ། ཨོཾ་ཨཱཿཔྲ་ཛྙཱ་བོ་དེ་ཧཱུྃ། ཨོཾ་ཨཱཿབོ་དྷི་ཤྲཱི་ཧཱུྃ། ཨོཾ་ཨཱཿབོ་དྷི་ཀུ་མ་ར་ཧཱུྃ། ཨོཾ་ཨཱཿགྷིར་ཏི་བོ་དྷི་ཧཱུྃ། ཨོཾ་ཨཱཿགྷིར་ཏི་ཤི་ལ་ཧཱུྃ། ཨོཾ་ཨཱཿབྷི་ཏྱ་ཀེ་རུ་ཧཱུྃ། ཨོཾ་ཨཱཿམངྒ་ལཾ་དྷྭ་ཛ་ཧཱུྃ། ཨོཾ་ཨཱཿསུ་ཛྙཱ་ར་ན་ཧཱུྃ། ཨོཾ་ཨཱཿསུ་ཛྙཱ་བཛྲ་ཀེ་རུ་ཧཱུྃ། ཨོཾ་ཨཱཿསུ་ཛྙཱ་མ་ཏི་ཧཱུྃ། ཇོ་བོ་རྗེ་ནས་བརྒྱུད་པའི་རབ་གནས་ཀྱི་ཆོ་ག མདོ་སྔགས་ཀྱི་ལུགས་དང༌། རབ་གནས་དོན་གསལ་ནས། གསོལ་བ་འདེབས་པ་དང༌། དཀོན་མཆོག་རྗེས་དྲན་དང༌། ཆོས་ལ་མངའ་འབུལ་དང༌། གནོད་སྦྱིན་ཕོ་མོ་བསྐྱེད་པ་བརྒྱུད་ནས། ཏི་ཤྲི་སངས་རྒྱས་རས་ཆེན་གྱིས་ཞལ་འཕང་པ་རྣམས། ཀུ་སུ་ལུ་པ་ཤྲི་ལ་གྷིར་ཏིས་ཞབས་ཏོག་ཏུ་བགྱིས་ཏེ། རབ་གནས་ཀྱི་འགྲིགས་སུ་སྦྱར་བའོ། །འདི་ཡི་དགེ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག །

སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ།

༈ མདོ་ལུགས་ལ་བུམ་པའི་ནང་དུ་པད་ཟླའི་སྟེང་དུ་ཤཱཀྱ་ཐུབ་པ་བསྐྱེད། མདོ་སྔགས་བསྲེ་བའི་ལུགས་ལྟར་ན། ཤཱཀྱ་ཐུབ་པ་དང་རིགས་ལྔ་བསྒོམ། བུམ་པ་དབུས་མའི་ནང་དུ་བདེ་མཆོག་ལྷ་ལྔ་བསྐྱེད། ལས་བུམ་ལ་པདྨ་ཉི་མའི་དལ་གྱི་སྟེང་དུ་བདུད་རྩི་འཁྱིལ་པ་བསྐྱེད་པའམ། རྡོ་རྗེ་གནོད་སྦྱིན་དང༌། དོན་ཡོད་གྲུབ་པ་དང༌། ཡུམ་བཀའ་ས་བོན་ལ་ཧཱུྃ་ཧཱུྃ་ཁྃ་བསྐྱེད། བཀུག་གཞུག་སོ་སོར་བྱེད་ནས་ཛཿཧཱུྃ་བྃ་ཧོཿས་སོ་སོར་བསྟིམ་ལ། དབང་བསྐུར་རིགས་བདག་སོ་སོས་དབུ་བརྒྱན། སྔགས་སོ་སོ་དང་མཆོད་བསྟོད་སོ་སོར་བྱས་ལ་དྲིའི་ནས་ཀྱིས་བསྐྱེད་ཆོག་དང༌། ཡེ་དྷརྨ་ལ་སོགས་བརྒྱ་སྟོང་གིས་སྔགས། ༼མ་དཔེ་ནས་ཤོག་ལྷེ་གཉིས་ཆད་འདུག༽

༈ ཅེས་གསུངས། འོ་ན་དལ་འབྱོར་གྱི་མི་ལུས་ཐོབ་པས་ཆོག་གམ་སྙམ་ན་འདི་ཡང་མི་རྟག་པ་ཡིན་ཏེ། སློབ་དཔོན་རྟ་དབྱངས་ཀྱི་ཞལ་ནས། ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་བརྒྱན་པ་ཡི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །འགྲོ་བ་གཞན་རྣམས་ལྟ་ཅི་སྨོས། །ཞེས་གསུངས། ཆེད་དུ་བརྗོད་པའི་ཚོམ་ལས། འདུས་པའི་མཐའ་མ་བྲལ་བ་ཡིན། །བསགས་པའི་ཐ་མ་འཛད་པ་ཡིན། །བརྩིགས་པའི་ཐ་མ་འགྱེལ་བ་ཡིན། །གསོན་མཐའ་འཆི་བ་ཡིན་པས་ན། །ཇི་བཞིན་ལས་ཀྱི་རྗེས་སུ་འབྲང༌། །ཞེས་དང༌། ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །དེ་དག་རིམ་གྱིས་འགྲོ་གྱུར་ཏེ། །གསོན་པའི་སྡོང་དྲོད་སུ་ཞིག་འཆང༌། །ཞེས་གསུངས། འོ་ན་རང་ཉིད་གཅིག་པུར་འཆི་བར་མ་ཟད་དེ། ཐམས་ཅད་ཀྱང་མི་རྟག་པ་ལ་སྙམ་ན། འཆི་བའི་འོག་ཏུ་བསགས་པའི་ཟས་ནོར་དང༌། ཉེ་དུ་གཉེན་འབྲེལ་རྣམས་རྗེས་སུ་མི་འབྲང་ཞིང༌། དགེ་སྡིག་གི་ལས་དཀར་ནག་གཉིས་རྗེས་སུ་འབྲང་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །རྒྱལ་པོ་དག་ནི་གར་དང་གར་འགྲོ་བ། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །ཞེས་གསུངས། དེས་ན་དགེ་བའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་ཅིང༌། མི་དགེ་བའི་འབྲས་བུ་ངན་སོང་གི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་ཏེ། ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སོ་སོར་སྨིན་པར་འགྱུར། །ཞེས་གསུངས། ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་པའི་སྲོག་གཅོད་པ་དང༌། ཕྲ་མ་དང༌། ཚིག་རྩུབ། གནོད་སེམས་ལ་སོགས་པའི་མི་དགེ་བ་སྤྱད་པའམ། ཡུལ་ཁྱད་པར་ཅན་བླ་མའམ། མཁན་པོ་སློབ་དཔོན། ཕ་མ་དང༌། དཀོན་མཆོག་གསུམ་གྱི་རྟེན་དང༌། དྲིན་ཆེ་བ་ལ་མི་དགེ་བ་བཅུ་སྤྱད་པའམ། གྲངས་དཔག་ཏུ་མེད་པར་མི་དགེ་བ་སྤྱད་ན་དམྱལ་བར་སྐྱེ་སྟེ། ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད། ཉི་ཚེ་ཉེ་འཁོར་བའི་དམྱལ་བ་གང་དུ་སྐྱེས་ཀྱང༌། ཚ་ཞིང་རྩུབ་ལ་དྲག་ཅིང་བཟོད་པར་དཀའ་བས་ལུས་སེམས་གདུང་བར་འགྱུར་ཏེ། །འདི་ན་མི་ཞིག་མདུང་ཐུང་ལྔ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་མི་བཟོད་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལ། །འོལ་ཡང་མི་བྱ་ཆར་ཡང་མི་ཕོད་དོ། །ཞེས་གསུངས། སྡུག་བསྔལ་རྒྱུན་རིང་སྟེ། སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིག །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཅེས་གསུངས། ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་མ་བྱིན་པར་ལེན་པ་དང༌། འདོད་ལོག་དང༌། བརྣབ་སེམས་དང༌། རྐུ་འཕྲོག་ལ་སོགས་པའི་མི་དགེ་བ་བཅུ་སྤྱད་པའམ། སེར་སྣའི་དབང་གིས་མི་དགེ་བ་གྲངས་མང་པོར་སྤྱད་པས་ཡི་དྭགས་སུ་སྐྱེ་སྟེ། ཕྱིའི་སྒྲིབ་པ་ཅན་དང༌། ནང་གི་སྒྲིབ་པ་ཅན་ལ་སོགས་པ། རིགས་གང་དུ་སྐྱེས་ཀྱང་མི་སྡུག་པའི་ལུས་བླངས་ནས། བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་ཏེ། དེ་ལྟར་ཡང་ལྟོ་བ་བྱང་ཐང་ལྟ་བུ་སྟེ། །མགུལ་པ་ཡན་ལག་རྟ་རྔ་ཙམ། །ཞེས་གསུངས། ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་རྫུན་ངག་འཁྱལ་ལོག་ལྟ་ལ་སོགས་པའི་མི་དགེ་བ་སྤྱད་པའམ། ཡུལ་དམན་པ་དུད་འགྲོ་ལྟ་བུ་ལ་མི་དགེ་བ་སྤྱད་པས། བྱོལ་སོང་དུ་སྐྱེ་སྟེ། བྱིངས་ལ་གནས་པ་རྣམས་ནི། རྒྱ་མཚོའི་ནང་དུ་གཟུགས་མི་སྡུག་པ་སྣ་ཚོགས་སུ་སྐྱེས་ནས། གཅིག་གིས་གཅིག་ཟ་བ་དང༌། མི་ལ་འཁོར་བ་རྣམས་ནི་བཀོལ་སྤྱོད་དང༌། གསོད་གཅོད་ལ་སོགས་པའི་སྡུག་བསྔལ་དུ་མ་དང་ལྡན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། །དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང༌། བཅིང་དང་རྡེག་བཙོག་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་གཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར། །ཞེས་གསུངས་སོ། །དེ་ཡང་མིར་སྐྱེས་པ་རྣམས་ཀྱང༌། སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང༌། ཡོད་པ་རྣམས་ཆོག་མི་ཤེས་ཤིང་སྐྱོང་དཀའ་བའི་སྡུག་བསྔལ། མེད་པ་རྣམས་ཕོངས་ཤིང་སྒྲུབ་པར་དཀའ་བའི་སྡུག་བསྔལ། གཉེན་བྱམས་པ་དང་བྲལ་བར་དོགས་པའི་སྡུག་བསྔལ། དགྲ་སྡང་བ་དང་འཕྲད་པར་དོགས་པ་དང༌། འཕྲད་པ་རང་གི་སྡུག་བསྔལ་ལོ། །ལྷ་མ་ཡིན་རྣམས་ལ་ཡང་འཐབ་རྩོད་ཀྱི་སྡུག་བསྔལ། གཙང་མའི་གནས་ལྔ་མ་གཏོགས་པ། །ལྷ་གནས་རྣམས་ཀྱང་ཕལ་ཆེར་ཁམས་འོག་མར་ལྟུང་བར་འགྱུར་བས་སྡུག་བསྔལ་ལོ། །དེ་ལྟར་ཁམས་གསུམ་གང་དུ་སྐྱེས་ཀྱང་སྐྱིད་མེད་དེ། འཁོར་བ་དེ་འདྲ་ལ་སོགས་པ་ལྷ་མི་དང༌། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམ་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །ཅེས་གསུངས་སོ། །དེས་ན་འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཡིན། སྡུག་བསྔལ་དེ་ལས་སྐྱོབ་པ་དཀོན་མཆོག་གསུམ་ཡིན། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་ན། ཚེ་འདིའི་འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་ལས་སྐྱོབ། ཕྱི་མ་ངན་སོང་གི་སྡུག་བསྔལ་དང༌། གཏན་གྱི་འཁོར་བའི་སྡུག་བསྔལ་ལས་སྐྱོབས། འཇིག་རྟེན་འདིར་ཡང་ཅི་བསམ་འགྲུབ། མཐར་སངས་རྒྱས་དང་སེམས་ཅན་གྱི་དོན་བྱེད་པའི་ཕན་ཡོན་ཡོད་པ་ཡིན། དྭགས་པོ་རིན་པོ་ཆེའི་ཞལ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་འདི། དང་པོ་གལ་ཆེ་སྟེ། ཐ་མལ་དང་མུ་སྟེགས་བྱེད་ལས་ཁྱད་པར་དུ་འཕགས། བར་དུ་གལ་ཆེ་སྟེ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ། ཐ་མ་གལ་ཆེ་སྟེ། འབྲས་བུ་སྐུ་གསུམ་ཐོབ་པར་བྱེད། །ཅེས་གསུངས། སྐྱབས་འགྲོ་བདུན་ཅུ་པ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཅན། །སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས། ཕན་ཡོན་དེ་ལྟ་བུ་འཐོབ་པར་བྱ་བའི་དོན་དང་ཆེད་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་དུ་བསམ་ལ་འདི་བཞིན་དུ་སྒོམས། མདུན་གྱི་ནམ་མཁར་སེང་གེ་བརྒྱད་ཀྱི་ཁྲི། པདྨ་ཉི་ཟླའི་གདན་གྱི་སྟེང་དུ། རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་ཁ་དོག་ལྟ་བུ་ཞལ་གཅིག་ཕྱག་གཉིས། གཡས་པ་ས་གནོན་གཡོན་པ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བསྐོར་བར་བསྒོམ་ལ། ཐོག་མར་དཀོན་མཆོག་གསུམ་ལ་ཚོགས་བསགས་པ་གལ་ཆེ་སྟེ། བསོད་ནམས་བསགས་པས་བདེ་བ་འཐོབ། །དེ་ཕྱིར་མི་ཡིས་བསོད་ནམས་བསགས། །དེ་ཡང་ཡང་ནས་ཡང་དུ་བསགས། །དེ་རིང་ཉིད་ལ་བརྩམ་སྟེ་བསགས། །ཞེས་གསུངས་པས། འཇིག་རྟེན་ཁམས་ཀྱི་མཆོད་པའི་བྱེ་བྲག་དང༌། ལུས་ལོངས་སྤྱོད་ཐམས་ཅད་དད་གུས་དང་ལྡན་པས་འབུལ་ཞིང༌། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་བསྒྲོད་པའི་གྲོགས་ཞུ་སྙམ་དུ་སོམས་ལ་ལད་མོ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བཙུན་པ་བདག་ལ་དགོངས་སུ་གསོལ།་་་་་ལན་གསུམ་ཕྱི་མ་ལ་སློབ་དཔོན་ལ་དགོངས་སུ་གསོལ། མཆན། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཐབས་ཡིན་ནོ། །ལེགས་སོ། །འོ་དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། བསླབ་བྱ་བཅུ་གཅིག་ལ་སློབ་དགོས་པ་ཡིན་ཏེ་ཐུན་མོང་གི་བསླབ་བྱ་ལྔ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པར་བྱ་ཞིང་སྐྱབས་སུ་འགྲོ་བ་ལ་བསླབ། དུས་རྟག་ཏུ་དཀོན་མཆོག་གི་མཆོད་པ་ལ་བརྩོན་པར་བྱ། སྲོག་དང་རྒྱལ་སྲིད་དང༌། བྱ་དགའི་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤང༌། ན་ཚ་སྡུག་བསྔལ་ཅི་བྱུང་ཡང་ཐབས་གཞན་མི་བཙལ། ཕྱོགས་གར་འགྲོ་ཡང་ཕྱོགས་དེའི་ལྷ་ལ་ཕྱག་འཚལ། མཆོད་པ་འབུལ། སྐྱབས་འགྲོ་བྱེད་ཅིང་འགྲོ། ཁྱད་པར་གྱི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ན་འཇིག་རྟེན་པའི་ལྷ་གཞན་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ན་སེམས་ཅན་ལ་འཚེ་བ་མི་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ན་མུ་སྟེགས་ཅན་དང་མི་འགྲོགས། རྗེས་སུ་མཐུན་པའི་བསླབ་བྱ་གསུམ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་རྟེན་ལ་གུས་པ་བསྒྲུབ་ཅིང་མ་གུས་པ་སྤངས། བསླབ་བྱ་དེ་དག་བསྲུང་བ་གལ་ཆེའོ། །དེ་དག་ལྡན་པས་སེམས་བསྐྱེད་དགོས་པ་ཡིན་ཏེ། དེ་ལྟར་སེམས་བསྐྱེད་པའི་དགོས་པ་ཡང༌། ཐེག་དམན་རང་ཞི་བདེའི་ཐར་པ་བསྒྲུབ་པ་ལས་ཁྱད་པར་དུ་འཕགས་ཏེ། བྱང་ཆུབ་སེམས་དཔའི་གྲལ་དུ་ཚུད་དོ། །སངས་རྒྱས་ཀྱི་ས་ལ་འཇུག་གོ་ཞེས་གསུངས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་བྱམས་པས་སྡུག་བསྔལ་དང་བྲལ་ནས་སྙིང་རྗེ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། ཉེ་རིང་མེད་པའི་བཏང་སྙོམ་དེའི་དོན་དང་ཆེད་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། ཐུགས་རྗེ་ཆེན་པོ་བསྒོམ་སྙམ་དུ་སེམས་བསྐྱེད། སྟོང་པའི་ངང་ལས་པདྨ་ཟླ་བའི་གདན་གྱི་སྟེང་དུ། རྣམ་པར་ཤེས་པ་ཧྲཱིཿདཀར་པོ་གཅིག་བསྒོམ། ཧྲཱིཿདེ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གྱུར། འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ། ཧྲཱིཿའོད་དུ་ཞུ་བ་ལས། རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ན་མུ་ཏིག་གི་ཕྲེང་བ་འདྲེན་པ། གཡོན་གྱི་འོག་མ་ན་མེ་ཏོག་པདྨ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དབུ་སྐྲ་རལ་པའི་ཐོར་གཙུག་གྱེན་དུ་བཅིང་བ་ལ། དར་གྱི་ཅོད་པཎ་དང༌། སངས་རྒྱས་རིགས་ལྔའི་ངོ་བོ་རིན་པོ་ཆེའི་རྩེ་བྲན་ལྔས་དབུ་ལ་བརྒྱན་པ། སྙན་ཆ། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ་ཞབས་བདུག་སེ་མོ་དོ་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཐུགས་ཀར་ཟླ་བའི་དལ་གྱི་སྟེང་དུ་ཧྲཱི་ཡིག་དཀར་པོའི་མཐའ་བསྐོར་དུ་ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པས་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཕྱི་སྣོད་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར། སྒྲ་གྲགས་ཚད་གསུང་ཡི་གེ་དྲུག་མའི་སྒྲ། དྲན་རྟོག་ཐམས་ཅད་ཐུགས་འོད་གསལ་ཟུང་འཇུག་གི་ངང་དུ་ཉམས་སུ་ལེན་པར་བྱའོ། །དེ་ལྟར་བསྒོམས་པས་ལུས་སྤྲུལ་སྐུ། ངག་ལོངས་སྐུ། སེམས་ཆོས་སྐུར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཡིན་ནོ། །རྗེས་ལ་དགེ་བའི་རྩ་བ་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདེ་བ་ཅན་ན་སྐྱེ་བར་གྱུར་ཅིག ཅེས་པ་ལ་སོགས་པའི་བསྔོ་བ་བྱ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ཏི་ཤྲི་སངས་རྒྱས་རས་ཆེན་གྱི་སྐྱབས་འགྲོ་སེམས་བསྐྱེད་ལ། མདུན་བསྐྱེད་དང༌། ཞལ་ཤེས་ཀྱི་གདམས་པ་རྣམས། སངས་རྒྱས་རས་ཆེན་གྱི་ཞབས་ཏོག་ཏུ་བགྱིས་ཏེ། བླ་མའི་མན་ངག་བཞིན་དུ་ཀུ་སུ་ལུ་པ་ཤི་ལ་གྷིར་ཏིས་སྐལ་ལྡན་རྣམས་ཀྱི་དོན་དུ་ལེགས་པར་བསྒྲིགས་པའོ། །

སྤྲོ་བ་བསྐྱེད་པའི་ཆོས་བཤད།

༈ སྤྲོ་བ་བསྐྱེད་པའི་ཆོས་བཤད། ན་མོ་གུ་རུ། སྤྱིར་རྒྱུ་གཅིག་ལ་རྐྱེན་ཐ་དད་ཀྱིས་འབྲས་བུ་སོ་སོར་སྨིན་པ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཡིན་ཏེ། དེ་ཡང་རྒྱུ་གཅིག་པོ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་ཀྱང་བྱ། ཀུན་གཞི་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱ། ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ཞེས་ཀྱང་བྱ། བདེ་བར་གཤེགས་པའི་སྙིང་པོ་འགྲོ་བ་ཀུན་ལ་ཡོད་པ་ཡིན། དེ་ལྟར་ཡིན་པ་ཡང་བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ཉིད་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་གསུངས། གཉིས་པ་རྐྱེན་ལ་གཉིས་ཏེ་མ་དག་པའི་རྐྱེན་དང༌། དག་པའི་རྐྱེན་ནོ། །མ་དག་པའི་རྐྱེན་ནི། དེ་ལ་རྟོག་པའི་རྟེན་འབྲེལ་ཉོན་མོངས་པ་དུག་ལྔ། དུག་གསུམ་གྱིས་ཀུན་ཏུ་བསླངས་ནས་སྡིག་པ་མི་དགེ་བའི་ལས་བྱས་པས། འབྲས་བུ་ཁམས་གསུམ་རྒྱུད་དྲུག་ཏུ་འཁྱམས་པས། འགྲོ་བ་རིགས་དྲུག་ཏུ་འཁོར་ཞིང་སྐྱེ་རྒས་ན་འཆིའི་ཆུ་བོ་ཆེན་པོ་བཞི་རུ་སྣང་བ་ཡིན། དེ་དག་གི་དུས་ནི་སྡུག་བསྔལ་གྱི་རྟེན་གཞི་ཞེས་བྱ་སྡུག་བསྔལ་འབའ་ཞིག་པ་སྣང་བའོ། །དེ་ལ་འབའ་ཞིག་ཅེས་བྱ་བ་ནི། ཟག་པ་མེད་པའི་བདེ་བ་རྣམ་པར་བཅད་པ་ཡིན་ཏེ། ངན་སོང་རྣམ་པ་གསུམ་ལ་སྡུག་བསྔལ་གྱི་སྡུག་བསྔལ་མཛེ་ཐོག་ཏུ་ཕོལ་མིག་བྱུང་བ་ལྟ་བུའི་སྡུག་བསྔལ་ཡོད། མི་ལ་འདུ་བྱེད་ཀྱི་སྡུག་བསྔལ་མིག་ཏུ་རྡུལ་སོང་བ་ལྟ་བུ་ཡོད། ལྷ་ལ་རོ་མངར་པོའི་དུག་ཟོས་པ་ལྟ་བུའི་སྡུག་བསྔལ་ཡོད། ཐམས་ཅད་དེ་ལས་མ་འདས་པའོ། །དེ་ལྟར་འཁོར་བ་སྡུག་བསྔལ་གྱི་ཕུང་པོར་ཤེས་ནས་དེ་ལ་ཐར་པ་འདོད་པ་ལ། དག་པའི་རྐྱེན་ལ་བརྟེན་དགོས། དག་པའི་རྐྱེན་ལ་བདག་གཞན་གྱི་རྐྱེན་དལ་འབྱོར་ལ་སོགས་པ་གསུངས་ན་ཡང༌། འདི་ཡང་ལམ་ཚོལ་བ་ལ་ཞུགས་པ་དང༌། ལམ་དངོས་ལ་ཞུགས་པའོ། །ལམ་ཚོལ་བ་ནི་ཕྱི་རོལ་མུ་སྟེགས་བྱེད་པ་ཡིན་ལ། ལམ་དངོས་ལ་ཞུགས་པ་ནི་ནང་པ་སངས་རྒྱས་པའོ། །ཕྱི་རོལ་མུ་སྟེགས་བྱེད་པ་ནི་ལམ་མཆོག་སྒྲུབ་པ་ལྟ་བུ་མ་ཡིན། ཐར་པའི་ལམ་བཙལ་བར་འདོད་པ་ལ་སྨོན་ལམ་མ་དག་པའི་དབང་གིས་མ་ནོར་བའི་ལམ་མ་རྙེད་པའོ། །དེ་ལྟར་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། རྣམ་པར་སྣང་མཛད་ཉེ་བའི་རྒྱུ་དང༌། རྣམ་པར་སྣང་མཛད་རིང་བའི་རྒྱུ་གཉིས་སུ་བཞེད་དེ། རྣམ་པར་སྣང་མཛད་རིང་བའི་རྒྱུ། །མུ་སྟེགས་པ་ལ་སྨད་མི་བྱ། །ཞེས་གསུངས་སོ། །རྣམ་པར་སྣང་མཛད་ཉེ་བའི་རྒྱུ་ནི་ནང་པ་སངས་རྒྱས་པའི་ཐེག་པའོ། །དེ་གཉིས་ཀྱི་ཁྱད་པར་གང་གིས་ཕྱེ་ན། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་ཅིང༌། སྐྱབས་གནས་ཇོ་བོ་དཀོན་མཆོག་གསུམ་ལ་རྒྱབ་བསྟེན་མི་བྱེད་ན། ཕྱི་རོལ་མུ་སྟེགས་བྱེད་པ་ཡིན། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཅིང་ཇོ་བོ་དཀོན་མཆོག་གསུམ་ལ་སྐྱབས་གནས་སུ་འཛིན་པ་ནི་ནང་པ་སངས་རྒྱས་པ་ཡིན། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །ལམ་དངོས་ལ་ཞུགས་པ་ནང་པ་སངས་རྒྱས་པ་ལ་དབྱེ་ན་ཡང་མང་ཞིག་གསུངས་ན་ཡང༌། ཐེག་པ་ཆེ་ཆུང་གཉིས་སུ་འདུས་ཏེ། ཐེག་པ་ཆུང་ངུ་པ་ལ་ཡང༌། ཐེག་པའི་སྒོ་ནས་ཕྱེ་ན་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པའོ། །གྲུབ་མཐའི་སྒོ་ནས་ཕྱེ་ན་བཞིར་གསུངས་ཀྱང༌། བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་གཉིས་སུ་འདུས། ཐེག་པ་ཆེ་ཆུང་གཉིས་ཀྱི་ཁྱད་པར་ནི། ལྟ་བའི་དབང་དུ་བྱས་ན། གང་ཟག་གི་བདག་མེད་ཙམ་རྟོགས་ལ། ཆོས་ཀྱི་བདག་མེད་མ་རྟོགས་པ་དང༌། སོ་སོ་ཐར་པ་བསྲུང་བ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་རང་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཆེད་དུ་བསྔོ་བ་ནི་ཐེག་པ་ཆུང་ངུའོ། །ཐེག་པ་ཆེན་པོ་ནི་སྐྱབས་འགྲོ་ཁྱད་པར་ཅན་གྱིས་ཐོག་དྲངས་ནས། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལྟ་བ་ཆོས་ཀྱི་བདག་མེད་རྟོགས། དགེ་བ་གཞན་དོན་དུ་བྱེད་ཅིང་བསྔོ། ཐེག་པ་ཆེན་པོ་ལ་གཉིས། གྲུབ་མཐའ་བཞིའི་སྒོ་ནས་དབྱེ་ན་སེམས་ཙམ་དང༌། དབུ་མ་གཉིས་སུ་མ་འདུས་པ་མེད་དེ་ལ་སེམས་ཙམ་ལ་རྣམ་བཅས་དང༌། རྣམ་མེད་གཉིས། དབུ་མ་རབ་ཏུ་མི་གནས་པ་ལ་གཉིས། དགག་བྱ་རབ་ཏུ་མི་གནས་པ་དང༌། བསྒྲུབ་བྱ་རབ་ཏུ་མི་གནས་པའོ། །དགག་བྱ་རབ་ཏུ་མི་གནས་པ་ལ་ཡང་བཞི་སྟེ། སྒྱུ་མ་རབ་ཏུ་མི་གནས་པ་དང༌། བཏང་སྙོམས་རབ་ཏུ་མི་གནས་པ་དང༌། ཆོས་ཉིད་རབ་ཏུ་མི་གནས་པ་དང༌། རྒྱུན་ཆད་རབ་ཏུ་མི་གནས་པའོ། །བསྒྲུབ་བྱ་རབ་ཏུ་མི་གནས་པ་ནི་ཟུང་འཇུག་རབ་ཏུ་མི་གནས་པའོ། །ཐེག་པའི་སྒོ་ནས་དབྱེ་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་འབྲས་བུ་རྡོ་རྗེའི་ཐེག་པའོ། །དེ་གཉིས་ཀྱི་ཁྱད་པར་གང་གིས་ཕྱེ་ན། ཀྲི་ཡ་རིགས་སྔགས་གཅོད་པའི་རྒྱུད་ལས་དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་ན། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་སོ། །དེ་ལ་དོན་གཅིག་ན་ཡང་ཞེས་པ་ནི་སྔགས་དང་ཕ་རོལ་ཕྱིན་པའི་ཐེག་པ་གཉིས་ཀས་འབྲས་བུ་སངས་རྒྱས་སྒྲུབ་པར་ཡང་མཐུན་ཐོབ་པར་ཡང་མཐུན། འོ་ན་ཁྱད་པར་ཅི་ཡོད་སྙམ་ན། མ་རྨོངས་པ་སྟེ། དེ་རང་གང་ཞེ་ན། ཐབས་མང་ཞེས་པའོ། །ཐབས་མང་པོ་བྱས་པ་ལ་དཀའ་བ་མེད་གསུངས་སོ། །དཀའ་བ་ཇི་ལྟར་མེད་ན་བདེ་བར་སྐྱོབས་པ་དང༌། མྱུར་དུ་སྐྱོབ་པ་ལ་བྱ་སྟེ། དེ་ལ་བདེ་བར་སྐྱོབ་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར། དཀའ་སྤྱད་ཀྱིས་སྒྲུབ་པ་ལྟ་བུ་མ་ཡིན་ཏེ། འདོད་ཡོན་རྣམ་པ་ལྔའི་རང་བཞིན་ཤེས་པ་དང༌། རྒྱུ་བདེ་བ། ལམ་བདེ་བ། འབྲས་བུ་བདེ་བ། བདེ་བས་བདེ་བ་སྒྲུབ་པ་གསང་སྔགས་ནས་གསུངས། དེ་ལྟར་ཡིན་པར་ཡང༌། པན་ཙ་ཀྲ་མ་ལས། འདོད་པ་ལྔ་ནི་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་མ་གདུངས་པ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །བདེ་བ་བྱང་ཆུབ་སྒྲུབ་པར་བྱེད། །ཅེས་གསུངས། མྱུར་དུ་སྐྱོབ་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན་དུས་བསྐལ་པ་གྲངས་མེད་པ་གསུམ་མམ། སུམ་ཅུ་རྩ་གསུམ་ལ་སོགས་པར་ཚོགས་བསགས་ནས་སངས་རྒྱས་པར་འདོད་པ་ལྟ་བུ་མ་ཡིན་ཏེ། གསང་སྔགས་ནས་འདོད་ཡོན་གྲོགས་སམ། ལམ་དུ་ཁྱེར་ན་ཚེ་གཅིག་ལུས་གཅིག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཐོབ་པའོ། །དེ་ལྟར་ཡིན་པ་ཡང་རྒྱུད་དེ་ཉིད་ལས། ཚེ་འདི་ཉིད་ཀྱིས་སངས་རྒྱས་ནི། ཐོབ་པར་འགྱུར་བ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དེ་ལྟ་བུའི་ཚེ་འདི་ཉིད་ལ་བྱང་ཆུབ་སྒྲུབ་པའི་ཐབས་དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཅིའི་ཕྱིར་མ་བསྟན་ཅེ་ན། དབང་པོ་རྣོན་པོས་དབང་བྱས་སོ། །ཞེས་གསུངས་སོ། །དབང་པོ་རྣོན་པོས་ནི་སྐྱེ་བ་སྔ་མ་ཕན་ཆད་ལ་སྦྱངས་པ་ཡོད་པས། མོས་པར་བཅས་པ་དང༌། བསགས་པ་དང༌། ཤེས་རབ་མཆོག་ཏུ་གྱུར་པའི་གང་ཟག་གམ། ཡང་ན་ཚེ་འདི་ཉིད་ལ་རིག་པ་སྦྱངས་པའི་གང་ཟག་གི་ལམ་དུ་འགྲོ་ཞིང་སྨན་དུ་གྱུར་པས་ན། དེ་ལྟ་བུ་ལ་དགོངས་ནས་སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་སོ། །དེ་ལ་རྒྱུད་ལ་བསྟན་བཅོས་ཞེས་པའི་སྒྲ་འཇུག་མི་གདའ་སྙམ་ན་གང་ཟག་གིས་མཛད་པ་ལ་མི་བྱ་སྟེ། བཀའ་རང་ལ་ཡང་དང་པོའི་བསྟན་བཅོས་བྱ་བར་གྲགས་པ་ཡོད་པས་དེ་ལ་ལྟོས་པའི་ཐ་ཚིག་གོ །དེས་ན་སྔགས་ཀྱི་བསྟན་བཅོས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་ཡིན་ཡང་དབང་པོ་ལ་སོགས་སྲེད་ཅན་གྱི་གང་ཟག་གིས། འདོད་ཡོན་གྲོགས་སུ་འཁྱེར་བའི་དོན་ལ་སྒྲ་ཇི་བཞིན་ཙམ་དུ་གཟུང་སྟེ། རང་གར་སྤྱོད་པ་ལ་གསང་སྔགས་ཐེག་པའི་དུག་ཏུ་འགྱུར་ཏེ། དེ་སྐད་དུ་ཡང་དཔལ་བདུད་རྩི་འབྱུང་བའི་རྒྱུད་ལས། ཇི་ལྟར་མར་དང་ཀ་ར་དང༌། །སྦྲང་རྩི་འོ་མ་ལ་སོགས་པ། །འཐུང་སྟེ་ཞུ་ན་སྨན་དུ་འགྱུར། །མ་ཞུ་ན་ནི་དུག་ཏུ་འགྱུར། །དེ་བཞིན་གསང་སྔགས་ཐེག་ཆེན་འདི། །མཁས་པ་རྣམས་ཀྱི་སྨན་ཡིན་ཏེ། །བརྡའ་དང་དོན་ལ་རྨོངས་པ་ཡི། །བྱིས་པ་འདོད་པ་སྒྲ་ཕྱིར་འབྲངས། །ཚུལ་བཞིན་མ་ཡིན་ལོག་སྤྱོད་པས། །དུག་གིས་འཆི་དང་ལྟུང་བར་འགྱུར། །ཁ་གཅིག་དུག་གི་དབང་གིས་འཚོ། །ཁ་གཅིག་དུག་གི་རྐྱེན་གྱིས་འཆི། །ང་ཡི་བསྟན་པའི་སྙིགས་མ་ལ། །ཚོང་དུས་ཀྱི་ནི་འོ་མ་ལྟར། བསླད་ནས་ཐུར་དུ་ལྷུང་བར་བྱེད། །ཅེས་གསུངས་སོ། །དེ་ལྟ་བུའི་གསང་སྔགས་རྡོ་རྗེའི་ཐེག་པ་དང་མཇལ། འཛམ་བུ་གླིང་ན་གསང་སྔགས་ཀྱི་བསྟན་པ་ཐམས་ཅད་ལ་མ་བྱུང་ངོ་ཞེ་ན། དེ་མ་ཡིན་ཏེ་དཔལ་ངན་སོང་སྦྱོང་བའི་རྒྱུད་ཆེན་པོ་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །བརྒྱ་ལམ་ན་ནི་རེས་འགའ་ཞིག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །ཞེས་གསུངས་པས། འདས་པའི་སངས་རྒྱས་འཁོར་བ་འཇིགས་ཡན་ཆད་ཀྱི་བསྟན་པ་ལ་ཡང་མ་བྱུང༌། མ་བྱོན་པའི་སངས་རྒྱས་མགོན་པོ་བྱམས་པ་ཕྱིན་ཆད་ཀྱི་བསྟན་པ་ལ་གསང་སྔགས་མི་འབྱུང་བ་བཤད་དོ། །དེ་ལྟ་བུའི་རྡོ་རྗེ་ཐེག་པ་ཡང་རྒྱུད་སྡེ་ལྔའམ་དྲུག་ཏུ་བཞེད་པ་ཡོད་དེ། མ་བླ་ན་མེད་པའི་རྒྱུད་ཀྱིས་བཞིར་བཞེད་དོ། །དེ་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །དེ་ལྟག་རྣམས་ལ་སྤྱོད་པའི་རྒྱུད། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་གསུངས་པ་དང༌། ཡང་ཧེ་བཛྲ་བརྟག་པ་གཉིས་པ་ལས། བལྟ་དང་རྒོད་དང་ལག་བཅངས་དང༌། །གཉིས་གཉིས་འཁྱུད་པའི་ཚུལ་གྱིས་སུ། །རྒྱུད་སྡེ་རྣམ་པ་བཞི་རུ་གྲགས། ཞེས་གསུངས་སོ། །དེ་བཞིན་ཡང་འདོད་ཁམས་ཀྱི་ལྷ་རིགས་ཆགས་པ་ཆེ་ཆུང་ལ་དགོངས་ནས་དེ་དང་སྦྱར་ནས་གསུངས་པ་ཡིན། དེ་ལྟར་རྒྱུད་སྡེ་བཞི་པོ་ལ་ཡང༌། གསང་སྔགས་ཀྱི་གདམས་ངག་གི་ཕྱི་ནང་གཉིས་སུ་སྡུད་དེ། དེ་ལ་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་གྱི་རྒྱུད་དང་གསུམ་ནི་ཕྱི་པར་བཞེད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་ནང་པའོ། །དེ་གཉིས་ཀྱི་ཁྱད་པར་གང་གིས་ཕྱེ་ན། བཞེད་ལུགས་མི་མཐུན་མོད་ཀྱིས་ཀྱང༌། སྨིན་ལམ་བུམ་དབང་ཙམ་ལས་མེད་ལ་གྲོལ་ལམ་བསྐྱེད་རིམ་ལྷའི་སྐུར་བསྒོམ་ཞིང༌། བཟའ་བའི་དམ་ཚིག་ཉ་ཤ་སྒོག་བཙོང་ལ་སོགས་སྤངས་ནས། དཀར་གསུམ་ལ་སོགས་པ་གཙོ་བོར་སྟོན་པ་ནི་ཕྱི་པར་བཞེད་ལ། སྨིན་ལམ་དབང་བཞི་བསྐུར་ཞིང༌། གྲོལ་ལམ་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྐྱེད་པར་བཞེད་ལ། བཟའ་བའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་ལ་ལོངས་སྤྱོད་པ་ནི་ནང་པའོ། །ནང་པ་ལ་གཉིས་ཏེ། ཕ་བླ་ན་མེད་པའི་རྒྱུད་དང༌། མ་བླ་ན་མེད་པའི་རྒྱུད་དོ། །དེ་གཉིས་ཀྱི་ཁྱད་པར་གང་གིས་ཕྱེ་ན། རླུང་གཙོ་བོར་སྟོན་པ་ཕ་རྒྱུད་ལ། རྩ་གཙོ་བོར་སྟོན་པ་མ་རྒྱུད་དུ་བཞེད་པ་ལ་སོགས་པ་གཞུང་མང་ན་ཡང༌། ནཱ་རོ་པའི་བཞེད་པས་རྣམ་པར་དབྱེ་བའི་སྒོ་ནས་ཕའི་རྒྱུད་དུ་བཞག བརྗོད་བྱ་ཐབས་གཙོ་བོར་སྟོན་པ་དང༌། གདུལ་བྱ་སྐྱེས་པ་འདུལ་བའི་ཕྱིར་ཕ་རྒྱུད་དོ། །ཕ་རྒྱུད་ལ་ཡང་དཔལ་གསང་བ་འདུས་པ་ལ་སོགས་པ་རྒྱུད་སྡེ་རྒྱ་མཚོ་ཙམ་གསུངས་སོ། །མ་རྒྱུད་དུ་བཞག་པ་ནི་བརྗོད་བྱ་དོན་གྱི་དབང་དུ་བྱ་ན། དོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་སྐྱེ་མེད་གཙོ་བོར་སྟོན་པ་དང༌། གདུལ་བྱ་བུད་མེད་འདུལ་བའི་དོན་དུ་གསུངས་པ་ནི་མ་རྒྱུད་དུ་བཞེད་དོ། །དེ་སྐད་དུ་ཡང༌། སྐྱེས་པ་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་པའི་རྒྱུད་དུ་བཤད། །བུད་མེད་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་དུ་བཤད། །ཅེས་བྱ་བ་ལ་སོགས་གསུངས་སོ། །མ་བླ་ན་མེད་པའི་རྒྱུད་ལ་ཡང་རྒྱུད་སྡེ་རྒྱ་མཚོ་ཙམ་གསུངས་ན་ཡང༌། འདིར་སྙིང་པོ་ཧེ་བཛྲ་ལ་སོགས་པ་རྒྱུད་སྡེ་བཅུ་བཞི་མ་རྒྱུད་དུ་བཞེད། དེ་རྣམས་ལ་ཡང་སྐོགས་གསུམ་དུ་འདུས་ཏེ། དཔལ་འཁོར་ལོ་བདེ་མཆོག དཔལ་དགྱེས་པ་རྡོ་རྗེ་དང༌། དཔལ་མ་ཧཱ་མ་ཡ་ལ་སོགས་པའོ། །དེ་ལྟ་བུའི་རྒྱུད་སྡེ་ཐམས་ཅད་ཀྱི་ནང་ནས་སྙིང་པོ་ལྟ་བུར་གྱུར་པ་མཆོག་ཏུ་ཟབ་པ། ལྷན་ཅིག་སྐྱེས་པའི་དོན་གཙོ་བོར་སྟོན་ཅིང་བྱིན་རླབས་ཕུན་སུམ་ཚོགས་པ་གྲུབ་ཐག་ཉེ་བ་ནི་དཔལ་འཁོར་ལོ་བདེ་མཆོག་ཡིན། རྒྱུད་དེ་ནས་གསུངས་པའི་ཆོས་ཐམས་ཅད་ཀྱི་སྙིང་པོའམ་ཉིང་ཁུ་ལྟ་བུ། ཆུ་ཟངས་གང་གི་ནང་ན་ཞག་ཉ་མིག་ཙམ་པ་གཅིག་ཡོད་པ་འདྲ་བ་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་འདི་ཡིན། ཚེ་འདིར་ཉམས་སུ་བླངས་ན་སྐལ་པ་དང་ལྡན་པའི་བསོད་ནམས་བསགས་པ་ལས་བྱུང་བ་ཡིན་པས། ཁྱེད་སྤྲོ་ཟེར་བ་ནི་སྤྲོ་ཐང་བ་ཡིན། དེ་ལ་ཡང་དང་པོ་མོས་གུས་བསྒོམ། བར་དུ་བྱིན་རླབས་བསྒོམ། ཐ་མར་ཉམས་མྱོང་བསྒོམ་པ་དང་གསུམ་མོ། །དེ་ལ་ཡང་མོས་གུས་ཅན་ལ་བྱིན་རླབས་འཇུག་བྱ་བ་ཡིན་ཏེ། དང་པོར་མོས་གུས་བྱ་བའི་ཡུལ་ནི། སིན་དྷུ་ར་དང༌། དཀྱིལ་འཁོར་གྱི་ནུབ་ཕྱོགས་ན་བཞུགས་པའི་དཔལ་རྡོ་རྗེ་རྣལ་འབྱོར་མ་སྤྲུལ་པའི་སྐུ་དངོས་སུ་བཞུགས་པ་སྟེ། གདུལ་བྱའི་དོན་ལ་འདིར་བྱོན་པར་བསམ་ལ། བླ་མ་དང་ཐ་དད་མེད་པར་བསྒོམ་ལ་མོས་གུས་བྱ། གཉིས་པ་བྱིན་རླབས་ནི། ཆོས་དངོས་ནས་འབྱུང་བ་ལྟར་སྔགས་དང་ཏིང་འཛིན་དང༌། རོལ་མོའི་སྒྲ་དང་བཅས་པས་དབང་བསྐུར་ལ་བྱིན་རླབས་ཞུགས་པ་ནི། ལུས་འདར་བ་དང་འཕར་བ་དང་གར་བྱེད་པ་འབྱུང༌། ངག་ལས་སཾ་སྐྲྀ་ཏའི་སྐད་ལ་སོགས་པ་སྔགས་དང་ཚིགས་སུ་བཅད་པའི་ཆོས་གསུང༌། ཡིད་ལ་བདེ་བ་གསལ་བ་དང་མི་རྟོགས་པ་དང་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་རོ། །གསུམ་པ་ཉམས་མྱོང་སྐྱེ་བ་ནི། བྱིན་རླབས་ཞུགས་པའི་དོན་དེ་ལམ་དུས་སུ་སྐྱོང་བའོ། །དེ་ལྟ་བུའི་གསང་སྔགས་སྙན་བརྒྱུད་མ་ཆད་པ་བླ་མ་དམ་པ་རྣམས་ཀྱི་ཞལ་གྱི་གདམས་པ། ཐབས་བདེ་བའི་སྒོ་ནས་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཚེ་འདི་ཉིད་ལ་འགྲུབ་པར་བྱེད་པ། གསང་སྔགས་ཀྱི་དབང་དང་བྱིན་རླབས་ཡིན། དེ་ལ་སྤྲོ་བ་བསྐྱེད་པའི་ངག་དོན་ཅུང་ཞིག་ཡི་གེར་བཀོད། དེ་ལས་བྱུང་བའི་དགེ་བ་རྣམས་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། རྫོགས་སོ། །

སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ།

ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། མི་ལུས་འདི་ལ་བརྟེན་ནས་ཆོས་བྱེད་དགོས་པ་ཡིན་གསུངས། མི་ལུས་ཀྱང་མི་རྟག་སྟེ། སུས་ཀྱང་མི་ཕན་འཆི་བའི་དུས་བྱུང་ཙ་ན། ཕྱུག་ཀྱང་བསླུ་ས་མེད། རེམས་ཀྱང་འཐབ་ས་མེད། མགྱོགས་ཀྱང་འབྲོས་ས་མེད། ཤག་མཁས་ཀྱང་ཤག་མི་ཚུད། བློ་རྣོ་བ་དང་ཐབས་མཁས་པ་ལ་སོགས་གང་གིས་ཀྱང་མི་ཕན་འཆི་དགོས་པ་ཡིན། ཤི་ནས་ཀྱང་མེད་པར་མི་འགྲོ་སྟེ། ངན་སོང་གསུམ་དུ་སྐྱེས་ན་ཡང་སྡུག་བསྔལ་མཛེ་ཐོག་ཏུ་ཕོལ་བྱུང་བ་ལྟ་བུ་ཡོད། མིར་སྐྱེས་ན་ཡང་འདུ་བྱེད་ཀྱི་སྡུག་བསྔལ་མིག་ཏུ་རྡུལ་སོང་བ་ལྟ་བུ་ཡོད། ལྷ་དང་ལྷ་མ་ཡིན་དུ་སྐྱེས་ན་ཡང་གཉིས་ཀ་ལ་ཡང་འགྱུར་བའི་སྡུག་བསྔལ། རོ་མངར་པོའི་དུག་ཟོས་པ་ལྟ་བུའི་སྡུག་བསྔལ་ཡོད། དེས་ན་འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཡིན། སྡུག་བསྔལ་དེ་ལས་སྐྱོབ་པར་བྱེད་པ་དཀོན་མཆོག་གསུམ་ཡིན། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱས་ན་ཚེ་འདིའི་འཇིགས་པ་དང༌། ཉེ་བར་འཚེ་བ་ཐམས་ཅད་ལས་སྐྱོབ། ཕྱི་མར་ངན་སོང་གི་སྡུག་བསྔལ་དང༌། གཏན་གྱི་འཁོར་བའི་སྡུག་བསྔལ་ལས་སྐྱོབ། འཇིག་རྟེན་འདིར་ཡང་བསམ་པ་ཐམས་ཅད་འགྲུབ་པ་ཡིན། མཐར་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་གྱི་དོན་བྱེད་པའི་ཕན་ཡོན་ཡོད། ཕན་ཡོན་དེ་ལྟ་བུ་ཐོབ་པར་བྱ་བའི་དོན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་དུ་བསམ་ལ་ལད་མོ་མཛོད་ཅིག ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བཙུན་པ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོ་ཡི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ་བརྗོད་པས། ཐབས་ཡིན་ནོ། །ལེགས་སོ་བྱའོ། །འོ་དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། བསླབ་བྱ་བཅུ་གཅིག་ལ་སློབ་དགོས་པ་ཡིན་ཏེ། དང་པོ་ཐུན་མོང་གི་བསླབ་བྱ་ལྔ་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པར་བྱ་ཞིང་སྐྱབས་སུ་འགྲོ་བ་ལ་བསླབ། དུས་རྟག་ཏུ་དཀོན་མཆོག་གསུམ་མཆོད་པ་ལ་བརྩོན་ཞིང༌། སྲོག་དང་རྒྱལ་སྲིད་དང་བྱ་དགའི་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤངས། ན་ཚ་སྡུག་བསྔལ་ཅི་བྱུང་ཡང་ཐབས་གཞན་མི་བཙལ། ཕྱོགས་གར་འགྲོ་ཡང་ཕྱོགས་དེའི་ལྷ་ལ་ཕྱག་འཚལ་ཞིང་མཆོད་པ་འབུལ་ཞིང་སྐྱབས་འགྲོ་བྱེད་ཅིང་འགྲོ། ཁྱད་པར་གྱི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་མི་མུ་སྟེགས་ཅན་དང་མི་འགྲོགས། རྗེས་སུ་མཐུན་པའི་བསླབ་བྱ་གསུམ་ནི། སངས་རྒྱས་ཆོས་དང་དགེ་འདུན་གྱི་རྟེན་ལ་གུས་པ་སྒྲུབ་ཅིང་མི་སྤང་ནས་བསླབ་བྱ་དེ་དག་སྲུང་བ་གལ་ཆེའོ། །དེ་དག་དང་ལྡན་པས་སེམས་བསྐྱེད་དགོས་པ་ཡིན་ཏེ། བླ་མ་ཞང་རིན་པོ་ཆེའི་ཞལ་ནས། སེམས་མ་བསྐྱེད་ན་ཆོས་ཀྱི་འབྲེལ་བ་མེད་པ་ཡིན་གསུངས། དེས་ན་སེམས་བསྐྱེད་པ་འདི་གལ་ཆེ་བ་ཡིན་ཏེ། དེ་ཡང་ཚོགས་བསགས་པ་ལ་སྐྱེ། ཚད་མེད་པ་བཞི་བསྒོམ་པ་ལ་སྐྱེ། དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ་ལ་སྐྱེ། སྐྱབས་སུ་འགྲོ་བ་ཁྱད་པར་ཅན་ལས་སྐྱེ་བ་ཡིན་ཏེ་འོག་ནས་འབྱུང༌། འོ་ད་ཡང་མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔང་པོར་བཞུགས་པར་མོས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་སྙམ་པ་སྙིང་ཐག་པ་ནས་སོམས་ལ་ལད་མོ་མཛོད་ཅིག སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་འདི་དག་གིས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །འོ་ཚིག་དང་པོ་གཉིས་ཀྱིས་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་ཐོབ། འོག་མ་གཉིས་ཀྱི་སྨོན་པའི་སེམས་བསྐྱེད་ཐོབ་པ་ཡིན་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསླབ་བྱ་ལྔ་ལ་སློབ་དགོས་པ་ཡིན་པས། དུས་རྟག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་རྗེས་སུ་དྲན་པ་ལ་བསླབ། རྒྱུ་ཚོགས་གཉིས་བསགས་པ་ལ་བསླབ། བྱང་ཆུབ་སེམས་སྤེལ་ཞིང་སྦྱང་བ་ལ་བསླབ། སེམས་ཅན་བློས་མི་སྤང་བ་ལ་བསླབ། ནག་པོའི་ཆོས་བཞི་སྤང་ཞིང༌། དཀར་པོའི་ཆོས་བཞི་ལ་བསླབ། མདོར་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ལུས་ངག་ཡིད་གསུམ་སྡིག་པ་མི་དགེ་བའི་ཕྱོགས་སུ་མི་གཏོང་ལ་གང་ལ་ཡང་གཏོང་ན། སེམས་ཅན་གྱི་དོན་དུ་སྐད་ཅིག་ཀྱང་མི་ཡེངས་བར་དགེ་བ་ལ་བཀོལ་དགོས་པ་ཡིན་ཏེ། རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ན་མུ་ཏིག་གི་ཕྲེང་བ་བགྲང་བ། གཡོན་གྱི་འོག་མ་ན་མེ་ཏོག་པདྨ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་བསྒོམ། ངག་གིས་མ་ཎི་པདྨེ་བགྲང༌། ཡིད་ཀྱིས་འདི་ལྟར་སྣང་གྲགས་ཀྱི་དངོས་པོ་ཅིར་ཡང་སྣང་བ་ཐམས་ཅད་རང་གི་སེམས་དེ་ལྟར་སྣང་བ་ཡིན། དེ་ཡང་ཅིའི་ངོ་བོར་ཡང་མ་གྲུབ་པས་སྟོང་པ་ཉིད་ཡིན། སེམས་རིག་སྟོང་དབྱེར་མེད་ཆོས་ཀྱི་སྐུ་ཡིན་གསུངས། དེ་ལྟར་བསྒོམས་པས་ལུས་སྤྲུལ་སྐུ། ངག་ལོངས་སྐུ། སེམས་ཆོས་སྐུར་འགྱུར་བས་སེམས་ཅན་གྱི་དོན་འབྱུང་བ་ཡིན་གསུངས། བླ་མ་རིན་པོ་ཆེ་ཏི་ཤྲི་རས་པའི་ཞལ་གྱི་གདམས་པ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་མདོར་བསྡུས་པའོ། །བཀྲ་ཤིས་པར་གྱུར་ཅིག །

དོན་མཆོག་བདུན་གྱི་ཁྲིད་ཀྱི་རིམ་པ།

ན་མོ་གུ་རུ། འཇིག་རྟེན་གསུམ་གྱི་མགོན་པོ་བླ་མ་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་ཞལ་གྱི་བདུད་རྩི། དོན་མཆོག་ཏུ་གྱུར་པ་གཅིག་གི་ཁྲིད་གསུངས་པ་ནི། དང་པོར་སེམས་བསྐྱེད་པ་ཡིན་གསུངས་སོ། །བདག་ཅག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པར་བྱེད་པའི་མི་མཐུན་པའི་ཕྱོགས་སྒྲུབ་པར་བྱེད་པ་ཐམས་ཅད་ཀྱིས་གཙོར་བྱས་པའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན། སྡུག་བསྔལ་ཐམས་ཅད་དང་བྲལ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ། དེའི་ཕྱིར་དུ་ད་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་བར་དུ། བདག་གི་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་ནམ་མ་ཤིའི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། དུས་དེ་རིང་ནས་བཟུང་ནས་ཉི་མ་སང་ཙམ་ཚུན་ཆད་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་སྙམ་ནས། དོན་མཆོག་ཏུ་གྱུར་པ་བདུན་པོའི་དོན་སྒོམ་པར་བྱེད་པ་ཡིན་གསུངས། དེ་ཡང་དང་པོ་གནས་མཆོག་གང་ཟག་ལུས་གནད་དོན་གསུམ་པའི་དོན་བསྒོམ་པ་ན། རྩ་བའི་བླ་མ་སྤྱི་བོར་བསྒོམས་ལ་མོས་གུས་བྱ། ལུས་ཡི་དམ་དུ་བསྒོམ། ལུས་ཀྱིས་ཆོས་ལྔའམ་དྲུག་དང་ལྡན་པར་བྱ་གསུངས། དེའི་ནང་ནས་སྤྱན་ནི་ཁྲོ་བོའི་སྤྱན་དང་སེམས་དཔའི་སྤྱན་ལྟ་བུ་མ་ཡིན་པའི་བག་ཙམ་ཁྲོ་བའི་ཚུལ་དུ་ཐད་ཀར་གཟིགས་པ་ཡིན་གསུངས། ཉལ་བའི་དུས་སུ་གཡས་འོག་ཏུ་ཕབ་ནས་འོག་སྒོ་བག་ཙམ་འཐེན་ནས་ཉལ་ན། རླུང་ནང་དུ་ཟིན་པ། རྨི་ལམ་དང་འོད་གསལ་ཟིན་པ་ཡིན་གསུངས། འགྲོ་བའི་དུས་སུ་གཉུག་མའི་ངང་ལས་མི་ཡེངས་པར་བྱ། ངང་པའི་འགྲོས་སྟབས་ལྟ་བུར་འགྲོ་བ་ཡིན་གསུངས། སྤྱིར་ལུས་ཀྱི་གནད་འདི་ལ་རྣམ་པ་ཐམས་ཅད་དུ་གནས་ལ་གཞན་གྱི་གོ་སྐབས་མེད་དོ་གསུངས། ད་ནི་བདེར་གཤེགས་བཀའ་བརྒྱུད་བླ་མའི་བྱིན་རླབས་དོན་དེའི་ཁྲིད་ཡིན་གསུངས། དེ་ཡང་སེམས་བསྐྱེད་དང་བླ་མ་སྤྱི་བོར་བསྒོམས་ནས། མོས་གུས་བྱེད་པ་དང༌། ཡི་དམ་ལྷ་སྔར་དང་འདྲ་བ་ལས་རང་གི་སྤྱི་བོ་ན། རྩ་བའི་བླ་མ་དྲུག་པ་རྡོ་རྗེ་འཆང་ཆེན་མན་ཆད་བཞུགས་པར་བསམ། དེ་ཐམས་ཅད་མི་དགྱེས་པ་མེད་པ་ཤིན་ཏུ་དགྱེས་པ་འཛུམ་པའི་མདངས་དང་ལྡན་པས། བདག་ལ་བྱིན་གྱིས་བརླབས་པ་ལྟ་བུར་བཞུགས་པ་ལ་མོས་གུས་སེང་སེང་བསྒོམ་མོ། །རྗེས་ལ་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་མྱོང་བར་བྱའོ། །ད་ནི་སྣ་ཚོགས་ཁ་བསྒྱུར་རིན་ཆེན་སེམས་བསྐྱེད་དོན་བྱ་བའི་ཁྲིད་ནི། དེ་ཡང་བདག་ཡུལ་གང་ན་གནས་པའི་ཡུལ་བདག་ཆེན་པོ་དེས་གཙོར་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ་སྙམ་དུ་བསམ། ཁྱད་པར་དུ་ཡང་བདག་ལ་སྡང་བ་དང་གནོད་པ་སྐྱེལ་བ་ཡོད་ན། བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན། དུག་ལྔ་དུག་གསུམ་གྱིས་བསྐྱེད་པའི་སྡིག་སྒྲིབ་དག་པར་བྱ་སྙམ་དུ་བསམ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་སྙམ་དུ་བསམ། རྗེས་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་མྱོང་བར་བྱའོ། །འདིའི་སྐབས་སུ་སེམས་བསྐྱེད་ཀྱི་གནད་མང་དུ་གསུངས་པར་གདའ། ད་ནི་སྨིན་པར་བྱེད་པ་དང་གྲོལ་བར་བྱེད་པའི་ལམ་གཉིས་སྡེབས་ནས་བསྒོམ་པ་ཡིན་གསུངས། དང་པོ་དབང་བླངས་ནས་བསྐྱེད་པའི་རིམ་པ་བསྒོམ་པ་ནི། རང་གི་མདུན་གྱི་ཐད་ཀ་ན་རྩ་བའི་བླ་མ་གདན་སེང་གེའི་ཁྲི་སྣ་ཚོགས། པདྨའི་གདན་སྟེང་ན་བཞུགས་པ། དེ་ཡང་རབ་ཏུ་བྱུང་བའི་ཆ་བྱད་མ་ཡིན་པ་རྣལ་འབྱོར་པའི་ཆ་བྱད་སྐུ་གཅེར་བུ་ལ་རུས་པའི་རྒྱན་ཆ་རྣམ་པ་ལྔས་བརྒྱན་པར་བསྒོམ། ཡུམ་ཡང་རྡོ་རྗེ་ཕག་མོ་རུས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཡུམ་དང་གཉིས་སུ་མེད་པའི་ཚུལ་དུ་བཞུགས་པར་བསྒོམས་ལ། བདག་ལ་བུམ་པའི་དབང་ཞུ་སྙམ་པའི་གསོལ་བ་གདབ་པ་དང༌། བླ་མའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་བྱུང་ནས། རང་གི་སྨིན་མཚམས་སུ་ཕོག་པ་དང༌། རང་གི་ལུས་སྒྲིབ་སངས་ཀྱིས་དག་ནས། ལུས་ཀྱི་ནང་ཡང་འོད་ཀྱིས་དཀར་ལྟེམ་ལྟེམ་གང་བར་བསམ། ལུས་ཕྱི་ནང་མེད་པ་གང་བར་བསྒོམ་མོ། །བུམ་པའི་དབང་གི་དོན་བསྐྱེད་པའི་རིམ་པ་བསྒོམ་པ་ནི། ལུས་ཡི་དམ་གྱི་ལྷར་བསྒོམས་ལ་དབུགས་འཁོར་རེ་ལ་གསལ་བ་གསལ་བར་བསྒོམ་མོ། །ལྷ་མ་ཡིན་པ་གཞན་གོ་སྐབས་མེད་པར་བསྒོམ་གསུངས། གསང་དབང་བླང་བར་བྱ་གསང་བའི་དབང་དང་མཚན་བཅས་རྫོགས་རིམ་བསྒོམ་པ་ནི། དང་པོ་གསང་བའི་དབང་བླང་བར་བྱ། དེ་ནས་མདུན་ཐད་ན་རང་གི་རྩ་བའི་བླ་མ་གདན་སེང་གེའི་ཁྲི་སྣ་ཚོགས་པདྨའི་གདན་སྟེང་དུ་བཞུགས་པ། དེ་ཡང་ཡུམ་གྱི་རྒྱན་སྔར་དང་འདྲ་བ་ལས། བདག་གིས་གསང་བའི་དབང་ཞུ་སྙམ་གསོལ་བ་བཏབ་པ་དང་ཡབ་ཡུམ་སྦྱོར་མཚམས་ནས་རྡོ་རྗེ་དང་པདྨའི་མཚམས་ནས། བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས་རང་གི་ལྕེས་བླངས་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་སླེབས་པ་དང༌། ངག་གི་སྒྲིབ་པ་སངས་ཀྱིས་དག་ནས་ལུས་སྤྱི་གཙུག་མན་ཆད་དང་རྐང་པའི་མཐིལ་ཡན་ཆད་བདེ་བས་ཁྱབ་ནས་བདེ་ཕྲིལ་ཕྲིལ་འདུག་པར་བསམ། གསང་བའི་དབང་གི་དོན་མཚན་བཅས་ཀྱི་རྫོགས་རིམ་ལྔ་ཡོད་པ་ལས། དང་པོ་གཏུམ་མོ་བསྒོམ་པ་ནི། ལྟེ་བ་མན་ཆད་རྩ་གསུམ་འདུས་མདོ་ན། ཁྲག་གི་གཏུམ་མོ་དམར་ཧྲིལ་ཧྲིལ་འདུག་པ་གཅིག་བསམ་ནས། སྟེང་རླུང་བཟུང་ནས་འོག་རླུང་འཐེན་པ་དང༌། སྣ་བུག་གཉིས་ཀྱི་རླུང་དེ་རེ་རེ་རོ་རྐྱང་གཉིས་ཀྱི་ནང་ནས་མར་སོང་ནས། མས་ཡར་མགར་བའི་སྦུད་པ་བརྒྱབ་པ་བཞིན་དུ་བུས་པས། གཏུམ་མོ་དེ་བུ་རམ་གྱི་དབུ་བའམ་རྒྱ་སྐག་བསྲེགས་པ་ལྟར་ཅིལ་ཅིལ་ཁོལ་བར་བསམ་ཞིང་རླུང་བཟུང༌། རྗེས་ལ་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་མྱོང་བར་བྱའོ། །དབང་གསུམ་པ་བླང་བ་དང་དབང་གསུམ་པའི་དོན་བསྒོམ་པའོ། །དེ་ཡང་སེམས་བསྐྱེད་པ་ནི། བདག་གི་རྒྱུད་ལ་འདོད་ཆགས་ཟག་པ་ཟུག་རྔུས་གདུང་བ་ཐམས་ཅད་བདག་གི་ཟག་པ་མེད་པའི་བདེ་བ་མྱོང་བར་བྱའོ། །གཞན་ཡང་སེམས་ཅན་གང་དང་གང་ཉོན་མོངས་པའི་ཟག་པ་ཟུག་རྔུས་གདུང་པ་ཐམས་ཅད་བདག་གིས་ཟག་པ་མེད་པའི་བདེ་བ་མྱོང་བར་བྱའོ་སྙམ་དུ་སེམས་བསྐྱེད་ལ། རང་གི་རྩ་བའི་བླ་མ་གདན་སེང་གེ་དང་སྣ་ཚོགས་པདྨ་དང་ཉི་མའི་གདན་སྟེང་ན་བཞུགས་པ། རྣལ་འབྱོར་པའི་ཆ་བྱད་སྐུ་གཅེར་བུ་ལ་རུས་རྒྱན་གོང་དང་འདྲ་བ་ལས། ཡབ་ཡུམ་དང་གཉིས་སུ་མེད་པར་བསྒོམ། རང་ཉིད་ཀྱང་རྣལ་འབྱོར་པའི་ཆ་བྱད་ཡིད་ཀྱིས་རིག་མ་སྐུ་མདོག་དམར་མོ་གཟུགས་སྡུག་པ་གཅིག་དང་སྙོམ་འཇུག་བྱས་པར་བསམ་པ་དང༌། བླ་མའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་རྣམ་པ་ལྔ་སྤྲོས་ནས། རང་གི་ཐུགས་ཀར་ཐིམ་པ་དང༌། ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག་པར་བསམ། འོད་ཟེར་དེས་བསྐུལ་ནས་ཡིད་ཀྱི་རིག་མ་དང་སྙོམས་འཇུག་བྱས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་ཕྲིལ་ཕྲིལ་དུ་འདུག་པར་བསྒོམ་མོ། །དོན་ཉམས་སུ་ལེན་པ་ནི། ཡིད་ཀྱི་རིག་མ་དང་སྙོམ་འཇུག་བྱས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་བསྒོམ་པའོ། །དེ་ནས་འོག་རླུང་འཐེན་སྟེང་རླུང་མནན་པ་དང༌། ཐིག་ལེ་རྒྱང་གིས་སྤྱི་བོར་ཧཾ་མགོ་མཐུར་དུ་ལྟ་བ་ལ་བསྐྱལ་བར་བསམ་མོ། །རྗེས་ལ་བདག་གི་ཟག་པ་མེད་པའི་བདེ་བ་མྱོང་བ་བཞིན་དུ། སེམས་ཅན་གང་འདོད་ཆགས་ཟག་པ་ཟུག་རྔུས་གདུང་བའི་རླུང་ལ་ཟག་པ་མེད་པའི་བདེ་བ་མྱོང་བར་གྱུར་ཅིག་པའི་བསྔོ་བ་བྱའོ། །དབང་བཞི་བླང་བ་དང་དབང་བཞིའི་དོན་སྒོམ་པ་ནི། དང་པོ་སེམས་བསྐྱེད་ནས་རང་གི་རྩ་བའི་བླ་མ་མདུན་ཐད་ན་བཞུགས་པར་བསམ་ཞིང༌། དབང་བཞི་ཞུ་སྙམ་དུ་གསོལ་བ་བཏབ་པ་དང༌། བླ་མའི་སྐུ་གསུང་ཐུགས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་ནས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས། མ་རིག་པའི་དྲི་མ་དྲུང་ཕྱུང་ཞིང༌། ལུས་ངག་ཡིད་གསུམ་དུ་འཛིན་པའི་རྩོལ་བ་དོར་ནས། ཆོས་ཐམས་ཅད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ནས། ནམ་མཁའ་རྣམ་པར་དག་པ་ལྟ་བུར་ཕྱམས་ཀྱིས་ཞོག་གསུངས། དོན་སྒོམ་པ་ནི། ཆོས་ཐམས་ཅད་ཅིར་ཡང་མི་དམིགས་པ་མཉམ་བཞག་ནམ་མཁའ་ལྟ་བུར་བསྒོམ། རྗེས་ལུས་ངག་ཡིད་གསུམ་ཟུང་འཇུག་ཏུ་བསྒོམ་པར་བྱའོ། །དེ་ནས་ཡང་རྨི་ལམ་བཟུང་བ་ཡིན་གསུངས། དེ་ཡང་སེམས་བསྐྱེད་དང་ཡི་དམ་བསྒོམ་པ་གོང་དང་འདྲ་བ་ཡིན། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་མ་བཞིའི་དབུས་ན། རྩ་བའི་བླ་མ་དང་དྲུག་པ་རྡོ་རྗེ་འཆང་ཆེན་མན་ཆད་ཚངས་བུག་ལ་གཏུག་གེ་བཞུགས་པར་བསྒོམས་ནས། རྨི་ལམ་ཟིན་པའི་གསོལ་བ་གདབ། དེ་ནས་རིམ་གྱིས་རྩ་བའི་བླ་མ་ལ་ཐམས་ཅད་ཐིམ་པར་བསམ་ནས། རྩ་བའི་བླ་མ་དེ་དར་ཅིག་གསལ་བར་བསྒོམ། དེ་ཡང་དེར་ཐིམ་པའི་རྗེས་སུ་འོད་ཀྱི་གོང་བུ་ཁ་དོག་ཕྱོགས་གཅིག་ཏུ་མ་གྲུབ་པ་སྲན་མའི་རྡོག་པོ་ཙམ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པའམ་འཇའ་ཚོན་ལྟ་བུ་ཚངས་བུག་ལ་ཏུག་གེ གདུགས་ཕུབ་པ་ལྟ་བུ་ཀྱི་ལི་ལི་ཡོད་པར་བསྒོམ། ཉིན་པར་ཡང་དེ་ལ་དམིགས་ལ་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་འདི་རྨི་ལམ་ཡིན་ཨང་སྙམ་པའི་འདུན་པ་འབའ་ཞིག་བྱ་གསུངས། དེ་ནས་ཡང་འོད་གསལ་ལ་བཟུང་བ་ཡིན། དེ་ཡང་སེམས་བསྐྱེད་དང་བླ་མ་བསྒོམས་ནས། འོད་གསལ་ཟིན་པའི་གསོལ་བ་བཏབ་ནས། རང་གི་ལུས་ཡི་དམ་དུ་བསྒོམས་ནས། སྙིང་པདྨ་འདབ་བཞིའི་དབུས་ནས་ཐིག་ལེ་དཀར་ལ་འཚེར་ལ་སྣུམ་པ་སྲན་མའི་རྡོག་པོ་ཙམ་གཅིག་ཡོད་པར་བསྒོམ། ཐིག་ལེ་དེ་ཡང་ཉི་མའི་དཀྱིལ་འཁོར་ལྟ་བུ་འོད་དང་ལྡན་པ་དེ། ཇེ་ཆེར་ཇེ་ཆེར་གྱུར་ནས་ལུས་ཀྱི་བོང་དང་མཉམ་པར་བསམ། དེ་ཡང་རིམ་གྱིས་པདྨའི་སྟེང་དུ་ཐིག་ལེ་ཡུངས་ཀར་གྱི་རྡོག་པོ་ཙམ་གཅིག་ཏུ་བསྒོམས་ནས། དེ་ལ་ཤེས་པ་གཏད་ལ་ཉལ་ན་འོད་གསལ་ཟིན་པ་ཡིན་གསུངས། མ་ཟིན་ན་ལངས་ན་བླ་མ་ལ་གསོལ་བར་གདབ་ནས། ཐིག་ལེ་དེ་ལ་ཤེས་པ་གཏད་ན་འོད་གསལ་ཟིན་པ་ཡིན་གསུངས། ད་ནི་འཕོ་བ་ཡིན། དེ་ཡང་གནས་ཁང་བདེ་བར་བསྡད་ལ་ལུས་བཅོས་ནས་སེམས་བསྐྱེད་དང༌། བླ་མ་བསྒོམས་ནས་མོས་གུས་བྱེད་པ་སྔར་དང་འདྲ་བ་ལས། རང་ཡི་དམ་དུ་བསྒོམས་ཞིང་སྤྱི་བོར་ཡི་དམ་གང་རུང་བསྒོམ། དེ་ནས་ལྟེ་བ་མན་ཆད་རྩ་གསུམ་འདུས་མདོ་ན་ཧཱུྃ་སྔོན་པོ་གཅིག་བསྒོམས་ནས། སྟེང་རླུང་མནན་པ་ནི་མ་ཡིན་པའི་རང་བབས་སྒྱུ་མའི་ཁུག་པ་རེ་བཟུང༌། འོག་སྒོ་བག་ཙམ་འཐེན་པ་དང་ཧཱུྃ་དང་རྣམ་པར་ཤེས་པ་གཉིས་སྒལ་ཚིགས་ཉི་ཤུ་རྩ་བདུན་གྱི་སྟེང་དུ་རྩེར་གྱིས་ཐོན་པར་བསམ། དེ་བཞིན་དུ་རླུང་ཁུག་རེ་རེ་ནས་སྤྱི་བོའི་ཡི་དམ་ལྷ་འི་ཐུགས་ཀ་ནས་འོད་ཐག་གཅིག་ནར་གྱིས་བྱུང་ནས། ཚངས་བུག་གི་རླུང་དང་རྣམ་པར་ཤེས་པ་ལ་ཟུག་ནས་ཧཱུྃ་དང་རྣམ་པར་ཤེས་པ་འོད་ཐག་གིས་ན་ར་ར་ཁྱེར་ནས་ཡི་དམ་ལྷའི་ཐུགས་ཀར་ཐིམ་ནས། དར་གཅིག་ལ་དབུགས་འཁོར་གཅིག་ལ་ཡུན་རིང་བར་བསྒོམ། ཡང་ཡི་དམ་ལྷའི་ཐུགས་ཀ་ནས་ཧཱུྃ་དང་རྣམ་པར་ཤེས་པ་འོག་ཐག་གི་སྣེ་མོ་ལ་ན་ར་ར་བབས་ནས་ཚངས་བུག་ཏུ་སླེབ། དེ་བཞིན་དུ་ཡར་འཇོག་པས་ཀྱང༌། མྱུར་བར་ལྟེ་བ་མན་ཆད་རྩ་གསུམ་འདུས་མདོར་སླེབས་པ་དང༌། འོག་ཐག་མི་དམིགས་པར་ཚངས་བུག་ཧཾ་གིས་བཅད། སྤྱི་བོའི་ཡི་དམ་འོག་མིན་དུ་གཤེགས་ནས། ཧཱུྃ་ལ་ཤེས་པ་དར་གཅིག་བསྒོམ། ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་ཉམས་སུ་མྱོང་བར་བྱའོ་གསུངས། བར་དོ་སྒོམ་པ་ནི། དེ་ཡང་གནས་ཁམས་བདེ་ཞིང་མཐོ་བའི་ཤར་དང་ནུབ་ནས་གཤའ་རྩེའམ་སྐར་ཁུང་ཡོད་པའི་གནས་དེར། སྔ་དྲོ་ནས་ཤར་དུ་ཁ་བལྟས་ནས། མདུན་གྱི་སྐར་ཁུང་ཉི་མའི་འོད་ཟེར་རྒྱག་པའི་ཐད་དུ་མེ་ལོང་བཏགས་ནས་དེའི་ནང་དུ་རང་གི་བཞིན་ཤར་སྣང་ལ་རང་བཞིན་མེད་པ་དེ་ལ་བལྟས་ནས་འདི་ངའི་ལུས་སུ་སྣང་ཤི་བ་ཡིན་པར་སྣང་ཨང་སྙམ་དུ་བསམ། ཕྱི་དྲོ་ཡང་ཁ་ནུབ་ཏུ་བལྟས་ནས་དེ་ལྟར་བསྒོམ། ལུས་ཡི་དམ་ལྷར་གསལ་བར་བསྒོམ་པ་དང༌། ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་མྱོང་བར་བྱའོ། ༈ །ད་ནི་ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་ལམ་ཡིན། དེ་ཡང་སེམས་བསྐྱེད་པ་དང༌། བླ་མ་བསྒོམས་ནས་མོས་གུས་བྱེད་པ་དང༌། ཡི་དམ་བསྒོམ་པ་གོང་དང་འདྲ་བ་ལས། རང་སེམས་དངོས་པོ་གཤིས་ཀྱི་གནས་ལུགས་འདི། ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ་པ་ཡིན། ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་མ་ཡིན་པ་གཞན་གྱི་གོ་སྐབས་མེད་པར་བསྒོམ་གསུངས། རང་སེམས་སངས་རྒྱས་སུ་རྟོགས་ཙ་ན། ཕྱག་རྒྱ་ཆེན་པོ་མ་ཡིན་པ་གཞན་མེད། སེམས་བསྐྱེད་དང་བླ་མ་དང་ཡི་དམ་གྱི་ལྷ་བསྒོམ་པ་དང༌། མཚན་བཅས་ཐམས་ཅད་སེམས་མ་ཡིན་པ་གཞན་མེད། སེམས་ཕྱག་རྒྱ་ཆེན་པོ་ཡིན་གསུངས། བསྔོ་བ་བྱ་གསུངས། རྫོགས་སོ། །དོན་མཆོག་བདུན་པའི་ཁྲིད་ཀྱི་རིམ་པ་ཏི་ཤྲི་རས་པས་མཛད་པའོ།།

བསྔོ་བ་ཡོན་བཤད།

ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། དགེ་བའི་རྩ་བ་འགའ་ཞིག་བྱས་པ་ཡིན་ཀྱང༌། བསྔོ་བ་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་པས། དེས་ན་བསྔོ་བ་འདི་གལ་ཆེ་བ་ཡིན་གསུངས། དེ་ཡང་བསྔོ་བས་མ་ཟིན་ན་འཛད་པའི་རྒྱུ་མང་བ་ཡིན་ཏེ། ཞིང་དམ་པ་ལ་ཁོང་ཁྲོ་སྐྱེས་ན་འཛད། གཞན་ལ་ངོམ་པའམ་བསྒྲགས་ན་འཛད། འགྱོད་པ་སྐྱེས་ན་འཛད། མ་བསྔོས་ན་འཛད། དཔེར་ན་ཐང་སྐམ་པོ་ལ་མཆིལ་མའི་ཐལ་བ་དོར་བ་དང་འདྲ་སྟེ། དེ་ལྟར་ཡིན་པས་སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་དེ་ཀུན་གང་ཡིན་པ། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་སོ། །བསྔོས་ན་མི་འཛད་པ་ཡིན་ཏེ། དཔེར་ན་ཕྱིའི་རྒྱ་མཚོའི་ནང་ན་མཆིལ་མ་དོར་བ་དང་འདྲ་བ་སྟེ། རྒྱ་མཚོ་མི་སྐམ་པས་མཆིལ་མ་ཡང་མི་སྐམ་སྟེ། དཔེ་དེ་བཞིན་དུ་བསྔོ་བ་བྱས་ན་མི་འཛད་པས་འཕེལ་བ་ཡིན་པས། དེ་ལྟར་ཡང༌། བསྔོ་བ་མི་འཛད་ལམ་པ་སྟེ། །འཕེལ་བར་འགྱུར་དང་བཅས་པའོ། །ཞེས་གསུངས། བསྔོ་བ་བྱས་ན་མི་འཛད་པའི་གཏེར་ཆེན་པོ་སྦས་པ་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་མ་ཐོབ་བར་དུ། དགེ་བའི་རྩ་བ་ཟད་པ་མེད་ཅིང་འཕེལ་བར་འགྱུར་རོ། །དེ་ལྟ་བུའི་བསྔོ་བ་ལ་ཡང་བཞི། བསྔོ་རྒྱུའི་དགེ་བ་དང༌། བསྔོ་བ་གང་དུ་བསྔོ་བ་དང༌། བསྔོ་བའི་མཁན་པོ། ཇི་ལྟ་བུས་བསྔོ་བ་དང༌། ཚུལ་ལམ་ཐབས་ཇི་ལྟར་བསྔོ་བའོ། །དང་པོ་བསྔོ་རྒྱུའི་དགེ་བ་ནི། ཕ་རོལ་དུ་ཕྱིན་པ་དྲུག་གང་ཡིན་ཡང་དམ་པ་དྲུག་གམ། གསུམ་གྱིས་ཟིན་དགོས་པ་ཡིན་གསུངས། དེ་ལ་དམ་པ་དྲུག་གཞན་དུ་ཤེས་པར་བྱའོ། །དམ་པ་གསུམ་ནི། ཞིང་དམ་པ། དངོས་པོ་དམ་པ། བསམ་པ་དམ་པའོ། །ཞིང་ལ་ཡང་གཉིས་ཏེ། ཡར་གྱི་རྟེན་དང༌། མར་གྱི་རྟེན་ནོ། །ཡར་གྱི་རྟེན་ལ་མཆོག་ཏུ་བསྔགས་པ་དཀོན་མཆོག་རྣམ་པ་གསུམ་ཡིན་ཏེ། དེ་ཡང་སངས་རྒྱས་དཀོན་མཆོག་དང༌། ཆོས་དཀོན་མཆོག་གཉིས་ལ་ཕུལ་བའི་བསོད་ནམས་མངའ་ལ་ལོངས་སྤྱོད་པའི་བསོད་ནམས་མི་མངའ། དགེ་འདུན་དཀོན་མཆོག་ལ་ཕུལ་བའི་བསོད་ནམས་དང་ལོངས་སྤྱོད་པའི་བསོད་ནམས་གཉིས་ཀ་མངའ་བས། དགེ་འདུན་ཞིང་དག་པ་ཡིན་གསུངས། དེ་ལྟར་ཡིན་པ་ཡང་གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ནི་ཕྱག་འཚལ་ལོ། །ཞེས་པ་དང༌། ཡང་སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་པའི་ཕྱིར། །ཞེས་གསུངས་པས། དགེ་འདུན་ཞིང་དག མར་གྱི་རྟེན་ནི། དབུལ་ཞིང་ཕོངས་པ། ལུང་སྤྲང་ལ་སོགས་པ། བཀྲེས་ཤིང་ཉམ་ཐག་པ། ནད་པ་མགོན་མེད་པ་དང༌། མགྲོན་པོ་བཤེས་མེད་པ་ལ་སོགས་པ་རྣམས་ལ། སྦྱིན་པ་བཏང་ན་ཞིང་དག ཐེག་པ་ཆུང་ངུ་པ་ལས་མཁན་པོ་དང་སློབ་དཔོན་དང་ཕ་མ་ཞིང་དག་པའོ། །དེ་ལྟར་ཡིན་པ་ཡང༌། འཕགས་པ་མིན་ཡང་ཕ་མ་དང༌། །ནད་པ་དང་ནི་ཆོས་སྨྲ་བ། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པའོ། །ཞེས་གསུངས་སོ། །ཐེག་པ་ཆེན་པོ་གསང་སྔགས་པ་ལ། ཁྱད་པར་དུ་བླ་མ་ཞིང་དག་པ་ཡིན་ཏེ། དཔལ་འཁོར་ལོ་སྡོམ་པ་ལས། དམངས་རིགས་སྟོང་ཕྲག་བརྒྱ་དག་ཀྱང༌། །བྲམ་ཟེ་གཙང་མ་གཅིག་ཏུ་སྦྱར། །བྲམ་ཟེ་སྟོང་ཕྲག་བརྒྱ་དག་ཀྱང༌། །རྡུལ་མེད་པ་ནི་གཅིག་ཉིད་དོ། །རྡུལ་མེད་པ་ནི་སྟོང་ཕྲག་བརྒྱ། །ཡེ་ཤེས་ལྡན་པ་གཅིག་ཏུ་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་བརྒྱ། །བླ་མ་གཅིག་ཏུ་ཤེས་པར་བྱ། །ཞེས་གསུངས་སོ། །གཞན་ཡང་སྐྱ་བ་འཛིན་པ་མེད་པར་ནི། །གྲུས་ནི་ཕ་རོལ་ཕྱིན་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྫོགས་པའི། །བླ་མ་མེད་པར་སྲིད་ཐར་མིན། །ཞེས་གསུངས་སོ། །དོན་དེ་ལྟ་བུ་ལ་དགོངས་ནས་སློབ་དཔོན་འཕགས་པའི་ཞལ་ནས་ཀྱང༌། མཆོད་པ་ཐམས་ཅད་ཡོངས་སྤངས་ཤིང༌། །བླ་མའི་མཆོད་པ་བརྩམ་པར་བྱ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་མཆོག་ཉིད་ཐོབ་པར་ངེས། །ཞེས་གསུངས་པས། དེ་ཡང་མཆོད་པ་ཐམས་ཅད་ཡོངས་སྤངས་ཞེས་པ་ནི། མཆོད་པ་སྤངས་ནས་མི་བྱེད་པ་མ་ཡིན་ཏེ། ཞིང་དམ་པ་ལ་དགོངས་པ་ཡིན། བླ་མའི་མཆོད་པ་རྣམ་པར་བརྩམ། །ཞེས་གསུངས་པས། ཀུན་གྱི་ཐོག་མར་བླ་མའི་མཆོད་པ་བརྩམ་པ་ཡིན་སྐད། བླ་མ་དེ་ཙམ་དུ་དོ་གལ་ཅི་ཆེ་སྙམ་ན། ཀུན་མཁྱེན་གྱི་གོ་འཕང་མཆོག་ཉིད་ཐོབ་པར་བྱེད་པ་ཞེས་གསུངས་སོ། །རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱེད་པ་བླ་མ་ལ་རག་ལས་པའོ། །དེ་རང་གི་མཚན་ཉིད་ཇི་ལྟ་བུ་ཞེ་ན། མཁའ་འགྲོ་མ་གསང་བའི་རྒྱུད་ལས་ཀྱང༌། རྫོགས་སངས་རྒྱས་དང་དེ་མཚུངས་ཉིད། །དེ་ཉིད་འབྱུང་ཕྱིར་བླ་མ་སྟེ། །བླ་མ་མེད་པར་བླ་མེད་མིན། །དེ་འབྱུང་ཕྱིར་ན་བླ་མར་བརྗོད། །ཅེས་གསུངས་པས། རང་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྟོན་ནུས་པ་ལ་ཟེར་བ་ཡིན་གསུངས། དེ་ནི་ཞིང་དམ་པའོ། །དངོས་པོ་དམ་པ་ནི། བསོད་ནམས་ཀྱི་ཚོགས་གསོག་པར་བྱ་བའི་རྫས་དེ་གཞན་ནས་འཕྲོག་པ་མ་ཡིན་པ། བརྐུས་པ་མ་ཡིན་པ། དུག་དང་འདྲེས་པ་མ་ཡིན་པ། མཚོན་དང་འདྲེས་པ་མ་ཡིན་པ། འཕགས་ཤིང་ཡིད་དུ་འོང་བ་ཞིག་དགོས་པའོ། །བསམ་པ་དམ་པ་ནི་ཚེ་འདིའི་ཆེ་ཐབས་སམ། བྱ་དགའམ། འཇིགས་པའི་སྐྱེལ་མ་རེ་བའི་དོན་དུ་མ་ཡིན་ཏེ། བསམ་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་གཅིག་དགོས་པའོ། །དེ་ལྟར་དམ་པ་གསུམ་གྱིས་ཟིན་པའི་དགེ་བའི་རྩ་བ་དེ་དག་གཟུགས་ཅན་ཡིན་པར་སོང་ན། ནམ་མཁའི་ཁམས་སུ་ཡང་མི་ཤོང་གསུངས། གཉིས་པ་བསྔོ་ས་གང་དུ་བསྔོ་བ་ལ་གསུམ། དམན་པའི་བསྔོ་བ་དང༌། ལོག་པའི་བསྔོ་བ་དང༌། མཆོག་གི་བསྔོ་བའོ། །དེ་ལ་དམན་པའི་བསྔོ་བ་ནི། ཚེ་འདི་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པར་ཐོབ་པར་འདོད་པའམ། ཚེ་ཕྱི་མ་མྱ་ངན་ལས་འདས་པ་ཕྱོགས་གཅིག་པ་ཉན་རང་ལྟ་བུ་ཐོབ་པར་འདོད་པའམ། ལྷ་ཡིན་ན་ཚངས་པ་དང་བརྒྱ་བྱིན་ལྟ་བུ་ཐོབ་པར་འདོད་པའམ། མི་ཡིན་ན་འཁོར་ལོས་བསྒྱུར་བ་ལྟ་བུ་ལ་སོགས་པ་ཐོབ་པར་འདོད་པ་ནི། དམན་པའི་བསྔོ་བ་ཡིན་ཏེ། དེར་མི་བསྔོ། ལོག་པའི་བསྔོ་བ་ནི། རྒྱལ་པོ་མ་སྐྱེས་དགྲའི་ཕ་གསོད་པར་གྱུར་ཅིག ཅེས་པའི་བསྔོ་བ་ལྟ་བུ་ཡིན་ཏེ་དེར་མི་བསྔོ། འདོན་འདིར་མཆོག་ཏུ་བསྔོ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བསྔོ། དེ་ཡང་འབྲས་དཀར་མོ་ལོ་ལེགས་ན་ཕུབ་སོགས་ཞོར་ལ་འབྱུང་བ་དེ་བཞིན་དུ། བླ་ན་མེད་པའི་བྱང་ཆུབ་ཐོབ་ན། ལྷ་མའི་བདེ་བ་ཞོར་ལ་འབྱུང་བའོ། །གསུམ་པ་བསྔོ་བའི་མཁན་པོ་ནི། དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པས་བསྔོས་ན་བསྔོ་བ་ལ་དབང༌། རྣལ་འབྱོར་པ་སེམས་ལ་དབང་ཐོབ་པས་བསྔོས་ན་བསྔོ་བ་ལ་དབང༌། བྱང་ཆུབ་ཀྱི་སེམས་མངའ་བས་བསྔོས་ན་བསྔོ་བ་ལ་དབང་བ་ཡིན་གསུངས། བཞི་པ་ནི། ཚུལ་ལམ་ཐབས་ཇི་ལྟར་བསྔོ་བ་ནི། དགེ་བའི་རྩ་བ་འགའ་ཞིག་བྱས་པའི་རྗེས་ལ་བསྔོས་ན་འགྲུབ། གྲངས་ལན་གསུམ་གྱི་བར་དུ་བསྔོས་ན་འགྲུབ། བསྔོ་བ། བསྔོ་བ་དང༌། བསྔོ་བའི་མཁན་པོ་གསུམ་དུ་མི་དམིགས་ཤིང་མཚན་མ་མེད་པར་བསྔོས་ན་འགྲུབ་པ་ཡིན་ཏེ། དེ་ལྟར་ཡང་འཕགས་པ་སྡུད་པ་ལས། གལ་ཏེ་མཚན་མར་བྱེད་ན་དེ་ནི་བསྔོ་མ་ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཞེས་གསུངས་པ་དང༌། ཞིང་དང་དངོས་པོ་བསམ་པ་གསུམ། གཅིག་ཏུ་དྲིལ་ལ་གསོལ་བ་གདབ། །ཅེས་གསུངས་པས། དོན་དམ་པར་བསྔོ་བ་དང་བསྔོ་མཁན་ལ་སོགས་མི་དམིགས་ཀྱང༌། ཀུན་རྫོབ་སྒྱུ་མ་ཙམ་དུ་དགེ་བའི་རྩ་བ་དེས་མཚོན་པར་བྱས་ནས། དུས་གསུམ་གྱི་དགེ་བ་ཐམས་ཅད་འགྲོ་བ་མཐའ་དག་གི་དོན་དུ་བདག་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེའི་གོ་འཕང་ཐོབ་པར་བྱས་ལ། འགྲོ་བ་སེམས་ཅན་མཐའ་དག་ཀྱང་དེའི་གོ་འཕང་ལ་འགོད་པར་བྱ་སྙམ་དུ་བསམ་ལ། ཡིད་མ་ཡེངས་པའི་ཚུལ་གྱིས་རྗེས་ཟློས་བྱེད་དུ་གཞུག་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ། སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང༌། ད་ལྟར་གྱི་གནས་སྐབས་ན་ཡང༌། དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་བ་དང༌། སློབ་དཔོན་ལ་མེ་ཏོག་ཕུལ་བ་དང༌། དགེ་འདུན་ལ་བསྙེན་བཀུར་བགྱིས་པ་དང༌། དེ་བཞིན་གཤེགས་པའི་རྟེན་བཞེངས་པ་དང༌། གསུང་བསྒྲགས་པ་དང༌། བཀའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བྲིས་འདོན་བགྱིས་པ་དང༌། འབྱུང་པོ་ལ་གཏོར་མ་བསྔོས་པ་དང༌། སྐྱེ་བོ་ལ་སྦྱིན་པ་བཏང་བ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ། བསྡོམས་ནས་སྦྱིན་པ་དམ་པ་སེམས་ཀྱི་རྒྱན་སེམས་ཀྱི་ཡོ་བྱད། རྣལ་འབྱོར་གྱི་ཚོགས་དོན་གྱི་མཆོག་ཏུ་གྱུར་ཏེ། ཕ་དང་མ་དང་དགེ་བའི་བཤེས་གཉེན་སྔོན་དུ་འགྲོ་བ་ཅན་དུ་བྱས་པའི་འགྲོ་བ་མཐའ་དག་གི་དོན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་རྗེས་ཟློས་དང་བཅས་པས་ལན་གསུམ་གྱི་བར་དུ་བསྔོ་བར་བྱའོ། །གཤིན་པོ་ཚེ་ལས་འདས་པའི་དོན་དུ་བསྔོ་བ་བྱེད་ན། བསྔོ་བའི་མཁན་པོ་ཐོག་མར་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་ནས་དུས་གསུམ་གྱི་བླ་མ་དམ་པ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དུས་གསུམ་གྱི་བླ་མ་དམ་པ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། བདག་ངག་མཐུ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། སྨོན་ལམ་བཙན་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་པས་གསོལ་བ་བཏབ། དེའི་རྗེས་ལ་དུས་གསུམ་གྱི་བླ་མ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཤིན་པོ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། དགེ་འདུན་བཙུན་པ་རྣམས་གཤིན་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། གཤིན་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བས། ཁོ་རང་གི་སྐྱེ་བ་འདི་དང༌། སྐྱེ་བ་གཞན་དང༌། སྐྱེ་བ་གཞན་དག་ཏུ། སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་ཅི་བགྱིས་པ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང༌། ད་ལྟར་གྱི་གནས་སྐབས་སུ་ཡང༌། ཤུལ་ན་འདུག་པ་རྣམས་ཀྱིས་ཤི་བོ་དེའི་ཆེད་དུ། དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་བ་དང༌། སློབ་དཔོན་ལ་མེ་ཏོག་ཕུལ་བ་དང༌། དགེ་འདུན་ལ་བསྙེན་བཀུར་བགྱིས་པ་དང༌། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བྲིས་འདོན་བགྱིས་པ་དང༌། འབྱུང་པོ་ལ་གཏོར་མ་བཏང་བ་དང༌། སྐྱེ་བོ་ལ་སྦྱིན་པ་བཏང་བ་དང༌། ངན་སོང་སྦྱོང་བའི་གཟུངས་ཆོ་ག་བཏོན་པ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས། སྦྱིན་པ་དམ་པ་སེམས་ཀྱི་རྒྱན། སེམས་ཀྱི་ཡོ་བྱད། རྣལ་འབྱོར་གྱི་ཚོགས། དོན་གྱི་མཆོག་ཏུ་གྱུར་ཏེ། གཤིན་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་འགྲོ་བ་རིགས་དྲུག་གང་དུ་སྐྱེས་སམ། སྐྱེའམ། སྐྱེ་བར་འགྱུར་བའི་ལས་ཅན་ཅིག་ཡིན་ན་ཡང༌། དགེ་བའི་རྩ་བ་འདི་དག་ཐམས་ཅད་གཤིན་ཚེ་ལས་འདས་པ། དེའི་ཕྱི་བཞིན་དུ་རྗེས་སུ་འབྲང་ཞིང་རྗེས་སུ་ཞུགས་པར་གྱུར་ཅིག རྗེས་སུ་འབྲང་ཞིང་རྗེས་སུ་ཞུགས་ནས། འགྲོ་བ་རིགས་དྲུག་གི་སྡུག་བསྔལ། སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་ལས་ཐར་ནས། ཚོགས་ཀྱི་ལམ་ལ་གནས་པར་གྱུར་ཅིག ཚོགས་ཀྱི་ལམ་གྱི་གནས་སྐབས་ན་ཡང༌། དྲན་པ་ཉེ་བར་བཞག་པ་བཞི་དང༌། ཡང་དག་པར་སྤོང་བ་བཞི་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་ཏེ། སྦྱོར་བའི་ལམ་ལ་གནས་པར་གྱུར་ཅིག སྦྱོར་བའི་ལམ་གྱི་གནས་སྐབས་ན་ཡང༌། དབང་པོ་ལྔ་དང༌། སྟོབས་ལྔ་དང་ལྡན་ཏེ། མཐོང་བའི་ལམ་ལ་གནས་པར་གྱུར་ཅིག མཐོང་བའི་ལམ་གྱི་གནས་སྐབས་ན་ཡང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་ཏེ། སྒོམ་པའི་ལམ་ལ་གནས་པར་གྱུར་ཅིག སྒོམ་པའི་ལམ་གྱི་གནས་སྐབས་ན་ཡང༌། འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་ཏེ། མི་སློབ་པའི་ལམ་ལ་གནས་པར་གྱུར་ཅིག མི་སློབ་པའི་ལམ་གྱི་གནས་སྐབས་ན་ཡང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་དང༌། ཐུགས་རྗེ་ཆེན་པོ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཡང་དག་པར་བཅོམ་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་བརྙེས་ནས། འགྲོ་བ་མཐའ་དག་གི་དོན་བྱེད་པར་གྱུར་ཅིག ཅེས་ལན་གསུམ་གྱི་བར་དུ་བསྔོ་བར་བྱའོ། །ཞལ་གྱི་གདམས་པ་རིན་ཆེན་ཕྲེང་འདྲ་བ། །བསྔོ་བ་ཡོན་བཤད་གསུང་བཞིན་བྲིས་པ་ཡི། །དགེ་བ་དེས་ནི་འགྲོ་བ་སེམས་ཅན་རྣམས། །ཚོགས་གཉིས་རྫོགས་ནས་སྐུ་གཉིས་ཐོབ་པར་ཤོག །བསྔོ་བ་ཡོན་བཤད་ཀྱི་ཆོ་ག་བླ་མ་རིན་པོ་ཆེ་ཏི་ཤྲི་རས་པའི་གསུང་སྒྲོས་ལ། དད་ཅིང་ངེས་པའི་བློས་བརྗེད་བྱང་དུ་བྲིས་པའོ། །

རྡོ་རྗེ་རྩེ་མོ་ལས་སོགས།

༈ རྡོ་རྗེ་རྩེ་མོ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་མ་ཡང་ནི་བཞི་པ་ཡིན། །སང་ཀྲ་ཧ་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །དགོངས་འདུས་ལས། བསྐལ་པ་འབུམ་གྱི་སངས་རྒྱས་བས། །སློབ་དཔོན་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ཏེ་འབྱུང༌། ཇོ་བོ་རྗེའི་ཞལ་ནས། སངས་རྒྱས་དངོས་བཞུགས་ཚེ་ན་བླ་མ་དཀོན་མཆོག་བཞི་པ་ཡིན། སངས་རྒྱས་འདས་ནས་འཁོར་དག་པ་ཡོད་ཙམ་ན་མཉམ་པ་ཡིན། ད་ལྟར་སངས་རྒྱས་བས་ལྷག་པ་ཡིན། སངས་རྒྱས་ཐམས་ཅད་ཐུགས་རྒྱུད་བསྡུས་པ་ཡིན་པས། བླ་མ་དཀོན་མཆོག་གསུམ་བས་ལྷག དུས། ཉོན་མོངས། ལྟ་བ། ཚེ། ལོངས་སྤྱོད་ཀྱི་སྙིགས་མ་ལྔའི་དུས་སུ་སྐྱོབ་པས་བླ་མ་དཀོན་མཆོག་གསུམ་བས་ལྷག བྱང་ཆུབ་ཀྱི་ལམ་མངོན་སུམ་དུ་སྟོན་པས་ན། བླ་མ་དཀོན་མཆོག་བས་ལྷག ཅེས་གསུངས་སོ། །དུས་འཁོར་ལས། ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དང་བའི་ཡིད་ཀྱིས་མཉེས་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཡིས་ནི་ཐོབ་པར་ངེས། །གསང་འདུས་ལས། བླ་མ་ལ་གུས་ཡོད་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས། བླ་མའི་གསུང་འབུམ་ཡི་གེར་བྲིས་ན། བཀའ་འགྱུར་བྲིས་པ་དང་བསོད་ནམས་མཉམ་ཞེས་གསུངས། སངས་རྒྱས་རས་ཆེན་ཀྱིི་ཞལ་ནས། ངས་རྒུ། མི་ཉག ཧོར། སོག་པོ། བོད། དབུས་གཙང་ཁམས་གསུམ་དུ་སེམས་ཅན་མིག་གིས་མཐོང་ཚད་ལ། ཆོས་རྣ་བར་མ་བླུགས་པ་མེད། ཁྱེད་རྣམས་ཀྱི་ཆོས་ཤོད་དང་རེ་རེ་ལ་ཕན་ན། དེ་སེམས་ཅན་མང་པོ་ལ་ཕན་ཐོགས་པ་ཡིན་གསུངས། ཏི་ཤྲི་སངས་རྒྱས་རས་ཆེན་གྱི་བསྟན་བཅོས། གདམས་ངག་མཛད་པ་དཔག་ཏུ་མེད་ཀྱང༌། སྐུ་འབུམ་རིན་པོ་ཆེའི་གདན་ས་འདི་ཉིད་དུ་ཇི་ལྟར་རྙེད་པ་རྣམས། སྐལ་ལྡན་འགའ་ཙམ་དད་པ་དང༌། བྲི་བ་དང༌། གཞན་ལ་བཤད་པ་དང་རང་ཉམས་སུ་ལེན་པ་ལ་སོགས་འདོན་པའི་ཕྱིར། སེམས་བསྐྱེད་བྱས་ནས་བདག་ཤི་ལ་གྷིར་ཏིས་ཇོ་བོའི་རི་ཁྲོད་ཀིལ་སྣའི་དབེན་གནས་སུ་ལེགས་པར་ཕྱོགས་གཅིག་ཏུ་བསྡེབས་པའོ། །དད་དང་བྲིས་དང་ཉན་བཤད་དགེ་བ་དེས། །མོས་གུས་ལྡན་རྣམས་སྨིན་ཅིང་གྲོལ་བར་ཤོག །

མཐའ་དྲུག་དང་ཚུལ་བཞིའི་བཤད་པ།

༈ མཐའ་དྲུག་དང་ཚུལ་བཞིའི་བཤད་པ་བཞུགས་སོ། ན་མོ་གུ་རུ། དེ་ལ་མཐའ་དྲུག་དང་ཚུལ་བཞིའི་ཁྱད་པར་ནི། དེའི་ཚིག་གཅིག་གིས་དོན་གཉིས་སམ་རེ་རེ་ལས་མི་སྟོན་ན་ནི་མཐའ་དྲུག་པ་ཡིན་ལ། དོན་བཞིའམ་གསུམ་སྟོན་པ་ནི་ཚུལ་བཞི་པའོ། །མཐའ་ནི་འགལ་བའམ་མི་མཐུན་པ་སྟོན་པས་ན་མཐའ་སྟེ། སོར་མོའི་རྩེ་མོའམ། དབུགས་གུའི་རྩེ་མོ་ལྟ་བུའོ། །དེ་ཡང་དྲང་དོན་ངེས་དོན་གཉིས་ནི་དོན་མཐའ་ལ་བརྟེན་ཏེ་མི་མཐུན་པའོ། །དགོངས་བཤད་དགོངས་མིན་གཉིས་ནི་ཚིག་མཐའ་ལ་བརྟེན་པའོ། །སྒྲ་ཇི་བཞིན་དང་ཇི་བཞིན་མ་ཡིན་པ་གཉིས་ནི་གཉི་ག་ཕལ་ཆེར་མཐའ་ལ་བརྟེན་པའོ། །དེ་ལ་དྲང་དོན་ངེས་དོན་གཉིས་ནི་དེའི་ཚིག་གཅིག་གིས་སྐལ་པ་ངན་པའི་སེམས་ཅན་མི་ཟབ་པ་བསྐྱེད་རིམ་དང༌། སྐལ་པ་བཟང་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་ཟབ་མོའི་རྫོགས་རིམ་སྟོན་པའོ། །དགོངས་བཤད་ནི་དབང་པོ་རྣོན་པོའི་གང་ཟག་ལ་འོད་གསལ་དང་ཟུང་འཇུག་གི་དོན་སྟོན་པ་ལ་དོན་དེ་དང་འགལ་བའི་ཚིག་གིས་སྟོན་པའོ། །དགོངས་པ་མ་ཡིན་པ་ནི་མཆོག་འདོད་པའི་དབང་པོ་རྣོན་པོ་ལ་དོན་དང་མཐུན་པའི་ཚིག་གིས་གཙོ་ཆེར་རྫོགས་རིམ་སྟོན་པའོ། །སྒྲ་ཇི་བཞིན་པ་ནི་འཇིག་རྟེན་ནམ་བསྟན་བཅོས་ལ་གྲགས་པའི་ཚིག་གིས་གཙོ་ཆེར་བསྐྱེད་རིམ་སྟོན་པའོ། །ཇི་བཞིན་མ་ཡིན་པ་ནི་འཇིག་རྟེན་པ་ལ་མ་གྲགས་པ་དེ་བཞིན་གཤེགས་པའམ་མཁའ་འགྲོ་མས་བརྡའ་བྱས་པའོ། །དེ་ལྟར་དྲུག་པོ་ནི་རྡོ་རྗེའི་ཚིག་གཅིག་གིས་དོན་རེ་རེ་ལས་གཞན་དུ་མི་འགྱུར་བའོ། །རྒྱན་བཞི་པ་ཚུལ་བཞིའི་བཤད་པ་ནི། རྡོ་རྗེའི་ཚིག་གཅིག་གིས་དོན་བཞིའམ་གསུམ་སྟོན་ནུས་པ་སྟེ། དེ་ལ་ཡི་གེའི་དོན་ནི་སྒྲ་ཡི་སྟོབས་ཀྱིས་ཡི་གེའི་འབྲུ་མནན་ནས་བཤད་པའོ། །སྤྱིའི་དོན་ནི་ཐུན་མོང་དུ་བཤད་པ་སྟེ་དེ་ཡང་གཉིས་སོ། །མདོ་སྡེ་པ་ལ་སོགས་པ་དང་ཐུན་མོང་གི་མདོ་སོགས་སྤྱི་སྟེ། ཐུན་མོང་གི་ཆོས་གཅིག་བཤད་པའོ། །བསྐྱེད་རིམ་གྱི་ཐུན་མོང་གི་ཆོས་གཅིག་བཤད་པ་ནི་བསྐྱེད་རིམ་པའི་སྤྱིའོ། །སྦས་པ་གསུམ་ལས་སེམས་གསུམ་གྱིས་ནི་སེམས་གསུམ་དངོས་དང་དེ་དང་འབྲེལ་བ་ཡང་སྟོན། འདོད་ཆགས་ཆོས་ཀྱི་སྦས་པ་ནི་ཕྱག་རྒྱ་དང་སྙོམས་འཇུག་སྟོན། ཀུན་རྫོབ་ཀྱི་ནི་ཀུན་རྫོབ་དངོས་དེ་དང་འབྲེལ་བའི་ཆོས་ཀྱང་སྟོན་ཏོ། །དེ་རྣམས་སྦས་པར་འཇོག་པ་ནི། སྙིང་པོ་ཡོད་པ་སྦས་པ་སྟེ། སྤྱིའི་དོན་མ་ཡིན་པ་ན་སེམས་ཀྱི་དོན་སྙིང་པོ་ཡིན་པ་དེ་སྟོན་པས་སྦས་པ་སྟེ། དེ་གསུམ་ཆར་ཡང་སེམས་ཅན་གྱི་དོན་ཡིན་པས་སྦས་པའོ། །མཐར་ཐུག་པ་གཉིས་ནི་འོད་གསལ་དངོས་པོའི་མཐར་ཐུག་སྟོན་ལ་ཟུང་འཇུག་ལམ་གྱི་མཐར་ཐུག་པའོ། །ཡང་ན་འོད་གསལ་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་མཐར་ཐུག་ལ། ཟུང་འཇུག་སྔགས་ཀྱི་མཐར་ཐུག་ལ་ཡང་ཟུང་འཇུག་དངོས་དང་དེ་དང་འབྲེལ་བའི་ཆོས་ཀྱང་སྟོན་ནོ། །དེ་ལྟར་བཤད་ཚུལ་བཅུ་པོས་དོན་ལ་གཅིག་པ་སྟོན་པ་ཡོད་ཀྱང༌། འོན་ཀྱང་རྗོད་བྱེད་མི་འདྲ་བ་སྟོན་པས་མཐའ་དྲུག་ཚུལ་བཞི་མི་འདྲ་བ་འབྱུང་སྟེ། དཔེར་ན་བུམ་པ་གཅིག་པུ་ལ་རྗོད་བྱེད་བུམ་པ་དང་ཀ་ལ་ཤ་ལ་སོགས་པ་མི་འདྲ་བ་དུ་མ་ཡོད་པ་བཞིན་ནོ། །གང་ཟག་གི་མཚན་ཉིད་ལ་ཨུད་པ་ལ་ལྟ་བུའི་མཚན་ཉིད་ནི་གསུམ་སྟེ། ཐོས་པ་མང་བ་དང༌། ཐོས་པའི་དུས་སུ་ཟིན་པ་དང༌། ཐོས་པའི་རྗེས་ཚིག་དོན་གཉིས་ཀ་བརྗེད་ནས་འགྲོ་བའོ། །པད་དཀར་ལྟ་བུ་ལ་གསུམ་སྟེ། ཐོས་པ་ཆེ་བ་དང༌། ཐོས་པའི་དུས་སུ་ཟིན་པ་དང༌། གཞན་ལ་སྟོན་པར་མི་ནུས་པའོ། །དེ་ལ་པདྨ་དམར་པོ་ལྟ་བུ་ལ་བཞི་སྟེ། དད་པ་ཆེ་བ་དང༌། སྙིང་རྗེ་ཆེ་བ་དང༌། ཐོས་པ་མང་བ་དང༌། ཐོས་པའི་དོན་བརྗོད་པའོ། །ཙན་དན་ལྟ་བུ་ལ་ལྔ་སྟེ། ཐོས་པ་ཉུང་བ་དང༌། ང་རྒྱལ་ཆེ་བ་དང༌། དོན་གྱི་རྩ་བ་མེད་པ་དང༌། ཚིག་གི་སྤྲོས་པ་མང་བ་དང༌། གཞན་གྱིས་བཟུང་བར་མི་ནུས་པའོ། །རིན་པོ་ཆེ་ལྟ་བུ་ལ་བདུན་ཏེ། ཚུལ་ཁྲིམས་དག་པ་དང༌། མཁས་པ་དང༌། སྒྲིན་པ་དང༌། ཤེས་རབ་ཆེ་བ་དང༌། རྒྱུན་མི་འགྱུར་བ་དང༌། སྙིང་རྗེ་ཆེ་བ་དང༌། ཐོས་པ་མང་བ་དང༌། གཞན་ལ་ལེགས་པར་སྟོན་པའོ། །ངེས་ཚིག་ནི་ཨུཏྤལ་ལ་སོགས་པ་དང་འདྲ་བའི་ཕྱིར་ཨུཏྤལ་ལྟ་བུ་ལ་སོགས་པའོ། །ཉན་འཆད་སྒོམ་པ་གསུམ་དུ་རུང་མི་རུང་བརྟགས་པ་ནི། ཨུཏ་པ་ལ་དང་པདྨ་དམར་པོ་ལྟ་བུ་ནི་ཉན་པ་པོར་རུང་སྟེ། ཐོས་པའི་དོན་བརྗེད་ཀྱང་སེམས་ལ་བག་ཆགས་བཞག་པས་ཕྱིས་འབྲས་བུ་འབྱུང་བའི་ཕྱིར་རོ། །འཆད་པ་པོ་དང་སྒོམ་པ་པོར་གནས་སྐབས་དེ་ལྟར་མི་རུང་སྟེ། ཚིག་དང་དོན་བརྗོད་པས་ད་ལྟ་ཉིད་དུ་བསྟན་རྒྱུ་དང་སྒོམ་རྒྱུ་མེད་པའི་ཕྱིར་རོ། །པད་དཀར་དང་ཙན་དན་ལྟ་བུ་གཉིས་ནི། ཉན་པ་དང་སྒྲུབ་པ་པོར་རུང་ལ། འཆད་པ་པོར་མི་རུང་སྟེ། ཚིག་གི་ཡོན་ཏན་མེད་པ་དང༌། གཞན་གྱིས་བཟུང་བར་མི་ནུས་པའི་ཕྱིར་རོ། །རིན་པོ་ཆེ་ལྟ་བུ་ནི་ཐམས་ཅད་དུ་རུང་ངོ༌། །སྒྲུབ་པ་པོའི་དབང་པོའི་བྱེ་བྲག་གི་དབྱེ་བ་རྣམ་པར་བཤད་པའོ།།

ཤེས་རབ་དབང་ཕྱུག་ལ་གདམས་པ།

བཛྲ་གུ་རུ་རཏྣ་མ་ཧཱ་ན་མོ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྔོན་སྦྱང་བསོད་ནམས་བསགས་པ་ཡི། །དལ་འབྱོར་མི་ལུས་རིན་ཆེན་ཐོབ། །རུས་པ་དཀར་པོ་ཧོར་ལས་ཆད། །སྣག་ཚ་དམར་པོ་ལྡོང་ལས་ཆད། །རིགས་མཐོ་ཡོན་ཏན་ཆེ་བའི་རྒྱུད། །སྟེང་འཛོམ་ཡིག་ཚང་རྗེ་ཡི་མི། །ཕོ་བོ་ལྡང་ཚོ་དར་དུ་སྐྱེས། །འཕོང་དང་བཟོ་དང་སྙན་ངག་མཁས། །དཔའ་དང་སྟོབས་དང་གཟི་བརྗིད་ཆེ། །ཤེས་བཞིན་སྨྲ་དང་ཚོད་དེ་བཞིན། །ལོངས་སྤྱོད་ཆེ་བ་རྣམས་དང་ལྡན། །དད་གསུམ་སྙིང་རྗེ་ཤེས་རབ་ཆེ། །དཔལ་དང་གྲགས་དང་དབང་ཕྱུག་དང༌། །གཟུགས་བཟང་ཡེ་ཤེས་བརྩོན་འགྲུས་དང༌། །འཇིག་རྟེན་འདས་པའི་ཡོན་ཏན་ཡིན། །སྔོན་སྦྱངས་བསྐལ་པ་དཔག་མེད་དུ། །ལས་དང་སྨོན་ལམ་དག་པ་ཡི། །རྗེ་བཙུན་ཆེན་པོ་ཏཻ་ལོ་པའི། །བྱིན་རླབས་བརྒྱུད་པ་རིན་པོ་ཆེ། །རྩ་བའི་བླ་མ་བཀའ་དྲིན་ཅན། །གྲུབ་ཐོབ་བླ་མ་རྗེ་དང་མཇལ། །སངས་རྒྱས་བསྟན་པ་རིན་ཆེན་གྱི། །ཆོས་ལ་ལས་འཕྲོ་སད་པ་ཡི། །སངས་རྒྱས་བསྟན་ལ་ཚུལ་བཞིན་ཞུགས། །ཐེག་པ་གསུམ་གྱི་སྙིང་པོ་ནི། །བསླབ་གསུམ་རིན་ཆེན་རྒྱན་གྱིས་མཛེས། །མ་བྱུང་འབྱུང་བར་མི་འགྱུར་བའི། །དུས་འདིར་རྨད་དུ་བྱུང་བ་ནི། །གསང་སྔགས་ཐེག་པ་ཆེན་པོ་ལ། །དབང་དང་བྱིན་རླབས་ལྡན་པ་ཡི། །གྲུབ་ཐོབ་བླ་མ་རིན་ཆེན་གྱིས། །སྨིན་གྲོལ་གཉིས་ཀྱིས་ལམ་ལ་བཅུག །བསྐྱེད་རྫོགས་གཉིས་ཀྱི་ལམ་ཉིད་ལ། །བརྟན་དང་བོགས་དབྱུང་རབ་གཞོལ་བྱས། །ཉམས་དང་རྟོགས་པ་ལྷག་གིས་ཤར། །དེ་ཡི་ཕྱིར་ན་རྨད་དུ་བྱུང༌། །གསང་སྔགས་ཐབས་ལམ་ཟབ་མོ་ལ། །གཏུམ་མོ་གནད་དུ་བསྣུན་པ་ཡིས། །བདེ་དྲོད་ཉམས་སྣང་སྣ་ཚོགས་སྐྱེས། །བདེ་གསལ་མི་རྟོག་ཉམས་མྱོང་ཤར། །བདེ་དང་སྟོང་པ་ཟུང་དུ་འཇུག །ཉལ་ན་རྨི་ལམ་འོད་གསལ་བཟུང༌། །འོད་གསལ་སློབ་དང་མི་སློབ་སྦྱངས། །རྨི་ལམ་བཟུང་སྦྱངས་སྤེལ་དང་བསྒྱུར། །ཡ་ང་སྤོང་དང་སྒྱུ་མར་ཤེས། །དེ་ཉིད་རྨི་ལམ་འོད་གསལ་དུ། །འཕོ་ནུས་ཟུང་འཇུག་མྱོང་བར་བྱས། །འགྲོ་བའི་མགོན་པོ་འབའ་རོམ་པ། །བཀའ་དྲིན་ཅན་གྱི་ཞལ་སྔ་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གཉིས་སུ་མེད་པའི་ཡེ་ཤེས་དེ། །རང་སེམས་ཡིན་གྱི་མ་བཅོས་ཞོག །གཉུག་མ་ལྷན་ཅིག་སྐྱེས་པ་འདི། །མ་བཅོས་སོ་མར་ཞོག་ཅེས་གསུངས། །མོས་གུས་བྱས་ཤིང་གསོལ་བ་བཏབ། །དཔལ་ལྡན་ཆེན་པོ་འབའ་རོམ་པ། །ནོར་བུ་དབང་གི་རྒྱལ་པོ་དེས། །འོད་དང་དགོས་འདོད་བྱིན་རླབས་ཀྱིས། །ཁོ་བོའི་བློ་ཡི་མུན་པ་གསལ། །རང་སེམས་ཆོས་སྐུར་གཅེར་གྱིས་རྟོགས། །ཐར་པས་དབུལ་ཞིང་ཕོངས་པ་ཡི། །འཁོར་བས་ཉན་པའི་སྡུག་བསྔལ་བསལ། །མྱ་ངན་འདས་པའི་དབྱིངས་སུ་བསྐྱལ། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་བྱིན། །གདམས་པའི་མཛོད་འཛིན་གཏེར་དང་སྤྲད། །མི་ཟད་རྒྱན་གྱི་འཁོར་ལོ་ཡིས། །རང་གཞན་གཉིས་ཀྱི་བདེ་སྐྱིད་འབྱུང༌། །སྣ་ཚོགས་སྣང་བ་དཀར་དམར་འདི། །རང་སེམས་ཡིན་པར་གཅེར་གྱིས་བསྟན། །གཟུང་འཛིན་གཉིས་ཀྱི་རྩ་བ་བཅད། །རང་བྱུང་ལྷན་ཅིག་སྐྱེས་པའི་དོན། །གཉིས་མེད་ཟུང་འཇུག་ཆེན་པོར་ཤར། །ཇི་ལྟར་སྣང་ཡང་རང་གི་སེམས། །ཕྱག་རྒྱ་ཆེན་པོ་མ་ཡིན་པ། །ཆོས་གཅིག་ལོགས་སུ་གྲུབ་པ་མེད། །ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། །རྣལ་འབྱོར་བཞི་ཡི་རིམ་པ་སྟོར། །འོན་ཀྱང་དབང་པོའི་བྱེ་བྲག་ལ། །རྣལ་འབྱོར་བཞི་ཡི་ཉམས་རྟོགས་སྐྱེས། །གང་ཟག་སྣོད་ཚོད་མི་འདྲ་བས། ད་ལྟ་འདི་ཡིས་ཕན་པར་བྱུང༌། །ཐབས་ཤེས་གཉིས་ཀྱི་འཁྲུལ་འཁོར་གྱིས། །རྟེན་འབྲེལ་ཟབ་མོ་གནད་དུ་ཚུད། །ཅི་བསམ་འགྲུབ་པས་བློ་རེ་བདེ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །ཐམས་ཅད་གྲོགས་སུ་འཆར་བ་ཡིས། །གེགས་སུ་གྱུར་པ་གཅིག་ཀྱང་མེད། །འགྲོ་ལ་ཕན་པའི་གནད་གཅིག་པོ། །བྱང་ཆུབ་སེམས་གཉིས་དབྱེར་མེད་པའི། །ཕྲིན་ལས་གྲུབ་པ་ངོ་མཚར་ཆེ། །ཅི་བསམ་ཐམས་ཅད་འགྲུབ་པ་དེ། །དམ་ཚིག་གཙང་ལས་བྱུང་བ་ཡིན། །ཅིར་མཐོང་ཅིར་སྣང་ཆོས་རྣམས་ཀུན། །ཡེ་ཤེས་མིན་པ་གཅིག་ཀྱང་མེད། །ལོགས་སུ་བཀར་ནས་བསྒོམ་མི་དགོས། །དབྱིངས་ལས་མི་འདའི་དོན་རྟོགས་པས། །སྒོམ་མེད་ངང་ལ་འབྱམས་ནས་སོང༌། །བཏང་བཞག་སྒོམ་གྱི་དགོས་པ་མེད། །རང་གྲོལ་ཡིན་པས་ཀློད་ནས་བཞག །ཐམས་ཅད་ཉམས་སུ་ཤར་བས་བདེ། །རྟོགས་པའི་དོན་ཐག་ནང་ནས་ཆོད། །ལྷུན་གྱིས་གྲུབ་པ་སྒོམ་པ་ཡིན། །བོགས་འདོན་རྒྱུ་མེད་པས་སྤྱོད་པ་ཡིན། །རེ་དོགས་གཉིས་དང་བྲལ་བ་ཡི། །སེམས་ཉིད་རྫོགས་པའི་སངས་རྒྱས་སུ། །མངོན་དུ་གྱུར་པས་འབྲས་བུ་ཡིན། །སྔོན་སྦྱངས་བསོད་ནམས་བསགས་པ་ཡི། །བླ་མ་ལ་གུས་ཤེས་རབ་ཆེ། །ཆོས་གཤའ་མར་བྱ་སྙམ་ཡོད་པའི་བཤེས། །ཤེས་རབ་དབང་ཕྱུག་སྐྱེས་བུ་དེས། །རང་བཞན་གཉིས་ལ་ཕན་པ་ཡི། །བླ་མའི་རྟོགས་ཚད་ཞུ་ཞེས་པས། །རྒྱ་མཚོ་ལྟ་བུའི་ཡོན་ཏན་ལས། །ཆུ་ཐིགས་ཙམ་ཞིག་བཀོད་པ་ལས། །ཁྱོད་སོགས་འདི་ཡིས་རྒྱལ་གྱུར་ཅིག །གདམས་པ་ཡོན་ཏན་རིན་ཆེན་ཞེས་བྱ་བ་རྫོགས་སོ།།

རྗེ་ཉིད་ཀྱི་རྣམ་ཐར་ཚིགས་བཅད་མ།

ཨོཾ་སྭསྟི་སིདྡྷཾ། ཡོན་ཏན་ཀུན་གཏེར་བརྩེ་བས་དབང་བསྒྱུར་འདྲེན་པའི་མཆོག །ཡིད་ཀྱི་མུན་སེལ་རབ་ཞི་བདུད་རྩི་མཆོག་གི་དབྱིངས། །སྐྱབས་གསུམ་ཡིད་བཞིན་དབང་པོ་ལྷ་དང་མིས་མཆོད་པ། །འགྲོ་མགོན་ཏི་ཤྲི་དཔལ་ལྡན་རིན་ཆེན་ཞབས་ལ་འདུད། །སེར་སྐྱའི་གྲོང་ཁྱེར་མཆོག་འདྲ་པ་ཚབ་འདམ། །ལུམྦིའི་ཚལ་རབ་ལྟ་བུ་ལྡ་ས་ཐེལ། །བཀྲ་ཤིས་མཚན་ལྡན་བཟང་པོར་སྐུ་བལྟམས་ཤིང༌། །ཡབ་ཡུམ་ངོ་མཚར་དགྱེས་ཤིང་དགའ་སྟོན་མཛད། །ལོ་ལྔ་ལོན་ནས་གཤེགས་བཞུད་མཛད་པ་ལ། །བྱིས་པའི་ཚོགས་དང་བིའུ་རིའུ་ལུ་གུ་རྣམས། །བུ་རྣམས་མ་ཕྱིར་འབྲང་བ་ཇི་བཞིན་ཏེ། །བྱམས་པའི་ཐུགས་ཀྱིས་འཛིན་ཅིང་སྲི་ཞུ་མཛད། །ལོ་བདུན་ལོན་ནས་བྱིས་པའི་ཚོགས་རྣམས་ལ། །ཆོས་བཤད་ཚུལ་དང་སྒོམ་པའི་ལུས་གནད་སྟོན། །འཚོ་བ་བཟའ་བཏུང་ཕྱག་ཏུ་བྱུང་བ་རྣམས། །ཉིད་ཀྱི་མི་གསོལ་ཀུན་ལ་བཀྱེ་བཀོད་མཛད། །རྩེ་བ་ཞེས་པ་བཙད་པོའི་ལྷ་ཁང་དུ། །སྔོན་ཆད་མ་མཇལ་སུས་ཀྱང་མ་བསྟན་པར། །ཚེ་རབས་ཀུན་གྱི་བླ་མ་དེ་དུས་རིག །སྒོམ་ནག་མཚན་གསོལ་ཁྱེད་ལ་ཕྱག་འཚལ་བསྟོད། །ཀུན་གྱི་བཤེས་གཉེན་ལྟ་བུ་དབང་སེང་ལས། །ལོ་བརྒྱད་ལོན་ནས་ཡིག་རྩིས་ཐ་སྙད་བསླབ། །སྒོམ་ཁྲིད་ཐོན་ནས་ཚལ་དང་ཡེར་པར་བྱོན། །ཚལ་པའི་སྤྱན་སྔར་སྒ་ལོ་དྭགས་སོགས་པའི། །དཀྱིལ་འཁོར་རྒྱས་པའི་དབང་སོགས་མང་དུ་ཞུས། །ཡེར་པར་སངས་སྒོམ་རིན་ཆེན་སྤྱན་སྔ་རུ། །ལམ་འབྲས་ཞི་བྱེད་བསྟན་རིམ་ལ་སོགས་པ། །འབྲི་སྒོམ་རྗེ་པའི་གདམས་པ་མ་ལུས་དང༌། །ཆོས་བཅུ་རིམ་ལྔ་ལམ་རིམ་ཁྲིད་རྣམས་ཞུས། །རྗེ་པའི་དབོན་པོ་སྨོན་ལམ་འོད་ཟེར་ལས། །རྔོག་ལུགས་རྒྱུད་གསུམ་མན་ངག་དང་བཅས་གསན། །ནམ་ར་གླག་མར་འབྲི་གུང་རྗེ་དང་མཇལ། །ཅིས་ཀྱང་འབྲི་གུང་མཐིལ་ལ་ཤོག་ཅིག་གསུངས། །བཅོ་བརྒྱད་ལོན་ནས་ཡེར་པ་ཨན་ཆུང་དུ། །མཁན་པོ་སྟོན་གྲགས་སློབ་དཔོན་དར་གཞོན་ལས། །རྣམ་དག་མཆོད་རྟེན་དྲུང་ལྟར་རབ་ཏུ་བྱུང༌། །མཁན་སློབ་གཉིས་ལས་བདེན་གཉིས་འདུལ་བ་གསན། །དུས་དེ་ཉིད་ནས་ཙམ་ཆེན་གངས་ལ་བྱོན། །རྗེ་ཡི་བཞུགས་གདན་རྡུལ་བསལ་མཛད་པའི་ཚེ། །གཉིས་མེད་སེམས་ཀྱི་ངོ་བོ་ལྷན་གྱིས་མཐོང༌། །ལྷ་ལུང་རྫ་ལུང་གཡུ་ལུང་རྫ་དེའུ་དང༌། །ལུ་གུ་སྙིང་སོགས་གངས་ཁྲོད་རྣམ་དག་ཏུ། །ནེ་རཉྫ་ནའི་འགྲམ་ལྟར་ཐུགས་དམ་བསྐྱངས། །འགྱུར་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །སྟག་ལུང་ཐང་པ་དཔལ་ལྡན་སྤྱན་སྔ་རུ། །མགོན་པོ་ཕག་མོ་གྲུ་པའི་ཆོས་རྣམས་ཞུས། །གང་ཚེ་འབྲི་གུང་མཐིལ་ལ་བྱོན་པ་ན། །ཡང་དགོན་གླིང་དང་བཅས་པའི་འདུག་ལུགས་ལ། །བདེ་མཆོག་དཀྱིལ་འཁོར་ཚུལ་དུ་མཐོང་སྣང་བྱུང༌། །རིན་ཆེན་སྤྱན་སྔར་སེམས་བསྐྱེད་ལ་སོགས་པ། །ཐུགས་ཀྱི་སྙིང་ཁུ་ཟབ་ཆོས་མང་པོ་ཞུས། །རྟོགས་པ་ཕུལ་བས་ཤིན་ཏུ་མཉེས་མཛད་དེ། །ཁྱེད་ཀྱིས་སུ་ལས་ཐོབ་ཅེས་བྱ་བ་གསུངས། །འདྲེན་པ་འབའ་རོམ་པ་ལས་འཁྲུངས་ཞེས་ཞུས། །ཆོས་རྗེའི་མཛད་པ་རྣམ་ཐར་ཆོས་ལུགས་ལ། །ཕྱི་ནང་གསང་གསུམ་གོ་བ་མང་པོ་འཁྲུངས། །དེ་དུས་ཉིད་ནས་ཐག་མ་དཔལ་ཆེན་དང༌། །སློབ་དཔོན་གུ་ར་བ་དང་དར་གཞོན་སོགས། །དགེ་སློང་ཉི་ཤུའི་སྤྱན་སྔར་བསྙེན་པར་རྫོགས། །རྟེན་འབྲེལ་མངོན་དུ་རྫོགས་ལ་ཕྱག་འཚལ་བསྟོད། །མ་གྷ་དྷ་རུ་ཐུབ་པ་སངས་རྒྱས་ཀྱང༌། །ཝཱ་རཱ་ཎ་སཱིར་གདུལ་བྱ་གཟིགས་པ་ལྟར། །འགྲོ་བ་འདྲེན་པའི་མི་མཆོག་འབའ་རོམ་པས། །ཁྱོད་ཀྱི་གདུལ་བྱ་ཤར་ན་ཡོད་དོ་ཞེས། །སྤོམ་ར་རྒྱལ་པོའི་ཡུལ་དུ་ལུང་བསྟན་མཛད། །ཞལ་ཏ་བྱིན་རླབས་འགྲོ་ཆོས་གནང་མཛད་ནས། །འདུས་པ་མང་པོའི་ཕྲིན་ལས་འབྱུང་ལུགས་གསུངས། །དགའ་བཞིན་བྲོད་པས་ཁམས་སུ་བྱོན་པའི་ཚེ། །ཟླ་སྨད་རླེའུ་རུ་སམ་རྟག་དགོན་པ་རུ། །ཁྲོ་རྒྱལ་རྟ་མགྲིན་རྡོ་རྗེ་ཕག་མོ་གཟིགས། །འབྲི་ཀླུང་རྒྱལ་པོའི་ཕོ་བྲང་ཞལ་བུ་མདོར། །ནུབ་གཅིག་ཐམ་ཐུམ་གཟིམས་པའི་རྨང་ལམ་ན། །གསེར་མི་ཆེན་པོ་གསེར་གྱི་རལ་གུ་གོན། །གཡས་པས་ཕྱར་དར་གཡོན་པས་ནེའུ་ལེའི་སྐྱལ་པ་འཛིན། །དབུ་ལ་གསེར་ཞྭ་སྤྱི་རིང་འདབ་མ་ཅན། །རྨ་བྱའི་སྒྲོ་འཕྲུ་བཙུགས་པ་སྒེག་ཅིང་འཛུམ། །ངང་དཀར་རྔོག་དམར་གསེར་ཆས་བརྒྱན་པ་བཅིབས། །སྤྱན་སྔར་བྱོན་ཏེ་ཡུལ་དུ་འབྱོན་ཅེས་ཞུས། །སྤོམ་ར་ཡིན་སྙམ་དགོངས་པས་ཤར་དུ་བྱོན། །རྣམ་ཐོས་གཙུག་གི་ནོར་བུར་ཕྱག་འཚལ་བསྟོད། །ཡོབ་ཆེན་གནས་སུ་ཞག་འགའ་བཞུགས་པའི་ཚེ། །ནུབ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། །གཟི་བརྗིད་བསྐྱེད་དེ་ཅུང་ཟད་འཛུམ་བཅས་བྱོན། །ཁྱོད་ཀྱི་གདུལ་བྱ་ཙཱ་མིའི་རྒྱལ་ཁམས་ཡིན། །མི་ཉག་ཡུལ་དུ་ཅིས་ཀྱང་བྱོན་ཅིག་གསུངས། །གཞན་ཡང་མ་མགོན་ཡུལ་ལྷ་ཀུན་གྱིས་བསུས། །ནུབ་གཅིག་འོད་གསལ་ཉམས་གྱི་སྣང་བ་ལ། །ཁོ་རང་ཉིད་དང་གཅེན་གཅུང་སྐུ་མཆེད་གསུམ། །མ་ཡིན་ཟེར་བའི་བུད་མེད་གཅིག་དང་བཞི། །དེ་ཡིས་ཐུན་མོང་གསེར་གྱི་མཎྜལ་གཅིག །རིན་ཆེན་གསེར་གྱི་ཚོམ་བུ་བཀོད་ནས་སུ། །དགེ་བའི་བཤེས་གཉེན་གཅིག་ལ་ཕུལ་བ་རྨིས། །ནུ་བོར་སྨོས་དེས་འབུལ་བའི་ལག་ལེན་བྱས། །དེ་འབྲས་ཁོ་ཡིས་རྒྱལ་པོ་ཐོབ་པར་གྱུར། །མི་དབང་གཙུག་གི་ནོར་བུར་གསོལ་བ་འདེབས། །ཙོང་ཀ་ཏྲེ་རོང་དགོན་པར་བྱོན་པའི་ཚེ། །སློབ་དཔོན་ཡར་ལུང་བ་དང་དེའུ་པོ་པས། །བྱམས་པས་ནོར་བཟང་བསུས་པ་ཇི་བཞིན་དུ། །བསྔགས་དང་བཀུར་བ་སྣ་ལེན་རིམ་པར་མཛད། །འཇུ་ལག་ལྷས་ཅུང་དགོན་པར་ལོ་གཉིས་སུ། །སྒྲོལ་རྒྱུའི་ཚལ་དུ་བསྐུལ་བ་གཟིགས་པ་ལྟར། །ཏིང་འཛིན་རོལ་པའི་རྩེད་མོ་ཉམས་ལ་བསྟར། །སུམ་ཅུ་རྩ་ལྔའི་དུས་ན་གོ་ར་དང༌། །གཡར་པ་གུ་རུབ་ཞིན་ཁྱེའུ་གཟི་འགའ་དང༌། །མཁར་ལུང་བླ་ཆེན་དགོན་པར་ཚོགས་པ་བསྐྱངས། །གུ་རུབ་དགོན་པར་ཚོགས་པ་སྐྱོང་བའི་ཚེ། །དངོས་བརྒྱུད་བླ་མ་གོང་མ་ཐམས་ཅད་དང༌། །ཡི་དམ་མཁའ་འགྲོའི་ཚོགས་རྣམས་བྱོན་མཛད་དེ། །བྱིན་རླབས་ཕྲིན་ལས་རྒྱ་ཆེན་དེ་དུས་མཛད། །གཤེགས་བཞུད་མཛད་ཚེ་ནམ་མཁར་འཇའ་འཁྲིགས་ཤིང༌། །ཅང་ཏེའུ་ཌཱ་རུ་ཀུན་གྱིས་ཐོས་པར་འཁྲོལ། །ཞིན་ཁྱེའུ་ཕྱིན་ཆད་མི་ཉག་རྒྱ་བོད་གསུམ། །སྟོང་ཕྲག་མང་པོ་དུས་གཅིག་རུབ་ཀྱིས་འདུས། །གངས་རི་ལྟ་བུར་རྒྱང་ནས་རབ་གསལ་བའི། །སྡེ་སྣོད་འཛིན་པ་མཁས་པའི་ཚོགས་རྣམས་བྱོན། །སྟོང་ཕྲག་མང་པོ་བསྟན་ལ་རབ་དགའ་རྣམས། །ངེས་འབྱུང་ཐར་པ་ཐོབ་ཕྱིར་མཁན་པོ་མཛད། །འབུལ་ཚོགས་མང་པོ་རྒྱལ་ཁམས་གསུམ་གྱི་མིས། །བྱང་ཆུབ་ཐོབ་ཕྱིར་ཕལ་ཆེར་སེམས་བསྐྱེད་དོ། །སྣོད་ལྡན་བརྩོན་འགྲུས་བརྩམས་པའི་གང་ཟག་རྣམས། །སྨིན་ལམ་དབང་བསྐུར་གྲོལ་ལམ་གདམས་པ་ཡི། །ཁྲིད་མཛད་དཔག་བསམ་ཤིང་ལྟར་འབྲས་བུ་བསྐྲུན། །བསྐྱངས་པ་མཐར་ཕྱིན་མཛད་ལ་ཕྱག་འཚལ་བསྟོད། །གཟི་འགར་ནུབ་གཅིག་ཉམས་ཀྱི་རྨང་ལམ་ལ། །ཕུ་ནས་ཆོས་འགའ་མདའ་ནས་གདུགས་གཅིག་བྱུང༌། །དེ་སོགས་ཕྱིན་ཆད་རྒྱལ་པོའི་བླ་མཆོད་མཛད། །ལྷ་རི་དཀར་པོའི་གནོད་སྦྱིན་མཆེད་གསུམ་ནས། །མཁའ་འགྲོ་གསེར་གྱི་མཆེ་བ་ཅན་སོགས་དང༌། །སེང་རུ་ངང་ཡག་གངས་དཀར་ཤ་མེད་སོགས། །དཔག་མེད་ཡུལ་ལྷའི་ཚོགས་ཀྱིས་གུས་བཏུད་མཆོད། །ཡོ་བྱད་རྫས་ཀྱི་དངོས་པོ་ཐམས་ཅད་ཀྱང༌། །སྦྱིན་བདག་ཚོགས་རྫོགས་བསོད་ནམས་སྤེལ་བའི་ཕྱིར། །དངོས་བརྒྱུད་གདན་ས་རབ་བྱུང་ཐམས་ཅད་ལ། །ཕུན་སུམ་ཚོགས་པའི་ཞབས་ཏོག་མཐའ་ཡས་མཛད། །འོད་སྲུང་རྒྱལ་བའི་བཞུགས་གནས་ཅིར་ཁབ་ཀྱི། །སྤྲུལ་པའི་ལྷ་ཁང་ལ་སོགས་མང་པོ་གསོས། །ཕྱི་སྣོད་ནང་བཅུད་འཛོམས་པའི་གཙུག་ལག་ཁང༌། །མཁར་ལུང་གནས་གསར་ལ་སོགས་གྲངས་བཅད་མཛད། །གསེར་འབུམ་རྒྱུད་འབུམ་སྒོ་མང་རྣམ་གཉིས་དང༌། །གསེར་སྐུ་གཉིས་དང་དངུལ་སྐུ་བཏགས་སྐུ་བཞེངས། །དབུས་གཙང་ཁམས་གསུམ་ཕྱོགས་རིས་མེད་པ་ལ། །ཐམས་ཅད་སྒྲོལ་བཞིན་ཀུན་གྱི་རེ་བ་བསྐོངས། །མཛད་པ་མཐའ་ཡས་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་གཟུགས་གསུང་རབ་མཆོད་རྟེན་གཙུག་ལག་ཁང༌། །གྲངས་ལས་འདས་པ་སྐུ་གསུང་ཐུགས་ཀྱི་རྟེན། །མངའ་གསོལ་རབ་ཏུ་གནས་པ་མཛད་པའི་ཚེ། །ལ་ལ་དྲག་ཏུ་ཁྲོ་བོ་ཧཱུྃ་སྒྲ་སྒྲོགས། །ལ་ལའི་གནས་སུ་བུམ་ཆུ་རང་བཞིན་ཁོལ། །ལ་ལའི་གནས་སུ་ཤིང་ལས་པདྨོ་རྡོལ། །ལ་ལའི་གནས་སུ་རྟེན་ལས་འོད་ཟེར་བྱུང༌། །ལ་ལ་དག་ལ་མེ་ཏོག་རང་འབྱར་ཏེ། །ལ་ལ་དག་ལ་ལྡུམ་རའི་མེ་ཏོག་ཆགས། །དག་པའི་རྒྱལ་ཁམས་ཆོས་ལ་སྤྱོད་པའི་ས། །མི་རིགས་མི་མཐུན་སྐད་རིགས་བརྒྱད་ཀྱི་ཡུལ། །རྒྱལ་བློན་འབངས་དང་བཅས་པ་བྱེ་བ་རྣམས། །སྲོག་གི་ཕྱིར་ཡང་དམ་ཆོས་མི་གཏོང་ཞིང༌། །མི་ཕྱེད་དད་པ་ཐོབ་མཛད་ཆོས་ཀྱི་རྗེ། །བསྡུ་བཞིས་འགྲོ་བ་འདྲེན་པའི་རིན་པོ་ཆེ། །ལུང་བསྟན་མཆོག་ཐོབ་ཁྱོད་ལ་ཕྱག་འཚལ་བསྟོད། །རྒྱལ་རབས་དགུ་པའི་དུས་ན་འགའ་མཁར་དུ། །བྱང་ཕྱོགས་གདུག་པའི་དམག་ཚོགས་འོངས་པའི་ཚེ། །ནང་གཅིག་མལ་ནས་ཐུགས་དམ་མཛད་པའི་ཚེ། །ཡུལ་ཁམས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས། །སྐུ་ལ་གསེར་ཁྲབ་གསོལ་ཞིང་རྟ་བཅིབས་ནས། །བྲོས་པ་ལྟར་མཛད་ཤིན་ཏུ་རིངས་པར་བྱོན། །དེའི་ཕྱི་བཞིན་བདུད་རིགས་སྲིན་པོ་ནི། །གནམ་ཐེལ་དཀར་པོའི་གཟུགས་ཅན་སྡིག་པ་ཡི། །སྣ་འདྲ་ཁ་འདྲ་ཁ་དོག་དམར་པོ་ཅན། །མགོ་བོས་ནམ་མཁའ་ཁེངས་པ་ཁ་གདངས་ཤིང༌། །ཤར་ཕྱོགས་ངོས་ནས་འགའ་མཁར་ཉིད་དུ་བྱུང༌། །ཉིད་ཀྱིས་བྱམས་པའི་ཐུགས་མཆོག་རབ་བསྐྱེད་དེ། །ཡི་དམ་འཁོར་ལོ་སྡོམ་པའི་སྐུར་མཛད་ནས། །གདུག་པའི་སེམས་ཅན་དེ་ཡི་ཐད་དུ་བྱོན། །ཁ་ནི་བཙུམ་སྟེ་རྒྱལ་ཆེན་ཕྱི་བཞིན་ཐལ། །ད་ལན་མི་འཆོར་ལར་ནི་མི་གཏོང་ཞེས། །རྒྱལ་པོ་ལ་སོགས་ཀུན་ལ་གོ་བར་མཛད། །ངས་ཀྱང་རྟེན་འབྲེལ་ཟབ་མོ་བསྒྲིགས་པ་དང༌། །ཟློག་པའི་སྲུང་འཁོར་མང་པོ་མཛད་ན་ཡང༌། །དུས་འདིར་འཛམ་གླིང་སེམས་ཅན་ཕལ་ཆེར་གྱིས། །སྔོན་ལས་ཟད་པའི་རྒྱུ་འགའ་མ་ཁེགས་ཤིང༌། །གདུག་པའི་སེམས་ཅན་འདི་ཡི་མཐུ་བྱིན་ཏེ། །ཐུབ་པའི་སྤྱན་སྔར་སྨོན་ལམ་ལོག་བསྒྲུབས་ཏེ། །ནམ་ཕུག་སུས་ཀྱང་དགག་པར་མི་ནུས་གསུངས། །གདུག་པའི་གཡུལ་ངོ་བཟློག་མཛད་ཕྱག་འཚལ་བསྟོད། །ཆོས་རྒྱལ་དེ་ཡི་རྒྱལ་ཁམས་དར་རྒྱས་དང༌། །དམ་ཆོས་ཚུལ་བཞིན་སྤྱོད་པའི་བྱིན་རླབས་ཀྱིས། །ལོ་གྲངས་མང་པོའི་བར་དུ་ཉིད་ཀྱིས་བསྐྱངས། །ཕྱི་དུས་བློན་འབངས་དམ་ཚིག་མི་སྲུང་བ། །འགའ་ཞིག་རྐྱེན་གྱིས་ལོག་པའི་རྟེན་འབྲེལ་འགྲིགས། །ཕྱི་ནས་གདུག་པའི་རླུང་ཆེན་གཡོས་པའི་ཚེ། །ཉིད་ཀྱང་གདན་བསྐྱོད་བོད་དུ་བྱོན་པ་ན། །འོ་དེ་རལ་སོགས་གོ་བརྡའ་མི་མཇལ་བས། །འཁྲུལ་པའི་དབང་གིས་འཚེ་བ་བྱུང་བས་ན། །སྤྱན་རས་གཟིགས་དབང་ཞི་བའི་འཁྲུལ་འཁོར་མཛད། །དཔག་མེད་སྡུག་བསྔལ་མཐའ་ཡས་བདེ་བར་བསྒྱུར། །གོང་དུ་དམག་གི་འཚེ་བ་བསྟན་པ་དང༌། །གཟུགས་མེད་སྒྲ་ནི་ནམ་མཁར་གྲགས་པ་ཡི། །ལྷ་རྣམས་ཀྱིས་ཀྱང་བསྐུལ་མ་འདེབས་པར་མཛད། །འབྲི་ཀླུང་དམ་པ་ཆོས་ཕྱུག་ཡན་ཆོད་ནས། །སྡེ་བཞི་ལྷ་ས་དཀར་ཆུང་ཕྱིན་ཆད་དུ། །དཔག་མེད་ཆེན་པོ་གྲྭ་ས་གནས་དགོན་གྱིས། །དགའ་བྲོད་གུས་པས་ཀུན་གྱིས་བསུ་བར་མཛད། །དེ་ཤོད་རག་ཉག་གནས་ན་བཞུགས་པའི་ཚེ། །སྣ་ཚོགས་རིན་ཆེན་གཟུགས་མང་ལས་གྲུབ་པའི། །གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི། །མཆོག་ཏུ་འབར་བའི་དཀྱིལ་འཁོར་གཞལ་ཡས་ཁང༌། །དེ་ཡི་དབུས་ན་རྡོ་རྗེ་རྣལ་འབྱོར་མ། །ཤིན་ཏུ་སྒེག་འཛུམ་ཡལ་ཡོལ་དགྱེས་མཛད་ཅིང༌། །རྨད་བྱུང་དམ་ཆོས་གསུངས་ལ་ཕྱག་འཚལ་བསྟོད། །དེ་ཕྱིར་མདོ་ཁམས་ཁམས་སོགས་ཧོར་ནང་དུ། །བསྟན་པ་འབྱུང་བའི་རྟེན་འབྲེལ་མང་པོ་མཛད། །ཤེལ་ཚལ་གངས་ལ་ནུབ་གཅིག་རྨང་ལམ་ན། །རྒྱལ་ཆེན་རྣམ་ཐོས་གསེར་ཁྲབ་གསོལ་ནས་སུ། །སྐུ་སྨད་ས་སྲེབ་སྐུ་སྟོད་ས་སྟེང་ཐོན། །ངོ་སོར་བཅས་པ་མདུན་དུ་བྱོན་པ་རྨིས། །ནུབ་གཅིག་ངོ་མི་ཤེས་པའི་རབ་བྱུང་གསུམ། །སྤྱན་སྔར་བྱུང་སྟེ་མགྲིན་པ་གཅིག་ཏུ་སྡེབས། །ངེད་གསུམ་ད་ནང་མི་ཉག་འགའ་ནས་འོང༌། །དོ་ནུབ་ནུབ་ཀྱི་ཕྱོགས་སུ་འགྲོ་བ་ཡིན། །ད་ལྟ་ཁྱེད་དང་མཇལ་དུ་འོང་སྟེ་ཡང༌། །གཏམ་དག་བཟླ་རྒྱུ་ཡོད་དེ་རིངས་པར་གདའ། །དེ་ཉིད་བསྟན་པ་འབྱུང་བའི་ལྟས་ཡིན་གསུངས། །དགེ་བའི་བཤེས་གཉེན་འགའ་རེས་ཞུ་ཕུལ་ཏེ། །བསྟན་པའི་སྲོལ་ཁོད་ནམ་ཞིག་ཚུགས་པར་འགྱུར། །དེ་ལ་ཡུན་ནི་ཇི་སྲིད་འབྱུང་ཞེས་ཞུས། །ཕེ་ཡོ་རྒྱལ་པོ་བགྲོངས་པར་གྱུར་པ་ན། །ཐུབ་པའི་སྤྲུལ་པ་ཧ་ལ་ཤན་དུ་འབྱུང༌། །དེ་བྱུང་ཕྱིན་ཆད་བསྟན་པ་ཚུགས་པར་འགྱུར། །བཅུ་གཉིས་ཚུར་གཏོགས་སུམ་ཅུ་རྩ་གཉིས་ན། །སྔོན་བས་དར་རྒྱས་ཆེ་བའི་བསྟན་པ་འབྱུང༌། །ཡུན་ནི་ཇི་སྲིད་འབྱུང་བ་མི་ཤེས་ཏེ། །ཁྱེད་རྣམས་ཀུན་ལ་ཕལ་ཆེར་སྣང་ཞེས་གསུངས། །སྐྱོ་ལྡག་སྡེ་སྤྱིའི་མཚེར་ན་བཞུགས་པའི་ཚེ། །ཟླ་གཉིས་བར་དུ་ལྕགས་རིའི་སྣང་བ་བྱུང༌། །རི་རྩ་འདི་རུ་འགྲོ་ལ་ཕན་བྱེད་པའི། །གནས་དང་སྒྲུབ་པ་པོ་དག་འབྱུང་འགྱུར་ཞེས། །དགེ་འདུན་ཚོགས་པའི་དབུས་སུ་དེ་ལུང་བསྟན། །འཕྲོས་པའི་ཚུལ་དུ་ལ་ལའི་སྐབས་དག་ཏུ། །དབུས་ཀྱི་གནས་དགོན་ཆེན་པོ་འགའ་ཞིག་ལས། །མ་འོངས་དུས་ན་འདི་ལྟར་འབྱུང་བ་དང༌། །ཆོས་ཚུལ་དེ་ཡང་འདི་བཞིན་འགྱུར་ཞེས་གསུངས། །ལུང་བསྟན་རྒྱ་ཆེན་མཛད་ལ་ཕྱག་འཚལ་བསྟོད། །སྡོམ་ཕུ་རོ་གད་དག་ལ་བཞུགས་པའི་ཚེ། །སྤྱན་རས་གཟིགས་དབང་འཇིག་རྟེན་མགོན་པོའི་སྐུ། །ལྷག་པར་སྐུ་མདོག་གངས་རི་བས་ཀྱང་དཀར། །ཤིན་ཏུ་ཆེ་བ་མདུན་ན་བཞུགས་པ་གཟིགས། །སྐུ་ཕྲག་གཡོན་གྱི་ཐད་ཀར་ནམ་མཁའ་ལ། །ཕྲེང་ཐག་ནམ་མཁར་བླུག་པ་ཇི་བཞིན་དུ། །བདེ་མཆོག་ཡབ་ཡུམ་ཟ་ར་ཚགས་སུ་བྱོན། །ཉིད་ཀྱི་མདུན་དུ་མ་ལུས་ཐིམ་པར་གྱུར། །ཉིན་ཞིག་ཚེ་ན་འོག་མིན་ཁང་བཟང་ན། །སྣ་ཚོགས་སིལ་སྙན་རོལ་མོ་པཎ་གདུགས་སོགས། །བཀོད་པ་མཆོད་པའི་བྱེ་བྲག་བློ་ལས་འདས། །དབུས་དང་མཐའ་མི་མངོན་པའི་གཟིགས་སྣང་བྱུང༌། །མཁར་ལུང་གནས་སུ་བསྟན་བཅོས་དཔག་མེད་གསུངས། །ཅང་སྒང་གནས་སུ་ཇོ་བོ་རྗེ་དང་མཇལ། །མཁན་རྒྱུད་སྡེ་པ་བཞི་ཡི་གཉེར་གཏད་མཛད། །དེ་ལོ་གསུམ་ཚུན་བཀའ་བརྒྱུད་བླ་མ་དང༌། །ཐུགས་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས། །རྟག་པར་བསྲུང་སྟེ་མི་བཞིན་འགྲོགས་པར་མཛད། །ད་ལན་ང་ཡི་འཁོར་དུ་གྱུར་པ་རྣམས། །ཕལ་ཆེར་སེམས་ངོ་འཕྲོད་པ་ཤ་སྟག་ཡིན། །ང་ཡི་ཕྲིན་ལས་འདི་ནི་ད་ལན་ནས། །འདི་ཡི་འོག་ཏུ་འབུམ་འགྱུར་དག་ཏུ་འགྱུར། །མོས་གུས་ཅན་གྱི་བུ་སློབ་འགའ་ཞིག་དང༌། །རྒྱལ་པོ་ལ་སོགས་མང་དུ་ལུང་བསྟན་མཛད། །ཡོན་བདག་ཕྱི་མའི་འགྱུར་ལུགས་འགའ་ཡང་གསུངས། །མཁྱེན་གསུམ་མངའ་བདག་རིན་ཆེན་ཕྱག་འཚལ་བསྟོད། །དེ་དུས་བེ་རིའི་རུ་བ་ཤར་དུ་ལྷགས། །རྒྱལ་གླིང་གཉིས་དང་རྗེ་ཡིས་བར་སྡུམ་མཛད། །དུས་དེ་ཉིད་ནས་སྐུ་ཁམས་ཅུང་ཞིག་བསྙེལ། །ང་ཡི་སྒོ་མང་འདི་ནི་འགའ་མཁར་དེར། །རྟེན་འབྲེལ་འགའ་དང་ཞབས་སྡོམ་གྲུབ་པ་ན། །ཡུལ་དེ་མི་འཆོར་རང་གིས་ཟིན་སྲིད་དེ། །ད་ཡང་ཁྱེད་རྣམས་འདི་ལ་འབུང་ཞིག་གསུངས། །སྤྲེལ་ལོ་ཟླ་བ་ལྔ་པའི་ཚེས་གཅིག་ལ། །ཡོས་ཕུ་ལྷ་སྐྱམ་དག་ཏུ་དགོངས་པ་རྫོགས། །ཞག་གསུམ་བར་དུ་ནམ་མཁའ་མེ་ལོང་ལྟར། །སྤྲིན་མེད་དག་པའི་རང་བཞིན་འཇམ་པར་གྱུར། །ཟླ་གཅིག་བར་དུ་གླེའུ་ཐུ་ཡན་ཆད་དུ། །ཟ་འོག་ལྟ་བུར་ནམ་མཁར་འཇའ་ཡིས་འཁྲིགས། །བཅུ་བཞིའི་ཉིན་པར་ལྟེའུ་སྤྱིར་གདུང་སྦྱངས་ཏེ། །སྟོང་ཕྲག་མང་པོ་འདུས་པའི་མི་རྣམས་ཀྱང༌། །ཐ་དད་མཐོང་སྣང་གདུང་བ་ཚིམས་པ་དང༌། །རྩེ་གཅིག་མོས་གུས་ཡི་གེ་དྲུག་པའི་སྒྲ། །མགྲིན་གཅིག་ལྟ་བུར་ས་ཡང་ལྡེམ་པ་ཙམ། །འབྲག་སྒྲ་ལྟ་བུར་གསང་སྔགས་སྒྲོགས་པར་བྱེད། །སྐར་ཚོགས་ལྟ་བུའི་སློབ་མས་མཆོད་པའི་ཚེ། །ཐུགས་ལྗགས་གཉིས་དང་ལྷ་སྐུ་ཡིག་འབྲུ་དང༌། །ཁ་དོག་སྣ་ཚོགས་རིང་བསྲེལ་རྟེན་དུ་གནང༌། །སྐུ་གདུང་སྦྱངས་པའི་སྤུར་ཁང་དཀྱིལ་འཁོར་ལ། །ཞག་ལྔའི་བར་དུ་ཡུལ་ལྷས་མར་མེ་ཕུལ། །བཅོ་ལྔའི་ཉིན་པར་སྐུ་འབུམ་རྨིང་བཏིང་ནས། །བཞི་བཅུ་རྩ་དགུའི་ནང་པར་འབུམ་པ་ཐོན། །རབ་གནས་ཤེས་པ་ཕུན་ཚོགས་ལྟས་རྣམས་བྱུང༌། །ལྷར་བཅས་རྟེན་དུ་བཞུགས་ལ་ཕྱག་འཚལ་བསྟོད། །རྗེ་ཡི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། །ཅུང་ཟད་སྨོས་ཏེ་བསྟོད་པ་བགྱིས་པ་ལས། །མཁའ་མཉམ་དགེ་བས་སྐུ་གསུང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་རྗེ་དང་མཉམ་པར་ཤོག ༈ །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །དལ་འབྱོར་མི་རྟག་རྒྱུ་འབྲས་སོམས། །ལོངས་སྤྱོད་མི་རྟག་སྙིང་པོ་ལོངས། །ཚེ་འདི་མི་རྟག་ལོག་ཤེས་སྤོངས། །ལྟེང་སྒོམ་མ་བྱེད་ཡང་དག་སྦྱོངས། །ན་མོ་རཏྣ་གུ་རུ། ཕྱོགས་རིས་མེད་པའི་ལྟ་བ། །དོན་ཐག་ཆོད་པའི་རྟོགས་པ། །ངེས་ཤེས་སྐྱེ་བའི་ཉམས་མྱོང༌། །མངོན་དུ་གྱུར་པའི་སྒོམ་པ། །བླང་དོར་མེད་པའི་སྤྱོད་པ། །དགོས་འདོད་འབྱུང་བའི་འབྲས་བུའོ། ༈ །སེམས་ཉིད་སྤྲོས་དང་བྲལ་བ་ལ། །དྲན་པ་བསྟེན་པའི་མི་རེ་ཉུང༌། །སྣང་བ་རྟེན་ཅིང་འབྲེལ་འབྱུང་ལ། །ཐབས་སུ་ཁྱེར་བའི་མི་རེ་ཉུང༌། །བླ་མ་སངས་རྒྱས་ཡིན་པ་ལ། །མོས་གུས་བྱེད་པའི་མི་རེ་ཉུང༌། །ཕུང་པོ་ལྷ་སྐུ་ཡིན་པ་ལ། །ལུས་ལྷ་རུ་སྒོམ་པའི་མི་རེ་ཉུང༌། །སེམས་ཅན་ཕ་མ་ཡིན་པ་ལ། །བྱམས་སེམས་སྒོམ་པའི་མི་རེ་ཉུང༌། །ང་སྒྱུ་མ་ལུས་ཀྱི་དཀྱིལ་འཁོར་དུ། །གཟུང་འཛིན་རྟོག་པའི་རི་བོ་བསྲེགས། །ཕུང་པོ་རྒྱལ་བ་རིགས་ལྔ་མཆོད། །གཉིས་སུ་མེད་པའི་དངོས་གྲུབ་ཞུས། །ལུས་ཀྱི་སྦྱིན་བསྲེགས་དེ་རུ་གྱིས། །ང་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ། །ཕྱོགས་རིས་མེད་པས་ཀུན་ལ་ཁྱབ། །ང་ཉི་ཟླ་ལྟ་བུའི་རྣལ་འབྱོར་པ། །རྒྱུན་ཆད་མེད་པ་ཀུན་ལ་གསལ། །ང་འཇའ་ཚོན་ལྟ་བུའི་རྣལ་འབྱོར་པ། །ཝ་ལེར་ཡོད་ཀྱང་བཟུང་ཏུ་མེད། །ང་རེས་འགའ་འོད་གསལ་སྟོང་ཉིད་གཟུགས། །ང་རེས་འགའ་ལོངས་སྐུ་མཚན་དཔེས་བརྒྱན། །ང་རེས་འགའ་སྤྲུལ་སྐུ་དགེ་སློང་གཟུགས། །དེ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །དག་པ་ཡེ་ཤེས་སྣང་བའི་གཟུགས། །སྣང་སྟོང་ཟུང་འཇུག་ལྷུན་གྱིས་གྲུབ། །བྱས་པའི་ཆོས་ལ་ཞེན་པ་བྲལ། །དེ་མངོན་དུ་གྱུར་པ་འབྲས་བུ་ཡིན། །འཁོར་བ་སྡུག་བསྔལ་ཡིན་པས་སྤང་བར་བྱ། །མྱང་འདས་བདེ་བ་ཡིན་པས་བསྒྲུབ་པར་བྱ། །གྲོགས་ངན་དྲི་མ་ཡིན་པས་སྤང་བར་བྱ། །རང་སེམས་དཔང་པོ་ཡིན་པས་མ་ཁྲེལ་མཛོད། །སེམས་ཅན་ཕ་མ་ཡིན་པས་བྱང་སེམས་སྒོམས། །བླ་མ་སངས་རྒྱས་ཡིན་པས་མོས་གུས་བསྐྱེད། །ཅེས་གསུངས་སོ།།

ཚོགས་ཀྱི་འཁོར་ལོའི་རིམ་པ།

ཚོགས་ཀྱི་འཁོར་ལོའི་རིམ་པ་བཞུགས་སོ། མཆོག་དང་ཐུན་མོང་དངོས་གྲུབ་འབྱུང་བ་ཡི། །བླ་མ་དམ་པ་མཆོད་འོས་རྣམས་ལ་འདུད། །རྒྱུད་སྡེའི་ནང་ནས་བླ་མའི་ཕྱག་ལེན་ལྟར། ཚོགས་ཀྱི་འཁོར་ལོའི་རིམ་པ་བྲི་བར་བྱ། །སྤྱིར་བསོད་ནམས་ཀྱི་ཚོགས་བསོག་པར་བྱེད་པ་ལ། ཚོགས་ཀྱི་འཁོར་ལོ་ལས་བསོད་ནམས་ཆེ་བ་མེད། དེ་ལྟར་ཡིན་པ་ཡང༌། ཕ་རྒྱུད་གཤིན་རྗེ་དགྲ་ནག་ལས། བསོད་ནམས་མཐར་ཐུག་ཚོགས་འཁོར་ལོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །རྒྱུད་ཀྱི་རྒྱལ་པོ་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །བརྟུལ་ཞུགས་མཐར་ཐུག་དུམ་བུ་གཅིག །མ་བྱུང་འབྱུང་བར་མི་འགྱུར་རོ། །འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་ཏེ། ཚོགས་ཀྱི་འཁོར་ལོ་འདི་མ་བྱུང་བྱ་བ་ཡིན་ཏེ། འདས་པའི་སངས་རྒྱས་འཁོར་བ་འཇིགས་ཡན་ཆད་ཀྱི་བསྟན་པ་ལ་མ་བྱུང༌། མི་འབྱུང་བྱ་བ་ཡིན་ཏེ། ཕྱིས་མགོན་པོ་བྱམས་པའི་བསྟན་པ་ནས་སངས་རྒྱས་མོས་པའི་བར་དུ་མི་འབྱུང༌། ད་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་བྱུང་བ་ཡིན་ཏེ། རྩོད་ལྡན་གྱི་དུས་སྙིགས་མ་ལྔ་བདོ་བའི་དུས་གདུལ་དཀའ་བའི་སེམས་ཅན་རྣམས་ཀྱི་དོན་དུ་གསུངས་པ་ཡིན་ཏེ། དེ་ལྟ་བུའི་ཚོགས་ཀྱི་འཁོར་ལོ་འདི་ལ་དོན་གསུམ་སྟེ། ཚོགས་ཀྱི་འཁོར་ལོ་དང༌། ཚོགས་ཀྱི་མཆོད་པ་དང༌། དཔའ་བོ་དང་དཔའ་མོའི་སྟོན་མོའོ། །དང་པོ་ཚོགས་ཀྱི་འཁོར་ལོ་ནི། ཕྱིའི་མཆོད་པ་དང༌། ནང་གི་མཆོད་པ་དང༌། གསང་བའི་མཆོད་པ་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། གླུ་གར་དབྱངས་ཀྱི་མཆོད་པ། རོལ་མོ་རྒྱས་པའི་མཆོད་པ། ཞར་ལ་འགྲོ་བ། དབུགས་དབྱུང་བ་འདི་རྣམས་ཚང་ན། ཚོགས་ཀྱི་འཁོར་ལོ་འོང་བ་ཡིན། དེར་འཚོགས་པའི་རྣལ་འབྱོར་པ་རྣམས་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་མེད། ཚོགས་ཀྱི་དཔོན་ལ་དེ་ཁོ་ན་ཉིད་ཀྱིས་མཆོད་པ་ཡོད་ན། ཚོགས་ཀྱིས་མཆོད་པ་འོང་བ་ཡིན། ཚོགས་ཀྱི་དཔོན་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་མེད། མཆོད་པ་གཞན་རྣམས་ཚང་ན་དཔའ་བོ་དཔའ་མོའི་སྟོན་མོའོ། །ཐམས་ཅད་ལ་ཚང་ན་ཚོགས་ཀྱི་འཁོར་ལོ་འོང་བ་ཡིན། དེ་ལྟ་བུའི་མཆོད་པ་འཚོགས་པར་འགྲུབ་ན་བསོད་ནམས་ཀྱི་ཚོགས་རྫོགས་པས་ན་ཚོགས་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་དེ་ཉོན་མོངས་པ། རྣམ་པར་རྟོག་པ་དང༌། སྒྲིབ་པ་ཐམས་ཅད་བཅད་པས་ན་འཁོར་ལོ་ཞེས་བྱའོ། །དོན་དེ་རྣམས་དང་ལྡན་ན། འོག་མ་གཉིས་ཀྱང་ཚོགས་ཀྱི་འཁོར་ལོར་འགྲོ་བ་ཡིན། དེ་ལྟ་བུའི་ཚོགས་ཀྱི་འཁོར་ལོ་བྱེད་ན། དུས་དང་གནས་དང་ཡུལ་གསུམ་མོ། དེ་ལ་དུས་ནི་གཉིས་ཏེ། ཟླ་བ་ཡར་ངོའི་ཚེས་བཅུ་དང༌། མར་གྱི་ཚེས་བཅུའོ། །གནས་ལ་གཉིས་ཏེ། བྱིན་གྱིས་བརླབས་པའི་གནས་དང་ཡིད་དུ་འོང་བའི་གནས་སོ། །དེ་ལ་བྱིན་གྱིས་བརླབ་པའི་གནས་དུར་ཁྲོད་ལ་སོགས་པའོ། །ཡིད་དུ་འོང་བའི་གནས་ནི། རང་གི་ཡིད་དང་མཐུན་པའི་གནས་གང་ཡང་རུང་བའོ། །དེ་གཉིས་ཀ་ལ་ཚོང་དུས་དང༌། དགེ་འདུན་གྱི་ཀུན་དགའ་ར་བ་དང༌། བླ་གབ་མེད་པ་ལ་སོགས་པ་མ་ཡིན་པ་དབེན་པའོ། །ཡུལ་ནི་གཉིས་ཏེ། སློབ་མ་ལ་དབང་བསྐུར་བ་དང༌། བསོད་ནམས་ཀྱི་ཚོགས་གསོག་པའི་ཚོགས་ཀྱི་འཁོར་ལོ་བྱེད་པའོ། །གང་བྱེད་ཀྱང་སྦྱོར་བ་དངོས་གཞི་རྗེས་གསུམ་མོ། །སྦྱོར་བ་ལ་བཞི་སྟེ། རྫས་བསགས་པ་དང༌། སློབ་དཔོན་གྱི་བྱ་བ་དང༌། ལས་ཀྱི་སྐྱེས་བུའི་བྱ་བ་དང༌། སློབ་མའི་བྱ་བའོ། །དང་པོ་རྫས་བསགས་པ་ལ་རྒྱས་བསྡུས་གསུམ། རྒྱས་པ་ལ་ཐང་སྐུ་ལ་སོགས་པའི་རྟེན་བཀྲམ་པ་དང༌། དཀྱིལ་འཁོར་བཞེངས་པ་དང༌། མཆོད་པ་སྟོང་ངམ་བརྒྱའམ། ཉུང་ཡང་ལྷ་གྲངས་དང་མཉམ་པའི་མཆོད་པ་བཤམས། ཁྱད་པར་དུ་ཕྱི་ཡི་མཆོད་པ། ནང་གི་མཆོད་པ། གསང་བའི་མཆོད་པ་དང༌། སིནྡྷུ་ར་སྒྲུབ་པ་ཚོགས་ཀྱི་ཡོ་བྱད་དང༌། དམ་ཚིག་ལྔ་དང་ལྡན་པའི་གཏོར་མ་བཟང་ལ་མང་བར་བཤམ་སྟེ། བུམ་པ་ལྷ་གྲངས་སམ། ཉུང་ཡང་རིགས་ལྔའི་བུམ་པ་ལས་བུམ་དང་བཅས་པའོ། །གཉིས་པ་སློབ་དཔོན་གྱི་བྱ་བ་ནི་གཉིས་ཏེ། སྦྱོར་བ་དང་དངོས་གཞིའོ། །སྦྱོར་བ་ནི་སྟན་བདེ་བ་ལ་འདུག་སྟེ། ཁ་ནུབ་ལ་ཕྱོགས་པར་བལྟས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་བྱ་བའོ། །དངོས་གཞི་ལ་བཞི་སྟེ། བགེགས་བསྐྲད་པ་དང༌། བསང་གཏོར་བྱ་ཞིང༌། སྲུང་བའི་འཁོར་ལོ་སྒོམ་པ་དང༌། མཚམས་བཅད་པ་དང༌། གནས་ཁང་བྱིན་གྱིས་བརླབ་པའོ། །དང་པོ་བགེགས་བསྐྲད་པ་ནི། སྔོན་འགྲོའི་གཏོར་མ་བཤམས་ལ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་བརླབས་ལ། ཨ་ཀ་རོའི་སྔགས་ཀྱིས་ལན་གསུམ་དུ་བསྔོས་ལ་ཕྱི་སྒོར་བསྐྱལ། གཏོར་མ་གཅིག་གཉིས་སུམྦྷ་ནིའི་སྔགས་བརྗོད་པས་བགེགས་ཕྱི་རོལ་དུ་སྤྲད་པར་བྱའོ། །གཉིས་པ། བསང་གཏོར་བྱ་ཞིང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རྡོ་རྗེའི་དྲྭ་བ་གུར་ཁང་དུ་བསམ་མོ། །བཞི་པ་མཚམས་བཅད་པ་ནི། དཀྱིལ་འཁོར་གྱི་ཕྱོགས་བཅུར་ཁྲོ་བོ་བཅུ་བསྒོམས་ལ་སོ་སོའི་སྔགས་བརྗོད་ལ་མཚམས་བཅད་དོ། །བཞི་པ་གནས་ཁང་བྱིན་གྱིས་བརླབ་པ་ནི། དྲི་བཟང་གཏོར་མ་བྷྲཱུྃ་ལས་གཞལ་ཡས་ཁང་དུ་བསམ་མོ། །གསུམ་པ་ལས་ཀྱི་སྐྱེས་བུའི་བྱ་བ་ནི། གོས་སྔོན་གོན་ནས་ནོར་བུ་དང་དར་དཔྱང་བཅིངས་ནས་དབྱིག་པ་གཡས་སུ་ཐོགས། ལས་ཐམས་ཅད་ཀྱི་བུམ་པ་གཡོན་དུ་བཟུང༌། ལུས་ཁྲོ་བོར་བསྒོམས་སུམྦྷ་ནི་བརྗོད་ཅིང་སྒོ་སྲུང་ངོ༌། །བཞི་པ་སློབ་མའི་བྱ་བ་ནི་ཕྱི་རོལ་དུ་ཁྲུས་བྱ་སྒོ་དྲུང་དུ་འོང་ལ་ཕྱག་འཚལ། སྒོ་སྲུང་ལ་སྒོ་འབྱེད་པའི་གསོལ་བ་གདབ་པའི་ཚིག་ནི། ཧཱུྃ། ཁྲོ་བོ་སྔོན་པོ་མཛེས་པ་སྟེ། །ཁྱེད་ནི་དམ་ཚིག་ཡིད་དུ་འོང༌། །ནོར་བུ་རིན་ཆེན་མཛེས་བཅིངས་པའི། །དབྱུག་པ་ཕྱག་ན་བསྣམས་པ་སྟེ། །བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར། །དཔའ་བོས་གནང་གི་བཏང་དུ་གསོལ། །རྣལ་འབྱོར་པ་ཡི་ཚོགས་དབུས་སུ། །བཟང་པོའི་སྒོ་འདི་ཕྱེ་སྟེ་ཐོངས། ཞེས་བརྗོད་པར་བྱའོ། །ལས་སྐྱེས་ཀྱིས་སྒོ་ཕྱེས་ནས། ཁྱོར་ཆུ་དྲང་ཞིང་བསང་གཏོར་བྱའོ། །ནང་དུ་ཞུགས་པ་དང༌། ལས་ཀྱི་སྐྱེས་བུས་གྲལ་ལ་བཀོད། མེ་ཏོག་བཀོད་པའི་མཎྜལ་བཀོད་པ་དེ་ཚོགས་པ་རྣམས་ཀྱིས་མཎྜལ་ལན་གསུམ་ཕུལ་ཏེ། དང་པོ་བཀའ་བརྒྱུད་པའི་བླ་མ་ཐམས་ཅད་ལ་ཕུལ། གཉིས་པ་ཡི་དམ་ལྷ་ཚོགས་ཐམས་ཅད་ལ་འབུལ། གསུམ་དེར་འཚོགས་པའི་རྡོ་རྗེ་སྤུན་ཐམས་ཅད་ལ་འབུལ་ལོ། །མཎྜལ་འབུལ་བའི་ཚིག་ནི། དབུས་ཀྱི་རི་རྒྱལ་ལྷུན་པོ་ལ། །གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར། །ཉི་ཟླ་ཟུང་ཞིག་བསྐོར་བ་བྱེད། །གསེར་དང་དངུལ་དང་ཤེལ་དག་དང༌། །མུ་ས་གརྦྷ་བཻཌཱུརྻ། །མུ་ཏིག་དམར་དང་རྡོ་སྙིང་སྟེ། །ཀུན་གཙོ་རིན་ཆེན་སྣ་བདུན་དང༌། །བུམ་པ་བཟང་པོའི་གཏེར་གྱིས་བརྒྱན། །རྗེ་བཙུན་བཀའ་དྲིན་ཅན་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ལས་དང་སྡིག་སྒྲིབ་སྦྱང་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་མཎྜལ་རཏྣ་པུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་པས་འབུལ། ཡི་དམ་གྱི་ལྷ་ལ་འབུལ་བའི་ཚིག་ནི། གོང་མ་རྣམས་ཀྱི་གཤམ་ལ། ཨོཾ་ཤྲཱི་བཛྲ་ཡོ་གི་ནཱི་མ་དྷ་ལ་རཏྣ་པུ་ ཞེས་པའི་སྔགས་ཀྱིས་འབུལ། རྡོ་རྗེའི་སྤུན་རྣམས་ལ་ཚིགས་བཅད་གོང་མ་རྣམས་ཀྱི་གཤམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་གྲོགས་པོ་རྡོ་རྗེ་སྤུན་རྣམས་ལ་མ་དྷ་ལ་རཏྣ་པུ་ཛ་མེ་གྷས་མུ་ཏྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཞེས་པའི་སྔགས་བརྗོད་པས་འབུལ། གཉིས་པ་དངོས་གཞིའི་ཆོ་ག་ལ་གཉིས་ཏེ། སློབ་དཔོན་གྱིས་ཕན་ཡོན་ལ་སོགས་པའི་ཆོས་བཤད་ནས། ཕྱིའི་མཆོད་པ་དང༌། ནང་གི་མཆོད་པའོ། །དེ་ལ་ཕྱི་ཡི་མཆོད་པ་གསུམ། ལྷ་གདན་དྲང་བ་དང༌། མཆོད་པ་འབུལ་བ་དང༌། བསྟོད་པ་བྱ་བའོ། །དང་པོ་གདན་དྲང་བ་ནི། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༌། །ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེའི་ངང་ཉིད་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཅེས་བརྗོད་པས་སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་གྱི་དཀོན་མཆོག་གསུམ་གྱི་རྟེན་དུ་གྱུར་པ་ཐམས་ཅད་བྱོན་པར་བསམ་ལ། གཉིས་པ། མཆོད་པ་འབུལ་བ་ནི། མཎྜལ་ལ་སོགས་པའི་སིལ་སྙན་ཐམས་ཅད་རྒྱས་པར་འབུལ་ལོ། །གསུམ་པ་བསྟོད་པ་ནི་དཀོན་མཆོག་གསུམ་གྱིས་བསྟོད་པའོ། །གཉིས་པ་ནང་གི་མཆོད་པ་ལ་དྲུག དཀྱིལ་འཁོར་བསྐྱེད་ལ་ལྷ་གདན་དྲང་བ་དང༌། མཆོད་པ་འབུལ་བ་དང༌། བསྟོད་པ་བྱ་བ་དང༌། ལས་སྦྱོར་དང༌། གྲོགས་སྡོམ་པ་དང༌། དམ་ཚིག་དང༌། རྐྱེན་དུས་ཚོད་དང་འབྲེལ་བའི་སྤྱོད་པའོ། །དང་པོ་ལ་བཞི། བཀའ་བརྒྱུད་ཀྱི་བླ་མ་གདན་དྲངས་པ། ཡི་དམ་གྱི་ལྷ་ཚོགས་སྤྱན་དྲངས་པ་དང༌། ཆོས་སྐྱོང་གདན་དྲངས་པ་དང༌། ཕྱོགས་སྐྱོང་ལ་སོགས་སྤྱན་འདྲེན་པའོ། །དང་པོ་དངོས་དང་བརྒྱུད་པའི་བླ་མ་སྤྱན་དྲངས་པ་ནི། ན་མོ་གུ་རུ། རྟོག་མེད་སྤྲོས་བྲལ་ཆོས་དབྱིངས་ཆོས་ཀྱི་གནས་མཆོག་ནས། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །དངོས་དང་བརྒྱུད་པའི་རྗེ་བཙུན་འཁོར་དང་བཅས། །ཐུགས་རྗེའི་སྨོན་ལམ་དབང་གིས་གནས་འདིར་གཤེགས། ན་མོ་གུ་རུ་བཛྲ་སརྦ་ས་མ་ཛ་ཛཿ ཞེས་པས་བྱོན་པར་བསམ། དེ་ནས་ཡི་དམ་གསང་སྔགས་ཀྱི་ལྷ་ཚོགས་སྤྱན་དྲངས་པ་ནི། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་པའི། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་སངས་རྒྱས་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་བཛྲ་ས་དུ་མ་དྷཱ་ལ་ས་པཱ་རི་ཝཱ་ར་ཛཿཧཱུྃ་བྃ་ཧོཿ བཛྲ་ས་མ་ཡེ་ཧཱུྃ། ས་མ་ཡེ་སྟྭྃ། དཔལ་ལྡན་བཀྲ་ཤིས་གཞལ་ཡས་ཕོ་བྲང་དམ་པ་འདིར། །དད་པས་སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །སྙིང་རྗེ་སྟོབས་ལྡན་དམ་ཚིག་རྣལ་འབྱོར་མ། །བརྩེར་དགོངས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །སྣང་སྟོང་དབྱེར་མེད་ཕོ་བྲང་དམ་པ་འདིར། །ཨེ་ཡིས་སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །སྟོང་ཉིད་ཡེ་ཤེས་དབྱེར་མེད་རྣལ་འབྱོར་མ། །བརྩེར་དགོངས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །པདྨ་ཁ་འབུས་སེམས་ཀྱི་ཕོ་བྲང་ན། །བྃ་གྱིས་སྤྱན་འདྲེན་གཤེགས་སུ་གསོལ་བ་ནི། །དམ་ཚིག་བརྟན་པའི་རྡོ་རྗེ་རྣལ་འབྱོར་མ། །བརྩེར་དགོངས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཤེས་རབ་མཚན་ལྡན་རྡོ་རྗེ་རྣལ་འབྱོར་མ། །དཔའ་བོ་རྣམས་ཀྱང་ཁྱོད་ཀྱི་ཐུགས་ལས་སྤྲུལ། །དངོས་གྲུབ་མཆོག་རྩོལ་ཕག་མོ་འཁོར་བཅས་རྣམས། །བརྩེར་དགོངས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཅེས་བརྗོད་བྱོན་པར་བསམ། གཞན་ཡང་གདན་དྲངས་པའི་ཚིག་ནི། ཡང་དག་བདེ་ཆེན་བྷ་ག་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །མི་འགྱུར་གནས་པའི་གཞལ་ཡས་ནས། །བུདྡྷ་མཁའ་འགྲོ་གཤེགས་སུ་གསོལ། །གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །ཤེས་རབ་བཙུན་མོའི་བྷ་ག་ནས། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །འཇིག་རྟེན་དུར་ཁྲོད་གཞལ་ཡས་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །སྣ་ཚོགས་མཁའ་འགྲོ་གཤེགས་སུ་གསོལ། །ནུབ་ཕྱོགས་རང་བྱུང་བྷ་ག་ན། །རྡོ་རྗེ་ཕག་མོ་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་པའི་གཏོར་མ་བཞེས། །ཨུ་རྒྱན་ཡུལ་གྱི་ཤར་ཕྱོགས་ན། །དུར་ཁྲོད་མིང་ནི་སོ་སའི་གླིང༌། །མཁའ་འགྲོའི་མིང་ནི་ཁྭ་གདོང་མ། །རྒྱན་ཆ་མང་པོ་པུ་རུ་རུ། །རོལ་མོ་སིལ་སྙན་ཁྲ་ལ་ལ། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཨུ་རྒྱན་ཡུལ་གྱི་ལྷོ་ཕྱོགས་ན། །དུར་ཁྲོད་མིང་ནི་བསིལ་བའི་ཚལ། །མཁའ་འགྲོའི་མིང་ནི་ཁྱི་གདོང་མ། །རྒྱན་ཆ་མང་པོ༴ རོལ་མོ་སིལ༴ གླུ་ལེན་གར་བྱེད༴ བྱིན་གྱིས་བརླབ་ཕྱིར༴ ཨུ་རྒྱན་ཡུལ་གྱི་ནུབ་ཕྱོགས་ན། །དུར་ཁྲོད་མིང་ནི་བདེ་བའི་ཚལ། །མཁའ་འགྲོའི་མིང་ནི་ཕག་གདོང་མ། །རྒྱན་ཆ་མང་པོ༴ རོལ་མོ་སིལ༴ གླུ་ལེན་གར་བྱེད༴ བྱིན་གྱིས་བརླབ་ཕྱིར༴ ཨུ་རྒྱན་ཡུལ་གྱི་བྱང་ཕྱོགས་ན། །དུར་ཁྲོད་མིང་ནི་དགའ་བའི་ཚལ། །མཁའ་འགྲོའི་མིང་ནི་འུག་གདོང་མ། །རྒྱན་ཆ་མང་པོ༴ རོལ་མོ་སིལ༴ གླུ་ལེན་གར་བྱེད༴ བྱིན་གྱིས་བརླབ་ཕྱིར༴ མཁའ་འགྲོ་ཆེན་པོ་ཁྱེད་རྣམས་ཀྱང༌། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ལ་ལ་རི་བོའི་ཟོམ་ལ་གནས། །ལ་ལ་དཔག་བསམ་ཤིང་ལ་གནས། །ལ་ལ་རྒྱ་མཚོའི་གླིང་ན་གནས། །ལ་ལ་བར་སྣང་མཁའ་ལ་གནས། །ཕལ་ཆེར་དུར་ཁྲོད་དབུས་ན་གནས། །མཁའ་འགྲོ་ཆེན་མོ་ཁྱེད་རྣམས་ཀྱང༌། །ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། རྣལ་འབྱོར་ཀུན་གྱི་དྲོད་ཉུལ་མ། །འདིར་གཤེགས་རྒྱན་པའི་གཏོར་མ་བཞེས། །བརྒྱུད་པའི་བུ་ཚོ་ལམ་སྣ་དྲོངས། །སྐལ་ལྡན་ཀུན་ལ་བྱིན་གྱིས་རློབས། །སྐྱེ་མེད་ཆོས་ཀྱི་ཕོ་བྲང་ནས། །སྟོང་ཉིད་རྡོ་རྗེ་མཁའ་འགྲོ་མ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ལུས་ནང་རྩ་ཡི་ཕོ་བྲང་ན། །སེམས་ཉིད་རྡོ་རྗེ་མཁའ་འགྲོ་མ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཧ་ཧ་སྒྲོག་པའི་དུར་ཁྲོད་ན། །ཤེས་རབ་ཐབས་ལྡན་རྡོ་རྗེ་མཁའ་འགྲོ་མ། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། རྗེ་ནཱ་རོ་པཎ་ཆེན་གྱིས་གདན་དྲངས་པའི། །མཁའ་འགྲོའི་ཚོགས་རྣམས་གཤེགས་སུ་གསོལ། །བརྒྱུད་པའི་བླ་མ་དམ་པ་རྣམས། །བྱིན་རླབས་ཆུ་བོའི་རྒྱུན་མ་གཅོད། །བསྐུལ་ཞིང་དམ་ཅན་མཁའ་འགྲོ་མ། །ཐུགས་ཀྱིས་བྱིན་རླབས་སེམས་ལ་སྩོལ། །སེམས་དམིགས་མེད་ཡེ་ཤེས་མཐོང་གྱུར་ནས། །སྐྱེ་བ་མེད་པར་ལམ་སྣ་དྲོངས། །བསྐུལ་ཞིང་བྱིན་རླབས་མཁའ་འགྲོ་མ། །སྐུ་ཡི་བྱིན་རླབས་ལུས་ལ་སྩོལ། ལུས་ལ་བདེ་དྲོད་སྦར་དུ་གསོལ། །བདེ་བ་ཆེན་པོར་ལམ་སྣ་དྲོངས། །བསྐུལ་ཞིང་དངོས་གྲུབ་མཁའ་འགྲོ་མ། །གསུང་གི་བྱིན་རླབས་ངག་ལ་སྩོལ། ངག་ནུས་པ་དང་ལྡན་པར་བྱིན་གྱིས་རློབས། །བར་ཆད་མེད་པར་ལམ་སྣ་དྲོངས། །ཁྱེད་ཀྱང་མཁའ་འགྲོ་དམ་ཚིག་ཅན། །མི་ངེད་ཀྱང་རྣལ་འབྱོར་སྒྲུབ་པ་པོ། །བརྒྱུད་པའི་བུ་ཚོ་བྱིན་གྱིས་རློབས། །སྐལ་པར་ལྡན་པ་ལམ་སྣ་དྲོངས། ཞེས་བརྗོད་པས་བྱོན་པར་བསམ། དེ་ནས་ཆོས་སྐྱོང་གདན་དྲངས་པ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་བྱོན་མགོན་པོའི་ཚོགས། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བཞི་པ་ཞིང་སྐྱོང་དང་ཕྱོགས་སྐྱོང་རྣམས་གདན་དྲང་བའི་ཚིག་རྣམས་ཀྱང་བརྗོད་པར་བྱའོ། །གཉིས་པ་མཆོད་པ་འབུལ་བ་ལ་གསུམ་སྟེ། ཕྱིའི་མཆོད་པ་དང༌། ནང་གི་མཆོད་པ་དང༌། གསང་བའི་མཆོད་པའོ། །དང་པོ་ཕྱི་ཡི་མཆོད་པ་ནི། ཡོན་ཆབ་ལ་སོགས་པ་རྒྱས་པར་འབུལ། ནང་གི་མཆོད་པ་ཆང༌། གསང་བའི་མཆོད་པ་བདུད་རྩི་ལྔའོ། །གསང་བའི་མཆོད་པ་ལ་གསུམ་སྟེ། སྣོད་ཐོད་པ་མཚན་དང་ལྡན་པའི་ནང་དུ། ཆང་དང་བདུད་རྩི་ལྔ་བླུགས་ལ་གཡོན་དུ་བཞག ཤ་བཏུབ་ལ་ཐོད་པ་བཀང་བ་གཡོན་དུ་བཞག ལག་པ་བྱིན་གྱིས་བརླབ་པ་དང༌། ཆང་བྱིན་གྱིས་བརླབ་པ་དང༌། ལག་པའི་མཆོད་པའོ། །དང་པོ་ལག་པ་བྱིན་གྱིས་བརླབ་པ་ནི། སྲིན་ལག་གཡོན་པ་དང༌། མཐེ་བོང་གིས་ཆང་ལ་ཟླུམ་བསྐོར་དང་གྲུ་གསུམ་གཉིས་བརྩེགས་བྱས། དབུས་སུ་ཐིག་ལེ་བྱ། དེ་ནས་ལག་པ་གཡོན་པའི་སྲིན་ལག་དང་མཐེ་བོང་གིས་ཆང་བླངས་ལ་གཡས་པའི་མཐིལ་དུ་བཀོད་ལ། ཨོཾ་ཞེས་བརྗོད་པས་དཔལ་ཧེ་རུ་ཀར་བསམ། གཡས་པའི་མཐེ་བོང་དང་སྲིན་ལག་གིས་ཆང་བླང་ལག་གཡོན་པའི་མཐིལ་དུ་བཀོད་ནས་ཝྃ་ཞེས་བརྗོད་པས་རྡོ་རྗེ་ཕག་མོར་བསམ། དེ་ནས་གཡས་གཡོན་གྱི་སོར་མོ་བཅུ་ལ་རིམ་པ་བཞིན་དུ་གཡས་པའི་མཐེ་བོང་ཧྃ། གཡོན་པའི་མཐེ་འོང་ལ་ཡྃ། གཡས་པའི་མཛུབ་མོ་ལ་ཧྲཱིཾཿ གཡོན་པའི་མཛུབ་མོ་ལ་མྃ། གུང་མོ་གཉིས་ལ་ཧྲིཾ་ཧྲིཾ། སྲིན་ལག་གཉིས་ལ་ཧཱུྃ་ཧཱུྃ། མཐེའུ་ཆུང་གཉིས་ལ་ཕཊ྄་ཕཊ྄། ཅེས་པ་བཀོད་པ་དང༌། ངག་ཏུ་བརྗོད་པས། རྒྱལ་བ་ཡབ་ཡུམ་བཅུ་གཉིས་བསམ། དེ་ནས་གཡོན་གྱི་སྲིན་ལག་དང་མཐེ་བོང་གིས་ཆང་བླང་ཞིང༌། རྒྱལ་བ་བཅུ་གཉིས་པའི་ཞལ་དུ་བདུད་རྩི་ཕུལ་བས་ཟག་པ་མེད་པའི་བདེ་བ་རྒྱུད་ལ་སྐྱེས་པས། ཡབ་ཡུམ་བཅུ་གཉིས་པོ་བདུད་རྩིར་ཞུ་ནས་ལུས་ལ་བྱུགས་པས་ལུས་ཀྱི་སྒྲིབ་པ་དག་པར་བསམ། གཉིས་པ་ཆང་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་ཝའི་སྔགས་བརྗོད་པས་སྟོང་པར་བསམ། སྟོང་པའི་ངང་ལས་ཐོད་པའི་འོག་ཏུ་ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུ་གདུངས་པའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ་གཅིག་བསམ། དེའི་སྟེང་དུ་ཡི་གེ་རྃ་ལས་མེའི་དལ་ཟུར་གསུམ་པ་གཅིག་བསམ། དེའི་ཟུར་གསུམ་ཀཾ་སྐྱ་བོ་གསུམ་བསམ། དེ་ཡོངས་སུ་གྱུར་པ་ལས་ཐོད་པའི་སྒྱེད་པུ་རི་རབ་ཙམ་པ་གསུམ་བསམ། དེའི་སྟེང་དུ་ཨཱ་དཀར་པོ་ཞིག་བསམ། དེ་ཡོངས་སུ་གྱུར་པ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་ཞིག་བསམ། དེའི་དབུས་སུ་བི། ལྷོ་རུ་མུ། ནུབ་ཏུ་མ། བྱང་དུ་ར། དེ་ལྔ་བདུད་རྩི་ལྔར་བསམ། དེའི་སྟེང་དབུས་སུ་ན། ཤར་དུ་གོ། ལྷོར་ཀུ །ནུབ་ཏུ་ཏ། བྱང་དུ་ན། དེ་ལྔ་ལ་ཤ་ལྔར་བསམ། དེའི་དབུས་སུ་ཨོཾ་དཀར་པོ་ཞིག་བསམ། དེའི་སྟེང་དུ་ཨཱཿདམར་པོ་ཞིག་བསམ། དེའི་སྟེང་དུ་ཧཱུྃ་སྔོན་པོ་ཞིག་བསམ། དེ་ནས་རླུང་གིས་མེ་སྦར་བས་ཐོད་པ་དྲོས། རྫས་རྣམས་ཁོལ་བས་རླངས་པ་འོག་མིན་དུ་སོང་བས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ལ། ཨོཾ་ཨཱཿཧཱུྃ་ལན་ཉི་ཤུ་རྩ་གཅིག་བརྗོད་པས་གཉིས་སུ་མེད་པར་བསམ། དེ་ནས་མཐེབ་སྲིན་གཉིས་ཀྱིས་བདུད་རྩི་བླངས་ལ་འབུལ་བ་ནི། རྡོ་རྗེ་འཆང་ཆེན་པོ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། ཏཻ་ལོ་པ་ཆེན་པོ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། ནཱ་རོ་པ་ཆེན་པོ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། མར་པ་ལོ་ཙཱ་ཆེན་པོ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། མི་ལ་ཆེན་པོ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། རྗེ་དྭགས་པོ་རིན་པོ་ཆེ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། དཔལ་ལྡན་འབའ་རོམ་པ་ཆེན་པོ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། རྗེ་བཙུན་བཛྲ་སཏྭ་ཨོཾ་ཨཱཿགུ་རུ་ན་མོ་ཧཱུྃ། གཞན་ཡང་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་མཚན་ནས་བརྗོད་ཅིང་བདུད་རྩི་འབུལ་ལོ། །དེ་ནས་གསང་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་མཚན་ནས་བརྗོད་ཅིང་བདུད་རྩི་འབུལ། གསུམ་པ་ལག་མཆོད་བྱ་བ་ནི། ལག་པ་གཡོན་པའི་མཐིལ་དུ་གཡས་པས་སྲིན་ལག་དང༌། མཐེ་བོང་གི་ཆང་བླངས་ལ་ཟླུམ་བསྐོར་གཅིག་བྱས། དེའི་ཕྱི་རོལ་དུ་པདྨ་འདབ་མ་ལྔ་པ་ཞིག་བྲི། དེ་ནས་དེའི་དབུས་སུ་འབྲས་རྡོག་པོ་གཅིག་བཞག་ལ། ཨོཾ་བྃ་ཞེས་བརྗོད། དེ་ནས་གཡོན་བསྐོར་པདྨ་རེ་རེའི་སྟེང་དུ་འབྲས་རྡོག་པོ་རེ་རེ་བཞག་ལ། དེ་རེ་རེ་ལ་ཧཾ་ཡྃ་ཧྲིཾ་མྃ་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཞེས་རིམ་པར་བརྗོད་པར་བྱའོ། །དེ་ནས་ཨོཾ་ཧ་ཞེས་བརྗོད་པས་མཐེ་བོང་གི་སྟེང་དུ་འབྲས་རྡོག་པོ་གཅིག་བཞག ན་མ་ཧེ་ཞེས་བརྗོད་པས་མཛུབ་མོའི་སྟེང་དུ་འབྲས་རྡོག་པོ་གཅིག་བཞག སྭཱ་ཧཱ་ཧཱུ་ཞེས་བརྗོད་གུང་མོའི་སྟེང་དུ་འབྲས་རྡོག་པོ་གཅིག་བཞག བཽ་ཥཊ་ཧེ་ཞེས་བརྗོད་པས། སྲིན་ལག་གི་སྟེང་དུ་འབྲས་རྡོག་པོ་གཅིག་བཞག ཧཱུྃ་ཧཱུྃ་ཧོ་ཞེས་བརྗོད། མཐེའུ་ཆུང་གི་སྟེང་དུ་འབྲས་རྡོག་པོ་གཅིག་བཞག ཕཊ་ཕཊ་ཧོ་ཞེས་བརྗོད་པས། མདུན་ཕྱོགས་སུ་འབྲས་རྡོག་གཅིག་བཞག དེ་རྣམས་རྒྱལ་བ་ཡབ་ཡུམ་བཅུ་གཉིས་སུ་བསྒོམ་ལ། སྐབས་འདིར་འདོད་ཡོན་ལྔ་མཆོད་ཡང་བྱ། དཔལ་ཧེ་རུ་ཀ་དང་ཡུམ་རྡོ་རྗེ་ཕག་མོ་དང་གཉིས་ཀྱི་རྩ་བའི་སྙིང་པོ་བརྗོད་ཅིང་སྲིན་ལག་གཡོན་པས་བདུད་རྩི་གཏོར་ཏེ། དེ་ནས་ཨོཾ་བྃ་དང༌། ཨོཾ་ཧ་ལ་སོགས་པའི་སྔགས་བརྗོད་ཅིང་བདུད་རྩི་གཏོར། དེ་ནས་སྲིན་ལག་གཡས་པ་དང་མཐེ་བོང་གཉིས་ཀྱིས་ཤ་བླངས་ལ་གཡོན་བསྐོར་དུ་ལག་མཐིལ་དུ་རིམ་གྱི་བཀང་བར་བྱས་ལ། དེ་ལ་མཆོད་པ་རྣམ་ལྔ་ཐེབས་གཅིག་གིས་འབུལ། དྲིལ་བུ་བསིལ་བ། དེ་ནས་ཤ་རྣམས་ཐོད་པའི་ནང་དུ་མ་བོ་བར་བླུག་གོ །གསུམ་པ་བསྟོད་པ་བྱ་བ་ལ་གཉིས། བཀའ་བརྒྱུད་ཀྱི་བླ་མ་ལ་བསྟོད་པ། གསང་སྔགས་ཀྱི་ལྷ་ཚོགས་ལ་བསྟོད་པའོ། །དང་པོ་བླ་མ་ལ་བསྟོད་པ་བྱ་བ་ནི། གནས་ངེས་པ་འོག་མིན་ཞིང་ཁམས་སུ། །འཁོར་ངེས་པ་རྒྱལ་སྲས་བྱང་སེམས་ལ། །ཆོས་ངེས་པ་བླ་མེད་ཐེག་ཆེན་གསུངས། །རྗེ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །གནས་ངེས་མེད་རི་བྲག་དུར་ཁྲོད་དུ། །འཁོར་ངེས་མེད་སྐལ་པར་གང་ལྡན་ལ། །ཆོས་ངེས་མེད་སྣ་ཚོགས་རྟེན་འབྲེལ་བསྒྲིགས། །རྗེ་ཏཻ་ལོ་པ་ལ་ཕྱག་འཚལ་བསྟོད། །གནས་བྱིན་རླབས་ཕུལླ་ཧ་རི་ན། །འཁོར་བྱིན་རླབས་རྒྱ་གར་བལ་བོད་ལ། །ཆོས་བྱིན་རླབས་རྒྱུད་འགྲེལ་གདམས་པ་བཤད། །རྗེ་ནཱ་རོ་པ་ལ་ཕྱག་འཚལ་བསྟོད། །གནས་བདེ་ཆེན་ལྷོ་ཕུ་ནགས་ཚལ་ན། །འཁོར་བདེ་ཆེན་དབུས་གཙང་གྲྭ་སློབ་ལ། །ཆོས་བདེ་ཆེན་དབང་བཞིའི་ཆུ་བོ་བསྐུར། །རྗེ་ལྷོ་བྲག་པ་ལ་ཕྱག་འཚལ་བསྟོད། །གནས་ཞེན་མེད་བལ་བོད་སོ་མཚམས་སུ། །འཁོར་ཞེན་མེད་དད་བརྩོོན་ལྡན་པ་ལ། །ཆོས་ཞེན་མེད་ཐབས་ཀྱི་ལམ་མཆོག་ཁྲིད། །རྗེ་མི་ལའི་སྐུ་ལ་ཕྱག་འཚལ་བསྟོད། །གནས་སྙན་པ་སྒམ་པོ་ཟངས་ཟླུམ་ན། །འཁོར་སྙན་པ་ཕྱོགས་བཞིའི་མཁས་བཙུན་ལ། །ཆོས་སྙན་པ་སྟོང་ཉིད་སྒྲ་དབྱངས་སྒྲོགས། །རྗེ་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །གནས་ལུང་བསྟན་ཙམ་ཆེན་ལྷ་སྒོ་ན། །འཁོར་ལུང་བསྟན་ལས་འཕྲོ་སད་པ་ལ། །ཆོས་ལུང་བསྟན་ཕྱག་རྒྱ་ཆེན་པོ་བསྟན། །རྗེ་འབའ་རོམ་པ་ལ་ཕྱག་འཚལ་བསྟོད། ཐུགས་གཉིས་མེད་མངོན་ཤེས་དྲུག་དང་ལྡན། །དུས་གཉིས་མེད་སྒྲིབ་པ་བྲལ་བར་གསལ། །ཐབས་དམིགས་མེད་ཅེས་འདུལ་དེ་ལྟར་བསྟན། །རྗེ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་བསྟོད། ལུང་ལེགས་པར་ཟླ་འོད་གཞོན་ནུས་བསྟན། །དམ་ལེགས་པར་འཁོར་བ་སྒྲོལ་བར་བཅས། །ངོ་ལེགས་པར་སྣང་བ་ཆོས་སྐུར་སྤྲད། །རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། རྒྱུད་བསླབ་གསུམ་རྒྱན་ལྡན་བྱང་སེམས་འབྱོངས། །ལས་ཁམས་གསུམ་དུག་གསུམ་དྲི་མ་གསུམ། །དབྱིངས་སྐུ་གསུམ་ངང་དུ་དག་པར་མཛད། །རྗེ་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད། །རྗེ་འགྱུར་མེད་ཆོས་དབྱིངས་ནམ་མཁའ་ལ། །ངེད་ཡེངས་མེད་གུས་པས་གསོལ་བ་འདེབས། །སེམས་སྐྱེ་མེད་ཆོས་སྐུར་བྱིན་གྱིས་རློབས། །དབྱིངས་དམིགས་མེད་རྣམ་དག་འདྲེན་པར་ཤོག །རྗེ་མཉམ་མེད་ཡིད་བཞིན་རིན་ཆེན་ལ། །ངེད་དྲི་མེད་མདངས་ལྟར་གསོལ་བ་འདེབས། །ལུས་གཉིས་མེད་ལོངས་སྐུར་བྱིན་གྱིས་བརླབས། །རྗེ་སྤྲོས་མེད་ཁྱེད་དང་མཚུངས་པར་ཤོག །རྗེ་སྤྲིན་མེད་ཤེས་རབ་ཉི་མ་ལ། །ངེད་དཔག་མེད་འོད་ལྟར་གསོལ་བ་འདེབས། །ངག་འགགས་མེད་སྤྲུལ་སྐུར་བྱིན་གྱིས་རློབས། །དོན་ཕྱོགས་མེད་སྲིད་མཚོ་སྐེམས་པར་ཤོག །རྗེ་ཟག་མེད་བདུད་རྩིའི་ཆུ་བོ་ལ། །ངེད་ཡེངས་མེད་གདུང་བས་གསོལ་བ་འདེབས། །རྐྱེན་དངོས་མེད་བདེ་བར་བྱིན་གྱིས་རློབས། །རྒྱུན་འཆད་མེད་ཡེ་ཤེས་གསལ་བར་ཤོག །རྗེ་དྲི་མེད་བསྟོད་པའི་བསོད་ནམས་ལ། །དོན་དྲི་མེད་འབྱུང་བའི་དགེ་རྩ་དེས། །སེམས་དྲི་མེད་ཆོས་སྐུར་མ་ཤར་བར། །ཐུགས་དྲི་མེད་བརྩེ་བས་བཟུང་དུ་གསོལ། །ཅེས་བརྗོད་དོ། །དཔལ་ཧེ་རུ་ཀ་དང༌། དཔལ་རྡོ་རྗེ་ཕག་མོ་གཉིས་ལ་རིམ་པ་ལྟར་བསྟོད་པ་ནི། དཀྱིལ་འཁོར་མངའ་བདག་ཞལ་བཞི་བཅུ་གཉིས་སྤྱན། །བཅུ་གཉིས་ཕྱག་གིས་འཇིགས་པའི་མཚོན་ཆ་ཕྱར། ཞེས་པ་ལ་སོགས་པ་དང༌། ཁྲག་འཐུང་རྒྱལ་པོ་རྣམ་ཐར་བརྒྱད་ཀྱི་ཞལ། །ཞེས་པ་ལ་སོགས་པས་བསྟོད་པ་བྱའོ། །ཡུམ་གྱི་བསྟོད་པ་ནི། ཧཱུྃ། རྡོ་རྗེ་ཕག་མོའི་སྐུ་ཡི་ཆ་ལུགས་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཤིན་ཏུ་དམར། །གཡས་པས་གྲི་གུག་གཡོན་པས་ཐོད་པ་བསྣམས། །གཡས་བསྐུམ་གཡོན་བརྐྱང་མི་རོའི་གདན་ལ་བཞུགས། །ཕྱག་གཡོན་གྲུ་མོ་ལ་ནི་ཁ་ཊྭཱྃ་བརྟེན། །ཤིན་ཏུ་གསུས་པ་ལྡིར་ཞིང་ཁྲོ་གཟུགས་མ། །སྤྱན་གསུམ་སྐྲ་སེར་ཐོད་པའི་དབུ་རྒྱན་ཅན། །མི་མགོ་ལྔ་བཅུའི་དོ་ཤལ་སྐུར་བརྒྱན་པ། །གཅེར་བུ་ལ་སོགས་རུས་པའི་རྒྱན་ལྔས་བརྒྱན། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཕག་མོའི་གསུང་གི་ང་རོ་ནི། །སྙན་པའི་དབྱངས་ཀྱིས་སེམས་ཅན་ཚིམས་པར་མཛད། །འཇིགས་པའི་ང་རོས་དྲེགས་ཅན་ཟིལ་གྱིས་གནོན། །རྡོ་རྗེ་ཕག་མོའི་གསུངས་ལ༴ རྡོ་རྗེ་ཕག་མོའི་ཐུགས་ཀྱི་རང་བཞིན་ནི། །བདེ་ཆེན་སྤྲོས་བྲལ་འོད་གསལ་ཆོས་ཀྱི་སྐུ། །སྒྲིབ་མེད་རྣམ་དག་ཀུན་མཁྱེན་ཡོན་ཏན་རྫོགས། །རྡོ་རྗེ་ཕག་མོའི་ཐུགས་ལ༴ རྡོ་རྗེ་ཕག་མོའི་ཡོན་ཏན་རང་བཞིན་ནི། །རྫོགས་པ་གང་ཞིག་ངེས་སྒྲུབ་གྱུར་པ་ནི། །མྱུར་དུ་འགྲུབ་པའི་ཡོན་ཏན་དག་དང་ལྡན། །རྡོ་རྗེ་ཕག་མོའི་ཡོན་ཏན་ཆེ་ལ་བསྟོད། །རྡོ་རྗེ་ཕག་མོའི་ཕྲིན་ལས་རང་བཞིན་ནི། །ཁྲོ་མོའི་ཆ་ལུགས་གདུག་པའི་ཕྲིན་ལས་མཛད། །རྡོ་རྗེ་ཕག་མོ་ཕྲིན་ལས་དོན་མཛད་མ། །ངོ་མཚར་ཆེ་བ་དེ་ལ་ཕྱག་འཚལ་བསྟོད། །གཟུགས་སྐུ་རྣམ་གཉིས་སེམས་ཅན་འགྲོ་དོན་མཛད། །གསུང་སྐད་ང་རོས་དྲེགས་པའི་བགེགས་རྣམས་འཇོམས། །གཉིས་མེད་བདེ་ཆེན་མཚན་མའི་རྣམ་རྟོག་འཇོམས། །ཕག་མོ་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །འོག་མིན་གནས་མཆོག་དམ་པ་ནས། །བཅོམ་ལྡན་རྡོ་རྗེ་ཁྲོ་མོ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །ཕྱག་གཡས་རྡོ་རྗེའི་གྲི་གུག་བསྣམས། །ཕྱག་གཡོན་བྷནྡྷ་བདུད་རྩིས་བཀང༌། །ཐོད་པའི་དོ་ཤལ་སྐུ་ལ་རྒྱན། །ནུ་མ་ཤིན་ཏུ་འབུར་ལ་མཁྲེག །སྤྱན་རྩ་དམར་ཞིང་ཟླུམ་པ་སྟེ། །དབུ་སྐྲ་ནག་པ་སྣུམ་ཞིང་འཁྱིལ། །མཛེས་ཤིང་བལྟ་བས་ཆོག་མི་ཤེས། །ལྟ་སྟངས་ཚུལ་གྱིས་བགེགས་ཆེན་གནོན། །ཚངས་པ་བརྒྱ་བྱིན་ཞབས་འོག་འཇུག །རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད། །གསུང་གི་དབང་ཕྱུག་ཕྱོགས་བཅུར་གྲགས། །བདུད་རྣམས་འདུལ་ལ་ཕྱག་འཚལ་བསྟོད། །ཐུགས་ཀྱི་དབང་ཕྱུག་དགོངས་པ་ནི། །མཉམ་ཉིད་ཐུགས་ལ་ཕྱག་འཚལ་བསྟོད། །གཡས་ན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །གཡོན་ན་པདྨ་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །མདུན་ན་ལས་ཀྱི་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །རྒྱབ་ན་རིན་ཆེན་མཁའ་འགྲོ་མ། །མཁའ་འགྲོ་མ་ལ་ཕྱག་འཚལ་བསྟོད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཁམས་གསུམ་པོ་ཡི་ངོ་བོ་ཉིད། །བསྐལ་པ་མེ་ལྟར་འབར་བའི་འོད། །རྡོ་རྗེ་རྣལ་འབྱོར་མ་ཚོགས་འདུད། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །དམིགས་པ་མེད་པ་ཐུགས་རྗེ་ཡི། །གཟུགས་སྐུ་སྒྱུ་མ་ལྟར་སྤྱོད་པ། །ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །བྱིན་རླབས་མཆོག་སྩོལ་རྣལ་འབྱོར་ཆེ། །མཁའ་འགྲོ་མ་ཚོགས་གཙོ་མོ་ཆེ། །ཉོན་ཅིག་བསྐུལ་ལོ་ཤེས་རབ་མ། །སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །ཅེས་པའི་རྡོ་རྗེའི་གླུ་དང་བཅས་པས་བསྟོད། བཞི་པ་རྣལ་འབྱོར་ནི། ལས་ཀྱི་སྐྱེས་བུས། བླ་མ་དང་དེར་ཚོགས་པ་རྣམས་ལ་མཎྜལ་དང་མེ་ཏོག་རེ་རེ་ཕུལ་ལ། ཕྱག་འཚལ་ནས་ཐུགས་དམ་ལ་བཞུགས་པའི་ཞུ་བ་འབུལ་བའི་ཚིག་ནི། བླ་མ་རྡོ་རྗེ་སློབ་དཔོན་གྱིས་དབུ་མཛད་པའི། དཔའ་བོ་དང་རྣལ་འབྱོར་མ་རྣམས་འགྲོ་བ་སེམས་ཅན་གྱི་དོན་དུ་ཐུགས་དམ་ལ་བཞུགས་པར་ཞུ་འཚལ། ཞེས་བརྗོད་པར་བྱའོ། །ཚོགས་པ་རྣམས་ཀྱིས་ཀྱང༌། བསྐྱེད་རྫོགས་ཟུང་འབྲེལ་དུ་བསྒོམས་ནས། ཟུང་འཇུག་གི་བཟླས་པ་ཡན་ཆད་བྱ། ཚོགས་ཀྱི་འཁོར་ལོའི་དུས་སུ་བསྒོམ་བཟླས་བྱ་བ་དང༌། གཞན་དུ་བསྒོམ་བཟླས་བྱས་པ་གཉིས་ལ་ཚོགས་ཀྱི་འཁོར་ལོའི་དུས་སུ་བསྒོམ་བཟླས་འབུམ་འགྱུར་གྱི་བསོད་ནམས་ཆེ་བ་ཡིན་གསུངས། ལྔ་པ་གྲོགས་སྡོམ་པ་དམ་ཚིག་ནི་ཚོགས་ཀྱི་འཁོར་ལོའི་དུས་སུ་དམ་ཚིག་གསོ་སྦྱོང་བྱ་དགོས་ཤིང༌། དམ་ཚིག་ཆགས་ཉམས་ཅི་བྱུང་བ་ནི་བསྐང་བཤགས་བྱ་བ་ནི། སྡིག་པ་མི་དགེ་བའི་ལས་ཅི་བྱས་པ་ཐམས་ཅད་བློས་དྲན་པར་བྱས་ལ། དེ་ནས་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པའི་ཚིག་ནི། རྡོ་རྗེ་བླ་མ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཀྱིལ་འཁོར་གྱི་ལྷའི་ཁྱད་པར་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང༌། ཡེ་ཤེས་ཀྱི་སྤྱན་མངའ་བ། རྫུ་འཕྲུལ་གྱི་སྟོབས་མངའ་བ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་ཁྱེད་ཀྱི་སྤྱན་སྔར། བདག་རྡོ་རྗེ་འཛིན་པ་མིང་འདི་ཞེས་བགྱི་བ་མཆིས་ནས་ཚེ་ཐོག་མ་མེད་པ་ནས་ཐ་མ་དེང་སང་ཡན་ཆད་དུ། མཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་དང༌། མི་དགེ་བ་བཅུ་དང༌། ལྕི་བ་བརྒྱད་དང༌། ལོག་པ་བཞི་དང༌། ཁ་ན་མ་ཐོ་བ་གཉིས་དང༌། འཕགས་པ་དང༌། དམ་པའི་ཆོས་ལ་སྐུར་པ་བཏབ་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འདོད་པ་ལ་སོགས་པའི་དབང་གིས། ཐེག་པ་ཆེ་ཆུང་གི་བསླབ་པ་བླངས་ནས། ཐེག་པ་ཆེ་ཆུང་གི་བསླབ་པ་དང་འགལ་བ། ཉེས་པའི་ཚོགས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་སོ་སོར་བཤགས་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ནས། མཐོང་སྡོམ་དྲི་བར་བྱའོ། །གཞན་ཡང་རྩ་ལྟུང་བཅུ་བཞིའི་བཤགས་པ་དང་ཡི་གེ་བརྒྱ་པ་ཡང་བརྗོད་པར་བྱའོ། །དྲུག་པ་རྐྱེན་དུས་ཚོད་དང་འབྲེལ་བའི་སྤྱོད་པ་ནི་གསུམ་སྟེ། རྐྱེན་ཚོགས་ཀྱི་འཁོར་ལོ་དང༌། དུས་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་པའི་དུས་དང༌། དེ་དང་འབྲེལ་བའི་སྤྱོད་པའོ། །དང་པོ་རྐྱེན་ཚོགས་ཀྱི་འཁོར་ལོ་བྱེད་པའི་དུས་སུ་ཤིང་ལོའམ་ཤིང་གདན་གྱི་སྟེང་དུ། ཚོགས་ཀྱི་ཡོ་བྱད་བཤམས་ལ། ལས་ཀྱི་སྐྱེས་བུས། བླ་མ་ལ་མཎྜལ་དང་མེ་ཏོག་ཕུལ་ནས་ཕྱག་འཚལ་ཏེ། ཚོགས་བྱིན་གྱིས་བརླབ་པའི་ཞུ་བའི་ཚིག་ནི། བླ་མ་རྡོ་རྗེ་འཛིན་པ་ནི། །ཐུགས་ཆོས་ཉིད་ངང་ལས་མ་གཡོས་ཀྱང༌། །འགྲོ་བ་སེམས་ཅན་དོན་སླད་དུ། །རྡོ་རྗེ་འཆང་གི་སྐུར་སྤྲུལ་ནས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཅེས་གསོལ་བ་གདབ་བོ། །དེ་ནས་ཚོགས་བྱིན་གྱིས་བརླབ་པ་ནི། སློབ་དཔོན་གྱིས་ཆང་བྱིན་གྱིས་བརླབ་པ་ནི། གཡོན་པའི་སྲིན་ལག་གིས་བླངས་ནས་ཚོགས་ཀྱི་ཡོ་བྱད་ལ་གཏོར་ཅིང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་བཛྲ་ཤུདྡྷོ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷོ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། ཞེས་པས་ཆང་བྱིན་གྱིས་བརླབས་པའི་སྔགས་སྐབས་སུ་མེ་རླུང་གི་སྦྱོར་བ་དང༌། ཤ་ལྔ་བདུད་རྩི་ལྔའི་ས་བོན་བསམ་པ་ཏེ་དེ་ལྟར་འབྱུང་བ་ལྟར་འདིར་ཡང་བསྐྱེད་ལ། མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་ལྷ་ཚོགས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། ཡེ་ཤེས་ཀྱི་བདུད་རྩི་བབས་པས་གཉིས་སུ་མེད་པར་འདྲེས་པར་བསམ། རོལ་མོའི་སྒྲ་དང་བཅས་པས། ཨོཾ་ཨཱཿཧཱུྃ། བརྒྱ་རྩ་བརྒྱད་བརྗོད་པས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཚོགས་འབུལ་བ་ནི། བཀའ་བརྒྱུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ །ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ལ་འབུལ་བའི་ཚིག་ནི། ཧཱུྃ། རྡོ་རྗེའི་བླ་མ་མཁའ་འགྲོའི་ཚོགས་རྣམས་མཆོད་པའི་ཕྱིར། །རྡོ་རྗེ་རབ་ཏུ་གསང་བའི་གླུ་བླངས་ཤིང༌། །རྡོ་རྗེ་རབ་ཏུ་གསང་བའི་གར་བྱས་ནས། །རྣལ་འབྱོར་ཚོགས་མཆོད་འབུལ་ལོ་བཞེས་སུ་གསོལ། །ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་མཆོད་པའི་ཕྱིར། །རྡོ་རྗེ་རབ་ཏུ་གསང་བའི་གླུ༴ རྡོ་རྗེ་རབ་ཏུ་གསང་བའི་གར༴ རྣལ་འབྱོར་ཚོགས་མཆོད༴ མ་མོ་མཁའ་འགྲོའི་ཚོགས༴ རྡོ་རྗེ་རབ་ཏུ་གསང་བའི་གླུ༴ རྡོ་རྗེ་རབ་ཏུ་གསང་བར་གར༴ རྣལ་འབྱོར་ཚོགས་མཆོད༴ དམ་ཚིག་མཁའ་འགྲོའི་ཚོགས༴ རྡོ་རྗེ་རབ་ཏུ་གསང་བའི་གླུ༴ རྡོ་རྗེ་རབ་ཏུ་གསང་བའི་གར༴ རྣལ་འབྱོར་ཚོགས་མཆོད༴ ཤ་ཟ་མཁའ་འགྲོའི་ཚོགས་རྣམས་མཆོད་པའི་ཕྱིར། །རྡོ་རྗེ་རབ་ཏུ་གསང་བའི་གླུ་བླངས་ཤིང༌། །རྡོ་རྗེ་རབ་ཏུ་གསང་བའི་གར་བྱས་ནས། །རྣལ་འབྱོར་ཚོགས་མཆོད་འབུལ་ལོ་བཞེས་སུ་གསོལ། །ཞེས་བརྗོད་པར་བྱའོ། །རྒྱས་པར་དགའ་ན་ཚིགས་བཅད་བཞན་རྣམས་ཀྱང་བརྗོད་དོ། །དེ་ནས་རྣལ་འབྱོར་པ་རྣམས་ལ་དྲི་ཡི་ཐིག་ལེ་བཀོད་ལ། ཕྱི་ཡི་མཆོད་པ་རེ་རེ་འབུལ། དེ་ནས་ཡི་དམ་ལྷ་ལ་སྐུ་ཁྲུས་གསོལ་བར་བསམ་ཁྲུས་བྱའོ། །གསུམ་པ་སྤྱོད་པ་ནི་གསང་སྔགས་ནས་ལས་དང་པོ་པའི་སྤྱོད་པ་དང༌། གསང་སྤྱོད་དང༌། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་གསུམ་ནི། འདིར་མ་ཡིན་ཏེ། འདིར་ནི་ཚོགས་ལ་ལོངས་སྤྱོད་པའི་དུས་སུ་ཡར་ལྡན་གྱིས་སྤྱོད་པ་ཡིན་ནོ། །དེ་ཡང་ཚོགས་ཀྱི་འཁོར་ལོ་ལ་སྡོམ་པ་གསུམ་འགལ་བར་འདུས་པའི་དུས་སུ། དགེ་སློང་རྡོ་རྗེ་འཛིན་པ་དང༌། དགེ་བསྙེན་རྡོ་རྗེ་འཛིན་པ་དང༌། གསུམ་པོ་གང་ཡང་རུང་བ་ཚོགས་ལ་ལོངས་སྤྱོད་པའི་དུས་སུ། ཉམ་ང་བ་བག་ཚ་བ་དང༌། མཛེམ་བག་མི་བྱ་བ། ཡར་ལྡན་དུ་ཤེས་པར་བྱས་ལ་ཚོགས་ལ་ལོངས་སྤྱོད། དེ་ལྟར་ཡིན་པར་ཡང་རྒྱུད་ལས། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་པ་འཛིན་པའི་སྡོམ་པ་གསུམ། །གཞི་གཅིག་འགལ་བར་འདུས་གྱུར་ན། །ཆུང་ངུའི་ཕྱིར་ནི་ཆེ་མི་བཏང༌། །ཡོན་ཏན་ཡར་ལྡན་ཤེས་བྱས་ལ། །གོང་མའི་གོང་མ་སྤྱད་པར་བྱ། །ཞེས་གསུངས་སོ། །དེའི་དུས་སུ་བསྒོམས་པའི་དོན་འདི་དང་ལྡན་ན་ཡར་ལྡན་དུ་འགྲོ་བ་ཡིན་ཏེ། དབང་པོ་རབ་ཟུང་འཇུག་ལྷའི་སྐུ་ལ་ཚོགས་ཀྱི་ཡོ་བྱད་ཀྱིས་ཟུང་འཇུག་གི་མཆོད་པར་ཤེས་པར་བྱ། དབང་པོ་འབྲིང་གིས་འོད་གསལ་གྱི་མཆོད་པར་ཤེས་པར་བྱ། དབང་པོ་ཐ་མས་ཀྱང་རང་ཉིད་ཡི་དམ་གྱི་ལྷར་བསྒོམས་ལ་ཤ་ལྔ་བདུད་རྩི་ལྔས་མཆོད་པའམ། ཡང་ན་ལྷ་ལ་ལྷས་མཆོད་པར་བསམ་པ་ཡིན་ཏེ། གཟུགས་རྡོ་རྗེ་མས་གཟུགས་རྡོ་རྗེ་མ་མཆོད། སྒྲ་རྡོ་རྗེ་མས་སྒྲ་རྡོ་རྗེ་མ་མཆོད། དྲི་རྡོ་རྗེ་མས་དྲི་རྡོ་རྗེ་མ་མཆོད། རོ་རྡོ་རྗེ་མས་རོ་རྡོ་རྗེ་མ་མཆོད། རེག་རྡོ་རྗེ་མས་རེག་རྡོ་རྗེ་མ་མཆོད་པར་བསམ་ལ། ཚོགས་ལ་ལོངས་སྤྱོད། ཚོགས་ལ་ལོངས་སྤྱོད་པའི་དུས་སུ་དམག་གི་གཏམ་དང༌། ཚོང་གཏམ་དང༌། ཁ་རྒྱལ་དང༌། ཀུ་རེ་དང༌། བྲེ་མོའི་གཏམ་སྨད་འཚོང་མའི་གཏམ་དང༌། ཅ་ཅོལ་གྱི་གཏམ་ལ་སོགས་པ་མི་སྨྲ་བར། ཏིང་ངེ་འཛིན་དང་ལྡན་པར་བྱའོ། །དེ་ནས་ལས་ཀྱི་སྐྱེས་བུས་ཚོགས་དྲང་བ་ནི། ལག་པ་གཡས་པས་ཤ་དང༌། གཡོན་པས་ཆང་བཟུང་ལ། དཔའ་བོ་རྣལ་འབྱོར་མ་རྣམས་དགོངས་སུ་གསོལ། །བདག་གིས་ཚོགས་ཀྱི་ཁྱད་པར་འདི། །དང་བའི་སེམས་ཀྱིས་འབུལ་ལགས་ན། །དཀྱིལ་འཁོར་ལྷ་ཚོགས་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། ཞེས་པ་དང༌། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང༌། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ལ་ལ་ཧོ་ཨ་ཧོ། །སུ་ཀ་ཧོ། སིདྡྷི་ཧོ། །ཅེས་བརྗོད་ལ་དྲང་བར་བྱའོ། །ལེན་པ་པོས་ཀྱང་ལག་པས་པད་ཀོར་དང་བཅས་ཏེ། ཚིག་འདི་སྐད་བརྗོད་ལ་བླང༌། འདོད་ཆགས་དྲི་མ་དང་བྲལ་བའི། །རིན་ཐང་མེད་པའི་ལེགས་འོང་ཆོས། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ཁོ་ན་ཉིད་ལ་ཕྱག་འཚལ། །ཨ་ལ་ལ་ཧོ། ཨ་ཧོ་སུ་ཁ་ཧོ། སིདྡྷི་ཛཿཧོ། ཞེས་བརྗོད་ལ་བླང༌། དེ་ནས་འོག་མ་རྣམས་ལ་ཚོགས་ལ་ལོངས་སྤྱོད་པའི་གནང་བ་སྦྱིན་པའི་ཚིག་ནི། སྦྱོར་བ་དངོས་གྲུབ་དོན་དུ་ནི། །ཀུན་སྤྱོད་དེ་བཞིན་ཉིད་བཞིན་དུ། །སྦྱོར་བའི་ཀུན་ཏུ་སྤྱོད་པ་ཡིས། །ཇི་ལྟར་བདེ་བར་སྤྱད་པར་བྱ། །ཨ་ལ་ལ་ཧོ། ཨ་ཧོ་སུ་ཁ་ཧོ། སིདྡྷི་ཛཿཧོ། ཞེས་བརྗོད་ལ་གནང་བ་སྦྱིན་ནོ། །དེ་ནས་སིནྡྷུ་ར་བཀོད། དཔུང་སྐུད་གདག མེ་ཏོག་ཡང་ངོ༌། །དེར་འཚོགས་པ་རྣམས་ཀྱིས་ཚོགས་ལ་ལོངས་སྤྱད་པས་ངག་གི་སྒྲིབ་པ་འདག་པ་དང༌། ཁ་ཟས་ཀྱི་གཙང་རྨེ་སྤང་བ་དང༌། ངག་ནུས་པ་དང་ལྡན་པ་ཤེས་པར་བྱའོ། །དེ་ནས་གླུ་དང་གླུ་ཡི་ལན་དང༌། གར་དང་གར་གྱི་ལན་དང༌། རོལ་མོ་རྒྱས་པའི་མཆོད་པ་བྱ་བ། ཞར་ལ་འགྲོ་བ། དབུགས་འབྱུང་བ་ནི། ནད་ཀྱིས་ཉེན་པ་ནད་ལས་དབུགས་འབྱུང་བ་དང༌། གདོན་གྱིས་ཉན་པ་གདོན་ལས་དབུགས་འབྱུང་བ་དང༌། སྡིག་པས་ཉན་པ་སྡིག་པ་ལས་དབུགས་འབྱུང་བར་བྱའོ། །དེ་ནས་རྣལ་འབྱོར་པ་རྣམས་ལས་ལྷག་གཏོར་བསྡུས་ལ། སློབ་དཔོན་གྱིས་ཆང་གི་ཁ་ཕྲུས་ལན་གསུམ་བཏབ་ལ། ནང་གཏོར་ལྟར་བྱིན་གྱིས་བརླབས་ལ་བཞག་གོ །གསུམ་པ་རྗེས་ཀྱི་བྱ་བ་ལ་བཅུ་སྟེ། གཏོར་མ་བྱིན་གྱིས་བརླབ་པ་དང༌། གཏོར་མ་བསྔོ་བ་དང༌། ཕྲིན་ལས་བཅོལ་བ། སྨོན་ལམ་དང༌། བསྔོ་བ་དང༌། བཀྲ་ཤིས་དང༌། བཟོད་གསོལ་བ། བཏང་རག་གི་མཆོད་པ་དང༌། ཡེ་ཤེས་སེམས་དཔའ་གཤེགས་པ་དང༌། དམ་ཚིག་སེམས་དཔའ་རང་ལ་བསྡུ་བའོ། །དང་པོ་གཏོར་མ་བྱིན་གྱིས་བརླབ་པ་ནི། དམར་གཏོར་རྣམས་མེ་རླུང་གི་སྦྱོར་བ་དང༌། ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབ། དཀར་གཏོར་རྣམས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ། གཉིས་པ་གཏོར་མ་བསྔོ་བ་ནི། དཀར་གཏོར་ཆེ་བ་གཅིག་བླ་མ་དང་དཀོན་མཆོག་སྤྱི་ལ་འབུལ། དེ་ནས་དཀྱིལ་འཁོར་ཀྱིས་ལྷ་ཚོགས་གང་ཡིན་ལ་སྔགས་སོ་སོས་བསྔོ། ཆོས་སྐྱོང་དང་ཕྱོགས་སྐྱོང་རྣམས་ཀྱི་ཡང་སོ་སོའི་གཞུང་ནས་འབྱུང་བ་བཞིན་དུ་བསྔོ། ཞིང་སྐྱོང་རྣམས་གདན་དྲངས་ལ་བསྔོ་བ་ནི། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་བོ་དང་ནི་རི་སུལ་ཕུག །གྲོང་དང་བཞི་མདོ་ཉིད་དང་ནི། །ཁྱད་པར་དུ་ཡང་ཁང་སྟོང་དང༌། །གདོལ་བའི་གནས་དང་ཐང་དང་ནི། །ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་ཆེན་པོ་ནག་པོ་ཆེ། །ལྷ་སྦྱིན་ཉམས་སུ་སྟོན་པ་དང༌། །ནག་པོ་རྩིགས་དང་མི་སྡུག་དང༌། །བཀའ་ལས་འདས་དང་ལོག་འདྲེན་དང༌། །རྒན་བྱེད་མོ་དང་དྲག་མོ་དང༌། །མི་སྡུག་མ་དང་ཨུད་མ་དང༌། །རྒྱལ་མ་རྣམ་པར་རྒྱལ་མ་དང༌། །མི་ཐུབ་གཞན་གྱིས་མི་ཐུབ་མ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཕྱང་བ་མོ། །འཕྲོག་བྱེད་མ་དང་མར་མེ་མ། །འཇིགས་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོ་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མོ། །ཐོད་ཕྲེང་ཅན་དང་ཁྭ་གདོང་མོ། །སྦྲུལ་ཆེན་རལ་གྲི་དགྲ་སྟྭ་དང༌། །རྡོ་རྗེ་དེ་བཞིན་གཞུ་ཅན་མ། །དེ་བཞིན་ཆེན་མོ་མཁའ་འགྲོ་ལྔ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་མ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཅན་དེ། །རྡུལ་མེད་རྣམ་པར་སྦྱིན་པ་མོ། །རྡོ་རྗེ་དབང་མོ་བཀའ་འདི་ཡིས། །ཐམས་ཅད་མ་ལུས་འདིར་འདུས་ཅིག །ཨོཾ་ཀ་ཀ་ཀ་དྷ་ན། བྷ་བྷ་བྷ་དྷ་ན། ཁཱ་ཁཱ་ཁཱ་དྷ་ན། སརྦ་དུཥྚན། ཧ་ན་ཧ་ན། གྷ་དྷ་ཡ་གྷ་དྷ་ཡ་ཨ་མུ་ཀ་སྱཻ་ཧཱུྃ་ཛཿ ཞེས་འགུགས་ལ། ཨ་མུ་ཀ་སྱཻ། ཤིནྟཾ་ཀུ་རུ་ཡེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཞེས་བརྗོད་ནས་ཕུལ་བས་གསོལ་བར་བསམ་སོ། །གཞན་ཡང་འཇིག་རྟེན་པ་རྣམས་དང༌། རིགས་དྲུག་སྤྱི་དང༌། གཞི་བདག་དང༌། བགེགས་དང་ལན་ཆགས་ལ་དཀར་གཏོར་ཁ་འབར་མའི་སྔགས་ཀྱིས་བསྔོའོ། །གསུམ་པ་ཕྲིན་ལས་བཅོལ་བ་ལ་གཉིས་ཏེ། བསྟོད་པའི་ཕྲིན་ལས་དང༌། ལས་སུ་སྒྲུབ་པའི་ཕྲིན་ལས་གཉིས་སོ། །དེ་ལ་དང་པོ་བསྟོད་པའི་ཕྲིན་ལས་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །གཤེགས་ཤིག་ཆོས་ཀྱི་དབྱིངས་ནས་གཤེགས། །བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །རི་བོ་ཆེན་པོའི་དབྱིངས་ཕྱོགས་ཀྱི། །རྩུབ་འགྱུར་ཚལ་གྱི་ནུབ་ཕྱོགས་ན། །རི་བོ་ཐམས་ཅད་ཐོད་པའི་རི། །རྩི་ཤིང་ཐམས་ཅད་མདའ་དང་གཞུ། །ཆུ་འབབ་ཐམས་ཅད་ཁྲག་དང་རྣག །སྒྲ་སྐད་ཐམས་ཅད་ངུར་བའི་སྐད། །ཕྱག་ན་རྡོ་རྗེ་སྐྲག་པའི་གནས། །དེ་ལྟ་བུ་ཡི་དུར་ཁྲོད་ན། །ཕག་མོ་ཆེན་མོ་དེ་ན་བཞུགས། །རྣལ་འབྱོར་ཆེན་མོ་དེ་ན་བཞུགས། །དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ། །ཁྲོ་ཞིང་གཏུམ་པས་དགྲ་དཔུང་འཇོམས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །གཡས་གྱི་ཕག་གདོང་ནག་པོ་ལས། །རྟོག་མེད་ཉམས་དང་ལྡན་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །གཡོན་གྱི་ཁྲོ་ཞལ་དམར་པོ་ལས། །སེམས་ཅན་དོན་ལ་དགོངས་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །ཐོད་པ་ལྔ་ཡིས་དབུ་ལ་བརྒྱན་པ་ལས། །རིགས་ལྔས་འགྲོ་དོན་མཛད་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །གཡས་ཀྱིས་རྡོ་རྗེ་གྲི་གུག་འབར་བ་ལས། །སྲོག་གཅོད་བདུད་འཇོམས་བྱེད་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །གཡོན་གྱི་བྷནྡྷ་ཁྲག་གིས་བཀང་བ་ལས། །ཁྲག་ནད་སྨྱོ་འབོགས་གཏོང་བའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །ཁ་ཊྭཱྃ་རྩེ་གསུམ་རབ་ཏུ་འབར་བ་ལས། །ཁམས་གསུམ་དབང་དུ་སྡུད་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །ཐོད་པ་གསུམ་བརྩེགས་རབ་ཏུ་བརྒྱན་པ་ལས། །སྲིད་གསུམ་ཟིལ་གྱིས་གནོན་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །དར་ལྕེ་འཕྲུལ་ལྕེས་རབ་ཏུ་བརྒྱན་པ་ལས། །བདུད་ཀྱི་རྒྱལ་མཚན་བསྙེལ་བའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །རྡོ་རྗེ་རྩེ་ལྔས་རབ་ཏུ་བརྒྱན་པ་ལས། །དོན་དམ་སྟོང་ཉིད་རྟོགས་པའིི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །ཌཱ་རུ་གསེར་གྱི་རྔེའུ་ཆུང་བརྡུང་པ་ལས། །སྙན་བརྒྱུད་གདམས་ངག་འཛིན་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །དྲང་ཞིང་དཀར་པོའི་དབྱུག་པ་འཛིན་པ་ལས། །ལྷ་སྲིན་གཡུལ་ངོ་བཟློག་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །མི་མགོ་ལྔ་བཅུའི་དོ་ཤལ་བྱས་པ་ལས། །དུག་ལྔ་རྩད་ནས་གཅོད་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །རོ་ཡི་གདན་མཆོག་རབ་ཏུ་མནན་པ་ལས། །དུར་ཁྲོད་ཤ་ལ་རོལ་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བསྐལ་པའི་མེ་རི་རབ་ཏུ་འབར་བ་ལས། །སྒྲིབ་པ་རྣམ་གསུམ་བསྲེགས་པའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །གཅེར་བུ་སྐྲ་གྲོལ་ཐུགས་ཀར་འོད་ཟེར་འབར་བ་ལས། །བདེ་ཆེན་ལས་ལ་འཁོར་བའི་མཁའ་འགྲོ་འབུམ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །མཁའ་འགྲོ་འབུམ་ཚོ་བཅུ་དྲུག་འཁོར་དང་བཅས། །གཏོར་མ་འབུལ་བ་འདི་དག་བཞེས་སུ་གསོལ། །མཁའ་འགྲོ་མ་དང་ཤུགས་འགྲོ་མ། །བར་སྣང་མཁའ་ནས་གཤེགས་མཛད་མ། །ནག་མོའི་ཚོགས་དང་བདུད་མོའི་ཚོགས། །རྒྱན་གྱི་གཏོར་མ་མཆོད་པར་བཞེས། །རྡོ་རྗེ་ཕག་མོ་འཁོར་བཅས་རྣམས། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཚེ་འདིར་བར་ཆད་སེལ་བ་དང༌། །ཕུགས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །མཁའ་འགྲོའི་ཐུགས་དམ་བསྐང་བའི་ཕྱིར། །ཐ་སྙད་ཕྲིན་ལས་འདིས་བསྐུལ་བས། །བར་དུ་གཅོད་པའི་དགྲ་བགེགས་རྣམས། །མ་ལུས་ཞི་བར་མཛད་དུ་གསོལ། །ཞེས་པ་བསྐུལ་བའི་ཚིག་བརྗོད་དོ། །གཉིས་པ་འཇིག་རྟེན་པ་ལ་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང༌། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང༌། །སྲིན་པོའི་ཚོགས༴ སྨྱོ་བྱེད་ཚོགས༴ འཇིགས་བྱེད་ཚོགས༴ མཁའ་འགྲོའི་ཚོགས༴ གྲུལ་བུམ་ཚོགས༴ དེ་ལ་སོགས་པའི་འབྱུང་པོའི་ཚོགས། །མ་ལུས་ཇི་སྙེད་ཡོད་པ་རྣམས། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང༌། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་པ་ལ། །ཚེ་འདིར་ནད་མེད་བསོད་ནམས་འཕེལ། །ཞི་རྒྱས་དབང་དྲག་ལ་སོགས་པའི། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། བྱ་བྱེད་གནོད་པ་བཟློག་ཏུ་གསོལ། །འབྲུ་རྣམས་འཕེལ་ཞིང་རྒྱས་པ་ཡི། །སྐལ་པ་དག་དང་ལྡན་གྱུར་ཅིག །འདོད་པའི་དོན་རྣམས་རེ་བ་བཞིན། །གྲུབ་པའི་སྐལ་པ་དང་ལྡན་ཤོག །ཅེས་བརྗོད་ལ་ཕྲིན་ལས་བཅོལ་བའོ། །དེ་ནས་ཨུ་རྒྱན་གྱི་མཁའ་འགྲོ་མ་རྣམས་ལ་ལྷག་གཏོར་འབུལ་བ་ནི། ཧཱུྃ། དབུས་ཀྱི་དུར་ཁྲོད་ཆེན་པོ་ནས། །ཡེ་ཤེས་མཁའ་འགྲོ་དཔལ་འབར་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །སྒྲུབ་པ་པོ་ཡི་གྲོགས་བྱེད་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ནས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཤར་གྱི་དུར་ཁྲོད་ཆེན་པོ་ནས། །རྡོ་རྗེ་མཁའ་འགྲོ་དཔལ་འབར་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །སྒྲུབ་པ་པོ་ཡི་གྲོགས་བྱེད་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ནས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལྷོ་ཡི་དུར་ཁྲོད་ཆེན་པ་ནས། །རིན་ཆེན་མཁའ་འགྲོ་དཔལ་འབར་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །སྒྲུབ་པ་པོ་ཡི་གྲོགས་བྱེད་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ནས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ནུབ་ཀྱི་དུར་ཁྲོད་ཆེན་པ་ནས། །པདྨ་མཁའ་འགྲོ་དཔལ་འབར་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །སྒྲུབ་པ་པོ་ཡི་གྲོགས་བྱེད་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ནས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྱང་གི་དུར་ཁྲོད་ཆེན་པ་ནས། །ལས་ཀྱི་མཁའ་འགྲོ་དཔལ་འབར་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །སྒྲུབ་པ་པོ་ཡི་གྲོགས་བྱེད་ཕྱིར། །བྲན་གྱི་ཚུལ་དུ་ཁས་བླངས་ནས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མཁའ་འགྲོ་ཆེན་མོ་ཁྱེད་རྣམས་ཀྱང༌། །ལ་ལ་ནམ་མཁའི་ཁམས་ན་བཞུགས། །ལ་ལ་དཔག་བསམ་ཤིང་ལ་གནས། །རྣལ་འབྱོར་སྒྲུབ་པའི་ཉམས་ཀྱང་ལེན། །དམ་ཉམས་དགྲ་བོ་རྣམས་ཀྱི་སྲོག་ཀྱང་འཕྲོག །ཨོཾ་ཧྲིཾ་ཧྲིཾ་ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ྄་ཕཊ྄། ཀྱི་སྒྲ་ཡང་འབྱིན་པར་བྱའོ། །བཞི་པ་སྨོན་ལམ་བཏབ་པ་ནི། སེམས་ཅན་ཐམས་ཅད་སྡིག་མེད་ཅིང༌། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རང་རང་ཉིད་ལ་གྲོལ་བ་ཡི། །སངས་རྒྱས་ཉིད་དང་འཕྲད་པར་ཤོག །ལྔ་པ་བསྔོ་བ་བྱ་བ་ནི། མ་བསྒྲལ་བ་རྣམས་བསྒྲལ་བར་བྱ། །མ་གྲོལ་བ་རྣམས་བདག་གིས་གྲོལ། །ད་ལྟ་ཉིད་ནས་རྗེས་བརྩེ་བའི། །རྣལ་འབྱོར་བསྟན་བཅོས་གནས་ལ་འགོད། །དྲུག་པ་བཀྲ་ཤིས་ནི། རྡོ་རྗེ་མཁའ་འགྲོས་ལེགས་བྱིན་པའི། །བྱང་ཆུབ་མཆོག་གི་བཀྲ་ཤིས་ཤོག །བུདྡྷ་མཁའ་འགྲོས་ལེགས་བྱིན་པའི། །ཐོགས་པ་མེད་པའི་བཀྲ་ཤིས་ཤོག །རིན་ཆེན་མཁའ་འགྲོས་ལེགས་བྱིན་པའི། །དབང་བསྐུར་མཆོག་གི་བཀྲ་ཤིས་ཤོག །པདྨ་མཁའ་འགྲོས་ལེགས་བྱིན་པའི། །ཤེས་རབ་མཆོག་གི་བཀྲ་ཤིས་ཤོག །ལས་གྲུབ་མཁའ་འགྲོས་ལེགས་བྱིན་པའི། །ལས་གྲུབ་རྡོ་རྗེའི་བཀྲ་ཤིས་ཤོག །བྱིན་རླབས་རླུང་སེམས་འབྱུང་བ་ཡི། །བདེ་ཆེན་དག་པའི་བཀྲ་ཤིས་ཤོག །འབྱུང་གནས་དངོས་གྲུབ་ལེགས་བྱིན་པའི། །མཁའ་འགྲོ་མ་ཡི་བཀྲ་ཤིས་ཤོག །བླ་མ་དམ་པས་ལེགས་བྱིན་པའི། །བརྩེ་བ་འགྲུབ་པའི་བཀྲ་ཤིས་ཤོག །གང་ལ་སེམས་ཀྱིས་བྱིན་བརླབས་པའི། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །བདུན་པ་བཟོད་པར་གསོལ་བ་ནི། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་པ། །ལུས་ཅན་ཀུན་གྱི་སྐྱབས་གྱུར་པ། །ཀུན་མཁྱེན་དེ་ཀུན་བཟོད་པར་གསོལ། །མ་རྙེད་པ་དང་མ་ཚང་བ། །གཙོ་བོ་ནུས་པ་མ་མཆིས་ཤིང༌། །འདིར་ནི་ཉེས་པ་གང་བགྱིས་པ། །ཀུན་མཁྱེན་དེ་ཀུན་བཟོད་པར་གསོལ། །བརྒྱད་པ་གཏང་རག་གི་མཆོད་པ་ནི། ཕྱི་ནང་གསང་གསུམ་དང༌། རོལ་མོའི་མཆོད་པ་རྒྱས་པར་མཆོད། དགུ་པ་ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ་བ་ནི། ཡིག་བརྒྱ་བརྗོད་པའི་རྗེས་ལ། ཨོཾ་བཛྲ་མུཿ ཞེས་པས་གཤེགས་སུ་གསོལ། བཅུ་པ་དམ་ཚིག་གི་ལྷ་རང་ལ་བསྡུ་བའི་ཚིག་ནི། དམ་ཚིག་གི་ལྷ་རང་གི་ཐུགས་ཀར་བསྡུས་ཏེ། ཨོཾ་པདྨ་ཏི་ཤ་ཧཱུྃ། ཞེས་བརྗོད་ལ་བསྡུའོ། །ཨོཾ་སརྦ་དུཥྚན་གྷྲྀ་ཧ་ན་གཙྪ་ཧཱུྃ། ཞེས་པས་ཕྱི་རོལ་གྱི་ལྷ་གཤེགས་སུ་གསོལ། ཆོས་ཀྱི་རྒྱལ་པོས་དད་པས་བསྐུལ་བཏབ་ནས། །དྲི་མེད་ལུང་དང་བླ་མའི་ཕྱག་ལེན་མན་ངག་ལྟར། །ཚོགས་ཀྱི་འཁོར་ལོ་བྱ་བའི་རིམ་པ་རྣམས། །བདག་གཞན་ཀུན་ལ་ཕན་ཕྱིར་བྲིས་པ་ཡིན། །ཚོགས་ཀྱི་འཁོར་ལོ་བྱ་བའི་རིམ་པ་འདི། ཤཱཀྱའི་དགེ་སློང་པྲཛྙཱ་སེངྷས་མཛད་པ་རྫོགས་སོ། །དགེའོ། །

རང་བྱིན་གྱིས་བརླབ་པའི་ཡིག་སྣ།

༈ རང་བྱིན་གྱིས་བརླབ་པའི་ཡིག་སྣ་བཞུགས་སོ། །དུས་གསུམ་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད། །བདེ་ལེགས་ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དམ་པའི་གསུང་ལ་བརྟེན་ནས་བྲི་བར་བྱ། །རྗེ་བཙུན་རིན་པོ་ཆེ་བདེ་བར་གཤེགས་པའི་ཞལ་ནས། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་བསྒྲུབ་པར་འདོད་པས། དམ་པ་རིན་པོ་ཆེའི་ཆོས་བྱ་དགོས། དེ་ཡང་ཡང་དག་པའི་བླ་མ་གཅིག་ལ་རག་ལས་པ་ཡིན་གསུངས། ཡང་དག་པའི་བླ་མ་དེ་ཅི་ལྟ་བུ་ཞིག་ཡིན་སྙམ་ན། རྩ་བ་ཅན་རྣམ་པ་བཞི་དང་ལྡན་པ་གཅིག་དགོས་པ་ཡིན། བླ་མ་གདམས་ངག་གི་རྩ་བ་ཅན། གདམས་ངག་བརྒྱུད་པའི་རྩ་བ་ཅན། བརྒྱུད་པ་བྱིན་རླབས་ཀྱི་རྩ་བ་ཅན། བྱིན་རླབས་མོས་གུས་ཀྱིས་རྩ་བ་ཅན་ཞེས་གསུངས། དེ་ཡང་བླ་མ་གདམས་ངག་གི་རྩ་བ་ཅན་ཞེས་པ་ནི། སློབ་མའི་རྒྱུད་ཚོད་ལ་མཁས་ཤིང་དེ་དང་མཐུན་པའི་གདམས་ངག་སྣ་ཚོགས་ཤེས་པ་ཞིག་དགོས། ཤེས་པ་ཅན་གྱིས་མི་ཕན། གདམས་ངག་བརྒྱུད་པའི་རྩ་བ་ཅན་ཞེས་སྨོས་ཏེ། གདམས་ངག་དེ་ཡང་རང་དགར་བྱས་པ་མ་ཡིན་པ་དང༌། བརྒྱུད་པ་བར་ཆད་པ་མ་ཡིན་པ་ཞིག་དགོས། བརྒྱུད་པ་བར་མ་ཆད་པ་ཙམ་གྱིས་མི་ཆོག་སྟེ། བརྒྱུད་པ་བྱིན་རླབས་ཀྱི་རྩ་བ་ཅན་ཞེས་དགོས་ཏེ། བཀའ་བརྒྱུད་ཀྱི་བླ་མ་དེ་རྣམས་ཀྱང་ཉམས་མྱོང་དང་རྟོགས་པར་ལྡན་ཞིང་བྱིན་རླབས་ཀྱི་ལམ་མངོན་སུམ་དུ་བྱས་པ་ཞིག་དགོས། བྱིན་རླབས་དེ་ཡང་མོས་གུས་ལ་རག་ལས་པ་ཡིན་པས། བྱིན་རླབས་མོས་གུས་ཀྱི་རྩ་བ་ཞེས་སྨོས་ཏེ། བླ་མ་གོང་མ་རྣམས་ལ་མོས་གུས་གཤའ་མ་བྱས་ཤིང་ལམ་འདི་ཉམས་སུ་བླངས་ཏེ་བྱིན་རླབས་བརྙེས་པའོ། །དེ་ལྟར་རྩ་བ་ཅན་བཞི་དང་ལྡན་པ་དེ་ནི་ཡང་དག་པའི་བླ་མ་དམ་པ་ཞེས་ཀྱང་བྱ། ཡང་དག་པའི་དགེ་བའི་བཤེས་གཉེན་ཞེས་ཀྱང་བྱའོ། །དེ་ལྟ་བུའི་བླ་མ་དམ་པ་དང་འཕྲད་པའི་དུས་སུ། ལུས་དང་སྲོག་ལ་མི་ལྟོས་པར། མོས་གུས་གཤའ་མ་བྱ་ཞིང་གདམས་ངག་ཉམས་སུ་བླངས་ན་ཐེ་ཚོམ་མི་བྱ་བར་བྱིན་རླབས་མངོན་སུམ་དུ་འགྱུར་ཞིང༌། བླ་མ་གོང་མ་རྣམས་དང་ཡོན་ཏན་མཚུངས་པར་འགྱུར། ཞིང་ཁམས་རྣམ་པར་དག་པ་རུ་ལྷན་ཅིག་ཚོགས་ནས། ཆོས་ཀྱི་དགའ་བ་དེ་ཉམས་སུ་མྱོང་བར་འགྱུར་བ་དེ་ངེས་པ་ཡིན་ཞིང་བསླུ་བ་མེད་པ་ཁོ་ན་ཡིན་གསུངས། བདེ་མཆོག་སྡོམ་པ་འབྱུང་བ་ལས་ཀྱང༌། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་བརྩམ་པར་བྱ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་མཆོག་འདི་ཐོབ་པར་འགྱུར། །ཞེས་པ་དང༌། འཕགས་པ་སྡུད་པ་ལས་ཀྱང༌། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་གཉེན་ལ་བརྟེན་ཏོ་ཞེས། །ཡོན་ཏན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་པ་དང༌། འཕགས་པ་བརྒྱད་སྟོང་པ་ལས་ཀྱང༌། རིགས་ཀྱི་བུ་ཁྱོད་དགེ་བའི་བཤེས་གཉེན་ལ་གཅེས་སྤྲས་སུ་བྱའོ། །གུས་པར་བྱའོ། །བཀུར་སྟི་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་ན་དེ་ལ་ངན་སོང་གི་འཇིགས་པ་མེད་དོ། །ཞེས་གསུངས་པ་ནས། རང་ཅག་རྣམས་ཀྱང་བསྐལ་པ་ཐམས་ཅད་ཀྱི་ཐ་མ་བསྟན་པའི་སྙིགས་མ་ལ། ངན་སོང་གསུམ་ལ་སོགས་པ་མི་ཁོམ་པའི་གནས་བརྒྱད་ལས་ཐར་ནས་མི་ལུས་རྣམ་པར་དག་པ་ཐོབ། དགེ་བའི་བཤེས་གཉེན་དང་མཇལ། གདམས་ངག་གཉན་པོ་སྒྲུབ་པའི་སྣོད་དུ་རུང་བ་འདི། བསོད་ནམས་བསགས་པའི་མཐུ་བྱིན་ལས་འབྱུང་བ་ཡིན་པར་ཤེས་པར་གྱིས་ཤིག འདི་ལྟ་བུ་རྟེན་འབྲེལ་འཛོམས་པའི་དུས་སུ། མོས་གུས་བྱ་ཞིང་སྒྲུབ་པ་ཉམས་སུ་ལེན་པ་གལ་ཆེ་བ་ཡིན་གསུངས། དེས་ན་གདམས་ངག་འདི་ནི། དཔལ་རྡོ་རྗེ་འཆང་ཆེན་པོ་ནས། རྡོ་རྗེ་དྲིལ་བུ་པ་ལ་གསུངས། དེས་ཨ་བ་དྷཱུ་ཏི་པ་ལ། དེས་སྤྱོད་མཛད་ཆོས་ཀྱི་རྡོ་རྗེ་ལ། དེས་བྱང་ཆུབ་བཟང་པོ་ལ། དེས་རྡོ་རྗེ་གདན་པ། དེས་བླ་མ་ཨ་སྒོམ་ཀ་ར་ལ། དེས་ཙཱ་མི་ལོ་ཙཱ་བ་ལ། དེས་བླ་མ་དཔལ་ཆེན་པོ་ལ། དེས་བླ་མ་ཞང་ལ། དེས་བླ་མ་རིན་པོ་ཆེ། དེས་བདག་ལའོ། །དེ་ལྟ་བུའི་བརྒྱུད་པ་བར་མ་ཆད་པའི་བྱིན་རླབས་ཅན་གྱི་གདམས་ངག་འདི་འཆད་པ་ལ། དོན་གསུམ་གྱིས་ཤེས་པར་བྱ་སྟེ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་དགེ་བའི་རྩ་བ་བསྔོ་བའོ། །དང་པོ་ཀླད་ཀྱི་དོན་ལ་གསུམ། མཚན་གྱི་དང༌། ཕྱག་འཚལ་བ་དང༌། གདམས་པའི་ཆེ་བ་བསྟན་པའོ། །དང་པོ་མཚན་གྱི་དོན་ནི། རྒྱ་གར་སྐད་དུ། སྭ་ཨ་དྷིཥྛ་ན་ཀྲ་མ་ཨུ་པ་དྷེ་ས་ཀ བོད་སྐད་དུ། རང་བྱིན་བརླབ་པའི་མན་ངག །ཅེས་སྨོས་ཏེ། དེ་ཡང་སྭ་ཨ་དྷིཥྛ་ཞེས་པ་ནི་རང་བྱིན་གྱིས་བརླབ་ཅེས་པའོ། །ཀྲ་མ་ཞེས་པ་ནི་རིམ་པའོ། །ཨུ་པ་དྷེ་ས་ཀ་ཞེས་པ་ནི་མན་ངག་ཅེས་པའོ། །དེ་ལ་རང་བྱིན་གྱིས་བརླབ་པ་ཞེས་པ་ནི། ཡེ་ཤེས་སེམས་དཔའ་དགུག་གཞུག་ལ་སོགས་པར་མི་ལྟོས་པས་རང་ཉིད་ཡེ་ནས་ལྷ་ཡིན་པ་དེ་ངོ་སྤྲད་ནས་ཤེས་པར་བྱེད་པར་བྱེད་པ་དེ་ལ་རང་བྱིན་བརླབ་པ་ཞེས་གསུངས་སོ། །རིམ་པ་ཞེས་པ་ནི་ཕྲིན་ལས་དང་སྦྱར་བའི་ལས་ཚོགས་མི་སྟོན་པས། དབང་པོ་ཐ་མའི་སྤྱོད་ཡུལ་མི་སྟོན། བསྐྱེད་པའི་རིམ་པ་གཙོ་བོར་མི་སྟོན་པས། དབང་པོ་འབྲིང་པོ་མ་ཡིན་ནོ། །འོ་ན་རྫོགས་པའི་རིམ་པ་གཙོ་བོར་སྟོན་པའི་ཕྱིར། ཉམས་སུ་ལེན་པའི་གང་ཟག་དབང་པོ་རབ་ཀྱི་སྤྱོད་ཡུལ་སྟོན་ཏེ། དེ་ལ་ཡང་གསུམ་ཡོད་པ་ཡིན་ཏེ། དབང་པོ་རབ་ཀྱི་ཐ་མ་ལྷ་ཡི་སྐུ་ལ་སློབ་པ་དང༌། རབ་ཀྱི་འབྲིང་པོ་འོད་གསལ་ལ་སློབ་པ་དང༌། རབ་ཀྱི་རབ་ཟུང་འཇུག་ལ་སློབ་པའི་དམིགས་པ་གསུམ་གྱི་ལམ་སྟོན་པས་ན་རིམ་པ་ཞེས་བྱའོ། །མན་ངག་ཅེས་པ་ནི། ཚིག་ཉུང་ལ་དོན་འདྲིལ་ཞིང་གནད་དུ་ཕོག་པས་ན་མན་ངག་ཅེས་པའོ། །གཞན་དག་ན་རེ། མཚན་གྱི་དོན་ནི་དེ་ལྟར་ཡིན་མོད་ཀྱི། འོན་ཀྱང་རྒྱ་གར་སྐད་དུ་ཞེས་གོང་དུ་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལ་དགོས་པ་རྣམ་པ་གསུམ་ཡོད་པ་ཡིན་གསུངས། སང་ཀྲི་ཏའི་སྐད་ལ་བག་ཆགས་བཞག་པར་བྱ་བ་དང༌། དྲིན་དྲན་པར་བྱ་བ་དང༌། གཞུང་བཙུན་པར་བྱ་བའི་ཆེད་དུ་ཡིན་ནོ་གསུངས། དེ་རྣམས་ཀྱིས་མཚན་གྱི་དོན་བསྟན་པའོ། །གཉིས་པ་ཕྱག་འཚལ་བ་ནི། དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །ཞེས་སྨོས་ཏེ། དེ་ཡང་དཔལ་ཞེས་པ་ནི་རང་གཞན་གྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པའོ། །བདེ་མཆོག་ཅེས་པ་ནི། སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་གྲོལ་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བདེ་མཆོག་མངོན་སུམ་དུ་མཛད་ཅིང་སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་གྱི་སངས་རྒྱས་རྣམས་སོ། །ལ་ཞེས་པ་ནི་ཡུལ་དུ་བྱས་པའི་དོན་ནོ། །ཕྱག་འཚལ་ལོ་ཞེས་པ་ནི་ལོ་ཙཱ་བས་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་དཔལ་བདེ་མཆོག་ལ་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །དེ་ལྟར་ཕྱག་འཚལ་བ་ལ་དགོས་པ་ཅི་ཡོད་ཅེ་ན། ཡ་རབ་དམ་པའི་གྲངས་སུ་རྟོགས་པར་འགྱུར་བ་དང༌། བསྟན་བཅོས་བསྒྱུར་བ་མཐར་ཕྱིན་པ་ལ་སོགས་པར་འགྱུར་བའི་དགོས་པ་ཡོད་གསུངས། དེ་རྣམས་ཀྱིས་ཕྱག་འཚལ་བ་བསྟན་ཏོ། །གསུམ་པ་གདམས་པའི་ཆེ་བ་བསྟན་པ་ནི། རིན་ཆེན་ཡོད་གནས་ཞེས་པ་ནས་འཇིགས་མེད་མཆོག་ཅེས་པའི་བར་གྱིས་སྟོན་ཏེ། དེ་ཡང་དགོས་པའི་དོན་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་གསུམ་གྱིས་ཤེས་པར་བྱའོ། །དེ་ལ་དགོས་པའི་དོན་ནི། སྒྲུབ་ཐབས་ཀྱི་ཀླད་དུ་གདམས་པའི་ཆེ་བ་བསྟན་པ་སྟེ། ཕྱི་རབས་ཀྱི་གང་ཟག་རྣམས་སྤྲོ་བ་བསྐྱེད་པ་དང༌། སྒྲུབ་ཐབས་འདི་ལ་འཇུག་པར་འགྱུར་བའི་ཡན་ལག་ཡིན་གསུང་ངོ༌། །གཉིས་པ་བསྡུས་པའི་དོན་ནི། དེ་ཡང་རིན་པོ་ཆེ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པ་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་པ་བཞིན་དུ་གདམས་ངག་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ། རང་བྱིན་གྱིས་བརླབ་པའི་མན་ངག་འདི་ཁོ་ན་ཡིན་ནོ། །ཞེས་གདམས་པའི་ཆེ་བ་ཡིན་ནོ་གསུངས། གསུམ་པ་ཚིག་གི་དོན་ལ་གཉིས་ཏེ། དཔེ་རྒྱ་མཚོ་དང་སྦྱར་བ་དང༌། གང་ཟག་དང་སྦྱར་བའོ། །དང་པོ་དཔེ་རྒྱ་མཚོ་དང་སྦྱར་བ་ནི། རིན་ཆེན་ཡོད་གནས་ལས་རིན་ཆེན་ཞེས་པ་ནི། རིན་པོ་ཆེ་ལ་ཐ་མ་དང་འབྲིང་པོ་མཆོག་ཏུ་གྱུར་པ་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་དེ་རྒྱ་མཚོ་ཆེན་པོའི་གཞི་ན་ཡོད་པ་བཞིན་དུ། གང་ཟག་དབང་པོ་ཐ་མའི་ལམ་དང༌། འབྲིང་གི་ལམ་དང༌། མཆོག་གི་ལམ་ལ་སོགས་གདམས་ངག་རྣམ་པ་སྣ་ཚོགས་པ་དེ་རྒྱུད་སྡེ་ཆེན་པོ་བཞི་ནས་བྱུང་བ་བཞིན་ནོ། །བློ་ཡི་ནོར་ལྡན་འགས་རྙེད་ཀྱང་ཞེས་པ་ནི། རྒྱ་མཚོ་ནས་ནོར་བུ་རིན་པོ་ཆེ་ལེན་པ་རྣམས་ཀྱི་ནང་ན། བློ་ལྡན་ཕྲན་ཚེགས་དང་ལྡན་པའི་ཚོང་པ་རྣམས་ཀྱི་ནང་ནས་རིན་པོ་ཆེ་ཐ་མ་དང༌། འབྲིང་ལ་སོགས་པའི་ནོར་ཕྲན་ཚེགས་རྙེད་ཀྱང་སྲིད་ཀྱི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་དེ་ཤིན་ཏུ་དཀའ་བ་བཞིན་དུ། གང་ཟག་སྦྱངས་པ་ཆུང་བ་བློའི་ནོར་ཕྲན་ཚེགས་དང་ལྡན་པ་རྣམས་ཀྱིས། རྒྱུད་སྡེ་ཆེན་པོ་བཞི་ཡི་ནོར་བུ་ཕྲན་ཚེགས་ལྟ་བུ་གང་ཟག་དབང་པོ་ཐ་མ་བ་དང༌། འབྲིང་གི་ལམ་སྒྲུབ་ཐབས་རྒྱས་པ་དང༌། བསྡུས་པ་ལ་སོགས་པའི་མན་ངག་འགའ་ཞིག་རྙེད་ཀྱང་སྲིད་ཀྱི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་གང་ཟག་དབང་པོ་རབ་ཀྱི་ལམ་རང་བྱིན་བརླབ་པའི་མན་ངག་ཡོད་པ་འདི་ལྟ་བུ་དེ་སུས་ཀྱང་རྙེད་པར་དཀའ་བ་ཡིན་ནོ་གསུངས་སོ། །འོ་ན་རྙེད་མཁན་ཡེ་མེད་པ་ཡིན་ནམ་ཞེ་ན། ལེགས་པར་ཡོང་བརྟགས་རིན་པོ་ཆེ་ཞེས་སྨོས་ཏེ། དེ་ཡང་རིན་པོ་ཆེ་ཤིན་ཏུ་རྟོག་དཔྱོད་ལ་མཁས་པ། དེད་དཔོན་བཟང་སྐྱོང་རྒྱལ་བུ་དགེ་དོན་ལ་སོགས་པ་འགའ་ཞིག་གིས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་བཞིན་དུ། རྒྱན་པའི་དཔལ་ལྡན་འཇིགས་མེད་མཆོག །ཅེས་སྨོས་ཏེ། དེ་ཡང་རྒྱན་པ་ནི་རིན་པོ་ཆེ་རྟོག་དཔྱོད་ལ་མཁས་པ་ལྟ་བུ་མན་ངག་ཐམས་ཅད་ཐུགས་སུ་ཆུད་ཅིང་ལེགས་པར་རྒྱན་པ་དཔལ་ལྡན་ཞེས་པ་ནི་རང་གཞན་གྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པས་དཔལ་དང་ལྡན་པ། འཇིགས་མེད་ཅེས་པ་ནི། ཨ་བྷྱ་ཀ་ར་བདག་གིས་རྙེད། ཅེས་པའོ། །ཇི་རྙེད་ཅེ་ན་མཆོག་ཅེས་སྨོས་ཏེ། སྒྲུབ་ཐབས་ཐམས་ཅད་ལས་ཁྱད་པར་འཕགས་པའོ། །ལྷན་ཅིག་སྐྱེས་པའི་མན་ངག་མཆོག་ཏུ་གྱུར་པ་འདི་རྙེད་ཅེས་གསུངས་སོ། །གཉིས་པ་གང་ཟག་དང་སྦྱར་བ་ནི། རིན་ཆེན་ཡོད་གནས་ལས་རིན་ཆེན་ཞེས་པ་ནི། རྒྱ་མཚོ་ལྟ་བུའི་བླ་མ་རྡོ་རྗེ་གདན་པ་ལ། གང་ཟག་དབང་པོ་རྣོ་བརྟུལ་གྱི་བྱེ་བྲག་གིས་ལམ་སྒྲུབ་ཐབས་རྒྱས་བསྡུས་ལ་སོགས་པ་མན་ངག་གི་རིགས་རྣམ་པ་སྣ་ཚོགས་ཐུགས་ཀྱིས་མཁྱེན་པའོ། །བློའི་ནོར་ལྡན་འགའ་རྙེད་ཀྱང༌། །ཞེས་པ་ནི། གང་ཟག་སྦྱངས་པ་ཤས་ཆུང་བ་བློའི་ནོར་དང་ལྡན་པ་འགའ་ཞིག་གིས། སྒྲུབ་ཐབས་རྒྱས་བསྡུས་ཀྱི་མན་ངག་རྙེད་པར་གྱུར་ཀྱང༌། ཁྱད་པར་དུ་འཕགས་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཀྱི་མན་ངག་འདི་མ་རྙེད་པ་ཞེས་པའོ། །ལེགས་པར་ཡོངས་བརྟགས་རིན་པོ་ཆེ་ཞེས་པ་ནི། དེད་དཔོན་བཟང་སྐྱོང་ལ་སོགས་པ་རིན་པོ་ཆེ་རྟོག་དཔྱོད་ལ་མཁས་པ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར། ཨ་བྷྱ་ཀ་ར་མན་ངག་རྟོག་དཔྱོད་ལ་མཁས་པས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཀྱི་མན་ངག་འདི་རྙེད་པའོ། །རྒྱན་པའི་དཔལ་ལྡན་འཇིགས་མེད་མཆོག །ཅེས་སྨོས་ཏེ། དེ་ལ་རྒྱན་པ་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པ་རྙེད་པར་བྱེད་པའི་ལྷན་ཅིག་སྐྱེས་པའི་རིན་པོ་ཆེ་ཐུགས་སུ་ཆུད་པའོ། །དཔལ་ལྡན་ཞེས་པ་ནི་ཡོན་ཏན་དེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པའོ། །འཇིགས་མེད་ཅེས་པ་ནི་ཨ་བྷྱ་ཀ་རའི་རབ་ཏུ་བྱུང་བའི་མཚན་ཉིད་ཡིན་ཏེ། འཇིགས་མེད་འབྱུང་གནས་སྦས་པ་ཞེས་གསུངས་སོ། །མཆོག་ཅེས་པ་ནི་བདག་གིས་སྒྲུབ་ཐབས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ལྷན་ཅིག་སྐྱེས་པའི་མན་ངག་འདི། ཕྱི་རབས་ཀྱི་གང་ཟག་རྣམས་ཀྱི་ཆེད་དུ་གཞུང་དུ་བཀོད་པ་ཡིན་གསུངས་སོ། །དེ་རྣམས་ཀྱིས་གདམས་པའི་ཆེ་བ་བསྟན་པའོ། །གཉིས་པ་གཞུང་གི་དོན་ལ་བཞི་སྟེ། མན་ངག་ཉམས་སུ་བླང་བའི་རིམ་པ་བསྟན་པ་དང༌། མན་ངག་ཇི་ལྟར་བརྩམས་པའི་ཚུལ་བསྟན་པ་དང༌། བཟླས་པ་བྱ་བ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཉམས་སུ་བླང་བའི་རིམ་པ་དངོས་དང༌། ཞར་ལ་བྱུང་བའོ། །དང་པོ་ལ་གསུམ་སྟེ། རབ་ཀྱི་ཐ་མས་ཉམས་སུ་བླང་བ་དང༌། རབ་ཀྱི་འབྲིང་གིས་ཉམས་སུ་བླང་བ་དང༌། རབ་ཀྱི་རབ་ཀྱིས་ཉམས་སུ་བླང་བའོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོ་ཚོགས་གསོག་པ་དང༌། དངོས་གཞིའོ། །དང་པོ་ཚོགས་གསོག་པ་ལ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །དང་པོ་བསོད་ནམས་ཀྱི་ཚོགས་ནི་འདིར་སྙིང་རྗེ་ཆེན་པོ་ལ་ཞེས་སྨོས་ཏེ། དེ་ཡང་གང་ཟག་དབང་པོ་རབ་ཐ་མས། བཅོམ་ལྡན་འདས་བདེ་མཆོག་ལྷན་ཅིག་བསྒྲུབ་པར་འདོད་པས། རྩི་ཤིང་ནགས་ཚལ་ལ་སོགས་པ་ཕུན་སུམ་ཚོགས་པ། མེ་ཏོག་དང་འབྲས་བུས་བརྒྱན་པའི་གནས་ཡིད་དུ་འོང་བའམ། ཡང་ན་དུར་ཁྲོད་དམ། རི་རྩེའམ། ཤིང་དྲུང་ངམ། རི་ཕུག་གམ། ལྷ་ཁང་སྟོང་པ་ལ་སོགས་པ་འཇིགས་སུ་རུང་བའི་གནས་དེར། མི་མ་ཡིན་གྱིས་བར་ཆད་འབྱུང་གི་དོགས་པས། བརྩོན་འགྲུས་བརྩམས་པའི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། བདུད་རྩིའི་རིལ་བུ་ཁར་བཅུག་སྟེ། ཐོག་མར་བསོད་ནམས་ཀྱི་ཚོགས་བསགས་པ་གལ་ཆེ། བསོད་ནམས་མ་བསགས་པ་ལ་ནི་ཡོན་ཏན་ཅི་ཡང་མི་འབྱུང༌། འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ན། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་ཡང་རྒྱུ་བསོད་ནམས་བསགས་པའི་འབྲས་བུ་ཡིན། འཇིག་རྟེན་པའི་དབང་དུ་བྱས་ན། ཚངས་པ་དང༌། བརྒྱ་བྱིན་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་ཡང་བསོད་ནམས་བསགས་པའི་འབྲས་བུ་ཡིན། དེས་ན་བདེ་ལེགས་དང༌། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ནི་ཚོགས་གསོག་ཁོ་ན་གལ་ཆེ་བ་ཡིན་གསུངས་སོ། །རྒྱལ་བུ་བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པའི་མདོ་ལས། བསོད་ནམས་བསགས་པ་བདེ་བ་སྟེ། །དེ་ཕྱིར་མི་ཡིས་བསོད་ནམས་བསག །དེ་བས་ཡང་དང་ཡང་དུ་བསག །དེ་རིང་ཉིད་ནས་བསྟུན་ཏེ་བསྒྲུབ། །ཅེས་གསུངས་པ་དང༌། བླ་མ་དཔལ་ཆེན་པོའི་ཞལ་ནས་ཀྱང༌། བདེ་བ་སྐྱིད་པ། སྐྱིད་ཡུན་རིང་བ། སྐྱིད་བར་མི་འཆད་པ། སྐྱིད་མོ་ལ་མི་གནོད་པ། ཕུན་སུམ་ཚོགས་པ་དེ། ཆོས་བྱས་ན་འོང་བ་ཡིན། ཅེས་གསུངས་པ་དང༌། བླ་མ་ཞང་གི་ཞལ་ནས་ཀྱང༌། ཆོས་སོགས་སྒྲིབ་པ་སྦྱོང་བ་འདི། །སྤྲང་པོ་ངའི་སྙིང་གཏམ་ཡིན། །ཞེས་གསུངས་པ་ལྟར། ཚོགས་གསོག་པའི་ཐབས་ལ་འབད་པར་བྱའོ། །ཚོགས་གསོག་པའི་ཐབས་ཀྱང་འདིར་སྙིང་རྗེ་ཆེན་པོ་ལས་ཞེས་སྨོས་ཏེ། དེ་མཚོན་པ་ཙམ་ཡིན། ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་རྣམས་སྒྲུབ་པ་ཅི་བྱེད་ཀྱང༌། སྔོན་འགྲོ་བྱང་ཆུབ་ཀྱི་སེམས་འགྲོ་དགོས་པས། དེ་ཡང་ཚད་མེད་པ་བཞིས་རྒྱུད་མ་སྦྱང་ན། བྱང་ཆུབ་ཀྱི་སེམས་གཤའ་མ་མི་སྐྱེ་བ་ཡིན་པས། ཐོག་མར་ཚད་མེད་པ་བཞིས་རྒྱུད་སྦྱང་དགོས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་དང༌། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང༌། སངས་རྒྱས་ཀྱི་བར་དུ་བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་དང༌། སེམས་ཅན་ཐམས་ཅད་སྟོང་པ་ཉིད་དུ་མཉམ་པར་མོས་པ་ཉེ་རིང་མེད་པའི་བཏང་སྙོམས་ཏེ། དེ་ལྟར་ཚད་མེད་པ་བཞི་བསྒོམས་པའི་རྗེས་ལ། སེམས་ཅན་དེ་དག་ཐམས་ཅད་སྲིད་པའི་སྡུག་བསྔལ་དང་བྲལ་བར་བྱ་བའི་ཆེད་དུ། ཚེ་འདི་ཉིད་ལ་རྫོགས་པའི་སངས་རྒྱས་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལྷན་ཅིག་སྐྱེས་པའི་སྐུ་བསྒོམ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་སོ། །བླ་མ་རིན་པོ་ཆེའི་ཞལ་ནས་སྤྲོས་པ་ལ་དགའ་ན། སྐབས་འདིར་ཡན་ལག་བདུན་པ་དང༌། སྐྱབས་སུ་འགྲོ་བ་སེམས་བསྐྱེད་པ་ལ་སོགས་པ་བྱས་ཀྱང་ལེགས་གསུངས། གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། ཨོཾ་སྭ་བྷཱ་ཝ་ཞེས་པ་ནས། སྟོང་པ་ཉིད་དུ་བྱས་ལ་ཞེས་པའི་བར་དུ་སྨོས་ཏེ། དེ་ཡང་ཆོས་ཐམས་ཅད་གདོད་ནས་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་གནས་ལུགས་དེའི་ངང་ལ་སེམས་མ་བཅོས་པར་ལྷུག་པར་བཞག་ཅེས་པའི་དོན་ཡིན་ཏེ། དེ་ཉིད་རྒྱས་པར་འཆད་ན། ཨོཾ་ཞེས་པ་ནི་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་སངས་རྒྱས་རྣམས་སོ། །སྭ་བྷཱ་ཝ་ཤུདྡྷ་ཞེས་པ་ནི། རང་བཞིན་གྱིས་རྣམ་པར་དག་པའི་ཞེས་པའི་དོན་ནོ། །ཅི་དག་པ་ཡིན་ཞེ་ན། སརྦ་དྷརྨ་ཞེས་སྨོས་ཏེ། ཆོས་ཐམས་ཅད་ཅེས་གསུངས་སོ། །སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པ་ནི་བདག་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་ཞེས་པའི་དོན་ནོ། །ཞེས་བྱ་བའི་དོན་མངོན་དུ་བྱས་ལ་ཞེས་པ་ནི། སྔགས་བརྗོད་པ་ཙམ་གྱིས་དེའི་དོན་ཡིད་ལ་དྲན་པར་བྱ་དགོས་ཏེ། ཆོས་ཐམས་ཅད་གདོད་ནས་སྤྲོས་པ་ཐམས་ཅད་དབེན་པ། མཚན་མའི་ཡུལ་ལས་འདས་པ། མ་བཅོས་པ་འོད་གསལ་བ། འདུས་མ་བྱས་པ་སྐྱེ་འགགས་ཐམས་ཅད་དང་བྲལ་ཞིང༌། རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཞེས་མངོན་དུ་བྱའོ། །དེ་ཉིད་ལག་ཏུ་ལོན་ན་འདི་ལྟར་བྱ་སྟེ། སེམས་ཀྱིས་སེམས་ལ་དམིགས་ནས་ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་ཡིན་ཏེ། སེམས་ཉིད་ཁ་དོག་ཏུ་མ་གྲུབ། ཅིའི་ངོ་བོར་ཡང་མ་གྲུབ་ཅིང༌། ངོས་བཟུང་ཐམས་ཅད་དང་བྲལ་བ་གསལ་ལ་གོ་མ་འགགས་པ། ཀུན་ལ་ཁྱབ་པའི་རང་བཞིན་ཉིད་ཡིན་སྙམ་པའི་དོན་དྲན་པར་བྱའོ། །ཐ་མལ་པའི་ལུས་ཀྱང་སྟོང་པ་ཉིད་དུ་བྱས་ལ་ཞེས་པ་ནི། དེ་མཚོན་པ་ཙམ་ཡིན་ཏེ། དེ་ལྟར་བསམ་པའི་རྗེས་དེ་ནས་ཐ་མལ་པའི་ལུས་ལ་སོགས་པ་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནམ་མཁའ་ལས་སྤྲིན་ལྡང་བའམ། འཇའ་ཚོན་ཡལ་བ་བཞིན་དུ་སྟོང་པ་ཉིད་དུ་ཕྱམ་གྱིས་བཏང་ལ་ཅིར་ཡང་མི་བསམ། ཅིར་ཡང་མི་རྟོག གང་ཡང་ཡིད་ལ་མི་བྱེད་གྱི། མི་རྟོག་པའི་ངང་ལ་སེམས་མ་བཅོས་པར་ལྷུག་པར་ནུས་ཚད་ཀྱིས་འཇོག་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་ཞེས་བྱ་སྟེ། དེའི་རྒྱུ་མཚན་ཡང་འདུས་བྱས་ཀྱི་དགེ་བའི་རྩ་བ་བསོད་ནམས་ཀྱི་ཚོགས་ལ་ཞེན་ན་ཡང་ལམ་གོལ་བ་ཡིན། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ལ་ཞེན་ན་ཡང་གོལ་བ་ཡིན། ཆགས་ཤིང་ཞེན་པ་སྤང་བའི་ཆེད་དང༌། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་རྒྱུ་ཡང་འདི་ཁོ་ན་ཡིན་པས་གལ་ཆེ་བ་ཡིན་གསུངས་སོ། །བླ་མ་ཏཻ་ལོ་པའི་ཞལ་ནས་ཀྱང༌། ཆགས་ཤིང་ཞེན་པའི་རྣལ་འབྱོར་པ། །སྦྲང་མ་རྩི་ལ་འབྱར་བ་བཞིན། །ཞེན་པ་ཐོངས་ཤིག་ནཱ་རོ་པ། །ཞེས་གསུངས་པ་དང༌། རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས་ཀྱང༌། སངས་རྒྱས་ཐོབ་པར་བྱེད་པའི་ལམ་ཉེ་བ་སྟེ། སེམས་མ་བཅོས་པར་འཇོག་པ་འདི་ཁོ་ན་ཡིན་པ་ལ། གཞན་ཡིད་ཆེས་སུ་མ་ཉན་ཞེས་གསུངས་སོ། །དེས་ན་ཡེ་ཤེས་ཀྱི་ཚོགས་བསགས་པ་འདི་ཉིད་རྫོགས་པ་ཆེན་པོ་ཞེས་སམ། ཕྱག་རྒྱ་ཆེན་པོ་ཞེས་སམ། ལྟ་བ་མཐར་ཐུག་ཅེས་ཀྱང་བྱའོ། །དེ་རྣམས་ཀྱིས་ཡེ་ཤེས་ཀྱི་ཚོགས་བསགས་པ་བསྟན་ནོ། །གཉིས་པ་དངོས་གཞིའམ་ཉམས་སུ་ལེན་པ་ནི། སྐད་ཅིག་གིས་ཞེས་པ་ནས་སྨོས་ཏེ་དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་འབྲས་བུ་སངས་རྒྱས་འབྱུང་བ་ནི་ཤེས་བྱའི་གནས་ལུགས་སམ་ཆོས་ཉིད་ཡིན་པས། དེ་བཞིན་དུ་སྔོན་འགྲོ་ཚོགས་གཉིས་བསགས་པ། དངོས་གཞིའི་དུས་སུ་རྫོགས་པའི་སངས་རྒྱས་འབྱུང་བ་ལ་སློབ་པའི་ཚུལ་ཞེས་བྱ་སྟེ། དེ་ཡང་སྟོང་པ་ཉིད་ཀྱི་ངང་ལས་ཞེས་པ་ནི། དེ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལས་འབྱུང༌། གནས་ཀྱང་སྟོང་པ་ཉིད་ཀྱི་ངང་ལ་གནས། ཐིམ་ཡང་སྟོང་པ་ཉིད་ཀྱི་ངང་ལ་ཐིམ་པ་བཞིན་དུ་གཞན་དོན་གཟུགས་སྐུ་རྣམ་པ་གཉིས་ཀྱང་ཆོས་ཀྱི་སྐུ་ལས་མ་གཡོས་པའི་ངང་ལས་འབྱུང་བས་ན་སྟོང་པ་ཉིད་ཀྱི་ངང་ལ་ཞེས་པའི་དོན་ནོ། །སྐད་ཅིག་གིས་ཞེས་པའི་དོན་ནི་སྟོང་པ་ཉིད་དེའི་ངང་ལས་ས་བོན་ཡི་གེ་ལས་རིམ་པ་བཞིན་དུ་མི་བསྐྱེད་ཅིང༌། སྐུ་རྫོགས་པ་ཆེན་པོ་དེ་ཀྲོང་གིས་དུས་གཅིག་ལ་བསྐྱེད་པས་ན་སྐད་ཅིག་ཅེས་པའོ། །སྣ་ཚོགས་པདྨ་དང་ཞེས་པ་ནི་འཁོར་བའི་སྐྱོན་གྱིས་མ་གོས་པ་མཚོན་པའི་བརྡ་པདྨའི་གདན་ནོ། །ཉི་མ་ལ་ཞེས་པ་ནི། འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་བྱེད་པའི་བརྡ་པདྨའི་ལྟེ་བ་ཉི་མས་བརྒྱན་པའོ། །དེའི་སྟེང་དུ་ཞེས་པ་ནི། པདྨ་དང་ཉི་མའི་གདན་ལ་དཔལ་ལྷན་ཅིག་སྐྱེས་པ་ཡབ་ཡུམ་བསྒོམ་པར་བྱ་ཞེས་པའི་དོན་ནོ། །དེ་རང་ཇི་ལྟ་བུ་གཅིག་ཅེ་ན། དེ་ཡང་དཔལ་ཧེ་རུ་ཀ་ཞབས་གཡས་བརྐྱང་བ་ནི་ཤེས་པས་སྲིད་ལ་མི་གནས་པའི་བརྡའོ། །གཡོན་བསྐུམ་པ་ནི། སྙིང་རྗེས་ཞི་ལ་མི་གནས་པའི་བརྡའོ། །འཇིགས་བྱེད་དང་དུས་མཚན་མནན་པ་ནི། རྟག་ཆད་ཀྱི་མཐའ་ལས་གྲོལ་བའི་བརྡའོ། །རྡོ་རྗེ་དྲིལ་བུ་བསྣམས་པ་ནི་སྟོང་པ་དང་སྙིང་རྗེ་རོ་གཅིག་པའི་བརྡའོ། །ཕྱག་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ་འཁྱུད་པ་ནི་ཐབས་དང་ཤེས་རབ་ཕན་ཚུན་མི་སྤོང་བའི་བརྡའོ། །སྐུ་མདོག་སྔོ་སྐྱ་ཞེས་པ་ནི་ཆོས་ཀྱི་དབྱིངས་ལ་འགྱུར་བ་མེད་པའི་བརྡའོ། །ནིར་ཏི་ཀ་ར་གསར་པ་ལྟར་ཞེས་པ་ནི་སྐུ་མདོག་གི་དཔེ་ཡིན་ཏེ། ཟར་མའི་མེ་ཏོག་གསར་པ་ལྟར་མདོག་སྔོ་ལ་སྐྱ་བ་དེའི་ནང་ན་ཅུང་ཟད་ཅིག་དམར་ལ་མདངས་དང་བཅས་པ་ལྟ་བུ་ཡིན་ནོ། ཞེས་གསུངས་སོ། །གར་གྱི་ཉམས་ཞེས་པ་ནི་ཞི་གནས་དང་ལྷག་མཐོང་རོ་གཅིག་ཏུ་གྱུར་པའི་བརྡའོ། །གར་གྱི་ཉམས་དགུ་དང་ལྡན་པ་ཞེས་པ་ནི། དེ་ཡང་བླ་མ་རིན་པོ་ཆེའི་ཞལ་ནས། སྒེག་དང་དཔའ་དང་འཇིགས་སུ་རུང༌། །རྒོད་དང་དྲག་པོ་འཇིགས་བྱེད་དང༌། །སྙིང་རྗེ་ངོ་མཚར་ཞི་བ་ནི། །གར་གྱི་ཉམས་དགུ་ཡིད་པར་བཤད། །ཅེས་གསུངས་སོ། །དེ་ལ་སྒེག་པའི་སྤྱོད་པ་ནི། དམ་ཚིག་གི་ཕྱག་རྒྱ་དགུ་པོ་རྣམས་དང་ལྷན་ཅིག་ཏུ་དབུས་ཀྱི་གཙོ་བོར་གྱུར་པ་དེ་ལུས་དང་ངག་དང་ཡིད་ཀྱིས་བརྡ་བསྟན་པའི་སྒོ་ནས་འཁྱུད་པ་དང༌། འོ་བྱེད་པ་དང༌། འཇིབས་པ་དང༌། སོ་འདེབས་པ་དང༌། སེན་མོ་འདེབས་པ་ལ་སོགས་པ་ལྷན་ཅིག་ཏུ་བདེ་བ་ཆེན་པོ་ལ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་དོ། །དཔའ་བའི་སྤྱོད་པ་ནི། མཚན་མོ་རོ་ལངས་སྒྲུབ་པ་དང༌། འབྱུང་པོ་དབང་དུ་བྱ་བ་ལ་སེམས་ཞུམ་པ་མེད་ཅིང་དཔའ་བའི་སྤྱོད་པ་དང་ལྡན་པའོ། །འཇིགས་སུ་རུང་བའི་སྤྱོད་པ་ནི་གྷོ་ཀུ་ད་ཧ་ན་ཟ་བའི་མཚན་ཉིད་དེ། བཙོག་པའི་སེམས་དང༌། འཇིགས་པ་སྐྱེ་བའི་སེམས་མེད་པ་ཡིན་ནོ། །དགོད་པའི་སྤྱོད་པ་ནི་རོ་ལངས་སྒྲུབ་པའི་དུས་སུ་གད་རྒྱང་དང་ལྟ་སྟངས་ལ་སོགས་པ་སྤྱོད་པ་སྣ་ཚོགས་པ་དང་ལྡན་པའོ། །དྲག་པོའི་སྤྱོད་པ་ནི་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་ཁྲོ་བོའི་དཀྱིལ་འཁོར་སྤྲོས་ནས། མ་རུངས་པ་ཐམས་ཅད་ཚར་གཅོད་པའོ། །འཇིགས་པར་བྱེད་པའི་སྤྱོད་པ་ནི། ཁྲོ་བོའི་གཟུགས་ཉིད་ཀྱིས་མ་རུངས་པ་ཐམས་ཅད་ལ་སྡིགས་པ་དང༌། སྐྲག་པར་བྱེད་པ་དང༌། སྙིང་རྗེའི་སྤྱོད་པ་ནི། སེམས་ཅན་མི་སྤོང་ཞིང་ཐབས་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པའོ། །ངོ་མཚར་གྱི་སྤྱོད་པ་ནི་ཞི་རྒྱས་ལ་སོགས་པའི་སྒོ་ནས་སྐུ་སྣ་ཚོགས་སྤྲུལ་ནས་ཇི་སྲིད་འཁོར་བ་མ་སྟོང་བར་དུ་ཕྲིན་ལས་སྣ་ཚོགས་བྱེད་པའོ། །ཞི་བའི་སྤྱོད་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་རྒྱུན་མི་འཆད་པར་དེ་ཡི་ངང་ལ་གནས་པའོ། །རལ་པ་ནག་པོའི་ཐོར་ཚུག་གི་ཞེས་པ་ནི། སེམས་ཅན་གྱི་དོན་དུ་དགེ་བའི་རྩ་བ་རྒྱ་ཆེན་པོ་དཔག་དུ་མེད་པ་བསགས་ནས་ཚོགས་རྫོགས་པའི་བརྡའོ། །རྩེ་མོར་ནོར་བུ་དང་ཞེས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་བརྡའོ། །སྣ་ཚོགས་རྡོ་རྗེའི་གདན་ལ་ཞེས་པ་ནི། གང་གིས་ཀྱང་བསྐྱོད་པར་མི་ནུས་ཤིང་རི་རབ་ལྟར་བརྟན་པར་གནས་པའི་བརྡའོ། །ཐུབ་པ་མི་བསྐྱོད་པ་རོལ་པར་བཞུགས་པ་ཞེས་པ་ནི། རིགས་ཀྱི་བདག་པོ་ངོ་ཤེས་པར་བྱེད་པའི་བརྡའོ། །དེའི་འོག་ཏུ་གཡོན་ཕྱོགས་ཀྱི་ཆར་ཞེས་པ་ནི་ཤེས་རབ་གཙོ་བོར་བསྟན་པའི་བརྡའོ། །འོད་ཟེར་དཀར་པོ་ཅན་གྱི་ཟླ་ཚེས་དང་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་བརྡའོ། །སྣ་ཚོགས་རྡོ་རྗེས་བརྒྱན་པའོ་ཞེས་པ་ནི། ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་པའི་བརྡའོ། །དཔྲལ་བའི་མཚམས་སུ་ཐོད་པ་ལྔས་བརྒྱན་ཞེས་པ་ནི། སངས་རྒྱས་ལྔ་ཡི་རང་བཞིན་གྱི་བདག་ཉིད་ཡིན་ནོ་ཞེས་པའི་བརྡའོ། །ཕྱག་རྒྱ་དྲུག་དང་ལྡན་པ་ཞེས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའི་བརྡའོ། །དེ་ཡང་གཙུག་གི་ནོར་བུ་ནི་སྦྱིན་པ་རྣམ་པར་དག་པའོ། །རྣ་རྒྱན་བཟོད་པ་རྣམ་པར་དག་པའོ། །མགུལ་རྒྱན་ཚུལ་ཁྲིམས་རྣམ་པར་དག་པའོ། །ལག་གདུབ་བརྩོན་འགྲུས་རྣམ་པར་དག་པའོ། །སྐ་རགས་བསམ་གཏན་རྣམ་པར་དག་པའོ། །ཐལ་ཆེན་ཤེས་རབ་རྣམ་པར་དག་པའོ། །མི་མགོ་ལྔ་བཅུས་སྐུ་ལ་བརྒྱན་པ་ཞེས་པ་འདུ་བྱེད་རྣམ་པར་དག་པའི་བརྡའོ། །ཞལ་གཅིག་ཞེས་པ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པར་རོ་གཅིག་པའི་བརྡའོ། །སྤྱན་གསུམ་པ་ཞེས་པ་ནི་འདས་མ་འོངས་ད་ལྟ་དུས་གསུམ་མཁྱེན་པའི་བརྡའོ། །དགའ་བ་འཛིན་པ་ཞེས་པ་ནི་བཅུད་ཡུམ་ལ་མི་གཏོང་ཞིང་བདེ་བ་ཆེན་པོའི་རང་བཞིན་དང་རྒྱུན་དུ་མི་འབྲལ་བའི་བརྡའོ། །སྦྲང་རྩི་འཐུང་བའི་རོ་ཅན་ནི་ཞེས་པ་ནི་ཡུམ་གྱི་དགའ་བ་འདྲེན་པ་ཉམས་སུ་མྱོང་བའོ། །དེའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ་ཅན་ནོ་ཞེས་པ་ནི། དེ་ལྟ་བུ་སྐུ་མདོག་ཞལ་ཕྱག་གི་རྣམ་པ་ཅན་གྱི་དཔལ་ཧེ་རུ་ཀའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཧཱུྃ་སྔོན་པོ་གཅིག་བསམ་པར་བྱའོ། །ཞེས་པའི་དོན་ནོ། །རྡོ་རྗེ་ཕག་མོ་ཞེས་པ་ནི་རྡོ་རྗེ་ནི་ཐབས་ཕག་ནི་ཤེས་རབ་སྟེ། མོ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་བརྡའོ། །ཕྱག་གཉིས་ན་ཞེས་པ་ནི་བདེན་པ་གཉིས་མཚོན་པའི་བརྡའོ། །རྡོ་རྗེ་ཞེས་པ་ནི་ཕྱག་གཡས་རྡོ་རྗེ་དང་གྲི་གུག་བསྣམས་ཤིང་སྡིགས་མཛུབ་མཛད་པ་དེ་དག་བདུད་དཔུང་ཐམས་ཅད་ཚར་གཅོད་པ་དང་སྐྲག་པར་བྱེད་པའི་བརྡའོ། །ཆུ་སྐྱེས་ཀྱི་སྣོད་བསྣམས་པ་ཞེས་པ་ནི་ཕྱག་གཡོན་པ་ན་ཁྲག་གིས་བཀང་བའི་ཐོད་པ་བཟུང་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ་དེ་ཡེ་ཤེས་བདུད་རྩི་ལ་ལོངས་སྤྱོད་ཅིང་ཐབས་ལ་སྤྲོ་བའི་བརྡའོ། །དབུ་ལ་ཐོད་པ་ལྔས་བརྒྱན་པ་ཞེས་པ་ནི། སངས་རྒྱས་ལྔ་ཡི་བདག་ཉིད་དམ་རང་བཞིན་ཉིད་ཡིན་པའི་བརྡའོ། །མགུལ་པར་ཐོད་པ་སྐམ་པོའི་ཕྲེང་བ་འཕྱང་བ་ནི། འདུ་བྱེད་རྣམ་པར་དག་པའམ་བདུད་ཀྱི་རིགས་ཐམས་ཅད་ཚར་གཅོད་པའི་བརྡའོ། །ཕྱག་རྒྱ་ལྔ་དང་ལྡན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་དག་པའི་བརྡའོ། །དབུ་སྐྲ་ནག་པོའི་ཚོགས་གྲོལ་བ་ནི། ཆོས་ཐམས་ཅད་གདོད་ནས་མ་བཅིངས་པ་དང་མ་གྲོལ་བའི་བརྡའོ། །སྤྱན་གསུམ་པ་ཞེས་པ་ནི། དུས་གསུམ་མཁྱེན་པའི་བརྡའོ། །མེ་ཏོག་བིན་དྷུ་རི་ཀའི་མདོག་དང་ལྡན་ཞེས་པ་ནི། ཤིན་ཏུ་དམར་ལ་སེར་ཆགས་པའི་མདངས་དང་ལྡན་པ་ཡིན་ཏེ། སེམས་ཅན་ཐམས་ཅད་མི་སྤོང་ཞིང་དབང་དུ་འདུས་པའི་བརྡའོ། །ཡབ་ལ་འཁྱུད་ཅིང་ཞེས་པ་ནི། ཐབས་དང་ཤེས་རབ་གདོད་མ་ནས་གཉིས་སུ་མེད་པའི་རང་བཞིན་ནོ་ཞེས་པའི་བརྡའོ། །དེའི་མཚོ་སྐྱེས་དང་གཉིས་སུ་མེད་པར་སྦྱོར་བ་ལས་དགྱེས་པར་འགྱུར་བ་ཞེས་པ་ནི། ཡུམ་རྡོ་རྗེ་ཕག་མོའི་པདྨ་དང་ཡབ་ཀྱི་རྡོ་རྗེ་དང་གཉིས་སུ་མེད་པར་སྦྱོར་བ་ལ་རྟག་ཏུ་དགའ་ཞིང་ཐམས་ཅད་བདེ་སྟོང་གི་རང་བཞིན་ཡིན་ཞེས་པའི་བརྡའོ། །དེ་ལྟ་བུའི་བདེ་བ་མཆོག་གི་བདག་ཉིད་སྟོང་པ་ཉིད་དང་རོ་གཅིག་པ་ཞེས་པ་ནི། གོང་དུ་བསྟན་པའི་ཞལ་ཕྱག་གི་རྣམ་པ་ཅན་གྱི་བདག་ཉིད་ཧེ་རུ་ཀ་དེ་སྟོང་པ་ཉིད་ཡུམ་རྡོ་རྗེ་ཕག་མོ་དང་ཕྱག་ཞལ་སྦྱོར་གྱི་རྣམ་པ་ཅན་གྱི་སྐུ་དེ་ལ་སེམས་གཏད་ལ་ཇི་སྲིད་ནུས་ཚད་ཀྱིས་བསྒོམ་པར་བྱའོ་ཞེས་པའི་དོན་ནོ། །དེ་ལ་སྐྱོ་ན་འོད་ཟེར་སྤྲོ་བསྡུ་ལ་དམིགས་པར་བྱ་ཞེས་གསུངས་ཏེ། དེ་ལ་རྒྱུན་མི་འཆད་པ་སྤྲུལ་པའི་སྐུ་མཐའ་ཡས་པར་སྤྲོས་པ་ནམ་མཁའི་མཐའ་ཀླས་པ་ན་གནས་པའི་གཞན་གྱི་དོན་མཐའ་དག་སྤྲུལ་ཞེས་སྨོས་ཏེ། དེ་ཡང་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ལ་སློབ་པ་ཞེས་བྱ་སྟེ། གོང་དུ་བསྟན་པའི་ལོངས་སྤྱོད་རྫོགས་སྐུ་དེ་ལ་དམིགས་པ་ལ་སྐྱོ་བའི་ཚེ། སྙིང་ཁའི་ཡི་གེ་ཧཱུྃ་གིས་འོད་ཟེར་ལས་སྤྲུལ་པའི་སྐུ་བདེ་མཆོག་དཔག་ཏུ་མེད་པ་སྤྲུལ་ཏེ། ནམ་མཁའི་མཐའ་ཀླས་པ་ཁྱབ་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་དབང་བསྐུར་སྒྲིབ་པ་སྦྱང་ཚོགས་རྫོགས་པར་བྱས་ནས། སླར་རང་ལ་བསྡུ་ཞིང་བསྒོམ་པར་བྱའོ། །དེ་ལ་ཡང་སྐྱོ་ཞིང་བཟླས་པ་བྱེད་འདོད་ན། འོག་ནས་འབྱུང་བ་བཞིན་དུ་བཟླས་པ་ཐུན་བཞིར་བྱས་ལ། དེ་ནས་རྗེས་ཀྱི་བྱ་བ་ནི། གཞུང་ནས་བཤད་པ་མེད་དེ། བླ་མ་རིན་པོ་ཆེའི་ཞལ་ནས། ལག་ལེན་ལ་འདི་རྣམས་ཁ་སྐོང་བར་བྱ་དགོས་ཏེ། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ལ། ཐུན་མཚམས་སུ་རང་གི་སྙིང་གའི་ཧཱུྃ་ལ་ཡུམ་བསྡུས་ལ། རྒྱན་དང་ཕྱག་མཚན་ཡང་རང་ལ་བསྡུས་ཏེ། རང་ཧེ་རུ་ཀ་རྒྱན་མེད་པའི་ང་རྒྱལ་གྱིས་ལུས་ངག་ཡིད་གསུམ་གྱིས་སྤྱོད་ལམ་ཅི་དང་ཅི་སྤྱོད་པ་ཐམས་ཅད་ཕྱག་རྒྱ་དང༌། དཀྱིལ་འཁོར་དང༌། སྔགས་དང༌། མི་རྟོག་པའི་ཏིང་ངེ་འཛིན་དུ་བསྒྱུར་ཏེ། ཅི་དང་ཅི་མྱོང་བ་ཐམས་ཅད་བདེ་མཆོག་གི་རང་བཞིན་དུ་མོས་པར་བྱ་བ་དང༌། རང་གིས་བརྗོད་པ་དང་ཅི་ཐོས་པ་ཐམས་ཅད་སྔགས་ཀྱི་རང་བཞིན་གྲགས་པར་བསམ་པ་དང༌། རང་ཉིད་བཟའ་བཏུང་དང༌། གོན་པ་དང༌། ཁྲུས་དང༌། སྐུ་མཉེ་ལ་སོགས་པའི་དུས་སུ་ལྷ་ལ་བསྙེན་བཀུར་བྱེད་པར་མོས་ཤིང་ལྷའི་ང་རྒྱལ་དང་མི་འབྲལ་བས་ཅི་དང་ཅི་སྣང་བ་ཐམས་ཅད་བདེ་མཆོག་གི་རང་བཞིན་སྒྱུ་མ་རྨི་ལམ་ལྟ་བུའི་བློས་ཟིན་པར་བྱའོ། །དེ་ལྟར་བྱས་སྟོབས་ཀྱིས་ལུས་ངག་ཡིད་གསུམ་གྱི་འཇུག་པ་ཐམས་ཅད་སྔགས་དང་ཕྱག་རྒྱ་ལ་སོགས་པར་བསྒྱུར་ནུས་པ་ཡིན་ནོ་གསུངས། འདི་ནི་རབ་ཀྱི་བསྐྱེད་པའི་རིམ་པའོ། །ཞེས་པ་ནི་དེ་ལྟར་བྱས། གོང་དུ་བསྟན་པའི་ལག་ལེན་གྱི་རིམ་པ་ནི། དེ་རྣམས་གང་ཟག་དབང་པོ་རབ་ཀྱི་ཐ་མ་སྐུ་ལ་དམིགས་པའི་ལམ་ཡིན་ཞེས་མཇུག་བསྡུ་བའི་ཚིག་གོ །འདི་ནི་རྫོགས་རིམ་ཡིན་མོད་ཀྱི། འབད་རྩོལ་ལ་སོགས་པ་ལ་ལྟོས་པ་དང༌། འོད་ཟེར་ལ་ལྷའི་སྐུ་གསལ་བར་རིམ་གྱིས་བསྐྱེད་པ་ཙམ་ལ་དེ་སྐད་བྱའོ། །དེ་རྣམས་ཀྱིས་རབ་ཀྱི་ཐ་མས་ཉམས་སུ་བླང་བའི་རིམ་པ་བསྟན་པའོ། །གཉིས་པ་རབ་ཀྱི་འབྲིང་གིས་ཉམས་སུ་བླང་བའི་རིམ་པ་ནི། དེ་ལས་བསྟན་པ་དང་ཞེས་པ་ནས་སྟོན་ཏེ། དེ་ཡང་དབང་པོ་རབ་ཀྱི་འབྲིང་གིས་ཉམས་སུ་ལེན་པ་ནི། སྔོན་འགྲོ་ཚོགས་གསོག་པ་དང༌། དངོས་གཞི་ལམ་ཉམས་སུ་བླང་བ་དངོས་དང་གཉིས་ལས་སྔོན་འགྲོ་ཚོགས་གསོག་པ་ནི། གོང་དུ་བསྟན་པ་བཞིན་དུ་བྱ་སྟེ། དངོས་གཞི་ལ་ཉམས་སུ་ལེན་པ་དངོས་ནི། དེ་ལྟར་ཚོགས་གཉིས་བསགས་པའི་ངང་ལས། རང་ཉིད་སྐད་ཅིག་གིས་ཁམས་གསུམ་ཐམས་ཅད་ཀྱི་ངོ་བོ་ཉིད་སྒྱུ་མ་ལྟ་བུ་བཅོམ་ལྡན་འདས་བདེ་མཆོག་ཡབ་ཡུམ་གྱི་སྐུ་རྫོགས་པར་བསྐྱེད་ལ་དེ་ལ་སེམས་གཏད་ལ་བསྒོམ། དེ་ལ་སྐྱོ་བའི་དུས་སུ་འོད་གསལ་བསྒོམ་པར་བྱ་སྟེ། དེ་ལ་བརྟན་པ་དང་གཡོ་བའི་བདག་དང་འདྲ་བའི་བཅོམ་ལྡན་འདས་བདག་ལའོ་ཞེས་པ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་འོད་དུ་ཞུ་ནས་བཅུད་ཀྱི་སེམས་ཅན་ལ་བསྡུའོ། །བཅུད་གྱི་སེམས་ཅན་འོད་དུ་ཞུ་ནས་གདན་ལའོ། །དེ་ཡུམ་རྡོ་རྗེ་ཕག་མོ་ལ་བསྡུའོ། །དེ་ཉིད་སྙིང་རྗེ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་ཉིད་ལའོ། །ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་དེ་ཉིད་ཀྱང་འོད་དུ་ཞུ་ནས་སྙིང་རྗེ་ཆེན་པོའི་བདག་ཉིད་དཔལ་ཧེ་རུ་ཀ་ལ་བསྡུའོ། །དེ་གདན་ལའོ། །ཞེས་པ་ནི། དཔལ་ཧེ་རུ་ཀ་དེ་ཉིད་ཀྱང་ཡས་མར་ཞུ་བས་ཐུགས་ཀའི་ཧཱུྃ་གི་པདྨ་ལ་བསྡུའོ། །དེ་ཉི་མ་ལའོ། །ཞེས་པ་ནི་པདྨའི་གདན་དེ་ཉིད་ཀྱང་ཉི་མའི་དཀྱིལ་འཁོར་ལ་བསྡུའོ། །དེ་ཐུགས་ཀའི་ཧཱུྃ་གི་ཨུ་ལའོ། །དེ་དོན་ཡོད་གྲུབ་པའི་རང་བཞིན་ལ། །དེ་སྣང་བ་མཐའ་ཡས་ཀྱི་རང་བཞིན་ཧ་ལའོ། །དེ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་མགོ་བོ་ལའོ། །དེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཟླ་ཚེས་ལའོ། །དེ་མི་བསྐྱོད་པའི་རང་བཞིན་ཐིག་ལེ་དང་བཅས་པའི་ནཱ་ད་ལའོ། །ཞེས་པ་ནི་དེ་ཡང་ཡི་གེ་ཧཱུྃ་དེ་རིགས་ལྔའི་རང་བཞིན་ཡིན་ཏེ། ཞབས་ཀྱུ་ཨུ་དེ་དོན་ཡོད་གྲུབ་པའི་རང་བཞིན། ཁོག་པ་ཧ་དེ་སྣང་བ་མཐའ་ཡས་ཀྱི། ཡིག་མགོ་དེ་རིན་ཆེན་འབྱུང་ལྡན་གྱི། ཟླ་ཚེས་རྣམ་པར་སྣང་མཛད། ཐིག་ལེ་མི་བསྐྱོད་པའི་རང་བཞིན་ཡིན་ནོ། །དེའི་ལག་ལེན་ནི་ཉི་མའི་དཀྱིལ་འཁོར་ཞུ་ནས་ཧཱུྃ་གི་ཨུ་ལ། དེ་ཧ་ལ། དེ་མགོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་དང་བཅས་པའི་ནཱ་ད་ལའོ། །ནཱ་ད་དེ་ཉིད་ཀྱང་རིམ་གྱིས་ཕྲ་བར་གྱུར་ཏེ་ཐིམ་ནས་སྐྲ་ཡི་རྩེ་མོ་བརྒྱར་བཤགས་པའི་ཚད་ཙམ་ལ་དམིགས་པ་ཡུན་རིང་དུ་གཏད་ལ་བསྒོམ་པར་བྱའོ། །དམིགས་པ་དེ་ལ་སྐྱོ་ཞིང་ཤེས་པ་མི་གསལ་ན། དེ་ཡང་རིམ་གྱིས་ཕྲ་བར་གྱུར་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན་ཆོས་ཀྱི་སྐུ་སྟོང་པ་ཉིད་འོད་གསལ་བསམ་གྱིས་མི་ཁྱབ་པ་དེ་ལ་གཞུག་པར་བྱའོ། །ཞེས་པ་ནི་ནཱ་ད་དེ་ཡང་རིམ་གྱིས་ཕྲ་བར་གྱུར་ཏེ་རྡོ་རྗེ་ནི་སྟོང་པ། སེམས་དཔའ་ནི་བདེ་བ། དེ་ལྟ་བུ་ནི་བདེ་སྟོང་དབྱེར་མེད་པའི་རང་བཞིན་ཡིན་པའི་ངང་ལ་མ་བཅོས་པར་གློད་ནས་བཞག་པར་བྱའོ། །འདི་ཡི་རྗེས་སུ་གཞིག་པའི་རིམ་པས་མེ་ལོང་ལ་དབུགས་ཀྱིས་རླན་ཞི་བ་བཞིན་དུ། ས་བཅུའི་དབང་ཕྱུག་སྒྱུ་མའི་ལུས་ཞེས་པ་ནི་དེ་ལྟ་བུ་འོད་གསལ་བ་སྒོམ་པ་དེ་ཡང་རྗེས་སུ་གཞིག་པ་དང༌། རིལ་པོར་འཛིན་པ་གཉིས་ཡོད་པ་ལས། འདི་ནི་རྗེས་སུ་གཞིག་པའི་རིམ་པས་འོད་གསལ་ལ་གཞུག་པའི་ཚུལ་ཞེས་བྱ་སྟེ། དེ་ཡང་དཔེར་ན་མེ་ལོང་ལ་ཧས་བཏབ་པས་དབུགས་ཀྱི་རླན་དེ་མཐའ་ནས་བསྡུས་ཤིང་དཀྱིལ་ནས་ཇེ་ཕྲ་ལ་འགྲོ་བ་བཞིན་དུ། ཕྱི་སྣོད་ཀྱི་འཇིག་རྟེན་ནས་རིམ་གྱིས་ཞུ་ཞིང༌། ཐ་མ་ནཱ་ད་ལ་དམིགས་པ་གཏོད་པ་དེས་ས་བཅུའི་དབང་ཕྱུག་སྒྱུ་མའི་ལུས་ལ་བསླབ་པ་ཞེས་བྱ་བ་སྟེ། ས་བཅུའི་དབང་ཕྱུག་ལ་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡོད་པ་ལ་ཟག་པ་དང་བཅས་ཟེར་བ་ལྟར་འདིར་ཡང་ནཱ་ད་ཕྲ་བ་ལ་དམིགས་པ་གཏོད་པ་དེ། དངོས་པོར་འཛིན་པའི་འཛེར་པ་ཕྲ་མོ་ཡོད་པ་ཡིན་ནོ་གསུངས་སོ། །ས་བཅུ་གཅིག་པ་ལ་ཟག་པ་དང་བཅས་པའི་རྟེན་གནས་ཁྱད་པར་དུ་གྱུར་པའི་ངོ་བོ་འོད་གསལ་ལ་ཞུགས་པའི་ཚུལ་ཞེས་པ་ནི། དེ་ཡང་ས་བཅུའི་དབང་ཕྱུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས། ས་བཅུ་གཅིག་པ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་མཛད་ནས། ཟག་པ་དང་བཅས་པའི་རྟེན་གནས་གྱུར་པས་ཆོས་ཀྱི་སྐུ་འོད་གསལ་ཆེན་པོའི་ངང་ལ་བཞུགས་པ་བཞིན་དུ། རྣལ་འབྱོར་པས་ཀྱང་ནཱ་ད་ལ་དམིགས་པའི་རྟོག་པ་ཕྲ་མོ་དེ་ཉིད་ཀྱང་ཕྱམ་གྱིས་གློད་ནས་ཡོད་པ་དང༌། མེད་པར་འཛིན་པའི་བློའི་རྩོལ་བ་ཐམས་ཅད་དོར་ཏེ། མ་བཅོས་པའི་ངང་ལ་གནས་པ་ནི་ཟག་པ་དང་བཅས་པའི་རྟེན་གནས་གྱུར་པ་ཆོས་ཀྱི་སྐུ་འོད་གསལ་ཆེན་པོ་ལ་ཞུགས་པའི་ཚུལ་ལ་བསླབ་པ་ཞེས་བྱའོ། །དེ་ལ་ཇི་སྲིད་ནུས་ཚད་ཀྱིས་སེམས་གནས་པར་བྱ་ཞིང༌། འོད་གསལ་དེ་ལས་ཤེས་པ་གཡོ་ན། དེ་ལ་ལྟ་བ་ནི་འོད་གསལ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བ་ཤར་བ་ནི་ཟུང་འཇུག་དུ་བསྟན་པ་ཞེས་བྱའོ། །ཟུང་འཇུག་གི་སྐུ་དེའི་ཐུགས་ཀའི་ཧཱུྃ་ལས་བདེ་མཆོག་དཔག་ཏུ་མེད་པ་སྤྲོས་པས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མ་ལུས་པའི་དོན་བྱས་ནས། སླར་ཧཱུྃ་ལ་བསྡུ་ཞིང་སྤྲོ་བསྡུ་ཡང་དུ་བྱེད་པ་ནི་སྤྲུལ་པའི་སྐུའོ། །དེ་ལ་ཡང་སྐྱོ་ན་དེ་མ་ཐག་ཏུ་ཡང་བློ་ཡི་རྩོལ་བ་ཐམས་ཅད་དོར་ནས་འོད་གསལ་ཆོས་ཀྱི་སྐུར་གཞུག་ཅིང་བསྒོམ་པར་བྱའོ། །འབྲིང་གིས་ནི་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཅིག་ཆར་འོད་གསལ་དུ་གཞུག་པ་དང༌། ལྟ་བ་ཉིད་ལའོ་ཞེས་པ་ནི་རྣལ་འབྱོར་པས་འོད་གསལ་ཆོས་ཀྱི་སྐུ་ལ་གནས་པ་དང༌། དེ་ལས་ཟུང་འཇུག་གི་སྐུར་སྒོམ་པ་དང༌། སྤྲོ་བསྡུ་བྱེད་ཅིང་སེམས་ཅན་གྱི་དོན་མཛད་པ་ནི་ཆོས་ཀྱི་སྐུ་ལས་གཟུགས་སྐུ་རྣམ་པ་གཉིས་འབྱུང་བའི་ཚུལ་དུ་སློབ་པ་ཞེས་བྱ་སྟེ་དབང་པོ་འབྲིང་གི་ལམ། མཇུག་བསྡུ་བའི་ཚིག་ཡིན་གསུངས་སོ། །དེ་ལ་ཡང་སྐྱོ་ཞིང་བཟླས་པ་བྱེད་པར་འདོད་ན། ཡང་འོག་ནས་འབྱུང་བ་བཞིན་དུ་བྱས་ལ། རྗེས་ཐུན་མཚམས་ཀྱི་བྱ་བ་ནི་སྔ་མ་དང་འདྲའོ། །དེ་རྣམས་ཀྱིས་འབྲིང་གིས་ཉམས་སུ་བླང་བའི་ལམ་བསྟན་ཟིན་ནོ། །གསུམ་པ་རབ་ཀྱིས་ཉམས་སུ་བླང་བའི་རིམ་པ་ནི། དེ་ནས་བག་ཆགས་དང་བཅས་པའི་རྣམ་པར་རྟོག་པའི་དྲི་མ་མ་ལུས་པ་དྲུངས་ཕྱུང་ནས། སླར་ཡང་གདུལ་བྱ་སྐྱེ་བོ་ཡི་བསོད་ནམས་དང་རང་གི་སྨོན་ལམ་གྱི་ཤུགས་ལས་ཅིག་ཆར་དེ་ཁོ་ན་ཉིད་བདེ་མཆོག་གི་རང་བཞིན་སྤྲོས་པ་ཐམས་ཅད་སྟོང་པའི་ངོ་བོ་ཉིད་བདེ་བ་ཆེན་པོའི་རང་བཞིན། སྙིང་རྗེ་ཆེན་པོའི་ངོ་བོ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པ་ནི། དབང་པོ་ཡང་རབ་ཀྱི་གང་ཟག་གིས་ལམ་སྔོན་དུ་འགྲོ་བ་གོང་ལྟར་བྱས་ལ། དངོས་གཞི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འོད་གསལ་ཆོས་ཀྱི་སྐུ་མངོན་སུམ་དུ་མཛད་པས། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པ་དྲུངས་ནས་ཕྱུང་ཡང༌། དེའི་ངང་ལ་མི་གནས་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའི་དུས་ཀྱི་སེམས་ཅན་གྱི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་མཐུ་སྟོབས་དང༌། གདུལ་བྱ་སྐྱེ་བོ་བསོད་ནམས་བསགས་པ་རྣམས་ཀྱི་སྣང་བ་ལ་ཆོས་སྐུ་དེ་ཉིད་གཟུགས་ཀྱི་སྐུའི་སྣང་བ་ཤར་ནས་གདུལ་བྱ་རྣམས་ཀྱི་དོན་མཛད་པ་བཞིན་དུ། དབང་པོ་རབ་ཀྱི་ཡང་རབ་ཀྱི་རྟེན་གྱི་གང་ཟག་ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ་ཡི་རང་བཞིན་ཉིད་དུ་ཤེས་པར་བྱས་ལ། ཆོས་སྐུ་ཉིད་སྐད་ཅིག་གིས་ལོངས་སྤྱོད་རྫོགས་པའི་སྐུ། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། ནམ་མཁའི་འཇའ་ཚོན་ལྟ་བུ། ཆུ་ཟླ་ལྟ་བུ་སྣང་ལ་རང་བཞིན་མེད་པར་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་སྐུ་དེ་ཉམས་མྱོང་སྣང་བའི་ཆ་ཡང་མ་དོར། དེའི་རང་བཞིན་བདེན་པར་མི་འཛིན་པས་སྟོང་པའི་ཆ་ཡང་མ་དོར་བས། གཉིས་མེད་ཟུང་འཇུག་གི་སྐུ་དེ་ལ་དངོས་པོ་འདིའམ་ཞེས་པ་དམིགས་སུ་མེད་ཅིང༌། སྤྲོས་པ་དང་མཚན་མ་ཐམས་ཅད་ལས་འདས་པའི་སྐུར་ལངས་པ་འབའ་ཞིག་ལ་བསླབ་པར་བྱའོ། །དེ་ལ་སྐྱོ་བའི་དུས་སུ་ཐུགས་ཀའི་ཧཱུྃ་ལས་བདེ་མཆོག་དཔག་ཏུ་མེད་པ་སྤྲོས་པས། སེམས་ཅན་གྱི་དོན་བྱེད་པའི་སྤྲོ་བསྡུ་ལ་ཞེན་པ་མེད་པའི་ཚུལ་གྱིས་ཡང་དང་ཡང་དུ་བསླབ་པར་བྱའོ། །རབ་ཀྱིས་ཟུང་འཇུག་གི་བདག་ཉིད་ཀྱིས་ལངས་པ་ཁོ་ནའོ། །ཞེས་པའི་དོན་ནོ། །དབང་པོ་ཐ་མ་དང་རབ་གཉིས་ལྷའི་སྐུར་འདྲ་ཡང་ཁྱད་པར་ཤིན་ཏུ་ཆེ་སྟེ། དབང་པོ་ཐ་མའི་དམིགས་པ་ལ་ཟུང་འཇུག་གི་རྟོགས་པ་མེད་པ་ལྷའི་སྐུ་རྐྱང་པ་སྟེ། ཐབས་རྐྱང་པ། སྣང་བ་རྐྱང་པ། བདེ་བ་རྐྱང་པ། ཀུན་རྫོབ་རྐྱང་པ་དང༌། ཉམས་མྱོང་རྐྱང་པ་ཤས་ཆེ་བས་ལམ་གྱི་སྟེགས་ཙམ་དུ་འགྲོ་བས་སོ། །དབང་པོ་ཡང་རབ་ཀྱིས་ལམ་བསྐྱེད་རྫོགས་རིམ་གྱིས་སྒོམ་པ་མ་ཡིན། རྫོགས་རིམ་དེ་ཉིད་བསྐྱེད་རིམ་ཉིད་དུ་ཤར། བསྐྱེད་རིམ་དེ་ཉིད་རྫོགས་རིམ་ཉིད་དུ་ཤེས་པས་ཟུང་འཇུག་གི་སྐུར་ལྡང་བ་དེ་ཁོ་ན་དབང་པོ་ཡང་རབ་ཀྱི་ལམ་ཡིན་ཁྱད་ཤིན་ཏུ་ཆེ་བ་ཡིན་ནོ་གསུངས་སོ། །དེ་ལ་ཡང་སྐྱོ་ན་བཟླས་པ་བྱེད་པར་འདོད་ན་ཡང་མན་ངག་བཞིན་དུ་བྱས་ལ། རྗེས་ཐུན་མཚམས་ཀྱི་བྱ་བ་ལ་སོགས་པ་འདི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་རྣམས་ནི་དབང་པོ་ཡང་རབ་ཀྱིས་ཉམས་སུ་ལེན་པའི་རིམ་པ་ཡིན་ནོ། །གཉིས་པ་ཞར་ལ་བྱུང་བ་ནི། ལས་དང་པོ་པས་སོ་སོར་ཡང་དང་ཡང་དུ་བསྒོམ་པར་བྱའོ། །ཞེས་པའི་དོན་ནི། ལས་དང་པོ་པས་གོང་དུ་བསྟན་པའི་དམིགས་པ་གསུམ་པོ་དེ་ཡང་དང་ཡང་དུ་བསྒོམ་པ་གལ་ཆེ་བ་ཡིན་ནོ་གསུངས་སོ། །དེ་ལྟ་བུའི་སྒོམ་པའི་དམིགས་པ་གསུམ་དེ་ཡང་བླ་མ་ཨ་བྷྱའི་རྗེས་སུ་འབྲངས་ནས། དང་པོ་དབང་པོ་རབ་ཀྱི་ཐ་མ་ལྷའི་སྐུ་ལ་དམིགས་པ་ལ་སོགས་པ་བྱས་པས་དབང་པོ་རབ་ཀྱི་འབྲིང་དུ་སོང་བ་དང༌། འོད་གསལ་ལ་བསླབ་པར་བྱའོ། །དེ་ལ་བསླབ་ཅིང་གོམས་པ་དབང་པོ་རབ་ཀྱི་རབ་ཏུ་སོང་བ་དང༌། ཟུང་འཇུག་ལ་དམིགས་པའི་ལམ་ལ་བསླབ་པར་བྱའོ་གསུངས། འདི་ལ་དཔལ་རྒྭ་ལོའི་ཞལ་ནས། གང་ཟག་སྐྱེ་བ་སྔ་མའི་སྦྱངས་པ་ཆེ་ཆུང་མ་ངེས་པས། དང་པོ་ཉིད་ནས་ཟུང་འཇུག་ལ་སློབ་པ་ཡོད། འོད་གསལ་ལ་སློབ་པ་ཡང་ཡོད། ལྷའི་སྐུ་ལ་དམིགས་པ་ཁོ་ན་ལ་སློབ་དགོས་པ་ཡང་ཡོད་པས། གང་ཟག་རེ་རེའི་ལམ་རེ་རེ་ཡིན་ཏེ་ཅི་ནས་ཀྱང་རིམ་པ་བཞིན་དུ་སློབ་དགོས་པ་མ་ཡིན་ནོ། །དམིགས་པ་གསུམ་པོ་གང་རུང་རེ་རེ་ལ་ཡང་སྦྱོར་བའི་དུས་སུ་ཚོགས་གཉིས་བསགས་པ་དང༌། དངོས་གཞིའི་དུས་སུ་དམིགས་པ་གསུམ་པོ་གང་རུང་ཞིག་བསྒོམ་པ་དང༌། རྗེས་ཐུན་མཚམས་ཀྱི་བྱ་བར་གསལ་ལོ། །ཞེས་གསུངས་སོ། །བདག་གི་བླ་མ་རིན་པོ་ཆེ་བདེ་བར་གཤེགས་པའི་ཞལ་ནས། གང་ཟག་དབང་པོ་ཐ་མ་དང་འབྲིང་དང་རབ་གསུམ་གྱི་ལམ་གང་ཟག་གཅིག་གིས་ཐུན་གཅིག་ལ་རྫོགས་པར་བསྒོམ་པར་འདོད་ན། སྦྱོར་བ་ཚོགས་གཉིས་བསགས་ནས། སྟོང་པའི་ངང་ལས་སྐད་ཅིག་ལྷའི་རྣམ་པར་བྱས་པ་ལ་དམིགས་པ་ནི་ལྷའི་སྐུ་ལ་སློབ་པ་ཞེས་བྱའོ། །དེ་ནས་སྟེང་འོག་གི་རླུང་བཟུང་ལ་རིམ་གྱིས་འོད་གསལ་ལ་བསྒོམ་པའམ། ཡང་ན་སྐད་ཅིག་གིས་ཡོད་པ་དང་མེད་པ་ལ་སོགས་པ་བློ་ཡི་འཛིན་པ་ཐམས་ཅད་དོར་ཏེ། ཤེས་པ་མ་བཅོས་པའི་ངང་ལ་ལྷོད་དེ་བཞག་པ་ནི་འོད་གསལ་ལ་སློབ་པ་ཞེས་བྱའོ། །དེ་ལ་སྐྱོ་བའི་དུས་སུ་འོད་གསལ་དེ་ཉིད་ལྷའི་རྣམ་པར་གསལ་བཏབ་ལ། ཉམས་མྱོང་སྣང་བའི་ཆ་ཡང་མ་དོར་དེའི་རང་བཞིན་བདེན་པར་མི་འཛིན་པས་སྟོང་པའི་ཆ་ཡང་མ་དོར། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྣང་ཙམ་ཉིད་ནས་སྟོང༌། སྟོང་ཙམ་ཉིད་ནས་སྣང༌། སྣང་སྟོང་དབྱེར་མེད་པའི་སྐུ་དེ་ཏིང་འཛིན་གྱིས་དམིགས་པའི་ཡུལ་ཡིན་ལ། དེ་ལ་ཡོད་མེད་དུ་འཛིན་པའི་བློ་ཡི་རྩོལ་བ་ཐམས་ཅད་དོར་ཏེ། ཤེས་པ་མ་བཅོས་པའི་ངང་ལ་བཞག་ནས་རླུང་དྲག་ཏུ་མནན་ཅིང་སྒོམ་པ་ནི་ཟུང་འཇུག་ལ་སློབ་པ་ཞེས་བྱ་བ་ཡིན་ནོ། །དེ་ལ་སྐྱོ་བའི་ཚེ་བཟླས་པ་བྱ་བ་དང་རྗེས་ཐུན་མཚམས་ཀྱི་བྱ་བ་གོང་ལྟར་བྱའོ། །དེ་ལྟར་སྒོམ་པའི་ཚེ། དམིགས་པ་དང་རྣམ་པ་ནི་གསལ་ལ་རང་གི་ངོ་བོ་བདེན་པར་འཛིན་པའི་མཚན་མ་སྟོང་པའི་ཉམས་སྐྱེས་པ་ནི་ཤེས་པ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་ཡིན་ནོ། །དེའི་ཚེ་རླུང་ནང་དུ་ལོག་ནས་རྩ་དྲལ་ཏེ་དྲོད་སྐྱེས་པས་ལུས་ཀྱི་ཁམས་ཐམས་ཅད་ཞུ་ནས་ལུས་ལ་ཐིམ་པའི་བདེ་བ་སྐྱེ། དེ་ལ་ཏིང་ངེ་འཛིན་ལ་མི་རྟོག་པའི་ཉམས་སྐྱེས་པ་ནི་ཤེས་པ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་ཡིན་ནོ་གསུངས་སོ། །དེ་རྣམས་ཀྱིས་ཞར་ལ་བྱུང་བ་བསྟན་ནོ། །གསུམ་པ་ཉམས་སུ་བླང་བའི་འབྲས་བུ་བསྟན་པ་ནི། དེ་བསྒོམ་པ་ཞེས་པ་ནས་ཐོབ་པར་འགྱུར་རོ་ཞེས་པའི་བར་གྱིས་སྟོན་ཏེ། །དེ་ཡང་རྟེན་གྱི་གང་ཟག་དེས་དེ་ལྟར་བསྒོམས་པས་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་དཔལ་ཧེ་རུ་ཀ་མངོན་དུ་བྱེད་དོ། །ཞེས་སྟོན་པ་ཡིན་ཏེ། དེ་བསྒོམས་པས་ལྷུན་གྱིས་གྲུབ་པ་ལས་རབ་ཀྱི་མཆོག་མཐར་ཕྱིན་པ་དང་ཞེས་པ་ནི། དཔལ་བདེ་མཆོག་སྒྲུབ་པའི་རྟེན་གྱི་གང་ཟག་དེས་འཇིག་རྟེན་གྱི་གཡེང་བ་ཐམས་ཅད་སྤངས་ནས། བརྩོན་འགྲུས་དྲག་པོའི་སྒོ་ནས་སྒྲུབ་པ་བར་མ་ཆད་པར་བྱས་པས་ལྷུན་གྱིས་གྲུབ་པ་སྟེ། ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་འབད་པ་དང་རྩོལ་བ་མི་དགོས་པར་ཏིང་ངེ་འཛིན་འབའ་ཞིག་ཏུ་གྱུར་པའི་ཚེ་རབ་ཀྱི་མཆོག་མཐར་ཕྱིན་པ་ཞེས་བྱའོ། །དེ་ལྟར་གྱུར་པའི་དུས་སུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཡང༌། དེ་ཕྱག་རྒྱ་ཞེས་པ། འཁོར་བ་དང༌། མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཅན་གྱི་རྣམ་པ་སྣ་ཚོགས་པ་ལ་ཕྱག་ཅེས་བྱའོ། །རྒྱ་ཞེས་པ་ནི་ཆོས་ཅན་སྣང་བ་སྣ་ཚོགས་པ་དེ་ཉིད་རང་གི་ངོ་བོ་སྟོང་ཞིང་ཅིར་ཡང་མ་གྲུབ་པའི་ཆོས་དེ་རྒྱ་ཞེས་བྱའོ། །ཆེན་པོ་ཞེས་པ་ནི་སྣང་བ་དང་སྟོང་པ་དབྱེར་མེད་པའི་དོན་དེ་ལས་ལྷག་པར་གྱུར་པའི་ཆོས་གཞན་མེད་པས་ན་ཆེན་པོ་ཞེས་བྱའོ། །དངོས་གྲུབ་ཅེས་བྱ་བ་ནི་གཉིས་སུ་མེད་པའི་དོན་ཉིད་མངོན་སུམ་དུ་མཛད་ནས་ཉམས་སུ་མྱོང་བ་དེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ཡང་དབྱིངས་དེ་ཡང་རང་བཞིན་གྱིས་རྣམ་པར་སངས་རྒྱས་ཀྱིས་མ་བྱས། བདེ་བར་གཤེགས་པས་བྱིན་གྱིས་མ་བརླབ། སེམས་ཅན་གྱི་བསོད་ནམས་ཀྱིས་མ་བྱུང་བ་ཤེས་བྱའི་གནས་ལུགས་དེ་ཉིད་ཆོས་ཀྱི་སྐུ་ཡིན་ལ། དེ་རྟོགས་པ་ལ་སངས་རྒྱས་ཞེས་བྱའོ། །འོ་ན་སངས་རྒྱས་ན་སེམས་ཅན་གྱི་དོན་ཇི་ལྟར་བྱ་སྙམ་ན། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཐོབ་པར་འགྱུར་རོ་ཞེས་པའི་དོན་ནི། དེ་ལྟར་ཆོས་ཀྱི་སྐུ་མངོན་སུམ་དུ་མཛད་ཀྱང༌། དེའི་ངང་ལ་མི་གནས་པར་གདུལ་བྱའི་བསོད་ནམས་དང༌། རང་གི་སྨོན་ལམ་གྱི་ཤུགས་ལས་ཆོས་ཀྱི་སྐུ་དེ་ཉིད་གཞན་དོན་དུ། ཚེ་འདི་ཉིད་ལ་ལུས་འཇའ་ཚོན་ལྟ་བུ། ལོངས་སྤྱོད་རྫོགས་པའི་སྐུའི་ཆ་བྱད། དཔལ་ཧེ་རུ་ཀའི་རྣམ་པ་ལ་སོགས་པར་གྱུར་ནས་ནམ་མཁའི་མཐའ་ཀླས་པའི་འགྲོ་བ་རིགས་དྲུག་གང་ལ་གང་འདུལ་བར་སྤྲུལ་ནས་ཕྲིན་ལས་རྒྱུན་མི་འཆད་པར་མཛད་པ་ནི། དབང་པོ་རབ་ཚེ་འདི་ཉིད་ལ་སྒྲུབ་པ་བྱས་པའི་འབྲས་བུ་ཡིན་ནོ་གསུངས་སོ། །འབྲིང་གིས་ཚེ་འདི་ལ་མ་ཐོབ་ཀྱང་བར་དོ་ཡིད་ཀྱི་རང་བཞིན་གྱི་ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གྱུར་ནས། གྲོང་ཁྱེར་བས་ཚོར་བའམ། མ་ཚོར་བར། དཔའ་བོ་དང་དཔའ་མོས་རོལ་མོའི་སྒྲ་ལ་སོགས་པ་དང་བཅས་པ་སྟེ་བསུས་ནས་མཁའ་སྤྱོད་དུ་འགྲོ་སྟེ། འཆི་ཁའི་ཚེ་བདག་གིས་དངོས་གྲུབ་ཐོབ་བམ་མི་ཐོབ་སྙམ་ཡང་ཐོབ་པར་འགྱུར་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམས་ཡང་གྲོལ་བར་འགྱུར། །ཞེས་གསུངས་སོ། །ཐ་མས་ནི་སྐྱེ་བ་བདུན་ཚུན་ཆད་དུ་མིའི་སྐྱེ་བ་རྒྱུད་དེ། མཐར་དངོས་གྲུབ་ཐོབ་པར་འགྱུར་རོ། །བཞི་པ་མན་ངག་ཇི་ལྟར་བརྩམས་པའི་ཚུལ་བསྟན་པ་ནི། དེ་ལྟར་ཤེས་པས་ནས་ངེས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་རྣམས་ཀྱི་ཞལ་གྱི་གདམས་པ་དེ། འགྲོ་བ་སེམས་ཅན་ཆོས་ཀྱི་སྣོད་དུ་གྱུར་པའི་ཆེད་དུ་བརྩམས་པ་ཡིན་ཞེས་གསུངས་ཏེ། དེ་ཡང་དེ་ལྟར། རང་བྱིན་བརླབ་པའི་མན་ངག་བཅོམ་ལྡན་འདས་ཀྱིས་གསང་བར་མཛད་པ་ནི། ཞེས་པ་ནི། དཔལ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། རང་བྱིན་བརླབས་རིམ་པའི་མན་ངག་འདི། བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་རྣམས་སུ་ཡང་ཤིན་ཏུ་གསང་ཞིང་ཚིག་དང་བརྡ་ཡི་སྒོ་ནས་སྟོན་ཅིང་སྦས་པར་མཛད་པའི་བླ་མའི་ཞལ་གྱི་གདམས་པ་ཞེས་པ་ནི། བླ་མ་རྡོ་རྗེ་གདན་པ་ལ་སོགས་པས་རྒྱུད་སྡེ་རྣམས་ཀྱི་ནང་ན་སྦས་པའི་སྒྲུབ་ཐབས་ཀྱི་མན་ངག་འདི་རྙེད་ནས། སྙན་ནས་སྙན་དུ་བརྒྱུད་ཅིང་ཞལ་ནས་ཞལ་དུ་བརྒྱུད་པ་ཡིན་ནོ། །པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས། གཉིས་པ་འགྲོ་བ་དྲངས་པའི་ཕྱིར་གསལ་ཞིང་ངེས་པར་བྱས་པའོ། །ཞེས་པ་ནི། པཎྜི་ཏ་ཨ་བྷྱ་ཀ་ར་རང་དང་སྐལ་པ་མཉམ་པ་དེ་འདྲ་བ་ལ་སོགས་པ་དེ་དྲང་བའི་དོན་ཆེད་དུ། བླ་མའི་ཞལ་གྱི་གདམས་པ་དེ་མ་ནོར་བར་ཚིག་དོན་ཡི་གེར་བཀོད་ནས་གསལ་ཞིང་ངེས་པར་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་མན་ངག་ཇི་ལྟར་བརྩམས་པའི་ཚུལ་བསྟན་པ་ཡིན་ནོ། །ལྔ་པ་ཐུན་མཚམས་སུ་བཟླས་པ་བྱ་བར་བསྟན་པ་ནི། གང་ཞིག་ཅེས་པ་ནས་སྔགས་བཟླའོ་ཞེས་པའི་བར་གྱིས་སྟོན་ཏེ། ལས་དང་པོ་པའི་གང་ཟག་སྒྲུབ་པ་ཉམས་སུ་ལེན་པ་ལ་སྔགས་བརྗོད་དགོས་པ་ཡིན་གསུངས་ནས་སྔགས་འདོན་པའོ། །གདམས་ངག་འདི་གཞུང་ལ་དང་པོ་མེད་དོ། །ཙཱ་མི་ལོ་ཙཱ་བས་འདི་གཞུང་ལ་བསྣན་པ་ཡིན་གསུངས་སོ། །གང་ཞིག་འདི་སྒོམ་པ་དག་གིས། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀྃ་ཧཱུྃ་ཧཱུྃ་ཕཊ྄། དྷ་ཀི་ནི་ཛཱ་ལ་སཾ་བྷ་རཾ་སྭཱ་ཧཱ། །ཞེས་བྱ་བའི་སྔགས་བཟླའོ་ཞེས་པའི་དོན་ནི། ལས་དང་པོ་པའི་རྟེན་གྱི་གང་ཟག་གིས་སྒྲུབ་པ་ཉམས་སུ་ལེན་པར་དམིགས་ལ། དེ་རྣམས་ཡུན་རིང་དུ་གཏད་པས་དེ་ལ་སྐྱོ་བའི་དུས་སུ་སྔགས་བརྗོད་དགོས་པ་ཡིན་གསུངས་ནས་སྔགས་འདོན་པའི་གདམས་ངག་སྟོན་པ་ཡིན་ཏེ་དངོས་གཞི་སྒོམ་པའི་གནས་སྐབས་སུ་བཟླས་པ་དང༌། རྗེས་ཐུན་མཚམས་གྱི་དུས་སུ་བཟླས་པ་བྱེད་པ་དང་གཉིས་ཡིན་གསུངས། དང་པོ་དངོས་གཞིའི་གནས་སྐབས་སུ་བཟླས་པ་བྱ་ལུགས་ལ་ཡང་གསུམ་ཡོད་པ་ཡིན་ཏེ་རྡོ་རྗེའི་བཟླས་པ་དང་འཁོར་ལོའི་བཟླས་པ་དང་ཕྲིན་ལས་ཀྱི་བཟླས་པའོ། །དང་པོ་རྡོ་རྗེའི་བཟླས་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་སྔགས་ཁ་དོག་དཀར་པོ་གཡོན་བསྐོར་དུ་ཡོད་པར་བསམ་ལ། ངག་ཏུ་སྔགས་འདོན་པའི་ཚེ་ཐུགས་ཀའི་སྔགས་ཀྱི་ཡིག་འབྲུ་འོད་ཟེར་དཀར་པོ་དང་བཅས་པ་རང་གི་སྣ་བུག་གཡས་པར་བྱུང་སྟེ། རིགས་དྲུག་གི་སེམས་ཅན་ལ་ཕོག་པས་དཀྱིལ་འཁོར་གྱི་ལྷ་ཡི་རང་བཞིན་བྱས། དེ་རྣམས་ཚུར་འདུས་ནས་ཞུགས་ཏེ་ཧཱུྃ་ལ་ཐིམ་པར་བྱའོ། །ཚུལ་དེ་ལྟ་བུའི་དམིགས་པ་བྱས་ལ་སྔགས་ནུས་ཚད་འདོན་པ་ནི་རྡོ་རྗེའི་བཟླས་པ་བྱའོ། །གཉིས་པ་འཁོར་ལོ་ལྟར་བཟླས་པ་ནི། རང་གི་སྙིང་ཁའི་ཧཱུྃ་ལས་སྔགས་འོད་ཟེར་དཀར་པོ་དང་བཅས་པ་སྤྲོས་པ་ཨ་བ་དྷུ་ཏིའི་ནང་དུ་མར་གཤེགས་རྡོ་རྗེའི་ལམ་ནས་བྱུང་ཞིང་ཡུམ་གྱི་པད་མར་ཞུགས། ཡུམ་གྱི་ཨ་བ་དྷུ་ཏིའི་ནང་ནས་ཡར་གཤེགས་པ་ཡུམ་གྱི་ཞལ་ནས་ཐོན་ཏེ་རང་གི་ཞལ་དུ་ཞུགས་པར་བསམ་མོ། །དེ་ལྟར་ཡི་གེ་འཁོར་བ་ལ་དམིགས་པ་གཏད་དེ་བཟླས་པ་བྱེད་པ་ནི་འཁོར་ལོ་ལྟར་བཟླས་པ་ཞེས་བྱའོ། །གསུམ་པ་ཕྲིན་ལས་ཀྱི་བཟླས་པ་ནི་རང་གི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་དཀར་པོ་བྱུང་ནས་འོད་ཟེར་གྱི་སྣ་ལ་དཀྱིལ་འཁོར་ལྷ་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་རིགས་དྲུག་གི་སེམས་ཅན་རྣམས་ཚར་གཅོད་པ་དང༌། རྗེས་སུ་བཟུང་བའི་སྒོ་ནས་ཕྲིན་ལས་ཀྱི་བྱ་བ་བྱེད་པ་ལ་སེམས་གཏད་དེ་བཟླས་པ་ནི་ཕྲིན་ལས་ཀྱི་བཟླས་པ་ཞེས་བྱའོ། །གཉིས་པ་ཐུན་མཚམས་སུ་བཟླས་པ་བྱ་བ་ནི་ཉམས་ལེན་ཀྱི་དུས་སུ་སྤྱོད་ལམ་རྣམ་བཞིའི་ནང་དུ། རང་གི་སྙིང་ཁའི་ཧཱུྃ་ལས་སྔགས་ཁ་དོག་དཀར་པོ་གཡོན་བསྐོར་དུ་འཁོར་བ་ལ་སེམས་གཏད་དེ་བཟླས་པ་བྱའོ། །ཡང་ན་ལྷ་ཡི་སྐུ་དེ་ཉིད་ལ་སེམས་གཏད་དེ་བཟླས་པ་བྱེད་པ་ནི་ཐུན་མཚམས་སུ་བཟླས་པ་བྱ་བའི་མན་ངག་གོ །གསུམ་པ་མཇུག་དགེ་བའི་རྩ་བ་བསྔོ་བ་ནི། བསོད་ནམས་ཚོགས་ནི་ཞེས་པ་ནས་མྱུར་འཛིན་ཤོག་ཅེས་པའི་བར་གྱིས་སྟོན་ཏེ། པཎྜི་ཏ་ཨ་བྷྱ་ཀ་རས་སེམས་ཅན་གྱི་དོན་དུ་སྒྲུབ་ཐབས་བརྩམས་པའི་དགེ་བའི་རྩ་བ་དེས་སེམས་ཅན་གྱི་དོན་དུ། སྐུ་གསུམ་གྱི་བདག་ཉིད་ཅན་གྱི་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་གྱུར་ཅིག ཅེས་བསྔོ་བ་ཡིན་ཏེ། པཎྜི་ཏ་ཨ་བྷྱ་ཀ་རས་སེམས་ཅན་གྱི་དོན་དུ་དཔལ་ལྡན་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བརྩམས་པའི་བསོད་ནམས་རྒྱ་ཆེན་པོ་གང་ཐོབ་པ་དེ་དག་བསྔོ་དགོས་པ་ཡིན་གསུངས། གང་དུ་བསྔོ་ཞེ་ན་དཔལ་ལྡན་བདེ་བ་མཆོག་གི་སྐུ་ཞེས་སྨོས་ཏེ། སྐུ་གསུམ་གྱི་བདག་ཉིད་ཅན་གྱི་དཔལ་བདེ་མཆོག་ཧེ་རུ་ཀ་ཡི་སྐུ་ཐོབ་པར་གྱུར་ཅིག ཅེས་བསྔོ་བའམ་ཐོབ་ནས་ཅི་བྱེད་ཅེ་ན། མི་འཇིགས་ངག་གི་འོད་ཟེར་གྱིས། །མུན་བཅོམ་འགྲོ་རྣམས་མྱུར་འཛིན་ཤོག །ཅེས་པ་ནི། མི་འཇིགས་པ་སྟེ། སེང་གེ་ལྟ་བུའི་ང་རོ་སྤྲུལ་སྐུ་དང་ལོངས་སྐུས་ཆོས་གསུངས་པའི་བཀའི་འོད་ཟེར་ཆེན་པོ་དེས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་གནས་པའི་མ་རིག་པའི་མུན་པ་ཐམས་ཅད་བཅོམ་ནས་རྗེས་སུ་འཛིན་ཅིང༌། དཔལ་ཧེ་རུ་ཀའི་གོ་འཕང་ལ་མྱུར་དུ་འགོད་པར་གྱུར་ཅིག་པར་བསྔོའོ། །དེ་རྣམས་ཀྱིས་མཇུག་དགེ་བའི་རྩ་བ་བསྔོ་བ་བསྟན་ཏོ། །རིན་པོ་ཆེ་ཡི་གསུང་གི་འོད་ཟེར་བཞིན། །ཚིག་དོན་དཀྲོལ་བའི་བསོད་ནམས་གང་ཐོབ་པས། །སྐྱེ་བ་གཏན་དུ་ཁྱེད་དང་མཇལ་གྱུར་ནས། །རྗེས་སུ་འཛིན་ཅིང་སྐྱབས་འོག་ཏུ་ཚུད་པར་གྱུར་ཅིག །རང་བྱིན་གྱིས་བརླབ་པའི་མན་ངག་གི་རྣམ་པར་བཤད་པ་ཞེས་བྱ་བ་ཏི་ཤྲི་རས་པས་བཀོད་པའོ། །རྫོགས་སོ། །

གཏུམ་མོ་སྒྲོན་གསལ།

རྡོ་རྗེ་འཆང་ཆེན་མན་ཆད་ནས། །ནཱ་རོའི་བརྒྱུད་པ་བྱིན་རླབས་ཅན། །བདག་གི་བླ་མ་རིན་ཆེན་རྣམས། །ཁྱེད་ཀྱི་བཀའ་དྲིན་བསམ་མི་ཁྱབ། །འོན་ཀྱང་སྤྱི་བོའི་གཙུག་ཏུ་བཀུར། །ཡང་ཡང་སྙིང་གི་དཀྱིལ་དུ་སྒོམ། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་མགོན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གསང་སྔགས་ཟབ་མོའི་ཚིག་དོན་རྣམས། །ཡང་ཡང་ངག་ཏུ་བརྗོད་པ་དེ། །རང་ལ་ཕན་པར་བྱུང་བ་དེས། །གཞན་ལ་ཕན་སྙམ་བློ་སྐྱེས་པ། །དེ་ཕྱིར་ཡི་གེར་བཀོད་པ་ཡིན། །ལུས་སེམས་གཉིས་ཀྱི་གནས་ལུགས་ཏེ། །ལམ་གཉིས་ཉམས་སུ་བླང་བར་བྱ། །གནད་བཞིའི་རྟེན་འབྲེལ་འགྲིགས་པ་དང༌། །རླུང་གི་སྦྱོར་བ་བཞི་ལྡན་གྱིས། །ཞི་དྲག་རླུང་གི་བྱེ་བྲག་རྣམས། །ཨ་བ་དྷུ་ཏིར་ཚུད་པ་དང༌། །གནས་སྐབས་མཐར་ཐུག་འབྲས་བུ་སྐྱེད། །རྗེས་ལ་བཟོད་གསོལ་བསྔོ་བ་དང༌། །སྨོན་ལམ་བཏབ་ཅིང་བཀྲ་ཤིས་བརྗོད། །ལེགས་པར་གསུངས་པས་ངོ་མཚར་ཆེ། །སྐལ་ལྡན་རྣམས་དང་འཕྲད་པར་ཤོག །སེམས་ཅན་རྣམས་ཀྱིས་ཉམས་སུ་ལོངས། །མཆོག་ཐུན་མོང་དངོས་གྲུབ་འབྱུང་བར་ངེས། །སྐུ་ལྔ་རོ་གཅིག་རྡོ་རྗེ་འཆང༌། །འབྲས་བུ་སངས་རྒྱས་ཐོབ་པ་ཡིན། །བླ་མ་རིན་པོ་ཆེའི་མཆོག་གི་གཏུམ་མོའི་དོན་རྣམས་གསལ་བར་བྱེད་པ་སྒྲོན་གསལ་ཞེས་བྱ་བ་ཏི་ཤྲི་རས་པས་བཀོད་པའོ།།

ལུས་སེམས་གཉིས་ཀྱི་གནས་ལུགས།

ལུས་སེམས་གཉིས་ཀྱི་གནས་ལུགས་ཞེས་པ་ནི། དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །ལུས་དང་སེམས་དང་གཉིས་སུ་གསུངས། །ལུས་དངོས་པོའི་གནས་ལུགས་མ་ཤེས་ན། །སྒོམ་པ་ཡུལ་གནད་མི་ཤེས་པས། །རྐུན་མ་ནགས་ལ་བཏང་ནས་ནི། །རྗེས་ནི་བྲག་སར་གཅོད་དང་མཚུངས། །དེའི་གནས་ལུགས་ཤེས་བྱ་སྟེ། །ལུས་ནི་བྱང་ཆུབ་རྣམ་ལྔ་དང༌། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །དེའི་གནས་ཐབས་ཤེས་པར་བྱ། །སེམས་དངོས་པོའི་གནས་ཐབས་མ་ཤེས་ན། །བསྒོམ་རྒྱུ་ངོ་བོ་མི་ཤེས་པས། །མུན་པར་མདའ་འཕེན་དག་དང་མཚུངས། །སེམས་ཉིད་དངོས་པོའི་གནས་ཐབས་ནི། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང༌། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཡང་ནི་རྗེ་བཙུན་ཏཻ་ལོ་པས། །ཀྱེ་ཧོ། འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལས་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་ང་ཡིས་ཅི་ཡང་བསྟན་པ་མེད། །རང་རིག་ཉིད་ལ་མཁྱེན་ཏེ་ཤེས་པར་བྱོས། །དེས་ནི་སེམས་ཀྱི་གནས་ཐབས་ཤེས་པར་བྱ། །ལམ་གྱིས་ཉམས་སུ་བླང་ཞེས་པས། །བསྐྱེད་རྫོགས་གེགས་སེལ་དུ་བཞེད་དེ། །དེ་ལ་དང་པོའི་རིམ་པ་ནི། །སྒྲུབ་པ་བྱེད་པའི་གང་ཟག་གིས། །དབེན་ཞིང་ཉམས་དགའི་ས་ཕྱོགས་སུ། །འཇིག་རྟེན་བྱ་བ་ཐག་བསྲིང་སྟེ། །མཐུན་རྐྱེན་ཐམས་ཅད་ཚོགས་པ་དང༌། །བདེ་བའི་སྟན་ལ་འདུག་ནས་ནི། །ཐེག་དམན་གོལ་ས་གཅོད་པ་དང༌། །འགྲོ་དོན་དཔག་མེད་འབྱུང་བ་ཡི། །སྦྱོར་བ་ཚོགས་གཉིས་བསགས་པ་དང༌། །བྱང་ཆུབ་མཆོག་སེམས་བསྐྱེད་པར་བྱ། །ཆུ་རྐ་མེད་ཡུར་དུ་མི་འབབ་པས། །རྟེན་འབྲེལ་མི་འཆུག་འགྲིག་པ་དང༌། །དངོས་གྲུབ་རྣམ་གཉིས་འབྱུང་བའོ། །དངོས་དང་བརྒྱུད་པའི་བླ་མ་རྣམས། །ཐུགས་ཐག་ཉེ་ཞིང་བྱིན་གྱིས་རློབས། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སློབ་དཔོན་ཆེན་པོ་འཕགས་པའི་ཞལ་སྔ་ནས། །བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ཀྱིས། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རྡང་བུ་ལྟ་བུར་གསུངས། །ཞེས་པ་དང༌། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་བྱེད། །ཅེས་པ་དང༌། ལས་ཚོགས་ཕྲིན་ལས་ཐམས་ཅད་འགྲུབ་པ་དང༌། །མཐར་ཐུག་རྒྱལ་བའི་སྐུ་ཐོབ་འགྱུར། །དེ་ཕྱིར་བསྐྱེད་རིམ་བརྟན་པར་བསྒོམ། །གཉིས་པ་རྫོགས་པའི་རིམ་པ་ནི། །རྒྱལ་བའི་བཀའ་ཡི་དགོངས་པ་དང༌། །གྲུབ་ཐོབ་རྣམས་དང་པཎྚི་ཏས། །རྫོགས་རིམ་དཔག་མེད་གསུངས་ན་ཡང༌། །ནཱ་རོ་མེ་ཏྲཻའི་བཀའ་སྲོལ་འཛིན། །མཚན་བཅས་མཚན་མེད་གཉིས་སུ་བཞེད། །དངོས་པོའི་གནས་སྐབས་གོང་དུ་གསུངས། །གནད་བཞིའི་རྟེན་འབྲེལ་འགྲིག་ཅེས་པ། །མཚན་བཅས་རྫོགས་རིམ་སྒོམ་དུས་སུ། །དེ་ལ་དུས་ཀྱི་གནད་བཤད་པ། །རྣམ་རྟོག་ཕྱོགས་མེད་འཕྲོ་དུས་སུ། །སེམས་ཀྱི་རྒྱལ་པོ་ལྟེ་བར་ཨ་ལ་གནས། །རླུང་གི་རྟ་ལ་སེམས་ཉིད་ཞོན་ནས་ནི། །འཁོར་འདས་གཉིས་ཀྱི་ལས་རྣམས་བྱེད་པར་འགྱུར། །རླུང་ནང་དུ་བཟུང་བས་རྣམ་རྟོག་འགགས། །དེ་ཡིས་ཡོན་ཏན་སྐྱེ་བ་ཡིན། །དེ་ཡི་དུས་གནད་བསྟན་པ་ནི། །ནང་ནུབ་གུང་གཉིས་སྤང་བ་དང༌། །ཉི་ཟླ་གཟས་བཟུང་སྐྱུག་པའམ། །གཡོན་ན་རྒྱུ་ན་གཡོན་རྩ་མནན། །གཡས་ན་རྒྱུ་ན་གཡས་རྩ་མནན། །ཡང་ན་གོ་བཟློག་སྦྱོར་བ་བྱ། །དེ་ཡིས་དྷུ་ཏིར་ཚུད་པ་ཡིན། །ཕོ་རླུང་རྡུལ་དང་མོ་རླུང་སྦྱང༌། །མ་ནིང་རླུང་ནི་རྟག་ཏུ་སྦྱང༌། །རྩུབ་འཇམ་མེད་པར་སྙོམས་པའོ། །ད་ནི་ལུས་ཀྱི་གནད་བཤད་པ། །བཞིའམ་དྲུག་ཏུ་ཤེས་པར་བྱ། །གཡས་གཡོན་སོ་སོར་རྒྱུ་བྱེད་ན། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། །སྒོ་ལྔ་རྣམ་གྲོལ་ཕྱག་རྒྱས་བཅིང༌། །འོག་རླུང་དྲང་ཞིང་སྟེང་རླུང་མནན། །བུམ་པ་ཅན་གྱི་སྣ་བུག་གཉིས་ནས་རྒྱུ། །ལུས་ཀྱི་གནད་ཀྱིས་དྷུ་ཏིར་གཞུག །ཡུལ་གནད་ལྟེ་འོག་གསང་གནས་སུ། །སེམས་ཀྱི་རྒྱལ་པོ་གནས་པའི་ཡུལ། །འབེན་ནུབ་ཏུ་བཞག་ནས་མདའ་ཤར་དུ་མི་འཕང་པས། །དན་ཐོག་ཏུ་ནི་དན་བཞག་ལྟར། །ཤེས་པའི་གནད་ཀྱིས་དབབ་པ་ནི། །སྐྱེ་མེད་སྟོང་པ་ཨ་ལ་གཏད། །རྩ་ཁ་འབྱེད་པ་མེ་ལ་གཏད། །བདེ་དྲོད་རྟོག་མེད་འབར་འཛག་བསྒོམ། །གཞན་ཡང་དམིགས་པ་གང་གསལ་བསྒོམ། །རླུང་སྦྱོར་བཞི་ལྡན་ཞེས་པ་ནི། །དབུགས་ཀྱི་བཞི་ལྡན་མ་ཤེས་ན། །ཡོན་ཏན་ཐམས་ཅད་འབྱུང་བར་དཀའ། །དེ་ལ་སྦྱོར་བ་བཞི་ལྡན་ནི། །རྔུབ་དང་དགང་དང་གཞིལ་དང་མདའ་ལྟར་འཕང༌། །རྔུབ་པ་ཡིས་ནི་ནང་དུ་གཞུག །དགང་བ་ཡིས་ནི་རྒྱས་པར་བྱེད། །གཞིལ་བ་ཡིས་ནི་ཞི་བར་བྱེད། །མདའ་ལྟར་འཕང་བས་སྐྱོན་རྣམས་སེལ། །སྲོག་དང་རྩོལ་བ་ལ་བརྟེན་ནས། །རླུང་གི་བྱེ་བྲག་དབུ་མར་ཚུད། །སྐད་ཅིག་དེ་ལ་གཏུམ་མོ་འབར། །ཡེ་ཤེས་བཙན་ཐབས་སྐྱེ་བའི་གནད། །ཉམས་དང་རྟོགས་པ་གཅིག་ཆར་སྐྱེས། །དེ་ཡི་མཚན་བཅས་རྫོགས་རིམ་བཤད། །མཚན་མ་མེད་པའི་རྫོགས་རིམ་ནི། །རྗེ་བཙུན་མར་པའི་ཞལ་སྔ་ནས། །ནཱ་རོ་མཻ་ཏྲཻའི་ཞབས་ལ་བཏུད། །ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེ། །དེ་ལ་རྫོགས་རིམ་བཞེད་པ་ཡིན། །རྗེ་བཙུན་ཆེན་པོ་ཏཻ་ལོ་པའི་ཆོས་དྲུག་ནི། མི་མནོ། མི་བསམ། མི་དཔྱད། མི་སེམས། མི་སྒོམ་པ། སེམས་རང་བཞིན་དག་ཏུ་གནས་པའོ། །བླ་མ་རྣམས་ཀྱིས་ཉམས་སུ་བླངས། །བདག་གི་བླ་མའི་ཞལ་སྔ་ནས། །རྫོགས་རིམ་དཔག་མེད་གསུངས་ན་ཡང༌། །ཕྱག་རྒྱ་ཆེན་པོ་མཆོག་ཡིན་གསུངས། །རང་སེམས་ཕྱག་རྒྱ་ཆེན་པོ་དེ། །འཁོར་འདས་གཉིས་མེད་ཟུང་དུ་འཇུག །གདོད་ནས་རྣམ་དག་མངོན་དུ་འགྱུར། །སེམས་ཅན་སངས་རྒྱས་ཡིན་ན་ཡང༌། །སངས་རྒྱས་ཉིད་དུ་མ་མྱོང་བས། །སངས་རྒྱས་སེམས་ཅན་གཉིས་སུ་སྣང༌། །རྟོགས་ནས་ཉམས་སུ་མྱོང་བ་རྣམས། །རང་ཉིད་རྫོགས་པའི་སངས་རྒྱས་སུ། །འགྲོ་བའི་དོན་དུ་མངོན་སངས་རྒྱས། །མྱོང་རྟོགས་ཟུང་འཇུག་ལམ་གྱི་མཆོག །བསྒོམས་པས་ཡོན་ཏན་སྐྱེ་བ་ཡིན། །ཉམས་དང་ཡོན་ཏན་སྐྱེ་ཚུལ་ནི། །སྒོམ་ཆེན་རྣམས་ཀྱི་ཐུགས་ལ་འཆར། །དེ་ནི་ཇི་ལྟར་བསྒོམ་ཞེ་ན། །ཡུལ་ལ་བརྟེན་ཏེ་སྣང་སྟོང་བསྒོམ། །སྣང་བ་ལ་བརྟེན་སྣང་མེད་བསྒོམ། །ལུས་ལ་བརྟེན་ཏེ་བདེ་སྟོང་བསྒོམ། །ངག་ལ་བརྟེན་ཏེ་གྲགས་སྟོང་བསྒོམ། སེམས་ལ་བརྟེན་ཏེ་རིག་སྟོང་བསྒོམ། རྣམ་རྟོག་ལ་བརྟེན་རྟོག་མེད་བསྒོམ། སྤྲོས་པ་ལ་བརྟེན་ཏེ་སྤྲོས་མེད་བསྒོམ། གཉིས་པ་ལ་བརྟེན་ཏེ་གཉིས་མེད་བསྒོམ། གཟུང་འཛིན་ལ་བརྟེན་ཏེ་འཛིན་མེད་བསྒོམ། སྤང་བྱ་ལ་བརྟེན་གཉེན་པོ་བསྒོམ། གཉེན་པོ་ལ་བརྟེན་ཏེ་སྤང་བྱ་བསྒོམ། ཐོས་ཆུང་སྤང་བླང་མེད་པར་བསྒོམ། བསྒྲུབ་བྱ་སྒྲུབ་བྱེད་ལ་བརྟེན་ནས། །གདོད་ནས་ལྷུན་གྱིས་གྲུབ་པར་བསྒོམ། །དངོས་དང་དངོས་མེད་ལ་བརྟེན་ནས། །གཉིས་མེད་ཟུང་འཇུག་ཆེན་པོར་བསྒོམ། །འཐོབ་བྱ་ཐོབ་བྱེད་ལ་བརྟེན་ནས། །འབྲས་བུ་ལྷུན་གྱིས་གྲུབ་པར་བསྒོམ། །དེ་ནི་ཕྱི་ཡི་སྒོམ་ལུགས་ཡིན། །བསྒོམས་པས་ཉམས་རྟོགས་སྐྱེས་པ་དང༌། །ནང་གི་ཉམས་སུ་བླང་ལུགས་ནི། །རྟོག་མེད་ཉམས་སུ་མྱོང་དུས་སུ། །འགོག་པའི་སྙོམས་འཇུག་བཞིན་དུ་བསྒོམ། །གསལ་བ་ཉམས་སུ་མྱོང་དུས་སུ། །ལག་པའི་མཐིལ་གྱི་གཏེར་བཞིན་བསྒོམ། །བདེ་བ་ཉམས་སུ་མྱོང་དུས་སུ། །གཞོན་ནུའི་བདེ་བ་བཞིན་དུ་བསྒོམ། །རྣམ་རྟོག་ཉམས་སུ་མྱོང་དུས་སུ། །ཆུ་ཉིད་ཆབ་རོམ་བཞིན་དུ་བསྒོམ། །གཡོ་བ་ཉམས་སུ་མྱོང་དུས་སུ། །རྒྱལ་པོའི་གཏིང་ཆུ་བཞིན་དུ་བསྒོམ། །སྣང་བ་ཉམས་སུ་མྱོང་དུས་སུ། །ནམ་མཁའི་འཇའ་ཚོན་བཞིན་དུ་བསྒོམ། །སྟོང་པ་ཉམས་སུ་མྱོང་དུས་སུ། །གཡའ་མེད་མེ་ལོང་བཞིན་དུ་བསྒོམ། །འོད་གསལ་ཉམས་སུ་མྱོང་དུས་སུ། །ཤེལ་གོང་དྲི་མེད་བཞིན་དུ་བསྒོམ། །ཟུང་འཇུག་ཉམས་སུ་མྱོང་དུས་སུ། །ཆུ་ཡི་ཟླ་བ་བཞིན་དུ་བསྒོམ། །ཕུང་པོ་ཉམས་སུ་མྱོང་དུས་སུ། །རྒྱལ་བ་རིགས་ལྔ་བཞིན་དུ་བསྒོམ། །ཡུལ་ལྔ་ཉམས་སུ་མྱོང་དུས་སུ། །འཁར་གཞོང་ནང་གི་ཆུ་བཞིན་བསྒོམ། །སྒོ་ལྔ་ཉམས་སུ་མྱོང་དུས་སུ། །ཤིང་ལ་དྲི་མ་བཞིན་དུ་བསྒོམ། །ཉོན་མོངས་ཉམས་སུ་མྱོང་དུས་སུ། །དུག་ལ་སྔགས་བཏབ་བཞིན་དུ་བསྒོམ། །བདེ་སྡུག་ཉམས་སུ་མྱོང་དུས་སུ། །ཆུ་ཡི་ལྦུ་བ་བཞིན་དུ་བསྒོམ། །ཡོན་ཏན་ཉམས་སུ་མྱོང་དུས་སུ། །དབུལ་མོའི་ཁྱིམ་གྱི་གཏེར་བཞིན་བསྒོམ། །སྤང་བླང་ཉམས་སུ་མྱོང་དུས་སུ། །ནགས་ཚལ་མེ་ཆེན་བཞིན་དུ་བསྒོམ། །ལྟ་བ་ཉམས་སུ་མྱོང་དུས་སུ། །སྤྲིན་མེད་ནམ་མཁའ་བཞིན་དུ་བསྒོམ། །རྟོགས་པ་ཉམས་སུ་མྱོང་དུས་སུ། །བསམ་གཏན་རྡོ་རྗེ་བཞིན་དུ་བསྒོམ། །སྒོམ་པ་ཉམས་སུ་མྱོང་དུས་སུ། །ནོར་བུ་རིན་ཆེན་བཞིན་དུ་བསྒོམ། །སྤྱོད་པ་ཉམས་སུ་མྱོང་དུས་སུ། །རྒྱ་འབག་མིག་འཕྲུལ་བཞིན་དུ་བསྒོམ། །རྒྱུ་འབྲས་ཉམས་སུ་མྱོང་དུས་སུ། །བསླུ་བྱེད་ཐབས་ཤེས་བཞིན་དུ་བསྒོམ། །འབྲས་བུ་ཉམས་སུ་མྱོང་དུས་སུ། །རྫོགས་པའི་སངས་རྒྱས་བཞིན་དུ་བསྒོམ། །མདོར་ན་འཁོར་འདས་ཆོས་རྣམས་ཀུན། །ཐམས་ཅད་ཉམས་ཀྱི་སྣང་བར་བསྒོམ། །རྟོགས་པའི་ཡེ་ཤེས་བརྟན་ཙམ་ན། །ཐམས་ཅད་དག་པའི་སྣང་བར་བསྒོམ། །དེ་ལྟར་བསྒོམས་ན་ཐམས་ཅད་སྒོམ་དུ་འཆར། །འབྲས་བུ་མངོན་དུ་བྱེད་པ་ཡིན། །དེས་ན་མཚན་མ་མེད་པའི་རྫོགས་རིམ་བསྟན། །གསུམ་པ་གེགས་སེལ་བསྟན་པ་ནི། འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །གཟུང་འཛིན་གཉིས་སྣང་འཁྲུལ་པ་ཡིས། །ཐར་པའི་ལམ་ལ་སྒྲིབ་པར་བྱེད། །དེ་ཡི་བསལ་ཐབས་བསྟན་པ་ནི། །ཆོས་རྣམས་ཕྱི་ཡི་བྱ་བས་སེལ། །ལམ་ལ་ཞུགས་པའི་གེགས་རྣམས་ནི། །སྤང་བླང་གཉིས་སུ་འཛིན་པ་ནི། །ལྟ་སྒོམ་གཉིས་ཀྱིས་སེལ་བར་བྱེད། །ཕྱི་ཡི་མི་དང་མི་མ་ཡིན། །ནང་གི་ཉོན་མོངས་རྣམ་རྟོག་བདུད། །ལྟ་སྒོམ་སྤྱོད་འབྲས་གཉིས་ཀྱིས་སེལ། །རྩ་རླུང་སྒོམ་པའི་གེགས་རྣམས་ནི། །འབྱུང་བཞི་སོ་སོ་རང་གིས་སེལ། །གང་གིས་གཉེན་པོར་གང་འགྲོས་སེལ། །སྐྱོན་དང་གེགས་རྣམས་གང་བྱུང་ངོ༌། །དེ་རང་ཉིད་ལ་བརྟགས་ལ་སྒོམས། །གཞན་ཡང་གཟེར་ལྔ་ཉོན་མོངས་གེགས་སེལ་དང༌། །ལམ་འབྲས་ནང་དུ་གསུངས་པས་ཆོག །དེ་དག་གིས་ནི་ལམ་གྱི་ཉམས་སུ་བླང་ཚུལ་བསྟན། །ཞི་དྲག་རླུང་གི་བྱེ་བྲག་ཅེས་པ་ནི། །དྲག་པོ་རྩུབ་རླུང་ཉོན་མོངས་སྐྱེད། །ཟག་བཅས་རླུང་གིས་ལས་རྣམས་བྱེད། །ཞི་བ་ཟག་མེད་རླུང་གིས་ནི། །མྱ་ངན་འདས་པའི་ལས་རྣམས་བྱེད། །ཕྱེ་ན་ཉི་ཁྲི་ཆིག་སྟོང་དང༌། །རྩ་བའི་རླུང་དང་ཡན་ལག་རླུང༌། །ཟག་བཅས་ཟག་མེད་ཡེ་ཤེས་རླུང༌། །རླུང་གི་བྱེ་བྲག་དུ་མ་རྣམས། །དབུ་མའི་ནང་དུ་ཚུད་ཙམ་ན། །ལས་ཀྱི་རླུང་དང་ཟག་བཅས་འགགས། །ཟག་མེད་རླུང་གིས་ཡོན་ཏན་སྐྱེ། །ཡེ་ཤེས་རླུང་གིས་འབྲས་བུའི་ཡོན་ཏན་སྐྱེ། །གནས་སྐབས་མཐར་ཐུག་འབྲས་བུ་ཡོན་ཏན་སྐྱེ། །ཞེས་པ་ནི། །འབྲས་བུ་སྐྱེ་བའི་རིམ་པ་ཡིན། །གནས་སྐབས་ཀྱི་ནི་འབྲས་བུ་ལ། །རྔུབ་པའི་སྦྱོར་བས་ཞི་བའི་ལས་རྣམས་འགྲུབ། །དགང་བའི་སྦྱོར་བས་རྒྱས་པའི་ལས་རྣམས་འགྲུབ། །གཞིལ་བའི་སྦྱོར་བས་དབང་གི་ལས་རྣམས་འགྲུབ། །མདའ་ལྟར་འཕང་བས་མངོན་སྤྱོད་ལས་རྣམས་འགྲུབ། །དང་པོ་ཐ་མལ་དུས་སུ་ནི། །རྣམ་རྟོག་ཕྱོགས་མེད་འཕྲོ་དུས་སུ། །ཕོ་རླུང་དྲག་ཅིང་རྩུབ་པ་ལས་ཀྱི་རླུང༌། ཉམ་པ་རྣམ་རྟོག་སྐྱེས་པ་སེམས་ཀྱི་བརྡ། དལ་རྒྱུ་རིང་དུ་ནང་དུ་རྔུབ་ཙམ་ན། །ཉོན་མོངས་རྣམ་རྟོག་ཕྱོགས་མེད་འགས། །ཐ་མལ་ལས་ཀྱི་རླུང་ནི་ཤ་ཤ་བོ། །ཕོ་རླུང་དྲག་ཅིང་རྩུབ་པ་རྣམས། །མོ་རླུང་བཞིན་དུ་ཐུལ་ཙམ་ན། །མ་ནིང་རླུང་གིས་སྙོམས་པར་སྦྱངས། །དེ་ཡིས་ཉོན་མོངས་རྣམ་རྟོག་ཞི། །བུ་ག་དགུ་ནས་རྒྱུ་བ་ཡི། །སྙིགས་མ་ཡི་ནི་རླུང་རྣམས་འགགས། །ཁམས་དགུ་དང་སྙིགས་སེལ་ནས་ཡོང༌། །སེམས་ཉིད་བདེ་གསལ་མི་རྟོག་སྐྱེ། །ཐ་མལ་དངོས་འཛིན་ཐམས་ཅད་འགགས། །རྩ་རླུང་གཉིས་ཀྱི་རྟེན་འབྲེལ་གྱིས། །ལུས་ལ་བདེ་དྲོད་སྐྱེ་བ་ཡིན། །སྐྱོན་དང་གེགས་རྣམས་ཕྲ་བ་ཞི། །ཡེ་ཤེས་མྱུ་གུ་སྐྱེ་བ་ཡིན། །རླུང་གིས་རྩ་གནས་ཁེངས་ཙམ་ན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་རྒྱས། །སྐུ་ཡི་སྒོ་དགུ་འགགས་ཞེས་བྱ། །ཟག་བཅས་རླུང་རྣམས་ཞི་བ་དང༌། །ཟག་མེད་བདེ་སྟོང་ཆེན་པོ་སྐྱེ། །ལུས་སེམས་གཉིས་ལ་བདེ་བ་རྒྱས། །སྣང་བ་ཐམས་ཅད་བདེ་བར་འཆར། །ཡོན་ཏན་ཆོས་རྣམས་རྒྱས་པར་འོང༌། །གཞིལ་བ་ཡི་ནི་སྦྱོར་བ་ཡི། །རླུང་མི་ཐུབ་ཕྱིར་ལ་གཞིལ་བ་ཡིས། །དབུ་མའི་ནང་དུ་ཚུད་ཙམ་ན། །རྐྱེན་དང་གེགས་དང་མི་མཐུན་སོགས། །བདེ་སྟོང་ལྷན་ཅིག་སྐྱེས་པ་ཡིས། །ཐམས་ཅད་ཡོན་ཏན་ཕྱོགས་སུ་བསྡུས། །མདའ་ལྟར་འཕང་བའི་སྦྱོར་བ་ཡིས། །རླུང་གི་སྐྱོན་རྣམས་སེལ་བར་བྱེད། །དཔེར་ན་དབྱར་ཁ་ཚད་པ་ལ། །རླུང་བྱུང་བས་ནི་ཕན་པ་ལྟར། །ཟག་མེད་རླུང་གི་སྦྱོར་བ་ཡིས། །སྐྱོན་དང་གེགས་རྣམས་དེ་ཡིས་སེལ། །དེ་ཡིས་མངོན་སྤྱོད་ཕྲིན་ལས་འགྲུབ། །རླུང་སྦྱོར་ནུས་པ་འགྲིག་པ་ཡི། །ཡི་གེའི་གནས་སུ་རླུང་སེམས་འདུས། །རིགས་དྲུག་འཁོར་བའི་ཡི་གེ་དང༌། །ཡི་གེའི་སྐྱོན་རྣམས་འདག་པ་ཡིན། །འབྱུང་བཞི་རླུང་གིས་དྭངས་སྙིགས་འབྱེད། །རླུང་གི་སྐྱོན་རྣམས་དག་ཙམ་ན། །གསུང་གི་སྒོ་བཞི་འགག་ཅེས་བྱ། །སོ་སོ་ཡང་དག་རིག་པ་བཞི། །ངག་གི་དབང་ཕྱུག་འགྲུབ་པ་ཡིན། །ཨ་ལི་ཀ་ལི་མངའ་བརྙེས་པ། །རིགས་དྲུག་སོ་སོའི་སྐད་དུ་ནི། །གསུང་དབྱངས་དྲུག་ཅུ་ཆོས་ཀྱི་སྒྲ། །ཐམས་ཅད་སྐད་དུ་ཆོས་གསུང་ནུས། །རླུང་སེམས་གཉིས་ལ་དབང་ཐོབ་པས། །གཟུང་འཛིན་གཉིས་སྤང་བག་ཆགས་འགགས། །ཡེ་ཤེས་ལྔ་དང་ལྡན་པ་དང༌། །ཐུགས་ཀྱི་སྒོ་གཉིས་བྱེ་བ་ཡི། །ཡེ་ཤེས་གཉིས་ཀྱིས་ཐམས་ཅད་མཁྱེན། །ཐུགས་ལ་དཔལ་བེའུ་དང་ལྡན་ཞིང༌། །ཞལ་ལ་མཛོད་སྤུས་བརྒྱན་པ་ཡི། །ཐུགས་ཀྱི་སྒོ་གཉིས་དབྱེ་ཞེས་བྱ། །ཐིག་ལེའི་གནས་སུ་རླུང་སེམས་འདུས། །ཐིག་ལེའི་དྭངས་སྙིགས་འབྱེད་པ་དང༌། །ཐིག་ལེའི་སྐྱོན་རྣམས་དག་པ་དང༌། །ཟག་མེད་བདེ་བ་རྒྱས་པ་དང༌། །འོད་གསལ་ཆོས་སྐུ་མངོན་དུ་བྱེད། །ཀུན་གཞི་རང་བཞིན་རྣམ་དག་པས། །དབུ་ཡི་གཙུག་ཏོར་ཐིག་ལེ་བརྟན། །ལམ་གྱི་དུས་ཀྱི་ཡོན་ཏན་རྣམས། །གནས་སྐབས་འདི་ཡི་འབྲས་བུར་བཞེད། །སྐུ་ལྔ་རོ་གཅིག་རྡོ་རྗེ་འཆང༌། །རང་ཉིད་རྫོགས་པའི་སངས་རྒྱས་སུ། །འགྲོ་བའི་དོན་དུ་མངོན་སངས་རྒྱས། །དེ་ནི་མཐར་ཐུག་འབྲས་བུ་ཡིན། །རྗེས་ལ་བཟོད་གསོལ་ཞེས་པ་ནི། །གསང་སྔགས་ཟབ་མོའི་ཚིག་དོན་རྣམས། །འགྲོ་བའི་དོན་དུ་ཡི་གེར་བཀོད། །སྣོད་མིན་གསང་བ་བསྒྲགས་པ་དང༌། །ཚེ་འདིའི་འཁྲི་བ་མེད་ན་ཡང༌། །གོང་འོག་སྒྲ་དོན་འགལ་བ་དང༌། །ཉེས་པའི་ཚོགས་རྣམས་ཅི་མཆིས་པ། །བླ་མ་ཡི་དམ་དཔའ་བོ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས། །མི་མཉེས་གྱུར་པ་བཟོད་པར་གསོལ། །དུས་གསུམ་བསགས་ཡོད་དགེ་བ་རྣམས། །འཁོར་འདས་གཉིས་ཀྱི་དགེ་བ་དང༌། །ཆོས་འདི་བརྩམས་པའི་དགེ་བ་ཡིས། །བདག་གཞན་སངས་རྒྱས་ཐོབ་པར་ཤོག །སྨོན་ལམ་བཀྲ་ཤིས་ཞེས་པ་ནི། །བདག་གང་དུ་སྐྱེས་པའི་གནས་རྣམས་སུ། །ཕྱི་ནང་འཚེ་བ་མེད་པ་དང༌། །སངས་རྒྱས་བསྟན་པ་དར་བ་དང༌། །དགོས་འདོད་ཕུན་སུམ་ཚོགས་པར་ཤོག །དལ་འབྱོར་མི་ལུས་ཐོབ་པ་དང༌། །དགེ་བའི་བཤེས་དང་མཇལ་བ་དང༌། །དམ་ཆོས་ཚུལ་བཞིན་སྤྱད་ནས་ཀྱང༌། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །བདག་གང་དུ་འདུག་པའི་གནས་རྣམས་སུ། །ལོངས་སྤྱོད་ཆོས་དང་མཐུན་པ་དང༌། །དག་པའི་འཁོར་གྱིས་བསྐོར་བ་དང༌། །འགྲོ་བ་རྣམས་ཀྱི་དཔལ་དུ་ཤོག །བདག་ལ་བསྟེན་པའི་སེམས་ཅན་རྣམས། །ཐེག་པ་ཆུང་ངུའི་སྒོར་ཞུགས་ནས། །སྡོམ་པ་ཚུལ་བཞིན་བསྲུང་བ་དང༌། །དམ་ཆོས་ཚུལ་བཞིན་སྤྱད་པ་ཡིས། །ཟག་མེད་འབྲས་བུ་ཐོབ་པར་ཤོག །ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །བྱང་ཆུབ་སེམས་མཆོག་སྤྱད་པ་དང༌། །བདག་མེད་གཉིས་ཀྱི་དོན་རྟོགས་ནས། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དབང་ཐོབ་བསྐྱེད་རྫོགས་བརྟན་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །ཚེ་འདིར་སངས་རྒྱས་ཐོབ་པར་ཤོག །བདག་མཐོང་ཐོས་དྲན་དང་རེག་པ་དང༌། །བདག་གིས་མཐོང་ཐོས་དྲན་པ་དང༌། །བདག་ལ་ཞབས་ཏོག་བྱས་པ་རྣམས། །ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །ཞིང་ཁམས་རྣམ་པར་དག་པ་རུ། །འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས། །ཆོས་ཀྱི་འཁོར་ལོ་བསྐོར་བྱས་ནས། །འགྲོ་བའི་དོན་དུ་སངས་རྒྱས་ཤོག །བདག་དང་མཐའ་ཡས་སེམས་ཅན་གྱིས། །ལུས་ངག་ཡིད་གསུམ་ཆོས་རྣམས་ལ། །འཁོར་འདས་གཉིས་ཀྱི་ཡོན་ཏན་རྣམས། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཞི། །བླ་མ་ཡི་དམ་རྒྱལ་བ་སྲས་བཅས་དང༌། །མཁའ་འགྲོ་ཆོས་སྐྱོང་མཐུ་ལྡན་གྱིས། །ལུས་ངག་ཡིད་གསུམ་བྱ་བ་གང༌། །བཀྲ་ཤིས་བདེ་ལེགས་བྱིན་གྱིས་རློབས། །ཞིང་ཁམས་རྣམ་པར་དག་པ་དང༌། །འཁོར་དང་ལོངས་སྤྱོད་འཕེལ་བ་དང༌། །དགྲ་བགེགས་རྩུབ་འཁྲུགས་མེད་པ་དང༌། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ལུས་མཚན་དང་དཔེ་བྱད་ཀྱི་བཀྲ་ཤིས་ཤོག །ངག་གསུང་དབྱངས་དྲུག་ཅུའི་བཀྲ་ཤིས་ཤོག །སེམས་ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག །རྩ་ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག །རླུང་སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག །ཐིག་ལེ་ངོ་བོ་ཉིད་སྐུའི་བཀྲ་ཤིས་ཤོག །རྒྱུད་ཟག་མེད་བདེ་བའི་བཀྲ་ཤིས་ཤོག །འབྲས་བུ་སངས་རྒྱས་ཀྱི་བཀྲ་ཤིས་ཤོག །ཡུལ་ལ་མཚན་གསོལ་ཟླ་ཀླུང་དུ། །དུས་ཁོམ་དུས་བྲིས་པའི་གཏམ་སྡོམ་དུ། །དགོས་འདོད་ཐམས་ཅད་འབྱུང་བའི་གནས། །དོན་ནོར་བུ་རིན་ཆེན་ལྟ་བུ་ཡི། །སྐྱེ་མེད་ཨ་ཐུང་གཏུམ་མོའི་གནད། །རང་བཞིན་བདེ་སྐྱིད་འབྱུང་བ་ཡི། །ཆོས་འདི་ཇི་སྲིད་འཁོར་བ་ཡི། །རྒྱ་མཚོ་ཆེན་པོ་སྟོང་པར་མ་གྱུར་གྱི། །བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་ནས་ཀྱང༌། །ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །བླ་མ་རིན་པོ་ཆེའི་མཆོག་གི་གཏུམ་མོའི་ལམ་གསལ་བར་སྟོན་པ་སྒྲོན་གསལ་ཞེས་བྱ་བ་ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །

ལམ་རིམ་པ་ལྔ་པ།

༈ ལམ་རིམ་པ་ལྔ་པ་བཞུགས་སོ། །ན་མོ་གུ་རུ། བདེ་གཤེགས་བཀའ་ཡི་དགོངས་པ་མི་བསླུ་བས། །བཀའ་བརྒྱུད་བླ་མ་རྣམས་ལས་རིམ་གྱིས་བརྒྱུད། རྩ་བའི་བླ་མས་གསུངས་པ་ཟབ་མོའི་ཆོས། །བདག་གིས་འགྲོ་བ་སེམས་ཅན་རྣམས་ལ་བསྟན། །ལས་ཅན་སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །འཁོར་འདས་གཉིས་ཀྱི་བདེ་སྐྱིད་འདི་ལས་བྱུང༌། །ལམ་གྱི་གེགས་དང་སྐྱོན་རྣམས་སེལ་མཛད་ཅིང༌། །ཡོན་ཏན་འབྲས་བུ་ཐོབ་པ་མཛད་པ་ཡི། །རིམ་ལྔ་དམར་ཁྲིད་ལམ་རིམ་བྲི་བར་བྱ། །སེམས་བསྐྱེད་བྱང་ཆུབ་སེམས་ཀྱི་རིམ་པ་དང༌། །འཁོར་འདས་ཆོས་རྣམས་སོ་སོར་རང་སྣང་རིམ་པ་དང༌། ཉོན་མོངས་བདེ་བ་ལམ་སློང་རིམ་པ་དང༌། ཐབས་ལམ་གནད་གསུམ་གནད་ཀྱི་རིམ་པ་དང༌། །ལམ་མཆོག་འབྲས་བུ་ཕྱག་རྒྱ་ཆེན་པོའི་རིམ་པའོ། །རྗེས་ལ་བཟོད་གསོལ་བསྔོ་བ་སྨོན་ལམ་བཏབ་པར་བྱ། དེ་ལ་སེམས་བསྐྱེད་ཅེས་པ་ནི། །སེམས་བསྐྱེད་ཀྱིས་ཐམས་ཅད་བྱང་ཆུབ་ལམ་དུ་བྱེད་ན་ཡང༌། གནད་མ་འཁྱུག་པ་གལ་ཆེ་སྟེ། །བཅོམ་ལྡན་འདས་ཀྱིས་ཚད་མེད་པ་བཞིའི་སྔོན་དུ་བྱམས་པ་སྟོན་པའི་རྒྱུ་མཚན་ཡང༌། བྱམས་པའི་ཡུལ་སྤྱིར་སེམས་ཅན་ཐམས་ཅད་ཡིན་ལ། ཁྱད་པར་ཕ་དང་མ་ལ་སོགས་པ་ཕན་འདོགས་ཤིང༌། དྲིན་ཆེ་བ་རྣམས་དང༌། ཡུལ་གདུག་པ་ལ་སྐྱེ་ཡང་མི་གདུག་པ་གནོད་པ་སྐྱེལ་བ་ལ་སྐྱེ་དགོས། དེ་ལྟར་ཡིན་ཡང་གནད་འཁྱུག་པ་ནི། སྡང་བ་སྔོན་དུ་བརྗོད་ན་བྱམས་པ་ཕྱི་ལ་ལུས། གནོད་སྐྱེལ་སྔོན་དུ་བརྗོད་ན་ཕན་འདོགས་ཡལ་བར་དོར། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པར་བྱེད་པ་སྔོན་དུ་བརྗོད་ན་ཕ་རོལ་པོའི་ནུས་པ་བསྐྱེད། མི་མཐུན་པའི་ཕྱོགས་གྲུབ་པར་བྱེད་པ་སྔོན་དུ་བརྗོད་ན། ཕ་རོལ་པོའི་བསམ་པ་འཁྲུགས་ཤིང་རང་གིས་བསམ་པ་མི་འགྲུབ། མཐུ་བྱས་ཀྱང་ཁོ་ཡི་སྲུང་མར་འགྲོ་ཞིང་མཐུ་མི་འཇུག དེ་བྱང་ཆུབ་ཀྱི་སེམས་ཡིན་ཡང་རང་ལ་རྩ་ལྟུང་བཅུ་པ་འབྱུང༌། དེ་དག་གཙོར་བྱས་ཕན་འདོགས་པ་རྣམས་ཡི་འཆད་པ་ལ་སོགས་ཏེ་སྐྱོན་མང་པོ་འབྱུང་བ་ཡིན། དེ་ནས་སེམས་ཅན་ཐམས་ཅད་ཨ་མར་བསྒོམས་ན་བུ་གཅིག་པའི་མ་བཞིན་དུ་ཐམས་ཅད་བྱམས་པར་འོང༌། གཞན་ཡང་གོང་མ་རྣམས་ལ་ཕན་ཡོན་ཇི་ལྟར་འབྱུང་ན། ཡུལ་སོ་མར་འགྲོ་བ་དང༌། ས་གཉན་སར་སྡོད་པ་དང༌། མི་འདྲེ་ཅན་ཁམས་བཞིའི་ནད་ཡོད་པ་དང་འཕྲད་ཀྱང་གྲིབ་དང་གནོད་པས་རང་ལ་མི་ཚུག མི་མ་ཡིན་གདུག་རྩུབ་ཅན་རྣམས་ཀྱིས་ཚུར་ལ་ཕན་འདོགས་ཤིང་མཐུན་རྐྱེན་སྦྱོར། སེམས་བསྐྱེད་རྩ་བའི་གནད་སྒོམ་ཤེས་ན་ཕན་ཐོགས་པ་དང༌། གནོད་པ་སྐྱེལ་བ་དང༌། ཕན་གནོད་མེད་པའི་སེམས་བསྐྱེད་རྣམས་བྱང་ཆུབ་སེམས་ཀྱིས་དབང་དུ་འདུ་ཞིང་ཕན་ཐོགས་པར་འོང༌། མི་ཆེན་པོ་དང་བསོད་ནམས་ཅན་ཡང་འཁོར་དུ་འདུ། སེམས་བསྐྱེད་ཀྱིས་ཟིན་ན་ཆོས་ཐམས་ཅད་ལམ་དུ་འགྲོ། དེ་ལྟར་སེམས་བསྐྱེད་ཀྱི་སྐྱོན་དང་ཕན་ཡོན་རྣམས་ཤེས་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི། ཀུན་རྫོབ་དང་དོན་དམ་པ་གཉིས་ཏེ། ཀུན་རྫོབ་ནི་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་ལས། བྱམས་པ་ཡུལ་ལ་ཤོར་ན་རང་གིས་བདེ་བ་མི་མྱོང༌། སྙིང་རྗེ་ཞི་བ་ལ་གནས་ན་སེམས་ཀྱི་སྡུག་བསྔལ་མི་སེལ། བྱང་ཆུབ་ཀྱི་སེམས་ཀོར་ཙེར་བསྒོམ་ན། མངའ་རིས་དང་ཡུལ་ལ་རིས་སུ་ཆད་ཅིང་འཁྲུགས་རྩོད་འོང༌། འོན་ཀྱང་གྲོགས་དབང་དུ་བསྡུ་ན་ཀོར་ཙེར་བསྒོམ་ཞིང་གནད་དུ་བསྣུན། དོན་དམ་བྱང་ཆུབ་ཀྱི་སེམས་ནི་སེམས་གསུམ་གདོད་ནས་དག་ཅིང་སྐྱེ་བ་མེད་པ་སྟོང་པ་ཉིད་བློའི་ཡུལ་ལས་འདས་པའོ། །དེ་དག་ནི་གཉིས་མ་ཡིན་ཏེ། དོན་དམ་དང་ཀུན་རྫོབ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་སོ། །འོན་ཏེ་གསུམ་བརྗོད་པའམ་དངོས་པོར་སྣང་བ་དོན་དམ་དུ་ཅང་འོང་ངམ་སྙམ་ན་སྙིང་རྗེར་སྣང་བའི་སེམས་དེ་འདི་འདྲ་བ་གཅིག་ཡིན་བྱ་བའི་བློའི་ཡུལ་དུ་གྱུར་པའམ། བརྗོད་དུ་མེད་པས་ན་དོན་དམ་མོ། །རིམ་པ་ཞེས་པ་ནི། དགེ་བ་ཅི་བྱེད་ཀྱི་སྔོན་དུ་སེམས་བསྐྱེད་འགྲོ་བ་དང༌། བྱམས་པ་ནས་དོན་དམ་གྱི་བར་དུ་རིམ་གྱིས་བསྒྲོད་པས་ན་རིམ་པའོ། །གཉིས་པ་འཁོར་འདས་ཀྱི་ཆོས་ཞེས་པ་ནི། འཁོར་བ་ན་འགྲོ་བ་རིགས་དྲུག་གི་བདེ་སྡུག་དང༌། མྱ་ངན་ལས་འདས་པའི་བདེ་བ་ཐམས་ཅད་སོ་སོར་སྣང་བ་ཡིན་ལ། ལས་དགེ་སྡིག་གང་བྱས་ཀྱི་རྣམ་པར་སྨིན་པ་དང༌། དབང་འབྲས་རང་སྣང་དུ་འཆར་བ་ཡིན་ཏེ། དེ་ལྟར་ཡིན་པར་ཡང་ཆུ་གཅིག་ལ། དམྱལ་བས་ཐལ་ཚན་གྱི་ཆུ་བོར་མཐོང༌། ཡི་དྭགས་ཀྱིས་རྣག་ཁྲག་དང་ངན་སྐྱུག་ལ་སོགས་པར་མཐོང༌། དུད་འགྲོ་ལ་གནས་གང་དུ་སྐྱེས་པ་དེའི་སྣང་བ་འདམ་རྫབ་ལ་སོགས་པར་མཐོང༌། མི་ལ་ཆུ་བོར་མཐོང༌། ལྷས་བདུད་རྩིར་མཐོང༌། འདི་ལ་སྣང་ཡུལ་སེམས་སུ་འདོད་པ་ཡོད་དེ། སྣང་ཡུལ་སེམས་མ་ཡིན། སྣང་ཡུལ་ཇི་ལྟར་སྣང་བ་བཞིན་དུ་སེམས་དེ་ལྟར་སྣང་བ་ཡིན། གལ་ཏེ་སྣང་ཡུལ་སེམས་ཡིན་ན། མི་ཤི་བ་ལྟར་སྐྱེས་པའི་དུས་ན་མི་ཡུལ་གྱི་སྣང་བ་འབྱུང་དགོས་ཏེ་མི་འབྱུང༌། ལྷའི་སྣང་བར་སྣང་བས་ན་དེས་ཤེས། འོ་ན་དེ་གཉིས་གཅིག་གམ་ཐ་དད་སྙམ་ན། དེ་གཉིས་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་ཏེ། སྣང་སེམས་འཕྲོས་པའི་དུས་སུ་གཅིག་པ་བཞིན་སྣང་ཡང་གཅིག་པ་མ་ཡིན། ཡུལ་ཇི་ལྟར་ཡོད་ཀྱང་ཡུལ་སེམས་མ་འཕྲོད་ཙམ་ན་གཅིག་ཀྱང་མི་སྣང༌། དེས་ན་སེམས་ཅན་ལ་མ་དག་པར་འཁྲུལ་པ་ཡི་སྣང་བ་རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དག་པའི་སྣང་བ་ཞེས། སློབ་དཔོན་ཆེན་པོ་བཱིར་ཝཱ་པས་སོ་སོའི་སྣང་བ་ཡིན་པར་གསུངས། དེ་ཡང་སྡིག་པ་མི་དགེ་བའི་ལས་དང༌། དཀར་པོ་དགེ་བའི་ལས་གཉིས་ཀྱི་སྣང་ཡུལ་སོ་སོ་ཡིན། དེ་ལ་སེམས་ཅན་ཐམས་ཅད་ཀྱི་རང་སེམས་ཁམས་རང་བཞིན་རྣམ་དག་ཡིན་པར་མ་རིག་པས། མ་རིག་པའི་དབང་གིས་ང་དང་བདག་ཏུ་བཟུང༌། གཟུང་འཛིན་རྟོག་པའི་འཁྲུལ་པས་ཉོན་མོངས་པ་བསྐྱེད། དེས་ཀུན་ནས་བསླང་ནས། མི་དགེ་བའི་ལས་སྤྱད་ནས། འབྲས་བུ་རིགས་དྲུག་གི་རྩིས་ལ་འཁོར་བའི་སྡུག་བསྔལ་དུ་བསྐོར་བས་མ་དག་པའི་སྣང་བའོ། །གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །རྩ་དང་འཁོར་འདས་གཉིས་ཀྱི་ཡི་གེ ལུས་ཀྱི་གནས་གང་དང་གང་དུ་རླུང་སེམས་འདུས་པས། ཉམས་འདི་འབྱུང་ལ་འདི་མི་འབྱུང་བ་མེད་པས་ན། རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བའོ། །བདེ་བར་གཤེགས་པ་སྒྲིབ་པ་ཐམས་ཅད་དག་པས་ཤེས་བྱ་མ་ལུས་པ་མཁྱེན་པ་ནི་དག་པའི་སྣང་བའོ། །དེ་ལས་ཐམས་ཅད་མཁྱེན་པས་ཡུལ་འཁྲུལ་པ་སྣང་བ་རྫུན་པ་ཅན་འདི་མཁྱེན་ནམ་མི་མཁྱེན། མི་མཁྱེན་ན་ཐམས་ཅད་མཁྱེན་པ་མ་ཡིན་ལ། མཁྱེན་ན་ཡུལ་འཁྲུལ་སྣང་ལ་འཁྲུལ་སྣང་དུ་མཁྱེན་ནམ། འཁྲུལ་སྣང་མ་ཡིན་པར་མཁྱེན། དང་པོ་ལྟར་ན་ཡུལ་ལ་ཇི་ལྟར་ཡོད་པ་བཞིན་དུ་མཁྱེན་ཡང་འཁྲུལ་པ་ཅན་དུ་མི་འགྱུར་ཏེ། ཆོས་ཐམས་ཅད་རང་སྣང་ཡིན་པའི་ཕྱིར། སངས་རྒྱས་ལ་དག་པའི་སྣང་བ་ཡེ་ཤེས་སུ་སྣང་བས་འཁྲུལ་པར་མི་འགྱུར། སྨན་པ་མཁས་པས་ནད་པ་ལ་ནད་ཇི་ལྟར་ཡོད་བཞིན་དུ་ཤེས་ཀྱང༌། སྨན་པས་ནད་མི་མྱོང་བ་བཞིན་ནོ། །གཉིས་པ་འཁྲུལ་པ་ཅན་དེས་འཁྲུལ་པ་ལ་འཁྲུལ་པར་མ་ཤེས་པས་འཁྲུལ་པ་དེ། དག་པའི་སྣང་བ་ལ་བསྒྲིལ་མི་ཉན། ཅི་ནས་ཡུལ་སྡུག་པ་དང་མི་སྡུག་པ་དང་བར་མ་གསུམ་སེམས་ཅན་འཁྲུལ་པ་ཅན་གྱིས་མཐོང་ནས་ཆགས་སྡང་རྨོངས་གསུམ་སྐྱེ་བ་ཡིན་ལ། སངས་རྒྱས་ལ་འཁྲུལ་པ་མེད། སངས་རྒྱས་ལ་ཉོན་མོངས་པ་མི་མངའ་བས་སོ། །དེ་ཡང་སྣང་བ་ཡུལ་དུ་ཤོར་ན་ཉོན་མོངས་པ་སྐྱེ་བས། སྣང་བ་རང་སེམས་ཕྱག་རྒྱ་ཆེན་པོར་མྱོང་བར་བྱའོ། །ཕྱག་རྒྱ་ཆེན་པོ་མྱོང་བ་ཡིན་ན་ཉོན་མོངས་པ་མ་ཡིན། ཉོན་མོངས་སུ་མྱོང་བ་ཡིན་ན་ཕྱག་རྒྱ་ཆེན་པོ་མ་ཡིན། དེས་ན་བསྒོམ་དགོས་པ་ཡིན། བསྒོམས་ནས་ཀུན་གཞི་རང་བཞིན་རང་རིག་ཆོས་སྐུར་མྱོང་ཙམ་ན། རྣམ་ཤེས་བདུན་པོ་ཡུལ་ཅན་གྱིས་དབང་དུ་བསྡུས་པ་ཡིན་པ་ལས། དེ་རང་དག་ནས་འོང༌། དེ་ཡང་རླུང་ཞི་ནས་མེད་ཙ་ན་རྣམ་ཤེས་ཞི་སྟེ། ཉོན་མོངས་ཅན་གྱི་ཡིད་བག་ལ་ཞ་ཙམ་ན། སྒོ་ལྔ་རྟོག་མེད་ཡིན་ལ། ཀུན་གཞིའི་རང་བཞིན་སྟོང་པ་ཉིད་དེ་རང་གིས་མྱོང་ཙམ་ན། ཆོས་རྣམས་རང་སེམས་རིག་པའི་ངང་དུ་འདུ། རང་སྣང་ཕྱག་རྒྱ་ཆེན་པོར་མྱོང་ནས་གཞན་སྣང་དབང་དུ་འདུ། དེ་ལྟར་ཡིན་པ་འཕགས་པ་སྡུད་པ་ལས། རྒྱལ་པོ་གྲོང་དུ་མི་འགྲོ་ཡུལ་འཁོར་མི་འགྲོ་ལ། །རང་གིས་ཡུལ་ནས་འདུ་བ་ཐམས་ཅད་སྡུད་པ་ལྟར། །བྱང་ཆུབ་སེམས་དཔའ་ཆོས་ཉིད་གང་དུ་ཡང་མི་འགྲོ་ལ། །སངས་རྒྱས་ས་ཡི་ཡོན་ཏན་གང་བྱུང་ཐམས་ཅད་སྡུད། །ཅེས་གསུངས་སོ། །སྣང་བ་རང་སྣང་དུ་རྟོགས་པས་ཕྱི་བཟུང་བའི་ཡུལ་དང༌། ནང་འཛིན་པའི་སེམས་དང༌། དངོས་པོར་འཛིན་པ་ཐམས་ཅད་དང༌། ནང་སེམས་གཉིས་སུ་མེད་པར་རང་སྣང་འོད་གསལ་དུ་ཤར་ཙམ་ན་བག་ཆགས་ཀྱི་སྣང་བ་འདག རི་དང་རྩིག་པ་ལས་ཐལ་བ་དངོས་པོ་ཐམས་ཅད་ལ་ཐོགས་པ་མེད་པ་ནི། རི་དང་རྩིག་པ་ལ་སོགས་པའི་དངོས་པོ་ཐམས་ཅད་མེད་པར་སོང་བ་མ་ཡིན་ཡང༌། སེམས་གཟུང་བ་དང་འཛིན་པའི་དངོས་པོར་རྟོག་པ་མེད་ན་འོད་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པ་གཞན་མེད་པའོ། །གསུམ་པ་ཉོན་མོངས་པ་བདེ་བ་ལམ་སློང་ཞེས་པ་ནི། སྤྱིར་དྲུག་རྩ་བའི་ཉོན་མོངས་ཉི་ཤུ་ཉེ་བ་ལ་སོགས་པ་མང་གིས་ཀྱང༌། དེ་དག་གི་རྩ་བ་ཉོན་མོངས་པ་ལྔ་ཡིན། དེ་མ་རྟོགས་པ་ཉོན་མོངས་པར་སྣང་བ་ཡིན། རྟོགས་ན་སྐུ་དང་ཡེ་ཤེས་ཡིན་པས། དེ་ཡང་སྐུ་ནི་རིགས་ལྔ་ཡིན་ཏེ་ཞེ་སྡང་མི་བསྐྱོད་པ། ང་རྒྱལ་རིན་ཆེན་འབྱུང་ལྡན། འདོད་ཆགས་སྣང་བ་མཐའ་ཡས། ཕྲག་དོག་དོན་ཡོད་གྲུབ་པ། གཏི་མུག་རྣམ་པར་སྣང་མཛད། ཉོན་མོངས་པ་ལྷ་སྐུར་ལམ་དུ་སློང་བའོ། །ཡང་ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས། འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས། ཕྲག་དོག་བྱ་བ་ནན་ཏན་གྱི་ཡེ་ཤེས། གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེས་ན་ཞེ་སྡང་མེད་ན་ཆོས་སྐུ་མེད། ང་རྒྱལ་མེད་ན་ཡོན་ཏན་མེད། འདོད་ཆགས་མེད་ན་བདེ་བ་མེད། ཕྲག་དོག་མེད་ན་ཕྲིན་ལས་མེད། གཏི་མུག་མེད་ན་ཆོས་དབྱིངས་མེད་པས། དེ་དག་མི་སྤང་བར་སྐུ་དང་ཡེ་ཤེས་སུ་སོ་སོར་རིག་པར་ཤེས་པར་བྱའོ། །ཉོན་མོངས་ལྔ་སྐྱེ་བའི་ཡུལ་ལྔ་སེམས་ཡིན་པས། སེམས་ཡེ་ཤེས་སུ་ཤེས་པར་བྱའོ། །ཞེ་སྡང་མེད་ན་ཞེ་སྡང་ཅན་དང་དྲག་པོ་མི་ཐུལ། ང་རྒྱལ་མེད་ན་ཡོན་ཏན་མེད་ཅིང་ང་རྒྱལ་ཅན་མི་ནོན། འདོད་ཆགས་མེད་ན་བདེ་བ་མེད་ཅིང་འདོད་ཆགས་ཅན་དབང་དུ་མི་འདུ། ཕྲག་དོག་མེད་ན་ཕྲིན་ལས་མེད་ཅིང་གཟེ་རེ་ཟུག་རྔུ་ཅན་ཟིལ་གྱིས་མི་ནོན། གཏི་མུག་མེད་ན་ཆོས་དབྱིངས་མེད་ཅིང་གཏི་མུག་ཅན་ལ་ཤེས་རབ་མི་སྐྱེའོ། །ཞེ་སྡང་གསལ་སྟོང་ཅན་ཉམས་སུ་མྱོང་ན། ཞེ་སྡང་ཅན་འཁོར་དུ་འདུ་ཞིང༌། ཞེ་སྡང་ཅན་གྱིས་ཞབས་ཏོག་བྱེད་པར་འོང༌། ཞེ་སྡང་ཅན་ལ་གསལ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་ནུས། །ང་རྒྱལ་ནི་སེམས་ཅན་གྱི་སེམས་དང་རང་གི་སེམས་མཉམ་པ་ཉིད་དུ་ཉམས་སུ་མྱོང་ན། ང་རྒྱལ་ཅན་འཁོར་དུ་འདུ་ཞིང༌། ང་རྒྱལ་ཅན་གྱིས་ཞབས་ཏོག་བྱེད་པར་འོང༌། ང་རྒྱལ་ཅན་ལ་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་སྐྱེ་བར་ནུས། འདོད་ཆགས་བདེ་སྟོང་དུ་ཉམས་སུ་མྱོང་ན། འདོད་ཆགས་ཅན་འཁོར་དུ་འདུ་ཞིང༌། འདོད་ཆགས་ཅན་གྱིས་ཞབས་ཏོག་བྱེད་པར་འོང༌། འདོད་ཆགས་ཅན་ལ་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་ནུས། ཕྲག་དོག་ལ་དགའ་སྟོང་ཉམས་སུ་མྱོང་ན། ཕྲག་དོག་ཅན་འཁོར་དུ་འདུ་ཞིང༌། ཕྲག་དོག་ཅན་གྱིས་ཞབས་ཏོག་བྱེད་པར་འོང༌། ཕྲག་དོག་ཅན་ལ་བྱ་བ་ནན་ཏན་གྱི་ཏིང་ངེ་འཛིན་སྐྱེ་བར་ནུས། གཏི་མུག་ཆོས་དབྱིངས་སུ་ཉམས་སུ་མྱོང་ན། གཏི་མུག་ཅན་འཁོར་དུ་འདུ་ཞིང༌། གཏི་མུག་ཅན་གྱིས་ཞབས་ཏོག་བྱེད་པར་འོང༌། གཏི་མུག་ཅན་ལ་ཆོས་ཀྱི་དབྱིངས་ཀྱི་ཏིང་ངེ་འཛིན་སྐྱེ་བར་ནུས་སོ། །དེ་ལྟར་ཉོན་མོངས་པ་ལྔ་ལས་གོ་བཟློག་པའི་སྦྱོར་བ་གོང་དུ་ཞིབ་པར་བསྟན་ན་ཡང༌། ཁྱད་པར་དུ་ཉོན་མོངས་པ་འདོད་ཆགས་ནི་དང་པོ་སྐྱེ་སྔ་ཞིང་བར་དུ་ཡང་སྤང་དཀའ། དེ་ཡང་བསམ་གཏན་བཞི་ནས་འདོད་ཁམས་ལྷ་གནས་དང༌། མི་ཡུལ་གླིང་དུ་བབས་པའི་སེམས་ཅན་རྣམས་ལ། དངོས་པོ་ཉོན་མོངས་པ་འདོད་ཆགས་སྔོན་དུ་སྐྱེ། འཁྲིག་པའི་སྦྱོར་བས་འཁོར་བའི་ཡུལ་རྣམས་བླངས་ཏེ། ལྷའི་ཏིང་ངེ་འཛིན་གྱི་དགའ་བདེ་སྤངས་ནས། འདོད་པའི་ཁམས་སུ་རྟོག་པ་རགས་པ་སྐྱེས་པས་ལེན། འདོད་ཆགས་ཟག་པ་མེད་པའི་བདེ་བ་ལས་དེ་མ་ཤེས་པས་ཟག་པ་ཟུག་རྔུ་གཉིས་སུ་སོང་བ་ཡིན་ཏེ། དེ་ཉིད་ཡེ་ཤེས་ཡིན་པས་ལམ་དུ་སློང་ཚུལ་བསྟན་པ་ནི། ཐེག་པ་ཆེན་པོ་གསང་སྔགས་ནས་གསུངས་ཏེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །དེ་ཡི་བྱེད་པ་རྡོ་རྗེ་སེམས། །ཞེས་དང༌། རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་ལས། ཇི་ལྟར་མེ་ཡིས་ཚིག་པ་ལས། །སླར་ཡང་མེ་ལ་གདུང་བར་བྱ། །རྣ་བའི་ནང་དུ་ཆུ་སོང་བས། །ཆུ་གཞན་དག་གིས་འབྱུང་བར་བྱ། །ཞེས་པ་དང༌། །གཞན་ཡང་ཁྱེའུ་འབྱིན་པར་བྱེད། །དྲི་མས་དྲི་མ་འཁྲུད་པར་བྱེད། །ཅེས་གསུངས་པས། དེ་ལ་དྲི་མ་ནི། འདོད་ཆགས་ཟག་པ་ཟུག་རྔུ་དང་བཅས་པ་དེ་ཡིན་ལ། ཞི་བའི་སྟོང་པར་བསྒོམས་པས་དག་པ་མ་ཡིན་ཏེ། འདོད་ཆགས་ཟུག་རྔུ་དང་བཅས་པ་དེ་ཉིད་བདེ་བའམ་སྟོང་པ་ཡིན་པར་རྟོགས་པས་འདག་གོ །དེ་ལམ་དུ་སློང་ཚུལ་ནི། རྗེ་ནཱ་རོ་པའི་ཞལ་ནས། རིག་མ་མཚན་ལྡན་ཡུལ་གྱི་གནད། །ཅེས་གསུངས་པས། ཆགས་ལམ་པ་ལ་རིག་མ་དངོས་ཡིན་ལ། གྲོལ་ལམ་པ་ལ་ནི་ཡིད་ཀྱི་རིག་མ་གཟུགས་མཛེས་པ་ཡིན། དེ་ཡང་འདོད་ཆགས་སྐྱེ་བའི་ཡུལ་མངོན་དུ་གྱུར་པའམ། ཡིད་ཀྱི་ཡུལ་དུ་གྱུར་པ་ལ། འདོད་ཆགས་ཀྱི་རྟོག་པ་སྐྱེས་པ་དེ་ཉིད་བདེ་སྟོང་དུ་མྱོང་བར་བསྒོམ་པར་བྱའོ། །དེ་ལྟར་མྱོང་ན་འདོད་ཆགས་བདེ་བར་ལམ་སློང་བ་ཡིན། ཉོན་མོངས་གཞན་ཡང་ཞེ་སྡང་ཞེ་སྡང་གིས་སྟོང༌། ང་རྒྱལ་ང་རྒྱལ་གྱིས་སྟོང༌། ཕྲག་དོག་ཕྲག་དོག་གིས་སྟོང༌། གཏི་མུག་གིས་གཏི་མུག་སྟོང༌། དེ་ལྟར་ཆོས་སོ་སོར་རང་རང་གིས་སྟོང་པར་ཤེས་པ་ཡིན། ཉོན་མོངས་བདེ་བ་ལམ་སློང་བ་ནི་རིམ་པའོ། །བཞི་པ་ཐབས་ལམ་ཞེས་པ་ནི། ཐབས་ལམ་རིམ་པ་གསུམ་གྱི་གཞི་ལ། གནད་བཞིན་ཉམས་སུ་ལེན་པ་ནི། ཐབས་དེ་རང་སྒོམ་པ་ནི་ལམ་མོ། དེ་ལ་གནས་ཐབས་གསུམ་ནི། དང་པོའི་གནས་ཐབས། ལམ་གྱི་གནས་ཐབས། འབྲས་བུ་སྐྱེ་བའི་རིམ་པའོ། །དང་པོ་ལུས་ཀྱི་རྩ་དང་ཡི་གེ་དང་ཐིག་ལེ་དང་རླུང་ལས་ལུས་རིལ་པོ་སྐྱོན་མེད་པ་ནི། སྒོམ་པ་ཡུལ་གྱི་གནས་ཐབས། སེམས་རིག་པ་དང་སྟོང་པ་དབྱེར་མེད་དུ་ལུས་ལ་གནས་པ་ནི། བསྒོམ་རྒྱུ་དོན་ངོ་བོ་ཡི་གནས་ཐབས་སོ། །ལམ་གྱི་གནས་ཐབས་ལ་གཉིས་ལས་དང་པོ་ལམ་གྱི་གནས་ཐབས་དངོས་ནི། རླུང་མེད་ན་གཏུམ་མོ་མི་འབར་རླུང་བཟུང་བས་གཏུམ་མོ་འབར། གཏུམ་མོ་འབར་བས་ཧྃ་དྲོས་དེས་བདེ་བ་སྐྱེ། དེས་ཁམས་ཞུ་ནས་ཐིག་ལེ་འཕེལ་ཞིང་རྒྱས། དེས་རྟོགས་པ་མཚན་ཉིད་པ་སྐྱེ། དེས་ནི་སེམས་ཀྱི་དངོས་ཉིད་མཐོང༌། ངོ་བོ་མཐོང་ན་མྱ་ངན་ལས་འདས་པའི་ས་ལ་གནས་པ་དེ་ལྟར་ཡིན་པར་ཡང༌། རྗེ་བཙུན་མི་ལ་དང༌། རྗེ་སྒམ་པོ་པ་མཇལ་བའི་དུས་སུ། སྒམ་པོ་པས་ཏིང་ངེ་འཛིན་བཟང་པོ་ཡོད་པའི་ཉམས་ཕུལ་བ་ལས། དེ་ལྟ་བུའི་ཉམས་ལྟང་ལྟིང་མ་བསྒོམ་པར། ང་ཡི་གཏུམ་མོ་སྲོག་རྩོལ་བསྒོམ་གསུངས། བཀའ་གདམས་པ་ལ་ཡང་རྫོགས་རིམ་སྒོམ་པ་ཡོད་ཞུས་པས། དེ་ཀུན་བརྟགས་དཔྱད་ཀྱི་ཏིང་ངེ་འཛིན་བྱ་བ་ཡིན་ཏེ། བརྟགས་ཤིང་དཔྱད་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་སྙམ་པའི་བརྟགས་ཤིང་དཔྱད་པའི་སྒོམ་ཡིན། དེས་ན་སེམས་ཀྱི་རྟ་རླུང་ཡིན། རླུང་བཟུང་ན་རྟོག་མེད་སྐྱེ། དེས་ན་སེམས་ཀྱི་ངོ་བོ་སྤྲོས་བྲལ་ཡིན་ནོ། །བདེ་གསལ་ཆོས་ཀྱི་སྐུ་མཐོང༌། དེ་ལ་གོམས་ཤིང་འདྲེས་ཙམ་ན། ས་ཕྱེད་དང་བཅུ་གསུམ་མམ་ས་བཅུ་རྒྱུན་གྱི་ཐ་མ་ལ་ཆོས་སྐུ་མངོན་དུ་གྱུར་ནས་སངས་རྒྱས། དེ་སངས་མ་རྒྱས་ཀྱང་འཆི་བའི་འོད་གསལ་དང༌། བསྒོམས་པའི་འོད་གསལ་གཉིས་གཅིག་ཏུ་གྱུར་ནས་བར་དོའི་གྲོང་ཁྱེར་མི་མཐོང་སྟེ། བར་དོ་སྒྱུ་མའི་ལུས་འཆར་བའི་དོད་དུ། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་འགྲོ་བའི་དོན་དུ་སངས་རྒྱས། དེས་ན་གཏུམ་མོ་བསྒོམ་པ་གལ་ཆེ་གསུངས། རྨི་ལམ་མེད་ན་སྒྱུ་ལུས་མི་འབྱུང་ངོ༌། །རྨི་ལམ་བཟུང་ན་སྒྱུ་ལུས་འབྱོངས། སྒྱུ་ལུས་འབྱོངས་ན་མེ་དང་ཆུ་ལ་སོགས་པའི་འཇིགས་པ་ཐམས་ཅད་ལ་ཡ་མི་ང༌། རྨི་ལམ་གྱི་ཤེས་པས་རིགས་དྲུག་གི་གནས་སྦྱོང་བ་དང༌། ཡུལ་གཞན་དུ་འགྲོ་བར་འདོད་པ་དང༌། སངས་རྒྱས་ཀྱི་ཞིང་ཁམས་གཞན་འདམ་དུ་འགྲོ་བ་དང༌། བླ་མ་དང་སངས་རྒྱས་དང༌། ཡི་དམ་གྱི་ལྷ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཞལ་བལྟ་བ་དང༌། ཆོས་ཞུ་བ་ལ་སོགས་པ་དེ་རྣམས་ཐམས་ཅད་སྒྱུ་མའི་ལུས་ཀྱིས་བགྲོད་པར་ནུས་པ་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་ནི། སྐྱེ་ཤི་བར་དོ་རྣམ་སྨིན་གྱི་ལུས་དབང་པོ་འགག་པའི་ཤེས་པ་དེ་སྒོ་ལྔ་སུབ་པས་གཉིད་དུ་སོང༌། རྨི་ལམ་སྒྱུ་ལུས་སུ་གྲོང་ཁྱེར་དུ་རང་རིག་རྣམ་པར་ཤེས་པ་དེ། རྨི་ལམ་རང་གཟུགས་གྲོང་དུ་འཁྱམས། དྲན་པས་ཟིན་ཅིང་སྒྱུ་ལུས་འབྱོངས་ཙམ་ན། སྔར་བཞིན་ཇི་ལྟར་འབྱུང་བ་དང༌། སྒྱུ་ལུས་འོད་གསལ་དུ་འཕོ་ནུས་པ་དང༌། འོད་གསལ་སྒྱུ་ལུས་སུ་འཆར་བ་ནི། དེ་གཉིས་སུ་མེད་པས་ཟུང་འཇུག་ལ་སྒོམ་པར་བྱེད་པ་སྟེ། དེ་ནི་སློབ་པའི་ཟུང་འཇུག་གོ །མི་སློབ་པའི་ཟུང་འཇུག་མཐར་ཕྱིན་པ་དང༌། ལུས་འཇའ་ཚོན་ལྟར་འཇའ་ལུས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན། གཉིད་མེད་ན་འོད་གསལ་མི་ཟིན། གཉིད་རང་འདི་འདྲ་བ་གཅིག་ཡིན་བྱ་བར་བརྗོད་དུ་མེད་ཀྱང་ཤེས་པས་མྱོང་ཡིན་འདུག་པས། གཉིད་སྣང་མེད་འོད་གསལ་ཡིན། སྣང་བ་ལ་གསུམ་གྱི་རིམ་པ་ལ་བརྟེན་ནས། འོད་གསལ་བཟུང་བ་ནི། གཏི་མུག་གཉིད་ཀྱི་ལྕགས་ཀྱུ་དེས། །འོད་གསལ་གཉིད་ཀྱི་གླང་པོ་བཟུང༌། །བྱ་བ་ཡིན་ཏེ། དེ་ཡང་བན་གླང་མེ་དང་ལྕགས་ཀྱུ་དང༌། སྐྱེས་བུ་མེད་ན་གླང་པོ་ཆེ་སྟོབས་ཆེ་བ་ཡིན་པས་བཟུང་མི་ནུས་ལ་དེ་གསུམ་ཡོད་ན་འཛིན་ནུས་པ་བཞིན་དུ། གླང་པོ་ཆེ་དང་འདྲ་བའི་རྣམ་པར་ཤེས་པ་སྣང་བ་དང་རྟོག་པ་འཕྲོ་བ་དེ་བཟུང་བར་མི་ནུས་པར། གཉིད་ཀྱི་དབང་པོ་འགགས་པས་སྣང་བ་གསུམ་གྱི་རིམ་པས། སྣང་བ་རྟོག་པའི་ཕྲ་རག་ཐིམ་པས་འོད་གསལ་འཆར་བ་ངོས་ཟིན་ན། དེ་ལ་ལོ་དང་ཟླ་བར་སྦྱངས་པས་འོད་གསལ་གྱི་མེས་ལོག་རྟོག་དང་སྒྲིབ་པ་ཐམས་ཅད་བསྲེགས་པས། མངོན་པར་སངས་རྒྱས་པ་དེ་ལྟར་ཡིན་པར་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་བསྟོད་པ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །གཞན་ཡང་དྲི་མ་རྣམ་མང་བ། །བྱང་ཆུབ་སྙིང་པོར་གཤེགས་པའི་ཚེ། །ཁྱོད་ཀྱི་ཡེ་ཤེས་མེ་ཡིས་བསྲེགས། །ཞེས་གསུངས་པས། འོད་གསལ་འདི་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ནོ། །འཕོ་བ་སྒྱུ་ལུས་བསྒོམས་པ་དང་ནི། རླུང་སེམས་གཉིས་ལ་དབང་ཐོབ་པ་ལས་བྱུང་བ་ཡིན། རླུང་བཟུང་བས་སྒྱུ་ལུས་འབྱོང་བ་ལ་ཚེགས་མེད་པ་ཡིན་ནོ། །བར་དོ་ནི་འཆི་བའི་རྟགས་ལྔ་ལ་བརྟེན་ནས་འོད་གསལ་ངོས་འཛིན། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་བར་དོ་ངོས་འཛིན། དེས་ན་བར་དོའི་གདམས་པ་ཡིན་ནོ། །དེ་རྣམས་ནི་ཞིབ་ཏུ་བླ་མའི་ཞལ་ལས་ཤེས་པར་བྱའོ། །གཉིས་པ་གནད་བཞི་བསྟན་པ་ནི། སྣང་སྲིད་འཁོར་འདས་བེམ་རིག་གཉིས་ཀྱིས་བསྡུས་པ་དང༌། ལུས་ངག་ཡིད་གསུམ་ལ་བརྟེན་ཏེ་སྣང་བ་དང་རྟོག་པ་ཐམས་ཅད་ཐབས། དེ་ཉིད་གནད་བཞིའི་ཉམས་སུ་ལེན་པ་ལམ་མོ། །དེ་ལ་དུས་ཀྱི་གནད་སྣང་བ་དང་རྟོག་པ་ནམ་སྐྱེས་པའི་དུས་སུ་ལུས་ཀྱི་གནད་དཀྱིལ་ཀྲུང་ངམ་ཙོག་པུ་ལ་སོགས་པ་གང་བདེར་གནས་པར་བྱ། ཡུལ་གྱི་གནད་ནི་རྗེ་ནཱ་རོ་པའི་ཞལ་ནས། སྣང་བ་དཀར་དམར་ཡུལ་གྱི་གནད། །ཅེས་གསུངས་པས། སྣང་བ་དང་རྟོག་པ་ཡུལ་གང་ལ་སྐྱེས་པ་དེ་ཡུལ་ཡིན་ལ། ཤེས་པའི་གནད་ནི་སྣང་བ་དང་རྟོག་པ་དེ་རང་གི་སེམས་ཡིན་པས་དེ་ཉིད་ཐབས། ཐབས་དེ་དག་སོ་སོ་རང་རང་གིས་སྟོང་པར་ཤེས་པ་ཤེས་རབ། དེ་གཉིས་སུ་མེད་པ་ཐབས། ཤེས་རབ་ཟུང་དུ་འཇུག་པ་ནི། ཤེས་པའི་གནད་ཡིན། དེ་ནི་ལམ་གྱི་གནས་ཐབས་སོ། །འབྲས་བུ་སྐྱེ་བའི་རིམ་པ་ནི། ཆོས་ཐམས་ཅད་གཉིས་མེད་ཀྱི་ཡེ་ཤེས་སུ་རྟོགས་ཤིང་ཉམས་སུ་མྱོང་ན། སྐུ་དང་ཡེ་ཤེས་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོན་ཏན་དུ་འཆར་བས་རང་གཞན་གཉིས་ཀྱི་དོན་གྲུབ་པ་ནི་འབྲས་བུ་སྐྱེ་བའི་རིམ་པའོ། །རིམ་པ་ནི་དང་པོ་དངོས་པོའི་གནས་ཐབས་ཀྱིས་གཏན་ལ་ཕབ། བར་དུ་ལམ་གྱི་གནས་ཐབས་ཀྱིས་ཉམས་སུ་བླངས། ཕྱིས་ནས་ཡོན་ཏན་སྐྱེ་བའི་རིམ་པའོ། །ལྔ་པ་ལམ་མཆོག་ཅེས་པ་ནི། ལམ་ལྔ་ཡོད་པའི་ནང་ནས་འདི་ཡི་གོང་ན་གཞན་མེད་པས་ན་ལམ་མཆོག་གོ །འབྲས་བུ་ནི་ཐེག་པ་ཆེན་པོ་གསང་སྔགས་ནས་འབྲས་བུ་ལམ་དུ་བྱེད་པར་གསུངས་པས། འདི་ཉིད་མངོན་དུ་གྱུར་པ་མ་ཡིན་པ། འབྲས་བུ་གཞན་ནས་ཐོབ་རྒྱུ་མེད་པས་འབྲས་བུ་ལ་ལམ་གྱི་བརྡའི་མིང་གིས་བཏགས་པ་ཡིན། འོ་ན་འབྲས་བུ་དེ་གང་ཡིན་ཞེ་ན་ཕྱག་རྒྱ་ཆེ་ཞེས་པས། ཕྱག་གཉིས་སུ་མེད་པའི་ཡེ་ཤེས་དེ་རྒྱ་འཁོར་འདས་ཆོས་ཅན་ཆོས་ཉིད་ལ་སོགས་པའི་ཆོས་ཇི་སྙེད་ཅིག་ཡོད་ཀྱང་གཉིས་མེད་ཀྱི་ཡེ་ཤེས་མིན་པ་གཞན་མེད། དེ་ལས་མི་འདའ་བའི་དོན་གྱིས་རྒྱ་སྟེ། དེ་ཡི་གོང་ན་གཞན་མེད་པས་ན་ཆེན་པོའོ། །རིམ་པ་ནི། སེམས་རིག་པ་གདོད་ནས་དག་ཅིང་སྟོང་པ་འོད་གསལ་ཆོས་ཀྱི་སྐུ་དེ་ནི་ཟག་པ་མེད་པས་བདེ་སྟོང་དབྱེར་མེད་དུ་གནས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ། བདེ་སྟོང་དེ་རྟོགས་པས་སྣང་བར་ཤར་བས་སྤྲུལ་པའི་སྐུ། དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་སྟེ། རང་ཉིད་སྐུ་བཞི་མངོན་དུ་བྱས་ཙམ་ན། གཞན་དོན་འབྱུང་བས་ན་འབྲས་བུའོ། །དཔེར་ན་ཉི་མ་ཡོད་པས་འོད་ཡོད་ལ་འོད་ཀྱིས་མུན་པ་སེལ་བ་ལྟར། ཆོས་སྐུ་ཡོད་པས་གཟུགས་སྐུ་ཡོད་ལ་གཟུགས་སྐུས་གཞན་དོན་གྲུབ་པས་རིམ་པའོ། །མཇུག་གི་དོན་ལ་གསུམ། བཟོད་གསོལ་དང༌། བསྔོ་བ། སྨོན་ལམ་མོ། །བཟོད་གསོལ་ནི། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ནི་སྐུ་དང་ཡེ་ཤེས་ལྔ་ཡི་ཡོན་ཏན་ཡང་རང་བཞིན་རྐྱེན་གྱིས་མ་སྨིན་པས་གསང་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རང་ཆས་སུ་ཡོད་པ་གང་གིས་ཀྱང་སྒྲིབ་པ་མེད་ཀྱང་རང་གིས་རང་ཉིད་མ་རྟོགས་པས་རང་བཞིན་གྱིས་གསང་བ་དང༌། དེ་རང་ལ་ཡོད་པས་མ་བསྟེན་པས། རྐྱེན་གྱིས་གསང་བ་ཡང་དག་པའི་བླ་མ་དང་མཇལ་ཞིང༌། བླ་མ་ལ་བསྟེན་པའི་རྐྱེན་གྱིས་གསང་བ་ལས། ད་ལན་ཏེ་ཆོས་འདི་སེམས་ཅན་རྣམས་ལ་ཡོད་པས་གཅེར་མཐོང་དུ་བསྟེན་པ་ལས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང༌། ཆོས་ཀྱི་བདག་པོ་དང༌། ཆོས་ཀྱི་སྲུང་མ་རྣམས་ཀྱང་ཆོས་ཀྱིས་སེམས་ཅན་ལ་ཕན་པར་དགོངས་པ་མ་ཡིན་པ་གཞན་མི་མངའ་སྟེ། འོན་ཀྱང་སྣོད་མི་ལྡན་པའམ། བླུན་པོ་གཏི་མུག་ཆེ་བ་རྣམས་ཀྱིས་མ་རྟོགས་པས། ཆོས་ཟབ་མོར་མི་སྣང་ཟེར་ནས་ཆོས་ལ་སྨད་པ་འབྱུང་བས། ཆོས་བསྟན་པ་དོན་མེད་དུ་འགྲོ་བས་མི་མཉེས་པ་འབྱུང་སྟེ། འོན་ཀྱང་རང་གི་ལུས་ངག་ཡིད་གསུམ་རྫོགས་པའི་སངས་རྒྱས་དང་ཁྱད་མེད་པར་རྟོགས་པས་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡིན་པས། དེ་ཉིད་མ་རྟོགས་པ་རྣམས་ལ་ཐུགས་རྗེ་ཆེན་པོ་ཚད་མེད་པ་སྐྱེས་པས་རང་འདོད་དང་འཇིག་རྟེན་གྱི་འཁྲི་བ་མེད་ཅིང༌། རང་ཐད་ལ་བཏང་ནས་གསུངས་པ་ཡིན་ཏེ། སེམས་ཅན་གཅིག་ཙམ་ལ་ཕན་ན། དེས་སེམས་ཅན་མང་པོ་ལ་ཕན་པས། བསོད་ནམས་ཆེ་བར་སྣང་བས་གསུངས་པ་ཡིན་པ་ལས། དོན་མ་གོ་ཞིང་ཚིག་དོན་འགལ་བ་དང༌། ནོར་འཁྲུལ་བྱུང་བ་དང་གསང་བ་བསྒྲགས་པ་ལས་མི་མཉེས་གྱུར་པ་མཆིས་ན། གོང་མ་རྣམས་ལ་བཟོད་པར་གསོལ། བསྔོ་བ་ནི། ཞིང་དང་བསམ་པ་དང་དངོས་པོ་གསུམ་ཚོགས་པ་བསྔོ་རྒྱུ། དེ་ལ་ཞིང་ནི། ཡར་གྱི་དཀོན་མཆོག་གསུམ་གྱིས་བསྡུས་པ། རྒྱལ་བ་སྲས་བཅས། བླ་མ་ཡི་དམ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་མཆོད་འོས་ཐམས་ཅད་ལ་བརྟེན་ནས་ཚོགས་རྫོགས་སྒྲིབ་པ་འབྱང་དངོས་གྲུབ་འབྱུང་བས་ཞིང་དག མར་གྱི་འགྲོ་བ་རིགས་དྲུག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས་ཞིང་དག་པའོ། །བསམ་པ་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐོབ་པར་་འདོད་པས་དག་པའོ། །དངོས་པོ་རང་གིས་དུས་གསུམ་དུ་བསགས་ཤིང་ཡོད་པའི་དགེ་བ་དང༌། ཆོས་འདི་གསུངས་པས་སེམས་ཅན་ཐམས་ཅད་ཀྱིས་རང་སེམས་སངས་རྒྱས་སུ་རྟོགས་པར་འདོད་པས་དགེ་བ་དང༌། སེམས་ཅན་ཐམས་ཅད་འཕགས་པའི་ཚོགས་ཐམས་ཅད་རང་གི་སེམས་ཡིན་ལ། སེམས་ཕྱག་རྒྱ་ཆེན་པོར་རྟོགས་པ་ནི་དངོས་པོ་རྣམ་པར་དག་པའོ། །བསྔོ་བ་འཁོར་འདས་གཉིས་ཀྱི་ཐུགས་རང་བཞིན་གྱི་སངས་རྒྱས་ཀྱི་ཐུགས་ཡིན་པར་དེ་བསྔོའོ། །བསྔོ་བའི་མཁན་པོ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རང་གི་ལུས་ངག་ཡིད་གསུམ་ཡིན་པས། དེ་ཡང་ལུས་སྐུ་རྣམ་པར་སྣང་མཛད། ངག་གསུང་སྣང་བ་མཐའ་ཡས། སེམས་ཐུགས་མི་བསྐྱོད་པ། ང་རྒྱལ་དེ་གསུམ་གྱི་ཡོན་ཏན་རིན་ཆེན་འབྱུང་ལྡན། ཕྲག་དོག་དེ་གསུམ་གྱི་ཕྲིན་ལས་དོན་ཡོད་གྲུབ་པ། བདག་ཉིད་རིགས་ལྔ་རོ་གཅིག་དྲུག་པ་རྡོ་རྗེ་འཆང་དུ་རྟོགས་པ་ནི་བསྔོ་བའི་མཁན་པོའོ། །ཚུལ་ལམ་ཐབས་བསྔོ་རྒྱུ། བསྔོ་བ། བསྔོ་བའི་མཁན་པོ་ལ་སོགས་པ་ཐམས་ཅད་ཆོས་ཐམས་ཅད་རང་གི་སེམས། སེམས་སྐྱེ་བ་མེད་པ་འོད་གསལ་ཆོས་ཀྱི་སྐུ་ལ། བསྔོ་རྒྱུ། བསྔོ་བ། བསྔོ་བའི་མཁན་པོ་ལ་སོགས་པ་བསྔོ་བྱ་སྔོ་བྱེད་གང་དུ་ཡང་མ་གྲུབ་ཀྱང་སྣོད་ཙམ་དུ་དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག ཅེས་བསྔོ་བར་བྱའོ། །སྨོན་ལམ་ནི། བསྔོ་བའི་ནུས་པ་བསྐྱེད་པ་དང༌། ཁ་ལོ་བསྒྱུར་བ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཐེག་པ་དམན་པ་དང་འཁོར་བའི་བདེ་སྐྱིད་ཐོབ་པར་འདོད་པ་མ་ཡིན་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཐར་ཐུག་ཐམས་ཅད་མཁྱེན་པའི་བདེ་བ་མཆོག་དང༌། ཐུན་མོང་གི་དངོས་གྲུབ་ཚེ་འདིར་བརྙེས་ནས། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་མི་ཟད་པའི་རྒྱན་གྱི་འཁོར་ལོས་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པར་གྱུར་ཅིག སེམས་ཅན་ཐམས་ཅད་སངས་མ་རྒྱས་ཀྱི་བར་དུ་ཆོས་འདི་རྒྱུན་མ་ཆད་པར་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །བླ་མ་རིན་པོ་ཆེ་རྣམས་ཀྱི་བཀའ་དྲིན་གྱིས་བཀའ་དང་བསྟན་ཆོས་དང་མན་ངག་གི་ཆོས་རྣམས་ཀྱི་སྤྱི་དང༌། རང་གི་མཚན་ཉིད་ཅུང་ཟད་ཅིག་གོ་བ་དང༌། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཉམས་ལེན་རྗེ་ནཱ་རོ་པའི་གདམས་ངག་ལ་སོགས་པའི་རྩ་རླུང་གི་གནད་བསྒོམས་པས། སྐྱོན་དང་ཡོན་ཏན་ཉམས་ཀྱི་སྐྱེ་ཚུལ་དང༌། ཕྱག་རྒྱ་ཆེན་པོ་བསྒོམས་པས་རྟོགས་པ་སྐྱེས་ཏེ། ཆོས་ཀྱི་གནད་རྟེན་ཅིང་འབྲེལ་བར་འབྱུང་བ་ཅུང་ཞིག་གོ་བས། སྤྱིར་སེམས་ཅན་ཐམས་ཅད་ཁྱད་པར་དུ་རང་གི་སློབ་མ་རྣམས་ལ་ཕན་པར་སྣང་བས། ཡུལ་ལ་མཚན་དུ་གསོལ་བ་མདོ་ཁམས་ཀྱི་ས་ཁུལ་རྩི་ཡི་ཀླུ་མཁར་ཀོ་མཛོ་དགོན་ལ་ཁད་ཀྱིས་ཉེ་བའི་སར། ལམ་རིམ་པ་ལྔ་ཡི་ཉམས་ལེན། ༧ ཏི་ཤྲི་རས་པས་འགྲོ་བའི་དོན་དུ་ཡི་གེར་བཀོད་པ་རྫོགས་སོ།། །།

དཔལ་ལྡན་འབའ་རོམ་པ་ལ་བསྟོད་པ།

ཨེ་ཝྃ་མ་ཡ་ཆོས་ཀྱི་གསུང༌། །དུས་གསུམ་རྒྱལ་བ་སྲས་དང་བཅས། །བཀའ་བརྒྱུད་བླ་མ་ཐམས་ཅད་དང༌། །རྗེ་འགྲོ་བའི་མགོན་པོ་རིན་པོ་ཆེ། །དཔལ་ལྡན་འབའ་རོམ་པ་ལ་བསྟོད་པར་བགྱི། །རྗེ་ཐུགས་ནི་རྣམ་དག་སྤྲོས་དང་བྲལ། །ཁྱབ་དང་གཟུགས་ཅན་མ་ཡིན་པས། །འགྲོ་འོང་མེད་ཅིང་ལྷུན་གྱིས་གྲུབ། །རྗེ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །རྗེ་གཟུགས་ཀྱི་ཕུང་པོ་རྣམ་དག་པས། །རྣམ་པར་སྣང་མཛད་རྡོ་རྗེའི་སྐུ། །ཆོས་དབྱིངས་ཡེ་ཤེས་མཚན་དཔེས་བརྒྱན། །རྗེ་རྣམ་སྣང་མཛད་ལ་ཕྱག་འཚལ་བསྟོད། །རྗེ་ཚོར་བའི་ཕུང་པོ་རྣམ་དག་པས། །རིན་ཆེན་འབྱུང་ལྡན་རྡོ་རྗེའི་སྐུ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་རྒྱས། །རྗེ་རིན་ཆེན་འབྱུང་ལྡན་ཕྱག་འཚལ་བསྟོད། །རྗེ་འདུ་ཤེས་ཕུང་པོ་རྣམ་དག་པས། །སྣང་བ་མཐའ་ཡས་རྡོ་རྗེའི་སྐུ། །ཀུན་རྟོག་ཡེ་ཤེས་གསུང་དབྱངས་རྒྱས། །རྗེ་སྣང་བ་མཐའ་ཡས་ཕྱག་འཚལ་བསྟོད། །རྗེ་འདུ་བྱེད་ཕུང་པོ་རྣམ་དག་པས། །དོན་ཡོད་གྲུབ་པ་རྡོ་རྗེའི་སྐུ། །བྱ་བའི་ཡེ་ཤེས་ཕྲིན་ལས་རྒྱས། །རྗེ་དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད། །རྗེ་རྣམ་ཤེས་ཕུང་པོ་རྣམ་དག་པས། །རྡོ་རྗེ་སེམས་དཔའ་རྡོ་རྗེའི་སྐུ། །མེ་ལོང་ཡེ་ཤེས་མཁྱེན་པ་རྒྱས། །རྗེ་རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད། །རྗེ་ཕུང་པོ་ལྔ་ནི་རྣམ་དག་པས། །རིགས་ལྔ་རོ་གཅིག་རྡོ་རྗེའི་སྐུ། །ཡེ་ཤེས་རྣམ་ལྔའི་ཐུགས་རྗེ་རྒྱས། །རྗེ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཐམས་ཅད་རྣམ་དག་པས། །གཉིས་མེད་ཡེ་ཤེས་རྡོ་རྗེའི་སྐུ། །འགྲོ་དོན་དཔག་མེད་རྒྱས་མཛད་པ། །རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཆོས་རྗེ་མཆོད་ཅིང་བསྟོད་པ་དང༌། །དུས་གསུམ་བསགས་ཡོད་དགེ་བ་ཡིས། །བདག་དང་སེམས་ཅན་མ་ལུས་ཀུན། །སངས་རྒྱས་མྱུར་དུ་ཐོབ་པར་ཤོག །བླ་མའི་བྱིན་རླབས་བདེན་པ་དང༌། །དུས་གསུམ་སངས་རྒྱས་བདེན་པ་ཡིས། །རྟེན་ཅིང་འབྲེལ་བ་མི་བསླུ་བས། །བདག་གཞན་བསམ་པ་འགྲུབ་པར་ཤོག །སངས་རྒྱས་མཛད་པའི་བཀྲ་ཤིས་དང༌། །བླ་མའི་བྱིན་རླབས་བཀྲ་ཤིས་དང༌། །ཡི་དམ་དངོས་གྲུབ་བཀྲ་ཤིས་དང༌། །ཆོས་སྐྱོང་ཕྲིན་ལས་བཀྲ་ཤིས་རྣམས། །གོང་མའི་བཀྲ་ཤིས་ཕུན་ཚོགས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ལ། །དངོས་གྲུབ་རྣམ་གཉིས་འབྱུང་བ་དང༌། །སངས་རྒྱས་ཐོབ་པའི་བཀྲ་ཤིས་ཤོག །ཅེས་བླ་མ་རིན་པོ་ཆེ་འབའ་རོམ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ལ་བསྟོད་པའི་རྒྱལ་པོ་རིན་ཆེན་འོད་ཅེས་བྱ་བ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་དུ་༧ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།། །།

རྗེ་འབྲི་གུང་པ་ལ་བསྟོད་པ་ཀ་ལ་པིངྐ་ཚངས་པའི་དབྱངས།

ན་མོ་རཏྣ་མ་ཧཱ་གུ་རུ། ཆད་ཁུངས་རྡོ་རྗེ་འཆང་ཆེན་ནས། །སངས་རྒྱས་གཉིས་པ་ལྟ་བུ་ཡི། །བཀའ་བརྒྱུད་བླ་མ་རིན་ཆེན་རྣམས། །ཡོན་ཏན་གཅིག་ནས་གཅིག་ཏུ་བརྒྱུད། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །བསྟན་པ་དར་ཞིང་རྒྱས་པ་དང༌། །འགྲོ་དོན་དཔག་མེད་མཛད་པ་ཡི། །བརྒྱུད་པའི་བླ་མར་ཕྱག་འཚལ་བསྟོད། །དངོས་ཀྱི་བླ་མ་རིན་པོ་ཆེ། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དུས་གསུམ་ཤེས་བྱ་མ་ལུས་ལ། །མཁྱེན་པ་གཉིས་ཀྱི་ཡེ་ཤེས་ཤར། །རྟེན་ཅིང་འབྲེལ་བ་མངོན་དུ་གྱུར། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐུགས་རྗེས་འགྲོ་བའི་དོན་མཛད་པའི། །རྗེ་འབྲི་གུང་པ་ལ་བསྟོད་པར་བགྱི། །ཐུགས་ནི་གདོད་ནས་རྣམ་དག་ལ། །ཀུན་ཏུ་རྟོག་པས་མ་སྦགས་ཤིང༌། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མེད། །ལྷུན་གྲུབ་གཟུགས་ཅན་མ་ཡིན་པ། །ཀུན་ལ་ཁྱབ་ཅིང་ཐམས་ཅད་མཁྱེན། །སྐྱེ་མེད་འོད་གསལ་ཆོས་ཀྱི་སྐུ། །ཆོས་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད། །ཨ་ཧྃ་ཡི་གེ་རླུང་ལ་སོགས། །ཨེ་ཝྃ་མ་ཡ་ཆོས་ཀྱི་གསུང༌། །བཀའ་དང་བསྟན་བཅོས་མན་ངག་ལ། །སོ་སོར་མ་འདྲེས་ཡོངས་སུ་རྫོགས། །ངག་གི་དབང་ཕྱུག་ཚངས་པའི་དབྱངས། །ཐམས་ཅད་སྐད་དུ་ཆོས་གསུངས་པའི། །གསུངས་དབྱངས་དྲུག་ཅུས་འགྲོ་དོན་མཛད། །ཆོས་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །རང་བཞིན་དག་པའི་ཆོས་རྣམས་ལ། །གཞི་ལམ་འབྲས་བུ་དབང་བཞི་རྫོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་སུ་གསལ། །མི་བསྐྱོད་རྡོ་རྗེ་སེམས་ཀྱི་རྒྱ། །རིགས་ལྔ་རོ་གཅིག་རྡོ་རྗེ་འཆང༌། །མཚན་དང་དཔེ་བྱད་འབར་བ་ཡི། །ཆོས་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ཀྱི་ཆོས་རྣམས་ལ། །འཁོར་འདས་གཉིས་ཀྱི་ཡོན་ཏན་རྣམས། །སྲིད་ཞི་མཉམ་པར་མཁྱེན་པ་ཡི། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད། །ཡན་ལག་བདུན་དང་ལྡན་པ་ཡི། །ཡོན་ཏན་ཆོས་རྣམས་མ་ལུས་རྫོགས། །རང་གཞན་གཉིས་ཀྱི་དགོས་འདོད་འབྱུང༌། །རྗེ་ནོར་བུ་རིན་ཆེན་ཕྱག་འཚལ་བསྟོད། །བྱང་ཆུབ་སེམས་གཉིས་བདུད་རྩི་ཡིས། །བདེ་སྡུག་མཉམ་པར་མཁྱེན་ན་ཡང༌། །བྱ་བ་ཡེ་ཤེས་དོན་ཡོད་གྲུབ། །ཕྲིན་ལས་རྣམ་དག་རྡོ་རྗེའི་སྐུ། །དྲག་ཅིང་རྩུབ་པའི་གདུལ་བྱ་རྣམས། །བྱམས་པའི་དཀྱིལ་འཁོར་ཡངས་པ་ཡིས། །ཐམས་ཅད་བདེ་ལ་འགོད་མཛད་པའི། །རྗེ་ནུས་པའི་དབང་ཕྱུག་ཕྱག་འཚལ་བསྟོད། །རྗེ་འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཆོས་དབྱིངས་རྣམ་དག་ཡེ་ཤེས་ཀྱི། །སྐུ་ཡི་བཀོད་པ་དུ་མ་མཛད། །གདུལ་བྱའི་ཉེར་ལེན་སོ་སོ་ལ། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །དཀར་པོའི་འབྲས་བུ་སྨིན་པར་མཛད། །རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །རྗེ་ལ་མཆོད་ཅིང་བསྟོད་པ་ཡིས། །བདག་གཞན་མཐའ་ཡས་སེམས་ཅན་རྣམས། །ཡོན་ཏན་ཁྱེད་དང་མཚུངས་པ་དང༌། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །རྗེ་རིན་པོ་ཆེ་ཡི་ཐུགས་རྗེ་དང༌། །བདག་གི་དད་གུས་ཉེར་ལེན་གྱིས། །འཁོར་འདས་གཉིས་མེད་ཡེ་ཤེས་སུ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག །རྗེ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་དང༌། །ལུང་རྟོགས་ཆོས་ཉིད་ལྡན་པའི་བཀྲ་ཤིས་དང༌། །དགེ་འདུན་མི་ཕྱེད་འདུས་པའི་བཀྲ་ཤིས་ཀྱིས། །བདག་གཞན་སངས་རྒྱས་ཐོབ་པའི་བཀྲ་ཤིས་ཤོག །ཆོས་རྗེ་རིན་པོ་ཆེ་འབྲི་གུང་པ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པའི་རྒྱལ་པོ་རིན་ཆེན་འོད་ཅེས་བྱ་བ་འགྲོ་བ་སེམས་ཅན་གྱི་དོན་དུ་ ༧ ཤཱཀྱའི་དགེ་སློང་ཏི་ཤྲི་རས་པས། ཀ་ལ་པིངྐ་ཚངས་པའི་དབྱངས་ཀྱིས་བསྟོད་པ་རྫོགས་སོ། །

དགེ་སློང་ལྷ་རྗེ་ལ་གདམས་པ།

བཀའ་བརྒྱུད་བླ་མ་རིན་ཆེན་ལ། །བདག་གིས་གུས་པས་ཕྱག་འཚལ་བསྟོད། །དོན་གསུམ་སྟོན་པའི་གདམས་ངག་ནི། །འགྲོ་ལ་ཕན་ཕྱིར་བྲི་བར་བྱ། །བདེ་གཤེགས་བཀའ་དང་བླ་མའི་གསུང༌། །ཆོས་ཟབ་མོ་གཅིག་ལ་ཉམས་རྟོགས་སྐྱེས། །དེ་རྣམས་འགྲོ་བའི་བསམ་པ་ཡི། །རྟེན་འབྲེལ་ཟབ་མོ་གནད་དུ་བསྣུན། །བཀའ་དང་བསྟན་བཅོས་མན་ངག་ནི། །ཆོས་སྤྱི་དང་རང་གི་མཚན་ཉིད་ལ། །དགག་དང་སྒྲུབ་པའི་ཆོས་རྣམས་ཀྱི། །ཚིག་དོན་ཞལ་ནས་སྙན་དུ་བརྒྱུད། །སྟོང་ཉིད་རྒྱུ་འབྲས་ལྷན་ཅིག་སྐྱེས། །དགག་སྒྲུབ་མེད་པ་གཉུག་མའི་ལམ། །རེ་དོགས་མེད་པ་འབྲས་བུ་ཡིན། །དོན་དེ་ཐུགས་ནས་ཐུགས་སུ་བརྒྱུད། །དྭགས་པོ་རིན་ཆེན་གསུང་སྒྲོས་ཏེ། །བླ་མ་རིན་ཆེན་འབའ་རོམ་པས། །ཚིག་དང་དོན་དུ་མ་ནོར་བར། །སྤོང་སྒྱུར་ཤེས་པ་གསུམ་དུ་གསུངས། །དེ་ལ་གཞི་སྤོང་ལམ་པ་ཡིས། །འཁོར་བའི་སྡུག་བསྔལ་མྱོང་བ་དེས། །ཉོན་མོངས་དུག་ལྔ་དུག་གསུམ་གྱི། །མི་དགེ་སྤྱད་པ་ཁོ་ནའི་འབྲས། །དེ་ལ་གཉེན་པོ་བསྟན་པ་ནི། །ཞེ་སྡང་གཉེན་པོ་བྱམས་པ་བསྒོམ། །གཏི་མུག་གཉེན་པོ་རྟེན་འབྲེལ་བསྒོམ། །འདོད་ཆགས་གཉེན་པོ་མི་སྡུག་བསྒོམ། །འདོད་ཡོན་ཆགས་པ་སྡུག་བསྔལ་རྒྱུ། །ཕྱེ་ལེབ་ཁྲི་སྙན་བུང་བ་དང༌། །ཉ་དང་གླང་ཆེན་ཇི་བཞིན་དུ། །འདོད་པ་རྣམས་ནི་ཕུང་ཁྲོལ་སྐྱེ། །སྤྱིར་ནི་ལོངས་སྤྱོད་མི་རྟག་ཅིང༌། །ནང་གཟུགས་དབྱེས་པས་མི་སྡུག་འགྱུར། །སྐྲ་དཀར་གཉེར་མ་མི་གཙང་རྫས། །རྣམ་པར་བམ་སོགས་ཀེང་རུས་བསྒོམ། །དེ་ཡི་ཉམས་སུ་བླང་བྱ་ནི། །སོ་སོར་ཐར་པ་གཞི་བྱས་ནས། །ཆོས་སྤྱོད་དགེ་བཅུ་ཉམས་སུ་ལེན། །དངོས་པོ་རྟག་པ་གང་ཟག་བདག །བདག་མེད་རྟོགས་ན་ལམ་གྱི་མཆོག །འབྲས་བུ་དགྲ་བཅོམ་ལ་སོགས་ཡིན། །ཉན་ཐོས་འགོག་པར་མ་གྱུར་ཅིང༌། །ཐབས་ཤེས་གཉིས་ཀྱིས་ཟིན་གྱུར་ཅིང༌། །ལམ་དེ་བསྒོམས་པར་བྱས་པ་ལས། །འབྲས་བུ་སངས་རྒྱས་སྐུ་གཉིས་ཡིན། །གཞི་ཡོངས་སུ་གྱུར་པའི་ལམ་གྱིས་ནི། །ཉོན་མོངས་དུག་ལྔ་དུག་གསུམ་སྟེ། ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །གཞི་དེ་ཡོངས་སུ་བསྒྱུར་བར་འདོད། །ཕ་རོལ་ཕྱིན་པའི་ཐེག་པ་ནི། །སྤོང་བའི་ལམ་དུ་བཞེད་ན་ཡང༌། །དག་པའི་ས་ལ་རྣམ་ཤེས་བརྒྱད། །གནས་འགྱུར་ཡེ་ཤེས་ལྔ་རུ་འདོད། །དེ་ཕྱིར་མཚན་ཉིད་ཐེག་པ་ནི། །གནས་འགྱུར་ལམ་དུ་བཞེད་པ་ཡིན། །དེ་ཡང་གནས་ལུགས་བསྟན་པ་དང༌། །ལམ་དེ་ཉམས་སུ་བླང་བའོ། །སེམས་ཅན་འཁོར་བར་འཁྱམས་པ་དེ། །མ་རིག་ཉོན་མོངས་སྤྱོད་པ་ཡི། །ལས་ཀྱི་རྣམ་སྨིན་བསགས་པའི་ཕྱིར། །འཁོར་བའི་སྡུག་བསྔལ་མྱོང་བ་ཡིན། །དེ་ལས་ཐར་བར་འདོད་པ་ཡི། །རྟེན་གྱི་གང་ཟག་གང་ཡིན་པས། །དེ་ཡི་གཞི་དེ་བསྒྱུར་བ་ཡི། །ལམ་དེ་ཉམས་སུ་བླང་བར་བྱས། །དེ་ཡིས་བྱང་ཆུབ་མཆོག་སེམས་བསྐྱེད། །ཀུན་རྫོབ་དོན་དམ་གཞིར་བཞག་ནས། །ཚུལ་ཁྲིམས་རྣམ་གསུམ་ཉམས་བླངས་ཤིང༌། །བྱང་ཆུབ་སེམས་ཀྱི་གསེར་འགྱུར་རྩི། །ཉོན་མོངས་ཡེ་ཤེས་ལྔ་རུ་བསྒྱུར། །རྩ་བ་མ་རིག་དག་པ་ཡི། །ཀུན་གཞི་གནས་གྱུར་རྣམ་དག་སྐུ། །རྣམ་རྟོག་གནས་གྱུར་སྐུ་བཞི་ཡིན། །ད་ནི་གསུམ་པ་གཞི་ཤེས་ལམ། །ཉན་ཐོས་གཞི་ཤེས་མ་ཡིན་ཏེ། །ལུས་ངག་ཡིད་གསུམ་ཉོན་མོངས་ལྔ། །གཞི་དེ་ཤེས་པར་བྱ་བ་ནི། །ལྷ་དང་སྔགས་དང་ཆོས་ཀྱི་སྐུ། །ཡེ་ཤེས་ལྔ་རུ་གཞི་ལ་དྲུག །དེ་བས་ལྷ་རུ་གནས་པ་ནི། །བར་དོ་སྒྱུ་ལུས་རྣམ་ཤེས་བརྒྱད། །མ་ཡི་མངལ་དུ་འཇུག་དུས་སུ། །ཕ་མ་སྙོམ་འཇུག་སྦྱོར་བ་ལས། །གནས་སྐབས་ལྔ་རུ་གསུངས་པ་ལས། །འབྱུང་བ་ལྔ་དང་ཕུང་པོ་ལྔ། །དེ་དག་ལྷ་རུ་གྲུབ་ཚུལ་ནི། །ཕ་མ་མཁའ་གསང་མཉམ་སྦྱོར་ཚེ། །རྣམ་ཤེས་བར་དུ་འཇུག་པ་ཡིན། །བྱང་སེམས་དཀར་དམར་རླུང་གིས་གཡོ། །དེ་ནི་གཡོ་བ་རླུང་གི་ཁམས། །དམ་ཚིག་སྒྲོལ་མ་དོན་ཡོད་གྲུབ། །དེ་ཡང་བསྲུབ་པའི་སྦྱོར་བ་ཡིས། །ཐིག་ལེ་གཤེར་བ་ཆུ་ཡི་ཁམས། །མཱ་མ་ཀི་དང་མི་བསྐྱོད་པ། །དེ་ཡང་བསྲུབ་པའི་སྦྱོར་བ་ཡིས། །ཐིག་ལེ་སྲ་བ་ས་ཡི་ཁམས། །སངས་རྒྱས་སྤྱན་དང་རིན་ཆེན་འབྱུང༌། །དེ་ཡང་བསྲུབ་པའི་སྦྱོར་བ་ཡིས། །ཐིག་ལེ་སྟོང་པ་ནམ་མཁའི་ཁམས། །ནམ་མཁའི་དབྱིངས་དང་རྣམ་སྣང་མཛད། །དེ་དག་གནས་སྐབས་རྣམ་ལྔ་ལ། །མེར་མེར་པོ་ལ་སོགས་པ་ལྔ། །ཕུང་པོ་ལྔ་ནི་ལྷ་རུ་བཞེད། །རྣམ་ཤེས་ཕུང་པོ་མི་བསྐྱོད་པ། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང༌། །འདུ་ཤེས་ཕུང་པོ་འོད་དཔག་མེད། །འདུ་བྱེད་ཕུང་པོ་དོན་ཡོད་གྲུབ། །གཟུགས་ཀྱི་ཕུང་པོ་རྣམ་སྣང་མཛད། །དེ་ལྔ་བྱང་ཆུབ་རྣམ་ལྔ་སྟེ། །དེ་ཡང་རྣམ་ཤེས་མི་བསྐྱོད་པ། །ཆོས་ཉིད་སྟོང་པའི་བྱང་ཆུབ་ཡིན། །ཚོར་བ་མ་ནི་རིན་ཆེན་འབྱུང༌། །གདན་ནི་ཉི་ཟླ་བྱང་ཆུབ་ཡིན། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །གསུང་ནི་ཡིག་འབྲུའི་བྱང་ཆུབ་ཡིན། །འདུ་བྱེད་དོན་ཡོད་གྲུབ་པ་སྟེ། །ཐུགས་ནི་ཕྱག་མཚན་བྱང་ཆུབ་ཡིན། །གཟུགས་ནི་རྣམ་པར་སྣང་མཛད་དེ། །སྐུ་ཡོངས་སུ་རྫོགས་པའི་བྱང་ཆུབ་ཡིན། །གཞི་ལ་རིགས་ལྔ་གནས་པ་སྟེ། །ལམ་དུ་རིག་པའི་དབང་ལྔ་ཡིས། །ཕུང་པོ་ལྔ་རུ་ངོ་སྤྲོད་ནས། །ལམ་དུ་ཡི་དམ་ལྷ་རུ་བསྒོམས། །དེའི་འབྲས་བུ་གཟུགས་སྐུ་སྟེ། །འགྲོ་བའི་དོན་དུ་འཆར་བ་ཡིན། །རྡོ་རྗེ་སློབ་དཔོན་དབང་བསྐུར་ནས། །ཕྲིན་ལས་ཐམས་ཅད་འགྲུབ་པ་དང༌། །རིགས་ལྔ་རོ་གཅིག་གྱུར་པ་སྟེ། །དེ་ནི་དྲུག་པ་རྡོ་རྗེ་འཆང༌། །ངག་སྔགས་གཞི་ལ་གནས་པ་ནི། །དང་པོ་ལུས་ནི་ལེན་དུས་སུ། །ཕ་མ་མཁའ་གསང་མཉམ་སྦྱོར་བས། །ཨེ་ཝྃ་མ་ཡ་གྲུབ་པ་ཡི། །ཕུན་སུམ་ཚོགས་པ་ལྔ་ཡིན་པས། །ཆོས་ཀྱི་སྒྲ་རྣམས་དེ་ལས་འབྱུང༌། །གསུང་ནི་ཡིག་འབྲུ་བྱང་ཆུབ་ཡིན། །ཐབས་ཤེས་ཡི་གེ་ཨེ་ཝྃ་གྲུབ། །ཨཱ་ལི་ཀཱ་ལིའི་སྡེ་ཚན་ལས། །གྲགས་པ་ཐམས་ཅད་སྔགས་སུ་འབྱུང༌། །སོ་སོ་ཡང་དག་རིག་ལ་སོགས། །ངག་གི་དབང་ཕྱུག་གྲུབ་པ་ཡིན། །རིགས་དྲུག་སོ་སོའི་སྐད་དུ་ནི། །གསུང་དབྱངས་དྲུག་ཅུ་འབྱུང་བ་ཡིན། །སེམས་ཉིད་གཞི་ཤེས་ཆོས་སྐུ་ནི། །རང་གི་སེམས་ལས་ལོགས་ན་མེད། །སེམས་མ་བཅོས་པ་ནི་ཆོས་ཀྱི་སྐུ། །བླ་མ་དམ་པའི་བཀའ་དྲིན་གྱིས། །རང་སེམས་རང་གིས་རྟོགས་པར་བྱ། །དེ་ལྟར་གསང་སྔགས་ཐེག་ཆེན་ལས། །སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པས་ན་སངས་རྒྱས་ཏེ། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས། རྗེ་བཙུན་ཏཻ་ལོ་པས། ཀྱཻ་ཧོ། འདི་ནི་རང་རིག་སྟེ། ངག་གི་སྤྱོད་ཡུལ་ལམ་ལས་འདས། །ཏཻ་ལོ་ང་ཡིས་ཅི་ཡང་བསྟན་པ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །གསུངས་པས་རང་རིག་ཉིད་ལ་དྲིས། །དེ་ཕྱིར་རང་གི་སེམས་ཉིད་འདི། །སངས་རྒྱས་ཐུགས་དང་ཁྱད་མེད་པས། །རང་གིས་རྟོགས་ཤིང་ཉམས་སུ་བླངས། །དེ་ཡི་ཉམས་སུ་བླངས་ལུགས་ནི། །ལྟ་སྒོམ་སྤྱོད་པ་འབྲས་བུ་སྟེ། །འདི་ཉིད་ཉམས་སུ་བླང་བར་བྱ། །སྐྱེ་བ་མེད་པའི་རིག་པ་འདི། །འགགས་པ་མེད་པ་ལམ་གྱི་མཆོག །གནས་པ་མེད་པ་ཤེས་རབ་སྟེ། །དགོས་པ་མེད་པའི་འབྲས་བུའོ། །དེ་བཞིན་ལྟ་སྒོམ་སྤྱོད་འབྲས་ཡིན། །ཚུལ་བཞིན་ཉམས་སུ་བླངས་གྱུར་ནས། །འབྲས་བུ་མངོན་དུ་གྱུར་ནས་མཆིའོ། །བླ་མའི་ཞལ་གདམས་ཟབ་མོ་རྣམས། །ཡི་གེར་བྲིས་པར་གྱུར་པ་ལས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མི་མཉེས་གྱུར་པ་བཟོད་པར་གསོལ། །བསྟན་པའི་སྲོག་ཤིང་རྒྱལ་བའི་བཀའ། །གསང་སྔགས་ཟབ་མོ་མཁའ་འགྲོའི་གནད། །བླ་མ་རིན་ཆེན་ཐུགས་ཀྱི་བཅུད། །གཞི་སྤོང་སྒྱུར་དང་ཤེས་པ་ཡི། །ཆོས་འདི་ཡི་གེར་བཀོད་པ་ཡིས། །སངས་རྒྱས་བསྟན་པ་དར་བ་དང༌། །བླ་མའི་ཐུགས་དགོངས་སྐོང་གྱུར་ཏེ། །སེམས་ཅན་རྣམས་ལ་ཕན་པར་ཤོག །སྤྱིར་ཡུལ་ལ་མཚན་དུ་གསོལ་བ་ནི། །རྩིའི་ཀླུ་མཁར་ཀོ་མཛོ་དགོན། །བླ་མ་རིན་ཆེན་བཞུགས་པའི་གནས། །ཐེག་པ་གསུམ་གྱི་སྙིང་པོའི་དོན། །དགེ་སློང་ལྷ་རྗེས་ཞུས་པ་སྟེ། །ཏི་ཤྲི་རས་པས་ཡི་གེར་བཀོད་པ་རྫོགས་སོ།། །།

དམ་ཆོས་ནོར་བུ་རིན་ཆེན།

༈ དམ་ཆོས་ནོར་བུ་རིན་ཆེན་ནི། ན་མོ་གུ་རུ། ཞིང་ཡོངས་སུ་དག་པའི་བླ་མ་ལ། །ཚོགས་བསགས་འབྲས་བུ་འབྱུང་བ་སྟེ། །བསགས་པ་ཅན་གྱི་མི་རྣམས་ཀྱིས། །ང་རྒྱལ་སེར་སྣ་མ་ཞུགས་པས། །སེམས་བསྐྱེད་དད་པས་ཟིན་བྱས་ནས། །རིན་ཆེན་ལ་སོགས་ལོངས་སྤྱོད་ཀྱིས། །དུས་དང་མཐུན་པར་མཆོད་བྱས་ནས། །མཐོང་ཆོས་ཚེ་འདིར་འབྱུང་བ་ཡིན། །སྐྱེས་ནས་མྱོང་བར་གྱུར་པ་ནི། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་འབྱུང༌། །མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ། །བུ་ཚོགས་གཉིས་བསོག་ཅིག་དད་པ་ཅན། །དད་པ་ཅན་ལ་གཏོང་བའི་ནོར་མི་འཕང༌། །རྒྱ་མཚོའི་ཆུ་ལས་བཅུས་ཀྱང་ཡོང་མི་འཛད། །ཡོན་བདག་དད་པ་ཅན་གྱི་དགེ་ཚོགས་རྣམ་པར་འཕེལ། །བཀྲ་ཤིས་རྒྱལ་བར་གྱུར་ཅིག་སྒྲིབ་པ་ཀུན་ཡང་འབྱང༌། །བདག་གཞན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །གནས་ཕུན་སུམ་ཚོགས་པ་སྟམ་མཁར་སྐྱའི་ཕུ། དགེ་བསྙེན་ཆེན་པོ་སྦོམ་ཤེ་ལ་སོགས་པའི་ཡུལ་བདག་ཆེན་པོ་རྣམས་གནས་པའི་རི་ལ། ཤེས་རབ་སྐྱབས་དང༌། རིན་ཆེན་ཕྱུག་གཉིས་ཀྱིས་དྲོ་དྲང་བའི་དུས་སུ་རང་གཞན་གཉིས་ཀྱི་བདེ་སྐྱིད་འབྱུང་བའི་དམ་ཆོས་ནོར་བུ་རིན་པོ་ཆེ་ཞུས། ལུག་ལོ་ཟླ་བ་གཉིས་པའི་ཚེས་དགུ་ལ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

ཤུགས་འབྱུང་འགགས་མེད།

ན་མོ་གུ་རུ། གཞི་དད་པ། རྟེན་ཚུལ་ཁྲིམས། གྲོགས་བརྩོན་འགྲུས། གཞན་དོན་བྱང་སེམས། ལམ་བསྐྱེད་རྫོགས། སྤྱོད་པ་དཀར་པོ་ཆིག་ཐུབ། འབྲས་བུ་སངས་རྒྱས། ཡུལ་སྟམ་ཞེས་བྱ་བར། སྐྱོ་ལྡག་པའི་བཙུན་པ་གཉིས་ཀྱིས་ཞུས་པ། ཤུགས་འབྱུང་འགགས་པ་མེད་པའི་ཆོས། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།། །།

བཀའ་བརྒྱུད་ཀྱི་གསོལ་འདེབས།

༈ བཀའ་བརྒྱུད་ཀྱི་གསོལ་འདེབས་ནི། སེམས་སྐྱེ་མེད་ཆོས་སྐུའི་ཞིང་ཁམས་ན། །ཞིང་འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས། །དོན་གཉིས་མེད་རྡོ་རྗེའི་གཞལ་ཡས་ན། །ཡབ་རྩོད་དང་བྲལ་བའི་རྡོ་རྗེ་འཆང༌། །མགོན་སྐྱབས་མཛད་པའི་རྗེ་བཙུན་རིན་པོ་ཆེ། །བདག་གདུང་བའི་ཡིད་ཀྱིས་གསོལ་འདེབས་ན། །ཡབ་འདུ་འབྲལ་མེད་པའི་ཚུལ་གྱིས་སུ། །འབྲེང་མ་རིག་འཁྲུལ་པའི་བདུད་ལས་སྐྱོབས། །དཀར་པོའི་ཆོས་ལ་ལམ་སྣ་དྲོངས། །ཆོས་མི་མཐུན་རྐྱེན་དང་བར་ཆད་སོལ། །ཆོས་མཐུན་པའི་བསམ་པ་ཡིད་བཞིན་སྒྲུབས། །ཡབ་འདུ་འབྲལ་མེད་པའི་ཐུགས་རྗེས་གཟིགས། །དུས་རྒྱུན་ཆད་མེད་པར་གསོལ་བ་འདེབས། །ཕས་མི་མངོན་དབྱིངས་ནས་སྤྱན་གྱིས་གཟིགས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །གདུང་བ་ཡིད་ཀྱིས་གསོལ་འདེབས་ན། །བྱིན་རླབས་ཆུ་བོའི་རྒྱུན་མ་གཅོད། །དངོས་གྲུབ་ཀྱི་བྱིན་རླབས་མྱུར་དུ་མཛོད། །བདག་སོགས་གསོལ་བ་འདེབས་པ་ལ། །ཐུགས་རྗེས་བྱིན་རླབས་རྒྱུན་མ་བཅད། །གསོལ་བ་འདེབས་སོ་རྗེ་བཙུན་མགོན། །གསོལ་བ་བཏབ་པའི་དགེ་བ་ཡིས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །ཚེ་འདིར་དངོས་གྲུབ་མྱུར་ཐོབ་ཤོག །གསོལ་འདེབས་དགེ་བ་དྲི་མེད་དེས། །བླ་མེད་བྱང་ཆུབ་མཆོག་ཏུ་བསྔོ། །དཀར་པོའི་ཡོན་ཏན་རྫོགས་པར་ཤོག །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །གསོལ་འདེབས་འདི་ཏི་ཤྲི་རས་པས་མཛད་པ་རྫོགས་སོ། །

རྦད་ཆུ་སྒོམ་པ་ལ་གདམས་པ།

སྒྲུབ་པ་པོ་ལུས་ངག་ཡིད་གསུམ་རྩུབ་ཏུ་སོང་ན། ཉོན་མོངས་དུག་ལྔ་རྒྱས་པའི་བདུད་ཞུགས་པ་ཡིན། ཁྱད་པར་དུ་ང་རྒྱལ་རྒྱས་པའི་རྟགས་ཡིན། །སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བླ་མ་བཞུགས་པར་བསྒོམ། སྤྱི་བོའི་ཧྃ་ལས་བྱང་ཆུབ་ཀྱི་སེམས་བདུད་རྩི་བབས་པས། བླ་མའི་སྐུ་ལ་ཁྲུས་གསོལ་བས། རང་གི་སེམས་ལ་བདེ་སྟོང་སྐྱེས་པར་བསྒོམ། ཞེ་སྡང་དང་ཉོན་མོངས་ཀྱི་མེས་རང་དང་གཞན་བསྲེགས་པས། བྱང་ཆུབ་སེམས་ཀྱི་ཆུས་ཉོན་མོངས་པའི་མེ་ཞི་བས། རང་གཞན་ཐམས་ཅད་བདེ་བ་ཡིན། ཚིག་གི་མཚོན་ཆ་རྣོན་པོས་གཞན་གྱི་སེམས་གཅོད། ཉོན་མོངས་ཀྱི་མཚོན་ཆ་རྣོན་པོས་བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་གཅོད། མེ་ཏོག་དང་འབྲས་བུ་སྐམ་པས་རང་གཞན་གྱི་ཡོན་ཏན་མི་འབྱུང༌། བྱང་ཆུབ་སེམས་ཀྱི་རླན་གྱིས་ལྗོན་ཤིང་གི་རྩ་བ་སྣང་ནས། ཡོན་ཏན་གྱི་མེ་ཏོག་དང་འབྲས་བུ་སྐྱེ་བ་འབྱུང༌། རང་གཞན་གཉིས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་འབྲས་བུ་སྨིན། རང་གཞན་གཉིས་ཀྱི་དགེ་བ་འབྱུང་བ་དེ་ངོ་མཚར་ཆེའོ། །མཐོང་ན་མི་མཐུན་བ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ་ལ་སོགས་པ་ཡང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་བྱུང་བས། བུ་ཉམས་སུ་ལོངས་ཤིག་སྐལ་པ་ཅན། གཞན་དོན་བྱེད་པ་ལ་ཆོས་འདི་ལྟ་བུ་གཅིག་དགོས་པས་སེམས་ཅན་ཐམས་ཅད་ལ་སྟོན་ཅིག རྦད་ཆུ་སྒོམ་པ་ལ་གདམས་པའི་ཟབ་ཆོས་འདིས། བདག་གཞན་སངས་རྒྱས་ཐོབ་པར་ཤོག །ཅེས་ཏི་ཤྲི་རས་པས་མཛད་པའོ། །

བརྒྱུད་པའི་གསོལ་འདེབས།

ན་མོ་གུ་རུ། ཞེ་ཡ་ཀི་ཡ་ཀི་ན། སྤྱི་གཙུག་པད་ཟླའི་གདན་སྟེང་ན། །རྗེ་བཙུན་རྡོ་རྗེ་འཆང་ཆེན་བཞུགས། །དེ་གཡས་ན་དཔའ་བོ་ངར་དང་ལྡན། །དེ་བར་ཆོད་སེལ་བ་ལགས་ཏེ་མཆིས། །གཡོན་ན་དཔའ་མོ་མདངས་དང་ལྡན། །དེ་དངོས་གྲུབ་སྟེར་བ་ལགས་ཏེ་མཆིས། བུ་དད་པ་ཅན་ཡོད་ན་ཡར་འཁྲོབས་དང༌། །ཞེ་ཡ་ཀི་ཡ་ཀི་ན། ་ཤྲཱི་ནཱ་ག་ར་ཙའི་དགོན་པ་ན། །རྗེ་བཙུན་ཆེན་པོ་ཏཻ་ལོ་བཞུགས། །དེ་གཡས་ན་དཔའ་བོ་ངར་དང་ལྡན། །དེ་བར་ཆོད་སེལ་བ་ལགས་ཏེ་མཆིས། །གཡོན་ན་དཔའ་མོ་མདངས་དང་ལྡན། །དེ་དངོས་གྲུབ་སྟེར་བ་ལགས་ཏེ་མཆིས། བུ་དད་པ་ཅན་ཡོད་ན་ཡར་འཁྲོབས་དང༌། ཞེ་ཡ་ཀི་ཡ་ཀི་ན། བྱང་པུ་ལ་ཧ་རིའི་དགོན་པ་ན། །རྗེ་བཙུན་ནཱ་རོ་པཎ་ཆེན་བཞུགས། །དེ་གཡས་ན་དཔའ་བོ་ངར་དང་ལྡན། །དེ་བར་ཆོད་སེལ་བ་ལགས་ཏེ་མཆིས། །གཡོན་ན་དཔའ་མོ་མདངས་དང་ལྡན། །དེ་དངོས་གྲུབ་སྟེར་བ་ལགས་ཏེ་མཆིས། བུ་དད་པ་ཅན་ཡོད་ན་ཡར་འཁྲོབས་དང༌། ཞེ་ཡ་ཀི་ཡ་ཀི་ན། ལྷོ་གྲོ་བོ་ལུང་གི་དགོན་པ་ན། །རྗེ་བཙུན་མར་པ་ལོ་ཙཱ་བཞུགས། །དེ་གཡས་ན་དཔའ་བོ་ངར་དང་ལྡན། །དེ་བར་ཆོད་སེལ་བ་ལགས་ཏེ་མཆིས། །གཡོན་ན་དཔའ་མོ་མདངས་དང་ལྡན། །དེ་དངོས་གྲུབ་སྟེར་བ་ལགས་ཏེ་མཆིས། བུ་དད་པ་ཅན་ཡོད་ན་ཡར་འཁྲོབས་དང༌། ཞེ་ཡ་ཀི་ཡ་ཀི་ན། བལ་བོད་གཉིས་ཀྱི་སོ་མཚམས་ན། །དེ་ན་རྗེ་བཙུན་མི་ལ་བཞུགས། །དེ་གཡས་ན་དཔའ་བོ་ངར་དང་ལྡན། །དེ་བར་ཆོད་སེལ་བ་ལགས་ཏེ་མཆིས། །གཡོན་ན་དཔའ་མོ་མདངས་དང་ལྡན། །དེ་དངོས་གྲུབ་སྟེར་བ་ལགས་ཏེ་མཆིས། བུ་དད་པ་ཅན་ཡོད་ན་ཡར་འཁྲོབས་དང༌། ཞེ་ཡ་ཀི་ཡ་ཀི་ན། ཤར་དྭགས་ལྷ་སྒམ་པོའི་དགོན་པ་ན། །དེ་ན་དྭགས་པོ་རིན་ཆེན་བཞུགས། །དེ་གཡས་ན་དཔའ་བོ་ངར་དང་ལྡན། །དེ་བར་ཆོད་སེལ་བ་ལགས་ཏེ་མཆིས། །གཡོན་ན་དཔའ་མོ་མདངས་དང་ལྡན། །དེ་དངོས་གྲུབ་སྟེར་བ་ལགས་ཏེ་མཆིས། བུ་དད་པ་ཅན་ཡོད་ན་ཡར་འཁྲོབས་དང༌། ཞེ་ཡ་ཀི་ཡ་ཀི་ན། །གནས་འབའ་རོམ་རྩམ་ཆེན་ལྷ་སྒོ་ན། །རྗེ་བཙུན་བླ་མ་རིན་ཆེན་བཞུགས། །དེ་གཡས་ན་དཔའ་བོ་ངར་དང་ལྡན། །དེ་བར་ཆོད་སེལ་བ་ལགས་ཏེ་མཆིས། །གཡོན་ན་དཔའ་མོ་མདངས་དང་ལྡན། །དེ་དངོས་གྲུབ་སྟེར་བ་ལགས་ཏེ་མཆིས། བུ་དད་པ་ཅན་ཡོད་ན་ཡར་འཁྲོབས་དང༌། །ཞེས་པ། ༧ ཏི་ཤྲི་རས་པས་མཛད་པའོ། དགེའོ།།

དངོས་གྲུབ་ཞུ་བའི་བྲོ།

༈ བླ་མ་རིན་པོ་ཆེ་འབའ་རོམ་པའི་སྤྱན་སྔ་ན། བླ་མ་རས་པ་བཞུགས་པའི་དུས་སུ། བླ་མ་རིན་པོ་ཆེ་འབའ་རོམ་པའི་ཞལ་ནས། དཔོན་ཞིག་མགུར་ཞིག་གྱིས་དང༌། གསུངས་པ་ལ། དེ་ཡི་དུས་སུ་བླ་མ་རིན་པོ་ཆེ་ཏི་ཤྲི་རས་པས། བརྒྱུད་པའི་བླ་མས་བར་ཆོད་སེལ་བ་དང༌། ཡི་དམ་ལ་དངོས་གྲུབ་ཞུ་བའི་བྲོ་འདི་གསུངས་པར་གདའ། སངས་རྒྱས་གཉིས་པ་ལྟ་བུ་སྟེ། །མཆོག་གི་དངོས་གྲུབ་སྟེར་བར་མཛད། །ཡིད་བཞིན་ནོར་བུ་ལྟ་བུ་སྟེ། །ཐུན་མོང་དངོས་གྲུབ་སྟེར་བར་མཛད། །ཉི་མ་ཟླ་བ་ལྟ་བུ་སྟེ། །མ་རིག་མུན་པ་སེལ་བར་མཛད། །ཞལ་ནས་གསུངས་པའི་ཚོགས་ཆོས་ལ། །ཅུང་ཙམ་གཅིག་གཉིས་བྲི་བར་བྱས། །ཞེས་གསུངས་སོ། །དགེའོ། །

ཡི་གེ་དྲུག་པའི་ཕན་ཡོན།

ན་མོ་རཏྣ་གུ་རུ། རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་སྐད་ཅིག་གིས་བསྒོམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པས་འདི་དྲག་ཏུ་བགྲང༌། འདི་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། ཨོཾ་བྱས་པས་ལྷ་ཡི་སྒྲིབ་པ་སྦྱངས་ནས། ལྷ་འཕོ་ལྟུང་གི་གོལ་ས་གཅོད། མ་བྱས་པས་ལྷ་མ་ཡིན་གྱི་སྒྲིབ་པ་སྦྱངས་ནས། ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་གྱི་གནས་སུ་མི་སྐྱེའོ། །ཎི་བྱས་པས་མི་ཡི་སྡིག་སྒྲིབ་སྦྱངས་ནས། མི་སྐྱིད་སྡུག་གི་གནས་སུ་མི་སྐྱེའོ། །པད་བྱས་པས་དམྱལ་བའི་སྡིག་སྒྲིབ་སྦྱངས་ནས། དམྱལ་བ་ཚ་གྲང་གི་སྡུག་བསྔལ་གནས་སུ་མི་སྐྱེའོ། །མེ་བྱས་པས་ཡི་དྭགས་ཀྱི་སྡིག་སྒྲིབ་སྦྱངས་ནས། ཡི་དྭགས་བཀྲེས་སྐོམ་གནས་སུ་མི་སྐྱེའོ། །ཧཱུྃ་བྱས་པས་དུད་འགྲོའི་སྡིག་སྒྲིབ་སྦྱངས་ནས། དུད་འགྲོ་གཏི་མུག་གི་གནས་སུ་མི་སྐྱེའོ། །གནད་ཀྱི་གདམས་པ་ལགས། གཞན་ཡང་མདོ་སྡེ་ན་ཡོན་ཏན་མང་པོ་ཡོད་དེ། བམ་པོ་གཉིས་བཞུགས་སོ། །ཡི་གེ་དྲུག་པའི་ཕན་ཡོན། ༧ ཏི་ཤྲི་རས་པས་མཛད་པ་རྫོགས་སོ། །དགེའོ།།

དཀའ་བཞིའི་གདམས་པ།

བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །སྐྱབས་གནས་སངས་རྒྱས་ཉག་ཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཡིན། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། །དལ་འབྱོར་མི་ལུས་རྙེད་པར་དཀའ་ཡི་ཆུད་མ་གསན། །བཤེས་གཉེན་དམ་པས་ཟིན་པར་དཀའི་མོས་གུས་བསྐྱེད། །ཐེག་ཆེན་ཆོས་དང་འཕྲད་པར་དཀའ་ཡི་བརྩོན་འགྲུས་བསྐྱེད། །ཟབ་མོ་རྒྱུད་ལ་སྐྱེ་བར་དཀའ་ཡི་མ་ཡེངས་མཛོད། །དག་པ་ཡེ་ཤེས་སྣང་བའི་གཟུགས། །སྣང་སྟོང་ཟུང་འཇུག་ལྷུན་གྱིས་གྲུབ། །བྱས་པའི་ཆོས་ལ་ཞེན་པ་བྲལ། །དེ་མངོན་དུ་གྱུར་ན་འབྲས་བུ་ཡིན། །གནས་དགོན་པར་བསྡད་ན་བདེ་བར་འོང༌། །ནོར་ཆོག་ཤེས་སྤེལ་ན་ཕྱུག་པོ་ཡིན། །ཆོས་སེམས་ལ་ཉན་ནས་སྒྲོ་འདོགས་གཅོད། །ལས་ཆོས་ལ་བསྐྱལ་ན་སྐྱིད་པོར་འོང༌། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ནི་བདེ་བ་རྒྱུན་མི་འཆད། །བཏགས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དུ་མེད་པའི་གཉུག་མའི་ངང་དུ་ཞོག །སེམས་ཉམས་སུ་བླང༌། སྣང་བ་ཉམས་སུ་བླངས། སྤྱོད་པ་ཉམས་སུ་བླང༌། འབྲས་བུ་ཉམས་སུ་བླང༌། ལུས་སྙིང་པོ་མེད་ལ་སྙིང་པོ་བླང༌། ལོངས་སྤྱོད་སྙིང་པོ་མེད་ལ་སྙིང་པོ་བླང༌། །ཆོས་སྙིང་པོ་མེད་ལ་སྙིང་པོ་བླང༌། སེམས་སྙིང་པོ་མེད་ལ་སྙིང་པོ་བླང༌། བདེ་འགྲོར་ཁྲིད་པ་ལ་ཚུལ་ཁྲིམས། རང་སེམས་འདུལ་བ་ལ་བྱང་ཆུབ་སེམས། གཞན་སེམས་འདུལ་བ་ལ་སྙིང་རྗེ། ཐར་པར་འདྲེན་པ་ལ་སྟོང་ཉིད། ལྟ་བའི་དཔེ་ནམ་མཁའ་ལྟ་བུ། སྒོམ་པའི་དཔེ་ཡིད་བཞིན་ནོར་བུ་ལྟ་བུ། སྤྱོད་པའི་དཔེ་རྒྱལ་པོའི་བཀའ་རྟགས་ལྟ་བུ། འབྲས་བུའི་དཔེ་མཁའ་འགྲོ་མའི་དམོད་སྔགས་ལྟ་བུ། བསོད་ནམས་བསགས་པས་བདེ་བ་འཐོབ། །དེ་ཕྱིར་མི་ཡིས་བསོད་ནམས་བསགས། །དེ་ཡང་ཡང་དང་ཡང་དུ་བསགས། །དེ་ཉིད་ལ་ནི་འདུད་པར་བྱས། །དལ་འབྱོར་དང༌། འཆི་བ་དང༌། མི་རྟག་པ་དང༌། ལས་རྒྱུ་འབྲས་དང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང༌། དེ་ལ་བློ་ངེས་ན་ལམ་གོང་མ་རྒྱུད་ལ་སྐྱེ། དེ་ལ་གོང་མ་གང་ཡིན་ན། རྒྱ་མཚོ་ཟབ་ཅིང་དཔག་དཀའ་བའི་གདམས་ངག་དང༌། ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བའི་གདམས་ངག ཤིང་རྟའི་འཁོར་ལོ་ལྟར་གར་ཡང་བསྒྱུར་དུ་གཏུབ་པའི་གདམས་ངག ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་དགོས་འདོད་འབྱུང་བའི་གདམས་ངག དགའ་དང་དལ་བར་སྐྱེ་བ་དང༌། །ནད་མེད་པ་དང་ཏིང་འཛིན་དང༌། །རྣམ་པར་འབྱེད་པའི་འབྱེད་ཚུལ་དང༌། །སྔོན་ཆད་བསོད་ནམས་བསགས་པ་ཉིད། །ཤེས་རབ་ཀྱི་དབང་པོས་སྣ་དྲངས། དད་པའི་དབང་པོས་གཞི་གཟུང༌། བརྩོན་འགྲུས་ཀྱི་དབང་པོས་གྲོགས་བྱས། དྲན་པའི་དབང་པོས་ལམ་ལ་གཞུག ཏིང་ངེ་འཛིན་གྱི་དབང་པོས་ཉམས་སུ་བླང༌། ཕྱག་རྒྱ་ཆེན་པོའི་ངོ་བོ། ཕྱག་རྒྱ་ཆེན་པོའི་ངེས་ཚིག ཕྱག་རྒྱ་ཆེན་པོའི་མཚན་ཉིད། ཕྱག་རྒྱ་ཆེན་པོའི་ཁྱད་པར། འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ཡིན་པས། འཁོར་བ་མཐའ་དག་ལ་ཡིད་འབྱུང་དགོས། འཁོར་བའི་སེམས་ཅན་དྲིན་ཆེན་ཕ་མ་ཡིན་པས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས། མོས་གུས་རྒྱུན་ཆད་མེད་པར་བྱ། ཡོན་ཏན་ཐམས་ཅད་ཀྱི་ལམ་བསྐྱེད་རྫོགས་རྒྱུན་དུ་བསྒོམ། སྣང་བ་ལམ་དུ་འཁྱེར། རྟོག་པ་ལམ་དུ་འཁྱེར། ཉོན་མོངས་ལམ་དུ་འཁྱེར། ཡོན་ཏན་ལམ་དུ་འཁྱེར། ཡེ་ཤེས་ལམ་དུ་འཁྱེར། རྒྱུ་འབྲས་མཁྱེན་པའི་ལྟ་བ། འཁོར་བ་དག་པའི་རྟོགས་པ། རྩ་བ་ཟིན་པའི་སྒོམ་པ། ཞེན་པ་བྲལ་བའི་ཉམས་མྱོང༌། བླང་དོར་བྲལ་བའི་སྤྱོད་པ། རེ་དོགས་བྲལ་བའི་འབྲས་བུ། ཤེས་བྱ་བླ་མར་འཆར་བ། རང་སེམས་བླ་མར་འཆར་བ། ཟུང་འཇུག་བླ་མར་འཆར་བ། དོན་གཉིས་འབྲས་བུར་འཆར་བ། བདེན་པ་གཉིས་ཀྱི་ངོ་བོ། བདེན་པ་གཉིས་ཀྱི་ངེས་ཚིག བདེན་པ་གཉིས་ཀྱི་དབྱེ་བ། བདེན་པ་གཉིས་ཀྱི་མཚན་ཉིད། བདེན་པ་གཉིས་ཀྱི་འབྲས་བུ། ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་བཅུ་སྤོང་བའི་གཉེན་པོར་ལུས་ལྷ། ངག་སྔགས། སེམས་ཕྱག་རྒྱ་ཆེན་པོར་བསྒོམ། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ། གཞི་སྤོང་བའི་ལམ། གཞི་བསྒྱུར་བའི་ལམ། གཞི་ཤེས་པའི་ལམ། སྐྱོབ་པ་ཤཱཀྱ་སེངྒེ་ཡི། །བསྟན་ལ་དལ་འབྱོར་མི་ལུས་ཐོབ། །ཆོས་ལ་འཇུག་པའི་སྐལ་པར་ལྡན། །ཆོས་སྒོ་བགྲང་གིས་མི་ལང་ཡང༌། །འཇུག་ཚུལ་རྣམ་པ་གསུམ་དུ་གསུངས། །ཐེག་པ་གསུམ་ལ་དགོངས་པ་ཡིན། །སྤོང་བསྒྱུར་ཤེས་པའི་མཚན་ཉིད་ལ། །བྱེ་བྲག་ཐད་སོར་གོ་བར་བྱ། །སྐྱེ་བ་མེད་པའི་རིག་པ། འགགས་པ་མེད་པའི་ལམ། གནས་པ་མེད་པའི་ཤེས་རབ། དགོས་པ་མེད་པའི་འབྲས་བུ། སློབ་དཔོན་འཛོམ་དཀའ། ལམ་འབྲས་རྟོགས་དཀའ། ལམ་དང་ཡོན་ཏན་སྐྱེ་དཀའ། འབྲས་བུ་ཐོབ་དཀའ། དཔོན་སློབ་གཉིས་ཀྱི་མཚན་ཉིད་གཉིས་གཉིས་བཞི་སྟེ། རིན་ཆེན་རྟགས་དཀའ། དགོས་འདོད་འབྱུང་དཀོན། ལས་ཅན་འཕྲད་དཀའ། སྣོད་མིན་གྲངས་མང། ལས་འབྲས་ཀྱི་མཚན་ཉིད་བརྒྱད་དེ། འཁོར་བ་སྤང་དཀའ། རང་བཞིན་བླང་དོར། དལ་འབྱོར་ཐོབ་དཀའ། ཚུལ་ཁྲིམས་འཇིག་སླ། འཆི་བ་མི་རྟག ལོང་མེད་དུས་འདེབས། རིགས་དྲུག་ལས་བཙན། རྒྱུ་འབྲས་ཁེ་རྒྱུག ལམ་དང་ཡོན་ཏན་མཚན་ཉིད་ལ་དགུ་སྟེ། ལམ་ལ་ལྟ་སྒོམ་སྤྱོད་གསུམ། གཉིས་མེད་རྟོགས་དཀའ། ལྷུན་གྱིས་གྲུབ་བརྩོན་དཀའ། མཉམ་རྗེས་དབྱེར་མེད་དཀའ། གཉུག་མ་རེས་འཇོག ཆོས་བརྒྱད་སྤངས་དཀའ། བྱར་མེད་ངོས་འཛིན། ཡོན་ཏན་ལ་ལས་མཐའ་རྟགས་དཀའ། ཡོན་ཏན་རྒྱུ་ལ། འབྲས་བུ་ཆོས་སྐུ་གཟུགས་སྐུ་གཉིས། ཆོས་སྐུ་ཐོབ་དཀའ། མངོན་དུ་བྱུང་ཚུལ། འབྲས་བུ་ཐོབ་དཀའ། མཁྱེན་གཉིས་རེ་དོགས། དཀའ་བཞིའི་ཆོས་ཡིན་གསུངས། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །ཇི་ལྟར་བུ་ཆུང་ཚུལ་བཞིན་གནས་བྱ་ཞིང༌། །བླ་མའི་ལུང་ལ་སྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །སེམས་བསྐྱེད་ཀྱིས་གཞི་བཟུང༌། དད་པས་སྣ་དྲངས། བརྩོན་འགྲུས་ཀྱིས་གྲོགས་བྱ། ཚོགས་གཉིས་ཀྱི་ལམ་བཟུང༌། སྨོན་ལམ་དང་བསྔོ་བས་མཇུག་ཡོངས་སུ་རྫོགས། དེ་ལྟར་བྱས་ན་འབྲས་བུ་སངས་རྒྱས་འཐོབ། རང་གི་སེམས་རྟོགས་དགོས། སེམས་མ་རྟོགས་ན། འཁོར་བའི་སྡུག་བསྔལ་མི་སྤོང༌། མྱ་ངན་ལས་འདས་པའི་བདེ་བ་ཡང་མི་འགྲུབ། ཡོན་ཏན་ཙམ་ཞིག་སྐྱེས་ན་ཡང་དེ་རང་གིས་འཆིང༌། བསོད་ནམས་ཚོགས་ཀྱི་ཏིང་ངེ་འཛིན། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །འོད་གསལ་ཤར་བའི་ཏིང་ངེ་འཛིན། །ཟུང་དུ་འཇུག་པའི་ཏིང་ངེ་འཛིན། །གཡོ་རྒྱུ་སྤྱོད་པས་ཐབས་མཁས་རེ། །ངན་སོང་སྒྲུབ་ལ་དྲག་པོ་རེ། །གད་ཀར་འདུག་པས་བརྟན་པོ་རེ། །སྐོར་ལོག་ཤེས་པས་ཤེས་རབ་ཅན། །བློ་མི་འགྱུར་ན་དཔྱད་པ་ཅན། །བློ་གཏད་ཐུབ་པས་ཟབ་མོ་སྐྱོང༌། །ཡུན་རིང་མི་སྡོད་འཆི་བར་ངེས་ཀྱི་ཐར་པ་མྱུར་དུ་སྒྲུབས། ཉི་མ་ནུབ་པའི་གྲིབ་སོ་བཞིན་དུ་མི་རྟག་ཕ་རོལ་འགྲོ་བར་ངེས་ཀྱི་ལེ་ལོ་སྙོམ་ལས་སྤོངས་ལ་བརྩོན་འགྲུས་མེ་བཞིན་སྦོར། ཚེ་ལ་བློ་གཏད་མེད་པར་ངེས་ཀྱི་ནམ་འཆི་ཆ་མེད་རྒྱུན་ཆད་མེད་པར་ཉམས་སུ་ལོངས། རྒྱུ་ལས་འབྲས་བུ་འབྱུང་བར་ངེས་ཀྱི་ལས་འབྲས་ཆེད་དུ་མི་བསད་ཕ་མའི་དྲིན་ལེན་བྱམས་པ་རྒྱུན་དུ་སྒོམས། རང་ལ་ལྟོས་པ་མེད་པར་བསྒྲུབས་ན་གཞན་ཕན་ཤུགས་ཀྱིས་འབྱུང༌། བློ་མ་ལོག་པར་ཐར་པ་ཐོབ་པ་ཡིན། རྨི་ལམ་དང་སྒྱུ་མའི་དཔེས་ཆོས་ཐམས་ཅད་རང་གི་སེམས་སུ་ངོ་སྤྲད་པ་དང༌། ཆུ་དང་ཆབ་རོམ་གྱི་དཔེས་སྣང་བ་དང༌། སེམས་ཐ་མི་དད་པར་ངོ་སྤྲད་པ་དང༌། ནམ་མཁའི་དཔེས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ངོ་སྤྲད་པ་དང༌། བུ་རམ་གཟུགས་བརྙན་གྱི་དཔེས་དུ་མ་རོ་གཅིག་ཏུ་ངོ་སྤྲད་པ་དང༌། ཆུ་བོའི་དཔེས་མཉམ་རྗེས་དབྱེར་མེད་དུ་ངོ་སྤྲད་པ་དང༌། སྒྲུབ་པར་གནས་པའི་དཔེས་ནམ་མཁའ་ལྟ་བུ། ཉེ་བར་གནས་པའི་དཔེས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང༌། སྒྲུབ་པའི་ཡན་ལག་གི་དཔེས་རྒྱལ་པོ་ཆེན་པོའི་བཀའ་རྟགས་ལྟ་བུ། ནུས་པ་དང་ལྡན་པའི་དཔེས་མཁའ་འགྲོ་མ་ཡི་དམོད་སྔགས་ལྟ་བུ། དེ་ནི་ལྟ་སྒོམ་སྤྱོད་འབྲས་བཞིར་ཉམས་སུ་ལེན་པ་ཡིན། ཉམས་དང་བྲལ་བའི་རྟོགས་པ། ཕྱོགས་རིས་མེད་པའི་སྒོམ་པ། བློ་ལས་འདས་པའི་སྤྱོད་པ། རེ་དོགས་བྲལ་བའི་འབྲས་བུ། སྣང་བ་སེམས་སུ་བཟུང་བ། ནམ་མཁའ་སེམས་སུ་བཟུང་བ། ཀུན་ཏུ་བཟང་པོ་ཕ་རུ་བཟུང་བ། ཀུན་ཏུ་བཟང་མོ་མ་རུ་བཟུང་བ། ཆོས་ཐམས་ཅད་རང་གི་སེམས་སུ་བསྡུ་བ། འདིའི་མཚན་སེམས་ཀྱི་གཟེར་ལྔའམ། མན་ངག་གསེར་གྱི་ཨ་བཀོལ་ཞེས་བྱ་གསུངས། འཁོར་བ་དལ་འབྱོར་མི་རྟག་རྒྱུ་འབྲས་སོམས། །ལོངས་སྤྱོད་མི་རྟག་སྙིང་པོ་ལོངས། །ཚེ་འདི་མི་རྟག་ལོག་ཤེས་སྤོངས། །ལྟེང་སྒོམ་མ་བྱེད་ཡང་དག་སྦྱོངས། །བླ་མ་རིན་པོ་ཆེ་ཏི་ཤྲི་རས་པས་གསུངས་པའོ། །

དཔལ་ལྡན་འབའ་རོམ་པས་ཏི་ཤྲི་རས་པའི་རྨི་ལམ་དུ་གསུངས་པ།

རྗེ་ཡོན་ཏན་རྒྱ་མཚོ་རིན་པོ་ཆེ། །ཉི་ཟླ་ལྟར་གསལ་སྒམ་པོ་པ། །རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ངེད་གསོལ་འདེབས་རྣམས་ལ་བྱིན་གྱིས་རློབས། །དུས་དང་པོ་བླ་མ་རིན་ཆེན་བཙལ། །བར་དུ་དད་གུས་མོས་གསུམ་ཕུལ། །ཐ་མར་ཞབས་ཏོག་རྣམ་གསུམ་བྱས། །དུས་ད་ལྟ་འབྲལ་མེད་གཅིག་ཏུ་གདའ། །དུས་དང་པོར་ཉན་ཐོས་ཀྱི་སྡོམ་པ་བསྲུངས། །བར་དུ་བྱང་ཆུབ་མཆོག་སེམས་བསྐྱེད། །ཐ་མར་རིག་འཛིན་སྔགས་ལ་ཞུགས། །དུས་ད་ལྟ་སྡོམ་གསུམ་གཅིག་དུ་གདའ། །དུས་དང་པོར་ཚིག་ལ་ཐོས་པ་བྱས། །བར་དུ་ལུང་རིགས་འགལ་འབྲེལ་བརྩིས། །ཐ་མར་ཚིག་ལ་མཁས་པར་བྱུང༌། །དུས་ད་ལྟ་གཅིག་ཤེས་ཀུན་ལ་མཁས། །དུས་དང་པོར་ཡི་དམ་བསྒྲུབ་བྱར་མཐོང༌། །བར་དུ་རྩ་བའི་དཀྱིལ་འཁོར་བསྒོམས། །ཐ་མར་རང་ལུས་ལྷ་སྐུར་ཤེས། །དུས་ད་ལྟ་སྣང་བ་ལྷ་སྐུར་གསལ། །དུས་དང་པོར་སྒྲོ་འདོགས་ཡུལ་ལ་བཅད། །བར་དུ་སེམས་འཛིན་སྒོམ་དུ་བྱས། །ཐ་མར་སྣང་བ་སེམས་སུ་གོ །དུས་ད་ལྟ་སྣང་སེམས་གཉིས་སུ་མེད། །དུས་དང་པོར་ཡེ་ཤེས་ཀྱི་ཁྲོ་བཅུ་མཆོད། །བར་དུ་ཆོས་སྐྱོང་མགོན་པོ་བསྟེན། །ཐ་མར་སྣང་སྲིད་ལྷ་འདྲེ་འདུས། །དུས་ད་ལྟ་ཀླུ་རྒྱལ་འཇོག་པོར་གདའ། །དུས་དང་པོར་ཉོན་མོངས་སྤང་བྱར་མཐོང༌། །བར་དུ་གཉེན་པོ་རྒྱུད་ལ་བརྟེན། །ཐ་མར་ས་ལམ་བགྲོད་བྱར་མཐོང༌། །དུས་ད་ལྟ་བློ་ལས་འདས་པར་གདའ། །དུས་དང་པོར་ཟང་ཟིང་ནོར་རྫས་བསགས། །བར་དུ་ཞེན་པ་ནང་ནས་ལོག །ཐ་མ་རང་སེམས་ཡིད་བཞིན་རྙེད། །དུས་ད་ལྟ་དགོས་འདོད་སེམས་ལས་འབྱུང༌། །དུས་དང་པོར་འབྲས་བུ་བསྒྲུབ་བྱར་མཐོང༌། །བར་དུ་སངས་རྒྱས་རང་སེམས་རྙེད། །ཐ་མར་སྐུ་གསུམ་མངོན་དུ་གྱུར། དུས་ད་ལྟ་གཞན་དོན་ཤུགས་ལ་འཆར། །དཔལ་ལྡན་འབའ་རོམ་པས་གསུངས་པ། བླ་མ་ཏི་ཤྲིའི་རྨི་ལམ་དུ་གསལ་བའོ། །རྫོགས་སོ་དགེའོ།།

གསང་སྔགས་ཡན་ལག་བདུན་པ།

༈ གསང་སྔགས་ཡན་ལག་བདུན་པ་བཞུགས། དུས་གསུམ་སངས་རྒྱས་བྱང་སེམས་དང༌། །བླ་མ་ཡི་དམ་དཔའ་བོ་དང༌། །མཁའ་འགྲོ་ཆོས་སྐྱོང་མཆོད་འོས་ལ། །བདག་ཉིད་གུས་པས་ཕྱག་འཚལ་བསྟོད། །བླ་མ་བདེ་གཤེགས་མཆོད་པ་དང༌། །སེམས་ཅན་སྒྲིབ་སྦྱོང་ཚོགས་རྫོགས་ཕྱིར། །ཕྱི་ནང་མཆོད་པའི་བྱེ་བྲག་རྣམས། །ཡན་ལག་བདུན་པ་བྲི་བར་བྱ། །ཞིང་ཡོངས་སུ་དག་པ་མཆོད་པའི་གནས། །རིན་པོ་ཆེ་ཡི་གཞལ་ཡས་ཁང༌། །རིན་ཆེན་སྣ་བདུན་རྒྱན་གྱིས་སྤྲས། །ཨ་མོ་ལི་ཀའི་ས་གཞི་ལ། །རི་རབ་རྡོ་རྗེ་སེང་གེའི་ཁྲི། །སྣ་ཚོགས་པདྨ་ཉི་མའི་གདན། །གདུགས་དང་བླ་བྲེ་འགྲིབ་ཡོལ་བཤམས། །གནས་དེར་བཤམས་པའི་མཆོད་པ་ནི། །འཇིག་རྟེན་ཁམས་ནི་འདིའམ་གཞན། །ཀུན་བཟང་བྱང་སེམས་ལས་བྱུང་བའི། །ལྷ་མི་ལ་སོགས་མཆོད་པ་རྣམས། །བཀོད་པའི་ཁྱད་པར་ལེགས་པར་བཤམས། །གནས་འདིར་སྤྱན་འདྲེན་གཤེགས་གསོལ་ནི། །དུས་གསུམ་བླ་མ་ཐམས་ཅད་དང༌། །ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས། །དད་པའི་ཤུགས་ཀྱིས་སྤྱན་འདྲེན་པས། །ཐུགས་རྗེའི་སྟོབས་ཀྱིས་གཤེགས་སུ་གསོལ། །ཁྱད་པར་སོ་སོར་གདན་དྲངས་པས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ལོངས་སྤྱོད་རྫོགས་སྐུ་གཤེགས་སུ་གསོལ། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ནས། །སྤྲུལ་སྐུ་ཤཱཀ་ཐུབ་གཤེགས་སུ་གསོལ། །གཞི་ལ་གནས་པའི་གཞལ་ཡས་ནས། །གསང་སྔགས་ལྷ་ཚོགས་གཤེགས་སུ་གསོལ། །རང་བཞིན་གྲུབ་པའི་གཞལ་ཡས་ནས། །དཀྱིལ་འཁོར་གཙོ་བོ་གཤེགས་སུ་གསོལ། །ནུབ་ཕྱོགས་རང་བྱུང་གཞལ་ཡས་ནས། །རྡོ་རྗེ་ཕག་མོ་གཤེགས་སུ་གསོལ། །ཡང་དག་བདེ་ཆེན་གཞལ་ཡས་ནས། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །མི་འགྱུར་གནས་ཀྱི་གཞལ་ཡས་ནས། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །ཤེས་རབ་བཙུན་མོའི་བྷ་ག་ནས། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །འཇིག་རྟེན་དུར་ཁྲོད་གཞལ་ཡས་ནས། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གཞལ་ཡས་ནས། །སྣ་ཚོགས་མཁའ་འགྲོ་གཤེགས་སུ་གསོལ། །སངས་རྒྱས་བསྟན་པའི་ཞིང་ཁམས་ནས། །ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ། །དཀོན་མཆོག་གསུམ་གྱིས་བསྡུས་པ་ཡི། །མཆོད་འོས་ཐམས་ཅད་གཤེགས་སུ་གསོལ། །གཞན་ཡང་གདན་འདྲེན་བྱེ་བྲག་ནི། །རང་ལ་གནས་པའི་ཞིང་ཁམས་སུ། །ལྷན་ཅིག་སྐྱེས་པའི་ལྷ་ཚོགས་རྣམས། །ཟག་མེད་བདུད་རྩིས་མཆོད་པའི་ཕྱིར། །གཉིས་མེད་ཟུང་འཇུག་གདན་འདྲེན་གྱིས། །ལུས་ངག་ཡིད་གསུམ་ཞིང་ཁམས་སུ། །སྐུ་གསུང་ཐུགས་མཆོག་གཤེགས་སུ་གསོལ། །འཁོར་ལོ་དྲུག་གི་གཞལ་ཡས་སུ། །དཀྱིལ་འཁོར་ལྷ་ཚོགས་གཤེགས་སུ་གསོལ། །སྟོང་ཕྲག་བདུན་ཅུའི་གཞལ་ཡས་སུ། །མཁའ་འགྲོ་མ་རྣམས་གཤེགས་སུ་གསོལ། །ཉི་ཁྲི་ཆིག་སྟོང་ཕོ་བྲང་དུ། །དཔའ་བོའི་ཚོགས་རྣམས་གཤེགས་སུ་གསོལ། །ཐབས་ཤེས་གཉིས་མེད་གཞལ་ཡས་སུ། །ལྷན་སྐྱེས་དགའ་བ་གཤེགས་སུ་གསོལ། །ཕུང་པོ་ལྔ་ཡི་ཞིང་ཁམས་སུ། །ཡེ་ཤེས་རྣམ་ལྔ་གཤེགས་སུ་གསོལ། །ཐམས་ཅད་ལྷ་ཡི་རང་བཞིན་རྣམས། །མ་ལུས་ཐམས་ཅད་གཤེགས་སུ་གསོལ། སྤྱན་དྲངས་ལྷ་ཚོགས་ཐམས་ཅད་ལ། མཆོད་པའི་བྱེ་བྲག་འབུལ་བ་ནི། སྐུ་ལ་བལྟ་བའི་མཆོད་པ་ནི། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །བླ་མ་བདེ་བར་གཤེགས་པ་རྣམས། །གཟི་བརྗིད་ལྡན་པ་ལྷང་ངེ་བ། །བདག་གིས་མཐོང་བས་ཨ་རེ་དགའ། །ཕྱག་འཚལ་བ་ཡི་མཆོད་པ་ནི། འཇིག་རྟེན་ཁམས་ནི་ཐམས་ཅད་ན། །བླ་མ་བདེ་གཤེགས་ཐམས་ཅད་ལ། །བདག་གི་ལུས་ངག་ཡིད་གསུམ་གྱིས། །གུས་པ་ཡིས་ནི་ཕྱག་འཚལ་བསྟོད། །བསྟོད་པའི་མཆོད་པ་བརྗོད་པ་དང༌། །གསུང་དབྱངས་དྲུག་ཅུ་ལྡན་པ་ཡི། །ཚངས་པའི་དབྱངས་དང་སྙན་པའི་ཚིག །བདེར་གཤེགས་ཡོན་ཏན་ལྡན་པ་རྣམས། །བླ་མ་རྒྱལ་བ་བདག་གིས་བསྟོད། །ཉེས་པའི་སྐྱོན་བྲལ་ཡོན་ཏན་ལྡན། །སངས་རྒྱས་ཞིང་ཁམས་མ་ལུས་དང༌། །གོང་དུ་བཀོད་པའི་བཞུགས་གནས་དང༌། །མཎྜལ་རྒྱན་དང་བཅས་པ་འབུལ། །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །ཚངས་པ་བརྒྱ་བྱིན་ལ་སོགས་པ། །འཁོར་ལོའི་བསྒྱུར་རྒྱལ་རྒྱལ་སྲིད་དང༌། །ཆེ་བའི་ཆེ་མཆོག་ཐམས་ཅད་འབུལ། །རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །ཉི་ཟླའི་འོད་དང་སྐར་མའི་འོད། །རིན་ཆེན་རི་བདུན་མཚོ་ལ་སོགས། །བཀོད་པའི་ལེགས་པ་ཐམས་ཅད་འབུལ། །མ་རྨོས་ལོ་ཏོག་ས་ལུ་དང༌། །ཨ་མོ་ལི་ཀ་དཔག་བསམ་ཤིང༌། །འདོད་འཇོའི་བ་དང་ཡིད་བཞིན་ནོར། །དགོས་འདོད་འབྱུང་བ་ཐམས་ཅད་འབུལ། །གདུགས་དང་རྒྱལ་མཚན་འཕན་རིགས་དང༌། །ཕྱེ་མའི་ཕུར་མ་སྨན་གྱི་ཚོགས། །འཆི་མེད་བདུད་རྩི་ཞལ་ཟས་རྣམས། །རྗེ་བཙུན་གསང་བའི་བདག་པོར་འབུལ། །ཡོན་ཆབ་མ་ལ་སོགས་པ་ཡིས། །ཕྱི་ཡི་མཆོད་པ་རྣམ་བདུན་དང༌། །གཟུགས་ཀྱི་ལྷ་མོ་ལ་སོགས་ཀྱིས། །ནང་གི་མཆོད་པ་རྣམ་བདུན་འབུལ། །གཟུགས་རྡོ་རྗེ་མ་ལ་སོགས་པ་ཡིས། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །གླུ་མ་གར་མ་ལ་སོགས་ཀྱིས། །གླུ་གར་ལ་སོགས་མཆོད་པ་འབུལ། །གླིང་བུ་མ་ལ་སོགས་པ་ཡིས། །རོལ་མོའི་སྒྲ་ཡི་མཆོད་པ་འབུལ། །རེག་བྱ་མ་ལ་སོགས་པ་ཡིས། །དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ། །དོན་དམ་སྐྱེ་མེད་ལྷ་མོ་ཡིས། །སྐྱེ་མེད་འོད་གསལ་མཆོད་པ་འབུལ། །མཉམ་ཉིད་ཡེ་ཤེས་ལྷ་མོ་ཡིས། །ཟུང་འཇུག་བདེ་ཆེན་མཆོད་པ་འབུལ། །བདག་གི་ལུས་ངག་ཡིད་གསུམ་དང༌། །དུས་གསུམ་བསགས་དང་ཡོད་པ་ཡིས། །དངོས་པོ་ཕུན་སུམ་ཚོགས་པ་རྣམས། །བླ་མ་བདེར་གཤེགས་རྣམས་ལ་འབུལ། །མཆོད་བྱ་མཆོད་བྱེད་མཆོད་པ་རྣམས། །གང་ཚེ་ཐ་དད་མི་དམིགས་པ། །བདག་ཉིད་ཆེན་པོའི་ངོ་བོ་ཉིད། །ཕྱག་རྒྱ་ཆེན་པོའི་མཆོད་པ་འབུལ། །སྡིག་པ་བཤགས་པའི་ཡན་ལག་ནི། སྟོབས་བཞི་དག་དང་ལྡན་པ་ཡི། །འགྱོད་པ་དྲག་པོ་བསྐྱེད་བྱས་ལ། །སྡིག་པ་མ་ལུས་བཤགས་པར་བྱ། །མཚམས་མེད་ལྔ་དང་མི་དགེ་བཅུ། །སྡོམ་པ་གསུམ་དང་འགལ་བ་དང༌། །ཐོག་མེད་དུས་ནས་གང་བསགས་པའི། །སྡིག་པའི་ལས་རྣམས་བཤགས་པར་བགྱི། །རྗེས་ཡི་རང་བའི་ཡན་ལག་ནི། འགྲོ་བ་སེམས་ཅན་ཐམས་ཅད་དང༌། །ཉན་ཐོས་རང་སངས་རྒྱས་རྣམས་དང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །བླ་མ་ཡི་དམ་ལྷ་རྣམས་དང༌། །ཐེག་པ་གསུམ་ལ་ཞུགས་པ་ཡི། །རྒྱུ་དང་ལམ་དང་འབྲས་བུ་ཡི། །དགེ་བ་བརྗོད་པ་ཐམས་ཅད་ལ། །བདག་ཉིད་རྗེས་སུ་ཡི་རང་ངོ༌། །ཆོས་འཁོར་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་དང༌། །བླ་མ་རིན་པོ་ཆེ་རྣམས་ལ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །སྐུ་གསུང་སྤྲུལ་པ་སྣ་ཚོགས་ཀྱིས། །ཐེག་མཆོག་བླ་ན་མེད་པ་ཡི། །དམ་ཆོས་མཁྱེན་པ་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་གསོལ་བ་ནི། དུས་གསུམ་བཞུགས་པའི་བླ་མ་དང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །འགྲོ་བ་སེམས་ཅན་དོན་སླད་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བའི་རྩ་བ་བསྔོ་བ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱིས། །བྱས་པ་ཡོད་པའི་དགེ་བ་དང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །དགེ་བ་ཐམས་ཅད་གཅིག་གྱུར་ནས། །འགྲོ་བ་སེམས་ཅན་དོན་སླད་དུ། །ཚེ་འདིར་སངས་རྒྱས་ཐོབ་པ་ཡི། །དགེ་བ་མ་ལུས་ཐམས་ཅད་ཀུན། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །བྱིན་རླབས་བཀྲ་ཤིས་བརྗོད་པ་ནི། བླ་མ་དམ་པས་ལེགས་བྱིན་པའི། །བརྩེ་བ་གྲུབ་པའི་བཀྲ་ཤིས་ཤོག །གང་ལ་སེམས་ཀྱིས་བྱིན་རླབས་པའི། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །རྡོ་རྗེ་མཁའ་འགྲོས་ལེགས་བྱིན་པའི། །བྱང་ཆུབ་མཆོག་གི་བཀྲ་ཤིས་ཤོག །བུདྡྷ་མཁའ་འགྲོས་ལེགས་བྱིན་པའི། །ཐོགས་པ་མེད་པའི་བཀྲ་ཤིས་ཤོག །རིན་ཆེན་མཁའ་འགྲོས་ལེགས་བྱིན་པའི། །དབང་བསྐུར་མཆོག་གི་བཀྲ་ཤིས་ཤོག །པདྨ་མཁའ་འགྲོས་ལེགས་བྱིན་པའི། །ཤེས་རབ་མཆོག་གི་བཀྲ་ཤིས་ཤོག །ལས་ཀྱི་མཁའ་འགྲོས་ལེགས་བྱིན་པའི། །ལས་གྲུབ་རྡོ་རྗེའི་བཀྲ་ཤིས་ཤོག །བྱིན་རླབས་རླུང་སེམས་འབྱུང་བ་ཡི། །བདེ་ཆེན་དག་པའི་བཀྲ་ཤིས་ཤོག །འབྱུང་གནས་དངོས་གྲུབ་ལེགས་བྱིན་པའི། །མཁའ་འགྲོ་མ་ཡི་བཀྲ་ཤིས་ཤོག །བླ་མ་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱིས། །བདག་དང་སེམས་ཅན་ཐམས་ཅད་ལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །སྨོན་ལམ་ཟབ་མོ་བཏབ་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་བླ་མས་བྱིན་བརླབས་པས། །མོས་གུས་རྒྱུན་ཆད་མེད་པ་དང༌། །དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག །ཆོས་ཉིད་སྟོང་པའི་ཕོ་བྲང་ནས། །རང་སེམས་ཆོས་སྐུར་བྱིན་བརླབས་པས། །ཉམས་དང་རྟོགས་པ་ཤར་བ་ཡི། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །ཡང་དག་བདེ་ཆེན་གཞལ་ཡས་ནས། །རྡོ་རྗེ་མཁའ་འགྲོས་བྱིན་བརླབས་པས། །འོད་གསལ་ཆོས་སྐུར་རྟོགས་པ་དང༌། །ཐུགས་ལ་ཡེ་ཤེས་ལྔ་ལྡན་ཤོག །མི་འགྱུར་གནས་པའི་གཞལ་ཡས་ནས། །སངས་རྒྱས་མཁའ་འགྲོས་བྱིན་བརླབས་པས། །རྫུ་འཕྲུལ་ཐོགས་པ་མེད་པ་དང༌། །སྐུ་ལ་མཚན་དཔེ་རྫོགས་པར་ཤོག །གཏེར་འབྱུང་ཡིད་བཞིན་གཞལ་ཡས་ནས། །རིན་ཆེན་མཁའ་འགྲོས་བྱིན་བརླབས་པས། །ཡོན་ཏན་མཐའ་དག་རྒྱས་པ་དང༌། །མཉམ་ཉིད་ཡེ་ཤེས་ལྡན་པར་ཤོག །ཤེས་རབ་བཙུན་མོའི་གཞལ་ཡས་ནས། །པདྨ་མཁའ་འགྲོས་བྱིན་བརླབས་པས། །བདེ་ཆེན་ཤེས་རབ་རྟོགས་པ་དང༌། །གསུང་དབྱངས་དྲུག་ཅུར་ལྡན་པར་ཤོག །འཇིག་རྟེན་དུར་ཁྲོད་གཞལ་ཡས་ནས། །ལས་ཀྱི་མཁའ་འགྲོས་བྱིན་བརླབས་པས། །བྱ་བའི་ལས་རྣམས་གྲུབ་པ་དང༌། །ཕྲིན་ལས་ཐོགས་པ་མེད་པར་ཤོག །བདེ་བ་ཆེན་པོའི་ཞིང་ཁམས་ནས། །ཟག་མེད་མཁའ་འགྲོས་བྱིན་བརླབས་པས། །བྱིན་རླབས་སྟོབས་སུ་འབྱུང་བ་དང༌། །ཡང་དག་དོན་དང་ལྡན་པར་ཤོག །འབྱུང་གནས་དུར་ཁྲོད་ལེགས་བྱིན་པའི། །མཁའ་འགྲོ་མ་ཡིས་བྱིན་བརླབས་པས། །མཁའ་འགྲོའི་ཚོགས་རྣམས་འདུ་བ་དང༌། །ལས་རྣམས་ཐམས་ཅད་འགྲུབ་པར་ཤོག །བདག་གཞན་ཚོགས་གཉིས་རྫོགས་པ་དང༌། །འབྲས་བུ་སངས་རྒྱས་ཐོབ་པ་ཡི། །བདག་གི་སྨོན་ལམ་འགྲུབ་པར་ཤོག །གསང་སྔགས་ཡན་ལག་བདུན་པ་ནི། འགྲོ་བའི་དོན་དུ ༧ ་ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ། །

དབྱེ་རས་པ་ལ་གདམས་པ།

ན་མོ་གུ་རུ། བླ་མ་རིན་པོ་ཆེ་དབྱེ་རས་པས་ཡི་གེ་བསྐུར་ནས། རྟོག་མེད་མ་བསྒོམ་རྟོག་བཅས་སྒོམ་གསུངས་པས་དེ་མ་གོ །དེ་ཡི་དོན་གསལ་བ་གཅིག་བྲིས་ལ་བསྐུར་གསུངས་ནས། རྟོགས་པས་མ་ཟིན་པའི་རྟོག་མེད་གོལ་ས་ཡིན་པས་མ་བསྒོམ། རྟོག་པ་སྟོང་པ་ཡེ་ཤེས་ཡིན་པས་སྒོམས། དེ་ཡང་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། སེམས་སོ་སོའི་རང་སྣང་དེ་ལྟར་སྣང་བ་ཡིན། སེམས་ཅན་བདེ་སྡུག་སྣ་ཚོགས་མྱོང་བ་རྣམས། །དགེ་དང་མི་དགེ་ལས་ཀྱི་འབྲས་བུ་ཡིན། །རྟོག་པ་གང་སྐྱེས་དེ་ཉིད་སྟོང་པ་ཡིན། །རྟོགས་པར་དཀའ་བའི་རྟོག་མེད་མ་བསྒོམ་པར། །ཆོས་རྣམས་སེམས་སུ་རྟོགས་ཙམ་ན། ཡུལ་དང་ཡུལ་ཅན་གཉིས་སུ་མེད། །ཡུལ་རྣམས་སྟོང་པར་སྒོམ་མི་དགོས། །སེམས་བསྒོམས་པ་ཡིས་སངས་རྒྱས་ཀྱིས། །སེམས་ཀྱིས་ཕར་ལ་མ་བསྒོམ། སྒོམ་ཚུར་ལ་འོང་དུ་མ་རེ། ཆོས་ཐམས་ཅད་རང་སེམས། སེམས་ཕྱག་རྒྱ་ཆེན་པོ། སྒོམ་མ་ཡིན་པ་གཞན་མེད་པས། རང་སེམས་སྒོམ་ཡིན། རང་སེམས་སངས་རྒྱས་ཡིན་གྱི། འབྲས་བུ་གཞན་ནས་མ་ཚོལ། དེ་ལྟར་ཡིན་པར་ཡང༌། མཁའ་འགྲོ་མ་གཟེབ་ཀྱི་རྒྱུད་ལས། སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པ་ཡིས་སངས་རྒྱས་ཀྱིས། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས། བླ་མ་རིན་པོ་ཆེའི་ཞལ་ནས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཉི་མ་དང་ནི་འོད་ཟེར་བཞིན། །ཞེས་གསུངས། རང་སེམས་སངས་རྒྱས་སུ་ངོ་སྤྲོད་པར་བྱེད་པའི་གདམས་ངག་ཏི་ཤྲི་རས་པས་བླ་མ་ཆེན་པོ་དབྱེ་རས་པའི་ཐུགས་དམ་དུ་མཛད་པའོ། །དགེའོ།།

དོན་མཆོག་བདུན་མ།

ན་མོ་གུ་རུ། མཉམ་ཉིད་དོན་དང་ལྡན་པའི་རིན་པོ་ཆེ། །སྐུ་གསུམ་རྣམ་དག་དབྱེར་མེད་ངོ་བོ་ཉིད། །མཐོང་ཐོས་དྲན་རེག་སྐུ་ལྔ་ཐོབ་མཛད་པའི། །བཀའ་དྲིན་ཅན་གྱི་བླ་མའི་ཞབས་ལ་འདུད། །དམ་ཆོས་བདུད་རྩིའི་འོ་མའི་རྒྱ་མཚོ་ལས། །དོན་མཆོག་ཉམས་མྱོང་རང་རིག་མངོན་སུམ་འདི། །འགྲོ་རྣམས་དག་གི་དོན་དུ་གཉེར་ལགས་ཀྱིས། །སྐལ་པར་གང་བབ་དོན་དུ་བྲི་བར་བྱ། །སྒྲུབ་པའི་གནས་མཆོག་གང་ཟག་ལུས་གནད་དོན། །བདེ་གཤེགས་བཀའ་བརྒྱུད་བླ་མའི་བྱིན་རླབས་དོན། །དད་གུས་སྒོམ་པ་ཆུ་འཕྲད་ངེས་ཤེས་དོན། །སྣ་ཚོགས་ཁ་བསྒྱུར་རིན་ཆེན་སེམས་བསྐྱེད་དོན། །ཉམས་སུ་ལེན་པ་ལམ་མཆོག་རྟེན་འབྲེལ་དོན། །མི་སྨིན་པ་རྣམས་སྨིན་བྱེད་དབང་གི་དོན། །ཆོས་རྣམས་རང་སེམས་སྣང་བ་ཟུང་འཇུག་དོན། །ལྟ་བ་མཐའ་བྲལ་ངོ་བོ་རྟོགས་པའི་དོན། །འབྲས་བུ་གནས་སྐབས་མཐར་ཐུག་རང་གཞན་དོན། །བཀྲ་ཤིས་དང་ནི་བསྔོ་བ་སྨོན་ལམ་དོན། །འཇིག་རྟེན་རྒྱབ་ཀྱིས་ཕྱོགས་པའི་བློ་བརྟན་པོ། །བླ་མ་ལ་གུས་འགྲོ་ལ་སྙིང་བརྩེ་བས། །རྗེའི་གདན་སར་མཚན་དུ་གསོལ་བས་བསྐུལ། །ཞལ་ངོ་མ་བཅག་དོན་མཆོག་བདུན་པ་བྲིས། །བརྩེ་ཆེན་ཁྱེད་སོགས་འདི་ཡིས་རྒྱལ་གྱུར་ཅིག །དཔོན་ཞིག་པོ་ཞེས་བྱ་བའི་དུས་སུ། ཉམས་མྱོང་དང་རྟོགས་པ་སྐྱེས་པའི། དོན་མཆོག་བདུན་པ་ཞེས་བྱ་བ། ཟབ་མོ་རྡོ་རྗེའི་ཚིག་ཐུགས་ལ་ཡོད་པ་ལྗགས་དམར་པོའི་རྩེ་ལས་ཕྱུང་ནས་གདུལ་བྱ་རྣམས་ཀྱི་ངོར་གསུངས་པ་ཤོག་བུ་དཀར་པོ་ལ་ཡི་གེར་བྲིས་པ་ལགས་སོ། །དགེའོ།།

སྒྲུབ་པའི་གནས་མཆོག

ན་མོ་གུ་རུ། སྒྲུབ་པའི་གནས་མཆོག་ཅེས་པ་ནི། རི་བོའི་རྩེའམ། ཤིང་གཅིག་གམ། དུར་ཁྲོད་དམ། བྱ་སྐྱིབས་སམ། ལྷོ་གཞོལ་བ། མེ་ཏོག་དང་རྩི་ཤིང་དང༌། ནགས་ཚལ་ཕུན་སུམ་ཚོགས་པ། བློ་ཆོས་ལ་འགྲོ་ཞིང་ཏིང་ངེ་འཛིན་འཕེལ་བ། མཁའ་འགྲོ་འདུ་ཞིང་བྱིན་རླབས་འབྱུང་བ། དབེན་ཞིང་ཉམས་དགའ་བའོ། །དོན་ནི་བདུན་པོ་ཀུན་ལ་གསལ་པོར་བསྟན་ཏོ། །རེ་རེ་དམིགས་ཀྱིས་བསལ་ནས་གནས་ཀྱི་མཚན་ཉིད་གོང་དུ་བསྟན་པ་རྣམས་མ་ཡིན་པའི་གོ་སྐབས་མ་ཡིན་པའོ། །སེམས་སྐུ་གསུམ་དུ་སྣང་ན་སྲིད་པ་གསུམ་མི་སྣང༌། སྲིད་པ་གསུམ་ཡང་ཉོན་མོངས་པ་ཡིན་ན་ཡང༌། ཁྱད་པར་དུ་འདོད་ཆགས་ཀྱིས་ལུས་སྲིད་པར་བྱེད་པ་ཡིན། གཟུགས་ཀྱིས་འདོད་ཆགས་དང༌། ཟག་པ་ཟུག་རྔུ་དང་བཅས་པའི་འཁྲིགས་པའི་འདོད་ཆགས་དང་བཅས་པ་གཉིས་ཀྱིས་འདོད་ཁམས་སྲིད་པ་ཡིན། འཁྲིགས་པའི་འདོད་ཆགས་མེད་ལ་གཟུགས་ཀྱི་འདོད་ཆགས་ཡོད་པས་གཟུགས་ཁམས། ཉོན་མོངས་པ་བག་ལ་ཉལ་ཡོད་ལ། འཁྲིགས་པ་དང་གཟུགས་ཀྱི་འདོད་ཆགས་གཉིས་མེད་པས་གཟུགས་མེད། གཟུགས་སྡུག་པ་མངོན་དུ་གྱུར་ཙམ་ན། དེར་འཛིན་རག་པ་འདོད་ཆགས་སྐྱེས་པ་དེ་འདོད་ཁམས། དེར་འཛིན་ལོག་པ་ལ་གཟུགས་སྣང་བ་དེ་གཟུགས་ཁམས། དེར་འཛིན་དང་གཟུགས་གཉིས་ཀ་མི་སྣང་བ་དེ་གཟུགས་མེད་སྐད་ཅིག་མ་གཅིག་གི་རྟོག་པ་གཅིག་ལ་གནས་སྐབས་ཀྱི་སྲིད་པ་གསུམ་སྣང་བ་ཡིན་ནོ། །རང་སེམས་གང་དུ་རྟོག་པ་དེ་རྟོག་པ་དང༌། སྣང་བ་གང་གིས་མ་འདྲེས་པའི་གོ་སྐབས་མ་ཡིན་ཏེ། ལུང་ལས་ཀྱང་སེམས་གཉིས་འགྲོགས་ཅིང་ཕྲད་པ་མེད་ཅེས་པ་དང༌། སློབ་དཔོན་སེངྒེ་བཟང་པོའི་ཞལ་ནས་ཀྱང༌། རྟོག་གཉིས་ཅིག་ཆར་འཇུག་པ་མེད། །ཅེས་པ་དང༌། བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང༌། གང་གང་མཐོང་བ་དེ་དེ་ཉིད། །ཅེས་པ་དང༌། ཚོན་སྐུད་སྣ་ལྔའི་ཟ་འོག་གུར། །ཁྱིམ་ཕྱི་ལ་བལྟས་ན་ཐམས་ཅད་མཐོང༌། །དཀར་པོ་ལ་བལྟས་ན་ཁ་དོག་མི་མཐོང་བ་བཞིན་ནོ། །དེ་ནས་སོ་སོ་གང་དུ་སྣང་བ་གཞན་གྱིས་མ་འདྲེས་པར་རྒྱུས་སུ་ཐོན་པ་གཅིག་ཉམས་སུ་མྱོང་དགོས་པ་ཡིན། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཀུན་ལ་ཤེས་རབ་ཞིབ་མོའི་ལྟ་དཔྱད་ཡོད་ཀྱང༌། ཕྱོགས་རེ་རེ་ཙམ་དུ་མཉམ་དུ་ཡོད་ཀྱི་ཐམས་ཅད་དུ་མཉམ་དུ་མེད། རྣལ་འབྱོར་པ་རླུང་སེམས་འདུས་པའི་ཉམས་ལ་ཕྱོགས་འགའ་རེ་དུས་མཉམ་དུ་སྣང་ཡང་ཐམས་ཅད་དུ་མི་སྣང་བ་དང༌། ལྷ་ཡི་མིག་དང་མངོན་པར་ཤེས་པ་ཡོད་པ་རྣམས་ལ་ཡང་ཕྱོགས་རེས་འགའ་རེ་ཡོད་པ་ཡིན་གྱི། ཐམས་ཅད་མི་སྣང་ལམ་དང་ས་ལ་གནས་པ་ཡང་ངོ༌། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་སྐུ་གསུང་ཐུགས་མི་ཟད་པ་ལ་སྐུ་ཡིན་པའི་དུས་ན་གསུང་ཡང་ཡིན་ལ་ཐུགས་ཀྱང་ཡིན། གསུང་ཡིན་ན་སྐུ་དང་ཐུགས་ཀྱང་ཡིན། ཐུགས་ཡིན་ན་སྐུ་དང་གསུང་ཡང་ཡིན་ནོ། །ཐམས་ཅད་མཁྱེན་པ་ལ་དེ་ལྟར་སྣང༌། ཤེས་བྱ་རིམ་གྱིས་མཁྱེན་པ་ལ་ཟེར་བ་མིན། དུས་གཅིག་ལ་དུས་གསུམ་ཤེས་བྱ་མ་ལུས་མཁྱེན་པ་ཡིན། དེ་རྣམས་གཅིག་ཏུ་དྲིལ་ནས་མཁྱེན་པ་མ་ཡིན་ནོ། །དེ་ལྟར་ལས་དང་པོ་པས་ཉམས་སུ་ལེན་པའི་དུས་ན་གང་ཉམས་སུ་ལེན་པ་དེ་གཞན་གྱིས་མ་འདྲེས་པར་རྒྱུས་སུ་ཐོན་པ་གཅིག་ཉམས་སུ་ལེན་པ་ཡིན། སེམས་ཉིད་སྟོང་པ་ཉིད་ཡིན་ན་སྟོང་པ་ཉིད་དུ་མྱོང་དགོས། ཟུང་འཇུག་ཡིན་ན་ཟུང་འཇུག ཕྱག་རྒྱ་ཆེན་པོ་ཡིན་ན་ཕྱག་རྒྱ་ཆེན་པོ། གང་རྟོགས་པའི་དོན་དེ་ཉམས་སུ་མྱོང་བ་དགོས་པའོ། །གང་ཟག་གི་ནི་སྣོད་སྐྱོན་གསུམ་སྤངས་པ། རིན་པོ་ཆེའི་སྣོད་ལྟ་བུའོ། །ལུས་ནི་གསང་སྔགས་དང་འདུལ་བ་ནས་གསུངས་པའི་རྐྱེན་མེད། གནད་ཆོས་དྲུག་དང་ལྡན་པའོ། །ལམ་གང་གི་གནད་ཉམས་སུ་བླངས་པ་མ་ཡིན་པའི་གོ་སྐབས་མ་ཡིན་ནོ། །གནས་བཀྲ་ཤིས་ཤིང་ཏིང་ངེ་འཛིན་འཕེལ་བའི་དོན་གང་ཟག་སྐྱོན་དང་བྲལ་བའི་དོན། འཕྲུལ་འཁོར་གནད་དུ་ཚུད་ན་འབྱུང་བཞི་རོ་སྙོམས་ཤིང༌། སྲོག་རྩོལ་གནད་དུ་ཚུད་ན། ཐིག་ལེ་འཕེལ་བས་མི་རྟོགས་པ་སྐྱེ་བའི་དོན་ནོ། །བདེ་བར་གཤེགས་ཞེས་པ་ནི། ཕྱི་རོལ་དུ་མུ་སྟེགས་ཀྱི་སྟོན་པ་དང༌། དགེ་སྦྱོང་གཅེར་བུ་ལ་སོགས་པ་མ་ཡིན་པའི། ཆད་ཁུངས་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྩ་བའི་བླ་མའི་བར་ལ། བླ་མ་དེ་དག་བྱིན་རླབས་འབྱུང་བའི་གནས་ཡིན་པའི་དོན་ནོ། །དད་གུས་ཀྱིས་གསོལ་བ་བཏབ་ན་སྐོམ་པ་ཆུ་དང་འཕྲད་ན་ཚིམས་པ་བཞིན། ངེས་ཤེས་གཏིང་ནས་སྐྱེས་པའི་དོན་ནོ། །གསེར་སྲང་གང་གིས་ལྕགས་སྲང་སྟོང་གསེར་དུ་བྱེད་པ་ལྟར། ལས་དང་བྱ་བ་བྱེད་པ་ཐམས་ཅད་བྱང་ཆུབ་སེམས་སུ་སྣང་བ་དོན་ནོ། །ཉམས་སུ་ལེན་པ་ལམ་མཆོག་ཅེས་པ་ནི། ལམ་མཆོག་རྟེན་འབྲེལ་འགྲིགས་པ་གཅིག་དགོས་ཏེ། འདི་ལ་བདུན། ལུས་ངག་ཡིད་གསུམ་ཐ་མལ་པ། དབང་བསྐུར་ནས་སྨིན་པའི་དོན། བླ་མ་བྱིན་རླབས་དང་ལྡན་པ། སློབ་མ་མོས་གུས་ཡོད་པ། ཕྱག་རྒྱ་རྩ་བཟང་བ། བསྙེན་སྒྲུབ་ཚད་དུ་བསྐྱལ་བ་དེ་བཞི་འཛོམས་ན། རྟེན་འབྲེལ་མི་སྨིན་པའི་གོ་སྐབས་མ་ཡིན་པའོ། །ཆོས་རྣམས་སེམས་སུ་ཞེས་པ་ནི། ཡུལ་དང་ཡུལ་ཅན་གཟུང་བ་དང༌། འཛིན་པ་གཉིས་སྣང་དང༌། གཉིས་འཛིན་སེམས་ལ་འདི་དག་སྣང་བ་ལ། ཕྱི་རོལ་མུ་སྟེགས་བྱེད་ཀྱི་སྟོན་པ་རྟག་ཆད་དང༌། གང་ཟག་གིས་བདག་ཏུ་བཟུང༌། ཉན་ཐོས་དང་རང་སངས་རྒྱས་ཀྱིས་གང་ཟག་གིས་བདག་དང་བདག་མེད། མདོ་སྡེ་པས་རང་གིས་ཤེས་ཉམས་སུ་མྱོང་བ། འཇོག་མཁན་གྱི་ཤེས་པ་རྐྱེན་དང་བཅས་པ། སེམས་ཙམ་པས། སེམས་དང་རྣམ་པ་དང༌། དབུ་མ་པས་སྒྱུ་མ་དང་སྒྱུ་མ་བདེན་པ། བྱང་ཆུབ་སེམས་དཔས་བདག་མེད་གཉིས། གསང་སྔགས་པས་ཟུང་འཇུག གོང་མས་འོག་མ་འགོགས་པ་རྣམ་གཅོད། རང་གཞུང་སྒྲུབ་པ་ཡོངས་གཅོད། གྲུབ་མཐའི་བྱེ་བྲག་དེ་ལས་བྱུང་བ་ཡིན། ཐམས་ཅད་སེམས་སུ་ཤེས་ན་ཡུལ་དང་ཡུལ་ཅན་གཟུང་བ་དང་འཛིན་པ་མེད་པར་གཅིག་ཏུ་རྟོགས་པས། ཟུང་འཇུག་དེ་དོན་ཐམས་ཅད་རང་ལ་འགྲིགས་པས་རྟེན་འབྲེལ། ཟུང་འཇུག་མ་ཡིན་པ་གཞན་གྱི་གོ་སྐབས་མ་ཡིན་ནོ། །ལྟ་བ་ལས་འབྲས་བུ་ཁྱད་དུ་གསོད་པའི་སྟོང་ཉིད་དང༌། སྟོང་ཉིད་རྒྱས་འདེབས་སུ་སོང་བ་དང༌། བློས་བྱས་ཀྱི་སྟོང་པ་མ་ཡིན་པ། མཐའ་བརྒྱད་དང་བྲལ་བའི་ངོ་བོ་ཉིད་རྒྱུ་འབྲས་སུ་རྟོགས་པ་རྟེན་ཅིང་འབྱུང་བའི་དོན། སེམས་ཀྱི་ངོ་བོ་ངེས་ཚིག་མཚན་ཉིད་ལས། གཞན་པའི་གོ་སྐབས་མ་ཡིན་ནོ། །བཞི་པ་ཕུང་ཁམས་དང༌། སྐྱེ་མཆེད་དང༌། རྐྱེན་ཡི་དམ་ལྷ་སྐུ་རང་སེམས་དེ་གསུམ་བསྒྲིགས་པས་རྟེན་འབྲེལ། རང་སྣང་ལྷར་གསལ་བ་དོན། དེ་གསུམ་འགྲིགས་པས་ལྷ་མ་ཡིན་པ་གཞན་གྱི་གོ་སྐབས་མ་ཡིན་ནོ། །རྩ་དང་ཡི་གེ་རླུང་དང་བྱང་སེམས་རིག་པ་ལ། ལམ་རེ་རེ་ལ་དུས་གཅིག་ཏུ་ཚོགས་པ་རྟེན་འབྲེལ། སོ་སོའི་ཉམས་མྱོང་དང་རྟོགས་པ་སྐྱེས་པ་དོན་ལ་སོ་སོར་སྨིན་པ་མ་ཡིན་པ། གཞན་གྱི་གོ་སྐབས་མ་ཡིན་པའོ། །རང་གི་སེམས་གདོད་ནས་རྣམ་པར་དག སངས་རྒྱས་ཀྱི་ཐུགས་རང་ལ་ཡོད་པ་གཞན་ནས་མ་ཚོལ་བ། རྟེན་འབྲེལ་མཚན་མའི་དངོས་པོས་མ་གོས་ཤིང༌། བསྒོམ་བྱ་སྒོམ་བྱེད་མེད་པར་ལྷུན་གྱིས་གྲུབ་པ་དོན། ཅིར་སྣང་ཕྱག་རྒྱ་ཆེན་པོར་རྟོགས་པ་མ་གཏོགས་པ། གཞན་གྱི་གོ་སྐབས་མ་ཡིན་ནོ། །སྡོམ་པ་གསུམ་པོ་གཅིག་གིས་གཅིག་མི་འཇོམས་པར་སོ་སོར་བསྲུང༌། འགལ་བ་འདུས་པ་ཡར་ལྡན་དུ་སྐྱོང་བ་རྟེན་འབྲེལ། སྡོམ་པ་གསུམ་ཀ་ཐིག་ལེ་མི་ཉམས་པར་བསྲུང་བ་རྩ་བ་ཁྱད་པར་གསང་སྔགས་པས་སྤེལ་བར། སོ་སོའི་གནད་མ་འཆུག་པར་བྱེད་པ་དོན་ཡིན་ནོ། །ཐམས་ཅད་གྲོགས་སུ་ཤར་བས་སྤྱོད་པ་རོ་མཉམ་པས། ཤེས་པ་མ་ཡིན་པ་གཞན་གྱི་གོ་སྐབས་མ་ཡིན་ནོ། །འབྲས་བུ་ཞེས་པ་ནི་རྒྱུ་སྔོན་དུ་སོང་བ་ལས་འབྱུང་བ་སྟེ། དེ་ཡང་རྟེན་འབྲེལ་འགྲིགས་པ་དགོས། རྒྱུ་ལུས་ངག་ཡིད་གསུམ་རླུང་ཐིག་ལེ། ཀུན་གཞི་རིག་པ་བྱང་ཆུབ་ཀྱི་སེམས། རྐྱེན་བླ་མ་དམ་པའི་གདམས་ངག་དེ་དག་ཚོགས་པས་རྟེན་འབྲེལ། འབྲས་བུ་གནས་སྐབས་རྟགས་དང་ཕན་ཡོན། མཐར་ཐུག་སྐུ་ལྔ་རོ་གཅིག་སྟེ། དེ་ཡང་ཉེ་བར་ལེན་པའི་རྒྱུ་གདུལ་བྱ་དག་དང་མ་དག་ལ། ལྷན་ཅིག་སྐྱེས་པའི་རྐྱེན་དང་པོ་བྱང་ཆུབ་སེམས་བསྐྱེད། བར་དུ་ལམ་ཉམས་སུ་བླངས་པས་རྟེན་འབྲེལ་འགྲིག རྗེས་ལ་གདུལ་བྱའི་དོན་དུ་སངས་རྒྱས་པའི་སྨོན་ལམ་བཏབ། དེ་དག་ཚོགས་པ་ལས་བདག་དོན། སངས་རྒྱས་རང་ལ་རྙེད། གཞན་དོན་ལྔས་རིགས་ཅན་བདེ་ལ་འགོད་པའི་དོན་ཡིན་ནོ། །བཀྲ་ཤིས་ཀྱིས་དག་པར་བྱེད། བསྔོ་བས་མི་བཟད་པའི་གཏེར་དུ་སྦེད། སྨོན་ལམ་གྱིས་ཁ་བསྒྱུར། དེ་གསུམ་ཚོགས་ན་འགལ་བའི་རྐྱེན་གང་གིས་བར་དུ་མི་ཆོད་ཅིང་འགྲུབ་པ་དོན་ནོ། །ཞུ་བ་པོ་ནི་ཡི་གེར་འཁོད་པའི་རྒྱུ་མཚན་ནོ། །ཏི་ཤྲི་རས་པའི་དོན་མཆོག་བདུན་པ་རྫོགས་སོ། །དགེའོ། །

ས་སྐྱ་པ་ལ་གདམས་པ་གདོད་ནས་རྣམ་དག་སོགས།

གདོད་ནས་རྣམ་དག་འོད་གསལ་ཆོས་ཀྱི་སྐུ། །བྱང་ཆུབ་སེམས་གཉིས་དབྱེར་མེད་གཟུགས་ཀྱི་སྐུ། །འགྲོ་བ་ཐམས་ཅད་སྨིན་པར་མཛད་པ་ཡི། །བླ་མའི་ཞབས་ལ་དད་པས་ཕྱག་འཚལ་ལོ། །གནས་ལུགས་ངེས་དོན་འདི་ཡིན་ཞེས་བྱ་བ། །སངས་རྒྱས་ཀྱིས་ཀྱང་བརྗོད་པར་མི་ནུས་ལ། །སྦྱང་རྟོགས་ཤེས་རབ་མེད་པ་ཁོ་བོ་ཡིས། །བརྗོད་པས་དོན་དང་ལྡན་པར་མི་འགྱུར་ཏེ། །འོན་ཀྱང་དམ་པ་ཁྱེད་ཀྱི་གསུང་མི་གཅོག །རང་སེམས་གདོད་ནས་རྣམ་པར་དག་པ་འདི། །མ་རྟོགས་ཕྱིན་ལོག་རྣམ་རྟོག་རང་གིས་བསྒྲིབས། །རྟོགས་པར་གྱུར་ན་ཅི་ཡང་བསལ་དུ་མེད། །འདི་ལྟར་སྣང་བ་སྣ་ཚོགས་དཀར་དམར་ཡང༌། །རང་གི་སེམས་ལས་གཞན་ཞིག་ལོགས་ན་མེད། །ཆུ་ཉིད་འཁྱོག་པའི་རྦ་རླབས་ཅི་བཞིན་དུ། །ཐབས་དང་ཤེས་རབ་དེ་ལས་གཞན་མི་རྩལ། །ཐམས་ཅད་ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་ལ། །འདི་སྤང་འདི་བླང་གཉིས་སུ་གྲུབ་པ་མེད། །དེ་ལྟར་མཉམ་པར་རྟོགས་པའི་རྣལ་འབྱོར་ལ། །དཔེར་ན་ཕར་ཀར་ཕྱིན་པའི་གཟིངས་ལྟ་བུ། །ཆོས་ཀྱང་འདོར་ལ་ཆོས་མིན་ལྟ་ཅི་སྨོས། །གཉིས་ཀས་མ་གོས་ཟུང་འཇུག་ཆེན་པོ་ཡིན། །འོད་གསལ་སྤྲོས་དང་བྲལ་བ་ཆོས་ཀྱི་སྐུ། །ཟག་མེད་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །མ་འགགས་ཅིར་ཡང་སྣང་བ་སྤྲུལ་པའི་སྐུ། །སྐུ་གསུམ་གདོད་ནས་རང་ལ་ལྷུན་གྱིས་གྲུབ། །ཟློས་སྐྱོན་སྒྲ་དོན་གོང་འོག་འགལ་བ་དང༌། །རང་གིས་མ་རྟོགས་འོལ་ཚོམས་བརྗོད་པ་འདི། །ལུང་རིགས་མན་ངག་སྒྲ་དོན་ཀུན་དང་ནི། །འགལ་ཚེ་མཁས་པ་ཁྱོད་ཀྱིས་བཟོད་པར་རིགས། །ཐུབ་པ་མངོན་སངས་རྒྱས་པ་རྡོ་རྗེ་གདན། །འཁོར་ལོ་གསུམ་བསྐོར་བྱ་རྒོད་རི་སོགས་དང༌། །རིགས་འབྱུང་ནཱ་ལེན་ཏྲ་དང་འདྲ་བ་ཡི། །གནས་མཆོག་ས་སྐྱ་དེ་རུ་སྐུ་འཁྲུངས་པའི། །མཁས་རྟོགས་དོན་དང་ལྡན་པའི་རིགས་རྒྱུད་ཅན། །ཀུན་དགའ་རྒྱལ་མཚན་དཔལ་ཞེས་གྲགས་པ་ལ། །གཞི་ལམ་སྤྱོད་པ་འབྲས་བུ་བཞི་ལྡན་ཆོས། །ཀུ་སུ་ལུ་པ་རས་པ་བདག་གིས་སྤྲིངས། །སྐྱེས་མཆོག་ཁྱེད་ཀྱིས་གཟིགས་ནས་མཉེས་པར་ཞུ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

ས་སྐྱ་པ་ལ་གདམས་པ་ཡོངས་ཀྱི་དག་པ་སོགས།

ན་མོ་གུ་རུ། ཡོངས་ཀྱི་དག་པ་དགེ་བའི་བཤེས་གཉེན་པ་ཆེན་པོ་ས་སྐྱ་པའི་སྤྱན་སྔར་ཞུ་བ། ཐུགས་དམ་དང་གཞན་དོན་འཕེལ་ཞིང་སྐུ་ཁམས་བདེ་བར་བཞུགས་མཆིས། དེ་ལ་སེམས་པ་དགའ་སླད་དོན་ལ། དགེ་བའི་བཤེས་གཉེན་པས། བཅོམ་ལྡས་འདས་དཔལ་འཁོར་ལོ་བདེ་མཆོག་གི་སྐུ་དང༌། སྨན་བཟང་དྲུག་དང་འབུལ་བ་རྒྱ་ཆེན་པོ་བསྐུར་ནས་བྱུང༌། དེ་ཤིན་ཏུ་ཕྱག་བྱེད་བཟང༌། དཔེར་ན་རྒྱ་མཚོ་ཆེན་པོ་ཆུས་མི་ངོམས་པ་ལྟར། དགེ་བའི་བཤེས་གཉེན་པ་ཆོས་ཀྱི་བདག་པོ་ཡིན་ཡང༌། ཆོས་ཚིག་གཅིག་གཉིས་བསྐུར་གསུངས་པ་ཡིན། གསུང་མི་གཅོག་པས་རང་ལ་ཉམས་མྱོང་དང་རྟོགས་པ་ནི་མེད་དེ། བླ་མའི་གསུང་ཉམས་སུ་བླངས་པས་མྱོང་བའི་ཚིག་ཡ་ཟུང་ཞིག་སྙན་དུ་འབུལ་བ་ལགས། དེ་ལ་གཏུམ་མོའི་ཉམས་མྱོང་ཇི་ལྟར་སྐྱེས་པ་ཞིག་བསྐུར་གསུངས་པ་ལ། བླ་མ་རིན་པོ་ཆེ་ནཱ་རོ་པས། དངོས་པོའི་གནས་ཐབས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པ་ལས། དང་པོ་ལ་ལུས་སེམས་གཉིས། ལུས་དངོས་པོའི་གནས་ཐབས་མའི་མངལ་དུ་ཞུགས་ནས། ཞག་བདུན་ཕྲག་བཞི་ནས་རྩ་མདུད་ཆགས། དེ་ཕྱི་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས། བསྡུ་ན་རྩ་གསུམ་འཁོར་ལོ་བཞི་ཡི་བདག་ཉིད་ཅན་དུ་གསུངས། ལུས་སྤྱི་ཡང་རྩ་ཐམས་ཅད་ཡི་གེའི་གཟུགས་སུ་ཆགས་པ་ཡིན་ནོ། །སེམས་དངོས་པོའི་གནས་ཐབས། རིག་པ་དང་སྟོང་པ་དབྱེར་མེད་དུ་ལུས་ལ་གནས། ཁྱད་པར་དུ་དུས་ཐམས་ཅད་དུ་ལྟེ་བ་ན་ཨ་ལ་གནས། གཉིད་འཐུག་པོའི་དུས་སུ་སྙིང་གའི་ཧཱུྃ་ལ་གནས། རྨི་ལམ་གྱི་དུས་སུ་མགྲིན་པའི་ཨོཾ་ལ་གནས། འཁྲིགས་པ་སྤྱོད་པའི་དུས་སུ་སྤྱི་བོའི་ཧཾ་ལ་གནས། དེ་ལྟར་ཡང་ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་པས། ལམ་གྱི་གནས་ཐབས་གནད་ལྔས་ཉམས་སུ་བླང་བ་ནི། དུས་ཀྱི་གནད་ནམ་མ་ལངས་པ་ཕན་ཕུན་དང༌། མུན་རག་རུག་དང༌། ཉི་མའི་གུང༌། ནམ་གྱི་གུང་སྤང་ལ་དུས་ཐམས་ཅད་དུ་བསྒོམ། ལུས་ཀྱི་གནད་ལུས་ལྔའམ་དྲུག །ཡུལ་གྱི་གནད་ལྟེ་བ། རླུང་གི་གནད་སྦྱོར་བ་བཞི་ལྡན་དུ་བྱས། ཤེས་པའི་གནད་དང་པོ་མ་ལས་ཐོབ་པའི་ཁྲག་གི་གཏུམ་མོའོ། །དེ་ནས་ཨ་ཐུང༌། དེ་ནས་གཏུམ་མོའི་མེ། དེ་ནས་ཐིག་ལེ་འབར་འཛག །དེ་ནས་ཐིག་ལེ་ཉ་གང་བ། དེ་དག་ནི་མཚན་བཅས་ཀྱི་དམིགས་པའོ། །དེ་ནས་རླུང་ཕྱག་རྒྱ་ཆེན་པོ་ལ་བསླབ། འབྲས་བུ་སྐྱེ་བའི་རིམ་པ་ནི། རྟགས་ལྔ་དང་ཕན་ཡོན་བརྒྱད་དང༌། གཞན་ཡང་རྩ་དང་ཡི་གེ་གར་གནས་པར་རླུང་སེམས་འདུས་ན་ཡོན་ཏན་འདི་འབྱུང་དང་འདི་མི་འབྱུང་བྱ་བ་མེད་པའོ། །མཐར་ཐུག་ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེ་ངེས་གང་རྒྱུན་མི་འཆད་དང་འགོང་པ་མེད། །ཅེས་པས། འབྲས་བུ་ཡན་ལག་བདུན་ལྡན་ནོ། །བདག་གིས་ཉམས་སུ་བླངས་པ་ལ། ལུས་ཀྱི་གནད་དང༌། རླུང་གི་སྦྱོར་བ་དང༌། སེམས་ཀྱི་དམིགས་པ་གསུམ། དེ་གསུམ་ལུས་ཀྱི་འཕྲུལ་འཁོར་དམ་པར་བྱས། ཁྱད་པར་དུ་འོག་སྒོ་འཐེན་ནས་འཕྲུལ་འཁོར་བཅས་ནས། བདེ་དྲོད་སྐྱེ་མྱུར་བ་དང༌། ཐིག་ལེ་ཕྲ་མོ་མི་ཉམས། ཐིག་ལེ་གྱེན་དུ་འདྲོང་པར་འདུག རླུང་འཛིན་པ་དང༌། ཐིག་ལེ་འཕེལ་བ་དང་བརྟན་པར་མ་བྱས་ན། ཡོན་ཏན་མི་སྐྱེ་བར་སྣང༌། བདེ་བ་དང་གསལ་བ་ཡང༌། ཐིག་ལེ་བརྟན་པ་ལས་འབྱུང་བར་འདུག སེམས་ཀྱི་རྟོག་པ་དྭངས་པ་ཡང་ཐིག་ལེ་བརྟན་པ་ལས་འབྱུང་བས། རླུང་གི་སྦྱོར་བ་འདི་གལ་ཆེ་བར་གདའ། རླུང་རྔུབ་པ་དང་འཛིན་པ་མ་ཡག་ན་སྐྱོན་ཐམས་ཅད་དེ་ལས་འབྱུང༌། རླུང་འཛིན་ཤེས་པ་གལ་ཆེ་བར་གདའ། རླུང་བསྡུས་ནས་འཛིན་པའི་རང་བཞིན་ཡིན་ཡང༌། འོག་རླུང་འཐེན་ན་རྒྱུ་ཞབས་རྒལ་པ་ལ་ཅར་གྱིས་བྱས་ནས་མཉམ་བཞག་གི་ཕྱག་རྒྱས་རྩ་གསུམ་གྱི་མདུད་པ་ཡར་ལོན་པར་བྱ། མ་ལོན་ཡར་རྩ་གནོན་པར་བྱས་ཏེ་རླུང་ཤེད་ཀྱིས་མནན་དྲངས་ནང་དུ་ཀུངས་ཀྱིས་བྱས་ཕོ་བ་དང་ལྟེ་བ་གཉིས་ཕྱིར་འབུད་ཀྱིས་བྱས་ནས་རླུང་བཟུང་བས་ཡུན་རིང་བར་ཐུབ་པ་དང༌། རླུང་དབུ་མར་ཚུད་པའི་རྟགས་འོང་བར་འདུག ལུས་ཀྱི་འཕྲུལ་འཁོར་དང་རླུང་གི་སྦྱོར་བ་གཉིས་གནད་དུ་ཕོག་ན། སེམས་ཀྱིས་དམིགས་པ་ཡང་མ་གསལ་ན་མི་ལྟོ་སྟེ། འོ་ན་ཡང་མདའ་འཕེན་པ་ལ་དམིགས་པ་དང་འདྲ་བས་དམིགས་པ་གསལ་བར་བསྒོམ། དེ་གསུམ་འཛོམས་ན་རླུང་སྒོ་གང་འདོད་ལ་དྲོངས་པ་དང༌། རྩ་གནས་སུ་ཡི་གེ་གང་གནས་པའི་སར་རླུང་སེམས་འདུས་པའི་རྟགས་ཇི་ལྟ་བ་བཞིན་དུ་ཐོན་པ་ནི་དུ་མ་བྱུང་སྟེ། རླུང་བཟུང་ནས་ཐིག་ལེ་བརྟན་ནས་བདེ་གསལ་མི་རྟོག་པ་གསུམ་གྱི་ཉམས་ཀྱང་རྩ་གནས་གང་དུ་གཏད་ནས་རླུང་བཟུང་ན། གང་ལྟར་འདོད་པའི་རྟེན་འབྲེལ་འགྲིགས་ནས། ཇི་ལྟར་འདོད་པ་བཞིན་དུ་འབྱུང་བར་འདུག ཕྱི་ཡི་ཕྲིན་ལས་འདོད་པ་དེ་ཕྱི་ནང་རྟེན་འབྲེལ་མཐུན་པར་འབྱུང་བ་དང༌། སེམས་རིག་པ་འདི་ཡང་ལྷང་ལ་ཕྱུང་ནས། ཁོ་རང་གི་ངོ་བོ་དེ་ཡང་ཇི་ལྟ་བ་བཞིན་དུ་མཐོང་བའི་རྟོགས་པ་སྐྱེ་བར་གདའ། མ་ཡེངས་ན་ཆོས་ཐམས་ཅད་སེམས་ཡིན། ཕྱི་ཡི་ཡུལ་མེད་བྱས་ཀྱང་སྣང་བ་དང་འདྲེས་ནས་ཇི་ལྟར་རང་སྣང་སེམས་འདི་གཅིག་པུ་ཡིན་པར་མྱོང་བ་དེ་དཀའ་བར་གདའ་བས། རྟོག་པ་དང་སྣང་བ་དང་ལུས་དང་གསུམ་གྱི་རྒྱ་འདི་ཡང་རིག་པ་དྭངས་ཤིང་རླུང་སེམས་གཉིས་ལ་དབང་ཐོབ་ན་དེས་ཆོག་གམ་སྙམ། དེས་ན་རླུང་གི་སྦྱོར་བ་འདི་གལ་ཆེ། རླུང་སྐྱོན་དང་གེགས་ཅི་བྱུང་ཡང་དེ་རང་ལ་ལྷག་པར་ཤེས་པ་འབྲུ་ཚུགས་སུ་གཏད་ཅིང་རླུང་དྲག་ཏུ་བཟུང་ན། གཉེན་པོ་གཞན་སྒོམ་མི་དགོས། ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་རླུང་བསྒོམ་མི་དགོས་ཟེར་ཡང་སེམས་ཀྱི་རྟ་རླུང་ཡིན། རང་སེམས་རྣམ་པར་དག་པ་ལ་དྲི་མ་སྦྱང་བྱ་དང་སྦྱོང་བྱེད་གང་ཡང་མེད་ཟེར་བ་སྣང་སྟེ། རླུང་སེམས་རྟེན་འབྲེལ་འགྲིགས་ན་རིག་པ་དྭངས་པར་སྣང༌། རིག་པ་དྭངས་པ་འདི་ལས་ཆོས་ཀྱི་སྐུ་བྱ་བ་ལོགས་ན་མེད། རྩ་དང་ཡི་གེ་རླུང་འདི་ཚེ་རྟེན་འབྲེལ་འགྲིག་ན་ཕྲིན་ལས་དང་ཡོན་ཏན་དང༌། གཟུགས་སྐུ་ལ་སོགས་པ་འདི་རང་ལས་ལོགས་ན་མི་གདའ། ས་སྐྱ་པ་ལ་གདམས་པ། ༧ ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

ས་སྐྱ་པ་ལ་གདམས་པ་བྲམ་ཟེ་ཆེན་པོ་སོགས།

༈ ས་སྐྱ་པ་ལ་གདམས་པ་གཞུགས་སོ། ན་མོ་གུ་རུ། བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང༌། མ་བཅོས་སོ་མར་བཞག་པ་ཕྱག་རྒྱ་ཆེ། །ཞེས་གསུངས། འོ་སྐོལ་གྱི་བླ་མའི་ཞལ་ནས། ཕྱག་རྒྱ་ཆེན་པོ་རང་གི་སེམས་ལ་ཟེར་བ་ཡིན། གསུངས། དེ་ཡང་གཉིས་སུ་མེད་པའི་དོན་གྱིས་ན་ཕྱག མི་འདའ་བའི་དོན་གྱིས་ནི་རྒྱ། དེ་ཡི་གོང་ན་གཞན་མེད་པས་ན་ཆེན་པོའོ། །ཕྱག་ཅེས་པ་ནི་མི་ལ་ལག་པ་གཉིས་ཡོད་པ་ཐལ་མོ་གཅིག་ཏུ་སྦྱར་བ་ལྟར། སེམས་སྣང་བ་དང་སྟོང་པ་གཉིས་སུ་མེད། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་མེད་ཟུང་འཇུག དེ་ལས་མི་འདའ་བས་ན་རྒྱ། རང་གིས་སེམས་དེ་ལྟར་རྟོགས་ན་སངས་རྒྱས་བྱ་བ་གཅིག་དེའི་གོང་ན་མེད་པས་ཆེན་པོ་བྱ་བ་ཡིན་གསུངས། ཡིད་དང་རིག་པ་སེམས་དང་རླུང༌། །དེའི་འབྲེལ་བ་ཤེས་པར་གྱིས། །ཞེས་པས། དེ་ལ་ཡིད་ཅེས་པ་ནི། ཉོན་མོངས་པ་ཅན་གྱི་ཡིད་དང༌། ཡིད་ཀྱི་རྣམ་པར་ཤེས་པ། རིག་པ་ཞེས་པ་ནི་ཀུན་གཞི་རིག་པ་བྱང་ཆུབ་ཀྱི་སེམས་གདོད་ནས་དག་ཅིང་སྟོང་པའི་ངང༌། སེམས་དང་རླུང་ཞེས་པ་ནི། རླུང་གི་རྟ་ལ་སེམས་ཉིད་ཞོན་ནས་སྒོ་ལྔ་ལ་འགྱུས་པས། ཡིད་ཀྱི་རྣམ་པར་ཤེས་པ་དེར་འཛིན་དུ་ཞུགས་པས་ཉོན་མོངས་པ་ཆགས་སྡང་རྨོང་གསུམ་སྐྱེས་པས། དེ་འཁོར་བའི་ཆོས་སུ་སྣང༌། གང་ཞིག་སེམས་ནི་ཞི་བ་དེར། །དེར་ནི་རླུང་ཡང་ཞི་བར་འགྱུར། །གང་ཞིག་རླུང་ནི་ཞི་བར་དེར། །དེར་ནི་སེམས་ཀྱང་ཞི་བར་འགྱུར། །ཞེས་པས་སེམས་མ་བཅོས་པར་བཞག་པས་རླུང་ནང་དུ་ཟིན། དེས་ཀུན་གཞིའི་རིག་པ་བྱང་ཆུབ་སེམས་ཀྱི་འདུག་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ཙ་ན། སྒོ་ལྔའི་ཤེས་པ་དང་ཡིད་ཀྱི་རྣམ་ཤེས། ཉོན་མོངས་པ་ཅན་གྱི་ཡིད་ལ་སོགས་པ་ལོགས་ན་མེད་པས། ཀུན་གཞིའི་རང་སྣང་འབའ་ཞིག་ཏུ་སྣང༌། དེ་ནི་མྱ་ངན་ལས་འདས་པའི་ཆོས་ཡིན། བདག་གིས་ཀུན་གཞི་བཟང་པོ་མྱ་ངན་ལས་འདས་པ་གཅིག་ལོགས་ནས་བསྒྲུབ་པར་འདོད། རྣམ་པར་རྟོག་པའམ། ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་འདི་དག་ཞིའམ་སྤང་བར་འདོད་པའི་བློ་སྐྱེས་རྟོག་པ་བྱུང་ཙ་ན་མི་དགའ། སེམས་གནས་ཙ་ན་དགའ་བར་བྱུང་བས་ཅི་ཞིག་ལྟར་ལ་བླ་མའི་བྱིན་གྱིས་བརླབས་པས། རྣམ་པར་རྟོག་པ་སྐད་ཅིག་མ་དེ་དངོས་པོ་མ་གྲུབ་པར་སྟོང་པར་རྟོགས། དེས་ཀུན་གཞི་རྣམ་དག་ལོགས་ན་མེད་པས་རྣམ་རྟོག་སྟོང་པར་འདུག་པའི་སེམས་དེ་རང་དུ་འདུག ཡིད་ཀྱི་རྣམ་ཤེས་ལ་སོགས་པའི་འཁོར་བའི་ཆོས་དེ་ཡང་སྤང་མི་དགོས་པར་སྟོང་པར་འདུག དཔེར་ན་ཆབ་རོམ་ཞུ་བར་ཆུ་མི་དགོས་པར་ཆབ་རོམ་རང་ཆུ་ཡིན་པ་བཞིན་དུ། དེས་ན་རྟོག་པ་ཞི་བའི་སྟོང་པ་བསྒྲུབ་མི་དགོས། སྣང་གྲག་གི་ཆོས་ཐམས་ཅད་རང་གི་སེམས་འདི་དེ་ལྟར་སྣང་བ་མ་ཡིན་པ་གཞན་གང་ཡང་མི་སྣང་བར་གོ ཆོས་ཐམས་ཅད་སེམས་ཡིན་བྱ་བ་དེ་ཡང་འདི་རང་ཡིན་པར་རྟོགས། ཇི་ལྟར་སྣང་སྣང་སེམས་དེ་རང་དེ་ལྟར་སྣང་བས། ཕྱིའི་ཡུལ་ལོགས་ན་མེད་པར་གོ ཡུལ་ཡུལ་ཅན་གཉིས་མེད་ཟེར་བ་དེ་ཡང་དེར་གཟོད་གོ ཡུལ་བུམ་པ་ལྟ་བུ་དང་སེམས་གཉིས་དབྱེར་མེད་ཟེར་བ་རེ་ནི་མི་འདོར། ཡུལ་སེམས་ཀྱིས་མ་བཟུང་ན། ཕྱི་རོལ་དོན་དུ་གྲུབ་པ་ཡང་མི་སྣང་ལ། སྣང་སེམས་གཉིས་སུ་མེད་བྱ་བ་ཡིན་ཡང་གང་ལྟར་སྣང་ཡང་སེམས་དེ་དེ་ལྟར་སྣང་བ་མ་ཡིན་པ་གཞན་མི་སྣང༌། སྣང་བ་སེམས་སུ་འདོད་ན་གྲུབ་སྡེ་ཅིག་པའམ། བདག་གཅིག་པའི་སྐྱོན་འབྱུང༌། འོ་ན་ཡུལ་སེམས་ཐ་དད་པའམ། ཕྱི་རོལ་དོན་དུ་གྲུབ་པའི་སྐྱོན་མི་འབྱུང་ངམ་སྙམ་ན། ཇི་ལྟར་སྣང་སྣང་སེམས་འདི་སྣང་བ་མིན་པ་གཞན་མི་སྣང་མིག་ཀ་བ་ལ་བལྟས་ན་སེམས་ཡི་དམ་གྱི་ལྷར་བསྒོམས་པས་ཀ་བ་མི་སྣང༌། སེམས་འདི་སྣང་བ་ཡང་མི་གདའ། སེམས་སྣང་བ་ཡིན་ན་རིག་པ་འདི་བེམ་པོར་འགྲོ་དགོས་པ་ལ། མི་འགྲོ་བར་གདའ། དེས་ན་རང་གི་སེམས་འདི་མ་ཡིན་པར་ཕྱག་རྒྱ་ཆེན་པོའམ། སྟོང་པ་གཅིག་བསྒོམ་མི་དགོས་པར་གདའ། ཇི་ལྟར་སྣང་སྣང་སེམས་ལྟ་བུར་སྣང་སྣང་བདེ་བ་དེ་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པར་ཤེས་པས། ཕྱག་རྒྱ་ཆེན་པོ་མ་ཡིན་པའི་རང་སེམས་སམ་ཡུལ་མི་གདའ། ཇི་ལྟར་སྣང་སྣང་ནི་སེམས་དེ་ལྟར་དུ་སྣང༌། དེ་ལྟར་སྣང་བ་དེ་སེམས་ཕྱག་རྒྱ་ཆེན་པོ་མ་ཡིན་པ་མེད་པས། ད་སྒོམ་མ་ཡིན་པ་གཅིག་ཀྱང་མེད་པས་ས་ཕྱོགས་དག རང་གིས་དེ་ལྟར་གོ་བས་སེམས་ཅི་ཚུག་འདུག་འདུག་འདི་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་ལོགས་ན་མེད་པས་དགའ་བ་ཆེན་པོ་གཅིག་སྐྱེས། འདི་བླ་མའི་དྲིན་ཡིན་པར་གདའ་སྙམ་ནས། བླ་མར་སངས་རྒྱས་ཀྱི་འདུ་ཤེས་སྐྱེས། ཕྱག་རྒྱ་ཆེན་པོ་དོ་ཧ་ལས། བླ་མས་གསུངས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་ཡོད་པའི་རྫས་མཐོང་འདྲ། །གསུངས་པ་ཡང་འདི་ཡིན་པར་གདའ་སྙམ་པ་བྱུང༌། སེམས་འདི་དང་པོ་ནས་འདི་ཚུག་སྣང་བ་ལ། འདི་ངོ་མ་ཤེས་པ་ཆུག་སོང་བ་ཡིན་ན་ཨང་སྙམ་པ་བྱུང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་འདི་བཞིན་དུ་སྣང་བ་ལ་མ་རྟོག་པ་དེ་སེམས་འདི་ལྟར་སྣང་སྙམ་ནས་བྱུང༌། སྙིང་རྗེ་ངམ་ཤུགས་ཀྱིས་སྐྱེས། བདག་གི་བླ་མ་རིན་པོ་ཆེ་འདི་དང༌། སེམས་ཅན་ཐམས་ཅད་མཇལ་ནས་སེམས་འདི་ལྟར་དུ་བསྟན་ན་སྙམ་པ་བྱུང༌། མི་ཞེ་སྡང་ཆེ་བ་ཞེ་སྡང་གིས་ཀར་ཀར་འདུག་པ་མཐོང་ཙ་ན། ཞེ་སྡང་དེ་རང་ཕྱག་རྒྱ་ཆེན་པོ་རང་སྣང་བ་ལ་ཨང་འདི་མ་ཤེས་པ་སྙམ་པ་བྱུང༌། སེམས་ཅན་གཞན་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་མནར་བ་མཐོང་ཙ་ན། ཉོན་མོངས་པའམ་རྣམ་པར་རྟོག་པ་འདི་རང་སྟོང་ཡིན་པ་ལ། འདི་མ་ཤེས་པར་འདུག་འཁྲུལ་ནས་སྣང་ཨང་སྙམ་པ་བྱུང༌། ད་ལྟ་སེམས་ལ་སྙིང་རྗེ་སྒོམ་པ་དང༌། བླ་མ་ལ་མོས་གུས་བྱེད་པ་དང༌། ལུས་ཡི་དམ་ལྷར་སྒོམ་པ་དང༌། ཐབས་ཀྱི་ཆ་ཉམས་སུ་ལེན་པ་འདི་མ་གཏོགས་པའི་སྟོང་པ་ཉིད་བསྒོམ་མི་དགོས་པར་གདའ། ཐབས་ཤེས་རབ་གཉིས་སུ་མེད་པ་ཡང་འདི་རང་དུ་གདའ། ཕ་རོལ་ཏུ་ཕྱིན་པའི་བརྗོད་བྱ་གཉིས་མེད་ཟེར་བ་དེ་ཡང་འདི་མ་ཡིན་པ་གཞན་མེད། སྣང་བ་སྒྱུ་མར་འདོད་པ་ནི་ཕྱག་རྒྱ་ཆེན་པོའི་སྐྱོན་ཡིན་ཏེ། སེམས་དེ་རང་དེ་ལྟར་སྣང་བ་དེ་མ་ཡིན་པར་སྒྱུ་མར་སྣང་བར་འདོད་ན་བཅོས་པ་ཡིན་པས་སྐྱོན་ཡིན། འདི་ལྟར་སྣང་བ་སྒྱུ་མ་ལྟར་སྣང་ལ། སྒྱུ་མ་ཉིད་མ་གྲུབ་པར་ཤེས་པས་སྒྱུ་མ་གཉིས་མེད་ཀྱི་དབུ་མ་ཡང་ལོགས་ན་མི་གདའ། ལུས་ཡི་དམ་ལྷར་སྒོམ་ཙམ་ན། ལུས་ཡི་དམ་གྱི་ལྷར་མི་སྣང་སེམས་ཡི་དམ་གྱི་ལྷར་སྣང༌། ཡི་དམ་གྱི་ལྷ་ཚུར་འོངས་པ་ཡང་མི་སྣང༌། སེམས་ཡི་དམ་གྱི་ལྷར་སོང་བ་ཡང་མི་སྣང༌། སེམས་དེ་རང་ཡི་དམ་གྱི་ལྷར་སྣང་བ་དེ་སྟོང་པར་སྣང༌། ཡི་དམ་གྱི་ལྷ་ཞི་ནས་སྟོང་པ་ཉིད་མི་འདོད་པ་བསྐྱེད་རྫོགས་ཟུང་འཇུག་ཟེར་བ་ཡང་དེ་རང་དུ་གདའ། སེམས་གང་ལྟར་སྣང་སྣང་སྟོང་པ་ཉིད་ཡིན་པས། གསང་སྔགས་ཀྱིས་ཟུང་འཇུག་ཟེར་བ་ཡང་དེ་རང་ཡིན། སྤྲོས་པ་སྤྲོས་པས་སྟོང་ཞིང་དག་ཅིང་གསལ་བ་འདི་ཆོས་སྐུ། དྲན་པ་དང་རྟོག་པ་ཅི་ཡང་སྣང་ཞིང་འདུག་པ་དེ་སྤྲུལ་པའི་སྐུ། དེ་གཉིས་དབྱེར་མེད་མཚན་དང་དཔེ་བྱད་ལ་སོགས་པའི་ཡོན་ཏན་ཡང་དེ་ལས་ཚངས་བས་ལོངས་སྤྱོད་རྫོགས་པའི་སྐུ། ཟག་པ་དང་བཅས་པ་ཟག་པ་དང་བཅས་པས་སྟོང༌། ཉོན་མོངས་པའམ་རྣམ་པར་རྟོག་པ་ལ་སོགས་པ་ཟུག་རྔུ་སྡུག་བསྔལ་དུ་སྣང་བ་དེ་དེ་རང་གིས་སྟོང་པ་དེ་བདེ་བ་ཆེན་པོའི་སྐུ། དེ་ལ་སྒྲིབ་པའམ་སྒྲིབ་མཁན་གང་ཡང་མ་གྲུབ་པས་རྣམ་དག་གི་སྐུ། སྐུ་ལྔ་ཡང་སེམས་དྲན་པ་སྐད་ཅིག་མ་འདི་ལ་ཚང་བས། ཕྱག་རྒྱ་ཆེན་པོ་ནས་ལྷུན་གྱིས་གྲུབ་པ་ཟེར་ཡང་སེམས་སྐུ་ལྔ་ལྷུན་གྱིས་གྲུབ་པ་འདི་ལྟར་གདའ། བློས་བྱས་པའི་ཆོས་འདི་ཞི་བའམ་ཞི་ཡང་མི་དགོས་པས་བློ་འདི་རང་འདི་འདྲ་བ་གཅིག་ཡིན་བྱ་བའི་མཐའ་མི་སྣང་བས། བློ་ལས་འདས་པ་ཟེར་བ་ཡང་དེ་རང་དུ་སྣང༌། འཁོར་འདས་ཀྱི་ཆོས་མ་ལུས་པ་རིག་པ་འདི་མ་ཡིན་པ་གཞན་མེད་པས་ཡོན་ཏན་གྱི་ཆོས་ཐམས་ཅད་གཅིག་ཙམ་ཞིག་མ་ལུས་པ་མེད་པར་སེམས་འདི་ལ་རྫོགས་པས་བློ་འདས་སམ། རྫོགས་པ་ཆེན་པོ་པས་ཡེ་ནས་ཡེ་རྫོགས་ཡིན་ཟེར་བ་དེ་ཡང་འདི་རང་དུ་གདའ། དེ་ལྟར་ཡིན་ཡང་ཆོས་ཅན་སོ་སོའི་མཚན་ཉིད་མ་འདྲེས་པར་མྱ་ངན་ལས་འདས་པར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སེམས་ཅན་སོ་སོའི་སྣང་བ་སྣ་ཚོགས་སུ་སྣང་བ་འདི་མཚན་ཉིད་མ་འདྲེས་པར་སོ་སོར་ཤིག་གེ་ས་ལེ་གསལ་བར་གདའ། སྒོམ་པ་ཀུན་གྱིས་སེམས་ཡུལ་གཅིག་ཏུ་བསྒོམས་ནས་ཆོས་ཉིད་སྟོང་པ་ཉིད་ཡིན་ཟེར་ཞིང་བྱེ་བྲག་མང་པོ་གང་ནས་དགོས་ཟེར་བར་གདའ་སྟེ། དེ་སྟོང་པ་ཉིད་སྒོམ་ཟེར་ཡང་བཏང་སྙོམས་དང་མཉམ་ཉིད་དང་ཆོས་ཉིད་སྒོམ་པར་གདའ། དེ་ནི་སྟོང་པ་ཉིད་དེ་མ་རྟོགས་སྒོམ་མ་ཤེས་པ་ཡིན། སྟོང་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་འགགས་པ་མེད་པ་རང་གི་སེམས་འདི་ཡིན་སྙམ། ད་ལྟར་གྱི་ཤེས་པ་ཅུག་འདུག་པ་འདི་སྒོམ་བྱེད་ཀྱི་ཤེས་པ་གཉིས་སུ་མེད་པར་སྒོམ་མཁན་གྱི་ཤེས་པ་གཉུག་མ་འདི་ཕྱག་རྒྱ་ཆེན་པོ་ཡིན་པ་ལ་ཡིན་པར་ཤེས་པའི་ཚུལ་གྱིས་མ་ཡེངས་པར་བསྐྱང་ན། སེམས་ཕྱག་རྒྱ་ཆེན་པོ་ཡིན་པ་སྟེ། ཕྱག་རྒྱ་ཆེན་པོར་མྱོང་བར་གདའ། རྟོགས་པའི་དོན་དེ་མ་སྣང་ན། ནུབ་རྟོགས་ན་ནུབ་སངས་རྒྱས། ནང་རྟོགས་ན་ནང་སངས་རྒྱས་བྱས་པས་མི་ཕན། སྔར་མ་རྟོགས་པའི་དུས་བཞིན་ཉོན་མོངས་པ་དང༌། རྣམ་རྟོག་དང་གཟུང་འཛིན་ཐ་མལ་པར་སྔར་བཞིན་དུ་སྣང་ན་རྟོགས་བྱས་ཀྱང་མི་ཕན། སེམས་ཅན་ཐམས་ཅད་ཀྱིས་སེམས་ཆོས་ཀྱི་སྐུར་ཐོག་མ་མེད་པ་ནས་ཡོད་ཀྱང་ཆོས་སྐུར་མི་སྣང་བས་འཁོར་བར་སྣང་བ་ཡིན། དེས་ན་གཉུག་མའི་ཡིད་ཀྱིས་ཟིན་པ་གལ་ཆེ། གཉུག་མ་ཞེས་པ་ནི་སྒྲོ་སྐུར་དང་བྲལ་བའི་ཤེས་པ་འདི་ལ་ཟེར་བ་ཡིན། ཡོད་ཅེས་བྱ་རྒྱུ་ལ་དངོས་པོ་འདི་འདྲ་བ་གཅིག་ཡིན་བྱ་བ་གྲུབ་པ་མེད་པས་སྒྲོ་འདོགས་སུ་མི་སྣང༌། མེད་ཅེས་བྱ་རྒྱུ་ལ་རྒྱུན་ཆད་པ་མེད་པར་ཅིར་སྣང་གིན་འདུག་པས་སྐུར་པ་བཏབ་དུ་མི་སྣང༌། སྒྲོ་སྐུར་དང་བྲལ་བའི་ཤེས་པ་གཉུག་མ་འདི་གམ་པར་བསྐྱངས་ནས་སྣང་གྲགས་ཀྱི་དངོས་པོ་འདི་ཐམས་ཅད་ལ་འདི་སྤང་འདི་བླང་བྱ་བ་མེད་པར་ཐམས་ཅད་སྒོམ་དུ་འཆར་ཞིང་འདུག དེ་ལྟར་ཡིན་པ་ཡང་དོ་ཧ་ལས། གཉུག་མའི་ཡིད་ནི་གང་ཚེ་བསྐྱང་གྱུར་ན། །དེ་ཚེ་བླ་མའི་མན་ངག་སྙིང་ལ་འཇུག །ཅེས་གསུངས། ཡང་དོ་ཧ་ལས། མཐོང་དང་ཐོས་དང་དྲན་དང་རིག་པ་དང༌། །ཅལ་ཅོལ་སྨྲ་དང་ལན་སྨྲར་གྱུར་པ་ལ། རྣམ་པ་དེ་ཉིད་ལས་ཀྱང་སྤྱོད་མི་བྱ། །ཞེས་གསུངས་པའི་དོན་ཡང་དེ་ཉིད་ལ་གསུངས་པར་སྣང༌། དེ་ཉིད་གོམས་པ་མངོན་དུ་གྱུར་ན་འབྲས་བུ་ཡང་དེ་རང་དུ་འདུག་པས་འཁོར་བར་ལྟུང་བ་དང་ལྟུང་བའི་དོགས་པ་དང་བྲལ། མྱ་ངན་ལས་འདས་པ་རང་གི་སེམས་ཆོས་ཀྱི་སྐུར་རྟོགས་པས་སངས་རྒྱས་ཐོབ་པའི་རེ་བ་དང་བྲལ། གཞན་དོན་ཕུན་སུམ་ཚོགས་པའི་རྒྱུ་ཡང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང༌། བླ་མ་ལ་མོས་གུས་བྱེད་པ་དང༌། ལུས་ཡི་དམ་གྱི་ལྷར་སྒོམ་པ་དང༌། སྨོན་ལམ་རྣམ་པར་དག་པ་བཏབ་ན་རང་གཞན་གཉིས་ཀའི་བདེ་སྐྱིད་ཕུན་སུམ་ཚོགས་པ། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་རང་ལ་ཡོད་པ་འདི་རང་ཡིན། འདི་ལས་བྱུང་བའི་དགེ་བའི་རྩ་བ་འདིས། །བདག་གཞན་བླ་མེད་བྱང་ཆུབ་ཐོབ་པར་ཤོག །དགེ་བའི་བཤེས་གཉེན་པས། ངེད་ཀྱིས་ཉམས་སུ་མྱོང་བའི་ཆོས་གཅིག་ཡི་གེར་ཞིབ་པར་མཛོད་ལ་བསྐུར་གསུངས་པ་ལ། རང་སེམས་ཉམས་སུ་མྱོང་ཚོད་ཡི་གེར་བྲིས་པ་ལགས། ཐུགས་ལ་བདེ་ན་འདི་བཞིན་ཉམས་སུ་ལོངས། འོན་ཀྱང་ཁྱེད་ལ་འདི་མི་དགོས་ཏེ། བསྐུར་གསུངས་པའི་གསུང་མ་བཅག་པ་ལགས་པས་ཐུགས་མཉེས་པར་ཞུ། དགེ་བའི་བཤེས་གཉེན་ལ་འབུལ་བ་རྒྱ་ཆེན་པོ་དགོས་པ་ཡིན་ཏེ་མི་གདའ། ན་བཟའི་རྒྱུ་ཆེ་ཞ་ཐུན་རི་རབ་ཡུག་གཅིག དངུལ་བྲེ་ཆེན་སྲང་ལྔ་བཅུ་ཡོད་པ་གཅིག འབྲོམ་གྱིས་ཕུལ་བའི་གཡུ་དམར་ཟུར་གསུམ་ཞེས་པ་ཞོ་གཉིས་པ་རབ་གཅིག སོག་པོའི་ཞེའུ་བྱིན་བཟང་བ་གཅིག་དང་འདི་རྣམས་འབུལ། འབུལ་བ་ཆུང་བར་སྣང་བ་ལ་ཐུགས་རྗེ་མི་ཆུང་བར་ཞུ། ས་སྐྱ་པ་ལ་གདམས་པ། ཏི་ཤྲི་རས་པས་མཛད་པ་རྫོགས་སོ། །དགེའོ། །

བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ཡི་བྱིན་བརླབས་ལས་བྱུང་བ་ཚིགས་སུ་བཅད་པ་བཅུ་གཅིག་པ།

ན་མོ་གུ་རུ། ལས་འཕྲོ་སད། མི་ལུས་ཐོབ། དལ་འབྱོར་འཛོམས། ཆོས་དང་འཕྲད་པས་ངོ་མཚར་ཆེ། གྲུབ་ཐོབ་བཙལ། དད་གུས་བསྐྱེད། གདམས་པ་གནང༌། ཐེ་ཚོམ་ཆོད་པ་འདི་ངོ་མཚར་ཆེ། བརྟེན་པས་གྲུབ། རྟེན་དུ་སྣང༌། དབང་བཞི་བསྐུར། དོན་གཉིས་ཤེས་པ་འདི་ངོ་མཚར་ཆེ། ཐ་མལ་ཞིག རང་སྣང་དག ལྷ་སྐུར་གསལ། ཕྲིན་ལས་སྒྲུབ་པ་འདི་ངོ་མཚར་ཆེ། སྲེད་ལེན་ཞིག རྩ་རླུང་འབྱོངས། བྱང་སེམས་བརྟན། བདེ་ཆེན་འབར་བ་འདི་ངོ་མཚར་ཆེ། རྒྱུ་འབྲས་དག ཉེས་སྐྱོན་བྲལ། སྡོམ་གསུམ་གཙང༌། དང་བ་འདྲེན་པ་འདི་ངོ་མཚར་ཆེ། རང་འདོད་ཞིག ཕན་སེམས་སྐྱེས། བྱང་སེམས་འབྱོངས། གཞན་ཕན་འབྱུང་བ་འདི་ངོ་མཚར་ཆེ། གནོད་སེམས་བྲལ། བདེན་པ་གྲུབ། རྟེན་འབྲེལ་ཆེ། མནན་པ་ཐེག་པ་འདི་ངོ་མཚར་ཆེ། གཉིས་འཛིན་ཞིག རིག་པ་དྭངས། མཐོང་སྣང་ཤར། གྲུབ་རྟགས་ཐོན་པ་འདི་ངོ་མཚར་ཆེ། མཐར་འཛིན་ཞིག རྒྱུན་ཆད་མེད། བླང་དོར་བྲལ། རེ་དོགས་མེད་པ་འདི་ངོ་མཚར་ཆེ། ཚོགས་གཉིས་རྫོགས། སྒྲིབ་གཉིས་དག སྐུ་གཉིས་ཐོབ། འབྲས་བུ་སྨིན་པ་འདི་ངོ་མཚར་ཆེ། དུས་གསུམ་བསགས། འཁོར་གསུམ་དག སྲིད་གསུམ་རྣམས། སྐུ་གསུམ་ཐོབ་པ་འདི་ངོ་མཚར་ཆེ། རྗེ་ཡི་ཐུགས་ཟིན་དགོངས་པ་བསྒྲུབས། །ཚོགས་གཉིས་བསགས་པས་ཡོན་ཏན་བརྙེས། །འཕན་ཡུལ་སྐུ་འཁྲུངས་ཇོ་སྲས་ཀྱིས། །གུས་དང་བརྩེ་བས་བསྐུལ་བ་འདི་ངོ་མཚར་ཆེ། །བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ཡི་བྱིན་བརླབས་ལས་བྱུང་བ་ཚིགས་སུ་བཅད་པ་བཅུ་གཅིག་པ་ཞེས་བྱ་བ། འཕན་ཡུལ་ཇོ་སྲས་ཀྱིས་ཞུས་པ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ། །

དཔོན་ཆེན་ཆོས་ཀྱི་རིན་ཆེན་ལ་མཛད་པ།

ཀུན་མཁྱེན་ཡེ་ཤེས་ཐོབ་མཛད་པ། །ཡོན་ཏན་རིན་ཆེན་འབྱུང་བའི་གནས། །དུས་གསུམ་བླ་མ་རིན་ཆེན་གྱི། །ཞབས་ལ་གུས་པར་ཕྱག་འཚལ་འདུད། །སྦྱངས་དང་ཤེས་རབ་ཆེ་བ་ཡི། །དཔོན་ཆེན་ཆོས་ཀྱི་རིན་ཆེན་གྱིས། །ཆོས་གཅིག་ཞུ་ཞེས་གསུངས་པ་དེ། །བླ་མའི་གསུང་དོན་འགའ་ཞིག་བྲི། །དལ་འབྱོར་རིན་ཆེན་ཐོབ་དུས་སུ། །འཆི་དང་མི་རྟག་ཤེས་བྱས་ལ། །རྟག་ཏུ་དགེ་བའི་ལས་ལ་འབད། །འཁོར་བའི་སྡུག་བསྔལ་ཕུང་པོ་ལ། །ཡིད་བྱུང་རྒྱུ་འབྲས་བསམ་བྱ་ཞིང༌། །མཐོ་རིས་ཐར་པའི་གོ་འཕང་དང༌། །མྱ་ངན་འདས་ལ་སྤྲོ་བ་བསྐྱེད། །བཀའ་དང་བསྟན་བཅོས་མན་ངག་གི །བཅུད་དང་སྙིང་པོ་གང་ཡིན་པ། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་དང་གསུམ་དུ་གསུངས། །རང་གཞན་ཐམས་ཅད་སྨིན་མཛད་པས། །བསླབ་གསུམ་སྦྱོར་བ་མ་གི་ཏས། །འཁོར་བའི་སྡུག་བསྔལ་སེལ་མཛད་ཅིང༌། །ཡོན་ཏན་འབྲས་བུ་སྨིན་པར་བྱེད། །འཁོར་བའི་སེམས་ཅན་ཐམས་ཅད་ལ། །རང་བཞིན་མི་དགེ་འབྱུང་བ་རྣམས། །མི་འབྱུང་བགག་པར་བྱ་བ་ནི། །ཐུབ་པས་བཅས་པར་གསུངས་པ་ཡིན། །སོ་སོར་ཐར་པའི་རིགས་བདུན་ལ། །བླངས་ནས་སྲུང་བར་བྱེད་པ་དེ། །ཁ་ན་མ་ཐོ་གསུམ་སྤངས་ལ། །གཉེན་པོ་བརྟན་པས་སྲུང་བར་བྱ། །སྐྱོན་མེད་ཚུལ་ཁྲིམས་རྣམ་དག་གིས། །འབྲས་བུ་སྨིན་པར་འགྱུར་བ་ནི། །མཐོང་དང་སྐྱེས་ནས་མྱོང་བར་འགྱུར། །མཐོང་ཆོས་ཚེ་འདིར་མྱོང་བ་ནི། །གནོད་མེད་བདེ་བ་ཐོབ་པ་དང༌། །སྙན་པར་བརྗོད་ཅིང་ཀུན་གྱིས་བཀུར། །ཚུལ་ཁྲིམས་ལྡན་པས་བདེ་བ་འཐོབ། །སྐྱེས་ནས་མྱོང་བར་འགྱུར་བ་ནི། །ཟག་མེད་ཚུལ་ཁྲིམས་ལྡན་པ་དང༌། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །སྤྲུལ་པའི་སྐུ་ཉིད་འཐོབ་པར་འགྱུར། །ལྷག་པའི་ཏིང་འཛིན་བསླབ་པ་ནི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཕ་རོལ་ཕྱིན་པ་རྣམ་པ་དྲུག །ཚོགས་གཉིས་དག་ཏུ་བསྡུ་བྱས་ལ། །ཞི་གནས་ལྷག་མཐོང་བསྒོམ་པར་བྱ། །དཀར་པོ་དགེ་བའི་ཆོས་ལ་ནི། །མི་དགེས་བར་ནི་མ་ཆོད་པའི། །རྩེ་གཅིག་ཞི་གནས་བསྒོམ་པར་བྱ། །ལྷག་མཐོང་སོ་སོར་རྟོག་པ་ཡིས། །ཆོས་རྣམས་སེམས་སུ་རྟོགས་པ་དང༌། །སེམས་ཉིད་ཕྱག་རྒྱ་ཆེན་པོ་དེ། །གཉིས་མེད་ཟུང་འཇུག་རྟོགས་པར་བྱ། །ལྷག་པར་ཤེས་རབ་བསླབ་པ་ནི། །ཐོས་གསུམ་སྒོམ་གསུམ་ཤེས་རབ་ཀྱིས། །འཁོར་འདས་ཤན་ཐང་ཕྱེད་གྱུར་པས། །སེམས་ལ་སྒྲོ་འདོགས་ཕྱེད་པར་བྱས། །དེ་འདྲའི་སྦྱོར་བ་རྣམ་གསུམ་དེ། །ཉམས་སུ་ཚུལ་བཞིན་བླངས་པ་ལས། །སྐྱོན་དག་ཡོན་ཏན་ཀུན་ལྡན་པའི། །རང་བཞིན་འབྲས་བུ་སྨིན་པར་བྱ། །སོ་སོར་ཐར་པ་གཞིར་བཞག་ལ། །གང་ཟག་བདག་མེད་ལྟ་བ་ཡི། །དགྲ་བཅོམ་འབྲས་བུ་འདོད་པ་རྣམས། །ཉན་ཐོས་རང་སངས་རྒྱས་སུ་སྨིན། །དམན་པའི་ལམ་ལས་གྲོལ་བ་ཡི། །ཀུན་རྫོབ་དོན་དམ་སེམས་བསྐྱེད་ནས། །ཕམ་དང་ལྟུང་བས་མ་གོས་པའི། །བྱང་ཆུབ་སེམས་མཆོག་སྦྱང་བར་བྱ། །བྱང་ཆུབ་སེམས་ཀྱི་བསླབ་པ་ནི། །བདག་མེད་རྣམ་གཉིས་རྟོགས་པ་དང༌། །སེམས་ཅན་བདེ་ལ་འགོད་མཛད་པའི། །འབྲས་བུ་སངས་རྒྱས་ཐོབ་པར་བྱ། །རིག་འཛིན་སྔགས་ཀྱི་སྡོམ་པ་ནི། །སྨིན་གྲོལ་གཉིས་སུ་གསུངས་པ་ཡིན། །སྨིན་པ་ལ་ནི་དབང་བཞི་སྟེ། །ཚུལ་བཞིན་ཐོབ་པར་བྱ་བ་ཡིན། །གྲོལ་བྱེད་བསྐྱེད་རྫོགས་གཉིས་སུ་འདུས། །བསྐྱེད་པ་ཡི་ནི་རིམ་པ་ལ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །ལུས་ནི་ལྷ་ཉིད་ཡིན་པར་གསུངས། །གཟུགས་ནི་རྣམ་པར་སྣང་མཛད་དེ། །ཚོར་བ་རིན་ཆེན་འབྱུང་ལྡན་དང༌། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །འདུ་བྱེད་དོན་ཡོད་གྲུབ་པ་ཡིན། །རྣམ་ཤེས་རྡོ་རྗེ་སེམས་དཔའ་དང༌། །ས་ཡི་ཁམས་ནི་སངས་རྒྱས་སྤྱན། །ཆུ་ཡི་ཁམས་ནི་མ་མཱ་ཀི། །མེ་ཡི་ཁམས་ནི་གོས་དཀར་མོ། །རླུང་གི་ཁམས་ནི་སྒྲོལ་མ་ཉིད། །ནམ་མཁའི་ཁམས་ནི་དབང་ཕྱུག་མ། །སྐྱེ་མཆེད་བྱང་ཆུབ་སེམས་དཔའ་སྟེ། །ལུས་ནི་ལྷ་ཡི་ངོ་བོ་ཡིན། །ལྷ་ཉིད་གཞན་ནས་མ་གྲུབ་པ། །ལྷ་ནི་རང་སེམས་ཡིན་པའོ། །རྫོགས་པ་ཡི་ནི་རིམ་པ་ཡང༌། །ཉོན་མོངས་ལྔ་ཡང་ཡེ་ཤེས་ཡིན། །གཏི་མུག་རང་བཞིན་ཆོས་ཀྱི་དབྱིངས། །ཞེ་སྡང་མེ་ལོང་ལྟ་བུ་སྟེ། །འདོད་ཆགས་སོ་སོར་ཀུན་རྟོག་དང༌། །ང་རྒྱལ་མཉམ་ཉིད་ཡེ་ཤེས་ཏེ། །ཕྲག་དོག་བྱ་བ་ནན་ཏན་ཡིན། །མཚན་བཅས་རྫོགས་པའི་རིམ་པ་ཡིན། །རྩ་དང་རླུང་དང་ཐིག་ལེ་དང༌། །གཞི་ལ་ཇི་ལྟར་གནས་པ་རྣམས། །གནད་བཞིས་ཉམས་སུ་བླང་བར་བྱ། །མཚན་མེད་ཕྱག་རྒྱ་ཆེན་པོ་ནི། །རང་གི་སེམས་ལས་ལོགས་ན་མེད། །སྣང་སྟོང་གཉིས་སུ་མེད་པ་དེ། །ཕྱག་ཅེས་བྱ་བར་བརྗོད་པ་ཡིན། །ཆོས་རྣམས་དེ་ལས་མི་འདའ་བས། །རྒྱ་ཞེས་བྱ་བ་ཡིན་པའོ། །རང་སེམས་དེ་ལྟར་རྟོགས་གྱུར་ན། །དེ་ལས་གཞན་མེད་ཆེན་པོ་ཡིན། །བསྐྱེད་རྫོགས་གཉིས་སུ་གསུངས་ན་ཡང༌། །ཡུལ་དང་ཡུལ་ཅན་གཉིས་མེད་པས། །སེམས་དང་ལྟ་བ་ཐ་དད་མེད། །གཉིས་མེད་ཟུང་འཇུག་བསྒོམ་པར་བྱ། །གྲོགས་སུ་སྡོམ་པ་གཅེས་ན་ཡང༌། །བླང་བྱ་དོར་བྱ་གཉིས་སུ་འདུས། །རྩ་བ་དང་ནི་ཡན་ལག་གིས། །མི་ཉམས་བསྲུང་བར་བྱ་བ་ནི། །རྐྱེན་ནི་སྤྱོད་པ་རོ་སྙོམས་པས། །དུས་དང་འབྲེལ་བ་མན་ངག་ཡིན། །མཉམ་བཞག་ཆེན་པོ་རོ་སྙོམས་ན། །འབྲས་བུ་མངོན་དུ་གྱུར་པ་ཡིན། །སྣང་དང་སྟོང་པ་གཉིས་མེད་པ། །ཆོས་སྐུ་གཟུགས་སྐུ་དབྱེར་མེད་པས། །རང་གཞན་དོན་རྣམས་འགྲུབ་པ་ཡིན། །དཔོན་ཆེན་ཆོས་ཀྱི་རིན་ཆེན་གྱིས། །བསྐུལ་ནས་རས་པས་ཡི་གེར་བཀོད། །དེ་བྱུང་དགེ་བ་དྲི་མེད་དེས། །འགྲོ་རྣམས་སངས་རྒྱས་ཐོབ་པར་ཤོག །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

དམ་ཆོས་རིན་ཆེན་འོད།

ན་མོ་གུ་རུ། སྔོན་གྱི་བསྐལ་པའི་དང་པོ་ལ། །དང་པོ་བླ་མ་རྣམས་དང་མཇལ། །དམ་ཚིག་མ་ཉམས་མོས་གུས་བྱས། །རྟེན་ཅིང་འབྲེལ་བའི་ཆེ་བ་ཡིས། །སྐྱེ་བ་སྔ་མ་ཕན་ཆད་དུ། །བླ་མ་དམ་པ་རྣམས་དང་མཇལ། །ཐོས་བསམ་སྒོམ་གསུམ་ཚུལ་བཞིན་བྱས། །སྒྲིབ་སྦྱང་ཡོན་ཏན་སྐྱེ་བར་ངེས། །ད་ལན་སྐྱེ་བ་འདི་ལ་ཡང༌། །ཡང་དག་བླ་མ་རྣམས་དང་མཇལ། །ཐེག་ཆེན་གསང་སྔགས་ཆོས་ལ་ཞུགས། །ཆོས་དང་བླ་མའི་བཀའ་དྲིན་ཐོབ། །སྔོན་ཆད་བསགས་པའི་ལས་དང་ནི། །འཕྲལ་གྱི་རྐྱེན་དང་སྨོན་ལམ་གྱིས། །མདོ་ཁམས་མདོ་སྨད་ཡུལ་དུ་སོང༌། །མི་ཉག་རྒྱལ་པོའི་ཡུལ་དུ་སླེབས། །བླ་མ་དགེ་བའི་བཤེས་གཉེན་དང༌། །ཆོས་མཛད་མང་པོ་རྣམས་དང་མཇལ། །དད་ཅན་སྐྱེ་བོ་རྣམས་དང་ཕྲད། །མི་ཉག་ཆོས་ཀྱི་རྒྱལ་པོ་ཡང༌། །རྒྱལ་རབ་ཆེན་པོ་རྣམས་དང་མཇལ། །ཡུལ་དེར་གནས་པའི་སེམས་ཅན་ལ། །ལས་འབྲེལ་བཞག་ཅིང་སྨོན་ལམ་བཏབ། །དད་ཅན་ཉེར་ལེན་ཡོད་པ་རྣམས། །བསོད་ནམས་ཚོགས་ཆེན་བསོགས་པ་དང༌། །སྐྱབས་འགྲོ་བསྙེན་གནས་སྡོམ་པ་དང༌། །ཐུགས་རྗེ་ཆེན་པོའི་སྒོམ་བཟླས་བསྟན། །སེམས་བསྐྱེད་བསྔོ་བ་ལ་སོགས་ཀྱིས། །དགེ་བ་མི་ཟད་གཏེར་དུ་སྦས། །ཆོས་གཤའ་མར་བྱེད་པའི་གང་ཟག་རྣམས། །སོ་སོར་ཐར་པའི་སྡོམ་པ་དང༌། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དང༌། །གསང་སྔགས་ཐེག་པའི་ལམ་ལ་བཀོད། །ཆོས་གཤའ་མར་བྱེད་པའི་ཚུལ་ལུགས་བསྟན། །བློ་མཆོག་ཏུ་གྱུར་པའི་གང་ཟག་རྣམས། །ནཱ་རོ་པ་ཡི་གདམས་པ་ཡི། །ཐབས་ལམ་གནད་ཀྱི་གདམས་པ་བསྟན། །ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་པས། །ཉམས་དང་རྟོགས་པ་ཤར་བར་བྱས། །རྒྱལ་པོ་ཆེན་པོ་རྣམས་ལ་ཡང༌། །སྐྱབས་འགྲོ་བསྙེན་གནས་གནས་པ་དང༌། །བསོད་ནམས་ཚོགས་ཆེན་བསོགས་པ་ཡི། །དགེ་བའི་ལམ་བསྟན་ཆེ་ལ་བཀོད། །རྒྱལ་ཁམས་ཆོས་ཀྱིས་སྐྱོང་དུ་བཅུག །ཀུན་རྫོབ་དོན་དམ་སེམས་བསྐྱེད་དང༌། །བྱིན་རླབས་དབང་གིས་སྨིན་པར་བྱས། །བསྐྱེད་རྫོགས་གཉིས་ཀྱི་ལམ་དང་ནི། །ཕྱག་རྒྱ་ཆེན་པོའི་རྟོགས་པ་བསྐྱེད། །འགྲོ་བའི་དོན་དུ་སངས་རྒྱས་པའི། །འབྲས་བུ་ཐོབ་པའི་ལམ་ལ་བཀོད། །རང་གིས་གཞན་དོན་རླབས་ཆེན་གྲུབ། །དུས་དང་གནས་སྐབས་དེ་ཙམ་ན། །མི་ཉག་རྒྱལ་པོའི་རྒྱལ་ཁམས་ན། །ཧོར་དེ་མུ་རུའི་དམག་ཆེན་བྱུང༌། །མི་ཉག་ཡུལ་གྱི་མི་རྣམས་དང༌། །བདག་ཅག་དཔོན་སློབ་ཐམས་ཅད་དང༌། །སྔོན་ཆད་ལས་ཀྱི་རྣམ་སྨིན་དང༌། །སྲོག་གི་ལན་ཆགས་ཡོད་པ་ཡིས། །ཐམས་ཅད་ལོངས་སྤྱོད་སྲོག་དང་ཕྲལ། །རང་ཡང་ལན་ཆགས་འཇལ་དགོས་ཀྱིས། །སྲོག་དང་དེའུ་བྲལ་མང་པོ་བྱས། །འོན་ཀྱང་བླ་མའི་དྲིན་གྱིས་སྐྱོབས། །ཡི་དམ་ཆོས་སྐྱོང་རྣམས་ཀྱིས་སྲུང༌། །ཧོར་མེད་བདེ་བའི་ས་ལ་ཐོན། །སྐད་རིགས་མི་མཐུན་མི་རྣམས་ཀྱིས། །ཡུལ་རིགས་མང་པོ་རྣམས་སུ་ཡང༌། །མཐོང་དང་ཐོས་དང་དྲན་པ་ཡི། །སེམས་ཅན་མང་པོ་རྣམས་ལ་ཡང༌། །ལས་འབྲེལ་བཞག་ཅིང་སྨོན་ལམ་བཏབ། །གང་ཟག་བློ་ཡི་བྱེ་བྲག་ལ། །ཐེག་པ་གསུམ་གྱི་དམ་ཆོས་བསྟན། །ལོངས་སྤྱོད་ཆེ་བའི་མི་རྣམས་ལ། །བསོད་ནམས་ཚོགས་ཆེན་ལས་ལ་བཀོད། །འབྲས་བུ་བདེ་བ་ཐོབ་པར་བྱས། །ལམ་དུའང་གཞན་དོན་འགྲུབ་པར་བྱུང༌། །དེ་ནས་དབུས་ཀྱི་ཡུལ་དུ་སོང༌། །གདན་ས་རིན་ཆེན་རྣམས་སུ་སླེབས། །སྐུ་གསུང་ཐུགས་ཀྱི་རྟེན་དག་ལ། །ཕྱག་འཚལ་མེ་ཏོག་ཕུལ་བྱས་ནས། །སྐུ་ཁམས་སྙུན་མེད་ཞུ་བ་ཕུལ། །སྔར་ཡང་བཀའ་དྲིན་ཆེ་བ་ལས། །ད་ལན་ཧོར་གྱི་ལག་ནས་བཏོན། །བཀའ་དྲིན་ཆེ་བའི་རིན་པོ་ཆེ། །ད་ཡང་ཐུགས་རྗེས་བཟུང་དུ་གསོལ། །དུས་དང་གནས་སྐབས་དེ་ཙམ་ནས། །དབོན་པོ་རིན་ཆེན་རྣམས་དང་ནི། །དགེ་བའི་བཤེས་གཉེན་རྣམས་དང་མཇལ། །ཕྱག་འཚལ་ཕྱག་རྟེན་ཕུལ་ནས་ཀྱང༌། །སྐུ་ཁམས་ཞུ་འབུལ་དགའ་སྤྲོ་བྱས། །ཁོང་ཆེན་པོ་རྣམས་ཀྱིས་ཐུགས་ལ་བཏགས། །དགྲས་རྒྱབ་དམན་པའི་དུས་ཚོད་དུ། །ཐུགས་ལ་བཏགས་པས་བཀའ་དྲིན་ཆེ། །བླ་མ་སྤྲུལ་སྐུ་རིན་པོ་ཆེ། །སྐྱེ་མེད་རང་བཞིན་གདན་སར་ཕྱིན། །གུང་ཐང་ལྷ་ཆེན་དཔལ་འབར་ལ། །ཕྱག་འཚལ་མེ་ཏོག་ཕུལ་ནས་ཀྱང༌། །སྐུ་ཁམས་ཞུ་འབུལ་སྔར་བཞིན་བྱས། །དེ་ནས་སྐུ་འབག་མདུན་དུ་ཕྱིན། །ཕྱག་འཚལ་མེ་ཏོག་ཕུལ་ནས་ཀྱང༌། །སྐུ་ཁམས་ཞུ་བ་ཕུལ་དུས་སུ། །ཞལ་དངོས་སུ་མཇལ་བའི་སྣང་བ་བྱུང༌། །སྔར་གྱི་བླ་མའི་མཛད་པ་དྲན། །ཐུགས་རྗེའི་བྱིན་རླབས་ཚད་མེད་པས། །མཛད་པའི་ཕྲིན་ལས་རྒྱ་ཆེན་གྱིས། །བྱིན་རླབས་འཇུག་ལུགས་ཐ་དད་ལ། །དད་དང་ཤེས་རབ་བྱེ་བྲག་གིས། །ཞི་དང་དྲག་པོའི་ལས་རྣམས་ལ། །རྟེན་ཅིང་འབྲེལ་བའི་འགྲོ་ལྡོག་གོ །ཨེ་མ་མཐོང་སྣང་ངོ་མཚར་ཆེ། །དུས་དེར་འཚོགས་པའི་རྨི་ལམ་ལ། །བླ་མས་བྱིན་གྱིས་བརླབས་ན་ཡང༌། །མོས་གུས་བྱེ་བྲག་སོ་སོ་ལ། །ཡོན་ཏན་དེ་དང་མཚུངས་པར་བྱུང༌། །དེ་དུས་དེ་ཡི་གནས་སྐབས་སུ། །བླ་མ་ཆེན་པོ་ཡེ་ཤེས་དཔལ། །སྔོན་གྱི་ལས་འཕྲོ་སད་པ་དང༌། །འཕྲལ་རྐྱེན་མོས་གུས་ཚང་བ་ཡིས། །མཐོང་སྣང་མོས་གུས་རྒྱུད་ལ་སྐྱེས། །སྐྱེ་མེད་ཞང་དང་བླ་མ་གཉིས། །དེ་དག་ཐ་དད་མེད་པར་མཐོང༌། །མུན་ལ་ཉི་མ་ཤར་བ་ལྟར། །རང་སེམས་ཆོས་སྐུར་རྟོགས་པ་དང༌། །མོས་གུས་འབྲལ་བ་མེད་པར་བྱུང༌། །རྨི་ལམ་དུ་བླ་མ་བྱོན་ནས་ཀྱང༌། །རྒྱུ་འབྲས་སྟོང་ཉིད་དུ་རྟོགས་དགོས། །སྟོང་ཉིད་རྒྱུ་འབྲས་སུ་འཆར་དགོས། །ཆོས་དེ་གཉིས་ལས་ལོགས་ན་ལྷག་པ་མེད། །ཉམས་སུ་ལོངས་ཤིག་གསུངས་པའི་དོན། །དེ་གཉིས་སུ་མེད་པའི་ཡེ་ཤེས་ཡིན། །དྲན་པ་སྐད་ཅིག་ཤར་བ་དེ། །རྒྱུ་འབྲས་སྐོར་གཅིག་ཚང་བ་ཡིན། །དེ་རྟེན་འབྲེལ་དུ་ཉམས་སུ་བླངས་པས་ན། །འབྲས་བུ་མངོན་དུ་གྱུར་པ་ཡིན། །ཐབས་ཀྱིས་ཉམས་སུ་མ་བླངས་ན། །གཞན་དོན་གཟུགས་སྐུ་མི་འབྱུང་བས། །དང་པོར་བྱང་ཆུབ་སེམས་བསྐྱེད་ནས། །སྙིང་རྗེ་སྐད་ཅིག་སྐྱེས་པ་དེས། །དེས་ནི་སྟོང་ཉིད་རྒྱུ་འབྲས་ཡིན། །བླ་མ་ཡི་དམ་སྒོམ་པ་དང༌། །རང་སྣང་ཐབས་སུ་འཁྱེར་བར་བྱས། །ཤེས་རབ་སྟོང་ཉིད་མ་རྟོགས་ན། །ཐབས་ནི་དངོས་པོ་མཚན་ཉིད་ཡིན། །ཐབས་ཀྱིས་ཉམས་སུ་གང་བླངས་དང༌། །སྣང་སྲིད་འཁོར་འདས་ཆོས་རྣམས་དེ། །རང་སེམས་སྤྲོས་དང་བྲལ་བར་རྟོགས། །དེ་ལྷན་ཅིག་སྐྱེས་པའི་ཤེས་རབ་ཡིན། །གཉིས་སུ་མེད་པའི་ཟུང་འཇུག་དེ། །རྒྱུན་ཆད་མེད་པར་ཉམས་སུ་བླངས། །ཉམས་ལེན་གནད་དུ་འགྲོ་ཙམ་ན། །རྐྱེན་དང་གེགས་དང་ཅི་བྱུང་ཡང༌། །རང་གི་སེམས་སུ་ཤེས་བྱས་ལ། །རང་སེམས་ཕྱག་རྒྱ་ཆེན་པོར་བསྒོམ། །མི་དང་མི་མ་ཡིན་རྣམས་ཀྱིས། །གནོད་པ་སྐྱེལ་བར་བྱུང་བ་ཡང༌། །བྱམས་དང་སྙིང་རྗེ་བསྒོམ་པར་བྱ། །ཡོན་ཏན་ཚོགས་རྣམས་ཅི་སྐྱེས་ཀྱང༌། །རློམ་སེམས་ང་རྒྱལ་མེད་པ་དང༌། །གསང་ཞིང་གོང་དུ་སྤེལ་བར་བྱས། །སྣང་གྲགས་ཅི་ལྟར་སྣང་ན་ཡང༌། །སྣང་སེམས་དེ་ལྟར་སྣང་བ་ཡིན། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ཡིན། །བླ་མ་གཅེར་གྱིས་མཐོང་བ་དེ། །རང་སེམས་བླ་མར་མཐོང་བ་ཡིན། །ཡི་དམ་ལྷ་ཚོགས་མཐོང་བ་དེ། །རང་སེམས་ལྷ་རུ་མཐོང་བ་ཡིན། །ཐམས་ཅད་སེམས་སུ་ཤེས་ཙམ་ན། །ཐམས་ཅད་སྒོམ་དུ་འཆར་བ་ཡིན། །སེམས་གདོད་ནས་དག་པ་ཆོས་སྐུ་ཡིན། །ཟག་མེད་བདེ་ཆེན་ལོངས་སྐུ་ཡིན། །སྣ་ཚོགས་སྣང་བ་སྤྲུལ་སྐུ་ཡིན། །རང་གཞན་དོན་འགྲུབ་འབྲས་བུ་ཡིན། །བླ་མ་ཆེན་པོ་ཡེ་ཤེས་དཔལ། །རང་ལ་སྐྱེས་པའི་ཡོན་ཏན་དང༌། །དེ་དང་མཐུན་པའི་ཆོས་ཞུས་པས། །མཁའ་འགྲོའི་སྲོག་སྙིང་ཟབ་པའི་ཆོས། །གོང་དུ་གསུངས་པ་དེ་རྣམས་ཡིན། །དེ་ཉམས་སུ་ལོངས་ལ་གཞན་དོན་གྱིས། །ད་དབུས་སུ་ཡར་སོང་བའི་དུས་ཚོད་དུ། །རྨི་ལམ་ཉམས་སྣང་འགའ་རེ་བྱུང༌། །འབྲི་སྟག་འཁྲུགས་པ་བྱེད་དུས་སུ། །བླ་མ་རིན་པོ་ཆེ་རྣམས་ཀྱི། །ཕྲིན་ལས་མཛད་ལུགས་སོ་སོ་ལ། །ངོ་མཚར་ཆེ་བ་སྣ་ཚོགས་མཐོང༌། །ཚལ་པ་འཁྲུགས་པ་བྱེད་དུས་སུ། །བསྟན་པའི་གཙོ་བོ་ཤཱཀྱ་ཐུབ་ཀྱི། །བཞུགས་གནས་དབུ་རྩེ་ཆེན་པོ་ལ། །ཕྱི་ནང་དམག་ཚོགས་བྱུང་བ་དང༌། །མདའ་རྡོའི་ཆར་པ་བབས་དུས་སུ། །སངས་རྒྱས་བསྟན་པ་སྲུང་བ་དང༌། །བླ་མའི་བཀའ་དྲིན་དྲན་པ་དང༌། །ལྷ་ཁང་མི་འཇིག་སྲུང་བ་དང༌། །བླ་མ་ཆེན་པོའི་གདན་ས་ཡི། །སྐུ་ཚེ་སྐྱབས་པར་བྱ་བ་དང༌། །ཐམས་ཅད་བདེ་ལ་བཀོད་པའི་ཕྱིར། །རང་ཐེད་ལ་བཏང་ནས་ནང་དུ་ཕྱིན། །ཕྱི་ནང་དམག་ཚོགས་གྱེས་སུ་བཅུག །ཕྱི་ནང་རྩུབ་འཁྲུགས་ཞི་བ་དང༌། །ཐམས་ཅད་བདེ་ལ་བཀོད་པ་དེ། །སངས་རྒྱས་བསྟན་པ་སྲུང་བ་དང༌། །བླ་མའི་ཐུགས་དགོངས་བསྐང་བ་ཡིན། །ཆེ་ན་ངོ་མཚར་དེ་ཆེ་མོད། །དུས་གསུམ་བསགས་ཡོད་དགེ་བ་དང༌། །འདི་ལས་བྱུང་བའི་དགེ་བ་ཡི། །མཁའ་མཉམ་སེམས་ཅན་མ་ལུས་རྣམས། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །བླ་མ་རིན་པོ་ཆེ་ཡེ་ཤེས་དཔལ། །རང་ལ་ཡོན་ཏན་སྐྱེས་པ་ཡི། །སེམས་ཅན་རྣམས་ལ་ཕན་བཏགས་ཕྱིར། །ཟབ་པའི་ཆོས་འདི་ཞུས་པ་ཡིན། །ཕྱ་བོ་ལུང་གི་དགོན་པ་དེར། །ཞུ་བ་པོ་དང་གཞན་དོན་དུ། །རིན་ཆེན་འོད་ཅེས་བྱ་བ་ཡི། ཟབ་ཆོས་འདི། ༧ ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ། །

བསྟན་བཅོས་གལ་པོ་ཆེ།

བླ་མ་རིན་པོ་ཆེ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །མཁན་པོས་དབུ་མཛད་མཁར་ལུང་པ་རྣམས་ལ་བསྐུར་བ། ཁྱེད་རྣམས་སྐུ་ཁམས་བདེ་བར་བཞུགས་མཆིས། དེ་ལ་སེམས་དགའ། སླད་དོན་ལ། རྨ་མེད་རོལ་པ་མུ་སྟེགས་གདུག་པའི་ཚོགས་རྣམས་ཀྱིས། ཨིནྡྲ་ནི་ལེའི་ཕྱོགས་ནས་ཤ་བ་ཞོན་པ་རླུང་གི་དཀྱིལ་འཁོར་གཡོ། མཉམ་བཞག་ཏིང་འཛིན་ཆེན་པོ་ལ། །རྣམ་རྟོག་ཕྱོགས་མེད་འཕྲོ་བ་མེད། །འཐོར་བ་ཐམས་ཅད་སྡུད་པར་གྱིས། །ཨོཾ་བྃ་ཧྃ་ཡྃ་གོ་ཆ་བགོ། །བྱིང་ཞིང་འཐིབ་པ་སད་པར་བྱས། །ཆུ་ཤེལ་གྱིས་ནི་ཉི་མ་ལ། །ཇག་གི་ཨ་ར་པ་ཙའི་དྲུང་དུ་ཕྱིན། །དགོ་ལ་ཅམ་ཅམ་ས་རྣམས་ཀུན་ཏུ་ཉུལ། །འཁོར་ལོ་གར་བསྒྱུར་ངེས་པ་མེད། །མུག་གེ་རྔ་རིང་བསྡུ་བར་གྱིས། །སྒོམ་ཆེན་བྲག་ལ་སྒོམ་པ་ལ། །འགྲོ་འདུག་མང་ན་བར་ཆད་ཡིན། །བཞུགས་གིན་དགོན་པ་ཡིད་ལ་ཞོག །ཙོ་ར་བ་ལ་བག་ཟོན་གྱིས། ཁྱིམ་ཚེས་ཉེ་བའི་ངོ་རུ་ལ། །མི་རྟག་ཚེ་ལ་བློ་གཏད་མེད། འཆི་བདག་ནམ་འོང་མི་ཤེས་སོ། །དམ་ཆོས་སྒྲུབ་པར་བྱེད་པ་དེ། མགོ་ལ་མེ་ཤོར་བཞིན་དུ་བསྒྲིམ། ལེ་ལོའི་བདུད་ལ་མི་བསྐུར་ཞེས། ཐམས་ཅད་རྩེ་གཅིག་སེམས་ལ་ལྟོས། །ང་ཡི་བུ་སློབ་གང་ཡིན་ཀུན། བླ་མའི་ནོར་དང་རང་སྲོག་བསྲུང༌། །དེ་ལས་ཟབ་པ་གཅིག་ཀྱང་མེད། ཐམས་ཅད་གཅིག་ཞོར་གཅིག་གིས་ཐེག །དམ་ཚིག་སྲུང་བ་ཟབ་མོ་ཡིས། །གལ་པོ་ཆེ་ལ་ངོ་སྲུང་མེད། །སེམས་ཅན་ཐམས་ཅད་བདེ་བར་གྱིས། །རང་མགོ་ཐོན་པ་གཙིགས་སུ་ཆེ། །འདི་ནི་ཞིབ་ཏུ་བརྗོད་མི་དགོས། བླ་མ་མཉེས་པ་གང་ཡིན་བསྒྲུབ། །ང་ཡི་སློབ་མ་ཐམས་ཅད་བསྡུས། །བརྡ་དོན་ཟབ་ཆོས་འདི་གསུངས་པ། །ཤེས་རབ་ཅན་རྣམས་གོ་བར་གྱིས། །དམ་ཆོས་གསང་ཞིང་བསྒྲུབ་པ་ཡིན། །བསྟན་ཆོས་གལ་པོ་ཆེ་ཞེས་བགྱི་བ། གཅིག་པའི་ཚེས་བཅོ་ལྔ་ལ། ༧ ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

འཕགས་པ་གྱོ་ལ་སྤྲིངས་པ།

བླ་མ་རིན་པོ་ཆེ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འཕགས་པ་གྱོ་ལ་སྤྲིངས་པ། ཁྱེད་དལ་འབྱོར་གྱི་མི་ལུས་ལ། །ཚུལ་ཁྲིམས་ཀྱི་ནི་རྒྱན་གྱིས་མཛེས། །སྒྲ་རླུང་གི་ངག་ལ་ཚངས་པའི་དབྱངས་དང་ནི་ལྡན། །རང་སེམས་ཆོས་སྐུ་རྣམ་དག་ལ། །ཐུགས་རྗེ་དང་ནི་ཡེ་ཤེས་མང༌། །རང་རྒྱུད་ཟག་བཅས་ཀྱི་བདེ་བ་ལ། །གཉིས་མེད་བདེ་ཆེན་དུ་ནི་འགྱུར། །ཆོས་བཞི་དང་ལྡན་པའི་དུས་ཚོད་འདིར། །བདུད་ཀྱི་དབང་དུ་མ་བཏང་མཛོད། །འོ་སྐོལ་ཆོས་བྱེད་པ་ལ་འཁོར་བ་སྡུག་བསྔལ་དུ་མཐོང་དགོས། འཁོར་བ་སྡུག་བསྔལ་དུ་མ་མཐོང་ན། །ཆོས་མི་ངོར་བྱེད་དོགས་ཡོད། །རང་སེམས་ཀྱིས་མ་ཁྲེལ་བ་ཞིག་གལ་ཆེ། །ལམ་སྣ་འདྲེན་པའི་བླ་མ་ཞིག་བཙལ་དགོས། །ཡང་དག་པའི་བླ་མ་དང་མ་མཇལ་ན། །ལོག་པའི་བཤེས་གཉེན་དང་ཕྲད་དོག་ཡོད། །བླ་མ་ལ་སངས་རྒྱས་སུ་མཐོང་ན་དངོས་གྲུབ་འབྱུང༌། །རང་སྣང་ལྷ་རུ་འཆར་བ་ཞིག་དགོས། །རང་སྣང་ལྷ་རུ་མ་ཤར་ན། །ཀུན་བཏགས་ཀྱི་བསྐྱེད་རིམ་སྒོམ་དོགས་ཡོད། །ཡོངས་གྲུབ་བསྐྱེད་རིམ་དུ་ཤེས་པར་མཛོད། །རང་སེམས་ཆོས་སྐུར་རྟོགས་པ་ཞིག་དགོས། །རང་སེམས་ཆོས་སྐུར་མ་རྟོགས་ན། སྟོང་ཉིད་གཞན་དུ་སྒོམ་དོགས་ཡོད། །གཉུག་མའི་ངང་དང་མ་བྲལ་མཛོད། །བྱེད་སྤྱོད་ཆོས་དང་མཐུན་པ་ཞིག་དགོས། །བྱེད་སྤྱོད་ཆོས་དང་མ་མཐུན་ན། །སྤྱོད་པ་བླང་དོར་བྱེད་དོགས་ཡོད། །སྤྱོད་པ་ཆོས་དང་མཐུན་པར་མཛོད། །སངས་རྒྱས་རང་ལ་རྙེད་པ་ཞིག་དགོས། །སངས་རྒྱས་རང་ལ་མ་རྙེད་ན། །འབྲས་བུ་གཞན་ནས་ཚོལ་དོགས་ཡོད། །སྐུ་གསུམ་མངོན་དུ་གྱུར་པ་ཞིག་དགོས། །བུ་འདི་ལ་གཟིགས་ལ་ཞུ་གཏུག་མཛོད། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

ཤེས་རབ་དྷརྨ་ལ་གདམས་པ།

ན་མོ་གུ་རུ། ཀཱ་ཡ་ཝ་ཀ་ཙིཏྟ། འཁོར་ལོ་གསུམ། གཞི་མལ་མལ། དོག་ཅམ་ཅམ། ཡ་ཐོག་མ་ཐོག །བར་མ་གཉིས་མེད། སྟོང་ཕྲག་དྲུག་ཅུ། མཁའ་འགྲོ་མ་རྣམས། གནས་ཆེན་གཙོ་དྲུག ཉི་ཁྲི་ཆིག་སྟོང༌། དྲུག་བརྒྱ་པ། དྷུ་ཏིར་ཚུད་ན། ཡོན་ཏན་ལྡན། ཞི་དྲག་བཅོལ་བ། གནས་སུ་ཚུད་ན། མདུད་གྲོལ་བདེ་བས། ཆགས་པ་ཀུན་གཅོད། བདེ་བ་མཆོག་གྱུར། གང་ལ་རག་ལས། གནད་བཞི་རྟེན་འབྲེལ། བཞི་འདུས་འགྲིགས་ན། འབྲས་བུ་མཆོག་འགྱུར། དེ་ལས་བྱུང་གིས། གལ་ཏེ་བརྐྱལ་སྟོང༌། ཕུ་བཏབ། ཞོ་བཤིག མར་མེད། ཟིལ་པ་སྤྲུག་པས། རི་བོང་ཐུར་དེད། ཟག་བཅས་ཟུག་རྔུ། བདུད་ཀྱི་ཆོས་ཀྱིས། ཡོན་ཏན་འཛོམས་པས། དེ་བས་ཧབ་ཧབ་ཧིག་ཧིག །འཕྲུལ་འཁོར་གསུམ་འཛོམས། གནད་ཀྱིས་རི་བོ་ཧམ་བརྐྱལ། གེགས་སེལ་གནད་ཀྱིས། །གདམས་པའི་མཛོད་འཛིན། །བཅས་བཅོས་མ་བྱེད། །ལྷུག་པ་ཆེན་པོ། །ལྟ་ཉུལ་མ་བྱེད། །རང་དགའ་ཆེན་པོ། །ལྷོད་ཀྱིས་ཀློད་དང༌། །གཅེར་གྱིས་མཐོང་གིས། །ཡེ་ནས་ལྷུན་གྲུབ། །གཞན་གྱིས་འཕྲོག་མེད། །གཞན་གཅིག་ཡོད་མིན། །རྟོགས་ཐོབ་དུས་མཉམ། །བྷེ་ཏའི་འབྲས་བུ། །ཇི་བཞིན་མཚུངས་པས། །ཚོལ་བསམ་ཞོག་ཅིག །ལྷུན་གྱིས་གྲུབ་པའོ། །དར་ཚག་ཞིབ་མོ། རྩེང་པོའི་མ་གསེང༌། གསང་སྤྱོད་ཟབ་མོ། །ཐོ་ཅོས་གྲག་འགྱུར། །ལྔ་བསྟེན་ཡོན་ཏན་སྐྱེ་ན། །བསྟན་པས་ཆོག་གི །ཞེན་པ་སྤོངས་ཞིག །ཡོན་ཏན་སྐྱེ་ཡིས། །དུས་ལ་བབ་ན། །བརྟུལ་ཞུགས་ཆེན་པོ། །སྤྱོད་པས་མཆོག་གི །གྲོལ་བར་ངེས་སོ། །གཞི་ལ་གནས་པ། །ལམ་དུ་བསྒོམས་པས། །མངོན་དུ་འགྱུར་གྱི། །པྲ་ཛྙཱ་དར་མའི། །གཉེན་པོར་འགྲོ་ན། །འདི་ལ་གཞན་མེད། །ཐུགས་ལ་ཞོག་ཅིག །པྲ་ཛྙཱ་སེང་ཧས་པྲད་ཛྙཱ་དྷརྨ་ལ་ཅི་ཐོན་སྨྲས་པ། གདམས་པར་སོང་ནས། ངོ་མཚར་ཆེ་ལགས། འདི་བྲིས་དགེ་བ་དེས། མཁའ་མཉམ་འགྲོ་བ་མ་ལུས་པའི། བསམ་པ་བདུད་རྩི་འདི་དོན་ཉམས་སུ་ཚུལ་བཞིན་བླངས་པས། འབྲས་བུ་མྱུར་དུ་ཐོབ་པར་ཤོག་ཅིག །ཤེས་རབ་དྷརྨ་གདམས་པ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

སྤྱང་ང་ཆེན་པོ་ལ་གདམས་པ།

སྤྱང་ང་ཆེན་པོར་སླར་ཞུ་བ། གདམས་ངག་ཅིག་ཉན་དུ་གསོལ། ཐར་པ་དང་ཐམས་ཅད་མཁྱེན་པ་བདེ་བ་ཡིན། འཁོར་བ་དང་ངན་སོང་སྡུག་བསྔལ་ཡིན། དེ་ལྟར་མཁྱེན་ནས། སྤྱང་ངས་ཀྱང་ཚེ་གཅིག་ལ་ཆོས་བགྱིས་པ་ལགས། ད་རུང་ཆོས་བྱེད་པ་ཁོ་ན་གལ་ཆེ་བ་ཡིན་པས། ཅི་བྱེད་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པར་གྱིས་ལ། སེམས་ཅན་ལ་སྙིང་རྗེ་སྒོམས། དུས་རྒྱུན་དུ་བླ་མ་སྤྱི་བོར་བསྒོམ་ལ། སྙིང་ཐག་པ་ནས་མོས་གུས་གྱིས། བསྐྱེད་རྫོགས་གཉིས་བསྒོམ་ལ། རང་ལུས་ཡི་དམ་གྱི་ལྷར་བསྒོམ་ལ། སེམས་གདོད་མ་ནས་དག་ཅིང༌། ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པས་མ་བཅོས་པར་ཞོག རྗེས་དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་གྱུར་ཅིག་པའི་བསྔོ་བ་མཛོད། ང་འབུ་ཡང༌། སྤྱང་ང་དང་ཤིན་ཏུ་མཇལ་བར་སྤྲོ་བས། མཇལ་དུ་རེ་བ་ཡིན། ཇ་འདྲེན་དང་སྔར་མ་བཏང༌། ད་ལྟ་ཡང་ཡོང་བ་མི་བདེ་བ་འདུག །ང་ཡོང་ཀྱང་ཆོས་སྟོན་པ་ལས་གཞན་བྱ་རྒྱུ་མེད་པས། དེ་སྔ་ངས་བསྟན་པའི་གདམས་ངག་ཡོད་པ་དང༌། ད་ལྟ་བསྟན་པ་བཞིན་དུ་དགེ་སྦྱོར་མཛོད། ངས་ཀྱང་དུས་རྒྱུན་དུ་མི་བརྗེད་པར་སྨོན་ལམ་འདེབས་པ་ཡིན། དུས་རྒྱུན་དུ་བླ་མ་སྤྱི་བོར་བསྒོམས་པས་ན་ཚེ་རབས་ཐམས་ཅད་དུ་མི་འབྲལ་བ་ཡིན། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

ཡོན་བདག་ཉི་མ་སེངྒེ་ལ་གདམས་པ་བསྟན་བཅོས་ཡེ་ཤེས་འོད།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་ཏི་ཤྲི་རས་པ་ཡིས། །ཡོན་བདག་ཉི་མ་སེངྒེ་ལ། །ཟབ་པའི་ཆོས་ཤིག་སྤྲིང་བར་བགྱི། །སངས་རྒྱས་བསྟན་པ་དར་དུས་སུ། །བསོད་ནམས་བསགས་པས་མི་ལུས་ཐོབ། །རིགས་མཐོ་གཟུགས་བཟང་ལོངས་སྤྱོད་ཆེ། །ཤེས་བཞིན་སྨྲ་བསམ་ཚོད་དང་ལྡན། །དཔའ་དང་བརྟན་དང་འགྲོགས་ཁྲེལ་ཆེ། །མི་ཆོས་ཡོན་ཏན་ཀུན་དང་ལྡན། །དད་དང་སྙིང་རྗེ་ཤེས་རབ་ཆེ། །བླ་མ་ལ་གུས་གཏོང་ཕོད་ཆེ། །ཆོས་ལྔ་ལྡན་པའི་གང་ཟག་ལ། །བླ་མའི་ཞལ་ནས་འདི་སྐད་གསུངས། །བཀའ་དང་བསྟན་བཅོས་མན་ངག་གི །ཆོས་རྣམས་སྤྱི་ཡི་བྱ་ལུགས་ནི། །འཁོར་བ་སྤང་ཞིང་མྱང་འདས་སྒྲུབ། །ཐར་པ་སྒྲུབ་པར་གསུངས་ན་ཡང༌། །ཆོས་རྣམས་རང་གི་མཚན་ཉིད་ནི། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་དང་གསུམ་དུ་གསུངས། །དེ་ཡིས་ཉམས་སུ་བླང་བ་ནི། །མཚན་དང་དཔེ་བྱད་ལྡན་པ་ཡི། །སྐུ་གསུམ་གཞན་དོན་བྱེད་པ་ཡི། །འབྲས་བུ་སྒྲུབ་པ་ཚུལ་ཁྲིམས་ཡིན། །སོ་སོར་ཐར་པའི་རིགས་བདུན་ལ། །སྣ་གཅིག་ཚང་མར་བསྲུང་བར་གྱིས། །བྱང་ཆུབ་སེམས་ཀྱི་སྡོམ་པ་ནི། །དགེ་བའི་བཤེས་གཉེན་དོན་ལྡན་ལ། །སྨོན་འཇུག་དོན་དམ་སེམས་བསྐྱེད་བླངས། །བྱང་ཆུབ་སེམས་གཉིས་དབྱེར་མེད་ཀྱིས། །ཅི་བྱེད་བྱང་ཆུབ་སེམས་སུ་བསྒྱུར། །འགྲོ་བ་སེམས་ཅན་མ་རྒན་རྣམས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱིས། །བྱང་ཆུབ་སེམས་ཀྱིས་བརྐྱང་གྱུར་ན། །རང་གཞན་གཉིས་ཀྱི་བདེ་སྐྱིད་འབྱུང༌། །ཆོས་སྐུ་གཟུགས་སྐུ་དབྱེར་མེད་ཀྱིས། །གཞན་དོན་དཔག་མེད་བསྒྲུབ་པ་ཡིན། །རིག་འཛིན་སྔགས་ཀྱི་ཉམས་ལེན་ནི། །སྨིན་གྲོལ་གཉིས་སུ་གསུངས་པ་ལས། །རྡོ་རྗེ་སློབ་དཔོན་མཚན་ལྡན་ལ། །དབང་བཞི་ཚུལ་བཞིན་ཐོབ་ནས་ཀྱང༌། །དམ་ཚིག་གཙང་མར་བསྲུང་བར་བྱ། །བསྐྱེད་རྫོགས་གཉིས་ཀྱི་ལམ་ཉིད་ལ། །གང་དག་དབང་པོའི་བྱེ་བྲག་གིས། །མེ་ཏོག་གང་དུ་ཕོག་པ་ཡི། །རང་ལུས་ཡི་དམ་ལྷ་རུ་བསྒོམ། །ལྷ་ཉིད་བསྒྲུབ་བྱར་མ་བྱེད་པར། །རང་སེམས་ལྷར་ནི་ཤེས་པར་གྱིས། །རྫོགས་པའི་རིམ་པ་སྒོམ་པ་ནི། །རྒྱུད་སྡེ་རྣམས་སུ་གསུངས་པ་ལ། །གྲུབ་ཐོབ་ཆེན་པོ་རྣམས་ཀྱིས་ཀྱང༌། །རྫོགས་རིམ་དཔག་མེད་གསུངས་ན་ཡང༌། །བླ་མ་ནཱ་རོ་པཎ་ཆེན་གྱིས། །མཚན་བཅས་རྫོགས་རིམ་དཔག་མེད་གསུངས། །ཁྱད་པར་ཆོས་དྲུག་ཆོས་བཅུ་གསུངས། །ལམ་དེ་ཉམས་སུ་བླངས་པ་ལས། །རྟགས་དང་ཡོན་ཏན་དངོས་གྲུབ་འབྱུང༌། །འགྲོ་བ་སེམས་ཅན་དོན་དུ་ནི། །ཚེ་འདིར་རྫོགས་པའི་སངས་རྒྱས་འཐོབ། །བུ་ལམ་འདི་ཉམས་སུ་ལེན་པར་གྱིས། །མཚན་མེད་རྫོགས་རིམ་གསུངས་པ་ན། ཀྱཻ་ཧོ། འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་སྤྱོད་ཡུལ་ལས་འདས་པ། ཞེས་གསུངས་སོ། །དེའི་དོན་དེ་གང་ཡིན་ན། །རང་སེམས་ཕྱག་རྒྱ་ཆེན་པོ་ཡིན། །རང་སེམས་རྟོགས་པའི་སྐད་ཅིག་ལ། །ཆོས་ཀུན་དེ་ཉིད་ཤེས་པར་འགྱུར། །རང་སེམས་རིག་པའི་གནས་ལུགས་ནི། །གདོད་ནས་དག་ཅིང་སྤྲོས་དང་བྲལ། །སྣ་ཚོགས་སྣང་བ་དཀར་དམར་དང༌། །འཁོར་འདས་གཉིས་སུ་སྣང་ན་ཡང༌། །རང་སེམས་དེ་ལྟར་སྣང་བ་ཡིན། །དེ་ལ་གཉིས་སུ་མ་རྟོག་པར། །རང་སྣང་ཡིན་པར་ཤེས་པར་གྱིས། །དེ་དང་དེ་ལྟར་ཡིན་པར་ནི། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་འོད། །ཉི་མ་དང་ནི་འོད་ཟེར་བཞིན། །ཞེས་གསུངས་སོ། །ཟུང་འཇུག་གཉིས་མེད་ཡེ་ཤེས་དེ། །སངས་རྒྱས་ཀྱི་ནི་སྐུ་གསུང་ཐུགས། །དེ་ཉིད་རང་གི་སེམས་ཡིན་པས། །རང་སེམས་རྟོགས་པས་ལྟ་བ་ཡིན། །དོན་དེ་གང་ལས་བྱུང་ཞེ་ན། །བླ་མ་ཚད་དང་ལྡན་པ་ལ། །སློབ་མ་ཚད་དང་ལྡན་པ་ཡིས། །མོས་གུས་བྱས་ཤིང་གསོལ་བཏབ་ནས། །དེ་ཡི་བྱིན་རླབས་ཞུགས་པ་ཡིས། །རང་སེམས་རང་གིས་རྟོགས་པ་ཡིན། །དེ་ཡི་དོན་དེ་སྒོམ་པ་སྟེ། །སེམས་མ་བཅོས་པ་དེ་ཆོས་ཀྱི་སྐུ། །བཅས་བཅོས་མ་བྱེད་ལྷུག་པར་ཞོག །ལྟ་ཉུལ་མ་བྱེད་རང་གར་ཞོག །ཡིད་ལ་མ་བྱེད་མི་དམིགས་ཞོག །བདེ་གསལ་མི་རྟོག་ལྷང་ངེར་ཞོག །ཉམས་ཀྱི་རྩི་ལ་མ་འབྱར་བར། །ཐམས་ཅད་སྒོམ་དུ་ཤེས་པར་གྱིས། །ཆད་ལྟ་སྟོང་པ་མ་སྒོམ་པར། །གཉུག་མ་ཡེ་ཤེས་གོམས་པར་གྱིས། །དེ་ལྟར་ཉམས་སུ་ལོན་གྱུར་ན། །ནོར་བུ་རྒྱལ་མཚན་རྩེ་ལ་བཏགས། །དགོས་འདོད་ཐམས་ཅད་འབྱུང་བ་བཞིན། །བསྒོམས་པས་ཉམས་སུ་མྱོང་གྱུར་ན། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་འབྱུང༌། །བོགས་འདོན་རོ་སྙོམས་སྤྱོད་པ་ནི། །འཁོར་བའི་སྡུག་བསྔལ་སྣ་ཚོགས་དང༌། །མྱང་འདས་བདེ་བ་སྣ་ཚོགས་ཀུན། །རྐྱེན་གྱིས་ཐ་དད་སྣང་ན་ཡང༌། །དགེ་དང་མི་དགེའི་ལས་རྣམས་ཀུན། །སྣ་ཚོགས་ཐུག་ཕྲད་རང་གྲོལ་དུ། །ཆོས་ཀྱི་སྐུ་རུ་ལོངས་སྤྱོད་ན། །ཐམས་ཅད་གྲོགས་སུ་འཆར་བ་ཡིན། །ལྟ་སྒོམ་སྤྱོད་གསུམ་མ་འཆུག་ན། །འབྲས་བུ་སྐུ་གསུམ་འཆར་བ་ཡིན། །སེམས་སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །འགགས་པ་མེད་པ་ལོངས་སྤྱོད་སྐུ། །གནས་པ་མེད་པ་སྤྲུལ་པའི་སྐུ། །སྐྱེ་འགགས་གནས་གསུམ་ངོ་བོ་ཉིད། །སེམས་སྐུ་བཞི་ལྷུན་གྲུབ་འབྲས་བུའོ། །བདག་རྐྱེན་ཚོགས་གཉིས་བསགས་པ་དང༌། །གཞན་རྐྱེན་ཉེར་ལེན་ཡོད་པ་ལ། །སྐུ་གསུམ་རང་སྣང་འཆར་བ་དེ། །གཞན་དོན་དཔག་མེད་འགྲུབ་པ་ཡིན། །ཆོས་གཤའ་མར་གྱིས་ཤིག་དད་པ་ཅན། །འཁོར་བའི་ཐག་པ་འཁྲི་ཞིང་དམ། །བློ་ཐག་ཆོད་ལ་རབ་ཏུ་བྱུང༌། །འོན་ཀྱང་ཆོས་སྒོ་བསམ་མི་ཁྱབ། །རྒྱལ་པོ་ཨིནྡྲ་བོ་དྷི་ཡིས། །དཔལ་ལྡན་འདུས་པའི་དཀྱིལ་འཁོར་དུ། །ཞུགས་ནས་ཉམས་སུ་བླངས་པ་ཡིས། །སྲས་དང་བཙུན་མོར་བཅས་ནས་ནི། །ཚེ་འདིར་མཁའ་སྤྱོད་དངོས་གྲུབ་ཐོབ། །བུ་ཁྱོད་ཀྱང་དེ་བཞིན་འགྲུབ་པར་གྱིས། །དུས་གསུམ་བསགས་ཡོད་དགེ་བ་དང༌། །ཆོས་འདི་བརྩམས་པའི་དགེ་བ་ཡིས། །ཞུ་བ་པོ་དང་འགྲོ་བ་རྣམས། །བདག་གཞན་སངས་རྒྱས་ཐོབ་པར་ཤོག །ཏི་ཤྲི་རས་པས་ཡོན་བདག་ཉི་མ་སེངྒེ་ལ་སྤྲིངས་པ། བསྟན་བཅོས་ཡེ་ཤེས་འོད་ཅེས་བྱ་བ་རྫོགས་སོ། །དགེའོ།།

རིན་ཆེན་ཀུན་ཏུ་འོད།

གང་གི་དྲིན་གྱིས་བདེ་བ་ཆེར་གྱུར་པའི། །དུས་གསུམ་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ལྷ་དང་དཔའ་བོ་མཁའ་འགྲོ་དང༌། ཆོས་སྐྱོང་སྲུང་མ་མཆོད་འོས་ཐམས་ཅད་ལ། །གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། །བདེན་པ་དེ་ཡིས་འགྲོ་ལ་ཕན་མཛད་པ། །བཀའ་དང་བསྟན་བཅོས་མན་ངག་སྙིང་པོའི་བཅུད། །རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གནད་གཟེར། །རང་སེམས་རྟོགས་པ་བསྒོམས་པས་སངས་རྒྱས་པའི། །བླ་མས་གསུངས་པའི་ཟབ་མོ་འབྲི་བར་བྱ། །ཨེ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས། །ཁྱད་པར་མཆོག་གྱུར་གང་ཟག་ལས་འཕྲོ་ཅན། །ཚུར་གཤེགས་གདུལ་བྱར་བབ་པའི་སློབ་མ་རྣམས། །བླ་མས་གསུངས་པའི་ཆོས་འདི་བསྟེན་པར་གྱིས། །འཇིག་རྟེན་ཁམས་ཀྱི་ཞིང་ཁམས་ཐམས་ཅད་དུ། །སངས་རྒྱས་གྲངས་མེད་དཔག་མེད་བྱོན་ན་ཡང༌། །བདེ་གཤེགས་རྒྱལ་བ་ཤཱཀྱ་ཐུབ་པ་ནི། །ཚོགས་གཉིས་རབ་རྫོགས་ས་ལམ་མཐར་ཕྱིན་ནས། །འོག་མིན་སྟུག་པོ་ཆོས་ཀྱི་ཕོ་བྲང་དུ། །རྫོགས་ལྡན་དུས་སུ་མངོན་པར་སངས་རྒྱས་ནས། །རི་རབ་སྟེང་དུ་རིགས་ལྔའི་གསང་སྔགས་གསུངས། །རྩོད་ལྡན་དུས་སུ་སྤྲུལ་སྐུ་ཤཱཀ་ཐུབ་བྱོན། །དེ་ཡི་བསྟན་པ་དར་ཞིང་རྒྱས་དུས་སུ། །དལ་འབྱོར་རིན་ཆེན་མི་ལུས་ཐོབ་པ་དང༌། །ཆོས་ལ་གོམས་པའི་སྣང་བ་སད་པ་ཡིས། །རང་ཆོས་གཤའ་མར་བྱེད་པའི་བསམ་པ་སྐྱེས། །སྐྱེ་ཤི་མི་རྟག་འཁོར་བའི་སྡུག་བསྔལ་དང༌། །འཇིག་རྟེན་ཆོས་བརྒྱད་ཚེ་འདིའི་བསླུ་བྲིད་ལ། །སྐྱོ་བ་སྐྱེས་ཤིང་སྐད་ཅིག་མ་ཆགས་པས། །རང་གཞན་གཉིས་ཀྱི་དོན་ཆེན་འབྱུང་བ་ཡིན། །ལར་ཆོས་གཤའ་མར་བྱེད་པའི་གང་ཟག་དེ། །སེམས་ཅན་ཀུན་གྱི་ནང་ནས་མཆོག་ཡིན་པས། །དེ་ནི་མངོན་པར་རྫོགས་པ་སངས་རྒྱས་པས། །དེ་ལ་བདག་ཀྱང་ངོ་མཚར་སྐྱེས་པ་ཡིན། །ཆོས་གཤའ་མ་གཅིག་གྱིས་ཤིག་སྐལ་ལྡན་རྣམས། །ཀྱེ་མ་ཆོས་ཀྱི་བྱེད་ལུགས་མ་ནོར་བར། །རང་དང་བླ་མ་གདམས་ངག་ཚད་ལྡན་པ། །དེ་གསུམ་འཛོམས་ལས་ཡོན་ཏན་ཐམས་ཅད་འབྱུང༌། །དེ་ཡང་སློབ་མ་ཚད་དང་ལྡན་པ་དགོས། །དད་མེད་ཐབས་ཤེས་མི་ལྡན་སྐྱོན་ཅན་གྱིས། །ཚད་ལྡན་བླ་མའི་མཚན་ཉིད་མི་ཤེས་པས། །ཚད་ལྡན་མི་རྙེད་ལོག་པའི་བཤེས་དང་འཕྲད། །གལ་ཏེ་ཚད་ལྡན་རྙེད་ཀྱང་དམ་ཚིག་ཉམས། །དེས་ན་རང་ཉིད་ཚད་དང་ལྡན་པར་བྱ། །དད་ཅན་ཚུལ་ཁྲིམས་ལྡན་ཞིང་མཁས་ལ་སྒྲིན། །བླ་མ་ལ་གུས་སྲི་ཞུའི་ཐབས་ལ་མཁས། །སྐྱོན་མེད་ཡོན་ཏན་ལྡན་ལ་སྙིང་རྗེ་ཆེ། །སྣོད་ལྡན་ཤེས་རབ་ཅན་གྱི་བླ་མ་ནི། །རྩ་བའི་བླ་མ་བརྒྱུད་པ་དང་ལྡན་ཞིང༌། །ལུང་རིགས་གདམས་ངག་ཆེ་ཞིང་ཉམས་རྟོགས་བཟང༌། །ཐོས་བསམ་སྒོམ་གསུམ་ཡོན་ཏན་ཀུན་ལ་མཁས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་གཏེར། །འགྲོ་བ་ཀུན་གྱི་སྐྱབས་གནས་ཐུགས་རྗེ་ཅན། །རང་ཉིད་རྫོགས་སངས་རྒྱས་ཀྱི་སྤྱོད་དང་མཚུངས། །བསྟེན་པ་རྣམས་ལ་དེ་ཡི་ཡོན་ཏན་འབྱུང༌། །དེ་འདྲའི་མཚན་ལྡན་བླ་མ་བཙལ་ལ་བསྟེན། །ཐོས་མང་དོན་ལ་རྨོངས་ཤིང་ལོག་བཤེས་མཁན། །རྩ་མེད་མང་དུ་སྨྲ་བ་མཁས་སུ་རེ། །རང་སེམས་སངས་རྒྱས་ཡིན་པ་མ་རྟོགས་པར། །སངས་རྒྱས་ཡེ་ཤེས་ཡོད་མེད་གཏན་ལ་འབེབས། །ཡོན་ཏན་ཅན་ལ་གཤེ་ཞིང་ཕྲག་དོག་བྱེད། །ང་མཁས་ང་བཟང་ཟེར་བའི་ང་རྒྱལ་ཅན། །རང་ཉིད་ཆོས་དང་མི་ལྡན་གཞན་ལ་ཆོས་བཤད་བྱེད། །བདེན་ན་ཁྱེད་རང་དེ་ལྟར་མི་བྱེད་པ། །ཟེར་ཞིང་གཞན་པོ་རྣམས་ཀྱིས་འཐབས་སུ་འོང༌། །བཏུད་ན་འགྱེད་ཅིང་ཉེ་ན་འཐབ་མོ་བྱེད། ཡོན་ཏན་མི་འབྱུང་མི་དགེའི་ཆོས་ལ་འཁོད། །ངན་འགྲོ་ལོག་པར་འཁྲིད་པའི་ལམ་མཁན་དེ། །སྒོག་སྐྱ་དུག་སྡོང་འདྲ་བ་སྤང་བར་བྱ། །དམ་ཆོས་ཚད་དང་ལྡན་པ་གང་ཡིན་པ། །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ། །རང་བཞིན་ཀུན་ལ་གདོད་ནས་ཡོད་ན་ཡང༌། །མ་རིག་ཉོན་མོངས་རྣམ་རྟོག་དབང་གིས་སྒྲིབ། །མི་དགེ་སྡིག་པའི་ལས་རྣམས་སྤྱད་པ་ཡིས། །འབྲས་བུ་འཁོར་བའི་སྡུག་བསྔལ་མྱོང་བ་ལ། །ཐུགས་རྗེ་ཚད་ལྡན་དུས་གསུམ་སངས་རྒྱས་ཀྱིས། །རང་གིས་རྟོགས་པའི་སངས་རྒྱས་ཡེ་ཤེས་འདི། །སེམས་ཅན་མ་ལུས་ཀུན་དང་རང་གི་སེམས། །སངས་རྒྱས་ཐུགས་དང་ཁྱད་པར་མེད་པར་གསུངས། །གང་ཟག་ལས་ཅན་སྐལ་ལྡན་གཅིག་ཆར་བས། །རང་སེམས་སངས་རྒྱས་ཡིན་པར་རང་གིས་རྟོགས། །རྟོགས་པ་བསྒོམས་པས་འབྲས་བུ་སངས་རྒྱས་ཐོབ། །དེ་སོགས་འགྲོ་བ་སེམས་ཅན་ཐམས་ཅད་དང༌། །གང་ཟག་རིགས་ནི་བྱེ་བྲག་སོ་སོ་ལ། །རྒྱལ་བས་ཐེག་པ་དཔག་མེད་གསུངས་ན་ཡང༌། །ཁྱད་པར་སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་དང་ཐེག་པ་གསུམ་དུ་གསུངས། །དེ་ལ་གང་ཟག་བློ་ཡི་བྱེ་བྲག་སོ་སོ་ཡིས། །རིང་བརྒྱུད་ཉེ་བརྒྱུད་ཕྱི་ནང་གཉིས་སུ་བཟུང༌། །མུ་སྟེགས་བྱེད་ནི་ལྟ་ལོག་རྟག་ཆད་ལམ། །ཉམས་སུ་བླངས་པས་འབྲས་བུ་སོ་སོར་ཐོབ། །ཉེ་བརྒྱུད་ནང་པ་སངས་རྒྱས་ཐེག་པ་ལ། །ཐེག་གསུམ་སོ་སོར་ཉམས་སུ་བླངས་པ་ལས། །ལ་ལ་ཉན་ཐོས་དགྲ་བཅོམ་རང་སངས་རྒྱས། །གྲུབ་མཐའ་དམན་པས་གང་ཟག་བདག་མེད་རྟོགས། །བདག་མེད་གཉིས་མ་རྟོགས་པས་ཐེག་ཆུང་ལམ། །སོ་སོར་ཐར་གྱི་སྡོམ་པ་བསྲུང་བ་དང༌། །འགོག་པར་མ་གྱུར་ཚོགས་བསགས་བརྒྱུད་པའི་རྒྱུ། །འབྲས་བུ་མངོན་སངས་རྒྱས་པ་འཐོབ་པར་འགྱུར། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །བྱང་ཆུབ་སེམས་གཉིས་དབྱེར་མེད་གཞི་དག་ལ། །ཕ་རོལ་ཕྱིན་དྲུག་ཚོགས་གཉིས་རབ་ཏུ་བསགས། །བདག་མེད་གཉིས་རྟོགས་ཐེག་པ་ཆེན་པོ་ཡིན། །ས་ལམ་མཐར་ཕྱིན་སྒྲིབ་སྤངས་ཡོན་ཏན་རྫོགས། །དེ་ལྟའི་དཔའ་ཆེན་བྱང་ཆུབ་སེམས་དཔའ་ལ། །ཕྱོགས་བཅུའི་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས། །བཅུད་བསྡུས་འོད་ཟེར་འབྲས་བུའི་དབང་བསྐུར་ནས། །དེ་ནས་འགྲོ་བའི་དོན་དུ་མངོན་སངས་རྒྱས། །མཚན་ཉིད་ཕ་རོལ་ཕྱིན་པའི་ཐེག་པ་ཡིན། །འབྲས་བུ་རྡོ་རྗེ་ཐེག་པའི་ལམ་ཉིད་ནི། །སྨིན་བྱེད་དབང་བཞི་ཚུལ་བཞིན་ཐོབ་བྱས་ནས། །གྲོལ་བྱེད་བསྐྱེད་རྫོགས་གཉིས་ཀྱི་ལམ་ཉིད་ལ། །རང་གི་ལུས་ངག་རླུང་དང་ཡི་གེ་ཡི། །རྡོ་རྗེ་ལུས་ཀྱི་གནས་ལུགས་ཚང་བ་དེར། །ཕྱི་ནང་གནད་ཀྱི་རྟེན་འབྲེལ་འགྲིགས་པ་དང༌། །ཟུང་འཇུག་གཉིས་སུ་མེད་པར་རྟོགས་པ་ཡིས། །བསྒོམས་པས་ས་ལམ་མ་ལུས་རབ་བགྲོད་པས། །སྒྲིབ་པ་སྦྱངས་ཤིང་ཡོན་ཏན་ཐམས་ཅད་རྫོགས། །ས་དེར་གནས་པའི་བྱང་ཆུབ་སེམས་དཔའ་དེ། །འོག་མིན་སྟུག་པོ་ཉམས་དགའི་ཕོ་བྲང་དུ། །ལྷུན་རྫོགས་གོས་དང་བཅས་པར་བརྫུས་སྐྱེས་ལ། །སློབ་དཔོན་དུས་གསུམ་བདེ་གཤེགས་བཅུད་འདུས་ཀྱིས། །རིག་མ་ལ་བསྟེན་འབྲས་བུའི་དབང་བསྐུར་བས། །སྐུ་གསུམ་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ། །དྲུག་པ་རྡོ་རྗེ་འཆང་དུ་མངོན་སངས་རྒྱས། །རིགས་མཐུན་ལ་སོགས་སེམས་ཅན་ཐམས་ཅད་ལ། །རྒྱུད་སྡེ་བཞི་སོགས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ལྟར་སངས་རྒྱས་བཀའ་ནི་རྒྱས་བསྡུས་ལ། །དགྲ་བཅོམ་ལ་སོགས་མཁས་པ་ཐམས་ཅད་ཀྱིས། །བདེ་གཤེགས་བཀའ་ཡི་དགོངས་པ་བསྡུ་བར་མཛད། །སངས་རྒྱས་གཉིས་པ་ལྟ་བུའི་ཐུགས་རྗེ་ཅན། །རྟོགས་ལྡན་རྣམས་དང་མཁས་པ་པཎྜི་ཏས། །བཀའ་ལ་ཡིན་མིན་རྩོད་པ་སྤོང་བ་དང༌། །བཀའ་དང་བསྟན་བཅོས་ཁྱད་པར་བསྟན་པ་དང༌། །མུ་སྟེགས་བྱེད་དང་ལྟ་ལོག་དགག་པ་དང༌། །བརྗོད་བྱ་རྗོད་བྱེད་ཚིག་དོན་འགལ་བ་དང༌། །གང་ཟག་བློ་ཡི་བྱེ་བྲག་གྲུབ་མཐའ་ལ། །གོལ་ས་གཅོད་ཅིང་དོན་ལ་མཁས་པ་ཡིས། །གཞན་གཞུང་དགག་བྱ་རྣམ་པར་གཅོད་པ་དང༌། །རང་གཞུང་བསྒྲུབ་བྱ་ཡོངས་སུ་བསྒྲུབ་པ་ཡི། །གཞལ་བྱེད་མངོན་སུམ་རྗེས་དཔག་ཚད་མ་ཡིས། །བདེ་གཤེགས་བཀའ་ཡི་ཚིག་དང་དོན་རྣམས་ནི། །མ་ནོར་གཏན་ལ་འབེབས་པར་མཛད་པ་ཡི། །དོན་རྟོགས་ལམ་རྣམས་ཉམས་སུ་བླངས་པས་ནི། །ས་ལམ་ནོན་ཅིང་སྒྲིབ་དག་ཚོགས་རྫོགས་པས། །རང་གཞན་དོན་གྲུབ་སངས་རྒྱས་ཐོབ་པ་ཡིས། །སྤྱི་དང་རང་གི་མཚན་ཉིད་སྟོན་མཛད་པའི། །འགྲེལ་པ་དང་ནི་བསྟན་བཅོས་ཊཱི་ཀ་མཛད། །མཁས་པ་ཁྱེད་རྣམས་ལ་ནི་བདག་ཕྱག་འཚལ། །རྟོགས་ལྡན་རྣལ་འབྱོར་ཆེན་པོ་ཀུ་སུ་ལུས། །འགྲོ་བ་མ་ལུས་སེམས་ཅན་ཐམས་ཅད་ལ། །ཚད་མེད་ཐུགས་རྗེ་ཆེན་པོ་སྐྱེས་པ་ཡིས། །བཀའ་དང་བསྟན་བཅོས་རྒྱས་པར་གསུངས་པ་ལས། །དོན་གྱི་གནད་རྣམས་ཉམས་ལེན་མ་ཤེས་དང༌། །ཉུང་ངུར་བསྡུས་པ་བརྡ་ཡི་ཆོས་རྣམས་ལ། །རྒྱུད་དཀྲུག་ལུང་དཀྱུས་མན་ངག་གབ་པ་ཡིས། །མཐའ་དྲུག་དགོངས་པ་གོ་བར་མ་ནུས་དང༌། །དོན་རྣམས་མ་གོ་ཚིག་ལ་མཁས་པ་ཡི། །ཐོས་མང་དོན་ལ་རྨོངས་པ་རྣམས་དང་ནི། །ཐོས་ཆུང་སྒོམ་པས་ཁེངས་པའི་སྟོང་སྦོས་པ། །ཚིག་དོན་གཉིས་ལ་རྨོངས་པའི་གང་ཟག་ལ། །བཀའ་དང་བསྟན་བཅོས་གཉིས་ཀྱི་མན་ངག་ནི། །སེམས་ཅན་ལུས་ངག་ཡིད་གསུམ་ཆོས་རྣམས་ལ། །སངས་རྒྱས་སྐུ་གསུང་ཐུགས་སུ་སྟོན་མཛད་པས། །གནད་བཞིའི་རྟེན་འབྲེལ་འགྲིགས་པའི་མན་ངག་གིས། །གཉིས་མེད་རང་རིག་ཡེ་ཤེས་མངོན་སུམ་དུ། །སྐད་ཅིག་གཅིག་གིས་དོན་རྣམས་རྟོགས་པ་ལ། །ལུང་དང་རྗེས་དཔག་མང་པོ་སྤྲོ་མི་དགོས། །འོན་ཀྱང་ལུང་དང་རྗེས་དཔག་རང་སེམས་ཡིན། །གཅིག་ཤེས་ཀུན་ལ་མཁས་པའི་མན་ངག་གིས། །སེམས་རྟོགས་པས་ནི་ཚེ་འདིར་མངོན་སངས་རྒྱས། །བླ་མའི་གདམས་ངག་མཁས་པ་བསྟེན་ལས་བྱུང༌། །མོས་གུས་བསྐྱེད་ཅིག་ལས་ཅན་སྐལ་ལྡན་རྣམས། །རྟོགས་ལྡན་རྣམས་ལ་བདག་ནི་སྐྱབས་སུ་མཆི། །དེ་ལྟར་བཀའ་དང་བསྟན་བཅོས་མན་ངག་གི། །ཆོས་ཀྱི་བྱེ་བྲག་ཟུར་ཙམ་སྨོས་པ་དེ། །ཁྱེད་བཞེད་ཆོས་འདི་བསྟན་ན་ཆོག་ལགས་ཏེ། །མཁས་པ་རྣམས་ནི་ངེས་ཤེས་སྐྱེ་བ་དང༌། །རྨོངས་པ་རྣམས་ནི་ཤེས་རབ་སྐྱེ་བའི་ཕྱིར། །དམ་པ་ཆོས་ཀྱི་བྱུང་ཚུལ་བསྟན་པ་ཡིན། །ཁྱེད་ཀྱིས་ཞུས་པའི་ཆོས་རྣམས་བསྟན་པ་ནི། །རང་སེམས་ཕྱག་རྒྱ་ཆེན་པོ་རྟོགས་ཙ་ན། །སྣང་སྲིད་འཁོར་འདས་སེམས་ལས་ལོགས་ན་མེད། །རང་སེམས་སངས་རྒྱས་ཡིན་པར་རྟོགས་པ་ལ། །དེ་ལ་སྒོམ་ནི་དགོས་སམ་མི་དགོས་དང༌། །བསྒོམས་པའི་ཡོན་ཏན་ཅི་བྱུང་ཞུས་པ་དང༌། །ཡང་ནི་ཆོས་གཅིག་ཞུ་བར་གདའ་བ་ནི། །གཞུང་གཞན་ས་ལམ་ཡོན་ཏན་གསུངས་ན་ཡང༌། །འདིར་ནི་སྒོམ་ཆེན་པ་ཡི་ཉམས་ལེན་ལ། །རྣལ་འབྱོར་བཞི་ཡི་རིམ་པ་གསུངས་པ་སྟེ། །དེས་ན་སྒྲིབ་པ་སྤོང་དང་ཡོན་ཏན་སྐྱེ་ཚུལ་དང༌། །འབྲས་བུ་སངས་རྒྱས་ཇི་ལྟར་ཐོབ་ཚུལ་གསུངས། །དེ་ཡི་ལན་རྣམས་སོ་སོར་བསྟན་པ་ནི། །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ། །ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། །བདེ་གཤེགས་སྙིང་པོ་འགྲོ་བ་ཡོངས་ལ་ཁྱབ། །རང་སེམས་སངས་རྒྱས་ཡིན་པར་ཐུབ་པས་གསུངས། །གཞན་ཡང་རྒྱུད་རྒྱལ་བརྟག་པ་གཉིས་པ་ལས། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་དང༌། མདོ་རྒྱུད་བསྟན་བཅོས་མན་ངག་ཀུན་ལས་ཀྱང༌། །རིགས་ཁམས་རྣམ་དག་ཀུན་ལ་ཡོད་པར་གསུངས། །ཡོད་ཀྱང་རྟོགས་ཤིང་ཉམས་སུ་མ་མྱོང་བས། །སེམས་ཅན་སངས་རྒྱས་མ་ཐོབ་འཁོར་བར་འཁྱམས། །མ་སྒོམ་པ་ལ་སངས་རྒྱས་མི་འབྱུང་སྟེ། །སངས་རྒྱས་ཕལ་པོ་ཆེ་ཡི་མདོ་ལས་ཀྱང༌། །ཇི་ལྟར་འོན་པས་སིལ་སྙན་མཁན། །ཚོང་དུས་དབུས་སུ་དཀྲོལ་བྱེད་ཀྱང༌། །རང་གིས་གཅིག་ཀྱང་ཐོས་པ་མེད། །མ་སྒོམ་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་དུས་དབུས་སུ་བྲི་བྱེད་ཀྱང༌། །རང་གིས་གཅིག་ཀྱང་མཐོང་བ་མེད། །མ་སྒོམ་ཆོས་ཀྱང་དེ་བཞིན་ནོ། །ནོར་བུ་རིན་ཆེན་མཆིང་བུས་བཏུམས་པ་ལ། །འོད་དང་དགོས་འདོད་ཐམས་ཅད་འབྱུང་མི་འགྱུར། །བྱི་དོར་ཆས་བྱས་རྒྱལ་མཚན་རྩེར་བཏགས་ནས། །འོད་དང་དགོས་འདོད་ཐམས་ཅད་འབྱུང་བ་ཡིན། །རང་སེམས་རྟོགས་པ་བསྒོམས་པས་སངས་རྒྱས་སོ། །མཁའ་འགྲོ་མ་ཡི་རྒྱུད་ལས་ཀྱང༌། །སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པ་ཡིས་སངས་རྒྱས་ཀྱི། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས། བསྒོམས་ན་གནས་སྐབས་མཐར་ཐུག་ཡོན་ཏན་འབྱུང༌། །དེ་ཡང་ཉམས་སུ་བླངས་ཚུལ་བསྟན་པ་ནི། །གང་ཟག་དད་ཅན་ལས་ནི་དང་པོ་པས། །ཡང་དག་པ་ཡི་བླ་མ་བཙལ་ཞིང་བསྟེན། །སྡོམ་གསུམ་རྩ་བ་ཆོས་ཀྱི་གཞི་བྱས་ནས། །ཐབས་ལམ་ནཱ་རོའི་ཆོས་དྲུག་ཆོས་བཅུ་དང༌། །ལྟ་བ་མཐར་ཐུག་ཕྱག་རྒྱ་ཆེན་པོ་ཡི། །ཁྲིད་ཀྱི་རིམ་པ་སོ་སོར་སྟོན་པ་ནི། །བླ་མ་མཆོད་ནས་མཎྜལ་དབུལ་བར་བྱ། །དད་པ་གུས་པ་བསྐྱེད་ཅིང་གསོལ་བ་འདེབས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་བདུད་རྩི་དང༌། །ཡི་གེ་བརྒྱ་པས་སྡིག་སྒྲིབ་སྦྱངས་བྱས་ནས། །ཆོས་རྗེ་མཉམ་མེད་དྭགས་པོ་རིན་ཆེན་གྱིས། །དང་པོར་ལྷན་ཅིག་སྐྱེས་སྦྱོར་སྟོན་པར་མཛད། །དེ་ནས་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། །རང་སེམས་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་མཛད། །ཉམས་དང་རྟོགས་པའི་ཁྱད་པར་ངོས་འཛིན་ལ། །སྐྱོན་དང་གོལ་ས་བར་ཆད་གེགས་བསལ་ནས། །བརྟན་དང་བོགས་འདོན་ཁྲིད་ཀྱི་རིམ་པ་མཛད། །མཐར་ཐུག་རྟོགས་པ་སྐྱེས་པར་གྱུར་པ་ལ། །ཁྲིད་རིམ་རྫོགས་ནས་ཐོན་ཆོས་བསྔོ་བ་མཛད། །རྗེ་ཡི་ཞལ་སློབ་སངས་རྒྱས་སྒོམ་པ་དང༌། །བླ་མ་རིན་ཆེན་འབའ་རོམ་པ་དང་གཉིས། །སྐྱེ་མེད་ཞང་དང་ཆོས་རྗེ་འབྲི་གུང་པ། །གོང་མའི་རྗེས་འབྲང་ཁྲིད་ཀྱི་རིམ་པ་ཡིས། །རང་ལ་ཉམས་རྟོགས་སྐྱེས་པའི་གནད་ཤེས་པས། །གང་ཟག་བློ་ཡི་བྱེ་བྲག་སོ་སོ་ཡི། །ཁམས་དང་ཉོན་མོངས་བག་ལ་ཉལ་སོགས་ཀྱིས། །དེ་དང་དེ་ཡི་གཉེན་པོས་འཆོས་ཤེས་པས། །ཁྲིད་བྱས་པས་ནི་ཉམས་རྟོགས་སྐྱེ་བར་འགྱུར། །དེ་དོན་ཉམས་སུ་བླངས་ལུགས་བསྟན་པ་ནི། །རིམ་སྐྱེས་པ་ལ་བོགས་འདོན་གདམས་ངག་བསྟན། །ཐོད་རྒལ་བ་ལ་མཚམས་སྦྱོར་གདམས་ངག་བསྟན། །གཅིག་ཆར་བ་ལ་ངོ་སྤྲོད་གདམས་ངག་བསྟན། །ལས་དང་པོ་པ་ལ་མཉམ་བཞག་རྗེས་ཐོབ་བསྟན། །སྤྱོད་པ་མཉམ་བཞག་རྗེས་ཐོབ་རོ་སྙོམས་བྱ། །རང་སེམས་ཕྱག་རྒྱ་ཆེན་པོ་རྟོགས་པ་ལ། །མཉམ་བཞག་རྗེས་ཐོབ་སྤང་བླང་རིམ་པ་མེད། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀུན། །རང་སེམས་མིན་པ་གཞན་ཞིག་གྲུབ་པ་མེད། །སེམས་ཉིད་རྟོགས་ནས་སྒོམ་ཞིག་ལོགས་ན་མེད། །མ་བསྒོམ་དྲན་པས་ཟིན་དང་མ་ཟིན་ཡོད། །བསྒོམས་པར་གྱུར་ན་ཐམས་ཅད་སྒོམ་དུ་འཆར། །ཉམས་སུ་བླངས་ལུགས་གནད་དུ་བསྟན་པ་ནི། །མ་བཅོས་པ་ལ་མ་བསླད་པ་ཡི་དོན། །གཉུག་མའི་ཡེ་ཤེས་རྒྱུན་ཆད་མེད་པ་ལ། །བཏང་བཞག་མེད་པར་ངམ་ངམ་ཤུགས་ཀྱིས་གནས། །སྐྱེ་མེད་འོད་གསལ་རྒྱ་མཚོ་དྭངས་པ་ལ། །རྣམ་རྟོག་སྣང་བ་སྣ་ཚོགས་བྱུང་བ་རྣམས། །རྦ་རླབས་དང་ནི་ཆུ་བུར་ཇི་བཞིན་དུ། །གཉིས་མེད་ཐུགས་ཕྲད་རང་གྲོལ་སོ་མར་ཞོག །ཉམས་མྱོང་དང་ནི་རྟོགས་པ་དབྱེར་མེད་འབྱུང༌། །སྤང་བླང་མེད་ཀྱང་སྒྲིབ་པ་ཤུགས་ཀྱིས་འབྱངས། །ཆོས་སྐུ་སྤྲོས་བྲལ་གཉིས་མེད་ཟུང་འཇུག་ལ། །གནས་སྐབས་མཐར་ཐུག་ཡོན་ཏན་འཆར་བ་ཡིན། །སྟོང་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་དེ། །སྐྱེ་མེད་འོད་གསལ་སྟོང་པ་དངོས་པོའི་ཆོས། །སྣང་བ་དཀར་དམར་སྣ་ཚོགས་སྟོང་ཉིད་གཟུགས། །གཉིས་མེད་ཡེ་ཤེས་ཟུང་འཇུག་ཕྱག་རྒྱ་ཆེ། །དེ་བསྒོམས་པ་ལས་ཡོན་ཏན་ཐམས་ཅད་འབྱུང༌། །ཉི་མ་ཡོད་པས་འོད་ཟེར་ཡོད་བཞིན་དུ། །སྟོང་ཉིད་བསྒོམ་པའི་དགོས་པ་གང་ཡིན་པ། །བློ་ནི་གཞན་དོན་དགའ་བ་སྐྱེ་བར་འགྱུར། །སྒོམ་སྐྱེས་བླ་མའི་བཀའ་དྲིན་ཡིན་པར་གོ། །བླ་མ་སངས་རྒྱས་ཡིན་པའི་དད་གུས་སྐྱེ། །དྭངས་བའི་དད་པ་རུས་པའི་གཏིང་ནས་སྐྱེས། །ཕྱི་ནང་གྲུབ་མཐའ་གཞན་གྱི་ཡོན་ཏན་ལ། །རང་གི་བླ་མ་རིན་ཆེན་ཡོན་ཏན་ལ། །ཡིད་གཉིས་ཐེ་ཚོམ་རེ་དོགས་མི་སྐྱེ་བའི། །འགྱུར་མེད་བརྟན་པ་ཡིད་ཆེས་དད་པ་སྐྱེ། །འཁོར་བའི་རྒྱུ་འབྲས་མྱང་འདས་རྒྱུ་འབྲས་ལ། །གཉིས་མེད་གཉུག་མའི་ཏིང་འཛིན་བསྒོམ་པ་ཡི། །འདོད་པའི་དད་པས་འགོག་པ་མངོན་དུ་བྱེད། །དད་གསུམ་འཁོར་ལོ་རྒྱུན་ཆད་མེད་པ་ཡིས། །འགྲོ་བ་འདྲེན་པར་མཛད་པ་གཞན་དོན་ཡིན། །འགྲོ་བ་རིགས་དྲུག་སེམས་ཅན་མ་རྒན་རྣམས། །འཁོར་བའི་སྡུག་བསྔལ་དཔག་མེད་མྱོང་བ་ལ། །སྙིང་རྗེ་ཆེན་པོ་ངམ་ངམ་ཤུགས་ཀྱིས་སྐྱེས། །འགྲོ་བའི་སྡུག་བསྔལ་སེལ་བར་མཛད་པ་ཡི། །སྟོང་ཉིད་སྙིང་རྗེ་རྟག་ཏུ་བསྒོམ་པར་བྱ། །སེམས་ཅན་ལ་དམིགས་སྙིང་རྗེས་གཞན་དོན་བྱེད། །རང་སེམས་ཕྱག་རྒྱ་ཆེན་པོར་རྟོགས་པ་ཡིས། །སེམས་ཅན་རྣམས་ཀྱི་སེམས་དང་རང་གི་སེམས། །སངས་རྒྱས་ཐུགས་དང་འདི་གསུམ་འདྲ་བ་ལ། །རང་སེམས་མ་རྟོགས་སེམས་ཅན་ཐམས་ཅད་ལ། །ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྐྱེས། །གཞན་སེམས་རྟོགས་པར་བྱེད་པ་གཞན་དོན་ཡིན། །དེ་ལྟར་ཡིན་པར་འཕགས་པ་སྡུད་པ་ལས། །བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །འཁོར་འདས་གཉིས་མེད་མཐར་ཐུག་ཟུང་འཇུག་རྟོགས། །སེམས་ཅན་རྣམས་དང་སྙིང་རྗེ་སྒོམ་མཁན་གསུམ། །ཡུལ་དང་ཡུལ་ཅན་ཐ་དད་མི་དམིགས་པས། །ཆོས་རྣམས་ཐམས་ཅད་མཉམ་པ་ཉིད་ཡིན་ཡང༌། །སྡུག་བསྔལ་ཅན་ལ་སྙིང་རྗེ་ངང་གིས་སྐྱེས། །སེམས་ཅན་ཆོས་དང་དམིགས་མེད་སྙིང་རྗེ་གསུམ། །སྐྱེ་མེད་འོད་གསལ་རང་གཟུགས་སྙིང་རྗེ་ཡིས། །འགྲོ་བ་འདྲེན་པར་མཛད་པ་གཞན་དོན་ཡིན། །དེ་ལྟར་ཡིན་པ་འཕགས་པ་སྡུད་པ་ལས། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། །ཅེས་གསུངས་སོ། །སྐྱེ་མེད་བསྒོམ་པའི་དགོས་པ་གང་ཡིན་པ། །རང་གཞན་དོན་ཀུན་ཤེས་རབ་སྐྱེ་བ་ཡིན། །དུས་གསུམ་སངས་རྒྱས་མཁྱེན་པའི་ཡེ་ཤེས་དེ། །ཤེས་རབ་ཕུན་སུམ་ཚོགས་ལས་འབྱུང་བར་གསུངས། །དོན་དམ་ཀུན་རྫོབ་སྦྱངས་པའི་ཤེས་རབ་གསུམ། །རང་སེམས་གདོད་ནས་རྣམ་དག་སྤྲོས་དང་བྲལ། །རང་སེམས་རྟོགས་པ་དོན་དམ་ཤེས་རབ་ཡིན། །འཁོར་འདས་གཉིས་ཀྱི་རྒྱུ་འབྲས་སོ་སོ་ལ། །མ་འདྲེས་སོ་སོར་མཁྱེན་པའི་ཡེ་ཤེས་ཀྱིས། །རྒྱུ་མེད་པ་དང་རྒྱུ་འབྲས་འཆོལ་བ་དང༌། །རྟག་ཆད་འཕོ་དང་མ་ངེས་མུ་མཐའ་རྣམས། །གཏི་མུག་མུན་པས་སྒྲིབ་པའི་ལོག་ཤེས་སྤངས། །ཡང་དག་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་བའི། །ལས་འབྲས་དཀར་ནག་ཕྱེད་པ་ཀུན་རྫོབ་ཤེས་རབ་ཀྱིས། །གཞན་རྣམས་དགེ་ལ་བཀོད་པ་གཞན་དོན་ཡིན། །བཀའ་དང་བསྟན་བཅོས་མན་ངག་ཆོས་རྣམས་ལ། །མང་དང་མང་པོ་མང་དུ་ཐོས་པ་ཡིས། །ཡུལ་དང་ཡུལ་ཅན་ཕྱི་ཡི་སྒྲོ་འདོགས་ཆོད། །ཐོས་ལ་བསམ་པས་རྟག་ཏུ་བསྐྱང་པ་ནི། །དགེ་དང་མི་དགེའི་ཆོས་རྣམས་ཡུལ་ལས་བྱུང༌། །ཡུལ་རྣམས་བཀག་པས་སེམས་ཉིད་འགགས་པར་འདོད། །ཆུ་མིག་མགོ་འབུར་ས་ཡིས་ནོན་པ་མེད། །རྣམ་ཤེས་རྣམ་རྟོག་སྣ་ཚོགས་འཕྲོ་བ་དེ། །ཡུལ་སྣང་བཀག་པས་གཅིག་ཀྱང་ཁོག་པ་མེད། །འོན་ཀྱང་དེ་དག་བསམ་བྱུང་ཤེས་རབ་ཀྱིས། །དེ་ཉིད་དོན་ལ་རློམ་ཡང་སྨིག་སྒྱུའི་ཆུ་དང་འདྲ། །དོན་དམ་གཉུག་མ་བསམ་བརྗོད་ཡུལ་ལས་འདས། །རང་སེམས་དེ་ལྟར་རྟོགས་པའི་ཤེས་རབ་ཀྱིས། །འགྲོ་བ་འདྲེན་པར་བྱེད་པ་གཞན་དོན་ཡིན། །དགོན་པའམ་ནི་ནགས་ཁྲོད་དབེན་པ་རུ། །འཇིག་རྟེན་བྱ་བ་བཏང་ནས་སྒྲུབ་པ་ནི། །དང་པོ་སེམས་བསྐྱེད་ཡི་དམ་ལྷ་བསྒོམ་ཞིང༌། །བླ་མ་བསྒོམ་ཞིང་མོས་གུས་གསོལ་བ་འདེབས། །རང་སེམས་ཕྱག་རྒྱ་ཆེན་པོ་མ་བཅོས་པ། །སོ་མ་རང་དྭངས་མཉམ་ཉིད་ལྷུག་པར་ཞོག །དེ་ལྟར་བསྒོམ་ན་ཉམས་དང་རྟོགས་པ་འཆར། །ཚད་མ་བཞི་ཡིས་ཉམས་སུ་བླང་ཐབས་ནི། །རང་རིག་ཡེ་ཤེས་མངོན་གསུམ་ཚད་མ་ཡིས། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་དེ། །རྣལ་འབྱོར་མངོན་སུམ་རང་གི་སེམས་སུ་རྟོགས། །སྣང་མེད་འོད་གསལ་ཆེན་པོའི་ཤེས་རབ་སྟེ། །ཟག་མེད་ལྷན་ཅིག་སྐྱེས་པའི་བདུད་རྩིའི་རོ། །རྟོགས་ཤིང་ཉམས་སུ་མྱོང་བས་རང་རྒྱུད་ཚིམས། །འཁོར་བ་སྡུག་བསྔལ་ཟུག་རྔུ་གཏིང་ནས་བཏོན། །རང་སེམས་ཡོན་ཏན་རིན་ཆེན་གཏེར་དང་འཕྲད། །མྱ་ངན་འདས་པས་དབུལ་ཞིང་ཕོངས་པ་བསལ། །ཡོན་ཏན་ཐམས་ཅད་རྫོགས་པའི་གླིང་དུ་བརྟོལ། །གནད་བཞིའི་རྟེན་འབྲེལ་བསྒོམས་བྱུང་ཤེས་རབ་ཀྱིས། །འགྲོ་བ་འདྲེན་པར་མཛད་པ་གཞན་དོན་ཡིན། །དེ་ལ་ཕྱག་རྒྱ་ཆེན་པོ་ཇི་ལྟར་བསྒོམ་ཞེ་ན། །རང་སེམས་གདོད་ནས་དག་པ་ཕྱག་རྒྱ་ཆེ། །མ་བཅོས་སོ་མར་འཇོག་པ་གདམས་ངག་ཡིན། །གཞན་ཡང་ཆོས་རྣམས་གཉིས་མེད་ཟུང་འཇུག་ནི། །ལུས་ངག་ཡིད་གསུམ་འཁོར་འདས་ཆོས་རྣམས་ཀུན། །ལྷ་དང་སྔགས་དང་ཏིང་འཛིན་ཡོན་ཏན་དུ། །ཐམས་ཅད་སྒོམ་དུ་འཆར་བའི་མདོ་གནད་འདི། །ཐམས་ཅད་ཕྱག་རྒྱ་ཆེན་པོར་འཆར་ན་ཡང༌། །རིག་པ་རྐྱང་དེད་བྱེད་པ་མན་ངག་ཡིན། །ཐུག་ཕྲད་གཅེར་མཐོང་གིས་ནི་བྱིང་རྒོད་འཇོམས། །སྐྱོན་ལ་ངོས་འཛིན་བྱེད་པ་གེགས་སེལ་ཡིན། །སྡུག་བསྔལ་བདེ་བར་ཤེས་ན་སྤང་བླང་མེད། །སྐུ་གསུམ་རང་ལས་རྙེད་པས་རེ་དོགས་བྲལ། །རྒྱུ་དང་ལམ་དང་འབྲས་བུའི་ཡོན་ཏན་ཆོས། །རང་སེམས་རིག་པའི་སྟེང་དུ་སྒོམ་ཤེས་ན། །སྒྲིབ་པ་རྣམ་གཉིས་ཆགས་པའི་གནས་མེད་པས། །ཚོགས་གཉིས་རང་གི་སེམས་ལ་ཡོངས་སུ་རྫོགས། དབང་པོ་ཡང་རབ་ཚེ་འདིར་མངོན་སངས་རྒྱས། །འབྲིང་གིས་བར་མ་དོ་རུ་སངས་རྒྱས་ཐོབ། །དབང་པོ་དམན་པའི་གང་ཟག་ཡིན་ན་ཡང༌། །བླ་མ་ལ་གུས་དམ་ཚིག་མ་ཉམས་དང༌། །ཆོས་འདི་དང་ནི་མཇལ་བའི་ཆེ་བ་ཡིས། །སྐྱེ་བ་བདུན་དུ་མི་ལུས་བརྒྱུད་ཐོབ་ནས། །ཚེ་དེ་ཉིད་ཀྱིས་སྐུ་གསུམ་མངོན་དུ་བྱེད། །དེ་ནི་གསང་སྔགས་ཟབ་མོའི་ཆེ་བ་ཡིན། །བུ་ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས། །རྗེ་དྭགས་པོ་རིན་པོ་ཆེའི་བཞེད་པ་ཡིན། །ལས་དང་པོ་པ་ཡི་གང་ཟག་དད་ཅན་ལ། །བླ་མའི་རྣལ་འབྱོར་མཎྜལ་ཡིག་བརྒྱ་བསྟན། །དེ་ནས་ལྷན་ཅིག་སྐྱེས་སྦྱོར་སྟོན་པར་བྱེད། །དེ་ནས་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། །ཁྲིད་ཀྱི་རིམ་པར་རྫོགས་པར་མཛད་པ་དང༌། །ངོ་བོ་མཐོང་བས་རྟོགས་པ་ཡིན་པར་བཞེད། །ཉམས་རྟོགས་རིམ་པ་རྣལ་འབྱོར་བཞི་ལ་བརྩི། །ཐབས་ལམ་བསྒོམ་པར་འདོད་པ་རྣམས་ལ་ནི། །རྗེ་ནཱ་རོ་པའི་ཆོས་དྲུག་ཁྲིད་དུ་མཛད། །དེས་ཀྱང་ངོ་བོ་མཐོང་བར་བཞེད་པ་ཡིན། །ད་ལྟ་ཆོས་ལ་འདྲ་མིན་བྱུང་བ་དེ། །གདམས་ངག་སོ་སོའི་རྟོགས་ཚད་བཞེད་གཞུང་ཡིན། །དེ་ལ་ལྷན་ཅིག་སྐྱེས་སྦྱོར་རྐྱེན་བཞི་འདི། །ཕ་རོལ་ཕྱིན་པའི་གཞུང་དང་མཐུན་པ་ཡིན། །ཕ་རོལ་ཕྱིན་དྲུག་བྱང་ཆུབ་ཕྱོགས་ལ་སོགས། །ས་ལམ་རྫོགས་ནས་སངས་རྒྱས་ཐོབ་པར་བཞེད། །ཐེག་ཆེན་གསང་སྔགས་གཞུང་དང་མཐུན་པ་ནི། །ཁྱད་པར་རྫོགས་རིམ་ཕྱག་རྒྱ་ཆེན་པོ་ལ། །རྣལ་འབྱོར་བཞི་རིམ་རྫོགས་ནས་མངོན་སངས་རྒྱས། །དེ་ལ་དང་པོའི་ལས་ཅན་གང་ཟག་རྣམས། །ཉོན་མོངས་རྣམ་རྟོག་སྣང་བ་བག་ཆགས་དང༌། །མ་རིག་དབང་གིས་འཁྲུལ་པའི་འདམ་དུ་བྱིང༌། །བསྒོམས་ཀྱང་སྒོམ་འཕྲོ་འཆོར་ཞིང་གཞན་དུ་ཡེངས། །དེ་ལ་བླ་མ་དམ་པའི་བྱིན་རླབས་དགོས། །བར་ཆད་བྱུང་ན་རྟ་མགྲིན་བསྒོམ་པར་བྱ། །ཏིང་ངེ་འཛིན་ལ་གནད་དུ་འགྲོ་ཙམ་ན། །དེ་ལ་རྣལ་འབྱོར་བཞི་རིམ་འཆར་བ་ཡིན། །རྩེ་གཅིག་རྣལ་འབྱོར་སྤྲོས་བྲལ་རྣལ་འབྱོར་དང༌། །རོ་གཅིག་རྣལ་འབྱོར་སྒོམ་མེད་རྣལ་འབྱོར་རོ། །རྩེ་གཅིག་དུས་སུ་སེམས་ཀྱི་རང་བཞིན་མཐོང༌། །སྤྲོས་བྲལ་དུས་སུ་སེམས་ཀྱི་ངོ་བོ་མཐོང༌། །རོ་གཅིག་དུས་སུ་སེམས་ཀྱི་མཚན་ཉིད་མཐོང༌། །སྒོམ་མེད་དུས་སུ་སེམས་ཀྱི་གཤིས་ཀ་རྟོགས། །རང་སེམས་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ། །སྟོང་པར་བསྒོམ་ན་གོལ་དང་ཤོར་ས་མང༌། །བདེ་ལ་ཞེན་ན་འདོད་པའི་ཁམས་སུ་གོལ། །གསལ་ལ་ཞེན་ན་གཟུགས་ཀྱི་ཁམས་སུ་གོལ། །རྟོག་མེད་ཞེན་ན་གཟུགས་མེད་ཁམས་སུ་གོལ། །རྒྱས་འདེབས་གཉེན་པོ་ལམ་དང་གཤིས་སུ་ཤོར། །གཟུང་འཛིན་ལ་སོགས་བློ་ཡི་ཡུལ་དུ་གྱུར་པ་རྣམས། །བློས་བྱས་སྟོང་པ་སྒོམ་པ་རྒྱས་འདེབས་ཡིན། །ཉོན་མོངས་སྐྱེས་པ་དེ་ཉིད་སྟོང་པར་མི་ཤེས་པར། །སྟོང་པ་སྒྱུ་མ་གཉེན་པོར་ཤོར་བ་ཡིན། །ཆོས་རྣམས་སྟོང་ཉིད་གཞི་རྩ་བྲལ་ཟེར་ཞིང༌། །སྟོང་པར་བསྒོམས་པས་ལམ་དུ་ཤོར་བ་ཡིན། །ཆོས་རྣམས་ནམ་མཁའ་ལྟ་བུར་ཅིར་ཡང་གྲུབ་པ་མེད། །སྒོམ་དུ་མེད་ཟེར་ཤེས་བྱའི་གཤིས་ལ་ཤོར། །དེ་ལ་སེམས་ཀྱི་བཞག་ཐབས་མ་འཆོལ་ན། །ཉམས་རྟོགས་རིམ་པ་བྱེ་བྲག་སྐྱེ་ཚུལ་ནི། །གཅིག་ཆར་བ་ལ་དང་པོ་རྟོགས་པ་སྐྱེ། །ཐོད་རྒལ་བ་ལ་རིས་ཡོད་རིས་མེད་བྱེད། །རིམ་སྐྱེས་པ་ལ་དང་པོ་རྩེ་གཅིག་སྐྱེས། །བདེ་གསལ་མི་རྟོག་སེང་ངེ་ཡེ་རེ་བ། །ཉམས་ལ་མཐོ་དམན་ཡོད་མེད་བྱུང་དུས་སུ། །བླ་མ་བསྒོམ་ཞིང་མཎྜལ་འབུལ་བར་བྱ། །ཡུལ་དང་ཡུལ་ཅན་ཐམས་ཅད་སྟོང་པར་འཆར། །འོན་ཀྱང་ངེས་ཤེས་མེད་པ་སྟོང་ཉམས་ཡིན། །སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་དང༌། །རང་སེམས་སྟོང་ཉིད་ནམ་མཁའ་མཐའ་དབུས་མེད། །དེ་ནི་སྣང་བ་བཀག་ནས་སྟོང་པ་སྒོམ་པ་མིན། །ཡུལ་དུ་སྣང་བ་སྟོང་པ་ཉིད་དུ་སྒོམས། །གསལ་དང་ཕྲ་ལ་སོགས་པའི་ཤེས་རབ་སྐྱེ། །ཆོས་མཆོག་ཆེན་པོའི་ཏིང་འཛིན་འདྲ་བ་ཡིས། །རང་བཞིན་སྟོང་པ་དྲོད་ཀྱི་ཉམས་མྱོང་ཀུན། །རྟོགས་པ་མེད་པས་མ་ངེས་བསམ་གཏན་ཡིན། །མོས་གུས་བྱས་ཤིང་གསོལ་བཏབ་ཚོགས་བསགས་ནས། །དེ་ནས་སྤྲོས་བྲལ་རྟོགས་པ་སྐྱེ་བ་ནི། །ཆོས་རྣམས་ཐམས་ཅད་རང་གི་སེམས་སུ་རྟོགས། །རང་སེམས་གདོད་ནས་དག་ཅིང་སྟོང་པ་ཉིད་དུ་འཆར། །དེ་ཉིད་ལ་ནི་གོམས་ཤིང་སྦྱངས་པ་ལས། །འཁོར་འདས་གཉིས་ཀྱི་སྤྲོས་པ་སྣ་ཚོགས་ཀུན། །སྤྲོས་པ་བཀག་པའི་སྤྲོས་མེད་མ་བསྒོམ་པར། །སྤྲོས་པ་སྤྲོས་པས་སྟོང་པའི་སྤྲོས་མེད་བསྒོམ། །ཉམས་སུ་བླངས་ཤིང་བླ་མའི་བྱིན་རླབས་ཀྱིས། །འོད་གསལ་བདེ་ཆེན་སེམས་ཀྱི་ངོ་བོ་རྟོགས། །ཉམས་ཀྱི་བདེ་གསལ་མི་རྟོག་སྲིད་གསུམ་ངོ་བོ་ཡིན། །རྟོགས་པའི་བདེ་གསལ་མི་རྟོག་སྐུ་གསུམ་ངོ་བོ་ཡིན། །སྤྲོས་བྲལ་བདེ་ཆེན་ཟུང་འཇུག་ལམ་ཡིན་ནོ། །དེ་ནས་རོ་གཅིག་རྟོགས་པ་སྐྱེ་བ་ནི། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀྱི། །མཚན་ཉིད་མ་འདྲེས་སོ་སོར་གསལ་བ་རྣམས། །ཐ་དད་གཉིས་མེད་ཆོས་སྐུར་རོ་གཅིག་པས། །རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ཡོངས་སུ་རྫོགས། །དེ་ནི་ཇི་ལྟར་ཡོངས་སུ་རྫོགས་ཞེ་ན། །སྒོ་ལྔའི་རྣམ་ཤེས་བྱེད་ལས་ཐ་དད་ཀྱང༌། །རྟོག་བྲལ་མ་འཁྲུལ་རིག་པའི་ངོ་བོར་གཅིག །འཁོར་བའི་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ལ། །རྒྱུ་རྐྱེན་འབྲས་བུ་ཇི་ལྟར་འབྱུང་བ་རྣམས། །ཚུར་རོལ་ཕ་རོལ་མཐོང་བའི་རྟོགས་པ་ཡིས། །འཁོར་བ་སྤངས་ཤིང་མྱང་འདས་བསྒྲུབས་པ་ཡིས། །རྒྱུ་འབྲས་མངོན་དུ་འགྲིགས་པ་ནུས་པ་ཡིན། །སྣ་ཚོགས་གཉིས་མེད་དུ་མ་རོ་གཅིག་དེ། །དྲན་པས་མ་ཟིན་ཡུལ་དང་ཡུལ་ཅན་ཀུན། །གཉིས་སྣང་བག་ཆགས་ཡིན་པར་འཆར་ན་ཡང༌། །ལམ་དེ་ཡོངས་སུ་གོམས་པར་བྱས་པ་ལ། །དགག་སྒྲུབ་རེ་དོགས་གཉིས་འཛིན་བག་ཆགས་རྣམས། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས་པར་གཅིག །སངས་རྒྱས་ཆོས་ཀྱི་ཡོན་ཏན་བྱེ་བྲག་རྣམས། །རྟོགས་ལྡན་སེམས་ལ་ཡོན་ཏན་འཆར་བ་ནི། །མཆོད་པ་རྣམ་བདུན་བྱེད་ལས་སོ་སོ་རྣམས། །འབུལ་མཁན་སེམས་ལ་མ་འདྲེས་ཡོངས་སུ་རྫོགས། །ཡོན་ཆབ་ཕུལ་བས་འདོད་ཆགས་ལ་སོགས་འདག །ཆོས་སྐུ་འཐོབ་དང་འོག་མ་དེ་ཡིས་འགྲེས། །གཞན་ཡང་དགེ་བའི་འབྲས་བུ་སོ་སོ་རྣམས། །ཆོས་རྣམས་རང་སེམས་ཟུང་འཇུག་ངང་དུ་རྫོགས། །དཔེར་ན་སྤོས་ཀྱི་རྒྱ་དང་རྒྱ་ལེན་བཞིན། །རྒྱ་ལ་རི་མོ་སྣ་ཚོགས་ཡོད་པ་ལ། །སྤོས་ཕྱེ་བདལ་དང་རྒྱ་ལེན་བཏབ་པ་ལས། །རྒྱ་ལ་རི་མོ་ཇི་ལྟར་ཡོད་པ་རྣམས། །སྤོས་ལ་རི་མོ་དེ་ལྟར་བྱུང་ན་ཡང༌། །རི་མོ་མ་འདྲེས་སོ་སོར་བཀྲ་བ་རྣམས། །སྤོས་ཕྱེ་མིན་པ་གཞན་ཞིག་བྱུང་བ་མིན། །རིགས་དྲུག་སེམས་ཅན་ཡུལ་ཕྱོགས་ཅི་གནས་པར། །སེམས་ཀྱིས་བྱེད་ལས་ཅི་བྱས་འབྲས་བུ་འབྱུང༌། །བྱུང་ཡང་རང་སེམས་མིན་པ་བྱུང་བ་མེད། །རྒྱུ་དང་ལམ་དང་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་ཡོན་ཏན་ཇི་ལྟར་གནས་པ་ལ། །དགེ་བའི་སེམས་ཀྱིས་བྱེད་ལས་གང་བྱས་པས། །ཡུལ་ལ་ཇི་ལྟར་ཡོད་པས་ཡོན་ཏན་འབྱུང༌། །བྱུང་ཡང་རང་སེམས་མིན་པ་གཞན་ཞིག་བྱུང་བ་མིན། །འཁོར་འདས་གཉིས་ཀྱི་རྟེན་ཅིང་འབྲེལ་འབྱུང་རྣམས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ངང་དུ་རྫོགས། །སེམས་ཀྱི་གཤིས་ཀ་སྒོམ་དུ་མེད་པ་ནི། །སངས་རྒྱས་ཐུགས་དང་ཡེ་ནས་ཁྱད་མེད་པས། །བསྒོམས་པས་ལོགས་ནས་བོགས་ཤིག་དབྱུང་དུ་མེད། །འཁོར་འདས་གཉིས་ཀྱི་ཆོས་རྣམས་དུ་མ་ཀུན། །སེམས་ཅན་རྣམས་ཀྱི་སེམས་སྣང་མ་ཡིན་པ། །ཡུལ་དང་ཡུལ་ཅན་ལོགས་སུ་གྲུབ་པ་མེད། །མཐོང་ཐོས་དྲན་རེག་ཤེས་བརྗོད་ཆོས་རྣམས་ཀུན། །ཇི་ལྟར་མཐོང་ཡང་རང་སེམས་མཐོང་བ་ཡིན། །ཐམས་ཅད་རང་སེམས་སྒོམ་དུ་ཤེས་པ་ཡིས། །སྒོམ་པ་མིན་པ་མེད་པས་སྒོམ་མེད་ཡིན། །སྒོམ་མེད་དུས་སུ་མཐར་ཐུག་རྟེན་འབྲེལ་འགྲིགས། །དབང་ཕྱུག་ལ་སོགས་ཡོངས་སུ་བསྒྱུར་བ་ཡི། །འདོད་རྒུ་ཇི་ལྟར་བསམ་པ་བཞིན་དུ་འགྲུབ། །རྣམ་སྨིན་ལུས་རྒྱ་སྐབས་འདིར་འདག་པ་ཡིན། །གང་ཟག་དེ་ནི་ཚེ་འདིར་མངོན་སངས་རྒྱས། །ཡང་ནི་སྐྱེ་བ་གཅིག་གིས་ཐོགས་པ་མེད། །རྣམ་ཆད་ལས་དབང་འཆི་བ་མ་ཡིན་པར། །ཡོངས་བསྒྱུར་བསམ་གྱིས་མི་ཁྱབ་འཆི་བ་ཡིས། །ལུས་རྒྱ་ཞིག་ནས་བར་དོར་མངོན་སངས་རྒྱས། །རང་སེམས་དེ་ལྟར་རྟོགས་པའི་རྣལ་འབྱོར་པ། །ཚིག་ཚོགས་བྱ་སོགས་བྱེད་པ་གཉིས་སུ་མེད་ན་ཡང༌། །སྒོམ་མེད་རྟོགས་པ་སྐྱེས་པར་གྱུར་པ་ལ། །རང་སེམས་དྲན་པས་འཛིན་པ་ལ་སོགས་པའི། །ཐབས་ཀྱི་ཆ་ནི་གང་ཡང་བསྒོམ་མི་དགོས། །སངས་རྒྱས་སེམས་ཅན་ལོགས་ན་མི་སྲིད་པས། །ལོགས་སུ་བསྒོམ་རྒྱུ་གཅིག་ཀྱང་མེད་ན་ཡང༌། །འོན་ཀྱང་རྟོགས་པའི་ཆོས་དེ་ཉིད་ལ་ཡང༌། །གོམས་ཤིང་འདྲེས་པས་རང་སེམས་རྩལ་སྦྱངས་པས། །མངོན་པར་ཤེས་པ་དྲུག་དང་སྤྱན་ལྔ་དང༌། །ཡེ་ཤེས་དང་ནི་ལུས་ཀྱི་བཀོད་པ་དང༌། །རྫུ་འཕྲུལ་དང་ནི་ཇི་སྙེད་མཁྱེན་པ་ཡི། །ཡེ་ཤེས་ཀྱི་ནི་ཡོན་ཏན་ཡར་ལྡན་དུ། །སོང་བ་ཡིན་པས་རྟོགས་པའི་འབྲས་བུ་སྟེ། །དེ་ཡི་དགོངས་པ་དེ་ཡང་ཆོས་ཉིད་རྩལ་སྦྱངས་པས། །ཤེས་པ་ལ་ནི་དབང་ཐོབ་འོང་བ་ཡིན། །ཤེས་བྱའི་ཆ་ནི་ཐམས་ཅད་ཕྲ་ལ་དྭངས། །དེ་ལྟ་བུ་གཅིག་མཁྱེན་པའི་ཡོན་ཏན་འཆར། །བྱམས་དང་སྙིང་རྗེ་གཞན་དོན་འབྱུང་བའི་ཐབས། །རྟོགས་པའི་རྩལ་ཁ་སྦྱོང་བར་མི་བྱེད་པར། །གཞི་དེ་རང་གི་ཐོག་ཏུ་བཞག་པས་ཆོག་ཟེར་ཞིང༌། །དགེ་བ་བྱ་རྒྱུ་མེད་ཅེས་ཟེར་བ་རྣམས། །ཕན་གནོད་འབྲས་བུ་འབྱིན་པར་མི་ནུས་པས། །དེ་ལ་ཐམས་ཅད་མཁྱེན་པ་མི་འབྱུང་བས། །བསྒོམ་བྱ་སྒོམ་བྱེད་མེད་ཀྱང་རྟོགས་པའི་རྩལ་ཁ་སྦྱངས། །འགྲོ་བའི་དོན་དུ་ཚོགས་གཉིས་བསགས་པ་ཡིས། །མཐར་ཐུག་མི་སློབ་ཟུང་འཇུག་ལ་གནས་ནས། །འབྲས་བུ་སྐུ་གསུམ་མངོན་དུ་བྱས་པ་ཡིན། །གདོད་ནས་རྣམ་དག་འོད་གསལ་ཆོས་ཀྱི་སྐུ། །ལོངས་སྐུ་སྤྲུལ་སྐུ་གཟུགས་སྐུ་སྣ་ཚོགས་རྣམས། །སངས་རྒྱས་ཀྱི་ནི་ལྷན་ཅིག་སྐྱེས་པའི་རྐྱེན། །དང་པོ་འགྲོ་བའི་དོན་དུ་ཐུགས་བསྐྱེད་ནས། །བར་དུ་རྣལ་འབྱོར་བཞི་དང་ཚོགས་བསགས་ཤིང༌། །རྗེས་ལ་འགྲོ་བའི་དོན་ལ་རྒྱལ་བ་ཡིས། །དགེ་བ་བསྔོ་ཞིང་སྨོན་ལམ་བཏབ་པ་འདི། །གདུལ་བྱ་རྣམས་ཀྱིས་ཉེ་བར་ལེན་པའི་རྒྱུ། །སངས་རྒྱས་སྐུ་གསུམ་སོ་སོར་འཆར་བ་ཡང༌། །དག་པ་རྣམས་ལ་སྐུ་གསུམ་དབྱེར་མེད་འཆར། །དམན་པ་རྣམས་ལ་སྐུ་གསུམ་སོ་སོར་འཆར། །རིགས་དྲུག་རྣམས་ལ་སྟོན་པ་དྲུག་ཏུ་འཆར། །རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པའི་འབྲས་བུ་ཡིན། །སྒྲིབ་པ་སྤོང་ཞིང་ཡོན་ཏན་སྐྱེ་ཚུལ་ནི། །གོང་དུ་ཞོར་ལ་ཞིབ་པར་བསྟན་ན་ཡང༌། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་སོགས། །རང་སེམས་སངས་རྒྱས་མ་མཐོང་སྒྲིབ་པ་ཡིན། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ། །དགེ་དང་མི་དགེ་ལུང་མ་བསྟན་དུ་གནས། །མ་རིག་དབང་གིས་ཉོན་མོངས་དུག་ལྔ་ཡི། །མི་དགེ་སྤྱོད་པ་རྣམ་སྨིན་སྒྲིབ་པ་ཡིན། །དེ་ཡི་གཉེན་པོར་དགེ་སྤྱོད་མཚན་མར་བཟུང༌། །ཡོན་ཏན་ལ་ཞེན་ཤེས་བྱའི་སྒྲིབ་པ་ཡིན། །ཉོན་མོངས་པ་དང་ཉོན་མོངས་སྒྲིབ་པ་ནི། །འགྲོ་བ་རིགས་དྲུག་སེམས་ཅན་མ་ལུས་རྣམས། །མ་རིག་ཉོན་མོངས་མི་དགེའི་ལས་དབང་གིས། །འཁོར་བའི་རྒྱ་མཚོར་ཐོག་མ་མེད་ནས་འཁྱམས། །མི་དགེའི་དབང་གིས་ཉོན་མོངས་སྒྲིབ་པས་གོས། །ལམ་རྣམས་ཉམས་སུ་བླངས་པས་སྒྲིབ་པ་འདག །དང་པོ་ཆོས་ལ་ཞུགས་པའི་གང་ཟག་རྣམས། །རིགས་དྲུག་འཁོར་བའི་སྡུག་བསྔལ་མུན་ནག་ཏུ། །མུན་པའི་དཀྱིལ་དུ་ཉི་མ་ཤར་བ་ལྟར། །སངས་རྒྱས་བསྟན་པའི་འོད་ཟེར་ཤར་བ་ཡིས། །སྒྲིབ་པའི་ཚོགས་རྣམས་མ་ལུས་སེལ་བར་བྱེད། །བླ་མས་བསྟན་པའི་ཆོས་ལ་ཞུགས་པ་རྣམས། །དང་པོ་ཕྱག་རྒྱ་ཆེན་པོའི་སྒོམ་བཏབ་ནས། །རྩེ་གཅིག་དང་པོའི་ཏིང་འཛིན་སྐྱེས་པ་དེས། །མར་མེས་མུན་པ་སེལ་ཚོད་ཇི་ལྟ་བར། །བདེ་གསལ་མི་རྟོག་ཉམས་མྱོང་སྐྱེས་པ་ཡིས། །ཉོན་མོངས་རྣམ་རྟོག་ཚང་ཚིང་སེལ་བར་བྱེད། །རྩེ་གཅིག་གཉིས་པའི་ཏིང་འཛིན་སྐྱེས་པ་ཡིས། །ཉོན་མོངས་ཕྲ་བའི་ཕྲ་བ་མགོ་ནོན་ནས། །སྐྱ་རེངས་ཤར་ནས་མུན་པ་སེལ་བ་ལྟར། །ཡུལ་དང་ཡུལ་ཅན་རྟོག་མེད་བསྒོམས་པ་ཡིས། །ཡུལ་ལ་བདེན་པར་འཛིན་པའི་ཞེན་པ་དག །རྩེ་གཅིག་གསུམ་པའི་ཏིང་འཛིན་སྐྱེས་པ་ནི། །འཁོར་འདས་རང་སེམས་སྟོང་པར་བསྒོམས་པ་ཡིས། །ནམ་ལངས་པས་ནི་མུན་པ་དྭངས་པ་ལྟར། །ཡུལ་ཅན་རྟག་པར་འཛིན་པའི་ཞེན་པ་དག །ཉི་མ་ཤར་བས་མུན་པ་ཐམས་ཅད་བསལ་བ་ལྟར། །སྤྲོས་བྲལ་དང་པོའི་རྟོགས་པ་སྐྱེས་པ་ཡིས། །སྒྲིབ་གཉིས་ལ་སོགས་མུན་པ་སེལ་བར་བྱེད། །སངས་རྒྱས་ཉི་མའི་དཀྱིལ་འཁོར་ཤར་བ་ཡིས། །རིགས་དྲུག་འཁོར་བའི་སྡུག་བསྔལ་སེལ་བར་བྱེད། །སྤྲོས་བྲལ་གཉིས་པ་སྐྱེས་པའི་ཏིང་འཛིན་གྱིས། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་སོགས། །ལམ་རིམ་ངང་དུ་འདག་ཅིང་ཡོན་ཏན་སྐྱེས། །གསུམ་པ་ནས་བཟུང་སྒོམ་མེད་བར་དུ་ནི། །ཉོན་མོངས་པ་དང་ཉོན་མོངས་སྒྲིབ་པ་རྣམས། །ཆུང་ངུ་སྔོན་དང་ཆེན་པོ་ཕྱིས་ནས་འདག །ཤེས་རབ་དང་ནི་ཤེས་བྱའི་སྒྲིབ་པ་ནི། །ཆེན་པོ་སྔོན་དང་ཆུང་ངུ་ཕྱི་ནས་འདག །ཀུན་གཞིའི་ཡེ་ཤེས་ཉོན་མོངས་རང་གིས་སྒྲིབ། །ཉོན་མོངས་དུག་ལྔ་དུག་གསུམ་སྦྱང་བྱ་རྣམས། །ཡེ་ཤེས་ལྔ་དང་སྐུ་གསུམ་ཡོན་ཏན་ཆོས། །ཉོན་མོངས་སངས་ནས་ཡེ་ཤེས་སྐུ་གསུམ་པོ། །དེ་དག་མ་གཏོགས་ལོགས་ནས་གྲུབ་པ་མེད། །ཞེ་སྡང་ང་རྒྱལ་འདོད་ཆགས་ཕྲག་དོག་དང༌། །གཏི་མུག་ལ་སོགས་ཉོན་མོངས་སྒྲིབ་པ་ཀུན། །ཆོས་རྣམས་དེ་དག་སོ་སོར་རང་གིས་སྟོང༌། །ཉོན་མོངས་སྒྲིབ་པ་དེ་དག་ཉིད་ཀྱིས་འདག །ཉོན་མོངས་སྒྲིབ་པ་ཐོག་མེད་བསགས་པ་ནི། །ལས་དང་བག་ཆགས་ཀུན་ལྡང་རྣམ་པར་སྨིན། །མ་རིག་ལྟ་ལོག་ཐེ་ཚོམ་ཡིད་གཉིས་ཀུན། །ལས་རྣམས་ཉམས་སུ་བླངས་པས་ཐད་སོར་འདག །ཉོན་མོངས་བདུད་དང་ཉོན་མོངས་རྟོག་རྒྱ་ཆོད། །ཆོས་རྣམས་རང་སེམས་གཅིག་ཏུ་རྟོགས་པ་ཡིས། །བསྒོམ་བྱ་སྒོམ་བྱེད་སྒོམ་མཁན་བསྒོམ་རྒྱུ་རྣམས། །འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས། །ཤེས་བྱའི་སྒྲིབ་པ་ཆེན་པོ་འདག་པར་བྱེད། །སྒོམ་རོ་གཅིག་སྐྱེས་པའི་གང་ཟག་ལ། །ཡོན་ཏན་སྐྱེ་དང་སྒྲིབ་པ་སྤོང་ཚུལ་རྣམས། །ལམ་གྱི་སྐབས་སུ་ཞིབ་ཏུ་བསྟན་ན་ཡང༌། །ཉོན་མོངས་ཤེས་བྱ་གཉིས་ཀའི་འབྲིང་པོ་འདག །དེ་ཡི་ཡོན་ཏན་རིམ་པ་སྐྱེ་ཚུལ་ནི། །གོང་དུ་ལམ་གྱི་སྐབས་སུ་ཞིབ་པར་བསྟན། །ཀུན་ཏུ་བཏགས་པའི་མ་རིག་མན་ཆད་ཀྱི། །ཉོན་མོངས་སྒྲིབ་པ་ཕྲ་རགས་ཐམས་ཅད་དང༌། །གཉིས་སྣང་བག་ཆགས་ཡན་ཆད་ཐམས་ཅད་འདག །ཤེས་བྱའི་སྒྲིབ་པ་ཆུང་ངུའི་རགས་པ་འདག །སྒོམ་མེད་སྐྱེས་པའི་རྟེན་གྱི་གང་ཟག་ལ། །ཡོན་ཏན་སྐྱེ་ཚུལ་ལམ་གྱི་སྐབས་སུ་བསྟན། །ཉོན་མོངས་ཆེན་པོ་ཤེས་བྱ་ཆུང་ངུ་ནི། །རང་སེམས་གཉིས་མེད་ཡེ་ཤེས་རྟོགས་པ་ཡིས། །སྒོམ་པ་མིན་པ་ལོགས་སུ་གྲུབ་པ་མེད། །ཐམས་ཅད་སྒོམ་དུ་ཤར་བའི་ཤེས་རབ་ཀྱིས། །ལྷན་ཅིག་སྐྱེས་པའི་མ་རིག་ཀུན་གཞི་དང༌། །ཉོན་མོངས་རྩ་བའི་སྒྲིབ་པ་ཆེན་པོ་འདག །དེ་ཡི་ཉོན་མོངས་སྒྲིབ་པ་འདག་ཚུལ་ནི། །རང་སེམས་ཆོས་སྐུར་རིག་པས་མ་རིག་འདག །ཀུན་གཞི་རང་བཞིན་རྣམ་པར་དག་པ་ཡིས། །ཉོན་མོངས་སྒྲིབ་པ་ཆགས་པའི་གཞི་རྩ་བྲལ། །དེ་ཡིས་ཉོན་མོངས་གཞི་རྩའི་སྒྲིབ་པ་ཐམས་ཅད་འདག །ཤེས་བྱའི་སྒྲིབ་པ་ཕྲ་བའི་ཕྲ་བ་ནི། །གཉིས་འཛིན་གཉིས་སྣང་བག་ཆགས་མ་ཡིན་ཡང༌། །དེ་ཡིས་བཞག་པའི་སྒྲིབ་པ་ཆུང་ངུ་ནི། །སྐུ་དང་ཡེ་ཤེས་ཐ་དད་སྣང་བ་ཡིན། །རིགས་ལྔ་རོ་གཅིག་དྲུག་པ་རྡོ་རྗེ་འཆང༌། །ཡེ་ཤེས་ལྔ་དང་ཆོས་སྐུ་རོ་གཅིག་པས། །སྐུ་ལྔ་དབྱེར་མེད་གཅིག་ཏུ་གྱུར་པ་ཡི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་དུས་སུ། །ཤེས་རབ་སྒྲིབ་པ་རིག་མ་ལ་བསྟེན་ནས། །སློབ་དཔོན་དུས་གསུམ་བདེ་གཤེགས་བཅུད་བསྡུས་ཀྱིས། །མཐར་ཐུག་འབྲས་བུའི་དུས་སུ་དབང་བསྐུར་བས། །ཤེས་བྱའི་སྒྲིབ་པ་འདག་ཅིང་མངོན་སངས་རྒྱས། །དེ་དག་སྒྲིབ་པ་འདག་ཚུལ་སོ་སོ་རྣམས། །ལམ་གྱི་ཐད་སོར་སྦྱར་ནས་ཤེས་པར་བྱ། །ཆོས་ཞུ་པོ་དང་འགྲོ་བའི་དོན་དུ་ནི། །སྙན་བརྒྱུད་ཟབ་མོ་ཡི་གེར་བྲིས་པ་ལ། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་རྣམས། །མི་མཉེས་གྱུར་པ་ཐམས་ཅད་བཟོད་པར་གསོལ། །ཆོས་འདི་བརྩམས་པའི་དགེ་བ་དྲི་མེད་དེས། །ཞུ་བ་པོ་དང་འགྲོ་བ་སེམས་ཅན་རྣམས། །མཆོག་དང་ཐུན་མོང་དངོས་གྲུབ་རབ་བརྙེས་ནས། །འགྲོ་བའི་དོན་དུ་སངས་རྒྱས་ཐོབ་པར་ཤོག །ཕྱག་རྒྱ་ཆེན་པོ་བསྒོམས་པའི་ཡོན་ཏན་དང༌། །རྣལ་འབྱོར་བཞི་ཡི་ལམ་གྱི་རིམ་པ་གཉིས། །དད་ལྡན་དབོན་པོ་ཤེས་རབ་དབང་ཕྱུག་གིས། །འགྲོ་བ་སེམས་ཅན་རྣམས་ཀྱི་དོན་དུ་ཞུས། །ཡུལ་ལ་མཚན་གསོལ་རྩི་ཀླུང་ཀོ་མཛོ་རུ། །ཟབ་ཆོས་ཡོན་ཏན་རིན་ཆེན་ཀུན་ཏུ་འོད། །ཏི་ཤྲི་རས་པས་འགྲོ་བའི་དོན་དུ་བཀོད། །བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་བར་ཤོག །

གསང་བ་ཡང་སྙིང་ཞེས་བྱ་བ་ཅོག་རོ་བཙུན་ཆུང་ལ་གདམས་པ།

དུས་གསུམ་སངས་རྒྱས་ཀུན་གྱི་བཅུད། །གཉིས་སུ་མེད་པའི་ཡེ་ཤེས་དེ། །རྟོགས་དོན་བླ་མ་རིན་ཆེན་ལ། །གུས་པ་ཡིས་ནི་ཕྱག་འཚལ་ལོ། །ཀྱེ་མ་ལས་ཅན་སྐལ་ལྡན་ཀུན། །ཅོག་རོ་ཇོ་ཆུང་ཁ་སྤྱང་པོ། །ཤེས་རབ་བརྩོན་འགྲུས་ཞེས་པ་ཡིས། །ཆོས་རྣམས་སྤྱི་ཡི་བྱ་ལུགས་དང༌། །ཟབ་པའི་ཆོས་ཤིག་ཞུ་ཞེས་པ། །གཤའ་མ་ཡིན་ནམ་ཀུ་རེ་ཡིན། །ཁ་གསག་གཡོ་རྒྱུ་མེད་པ་ཡི། །དད་པ་གཏིང་ནས་གཡོས་པ་དང༌། །ཆོས་གཤའ་མར་བྱ་བསམ་ཡོད་གྱུར་ན། །ཁྱོད་ཀྱིས་འདོད་པ་བསྒྲུབ་པར་བྱ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །འོ་སྐོལ་དཔོན་སློབ་འཛོམས་པ་དེ། །ཚོགས་བསགས་སྐལ་པ་ཆེ་བ་ཡིན། །སྐལ་པ་ཇི་ལྟར་ཆེ་གྱུར་ན། །སངས་རྒྱས་བསྟན་པ་རིན་པོ་ཆེ། །གྲངས་མེད་བསྐལ་པའི་སྔོན་རོལ་དུ། །སངས་རྒྱས་གྲངས་མེད་བྱོན་ན་ཡང༌། །རྒྱལ་བ་ཤཱཀྱ་ཐུབ་པ་ཡིས། །རྩོད་ལྡན་དུས་སུ་སངས་རྒྱས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཚོགས་རྫོགས་ས་ལམ་མཐར་ཕྱིན་ཏེ། །འོག་མིན་ཆོས་ཀྱི་ཕོ་བྲང་དུ། །ཡང་དག་སངས་རྒྱས་ལོངས་སྐུ་ནི། །རྫོགས་ལྡན་དུས་སུ་མངོན་སངས་རྒྱས། །སངས་རྒྱས་སྤྲུལ་པ་རིགས་ལྔ་ཡིས། །རི་རབ་སྟེང་དུ་བྱོན་ནས་ནི། །ཐེག་ཆེན་གསང་སྔགས་གསུངས་པ་ནི། །དུས་འདིར་དར་ཞིང་རྒྱས་པ་ཡིན། །འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ། །རྡོ་རྗེ་གདན་གྱི་གནས་མཆོག་ཏུ། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ནི། །རྩོད་ལྡན་དུས་སུ་མངོན་སངས་རྒྱས། །སྐལ་བ་མེད་པའི་སེམས་ཅན་རྣམས། །རྩུབ་ཅིང་ཉོན་མོངས་རག་པ་རྣམས། །བསྐལ་པ་ཆེན་པོར་བདག་གྱུར་ནས། །ཐེག་གསུམ་སློབ་པ་མ་གི་ཏས། །འཁོར་བའི་སྡུག་བསྔལ་ཞི་བ་དང༌། །ཟག་མེད་བདེ་བ་ཆེན་པོར་གསོས། །དུས་འདིར་དལ་འབྱོར་ལྡན་པ་ཡི། །མི་ལུས་ཐོབ་པ་སྐལ་པ་ཆེ། །གཞན་ཡང་བཙུན་ཆུང་ཁ་སྤྱང་པོ། །དལ་འབྱོར་མི་ལུས་ཐོབ་ན་ཡང༌། །ཡང་དག་བླ་མ་མ་རྙེད་ན། །མིག་མེད་ལམ་མཁན་བྲལ་བ་ཡིན། །ཡང་དག་བླ་མ་གང་ཞེ་ན། །ཆད་ཁུངས་རྡོ་རྗེ་འཆང་ཆེན་ཡིན། །བརྒྱུད་པ་ཏཻ་ལོ་ནཱ་རོ་ཡིན། །ལོ་ཙཱ་མར་པ་བློ་གྲོས་ཡིན། །ཡང་མེས་མི་ལ་རས་པ་ཡིན། །མེས་པོ་དྭགས་པོ་ལྷ་རྗེ་ཡིན། །བླ་མ་དཔལ་ལྡན་འབའ་རོམ་པ། །བཀའ་བརྒྱུད་བླ་མ་བྱིན་རླབས་ཅན། །དེ་ཡི་ཞལ་ནས་གསུངས་པའི་ཆོས། །ཡི་དམ་རྩ་བའི་དཀྱིལ་འཁོར་ཡིན། །གདམས་ངག་ནཱ་རོའི་ཆོས་དྲུག་ཡིན། །ལྟ་བ་ཕྱག་རྒྱ་ཆེན་པོ་ཡིན། །སྒོམ་པ་གཉུག་མ་རྒྱུན་པ་ཡིན། །སྤྱོད་པ་དུས་དང་འབྲེལ་བ་ཡིན། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཡིན། །ཆོས་སྐྱོང་བྱ་རོག་མིང་ཅན་ཡིན། །རྒྱུ་རྐྱེན་དེ་རྣམས་ཚོགས་པ་ན། །སྐལ་པ་ཆེའོ་བཙུན་ཆུང་ཁྱོད། །ཆོས་རྣམས་སྤྱི་ཡི་བྱ་ལུགས་ནི། །མི་རྟག་རྒྱུ་འབྲས་བསམ་པ་དང༌། །འཁོར་བ་སྡུག་བསྔལ་ཕུང་པོ་ལ། །ཚེ་འདིར་ཆེ་ཐབས་མི་བསམ་པར། །ཕྱི་མར་ལྷ་མིའི་བདེ་སྐྱིད་ལ། །སྨོན་པ་ཡིད་སེམས་མི་འཆང་ལ། །འཁོར་བ་མཐའ་དག་ཡིད་དབྱུང་ཡིན། །བྱང་ཆུབ་རྣམ་གསུམ་ཆོས་རྣམས་ལ། །ཐད་སོ་ཐད་སོའི་ཡོན་ཏན་རྣམས། །གང་ཟག་བློ་ཡི་བྱེ་བྲག་གིས། །འབྲས་བུ་ཐད་སོར་ལེན་པ་དེ། །མྱ་ངན་འདས་ལ་སྤྲོ་བ་ཡིན། །སྒྲུབ་པ་བྱེད་པའི་གང་ཟག་རྣམས། །སྒྲུབ་པའི་གནས་ནི་ཅི་ལྟ་བུ། །ཁྱོད་ཀྱིས་ཞུས་པ་གང་ཡིན་པ། །གང་ཟག་ལས་ནི་དང་པོ་པས། །དབེན་ཞིང་ཉམས་དགའི་གནས་དག་ཏུ། །མཚམས་དང་འདག་སྦྱར་དམ་པར་བྱ། །ཐུན་བཞིའི་རྣལ་འབྱོར་མ་ཆགས་པར། །ཐུན་མཚམས་ཡི་དམ་ལྷ་ཡི་ནི། །སྙིང་པོ་རྩ་བའི་སྔགས་རྣམས་ལ། །སྨྲ་བཅད་བྱས་ནས་བཟླས་པ་བྱ། །བྱང་ཆུང་མི་ངོར་མི་བཏང་བར། །བསྒྲུབ་ལ་དམ་བཅའ་བརྟན་པར་བྱ། །ཉམས་ལེན་གནད་ལ་འགྲོ་ཙམ་ན། །འཇིག་རྟེན་བྱ་བ་ངན་པ་ཡི། །ཆོས་བརྒྱད་རྟོག་པ་སྐྱེ་བ་ཡིན། །འཁོར་བའི་ཉེས་དམིགས་དྲན་པ་དང༌། །བཙན་ཆོད་བྱས་ནས་སྤོང་བ་ཡིན། །ཀུན་སློང་ངན་པས་བསླང་གྱུར་ན། །ཉོན་མོངས་རྣམ་རྟོག་སྐྱེ་བ་རྣམས། །གཉའ་རེངས་རྗེས་བཤུ་མི་བྱ་བར། །ཆུ་ལ་རལ་གྲི་བཏབ་པ་ལྟར། །ཐུག་ཕྲད་དང་ནི་གཅེར་མཐོང་དུ། །སྟོང་པ་ཉིད་དུ་བསྒོམ་པར་བྱ། །ཕྱི་ནང་བར་ཆད་བདུད་འབྱུང་ཞིང༌། །དེ་ཡང་ཕྱི་ཡི་བར་ཆད་ནི། །མི་དང་མི་མ་ཡིན་པའི་བདུད། །མ་རྒན་ཡིན་པར་ཤེས་བྱས་ལ། །བྱམས་པ་སྙིང་རྗེ་བྱང་ཆུབ་སེམས། །ཁ་ཞེ་མེད་པར་བསྒོམ་པར་བྱ། །དེ་ལ་ནང་གི་བར་ཆད་ནི། །ཕུང་པོ་དང་ནི་ཉོན་མོངས་བདུད། །གསང་སྔགས་ཟབ་མོའི་དབང་བསྐུར་ནས། །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །ཕུང་པོ་རྒྱལ་བ་རིགས་ལྔར་བརྟེན། །དེ་བཞིན་གཤེགས་པ་ལྔར་བསྒོམས་པས། །ཕུང་པོའི་ཞེན་པ་ལོག་པ་དང༌། །ལྷ་ལ་དངོས་པོར་འཛིན་པ་ཡི། །དེ་བཞིན་གཤེགས་པ་མི་བསྐྱོད་རྒྱ། །ལྷ་ནི་རང་སེམས་ཡིན་པར་སྒོམས། །རང་རིག་བདེན་པར་འཛིན་པ་ནི། །སེམས་ཙམ་ལྟ་བ་གྲུབ་མཐར་གྲོལ། །རང་སེམས་བདེ་བ་ཆེན་པོ་དང༌། །ལྷ་དང་སྣ་ཚོགས་སྣང་བ་ཀུན། །གཉིས་མེད་ཟུང་འཇུག་ཆེན་པོ་རུ། །རྡོ་རྗེ་སེམས་དཔའི་རྒྱས་བཏབ་བོ། །ཐམས་ཅད་རོ་གཅིག་རྡོ་རྗེ་འཆང༌། །བསྐྱེད་པའི་རིམ་ལ་ལེགས་གནས་ན། །ཕུང་པོའི་བདུད་ནི་ཆོམ་པ་ཡིན། །ལྷ་ལ་གནད་དུ་བསྣུན་ཙམ་ན། །ལྷ་ཡི་བདུད་རྟགས་ཕྲ་མོ་འབྱུང༌། །ལྷ་ཁང་མཆོད་རྟེན་ལ་སོགས་པ། །བཞེངས་པར་འདོད་པའི་རྟོག་པ་འབྱུང༌། །སྒོམ་འཕྲོ་འཆོལ་ཞིང་རྟོག་པས་གཡེང༌། །དེ་ལ་བཟློག་ཐབས་མ་བྱས་ན། །ལྷ་རྣམས་བྲི་བའི་ལས་ལ་འཇུག །དེ་ཚེ་གཡེང་བས་ཁྱེར་བ་ཡིན། །དེ་ཟློག་ཐབས་བསྟན་པ་ནི། །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །སྐད་ཅིག་གཡེང་བ་མེད་པར་སྒོམས། །ཕྱི་ཡི་ལྷ་དང་དབྱེར་མེད་དུ། །རང་སེམས་གཅིག་པར་གོམས་ཙམ་ན། །ལྷ་ཁང་ལྷ་རྟེན་ལ་སོགས་པ། །གཞན་གྱིས་རང་ལ་འབུལ་བར་འགྱུར། །དེ་ལ་ཞེན་པར་མི་བྱའོ། །དེ་ལ་བདུད་རྟགས་ཆེན་པོ་ནི། །ལྷ་ཡི་བུ་ཡི་བདུད་རྣམས་ཀྱིས། །ཡི་དམ་ལྷ་ཡི་ཞལ་སྟོན་ཏེ། །སད་དང་བརྡ་ཡིས་བརྟགས་པར་བྱ། །བདུད་ཀྱི་མཚན་མ་ཆོམས་པ་དང༌། །ཡི་དམ་ལྷ་ཡི་ཞལ་མཐོང་འགྱུར། །གཉིས་པ་ཉོན་མོངས་བར་ཆད་ནི། །རྩ་གནས་འཁོར་ལོ་རྣམས་སུ་ནི། །བྱུང་བ་རླུང་སེམས་འདུས་གྱུར་ན། །སྐྱོན་དང་ཡོན་ཏན་གཉིས་སུ་ཡོང༌། །རྐང་ལག་ལུས་ཚིགས་ནམ་མཁའི་དཀྱིལ་འཁོར་དུ། །འབྱུང་བ་ས་ཡི་རླུང་འདུས་ནས། །ས་ཡིས་ནམ་མཁའ་རྙོགས་པར་བྱེད། །ས་བདག་ཀླུ་གདོན་ལྡང་བ་ཡིན། །སེམས་ཉིད་གཏི་མུག་གཟུགས་སུ་འགྲོ། །གཏི་མུག་མི་དགེ་རྣམ་གཉིས་བྱེད། །གཏི་མུག་ཁ་རླངས་བད་ཀན་ནད། །བད་ཀན་དང་ནི་མཛེ་ནད་འོང༌། །བྱིང་དང་གཉིད་ཀྱིས་བཏབ་པ་ཡིན། །ཀླུ་གདོན་རྣམས་ཀྱིས་གསལ་ཆ་འཕྲོག །མཐར་ནི་དུད་འགྲོའི་ལས་ཀྱང་བྱེད། །སྐྱོན་དེ་བཅོས་པར་བྱ་བ་ནི། །ས་ནི་རླུང་གིས་དེད་པ་སྟེ། །ཆུ་ཡིས་ཀྱང་ནི་འདག་པར་བྱེད། །བུམ་པ་ཅན་གྱི་སྦྱོར་བ་ཡིས། །རྐང་མཐིལ་སྤྱི་གཙུག་མན་ཆད་ནས། །ཚིགས་དང་ལུས་ནི་ཐམས་ཅད་དུ། །རླུང་ནི་ངེས་པར་བཟུང་བྱས་ན། །ནམ་མཁར་རང་གནས་ཁེངས་ཙམ་ན། །ས་ནི་ཞི་བར་བྱེད་པ་སྟེ། །ཀླུ་གདོན་ནད་ཀྱང་ཞི་བར་འགྱུར། །ས་ནི་རླུང་གིས་གཏོར་བ་སྟེ། །རླུང་གིས་སྦྱོར་བ་ཤེས་པར་བྱ། །བད་ཀན་ཚད་ནད་ཆུ་ཡིས་གདོན། །གཏི་མུག་རང་སར་ཞི་ཙམ་ན། །ཀླུ་གདོན་ནད་ཀྱང་ཞི་བར་འགྱུར། །གཏི་མུག་སྟོང་པའི་ཏིང་འཛིན་དུ། །ལྷག་གིས་རྟོགས་པར་གྱུར་པ་དང༌། །ཐམས་ཅད་སྟོང་པར་སྐྱེ་བ་ཡིན། །མ་གོས་སྟོང་ཉིད་ནམ་མཁའ་དེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །སྐུ་ནི་རྣམ་པར་སྣང་མཛད་དེ། །ལྟེ་བ་མེ་ཡི་དཀྱིལ་འཁོར་དུ། །འབྱུང་བ་ཆུ་ཡི་རླུང་འདུས་ན། །ཆུ་ཡིས་མེ་ནི་གསོད་པར་བྱེད། །མོ་གདོན་མ་མོ་ལྡང་བ་ཡིན། །སེམས་ཉིད་འདོད་ཆགས་གཟུགས་སུ་འགྲོ། །ལུས་ལས་འདོད་ཆགས་བྱེད་པར་འགྱུར། །འདོད་ཆགས་ཁ་རླངས་ཚད་ནད་ཡིན། །ཁྲག་མཁྲིས་ཚད་པའི་ནང་དུ་འགྲོ། །ཕྱི་ནང་གཉིས་ལ་ཆགས་པ་ཡིས། །བསེན་མོས་ཐིག་ལེ་འཕྲོག་པར་བྱེད། །མཐར་ནི་ཡི་དྭགས་ལས་ཀྱང་བྱེད། །སྐྱེས་པ་རྣམས་ལ་མོ་གདོན་ཏེ། །བུད་མེད་རྣམས་ལ་ཕོ་གདོན་ཡིན། །སྐྱོན་དེ་བཅོས་པར་བྱ་བ་ནི། །རྡོ་སོལ་རི་ལ་ཆར་བབས་ན། །མེ་ཡི་རྒྱུར་ནི་ཆུ་ཉིད་འགྱུར། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །ཧཾ་དྲོས་ཐིག་ལེ་དབབ་པ་ནི། །མེ་ཡི་རང་གནས་ཁེངས་ཙམ་ན། །ཆུ་ཉིད་ཞི་བར་བྱེད་པ་ཡིན། །མོ་གདོན་ནད་ཀྱང་ཞི་བར་འགྱུར། །མེ་ནི་ཆུ་ཡིས་བསྐྱེད་པ་སྟེ། །ཐིག་ལེ་དབབ་པའི་སྦྱོར་བ་བྱ། །འདོད་ཆགས་རང་སར་ཞི་ཙམ་ན། །མོ་གདོན་ནད་ཀྱང་ཞི་བར་འགྱུར། །འདོད་ཆགས་བདེ་ཆེན་ཏིང་འཛིན་དུ། །ལྷག་གིས་རྟོགས་པར་གྱུར་པ་དང༌། །ཐམས་ཅད་བདེ་བར་སྐྱེ་བ་ཡིན། །མ་འདྲེས་བདེ་སྟོང་ཟུང་འཇུག་སྟེ། །སོ་སོར་ཀུན་རྟོག་ཡེ་ཤེས་ཡིན། །སྐུ་ནི་སྣང་བ་མཐའ་ཡས་སོ། །སྙིང་ཁ་ཆུ་ཡི་དཀྱིལ་འཁོར་དུ། །འབྱུང་བ་མེ་ཡི་རླུང་འདུས་ན། །མེ་ཡིས་ཆུ་མིག་སྐམ་པར་བྱེད། །ཕོ་གདོན་རྒྱལ་འགོང་ལྡང་བ་ཡིན། །སེམས་ཉིད་ཞེ་སྡང་གཟུགས་སུ་འགྲོ། །ཡིད་ལས་མི་དགེ་རྣམ་གསུམ་བྱེད། །ཞེ་སྡང་ཁ་རླངས་དུག་ནད་ཡིན། །སྙིང་རླུང་སྨྱོ་འབོགས་ནད་དུ་འོང༌། །མཐར་ནི་དམྱལ་བའི་ལས་ཀྱང་བྱེད། །སྐྱེས་པ་རྣམས་ལ་ཕོ་གདོན་ཏེ། །བུད་མེད་རྣམས་ལ་མོ་གདོན་ཡིན། །སྐྱོན་དེ་བཅོས་པར་བྱ་བ་ནི། །སྤྱི་བོའི་ཧཾ་ལས་བདུད་རྩི་བབས། །ཆུ་ཡིས་རང་བཞིན་ཁེངས་ཙམ་ན། །མེ་ནི་ཞི་བར་བྱེད་པ་ཡིན། །ཕོ་གདོན་ནད་ཀྱང་ཞི་བར་འགྱུར། །རླུང་ནི་ས་ཡིས་འབྱིན་པ་སྟེ། །ལྷ་སྐུ་ཆེ་དང་མཆོད་རྟེན་བསྒོམ། །ཞེ་སྡང་རང་སར་ཞི་ཙམ་ན། །ཕོ་གདོན་ནད་ཀྱང་ཞི་བར་གྱུར། །ཞེ་སྡང་གསལ་སྟོང་དཀྱིལ་འཁོར་དུ། །ལྷག་གིས་རྟོགས་པར་གྱུར་པ་དང༌། །མངོན་ཤེས་དང་ནི་ཤེས་རབ་སྐྱེ། །གསལ་སྟོང་ཟུང་འཇུག་བདེ་བ་དེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །སྐུ་ནི་མི་བསྐྱོད་རྡོ་རྗེ་སེམས། །མགྲིན་པ་ས་ཡི་དཀྱིལ་འཁོར་དུ། །འབྱུང་བ་གསུམ་གྱི་རླུང་འདུས་ན། །ས་ནི་རླུང་གིས་གཏོར་བར་བྱེད། །དྲག་པོ་བཙན་གདོན་ལྡང་བ་ཡིན། །སེམས་ཉིད་ང་རྒྱལ་གཟུགས་སུ་འགྲོ། །ངག་ལས་མི་དགེ་རྣམ་བཞི་བྱེད། །ང་རྒྱལ་ཁ་རླངས་འདུས་ནད་ཡིན། །ཚ་གྲང་འདྲེས་པའི་ནད་དུ་འོང༌། །གཞན་གྱི་དཔལ་ལ་སྡང་བ་ཡིས། །རང་ཆོས་ཡོན་ཏན་འཕྲོག་པར་བྱེད། །མཐར་ནི་ལྷ་མིན་ལས་ཀྱང་བྱེད། །སྐྱོན་དེ་བཅོས་པར་བྱ་བ་ནི། །སྟེང་འོག་རླུང་ནི་བཟུང་བ་ཡིན། །འབྱུང་བཞི་རླུང་ནི་མཉམ་གནས་པས། །ས་ཡིས་རང་གནས་ཁེངས་ཙམ་ན། །རླུང་གསུམ་ཞི་བར་བྱེད་པ་ཡིན། །བཙན་གདོན་ནད་ཀྱང་ཞི་བར་བྱེད། །ས་ཡི་རླུང་ནི་ནོན་པ་དང༌། །རླུང་བཟུང་བ་ཡི་མན་ངག་བྱ། །ང་རྒྱལ་རང་སར་ཞི་ཙམ་ན། །བཙན་གདོན་ནད་ཀྱང་ཞི་བར་འགྱུར། །ང་རྒྱལ་མཉམ་ཉིད་ཏིང་འཛིན་དུ། །ལྷག་གིས་རྟོགས་པར་གྱུར་པ་དང༌། །ཐམས་ཅད་མཉམ་པར་སྐྱེ་བ་ཡིན། །མཐོ་དམན་མེད་པའི་ཟུང་འཇུག་སྟེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །སྐུ་ནི་རིན་ཆེན་འབྱུང་ལྡན་ནོ། །བདེ་ཆེན་རླུང་གི་དཀྱིལ་འཁོར་དུ། །འབྱུང་བ་ས་ཡི་རླུང་འདུས་ན། །ས་ཡི་རླུང་ནི་གཏིབ་པར་བྱེད། །བདུད་གདོན་བྱིངས་ཅན་ལྡང་བ་ཡིན། །སེམས་ཉིད་ཕྲག་དོག་གཟུགས་སུ་འགྲོ། །དུག་གསུམ་ཆ་མཉམ་ཕྲག་དོག་བྱེད། །ཕྲག་དོག་ཁ་རླངས་ལྡན་ནད་ཡིན། །ལས་ནི་གང་དྲག་ནད་དུ་འོང༌། །མཐོ་བ་རྣམས་ལ་འགྲན་པ་ཡིས། །རང་ཉིད་དམན་སར་སྐྱུར་བར་བྱེད། །མཐར་ནི་འདུ་བྱེད་ལས་ཀྱང་བྱེད། །སྐྱོན་དེ་བཅོས་པར་བྱ་བ་ནི། །རླུང་ནི་དྷུ་ཏིར་བཅུག་བྱས་ནས། །རྩལ་པོ་ཆེ་ཡི་མདའ་འཕེན་ལྟར། །ཚངས་པའི་བུ་གར་རླུང་དྲངས་ནས། །རླུང་གིས་རང་གནས་ཁེངས་ཙམ་ན། །ས་ནི་ཞི་བར་བྱེད་པ་ཡིན། །བདུད་ཀྱི་ནད་རྣམས་ཞི་བར་འགྱུར། །ས་ནི་རླུང་གིས་གཏོར་བར་བྱེད། །མདའ་ལྟར་འཕང་བའི་སྦྱོར་བ་བྱ། །ཕྲག་དོག་རང་སར་ཞི་ཙམ་ན། །བདུད་གདོན་ནད་ཀྱང་ཞི་བར་འགྱུར། །ཕྲག་དོག་བདེ་སྟོང་ཏིང་འཛིན་དུ། །ལྷག་གིས་རྟོགས་པར་གྱུར་པ་དང༌། །བདག་གཞན་མེད་པར་སྐྱེ་བ་ཡིན། །ཐོག་མེད་ཟུང་འཇུག་དེ་ཉིད་དེ། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །སྐུ་ནི་དོན་ཡོད་གྲུབ་པའོ། །གཏི་མུག་ཀུན་ལ་གཞིར་བཞག་ནས། །འདོད་ཆགས་མེད་ན་སྔོན་དུ་སྐྱེ་བ་ཡིན། །ཞེ་སྡང་ང་རྒྱལ་ཕྲག་དོག་སྐྱེ། དག་པ་རིམ་གྱིས་དག་ན་ཡང༌། །ཕྲག་དོག་སྟེང་ལ་སྤོང་བ་ཡིན། །སྤྱི་བོར་ཡོན་ཏན་རྫོགས་ཙམ་ན། །བདེ་ཆེན་གནས་སུ་དབང་བསྐུར་ཐོབ། །བདུད་བཅོམ་མངོན་སངས་རྒྱ་བའི་གནས། །རིག་མ་ལ་བརྟེན་འབྲས་བུ་དང༌། །དུས་གསུམ་སངས་རྒྱས་འདུས་པ་ཡི། །དབང་བསྐུར་དོན་ཡོད་གྲུབ་པས་བྱེད། །དེ་ཕྱིར་བོ་ཀུ་རླུང་གི་གནས། །རྟེན་འབྲེལ་གནད་དེ་གོ་བར་བྱ། །སློབ་དཔོན་ཆེན་པོ་བཱིར་ཝ་པས། །འཁོར་ལོ་དྲུག་ཏུ་བཞེད་པ་ཡང༌། །ལྔ་ནི་རིགས་ལྔར་བཞེད་པ་ཡིན། །སྨིན་འཚམས་དྲུག་པ་རྡོ་རྗེ་འཆང༌། །དེ་དང་དེ་ཡི་ཆོས་རྣམས་གསུངས། །དེ་ལྟར་སྐྱོན་ཡོན་ཤེས་བྱས་ནས། །སྒྲུབ་པ་གཙོ་བོར་མཛད་པ་དང༌། །ཅུང་ཞིག་བརྟན་པ་ཐོབ་པའི་གནས། །ཤིང་གཅིག་རི་བོ་དུར་ཁྲོད་དང༌། །དབེན་སར་བསྡད་ལ་བསྒྲུབ་པར་བྱ། །གལ་ཏེ་གང་ཟག་རི་ཁྲོད་པ། །སྒྲུབ་པ་གནད་དུ་མ་ཕེབས་པས། །སྔར་གྱི་སྐྱོན་རྣམས་འབྱུང་བར་འབྱུང༌། །ཡུལ་དེར་གནས་པའི་གཞི་བདག་དང༌། །སྔ་མ་སྡོང་ནས་གནོད་པ་སྐྱེལ། །ཡུལ་གྱི་མི་དང་མི་མཐུན་སྒྲུབ། །སྣང་བ་ཐམས་ཅད་རྟོག་པ་ཡིན། །དེ་འདྲའི་བར་ཆད་བྱུང་དུས་སུ། །བླ་མ་ཡི་དམ་མཁའ་འགྲོ་དང༌། །ཆོས་སྐྱོང་སྲུང་མ་ཐམས་ཅད་དང༌། །དུར་ཁྲོད་སྲུང་བའི་ལྷ་རྣམས་ལ། །ཚོགས་དང་གཏོར་མས་མཉེས་པར་བྱ། །གཞི་བདག་མི་མ་ཡིན་རྣམས་ལ། །འབྱུང་གཏོར་རྒྱས་པ་བཏང་བྱས་ལ། །རྟེན་འབྲེལ་ཆོས་བཤད་སྨོན་ལམ་གདབ། །དེ་ཡིས་ཐམས་ཅད་མཐུན་པར་འགྱུར། །སྒྲུབ་པ་གནད་དུ་སྐྱོལ་བ་ནི། །སྐྱོན་ཡོན་གཉིས་ཀྱི་ས་འཚམས་དེ། །སྐྱོན་རྣམ་དག་ཅིང་ཡོན་ཏན་སྐྱེ། །བགེགས་རྣམས་རང་རང་རིགས་མཐུན་གྱིས། །གཞི་བདག་མི་མ་ཡིན་བསྐུལ་ནས། །རྒྱལ་པོ་ལ་སོགས་མི་རྣམས་དང༌། །དུར་ཁྲོད་གནས་པའི་ལྷ་རྣམས་ཀྱང༌། །གང་ཟག་དེ་ལ་སྲུང་བར་བྱེད། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་ཀྱང༌། །གནོད་མེད་ཕན་ནི་འདོགས་པར་བྱེད། །ཉོན་མོངས་དུག་གསུམ་ཞི་བ་དང༌། །བདེ་གསལ་མི་རྟོག་ཉམས་མྱོང་སྐྱེ། །སྲིད་གསུམ་མཐོང་སྣང་འཆར་བ་ཡིན། །སྐུ་གསུམ་རྟོགས་པ་ཤར་ཙམ་ན། །ཡོན་ཏན་ཐམས་ཅད་རྫོགས་པ་ཡིན། །ཉམས་ལེན་གནད་ལ་མཁས་པར་བྱ། །ཉོན་མོངས་དུག་ལྔ་ལམ་ཁྱེར་སྐབས། །མཐུན་རྐྱེན་གང་བརྟེན་ཞུས་པ་ནི། །འདོད་ཡོན་ལྔ་ལ་སོགས་པ་ནི། །ཏིང་འཛིན་སྐྱེ་ན་བརྟེན་པར་བྱ། །ལོག་པའི་མཐུན་རྐྱེན་རྣམས་ཀྱིས་ནི། །ཐར་པའི་ས་བོན་སྲེག་པར་བྱེད། །གསང་སྔགས་ཆོས་ལ་སྙད་བཏགས་ནས། །ཉོན་མོངས་སྤྱོད་པ་མ་ཡིན་ནོ། །གཉིས་པ་ཟབ་ཆོས་ཞུས་པ་ནི། །གོང་གི་དེ་ལས་ཟབ་པ་མེད། །ཁྱོད་ཀྱིས་འདོད་པའི་ཟབ་ཆོས་དེ། །སྟོང་པ་གཅིག་ལ་འདོད་དེ་མཆི། །ངས་ནི་རྟེན་འབྲེལ་ཟབ་མོར་གོ། །འོན་ཀྱང་གཉུག་མ་ལྷན་སྐྱེས་འདི། །རང་ལ་ཡོད་པ་ཡིན་ན་ཡང༌། །རྟོགས་པར་དཀའ་བས་ཟབ་པ་ཡིན། །རྟོགས་ན་ཉམས་ལེན་སླ་བ་ཡིན། །གང་ལྟར་སྣང་བ་སྒོམ་ཡིན་པས། །དེ་ལས་སླ་བ་ལོགས་ན་མེད། །ཉིན་ཞག་ཕྲུག་གཅིག་བྱ་བ་ཡིན། །ཅི་བྱས་དགེ་བར་འགྲོ་ན་ཡིན། །ང་ཡིས་ཉམས་སུ་བླངས་པ་ལ། །གོང་མ་རྣམས་ལས་ལོགས་ན་མེད། །ཉམས་ལེན་འགྲིགས་རིམ་འདོད་པ་དེ། །སྦྱོར་དངོས་རྗེས་གསུམ་སྐྱེ་འགག་ཅན། །མི་རྟོག་སྟོང་པས་དགོས་པ་མེད། །གཉུག་མ་རྒྱུན་ཆད་མེད་པ་ལ། །བཏང་བཞག་མེད་ན་འགྲིག་རིམ་ཡིན། །དགོས་ཀ་སྟོང་པར་མ་སོང་བར། །ཉ་ག་མ་འཆུག་དེ་ལ་འདོད། །ཉམས་ལེན་གནད་དུ་ཕོག་པ་ནི། །གནད་བཞིའི་རྟེན་འབྲེལ་འགྲིགས་ན་ཡིན། །དོན་དུ་འདྲིལ་བ་གང་ཡིན་པ། །ཐམས་ཅད་སེམས་སུ་རྟོགས་པ་དང༌། །སེམས་ནི་ཕྱག་རྒྱ་ཆེན་པོ་ཡིན། །ཉམས་ལེན་བདེ་བ་གང་ཡིན་ན། །ཐམས་ཅད་སྒོམ་དུ་ཤར་ན་བདེ། །སྡུག་བསྔལ་ལོགས་སུ་མ་གྲུབ་ན། །ཐམས་ཅད་བདེ་བ་ཆེན་པོ་ཡིན། །ཆོས་གཅིག་གཤའ་མར་བྱེད་ལུགས་ནི། །མི་དགེ་སྐད་ཅིག་མི་སྐྱེ་བར། །སྐྲ་དང་ཨོག་ཚོམ་མི་བསྲེ་བར། །ཚུལ་ཁྲིམས་གཙང་དང་ལྡན་པ་ཡིས། །བྱང་ཆུབ་སེམས་ཉིད་སྦྱང་བ་དང༌། །བསྐྱེད་རྫོགས་མཉམ་རྗེས་མེད་པ་དང༌། །དགེ་བསྔོ་སྨོན་ལམ་འདེབས་བྱེད་ན། །ཆོས་ཀྱི་བྱེད་ལུགས་མ་ནོར་ཡིན། །སྙིང་རྗེ་ལྟོས་ཞེས་ཞུས་པ་ནི། །བླ་མའི་ཞལ་གདམས་ཟབ་མོ་དང༌། །མཁའ་འགྲོའི་སྲོག་སྙིང་གནད་དོན་རྣམས། །འགྲོ་ལ་བརྩེ་བ་མ་ཡིན་ན། །ཞལ་དུ་ཐོན་པ་དཀའ་མོར་གདའ། །རང་ཐེད་ལ་བཏང་བ་ཐུགས་རྗེ་ཡིན། །སུ་ལ་རེ་ཞེས་ཞུས་པ་ནི། །རང་སེམས་ཡིད་བཞིན་ནོར་བུ་ལ། །དགོས་འདོད་ཐམས་ཅད་འབྱུང་བ་ནི། །ཉམས་ལེན་བྱི་དོར་ཆས་བྱས་ན། །གཞན་ལ་རེ་ལྟོས་བྱ་མི་དགོས། །བཀའ་དྲིན་ཅན་ཞེས་ཁ་སྤྱང་དེ། །འདི་དང་བསྟུན་ན་བདེན་པ་ཡིན། །དགོས་འདོད་བྱུང་ན་ཆེ་བ་ཡིན། །གསང་བའི་ཡང་སྙིང་སྙིང་པོ་འདི། །ཡི་གེར་བཀོད་པ་མི་རིགས་ཀྱང༌། །བཙུན་ཆུང་ཤེས་རབ་བརྩོན་འགྲུས་ཀྱི། །དོན་དུ་ཟབ་ཆོས་བགྱིས་པ་ལ། །བླ་མ་ཡི་དམ་མཁའ་འགྲོ་རྣམས། །མི་མཉེས་གྱུར་པ་བཟོད་པར་གསོལ། །དགེ་བ་འདི་དང་དགེ་གཞན་རྣམས། །མཁའ་མཉམ་སེམས་ཅན་ཐམས་ཅད་དང༌། །བཙུན་ཆུང་ཤེས་རབ་བརྩོན་འགྲུས་ཀྱི། །འཁོར་བའི་སྡུག་བསྔལ་ཞི་བར་ཤོག །སྒྱེད་ཀྱི་མཁར་ལུང་བླ་ཆེན་དུ། །གུ་རུ་པྲཉྫཱ་སེང་ཧ་ཡིས། །བཙུན་ཆུང་ཤེས་རབ་བརྩོན་འགྲུས་ལ། །གདམས་ངག་གསང་བའི་ཡང་སྙིང་གསུངས། །བཙུན་པ་ཨ་མ་སྤངས་པ་ཡིན། །ཆུང་བ་མི་དགེ་ཆུང་བ་ཡིན། །སྡེ་སྣོད་གསུམ་གྱི་བརྗོད་བྱ་ལ། །རྟོགས་པ་སྐྱེས་པ་ཤེས་རབ་ཡིན། །མི་ཡེངས་སྒྲུབ་པ་བརྩོན་འགྲུས་ཡིན། །གསང་བ་ཅེས་ནི་བརྗོད་པ་སྟེ། །ཐུབ་པ་ཡང་དག་སངས་རྒྱས་ཀྱིས། །རྡོ་རྗེ་ཐེག་པ་གསུངས་པ་དེ། །སེམས་ཅན་ལུས་ངག་ཡིད་གསུམ་ལ། །ཟབ་པའི་ཆོས་རྣམས་ཡོད་པ་དེ། །རང་གཞན་རྐྱེན་གྱིས་གསང་བ་ཡིན། །གོང་དུ་བསྟན་པའི་ཟབ་ཆོས་རྣམས། །སྒྲིབ་པ་མེད་ཅིང་མ་མཐོང་མེད། །རང་བཞིན་གྱིས་ནི་གསང་བ་ཡིན། །གསང་བའི་བདག་པོ་བླ་མ་ལ། །དབང་དང་བྱིན་རླབས་མ་ཐོབ་ན། །རང་ལ་ཡོད་པ་མ་བརྟེན་པས། །དེ་ནི་རྐྱེན་གྱིས་གསང་བ་ཡིན། །སྙིང་པོའི་ཡང་སྙིང་ཞེས་པ་ནི། །རྒྱུད་སྡེ་གསུམ་གསུངས་སྙིང་པོ་ཡིན། །ཡང་སྙིང་རྣལ་འབྱོར་བླ་མེད་ཡིན། །སྙིང་པོ་ཀྱཻ་ཡི་རྡོ་རྗེ་ཡིན། །སེམས་ཅན་ལུས་ངག་ཡིད་གསུམ་ནི། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མ་ལུས་པ། །སེམས་ཅན་ལུས་ངག་ཡིད་གསུམ་གྱི། །གཞི་ལ་གནས་པའི་ཆོས་རྣམས་ལ། །སངས་རྒྱས་སྙིང་པོ་མ་ཡིན་པ། །འཁོར་བའི་སྦུན་སྐོགས་གཅིག་ཀྱང་མེད། །དེ་ཡི་ཕྱིར་ན་ཡང་སྙིང་ཡིན། །ཤེས་རབ་བརྩོན་འགྲུས་ཞེས་པས་ཞུས། གསང་བའི་ཡང་སྙིང་ཅེས་བྱ་བ། རས་པས་བཀོད་པ་རྫོགས་སོ། །དགེའོ།།

ཡོན་ཏན་ཐམས་ཅད་རྫོགས་པར་བྱེད་པའི་ལམ་འབྲས་བུ་དང་བཅས་པའི་གདམས་ངག

གླེང་གཞི་དང་གདམས་ངག་སྤྱིར་བསྟན་པའི་ལེའུ་སྟེ་དང་པོ།

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་བཀའ་བརྒྱུད་ཀྱི་བླ་མ་རིན་པོ་ཆེ་རྣམས་དང༌། བཀའ་དྲིན་ཅན་གྱི་བླ་མ་རིན་པོ་ཆེ་རྣམས་ཀྱི་ཞབས་ལ་འདུད། དུས་གསུམ་གྱི་ཐུབ་པའི་དགོངས་པ། བསྟན་བཅོས་མཁན་པོ་རྣམས་ཀྱིས་བཀྲལ་བ། བླ་མ་དམ་པ་རྣམས་ཀྱིས་གདམས་པ། རང་གིས་ཐོས་པ་དང༌། བསམ་པ་དང༌། སྒོམ་པ་གསུམ་གྱིས་རྟོགས་ཤིང་ཉམས་སུ་མྱོང་བའི་ཆོས་རྣམས་ལ། རང་གི་དྲན་པ་གསོ་བ་དང༌། སེམས་ཅན་ལ་ཕན་པའི་དོན་དུ་བྲི་བར་བྱའོ། །སྤྱིར་སེམས་ཅན་ཐམས་ཅད། སྒོས་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པ་རྣམས། རྒྱུ་ལ་གནས་པ། ལམ་དུ་ཞུགས་པ། འབྲས་བུ་མངོན་དུ་གྱུར་པ་རྣམས་ཀྱི་སྐྱོན་དང༌། སྒྲིབ་པ་དང༌། རྐྱེན་དང་མི་མཐུན་པའི་ཕྱོགས་ཇི་ལྟར་འབྱུང་བ་དང༌། སྐྱོན་རྣམས་སེལ་ཅིང་སྒྲིབ་པ་འདག་པ་དང༌། མཐུན་ཕྱོགས་ཐམས་ཅད་འགྲུབ་ཞིང་འབྲས་བུ་མངོན་དུ་བྱེད་པ་གོང་མ་རྣམས་ཀྱིས་གསུངས་པའོ། །སེམས་ཅན་ལ་ཉོན་མོངས་པ་དང༌། རྐྱེན་དང༌། སྡུག་བསྔལ་ཡོད་བཞིན་དུ། ཧོར་གྱི་དམག་འདིའི་ཁ་འོག་དུ་ཚུད་པ་རྣམས་ལ་ཕྱིར་ཤོར་བ་ཡང་ཉུང༌། སྡུག་བསྔལ་ཡང་མི་འདྲ་སྣ་ཚོགས་པ་མྱོང་བར་སྣང༌། བདག་ཅག་གིས་ཀྱང་འདིའི་ཕྱོགས་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཞིག་མྱོང༌། ཁྱད་པར་དུ་ཡང་བྱི་བ་ལོ་ཟླ་བ་བཅུ་པའི་ཚེས་བཞི་ལ་བརྒྱབ་པས། དཀོན་མཆོག་གི་རྟེན་དང་ཕྲལ། འཁོར་དང་ལོངས་སྤྱོད་ཀྱང་ཁོས་ཁྱེར། ཧོར་གྱིས་དེད་ནས་ཚེས་བཅུའི་བར་དུ་རི་ལ་ཕར་བྲོས་ཚུར་བྲོས་བྱས་པའི་དུས་སུ། བླ་མ་དཀོན་མཆོག་དང༌། ཡི་དམ་གྱི་ལྷ་དང༌། ཆོས་སྐྱོང་རྣམས་ཀྱིས་བསྐྱབས་ཤིང་དམག་ཕྱིར་སྣ་དྲངས། ཡུལ་གྱི་གཞི་བདག་གིས་ཀྱང་བསྲུངས། རང་ཡུལ་རྒྱུས་མེད་པར་འབྲོས་ས་མ་རྙེད་པའི་དུས་སུ། ཚེས་བཅུའི་ཉིན་པར། དགེ་བསྙེན་ཆེན་པོ་སེ་རུ་ངང་གཡས་གཙོ་བྱས་པའི་འབྱུང་བ་ལྔ་ལ་དབང་དུ་བྱེད་པ་རྣམས་ཀྱིས། ནམ་ཟླ་དགུན་གྱི་དུས་ཡིན་ཡང༌། ནམ་མཁར་འབྲུག་སྒྲ་བསྒྲགས། བར་སྣང་ལ་འོད་དང་འཇའ་ཚོན་གྱིས་ཁྱབ་པར་བྱས། ཁུ་འཕང་དང་ཁ་བས་སྣམ་བུ་བསྐྱང་བ་ལྟ་བུར་ཤར་ཕྱོགས་སུ་ལམ་སྣ་དྲངས། རྒྱ་ནག་པོའི་ཡུལ་གྱི་ཁ་ལུང་ཤར་འོ་དེ་རལ་གསུམ། ཁྱད་པར་དུ་ཟུང་ཆུང་བྱ་བར། ཡུལ་གྱི་གཞི་བདག་དགེ་བསྙེན་ཆེན་པོ་སེ་རུ་ངང་གཡས་བསྡུས་ནས་ཡུལ་དེར་བསྡད་པ་ལ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས། མི་ཐམས་ཅད་ཀྱིས་སྡང་ཞིང་སྡུག་བསྔལ་སྣ་ཚོགས་མྱོང་བའི་དུས་སུ། ཨ་ཞང་དཔོན་རྒྱལ་དཔོན་གཡོག་མིན་པ། ཕན་འདོགས་མི་ནི་མེད། མི་མ་ཡིན་རྣམས་ཀྱིས་བསྲུང་པ་མ་ཡིན་ན། མིས་སྡང་ཞིང་གནོད་པ་སྣ་ཚོགས་པ་བྱུང་གཞན་གྱིས་སྐུར་པ་འདེབས་ཤིང་ངན་སྨྲས་བྱེད། གསོད་གཅོད་དང་འཕྲོག་རློམ་བྱས། ནད་དང་མུ་གེ་དང་མི་མཐུན་པའི་ཕྱོགས་དུས་གཅིག་ཏུ་མྱོང་བར་བྱུང༌། འགྲོ་ན་འགྲོར་མ་སྟེར། འདུག་ན་འདུག་མ་སྟེར། ཟླ་བ་བཞིའི་བར་དུ་སྡུག་བསྔལ་མྱོང་བའི་དུས་སུ། ཡང་འདི་འདྲ་བའི་སྡུག་བསྔལ་མྱོང་བའི་དུས་སུ། ཅིའི་རྒྱུ། ཅིའི་རྐྱེན། རྣམ་པར་སྨིན་པ་འདྲ་བ་མྱོང་བ་འདི་ཅི་ལས་བྱུང་བ་ཡིན་སྙམ་དུ་བསམ་པ་ལ། ཐུབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྒྱུ་འབྲས་གསུངས་པ་དང་བླ་མ་རིན་པོ་ཆེ་རྣམས་དང་གོང་མ་རྣམས་ཀྱིས་གསུངས་པའི་ཆོས་ལ་གོ་ལུགས་རྣམ་པ་གསུམ་བྱུང་སྟེ། སེམས་ཅན་ལ་རྒྱུ་གང་སོང་ལ་འབྲས་བུ་འབྱུང་བའི་ཚུལ་ལུགས་དང༌། སྔོན་དུ་རྒྱུ་མ་སོང་ཡང་འཕྲལ་གྱི་རྐྱེན་འཛོམས་པས་འབྱུང་བ་དང༌། ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་བླངས་པས་རྩ་རླུང་བྱེད་པས་སེམས་ལ་ཉམས་མྱོང་གི་སྣང་བ་འཆར་བའོ། །དེ་ལ་ཡང་གཉིས་ཏེ། ཐབས་ལམ་ཉམས་སུ་བླངས་པའི་འཆར་ལུགས་དང༌། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་མངོན་པར་རྟོགས་པ་སྐྱེས་པས། ཐོག་མེད་ནས་བསགས་པའི་ལས་ཐམས་ཅད་ཀྱི་རྣམ་པར་སྨིན་པ་མྱུར་དུ་ཐམས་ཅད་བསླངས་པས་མི་མཐུན་པ་སྣ་ཚོགས་པ་ཞིག་འབྱུང་བ་ཡིན་ནོ། །འདིའི་དུས་སུ་སྒོམ་ཆེན་པ་གཤའ་མ་ཞིག་དགོས། སྡུག་བསྔལ་བྱུང་བ་དེ་ནང་ཉམས་སུ་ཤེས་པར་བྱས་ནས། སྡུག་བསྔལ་གང་ཉམས་སུ་མྱོང་བ་དེ་རྒྱུ་རྐྱེན་གང་ལས་བྱུང༌། ཤེས་རབ་ཀྱིས་རྟོགས་པར་བྱས་ནས། སྡུག་བསྔལ་གང་བྱུང་བ་དེ། དེ་རང་གི་རྒྱུ་ཅན་དང་མཐུན་པའི་གནད་བསྒོམས་པས། དེའི་སྡུག་བསྔལ་སྤང་བྱར་མི་མཐོང་བའི། དེ་ཉིད་ལམ་དུ་སློང་བ་ཡིན། གཞན་ཐམས་ཅད་ཀྱང་རྒྱུ་གང་སོང་བ་དང༌། རྐྱེན་གང་གིས་བསྐྱེད་པ་དང༌། རང་དང་འཁོར་གྱིས་ཀྱང་སྡུག་བསྔལ་འདི་འདྲ་བ་མྱོང་བའི་རྒྱུ་སོང་བ་ཡིན་པར་སྣང་ཨང་སྙམ་པ་ཞིག་གོ་བས། སྟོབས་བཞིའི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བཤགས་པ་བྱས། སྤྱིར་སེམས་ཅན་རྣམས་ཀྱིས་སྡུག་བསྔལ་མྱོང་བ་ལ་སྙིང་རྗེ་སྐྱེས། བདག་གཅིག་གི་སྡུག་བསྔལ་འདི་ལ་ཅི་ཡོད་ནས། སེམས་ཅན་ངན་སོང་གསུམ་དུ་སྐྱེས་པ་རྣམས་ལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་པ་རྣམས་སྙིང་རྗེ་བ་དང༌། ཁྱད་པར་དུ་བདག་ཅག་ལ་གནོད་པ་རྣམས་བདག་ཆོས་བྱེད་པ་ལ་གནོད་པ་འདི་ཙམ་བྱས་པས་སྡུག་བསྔལ་འདི་བས་ཆེ་བ་གཅིག་མྱོང་བར་སྣང་སྙམ་པས། བྱམས་པ་དང་སྙིང་རྗེ་ལྷག་པར་སྐྱེས། གནོད་སྐྱེལ་འདི་མ་ཡིན་ངེས་པ་འདི་ལ་སྡང་བའི་སེམས་སྐྱེ་བ་གང་ནས་འཐད་སྙམ་ནས། བྱང་ཆུབ་ཀྱི་སེམས་བསྒོམས་པས་བླ་མ་དཀོན་མཆོག་དང་ཡི་དམ་དང་ཆོས་སྐྱོང་ལ་གསོལ་བས་བཏབས། བྱང་ཆུབ་ཀྱི་སེམས་དང་གནོད་སྐྱེལ་དང༌། རང་གི་སྡུག་བསྔལ་མྱོང་བ་འདི་རང་སེམས་ཡིན། སེམས་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པ་གཉིས་སུ་མེད་པའི་ཡེ་ཤེས་རྒྱུན་དུ་བསྒོམས་པས། བྱང་ཕྱོགས་རྨ་ངོས་སུ། ནམ་ཕྱེད་རྨི་ལམ་དུ་རྨིས་པས། ཟླ་བ་གཉིས་པའི་ཚེས་བདུན་ལམ་དུ་ཞུགས་ནས་འོང་བ་ལ། ཁལ་མ་ཡང་མེད། ལམ་རྒྱགས་ཀྱང་སྲབ། ཁུ་རུ་ཁུར་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཞིག་བྱས། འོན་ཀྱང་དགེ་སྦྱོར་མ་ཆགས་པར་བྱས་ནས། ཟླ་བ་གཉིས་པའི་ཉི་ཤུ་བདུན་ལ་ཆོས་རྗེ་རིན་པོ་ཆེས་རྨི་ལམ་དུ་དངོས་གྲུབ་གནང༌། ཟླ་བ་གསུམ་པའི་ཚེས་གཅིག་ལ་དངོས་གྲུབ་ཀྱི་སྔ་ལྟས་བྱུང༌། ཟླ་བ་གསུམ་པའི་ཚེས་གཉིས་ལ་སྡུག་བསྔལ་དང་སྡིག་སྒྲིབ་རགས་པ་བསགས་༼བསྲབས་༽པར་གྱུར། ཡུལ་གང་དུ་བྱར་མ་རུང་ཞིང་སྡུག་བསྔལ་མྱོང་བའི་དུས་སུ། སྡུག་བསྔལ་མ་མཐོང་བར། དགེ་སྦྱོར་གནད་དུ་ཕོག་པ་གཅིག་བསྒོམས་ན། དུས་ཕྱིས་ཡུལ་དེར་བདེ་བ་གཅིག་མྱོང་བ་ཡིན། མ་སྒོམ་ཞིང་སྡུག་བསྔལ་དུ་སོང་ན། སྡུག་བསྔལ་ལ་སྡུག་བསྔལ་བསྣན་པ་ཡིན། དེ་ཡང་ཤར་འོ་དེ་རལ་གསུམ་དང༌། རྨ་ལུང་ཆེན་བཅོ་བརྒྱད་དང༌། སྙི་ལ་མེད་དང༌། དེ་རྣམས་སུ་སྡུག་བསྔལ་མྱོང་བ་དེ། སྔོན་ཐོག་མ་མེད་པ་ནས་བསགས་པའི་རྣམ་སྨིན་ཡིན་པར་ངེས། དུས་དང་གནས་སྐབས་དེ་ཙམ་ན། དགྲ་ཡིས་གཙེར་བས་འཇིགས་པ་དང༌། བཀྲེས་སྐོམ་ངལ་དུབ་དབང་གིས་སྡུག་པ་དེས་གསོལ་བ་བཏབ་ཅིང་དགེ་སྦྱོར་རྒྱུན་ཆད་མེད་པར་བྱས་པས་ལས་ངན་དག་ཅིང་བདེ་བ་འབྱུང་ཁ་དེར། རྣམ་སྨིན་གནག་པར་མྱོང་སྟེ། ཁ་བ་བབས། ལམ་གཏོར། རྒྱགས་ཆད་ནས། འཁོར་རྣམས་སྒྱེད་ལུག་པའི་དུས་སུ། སེམས་ཀྱི་དཔའ་སྐྱེད། སེམས་གསོས་ནས་དགེ་སྦྱོར་ལ་འབད་དང༌། སྒྲིབ་པ་འདག་བདེ་བ་འབྱུང་བའི་དུས་ཡིན་བཟླས་ནས། རང་གིས་ཀྱང་དངོས་གྲུབ་ཐོབ་ཀར་ལས་རྣམས་རྟོགས་པ་ཡིན་སྙམ་པའི་གོ་བ་སྐྱེས། ཆོས་རྗེ་ཕག་མོ་གྲུ་པའི་ཞལ་ནས། གང་ཚེ་དངོས་གྲུབ་འབྱུང་བའི་ཚེ། །དེ་ཚེ་ལས་རྣམས་རྟོགས་པར་འགྱུར། །ཞེས་གསུངས་པའི་དོན་ཡང་འདི་ཡིན་སྙམ་པའི་གོ་བ་སྐྱེས། དེ་ཉིད་དགེ་སྦྱོར་དུ་མྱོང་བས་སྒྲིབ་པ་དག དེ་ནས་དགེ་བའི་མགོ་བཙུགས། གྲོ་མ་རྐོ་ས་གཅིག་རྙེད་པས་ཚེ་བསྲིངས། ཟླ་བ་གསུམ་པའི་ཉི་ཤུ་བཞི་ལ་ཟླ་ཤོད་དུ། ཧོར་ཅེར་གྱི་རུ་བ་ལ་སླེབས་ནས་དབུགས་ཕྱིན་པར་གྱུར། ལར་ཡང་སྒྲུབ་པ་གནད་དུ་འགྲོ་བའི་དུས་སུ། ཐོག་མེད་ནས་བསགས་པའི་སྒྲིབ་པ་འདག་པ་ཡིན། ལས་མི་བསླུ་བའི་སྟོབས་ཀྱིས་སྡུག་བསྔལ་མྱོང་བ་ཡིན། སྡུག་བསྔལ་མྱོང་བ་དེ་སེམས་སུ་ཤེས་པར་བྱས་ནས་གཉིས་སུ་མེད་པ་གོམས་པར་བྱས་ནས། སྒྲིབ་པ་འདག་ཅིང་བདེ་བ་གཅིག་འབྱུང་བ་ཡིན། དེ་ལྟར་ཡིན་པར་ཡང༌། བཅོམ་ལྡན་འདས་ལ་མགོན་པོ་བྱམས་པས་བསྟོད་པ། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །གཞན་ཡང་དྲི་མ་རྣམ་མང་བ། །ཁྱོད་ཀྱི་ཡེ་ཤེས་མེ་ཡིས་བསྲེགས། །ཞེས་གསུངས་ཏེ། ཁྱེད་ཀྱི་ཡེ་ཤེས་ཞེས་པ་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ཏེ། དེ་གང་ཡིན་ན། རང་གི་སེམས་དང་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད། དེ་ལྟར་རྟོགས་ཤིང་ཉམས་སུ་མྱོང་ན་སྒྲིབ་པ་དང་སྡུག་བསྔལ་གྱི་གནས་མེད། དཔེར་ན་ཉི་མའི་དཀྱིལ་འཁོར་ཤར་ན་མུན་པའི་གནས་མེད་པ་བཞིན་ནོ། །མི་མཐུན་པའི་ཕྱོགས་སམ་སྡུག་བསྔལ་བྱུང་ཡང་དེ་རང་སྒོམ་དུ་ཤེས་པར་བྱས་ན་དོན་འགྲུབ་པ་ཡིན་ནོ། །དེ་ནས་ཟླ་བ་ལྔ་པའི་ཚེས་གཅིག འདན་འབྲི་དམ་པ་ཆོས་ཕྱུག་ཏུ་སླེབས་པས་དགྲ་ཡི་འཇིགས་པ་དང༌། རྐྱེན་དང་སྡུག་བསྔལ་ཞི། མཐུན་པའི་ཕྱོགས་ཐམས་ཅད་འགྲུབ་ཅིང་བདེ་བ་འབྱུང་བས་ས་དང་པོའི་བདེན་པ་མཐོང་བ་ལྟ་བུའི་དགའ་བ་སྐྱེས། སྔར་གྱི་འཇིགས་པ་དང་སྡུག་བསྔལ་མྱོང་བ་དེ་དག་ལ་སེམས་ཆོས་སྐུ་ལ་སྡུག་བསྔལ་དང་རྟོག་པ་འདི་འདྲ་བ་སྐྱེ་བ་སྙམ་པས་ངོ་མཚར་བ་བསམ། སྔར་གྱི་སྡུག་བསྔལ་དེ་འདྲ་བ་ད་མི་འོང་ངམ་སྙམ་པས་འཇིགས་པའམ། ཉམ་ང་བའམ་ཡ་ང་སྐྱེས་ཏེ། འོན་ཀྱང་དེ་ཕྱིན་ཆད་དཀོན་མཆོག་གསུམ་གྱི་ས་གཞི་ལ་སླེབས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང༌། མཐུན་ཕྱོགས་བདེ་བ་ཆེན་པོ་མྱོང་བ་ནི་དག་པའི་ས་ལ་གནས་པ་ལྟ་བུའམ། བཅུ་གཅིག་ཀུན་ཏུ་འོད་དང༌། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ནས། སྐུ་ལྔ་རོ་གཅིག་ཏུ་སངས་རྒྱས་པ་དང༌། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱིས་འཁོར་ལོས་འགྲོ་བ་སེམས་ཅན་ཀྱི་དོན་རྒྱུན་ཆད་མེད་པར་བྱེད་པ་ལྟ་བུ་ཡིན་ནོ། །རྐྱེན་དང་གེགས་དང་བར་ཆད་སེལ་ཞིང་ཡོན་ཏན་རྒྱུད་ལ་སྐྱེ་མྱུར་བར་འདུག་པས་ཆོས་འདི་ཞིབ་ཏུ་སྟོན་པ་ཡིན། རྗེས་བདག་གི་སྡིག་སྒྲིབ་དང་སྡུག་བསྔལ་དག་པས་སེམས་ཅན་གྱི་སྡིག་སྒྲིབ་དག་པར་གྱུར་ཅིག ཁྱད་པར་དུ་གནོད་སྐྱེལ་གྱིས་སྒྲིབ་པ་དག་པར་གྱུར་ཅིག ཅེས་སྨོན་ལམ་གདབ་བོ། །གླེང་གཞི་དང་གདམས་ངག་སྤྱིར་བསྟན་པའི་ལེའུ་སྟེ་དང་པོའོ།།

རྒྱུ་འབྲས་གནད་ཀྱི་གདམས་ངག་གི་ལེའུ་སྟེ་གཉིས་པ།

༈ རྒྱུ་འབྲས་བུ་འཆར་ཚུལ་གྱི་དབང་དུ་བགྱིས་ན། གནས་སྐབས་ཀྱི་རྒྱུ་འབྲས་དང༌། མཐར་ཐུག་གི་རྒྱུ་འབྲས་གཉིས་སུ་འདུས། གནས་སྐབས་ལ་ཡང་སྡུག་བསྔལ་རྒྱུ་འབྲས་དང༌། བདེ་བ་རྒྱུ་འབྲས་སོ། །སྡུག་བསྔལ་མྱོང་བའི་རྒྱུ་སེམས། རྐྱེན་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་ནས་སྡིག་པ་མི་དགེ་བའི་ལས་བྱས་པ་དེ་དང་མཐུན་པའི་འབྲས་བུ་མྱོང་བའོ། །སྤྱི་བབས་དེ་ལྟར་ཡིན་ན་ཡང༌། སྒོམ་ཆེན་པ་ལ་ལམ་ཉམས་སུ་ལེན་པ་དང་ཉམས་མྱོང་གནད་དུ་འགྲོ་བའི་དུས་སུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ཁྱད་པར་དུ་ང་རྒྱལ་དང་ཕྲག་དོག་ལ་སོགས་པའི་ཕྱིན་ཅི་ལོག་གི་རྟོག་པ་སྐད་ཅིག་མ་གཅིག་སྐྱེས་པ་དེ་སྒོམ་དུ་མ་ཤེས་པར་ཐ་མལ་པར་ཤོར་ན། དེ་དང་མཐུན་པའི་སྐྱོན་འབྱུང་བ་ཡིན། སྒོམ་དུ་མ་ཤེས་ན་ཞེ་སྡང་སྐྱེས་པས་མི་ཞེ་སྡང་ཅན་དང་ཕྲད་ནས་ཞེ་སྡང་གི་ལས་བྱ་དགོས་པ་ཡིན། ཉོན་མོངས་པ་གཞན་རྣམས་ལ་ཡང་སོ་སོ་དང་མཐུན་པར་འབྱུང་ངོ༌། །ཞེ་སྡང་སྒོམ་དུ་ཤེས་ན་མི་ཞེ་སྡང་ཅན་ལ་ཕན་ཐོགས་པ་དང༌། རང་ལ་ཞེ་སྡང་ཡེ་ཤེས་སུ་འཆར་བ་དང༌། དེ་དང་དེ་ཡི་ཡོན་ཏན་འབྱུང༌། ཉོན་མོངས་གཞན་རྣམས་ཀྱང་དེ་དང་མཐུན་པས་བདེ་བ་རྒྱུ་འབྲས་སོ། །རྟོག་པ་ཆུང་ངུ་ལ་བརྙས་པ་མིན་ཏེ། ཆུང་ངུས་བདེ་སྡུག་ཆེན་པོ་བསྐྱེད་པ་ཡང་ཡོད། སྒོམ་དུ་ཤེས་ན་རྟོག་པ་ཆེན་པོ་ཡང་སྐྱོན་དུ་མི་འགྱུར་བའི་སྟེང་དུ་ཡོན་ཏན་ཆེན་པོ་བསྐྱེད་པ་ཡིན། ཞེ་སྡང་གསལ་སྟོང༌། འདོད་ཆགས་བདེ་སྟོང་ལ་སོགས་པའོ། །དེ་དང་མཐུན་པ་རྣམས་དབང་དུ་བསྡུད་པའི་དངོས་གྲུབ་འབྱུང་བ་ཡིན། མཐར་ཐུག་རྒྱུ་འབྲས་ལ་སྡུག་བསྔལ་རྒྱུ་འབྲས་དང་བདེ་བ་རྒྱུ་འབྲས་སོ། །སྡུག་བསྔལ་གྱི་རྒྱུ་སེམས། རྐྱེན་ཉོན་མོངས་པ་དང་མི་དགེ་བ། འབྲས་བུ་འཁོར་བའི་སྡུག་བསྔལ་འབྱུང་བ་ཡིན་ཏེ། དེ་གོང་དུ་ཞིབ་ཏུ་བསྟན་ཟིན། འདིར་ཉམས་སུ་ལེན་པ་རྣམས་ལ་གེགས་དང་བར་ཆད་མི་མཐུན་པའི་སྐྱོན་སྣ་ཚོགས་པ་འབྱུང་བ་དང༌། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། བདུད་འབྱུང་བ་ནི་སྡུག་བསྔལ་ཡིན་ལ། དེ་གྲོགས་སུ་ཁྱེར་ཞིང་ལམ་དུ་སློང་ན་སྐྱོན་ཐམས་ཅད་ལས་གྲོལ་ཞིང་སྒྲིབ་པ་འདག་བདུད་རང་ཡལ་ནས་འགྲོ། ས་ལམ་མཐར་ཕྱིན་པ་ནི་གནས་སྐབས་ཀྱི་བདེ་བའོ། །གཟུགས་ཀྱི་སྐུ་ལྔ་ཅི་སྙེད་མཁྱེན་པའི་ཡེ་ཤེས་སོ། །སངས་རྒྱས་ཀྱི་ཕྲིན་ལས་དང་ཡོན་ཏན་ཐམས་ཅད་ནི་རྒྱུ་ཡོད་པ་དང༌། རྒྱུ་རྐྱེན་སྔོན་དུ་སོང་བའི་འབྲས་བུ་ཡིན། ཆོས་ཀྱི་སྐུ་མ་བྱས་པ་ལྷུན་གྱིས་གྲུབ་པ་མངོན་དུ་གྱུར་པ་ནི་མཐར་ཐུག་གོ །ལམ་ཉམས་སུ་ལེན་པ་རྣམས་ལ་འདི་ལས་འདི་འབྱུང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དེ། བརྗོད་ཀྱིས་མི་ལང་བས་ཉམས་སུ་ལོང་དང་རང་ཤར་ཞིག་འོང་གི རྒྱུ་འབྲས་གནད་ཀྱི་གདམས་ངག་གི་ལེའུ་སྟེ་གཉིས་པའོ། །

དུས་བཞིའི་ཉམས་སུ་བླངས་པའི་ལེའུ་སྟེ་གསུམ་པ།

༈ སྒྲུབ་པ་པོ་རྟེན་གྱི་གང་ཟག་གཅིག་ལ། ཉིན་ཞག་ཕྲུག་གཅིག་གི་བྱ་བ་དུས་བཞི་དང་བསྟུན་ནས་ཉམས་སུ་བླང་བ་ལ་གསུམ་སྟེ། དུས་བཞིའི་གནད་དང་རླུང་བཞིའི་གནད་དང༌། སྐུ་གཉིས་ལམ་དུ་བྱེད་པའམ། དང་པོ་ལ་ཐོ་རངས་ཞི་བའི་དུས། སྔ་དྲོ་རྒྱས་པའི་དུས། ཕྱི་དྲོ་དབང་གི་དུས། སྲོད་ལ་མངོན་སྤྱོད་ཀྱི་དུས་སོ། །དེ་ལ་ཉམས་སུ་ལེན་པའི་བྱ་བ་ཐམས་ཅད་དུས་བཞི་དང་བསྟུན་པ་ཡིན་ཏེ། ཐོ་རངས་ཞི་བའི་ལས་བསྒྲུབ་ན་འགྲུབ། སྔ་དྲོ་རྒྱས་པ། ཕྱི་དྲོ་དབང༌། སྲོད་ལ་ཕྲིན་ལས། དུས་མ་འཆུག་པ་གནད་ཡིན། ཐོ་རངས་ལྟ་བུ་ཙམ་ལ་ཡང་སྒྲུབ་པ་དང་ལས་དང་བྱ་བ་ཅི་བྱེད་ན་ཡང་དུས་བཞི་དང་བསྟུན། སྔ་དྲོ་ལ་སོགས་པ་རྣམས་ལ་ཡང་དེ་བཞིན་ནོ། །ཡང་རྟོག་པ་སྐད་ཅིག་མ་གཅིག་ལ་དུས་བཞི་རྩི་བའི་དབང་གིས་བྱས་ན་རྟོག་པའི་ཆ་ཤས་བཞིར་ཕྱེས་ལ། རྟོག་པའི་དང་པོ་མ་ངེས་པ་ཞི་བ། ངེས་ན་རྟོག་པ་རགས་པ་རྒྱས་པ། འདས་མ་འོངས་གཉིས་ཀྱི་རྟོག་པ་མ་འདྲེས་པ་ཁོ་རང་གི་དབང་དུ་གྱུར་པས་དབང༌། རྟོག་པ་དེའི་བྱ་བ་རྫོགས་པས་མངོན་སྤྱོད། དབང་པོའི་ཡུལ་དུ་གྱུར་པས་དུས་བཞི་རྩི་བ་ནི། གཟུགས་སམ་སྒྲའམ་གང་རུང་གཅིག་ལ་དུས་བཞི་རྩི་བ་ནི། གཟུགས་ཀྱི་དབང་དུ་བྱས་ན་གཟུགས་ཅེར་གྱིས་མཐོང་བའི་དུས་སུ་གཟུགས་ཡང་ངོ་བོའམ། མཚན་ཉིད་མ་ངེས་པ་ཞི་བ། གཟུགས་ཅི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པ་རྒྱས་པ། གཟུགས་དེ་ལེགས་མི་ལེགས་མངོན་དུ་བྱས་པ་དབང༌། ཆགས་སྡང་གི་རྣམ་པར་སྣང་བ་མངོན་སྤྱོད། དེ་ལ་རྟོག་པ་དང་ཡུལ་གཉིས་ལ་རྟོག་པའི་དུས་བཞི་ལ་ཞི་བ་དང་རྒྱས་པ་གཉིས་མངོན་དུ་བྱེད་ན་དབང་དང་མངོན་སྤྱོད་གཉིས་ཀྱིས་ལས་བསྒྲུབ་དགོས་པ་ཡིན་ཏེ། སེམས་ཀྱི་དབང་དུ་རྟོག་པ་དང་ཡུལ་འགྲོ་བ་དང༌། རྟོག་པ་དང་ཡུལ་གྱི་དབང་དུ་སེམས་འགྲོ་བ་གཉིས་ནི་རྟོག་པ་སེམས་སུ་ཤེས་པ་དབང༌། རྟོག་པ་ཕྱག་རྒྱ་ཆེན་པོར་མྱོང་བ་ཕྲིན་ལས། སེམས་གྱི་དབང་དུ་ཡུལ་འགྲོ་བ་ནི། གཟུགས་ཅེར་གྱིས་མཐོང་བ་སེམས་ཀྱི་དབང༌། དེ་ཉིད་ཕྱག་རྒྱ་ཆེན་པོར་མྱོང་བ་ཕྲིན་ལས། རྟོག་པ་དང་ཡུལ་གྱི་སེམས་དབང་དུ་བྱེད་པ་ནི། རྟོག་པ་བཟང་ངན་གྱིས་སེམས་ལ་བཟང་ངན་འཆར་བས་རྟོག་པ་སེམས་དབང་དུ་བྱས་པའོ། །སེམས་ཆགས་སྡང་གཉིས་སུ་སྣང་བ་ཕྲིན་ལས། གཟུགས་སྡུག་མི་སྡུག་གི་སེམས་སྡུག་མི་སྡུག་གཉིས་སུ་སྣང་བས། གཟུགས་ཀྱིས་སེམས་དབང་དུ་བྱས་པའོ། །མི་སྡུག་པ་ལ་སྡང༌། སྡུག་པ་ལ་ཆགས་པས་ཕྲིན་ལས། ཐོ་རངས་ཞི་བ་ལ་སོགས་པར་འོང་བའི་རྒྱུ་མཚན་གང་ཡིན་ན། ནམ་གྱི་གུང་ལ་སྣང་བ་འགགས་ནས་གཉིད་འཐུག་པོ་སྣང་མེད་འོད་གསལ་སྟོང་པ་ཡིན་པ་དང༌། ཉིན་ཞག་ཕྲུག་གཅིག་ལ་ནམ་དང་ཉི་མའི་རིང་ཐུང་ཡོད་ཀྱང༌། ཉི་མ་གཅིག་ཙམ་ཡོད་ཀྱང་ནམ་ལ་ཡང་དེ་ཙམ་ཡོད་པས། ནམ་ལ་ཟས་མ་ཟོས་པས་རྩ་སྟོང༌། དེས་རླུང་ཞི་བར་གནས། དེ་ཁམས་དྭངས་མ་བྱང་ཆུབ་ཀྱི་སེམས་མ་སྤྱད་པས། སེམས་ལ་ཉོན་མོངས་ཀྱི་རྟོག་པ་ཞི་བས་ཐོ་རངས་གཉིད་སད་ཀྱང༌། དེ་དག་གི་རྗེས་ཀྱིས་ཞི་བར་གནས་པས་ཞི་བ་འོང་བའི་རྒྱུ་མཚན་དེ་ཡིན། སྔ་དྲོ་རྒྱས་པར་འོང་བའི་རྒྱུ་མཚན་ནི། ཟས་ཟོས་པས་རྩ་མིག་བཅུད་ཀྱིས་རྒྱས། རླུང་དྲག་ཏུ་གཡོས་པས་སེམས་ཀྱི་ཉོན་མོངས་པ་དང་རྣམ་རྟོག་རྒྱས། ཡུལ་མཐོང་ཐོས་པ་ལ་སོགས་པ་ཐམས་ཅད་མངོན་དུ་གྱུར་པས་རྒྱས་པའོ། །ཕྱི་དྲོ་དབང་དུ་འོང་བའི་རྒྱུ་མཚན་ནི། ཡུལ་དང་ཡུལ་ཅན་བདག་འཛིན་གྱིས་དབྱེར་མེད་དུ་གྱུར་པས་ཡུལ་གྱིས་ཡུལ་ཅན་དབང་དུ་བྱས། ཡུལ་ཅན་གྱིས་ཡུལ་ལ་དབང་བྱས་པས་དབང་ཡིན་ནོ། །སྲོད་ལ་མངོན་སྤྱོད་ཀྱི་དུས་ཀྱི་རྒྱུ་མཚན་ནི། ཉིན་ཞག་ཕྲུག་གཅིག་ལ་དགེ་བ་དང་མི་དགེ་བའི་ལས་དང་བྱ་བ་ཐམས་ཅད་རྫོགས་པས་བྱ་བ་ཐམས་ཅད་འགྲུབ་པའི་དུས་ཡིན་ནོ། །དཀར་པོ་དགེ་བའི་ཚོགས་དུས་གསུམ་དུ་བསགས་པ་ཡང་བསྔོ་བ་དང་སྨོན་ལམ་གྱིས་ཁ་བསྒྱུར་ཞིང་འགྲུབ་པར་བྱེད་པ་ཡིན། དགེ་བའི་ནུས་མཐུ་ཐམས་ཅད་རྫོགས་རྫོགས་པས་དེའི་ནུས་པ་དྲག་པོ་མངོན་སྤྱོད་ཀྱི་ལས་བྱས་ན་འགྲུབ་པ་ཡིན། ཞི་བ་དང་རྒྱས་པའི་ལས་བྱེད་པའི་དུས་སུ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བསྡད། ཞི་བ་ལ་ཕྱག་གཡོན་པ་མཉམ་བཞག གཡས་བདུད་འདུལ་ཕྱག་རྒྱའོ། །རྒྱས་པའི་གཡོན་སྔར་དང་འདྲ། གཡས་མཆོག་སྦྱིན། དབང་ལ་ཞབས་ཙོག་པུར་བསྡད། ལག་པ་གཉིས་གླིང་བཞི་དབང་དུ་བསྡུ་ལ། འཁྱུད་པའི་ཚུལ་དུ་བྲང་ལ་གཅེར། ལུས་གཡོ་འགུལ་མེད་པར་དགའ་བས་བརྗིད་པས་བསྡད། མངོན་སྤྱོད་ལ་རྐང་པ་རེའུ་མིག་ལྟར་བསྣོལ། ལག་པའི་གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག ཁུ་ཚུར་བརྐྱང་ནས་ལག་པ་གཉིས་བསྣོལ་ནས་གྲུ་གསུམ་སུམ་བརྩེགས་སུ་བྱས། གཙུག་ཏོར་འཁོར་ལོས་བསྒྱུར་བའི་ལྟ་སྟངས་ཀྱིས་བསྡད། སེམས་ཀྱིས་བྱ་བ་དུས་བཞི་སོ་སོ་དང་མཐུན་པར་བྱའོ། །དེས་ནི་དུས་ཀྱི་གནད་བསྟན་པའོ།།

༈ གཉིས་པ་རླུང་གི་གནད་བསྟན་པ་ནི། ནང་པར་ཆུ་རླུང་རྒྱུ་བ་ཞི་བའི་དུས། སྔ་དྲོ་ས་རླུང་རྒྱུ་བ་རྒྱས་པའི་དུས། ཕྱི་དྲོ་མེ་རླུང་རྒྱུ་བ་དབང་གི་དུས། དགོང་མོ་རླུང་གི་རླུང་རྒྱུ་བ་དྲག་པོའི་མངོན་སྤྱོད་དུས། ནམ་མཁའི་རླུང་རྒྱུ་བ་སྐྱོན་གྱི་དུས་དང་ཡོན་ཏན་གྱི་དུས་གཉིས་ཡིན། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་བརྩིས་ན་ནམ་མཁའི་རླུང་དང་དུས་ལྔར་འོང་བ་ཡིན། ནམ་མཁའི་རླུང་རྒྱུ་བའི་དུས་བྱས་ན་བཞི་པོ་ལ་མཉམ་དུ་རྒྱུ་བ་དང་རང་གར་རྒྱུ་བའོ། །ཞི་བའི་རླུང་རྒྱུ་བའི་དུས་སུ་རླུང་གསུམ་པོ་གང་རུང་གཅིག་རྒྱུ་ན་སྐྱོན་དང་ཡོན་ཏན་གཉིས་སུ་འོང་སྟེ། དེ་བརྟགས་ལ་དེ་རང་དང་མཐུན་པའི་ཕྲིན་ལས་བསྒོམ། དེ་ཉིད་ཕྱག་རྒྱ་ཆེན་པོར་མྱོང་བར་བྱས་ན། སྐྱོན་ཡོན་ཏན་དུ་འགྱུར། ཕྲིན་ལས་མྱུར་བ་ཡིན། ཡོན་ཏན་གྱི་ཕྱོགས་སུ་བྱུང་ན་དེ་དང་མཐུན་པར་བསྒོམ་ཞིང་མངོན་པར་རྟོགས་པ་མྱོང་བར་བྱས་ན་ལས་འགྲུབ་མྱུར་བ་ཡིན། རླུང་རྩོལ་དྲག་ཏུ་བྱེད་པ་ཡིན་ན། དུས་བཞི་གང་དང་མཐུན་པའི་དེ་དང་མཐུན་པར་རླུང་སྒྱུར་དུ་ཉན་པ་ཡིན། ལུས་ངག་ཡིད་གསུམ་ལས་ཐམས་ཅད་རླུང་གིས་བྱེད་པ་ཡིན་པར་རྒྱུད་ནས་གསུངས། བླ་མ་དམ་པ་རྣམས་ཀྱིས་བཞེད་པ་ཡང་ཡིན། རང་གིས་ཀྱང་དེ་ལྟར་གོ་བས། རླུང་གི་སྦྱོར་བ་དེ་ཉམས་སུ་ལེན་པ་དེ་གལ་ཆེ་བར་གདའ། རྩུབ་རླུང་དང་འཇམ་རླུང་གི་སྦྱོར་བ་བྱེད་པ་དེ་གནད་ཆེ་བ་ཡིན། རྗེ་བཙུན་མི་ལས། རྗེ་སྒམ་པོ་པ་ལ་ང་ཡི་སྲོག་རྩོལ་བསྒོམས་གསུངས་ནས་དོན་གྲུབ་པ་ཡིན། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་རླུང་རྩོལ་མི་དགོས་ཟེར་བ་ཡོད་དེ། ཐབས་སྣ་ཚོགས་དང་རླུང་རྩོལ་བྱེད་པ་ཡང་སེམས་ཡིན། སེམས་ཕྱག་རྒྱ་ཆེན་པོ་ཡིན། སེམས་ལས་གཞན་པའི་ཕྱག་རྒྱ་ཆེན་པོ་མེད་པས་ཐབས་ཀྱིས་ཉམས་སུ་ལོངས་ཤིག །

༈ ད་ནི་སྐུ་གསུམ་ལམ་དུ་བྱེད་པ་ལ་གཉིས། སྐུ་དང༌། ལམ་མོ། དེ་ལ་དང་པོ་ནི། དུས་གསུམ་གྱི་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པ། སྲོད་ལ་བདུད་བཏུལ་ནས་ནམ་གྱི་གུང་ལ་ཆོས་ཀྱི་སྐུ་མངོན་དུ་བྱས་ནས། ཐོ་རངས་གཟུགས་སྐུར་སངས་རྒྱས་པའོ། །དེ་ལ་རིམ་གྱིས་སངས་རྒྱས་པ་དང༌། གཅིག་ཆར་དུ་སངས་རྒྱས་པའོ། །རིམ་གྱིས་སངས་རྒྱས་ཚུལ་ནི། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། སྒྲིབ་པ་གཉིས་དག ས་བཅུ་མངོན་དུ་བྱས་ནས། ས་བཅུ་གཅིག་ཀུན་ཏུ་འོད་ལ་སྲོད་ལ་བདུད་བཏུལ། ཐོ་རངས་མངོན་པར་སངས་རྒྱས་པའོ། །གཅིག་ཆར་བ་ནི། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་པ་ནི། དེ་ལ་སྨིན་པར་བྱེད་པ་དབང་ཐོབ་ནས། གྲོལ་བར་བྱེད་པ་ལམ་ཉམས་སུ་བླངས་པས་རྟེན་འབྲེལ་ལྔ་འགྲིགས། སྒྲིབ་པ་གཉིས་དག ཚོགས་གཉིས་རྫོགས། འགྲོས་བཞི་ཐིམ། ས་གསུམ་པ་ལ་གསང་སྔགས་ཀྱི་དུས་ཁྱད་པར་ཅན་ལ་ཕྱག་རྒྱ་དང་སྙོམས་པར་ཞུགས་པས། ནང་དུ་ཟག་བཅས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པས་ཕྱི་ཡི་བདུད་བཏུལ། གུང་ལ་ཆོས་ཀྱི་སྐུ་མངོན་དུ་བྱེད། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་ལ་འོག་མིན་ན་ལོངས་སྤྱོད་རྫོགས་པའི་སྐུ། འཛམ་བུའི་གླིང་དུ་སྤྲུལ་པའི་སྐུར་སངས་རྒྱས་པའོ། །སེམས་ཀྱི་གནས་ལུགས་རྟོགས་པའི་གཅིག་ཆར་བ་ནི། མ་རྟོགས་པའི་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱིས་སེམས་བསྐྱེད། རྟོགས་པ་དེ་བླ་མའི་དྲིན་ཡིན་པས། བླ་མར་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་པས་བསོད་ནམས་ཀྱི་ཚོགས་རྫོགས། ཆོས་ཐམས་ཅད་རང་གི་སེམས། སེམས་གདོད་མ་ནས་རྣམ་པར་དག་པ་ཆོས་ཀྱི་སྐུར་རྟོགས་པས་ཡེ་ཤེས་ཀྱི་ཚོགས་རྫོགས། མ་རྟོགས་པའི་སེམས་ཅན་ལ་རྟོགས་པར་བྱ་བའི་དོན་དུ་སྨོན་ལམ་བཏབ། ཚོགས་གཉིས་མཁྱེན་པ་གཉིས་སུ་སྣང་ནས་སྐུ་གསུམ་དབྱེར་མེད་དུ་སངས་རྒྱ་བའོ། །དེ་ནི་ལམ་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་སྡོམ་པ་གསུམ་དང་ལྡན་པ་ནི། དབང་བཞི་ཚུལ་བཞིན་དུ་ཐོབ་ནས། དང་པོ་བླ་མ་ལ་མཎྜལ་འབུལ་ཞིང་གསོལ་བ་གདབ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་བསྒོམ་ཞིང་ཡི་གེ་བརྒྱ་པ་བགྲང༌། སྡིག་པ་སྦྱང་བས་ཐོག་དྲངས་ནས་བསྐྱེད་རྫོགས་གཉིས་སྒོམ་ཞིང་སྐུ་གསུམ་ལམ་དུ་བྱེད་པ་ནི། ཉིན་ཞག་ཕྲུག་གཅིག་ལ་སྐུ་གསུམ་ལས་མི་འདའ་བར་ཉམས་སུ་བླངས་ཏེ་མཉམ་རྗེས་མེད་པར་མ་གྱུར་གྱི་བར་དུ་ཐུན་བཞིར་ཉམས་སུ་བླངས་བ་ནི། ནམ་གྱི་གུང་ལ་གཉིད་ལོག་པ་འོད་གསལ་ཆོས་ཀྱི་སྐུ། ཐོ་རངས་གཉིད་སད་པ་སྤྲུལ་པའི་སྐུ་ལྟར་ཏེ། ཐུན་བཞིར་མཉམ་བཞག་ལོངས་སྤྱོད་རྫོགས་པའི་སྐུ། རྗེས་ཐུན་འཚམས་སྤྲུལ་པའི་སྐུ། ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་ཉམས་སུ་བླང་བ་ཚར་ནས། སྲོད་ཐུན་ལ་དགེ་བའི་རྩ་བ་བསྔོ་བ་བྱས་ནས། ནམ་གྱི་གུང་ལ་ཆོས་ཀྱི་སྐུ་འོད་གསལ་ལམ་དུ་བྱེད་པ་ནི། མངོན་པར་རྟོགས་པ་ཡོད་པ་རྣམས་ཀྱིས་དེ་རང་བསྒོམ། མེད་པ་ལས་དང་པོ་པས་བླ་མ་དམ་པ་ལ་འོད་གསལ་བཟུང་བའི་ཁྲིད་བྱས་ནས་ཉམས་སུ་བླང་ཐབས་ཁོང་དུ་ཆུད་པ་གཅིག་གིས་ཆོས་ཀྱི་སྐུ་དང་འོད་གསལ་ལམ་དུ་བྱེད་པ་ནི། སྤྱིར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་གཞི་ལ་གནས་པ་རང་བཞིན་གྱིས་བྱུང་ཚུལ་དེ་ལམ་དུ་བྱེད་པ་ཡིན་ཏེ། སེམས་བསྐྱེད་པ་དང་བླ་མ་ལ་མོས་གུས་བྱེད་པ་དང༌། ལུས་ཡི་དམ་སྒོམ་པ་སྔོན་དུ་སོང་ནས། ཕུང་པོ་འབྱུང་བ་སྣང་བ་རིམ་གྱིས་འགགས་ནས་འོད་གསལ་འཆར་བ་ནི་རང་བཞིན་བྱུང་ཚུལ་ཡིན་ལ། དེ་ལམ་དུ་སློང་བ་ནི་སེང་གེའི་ཉལ་སྟངས་བྱས་ནས་སྙིང་གི་དཀྱིལ་དུ་བླ་མ་བསྒོམ། བླ་མ་སྙིང་གི་དཀྱིལ་དུ་ཐིམ་པར་བསྒོམ། དེའི་ཤུལ་དུ་ཡི་གེ་ཧཱུྃ་སྔོན་པོ་གཅིག་བསམ། གོང་དུ་བསྟན་པའི་སྣང་བ་རིམ་གྱིས་འགགས་དུས་སུ། རགས་པ་འགགས་ཙམ་ན་ཞབས་ཀྱུ་ལ་ཐིམ་པར་བསམ། ཕྲ་བ་འགགས་ཙམ་ན་ཧ་ལ་ཐིམ་པར་བསམ། དེ་བས་ཕྲ་བ་འགགས་ཙམ་ན། ཧ་ཁོག་ལ་ཐིམ་པར་བསམ། ཤིན་ཏུ་ཕྲ་བ་འགགས་ཙམ་ན་མགོ་དང་ཟླ་ཚེས་ཐིག་ལེ་ནཱ་ད་ཙམ་དུ་གྱུར་པར་བསམ། སྣང་བ་མེད་པའི་དུས་སུ་ནཱ་ད་མི་དམིགས་པར་འོད་གསལ་བཟུང་བར་བྱ། གཉིད་འཐུག་པོ་སྣང་མེད་འོད་གསལ་དུ་ཞུགས་པ་ཆོས་ཀྱི་སྐུ་ཡིན་ནོ། །དེ་ནས་ཐོ་རངས་སེམས་ཅན་གྱི་དོན་ལ་བཞེངས་ཤིག་བྱ་བར་བསྐུལ་བྱེད་ཀྱི་ལྷ་མོ་རྣམས་ཀྱིས་བསྐུལ་ནས། སྐུལ་བྱེད་ཀྱི་ལྷ་མོ་ནི། ལྟེ་བ་ནས་འབྱུང་བ་བཞིའི་རླུང་གིས་བསྐུལ་ནས། སྙིང་ཁ་ནས་སེམས་འོད་གསལ་ཆོས་ཀྱི་སྐུ་སེམས་ཅན་གྱི་དོན་དུ་གཟུགས་སྐུར་བཞེངས་པ་ཡིན་ནོ། །མགྲིན་པ་ནས་སྐུལ་བྱེད་ཀྱི་ལྷ་མོ་བཞིས་བསྐུལ་ནས་སེམས་འོད་གསལ་ཆོས་ཀྱི་སྐུ་རྨི་ལམ་སྒྱུ་ལུས་སུ་ལྡང་བ་ཡིན་ཏེ། རྨི་ལམ་བཟུང་བའི་ཐབས་བསྒོམ་པར་བྱའོ། །ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཀྱི་གནད། དང་པོར་སེམས་བསྐྱེད་བསྒོམ་པར་བྱའོ། །མཉམ་བཞག་ལོངས་སྤྱོད་རྫོགས་པའི་སྐུ། བསྐྱེད་རིམ་པ་ལྷ་བསྒོམ་པ་དང༌། མཚན་བཅས་ཀྱི་རྫོགས་རིམ་དང༌། མཚན་མ་མེད་པ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །རྗེས་ལ་སེམས་ཅན་གྱི་དོན་དུ་ཐུན་མཚམས་སུ་དགེ་སྦྱོར་ལ་འབད་པར་བྱའོ། །སྲོད་ལ་ཐུན་བཞི་ཡན་ཆད་རྫོགས་པར་བསྒོམ་ནས་དགེ་བའི་རྩ་བ་བསྔོ་བ་དང༌། སྨོན་ལམ་གདབ་བོ། །དུས་བཞི་དང་མཐུན་པའི་ཕྲིན་ལས་བཞི་དང་བསྟུན་པའོ། །དེ་ལ་ལོ་ཀ་པའི་ལས་ཉིན་ཞག་ཕྲུག་གཅིག་གི་བྱ་བ་ཡང་འགྲུབ་པའི་དུས་ཡིན་ལ། ཐུན་བཞིར་ཉམས་སུ་ལེན་པའི་དབང་དུ་བྱས་ན་ཐུན་གྱི་ཐ་མ་དགེ་སྦྱོར་ཉམས་སུ་ལེན་པ་ཡང་འགྲུབ་པའི་དུས་ཡིན། ཕྲིན་ལས་ཀྱི་མངོན་སྤྱོད་ཀྱང་དུས་འདིར་འགྲུབ་པས། མངོན་སྤྱོད་དང་མཐུན་པའི་རྒྱུ་མཚན་ཀྱང་དེ་ཡིན། ཟས་ཀྱིས་ཚིམས་པས་རྩ་ཐམས་ཅད་རྒྱས། རླུང་རགས་ཤིང་དེས་ཐིག་ལེ་འཕེལ། དེས་ཉོན་མོངས་པ་རགས་པས་ནང་དུ་རྟེན་འབྲེལ་དེ་ཚོ་འཚོགས་པའི་སྟོབས་ཀྱིས་ཕྱི་ཡི་བདུད་ལྡང༌། སྲོད་ལ་བདུད་བཏུལ་བྱ་བའི་རྒྱུ་མཚན་ཡང་དེ་ཡིན། བདུད་བདུལ་བ་ནི་གཉིད་འཐུག་པོ་ལོག་ཙམ་ན་རང་བཞིན་གྱིས་སྣང་བ་དང༌། རྟོག་པ་འགགས་པ་དེ་ཡིན། ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་གིས་རླུང་བཟུང་བས་ནང་དུ་རྟེན་འབྲེལ་འགྲིགས་པ་ཕྱི་ཡི་བདུད་འབྱུང་བའི་གཞི་མེད་པ་ནི་བདུད་བཏུལ་བའོ། །སྲོག་དང་རྩོལ་བའི་རླུང་དབུ་མར་ཚུད་པས་སྣང་བ་གསུམ་རིམ་གྱིས་ཐིམ་པས། སྲོད་ལ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའོ། །ཐོ་རངས་གཟུགས་སྐུར་ལྡང་བ་ཡིན། ལྷ་མོ་བཞི་ཡིས་བསྐུལ་ཏེ། ཞི་བའི་དུས་སུ་ལྷ་མོ་མ་མཱ་ཀིས་བསྐུལ་བ་ནི། དང་པོ་ཆུ་ཡི་རླུང་རྒྱུ་བའི་དུས་ཡིན་པས། ལྟེ་བ་ནས་ཆུ་ཡི་རླུང་སྙིང་ཁར་བྱུང་བས་འོད་གསལ་ཆོས་ཀྱི་སྐུའི་རྟོགས་པ་དང་སྣང་བ་ཤར་བས་འོད་གསལ་ཆོས་ཀྱི་སྐུ་གཟུགས་སྐུར་བཞེངས་པ་ཡིན། རླུང་འོག་མ་བཞི་ཡིས་བསྐུལ་བ་ཡང་རིམ་གྱིས་འབྱུང་བའོ། །སྐབས་འདིར་དང་པོ་སེམས་བསྐྱེད་པ་དང༌། རྒྱུ་མཚན་དེ་རྣམས་ཀྱིས་སངས་རྒྱས་པའི་དུས་ཡིན་ནོ། །དུས་བཞིའི་ཉམས་སུ་བླངས་པའི་ལེའུ་སྟེ་གསུམ་པའོ། །

རྡོ་རྗེ་ལུས་ཀྱི་གནས་ལུགས་ཀྱི་ལེའུ་སྟེ་བཞི་པ།

༈ རྡོ་རྗེ་ལུས་ཀྱི་གནས་ལུགས་ཞེས་པ་ནི། སེམས་ཅན་གྱི་ལུས་རྡོ་རྗེའི་ལུས་སུ་གནས་པ་ཡིན། རྡོ་རྗེ་དང་ལུས་ཆོས་མཐུན་པའམ་མཚན་ཉིད་ཅི་ལྟ་བུ་ཞེ་ན། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ནས་ཀྱང༌། སྲ་ཞིང་ཁོང་སྟོང་སྙིང་པོ་བརྟན། །སྲེག་མེད་བཅད་དུ་མེད་པས་ན། །སྟོང་པ་ཉིད་ལ་རྡོ་རྗེ་བཤད། །ཅེས་གསུངས་པས། དེ་ལ་རྡོ་རྗེ་དང་ཆོས་མཐུན་པ་ཞེས་པ་ནི། རྡོ་རྗེ་སྲ་བ་ཡིན་ཏེ། ཚུར་ལ་གང་གིས་གནོད་པ་བྱེད་པའམ་གཞོམ་པར་མི་ནུས་ཏེ། ཕར་ལ་དངོས་པོ་ཐམས་ཅད་འཇོམས་པར་བྱེད་པའོ། །དེ་དངོས་པོ་གཅིག་ཡིན་ནམ་སྙམ་ན། དངོས་པོ་མ་ཡིན་ཏེ་སྟོང་པ་ཡིན། དངོས་མེད་གཅིག་ཡིན་ནམ་སྙམ་ན། དངོས་མེད་མ་ཡིན་ཏེ། སྙིང་པོ་བརྟན་པ་ཡིན། རྡོ་རྗེ་དེ་མེས་བསྲེགས་པའམ་ཆུས་བཤིགས་པར་བྱ་བ་མ་ཡིན་ཏེ། བསྐལ་པའི་མེ་དང་ཆུས་བཤིགས་པར་མི་ནུས་སོ། །འདུས་བྱས་རྫས་ཀྱི་རྡོ་རྗེ་སྲ་ཞིང་འཁྲེགས་ཀྱང་དེ་ཉིད་དངོས་པོ་མིན། འདུས་མ་བྱས་ཆོས་ཉིད་ཀྱི་རྡོ་རྗེ་སྟོང་པ་ཉིད་ཡིན། རྡོ་རྗེའི་ལུས་མཚན་ཉིད་དེ་དག་དང་ལྡན་པ་དེ་ལ་གནས་ལུགས་རྣམ་པ་ལྔ་ཡིན་ཏེ། གནས་པ་རྩ། འབུར་དུ་དོད་པ་ཡི་གེ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས། མི་ཤིགས་པ་ཐིག་ལེའོ། །རྩ་ནི་ཡི་གེ་དང་རླུང་དང༌། བྱང་ཆུབ་ཀྱི་སེམས་དང༌། མི་ཤིགས་པ་ཐིག་ལེ་དང༌། སྲོག་འཛིན་པར་བྱེད་པའི་རླུང་དང༌། ཀུན་གཞི་རིག་པ་དང་གསུམ་མི་འབྲལ་བའོ། །དེ་ལ་ལུས་ཀྱི་གཞི་ཐིག་ལེ་ཡིན་པས། ལུས་ལེན་པའི་དུས་སུ་ཕ་མའི་བྱང་ཆུབ་ཀྱི་སེམས་དཀར་དམར་གཅིག་དང་འཕྲད་པས་གཞི་ཐིག་ལེས་བྱས། རྒྱུ་བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས་ཀྱིས་བྱས་པས་ལུས་བསྲེས་ཏེ། དང་པོ་ལྟེ་བའི་རྩ་མདུད་ཆགས་པས་དེ་རྣམས་ཀྱིས་གནས་པའམ་བརྟེན་དུ་གྱུར་པའོ། །དེ་ལ་ལུས་སྲིད་པའི་དུས་སུ་དངོས་པོ་ཅི་ལྟར་སྲིད་ཅེ་ན། ལུས་ནི་བྱང་ཆུབ་རྣམ་ལྔ་དང༌། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་རྣམ་པ་ལྔ་ནི། བར་དོ་སྐུ་གསུམ་ན་གསལ། རྩ་དང་ཡི་གེ་དང༌། རླུང་གི་དབྱེ་བ་མང་ཞིག་གསུངས་ཀྱང་གཙོ་བོ་གཉིས་སུ་འདུས་ཏེ། རྩ་ཡི་གཙོ་བོ་དང༌། རྩ་ཕྲན་དང༌། ཡི་གེ་དང༌། འཁོར་ལོ་ཡི་གནས་དང༌། ཡན་ལག་གི་ཡི་གེ རླུང་ཟག་བཅས་དང༌། ཟག་མེད། བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས༌། དམར་པོ་གསང་གནས་ན་གནས། མ་ལས་ཐོབ་པའི་རྩ་དང་སྣག་མ་དང་ཁྲག་ལ་སོགས་པའོ། །འཆི་ཀར་བྱང་ཆུབ་ཀྱི་སེམས་དཀར་པོ་དང་སྙིང་གར་འདུས་ཏེ། སྲོག་ཆད་པ་དང་དེ་གཉིས་སོ་སོར་བྱེ་ནས་འགྲོའོ། །སངས་རྒྱས་པའི་དུས་སུ་ཞབས་འོག་ཏུ་ཉི་མའི་གདན་དུ་འོང༌། བྱང་ཆུབ་ཀྱི་སེམས་དཀར་པོ་ནི་སྨིན་མཚམས་ཀྱི་རུས་པའི་ཆོས་འབྱུང་ན་གནས། སྡུད་པ་ནི་སྤྱི་བོའི་ཧཾ་ལ་སྡུད། ཕ་ལས་ཐོབ་པ་རུས་པ་ལ་སོགས་པ་དཀར་པོའི་ཕྱོགས་ཐམས་ཅད་དོ། །སངས་རྒྱས་པའི་དུས་སུ་སྤྱི་བོའི་ཟླ་ཚེས་སུ་འོང༌། མི་ཤིགས་པ་ཐིག་ལེ་ནི། སྙིང་གའི་དབུས་ན་གསེར་ཞུན་མ་ལ་ཉི་མའི་དཀྱིལ་འཁོར་གྱིས་རྒྱབ་པའི་འོད་ཟེར་ལྟ་བུར་གནས། ཀུན་གཞི་རིག་པ་བྱང་ཆུབ་ཀྱི་སེམས་ཐམས་ཅད་ནི་སྤྱིར་ལུས་ཐམས་ཅད་ལ་གནས། ཁྱད་པར་དུ་གནས་པ་ཆེན་པོ་བཞིའམ་དྲུག་ལ་གནས། གཞི་ལ་རྡོ་རྗེའི་ལུས་སུ་གནས་པ་དེ་ཐབས་ཤེས་རབ་ཀྱི་རྟེན་འབྲེལ་འགྲིགས་པས་འབྲས་བུ་རྡོ་རྗེའི་སྐུར་སྣང་བའོ། །དེ་ལ་ཐབས་ལ་ཤེས་རབ་ཀྱི་རྟེན་འབྲེལ་ནི། རྩ་ཡུམ་མཁའ་འགྲོ་མ་ཤེས་རབ། རླུང་དཔའ་བོ་ཡབ་ཐབས། སྦྱོར་བ་བཞིས་རླུང་ནང་དུ་བཟུང་བས་རླུང་འཕྲོད་པས་རླུང་གི་རྩ་གནས་སུ་ཐིག་ལེ་ཁྲིད་པས་རྩ་དང་ཡི་གེ་དང་རླུང་གསུམ་ཐིག་ལེས་རྒྱས་པས། དཔའ་བོ་ཡབ་ཡུམ་གྱི་རྒྱུད་ལ་བདེ་བ་སྐྱེས། སེམས་ཀུན་གཞི་རིག་པ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར། རྟེན་འབྲེལ་དེ་དག་འགྲིགས་པས་རྩ་དང་ཡི་གེ་རླུང་དང་གསུམ་གྱི་རྟགས་ནང་དུ་ཤར། མི་ཤིགས་པ་ཐིག་ལེ་དང༌། བྱང་ཆུབ་ཀྱི་སེམས་ནང་རྟགས་ཕྱིར་ཤར། དེ་དག་རྫོགས་པས་རྡོ་རྗེའི་ལུས་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་མངོན་སུམ་དུ་གྱུར། རིག་པ་ཆོས་ཀྱི་སྐུ་གཟུགས་སྐུ་དང་གཉིས་སུ་མེད་པ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་འགྲོ་བའི་དོན་དུ་སངས་རྒྱས་པའོ། །སྐུ་གསུམ་ལམ་དུ་བྱེད་པ་དང༌། རྡོ་རྗེ་ལུས་ཀྱི་གནས་ལུགས་འདི་ཡི་གེར་བྲི་བར་མི་རིགས་ཏེ། ཀླན་ཧུག་ཤིས་ཞུས་པས་ངེས་ཤེས་དང་བཅས་པར་གསལ་བར་བྱས་པའོ། །རྡོ་རྗེ་ལུས་ཀྱི་གནས་ལུགས་ཀྱི་ལེའུ་སྟེ་བཞི་པའོ། །

བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟེ་ལྔ་པ།

༈ བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གནད་དུ་འགྲོ་བ་ཞིག་བསྒོམ་དགོས་པ་ཡིན་ཏེ། བྱང་ཆུབ་ཀྱི་དུས་སུ་སེམས་བསྐྱེད་ན་ཉིན་ཞག་ཕྲུག་གཅིག་ལ་དགེ་སྦྱོར་ཅི་བྱས་བྱང་ཆུབ་ཀྱི་སེམས་སུ་འོང་བ་ཡིན། ཉོན་མོངས་པ་རྣམ་རྟོག་མི་མཐུན་པའི་ཕྱོགས་ནད་བགེགས་དང༌། གང་བྱར་མི་རུང་བའི་སྡུག་བསྔལ་ཅི་བྱུང་ཡང་དེ་དག་སྤང་བྱར་མི་བྱ་བར་དེ་ཉིད་ལམ་དུ་འཁྱེར་ཏེ། ཡང་བདག་གིས་འདི་བཞིན་དུ་སྡུག་བསྔལ་བ་འདི་ཚེ་ཐོག་མ་ནས་ཀྱི་སྡིག་པའི་རྣམ་པར་སྨིན་པ་ཡིན་པས། རྒྱུ་མ་ལོག་པས་འབྲས་བུ་མི་ལྡོག་སྟེ། དེ་ལ་སྤང་བྱ་སྤོང་བྱེད་ཀྱི་ཚུལ་དུ་དེ་རང་གི་གཉེན་པོ་བསྒོམ་པ་དང༌། གང་བྱར་མ་རུང་བ་དེ་རང་སེམས་ཡིན། སེམས་ཉིད་ཕྱག་རྒྱ་ཆེན་པོར་བསྒོམ་ན་རྐྱེན་དེ་ཉིད་ལམ་དུ་འགྲོ་བ་ཡིན་ཏེ། སེམས་ཕྱག་རྒྱ་ཆེན་པོ་ཡིན་པས་སོ། །གསང་སྔགས་འབྲས་བུ་ལམ་དུ་བྱེད་པ་དང༌། ལམ་གྱི་རྣམ་སྨིན་སྡུག་བསྔལ་མྱོང་བ་དེ་སེམས་གཉིས་སུ་མེད་པའི་ཡེ་ཤེས་དེ་རང་ཡིན། རྒྱུས་བསྐྱེད་པ་དང་འབྲས་བུ་སྨིན་པ་སོ་སོའི་བྱེ་བྲག་རྩིས་བྱ་མི་དགོས། དེ་ལྟར་ཤེས་པ་འདི་ཙུག་སྣང་སྣང་སྒོམ་དུ་ཤེས་པར་བྱས་པས་ཆོག་པ་ཡིན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཅི་ཉམས་སུ་མྱོང་བ་ཡང་སེམས་མ་ཡིན་པ་གཞན་མེད། སེམས་ལས་གཞན་པའི་སྒོམ་མེད༌། དེ་ལྟར་ཤེས་ན་སྤང་བྱ་སྤོང་བྱེད་ཐམས་ཅད་གཉིས་མེད་ཀྱི་གྲོགས་སུ་འགྲོ་བ་ཡིན། གང་བྱར་མ་རུང་བ་དེ་རང་དུ་འགྲོ་བ་ཉམས་སུ་མྱོང་བ་ཞིག་བསྒོམ་ན་རྐྱེན་ངན་གྲོགས་སུ་འགྲོ་བ་ཡིན། ཉམས་སུ་གནད་དུ་འགྲོ། སྡུག་བསྔལ་རང་སར་དག་ནས་ཐམས་ཅད་བདེ་བར་ཤར་ཙམ་ན་མཉམ་པར་མཐོང་བས་བདེ་འདོད་ཀྱི་འདུན་པ་ཡལ་འགྲོ་བ་ཡིན། ཉམས་རྟོགས་གནད་དུ་འགྲོ་ཙམ་ན། མི་དང་མི་མ་ཡིན་པར་བདུད་ཀྱི་བར་ཆད་འབྱུང་བ་ནི། ལས་ངན་པའི་རྣམ་སྨིན་འདག་པས་ལས་མི་བསླུ་བའམ་རྟེན་འབྲེལ་གྱི་སྐབས་འདིར་སྡུག་བསྔལ་ཆེ་བ་ཞིག་དུས་གཅིག་དུ་མྱོང་བ་ཡིན་ཏེ། སྒོམ་གནད་དུ་ཕོག་ཅིང་དགེ་སྦྱོར་སྟོབས་ཆེ་བས་ལས་སློང་བ་ཡིན་ནོ། །སྐབས་འདིར་མ་ཡེངས་པར་བསྒོམ་ན་སྒྲིབ་པ་ཐམས་ཅད་དག་ནས་ཐམས་ཅད་བདེ་བར་འཆར་བ་ཡིན། འདིའི་དུས་སུ་མི་དང་མི་མ་ཡིན་པས་གནོད་པ་སྐྱེལ་བ་དཔག་ཏུ་མེད་པ་ཞིག་འབྱུང་སྟེ། སྤྱིར་སེམས་ཅན་ཐམས་ཅད། ཁྱད་པར་གནོད་པ་སྐྱེལ་བ་འདི་མ་ཡིན། མའི་ལན་ཆགས་པ་ཡིན་ཏེ་འོང་བས། དེ་ལ་སྡང་བའི་སེམས་མི་སྐྱེ་བར། སྤྱིར་ང་ཆོས་གཤའ་མར་བྱེེད། ཉམས་མྱོང་དང་རྟོགས་པ་འདི་འདྲ་སྒོམ་པའི་རྟེན་གྱི་གང་ཟག་གཅིག་ཡིན་པ་ལ། མ་འདི་དག་གིས་ང་ལ་གནོད་པ་བྱས་པས། མ་འདི་དག་གིས་སྡུག་བསྔལ་དཔག་ཏུ་མེད་པ་གཅིག་མྱོང་དགོས་ཡོད། ཁྱད་པར་དུ་ཡང་ཏིང་ངེ་འཛིན་ལ་བར་ཆད་བྱས་པས་དམྱལ་བར་སྐྱེ་དགོས་ཡོད། སྐྱེས་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པས། བདག་ལ་ནད་དང་སྡུག་བསྔལ་འདི་བྱུང་བ་ལ་མི་བཟོད་པ་ལ། དམྱལ་བར་སྐྱེ་བའི་སྡུག་བསྔལ་བསམ་གྱིས་ག་ན་ཁྱབ། དེས་ན་གནོད་སྐྱེལ་མ་ཡིན་པ་ལ་སྡང་བའི་སེམས་སྐྱེ་བ་ག་ན་རིགས། མ་ལས་དྲིན་ཆེ་བ་མེད་པ་ལ། བུས་སྡུག་བསྔལ་དུ་བཅུག་ན་འདི་ལས་རྣམ་སྨིན་ཆེ་བ་ག་ན་ཡོད་སྙམ་དུ་ཤེས་པས། འདིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་མྱོང་བར་བྱ་སྙམ་དུ་བདེ་བར་འདོད་པའི་བྱམས་པ། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ། སངས་རྒྱས་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ། རང་བདེ་བར་འདོད་པའི་བསམ་པ་མི་བྱ་བར་གནོད་སྐྱེལ་དེས་སྡུག་བསྔལ་མྱོང་གིས་དོགས་པའི་བསམ་པ་རྩེ་གཅིག་ཏུ་བྱས་ལ། གནོད་སྐྱེལ་དང་རང་གཉིས་རང་གི་སེམས་སུ་ཤེས་པས། སེམས་ཏིང་ངེ་འཛིན་དུ་མྱོང་བར་བྱའོ། །བླ་མ་རིན་པོ་ཆེས་སྐུ་ཉམས་སུ་བཞེས་པའི་དོན་གླིང་གཞིའི་སྐབས་སུ་བཤད་པ་དེ་གལ་ཆེ་བ་ཡིན་ནོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས་འབྲས་བུ་བདེ་བ་ཆེན་པོ་ཐོབ་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟེ་ལྔ་པའོ། །

ཐམས་ཅད་བདེ་བར་འཆར་བའི་ལེའུ་སྟེ་དྲུག་པ།

༈ གནས་གང་དུ་བསྡད་ཀྱང་གཞལ་ཡས་ཁང༌། །སུ་དང་འཕྲད་ཀྱང་ཡི་དམ་ལྷ། །ཅི་ལྟར་བྱས་ཀྱང་ཆོས་ཀྱི་དབྱིངས། །ཞེས་པའི་དོན་ནི། ནང་གི་བསགས་ཚུལ་དང༌། སེམས་ཀྱི་བྱེད་པས། ཕྱི་རོལ་གྱི་ཡུལ་དབང་གི་འབྲས་བུར་འཆར་བ་ཡིན་ཏེ། ལྷ་ཡི་གཞལ་ཡས་ཁང་ལ་སོགས་པ་དང༌། མི་ཡི་ཡུལ་བཟང་པོ་ལ་ལོངས་སྤྱོད་ལ། ཡང་གཞན་གྱི་ཡུལ་དང་གནས་ཁང་ལ་གནོད་པ་མ་བྱས། ཡུལ་ཁྱད་པར་ཅན་ལ་ཡུལ་དང་གནས་ཕུལ་བའི་འབྲས་བུ་ཡིན། ཡང་སེམས་ཀྱི་བྱེད་པའི་ལས་ཀྱིས་གོམས་པ་མཐུ་ལྡན་འབྲས་བུར་འཆར་ཏེ། འདི་ལ་ཡང་གཉིས་ཏེ། དང་པོ་གནས་གང་དུ་འདུག་པའི་ས་དེ་ཕྱི་ལྷའི་སྐུ། ནང་གཞལ་ཡས་ཁང༌། ས་གཞི་ཨར་མོ་ལི་ཀི་རྡོ་ལེབ་དུ་བསྒོམས་པར་བྱས་པས་འོག་མིན་ཆོས་ཀྱི་ཕོ་བྲང་དུ་སྐྱེ་བ་ཡིན། གཉིས་པ་རང་གི་བསམ་པས་ཉེ་བར་ལེན་པའི་རྒྱུ་བྱས། ཕྱི་རོལ་གྱི་ཡུལ་ལྷན་ཅིག་བྱེད་པའི་རྐྱེན་དུ་འཆར། ཆོས་ཐམས་ཅད་བསམ་པའི་རང་གཟུགས་ཡིན་ཏེ། རིགས་དྲུག་གི་གནས་དགེ་མི་དགེའི་ཉེར་ལེན་གྱིས་ཕྱི་རོལ་གྱི་གནས་ཀྱིས་རྐྱེན་བྱས་ནས། ཡུལ་བཟང་ངན་དང་བདེ་སྡུག་ཏུ་འཆར་བ་འབྲས་བུའོ། །གནས་གར་འདུག་གཞལ་ཡས་ཁང་དུ་བསྒོམས་ནས་རང་ཡི་དམ་གྱི་ལྷར་བསྒོམ། རང་གི་འཁོར་དང་སེམས་ཅན་ཡི་དམ་གྱི་ལྷར་བསྒོམས་ན། ཕྱི་ནང་སྣོད་བཅུད་ཐམས་ཅད་ལྷ་ཡི་སྣང་བ་འཆར་ཏེ། ནང་ཕུང་པོ་ལྔ་དང་ཕྱི་འབྱུང་བ་བཞི་ནམ་མཁའ་དང་ལྔ། བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས། དེ་དག་འཚོགས་པས་ལུས་གྲུབ་པ་ནི། གྲུབ་པའི་དུས་དང༌། གནས་པའི་དུས་དང༌། འཇིགས་པའི་དུས་དང་གསུམ་ཡང་ལྷ་ཡིན་པས། གཞི་ལ་གནས་པའི་ལམ་དུ་ལྷར་བསྒོམས་ནས། འབྲས་བུ་ཐམས་ཅད་ལྷར་འཆར། ཕྱི་རོལ་གྱི་ཡུལ་ལྔ་འབྱུང་བ་བཞི་ནམ་མཁའ་དང་ལྔ་བེམ་རིག་གཉིས་ཀྱིས་བསྡུས་པ་ཐམས་ཅད་ལྷར་འཆར་བ་ཡིན་ཏེ། སེམས་བསམ་པའི་རང་གཟུགས་ཕུང་པོ་ལ་སོགས་པ་ལྷར་སྣང་བས་ཕྱི་རོལ་ཐམས་ཅད་ལྷར་འཆར་བའོ། །དེ་ལ་ལུས་གྲུབ་པ་ནི། ཕ་མ་འདུ་འཕྲོད་བྱེད་པའི་དུས་སུ། གཡོ་བ་རླུང་གི་ཁམས་ཀྱིས་བདེ་བ་ཆེར་གཡོས་པས། འབྱུང་བ་རླུང་གི་ཁམས་སྒྲོལ་མར་གྲུབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་གྲུབ། བསྲུབ་པའི་སྦྱོར་བས་བདེ་བ་ཆེར་སྐྱེས་པས་དྲོད་མེའི་ཁམས་གོས་དཀར་མོར་གྲུབ། འདུ་བྱེད་ཀྱི་ཕུང་པོ་སྣང་བ་མཐའ་ཡས་སུ་གྲུབ། བསྲུབ་པའི་སྦྱོར་བས་བདེ་བ་ཆེར་སྐྱེས་པས་གཤེར་བ་ཆུ་ཡི་ཁམས་མ་མཱ་ཀིར་གྲུབ། བདེ་བའི་སྟོབས་ཀྱིས་རྣམ་ཤེས་ཚོགས་བརྒྱད་ཐ་དད་ཀྱི་བྱེད་པས་བདེ་བ་གཅིག་པུར་མྱོང་བས་ཐ་དད་ཀྱི་བྱེད་པ་མ་སྤྱོད་པས་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པར་གྲུབ། བསྲུབ་པའི་སྦྱོར་བས་བདེ་བ་ལྷག་པར་སྐྱེས་པས་སྲ་བ་ས་ཡི་ཁམས་སངས་རྒྱས་སྤྱན་མར་གྲུབ། ཚོར་བ་བདེ་བར་མྱོང་བས་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་གྲུབ། བསྲུབ་པའི་སྦྱོར་བ་ཆད་པས་བདེ་བ་ཆད་པས་བདེ་བ་དང་དགའ་བ་དང་བྲལ། སྟོང་པར་ཤར་བས་ནམ་མཁའི་ཁམས་དབང་ཕྱུག་མར་གྲུབ། ཐིག་ལེ་དཀར་དམར་གཉིས་གཅིག་ཏུ་གྲུབ་པས་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གྲུབ། དེ་ལ་ཐིག་ལེ་དཀར་པོ་ཕ་ཐབས་ཡབ། ཐིག་ལེ་དམར་པོ་མ་ཡུམ་ཤེས་རབ་ཏུ་གྲུབ། དེ་གཉིས་གཅིག་ཏུ་གྲུབ་པས་ཐབས་ཤེས་རབ་གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པའི་སྐུར་གྲུབ་པའོ། །གནས་པའི་དུས་སུ་སྐྱེ་བ་སྤྲུལ་པའི་སྐུར་གནས། ཕུང་པོ་ལྔ་དང༌། འབྱུང་བ་ལྔ༌། ཐིག་ལེ་ལྔར་གནས་པའོ། །འཇིག་པའི་དུས་སུ་འདི་དག་གོ་རིམ་བསྣོལ་བ་དང་གོ་ལྡོག་ཏུ་ཡོད་པས་འགལ་བ་ནི་མ་ཡིན་ནོ། །གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པ། འོད་གསལ་ལ་ཐིམ་པ་ནི་རིམ་གྱིས་ལྷར་ཐིམ་པའོ། །ས་ཆུ་མེ་རླུང་ནམ་མཁའ་ལ་ཐིམ་པ་ནི། ལྷ་ལ་ལྷ་རིམ་བཞིན་ཐིམ་པའོ། །ཐིག་ལེ་དཀར་དམར་གཉིས་སོ་སོར་གྱེས་པ་ལས། ཕ་ཐབས། ཡུམ་ཤེས་རབ་ལ་ཐིམ་ཤེས་རབ་འོད་གསལ་སྟོང་པ་ཉིད་ལ་ཐིམ། དེ་ལྷར་འཇིགས་པ་ཡང་ལྷར་འཇིགས་པ་འཆི་བ་འོད་གསལ་ཆོས་ཀྱི་སྐུར་གནས། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་སྟེ། དེ་ཡང་ཇི་ལྟར་རྒྱ་མཚོ་དྭངས་པ་ལ། །ཉ་མོ་མྱུར་དུ་ལྡང་བ་དང༌། །ནམ་མཁའ་སྟོང་པ་དག་པ་ཡང༌། །སྤྲིན་གྱི་ཚོགས་རྣམས་ལྡང་བ་ལྟར། །དེ་བཞིན་སྟོང་གསལ་ནམ་མཁའ་ཡང༌། རྣམ་པར་ཤེས་པ་ལྡང་བ་ནི། །ཆོས་སྐུ་ལོངས་སྐུར་བཞེངས་པ་ཡིན། །འོད་གསལ་ཆོས་སྐུ་རྣམ་ཤེས་ཕྲ་མོ་འགྱུས་པས། རྣམ་པར་ཤེས་པ་མྱུ་གུ་ལྟ་བུ་བསྐྱེད། གཡོ་བ་རླུང་གི་མ་སྤྱོད་པས། རྣམ་པར་ཤེས་པ་མི་བསྐྱོད་པར་ལྡང་བའོ། །དེ་རླུང་གིས་གཡོ་བས་རླུང་གི་ཁམས་དམ་ཚིག་སྒྲོལ་མར་བཞེངས༌། རླུང་དང་རྣམ་པར་ཤེས་པ་གཉིས་སུ་འདུས་པས་འདུ་ཤེས་ཀྱི་ཕུང་པོ་དོན་ཡོད་གྲུབ་པའོ། །དྲོ་བ་མེ་ཡི་ཁམས་གོས་དཀར་མོ། འདུ་ཤེས་སྣང་བ་མཐའ་ཡས། ཆུ་མ་མཱ་ཀི། རྣམ་པར་ཤེས་པའི་ཕུང་པོ་རང་སྐལ་རྡོ་རྗེ་སེམས། ས་སངས་རྒྱས་སྤྱན། ཚོར་བ་རིན་ཆེན་འབྱུང་ལྡན། ནམ་མཁའི་ཁམས་དབང་ཕྱུག་མ། འབྱུང་བ་ལྔ་ཡི་རང་སྐལ་དུ་བརྩིས་པ་ཡིན་ལ། ནམ་མཁའི་ཁམས་གཞིར་བཞག་ཏུ་གནས་པ་དེ་དག་ལྟར་བརྩིས་པའོ། །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ནི་བར་དོའི་ལུས་བྱིས་པ་ལ་ལོ་ལྔ་ལོན་པའི་ན་ཚོད་ཙམ་པ་འོད་ལྔ་པ་ནི་རང་བཞིན་གྱིས་འབྱུང་བ་ནི་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ་ལོངས་སྤྱོད་རྫོགས་པའི་སྐུ་དང་མཚུངས་པའོ། །དེ་ནི་ནང་གི་གནས་ལུགས་སོ། །ད་ནི་གཉིས་པ་ཕྱི་རོལ་གྱི་གནས་ལུགས་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ། རང་གི་ཕུང་པོ་ལྔ་ལྷར་ཤེས་པས། ཡུལ་ལྔ་ལྷར་སྣང་བས་ཉི་མའི་འོད་ལྟ་བུ་ཡིན་པ་ལ། ཡུལ་ལྔ་མངོན་དུ་བྱས་པའི་དུས་སུ། མཐོང་བ་ལ་སོགས་པ་མཐོང་བ་དང་ལྷར་ཤེས་པ་དུས་མཉམ་པའོ། །གཟུགས་ཐམས་ཅད་རྡོ་རྗེ། འོག་མ་རྣམས་ཀྱང་དེས་འགྲེའོ། །འབྱུང་བ་ལྔ་ཡང་ས་སངས་རྒྱས་སྤྱན་མ། ཆུ་མ་མཱ་ཀིར་ཤེས་པས་འོག་མ་རྣམས་ལ་ཡང་དེས་འགྲེའོ། །བེམ་རིག་གཉིས་ཀྱིས་བསྡུས་པ་ཡང༌། བེམ་པོ་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ། ཆེ་བའི་རི་རྒྱལ་ལྷུན་པོ་ནས་ཆུང་བའི་རྡུལ་ཕྲ་རབ་ཡན་ཆད་གཟུགས་རྡོ་རྗེའོ། །མེ་སྒྲ་ཆུ་སྒྲ་རླུང་སྒྲ་འབྲུག་སྒྲ་ལ་སོགས་པ་སྒྲ་ཆེ་ཆུང་ཐམས་ཅད་སྒྲ་རྡོ་རྗེར་ཤེས་པར་བྱའོ། །རིག་བཅས་སེམས་ཅན་ཡང་ལྷ་དང་ལྷ་མོར་འཆར་བའོ། །དེ་ལྟར་མཐོང་བ་ཐོས་པ་དྲན་པའི་ཡུལ་དུ་གྱུར་པ་ཐམས་ཅད་ལྷར་འཆར་བ་ཡང༌། ནང་ལྷར་ཤེས་པས་ཕྱི་རོལ་ཐམས་ཅད་ལྷར་འཆར་བའོ། །ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་ལྷར་འཆར་བའོ། །དེ་ལྟར་ཐམས་ཅད་ལྷར་སྣང་བ་ནི། ཡུལ་ཡུལ་ཅན་གཉིས་སུ་མེད་དེ་ཐམས་ཅད་རང་སེམས་ཡིན་པའོ། །སེམས་སྣང་སྟོང་ཟུང་འཇུག་ཆབ་བྲོམ་ཆུར་ཤེས་པའོ། །འཇའ་ཚོན་ནམ་མཁར་ཤེས་པའམ། གསེར་དང་གསེར་གྱི་སེར་པོ་བཞིན་ནོ། །དེ་ནི་བསྒྲུབ་བྱ་སྒྲུབ་བྱེད་ལྟ་བུ་མ་ཡིན་ཏེ། གཞི་ལ་གནས་པ་ལམ་དུ་བསྒོམས་པས། འབྲས་བུ་སངས་རྒྱས་ཀྱི་གཟུགས་སྐུ་གཉིས་ཡིན། དེ་ནི་གསུམ་པ་ལྟར་བྱས་ཀྱང་ཆོས་ཀྱི་དབྱིངས་ཞེས་པ་ནི། སྣང་སྲིད་འཁོར་འདས་བེམ་རིག་གཉིས་ཀྱིས་བསྡུས་པ་ཐམས་ཅད་རང་བཞིན་སྟོང་པ་ནི་ཆོས་ཀྱི་དབྱིངས་ཡིན་ལ། རིག་བཅས་སེམས་ཅན་གྱི་སེམས་ནི་ཆོས་ཀྱི་སྐུ་ཡིན་ཏེ། དེ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་དག་ཅིང་གསལ་བ་སངས་རྒྱས་ཀྱི་ཐུགས་དང་འདྲ་བ་གཅིག་པའོ། །དེ་ལ་གང་ལྟར་སྣང་ཡང་སེམས་མིན་པ་གཞན་མེད། སེམས་ཆོས་སྐུ་ཡིན་པས་ཆོས་སྐུ་མིན་པ་གཞན་མེད། ཅི་ལྟར་བྱས་ཀྱང་ཆོས་ཀྱི་དབྱིངས་ཞེས་པའི་དོན་ནི། ལར་འདི་རྟོགས་ཤིང་བསྒོམ་ན་ཐ་མལ་པའི་སྣང་བ་མེད་པས། ཆོས་ཐམས་ཅད་ཀྱི་གནད་གོ་བས། ཅི་ལྟར་བྱས་ཀྱང་བདེ་བས་གོམས་པ་མཐར་ཕྱིན་ན། གཟུང་འཛིན་དང་གཉིས་སྣང་བག་ཆགས་ཐམས་ཅད་འདག ཡོན་ཏན་ཐམས་ཅད་འབྱུང་བ་ཡིན། ཆོས་རྗེ་ཕག་མོ་གྲུ་པའི་ཞལ་ནས་ཀྱང༌། ང་ལ་ཐམས་ཅད་དགའ་ཞིང་དད་པ་ནི། ངས་ཐམས་ཅད་ཡི་དམ་ལྷར་མཐོང་བས། དེ་ལས་བྱུང་བ་ཡིན་གསུངས་པའི་དོན་དེ་ཡང་གོང་མ་ལྟར་བསྒོམས་ཤེས་པ་ལ་འོང་བ་ཡིན། འགྲོ་བ་མང་པོ་ལ་ཕན་པ་དང༌། འཁོར་དཔག་ཏུ་མེད་པ་འདུ་ཞིང༌། དེ་དག་ཐམས་ཅད་ཀྱང་མི་ཕྱེད་པའི་དད་པ་དང་ལྡན་ཞིང༌། རིགས་རྒྱུད་འཛིན་པ་བཀའ་བཞིན་སྒྲུབ་པ་འབྱུང་བ་ཡིན་ནོ། །ཐམས་ཅད་བདེ་བར་འཆར་བའི་ལེའུ་སྟེ་དྲུག་པའོ།།

རིམ་པ་ལྔ་ཉམས་སུ་བླངས་པའི་ལེའུ་སྟེ་བརྒྱད་པ།

༈ སྡུག་བསྔལ་མེད་ན་ངེས་འབྱུང་མེད། །ངེས་འབྱུང་མེད་ན་བདེ་བ་མེད། །བདེ་ལ་ཞེན་ན་དེ་བས་ཐུ། །ཆུང་ངུའི་ཆུང་ངུ་ལ་བདུད་ཆེན་པོའི་ཆེན་པོ་འཇུག སྨན་མ་ཞུ་བ་ཡང་དུག་དང་འདྲ། དེ་ཡི་རྩ་བ་གང་ཡིན་པ། རྩ་བ་མ་རིག་པ་ཡིན་ཏེ། དེ་ཡི་བྱེད་ལས་ནི་གང་ཡིན་པ། ཉོན་མོངས་པ་དུག་ལྔ་ཡིན། དེས་ལས་མཁན་གང་ཡིན་པ། སྡོམ་པ་ཆགས་པ་གཉིས་ཀྱིས་ལན། དེ་ཡི་ཕུགས་སོ་གང་ཡིན་པ། གཏི་མུག་ཕུགས་ན་ཉལ་བ་ཡིན། འཕགས་པའི་ཡོན་ཏན་ལ་གཏི། ཉོན་མོངས་ལ་མུག དེ་ཡིས་ཉོན་མོངས་བཞི་པོ་བྱ་བྱེད་མང་དུ་བཅུག དེ་ཡི་ཕྱག་བརྙན་གང་ཡིན་པ། མི་དགེ་བཅུ་པོ་ཡིན་པའོ། །ཐོག་མེད་དུས་ནས་འཚོགས་འཚོགས་ནས། །སེམས་ཅན་རྣམས་ལ་སྡུག་ཏུ་བཅུག །འོན་ཀྱང་སྡུག་བསྔལ་མེད་ཅིང་ངེས་འབྱུང་མེད། །བདེ་དང་སྡུག་བསྔལ་གཉིས་ཀ་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཚོགས་དང་འདུས་པ་གང་ཡང་མེད། །ཐོག་མ་བར་དང་དུས་མཐའ་མེད། །བྱས་དང་བྱེད་པ་གང་ཡང་མེད། །འབྲས་བུ་ཐོབ་དང་མ་ཐོབ་མེད། །ཐམས་ཅད་བདེ་བ་ཆེན་པོ་ཡིན། །འདི་ཡི་རྩ་བ་གང་ཡིན་པ། །ཀུན་གཞི་རང་རིག་རྣམ་དག་ཡིན། །དེ་ཡི་བྱེད་པོ་གང་ཡིན་པ། །ཡེ་ཤེས་རྣམ་པ་ལྔ་ཡིན་ཏེ། །དེ་ཡི་ལས་མཁན་གང་ཡིན་པ། །མ་ཆགས་རློམ་སེམས་མེད་པས་ལེན། །དེ་ཡི་ཕུགས་སོ་གང་ཡིན་པ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཕུགས་ན་ཉལ་བ་ཡིན། །ཡོན་ཏན་ཐམས་ཅད་རང་ལ་ཡོད་པར་གསལ། །ཐམས་ཅད་ཡེ་ཤེས་ཉིད་ལས་མི་འདའ་བའོ། །དེ་ཡི་ཡེ་ཤེས་བཞི་པོ་བྱ་བྱེད་མང་དུ་བཅུག །དེ་ཡི་ཕྱག་བརྙན་གང་ཡིན་པ། །དགེ་བ་བཅུ་པོ་གང་ཡིན་པའོ། །ཐོག་མེད་དུས་ནས་དེ་དག་འཚོགས་འཚོགས་ནས། ཐམས་ཅད་སངས་རྒྱས་ཀྱི་བདེ་བ་ལ་བཀོད། དེ་དག་ཤེས་ན་ཤེས་ན་ཤེས་རབ་ཆེ་བ་ཡིན། མི་ཤེས་པ་ལ་མངོན་སུམ་དུ་ནི་བསྟན་པར་བྱ། གཞན་གྱིས་ནོར་ལ་རློམ་སེམས་མི་བྱེད་ཅིང༌། རང་གི་ནོར་ལ་འདོད་ཆགས་དང་སེར་སྣ་ཆེ། ཞེ་སྡང་དང་ང་རྒྱལ་དང་ཕྲག་དོག་གིས་ཀུན་ནས་བསླངས་ནས། རྟ་བཟང་ཞོན། གོས་བཟང་གོན་ནས། རློམ་སེམས་ཀྱིས་ཨ་བོའི་གོང་ན་སུ་ཡོད་སྙམ་ནས་ཕྱིན་པའི་བར། བཀྲེས་ཤིང་སྐོམ། དབུལ་ཞིང་ཕོངས། ངལ་ཞིང་དུབ། ཁུ་རུ་ཁུར་ནས་རྐང་པས་མི་ཐོན་ཅིང་འགྲོ། དགྲས་གཙེར་ཞིང་དབང་ཆུང༌། སྡུག་བསྔལ་དེ་འདྲ་བ་མྱོང༌། དེ་ལ་ལྟོས་དང་ཀྱེ། དེ་ལ་བསམ་ན་ཆོས་ཞིག་གཤའ་མར་བྱེད་པར་རིགས། སྡུག་བསྔལ་དེ་ལྟར་མྱོང་བའི་དུས་བདེ་བ་འབྱུང་བ་དེ། དགེ་སྦྱོར་བཤའ་མ་བྱས་པའི་འབྲས་བུ་ཡིན། རྒྱུ་འབྲས་མངོན་སུམ་དུ་གཟིགས་པའི་ལེའུ་ཏེ་བདུན་པའོ། །དཔལ་གསང་བ་འདུས་པ་ལས། རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །ཞེས་གསུངས་པའི་དོན་ནི། ལས་ཀུན་བྱེད་ཅེས་པ་ནི། འཁོར་འདས་གཉིས་དང་ལུས་ངག་ཡིད་གསུམ་གྱི་ལས་ཐམས་ཅད་རླུང་གིས་བྱེད། རྣམ་ཤེས་བཞོན་པ་སྟེ་ཞེས་པ་ནི། སེམས་ཀྱི་བཞོན་པ་རླུང་ཡིན། ལྔ་ཡི་བདག་ཉིད་ཅེས་པ་ནི། རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔའོ། དེ་ལ་རྡོ་རྗེའི་བཟླས་པར་བསླབ་པ་ནི། རླུང་གི་དེ་ཁོ་ན་ཉིད་འགྲོ་འོང་གནས་གསུམ། འགྲོ་འོང་གནས་གསུམ་གྱི་དེ་ཁོ་ན་ཉིད་ཡི་གེ་འབྲུ་གསུམ། ཡི་གེ་འབྲུ་གསུམ་གྱི་དེ་ཁོ་ན་ཉིད་ཨཱཿ ཨཱཿཡི་དེ་ཁོ་ན་ཉིད་སྐྱེ་བ་མེད་པ། དེ་ནས་དང་པོ་རླུང་ཕྱི་ནས་འཇུག་པའི་དུས་ཨོཾ་དཀར་པོ་སྣ་བུག་གཡོན་ལ་ཞུགས་ཏེ་གཡོན་རྐྱང་མ་ལ་འཁྲིལ་ནས་ལྟེ་བ་ལ་ཨཱཿདམར་པོ་ཡོད་པ་ལ་ཐིམ་པར་བསམ། རླུང་ཕྱིར་འབྱུང་ཙམ་ན་ཡི་གེ་ཧཱུྃ་སྔོན་པོ་རོ་མ་ལ་ཞུགས་ནས་སྣ་བུག་གཡས་ལས་ཕྱིར་འབྱུང༌། རླུང་གི་རྩོལ་བ་རྩོལ་བཅས་དང་རྩོལ་མེད་ལས། རྩོལ་བཅས་ཞི་དྲག་གི་རླུང་བསྒོམ། རྩོལ་མེད་འཇམ་རླུང་བསྒོམ་པར་བྱ། གཉིས་ཀ་ལ་དམིགས་པ་རྡོ་རྗེའི་བཟླས་པ་ལ་སློབ་པར་མཐུན། ཨཱཿལ་སེམས་ཟིན་པ་དེ་རྡོ་རྗེའི་བཟླས་པ་ལ་དམིགས་པའོ། །རྡོ་རྗེའི་བཟླས་པ་དང་སེམས་ལ་དམིགས་པ་གཉིས་བསྒོམས་ནས་སྒྱུ་མ་ལྟ་བུར་བསྒོམ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཐོང་བ་འབྱུང༌། སྒྱུ་མ་ལྟ་བུར་མཐོང་བས་དངོས་པོར་འཛིན་པ་འཇོམས་ཀྱང་སྒྱུ་མ་ཙམ་འཛིན་པར་དངོས་པོ་ཡིན་པས་འོད་གསལ་བསྒོམ་པར་བྱ་སྟེ། རྗེས་སུ་གཞིག་པའི་རིམ་པས་སྣང་བ་གསུམ་གྱིས་ཐིམ་པ་འོད་གསལ་དུ་བསྒོམ་པ་དང༌། སྐད་ཅིག་གིས་གཅིག་ཆར་དུ་འོད་གསལ་དུ་བསྒོམ་པའོ། །ཆོས་ཐམས་ཅད་འོད་གསལ་དུ་ཐིམ་ཞིང་སྒྱུ་མར་ལྡང༌། ཆོས་ཐམས་ཅད་གཉིས་སུ་མེད་པའི་ཟུང་འཇུག་ཏུ་རྟོགས་ཤིང༌། སློབ་པའི་ཟུང་འཇུག་ཏུ་ཉམས་སུ་བླངས་པས་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པའོ། །རིམ་པ་ལྔ་ཉམས་སུ་བླངས་པའི་ལེའུ་སྟེ་བརྒྱད་པའོ།།

ཆོས་ཐམས་ཅད་རང་གི་སེམས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སུ་རྟོགས་པའི་ལེའུ་སྟེ་དགུ་པ།

༈ དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ལས། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་དང༌། །ཐམས་ཅད་ང་ལས་བྱུང་བ་ཡིན། །ཞེས་པའི་དོན་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་འདི་ཉིད་ཡིན་སྙམ་པའི་གོ་བ་ཞིག་བྱུང་སྟེ། དེ་ལ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་གཞི་རྩ་དང་བྲལ་བར་རྟོགས་པས་འཁོར་འདས་གཉིས་ཀྱི་བདག་པོའོ། །ཡུལ་དང་སྒོ་དང་རྣམ་ཤེས་དང༌། འདུས་ཏེ་རེག་པ་དང་ཚོགས་དྲུག་རང་གྲོལ་དུ་ཤེས་པས་དངོས་འཛིན་དང་བྲལ་བའི་བདག་པོའོ། །རང་སེམས་སངས་རྒྱས་སུ་རྟོགས་པས་མ་རིག་པའི་རྩ་བ་བདུན་པ་བག་ཆགས་དང་བྲལ་བས། ཆོས་ཉིད་དོན་གྱི་ཀུན་གཞི་དང༌། སྦྱོར་བ་བདུན་པའི་ཀུན་གཞི་དང༌། ཀུན་གཞི་རང་རིག་རྣམ་དག་གི་བདག་པོའོ། །དཀར་པོ་འདུ་བྱེད་ཀྱི་ལས་ཀྱིས་དག་པའི་རྟེན་ཅིང་འབྲེལ་བར་འགྲིགས་པས་རྟེན་འབྲེལ་བཅུ་གཉིས་ཀྱི་བདག་པོའོ། །འཁོར་བའི་ཆོས་ཐམས་ཅད་དེ་ཉིད་ཀྱི་གཞི་རྩར་རྟོགས་པས་འཁོར་བའི་ཆོས་དག་པའི་བདག་པོའོ། །ཐབས་ཀྱི་ཆ་ཕ་རོལ་ཏུ་ཕྱིན་པ་ལྔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཅིག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་གྱི་བདག་པོའོ། །སྟོང་པ་ཉིད་དང༌། དྲན་པ་ཉེ་བར་བཞག་པ་དང༌། རྒྱུན་དུ་ཞུགས་པ་དང༌། རྣམ་པར་ཐར་པ་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག མ་འདྲེས་པའི་ཆོས་རྣམས་དང༌། ཐམས་ཅད་ཤེས་དང༌། ལམ་གྱི་རྣམ་པར་ཤེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་དང༌། མྱ་ངན་ལས་འདས་པའི་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་བདག་པོའོ། །སེམས་སྟོང་པ་ཉིད་རྒྱུན་ཆད་མེད་པར་རྟོགས་པས་ཆད་པའི་ལྟ་བ་མ་གྲུབ་པའི་བདག་པོའོ། །སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་མི་འདོར་བས་རྟག་པར་ལྟ་བའི་བདག་པོའོ། །ཐམས་ཅད་བརྗོད་དུ་མེད་པའི་ངང་གཟུང་བའི་རྟོག་པ་མ་གྲུབ་པས་གང་ཟག་གི་བདག་མེད་ཀྱི་བདག་པོའོ། །གཟུང་བའི་རྟོག་པ་སྤོང་ཞིང་འཛིན་པའི་ཀུན་ཏུ་རྟོག་པའི་བག་ཆགས་སྤོང་བས་རང་སངས་རྒྱས་ཀྱི་བདག་པོའོ། །ཐམས་ཅད་རང་གི་ཤེས་པ་འདིར་ཉམས་སུ་མྱོང་ཞིང༌། འདི་བྱེད་པའི་རྐྱེན་འཇོག་མཁན་དུ་རྟོགས་པས་མདོ་སྡེ་པའི་བདག་པོའོ། །ཐམས་ཅད་རང་གི་སེམས་རྣམ་པར་མེད་པར་རྟོགས་པས་སེམས་ཙམ་གྱི་བདག་པོའོ། །འདི་སྣང་བ་ཐམས་ཅད་སྒྱུ་མ་ལྟར་སྣང་བས་སྒྱུ་མས་སྒྱུ་མ་སྟོང་པ་དང་སྣང་བ་མི་འགོག སྟོང་པ་མི་སྒྲུབ། ཡོད་མེད་ཀྱི་ཁས་ལེན་དང་བྲལ་བས་བཏང་སྙོམས་དང༌། ཤེས་པ་ཉམས་སུ་མྱོང་བ་འགགས་པས་སྣང་བ་མི་འཆར་བས་རྒྱུ་ཡོད་པ་དང༌། འབྲས་བུ་མེད་པར་འདོད་པ་རྒྱུན་ཆད་པ་དང༌། སྒྱུ་མ་རབ་ཏུ་མི་གནས་པའི་དབུ་མའི་བདག་པོའོ། །འཁོར་འདས་གཉིས་སུ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་སྣང་བ་དང་སྟོང་པ་ལམ་ཐབས་དང་ཤེས་རབ། འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་གཉིས་ཟུང་དུ་འཇུག་པས་གསང་སྔགས་ཀྱི་བདག་པོའོ། །གཉིས་མེད་ཀྱི་ཡེ་ཤེས་ལྷུན་གྱིས་གྲུབ་པས་ཕྱག་རྒྱ་ཆེན་པོའི་བདག་པོའོ། །ཡོན་ཏན་དང་འབྲས་བུ་རང་ལ་ཚང་བས་རྫོགས་པ་ཆེན་པོའོ། །ས་ལམ་མཐར་ཕྱིན་པས་བྱང་ཆུབ་སེམས་དཔའི་བདག་པོའོ། །དོན་བྱ་བའི་ཡུལ་དང་དོན་བྱེད་མཁན་མེད་པས་གཞན་དོན་གྱི་བདག་པོའོ། །སྐུ་གསུམ་རང་ལ་ཚང་བས་སངས་རྒྱས་ཀྱི་བདག་པོའོ། །ཆོས་ཐམས་ཅད་རང་གི་སེམས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སུ་རྟོགས་པའི་ལེའུ་སྟེ་དགུ་པའོ། །རང་ལ་ཕན་པས་གཞན་ལ་ཡང་ཕན་སྙམ་པས། བླ་མའི་ཞལ་གདམས་དང་མཁའ་འགྲོ་མ་རྣམས་ཀྱི་གསང་ཚིག་ཡི་གེར་བྲིས་པ་ལ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་རྣམས་མི་མཉེས་པར་གྱུར་པ་བཟོད་པར་གསོལ། བླ་མ་དང་འཕགས་པའི་ཚོགས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བྱེད་པ་དང༌། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཆོས་འདིས། སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་བྱེད་པར་གྱུར་ཅིག སྒྲིབ་པ་དང་སྐྱོན་ཐམས་ཅད་དག་ཅིང༌། ཡོན་ཏན་ཐམས་ཅད་རྫོགས་པར་བྱེད་པའི་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཅེས་བྱ་བ་ ༧རས་པས་ཡི་གེར་བཀོད་པ་རྫོགས་སོ། །དགེའོ། །

ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་གྱི་རིམ་པ།

དུས་གསུམ་བླ་མ་ཐམས་ཅད་དང༌། །ཡི་དམ་ལྷ་ལ་བདག་གིས་བསྟོད། །ཉིན་ཞག་ཕྲུག་གཅིག་གི་བྱ་བ། བླ་མ་རིན་པོ་ཆེས་གསུངས་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབྲི་བར་བྱ། སྒྲུབ་པ་པོ་རྟེན་གྱི་གང་ཟག་དབང་དང་བྱིན་རླབས་ཐོབ་ནས་དམ་ཚིག་མ་ཉམས་པས། སྒྲུབ་པའི་གནས་དབེན་ཞིང་ཉམས་དགའ་བའི་ས་ཕྱོགས་སུ་འཇིག་རྟེན་བྱ་བ་ངན་པ་ཐག་བསྲིངས་ནས། མཐུན་རྐྱེན་ཚོགས་པར་བྱས་ནས་བདེ་བའི་སྟན་ལ་ལུས་བདེ་བར་བཅོས་ཏེ་བསྡད་ནས། དུས་རྒྱུན་དུ་དགེ་སྦྱོར་རྒྱུན་ཆད་མེད་པར་སྐྱོང༌། དེ་ཡི་ཉམས་སུ་ལེན་ལུགས་ཉིན་ཞག་ཕྲུག་གཅིག་ལ་འདི་ལྟར་བགྱི་སྟེ། དེ་ཡང་སྐུ་གསུམ་འཁོར་ལོ་ཉམས་སུ་བླང་བ་ནི། གཉིད་ལོག་པ་འོད་གསལ་ཆོས་ཀྱི་སྐུ། ཐུན་བཞི་ལོངས་སྤྱོད་རྫོགས་པའི་སྐུ། ཐུན་མཚམས་སྤྲུལ་པའི་སྐུ། དེ་ཡང་རིམ་གྱིས་པ་དང་གཅིག་ཆར་བ་གཉིས། དེ་ལ་དང་པོ་ནི་སྲོད་ལ་བདུད་བཏུལ་བྱ་བའི་ཚུལ་གྱིས། ཟག་བཅས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་ནང་དུ་འདུས་པས། ཉོན་མོངས་པ་དང་རྣམ་པར་རྟོག་པ་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་འོད་གསལ་ཆོས་ཀྱི་སྐུའི་ངང་ལ་ཐིམ། གཉིད་འོད་གསལ་དུ་བཅུག་པས་ཆོས་ཀྱི་སྐུ་ཡིན། གནས་ནི་སྙིང་ཁ་ཆོས་ཀྱི་འཁོར་ལོར་གནས། ལྟེ་བ་འབྱུང་བ་བཞི་ཡི་རླུང་སྐུལ་བྱེད་ཀྱི་ལྷ་མོ་བཞི་གནས་པས་འབྱུང་བ་བཞི་ཡི་རླུང་གཡོས་ནས་འོད་གསལ་ནས་ཆོས་ཀྱི་སྐུའི་ངང་ལ་སེམས་ཅན་གྱི་དོན་ལ་བཞེངས་ཤིག་བྱ་བའི་ཚུལ་གྱིས་བསྐུལ་བས་རྣལ་སད་པའི་འོད་གསལ་ཆོས་ཀྱི་སྐུའི་ངང་ལས་སྤྲུལ་སྐུར་བཞེངས་པ་ཡིན། ཐུན་དེ་ཡིས་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཡིན་ཏེ། སྟན་ལ་ལུས་བདེ་བར་བཅོས་ནས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ལུས་ངག་ཡིད་གསུམ་དགེ་བ་ལ་བསྐོལ་བ་དུས་རིང་ཐུང་གསུམ་དུ་བྱིན་གྱིས་བརླབས། སྦྱོར་བ་ཚོགས་གཉིས་བསགས་ནས་དངོས་གཞི་བསྐྱེད་རྫོགས་བསྒོམ། ལུས་ཡི་དམ་གྱི་ལྷ་ལོངས་སྤྱོད་རྫོགས་པའི་སྐུར་བསྒོམ། མཚན་བཅས་ཀྱི་རྫོགས་རིམ་གཏུམ་མོ་བསྒོམ། མཚན་མ་མེད་པའི་རྫོགས་རིམ་ཕྱག་རྒྱ་ཆེན་པོ་བསྒོམ། ཡི་དམ་ལྷ་ཡི་སྙིང་པོ་བགྲང་བ། ངག་གྲགས་སྟོང༌། སེམས་རིག་སྟོང༌། ལུས་སྣང་སྟོང༌། བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ། དགེ་བའི་རྩ་བ་བསྔོ་བ་བྱའོ། །མཉམ་བཞག་དེ་ལས་ལངས་པ་ན་ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་པའི་སྐུར་ལྡང་བ་ཡིན། ཆུ་དང་ཕྱི་ས་དོར་བ་ལ་སོགས་པ་ལུས་ཀྱི་དྲི་མ་བསལ། གོས་ཚགས་ལེགས་པར་བསྡམ། ཡི་དམ་གྱི་ལྷ་གང་ཡིན་ཡང་སྤྲུལ་པའི་ཞལ་གཅིག་ཕྱག་གཉིས་པ་བསྒོམ། བདག་མཐོང་བ་ཐོས་པ་དྲན་པ་རེག་པ་རྐྱེན་ཉེ་བར་གྱུར་པ་རྣམས་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བདག་ལ་བརྟེན་ཏེ་བདེ་བར་བྱ་སྙམ་དུ་བསམས་ནས། ཆུ་ཡན་ལག་བརྒྱད་དང་ལྡན་པས་ཁྲུས་བྱ་བ་ནི། ལག་པ་གཡས་པའི་མཐིལ་དུ་ཆུ་བླུགས་ལ་གཡོན་པའི་སྲིན་ལག་གིས་དཀྲུགས་ལ། ཨོཾ་ཨཱཿཧཱུྃ། གསུམ་གྱི་བྱིན་གྱིས་བརླབས་ནས། གདོང་དང་སོའི་དྲི་མ་བཀྲུས་ཏེ། བྱང་ཆུབ་ཀྱིས་ལུས་ཀྱི་དྲི་མ་དག་པར་བསམ། ཆུ་ཡི་ལྷག་མ་ཆུ་འཁྱོར་གང་ཡི་དྭགས་ལ་ཨོཾ་ཨུ་ཙི་ཏ་ཧ་རི་བྷྱ་སྭཱ་ཧཱ། ཞེས་བརྗོད་ལ་སྦྱིན། དེ་ནས་རང་གི་མདུན་དུ། རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་ཟླ་བའི་སྟེང་དུ་ཇོ་བོ་ཛཾ་བྷ་ལ་བཞུགས་པར་བསྒོམ། དེ་ཡང་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །དེ་ནས་གཙང་མ་འཁྱོར་མོར་འབུལ་ལ་བདུད་རྩི་དབུལ་བར་བསམ་སྟེ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། །ཞེས་བརྒྱའམ་སྟོང་ལ་སོགས་པས་འབུལ་ལོ། །ལོངས་སྤྱོད་འདོད་ན། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་བདག་གི་ལོངས་སྤྱོད་བྷ་སུ་སྤུ་ཏི་ཏ་མེ་ཀུ་རུ་སྭཱ་ཧཱ། །ཞེས་པས་འབུལ་ལོ། །ལྷ་མི་དམིགས་པར་བྱས་ལ། ཆུ་དེ་ཆུ་ནང་བླུགས་སམ་གཙང་སར་དོར་རོ། །དེ་ནས་དཀོན་མཆོག་གི་སྤྱན་སྔར་ཕྱིན་ཏེ་རྟེན་དངོས་སུ་བཞུགས་པ་དང་གདན་དྲངས་པ་ནི། ན་མོ་གུ་རུ། རྟོག་མེད་ཕྱོགས་བྲལ་ཆོས་ཀྱི་ཕོ་བྲང་ན། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །དངོས་དང་བརྒྱུད་པའི་རྗེ་བཙུན་འཁོར་དང་བཅས། །ཐུགས་རྗེ་སྨོན་ལམ་དབང་གིས་གནས་འདིར་གཤེགས། །ཨོཾ་བཛྲ་སརྦ་ས་མུན་ཛཿཛཿཧཱུྃ། ཞེས་བརྗོད་པས། བླ་མ་དཀོན་མཆོག་དང་ཡི་དམ་ཆོས་སྐྱོང་ལ་སོགས་པ་ཐམས་ཅད་བྱོན་པར་བསམ། སྐུ་ལ་བལྟ་བའི་མཆོད་པ་ནི། བླ་མ་དཀོན་མཆོག་ཡི་དམ་གྱི་ལྷ་དང་ཆོས་སྐྱོང་ལ་སོགས་པ་ཐམས་ཅད་ཞལ་མཐོང་ཨ་རེ་དགའ་སྙམ་དུ་བསམ། དེ་ནས་རང་གི་ལུས་རྡུལ་སྙེད་ཙམ་དུ་སྤྲུལ་ལ། ཡན་ལག་མལ་ལྔ་ས་ལ་བཙུགས་ཏེ། ངག་ཚིགས་སུ་བཅད་པ་བརྗོད་ཅིང་ཡིད་དང་བས་ཕྱག་འཚལ་ལོ། །དེ་ནས་དཀོན་མཆོག་གི་སྤྱན་སྔར་བསྡད་ནས་མཆོད་པ་བཤམ་པ་མེད་ན་ཡིད་ཀྱིས་འབུལ། བཤམས་པ་ཡོད་ན། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེར་མེད་པ་ལས་བྱུང་བར་བྱིན་གྱིས་བརླབས། དེ་ནས་མནྜལ་འབུལ་བ་ནི། མཎྜལ་གྱི་དངོས་པོ་གང་ཡིན་པ་ཡང་རིན་པོ་ཆེའི་ས་གཞི་མཉམ་པ་སྙོམས་པ་དབུས་བག་ཙམ་མཐོ་བ། ཚོམ་བུ་ཉི་ཤུ་རྩ་གསུམ་པའམ། བཅུ་བདུན་ནམ་བཅུ་དགུ་པའམ། བདུན་པས་སྒྲུབ་པའི་མཎྜལ་བཤམས་ལ། དེ་ཡང་མཎྜལ་འདིས་མཚོན་པར་བྱས་ནས། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ལོངས་སྤྱོད་འབྱོར་པ་རིན་པོ་ཆེ་སྣ་ཚོགས་ནོར་བུ་དབང་གི་རྒྱལ་པོའི་བསོད་ནམས་ལས་གྲུབ་པ། མདོར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ལས་བྱུང་བ་ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་བ་ཕུན་སུམ་ཚོགས་པ་འབྱུང་ཞིང་ཕྱི་ནང་གི་འཚེ་བ་མེད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མི་སྟོང་ཞིང་ཞིང་ཁམས་རྣམ་པར་དག་པ་ཕུན་སུམ་ཚོགས་པ་རབ་འབྱམས་ཆོས་ཀྱི་དབྱིངས་ཀྱི་ཀླས་པ་ཙམ་དུ་བསམ་ལ། བླ་མ་ཡི་དམ་གྱི་ལྷ་ཚོགས་ཆོས་སྐྱོང་བའི་སྲུང་མ་ལ་སོགས་པ་ཐམས་ཅད་ལ་ཚིག་འདིས་འབུལ་བ་ནི། དབུས་ཀྱི་རི་རྒྱལ་ལྷུན་པོ་ལ། །གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར། །ཉི་ཟླ་ཟུང་གཅིག་བསྐོར་བ་བྱེད། །གསེར་དང་དངུལ་དང་ཤེལ་དག་ལ། །མུ་ས་གརྦྷ་བཻཌཱུརྻ། །མུ་ཏིག་དམར་དང་རྡོ་སྙིང་སྟེ། །ཀུན་གཙོ་རིན་ཆེན་སྣ་བདུན་དང༌། །བུམ་པ་བཟང་པོའི་གཏེར་གྱིས་བརྒྱན། །རྗེ་བཙུན་བཀའ་དྲིན་ཅན་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ལས་དང་སྡིག་སྒྲིབ་སྦྱང་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་མཎྜལ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གཞན་ཡང་ལྷ་གང་དང་གང་ལ་མཚན་ནས་བརྗོད་ཅིང་འབུལ་ལོ། །གཞན་ཡང་མཆོད་པ་ཐམས་ཅད་རི་རབ་བས་དཔངས་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་པ། ལྷོ་སྤྲིན་བས་རྔམ་འཐུགས་པ། ནམ་མཁའ་བས་རྒྱ་ཆེ་བ། ཡུན་འཁོར་བའི་རྒྱ་མཚོ་མ་སྟོང་བའི་བར་དུ་སེམས་ཅན་ཐམས་ཅད་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བར་བསམ་ལ། ཆུ་གཙང་མེ་ཏོག་བདུག་སྤོས་སྣང་གསལ་དྲི་མཆོག་ཞལ་ཟས་སིལ་སྙན་རིན་པོ་ཆེ་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཀྱི་མཆོད་པ་ཐམས་ཅད་འབུལ་ལོ། །དེ་ནས་ལུས་འབུལ་བའི་མཆོད་པ་ནི། ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་འབུལ་ལོ། །དེ་ནས་སྙན་ཞིང་ཡིད་དུ་འོང་བ་དོན་དང་ལྡན་པས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །དེ་ནས་སྡིག་པ་བཤགས་པ་ནི། བདག་གིས་གསང་སྔགས་སྒོར་ཞུགས་ནས། །རྩ་བ་དང་ནི་ཡན་ལག་གི །ཁས་བླངས་དམ་ཚིག་འགལ་བ་རྣམས། །རྗེ་བཙུན་རྣམས་ཀྱི་སྤྱན་སྔར་བཤགས། །རྗེས་སུ་ཡི་རང་བ་ནི། རྗེ་བཙུན་བཀའ་དྲིན་ཅན་རྣམས་ཀྱི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང༌། །ཕྲིན་ལས་མཛད་པའི་རིམ་པ་ལ། །བདག་ནི་རྗེས་སུ་ཡི་རང་ངོ༌། །སྐྱབས་འགྲོ་ཁྱད་པར་ཅན་ནི། ད་ལྟའི་དུས་འདི་ནས་བཟུང་ནས། །བྱང་ཆུབ་སྙིང་པོར་མཆིས་བར་དུ། །དངོས་དང་བརྒྱུད་པ་ལ་སོགས་པ། །རྗེ་བཙུན་རྣམས་ལ་སྐྱབས་སུ་མཆི། །སྨོན་ལམ་འདེབས་པ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཕྱག་རྒྱ་ཆེན་པོར་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །འཇུག་པ་སེམས་བསྐྱེད་ནི། འབྲས་བུ་ཀུན་མཁྱེན་ཡེ་ཤེས་ཀྱི། །ལམ་གྱི་ནང་ན་མཆོག་གྱུར་པ། །ངེས་དོན་ཞལ་གྱི་གདམས་པ་རྣམས། །བདག་གི་རྒྱུད་ལ་བརྟེན་པར་བགྱི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཐུགས་རྗེས་འོད་གསལ་གྱི་ངང་ལས་མ་གཡོས་ཀྱང༌། །སྐུ་གསུམ་སྒྱུ་མར་བཞེངས་མཛོད་ལ། །ལས་དང་སྐལ་ལྡན་གྱི་སེམས་ཅན་ལ། །སྙན་བརྒྱུད་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བར་བཞུགས་སུ་གསོལ་བ་ནི། ཤེས་པས་སྲིད་ལ་མི་གནས་ཤིང༌། །ཐུགས་རྗེས་མྱ་ངན་མི་འདའ་ཞིང༌། །དུས་ཇི་སྲིད་འཁོར་བ་གནས་བར་དུ། །འགྲོ་བའི་དོན་ལ་བཞུགས་སུ་གསོལ། །དེ་ལྟར་གསོལ་བ་བཏབས་ནས་བསྔོ་བ་བྱ་བ་ནི། དམ་པ་སྐྱེས་མཆོག་རྣམས་ལ་གསོལ་བཏབས་མཐུས། །དེ་རྗེས་འཇུག་པའི་མོས་གུས་དད་འབུལ་རྣམས། །བྱིན་རླབས་དབང་གིས་རང་རྒྱུད་སྨིན་བྱེད་ཅིང༌། །གཞན་དོན་འབད་མེད་ལྷུན་གྲུབ་འབྱུང་བར་ཤོག །དེ་ནས་སྟན་ལ་ལུས་བདེ་བར་བཅོས་ནས་བསྡད་ནས། བཞེས་པའི་བྱིན་ལེན་བྱས་ཏེ། ཟས་ཀྱི་རྣལ་འབྱོར་བྱ་བ་ནི། རང་ཉིད་ཡི་དམ་གྱི་ལྷར་བསྒོམ། ཟས་ཕུད་ལྷ་བཤོས་ལེགས་པ་གཅིག་བྱས་ལ། ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་སྭཱ་ཧཱ། །ཞེས་བརྗོད་པས་བླ་མ་ལ་འབུལ། ཡང་གཅིག་དཀོན་མཆོག་གསུམ་ལ་འབུལ། ཡང་གཅིག་ཆོས་སྐྱོང་བའི་སྲུང་མ་ལ་དབུལ། ཡང་ཆངས་བུ་གཅིག ཨོཾ་ཨ་ཏྲ་བན་དྷ་སིད་བྷྱེ་སྭཱ་ཧཱ། །ཞེས་བརྗོད་པས་ཕུད་ལ་དགའ་བའི་འབྱུང་པོ་ལ་དབུལ། ཡང་ཆངས་བུ་གཉིས་བྱས་ལ། འཕྲོག་མ་མ་བུ་ལ། ཨོཾ་ཧ་རི་ཏི་སྭཱ་ཧཱ། །ཞེས་པའི་སྔགས་ཀྱིས་བསྔོ། དེ་ནས་ཐེབ་ཙེ་གཅིག་ཏུ་ཕུད་བཅད་དེ་ཆུ་བླུགས་ནས་གཏོར་མ་དེ་ལ་དམིགས་ནས། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །རིན་ཆེན་མང་ལ་ཕྱག་འཚལ་བས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བ་ཡིན་པས། གཏོར་མའི་སྣོད་པད་གཞོང་ཡངས་ཤིང་རྒྱ་ཆེན་པོ་སྟོང་གསུམ་ཙམ། བཅུད་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པར་གྱུར་པར་བསམ། གཟུགས་དམ་པ་ལ་ཕྱག་འཚལ་བས་རྗེ་བཙུན་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་བ་ཡིན་པས། སྤྱིར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཁྱད་པར་དུ་ཡི་དྭགས་རྣམས་གཟུགས་ཕུན་སུམ་ཚོགས་པར་བསམ། སྐུ་འབྱམས་ཀླས་ལ་ཕྱག་འཚལ་བས་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་བ་ཡིན་པས་ཟས་ཀྱི་སྒྲིབ་པ། ལོངས་སྤྱོད་ཀྱི་སྒྲིབ་པ། འཁོར་གྱི་སྒྲིབ་པ། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་སྒྲིབ་པ་དག་པར་བསམ། འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་བས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་བ་ཡིན་པས། འཇིགས་པ་དང་ཉམ་ང་བ་དང༌། བག་ཚ་བ་ལ་སོགས་པ་ཐམས་ཅད་དང་བྲལ་བར་བསམ། དེ་ནས་ཨོཾ་ཨཱཿཧཱུྃ། གསུམ་མམ་བདུན་བརྗོད་པས་བདུད་རྩིར་གྱུར་བར་བསམ། དེ་ནས་རིགས་དྲུག་སེམས་ཅན་ཐམས་ཅད་ཡི་དྭགས་ཀྱི་ཚོགས་རྣམས་མགྲོན་དུ་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་པ་ལན་བདུན་བརྗོད་པས། དེ་དག་གིས་གསོལ་བས་བདེ་བ་རྒྱུད་ལ་སྐྱེས། དེ་ནས་བདག་གི་བསོད་ནམས་སྟོབས་དང་ནི། །ཞེས་པ་ལ་སོགས་པའི་ཚིགས་བཅད་དང༌། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཅེས་པའི་ཚིག་གི་རྟེན་འབྲེལ་གྱིས་ཆོས་བཤད་བྱས་པས་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས་སོ་སོ་རང་རང་གི་གནས་སུ་བདེ་བར་དེངས་པར་བསམ། དེ་ནས་རྣལ་འབྱོར་རྟག་ཏུ་གཡོན་པས་སྤྱད། །ཅེས་པའི་དོན་དུ། ཆོས་ཉིད་དོན་གྱིས་གཡོན་པ་མི་བརྗེད་པར་བྱ་བའི་ཕྱིར། ཐ་སྙད་ཀྱིས་གཡོན་པ་ལ་ལག་པ་གཡོན་པས་ཁམས་ཀྱི་དང་པོ་བཅད་ནས། རང་ཉིད་ཡི་དམ་གྱི་ལྷར་བསྒོམས་པའི་ཞལ་དུ་དབུལ། དེ་ཡང་ཨོཾ་ཨཱཿཧཱུྃ་གིས་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ལ། མི་ཡེངས་པར་གསོལ། གལ་ཏེ་ཟས་གསོལ་དུས་སུ་བརྗེད་པར་གྱུར་ན། དེའི་རྗེས་ལ་ཕུང་པོ་ཁམས་སྐྱེ་མཆེད་ལྷ་ཚོགས་སུ་བསམ་ལ། ཤ་ལྔ་བདུད་རྩི་ལྔ་བསམ། རང་གི་ཐུགས་ཀར་ཡི་དམ་ལྷ་ཚོགས་བསྒོམས་ལ། གསང་གནས་སུ་མེ་ཐབ་གྲུ་གསུམ་ནང་དུ་གཏུམ་མོའི་མེ་འབར་བས་ཕོ་བའི་ནང་གི་ཟས་ཐམས་ཅད་བཞུ་སྟེ། དྭངས་མས་ཐུགས་ཀའི་ཡི་དམ་གྱི་ལྷ་རྣམས་མཆོད། སྙིགས་མ་འོར་ལྷུང་བ་བབ། ལྟེ་བའི་ནང་དུ་བསྲེག་བླུག་བྱ་ཞེས་པའི་དོན་དང༌། ཡིད་ཀྱིས་ཁར་མེ་སྦར་ཅེས་པའི་དོན་ནི། ཧོམ་ཁུང་དུ་བྱ་ལག་པ་དགང་གཟར་གྱིས་བླུགས་པས། རླུང་ཁུག་པ་གསུམ་ཙམ་བཟུང་བས། ཡིད་ཀྱིས་གཏུམ་མོའི་མེ་སྦར་བས་ཟས་དེ་དག་ཐམས་ཅད་བཞུ་སྟེ། དངས་མས་ལྷ་མཆོད་པ་ནི། དེས་ནི་ཟས་ཀྱི་རྣལ་འབྱོར་རམ། ནང་གི་སྦྱིན་སྲེག་ཅེས་བྱའོ། །ཟས་ཟོས་ཚད་ཚོགས་ཀྱི་འཁོར་ལོར་འགྲོ་བས། བསོད་ནམས་ཆེ་བ་ཡིན་ནོ། །ལྷག་མ་ཆངས་བུ་གཅིག ཨོཾ་ཨུ་ཙི་ཏ་ཧ་རི་བྷྱེ་སྭཱ་ཧཱ། ཞེས་བརྗོད་ལ་ཡི་དྭགས་ལ་སྦྱིན། དམ་པའི་ཆོས་འདུལ་བ་ན་ཡང༌། ཟས་གསོལ་བའི་རྗེས་ལ། གཏུང་བ་ཆུ་ཡིས་དེ་འོག་ཏུ། །སྦྱིན་པ་ཡང་དག་སྤེལ་བྱའི་ཕྱིར། །སྦྱིན་པའི་ཚིགས་བཅད་གཉིས་ཤིག་བརྗོད། །ཅེས་གསུངས་པ་ནི། དེ་ནས་ཆུས་ཞལ་བསིལ་ནས། རང་ཉིད་ཡི་དམ་གྱི་ལྷར་བསྒོམ་ལ། ལྗགས་རྡོ་རྗེ་སྦུ་གུའི་ཁོང་གསེང་ནང་ནས་ཆོས་ཀྱི་སྒྲ་བསྒྲགས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཆོས་བཤད་པར་བསམ་ལ་མདོ་འདོན་པར་བྱའོ། །རྗེས་བསྔོ་བ་དང་སྨོན་ལམ་གདབ་བོ། །དེ་ནས་མལ་དུ་ལངས་ཏེ་ཞུགས་ནས་ཐུན་གཉིས་པ་སྔ་དྲོའི་ཐུན་ལ་ལོངས་སྤྱོད་རྫོགས་པའི་སྐུར་སྦྱོར་དངོས་རྗེས་གསུམ་གྱིས་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པར་བྱའོ། །ཡང་མཉམ་བཞག་དེ་ལས་སྤྲུལ་པའི་སྐུར་བཞེངས་ཏེ། དྲོ་རན་པའི་དུས་སུ་ཡན་ལག་བདུན་པ་བྱས་ལ། དྲོ་གསོལ་བའི་དུས་སུ་ཟས་ཀྱི་རྣལ་འབྱོར་དང་མདོ་འདོན་པ་དང་གཏོར་མ་ལ་སོགས་པ་སྔ་མ་བཞིན་དུ་བྱའོ། །ཐུན་མཚམས་ཉི་མའི་གུང་ལ་སྤྲུལ་པའི་སྐུའི་ང་རྒྱལ་དང་ལྡན་པས་བླ་མ་ཡི་དམ་མམ་བདེ་བར་གཤེགས་པའི་རྟེན་ལ་བསྐོར་བ་བྱ་བ་ནི། རང་གི་རྐང་པ་གཉིས་ཀྱི་མཐིལ་དུ་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསམ་ལ། རྐང་པའི་མཐིལ་དང༌། ལུས་དང༌། དབང་པོ་ལྔ་ལས་འོད་ཟེར་འཕྲོས་པས་རང་གི་སྒྲིབ་པ་དང་སེམས་ཅན་གྱི་སྒྲིབ་པ་དག་པར་བསམ། གཟུངས་བྱིན་རླབས་ཅན་ནམ། ཡི་དམ་གྱི་སྙིང་པོའམ། བདེ་བར་གཤེགས་པའི་བསྟོད་པའམ། བླ་མའི་བསྟོད་པ་བརྗོད་ཅིང་བསྐོར་བ་བྱའོ། །དེ་ནས་མཆོད་རྟེན་བཞེངས་པའམ། ཚ་ཚ་བཏབ་པའམ། བདེ་བར་གཤེགས་པའི་མཆོད་རྟེན་བཞེངས་པ་ནི། རང་ཉིད་སྐད་ཅིག་གིས་ཡི་དམ་གྱི་ལྷར་བསྒོམས་ལ། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ༌། མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་སྙམ་དུ་སེམས་བསྐྱེད་ནས། རིན་པོ་ཆེ་སྣ་བདུན་ནམ། སའམ། གཞན་ཡང་དངོས་པོ་གཞན་དང་གང་ཡང་རུང་བ་དེ་དག་ལ་དམིགས་ཏེ། སྭ་བྷཱ་ཝའི་སྔགས་བརྗོད་པས་སྟོང་པར་བསྒོམ། སྟོང་པའི་ངང་ལས་རྫས་དེ་དག་ཐམས་ཅད་རིན་པོ་ཆེ་སྣ་བདུན་དུ་གྱུར་པར་བསམ། དེའི་སྟེང་དུ་ཨཱཿདཀར་པོ་གཅིག་བསམ། དེ་ཡོངས་སུ་གྱུར་པ་ལས་ཟླ་བ་བསམ། ཟླ་བའི་སྟེང་དུ་ཨོཾ་དཀར་པོ་གཅིག་བསམ། ཨོཾ་དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་བསྒོམ། དེ་ནས་དེའི་སྟེང་དུ་ཨཱཿདམར་པོ་གཅིག་བསམ། ཨཱཿཡོངས་སུ་གྱུར་པ་ལས་པདྨ་བསམ། པདྨ་དེའི་སྟེང་དུ་ཨཱཿདམར་པོ་གཅིག་བསམ། ཨཱཿདེ་ཡོངས་སུ་གྱུར་པ་ལས་སྣང་བ་མཐའ་ཡས་བསྒོམ། དེའི་སྟེང་དུ་ཧཱུྃ་གཅིག་བསམ། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་གཅིག་བསམ། དེ་ནས་དེ་དག་ཐམས་ཅད་འོད་དུ་ཞུ་ནས་འོད་ཀྱི་གོང་བུ་དཀར་པོ་གཅིག་ཏུ་བསྒོམ། འཇིམ་པའི་ཚ་ཚ་བྱེད་ན་འབི་འབི་བྱ། སྐུ་ཕོར་ནང་དུ་བཅུག་ཙ་ན་རྡོ་རྗེ་བསམ། ཕྱུང་ཙམ་ནས་སྐུར་བསམ། དེ་བཞིན་ཚ་ཚ་གྲངས་མང་གདབ། དེ་ནས་གདན་ལ་བཞུགས་སུ་བཅུག་ནས། ཚ་ཚ་རེ་རེའི་སྟེང་དུ་ཨོཾ་ལས་རྣམ་པར་སྣང་མཛད། ཨཱཿལས་སྣང་བ་མཐའ་ཡས། ཧཱུྃ་ལས་རྡོ་རྗེ་སེམས་དཔར་བསྐྱེད། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་ནས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་གདན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ། དེ་ལ་ཕྱག་དང་མཆོད་པ་ཕུལ་ནས། ཛཿཧཱུྃ་བྃ་ཧོས་སྐུ་རིགས་གསུང་རིགས་ཐུགས་རིགས་ཡོན་ཏན་རིགས་ཕྲིན་ལས་རིགས་ཐམས་ཅད་སོ་སོ་རང་རང་ལ་ཐིམ་པར་བསམ། དེ་ནས་བཞུགས་གནས་བདེ་བ་ལ་བཞུགས་སུ་བཅུག་ནས་རྟག་ཏུ་མཆོད་པར་བྱ། གཞན་ཡང་རིན་པོ་ཆེ་ལ་སོགས་པ་རྒྱུ་གང་ལ་བཏང་ཀྱང་དེ་ཁོ་ན་བཞིན་ནོ། །གཞན་ཡང་ཆུ་བོ་ཆེན་པོའི་འགྲམ་ན་བྱེ་མའི་བདར་ཡོད་པ་ལ་སྔ་མ་བཞིན་དུ་བསྒོམས་ནས། ཡེ་དྷརྨཱ་བརྗོད་བྱིན་གདབ་པར་བྱའོ། །རྒྱུ་དེ་ནས་བྱེ་མ་ཆུ་ལ་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་འདག་པ་ཡིན། གཞན་ཡང་འཁོར་ལོ་བྱས་ནས་དེའི་རྩིབས་ལ་གཟུངས་བྱིན་རླབས་ཅན་མང་པོ་བྲིས་ནས་འཁོར་ལོ་དེ་ཆུ་ཡུར་ལ་འཁོར་བར་བྱས་ཏེ། རབ་གནས་བྱས་ནས་རྟེན་འབྲེལ་ཀྱི་སྔགས་བརྗོད་ཅིང་མེ་ཏོག་གཏོར་དུས་རྒྱུན་དུ་འཁོར་དུ་བཅུག་ན་སེམས་ཅན་གྱི་སྡིག་པ་འདག་པ་ཡིན། གཞན་ཡང་ཆུ་ལ་འདེབས་ན་སྐུ་ཕོར་ནང་དུ་ཆུ་བླུག་གིན་རྟེན་འབྲེལ་བརྗོད་ཅིང་བཏབ་ན་སེམས་ཅན་ཀྱི་སྡིག་པ་འདག་པ་ཡིན་ནོ། །གཞན་ཡང་ནམ་མཁའ་དང་འོད་དང་རླུང་ལ་འདེབས་ན། ཀློ་རྡེབས་སམ་སྐུ་ཕོར་ལག་ཏུ་བཟུང་སྟེ། རྟེན་འབྲེལ་བརྗོད་ཅིང་ཚ་ཚ་བཏབ་པས་སྐུར་ལམ་ལམ་གྲུབ་པར་བསམ་ཞིང་གདབ་བོ། དེ་ནས་སྦྱིན་པ་གཏོང་བ་ནི། ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ། མི་འཇིགས་པའི་སྦྱིན་པ་བྱ་བའོ། །དེ་ནས་ཁྱད་པར་དུ་ཡང་ཆུ་སྦྱིན་པ་ནི། ཆུ་བོ་ཆེན་པོའི་འགྲམ། ཆུ་ཀླུང་གི་རྩར། རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་བསྒོམ་སྟེ། སྤྱིར་རིགས་དྲུག་ཁྱད་པར་དུ་ཡི་དྭགས་འཇུར་བགེགས་མ་ལ་སོགས་པ་ལ་ཆུ་སྦྱིན་པ་ནི། ལྕགས་ཀྱི་སྣོད་མ་ཡིན་པ་ལ་ཆུ་བཅུས་ཏེ་བ་དན་གསུམ་གྱི་ཕྱག་རྒྱས་རེག་ལ། ཨོཾ་ཛྭ་ལ་མི་དཾ་སརྦ་པྲེ་ཏེ་བྷྱ་སྭཱ་ཧཱ། ཞེས་པ་བརྒྱ་སྟོང་ལ་སོགས་པས་ཆུ་སྦྱིན་ནོ། །མཚེའུ་སྟེང་ངམ་ཆུ་བོ་ལ་ཡང་དེ་བཞིན་དུ་བྱའོ། །རང་གིས་གཞན་ལ་ཆོས་ཉན་པ་ཡིན་ན་སྐབས་དེར་ཉན་པར་བྱ། གཟུངས་བྱིན་རླབས་ཅན་ནམ། བདེ་བར་གཤེགས་པའི་མདོ་འདོན་པར་བྱའོ། །རང་ཉིད་ཆོས་འཆད་པ་པོ་ཡིན་ན། ཟང་ཟིང་མེད་པར་སེམས་ཅན་ལ་ཆོས་ལེགས་པར་བཤད་པར་བྱའོ། །གྲུབ་མཐའི་འགལ་འབྲེལ་དང༌། ཐོས་པའི་ཆོས་དང༌། ལས་རྒྱུ་འབྲས་རྟག་ཏུ་བསམ་པར་བྱའོ། །མཉམ་བཞག་གི་དུས་སུ་ཡང་བསྐྱེད་རྫོགས་ལ་སོགས་པ་བསྒོམ་པར་བྱའོ། །དེ་ནས་དགོང་ཇ་གསོལ་ཏེ། ཐུན་གསུམ་པ་དགོང་ཐུན་གྱི་དུས་སུ་ལོངས་སྤྱོད་རྫོགས་པའི་སྐུ་སྦྱོར་དངོས་རྗེས་གསུམ་གྱི་ཟུང་འཇུག་ཡན་ཆད་བསྒོམ་པར་བྱའོ། །མཉམ་བཞག་དེ་ལ་སྤྲུལ་སྐུར་བཞེངས་ཏེ། འབྱུང་གཏོར་དང་ནང་གཏོར་བཏང་སྟེ། ཡན་ལག་བདུན་པ་བྱས་ནས། ཐུན་བཞི་པ་སྲོད་ཐུན་གྱི་དུས་སུ་ལོངས་སྤྱོད་རྫོགས་པའི་སྐུ་སྦྱོར་དངོས་རྗེས་གསུམ་གྱི་ཟུང་འཇུག་ཡན་ཆད་བསྒོམ་པར་བྱའོ། །ཉིན་ཞག་ཕྲུག་གཅིག་གི་དགེ་བའི་རྩ་བ་བསྔོས་ནས་ནམ་གྱི་གུང་ལ་འོད་གསལ་ཆོས་ཀྱི་སྐུར་གཞུག་པར་བྱའོ། །རྨི་ལམ་བྱུང་ན་ཡང་འོད་གསལ་ཆོས་སྐུ། རྒྱུ་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བར་ཤེས་པར་བྱའོ། །འགྲོ་འཆག་ཉལ་འདུག་སྤྱོད་ལམ་རྣམ་པ་བཞི་ཡང་འོད་གསལ་དུ་འཇུག སྤྲུལ་སྐུར་ལྡང༌། ལོངས་སྤྱོད་རྫོགས་པའི་སྐུར་གསལ་ལ་སྐུ་གསུམ་ཚང་བར་བསྒོམ་པར་བྱའོ། དེ་ལྟར་རིམ་སྐྱེས་པས་ཉམས་སུ་བླང་བར་བྱའོ། །དེ་དག་དངོས་པོའམ་མཚན་མ་ཅན་དུ་གོ་ན་ཡང་དེ་དག་སོ་སོ་རང་རང་གིས་སྟོང་པ་ཡིན། ཕྱག་རྒྱ་ཆེན་པོ་མི་བསྒོམ་མམ་སྙམ་ན། དེ་དག་ཐམས་ཅད་རང་གི་སེམས་ཡིན། དེ་དག་ཕྱག་རྒྱ་ཆེན་པོ་ཡིན། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཡིན། དེ་དག་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་ཡོད་ན་སྟོང་ཉིད་ཁྱད་པར་ལྟ་བ་བསྒོམ་དོགས་ཡོད། དེས་ན་ཆོས་ཐམས་ཅད་ཟུང་འཇུག་གཉིས་སུ་མེད་པ་བསྒོམ་པར་བྱའོ། །གཅིག་ཆར་བའི་རྟེན་གྱི་གང་ཟག་གིས་ཉམས་སུ་བླང་བ་ནི། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས། སེམས་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ་པ་རྟོགས་པས་གཅིག་ཆར་བའོ། །དེ་ལ་སྤང་བླང་དང༌། བཏང་བཞག་དང༌། རེ་དོགས་མེད་པར་ལྷུན་གྱིས་གྲུབ་པ་ཡིན་ཡང༌། རིམ་གྱིས་ཉམས་སུ་བླང་བྱ་དེ་དག་ཉམས་སུ་བླངས་ཀྱང༌། གཅིག་ཆར་བའི་ལམ་ཡིན་པའོ། །ལམ་གཉིས་ཀ་སྐུ་གསུམ་གྱི་འཁོར་ལོ་རང་ཉམས་སུ་བླངས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པ། སྤྱིར་བླ་མ་ཐམས་ཅད། ཁྱད་པར་དུ་བླ་མ་རིན་པོ་ཆེ་སངས་རྒྱས་སྒོམ་པའི་ཉམས་ལེན་ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་གྱི་རིམ་པ། དགེ་བཤེས་ལོ་ཙཱ་བ་དང༌། ཤེས་རབ་སྐྱབས་གཉིས་ཀྱིས་ཞུས། བླ་མའི་གསུང་སྒྲོས་མ་ནོར་བར་༧ཏི་ཤྲི་རས་པ་བདག་གིས་ཡི་གེར་བཀོད། དེ་ལས་བྱུང་བའི་དགེ་བའི་རྩ་བས་ཞུ་བ་པོ་དང་སེམས་ཅན་ཐམས་ཅད་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག བླ་མའི་གསུང་ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་གྱི་རིམ་པ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །

ཀུ་སར་བྱོན་དུས་གསུངས་པ།

སྦྲུལ་ལོ་ཟླ་བ་བདུན་པའི་ཚེས་བཅུ་བདུན་ལ་ཀུ་སར་སོང་བའི་དོན་ནི་མི་མང་པོ་ལ་སྐྱབས་འགྲོ་སེམས་བསྐྱེད། བསྙེན་གནས་ཇོ་བོ་ཐུགས་རྗེ་ཆེན་པོའི་སྒོམ་ཐབས་ལ་སོགས་པ་བསྟན། དགེ་བའི་བཤེས་གཉེན་དང༌། དགེ་འདུན་ཆོས་མཛད་མང་པོ་ལ་ཆོས་ཀྱིས་ཕན་པར་སྣང་བས། རང་གི་ལུས་ངག་ཐེད་ལ་བཏང་ནས་ཉིན་ལ་མཚན་གྱིས་གཏུགས་ནས་ཁམས་མ་བདེ་ཡང༌། དེ་ལ་མ་བརྩིས་པར་ཆོས་བསྟན་གཞན་གྱིས། དེ་ནས་ཀི་ཡའི་ཕུར་ཟླ་བ་གཅིག་པའི་ཚེས་གཅིག་ནས་ཁམས་ཆེར་མ་བདེ་བས། ཚེས་ལྔ་ལ་རྟ་ནག་ཕུ་ན་བསྡད། དེ་ཡི་ནུབ་མོ་རྨི་ལམ་ན་ཙ་ན་བནྡྷེ་གཅིག་འོང་ནས། ཁྲོ་ཕུ་ལོ་ཙཱ་བ་དང༌། ལ་སྟོད་པ་དང༌། མངའ་བདག་རྩེ་ལྡེ་དང་གསུམ་གྱིས་ཁྱོད་འབོད་དུ་བཏང་བ་ཡིན། གཙང་དུ་ཤོག་ཟེར། དེར་ཆམ་གནས་དྲུག་ཏུ་འགྲོ་བའི་རྟོག་པ་ཡོད་པས་བརྟག་གཞི་མ་བྱས་པར་སོང༌། དེ་ཙ་ན། གཙང་ཆུ་མིག་རིང་མོ་ཡིན་ཟེར་བའི་ས་དམར་ཁྲེབ་བེ་བ་གཅིག་སྣང་བས། དེ་གཟོད་དྲན་པས་ཟིན། དེ་འཆི་ལྟས་ཡིན་པར་སྣང་བས་ཤེས་པ་དང༌། གཙང་དང་འབོད་མཁན་གསུམ་པོ་ང་ཡི་རྩར་ཤོག་བྱས་ནས་བསྒོམས། དེ་ནས་ཆམ་དུ་མ་སོང་བར་རྩིར་ཚུར་འོང༌། ཀླེ་ཡི་ཕུར་བསླེབས་པའི་ནུབ་མོ་ཧོར་གྱི་དམག་བྱུང་བས་ཁྱེར་ནས་སོང་བ་ལ། ཧོར་དངོས་པོ་ཡིན་སྙམ་ཙ་ན། དེ་མ་ཡིན་པར་སྣང༌། དེ་ཡང་འཆི་ལྟས་ཡིན་པར་སྣང༌། དེ་ནས་རྩིའི་གཞུང་དུ་བསྡད་པ་དང༌། ནུབ་གཅིག་གི་རྨི་ལམ་ན། དཔོན་སློབ་ཡར་ལུང་བས་བུ་མོ་གཉིས་མངགས་ནས་འབོད་དུ་བཏང་བར་སྣང་བ་ལ། ཕྱིན་ཙ་ན་འཁོར་ཀུན་དང་ལམ་དུ་འཕྲད་པས་དགའ་བར་སྣང༌། སྐས་གཅིག་ལ་འཛེགས་ནས་ཕྱིན་ཙ་ན། སྐས་མགོ་ནས་རྩང་བཙུགས་པ་བཞིན་དུ་ཟིང་ངེར་སྣང༌། ཁང་ཐོག་གཅིག་ཏུ་ཕྱིན་པ་དང༌། སློབ་དཔོན་པ་དང་མཇལ། ཕྱག་འཚལ་ནས་བླ་མ་སློབ་དཔོན་རིན་པོ་ཆེ། ལུས་ཤ་ཁྲག་དུམ་བུར་མ་བཏང་བར། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བྱས་ནས། གནོད་པ་མེད་པར་བདེ་བར་འབྱུང་བར་རྨིས། དེ་ནས་ཉི་ཤུ་ལ་བླ་མ་རིན་པོ་ཆེའི་མཆོད་པ་བྱས་པའི་དུས། ནག་པོ་དར་བའི་དུས་འདིར། བསྟན་པ་ལ་ཡང་ཕན་མ་ཐོགས། རང་ཡང་འདུག་སའི་དགོན་པ་གཅིག་ཀྱང་མེད་སྙམ་ནས། གསོལ་བ་བཏབ་ནས་བསྡད་པ་ཡིན། དེ་ནས་ཟླ་བ་ལྔ་པའི་ཚེས་བཞི་ལ། སེམས་ཀྱི་རྟེན་ཡུལ་ཉམས་པ་མ་ཚོར་བར་སྣང་བས་དུས་དེ་ཙ་ན་ཚོར། རྩ་དང་ཡི་གེ་རླུང་དང་ཐིག་ལེ་ལུས་ཀྱི་གཞི་ཡིན་པས་རྟེན་ཉམས་པ་ཚོར་བར་བྱུང༌། དཔེར་ན་ཤིང་སྡོང་པོའི་འབྱུང་བ་ཉམས་པས། སྟོན་དུ་སོང་ཙམ་ན་ལོ་མ་རྣམས་སེར་པོར་སོང་བ་བཞིན་དུའམ། ལོ་ཏོག་ལ་བ་མོ་རྒྱབ་པ་བཞིན་དུ། ལུས་འབྱུང་བ་ལ་གྲུབ་པས། འཆི་བའི་ནད་དུས་ཀྱི་རྐྱེན་ལུས་ཀྱི་གཞི་ཐམས་ཅད་ནང་དུ་སྡུད་པར་འདུག དེ་ཡི་དུས་སུ་དམ་ཚིག་གསོ་བ་དང༌། སྡིག་པ་སྦྱང་བའི་ཆེད་དུ། བླ་མ་བཀའ་བརྒྱུད་དང་བཅས་པ་དང༌། ཡི་དམ་གྱི་དཀྱིལ་འཁོར་གསང་བའི་ལྷ་ཚོགས། རྒྱུད་སྡེ་ཆེན་པོ་བཞིས་བསྡུས་པའི་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་དང༌། ཆོས་སྐྱོང་བའི་སྲུང་མ། དཔལ་ནག་པོ་ཆེན་པོ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་དང༌། གཞན་ཡང་ཆོས་སྐྱོང་བའི་སྲུང་མ་ཆེན་པོ་སྐུ་འཁོར་དང་བཅས་པ་དང༌། སྟེང་ཚངས་པ་དང་བརྒྱ་བྱིན། འོག་ས་ཡི་ལྷ་མོ་བརྟན་མ། བར་རྒྱལ་པོ་ཆེན་པོ་སྡེ་བཞི་དང༌། ཕྱོགས་སྐྱོང་དང་ཞིང་སྐྱོང་འཁོར་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད། མདོར་ན་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་བདུད་རྩིའི་བཅུད་འདུས་པ་བཀའ་བརྒྱུད་ཀྱི་བླ་མ་རིན་པོ་ཆེ་རྣམས་དང༌། རྩ་བའི་བླ་མ་ལ་འཇིག་རྟེན་ཁམས་ཀྱི་མཆོད་པ་དང༌། རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་ཕུལ་ནས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ཤིང་ཚོགས་བསོག་པར་བྱ་བའི་དོན་དུ་དབང་བསྐུར་བར་མཛད་དུ་གསོལ། བྱས་ནས་གསོལ་བ་ལན་གསུམ་བཏབ། དེ་དག་ཐམས་ཅད་ཀྱི་བྱིན་རླབས། དུས་གསུམ་གྱི་བདུད་རྩི། བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆུ་ཕྱོགས་གཅིག་ཏུ་འདུས་ནས་རྩ་བའི་བླ་མས་དབང་བསྐུར་བར་བྱང་ཆུབ་སེམས་ཀྱི་ཆུས་དམ་ཚིག་ཆགས་ཉམས་དང༌། སྡིག་པ་དང༌། སྒྲིབ་པ་དང༌། ནད་དང༌། བར་ཆད་ཐམས་ཅད་སངས་སངས་བཀྲུས་པར་བསམ། ལུས་ཀྱི་རྩ་གནས་དང་བ་སྤུའི་བུ་ག་ཐམས་ཅད་སངས་ཀྱིས་བཀྲུས་པར་བསམ། ལུས་རྣམ་པར་དག་པ་ཤེལ་གོང་ལྟ་བུ། ངག་རྣམ་པར་དག་པ་ཚངས་པའིི་གསུང་དབྱངས། སེམས་རྣམ་པར་དག་པ་ཆོས་སྐུར་བསམ། དེའི་དོན་བསྒོམ་རྒྱུ་འདི་དག་ནི། ཕུང་པོ་ལྔ་ཉམས་པ་ཕུང་པོ་ལྔས་བཅོས། འབྱུང་བ་ལྔ་ཉམས་པ་འབྱུང་བ་ལྔས་བཅོས། དབང་པོ་ལྔ་ཉམས་པ་དབང་པོ་ལྔས་བཅོས། དོན་སྙིང་ལྔ་ཉམས་པ་དོན་སྙིང་ལྔས་བཅོས། སྣོད་ལྔ་ཉམས་པ་སྣོད་ལྔས་བཅོས། བཅུད་ལྔ་ཉམས་པ་བདུད་རྩི་ལྔས་བཅོས། སྐྱེ་མཆེད་དྲུག་ཉམས་པ་སྐྱེ་མཆེད་དྲུག་གིས་བཅོས། རླུང་ལྔ་ཉམས་པ་རླུང་ལྔས་བཅོས། རྩ་དང་ཡི་གེ་སེམས་ཉམས་པ་རྩ་དང་ཡི་གེས་བཅོས། ཟག་བཅས་ཟག་མེད་རླུང་རྣམས་ཉམས་པ་ཡེ་ཤེས་རླུང་གིས་བཅོས། ཁྲག་དང་ཆུ་སེར་ཤ་དང་རུས་པ་བུ་ག་དགུ་ཡི་སྙིགས་མ་ནད་དུ་སོང་བ་འབྱུང་བ་རོ་སྙོམ་གྱིས་བཅོས། ཐུར་སེར་གྱེན་དུ་ལོག་པ་སྟེང་སྒོ་རྣམ་པར་གྲོལ་བས་འོག་ཏུ་དྲངས། སྲིན་པོ་དང་ནི་མི་བསྐྱོད་པའི་ལམ་འཕྲུལ་འཁོར་གནད་ཀྱི་སྦྱོར་བས་གྱེན་དུ་དྲངས། སྟེང་འོག་རླུང་གི་སྦྱོར་བ་ཡིས། ཐུར་སེར་གནད་དུ་ཚུད་པ་ཡིན། སྟོད་དུ་རྒྱས་པའི་ནད་རྣམས་སེལ། ཚིག་ཆེན་བཅུ་གསུམ་ཆུ་རྒྱུས་དྲ་བར་འབྲེལ་བ་རྣམས། རྒས་ཤིང་རྒུད་པའི་ནད་དུ་འོང་བ་རྣམས། ལྟ་བའི་གནད་ཀྱི་རྟེན་འབྲེལ་བཅུ་གཉིས་འགྲིགས། ཀླད་པ་དང་གཞུག་པ་ཚིགས་པ་དང༌། ཆུ་རྒྱུས་ལྤགས་པ་དང་ཤ་ཚིལ་སྐྲ་དང་སྤུ། དངོས་པོ་ཉམས་པ་ཐམས་ཅད་རླུང་དང་གཏུམ་མོ་ཐིག་ལེས་བཅོས། ཉོན་མོངས་ལྔ་ཉོན་མོངས་ལྔས་བཅོས། དེའི་གནད་ཀྱིས་ལུས་སེམས་མ་བྲལ། རྟེན་འབྲེལ་བསྒྲིགས་པ་ཡིན། རྟེན་རྣམས་དག་པས་ཀུན་གཞི་རྣམ་པར་དག ཉོན་མོངས་པ་ལྔ་དག་པས་ཡེ་ཤེས་ལྔ་ཤར། རང་བཞིན་ཤེས་པས་རྐྱེན་ངན་གྲོགས་སུ་ཤར། སྐྱོན་རྣམས་དག་པས་ཡོན་ཏན་རང་བྱུང༌། རྩ་གསུམ་སྦྱངས་པས་སྐུ་གསུམ་ལྷུན་གྱིས་གྲུབ། རྟེན་རྣམས་སྦྱངས་པས་དཀྱིལ་འཁོར་ལྷ་ཚོགས་གསལ། གདུལ་བྱ་རྣམས་ཀྱི་ཉེར་ལེན་སོ་སོ་ལ། འཁོར་ལོ་དྲུག་དང་རྩ་ཕྲན་སྟོང་ཕྲག་ཉམས་པ་དེ་རང་ཉིད་ཀྱིས་བཅོས། དེ་དག་སྦྱངས་པས་དཀྱིལ་འཁོར་ལྷ་ཚོགས་དཔའ་བོ་དཔའ་མོ་རྣམས་སུ་གསལ། ཕྱི་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་ལ། རྣལ་འབྱོར་བླ་ན་མེད་པའི་ལྷ་དང་དཔའ་བོ་རྣལ་འབྱོར་མ་དང༌། མཁའ་འགྲོ་མའི་ཚོགས་ཐམས་ཅད་དང༌། བྱང་ཆུབ་སེམས་དཔས་བསྐོར་ནས་བཞུགས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སྤྱོད་པའི་རྒྱུད་མན་ཆད་ཀྱིས་ནང་གསང་བའི་གཟུགས་སུ་སོ་སོར་སྣང༌། ལྷ་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་བསྐོར། ད་ལྟ་སྒོམ་པ་ནུས་པ་ཡིན། ནད་དང་རྐྱེན་རྣམས་སེལ་བར་ནུས་གསུངས་སོ། །དེའི་བཀའ་དྲིན་བསབས་པར་བྱ་བ་ནི། དུས་གསུམ་བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བདེ་བར་གཤེགས་པ་ཐམས་ཅད་དང༌། ཆོས་སྐྱོང་སྲུང་མ་མཆོད་འོས་ཐམས་ཅད་ལ། ཕྱི་ནང་གསང་བའི་མཆོད་པ་རྣམས་ཀྱིས་མཆོད། ལྷའི་ཞལ་ཟས་འཆི་བ་མེད་པའི་བདུད་རྩི་དང༌། ཞིང་ཁམས་ཐམས་ཅད་རིན་ཆེན་སྣ་བདུན་དང༌། ནོར་བུ་དབང་གི་རྒྱལ་པོ་བློ་ཡིས་བླངས་ནས་འབུལ། དབང་བསྐུར་ཐོབ་པའི་དགའ་སྟོན་ཆེན་པོ་ཡིས། ཚངས་པ་བརྒྱ་བྱིན་ལ་སོགས་རིགས་དྲུག་ཐམས་ཅད་ལ། བདུད་རྩིས་ཚིམས་ཤིང་མཆོད་པ་ཕུལ་བར་བསམ། དེ་དག་ཀུན་གྱི་མཆོད་པ་ཕུལ་བ་དང༌། དེ་དག་ཀུན་ལ་ཆོས་ཀྱི་སྦྱིན་པ་དང༌། བཀའ་བསྟན་བཅོས་མན་ངག་གསུམ་གྱི་ཆོས་རྣམས་གསུངས། དེ་དག་ཐམས་ཅད་རང་གི་སེམས་སེམས་ཕྱག་རྒྱ་ཆེན་པོར་མྱོང་བ་གཅིག་སྒོམ་པ་ཡིན་གསུངས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པའི་བསྔོ་བ་བྱས་ཤིང་སྨོན་ལམ་བཏབ་པ་ཡིན་གསུངས། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ། །

མཆོད་པའི་བྱེ་བྲག

ན་མོ་གུ་རུ། དགོས་འདོད་ཐམས་ཅད་འབྱུང་བ་ཡི། །མཆོད་པའི་བྱེ་བྲག་བྲི་བར་བྱ། །ཨེ་ཝྃ་མ་ཡ་ཆོས་ཀྱི་གསུངས། །ཀ་ལ་པིང་ཀ་ཚངས་པའི་དབྱངས། །བླ་མ་དཀོན་མཆོག་མཆོད་པའི་ཕྱིར། །བྱང་ཆུབ་སེམས་ལས་བྱུང་གྱུར་པའི། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །མཆོད་པའི་བྱེ་བྲག་དབུལ་བར་བགྱིའོ། །ཨརྒྷཾ་ཞབས་བསིལ་གདན་མཆོག་ཡང་ངོ༌། །རིན་ཆེན་ཡོན་གནས་རིན་པོ་ཆེ། །འཇིག་རྟེན་ཁམས་ཀྱི་ཞིང་ཁམས་དང༌། །ལས་རིན་ཆེན་གྲུབ་པར་བྱེད་པ་ཡི། །མཎྜལ་དམ་པ་འདི་དག་ཀུན། །བླ་མ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །རིན་ཆེན་ཡོན་གནས་རིན་པོ་ཆེ། །འཇིག་རྟེན་ཁམས་ཀྱི་མེ་ཏོག་དང༌། །ལས་རིན་ཆེན་གྲུབ༴ མེ་ཏོག་དམ་པ༴ བླ་མ་དཀོན་མཆོག༴ ཐུགས་རྗེས་འགྲོ་བའི༴ རིན་ཆེན་ཡོན་གནས༴ འཇིག་རྟེན་ཁམས་ཀྱི་བདུག་སྤོས་དང༌། །ལས་རིན་ཆེན་གྲུབ༴ བདུག་སྤོས་དམ་པ༴ བླ་མ་དཀོན་མཆོག༴ ཐུགས་རྗེས་འགྲོ་བའི༴ རིན་ཆེན་ཡོན་གནས༴ འཇིག་རྟེན་ཁམས་ཀྱི་སྣང་གསལ་དང༌། །ལས་རིན་ཆེན་གྲུབ༴ སྣང་གསལ་དམ་པ༴ བླ་མ་དཀོན་མཆོག༴ ཐུགས་རྗེས་འགྲོ་བའི༴ རིན་ཆེན་ཡོན་གནས༴ འཇིག་རྟེན་ཁམས་ཀྱི་དྲི་མཆོག་དང༌། །ལས་རིན་ཆེན་གྲུབ༴ དྲི་མཆོག་དམ་པ༴ བླ་མ་དཀོན་མཆོག༴ ཐུགས་རྗེས་འགྲོ་བའི༴ རིན་ཆེན་ཡོན་གནས༴ འཇིག་རྟེན་ཁམས་ཀྱི་ཞལ་ཟས་དང༌། །ལས་རིན་ཆེན་གྲུབ༴ ཞལ་ཟས་དམ་པ༴ བླ་མ་དཀོན་མཆོག༴ ཐུགས་རྗེས་འགྲོ་བའི༴ རིན་ཆེན་ཡོན་གནས༴ འཇིག་རྟེན་ཁམས་ཀྱི་སིལ་སྙན་དང༌། །ལས་རིན་ཆེན་གྲུབ༴ སིལ་སྙན་དམ་པ༴ བླ་མ་དཀོན་མཆོག༴ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །གསེར་མཆོད་དང་སྤྲོས་པ་ལ་དགའ་ན་གོང་མ་རྣམས་ཡང་ངོ༌། །བླ་མ་དཀོན་མཆོག་མཆོད་པའི་བྱེ་བྲག་ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།།

ཀཾ་ཀ་ནའི་ཆོ་ག

དེ་ནས་ཚེ་ལས་འདས་པའི་བླ་འགུག་པའི། དང་པོ་གཏོར་མ་གསུམ་བཤམས་ལ། དང་པོ། བླ་མ་དང་དཀོན་མཆོག་དང་མི་འཁྲུགས་པའི་ལྷ་ཚོགས་རྣམས་ལ་འབུལ། ཚེ་ལས་འདས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་སྦྱངས་ཤིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མཛད་དུ་གསོལ། གཉིས་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་ཕུལ་ལ། ཚེ་ལས་འདས་པ་བར་དོ་ན་གནས་པ་རྣམས་ཀྱི་བགེགས་དང་འབྱུང་པོ་ལ་སོགས་པ་ཐམས་ཅད་བསལ་དུ་གསོལ། ཞེས་པས་གསོལ་བ་གདབ། གསུམ་པ་རིགས་དྲུག་གི་སེམས་ཅན་ཐམས་ཅད། སྒོས་སུ་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་ལན་ཆགས་པའི་བགེགས་དང་འབྱུང་པོ་ཐམས་ཅད་ལ་བསྔོ། ལན་ཆགས་པ་དང་ཤ་འཁོན་ཐམས་ཅད་གཏོར་མ་འདིས་བྲལ་བར་གྱུར་ཅིག ཁྱེད་རྣམས་ཀྱིས་རང་རང་གི་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་འདི་ལས་བྱུང་བར་གྱུར་ཅིག བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུ་རྐྱེན་འབྲས་བུ་ཕུན་སུམ་ཚོགས་པ་འདི་ལ་བརྟེན་ནས་འབྱུང་བར་གྱུར་ཅིག །ཅེས་བརྗོད་ཅིང༌། གཏོར་མ་གཙང་སར་བསྐྱལ། དེ་ནས་བདག་མི་འཁྲུགས་པར་བསྒོམ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་འགྲོ་བ་རིགས་དྲུག་གང་ན་གནས་ཀྱང༌། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་དང་ལྕགས་ཀྱུའི་ཕྱག་རྒྱ་གསུམ་གྱིས་བཀུག་ལ། བྱང་བུ་ལ་སྟིམས་ཞིང༌། ཚིག་བཤད་སྒོ་ནས་གདུགས་དང་སྤྲད་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །གདུགས་ཆེན་འདི་ནི་ཁྱོད་ཀྱི་སྐྱབས། །བྱང་བུ་འདི་ནི་ཁྱོད་ཀྱི་མཚན། །ནོར་བུ་འདི་ནི་ཁྱོད་ཀྱི་རྟེན། །སྐུ་ཤིང་འདི་ནི་སྐུ་ཡི་རྟེན། །ས་སྟེགས་འདི་ནི་བཞུགས་པའི་རྟེན། །གདུགས་ཆེན་འདི་ལ་སྐྱབས་ཚོལ་ལ། །བྱང་ཡིག་འདི་ལ་ངག་རྟེན་ཅིག །པཎ་ཕྲན་འདི་ལ་སྐུ་རྟེན་ཅིག །ནོར་བུ་འདི་ལ་ཐུགས་རྟེན་ཅིག །ས་སྟེགས་འདི་ལ་མེས་ཕོག་ཅིག །ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ས་འདིས་བཅད་པ་ཕན་ཆད་ནི། །ན་རག་དམྱལ་བའི་ཡུལ་ཡིན་པས། །བོར་རོ་སྤོངས་ཤིག་རིགས་ཀྱི་བུ། །གཤིན་ཡུལ་ན་རག་འཁོར་བ་ན། །མདུན་ན་ན་རག་གཤིན་རྗེ་འདུག །འོ་དོད་ལྷང་ལྷང་འབོད་པ་ལ། །དེ་ལ་སྐད་ལན་མ་བྱིན་ཅིག །དུང་དུང་སྔོན་ནས་འབོད་པ་ལ། །ཧེད་དེ་དེ་ལ་མ་སྐྲག་ཅིག །ས་འདིས་བཅད་པ་ཡན་ཆོད་ནི། །ཚངས་པར་སྤྱོད་པའི་གནས་རབ་སྟེ། །མཐོ་རིས་གནས་སུ་འགྲོ་བའི་ལམ། །ང་ནི་ཚངས་པ་ཆེན་པོ་སྟེ། །ཁྱོད་ཀྱི་འདྲེན་པ་ང་ཡིན་པས། །དགའ་བའི་སེམས་ཀྱིས་བརྟན་པར་གནས། །དངོས་གཞི་ལ་གསུམ། བསྙེན་པ་བྱ་ཞིང་སྒྲིབ་པ་སྦྱང་བ་དང༌། དབང་བསྐུར་བ་དང་ལམ་བསྟན་པའོ། །དང་པོ་བསྙེན་པ་བྱ་བ་ནི། རིགས་དྲུག་གི་སེམས་ཅན་གྱི་སྡིག་སྒྲིབ་སྦྱང་བ་ལ། བཅོམ་ལྡན་མི་འཁྲུགས་པའི་གོ་འཕང་ལ་དགོད་སྙམ་དུ་སེམས་བསྐྱེད་ལ། བདག་སྐད་ཅིག་གིས་བཅོམ་ལྡན་འདས་མི་འཁྲུགས་པ་བསྒོམ་པ་ནི། སྣ་ཚོགས་པདྨ་ཟླ་བའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་གཡས་པ་ས་གནོན་གཡོན་པ་མཉམ་བཞག སྐུ་མདོག་སྔོན་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་ཟེར་འཕྲོ་བ་བླ་གོས་དམར་པོ་གསོལ་བ། སྤྲུལ་པའི་སྐུར་བསྒོམ། རང་གི་ཐུགས་ཀར་པདྨ་འདབ་མ་བརྒྱད་པ༌། དེའི་ཟླ་བའི་དཀྱིལ་འཁོར་ལ་སོགས་པ། ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿ དེ་དག་ལས་འོད་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན། སྒོས་ངན་སོང་རྣམ་པ་གསུམ། ཁྱད་པར་དུ་གང་ལ་དམིགས་པ་དེ་ལ་ཕོག་པས་སྡིག་སྒྲིབ་སྦྱང་ཞིང༌། མི་འཁྲུགས་པའི་གོ་འཕང་ལ་བཀོད་པར་བསམ། འོད་དེ་ཚུར་ཧཱུྃ་ལ་ཐིམ། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཕྱག་གཡས་པ་ས་གནོན་གྱི་ཕྱག་རྒྱ་གཡོན་པ་མཉམ་བཞག ཤར་དུ་ཨོཾ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལྷོར་ཏྲཱྃ་ལས་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ནུབ་ཏུ་ཧྲཱིཿལས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན། བྱང་དུ་ཨཱཿལས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། གཙོ་བོའི་ཐུགས་ཀར་ཡི་གེ་ཧཱུྃ་ལས་ཀཾ་ཀ་ནི་དཀར་རམ་མེ་འབུར་དོད་པ་ལྟར་གཡས་སུ་བསྐོར་བར་བསམ། ཐུགས་ཀའི་རིགས་ལྔ་བསྒོམས་པས་སངས་རྒྱས་དཀོན་མཆོག གཙོ་བོའི་ཐུགས་ཀར་སྔགས་ནི་དམ་ཆོས་དཀོན་མཆོག བདག་ཉིད་མི་འཁྲུགས་པར་བསྒོམ་པ་ནི་དགེ་འདུན་དཀོན་མཆོག དཀོན་མཆོག་གསུམ་གྱི་བདག་ཉིད་དུ་བསྒོམ། དེ་ནས་དང་པོ་མཆོད་པའི་ལྷ་ཚོགས་རྣམས་སྤྱན་འདྲེན་པ་ནི། ན་མོ་གུ་རུ། རྟོགས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །དངོས་དང་བརྒྱུད་པའི་རྫེ་བཙུན་འཁོར་དང་བཅས། །ཐུགས་རྗེའི་སྨོན་ལམ་དབང་གིས་གནས་འདིར་སྤྱན་འདྲེན་གཤེགས། །ན་མོ་གུ་རུ་བཛྲ་སརྦ་ས་མུན་ཛ་ཛཿཧཱུྃ། བླ་མ་བཀའ་བརྒྱུད་དང་བཅས་པ་བྱོན་པར་བསམ། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་སངས་རྒྱས་འཁོར་བཅས་གཤེགས་སུ་གསོལ། །ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་བཛྲ་ད་དུ་མཎྜལ་ས་པཱ་རི་ཝ་ར་ཛཿཧཱུྃ་བྃ་ཧོཿ བཛྲ་ས་མ་ཡེ་ཧཱུྃ། ས་མ་ཡེ་སྟྭྃ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༌། །ལོངས་སྤྱོད་རྫོགས་སྤྲུལ་ཐུགས་རྗེའི་ངང་ཉིད་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །དཀོན་མཆོག་གསུམ་གྱི་རྟེན་ལྷ་ཚོགས་རྣམས་བྱོན་པར་བསམ། མཆོད་པ། བསྟོད་པ། སྡིག་བཤགས། རྗེས་སུ་ཡི་རང༌། ཆོས་ཀྱི་འཁོར་ལོ། མྱ་ངན་ལས་མི་འདའ་བར་གསོལ་བ། བསྔོ་བ་ལ་སོགས་པ་རྣམས་རིམ་པས་བྱ་ཞིང༌། བུམ་པ་བསྐྱེད་པ་ནི། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་བསམ། སྟོང་པའི་ངང་ལས་ཡི་གེ་བྷྲཱུྃ་གཅིག་བསམ། བྷྲཱུྃ་ཡོངས་སུ་གྱུར་པ་ལས། ཕྱི་བུམ་པའི་རྣམ་པ། ནང་རིན་པོ་ཆེའི་གཞལ་ཡས་ཁང༌། གྲུ་བཞི་པ་རྟ་བབས་དང་བཅས་པ་བསམ། མགུལ་ཆིངས་འདོད་པའི་ཡོན་ཏན་ལྔར་བསམ། ཁ་རྒྱན་དཔག་བསམ་ཤིང་ལ་མཆོད་པ་སྣ་ཚོགས་པ་འབྱུང་བར་བསམ། དེའི་ཕྱི་རོལ་དུ་པདྨའི་རྭ་བ་དང༌། རྡོ་རྗེའི་གུར་དང༌། བླ་བྲེ་བསམ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཟླ་བའི་གདན་རེ་རེའི་དབུས་སུ་མི་འཁྲུགས་པ། ཤར་རྣམ་པར་སྣང་མཛད། ལྷོར་རིན་ཆེན་འབྱུང་ལྡན། ནུབ་སྣང་བ་མཐའ་ཡས། བྱང་དོན་ཡོད་གྲུབ་པ། ཤར་ལྷོ་ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ། ལྷོ་ནུབ་ཏུ་སངས་རྒྱས་སྤྱན་མ་སེར་མོ། ནུབ་བྱང་དུ་མེ་ཏོག་མ་དཀར་མོ་དམར་པོ། བྱང་ཤར་དུ་རླུང་སྒྲོལ་མ་ལྗང་གུ། དབུས་སུ་མ་མཱ་ཀི་སྔོན་མོ། དམ་ཚིག་སེམས་དཔའ་བསྐྱེད། ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི། རང་གི་ཐུགས་ཀ་དང་དམ་ཚིག་སེམས་དཔའ་ལས་འོད་འཕྲོས་པས། འོག་མིན་ནས་མི་བསྐྱོད་པ་འཁོར་བཅས་གདན་དྲངས་ནས། མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། མཆོད་པ་འབུལ་བ་ནི། ཆུ་གསུམ་སྔོན་དུ་འགྲོ་བ་ནས་མཎྜལ་ལ་སོགས་པ་སིལ་སྙན་བར་དུ་མཆོད་པ་འབུལ། གཟུང་འཛིན་རྡོ་རྗེ་ལ་སོགས་པས་བསྟོད་པ་བྱ། ཡི་གེ་བཞིས་གཙོ་འཁོར་རང་ལ་བསྟིམ། ཛཿས་སྤྱི་བོར་དགུགས། ཧཱུྃ་གིས་བསྟིམ། བྃ་གྱིས་གཉིས་སུ་མེད་པར་བསམ། ཧོས་མི་དགྱེས་པ་མེད་ཅིང་དགྱེས་པ་བསྐྱེད་པར་བསམ། དེ་ནས་མཆོད་པ་དང་བསྟོད་པ་བྱ། དེ་ནས་བུམ་པའི་གཟུངས་ཐག་ནས་བཟུང་ལ་བསྟོད་པ་བྱ། རང་གི་ཐུགས་ཀའི་ཧཱུྃ་དང་སྔགས་ལས་འོད་ཟེར་འཕྲོས་པས་གཟུངས་ཐག་ལ་འཁྲིལ་ཞིང་སོང་བས་གཙོ་བོའི་ཐུགས་ཀར་ཕོག་པས་སྔགས་ལས་ཡེ་ཤེས་ཀྱི་བདུད་རྩི་བྱུང་བ་ནང་གི་རིན་པོ་ཆེ་ལ་སོགས་པ་ཐམས་ཅད་ཀྱང་ཞུ་བས་བདུད་རྩིར་གྱུར་པར་བསམ། རང་དང་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རིགས་དྲུག་ལ་ཕོག སྒོས་སུ་ངན་སོང་གསུམ་གྱི་སྡུག་བསྔལ་བསལ། མི་བསྐྱོད་པའི་གོ་འཕང་ལ་བཀོད་པར་བསམ་ལ། ཁྱད་པར་ཚེ་ལས་འདས་པའི་རྣམ་པར་ཤེས་པ་གང་དུ་གནས་ཀྱང་འོད་ཟེར་གྱིས་བཀུག མ་ཤི་བ་ལྟར་གསལ་བར་མདུན་དུ་བསམ། རུས་པའམ་བྱང་གདུགས་ལ་བསྟིམས་ལ། ཀཾ་ཀ་ནི་བརྗོད་པ་ལས་འོད་ཟེར་ཕོག་པས། ཁོ་ཡི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་དག་པར་བསམ། འབྱོར་པ་དང་ལྡན་ན། དགེ་སློང་བཞི་སྡེ་བོས་ནས་བདུན་ཚིག་ཚང་བ་ཞག་བཞི་བཅུ་ཞེ་དགུའི་བར་དུ་ཚང་བར་བསྙེན་པ་བྱ། བསྟོད་སྤུངས་བྱེད་ན། བདུན་ཚིག་གཅིག་གམ། གཉིས་སམ་གསུམ་གྱི་བར་དུ་དེ་ལྟར་བྱ། སྒྲིབ་པ་སྦྱང་བ་ནི། རོའམ་རུས་པའམ། མཚན་བྱང་ལ་བརྟེན་ནས་སྒྲིབ་སྦྱང༌། བདུན་ཚིག་ལ་སྦྱིན་སྲེག་དང༌། རྒྱུད་དྲུག་ནས་དྲང་བ་རྣམས་ནི་གཞུང་གཞན་ནས་ཤེས་པར་བྱའོ། །བསྡུས་པ་བྱེད་ན་ཉེ་དུ་གཉེན་འབྲེལ་གྱིས་བྱང་གདུགས་བཟུང་ལ། རང་ཉིད་ཀྱིས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་དགུག་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་སྤྲོས། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་ངག་ཏུ། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། བདག་གི་བསམ་པ་རྣམ་པར་དག་པའི་བདེན་པའི་མཐུས། གཤིན་ཚེ་ལས་འདས་པའི་རྣམ་པར་ཤེས་པ་འགྲོ་བ་རིགས་དྲུག་གང་ན་གནས་ཀྱང་རྟེན་འདི་ལ་འདུ་བར་གྱུར་ཅིག །བཛྲ་ཨཾ་ཀུ་ཤ་ཛཿཛཿ བརྗོད་པས། བཀུག་པ་བྱང་གདུགས་ལ་བསྟིམ་ལ་མ་ཤི་བའི་རྣམ་པ་ལྟར་བསམ། དེ་ནས་ས་ཕྱེའམ་ཏིལ་ལམ་ཡུངས་དཀར་ལ་སྔགས་ཀྱིས་སྔགས་ལ་བུམ་པ་དང་ས་དང་མེ་སྒྲོན་དང་རླུང་གཡབ་རྣམས་ཚགས་བྱའོ། །དེ་ནས་ཉེ་དུ་འབྲེལ་བས་བྱང་གདུགས་བཟུང་ལ། དཀོན་མཆོག་དང་བླ་མའི་ལྷ་ཚོགས་ལ་ཕྱག་འཚལ་དུ་གཞུག དུག་སྦྱང་བ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །ན་མོ་བྷ་ག་ཝ་ཏེ། ཨཀྵོ་བྷྱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཀཾ་ཀ་ནིཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཏྲ་ནི་ཏྲོ་ཏྲ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར། ཎི་མེ་སརྦ་སཏྭ་ནཱཉྩ་སྭཱ་ཧཱ། །ཞེས་བརྗོད་ཅིང་ཏིལ་ལམ་ཡུངས་དཀར་གྱིས་བྲབ། མེ་དང་ཆུ་རྣམས་ཀྱིས་ཀྱང་ཁྲུས་བྱ། ཀཾ་ཀ་ནི་བརྗོད་ཅིང་ཏིལ་ལ་སོགས་པས་བྲབ། ཆུ་དང་མེ་རླུང་ཁྲུས་བྱ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་གསུམ་ཚེ་འདས་དུག་གསུམ་སྟེ། །དམ་ཆོས་བདུད་རྩི་དུག་མི་མངའ། །དམ་ཆོས་བདེན་པས་དུག་བཅོམ་མོ། །ཨོཾ་ཀཾ་ཀ་ནི་ལ་སོགས་པ་བརྗོད་ཅིང༌། ཏིལ་ལ་སོགས་པས་བྲབ། ས་ཆུ་མེ་རླུང་ཁྲུས་བྱ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་གསུམ་ཚེ་འདས་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་བཅོམ་མོ། །ཨོཾ་ཀཾ་ཀ་ནི་བརྗོད། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ས་ཡི་ནང་སོང་ཞིག །ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི།་སོགས་བརྗོད་པས་བྲབ། ཆུ་ནི་དུག་གི་ཕ་ཡིན་ཏེ། །ཆུ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ཆུ་ཡི་ནང་སོང་ཞིག །ཨོཾ་ཀཾ་ཀ་ནི་བརྗོད། ཆུས་བཀྲུས། མེ་ནི་དུག་གི་ཕ་ཡིན་ཏེ། །མེ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་མེ་ཡི་ནང་སོང་ཞིག །ཨོཾ་ཀཾ་ཀ་ནི་བརྗོད་པས་བྲབ། རླུང་ནི་དུག་གི་ཕ་ཡིན་ཏེ། །རླུང་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་རླུང་ཡི་ནང་དུ་སོང་ཞིག །ཨོཾ་ཀཾ་ཀ་ནི་བརྗོད་རླུང་གིས་གཡབ། དེ་ལྟར་བྱས་པས་ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་བསམ། དེས་ནི་སྒྲིབ་པ་སྦྱངས་ནས་སྒྲིབ་པ་འདག་པ་ནི་རྒྱུད་ནས་གསུངས། སྒྲིབ་པ་དག་པའི་རྟགས་ནི། ངན་འགྲོ་ནས་ཐོན་ནས་སྒྲུབ་པ་པོའི་རྨི་ལམ་ན་དངོས་སུ་འོང་ནས་བསྐོར་བ་བྱེད་ཅིང་ལེགས་སོ་ཞེས་བྱ་བ་བྱིིན་ནས་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་དང༌། དབང་བསྐུར་བ་ལ། དང་པོ་ཚེ་འདས་དོན་དུ་ཚོགས་བསགས་པ་ནི། དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ་བས། མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་གཡང་ས་ལ་སོགས་སྤང་ཕྱིར་དང༌། །ཞིང་ཁམས་རྣམ་པར་དག་པ་འཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ལ་མཎྜལ་དབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ལུས་ངག་ཡིད་གསུམ་དྲི་མ་དག་བྱའི་ཕྱིར། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་ཕུལ་བས། །ཁམས་གསུམ་དག་པའི་བག་ཆགས་དག་གྱུར་ཅིག །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་བ་ར་སརྐ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ཁ་དོག་མདངས་དང་མི་ལྡན་སྤང་ཕྱིར་དང༌། །མཚན་དང་དཔེ་བྱད་མ་ལུས་འཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ལ་མེ་ཏོག་དབུལ་བར་བགྱི། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་སོགས་ནས་ཡེ་ཧཱུྃ། །མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ཚུལ་ཁྲིམས་འཆལ་བའི་དྲི་མ་སྤང་ཕྱིར་དང༌། །ཟག་མེད་ཚུལ་ཁྲིམས་རྣམ་དག་འཐོབ་བྱའི་ཕྱིར། །བདག་གི་ཁྱེད་ལ་བདུག་སྤོས་དབུལ་བར་བགྱི། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་སོགས་ནས་ཡེ་ཧཱུྃ། མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །མ་རིག་མུན་པ་ཐམས་ཅད་སྤང་ཕྱིར་དང༌། །ཤེས་རབ་ཡེ་ཤེས་སྣང་བ་འཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ལ་སྣང་གསལ་དབུལ་བར་བགྱི། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་སོགས་ནས་ཡེ་ཧཱུྃ། མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །གཡེང་བའི་དྲི་མ་ཐམས་ཅད་སྤང་ཕྱིར་དང༌། །ཟག་མེད་ཏིང་འཛིན་ལ་སོགས་འཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ལ་དྲི་མཆོག་དབུལ་བར་བགྱི། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གྷནྡྷེ་པཱུ་ཛ་སོགས་ནས་ཡེ་ཧཱུྃ། མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ཡུན་རིང་ལོག་པའི་འཚོ་བ་སྤང་ཕྱིར་དང༌། །ཆོས་ཀྱི་སྣང་བའི་ཟས་མཆོག་འཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ལ་ཞལ་ཟས་དབུལ་བར་བགྱི། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱ་་སོགས་ནས་ཡེ་ཧཱུྃ། མཐའ་ཡས་སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་འགྲོ་ལོག་པའི་དགྲ་རྣམས་སྤང་ཕྱིར་དང༌། །ཚངས་པའི་གསུང་དབྱངས་སྙན་པ་འཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ལ་སིལ་སྙན་དབུལ་བར་བགྱི། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་བསྟོད་པ་བྱ་བ་ནི། གཟུང་འཛིན་རྡོ་རྗེ་བསྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་བདུད་འདུལ་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་མི་བསྐྱོད་ལའོ། །སྣང་སྟོང་རྡོ་རྗེ་ནམ་མཁའི་བདག །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་མཆོག་སྦྱིན་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་རིན་འབྱུང་ལའོ། །མཐའ་ཡས་རྡོ་རྗེ་ཆོས་ཀྱི་གསུང༌། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་ཏིང་འཛིན་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་མཐའ་ཡས་ལའོ། །དོན་གྲུབ་རྡོ་རྗེ་སྤྱོད་པའི་རླུང༌། །ནན་ཏན་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་སྐྱབས་སྦྱིན་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་དོན་གྲུབ་ལའོ། །དེ་ནས་ཚེ་ལས་འདས་པའི་སྡིག་པ་བཤགས་པ་ནི། ཉེ་དུ་འབྲེལ་བ་ཅན་རྣམས་ཀྱིས་ཚེ་ལས་འདས་པའི་སྡིག་པ་བཤགས་སྙམ་དུ་ཡིད་མ་ཡེངས་པར། བླ་མ་དང་དཀོན་མཆོག་དཀྱིལ་འཁོར་ལྷ་ཚོགས་ཀྱི་སྤྱན་སྔར། གཤིན་ཚེ་ལས་འདས་པ་ཁོ་རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། འདོད་ཆགས་དང༌། ཞེ་སྡང༌། གཏི་མུག་གསུམ་གྱི་དབང་གིས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད། རྡོ་རྗེ་བླ་མ་དང་སངས་རྒྱས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་དང༌། དགེ་འདུན་གྱི་སྤྱན་སྔར་མཐོལ་ཞིང་བཤགས་པར་བགྱིའོ། །ཞེས་ལན་གསུམ་བརྗོད། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་པས་སྡིག་པ་འདག་པར་བསམ། སེམས་བསྐྱེད་པ་ནི། བྱང་གདུགས་བཟུང་ལ། དང་པོ་བླ་མ་ལ་ཕྱག་འཚལ་དུ་གཞུག མཆོད་པ་འབུལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཚེ་འདས་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཚེ་ལས་འདས་པ་ཁོ་རང་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་འདི་དག་གིས། ཚེ་ལས་འདས་པ་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱི་བར་དུ་བརྗོད། དེ་ནས་དབང་བསྐུར་བའི་དོན་དུ་ད་ལིའི་ལྷ་ཚོགས་ལ་མཆོད་པ་འབུལ། བུམ་པ་ལག་ཏུ་བླང་ཞིང་བྱང་གདུགས་ཐོག་ཏུ་བཟུང་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཡེ་ཧཱུྃ། མེ་ལོང་ཡེ་ཤེས་མི་བསྐྱོད་རྡོ་རྗེའི་ཡུམ། །མ་མཱ་ཀི་ཡི་ཕྱག་མཚན་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུ་འདི་ཡིས། །ཚེ་འདས་ཉོན་མོངས་ཞེ་སྡང་དག་གྱུར་ཅིག །མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་ལྡན་ཡུམ། །སངས་རྒྱས་སྤྱན་གྱི་ཕྱག་མཚན་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུ་འདི་ཡིས། །ཚེ་འདས་ཉོན་མོངས་ང་རྒྱལ་དག་གྱུར་ཅིག །ཀུན་རྟོག་ཡེ་ཤེས་སྣང་བ་མཐའ་ཡས་ཡུམ། །གོས་དཀར་མོ་ཡི་ཕྱག་མཚན་བུམ་པ་འཛིན། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུ་འདི་ཡིས། །ཚེ་འདས་ཉོན་མོངས་འདོད་ཆགས་དག་གྱུར་ཅིག །ནན་ཏན་ཡེ་ཤེས་དོན་ཡོད་གྲུབ་པའི་ཡུམ། །དམ་ཚིག་སྒྲོལ་མ་ཕྱག་མཚན་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུ་འདི་ཡིས། །ཚེ་འདས་ཉོན་མོངས་ཕྲག་དོག་དག་གྱུར་ཅིག །ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་མཛད་ཡུམ། །ནམ་མཁའི་དབྱིངས་ཕྱུག་ཕྱག་མཚན་བུམ་པ་སྟེ། །གཉིས་མེད་བྱང་ཆུབ་སེམས་ཀྱི་ཆུ་འདི་ཡིས། །ཚེ་འདས་ཉོན་མོངས་གཏི་མུག་དག་གྱུར་ཅིག སྤྲོས་པ་ལ་དགའ་བས་ནི། དབང་རྟགས་ལ་སོགས་པ་གཞུང་བཞིན་དུ་ཡོད་པ་བཞིན་བྱ། དེ་ནས་དཀྱིལ་འཁོར་སྒོ་དབྱེ་བསྐོར་བར་བྱ། དེ་ནས་དཀྱིལ་འཁོར་མེ་ཏོག་དོར་བ་ནི། ཉེ་དྲུང་རྣམས་ལ་བྱང་གདུགས་བཟུང་ལ་སྤྱན་དར་བཏང༌། ནོར་བུ་དྲིལ་མཆོང་དོར། གང་ལ་ཕོག་པའི་གསང་མཚན་གདགས། དེ་ཞག་ལ་མཆོད་པ་བྱེད་ན་བྱང་བུ་དཀྱིལ་འཁོར་མདུན་དུ་བཞག མི་བྱེད་ན་གཤིན་པོའི་བསྔོ་བ་བྱ། བདག་ཅག་གིས་དུས་གསུམ་དུ་བསགས་ཤིང་ཡོད་པའི་དགེ་བའི་རྩ་བ་འདིས། གཤིན་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་འགྲོ་བ་རིགས་དྲུག་གང་དང་གང་དུ་སྐྱེས་སམ་སྐྱེའམ་སྐྱེ་བར་འགྱུར་བའི་ལས་ཅན་ཞིག་ཡིན་ལགས་ན་ཡང༌། དགེ་བའི་རྩ་བ་འདི་དག་ཐམས་ཅད་གཤིན་ཚེ་ལས་འདས་པ་དེ་དག་གི་རྗེས་སུ་འབྲངས་ཤིང་རྗེས་སུ་འཇུག་པར་གྱུར་ཅིག རྗེས་སུ་འབྲངས་ཤིང་རྗེས་སུ་ཞུགས་ནས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་ལས་ཐར་ནས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་གྱུར་ཅིག ཅེས་ལན་གསུམ་བརྗོད། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་ཚོགས་པའི་བྱིན་རླབས་དང༌། བདེན་པའི་མཆོག་ནི་དཀོན་མཆོག་གསུམ་ཡིན་ཏེ། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས། བདག་གིས་ཇི་ལྟར་བསྔོས་ཤིང་སྨོན་ལམ་བཏབ་པ་བཞིན་དུ་འགྲུབ་པར་གྱུར་ཅིག ཅེས་ལན་གསུམ་བརྗོད། རྒྱས་པ་ལ་དགའ་ན་རྒྱས་པ་བྱ། དེའི་རྗེས་ལ་དཀྱིལ་འཁོར་ལྷ་ལ་བཏང་རག་གི་མཆོད་པ་འབུལ། ཆོ་ག་ཉམས་པ་བསྐང་བ་ནི། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་པ་གང༌། །ལུས་ཅན་ཀུན་གྱི་སྐྱབས་གྱུར་པ། །ཀུན་མཁྱེན་དེ་ཀུན་བཟོད་པར་གསོལ། །མ་སྨིན་པ་དང་མ་ཚང་བ། །གཙོ་བོ་ནུས་པ་མ་མཆིས་ཤིང༌། །འདིར་ནི་ཉེས་པ་གང་བགྱིས་པ། །ཀུན་མཁྱེན་དེ་ཀུན་བཟོད་པར་གསོལ། དེ་ནས་ལམ་བསྟན་པ་ནི། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །བྱང་ཆུབ་སེམས་དཔའ་འཁོར་དང་བཅས། །ཞིང་གི་ཡོན་ཏན་བསམ་མི་ཁྱབ། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །སུ་ཞིག་དེའི་མཚན་བརྗོད་ན། །ཞིང་མཆོག་དེ་རུ་སྐྱེ་བར་གསུངས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང༌། །མི་བསྐྱོད་པ་ཡི་མཚན་བཟུང་ནས། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །ཞིང་མཆོག་དེ་རུ་སྐྱེས་ནས་ཀྱང༌། །མི་བསྐྱོད་པ་ཡི་ཞབས་དྲུང་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བར་ཆད་མེད་པའི་ལམ་བསྒོམས་ནས། །སྲིད་པའི་སྡུག་བསྔལ་ཀུན་ལས་ངེས་གྲོལ་ཤོག །ཡི་གེ་བརྒྱ་པ་བརྗོད། བཛྲ་མུཿ ཞེས་པས་ཡེ་ཤེས་སེམས་དཔའ་གཤེགས་པའི་རྗེས་ལ་ཚེ་འདས་ཀྱང་ཁྲིད་ནས་ཞིང་སྦྱོང་བར་བསམ་མོ། །དེ་ནི་ལམ་བསྟན་པའོ། །དམ་ཚིག་པ་རང་ལ་བསྡུ། བྱང་བུ་བསྲེགས་ནས་ཐལ་བ་ལ་ཚྭ་ཚ་གདབ། རྡུལ་ཚོན་ཕྱགས་ལ་རི་རྩེའམ། ཁྲོན་པའམ། ཆུ་བོར་དོར་ན་དེ་ལ་སེམས་ཅན་གང་གིས་འབྲེལ་བ་བྱས་པའི་སྒྲིབ་པ་འདག་པར་གསུངས། བུམ་ཆུས་ཀུན་ལ་ཁྲུས་བྱའོ། །བླ་མ་ལ་ཡོན་འབུལ། དགེ་འདུན་ལ་ཚོགས་སོགས་ཡོན་དང་བཅས་པ་བྱ། སྐྱེ་བོ་རྣམས་ལ་སྦྱིན་པ་བཏང༌། དགེ་བའི་རྩ་བ་བསྔོ་བ་བྱ། བླ་མའི་ཞལ་གྱི་གདམས་པ་ཡི་གེར་བྲིས་པ་ལ། མི་མཉེས་གྱུར་པ་བཟོད་པར་གསོལ། འདིས་མཚོན་དུས་གསུམ་དགེ་བ་ཡིས། །མཁའ་མཉམ་སེམས་ཅན་མ་ལུས་ཀུན། །སྲིད་པའི་སྡུག་བསྔལ་རབ་ཟད་ནས། །རྒྱལ་མཆོག་མི་བསྐྱོད་ཐོབ་པར་ཤོག །ཀཾ་ཀ་ནའི་ཞལ་གྱི་གདམས་པ། ཏི་ཤྲི་རས་པས་མཛད་པ་རྫོགས་སོ། །

ཇོ་སྲས་ལ་གདམས་པ།

ན་མོ་གུ་རུ། བླ་མ་དཀོན་མཆོག་ཡི་དམ་གྱི། །ཡུལ་དང་ཡུལ་ཅན་ཆོས་རྣམས་ལ། །མཚན་ཉིད་མ་འདྲེས་ཕྱེད་པ་དེ། །མཚོན་བྱེད་གནད་ཀྱིས་འབྱེད་པ་ཡི། །རྟེན་ཅིང་འབྲེལ་འབྱུང་ཟབ་མོ་ཡི། །ལམ་ཉམས་སུ་བླངས་པས་འབྲས་བུ་འཆར། །ཉོན་མོངས་དུག་ལྔ་དུག་གསུམ་གྱིས། །ཡུལ་དང་ཡུལ་ཅན་ཆོས་རྣམས་ལ། །མཚན་ཉིད་མ་འདྲེས་སད་པ་དེ། །མཚོན་བྱེད་གནད་ཀྱིས་འབྱེད་པ་ཡི། །རྟེན་ཅིང་འབྲེལ་འབྱུང་ཟབ་མོ་ཡི། །ལམ་ཉམས་སུ་བླངས་པས་འབྲས་བུར་འཆར། །ཉན་རང་བྱང་ཆུབ་སེམས་དཔའ་ཡི། །ཡུལ་དང་ཡུལ་ཅན་གྲུབ་མཐའ་ལ། །མཚན་ཉིད་མ་འདྲེས་ཕྱེད་པ་དེ། །མཚོན་བྱེད་གནད་ཀྱིས་འབྱེད་པ་ཡི། །རྟེན་ཅིང་འབྲེལ་འབྱུང་ཟབ་མོ་ཡི། །ལམ་ཉམས་སུ་བླངས་པས་འབྲས་བུར་འཆར། །བཀའ་དང་བསྟན་བཅོས་མན་ངག་གི །ཡུལ་དང་ཡུལ་ཅན་དོན་རྣམས་ལ། །མཚན་ཉིད་མ་འདྲེས་ཕྱེད་པ་དེ། །མཚོན་བྱེད་གནད་ཀྱིས་འབྱེད་པ་ཡི། །རྟེན་ཅིང་འབྲེལ་འབྱུང་ཟབ་མོ་ཡི། །ལམ་ཉམས་སུ་བླངས་པས་འབྲས་བུར་འཆར། །གོང་མ་རྣམས་ཀྱི་ཕྱག་ལེན་འདི། །སྙིང་དང་འདྲ་བའི་ཇོ་སྲས་ལ། །ཟབ་ཆོས་གསུངས་པའི་དགེ་བ་འདིས། །རང་གཞན་སངས་རྒྱས་ཐོབ་པར་ཤོག །ཚིག་ཕྱིར་མ་འབྲངས་དོན་ཕྱིར་འབྲོངས། །འོན་ཀྱང་ཚིག་དོན་འབྲེལ་བ་ཡིན། །ཚིག་དོན་མ་ཡིན་མཚོན་པ་ལགས། །བརྩེ་བའི་སེམས་ཀྱིས་གཞན་དོན་དུ། །ཏི་ཤྲི་རས་པས་ཡི་གེར་བཀོད། །རྫོགས་སོ། །དགེའོ། །

དུས་མཆོད་ཀྱི་གཏོར་མ།

བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དུས་མཆོད་ཆེན་པོའི་གཏོར་མའི་ཆོ་གའི་རིམ་པ་འབྲི་བར་བྱ། དུས་མཆོད་ཆེན་པོ་གཞན་རྣམས་གོང་མ་རྣམས་ཀྱིས་ཇི་ལྟར་གསུངས་པ་བཞིན་དུ་ཤེས་པར་བྱའོ། །འདི་ནི་རང་གི་དུས་མཆོད་ཀྱི་དུས་སུ་ཕྱི་ནང་གཉིས་ཀྱི་གཏོར་མ་འབུལ་བ་ནི། སྤྱིར་གཏོར་མ་གྲངས་ཉི་ཤུ་རྩ་བདུན། དམར་གཏོར་བཅོ་ལྔ། གཏོར་ཆུང་ལོགས་སུ་གཉིས་དང་ཉི་ཤུ་རྩ་བདུན་ནོ། །དེ་ལ་ཡང་གཏོར་མ་བཤམས་པ་དང༌། མགྲོན་གདན་དྲངས་པ་དང༌། གཏོར་མ་འབུལ་བའོ། །དེ་ལ་དང་པོ་བཤམས་པ་ནི། དང་པོ་ཆེ་བ་གཅིག་དམར་གཏོར་དུ་བཤམ་པ་སྟེ། དེ་ནི་གླིང་བཞི་གླིང་ཕྲན་བརྒྱད་ཉི་ཟླ་ཟུང་གཅིག་བུམ་པ་བཟང་པོའི་གཏེར་གྱིས་བརྒྱན་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་བཅས་པ་བསམ། དེ་ལ་དར་འཛུགས་པ་ནི་དར་རམ་གོས་རིན་པོ་ཆེ་ལ་སོགས་པ་བྱའོ། །དེའི་སྟེང་གི་ཉི་ཟླ་ནི་ནོར་བུའི་ཏོག་གི་ཚུལ་ཡིན། ཕྱོགས་བཞིར་ཁ་དོག་དང་མཐུན་པའི་དར་སྣ་ཚོགས་པ་གཟུག གཡས་གཡོན་གཉིས་སུ་ཉི་ཟླའི་དར་གཟུག དེ་ནས་དམར་གཏོར་ཆེན་པོ་གཅིག་བཤམ། དར་དམར་པོ་གཅིག་གཟུག ཡང་དམར་གཏོར་ཆེ་བ་གཅིག་བཤམ། དར་ཁ་དོག་བཞི་གཟུག དེ་ནས་དམར་གཏོར་ཆེ་བ་གསུམ་བཤམ། དར་ནག་པོ་གསུམ་གཟུག དེ་ནས་དམར་གཏོར་བདུན་བཤམ། དར་སྣ་ཚོགས་གཟུག དེ་ནས་དཀར་གཏོར་དགུ་ལ་ཆེ་བ་གཅིག་ལ་དར་སེར་པོ་ཆེ་བ་གཅིག་གཟུག དེ་ནས་དཀར་གཏོར་བརྒྱད་ལ་དར་སྣ་ཚོགས་གཟུག གཡས་གཡོན་གཉིས་ཀྱི་གཏོར་མ་ལ་དར་དཀར་པོ་རེ་གཟུག གཏོར་མ་དེ་དག་ཐམས་ཅད་ལ་རིན་པོ་ཆེ་སྣ་བདུན་གདབ། དེ་ནས་གཏོར་མ་བཤམས་པའོ། །གཉིས་པ་མགྲོན་དྲངས་པ་ནི། བླ་མ་བཀའ་བརྒྱུད་དད་པའི་དཀོན་མཆོག་གསུམ། ཡི་དམ་གྱི་ལྷ་རྒྱུད་སྡེ་རྣམ་པ་བཞིའི་ལྷ་ཚོགས། ཆོས་སྐྱོང་བའི་སྲུང་མ། བཅོམ་ལྡན་འདས་དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་གཞན་ཡང་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་དང༌། གཞན་ཡང་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པ་དམར་གཏོར་ལ་དགའ་བ་ཐམས་ཅད་སྤྱན་དྲངས། དཀར་གཏོར་ལ་མགྲོན་སྤྱན་དྲངས་པ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཙོ་བོར་མཛད་པའི་ཐུགས་ཀྱི་སྲས་བརྒྱད། ཉེ་བའི་སྲས་བརྒྱད། ཉན་ཐོས་མཆོག་བརྒྱད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གདན་དྲངས། དེ་ནས་དཀར་གཏོར་གཉིས་པོ་ལ། མགྲོན་དྲངས་པ་ནི། སྤྱིར་ཡེ་ཤེས་ཀྱི་ཁྲོ་བོ་བཅུ། ཕྱག་ན་རྡོ་རྗེ་ལྕགས་སྦུག་མ་དང༌། དཔལ་རྟ་མགྲིན་དང༌། སྟེང་ཚངས་པ་དང་བརྒྱ་བྱིན། འོག་སའི་ལྷ་མོ་བརྟན་མ། བར་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་སོགས་པ་གདན་དྲངས། གསུམ་པའི་མགྲོན་ནི། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ། ཇོ་བོ་ཛཾ་བྷ་ལྷ་དང༌། ལྷ་མོ་བ་སུ་དྷཱ་ར་ལ་སོགས་པ་གདན་དྲངས། བཞི་པའི་མགྲོན་ནི། ཕྱོགས་སྐྱོང་ཞིང་སྐྱོང་བསྟན་པ་སྲུང་ཚད་གདན་དྲངས། ལྔ་པའི་མགྲོན་ནི། འཇིག་རྟེན་པའི་ཡུལ་བདག་མཐུ་བོ་ཆེ་དང༌། ས་ཆུ་མེ་རླུང་ལ་སོགས་པ་གདན་དྲངས། དྲུག་པའི་མགྲོན་ནི། རང་གར་འདུག་པའི་གཞི་བདག་ཐམས་ཅད་སྤྱན་དྲངས། བདུན་པའི་མགྲོན་ནི། རིགས་དྲུག་སྤྱི་གདན་དྲངས། བརྒྱད་པ་ལྷན་ཅིག་སྐྱེས་པའི་ལྷ་འདྲེ་ཕན་འདོགས་པ་རྣམས་དང་ལན་ཆགས་དང་གནོད་སྐྱེལ་གདན་དྲངས། དགུ་པ་ལ་བགེགས་དང་འབྱུང་པོ་གློ་བུར་དུ་ལྷགས་པ་རྣམས་གདན་དྲངས། དེ་ནས་གཡས་གཡོན་གཉིས་ན་བཤམས་པའི་གཏོར་མ་དེ་གཡས་ཀྱི་གཏོར་མའི་མགྲོན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས་གཙོ་མཛད་པའི་མི་ཉག་ཡུལ་གྱི་ཆོས་སྐྱོང་ཐམས་ཅད་གདན་དྲངས། གཡོན་གྱི་དེའི་མགྲོན་ནི། གངས་ཏི་སེ། གཉན་ཐང་ལྷ། རྩམ་ཆེན་ལྷ་སྒོ། རྨ་སྤོམ་ར། རི་བོ་ཆེན་པོ་ཧ་ལ་ཤན། རི་བོ་དན་ཏིག་ཤན། དགྱེས་ལྷ་དཀར་འཛུམ། འགྱན་ཐང་ཡོ། དགེ་བསྙེན་ཆེན་པོ་སེང་རུ་ངང་གཡག་བྱ་བ་ལ་སོགས་པ་རང་གར་བསྡད་པའི་གཞི་བདག་ཐམས་ཅད་དང་འཇིག་རྟེན་ཁམས་ཀྱི་ཡུལ་བདག་ཐམས་ཅད་གདན་དྲངས། གདན་དྲངས་པའི་ཚིག་བཤད་ཀྱིས་གདན་དྲངས་པ་ནི་སྒྲུབ་པ་པོ་བདག་ཉིད་སྟན་བདེ་བ་ལ་བསྡད་ནས་སེམས་བསྐྱེད༌། བླ་མ་ལ་མོས་གུས་བྱས། ལུས་ཡི་དམ་གྱི་ལྷར་བསྒོམ། སྤོས་ཕོར་ལག་ཏུ་ཐོག་པའམ། ཡང་ན་སྤོས་རེངས་བསྲེགས་ལ། ཕྱག་གཉིས་སུ་རྡོ་རྗེ་དྲིལ་བུ་བཟུང་ལ། ན་མོ་གུ་རུ། རྟོག་མེད་སྤྲོས་བྲལ་དབྱིངས་ཆོས་ཀྱི་ཕོ་བྲང་ནས། །འདས་དང་མ་བྱོན༴ཅེས་པའི་ཚིག་བཤད་ཀྱིས། རྩ་བ་དང་བརྒྱུད་པའི་བླ་མ་གདན་དྲངས། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར༴ ཅེས་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འམ་དཀོན་མཆོག་གསུམ་དང་ཡི་དམ་ལྷ་དང་དཔའ་བོ་ཐམས་ཅད་སྤྱན་དྲངས། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༴ ཞེས་པས་རྒྱུད་སྡེ་ཆེན་པོ་བཞིས་གཙོ་བྱས་པའི་ཕྱི་ནང་གི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས་ཞེས་པས་བཅོམ་ལྡན་འདས་ཡེ་ཤེས་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་སྤྱན་དྲངས། གཞན་ཡང་སློབ་དཔོན་ཆེན་པོ་བྷ་ལིང་ཨརྻས་མཛད་པའི་ཆོས་སྐྱོང་བ་ཐམས་ཅད་ཀྱི་གཏོར་མའི་སྤྱན་འདྲེན་གྱིས་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས། ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོ་བཅུ་དེ་རང་རང་གི་སྒྲུབ་ཐབས་ནས་འབྱུང་བ་བཞིན་དུ་གདན་དྲངས། ཕྱོགས་སྐྱོང་ཞིང་སྐྱོང་ཐམས་ཅད་ཤིང་གཅིག་དང་ནི་དུར་ཁྲོད་ཆེན་པོའི་ཞེས་པས་གདན་དྲངས། འཇིག་རྟེན་ལས་འདས་པ་དང༌། རིགས་དྲུག་ལ་སོགས་པ་ཐམས་ཅད་པང་ཀོང་ཕྱག་རྒྱ་པ་ན་ཡོད་པའི་ཚིག་བཤད་ཀྱིས་གདན་དྲངས་སོ། །གསུམ་པ་གཏོར་མ་བསྔོ་བ་ནི། བྱིན་གྱིས་བརླབས་ལ་སྔགས་ཀྱིས་བསྔོ། དང་པོ་མཆོད་པ་རྣམ་པ་བདུན་འབུལ། དེ་ནས་བྱིན་གྱིས་རློབ་པ་ནི། དཀར་གཏོར་དམར་གཏོར་ཐམས་ཅད་ཀྱི་བདུད་རྩི་གདན་དྲངས་ལ་བསྟིམ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ་བསྔོ་བ་ནི། གཏེར་ཡ་ཏ་གླིང་བཞི་རི་རབ་དང་བཅས་པ་དེ། རྩ་བ་དང་བརྒྱུད་པའི་བླ་མ་གྲུབ་ཐོབ་བརྒྱད་ཅུ་ཕོ་མོ་ལྔ་བཅུ། གྲུབ་ཆེན་བརྒྱད། དཀོན་མཆོག་གསུམ། ཤཱཀྱ་ཐུབ་པས་གཙོ་མཛད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཨོཾ་ཨཱཿཧཱུྃ་གིས་དཀར་གཏོར་དུ་འབུལ། དེ་འོག་གི་དམར་གཏོར་ཆེ་བ་དེ་མགྲོན་སྔ་ཏ་རྣམས་དང༌། དྲུག་པ་རྡོ་རྗེ་འཆང་གིས་གཙོར་མཛད་པ་རྣམས་ལ་དམར་གཏོར་དུ་འབུལ། གཉིས་པ་ཡི་དམ་ལྷ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཕྱི་ནང་ལྷ་ཚོགས་ལ་རང་རང་གི་སྔགས་ཀྱིས་འབུལ། གསུམ་པ་བཅོམ་ལྡན་འདས་ཡེ་ཤེས་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་ཐམས་ཅད་ལ་སྒྲུབ་ཐབས་ནས་འབྱུང་བ་བཞིན་དུ་འབུལ། དེ་མན་ཆད་སངས་རྒྱས་སྒོམ་པའི་ཆོས་སྐྱོང་མགོན་པོ་ཏྲཀྴད་དང༌། དཔལ་མགོན་པོ་དང༌། དཔལ་ལྷ་མོ་དང༌། དཔལ་མགོན་བདུན་ཅུ་རྩ་གཉིས་དང༌། མ་ཕུར་གཤིན་གསུམ་ལ་སོགས་སྤྱི་ཐམས་ཅད་ལ་ཆོས་སྐྱོང་ཐམས་ཅད་པའི་སྔགས་སམ་རང་རང་སོ་སོའི་སྔགས་ཀྱིས་དབུལ། དཀར་གཏོར་ཡ་ཏ་དེ་སངས་རྒྱས་ཤཱཀྱ་ཐུབ་པས་གཙོ་མཛད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཨོཾ་ཨཱཿཧཱུྃ་གིས་དབུལ། གཉིས་པ་ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོ་བཅུ་དང༌། རྡོ་རྗེ་ལྕགས་སྦུག་མ་དང༌། ཁྲོ་བོ་ཆེན་པོ་དཔལ་རྟ་མགྲིན་ལ་སོགས་པ་ལ་སྒྲུབ་ཐབས་ནས་འབྱུང་བ་བཞིན་དུ་དབུལ། གསུམ་པ་རྒྱལ་པོ་ཆེན་པོ་སྡེ་བཞི་རྣམ་ཐོས་སྲས་དང༌། ཇོ་བོ་ཛཾ་བྷ་ལྷ་ལ་སོགས་པ་སྒྲུབ་ཐབས་ནས་འབྱུང་བ་བཞིན་དུ་བསྔོ། རྡོ་རྗེ་དབང་མོ་བཀའ་འདི་ཡིས། །ཨོཾ་ཀ་ཀ་ཀ་བྷ་ན༴ ཞེས་པས་བསྔོ། ལྔ་པ་ཨ་ཀ་རོ་མུ་ཁཾ་དང༌། ཏ་ཐཱ་ག་ཏ་ཕྱག་འཚལ་གྱིས་བསྔོ། དྲུག་པ་མན་ཆད་ཁ་འབར་མའི་སྔགས་ཀྱིས་བསྔོ། ཆོས་སྐྱོང་རྣམས་ལ་བསྐུལ་པ་དང༌། བསྟོད་པ་བྱ་ཞིང་ཕྲིན་ལས་བཅོལ། གཡས་གཡོན་གཉིས་པོ་དེ་ཨ་ཀ་རོ་དང༌། ཁ་འབར་མའི་སྔགས་ཀྱིས་བསྔོ། དེ་དག་ལ་བསྟོད་པ་དང༌། ཕྲིན་ལས་བཅོལ་བ་དང༌། རྟེན་འབྲེལ་གྱི་ཆོས་བཤད་བྱ། སྨོན་ལམ་གདབ། ད་ནི་དོན་གཉིས་པ་ནང་གི་གཏོར་མ་ནི། ཚོགས་ཀྱི་འཁོར་ལོ་བྱེད་པའི་དུས་སུ། གྲངས་དང༌། མགྲོན་གདན་དྲངས་པ་དང༌། བཤམས་པ་དང༌། བསྔོ་བ་དང༌། རང་ཉིད་ཡི་དམ་ལྷར་སྒོམ་པ་དང༌། སེམས་བསྐྱེད་པ་དང་མཆོད་པ་འབུལ་བ་ལ་སོགས་པ་སྔར་དང་འདྲ་བ་ལས། འདིར་གཏོར་མ་ལ་དམིགས་པ། སྭ་བྷཱ་ཝའི་སྔགས་བརྗོད་པའི་ངང་ལས་སྟོང་པར་བསམ། ཡཾ་ལ་སོགས་པ་མེ་རླུང་གི་སྦྱོར་བ་བྱས་ལ། དེ་ནས་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་གྱི་རླུང་བྱུང་བས་སྣ་བུག་ནས་ཐོན་ཏེ་རླུང་གི་དཀྱིལ་འཁོར་ལ་ཕོག་པས་རླུང་གཡོས་མེ་སྦར་ལ་སོགས་སྒྲུབ་ཐབས་ནས་འབྱུང་བའི་བདུད་རྩི་འགུགས་གཞུག་ལ་སོགས་པ་རྒྱས་པར་བྱའོ། །ཨོཾ་ཨཱཿཧཱུྃ། ཞེས་པ་ལན་གསུམ་མམ་བདུན་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། དེ་སྔར་བཞིན་བསྔོ་བ་ནི། སྔར་བཞིན་སོ་སོར་བསྔོའོ། །བསྟོད་པ་དང་ཕྲིན་ལས་བཅོལ་བ་ནི་སྔ་མ་བཞིན་ནོ། །ལྷག་མའི་གཏོར་མ་གཞུང་ནས་འབྱུང་བ་བཞིན་དུ་བསྔོ། གཏོར་མ་ནི་གཏོར་གཙུགས་སམ་གཙང་སར་བསྐྱལ། དཀར་གཏོར་དམར་གཏོར་འདྲེས་པར་བྱའོ། །གཏོར་སྣོད་བཤལ་ལ་སོ་སོར་བླུགས། རྗེས་ལ་བཟོད་པར་གསོལ་བ་དང༌། མགྲོན་སོ་སོ་རང་རང་གི་གནས་སུ་གསོལ། དགེ་བའི་རྩ་བ་བླ་ན་མེད་པའི་སེམས་བྱང་ཆུབ་ཏུ་བསྔོ། ཕྱི་ནང་གཉིས་ཀྱི་མཆོད་པའི་གཏོར་མ་ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དུས་གསུམ་བསགས་ཡོད་དགེ་བ་དང༌། །འདི་ལས་བྱུང་བའི་དགེ་བ་ཡིས། །ཞུ་བ་པོ་དང་སེམས་ཅན་རྣམས། །ཚོགས་གཉིས་རབ་རྫོགས་སྐུ་གཉིས་ཐོབ་པར་ཤོག །དགེའོ།།

ཏིང་ངེ་འཛིན་གྱི་ཆར་འབེབས།

བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དང་པོ་ཚད་མེད་པ་བཞི་བསྒོམ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱས། ཁྱད་པར་དུ་ཡང་ས་བདག་ཀླུ་གཉན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་ཞི་བར་བྱས། འདོད་པའི་ཡོན་ཏན་ལྔ་དང་བང་མཛོད་ལ་མངའ་བརྙེས་པ་དང༌། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ། ཆར་གྱིས་ཕོངས་ཤིང་ཐན་པས་ཉེས་པའི་སེམས་ཅན་ཐམས་ཅད་རེ་འདོད་བསྐང་བར་བྱ་སྙམ་དུ་སེམས་བསྐྱེད་ལ། རྩ་བ་དང་བརྒྱུད་པའི་བླ་མ་སྤྱི་བོར་བསྒོམས་ལ་གསོལ་བ་གདབ། དེ་ནས་རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུར་བསྒོམ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་སྔོན་པོ་གཅིག་བསམ། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་ན་གསེར་གྱི་རྡོ་རྗེ་རྩེ་དགུ་པ་བསྣམས་པ། གཡོན་པས་སྡིགས་མཛུབ་མཛད་པ། སྦྲུལ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་བརྐྱང་བསྐུམ་གྱི་ཚུལ་གྱིས་བགེགས་ཆེན་མནན་པ། སྤྱན་གསུམ་པ། དབུ་སྐྲ་ཁམ་པ། གཟི་བརྗིད་དང་ལྡན་པར་བསྒོམ། དེ་ཡི་མདུན་དུ་ཡི་གེ་ཕུ་སེར་པོ་གཅིག་བསམ། དེ་ཡོངས་སུ་གྱུར་པ་ལས་ཀླུ་ཡི་རྒྱལ་པོ་སོག་མ་མེད་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། ཐུགས་ཀར་ཐལ་མོ་སྦྱར་བ། སྐུ་སྨད་སྦྲུལ་གྱིས་འཁྱིལ་བ། རིན་པོ་ཆེ་དང་པདྨའི་གདན་ལ་བཞུགས་པ། དབུ་ལ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཡོད་པ། དབུ་ཡི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་ས་འོག་མུན་པ་སེལ་ཞིང་དགོས་འདོད་ཀྱི་ཆར་འབེབས་པར་བསྒོམ། དེའི་ཐུགས་ཀར་ཡི་གེ་ཕུ་སེར་པོ་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ན་བཞུགས་པའི་ཀླུ་ཆེན་པོ་བརྒྱད་ཀྱིས་གཙོར་བྱས་པའི་ས་བདག་ཀླུ་གཉན་ཐམས་ཅད་གསལ་བར་བསྐྱེད། དེ་ལ་མཆོད་པ་དང་གཏོར་མ་ཡང་རྒྱ་ཆེན་པོར་བཤམས། སྣོད་ཡངས་ཤིང་རྒྱ་ཆེ་གཙང་བའི་ནང་དུ་ཆུ་གཙང་གིས་བཀང་ལ། རིན་པོ་ཆེ་དཀར་གསུམ་མངར་གསུམ་དང་སྦྲུལ་སྨན་དང་ཕྱེ་མར་བླུགས་པ་བཤམས་ལ་བཞག དེ་ནས་དང་པོ་བླ་མ་དཀོན་མཆོག་དང་ཡི་དམ་གྱི་ལྷ་དང་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་འབུལ། དེ་ནས་ཀླུ་ཡི་རྒྱལ་པོ་སོག་མ་མེད་དང༌། ཀླུ་ཆེན་པོ་བརྒྱད་ཀྱིས་གཙོ་བོར་བྱས་པའི་ས་བདག་ཀླུ་གཉན་ཐམས་ཅད་ལ་འབུལ། གཞན་ཡང་འཇིག་རྟེན་གྱི་འཁོར་གྱི་འབྱུང་བ་ཆེན་པོ་བཞི་ཡི་བདག་པོ་ཡུལ་རིས་ས་བདག་དང༌། འཇིག་རྟེན་ཁམས་ཀྱི་མཐུ་རྩལ་ཅན་ཐམས་ཅད་དང༌། བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང༌། རིགས་དྲུག་སེམས་ཅན་སྤྱི་ལ་འབུལ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས་ལ་ན་མཿསརྦ་ཏ་ཐ་ག་ཏས་བསྔོ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཀླུ་ཡི་རྒྱལ་པོ་སོག་མ་མེད་ཀྱི་ཐུགས་ཀའི་ཕུ་སེར་པོ་ལ་ཐིམ་ནས་སྔགས་བདག་གི་རྒྱུད་ལ་ཟག་པ་མེད་པའི་བདེ་བ་སྐྱེས་པས་རིན་པོ་ཆེ་དང་འདོད་པའི་ལོངས་སྤྱོད་ཆར་བཞིན་འབེབས་པའི་ཐུགས་རྒྱུད་བསྐུལ་ནས་རང་རང་གི་ཐུགས་ཀའི་ས་བོན་ནམ་ཡང་ན་ཕུ་སེར་པོ་བརྒྱད་ལས་འོད་ཟེར་འཕྲོས་འཇིག་རྟེན་ཁམས་ཀྱི་ས་བདག་ཀླུ་གཉན་ཐམས་ཅད་ལ་ཕོག་པས་ནད་དང་སྡུག་བསྔལ་ཐམས་ཅད་ཞི་ཟག་པ་མེད་པའི་བདེ་བ་རྒྱུད་ལ་སྐྱེས་པས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བསམ། དེ་དག་སོ་སོའི་རྒྱུད་བསྐུལ་ནས་སེམས་ཅན་ཐམས་ཅད་རིན་པོ་ཆེ་དང་ལོངས་སྤྱོད་དང་དགོས་འདོད་ཀྱི་ཆར་འབེབས་པར་བསམ། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་ཞི་ནས། ཟག་པ་མེད་པའི་བདེ་བ་རྒྱུད་ལ་སྐྱེས་ཤིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བསམ། ཏིང་ངེ་འཛིན་གྱི་ཆར་འབེབས་པས་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག ཏི་ཤྲི་རས་པས་མཛད་པ་རྫོགས་སོ། །དགེའོ།།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཡི་བྱིན་བརླབས་ལས་བྱུང་བ་ཚིགས་སུ་བཅད་པ་བཅུ་གཅིག་པ།

དལ་འབྱོར་ནི། ན་མོ་གུ་རུ། སྐྱེ་བ་སྔ་མ་ཕན་ཆད་ཀྱི་་་་་་་ལས་འཕྲོ་སད། དཀར་པོ་དགེ་བའི་ཆོས་བྱེད་པའི་རྟེན་ཁྱད་པར་དུ་འཕགས་པས།་་་་་མི་ལུས་ཐོབ། ད་ལན་དལ་འབྱོར་ཆོས་བཅོ་བརྒྱད་དང་འཛོམས་པས་ན་་་་་་དལ་འབྱོར་འཛོམས། ད་ལན་ཐེག་པ་ཆེ་ཆུང༌། ཁྱད་པར་དུ་ཐེག་པ་ཆེན་པོ་གསང་སྔགས་ཀྱི། ཆོས་དང་འཕྲད་པ་འདི་ངོ་མཚར་ཆེ།བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟར་བླ་མ་གྲུབ་ཐོབ་བཙལ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་འཕགས་པ་ཆོས་འཕགས་མཐོང་བ་ལྟ་བུའམ།་་་་་དད་གུས་སྐྱེས། དེ་བཞིན་གཤེགས་པའི་གཟུགས་བྲིས་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཆོས་བརྒྱ་རྩ་བཅུ་གསུངས་པ་ལྟ་བུའོ། །གདམས་ངག་གནང༌། ཏིང་ངེ་འཛིན་བརྒྱ་རྩ་བཅུ་སྐྱེས་པས་ཐེ་ཚོམ་ཆོད་པ་འདི་ངོ་མཚར་ཆེ། རང་གི་སེམས་ཕྲ་རགས་བཞི་ཡོད་པས་བརྟེན་པ་གྲུབ། ལུས་ངག་ཡིད་གསུམ་ཆ་མཉམ་དང་བཞིར་རྟེན་དུ་སྣང༌། སྦྱང་གཞི་བཞི་ཡོད་པས་བཞིར་ངེས་ལུས་རགས་པས་བུམ་པའི་དབང་སྔོན་ཏུ་སོང་བ་དང༌། ལམ་བསྐྱེད་པའི་རིམ་པ་སྔོན་དུ་བསྒོམ་དགོས་པ་ལ་སོགས་པ་དབང་བཞི་བསྐུར། དབང་གང་བསྐུར་བ་སྒྲིབ་པ་གང་འདག་པ་སྐལ་པ་གང་དང་ལྡན་པའི་དོན་གསུམ་ཤེས་པ་འདི་ངོ་མཚར་ཆེ། ལུས་ངག་ཡིད་གསུམ་་་་་་་་་ཐ་མལ་་་་་་འཛིན་པ་ཞིག འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་་་་་་་སྲེད་ལེན་ཞི། རྩ་ཐམས་ཅད་ཡུམ་དཔའ་མོ་རླུང་ཐམས་ཅད་དཔའ་བོ་ཡབ་དྲུག་ནང་དུ་བསྡུམ་པས་རྩ་རླུང་དཔའ་བོ་ཡབ་ཡུམ་འཕྲོད་པས་བྱང་ཆུབ་ཀྱི་སེམས་ཐིག་ལེར་འདུས་སེམས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤར་བས། རྩ་རླུང་འབྱུང༌། ཐིག་ལེ་དཀར་དམར་ཟག་བཅས་ཉོན་མོངས་དག་པས་ཐིག་ལེ་དྭངས་སྙིགས་ཕྱེད་རྙོགས་པ་ཅན་གྱི་རྣམ་པ་དག་དྭངས་མ་ཟག་པ་མེད་པའི་ཐིག་ལེ། བྱང་སེམས་བརྟེན། ནང་གི་རྟེན་འབྲེལ་ནང་དུ་འཛོམས་པས་ཕྱི་ནང་ཐམས་ཅད་བདེ་བར་ཤར་བས་ཟག་བཅས་མ་ཡིན་པ་ཆེན་པོ་ཐམས་ཅད། བདེ་བ་འབར་བ་དེ་ངོ་མཚར་ཆེ། རྒྱུ་མི་དགེ་བ་བཅུ་སྤངས། དགེ་བ་བཅུ་ཉམས་སུ་བླངས། འབྲས་བུ་སྡུག་བསྔལ་འགོགས། དགེ་བའི་འབྲས་བུ་མངོན་དུ་བྱེད་པའི་རྒྱུ་འབྲས་མེད་པས་རྒྱུ་འབྲས་དག ཆོས་ཐམས་ཅད་རང་གི་སེམས་སྣང་ཡིན་པས་་་་་་་་་་རང་སྣང་དག རང་ལུས་ལྷ་སྐུར་གསལ། བཞི་ལ་སོགས་པ་བསྐྱེད་རིམ་བསྟན་པས། ཕྲིན་ལས་འགྲུབ་པ་འདི་ངོ་མཚར་ཆེ། མི་དགེ་བ་བཅུ་སྤྱད་པའི་ཉེས་པས་ལུས་ངག་ཡིད་གསུམ་ལ་འཆར་ཏེ་ཞེ་སྡང་གིས་སྲོག་བཅད་གཅིག་པུས་སྡུག་བསྔལ་དང་བཅས་པའི་ལུས་གནས་སྐབས་མིའི་ལུས་ཐོབ་ཀྱང་སྲོག་གཅོད་པ་ལ་དགའ་བས་ཀུན་གྱི་ཡིད་དུ་མི་འོང༌། མི་དགེ་བ་གཞན་རྣམས་ཀྱང་གང་སྤྱད་པ་དེ་དང་མཐུན་པའི་ཉེས་སྐྱོན་བྲལ། སོ་སོར་ཐར་པ་གཉེན་པོ་བརྟེན། བྱང་ཆུབ་སེམས་དཔའ་གནང་སྐབས་ཤེས། གསང་སྔགས་ཡར་ལྡན་དུ་སྐྱོང་བས་ན་སྤང་བྱ་ཉིད་གཉེན་པོར་ཤེས་པས་་་་་་་སྡོམ་གསུམ་གཙང༌། སྐུ་མཐོང་བས་་་་་་་དང་བ་འདྲེན་པ། གསུང་ཐོས་པས་སྒྲོ་འདོགས་ཆོད། ཐུགས་མཁྱེན་པའི་ཡེ་ཤེས་སུ་འཆར། ཀུན་གྱིས་ཡིད་དུ་འོང་བས་ན་སྐུ་གསུང་ཐུགས་ཀྱི་ཡོན་ཏན་འདི་ངོ་མཚར་ཆེ། གཞན་ངན་པར་འདོད་ཀྱང་རང་བཟང་པོར་འདོད་པའི་བསམ་པ་དེ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་རང་གི་སེམས་དང་ཆོས་ཀྱི་སྐུ་གཅིག་པར་རྟོགས་པས་ཕྲག་དོག་མེད་པ་ལ་ཡང༌། འདི་བདེ་ན་འདི་སྐྱིད་ན་སྙམ་དུ་བསྒོམ། དེ་ཡང་ཁ་ཞེ་མེད་པ་སྙིང་ཐག་པ་ནས་དེ་བཞིན་དུ་བསྒོམས་ན་གཞན་གྱིས་གནོད་པ་བྱས་ཀྱང་རང་བཟང་བར་འགྲོ་བ་ཡིན་པས་དེས་ན་་་་་་རང་འདོད་ཞིག སེམས་ཅན་ཐམས་ཅད་དྲིན་ཆེན་མ་ཡིན་པར་ཤེས་པས་བདེ་བ་དང་ལྡན་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པས་་་་་་ཕན་སེམས་བསྐྱེད། ཀུན་རྫོབ་དོན་དམ་གཉིས་ལས་མི་འདའ་བས་ཐ་མལ་པ་མེད་པ་ན་་་་་་་བྱང་སེམས་འབྱོངས། ལུས་ངག་ཡིད་གསུམ་གྱིས་ལས་ཅི་བྱས་པ་སེམས་ཅན་གྱི་དོན་དུ་འགྱུར་ཕན་སེམས་ཅན་བདེ་བ་ལ་འཁོད་པས། གཞན་ཕན་འབྱུང་བ་འདི་ངོ་མཚར་ཆེ། ནང་དུ་སེམས་ཅན་གཞན་རྣམས་ལ་ལུས་ངག་ཡིད་གསུམ་གྱི་གནོད་སེམས་བྲལ། རང་ལ་གཞན་ཕན་གྱི་བསམ་པ་གཤའ་མ་ཞིག་སྐྱེས་པ་དང་ཡུལ་གོང་མ་རྣམས་ཀྱི་རྗེས་སུ་ཡི་རང་དང་གུས་པ་གཤའ་མ་ཞིག་ཡོད་པས་རང་གི་ང་རྒྱལ་མེད་པར་བྱས་ནས་ཕ་རོལ་པོའི་ང་རྒྱལ་ཆེ་བ་དེ་ལ་འདིའི་ང་རྒྱལ་ཞི་ནས་འདིའི་ཡོན་ཏན་དང་བསོད་ནམས་ཆེ་བ་ལ་རྗེས་སུ་ཡི་རང་བ་བསྒོམ། གཞན་གྱི་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་དང་གང་དུ་རྟེན་འབྲེལ་གང་འགྲིགས་པ་མི་བསླུ་བས་སོ། །བདེན་པས་གྲུབ། ལས་དགེ་སྡིག་གི་འབྲས་བུ་མི་བསླུ་བས་ན་སོ་སོར་འབྱུང་བས་རྟེན་འབྲེལ་ཆེ། མནན་པས་བཏེགས་པ་འདི་ཐོན་པས་ངོ་མཚར་ཆེ། སེམས་ཆོས་ཀྱི་སྐུར་རྟོགས་པས་སེམས་ཅན་ཐམས་ཅད་ཕྱི་ཡི་ཡུལ་མེད་པས་རང་གི་སེམས་སུ་རྟོགས་པས་་་་་་གཉིས་འཛིན་ཞིག སྤྲོས་པ་ཉོན་མོངས་པ་འགགས་པས་རིག་པ་དྭངས། ནང་དུ་རྩ་གནས་དང་ཡི་གེ་དང་རླུང་སེམས་ཀྱི་འདུ་འཕྲོད་ཀྱིས་་་་་་མཐོང་སྣང་ཤར། འཇིག་རྟེན་པའི་ལམ་དུ་དྲོད་དང་ཉམས། ཐུན་མོང་གི་རྟགས་ལྔ་ལ་སོགས་པ། འཇིག་རྟེན་ལས་འདས་པའི་ལམ་དུ་རྟོགས་པའི་རིག་པ་དང་རྟགས་་་་་་་་གྲུབ་རྟགས་ཐོན་པ་འདི་ངོ་མཚར་ཆེ། སེམས་གཉུག་མ་སྒྲོ་འདོགས་དང་བྲལ་བ་ཡོད་མེད་རྟག་ཆད་ཀྱི་་་་་་་མཐར་འཛིན་ཞིག སེམས་ཇི་ལྟར་འདུག་འདུག་སྒོམ་དུ་ཤར་བས། རྒྱུན་ཆད་མེད། རྐྱེན་ངན་གྲོགས་སུ་ཤར་བས་བླང་དོར་བྲལ། རང་གི་སེམས་སུ་རྟོགས་པས་རེ་དོགས་མེད་པ་འདི། དེ་ལས་གཞན་མེད་པས་ངོ་མཚར་ཆེ། བསོད་ནམས་དང་ཡེ་ཤེས་ཀྱི། ཚོགས་གཉིས་རྫོགས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་གཉིས་བྲལ། ཆོས་སྐུ་དང་གཟུགས་སྐུ། སྐུ་གཉིས་ཐོབ། སྐུ་གསུམ་མངོན་དུ་གྱུར་པའི་འབྲས་བུ་སྨིན་པ་འདི་རང་ལ་རྙེད་པས་འདི་ངོ་མཚར་ཆེ། དུས་གསུམ་བསགས། འཁོར་གསུམ་དག སྲིད་གསུམ་རྣམས། སྐུ་གསུམ་ཐོབ་པ་འདི་ངོ་མཚར་ཆེ། རྗེའི་ཐུགས་རྗེས་ཟིན། དགོངས་པ་གྲུབ། ཚོགས་གཉིས་བསགས་པས་ཡོན་ཏན་བརྙེས། འཕན་ཡུལ་སྐུ་འཁྲུངས་ཇོ་སྲས་ཀྱིས། གུས་དང་བརྩེ་བས་བསྐུལ་བ་འདི་ངོ་མཚར་ཆེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ཡི་བྱིན་བརླབས་ལས་བྱུང་བ་ཚིགས་སུ་བཅད་པ་བཅུ་གཅིག་པ་ཞེས་བྱ་བ་འཕེན་ཡུལ་ཇོ་སྲས་ཀྱིས་ཞུས་པའོ། །དགེའོ། །

བཛྲ་སྒྲ་དད་ལ་གདམས་པ།

ན་མོ་གུ་རུ། འདི་ལ་གསུམ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་ནོ། །ཀླད་དོན་ལ་གཉིས། མཆོད་པར་བརྗོད་པ་དང༌། བཤད་པའོ། །གཞུང་ལ་གསུམ། བླ་མ་བཙལ་ཞིང་བསྟེན་པ་དང༌། རྟེན་གྱི་གང་ཟག་དང་ཉམས་སུ་བླངས་པའོ། །འདི་ལ་གཉིས། དངོས་དང་འབྲས་བུའོ། །དངོས་ལ་གསུམ། ལས་དང་པོ་པའི་ཉམས་སུ་བླང་བྱ་དང༌། བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་བ་དང༌། གསང་སྔགས་ཀྱི་ཉམས་སུ་བླང་བྱའོ། །མཇུག་གི་དོན་ལ་གཉིས། བཟོད་གསོལ། བསྔོ་བའོ། །ཐར་པའི་ལམ་གནས་བདེ་བར་ཁྲིད་མཛད་པའི༌། བཛྲ་གུ་རུ་རཏྣ་མ་ཧཱ་ན་མོ། འདུས་མིན་འདུས་བྱས་ཟུང་འཇུག་རྡོ་རྗེ་ཡིས། །མ་རིག་ལྟ་ལོག་མཐའ་རྣམས་འཇོམས་པར་བྱེད། །རྫོགས་སངས་རྒྱས་ནས་རྩ་བའི་བླ་མའི་བར། །བྱིན་རླབས་འབྱུང་ཞིང་གུས་པའི་ཡུལ་ཡིན་ཡང༌། །མཆོག་བརྙེས་ཡང་དག་བླ་མ་བཙལ་ལ་བསྟེན། །ལོག་ཤེས་སྒོག་སྐྱ་དུག་སྡོང་ལྟ་བུ་ཡང༌། །སྐུ་གསུང་ཐུགས་དགོངས་རྣམ་པར་འཛིན་བྱེད་པ། །ནོར་མེད་ལམ་མཆོག་བླ་མའི་ལམ་ཡིན་ཡང༌། །རྟོག་སྤངས་ངེས་གསོ་དབང་གིས་བླ་མ་བསྟེན། །རང་སྣང་བླ་མར་འཆར་ཞིང་དངོས་གྲུབ་འབྱུང༌། །གང་ཟག་སྐྱོན་མེད་རིགས་རྣམས་རིན་ཆེན་སྣོད༌། །དད་གསུམ་བརྩོན་འགྲུས་བསྟེན་པ་ལམ་ཡིན་ཡང༌། །སྡོམ་གསུམ་གནད་ལ་ཤེས་རབ་མ་སྐྱེས་ན། །གཉེན་པོར་ཡོན་ཏན་ག་ལ་སྐྱེ། ༈ །འཆི་དང་མི་རྟག་རྒྱུ་འབྲས་འཛེམ་པ་འདི། ཐེག་ཆུང་ལམ་དུ་འཇུག་པ་ཡིན་ན་ཡང༌། །འཁོར་བ་མཐའ་དག་ཡིད་སེམས་མ་འབྱུང་ན། །ཐར་པའི་ལམ་དང་བཀའ་རྟགས་གཉིས་མི་མཐོང༌། ༈ །བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་གསུམ་འདི། །ཐེག་ཆེན་ལམ་དུ་གྱུར་པ་ཡིན་ན་ཡང༌། །རྟེན་ཅིང་འབྲེལ་འབྱུང་སྟོང་ཉིད་མ་རྟོགས་ན། །ཕ་རོལ་ཕྱིན་པའི་ལམ་མཆོག་གཉིས་མེད་ཡིན། ༈ །བསྐྱེད་དང་རིམ་དང་རྫོགས་པའི་རིམ་པ་འདི། །ཐེག་ཆེན་ལམ་མཆོག་གསང་སྔགས་འདི་ཡིན་ཡང༌། །རྣམ་དག་ཐབས་ཀྱི་རང་བཞིན་གནད་ཆེན་འདི། །ཟུང་འཇུག་ཐར་ལམ་ཉིད་དུ་གོ་བར་གྱིས། །གཞི་ལ་གནས་པའི་སྐུ་གསུམ་དབྱེར་མེད་འདི། །གནས་སྐབས་མཐར་ཐུག་འབྲས་བུ་ཡིན་ན་ཡང༌། །ནོར་བུ་ཆུ་དང་ནམ་མཁའ་གསེར་བཞིན་དུ། །རེ་དོགས་བྱེད་མིན་སངས་རྒྱས་རང་ལ་རྙེད། །འདི་ལ་འགལ་དང་ནོར་བ་ཅི་མཆིས་པ། །སྤྱན་ལྔ་ལྡན་པ་རྣམས་ལ་བཟོད་པར་གསོལ། །བཛྲ་སྒྲ་དད་དོན་དུ་བགྱིས་པ་འདིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ། །

ཡང་དག་པའི་བླ་མ་རྙེད་ནས་བསྟེན་ཐབས།

༈ རྫོགས་སངས་རྒྱས་ཞེས་པ་རྫོགས་པའི་སངས་རྒྱས་ནས་རྩ་བའི་བླ་མའི་བར་དུ། ཐ་སྙད་ཚིག་དང་དམ་ཚིག་སེལ་གྱིས་བར་མ་ཆོད་པའོ། །ཐུགས་ནས་དོན་དུ་བརྒྱུད་པ་མ་ཆོད་པ་དེ་ལྟ་བུ་ལ་གསོལ་བ་བཏབ་ན་བྱིན་རླབས་འབྱུང་བས་མོས་གུས་བྱ་བའི་ཡུལ་ཡིན་པའོ། །བླ་མ་དེ་ཡང་མཆོག་གི་དངོས་གྲུབ་ཐོབ་པས་འགྲོ་བའི་རྒྱུད་ལ་ཡང་དག་པའི་ཡོན་ཏན་སྦྱོར་བའི་བཤེས་སུ་གྱུར་པ། མཚན་བླ་མ་ལྔ་བཅུ་པ་ནས་འབྱུང་བ་ལྟ་བུའོ། །ཡང་དག་པའི་བླ་མ་བསྟེན་ཡང་དག་པར་བསྟེན་པའོ། །ཡང་དག་པའི་བླ་མ་རྙེད་ནས། ལོག་པའི་བཤེས་གཉེན་གྱི་དབང་དུ་སོང་ན་སྒོག་སྐྱ་དང་དུག་སྡོང་དང་འདྲ་སྟེ། སྒོག་སྐྱ་ཉེ་ན་མམ། ལོག་པའི་བཤེས་གཉེན་བསྟེན་ན། ཁྱོད་ཀྱི་བླ་མས་འདི་བྱས་སྐྱོན་འདི་ཡོད་ཟེར་ནས། གར་ཕྱིན་ཕྱིན་དུ་བརྗོད་དུ་འོང་བ་ཡིན། དུག་གི་སྡོང་པོའི་རྩ་བ་དུག ལོ་མ་ཡང་དུག འབྲས་བུ་ཡང་དུག དེ་ལ་གང་ཉེ་ཉེ་ཕུང་དུ་འོང་བ་ཡིན། དེས་ན་ལོག་པའི་བཤེས་གཉེན་དེ་ལྟ་བུའོ། །མཚན་ཉིད་ནི་བླ་མ་ལྔ་བཅུ་པ་ནས་གསུངས་པའི་ཞལ་ནས་ཆོས་བཤད་ཅིང་རང་གིས་མི་དགེ་བ་ལ་སྤྱོད། གཞན་མི་དགེ་བ་ལ་སྦྱོར་བའོ། །གཉིས་པ་ཡང་དག་པའི་བླ་མ་རྙེད་ནས་བསྟེན་ཐབས་ནི། སྐུ་གསུང་ཐུགས་ཀྱི་དགོངས་པ་ཏིང་ངེ་འཛིན་དང་མཁྱེན་པའོ། །བླ་མའི་རྣམ་ཐར་རང་གིས་འཛིན་པ་ལ་བསླབ་རྒྱུའོ། །རྟག་ཆད་དང་མུ་མཐའ་དང་མཐར་འཛིན་པ་ཐམས་ཅད་ནི་ལམ་ནོར་བའོ། །མ་ནོར་བ་ནི་ས་ལམ་དང་མཆོག་གི་ལམ་ཟབ་མོ་བླ་མའི་ལམ་མོ། ཡིན་ཡང་ས་ལམ་ནི་ལམ་ནོར་ས་ཡོད་པས་མ་ནོར་བ་གལ་ཆེའོ། །ཡུལ་བླ་མ་ལ་མོས་གུས་བྱེད་དུ་བཅུག་ཙམ་ན། མོས་གུས་མི་སྐྱེ་བར་བླ་མས་ཅི་མཛད་ལོག་པར་མཐོང་བ་ཡོད་པས་ལོག་རྟོག་སྤོང་བའོ། །བླ་མར་སངས་རྒྱས་ཀྱི་འདུ་ཤེས་ན་མོས་གུས་ཡིན། མོས་གུས་ཀྱིས་བླ་མ་དབང་དུ་བྱེད་པ་ཡིན་ཏེ། རིན་པོ་ཆེའི་ཞལ་ནས། བཅུད་པ་གསུམ་གྱི་འཁྲུལ་འཁོར་གསུངས་པ་སྟེ། ཕྱིན་ཅི་ལོག་གིས་བཅུད་པ་དང༌། བཅུད་པ་དངོས་པོའོ། །ཕྱིན་ཅི་ལོག་ལ་ཕྱི་ནང་གསུམ། གསང་བ་ནང་གི་བཅུད་པ་སྟེ། གནས་ལ་གསང་ཚིག་ཡོད་པས་གནད་ལ་བོར་ཞིང་འཐབ་པས་བཅུད། བར་གྱི་བཅུད་པ་དགེ་བའི་བཤེས་གཉེན་ཀུན་གྱི་ཡོན་ཏན་དང་ཤེས་པ་ཆེ་བས། ཆོས་སླ། བླ་མ་བས་ང་མཁས། མཁྱེན་རྒྱ་ང་ཆེ། བླ་མས་ཆོས་མི་ཤེས་ཏེ། དེ་མིན་དུས་མཉམ་པ་གཅིག བྱུང་བས་ད་འོག་ཏུ་མགོ་མཇུག་དགོས་ལ་སོགས། ང་རྒྱལ་གྱིས་ཀུན་ནས་བསླངས་ནས་བླ་མ་ལ་འཐབ་པས་བཅུད་པའོ། །ཕྱིའི་བཅུད་པ་གྲྭ་པ་རྣམས་ཀྱིས་མོས་གུས་མེད་པས་ཡོན་ཏན་མི་མཐོང༌། ཆོས་གཤའ་མར་བྱེད་ཅིང་གསོལ་བ་སྙིང་ཐག་པ་ནས་མ་བཏབ་པས་ཡོན་ཏན་མ་བྱུང་བ་དེ་བླ་མས་ལེན་སྙམ་ནས་ཉོན་མོངས་དུག་ལྔ་དུག་གསུམ་ཁྱད་པར་དུ་གཏི་མུག་གིས་ཀུན་ནས་བསླངས་ཏེ་བླ་མ་ཆགས་སྡང་ཅན་དུ་བརྟགས་ཤིང་ང་ཐུགས་ལ་མ་བཏགས་ཟེར་ནས་སྡིག་བསོག་ཅིང་འཐབ་པས་བཅུད། དེ་གསུམ་གྱིས་དམ་ཚིག་ཉམས་ཤིང་དངོས་གྲུབ་ལས་རིང་བས་ཕྱིན་ཅི་ལོག་གི་བཅུད་པའོ། །བཅུད་པ་དངོས་ལ་གཉིས། མ་དག་པའི་བཅུད་པ་དང༌། དག་པའི་བཅུད་པའོ། །དེ་ལ་སློབ་མ་མོས་གུས་ཁྱད་པར་ཅན་ཡོད་པ་གཅིག་གི་མོས་གུས་ཀྱིས་བླ་མ་དབང་དུ་འགྱུར་བ་ཡིན་ཏེ། བླ་མ་ཉོན་མོངས་པ་དུག་ལྔ་དུག་གསུམ་སྤྱོད་པ་ལ་མོས་གུས་བྱས་ན། བླ་མ་དེ་མེ་དང་འདྲ་བས་ཉོན་མོངས་མེ་འོད་ཀྱིས་ཚིགས་པར་བྱེད། བླ་མ་དེ་ལུང་མ་བསྟན་དང་གཏི་མུག་གིས་དུས་འདའ་བར་བྱེད་པ་ལ་མོས་གུས་བྱས་ན་ལུང་མ་བསྟན་དང༌། གཏི་མུག་ཆེར་འཕེལ། བླ་མ་དེ་མོས་གུས་ཀྱི་དབང་དུ་འགྱུར་བ་དང༌། མི་འགྱུར་བ་གཉིས་ཡོད། བླ་མ་དེ་ཏིང་ངེ་འཛིན་མེད་ཅིང་འཇིག་རྟེན་གྱི་བྱ་བས་གཡེང་ནས་འདུག་པ་ལ་མོས་གུས་བྱས་ན་སློབ་མ་ཡང་ཏིང་ངེ་འཛིན་ལ་བློ་གཏད་ན། ཏིང་ངེ་འཛིན་དུ་མི་འཆར་བར་འཇིག་རྟེན་ལ་བློ་འགྲོ་བར་འགྱུར། བླ་མ་ལུས་ངག་ཡིད་གསུམ་ཐ་མལ་པ་ལ་མོས་གུས་བྱས་ན་དབང་དུ་མི་འགྱུར། དེའི་རྒྱུ་མཚན་དེ་ཧེ་ཧེ་ཧེ། དབང་དུ་འགྱུར་བ་ནི། བླ་མ་གསང་སྔགས་ཀྱི་རྩ་རླུང་གི་གནད་ཀྱིས་རིག་པ་དྭངས་པ་ལ་མོས་གུས་བྱས་ན། སློབ་མས་མོས་གུས་བྱེད་པ་དེ་དེར་འཛིན་དང་རྟོག་པ་མ་ཞུགས་པར་མིག་གིས་གཟུགས་མཐོང་བ་ལྟར་མཐོང༌། བླ་མ་ལ་མངོན་པར་ཤེས་པ་ཡོད་ན་མོས་གུས་བྱེད་པ་དེ་མཐོང༌། བླ་མ་ཐུགས་རྗེ་དང་རོ་མཉམ་པ་ཡོད་པའི་དུས་སུ་བླ་མས་སློབ་མ་དེ་དྲན། ད་ལྟ་ཡང་བླ་མ་ལ་རྫས་ཀྱི་ངོ་བོ་སྤྱན་དུ་བབས་པ་ཕུལ་བ་དྲན་པ་དང་འདྲ། སློབ་མ་དག་པ་མོས་གུས་ཀྱིས་བླ་མ་དབང་དུ་བྱེད་ཟེར་བ་དེ་དེ་ལ་ཟེར་བ་ཡིན། བླ་མ་རིན་པོ་ཆེ་འབའ་རོམ་པའི་ཞལ་ནས། འཕོ་བ་ཐུབ་པའི་བླ་མ་ཁོ་བོ་ཙམ་མིན་པ་མེད་གསུངས་པ་དེ། བླ་མ་ཉོན་མོངས་པ་དུག་ལྔ་དུག་གསུམ་སྤྱོད་པ་ལ་འཕོས་ན། ཉོན་མོངས་པས་མཚམས་སྦྱར་ནས་ངན་འགྲོར་ལྟུང༌། ཐ་མལ་པར་འདུག་པ་ལ་འཕོས་ན་ཤི་བར་མི་ཤེས་དྲན་པས་མི་ཟིན་པར་རྣམ་པར་ཤེས་པ་གར་འཁྱམས་མི་ཤེས། ༈ བླ་མ་ཡི་དམ་ལྷ་ཡི་ཏིང་ངེ་འཛིན་བརྟན་པ་ལ་འཕོས་ན། འཆི་ཀར་ཡི་དམ་ལྷ་འབྱོན་པའམ་བར་དོར་ཡི་དམ་ལྷའི་སྣང་བ་ཤར་ནས། ལོངས་སྤྱོད་རྫོགས་པའི་སྐུའི་ཞབས་དྲུང་དུ་སྐྱེ་བའམ་མཁའ་སྤྱོད་ཀྱི་དངོས་གྲུབ་འཐོབ། བདེ་གསལ་མི་རྟོག་པའི་ཉམས་ཏིང་ངེ་འཛིན་ལ་ཞུགས་པ་ལ་འཕོས་ན། ཁམས་གསུམ་གྱི་ལྷར་སྐྱེ། བླ་མ་འོད་གསལ་གྱི་ཏིང་ངེ་འཛིན་ལ་ཞུགས་པ་ལ་འཕོས་ན་འོད་གསལ་ཟིན། བླ་མ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་ཞུགས་པ་ལ་འཕོས་ན་མཆོག་གི་དངོས་གྲུབ་ཐོབ། བླ་མ་བསྟེན་ཅེས་པས་མོས་གུས་ཀྱི་བསམ་པས་སྐད་ཅིག་ཙམ་ཡང་མི་འབྲལ་བ་ལ་ཟེར་བ་ཡིན། དེ་ཙམ་གཅིག་ན་རང་སྣང་བླ་མར་འཆར་བ་ཡིན། མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཀྱང་དེ་ལས་འབྱུང་བ་ཡིན། ཆོས་མཉན་པར་འདོད་པའི་རྟེན་གྱི་གང་ཟག་སྣོད་ཡིན་ཏེ། སྐྱོན་ཅན་སྣོད་ཁ་སྦུབ་ཞབས་རྡོལ། དུག་ཅན་རྫ་སྣོད་ཡིན། སྐྱོན་མེད་རིགས་ཞེས་པ་གང་ཟག་གི་རིགས་ཡིན་ཏེ། ཨུཏྤ་ལ་ལྟ་བུ་དང༌། པདྨ། ཙན་དན། རིན་ཆེན་ལྟ་བུའོ། །དེས་ནི་ལུས་ཐོབ་འགྱུར་ལ། འཛིན་པ་ལ་ནི་རབ་ཏུ་མཁས། །སྐད་ཅིག་གིས་ནི་རྗོད་པར་བྱེད། །ཨུཏྤལ་ཞེས་བྱའི་གང་ཟག་གོ། །གཟུང་བྱ་མང་དུ་ཐོབ་གྱུར་ཀྱང༌། སྟོན་པ་ཡི་ནི་ནུས་མེད་པས། །བུམ་པའི་ནང་གི་རས་བལ་འདྲ། །པད་དཀར་ཞེས་བྱའི་གང་ཟག་གོ །དད་དང་ལྡན་ཞིང་སྙིང་རྗེ་ཤེས། །ཐོས་ན་བློ་ཡི་ཁ་འབྱེད་ལ། །ཚིགས་མེད་འོ་མ་བཞིན་འཛགས་པས། །པདྨ་ཞེས་བྱའི་གང་ཟག་གོ །ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། རྗེས་སུ་བཟུང་བར་མི་ནུས་པས། ཙན་དན་ཞེས་བྱའི་གང་ཟག་གོ །ཡང་དག་པའི་སྣོད་ནི། །ཚུལ་ཁྲིམས་ལྡན་ཞིང་མཁས་ལ་སྒྲིན། །ཤེས་རབ་ཆེ་ཞིང་རྒྱུད་གཅིག་པ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ལྟ་བུའི་གང་ཟག་གོ །དད་ཅེས་པ་ནི་དང་བའི་དད་པ་དང༌། འདོད་པའི་དད་པ། ཡིད་ཆེས་པའི་དད་པའོ། །བརྩོན་པས་དགེ་བ་ལ་སྤྲོ་བའོ། །བརྟེན་པ་ནི་བཅད་པ་ཆེ་བའོ། །སྡོམ་པ་གསུམ་སྐྱེས་པ་ནི། སོ་སོར་ཐར་པ་བྱང་ཆུབ་སེམས་དཔའོ། །རིག་པ་འཛིན་པ། སྡོམ་པ་གསུམ་གནད་གཅིག་པ་སྟེ། སྤང་བྱ་སྤོང་བ་དང༌། བསྟེན་བྱ་བསྟེན་པར་གཅིག འོ་ན་སོ་སོར་ཐར་པ་ན་འདོད་ཆགས་སྤྱད་ན་ཕམ་པར་འགྱུར། གསང་སྔགས་ན་བུད་མེད་མ་བསྟེན་ན་ལྟུང་བ་གཉིས་འགལ་ལོ་ཞེ་ན། དེ་ཡང་སྤང་བྱ་སྤོང་བ་དང༌། བསྟེན་བྱ་བསྟེན་པར་གཅིག ཤེས་རབ་ཅེས་པ་ལྷན་ཅིག་སྐྱེས་པའི་ཤེས་རབ་དང༌། སྦྱང་བའི་ཤེས་རབ་བོ། །ལྷན་ཅིག་སྐྱེས་པའི་ཤེས་རབ་སེམས་ཅན་ཀུན་ལ་ཡོད་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་པ་སོ་སོར་འཆར་བ་རིག་པ་དྭངས་པའོ། །སྦྱངས་པའི་ཤེས་རབ་ལ་གསུམ། ཐོས་པ་བསམ་པ་སྒོམ་པ་གསུམ་མོ། །གཉེན་པོ་ཞེས་པ་ནི། ཆོས་ཐོས་པས་ཐེག་པ་ཆེན་པོ་གསུམ་སོ་སོའི་གཉེན་པོར་འགྲོ་དགོས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྤང་བྱ་སྤོང་བའི་གཉེན་པོ་མི་འདོད་ཀྱང༌། སྤང་བྱ་དེ་ཉིད་གཉེན་པོ་ཡེ་ཤེས་སུ་འཆར་དགོས། གཉེན་པོར་མ་སོང་བ་ནི་ཆོས་ཉོན་མོངས་པའི་སྣོན་པར་སོང་ནས་ང་རྒྱལ་སྐྱེས་པས་རང་རྒྱུད་རེངས་པའོ། །ཡོན་ཏན་མི་སྐྱེ་བ་ཡིན་ཏེ། གཉེན་པོ་ཉིད་དུག་ཏུ་སོང་བའོ། །ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འབྲུབ་བོ། །ལས་དང་པོ་པས་ཉམས་སུ་བླང་བ་ནི། འཆི་བ་ཅེས་པ་ནི། སྔར་ཤི་བའི་དཔེ་ཟླ་མང་བས་ཀྱང་འཆི་ངེས་པ་ལ་སོགས་པའོ། །མི་རྟག་པ་སྐྱེས་ནས་ཉིན་གཅིག་གིས་འཆི་བ་ལ་ཇེ་ཉེ་སོང་བས་མི་རྟག སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་བྱས་པ་ཡིན་པས་མི་རྟག བྱས་པ་ལ་མི་རྟག་པས་ཁྱབ་པ་ལ་བྱས་པ་མི་རྟག་པ་མ་ཡིན། སྐད་ཅིག་དང་པོ་ལ་བྱས་པ་གྲུབ་པ་སྟེ། སྐད་ཅིག་མ་གཉིས་པ་བྱུང་བས། མི་རྟག་པ་ཡིན་གྱི། སྐད་ཅིག་མ་དང་པོའི་བྱས་པ་གྲུབ་པ་དེ་ནི་མི་རྟག་པ་མ་ཡིན་ནོ། །སེམས་རྟག་པ་རྒྱུན་ཆད་མེད་པ་ཡིན་ཡང༌། རྣམ་རྟོག་དུག་གསུམ་སྣང་བས་རྟོག་པའི་རང་རྟོག་གྱུར་པས་མི་དགེ་བའི་ལས་སོ་སོར་བྱས་པས། འགྲོ་བ་རིགས་དྲུག་གི་ལུས་སོ་སོར་ལེན་པས་ཀྱང་མི་རྟག སེམས་གདོད་མ་ནས་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་པ་ཡིན་ཡང་གཟུགས་སྐུ་མི་རྟག་པའི་ཚུལ་སྟོན་པའོ། །སྡིག་པ་ཕྲ་ནས་སྤོངས། དགེ་བ་ཕྲ་ནས་སྒྲུབ། སྡིག་པ་མི་དགེ་བ་ལ་ཤའུ་འཛེམས་པ་ལྟ་བུའོ། །དེ་ལྟ་བུ་ནི་ཐེག་པ་ཆུང་ངུའི་ལམ་འཁོར་བ་ལས་ཡིད་ཕྱུང་བ་གལ་ཆེའོ། །ཐར་པའི་ལམ་དུ་འགྲོ་བ་ལ་འཁོར་བ་ལས་ཡིད་བྱུང་བ་ཅིག་དགོས། ཆོས་ཀྱི་བདག་མེད་དང༌། ཞི་བ་དོན་དམ་པ་གཉིས་ཀ་རྟོགས་དགོས་པའོ། །བྱམས་པ་སྙིང་རྗེ་ཞེས་པ་ནི། གོ་རིམ་བྱམས་པ་སྔོན་དུ་གསུངས་པ་ལས་སྙིང་རྗེ་སྔོན་དུ་བསྒོམ་གསུངས་ཏེ། སྙིང་རྗེ་མ་སྐྱེས་ན་བྱམས་པ་མི་སྐྱེ། སྡུག་བསྔལ་མ་བསལ་ན་བདེ་བ་མི་སྐྱེ་ཟེར་ཏེ། བྱམས་པ་བསྒོམ་ན་བདེ་བར་འདོད། དེ་ལ་བྱམས་པ་དང་འདོད་ཆགས་གཉིས་གནད་གཅིག བྱེད་པའི་ལས་ཐ་དད། འདོད་ཆགས་སྐྱེ་བའི་ཡུལ་དང༌། བྱམས་པ་སྐྱེ་བའི་ཡུལ་གཉིས་སྡུག་པར་གཅིག བདག་གཞན་གཉིས་ཀས་བདེ་བ་མྱོང་བར་གཅིག ཐ་དད་ཀྱི་ལས་ཀྱིས་འཁོར་བ་བསྐྱེད། བྱམས་པའི་ལས་ཀྱིས་མྱ་ངན་ལས་འདས་པ་བསྐྱེད། དེ་ལ་སྤྱིར་སེམས་ཅན་ཐམས་ཅད། ཁྱད་པར་དུ་སྡང་བའམ་གནོད་པ་སྐྱེལ་བ་དེ་མདུན་དུ་བསྐྱེད་པའམ་དམིགས་པའི་ཡུལ་དུ་བྱས་ལ། འདིའི་རྒྱུད་ལ་ཟག་པ་མེད་པའི་བདེ་བ་སྐྱེས་ན་སྙམ་པ་མི་འབྲལ་བར་བསྒོམ། ཁྱད་པར་དུ་འདིའི་རྒྱུད་ལ་ཉོན་མོངས་པ་དུག་ལྔ་དུག་གསུམ་ཞི་ནས་བྱམས་པ་རྒྱུད་ལ་སྐྱེ་བར་བསྒོམ། སྤྱིར་སེམས་ཅན་ཐམས་ཅད་ཁྱད་པར་དུ་ཡང་ཡུལ་སྡུག་བསྔལ་གྱིས་ནོན་པ་མཐོང་ན་སྙིང་རྗེ་བསྒོམ། འདིའི་སྡུག་བསྔལ་ཞི་ན་ཨང་སྙམ་པ་བསྒོམ། སྡུག་བསྔལ་འདི་སེམས་ཡིན། སེམས་སྟོང་པ་ཡིན་པ་མ་རྟོགས་པར་སྙིང་རེ་རྗེ་ཨང་སྙམ་དུ་བསྒོམ། སྙིང་རེ་རྗེ་ཞེས་པའི་ཡུལ་འདི་ཡང་སེམས་སུ་སྣང༌། སྙིང་རྗེ་སྒོམ་མཁན་ཡང་སེམས་སུ་སྣང༌། འདི་གསུམ་ཀ་སེམས་གཅིག་པུའི་རང་རྩལ་དུ་གཅིག་པར་སྣང་བ་ལ། བྱེ་བྲག་ཐ་དད་དམིགས་བཅས་སུ་འཛིན་པ་མེད་པར་མ་རྟོགས་པ་སྙིང་རེ་རྗེ་སྙམ་དུ་བསྒོམ། སེམས་ཅན་མ་དྲིན་ཅན་མ་ཐམས་ཅད་ཁྱད་པར་དུ་སྡང་བ་དང་གནོད་པ་སྐྱེལ་བ་འདི་བླ་ན་མེད་པའི་བྱང་ཆུབ་ཐོབ་ན་སྙམ་དུ་བསྒོམ། བདག་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པས། སེམས་ཅན་འདི་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་ན། སྣང་གྲགས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་གསེར་འགྱུར་གྱི་རྩི་དང་འདྲ། བྱང་ཆུབ་ཀྱི་སེམས་དང་རྗེས་སུ་ཡི་རང་བ་སྒོམ་པ་གཉིས་རྩ་བ་གནད་གཅིག་པས། འདི་གཉིས་གཅིག་བསྒོམས་ན་འདོད་པའི་དོན་མྱུར་དུ་འགྲུབ། བྱང་ཆུབ་ཀྱི་སེམས་ཀྱིས་བདག་བས་གཞན་གཅེས་པ་དང༌། གཞན་ལ་རྗེས་སུ་ཡི་རང་བ་སྒོམ་པ་གཉིས་གནད་གཅིག བྱ་བ་གྲུབ་པ་ཡིན་ཏེ། གཞན་གྱི་དཔལ་ལ་ཞེ་སྡང་ཞིང་ཕྲག་དོག་ཞི་བར་བྱེད། གཞན་གྱི་ཡོན་ཏན་ལ་རྗེས་སུ་ཡི་རང་བས་ང་རྒྱལ་ཞི་བ་དང༌། ཡོན་ཏན་གྱི་གེགས་སེལ་བར་བྱེད། གཞན་གྱི་བསོད་ནམས་ལ་འདོད་པ་དང་བརྣབ་སེམས་མི་སྐྱེ་བར་རྗེས་སུ་ཡི་རང་བས། འདོད་ཆགས་དང༌། སེར་སྣ་མེད་པར་བྱེད། གཞན་ལ་རྟོགས་པ་སྐྱེས་པས་རྗེས་སུ་ཡི་རང་མ་བསྒོམ་ན་རང་གི་ཡོན་ཏན་འགྲིབ་པ་དང༌། རང་རྒྱུད་ལ་ཚོགས་རྫོགས་པ་མི་ཤེས་པས་གཏི་མུག་ཡིན། རྗེས་སུ་ཡི་རང་གིས་ཞི་བར་བྱེད། གཞན་བྱང་ཆུབ་ཀྱི་སེམས་སྦྱངས་པ་ལ་རྗེས་སུ་ཡི་རང་ན་ཚོགས་སུ་འགྱུར་བ་ཡིན་ཏེ། སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་བ། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང༌། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟར་མིན། །ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས་ཡིན་ཡང༌། །སྟོང་པ་ཉིད་དང་དབྱེར་མེད་མ་ཤེས་ན། །འབྲས་བུ་འཇིག་རྟེན་ལྷ་རུ་སྐྱེ་བ་ཡིན། །སྟོང་པ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན། །སྟོང་ཉིད་རྒྱུ་འབྲས་སུ་མི་འདོད། རྒྱུ་མཚན་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར། དཔེར་ན་ནམ་མཁའ་བཞིན། འདོད་ན་སྟོང་པ་ཉིད་ལ་སྟོང་པ་ཉིད་སྐྱེའམ། སྟོང་པ་ཉིད་ལ་གཞན་ཞིག་སྐྱེ། སྟོང་པ་ཉིད་ལ་སྟོང་པ་ཉིད་སྐྱེ་ན་ཐུག་མེད་དུ་ཐལ་བ་དང༌། རིག་པ་ཡང་མེད། སྟོང་པ་ཉིད་ལ་གཞན་ཞིག་སྐྱེ་ན། སྟོང་པ་ཉིད་མ་ཡིན་པ་གཞན་ཞིག་སྐྱེ་དགོས་པ་ཡིན་ཏེ། རྒྱུ་སྟོང་པ་ལས་དངོས་པོ་ཞིག་སྐྱེ་བར་འདོད་ན་རྒྱུ་འབྲས་འདོད་པ་རྒྱུ་འབྲས་འཆོལ་བར་འགྱུར་བའི་སྐྱོན་འབྱུང༌། སློབ་དཔོན་འཕགས་པའི་ཞལ་ནས་ཀྱང༌། འདྲ་བའི་རྒྱུ་ལ་འདྲ་བའི་འབྲས་བུ་འབྱུང༌། །མི་འདྲ་བ་ལ་ལས་ནི་མ་ཡིན་ནོ། །ཞེས་གསུངས། སྟོང་པ་ཉིད་རྟེན་འབྲེལ་ཡིན་ཏེ། གཞན་གྱི་རྐྱེན་གྱིས་སྣང་བ་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་སེམས་སྟོང་པ་ཉིད་རྐྱེན་ཇི་ལྟར་སྣང་བ་བཞིན་དུ། གཟུགས་བརྙན་མེ་ལོང་རང་ཡིན་པ་བཞིན་དུ་སྣང་བ་རང་སྟོང་པ་ཡིན་ནོ། །གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་ཐམས་ཅད་གཉིས་སུ་མེད་པར་གསུངས་པའི་དོན་འདིར་སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་བསྒོམ་པའོ། །གསང་སྔགས་ཀྱི་ཉམས་སུ་བླང་བ་ནི། བསྐྱེད་པའི་རིམ་པས་བསྐྱེད་པའི་རིམ་པའི་བསྒོམ་པ་སྟོན་ཏེ། འབྲས་བུ་སངས་རྒྱས་ཐོབ་པར་འདོད་པས་ཡི་དམ་གྱི་ལྷ་སང་ངེར་བསྒོམ། བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་ཁྲོ་མོ་དང་འཇིག་རྟེན་པའི་ལྷ་བསྒོམ་པ་ལ་སོགས་པ་དེ། རྒྱུད་པའི་རྒྱུར་འགྲོ་བ་དང༌། སོ་སོའི་ཕྲིན་ལས་འགྲུབ་པ་ཡིན་ཏེ། ལྷ་སོ་སོའི་ཕྲིན་ལས་འགྲུབ་པ་ཡིན་ལ། སངས་རྒྱས་ཐོབ་པར་འདོད་པར་སངས་རྒྱས་རང་བསྒོམ་དགོས། སེམས་སྤྱན་རས་གཟིགས་སུ་བསྒོམས་པས་སེམས་སྤྱན་རས་གཟིགས་སུ་སྣང་བ་དེ། ཤཱཀྱ་ཐུབ་པར་འདོད་པས་གཉིས་འགལ་བ་ཡིན། མཐོང་གྲུ་བཞིར་ཉི་མའི་འོད་ཟླུམ་གོར་འདོད་པ་ལྟ་བུའོ། །སྤྱིར་ལྷ་ལ་ཡང་གོམས་ཤིང་བརྟན་པ་ཐོབ་པ་དེ་བར་དོ་ན་ཡང་ལྷ་དེ་རང་སྣང་ནས་ཡོང༌། བྱང་ཆུབ་སེམས་དཔའ་ལ་སོགས་པར་བསྒོམ་ན་སངས་རྒྱས་ཀྱི་འཁོར་དུ་སྣང༌། ཤཱཀྱ་ཐུབ་པའམ་འཁོར་ལོ་བདེ་མཆོག་ཏུ་བསྒོམ་ན་རང་ཉིད་དེ་ལྟར་སྣང༌། སྒོམ་པའི་གནད་མ་འཆུག་པ་གལ་ཆེ། འདིས་ཀྱང་ཆོས་ཐམས་ཅད་རྟེན་འབྲེལ་དུ་ཤེས་དགོས་པ་ཡིན་ཏེ། བཀའ་བསྟན་བཅོས་ཀྱི་ཆོས་འགའ་རེ་ཐོས་ནས་ཚིག་ལ་མཁས་པར་རློམ་པ་ཀུན། བླ་མ་དམ་པའི་གདམས་ངག་གིས་སེམས་ལ་རྟོགས་པ་མ་ཤར་ན། རི་དྭགས་སྨིག་རྒྱུ་ལ་ཆུར་འཁྲུལ་ནས་སྐོམ་གྲིར་ཤི་བ་དང་འདྲ། རིན་པོ་ཆེའི་ཞལ་ནས། སེམས་འཁོར་བར་མི་འཁྱམས། ལུས་འཁོར་བར་འཁྱམས་པ་ཡིན་གསུངས་པ་སྟེ། སེམས་འོད་གསལ་ཆོས་ཀྱི་སྐུའི་རང་བཞིན་དུ་སྣང་ཙམ་ན། ལུས་ཀྱི་འཛིན་པ་མེད་པས་ན་སེམས་འཁོར་བར་མི་འཁྱམས། ལུས་ཤ་ཁྲག་གི་གདོས་བཅས་དེ་འཁོར་བར་འཁྱམས་པ་མ་ཡིན། ལུས་སུ་འཛིན་པ་དེ་འཁོར་བར་འཁྱམས་པ་ཡིན། ལུས་ཤ་ཁྲག་གི་གདོས་བཅས་དེ་ཞིག་པའི་དུས་སུ་ཕ་རོལ་ཏུ་འགྲོ་བ་མེད། གཟུགས་མེད་ཀྱི་ལྷ་ལ་ལུས་སུ་གྲུབ་པ་མེད་དེ་ལུས་སུ་འཛིན་པ་ཡོད་པས་གཡང་ས་ལ་ལྟུང་གིས་དོགས་པ་ཡིན། མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱང༌། གཟུགས་མེད་ཀྱང་ཡི་དྭགས་ཀྱི་གནས་སུ་འཁོར་བ། བག་ཆགས་ཀྱི་ལུས་འཁོར་བར་འཁྱམས་ཟེར་བ་ལ། དང་པོ་ལུས་ཀྱི་བག་ཆགས་གང་གིས་བཞག དེས་ན་སེམས་ཀྱིས་གོང་ལྟར་བཟུང་ཞིང་ལུས་སུ་སྣང་བ་ཡིན། ལུས་སུ་འཛིན་པ་མ་དག་པའི་བར་དུ་ལུས་འཁོར་བར་འཁྱམས་པ་ཡིན། འཛིན་པ་དག་ནས་ཀྱང་གཟུགས་སྐུ་སེམས་ཅན་གྱི་དོན་དུ་སྣང༌། རྫོགས་པའི་རིམ་པས་ཆོས་ཐམས་ཅད་རང་གི་སེམས། སེམས་ཕྱག་རྒྱ་ཆེན་པོར་རྫོགས་པའོ། །སེམས་ཅན་གྱི་སེམས་དང་སངས་རྒྱས་ཀྱི་ཐུགས་གཉིས་ཁྱད་པར་མེད་པ་ཡིན་པས། དེ་རྟོགས་ནས་བོགས་འདོན་རྒྱུའམ་སྐྱེད་དབྱུང་རྒྱུ་མེད་པར་རྫོགས། རིམ་པ་ནི་ས་དང་ལམ་དང་རྟོགས་ཚད་རེ་རེ་ལ་རིམ་པར་བཞག་པ་ཡིན། བསྐྱེད་རྫོགས་གཉིས་ལམ་ཡིན་ཡང༌། བསྐྱེད་རྫོགས་གཉིས་ཡ་བྲལ་ན་ལམ་དུ་མི་འགྲོ་བའོ། །རྣམ་དག་ཅེས་པ་ནི། སེམས་གདོད་མ་ནས་དག་པ་ཤེལ་གོང་ལྟར་དྲི་མས་གོས་མ་མྱོང༌། སེམས་ཀྱི་གསལ་ཆ་ཐབས་སུ་ཆེ་བ་ཡིན་ཏེ། གསང་སྔགས་ནས་གསུངས་པའི་མཚན་བཅས་ཐམས་ཅད་དོ། རང་བཞིན་བྱུང་ཚུལ་ཡིན་ཏེ། ལུས་ངག་ཡིད་གསུམ་རང་བཞིན་གྱིས་གནས་པ་འཆི་ཀའི་རྟགས་དང་བར་དོའི་སྣང་ལུགས་སོ། །གནད་ཆེ་བ་ཡིན་ཏེ། དེ་དག་རེ་རེ་ལུས་ཀྱི་གནད། དུས་ཀྱི་གནད། ཡུལ་གྱི་གནད། ཤེས་པའི་གནད་དང་བཞི་དགོས་པའོ། །བསྐྱེད་པའི་རིམ་པ་དང་ཐབས་ཀྱི་ཆ་ཐམས་ཅད་དང༌། སྣང་བ་སྣ་ཚོགས་སེམས་ཕྱག་རྒྱ་ཆེན་པོ་ཟུང་དུ་འཇུག མཐར་ཐུག་མི་སློབ་པ་རུ་མ་ཕྱིན་པར་ཉམས་སུ་ལེན་པའོ། །གཞི་ལ་གནས་པ་ཞེས་པ་ནི། སེམས་གསལ་བ་ཅིར་ཡང་སྣང་བ་རྣམ་རྟོག་ཕྱོགས་མེད་དུ་འཕྲོ་བ་སྤྲུལ་པའི་སྐུ། སྣ་ཚོགས་སུ་སྣང་བ་དེ་ཉིད་ཟག་པ་མེད་པའི་བདེ་བ་ཆེན་པོར་མྱོང་བ་ལོངས་སྤྱོད་རྫོགས་པའི་སྐུ། དེ་དག་གདོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པ་རྟོག་མེད་ཆོས་ཀྱི་སྐུར་གནས་པའོ། །གསུམ་པ་ཐ་དད་མ་ཡིན་དབྱེར་མེད་པ་བདེ་བ་ཆེན་པོའི་སྐུའོ། །མཐར་ཐུག་འབྲས་བུ་ལ་ཡང་དེ་ལས་གཞན་ཞིག་མངོན་དུ་གྱུར་དུ་མེད། དེ་ལྟར་ཡིན་ཡང་ལམ་ཉམས་སུ་བླངས་པས་སྒྲིབ་པ་འདག་ཅིང་འབྲས་བུ་མངོན་དུ་བྱེད་པ་ནི། ནོར་བུ་རིན་པོ་ཆེ་འཇིམ་པས་གཏུམས་པའི་དུས་སུ་ནོར་བུ་ཡིན་ཡང་དགོས་འདོད་མི་འབྱུང༌། འཇིམ་པ་བསལ་ནས་རྒྱལ་མཚན་གྱི་རྩེ་ལ་བཏགས་ན་དགོས་འདོད་འབྱུང་བས་ནོར་བུ་ཡིན་ཡང་ཁྱད་མེད། ཆུ་རྙོག་པ་དང་བཅས་ཀྱང་ཆུ་ལ་རྙོག་པ་མེད། ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་ཀྱང་སྤྲིན་དང་ཁུག་སྣར་སྣང༌། ནམ་མཁའ་ལ་ཁུག་སྣར་སྣང་ཡང་ཁུག་སྣས་སྟོང༌། གཡའ་དང་བཅས་ཀྱང་གསེར་ལ་གཡའ་མེད། ཆུ་མ་རྙོག་ན་དྭངས། གསེར་བསྲེགས་ན་གཡའ་དང་བྲལ། དེ་བཞིན་དུ་ལམ་ཉམས་སུ་བླངས་ན་སྒྲིབ་པ་འདག འབྲས་བུ་སངས་རྒྱས་མངོན་དུ་འགྱུར། ཏི་ཤྲི་རས་པས་མཛད་པ་རྫོགས་སོ། །དགེའོ།།

ཆོས་སྤྱི་དང་རང་གི་མཚན་ཉིད།

བླ་མ་བདེ་བར་གཤེགས་པ་ཐམས་ཅད་ལ། །བདག་ཉིད་གུས་པས་ཕྱག་འཚལ་འདུད། །བཀའ་དང་བསྟན་བཅོས་མན་ངག་གི །སྙིང་པོ་འགྲོ་ལ་ཕན་ཕྱིར་འབྲི། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །དུས་གསུམ་སངས་རྒྱས་གཤེགས་པའི་ལམ། །ཆོས་སྤྱི་དང་རང་གི་མཚན་ཉིད་ལ། །མ་འདྲེས་སོ་སོར་མཁྱེན་པ་ཡིན། །ཆོས་རྣམས་སྤྱི་ཡི་མཚན་ཉིད་ནི། །གྲུབ་མཐའི་བྱེ་བྲག་ཐམས་ཅད་ལ། །དགག་སྒྲུབ་རང་གཞུང་སྐྱོང་བ་དང༌། འཁོར་བ་སྤོང་ཞིང་མྱང་འདས་སྒྲུབ། །ཆོས་རྣམས་རང་གི་མཚན་ཉིད་ནི། །རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ལ། །རང་སེམས་རྟོགས་པའི་ཤེས་རབ་ཀྱིས། །ཐབས་རྣམས་ཉམས་སུ་ལེན་པ་ཡིན། །ཀྱེ་མ་སྐལ་ལྡན་ལས་འཕྲོ་ཅན། །སངས་རྒྱས་བསྟན་པ་དར་དུས་སུ། །མི་ལུས་ཐོབ་པ་བསོད་ནམས་ཆེ། །ཆོས་གཤའ་མར་གྱིས་ཤིག་དད་ཅན་རྣམས། །ཆོས་ཤིག་མ་ནོར་བྱེད་གྱུར་ན། ཐེག་པ་གསུམ་གྱི་ཉམས་ལེན་ལ། །ཡོན་ཏན་སོ་སོར་སྒྲུབ་ན་ཡང༌། །འབྲས་བུ་སངས་རྒྱས་སྒྲུབ་པར་གྱིས། །བླ་མ་གང་ཟག་ཆོས་དང་གསུམ། །ཚད་དང་ལྡན་པ་ཤིན་ཏུ་གཅེས། །དང་པོ་སློབ་མས་བླ་མ་བརྟག །བླ་མས་ཀྱང་ནི་སློབ་མ་བརྟག་པར་བྱ། །དེ་ལ་དང་པོ་བླ་མའི་མཚན་ཉིད་ནི། །ལོག་པའི་བཤེས་དང་ཡང་དག་བཤེས། །སྒོག་སྐྱ་དུག་སྡོང་ལྟ་བུ་དང༌། །འཇིག་རྟེན་ལས་དང་ངན་འགྲོར་ཁྲིད། །ཡོན་ཏན་མི་མཐོང་སྐྱོན་རྣམས་འབྱུང༌། །ཐུགས་རྗེའི་གཞན་དོན་མཛད་པ་བསྟེན། །གཉིས་པ་སློབ་མའི་མཚན་ཉིད་ནི། །སྣོད་སྐྱོན་ལོག་ལྟ་ཐེ་ཚོམ་ཅན། །ཚིག་དོན་བསྟན་ཀྱང་གོ་མི་ནུས། །སྐྱོན་ཅན་སྒྲོན་གསལ་ན་གསུངས་ཡང༌། །ཚུལ་ཁྲིམས་ལྡན་ཞིང་མཁས་ལ་སྒྲིན། །དད་དང་སྙིང་རྗེ་ཤེས་རབ་ཆེ། །ཐོས་བསམ་སྒོམ་གསུམ་རིན་ཆེན་སྣོད། །བླ་མ་ལ་གུས་སློབ་མར་བཟུང༌། །གསུམ་པ་ཆོས་ཀྱི་མཚན་ཉིད་ནི། །བཀའ་དང་བསྟན་བཅོས་མན་ངག་གི །རྒྱུ་དང་ལམ་དང་འབྲས་བུ་ལ། །གནད་བཞིས་ཉམས་སུ་བླངས་པ་ཡིས། །སངས་རྒྱས་མྱུར་དུ་ཐོབ་པ་ཡིན། །མུ་སྟེགས་ལྟ་ལོག་འགོག་པ་དང༌། །རྒྱུ་འབྲས་ཁྱད་གསོད་སྟོང་ཉིད་དང༌། །གྲུབ་མཐའི་བྱེ་བྲག་དངོས་པོ་སྨྲ། །ལོག་པའི་ཆོས་རྣམས་བརྟགས་ཤིང་དོར། །མ་བརྟགས་འཇུག་པ་སྐྱོན་ཡིན་པས། སྟོབས་པོ་ཆེའི་མདོ་ལས་ཀྱང༌། །ཆོས་རྣམས་ལེགས་པར་བརྟག་པར་གསུངས། །བརྟགས་ནས་འཇུག་པ་མཁས་པ་ཡིན། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡིས་འཆོས་པའམ། །མཁས་པས་གཞན་དག་འཇུག་མི་བྱ། །ཞེས་གསུངས་སོ། །བརྟགས་ནས་འཇུག་པའི་ཆོས་རྣམས་ནི། །ཆོས་སྒོ་བགྲང་གིས་མི་ལང་བས། །གཅིག་ཆར་ཐོད་རྒལ་རིམ་གྱི་ལམ། །དེ་གསུམ་ལམ་གྱི་ཉམས་ལེན་རྣམས། །འདིར་ནི་ཟུར་ཙམ་བརྗོད་པ་ལས། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཉི་མ་དང་ནི་འོད་ཟེར་བཞིན། །རང་སེམས་རྟོགས་པ་གཅིག་ཆར་ལམ། །ཡང་ན་རྟོགས་པའི་སྐད་ཅིག་གིས། །ས་ལམ་ཅིག་ཆར་བསྒྲོད་པ་དེ། །བླ་མ་དྭགས་པོ་རིན་ཆེན་ལ། །བླ་མ་རིན་ཆེན་འབའ་རོམ་པས། །བསྟོད་པ་གསུངས་པ་འདི་བཞིན་དུ། །ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས། །རྒྱུད་བསླབ་གསུམ་རྒྱན་ལྡན་བྱང་སེམས་འབྱོངས། །ལས་འཁོར་གསུམ་དུག་གསུམ་དྲི་མ་གསུམ། །དབྱིངས་སྐུ་གསུམ་ངང་དུ་དག་པར་མཛད། །རྗེ་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད། །ཐོད་སྒལ་བའི་གང་ཟག་དེ། །སྒོམ་ལ་རེས་ཡོད་རེས་མེད་བྱེད། །ཡོད་མེད་གཉིས་ཀ་སེམས་སུ་གཅིག །སེམས་ཉིད་ཕྱག་རྒྱ་ཆེར་པོར་གཅིག །ཐོད་སྒལ་བ་ལ་འཚམས་སྦྱོར་བསྟན། །རིམ་སྐྱེས་པ་ཡི་གང་ཟག་ལ། །ཐེག་པ་སྣ་ཚོགས་གྲུབ་མཐའ་དང༌། །ཉམས་ལེན་དཔག་མེད་གསུངས་ན་ཡང༌། །གནད་དུ་ཕོག་པ་གཙིགས་སུ་ཆེ། །རང་གི་ཐོས་བསམ་སྒོམ་གསུམ་གྱི། །གོ་རྟོགས་ཉམས་མྱོང་སྐྱེ་བ་ཡི། །ཆོས་ཀྱི་བྱེ་བྲག་འབའ་ཞིག་གིས། །རང་ལ་ཕན་པས་གཞན་ལ་ཕན་སྙམ་སྐྱེས། །ཆོས་བྱེད་སྙམ་ཡོད་པའི་གང་ཟག་ལ། །དད་པ་རྣམ་གསུམ་གཙིགས་སུ་ཆེ། །སྐྱོ་དུབ་མེད་པ་གདམས་ངག་ཡིན། །བློ་ཆོས་ལ་འགྲོ་བ་ངོ་མཚར་ཆེ། །དཀར་པོའི་ཡོན་ཏན་འབྲས་བུ་ཡིན། །རིགས་དྲུག་མཐའ་ཡས་སེམས་ཅན་ལ། །དལ་འབྱོར་གྲུབ་པ་གཙིགས་སུ་ཆེ། །འཆི་བ་མི་རྟག་བསྒོམ་པ་གདམས་ངག་ཡིན། །ཆོས་བརྒྱད་སྤངས་པ་ངོ་མཚར་ཆེ། མཐོ་རིས་ཐར་པ་འབྲས་བུ་ཡིན། །འཁོར་བ་སྡུག་བསྔལ་ཕུང་པོ་ལ། །ཡིད་འབྱུང་སྐྱོ་བ་གཙིགས་སུ་ཆེ། །མི་དགེ་སྤོང་བ་གདམས་ངག་ཡིན། །དགེ་བཅུ་སྒྲུབ་པ་ངོ་མཚར་ཆེ། །མྱ་ངན་འདས་པ་འབྲས་བུ་ཡིན། །དགེ་དང་མི་དགེའི་ལས་རྣམས་ལས། །རྒྱུ་འབྲས་རྟེན་འབྲེལ་གཙིགས་སུ་ཆེ། །གནད་བཞི་ལྡན་པ་གདམས་ངག་ཡིན། །ལུང་རིགས་མཐུན་པ་ངོ་མཚར་ཆེ། །འབྲས་བུ་སོ་སོར་འབྱིན་པ་ཡིན། །དངོས་པོ་མི་དགེའི་ཆོས་རྣམས་ལ། །བསམ་པ་དགེ་བ་གཙིགས་སུ་ཆེ། །བྱམས་སེམས་ཟིན་པ་གདམས་ངག་ཡིན། །ལུང་དང་མཐུན་པ་ངོ་མཚར་ཆེ། །བྱང་ཆུབ་ཐོབ་པ་འབྲས་བུ་ཡིན། །དངོས་པོ་དགེ་བའི་ཆོས་རྣམས་ལ། །བསམ་པ་མི་དགེས་ཟིན་གྱུར་ན། །དངོས་བསམ་མ་ནོར་གདམས་ངག་ཡིན། །ལུང་དང་མཐུན་པ་ངོ་མཚར་ཆེ། །འབྲས་བུ་འདྲེས་མར་སྨིན་པ་ཡིན། །སྡིག་པ་དགེ་བར་འདོད་པ་ལ། །ལོག་ལྟ་མེད་པ་གཙིགས་སུ་ཆེ། །རྒྱུ་འབྲས་མ་འཆོལ་གདམས་ངག་ཡིན། །ལུང་དང་མཐུན་པ་ངོ་མཚར་ཆེ། །རྒྱུ་དང་མཐུན་པ་འབྲས་བུ་ཡིན། །ཉོན་མོངས་པ་ནི་ལྔ་པོ་ལ། །གཉེན་པོ་བསྟེན་པ་གཙིགས་སུ་ཆེ། །རང་བཞིན་ཤེས་པ་གདམས་ངག་ཡིན། །མནྟྲ་དང་མཚུངས་ངོ་མཚར་ཆེ། །རིགས་ལྔ་ཡེ་ཤེས་འབྲས་བུ་ཡིན། །ཚུལ་ཁྲིམས་གཙང་མ་སྲུང་བ་ལ། །གཉེན་པོ་བསྟེན་པ་གཙིགས་སུ་ཆེ། དད་པས་བསྲུང་བ་གདམས་ངག་ཡིན། །ཟག་མེད་ཚུལ་ཁྲིམས་ངོ་མཚར་ཆེ། །འབྲས་བུ་གཟུགས་སྐུ་ཐོབ་པ་ཡིན། །མཁའ་མཉམ་སེམས་ཅན་ཐམས་ཅད་ལ། །བྱམས་དང་སྙིང་རྗེ་བསྒོམ་པ་གཙིགས་སུ་ཆེ། །བཀར་ནས་བསྒོམ་པ་གདམས་ངག་ཡིན། །ཞེ་སྡང་ཞི་བ་ངོ་མཚར་ཆེ། །འོད་གསལ་ཆོས་སྐུ་འབྲས་བུ་ཡིན། །དོན་དམ་ཀུན་རྫོབ་བྱང་སེམས་ལ། །ལྷག་པའི་བསམ་པ་གཙིགས་སུ་ཆེ། །དབྱེར་མེད་པ་བསྒོམ་པ་གདམས་ངག་ཡིན། །ལུང་དང་མཐུན་པ་ངོ་མཚར་ཆེ། །བྱང་སེམས་རང་གཟུགས་འབྲས་བུ་ཡིན། །ཕ་མ་ལ་སོགས་དྲིན་ཅན་ལ། །བཟང་ལེན་འདོད་པ་གཙིགས་སུ་ཆེ། །ངན་ལེན་མེད་པ་གདམས་ངག་ཡིན། །བློ་གཏད་ཐུབ་པ་ངོ་མཚར་ཆེ། །མི་མཐུན་ཕྱོགས་རྒྱལ་འབྲས་བུ་ཡིན། །བྱང་ཆུབ་སེམས་ཀྱི་ཕན་ཡོན་ལ། །ངེས་ཤེས་བསྐྱེད་པ་གཙིགས་སུ་ཆེ། །འབྲལ་མེད་བསྒོམ་པ་གདམས་ངག་ཡིན། །ལུང་དང་མཐུན་པ་ངོ་མཚར་ཆེ། །རྒྱལ་བའི་ཡོན་ཏན་འབྱུང་བ་འབྲས་བུ་ཡིན། །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །

གཞི་ལམ་འབྲས་བུ།

ན་མོ་གུ་རུ། གཞི་ལ་གནས་པ། ལམ་དུ་གོམས་པ། འབྲས་བུ་སྨིན་པའོ། །གཞི་ལ་གནས་པ་ཞེས་པ་ནི། བདེ་གཤེགས་སྙིང་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སེམས་ཅན་ཀུན་ལ་ཁྱབ་པར་གནས་པའོ། །དེ་ལྟར་ཡིན་པར་ཡང༌། བདེ་གཤེགས་སྙིང་པོའི་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པ་དང༌། གཞན་ཡང་ལུང་དུ་མ་ལས་གསུངས་སོ། །འོ་ན་འཁོར་བ་ན་སྡུག་བསྔལ་ལོ་སྙམ་ན། མ་རིག་པའི་དབང་གིས་དེ་ཉིད་མ་རྟོགས་པ་ཡིན་ཏེ། དེ་རྟོགས་པར་བྱེད་པ་ལ་ལྟ་བ་རྣམ་པར་དག་པ་ཞིག་དགོས། དེ་ལ་གསུམ་ཆོས་ཉིད་རྟོགས་པའི་ལྟ་བ་དང༌། རང་སེམས་རྟོགས་པའི་ལྟ་བ་དང༌། བྱིན་རླབས་ཞུགས་པའི་ལྟ་བའོ། །དང་པོ་ནི་སྣང་སྲིད་འཁོར་འདས་བེམ་རིག་ཐམས་ཅད་མི་རྟག་པའི་སྟོང་པ་ལྟ་བུ་མ་ཡིན་ཏེ། ཡེ་ནས་གནས་པའི་ཆོས་ཉིད་ཡིན། དེ་ལྟ་བུའི་ཆོས་ཉིད་ཤེས་པར་བྱ་བ་ཡིན་གྱི། ཉམས་སུ་བླང་བྱ་ནི་མ་ཡིན་ནོ། །གཉིས་པ་རང་གི་སེམས་རྟོགས་དགོས། སེམས་མ་རྟོགས་ན་སངས་མི་རྒྱ། སེམས་ལ་འཁོར་འདས་གཉིས་ཀྱི་གནས་ལུགས་ནི། རྣམ་ཤེས་ཚོགས་བརྒྱད་རྟེན་འབྲེལ་བཅུ་གཉིས་པོ། དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་ནི། གཞི་ནི་སྟོང་པ་ཉིད་ལ་ཀུན་ནི་ཆོས་ཐམས་ཅད་དོ། །དེ་ཡང་རིག་པ་དང་སྟོང་པ་དབྱེར་མེད་དུ་གནས་པ་ཡིན་ཏེ། རིག་པས་རང་ཉིད་སྟོང་པར་མ་རིག སྟོང་ཉིད་གཞན་ནས་རྟོགས་བྱར་འདོད་པ་མ་རིག་པའོ། །དེ་ནས་གཟུང་བ་དང་འཛིན་པའི་ལས་བྱས་པས་རྣམ་པར་ཤེས་པ་མྱུ་གུ་ལྟ་བུར་བསྐྱེད། སྒ་ཤི་ལ་སོགས་པ་འཁོར་བའི་ཆོས་སུ་སྣང་བའོ། །རིག་པ་རང་སྟོང་པར་ཤེས་པས་མྱ་ངན་ལས་འདས་པའི་ཆོས་སུ་སྣང་བའོ། །སྟོང་པ་ཉིད་ཀྱི་གཞི་ལ་ནི། ལས་དགེ་སྡིག་བསོགས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས། ཡིད་ཀྱི་རྣམ་པར་ཤེས་པ་བསྐུལ་ནས་སྒོ་ལྔའི་རྣམ་པར་ཤེས་པ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ཆགས་སྡང་གི་ལས་བསགས་པས་འཁོར་བའི་ཆོས་སུ་སྣང་བའོ། །རང་རིག་པའི་ཡེ་ཤེས་ཀྱིས་ཡུལ་སྒོ་ལྔ་ལ་ཉོན་མོངས་པ་ཅན་གྱི་ཡིད་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ཕྲད་ནས་ཀུན་གཞིའི་རྣམ་པར་ཤེས་པ་སྟོང་པར་རྟོགས་པས་མྱ་ངན་ལས་འདས་པའོ། །ཀུན་གཞི་ཀུན་གྱི་གཞི་ཡིན་ཀྱང༌། རྣམ་པར་བྱང་བའི་གཞི་མ་ཡིན། །ཞེས་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་ཆོས་ཉིད་སྟོང་པ་ཉིད་ཡིན་པས་སམ། །རྣམ་པར་བྱང་བའི་གཞི་མ་ཡིན་པ་ནི། འཁོར་འདས་ཀྱི་བདེ་སྡུག་ཏུ་སྣང་བ་ཡང་སྟོང་པ་ཉིད་དུ་འགྱུར་བ་མེད་པའོ། །དེ་ལྟར་ཡིན་པར་ཅིའི་ཕྱིར་ཞེ་ན། ནམ་མཁའ་འདི་ཆོས་ཅན་གཞི་ཡིན་ཏེ། སྣང་མུན་གཉིས་སྣང་བ་ཡིན་པའི་ཕྱིར་རོ། །ཡང་རྣམ་བྱང་མི་འགྱུར་བ་ཡིན་ཏེ། སྣང་མུན་འདི་ཆོས་ཅན་ནམ་མཁའ་མ་ཡིན་ཏེ་ཡུལ་གཉིས་སུ་སྣང་བ་ཡིན་པའི་ཕྱིར་རོ། ༈ །ད་ནི་གསུམ་པ། བྱིན་རླབས་ཞུགས་པའི་ལྟ་བ་ནི། བླ་མ་ཡང་དག་པའི་དགེ་བའི་བཤེས་གཉེན་གཅིག་ལ་མོས་གུས་བྱས་ཤིང་གསོལ་བ་བཏབ་ན་བྱིན་རླབས་འཇུག་སྟེ་ཅི་ཞིག་ལྟར་ལ་རང་གི་སེམས་རྟོགས་པའོ། །ལྟ་བ་གཉིས་པོ་དང་ཆོས་ཉིད་རྟོགས་པའི་ལྟ་བ་གཅིག་གམ་ཐ་དད་ཅེ་ན། གཉིས་གཅིག་ཏུ་བྱས་པའི་གཅིག་པ་མི་འདོད། འདྲ་བ་ཙམ་གཅིག་པའོ། །གཅིག་ན་སྐྱོན་ཅི་ཡོད་ཅེ་ན། བེམ་རིག་གི་ཁྱད་ཡོད་པའོ། །གཞན་ཡང་རིག་པ་བེམ་པོར་འགྲོ་བའི་གནད་ཡོད། རིག་བཅས་ཀྱི་ཆོས་སྐུ་ཡང་འདྲ་བར་གཅིག་ལ། གཉིས་གཅིག་ཏུ་བྱས་པའི་གཅིག་པ་མི་འདོད། གཅིག་པ་ལ་སྐྱོན་ཅི་ཡོད་ན། གཅིག་སངས་རྒྱས་ན་ཀུན་སངས་རྒྱས་སོ། །དེ་ལ་འབྲེལ་བ་ཡོད་དམ་མེད་ཅེ་ན། བདག་གཅིག་ཡིན་པ་ནི་དེ་ལས་བྱུང་བའི་འབྲེལ་བ་མེད་པའོ། །རྗེས་མཐུན་པ་ཡོད་དེ། འདས་པའི་སངས་རྒྱས་ཇི་ལྟར་སངས་རྒྱས་པ་བཞིན་དུ་བདག་ཀྱང་སངས་རྒྱས་པའོ། །ད་ནི་སྤྱི་དོན་གསུམ་ལ། ལམ་ནི་ས་བཅུ་ལམ་ལྔ་ལ་སོགས་པ་གསུངས་པ་ལས། འདིར་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ལ། ཀུན་བརྟགས་ཕུང་པོ་ལྔ་ལས་གཞན་དབང་དེ་བཞིན་གཤེགས་པ་ལྔའི་རྒྱས་བཏབ་ནས་ཡོངས་གྲུབ་བསྐྱེད་པའི་རིམ་པ་བསྒོམ་པའོ། །རྫོགས་པའི་རིམ་པ་ནི། མཚན་བཅས་མཚན་མེད་ལ་སོགས་པ་མང་ཞིག་གསུངས་ན་ཡང༌། རང་གི་སེམས་གསལ་བའི་ངར་དང་བཅས་པས་བདེ་བའི་ཉམས་དང་ལྡན་པ་རྟོག་མེད་ཀྱི་དོན་དང་བཅས་པའོ། །འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱིས་སངས་རྒྱས་པའོ། །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།།

བྱིས་པ་ལ་གདམས་པ་དཔེ་དོན་གཉིས་པ།

ན་མོ་གུ་རུ། ཨེ་མ་ཧོ་སེམས་ཅན་ཀུན། རང་གི་དེ་ཉིད་མཐོང་བ་ཉུང༌། །དེ་སྟོན་བླ་མ་མཐོང་བ་ཉུང༌། །དེ་ཡི་ཕྱིར་ན་ངོ་མ་མཐོང༌། །རྟག་ཏུ་འགྲོགས་ཀྱང་ཞལ་མ་མཚོ། །ཡང་ཡང་ཕྲད་ཀྱང་ངོ་མ་ཤེས། །ཅེ་རེ་ལྟ་བའི་ལོང་བ་ཀུན། །ཧུ་རེ་ཉན་པའི་འོན་པ་ཀུན། །ཧ་རེ་སྣོམ་པའི་དྲི་མེད་ཀུན། །ཁ་མྱང་མྱང་བྱེད་པའི་རོ་མེད་ཀུན། །ལུས་ལ་བརྟེན་པའི་རེག་མེད་ཀུན། །མི་དྲན་དགུ་དྲན་གྱི་བསམ་མེད་ཀུན། །དེའི་ཕྱིར་ན་མ་མཐོང་ཞེས། །བརྗོད་པ་ཁྱོད་ཀྱིས་གོ་ལགས་སམ། །བླ་མ་སངས་རྒྱས་སུ་གང་མཐོང་བ། །དུས་གསུམ་སངས་རྒྱས་མཐོང་དང་མཚུངས། །དེའི་ཕྱིར་ན་མཐོང་བ་ཉུང༌། །མཐོང་བར་འདོད་པ་གང་ཡིན་གྱིས། །ཆོས་དཔེ་དོན་འདི་དག་གོ་བར་གྱིས། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ནམ་འཕང་གཅོད་ལ་རྒོད་པོ་དགོས། །བྱིའུ་ཆུང་སྡུག་པ་སྙིང་རེ་རྗེ། །དབྱར་དགུན་ཤན་འབྱེད་གཡུ་འབྲུག་དགོས། །དེ་ཕོའི་ཐང་སྐད་སྙིང་རེ་རྗེ། །ཟིལ་གྱིས་གནོན་ལ་སེང་གེ་དགོས། །ཝ་སྐྱེས་སྡུག་པ་སྙིང་རེ་རྗེ། །ཉམ་ང་བྲལ་ལ་རྒྱ་སྟག་དགོས། །སྟག་ཆུང་བུང་བ་སྙིང་་རྗེ། །ཨེ་མ་ཧོ་སྐྱེས་བུ་ཀུན། །དལ་འབྱོར་འདོད་ན་རྒྱུ་འབྲས་དགོས། །གཟུ་ལུམ་མཁན་རྣམས་སྙིང་རེ་རྗེ། །བླ་མ་ཚོལ་ན་གྲུབ་ཐོབ་དགོས། །སུ་ཐུག་ཚོལ་ན་སྙིང་རེ་རྗེ། །ཡོན་ཏན་ཚོལ་ན་སྣོད་ལྡན་དགོས། །སྣོད་སྐྱོན་ཅན་རྣམས་སྙིང་རེ་རྗེ། །མཁས་པ་འདོད་ན་ཐོས་པ་དགོས། །ཆོག་ཤེས་ཅན་རྣམས་སྙིང་རེ་རྗེ། །བཙུན་པོ་འདོད་ན་གཉེན་པོ་དགོས། །རྐྱེན་ཁར་འཆོར་རྣམས་སྙིང་རེ་རྗེ། །གཞན་དོན་འདོད་ན་ཐུགས་རྗེ་དགོས། །རང་དོན་མཁན་རྣམས་སྙིང་རེ་རྗེ། །ལོངས་སྤྱོད་འདོད་ན་སྦྱིན་གཏོང་དགོས། །སེར་སྣ་ཅན་རྣམས་སྙིང་རེ་རྗེ། །མཉམ་ཉིད་འདོད་ན་ནམ་མཁའ་དགོས། །ཕུ་ཐུག་མུ་ཐུག་སྙིང་རེ་རྗེ། །ཟབ་མོ་འདོད་ན་རྒྱ་མཚོ་དགོས། །ཁ་གཏིང་ཐུག་རྣམས་སྙིང་རེ་རྗེ། །མཐོང་སྣང་འདོད་ན་མངོན་ཤེས་དགོས། རྨི་ལམ་མཁན་རྣམས་སྙིང་རེ་རྗེ། །རྒྱུ་འབྲས་ཤེས་ན་རྟེན་འབྲེལ་དགོས། །མགོ་བསྐོར་མཁན་རྣམས་སྙིང་རེ་རྗེ། །ལྟ་བ་འདོད་ན་རྟོགས་པ་དགོས། །བརྟག་དཔྱད་མཁས་རྣམས་སྙིང་རེ་རྗེ། །སྒོམ་པ་འདོད་ན་གཉུག་མ་དགོས། །རེས་འཇོག་མཁན་རྣམས་སྙིང་རེ་རྗེ། །ཉམས་མྱོང་འདོད་ན་སྒོམ་བསྲན་དགོས། །དང་སུན་སྡུག་པ་སྙིང་རེ་རྗེ། །རས་པ་འདོད་ན་དྲོད་རྟགས་དགོས། །རྫས་རས་མཁན་རྣམས་སྙིང་རེ་རྗེ། །རོ་སྙོམས་འདོད་ན་གཅོད་པ་དགོས། །བབ་ཅོལ་མཁན་རྣམས་སྙིང་རེ་རྗེ། །ཞེན་པ་གཅོད་ན་འཁོར་ལོ་དགོས། །གཙུག་ཆུང་བསྐོར་ཆུང་སྙིང་རེ་རྗེ། །མཐོན་པོ་འདོད་ན་དམའ་མོ་སྐྱོང༌། །མཐོ་ངོ་ཅན་རྣམས་སྙིང་རེ་རྗེ། །འབྲས་བུ་འདོད་ན་སྐུ་གསུམ་དགོས། །རེ་དོགས་ཅན་རྣམས་སྙིང་རེ་རྗེ། །ཆོས་དཔེ་དོན་འདི་དག་གོ་ལགས་ན། །ང་མཐོང་སངས་རྒྱས་མ་ཡིན་ཏེ། །བླ་མ་སངས་རྒྱས་སུ་མཐོང་ལགས་ན། །རང་སེམས་སངས་རྒྱས་སུ་མཐོང་བ་ཡིན། །དད་མེད་བླ་མ་བསྟེན་པ་རྣམས། །འགྲོགས་ཡུན་རིང་བས་གོམས་འདྲེས་ཁྱེར། །དེས་ན་ཡོན་ཏན་སྐྱེ་བར་དཀའ། །བདེ་གཤེགས་བཀའ་དང་བླ་མའི་གསུང༌། །ཡོན་ཏན་ཐམས་ཅད་རབ་རྫོགས་པ། །བླ་མ་མེད་པར་མི་འབྱུང་གསུངས། །དེ་ན་བླ་མ་དགོས་པར་གསུངས། །བག་མེད་མི་ཤེས་ཉོན་མོངས་སྤངས། །མ་གུས་ལྟུང་བ་འབྱུང་བའི་རྒྱུ། །སྤངས་ཕྱིར་དཔེ་དོན་གཉིས་ཀྱི་ཆོས། །བརྩེ་བས་གཞན་ལ་ཕན་ཕྱིར་བཀོད། །དེ་བྱུང་དགེ་བ་དྲི་མེད་འདིས། །འགྲོ་ཀུན་མཚན་མེད་ལ་བཀོད་ཤོག །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།།

ཕྱག་རྒྱ་ཆེན་པོ་བརྡའི་སྐོར་རིན་པོ་ཆེའི་ཕྲེང་བ།

ན་མོ་གུ་རུ། དགའ་ཚལ་ན་ཉམས་དགའ་ཀུན་མཐོང་ཡང༌། །གཅིག་པུར་རི་ཁྲོད་འགྲིམས་པའི་སྒྲིམ་སྙིང་སུ་ལ་ཡོད། །སྤྲེའུ་ཟན་རྡོག་ངོ་ལ་ཆུ་འཐུང་ཡང༌། །ལག་ཏུ་བཅང་བའི་ཟན་མཐོང་ག་ལ་ཡོད། །མ་ལ་བུ་བས་སྡུག་པ་མེད་ན་ཡང༌། །ཁྲོས་ནས་ཐལ་ལྕག་ལྡན་དུ་ག་ལ་ཡོད། །རིན་ཆེན་གླིང་དུ་ས་རྡོ་མེད་ན་ཡང༌། །ནོར་བུ་རིན་ཆེན་གཞན་ནས་ཅི་ལ་ཚོལ། །དྲང་པོར་སྐྱེས་པའི་དྲང་ཤིང་འཁྱོག་མེད་ན། །ཡོན་པོར་བསྲངས་པས་དྲངས་འདོད་ག་ལ་ཡིན། །སྙིང་གཏམ་ཕག་ཏུ་བཟླས་པའི་སྨྲ་བཅད་བྱས་ན་ཡང༌། །མང་པོའི་འགྱུར་བ་ཅི་ལས་བྱུང༌། །སྤྱི་ལ་ཡོད་པ་ལྐོག་སྔོགས་ཟོས་པ་ལ། །རྟོག་སྦྱོང་བྱེད་ཅིང་ཉལ་བ་ཅི་ཞིག་ཡིན། །རྒྱ་མཚོའི་རིང་སྡོད་རི་བོའི་རྩེ་ལ་ལྟོས། །གཅིག་ཏུ་རིམ་གྱིས་བགྲངས་པའི་གྲངས་རྣམས་ཀྱང༌། །སྟོང་གསུམ་ཁེངས་ན་གཅིག་ཏུ་འདུས་པ་ཡིན། །རང་མདུན་བཞག་པའི་ཟན་ལོག་མི་ཟ་བར། །ཕ་ལྟར་བཞག་པའི་ལྟོ་སྐལ་ཅི་ལ་སྙག །ཨ་ཕ་རྒས་པས་ཨ་མ་ཕ་རུ་སོང༌། །གོ་ལྡོག་རྒྱུ་འབྲས་འཆོལ་བ་ཅི་ལས་བྱུང༌། །ནམ་མཁའ་ལྟ་བུར་ཡངས་པའི་སེམས་ཉིད་ལ། །སྐར་ཁུང་ཙམ་དུ་དགག་པ་སུ་ཡིས་བྱས། །ཉི་མའི་འོད་ལས་དྲོ་བ་མེད་ན་ཡང༌། །སྙིང་འཇོམས་ཆུ་ཡང་ཆབ་རོམ་སྲ་བར་འགྱུར། །བདུད་རྩི་ལྟ་བུའི་ཟས་མཆོག་ཡོད་ན་ཡང༌། །གནས་དུས་བསྐལ་པའི་བུ་ཡིས་ཇི་ལྟར་སྤྱོད། །བཞིན་མདོག་མེ་ལོང་ནང་དུ་འཆར་བ་ལ། །སྔོ་ལ་ཉག་ནག་ཡག་འདོད་ག་ལ་ཡིན། །གནས་གཞི་ཟས་མཆོག་མངོན་དུ་གྱུར་པ་དེ། །ཟས་དང་འཕྲད་ན་ཚིམ་པར་འགྱུར། །ཡ་ཀི་སུ་ཡིན་ཚུར་ཀའི་སུ་ཡིན་ཡང༌། །ཐ་དད་མེད་པར་གཅིག་ཏུ་སུ་ཡི་ཤེས། །བུ་ཡིས་ཕྲན་གྱི་གདམས་པ་འདོད་པ་དེ། །རིན་ཆེན་ཤོག་བུའི་ངོས་ལ་ཕྲེང་བར་བསྒྱུས། །གསང་སྔགས་བརྡ་ཡིས་འཆད་པར་འགྱུར་བ་དེས། །བརྡ་མི་འཇལ་ལ་ཤེས་པ་ཅི་ཆ་ཡོད། །བརྡ་དོན་ཤེས་པར་གྱུར་པ་ཤེས་རབ་ཆེ། །སྙན་དུ་བརྫངས་པ་ཐུགས་སུ་གོ་བར་མཛོད། །རང་གིས་མྱོང་ནས་གཞན་གྱིས་རྟོགས་པར་ཤོག །དགེ་བཤེས་ཤེས་རབ་རྡོ་རྗེའི་ཞུས་པའི་ཕྱག་རྒྱ་ཆེན་པོ་བརྡ་ཡི་སྐོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལགས། ཐུགས་དགྱེེས་པར་དགོངས། འབུལ་བ་དང་ཡི་གེ་བསྐུར་བ་ཀུན་ཐེངས་ཕྱག་བྱེད་བཟང༌། མཚམས་བཅད་ནས་བཞུགས་པ་དང༌། ཐུན་མཚམས་སུ་ཆོས་བཤད་ཅིང་གཞན་དོན་བྱེད་པ་ཐོས་ནས་དགའ་བར་བྱུང༌། གཉིས་ཀ་འགྲུབ་པར་འདོད་པས་གཅིག་ཀྱང་མེད་པར་མ་བྱེད། གཉིས་མེད་ཟུང་འཇུག་ལམ་གྱི་མཆོག །སྐུ་གཉིས་དབྱེར་མེད་ཐོབ་པར་གྱིས། །བླ་མ་རིན་པོ་ཆེ་ཏི་ཤྲི་རས་པས་དགེ་བཤེས་ཤེས་རབ་རྡོ་རྗེ་ལ་བསྐུར་བ། ཕྱག་རྒྱ་ཆེན་པོ་བརྡའི་སྐོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

གདམས་པ་ཟབ་མོ།

བཀའ་དྲིན་ཅན་གྱི་བླ་མ་དམ་པ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་འདུད། །བླ་མ་དམ་པ་རྣམས་ཀྱི་ཞལ་གདམས་ཟབ་མོ་འདི། །ཅུང་ཟད་ཙམ་ཞིག་ཡི་གེར་འབྲི་བར་བྱ། །རིག་པ་ཐ་མལ་སེམས་གསུམ་ཕྲིན་ལས་དང༌། །དབང་སྡུད་སོ་སོར་མ་འདྲེས་ཐམས་ཅད་ནི། །དྲི་མེད་བདེ་བ་ཆེན་པོའི་རྟེན་འབྲེལ་དང༌། །སྐུ་གསུམ་དག་ཏུ་བསྒོམ་པ་གནད་བཅུའོ། །བླ་མའི་གསུང་ངག་ཡི་གེར་བྲིས་པ་ཡི། །ཉེས་པ་ཅི་མཆིས་མཁའ་འགྲོས་བཟོད་པར་མཛོད། །འདི་བྲིས་དགེ་བས་འགྲོ་བ་མ་ལུས་ཀུན། །ཚོགས་གཉིས་ཡོངས་རྫོགས་སྐུ་གཉིས་མངོན་གྱུར་ཤོག །དགེའོ། །ན་མོ་གུ་རུ། རིག་པའི་གནད་བཅུའི་དང་པོ། རྩ་བའི་བླ་མ་སྙིང་གི་དཀྱིལ་དུ་གསལ་བར་བསྒོམ་ལ། རྟོག་པ་གཞན་གྱིས་བར་མ་ཆོད་པར་རང་རིག་བླ་མར་མྱོང་བར་བྱ་བ་དང༌། ཡང་རང་གི་སྤྱི་བོར་བླ་མ་ནོར་བུ་དབང་གི་རྒྱལ་པོ་ལྟར་བསྒོམ་ལ། གསོལ་བ་བཏབ་པས་རང་གཞན་གཉིས་ཀའི་དགོས་འདོད་འབྱུང་བ། ཡང་བླ་མའི་སྐུ་གསུང་ཐུགས་ཀྱི་ངོ་བོར་རང་ཉིད་བསྒོམ་ལ། གཞན་གྱི་ཕྱག་དང་མཆོད་པ་བསྙེན་བཀུར་བྱེད་པ་ཅི་བྱུང་ཡང་བླ་མ་ལ་འབུལ་བ་བྱེད་པར་བསྒོམ། དེས་རང་ལ་མི་གནོད་ཅིང་གཞན་གྱི་ཚོགས་འཕེལ་བ་ཡིན་ནོ། །གཉིས་པ་སེམས་ཅན་བདེ་བར་འདོད་པའི་བྱམས་པ་སྒོམ་པ་ནི། མས་བུ་གཅིག་པ་མཐོང་བ་ལྟར་སེམས་ཅན་བདེ་བར་བསྒོམ་པ་དང༌། སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རེ་རྗེ། མས་བུ་གཅིག་པུ་མེ་འོབས་སུ་ལྷུང་བས་སྡུག་བསྔལ་བ་ལྟར་སྡུག་བསྔལ་བསལ་བར་འདོད་པའི་སྙིང་རྗེ་དང༌། ཡང་རིག་པ་སྟོང་པ་སྙིང་རྗེ་དབྱེར་མེད་དུ་བསྒོམ། སེམས་ཅན་གྱི་རྒྱུད་ལ་སྟོང་པ་སྙིང་རྗེ་དབྱེར་མེད་དུ་བསྒོམ་ལ། ཁྱད་པར་དུ་གནོད་པ་སྐྱེལ་བ་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་ཡིན་ནོ། །གསུམ་པ་རང་ཡི་དམ་ལྷར་སྒོམ་པའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་ཕྲིན་ལས་བཞི་དང་བསྟུན་ཅིང༌། སྒྲུབ་པའི་ལས་བསྒྲུབ། ཐུགས་མི་བསྙེལ་བར་ཁ་དོག་སྔོན་པོར་སྒོམ་པ་ཡིན་ནོ། །བཞི་པ་རང་རིག་ཆོས་ཐམས་ཅད་རིག་པར་བསྟུན་ནས་བསྒོམ་པའོ། །ལྔ་པ་སྒོ་ལྔའི་སོ་སོ་རང་རིག་ཏུ་སྒོམ་པའི་དུས་སུ། གཟུགས་སྒྲས་མ་འདྲེས་སྒྲ་དྲིས་མ་འདྲེས། དྲི་རོས་མ་འདྲེས། རོ་རེག་གིས་མ་འདྲེས་པར་སོ་སོར་གསལ་བར་རང་རིག་ཏུ་མ་འདྲེས་པར་བསྒོམ་པའོ། །དྲུག་པ་ཚོགས་དྲུག་གི་ཡུལ་ལ་ཐམས་ཅད་སྣང་ལ། གཅིག་ལ་དེར་འཛིན་མ་ཞུགས་པས་གཙུག་ཏོར་འཁོར་ལོའི་སྒྱུར་བའི་ལྟ་སྟངས་ཀྱིས་ཐམས་ཅད་མཐོང་ཐོས་ཚོགས་མྱོང་རིག་པས་ཡུལ་བཀར་ནས། མངོན་དུ་མི་བྱེད་པས་གཅིག་མྱོང་བ་མེད་པར་བསྒོམ་པའོ། །བདུན་པ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་ཡེ་ཤེས་སུ་མྱོང་བར་བྱས་པས། ཡེ་ཤེས་མ་ཡིན་པའི་མ་རིག་པ་དང༌། ཉོན་མོངས་པའི་དྲི་མའི་གནས་མེད་པས་མ་གོས་པའོ། །བརྒྱད་པ་རང་རིག་བདེ་བའི་གོ་ཆ་གྱོན་པས་ལུས་ངག་ཡིད་གསུམ་བདེ་སྡུག་གི་ཆོས་ཅི་བྱུང་ཡང་བདེ་བར་ཕྲིལ་ཕྲིལ་བསྒོམས་པས་ཐམས་ཅད་བདེ་བར་འཆར་རོ། །དགུ་པ་རང་གི་ལུས་ཀྱི་རྩ་གནས་ཐམས་ཅད་དང༌། རྩ་མདུད་ཆོས་འབྱུང་གྲུ་གསུམ་ཁ་དོག་དམར་པོ་ཡོད་པའི་ནང་དུ་སྟེང་འོག་གི་རླུང་ཁ་དོག་སྔོན་པོའི་ཐིག་ལེ་དཀར་པོ་ཁྲིད་ནས། ཆོས་འབྱུང་གི་ནང་དང་རྩ་གནས་ཐམས་ཅད་ཐིག་ལེས་གང་བས་རླུང་སེམས་ཀྱི་རྟེན་འབྲེལ་འགྲིགས་པས་བདེ་གསལ་མི་རྟོག་པའི་སྐུ་གསུམ་གྱི་ཉམས་འཆར་རོ། །རྩ་དང་རླུང་དང་ཐིག་ལེ་གསུམ་གྱི་རྟགས་ཡོན་ཏན་དེ་གསུམ་ལས་བྱུང་བ་ཡིན་ནོ། །གསུམ་པ་རང་གར་འདུག་གི་ས་རི་རབ་ཆེན་པོའི་སྟེང་དུ་སེང་གེའི་ཁྲི་དང་པདྨ་ཉི་མ་ཟླ་བའི་གདན་ལ་རང་ཉིད་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཕྱག་གཡས་ས་གནོན། གཡོན་མཉམ་བཞག་མཛད་པ་བསྒོམ་ལ། སྐུ་ལས་འོད་ཟེར་འཕྲོས་པས་སྐུས་འདུལ་བའི་སེམས་ཅན་གྱི་ཐུགས་རྒྱུད་བསྐུལ་ནས། བདག་མཐོང་བ་དང་ཐོས་པ་དྲན་པ་རེག་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་དག་ནས་སངས་རྒྱས་ཀྱི་སྐུ་ཐོབ་པར་བསམ་ཞིང་འོད་ཟེར་ཚུར་བསྡུའོ། །ལོངས་སྤྱོད་རྫོགས་པའི་སྐུས་འདུལ་བའི་སེམས་ཅན་རྣམས་ལ། རང་ཉིད་ཡི་དམ་གྱི་ལྷ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་བསྒོམས་ལ། མཐོང་བ་ཐོས་པ་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བསྒོམ་མོ། །ཆོས་ཀྱིི་སྐུས་འདུལ་བའི་དོན་དུ། རང་ཉིད་མཐའ་ཐམས་ཅད་དང་བྲལ་བ་འོད་གསལ་ཆོས་ཀྱི་སྐུར་བསྒོམས་ལ། བདག་དྲན་པའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་འོད་གསལ་ཆོས་ཀྱི་སྐུ་ཐོབ་པར་བསྒོམ་པའོ། །དགེའོ། །

རྨི་ལམ་ལུང་བསྟན།

ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ལོ་ཁམས་བཟང་པོ་མེ་མོ་གླང་གི་ལོར། །དུས་ཚོད་བཟང་པོ་དབྱར་གྱི་དུས། །ཟླ་མཚན་དབྱར་ཟླ་ཐ་ཆུང་ཡར་གྱི་ངོ༌། །ཟླ་བ་དྲུག་པ་གསུམ་ཚེས་ཀྱི། །རྒྱས་པའི་དུས་སུ་གྱུར་པའི་ཚེ། །རྣམ་ཤེས་རྣམ་རྟོག་གྱུར་པ་དེ། །ངོ་མཚར་ལྟད་མོ་འདི་ལྟར་སྣང༌། །ཆོས་དབྱིངས་རྣམ་དག་ཞིང་ཁམས་སུ། །སེམས་ཉིད་འོད་གསལ་རྨི་ལམ་དུ། །སྒྱུ་མ་ལུས་ཀྱི་གྲོང་ཁྱེར་དེ། །ཆོས་འབྱུང་ཡངས་པའི་གཞལ་ཡས་ཁང༌། །གྲུ་གསུམ་ཏོག་གི་ཡར་རྩེ་ལ། །ཕྱི་ནང་བར་ཆད་སེལ་བ་ཡི། །མི་འཇིགས་བྱ་ཁྱུང་ཀ་རུ་ཎ། །དེ་ཡི་གཡས་དང་གཡོན་གཉིས་སུ། །གཡུ་འབྲུག་ཆུ་སྲིན་ཀ་རུ་ཎ། །གདོན་སྲུང་སྙན་པའི་འབྲུག་སྒྲ་སྒྲོགས། །དེའི་འོག་གི་གཡས་གཡོན་ན། །སོ་སོ་ཡང་དག་ཆོས་ཀྱི་རྟགས། །ཤང་ཤང་མཛེས་པ་ཏེའུ་ན། །དེ་ཡི་འོག་གི་གཡས་གཡོན་ན། །ཐུགས་རྗེའི་བདག་ཉིད་ཤ་ར་ན། །དེ་ཡི་འོག་གི་གཡས་གཡོན་ན། །ཐེག་ཆེན་ཆོས་ནི་མཚོན་པ་ནི། །སྟོབས་ལྡན་གླང་པོ་ཧསྟ་ན། །འོག་གི་ས་གཞི་རྡོ་རྗེའི་བྲག །ཨར་མོ་ལི་ཀ་བདེ་བའི་གནས། །སྟོབས་བཅུ་མི་འཇིགས་མཚོན་པ་ཡི། །གླང་ཆེན་སེང་གེ་བཞི་ཡི་ཁྲི། །སྟོབས་བཅུ་རྣམ་འདྲེན་མཚོན་པ་ཡི། །སྟོབས་ལྡན་གྱད་ནི་ཀོ་ཀོ་ན། །མི་གཡོ་ཁྲི་ནི་འདེག་པར་བྱེད། །སངས་རྒྱས་ཆོས་ནི་མཚོན་པར་བྱེད། །སྐྱོན་གྱིས་མ་གོས་པདྨའི་གདན། །འདབ་བརྒྱད་སྣ་ཚོགས་མ་གོས་རྫོགས། །ཐབས་ཤེས་རབ་གཉིས་མེད་ཉི་ཟླའི་གདན། །དེ་ལྟ་བུ་ཡི་གཞལ་ཡས་ན། །སྣ་ཚོགས་སྣང་བའི་མཆོད་པ་བཤམས། །གཟུགས་རྡོ་རྗེ་མ་ལ་སོགས་པ་ཡིས། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །ཡོན་ཆབ་མ་ལ་སོགས་པ་ཡིས། །ཕྱི་ཡི་མཆོད་པ་སྣ་བདུན་འབུལ། །སྒེག་མོ་ལྷ་མོ་ལ་སོགས་པས། །གླུ་དང་གར་དང་རོལ་མོ་འབུལ། །དཔའ་བོ་དཔའ་མོ་རྣམས་ཀྱིས་ནི། །བྱིན་གྱིས་རློབས་ཅིང་དངོས་གྲུབ་སྟེར། །ཕག་གདོང་ལ་སོགས་བརྒྱད་ཀྱིས་ནི། །སྒོ་སྲུང་མཛད་ཅིང་བར་ཆད་སེལ། །ཡེ་ཤེས་མཁའ་འགྲོ་ཆེན་མོ་བཅུས། །ཕྱོགས་རྣམས་སྲུང་ཞིང་གནོད་པ་བཟློག །བྱ་རོག་མིང་ཅན་ཆོས་སྐྱོང་ཐམས་ཅད་ཀྱིས། །འཁོར་སྲུང་ཕྲིན་ལས་སྒྲུབ་པར་བྱེད། །གནས་དེར་བཞུགས་པའི་སྟོན་པ་དེ། །སྣང་མེད་འོད་གསལ་གྱི་ངང་ལ་བཞུགས། །ལུས་ནི་ལོངས་སྤྱོད་རྫོགས་པའི་སྐུ། །དཀྱིལ་འཁོར་འཁོར་ལོ་རྫོགས་པར་བཞུགས། །ངག་ནི་ཨ་ཧཾ་གསུང་དབྱངས་སྒྲོགས། །སྒོ་དང་བ་སྤུའི་བུ་ག་ལ། །སྤྲུལ་སྐུའི་གཞན་དོན་དཔག་མེད་བྱེད། །དེ་ལྟ་བུའི་བདག་ཉིད་ཆེན་པོ་ལ། །བཅུ་དྲུག་ལོན་པའི་ན་ཚོད་ཅན། །མཛེས་ཤིང་བཀྲག་དང་ལྡན་པའི་བུ་མོ་ཞིག །སྐུ་སྨད་དར་གྱིས་ལེགས་དཀྲིས་ཤིང༌། །གཅེར་བུ་རུས་པའི་རྒྱན་དང་ལྡན། །ཕྱག་གཡས་གྲི་གུག་ཌཱ་མ་རུ། །ཕྱག་གཡོན་ཐོད་པ་བདུད་རྩིས་བཀང༌། །ཁ་ཊྭཱྃ་ག་ནི་མཆན་ཁུང་གཡོན་ན་བསྣམས། །ནན་ཏན་བརྟགས་ཤིང་དཔྱད་ཙམ་ན། །ཁ་དོག་ཕྱོགས་གཅིག་ངེས་པ་མེད། །ནམ་མཁའི་འཇའ་དང་འདྲ་བར་སྣང༌། །གཡོམ་པོར་བལྟས་པའི་དུས་ཙམ་ན། །དཀར་ལ་དམར་བའི་མདངས་དང་ལྡན། །དེ་ལྟ་བུའི་བུ་མོ་མཛེས་མ་དེས། །བདག་ཉིད་ཆེན་པོ་མ་ཉལ་ལོངས། །བདེ་བའི་མཆོད་པ་འབུལ་ཞེས་ཟེར། །ཁྱོད་ནི་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པ་ཡིན། །བདེ་བ་སྟེར་རམ་སྡུག་བསྔལ་སྟེར། །འདོད་ཆགས་སྟེར་རམ་ཆགས་བྲལ་སྟེར། །བསླུ་བྲིད་མ་བྱེད་ཕར་སོང་སྨྲས། །འདས་པ་མ་ཡིན་འཇིག་རྟེན་བུ་མོ་ཡིན། །སྡུག་བསྔལ་ཉིད་ནི་བདེ་བ་ཆེན་པོ་ཡིན། །འདོད་ཆགས་ཉིད་ནི་ཆགས་བྲལ་བདེ་བ་ཡིན། །བསླུ་བྲིད་མ་བྱེད་ཕར་སོང་ཟེར་ལུགས་ཀྱིས། །ཆོས་བརྒྱད་འཁྲི་བ་ཡོད་པར་ངེས། །སྣང་བ་སྣ་ཚོགས་འདོད་ཡོན་བསླུ་བྲིད་ཡིན་པ་ལ། །རང་གྲོལ་རང་སྣང་ཡིན་པར་མ་ཤེས་ན། །ཐོག་མེད་དུས་ནས་བསླུས་པ་ཡི། །ད་རུང་དུ་ནི་བསླུ་དགོས་ཡོད། །ཆོས་རྣམས་འགྲོ་འོང་མེད་པར་གཅིག་པ་ལ། །ཕར་སོང་ཕར་སོང་ཟེར་ལུགས་ཀྱིས། །ཡུལ་དང་ཡུལ་ཅན་གཟུང་འཛིན་ཡོད་པར་ངེས། །འཁོར་འདས་གཉིས་མེད་ཟུང་འཇུག་ཡིན་པ་ལ། །འགྲོ་འོང་ཡོད་པར་སུ་ཡིས་མཐོང༌། །འགྲོ་འོང་ཡོད་ན་འཁྲུལ་པ་ཡིན། །སོ་སོ་རང་རང་སྟོང་པའི་ཆོས་རྣམས་ལ། །ཕར་སོང་ཕར་སོང་བྱ་བ་སུ་ལ་ཟེར། །ལར་དྲི་མས་དྲི་མ་འཁྲུད་པར་བྱེད། །ཁྱེའུས་ཁྱེའུ་འབྱིན་པར་བྱེད། །དངོས་པོས་དངོས་མེད་སྟོན་པར་བྱེད། །འཇིག་རྟེན་པས་འདས་པ་སྟོན་པར་བྱེད། །ཆགས་པས་ཆགས་བྲལ་སྟོན་པར་བྱེད། །བུད་མེད་ཀྱིས་ཤེས་རབ་དང་སྟོང་པ་སྟོན་པར་བྱེད། །སྐྱེས་པས་ཐབས་དང་སྣང་བ་སྟོན་པར་བྱེད། །འཁྲིལ་བས་ཐབས་ཤེས་གཉིས་སུ་མེད། །སྣང་སྟོང་དབྱེར་མེད་སྟོན་པར་བྱེད། །དེ་ལྟ་བུ་ཡི་རང་བཞིན་ལ། །ཐ་དད་གཉིས་འཛིན་གང་ཡང་མེད། །སྤང་བྱ་མེད་ཅིང་གཉེན་པོ་མེད། །རང་བཞིན་རྣམ་པར་དག་པ་ལ། །སྒྲིབ་དང་སྒྲིབ་བྱེད་གཉིས་ཀ་མེད། །ཐམས་ཅད་ཡོན་ཏན་རང་བཞིན་ལ། །བསྒྲུབ་བྱ་སྒྲུབ་བྱེད་གཉིས་སུ་མེད། །འབྲས་བུ་ལྷུན་གྱིས་གྲུབ་པ་ལ། །རེ་དང་དོགས་པ་གཉིས་སུ་མེད། །ཐམས་ཅད་ཟུང་འཇུག་ཡིན་པ་ལ། །ཐ་དད་འདུ་ཤེས་སྤང་བློ་ཅན། །ཆོས་བརྒྱད་ཀྱི་སྒྲོག་ཏུ་ཚུད་ཉེན་ཡོད། །རེ་དོགས་གཉིས་ཀྱི་གཡང་ལ་ལྟུང་ཉེན་ཡོད། །བརྟག་དཔྱད་དང་ཐེ་ཚོམ་མ་མང་བར། །འོད་གསལ་ཆོས་སྐུའི་ངང་ལ་བཞུགས། །ལོངས་སྐུ་བདེ་ཆེན་གྱི་ངང་ལ་བཞེངས། །སྤྲུལ་སྐུ་གཞན་དོན་དཔག་མེད་ཀྱིས། །ཐམས་ཅད་དེ་ཡིན་གང་ཡང་མ་ཡིན་ནོ། །ཐམས་ཅད་དེ་ཡིན་གཅེས་པའི་སྦྲམ་ཚིག་དེ། །ཚིག་གིས་ལེགས་པར་བསྙད་ནས་མ་བསྟན་ན། །ཟེར་ལུགས་འདི་ལས་དཔག་ཙམ་ན། །བརྡ་དང་དོན་དུ་ཨེ་གོའམ། །དེ་ལ་ཐམས་ཅད་དེ་ཡིན་ཞེས་པ་ནི། །སྣང་སྲིད་འཁོར་འདས་ཆོས་རྣམས་ཏེ། །དེ་རང་གོང་གི་ལྟད་མོ་འདི་ཡིན་ནོ། །གང་ཡང་མ་ཡིན་ཞེས་པའི་དོན་ནི། །སྣ་ཚོགས་སྣང་བ་སྟོང་པ་ཡིན། །སྣང་དང་སྣང་མེད་གཉིས་མེད་ཟུང་འཇུག་ཡིན། །དེ་སྐད་ཅེས་པ་གསུངས་པ་དང༌། །གཤེགས་པ་དང་བཞུགས་པ་མི་མངའ་ཡང༌། །ཐམས་ཅད་འོད་གསལ་ངང་ལ་ཐིམ། །འགྲོ་འོང་མེད་ཀྱང་བར་སྣང་མཁའ་ལ་གཤེགས། །ནམ་མཁའི་མཐོང་སུ་བཞུགས་ནས་ནི། །བུད་མེད་ང་དང་དཀྱིལ་འཁོར་ལྷ་ཚོགས་རྣམས། །སེམས་ཅན་སྣང་བ་ཡིན་པར་མ་ཤེས་པར། །ཞེན་པ་དང་མཚན་མར་མ་བཟུང་ཅིག །བཟུང་ན་བདུད་འཇུག་པའི་རྒྱུ་ཡིན་ནོ། །གསང་སྔགས་གསང་ནས་བསྒྲུབ་ན་འགྲུབ་ཐག་ཉེ་བའི་རྒྱུ་ཡིན་པས། །སྣོད་ལྡན་བརྟགས་ལ་གཞན་དོན་གྱིས་གསུངས་ནས་ནམ་མཁར་འཇའ་ཡལ་བ་ལྟར་གཤེགས་སོ། །རྨི་ལམ་སྣང་བ་ལུང་བསྟན་ཞེས་བྱ་བ། །མ་རིག་སྒོ་ངའི་སྦུབ་དབྱེ་ཞིང༌། །ཕྱག་རྒྱ་བཞི་དང་དབང་གསུམ་པའི་དོན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པར་བྱེད་པ། སེམས་ཅན་ཐམས་ཅད་ཀྱིས་རང་གི་སེམས་སངས་རྒྱས་སུ་མ་རིག སངས་རྒྱས་བསྒྲུབ་བྱར་འདོད་པ་མ་རིག་པ་ཡིན། མ་རིག་པ་དང་རིག་པ་གཉིས་མེད། ཤེས་མ་ཤེས་གཉིས་ཡིན། དེ་ལྟར་ཡིན་པར་ཡང་མ་རྟོགས་པ་ལ་རྟོགས་པར་བྱ་བའི་ཕྱིར། དཔེ་དང་དོན་དུ་སྦྱར་ནས་བསྟན། དེ་ལ་བྱ་ཁྱུང་གི་ཕྲུ་གུ་སྒོ་ངའི་ནང་དུ་འདུག་པའི་དུས་སུ། དབང་པོ་ལྔ་དང་འདབ་གཤོག་དང་བྱ་ཡི་ཡོན་ཏན་ཚང་བར་གནས་ཏེ། སྒོ་ངའི་རྒྱས་བཏུམས་ནས་འཕུར་མ་ནུས་པའོ། །དུས་ལ་བབ་ཙམ་ན་ཡང་བྱའི་ཡོན་ཏན་མེད་པ་མ་ཡིན། ནམ་མཁའ་ལ་འཕུར་ནུས་ཙམ་ན་ཡང་ལྷག་པ་གཅིག་བྱུང་བ་མ་ཡིན། དཔེ་དེ་བཞིན་དུ། སེམས་ཅན་གྱི་སེམས་སངས་རྒྱས་སུ་ཡོད་ཀྱང་མ་རིག་པའི་རྒྱས་བཏུམས་པས་མ་རྟོགས་པའོ། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་གནས་ཏེ། །བླ་མའི་དུས་ཐབས་བསྟན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །བྱ་ཁྱུང་གི་མཆུས་སྒོ་ང་བརྟོལ་དགོས་པར་བསྟན་པ་དང་འདྲ་བར། ཡང་དག་པའི་བླ་མས། རང་སེམས་སངས་རྒྱས་ཡིན་པར་ངོ་སྤྲད་པ་དང༌། སློབ་མས་རྟོགས་པའི་དུས་སུ། སྒོང་ཤུན་དང་འདྲ་བའི་སངས་རྒྱས་བསྒྲུབ་བྱར་འདོད་པའི་མ་རིག་པ་དང་བྲལ། སེམས་ཅན་གྱི་དུས་ན་ཡང་མེད་པ་ནི་མ་ཡིན། རྟོགས་པའི་དུས་ན་ཡང་གཞན་ནས་བྱུང་བ་མ་ཡིན། གཉིས་པ་མ་རིག་པའི་སྒོང་ངའི་སྦུབས་དབྱེ་བ་ནི། ཕོ་མོ་གཞོན་ནུ་ན་ཚོད་ལ་བབ་པ་ལ། ཉོན་མོངས་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡོད་ཀྱང༌། མཁའ་གསང་མཉམ་པར་སྦྱོར་བ་དང༌། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། ཡན་ལག་མེད་པའི་རྩིས་ལས་འདས། མ་བསྟན་པར་མི་ཤེས་སོ། །སྔར་མེད་པ་ནི་མ་ཡིན། ཤེས་པའི་དུས་ནས་གཞན་ནས་མ་བྱུང་ངོ༌། །གཞི་ལ་དེ་ལྟར་གནས་པ་དེ་རྟོགས་པར་བྱ་བའི་ཐབས་ཕྱག་རྒྱ་བཞི་ལས་གཞན་ལུས་ལས་ཀྱི་ཕྱག་རྒྱའི་དཔེ་ལ་བརྟེན་ནས་དབང་གསུམ་པ་བསྐུར་བའི་དུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པ་ཡིན། ཆོས་ཀྱི་ཕྱག་རྒྱ་བླ་མའི་གདམས་ངག་གིས་མ་བཏབ་པར་མི་གོ །ཨེ་ཝཾ་མ་ཡ། ཨེ་ཕྱག་རྒྱའི་ཆོས་འབྱུང༌། ཝྃ་རང་གི་ཐབས་ཀྱི་རྡོ་རྗེ། འགྲེང་བུ་དང་ཀླད་ཀོར་གྱིས་མཉམ་སྦྱོར་བས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བའོ། །མ་ཡ་ན་ཐེག་པ་སྟེ། བཀའ་སྡེ་སྣོད་ཀྱི་ཆོས་ཐམས་ཅད་དེ་ལས་འབྱུང་བའོ། །ཕྱག་རྒྱ་ཆེན་པོ་ཡང་ལྷུན་གྲུབ་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ཡིན་ནོ། །རྒྱུད་དམ་ཚིག་གི་ཕྱག་རྒྱ་ནི། ཝྃ་ཐབས་ཀྱི་ཡི་གེ་ལྷ་སྒོམ་པ་དང༌། གསང་སྔགས་བསྒྲང་བ་དང༌། མཚན་བཅས་ཀྱི་རྫོགས་རིམ་དང༌། བསོད་ནམས་ཀྱི་ཚོགས་ཐམས་ཅད་གཟུགས་སྐུའི་རྒྱུ་ཡིན། ཨེ་སྟོང་པ་ཉིད་ཤེས་རབ་ཆོས་ཐམས་ཅད་ཀྱི་གནས་ལུགས་རྫོགས་པས། ཡེ་ཤེས་ཀྱི་ཚོགས་ཆོས་སྐུ་ཡིན་ནོ། །ཉམས་སུ་ལེན་པ་ལ་མི་འདའ་བ་དམ་ཚིག་ཡིན་ནོ། །སྐུ་གསུམ་མངོན་དུ་གྱུར་པ་འབྲས་བུའོ། །གཞན་དོན་བྱེད་པ་ལས་མི་འདའ་བ་དམ་ཚིག་གོ །སྣོད་དང་ལྡན་པ་མ་ཡིན་པ་གཞན་ལ་མི་བསྟན་པ་དམ་ཚིག་གོ །རྨི་ལམ་ལུང་བསྟན། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།།

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཆེན་མོ།

རྟོག་མེད་ཕྱོགས་བྲལ་ཆོས་དབྱིངས་ཆོས་ཀྱི་ཕོ་བྲང་ན། །འདས་དང་མ་བྱོན་ད་ལྟའི་རྒྱལ་བ་སྲས་དང་བཅས། །ངོ་བོ་གཅིག་གྱུར་དངོས་དང་བརྒྱུད་པའི་བླ་མ་ལ། །གུས་པས་བསྟོད་ཅིང་དང་བའི་ཡིད་ཀྱིས་སྐྱབས་སུ་མཆི། །ཐུབ་པའི་ཡོན་ཏན་མ་ལུས་རྫོགས་བྱེད་ཅིང༌། །ཉོན་མོངས་པ་དང་འཁོར་བའི་སྡུག་བསྔལ་ཞི་མཛད་པའི། །ཟག་མེད་བདུད་རྩི་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །འགྲོ་བའི་དོན་དུ་སེམས་བསྐྱེད་ཆོ་ག་གསལ་བར་འབྲི། །དགེ་བའི་བཤེས་གཉེན་སེམས་བསྐྱེད་པའི་མཚན་ཉིད་དང་ལྡན་པའི་དྲུང་དུ། སེམས་བསྐྱེད་པར་འདོད་པའི་རྟེན་གྱི་གང་ཟག་གིས། གནས་ཁང་བདེ་བར་ཕྱག་བདར་བྱ་ཞིང༌། དྲི་བཟང་གིས་ཆག་ཆག་གདབ། གདུགས་དང་གནམ་ཡོལ་དང་རྒྱབ་ཡོལ་བྲི། མཆོད་རྟེན་བྱང་ཆུབ་ཆེན་པོ་ལ་སོགས་པའི་རྟེན་བཀྲམ། བླ་མའི་གདན་མཐོན་པོ་བཤམས། རྫས་རིམ་པར་བཤམས་པའི་མཆོད་པ་བཟང་ལ་མང་བར་བཤམས། གཏོར་མ་བཟང་བ་གསུམ་བཤམས་ལ། ཡར་བླ་མ་དཀོན་མཆོག་དང་ཡི་དམ་གྱི་ལྷ་ལ་འབུལ། བར་མ་དེ་ཆོས་སྐྱོང་ལ་བསྔོས་ལ་ཕྲིན་ལས་བཅོལ། འོག་མ་གཞི་བདག་དང༌། གནོད་སྐྱེལ་དང༌། རིགས་དྲུག་སྤྱི་ལ་བསྔོས་ལ། ངེད་སེམས་བསྐྱེད་བྱེད་པ་ལ་ཡ་མ་ང་ཕྲག་མ་དོག བདག་ལ་གནོད་སྐྱེལ་བ་ཁྱེད་ཀྱི་དོན་དུ་སེམས་བསྐྱེད་པ་ཡིན་བྱས་ལ་བཀའ་བསྒོ་བྱའོ། །དེ་ནས་སྲུང་བའི་འཁོར་ལོ་བསྒོམ་པར་ཡང་བྱའོ། །སྲུང་བའི་འཁོར་ལོ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་བསྐྱེད་འདི་ཡིན། ཐེག་པ་དམན་པ་ལས་ཀྱང་འདིས་སྐྱོབ། མི་དང་མི་དང་མི་མ་ཡིན་པའི་གནོད་པ་ཡང་འདིས་སྐྱོབ། ལར་དགེ་བ་ཅི་བྱེད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་སྟེ། སེམས་ཅན་ཐམས་ཅད་དྲིན་ཅན་མ་ཡིན། དགེ་བའི་དོན་དུ་སེམས་བསྐྱེད་སྙམ་དུ་སེམས་ལ་ཡིད་བཞིན་དུ་སྒོམས་མཛོད། བདག་ཅག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པར་བྱེད་ཅིང་མི་མཐུན་པའི་ཕྱོགས་སྒྲུབ་པར་བྱེད་པ་རྣམས་ཀྱིས་གཙོར་བྱས་པའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་འཐོབ་པར་བྱ། དེའི་ཕྱིར་དུས་ད་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། ནམ་མ་ཤིའི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། དུས་དེ་རིང་ནས་སང་ཉི་མ་ད་ཙམ་ཚུན་ཆད་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་སྙམ་དུ་སྒོམས་མཛོད། ཡང་རྒྱལ་ཁམས་ཡུལ་རིས་ཐམས་ཅད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཅན་མཚོ་སྐུ་ལ་ཞིང་ཁམས་དང་སྐུས་གང་བ་གཅིག་བསྒོམ། དེའི་ཐུགས་ཀར་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་བསྒོམ། དེའི་ཐུགས་ཀར་རྗེ་བཙུན་ཁྲོ་བོའི་རྒྱལ་པོ་བསྒོམ། དེའི་ཐུགས་ཀར་རང་ཉིད་ཡི་དམ་གྱི་ལྷར་བསྒོམ། དེ་ནི་སེམས་དཔའ་སུམ་རྩེག་ཚུལ་ལམ། ཡུལ་རེས་སམ། གནས་ཁང་བྱིན་གྱིས་རློབས་པའམ་སྲུང་བ་ཡང་ཡིན། ལགས་འོ་ན་འོ་སྐོལ་སངས་རྒྱས་ཀྱི་བསྟན་པ་དར་བའི་དུས་སུ་མི་ལུས་ཐོབ་པ་དེ་བསོད་ནམས་བསགས་པ་ཡིན། འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ཡིན། དེ་ལས་ཐར་བར་བྱེད་པ་ལ་ཆོས་བྱེད་དགོས་པ་ཡིན། ཆོས་ཀྱང་ཐེག་པ་གསུམ་དུ་གསུངས་པ། ལམ་རིམ་པ་བཞིན་དུ་ཞུགས་པར་གསུངས་ཀྱང༌། ཕ་རོལ་ཏུ་ཕྱིན་པ་དང༌། རྡོ་རྗེ་ཐེག་པས་སེམས་བསྐྱེད་པར་གསུངས། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་གལ་ཆེ། གལ་ཇི་ལྟར་ཆེ་ན། རང་གཞན་གཉིས་ཀྱི་བདེ་སྐྱིད་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དང་བྱང་ཆུབ་དང་བྱང་ཆུབ་ཆེན་པོ་གཉིས་ཐོབ་པ་ཡང་སེམས་བསྐྱེད་པ་ལ་རག་ལས་པས། དེས་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པས། དེ་ཡང་དང་པོ་བླ་མ་ལ་མཎྜལ་ཕུལ་ལ་མེ་ཏོག་གཅིག་ཕྱག་ཏུ་བཟུང་སྟེ། སེམས་བསྐྱེད་པའི་བླ་མ་གསོལ་བ་གདབ་པ་ནི། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་སློབ་དཔོན་ཁྱོད་ལ་བདག་གིས་སེམས་བསྐྱེད་པའི་བླ་མར་གསོལ་བ་འདེབས་ཀྱི། སློབ་དཔོན་ཁྱེད་ཀྱིས་བདག་གི་སེམས་བསྐྱེད་པའི་བླ་མ་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་ལ། བླ་མ་ལ་མེ་ཏོག་གཏོར་བར་བྱའོ། །དེ་ནས་བླ་མས་སློབ་མ་ལ་སྤྲོ་བ་དྲི་བ་ནི། ཁྱོད་ཀྱིས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བྱ་བའི་ཕྱིར་དང༌། མ་གྲོལ་བ་རྣམས་གྲོལ་བར་བྱ་བའི་ཕྱིར་དང༌། དབུགས་མ་དབྱུངས་བ་རྣམས་དབུགས་དབྱུང་བར་བྱ་བའི་ཕྱིར་དང༌། མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ན། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་འདོད་ཅིང༌། ང་ལ་བླ་མ་ཞུ་བར་སྤྲོའམ། ཞེས་དྲིས་པ་དང༌། དེས་ཀྱང་སྤྲོ་ཞེས་ལན་གདབ། སློབ་དཔོན་གྱིས་ཐབས་ཡིན་ནོ། སློབ་མས་ལེགས་སོ། །ཞེས་བརྗོད་པར་བྱའོ། འོ་ན་བྱང་ཆུབ་ཀྱི་སེམས་དེ་ཡང་རྒྱུ་དང་རྐྱེན་མ་ཚང་བ་ལ་ནི་མི་སྐྱེ། རྒྱུ་རྐྱེན་ཚང་བ་ཞིག་དགོས་པ་ནི། རྒྱུ་ལ་གཉིས། དངོས་ཀྱི་རྒྱུ་དང༌། བརྒྱུད་པའི་རྒྱུ། དངོས་ཀྱི་རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་འདོད་པའི་རྟེན་གྱི་གང་ཟག་གི་ལུས་ངག་ཡིད་གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའོ། །བརྒྱུད་པའི་རྒྱུ་བཞི་ཚང་དགོས་ཏེ། བསོད་ནམས་ཀྱི་ཚོགས་བསགས་པ། ཚད་མེད་པ་བཞི་ལ་བློ་སྦྱང་བ། སྐྱབས་སུ་འགྲོ་བ་ཁྱད་པར་ཅན་སྔོན་དུ་སོང་བ། བླ་མར་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ། དེ་བཞི་ལ་སེམས་བསྐྱེད་སྐྱེ། རྐྱེན་ཡང་དག་པའི་བླ་མས་བྱེད། རྒྱུ་རྐྱེན་གཉིས་པོ་དེ་ཚོགས་པ་ལས། ཁྱོད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལགས་པས། དེ་ལ་དང་པོ་བསོད་ནམས་ཀྱི་ཚོགས་བསགས་པ་ནི་རྒྱ་གར་ཀུན་ན། བདོག་པ་ཡོད་ཚད་ཀྱི་སུམ་ཆ་གཅིག་མཆོད་པར་བཤམས། སུམ་ཆ་གཅིག་བླ་མ་ལ་འབུལ་བ་ཡིན་པར་གདའ། འོ་སྐོལ་ཡང་འདིར་མཆོད་པ་དང༌། བླ་མ་ལ་འབུལ་བ་དང༌། མེ་ཏོག་ཚགས་བྱ་དགོས་པ་ལགས། དེ་ལ་ཚོགས་བསོག་པ་ལ་ཡང༌། དང་པོར་རྟེན་སྤྲུལ་པ་ནི། རང་གི་མདུན་དུ་མཚོ་སྔོ་ལྟེམ་མེར་བ་ཡིད་དུ་འོང་བ་གཅིག་བསམ། དེའི་དབུས་སུ་པདྨའི་སྡོང་པོ་ཤིན་ཏུ་ཆེ་བ་ཡལ་འདབ་དཔག་ཏུ་མེད་པ་གཅིག་བསམ། དེའི་དབུས་སུ་པདྨ་ལ་སེམས་བསྐྱེད་པའི་བླ་མ་བཞུགས་པར་བསམ། ཐད་ཀ་ན་ཡར་ལ་བཀའ་བརྒྱུད་ཀྱི་བླ་མ་རིན་པོ་ཆེ་རྣམས་བཞུགས་པར་བསམ། མདུན་ན་ཡི་དམ་གྱི་ལྷ་བསམ། གཡས་སུ་སངས་རྒྱས། རྒྱབ་ཏུ་ཆོས། གཡོན་ན་དགེ་འདུན། དེའི་ཕྱི་རོལ་ཀྱི་འདབ་མ་ལ་ཕྱོགས་བཅུ་དུས་གསུམ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བཞུགས་པར་བསམ། ཉན་ཐོས་དང་རང་སངས་རྒྱས། རང་གི་བླ་མ་དང༌། མཁན་པོ་དང༌། སློབ་དཔོན་དང༌། ཆོས་ཀྱི་འབྲེལ་བ་ཡོད་ཚད་བཞུགས་པར་བསམ། འོག་གི་པདྨ་ལ་དཔལ་མགོན་པོ་དང༌། དཔལ་ལྷ་མོ་དང༌། ཆོས་སྐྱོང་བའི་སྲུང་མ་ཆེན་པོ་རྣམས་ཐམས་ཅད་བཞུགས་པར་བསམ། གཞན་ཡང་དཔལ་མགོན་བདུན་ཅུ་རྩ་གཉིས། ཕྱོགས་སྐྱོང་བ་བཅུ། ཞིང་སྐྱོང་བརྒྱད། འཁོར་མ་མོ་སུམ་ཅུ་རྩ་གཉིས། ལྷ་ཆེན་པོ། ཀླུ་ཆེན་པོ། གནོད་སྦྱིན་ཆེན་པོ། གཟའ་ཆེན་པོ། རྒྱུ་སྐར་ཆེན་པོ། འཕྲོག་མ་མ་བུ། དགེ་བསྙེན་ཆེན་པོ་ཕོ་མོ། སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པ་ཐམས་ཅད་བཞུགས་པར་བསམ། དེ་ནས་སེམས་བསྐྱེད་པའི་བླ་མ་བཞུགས་པ་གཙོར་མཛད་པས་མཚོན་པར་བྱས་ནས། གོང་དུ་རྟེན་ཡིད་ཀྱིས་སྤྲུལ་པའི་ལྷ་ཚོགས་དེ་དག་གདན་དྲངས་པ་ནི། དུས་གསུམ་ཕྱོགས་བཅུར་བཞུགས་པའི་བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཚིག་འདིས་གདན་དྲངས་པར་བྱའོ། །ན་མོ་གུ་རུ། རྟོག་མེད་ཕྱོགས་བྲལ་ཆོས་དབྱིངས་ཆོས་ཀྱི་གནས་མཆོག་ནས། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །དངོས་དང་བརྒྱུད་པའི་རྗེ་བཙུན་འཁོར་དང་བཅས། །ཐུགས་རྗེ་སྨོན་ལམ་དབང་གིས་གནས་འདིར་གཤེགས། ན་མོ་གུ་རུ་བཛྲ་སརྦ་ས་མུན་ཛ་ཛ་ཧཱུྃ། ཞེས་པས་བླ་མ་གདན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་པས་གདན་དྲངས། དེ་ནས་སྐུ་ལ་བལྟ་བའི་མཆོད་པ་ནི། སེམས་བསྐྱེད་པའི་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དང༌། ཡི་དམ་གྱི་ལྷ་ཚོགས་དང༌། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་མཇལ་བ་འདི་ཨ་རེ་དགའ་སྙམ་དུ་དགའ་བ་ཆེན་པོ་མཛད། དེ་ནས་ཕྱག་འཚལ་བའི་མཆོད་པ་ནི། རང་གི་ལུས་ཞིང་གི་རྡུལ་སྙེད་ཙམ་དུ་སྤྲུལ་ལ། དེ་དག་གི་ཞབས་ལ་ཏུག་ཏུག་གཏུགས་ལ་ཕྱག་འཚལ་བར་བསམ་ལ། ཕྱོགས་བཅུ་དུས་གསུམ་འཇིག་རྟེན་ན། །རྒྱལ་བ་སྲས་བཅས་ཐམས་ཅད་དང༌། །བླ་མ་ཡི་དམ་ལྷ་ཚོགས་ལ། །བདག་གིས་གུས་པར་ཕྱག་འཚལ་ལོ། །དེ་ནས་བསྟོད་པའི་མཆོད་པ་ནི། །བླ་མ་ཡི་དམ་ལྷ་ཚོགས་དང༌། །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །ཡོན་ཏན་རྒྱ་མཚོ་རིན་ཆེན་རྣམས། །བདག་གིས་ཚངས་པའི་དབྱངས་ཀྱིས་བསྟོད། །དེ་ནས་མཆོད་པ་བྱ་བའི་རིམ་པ་ནི། མཎྜལ་ཚོམ་བུ་ཉི་ཤུ་རྩ་གཅིག་པ་བཀོད། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་འཐོབ་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཉེས་པའི་སྐྱོན་དང་བྲལ་བ། ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གང་བ། ལྷ་དང་མིའི་མཆོད་པ་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་བདེ་བ་དང་ལེགས་པ་དཔལ་ཕུན་སུམ་ཚོགས་པ་འབྱུང་བ་རིན་པོ་ཆེ་སྣ་ཚོགས་པས་གང་བའི་ཞིང་ཁམས་ཐམས་ཅད་མཎྜལ་འདིས་མཚོན་པ་མཛོད་ལ་ཕུལ་ཅིག དེ་ཡང་ཚིག་འདིའི་རྗེས་ཟློས་མཛོད་ཅིག་བྱས་ལ། དབུས་ཀྱི་རི་རྒྱལ་ལྷུན་པོ་ལ། །གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར། །ཉི་ཟླ་ཟུང་གཅིག་བསྐོར་བ་བྱེད། །གསེར་དང་དངུལ་དང་ཤེལ་དག་དང༌། །མུ་ས་གར་བྷ་བཻཌཱུརྻ། །མུ་ཏིག་དམར་དང་རྡོ་སྙིང་སྟེ། །ཀུན་གཙོ་རིན་ཆེན་སྣ་བདུན་དང༌། །བུམ་པ་བཟང་པོ་གཏེར་གྱིས་བརྒྱན། །རྗེ་བཙུན་བཀའ་དྲིན་ཅན་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ལས་དང་སྡིག་སྒྲིབ་སྦྱང་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཎྜལ་རཏྣ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །ཞེས་པས་འབུལ་ལོ། །ད་ནི་མཆོད་པའི་བྱེ་བྲག་འབུལ་བ་ནི། ཀུན་ཏུ་བཟང་པོའི་སྤྲིན་ཕུང་ངམ་རྣལ་འཕྲུལ་གྱི་མཆོད་པ་དང༌། ཡིད་ལས་བྱུང་བ་དང༌། བདག་པོས་ཡོངས་སུ་བཟུང་བ་དང༌། ཡོངས་སུ་མ་བཟུང་བ་མེད་པའི་མཆོད་པ་དང༌། གསང་སྔགས་ཕྱི་ནང་གསང་གསུམ་སྤྱི་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། རྫས་རིམ་པར་བཤམས་པའི་མཆོད་པ་དང༌། ལུས་འབུལ་བའི་མཆོད་པའོ། །དེ་ལ་མཆོད་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་དབྱེར་མེད་པ་ལས་བྱུང་བ། རྒྱ་ནམ་མཁའ་དང་ཆོས་ཀྱི་དབྱིངས་དང་མཉམ་པ། ཡུན་འཁོར་བ་མ་སྟོང་གི་བར་དུ་མཆོད་པ་འདི་དག་འབྱུང་བ། བྱེད་པའི་ལས་དུས་གསུམ་དུ་འཕགས་པ་ཐམས་ཅད་མཆོད་ཅིང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན། སྡུག་བསྔལ་ཐམས་ཅད་དང་བྲལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་མཆོད་པ་འདི་དག་ཐམས་ཅད་སངས་རྒྱས་དང་བྱུང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མོས་ལ། དེ་ཡང་ཀུན་ཏུ་བཟང་པོའི་སྤྲིན་ཕུང་གི་མཆོད་པ་ནི། ཡོན་ཆབ་ལྟ་བུ་གཅིག་ལ་ཡང་སྤྲིན་གྱི་ཕུང་པོ་ཙམ་དུ་གྱུར་པར་སོམས། རྣམ་འཕྲུལ་ནི་མར་མེ་ལྟ་བུ་གཅིག་ལ་ཡང་མཆོད་པ་ཐམས་ཅད་འབྱུང་བར་སོམས་ལ། ཉོན་མོངས་པ་ཐམས་ཅད་དག་ཅིང་ཆོས་སྐུ་ཐོབ་པའི་ཡོན་ཆབ་ཕུལ་མཛོད། ཁ་དོག་ངན་པ་སྤོངས་ཞིང་མཚན་དཔེ་ཐོབ་པའི་མེ་ཏོག་ཐམས་ཅད་དང༌། ཚུལ་ཁྲིམས་འཆར་བ་སྤོང་ཞིང་ཟག་མེད་ཚུལ་ཁྲིམས་ཐོབ་པའི་བདུག་སྤོས་ཐམས་ཅད་དང༌། མ་རིག་མུན་པ་ཐམས་ཅད་དག་ཅིང་ཟག་མེད་ཤེས་རབ་སྣང་བ་ཐོབ་པའི་སྣང་གསལ་དང༌། གཟུང་འཛིན་རྟོག་པ་ཐམས་ཅད་དག་ཅིང་ཟག་མེད་ཏིང་འཛིན་ཐོབ་པའི་དྲི་མཆོག་དང༌། ལོག་འཚོ་སྤོང་ཞིང་ཆོས་ཀྱིས་མངར་བའི་ཟས་མཆོག་ཐོབ་པའི་ཞལ་ཟས་དང༌། ངན་འགྲོ་ལོག་པའི་དགྲ་རྣམས་སྤོང་ཞིང་གསུང་དབྱངས་དྲུག་ཅུ་ཐོབ་པའི་སིལ་སྙན་དང༌། རང་གཞན་ཐམས་ཅད་ཀྱི་དབུལ་བ་སེལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་རིན་པོ་ཆེའི་ཆར་དབབ་པ་ཡང་ཕུལ་མཛོད། དེའི་དུས་སུ་རིན་པོ་ཆེ་གསེར་མཆོད་ཀྱང་བདར་བར་བྱའོ། །གཞན་ཡང་གདུགས་དང་རྒྱལ་མཚན་དང༌། པན་དང༌། བླ་བྲེ་དང༌། ཕྱེ་མའི་ཕུར་མ་ཡང་ཕུལ་མཛོད། བདག་གཞན་ཐམས་ཅད་ཚེ་རིང་བར་བྱ་བའི་ཕྱིར་འཆི་བ་མེད་པའི་བདུད་རྩི་ཡང་ཕུལ་བར་སོམས། བདག་གཞན་རྣམས་ནད་ཐམས་ཅད་ལས་ཕན་པར་བྱ་བའི་ཕྱིར་བི་ཤ་ཙི་བསམ་གྱིས་མི་ཁྱབ་པ་ཡང་ཕུལ་བར་སོམས། འོ་སྐོལ་རང་ཐམས་ཅད་ཁས་ཞན་པ་ལས་ཐར་ཅིང་ཕས་ཀྱི་རྒོལ་བ་ཐམས་ཅད་བཟློག་པའི་ཕྱིར། རྗེ་བཙུན་གསང་བའི་བདག་པོ་སྐུ་མདོག་གཟི་བརྗིད་ཅན་མང་པོ་ཡང་ཕུལ་བར་སོམས། ད་ནི་ཡིད་ལས་བྱུང་བའི་མཆོད་པ་ནི། ཀུན་ཏུ་བཟང་པོ་དང་ཡིད་ལས་བྱུང་བ་གཉིས་སེམས་ཀྱི་བྱེད་པ་གཅིག་སྟེ། འོ་ན་ཡང་ཡིད་ཀྱི་མཆོད་པ་སངས་རྒྱས་ཀྱི་ཞིང་ཁམས་དང༌། མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་དགོས་འདོད་ཐམས་ཅད་ཡིད་དུ་འོང་བའི་མཆོད་པ་ཐམས་ཅད་བློས་སྤྲུལ་ཞིང་ཕུལ་མཛོད། ད་ནི་ཡོངས་སུ་བཟུང་བ་མེད་པའི་མཆོད་པ་བྱ་བ་ནི་འཇིག་རྟེན་གྱི་ཕྱོགས་བཅུ་དུས་གསུམ་ནམ་མཁའ་དང་མཉམ་པ་ཐམས་ཅད་དང་བདག་པོའི་ཡོངས་སུ་བཟུང་བ་མེད་པ་ཆུ་གཙང་མེ་ཏོག་ལ་སོགས་རིན་པོ་ཆེའི་རི་བོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་རྣམས་ཕུལ་མཛོད། ད་ནི་ཡོངས་སུ་བཟུང་བའི་མཆོད་པ་བྱ་བ་ནི། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་ཁམས་མཆོད་པའི་ཁྱད་པར་ཐམས་ཅད་དང༌། ཡང་རིན་པོ་ཆེའི་རི་བོ། མ་རྨོས་པ་ཡི་ལོ་ཏོག འབྲས་ས་ལུའི་ལྗང་པ། ཨར་མོ་ལི་ཀའི་རྡོ་ལེབ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ཏུ་བཟུང་བ་མེད་པས་འོ་སྐོལ་རང་གིས་བཟུང་ལ་ཕུལ་མཛོད། ད་ནི་གསང་སྔགས་ཀྱི་མཆོད་པ་བྱ་བ་ནི། ཕྱི་ཡི་མཆོད་པ་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་དབང་པོ་ལྔ་ཡི་མཆོད་པ་ཕུལ་མཛོད། ཡོན་ཆབ་ལ་སོགས་པ་ཕྱི་ཡི་མཆོད་པ་ཡང་ཕུལ་མཛོད། གཟུགས་ཀྱི་ལྷ་མོ་ལ་སོགས་པ་ནང་གི་མཆོད་པ་ཡང་ཕུལ་མཛོད། དེ་བཞིན་གཤེགས་པའི་བདུད་རྩི་གསང་བའི་མཆོད་པ་ཡང་ཕུལ་མཛོད། གཟུགས་རྡོ་རྗེ་མ་ལ་སོགས་པ་འདོད་ཡོན་ལྔ་ཡི་མཆོད་པ་ཡང་ཕུལ་མཛོད། དེ་ཁོ་ན་བདེ་སྟོང་ལྷན་ཅིག་སྐྱེས་པའི་མཆོད་པ་ཡང་ཕུལ་མཛོད། ད་ནི་འདིར་བཤམས་པའི་མཆོད་པ་འདི་དག་རྫས་རིམ་པར་བཤམས་པའི་མཆོད་པ་ལགས་པས་ཨརྒྷཾ་པུ་ཛ་མེ་གྷ་པདྨ་ཀ་མ་ལ་པྲ་བ་སད་ཀ་ར་པུཥྤེ་དྷཱུ་པེ་ཙུར་ན་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་དྱ་ཤབྡ་རཏྣ་བྷི་པ་ར་ཞེས་པའི་མཆོད་པ་འབུལ། ད་ལུས་འབུལ་བའི་མཆོད་པ་ནི། བདག་གི་ལུས་ལོངས་སྤྱོད་དང་ཇི་སྲིད་ཡོད་པར་གྱུར་པའི་ལོངས་སྤྱོད་ཐམས་ཅད་དང༌། སེམས་བསྐྱེད་པའི་བླ་མ་རིན་པོ་ཆེ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ལ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་འབུལ་བར་བགྱིའོ། །ད་ནི་སྡིག་པ་བཤགས་པར་བགྱི་བ་ནི། སྟོབས་བཞིའི་སྒོ་ནས་བཤགས་པར་བྱ་སྟེ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། སོར་ཆུད་པའི་སྟོབས་སོ། །དེ་ལ་སྡིག་པ་མི་དགེ་བྱེད་པ་ནི། ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་ཀུན་ནས་བསླངས་ནས་ལུས་ངག་ཡིད་གསུམ་གྱིས་སྡིག་པ་མི་དགེ་བའི་ལས་བྱེད་དེ། སྡིག་པ་མི་བྱེད་པ་ལ་གཉེན་པོ་བསྟེན་དགོས་པ་ལགས་པས། ཞེ་སྡང་གི་གཉེན་པོ་བྱམས་པ། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ། གཏི་མུག་གི་གཉེན་པོར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྒོམས་མཛོད། རྣམ་པར་སུན་འབྱིན་ནི། ཐོག་མེད་ནས་སྡིག་པ་བྱས་པའི་དབང་གིས། ད་ལན་སྡིག་པ་བྱས་པ་དྲན་པར་བྱས་ལ། འདི་འདྲ་བ་བྱེད་པ་ལ་ཁྱོད་འདྲ་བ་གཅིག་འོང་བ་ལ་ཨང་སྙམ་དུ་བསམ། སྡིག་པ་མི་དགེ་བ་མི་བྱེད་པའི་རྟེན་སེམས་བསྐྱེད་པའི་རྟེན་བླ་མ། ཡི་དམ་གྱི་ལྷ་དང་ཇོ་བོ་དཀོན་མཆོག་གསུམ་གྱི་སྤྱན་སྔར་སྡིག་པ་མི་དགེ་བའི་ལས་བཤགས་སོ་སྙམ་དུ་བསམ། སྡིག་པ་མི་དགེ་བ་མི་བྱེད་པའི་རྟེན་ལ་བཤགས་སོ་སྙམ་དུ་བསམ། དུས་དང་རྣམ་པ་ཐམས་ཅད་དུ་བླ་མ་དང་ཡི་དམ་གྱི་ལྷ་དང་ཇོ་བོ་དཀོན་མཆོག་གསུམ་དང་མ་བྲལ་བར་བསྟེན་པས། སྡིག་པ་མི་དགེ་བའི་ལས་ཀྱིས་མི་གོས་པ་ལགས་སོ། །སོར་ཆུད་པའི་སྟོབས་སྔར་བྱས་པའི་སྡིག་པ་བཤགས་ལ་ཕྱིས་སྡིག་པ་མི་ཆོད་སྙམ་དུ་བསམ་ན་མི་འདག་པས། སྔར་སྡིག་པ་བྱས་པ་མ་ལེགས། ད་ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པ་མི་དགེ་བ་མི་བྱ་སྙམ་དུ་དམ་ཆོས། ཡོན་ཏན་ཐམས་ཅད་སྡིག་པ་དག་པ་ལས་བྱུང་བ་ལགས་པས་སྡིག་པ་ཐམས་ཅད་བཤགས་སོ་སྙམ་དུ་བསམ་ལ་ལད་མོ་མཛོད། ཧོ་རྡོ་རྗེ་བླ་མ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་དང༌། དེ་དག་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་སྤྱན་མངའ་བ། རྫུ་འཕྲུལ་གྱི་སྤྱན་མངའ་བ། རྣམ་པ་ཐམས་ཅད་ཀྱི་ཡེ་ཤེས་མངའ་བ། ཁྱེད་ཀྱི་སྤྱན་སྔར་བདག་མིང་འདི་ཞེས་བགྱི་བས། སྔོན་ཐོག་མ་མེད་པ་ནས་ཐ་མ་དེང་སང་གི་བར་དུ་མཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་དང༌། མི་དགེ་བ་བཅུ་དང༌། ལྕི་བ་བརྒྱད་དང༌། ལོག་པ་བཞི་དང༌། ཁ་ན་མ་ཐོ་བ་གཉིས་དང༌། འཕགས་པ་དང༌། དམ་པའི་ཆོས་ལ་སྐུར་པ་བཏབ་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འདོད་པ་ལ་སོགས་པའི་དབང་གིས། ཐེག་པ་ཆེ་ཆུང་གི་བསླབ་པ་བླངས་ནས། ཐེག་པ་ཆེ་ཆུང་གི་བསླབ་པ་དང་འགལ་བ་དང༌། ཉེས་པའི་ཚོགས་ཐམས་ཅད་བླ་ན་མེད་པ་སོ་སོར་བཤགས་པར་བགྱིའོ། །ཉེས་པ་ལ་ཉེས་པར་མཐོང་ངམ། སླན་ཆད་སྡོམ་མམ། སྡོམ་ལགས། ཐབས་ཡིན་ནོ། །ལེགས་སོ་བྱ། ད་ནི་རྗེས་སུ་ཡི་རང་བར་བྱ་བ་ནི། བདག་དང་སེམས་ཅན་ཐམས་ཅད་དང༌། འཕགས་པའི་ཚོགས་ཐམས་ཅད་ཀྱི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱུ་ལ་གནས་པ། ལམ་ལ་ཞུགས་པ། འབྲས་བུ་མངོན་དུ་གྱུར་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་བདག་རྗེས་སུ་ཡི་རང་བར་བགྱིའོ་སྙམ་དུ་སེམས་ལ་ལད་མོ་མཛོད། བྱང་ཆུབ་སེམས་དཔའ་ཐུགས་དང་པོར་བསྐྱེད་པ་ནས། མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་བར་གྱི་དགེ་བའི་རྩ་བ་གང་ལགས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དང༌། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་བདག་རྗེས་སུ་ཡི་རང་བར་བགྱིའོ། །ད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད། ཁྱད་པར་དུ་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུན་རིང་པོ་མ་ལོན་པ་དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་བྱ་སྟེ། དེ་ཡང་སྔོན་གྱི་དུས་སུ་ཚངས་པའི་རྒྱལ་པོས། ཚངས་པ་འབུམ་ཕྲག་ལ་སོགས་ཁྲིད་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ལྟར། རང་ཉིད་ཚངས་པའི་རྒྱལ་པོ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཐོགས་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྲིད་ནས། མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པས་མཆོད་ནས། སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་སྙམ་དུ་མོས་ལ་ལད་མོ་མཛོད། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པར་ཡང་དག་པ་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། མངོན་པར་རྫོགས་པར་སངས་རྒྱས་ནས་ཡུན་རིང་པོར་མ་ལོན་པ་དེ་དག་ཐམས་ཅད་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །ད་ནི་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་ནི། སེམས་ཅན་རྨུ་རྒོད་ཀྱིས་ཐུགས་སུན་དབྱུངས་ནས་མྱ་ངན་ལས་འདའ་བར་བཞེད་པ་ཡོད་དེ། དེ་ལྟ་བུ་ལ་མྱ་ངན་ལས་མི་འདའ་བ་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འཁོར་བ་མ་སྟོངས་ཀྱི་བར་དུ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་སྙམ་དུ་སོམས་ལ། མཆོད་པ་དཔག་ཏུ་མེད་པ་ཡང་ཕུལ་བར་སོམས་ལ་ལད་མོ་མཛོད་ཅིག ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ། ད་ནི་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱ་བ་ནི། དོན་གསུམ་དུ་ཤེས་པར་བྱ་བ་ལ། སྐྱབས་སུ་འགྲོ་བ་གཉིས་ཀྱི་ཁྱད་པར་དང་ཕན་ཡོན། དངོས་གཞི་དང་བསླབ་བྱ། ཁྱད་པར་ལ་བཞི། སྐྱབས་གནས་དང༌། དུས་དང༌། བསམ་པ་དང༌། རྟེན་གྱི་ཁྱད་པར། སྐྱབས་གནས་ཐུན་མོང་བ་དཀོན་མཆོག་གསུམ་ལ་ཐུན་མོང་སྐྱབས་སུ་འགྲོ་ལ། ཁྱད་པར་ཅན་སངས་རྒྱས་ཆོས་ཀྱི་སྐུ་དང༌། ཆོས་ཞི་བ་དོན་དམ་པ་སྟེ་མྱ་ངན་ལས་འདས་པའི་ཆོས། དགེ་འདུན་དམ་པའི་ས་གསུམ་ལ་གནས་པའོ། །ཐུན་མོང་བ་དུས་ཇི་སྲིད་འཚོ་ཡི་བར་དུའོ། །ཁྱད་པར་ཅན་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུའོ། །བསམ་པ་ཐུན་མོང་བ་རང་ཉིད་ཞི་བདེའི་དོན་དུའོ། །ཁྱད་པར་ཅན་སེམས་ཅན་ཐམས་ཅད་ཀྱི་དོན་དུའོ། །ཐུན་མོང་བས་སོ་སོར་ཐར་པ་སྡོམ་པའི་རྟེན་བྱེད། སྐྱབས་འགྲོ་ཁྱད་པར་ཅན་གྱིས་སེམས་བསྐྱེད་ཀྱི་རྟེན་བྱེད། གཉིས་པ་ཕན་ཡོན་ནི། ཇོ་བོ་ཐུགས་རྗེ་ཆེན་པོས་བརྒྱད་དུ་གསུངས་པ་ནི། ནང་པ་སངས་རྒྱས་པར་ཚུད་པའི་ཕན་ཡོན། སྡོམ་པ་ཐམས་ཅད་བླང་བའི་རྟེན་དུ་རུང་བའི་ཕན་ཡོན། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པའི་ཕན་ཡོན། བསམ་པ་ཐམས་ཅད་འགྲུབ་པའི་ཕན་ཡོན། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད་ཅིང་སྲབ་པར་འགྱུར་བའི་ཕན་ཡོན་ཡོད། རྒྱུད་ལ་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསོག་པར་འགྱུར་པའི་ཕན་ཡོན་ཡོད། ཤི་ན་ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བའི་ཕན་ཡོན་ཡོད། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕན་ཡོན་ནོ། །སྐྱབས་འགྲོ་ཁྱད་པར་བ་ཐོབ་པའི་རྟེན་གྱི་གང་ཟག་དེ་རང་ཉིད་ནང་པ་སངས་རྒྱས་པར་ཚུད་པས་མི་ཚད་དེ། སྐྱབས་འགྲོ་ཁྱད་པར་ཅན་ཐོབ་པའི་རྟེན་གྱི་གང་ཟག་དེ་ལ་བརྟེན་ནས་སེམས་ཅན་ཡང་ནང་པ་སངས་རྒྱས་པར་ཚུད་པའོ། །བར་མ་རྣམས་ཀྱང་དེ་བཞིན་ཤེས་པར་བྱའོ། །སྐྱབས་འགྲོ་ཁྱད་པར་ཅན་ཐོབ་པའི་རྟེན་གྱི་གང་ཟག་དེ་རང་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པས་མི་ཚད་དེ་སྐྱབས་འགྲོ་ཁྱད་པར་ཅན་ཐོབ་པ་དེ་ལ་བརྟེན་ནས་སེམས་ཅན་གཞན་ལ་ཡང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕན་ཡོན་ནོ། །གཉིས་པ་དངོས་གཞིའི་སྐྱབས་འགྲོ་བླང་བ་ནི། སྐབས་འདིར་མཆོད་པའི་ཚོགས་དཔག་ཏུ་མེད་པས་མཆོད་དེ། ལུས་ལོངས་སྤྱོད་ཐམས་ཅད་ཕུལ། མེ་ཏོག་རེ་ཕྱག་ཏུ་ཟུངས་ལ་བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། བདག་ཇོ་བོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་དུ་སེམས་ལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་རུང་བ་གཅིག་བསྐྱེད་ལ་རྗེས་ཟློས་མཛོད། ཧོ། རྡོ་རྗེ་བླ་མ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དཀྱིལ་འཁོར་གྱི་ལྷ་ཡི་ཁྱད་པར་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་ནས། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བ་ཐེག་པ་ཆེན་པོ་དོན་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་བྱང་ཆུབ་སེམས་དཔའི་དགེ་འདུན་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་ཕྱིར་མི་ལྡོག་པའི་བརྟུལ་ཞུགས་ཆེན་པོའི་ཚོགས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །ཞེས་བརྗོད། སློབ་མས། ལེགས་སོ། །ཞེས་བརྗོད་ལ་མེ་ཏོག་དོར། དེས་ནི་སྐྱབས་འགྲོ་དངོས་ཐོབ་པ་ཡིན། ད་ནི་གོང་དུ་བསྟན་པའི་ཕན་ཡོན་དེ་ཚོ་འབྱུང་བ་གང་ལ་རག་ལས་ན། བསླབ་བྱ་ལ་རག་ལས་པ་ཡིན་པས། བསླབ་བྱ་ལ་ཡང་གསུམ། ཐུན་མོང་དང༌། ཁྱད་པར་དང༌། རྗེས་སུ་མཐུན་པའོ། །ཐུན་མོང་ལ་ལྔ། སྐྱབས་འགྲོ་སེམས་བསྐྱེད་སྤེལ་ཞིང་སྦྱང་བ་དང༌། དཀོན་མཆོག་གསུམ་གྱི་མཆོད་པ་ལ་བརྩོན་པར་བྱ་བ་དང༌། དགོས་པ་གལ་པོ་ཆེའམ་སྡུག་བསྔལ་ཅི་བྱུང་ཡང་ཐབས་གཞན་ནས་མི་བཙལ་བ་དང༌། རྒྱལ་སྲིད་དང་སྲོག་དང་བྱ་དགའི་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤང་བ་དང༌། ཕྱོགས་གང་དང་གང་དུ་འགྲོ་བའི་ལྷ་ལ་ཕྱག་དང་མཆོད་པ་བྱ་ཞིང་སྐྱབས་སུ་འགྲོ་བ་བྱའོ། །ཁྱད་པར་ལ་གསུམ། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་ན། ལྷ་གཞན་དག་ལ་ཕྱག་མི་འཚལ་བ་དང༌། ཆོས་ལ་སྐྱབས་སུ་སོང་ན། སེམས་ཅན་གྱི་སྲོག་དང་ལོངས་སྤྱོད་ལ་གནོད་པ་མི་བྱ་བ་དང༌། དགེ་འདུན་ལ་སྐྱབས་སུ་སོང་ན་མི་མུ་སྟེགས་ཅན་མི་བསྟེན་པ་ལ་བསླབ་པའོ། །རྗེས་སུ་མཐུན་པའི་གསུམ་ནི། གུས་པས་སྒྲུབ་ཅིང་མ་གུས་པ་སྤོང་བ་ཡིན། བསླབ་པ་བཅུ་གཅིག་པོ་འདི་ལ་ཐུན་མོང་དང་ཁྱད་པར་གཉིས་ཀ་སློབ་པར་མཐུན་གསུངས། འདི་ཡི་འབྲུ་བཤད་ཞིབ་ཏུ་བླ་མའི་ཞལ་ལས་ཤེས། དེ་ཡན་ཆད་དུ་བྱས་པ་དེ་དག་ཐམས་ཅད་དགེ་བའི་རྩ་བ་ཡིན་པས། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ན་མི་ཟད་པའི་གཏེར་དུ་སྦས་པས། བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསོགས་པར་འགྱུར་བས། སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། དེའི་ཁྱད་དུ་དགེ་བའི་རྩ་བ་བསྔོ་སྙམ་དུ་སོམས་ལ་རྗེས་ཟློས་མཛོད། ཧོ། རྡོ་རྗེ་བླ་མ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། འཁོར་བ་ཐོག་མ་མེད་པ་ནས། ད་ལྟའི་དུས་འདི་ཡན་ཆད་དུ། ཕ་རོལ་ཕྱིན་པ་བཅུ་དང༌། བསྡུ་བའི་དངོས་པོ་བཞི་དང༌། དགེ་བ་བཅུ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་སྩལ་བ་དང༌། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟར་མཛད་པའི་དགེ་བའི་རྩ་བ་གཅིག་ཏུ་བསྡུས་ཤིང་བསྡོམ་ནས་བཟླུམ་སྟེ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོའོ། །ད་ནི་གསུམ་པ་ཚད་མེད་པ་བཞི་ནི། བྱམས་པ་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ། དེ་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མ་ཡིན། དེ་ཡང་ལུང་ལས། མ་ཡི་ཐོག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་སོ། །རིགས་པས་དཔྱད་ཀྱང༌། འཁོར་བ་ལ་ཐོག་མ་ཡོད་མ་མྱོང་བས། སེམས་ཅན་གཅིག་གིས་མ་བྱས་པའི་གྲངས་ཀྱང་བགྲང་གིས་མི་ལངས། མ་འདི་དག་ཐམས་ཅད་བདེ་བ་དང་ལྡན་ན་སྙམ་པ་བྱམས་པ། སྡུག་བསྔལ་མཐའ་དག་བྲལ་ན་སྙམ་པ་སྙིང་རྗེ། བདེ་བའི་རྒྱུད་མ་ཆད་པར་བརྟན་ན་སྙམ་པ་དགའ་བ། སེམས་ཅན་ཐམས་ཅད་དགྲའམ་གཉེན་ཐ་མལ་པ་གསུམ་དུ་མི་འཛིན་པར་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་བཏང་སྙོམ་མོ། །ད་ནི་བཞི་པ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་ན་སེམས་བསྐྱེད་སྐྱེ་བར་གསུངས་པས། བདག་གི་བླ་མ་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ངེས་སྙམ་དུ་བསྒོམ། བླ་མ་ལ་ཐེ་ཚོམ་བྱ་ཞིང་སངས་རྒྱས་ཀྱི་འདུ་ཤེས་མ་སྐྱེས་ན། སེམས་བསྐྱེད་མི་སྐྱེ་ལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་ན་བླ་མ་རང་གི་སེམས་ཡིན། སེམས་སངས་རྒྱས་སུ་རྟོགས་པས་སེམས་བསྐྱེད་པ་རང་ཡིན། བླ་མས་སངས་རྒྱས་ཀྱི་འདུ་ཤེས་སྐྱེ་བ་གལ་ཆེ། དེ་མན་ཆད་ཀྱིས་སྨོན་པ་སེམས་བསྐྱེད་སྐྱེ་བའི་བརྒྱུད་པའི་རྒྱུ་བཞི་གསུངས་པ་ལགས། ད་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་བ་ནི། དོན་གསུམ་གྱིས་ཤེས་པར་བྱ་སྟེ། སྟ་གོན་དུ་གནས་པ་དང༌། དངོས་གཞི་སེམས་བསྐྱེད་པ་དང༌། རྗེས་ཕྲིན་ལས་བཅོལ་བའོ། །དེ་ལ་སེམས་བསྐྱེད་སྐྱེ་བའི་གོ་བ་ནི་རྒྱུ་རྐྱེན་ཚོགས་པ་ལ་སྐྱེ་སྟེ། བརྒྱུད་པའི་རྒྱུ་སྔོན་དུ་སོང་བ་རྣམས་ཡིན་ལ། དངོས་ཀྱི་རྒྱུ་རང་གི་སེམས་རིག་པ་དྭངས་ལ་མ་འགགས་པ་འཆར་བྱེད་ཀྱི་ནུས་པ་ཐོགས་པ་མེད་པ་འདི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཉེ་བར་ལེན་པའི་རྒྱུ་ཡིན་ལ། ལྷན་ཅིག་བྱེད་པའི་རྐྱེན་ཡང་དག་པའི་བླ་མས་བྱས་ནས། རྒྱུ་རྐྱེན་གཉིས་ཚོགས་པ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས། དེ་ཡང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་པའི་བསམ་པ་དེ། སེམས་བསྐྱེད་པའི་བླ་མ་དེས་ཆོ་ག་བརྗོད་པའི་རྗེས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་པའི་བསམ་པ་བརྟན་པོ་བསྐྱེད་པ་དེ་ལགས་པས། དང་པོ་སྟ་གོན་གྱི་ཆོ་ག་བརྟེན་པ་ནི། ཡང་སྔར་བཞིན་མཆོད་པའི་ཚོགས་དེ་དག་ཐམས་ཅད་དབུལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ། ལུས་ལོངས་སྤྱོད་ཐམས་ཅད་དབུལ་ཏེ། བདག་ལུས་འབྱུང་བ་འདུས་པ་འདི། །བླ་མ་བདེ་བར་གཤེགས་པ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །བདག་ངག་བྲག་ཆ་ལྟ་བུ་འདི། །བླ་མ་བདེ་བར་གཤེགས་པ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །དྲི་མེད་གསུང་དུ་བྱིན་གྱིས་རློབས། །བདག་ཡིད་རྣམ་རྟོག་ཕུང་པོ་རྣམས། །བླ་མ་བདེ་བར་གཤེགས་པ་རྣམས་ལ་མཆོད་པ་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །རྣམ་རྟོག་ཆོས་སྐུར་བྱིན་གྱིས་རློབས། །བདག་རྒྱུད་ཟག་བཅས་བདེ་བ་འདི། །བླ་མ་བདེ་བར་གཤེགས་པ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ཟག་མེད་བདེ་བར་བྱིན་གྱིས་རློབས། །བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས། །བླ་མ་རྒྱལ་བ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས། །ད་ནི་སྟ་གོན་ལ་གནས་པའི་ཆོ་ག་བགྱི་བས། །མེ་ཏོག་རེ་ཕྱག་ཏུ་བསྣམས་ལ་རྗེས་ཟློས་མཛོད། །བདག་གིས་དེ་རིང་སྐྱེ་བོ་ཐམས་ཅད་ཀྱི་དོན་དུ། །བླ་མ་དང་དཀྱིལ་འཁོར་ལ་སོགས་ཐམས་ཅད་ཀྱི་སྤྱན་སྔར། །འགྲོ་བའི་མགོན་པོ་སངས་རྒྱས་ཉིད་དང་ནི། །བར་དུ་བདེ་བར་མགྲོན་དུ་བོས་ཟིན་གྱིས། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་ལན་གསུམ་བརྗོད་ལ་མེ་ཏོག་དོར། དེའི་དོན་གང་ལགས་ན། བདག་གིས་དེ་རིང་ཞེས་པ། དེ་རིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་ནས་བཟུང་སྟེ་དོན་ཅི་བྱེད་ན། སེམས་ཅན་གྱི་དོན་དུ་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་དཔང་པོར་བཞག་པའི་སྤྱར་སྔར། འགྲོ་བའི་མགོན་པོ་སངས་རྒྱས་ཉིད་དང་ནི། །ཞེས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་སེམས་བསྐྱེད་པ་ཡིན་ལ། བར་དུ་ཞེས་པ་སེམས་བསྐྱེད་པ་ནས་སངས་རྒྱས་ཀྱི་བར་དུ་ཡང་སེམས་ཅན་ཐམས་ཅད་བདེ་བར་བྱེད་པའི་བསམ་པ་དང་མི་འབྲལ་བའི་དམ་བཅའ་བའི་དཔང་པོར་བོས་པ་ཡིན་གྱི། ལྷ་དང་ལྷ་མ་ཡིན་གྱིས་ཉེ་བར་མཚོན་པ་ཡིན་ལ། དཔང་པོ་དང་མྱ་ངན་ལས་འདས་རྣམས་དགྱེས་པའི་རང་བཞིན་ལ་སེམས་ཅན་ཐམས་ཅད་བདེ་བ་ལ་འཁོད་པར་འདོད་པའི་ཆེད་དུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་དགའ་བར་གྱིས་ཞེས་སོ། །ད་ནི་གཉིས་པ་དངོས་གཞི་སེམས་བསྐྱེད་པ་ལ། སྨོན་དང་འཇུག་པ་གཉིས། དེ་ནས་སྨོན་པ་སེམས་བསྐྱེད་པའི་ཆོ་ག་བགྱི་བས། མཆོད་པའི་ཚོགས་དཔག་ཏུ་མེད་པ་དང༌། ལུས་ལོངས་སྤྱོད་ཀྱང་ཕུལ། མེ་ཏོག་རེ་ཕྱག་ཏུ་ཟུངས་ལ། བླ་མར་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ་བདག་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་འདུག་གམ་སྙམ་དུ་སེམས་ལ་རྗེས་ཟློས་མཛོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཧོ་དངོས་པོ་ཐམས་ཅད་དང་བྲལ་བས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་ལ་བདག་མེད་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །དབུགས་མ་སོང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་མཆོག་སྤྱོད་ཡིད་འོང་སྤྱད་ནས་ཀྱང༌། །འགྲོ་ལ་ཕན་ཕྱིར་སངས་རྒྱས་བསྒྲུབ་པར་བགྱིའོ། །ལན་གསུམ་བརྗོད་ལ། ཕྱི་མ་ལ་ཐབས་ཡིན་ནོ་ལེགས་སོ་བརྗོད། ཆོ་ག་འདི་ཆོས་རྗེ་ཕག་མོ་གྲུ་པས་དོན་དམ་པ་སེམས་བསྐྱེད་དུ་མཛད། བླ་མ་སངས་རྒྱས་སྒོམ་པས་སྨོན་པ་སེམས་བསྐྱེད་དུ་མཛད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བསླབ་བྱ་ལ་སློབ་དགོས་པ། བསླབ་བྱ་ལྔ་ལ་སློབ་པ་ལགས་ཏེ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་ལ་བསླབ། བྱང་ཆུབ་སེམས་ཀྱི་ཕན་ཡོན་རྗེས་སུ་དྲན་པ་ལ་བསླབ། བྱང་ཆུབ་ཀྱི་སེམས་སྤེལ་ཞིང་སྦྱང་བ་ལ་བསླབ། སེམས་ཅན་བློས་མི་སྤང་བ་ལ་བསླབ། ནག་པོའི་ཆོས་བཞི་སྤངས་ནས་དཀར་པོའི་ཆོས་བཞི་ལ་སློབ་བོ། །དེ་ཡང་ཚོགས་གསོག་པ་ལ་སློབ་པ་ནི། འབྲས་བུ་ཁྱད་པར་ཅན་གང་ལས་འབྱུང་བའི་ཚོགས་བསགས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སྤངས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ཚོགས་གཉིས་སུ་བསྡུས་ཏེ་བསླབ། གཞན་ཡང་དུས་དང་རྣམ་པ་ཐམས་ཅད་དུ་ཚོགས་བསགས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བྱ་བ་དེ། སེམས་བསྐྱེད་པའམ། རྒྱ་ཆེ་བའམ། དུས་དང་བསམ་པ་རྒྱ་ཆེ་བ་ཡིན་པས། དུད་འགྲོ་ལ་ཟས་ཁམ་གཅིག་ཙམ་སྩལ་བའི་དགེ་བ་ཡིན་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་དེ་དང་མཉམ་པས་རྒྱ་ཆེ་བ་ཡིན། དཔེར་ན། སེང་གེའི་ཕྲུག་གུ་འབྲང་མ་ཁད་དང་འདྲ་བ་ཡིན། ད་གཉིས་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་མདོ་རྒྱུད་ནས་དཔག་ཏུ་མེད་པ་ཞིག་གསུངས་ཀྱང༌། རྟེན་སོ་སོའི་སྐྱེ་བོ་གཅིག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ལས་དང་བྱ་བ་ཅི་བྱེད་ན་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་ཐམས་ཅད་བྱང་ཆུབ་སེམས་སུ་འོང་བ་ཡིན། དཔེར་ན་གསེར་འགྱུར་གྱི་རྩི་ལྟ་བུའོ། །ལམ་ཉམས་སུ་ལེན་པའི་དུས་ན་ཡང་རང་ཉིད་ས་དང་ལམ་ཀྱི་ཡོན་ཏན་རིན་པོ་ཆེ་མངོན་དུ་བྱས་ནས། གཞན་དོན་དུ་སེམས་ཅན་གྱི་དོན་གྲུབ་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའམ། དཔག་བསམ་གྱི་ཤིང་ལྟ་བུའོ། །མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་སེམས་ཅན་གྱི་དོན་རྒྱུན་འཆད་མེད་པར་འབྱུང་བ་ཡང་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སེམས་ཅན་གྱི་དོན་བྱེད་པ་ཡང་བྱང་ཆུབ་སེམས་ལས་འབྱུང་བ་ཡིན། མདོར་ན་བྱང་ཆུབ་ཀྱི་སེམས་ཡོད་ན་བདག་གཞན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཡང་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན། ད་ནི་བྱང་ཆུབ་ཀྱི་སེམས་སྤེལ་ཞིང་སྦྱང་བ་ནི། དུས་ཐམས་ཅད་དུ་བདག་གི་ལུས་ངག་ཡིད་གསུམ་གྱིས་སེམས་ཅན་ལ་ཕན་གདག་པར་བྱ་སྙམ་པའི་བསམ་པས་ཟིན་པར་བྱས་ནས། བདག་གིས་མཐོང་བ་ཐོས་པ་དྲན་པ་རེག་པའི་སེམས་ཅན་ཐམས་ཅད་དང་བདག་ལ་ཕོག་པའི་ས་དང་ཆུ་དང་རླུང་གིས་གང་ལ་ཕོག་པའི་སེམས་ཅན་ཐམས་ཅད་དང༌། བདག་གི་ལུས་ངག་ཡིད་གསུམ་གྱི་བྱ་བ་བྱེད་པ་ཐམས་ཅད། སེམས་ཅན་ཐམས་ཅད་ལ་མི་གནོད་ཅིང༌། བདག་ལ་བརྟེན་ཏེ་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་དུ་བསམ། རང་ཉིད་བྱང་ཆུབ་ཀྱི་སེམས་བསྒོམས་པས། བྱང་ཆུབ་ཀྱི་སེམས་ཀྱི་རང་གཟུགས་སུ་སོང་བ་གཅིག་དགོས་པ་ཡིན། དེས་སེམས་ཅན་ལ་ཕན་པའང་འབྱུང་བ་ལགས། ད་ནི་སེམས་ཅན་བློས་མི་སྤང་བ་ལ་བསླབ་པ་ནི། བྱང་ཆུབ་སེམས་དཔའ་ལ་སེམས་ཅན་རྨུ་རྒོད་ཀྱིས་གནོད་པ་བྱེད་པ་བྱུང་ན། དེ་ལ་ངན་ལན་མི་བྱ་བར་བྱང་ཆུབ་ཀྱི་སེམས་བསྒོམ། དྲོད་ཀྱི་ནུས་པ་ཐོབ་པ་ཡིན་ན་ཚར་བཅད་དང་རྗེས་བཟུང་བྱ། མ་བྱས་ན་སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཅན་ཡལ་བར་དོར་བའི་ཉེས་པ་ཡང་འབྱུང་ལ། ཁོ་ལ་ཤ་ཚ་བཏང་བས་བྱང་ཆུབ་ཀྱི་སེམས་ཀྱང་ཉམས་ནས་འགྲོ་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་ན་ཁོ་ལ་ཚིག་ངན་པ་དྲག་པོ་བརྗོད་པས་འཕྲལ་དུ་གནོད་པ་ལྟར་འདུག་ཀྱང་ཕུགས་སུ་ཕན་འདོགས་ཡེ་མི་ཉན་ན་ཁོ་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་མྱུར་དུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། མི་འགའ་ཞིག་ན་རེ་ཚར་བཅད་མི་བྱེད་ཟེར་ཏེ་སེམས་ཅན་ཤ་ཚ་སྤོང་བའི་གཏམ་ཡིན། གཞན་གྱིས་མི་འཚམས་པ་བྱས་ན། ངན་པ་ཁྱོད་དང་ཚེ་རབས་སུ་མི་འཕྲད་པར་བྱའོ་སྙམ་པ་སྐྱེས་ན་སེམས་ཅན་བློས་སྤོང་འབྱུང་བ་ཡིན་ནོ། །ཇོ་བོ་རྗེའི་ཞལ་ནས་ཀྱང༌། དེ་ཙམ་ཞིག་ལས་བྱུང་བ་ཡིན་སྐད། ད་ནི་ནག་པོའི་ཆོས་བཞི་སྤང་ཞིང་དཀར་པོའི་ཆོས་བཞི་ལ་སློབ་པ་ནི། བླ་མ་དང་མཆོད་པར་འོས་པ་བསླུ་བ། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ། བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ། སེམས་ཅན་ལ་གཡོ་རྒྱུས་སྤྱོད་པ་ནག་པོའི་ཆོས་ཡིན། དཀར་པོའི་ཆོས་བཞི་ནི་བླ་མ་དང་མཆོད་པར་འོས་པ་མགོ་བསྐོར་བ་དང༌། མི་བསླུ་བའི་སྟེང་དུ་ཞབས་ཏོག་དང་བསྙེན་བཀུར་བྱེད་ཅིང༌། སེམས་ཅན་ཐ་མལ་པ་ཡང་ཤེས་བཞིན་དུ་ཙམ་དུ་རྫུན་མི་སྨྲ་བ་དཀར་པོའི་ཆོས་ཡིན། གཞན་དགེ་བ་བྱེད་པ་ལ་ཤ་ཚ་ཚ་སྐད་ཟེར་ནས། ན་ན་ན་བརྒྱག ཤི་ན་ཤི་བརྒྱག་དགོས་ཟེར་ནས། དགེ་བ་ལ་ཕྱི་བཤོལ་འདེབས་པ་ནག་པོའི་ཆོས་ཡིན། གཞན་དགེ་བ་བྱེད་པ་ལ། ཁྱོད་ནི་བདོག་པ་དོན་དང་ལྡན་པར་བྱས་ཤིང་སྤྲོ་བ་བསྐྱེད་ཅིང་རྗེས་སུ་ཡི་རང་བ་བསྒོམ། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་གཞུགས་པ་དཀར་པོའི་ཆོས་ལ་བསླབ། བྱང་ཆུབ་སེམས་དཔའ་གང་ན་བཞུགས་པ་མི་ཤེས་པས། དམན་པའི་ཆས་སུ་ཡོད་པ་ཡང་སྲིད་པས། གཞན་ལ་ཚིག་བརླང་པོ་ཆེ་བརྗོད་པ་ནག་པོའི་ཆོས་ཡིན། གཞན་ལ་ཚིག་ངན་པ་མི་བརྗོད་ཀྱི་སྟེང་དུ། གཞན་ལ་ཡོན་ཏན་ཅི་ཙམ་ཡོད་པའི་བསྟོད་པ་བརྗོད་པ་དཀར་པོའི་ཆོས་ལ་བསླབ། སེམས་ཅན་ལ་གཡོ་རྒྱུ་མི་བྱེད་ཀྱི་སྟེང་དུ་དྲང་པོའི་སེམས་ཆོས་ཀྱི་སྤྱོད་པ་དཀར་པོའི་ཆོས་ལ་བསླབ། དེ་ཡན་ཆད་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་ཚང་བར་བགྱིད་པ་ལགས་སོ། །ད་ནི་གཉིས་པ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་བ་ནི། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་བ་ལ། རྒྱུ་སྨོན་པ་བརྟན་པ་དང༌། བླ་མ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ་ལ་འཇུག་པ་སེམས་བསྐྱེད་སྐྱེ་བ་ལགས་པས། སྐབས་འདིར་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང༌། ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་ཕུལ། དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་འདི། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འབྲས་བུ་ལ་དམ་བཅའ་བ་སོང་ནས། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྒྱུ་ལ་དམ་བཅའ་བ་ནི། འབྲས་བུ་སངས་རྒྱས་ཐོབ་པར་འདོད་པ་དེ། རྒྱུ་སྡོམ་པ་རིན་པོ་ཆེ་གསུམ་ལགས་པས་ཇི་ལྟ་བ་བཞིན་དུ་བསླབ་པ་འདི་ཁས་བླང་ཞིང་སྡོམ་པ་བཟུང་བ་ནི། སངས་རྒྱས་ཐོབ་པའི་རྒྱུ་ཡིན་པས། སྐབས་འདིར་འབུལ་བ་རེ་ཡང་ཕུལ་མཛོད། འདིར་མཆོད་པ་དང་འབུལ་བ་བྱས་པ་དེ་བྱང་ཆུབ་ཀྱི་སེམས་དང་མཚུངས་ལྡན་དུ་ཚེ་རབས་དང་ཚེ་རབས་སུ་འགྱུར་དང་བཅས་པ་འགྱུར་བ་ཡིན། བླ་མ་དང་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ་ཐུགས་མ་ཡེངས་པར་རྗེས་ཟློས་མཛོད། བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས། བསྲུངས་དབང་ཆེན་པོ་ལ་གནས་པར་བགྱི་སྟེ། ཇི་ལྟར་འདས་པ་དང་མ་བྱོན་པ་དང༌། ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས་ཡང་དག་བླངས་ནས་གནས་པ་བཞིན་དུ་བདག་གིས་ཀྱང་གནས་པར་བྱའོ། །ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་ལ་མེ་ཏོག་དོར། སྡོམ་པ་ཐོབ་པ་ལགས་པས་ཐོབ་པ་ལ་ཐོབ་པར་ཤེས་པར་མཛོད། སེམས་བསྐྱེད་རྒྱས་པ་ལ་རྗེས་ཟློས་མི་དགོས། ཆོ་ག་འདིའི་ལུགས་ཀྱིས་རྗེས་ཟློས་བྱེད་པ་ཡིན། འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཉམས་སུ་བླང་རྒྱུ་ཚུལ་ཁྲིམས་གསུམ་པོ་ལ་སོགས་པ་ལགས་པས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སྤྱིར་དཀར་པོ་དགེ་བའི་ཆོས་ཐམས་ཅད། ལྷག་པ་ཤེས་རབ། ལྷག་པ་ཏིང་འཛིན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའམ། དགེ་བ་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུའམ། དྲུག་གིས་བསྡུས་པའི་དགེ་བའི་ཕྱོགས་ཐམས་ཅད་ཉམས་སུ་བླང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། སྦྱིན་པ། སྙན་པར་སྨྲ་བ། དོན་མཐུན་པ། དོན་སྤྱོད་པ་བཞི་ལ་སོགས་པས་སེམས་ཅན་གྱི་དོན་བྱ། སྡོམ་པའི་ཚུལ་ཁྲིམས་སོ་སོར་ཐར་པའི་རིགས་བདུན། བྱང་ཆུབ་སེམས་དཔའི་བསླབ་པ། རིག་པ་འཛིན་པའི་དམ་ཚིག་གསུམ་གྱིས་མི་མཐུན་པའི་ཕྱོགས་སྡོམ་པས་ནི་སྡོམ་པ། མཐུན་ཕྱོགས་ཉམས་སུ་ལེན་པས་ན་ཚུལ་ཁྲིམས། དེ་ལ་བསྡོམ་རྒྱུའི་དངོས་པོ་ཕམ་ལྟུང་ཕམ་པ་བཞིའམ་ལྕི་བ་བརྒྱད། ལོག་པ་བཞི་ཁ་ན་མ་ཐོ་བ་གཉིས། ཉེས་བྱས་བཞི་བཅུ་རྩ་དྲུག་ལ་སོགས་པའི་ཉེས་པས་མ་གོས་པར་བྱ་ཞིང་མཐུན་ཕྱོགས་ཉམས་སུ་བླང་བའོ། །དེ་དག་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། སྡོམ་པ་ཉི་ཤུ་པ་ནས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ཡན་ཆད་ཀྱིས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཐོབ་པ་ཡིན། ད་ནི་གསུམ་པ་ཕྲིན་ལས་བཅོལ་བ་ནི། དེ་ལྟར་ཁྱེད་ཀྱིས་སྡོམ་པ་ཐོབ་པའི་དུས་དེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མཁྱེན་ཅིང་ཐུགས་རྗེའི་སྟོབས་ཀྱིས་བྱོན་པ་ལགས་པས། དེ་དག་ལ་ལུས་ལོངས་སྤྱོད་མཆོད་པའི་ཚོགས་དཔག་ཏུ་མེད་པ་ཕུལ་བར་སོམས་ལ། བླ་མ་དང་ཡི་དམ་གྱི་ལྷ་དང་བྱང་ཆུབ་སེམས་དཔའ་མདུན་གྱི་ནམ་མཁའ་ལ་བྱོན་པ་རྣམས་དང༌། རང་གི་བླ་མ་ལ་ཕྱག་སྤེལ་ནས་སྨོན་ལམ་འདེབས་པ་འདི་སེམས་བསྐྱེད་རྒྱས་པ་དང་མཐུན་པ་ལགས་པས། སྤྲོས་པ་ལ་དགའ་ན་མཛད་པས་ཆོག དེ་ཡང་དེ་ལྟར་མཛད་ནས་ཕྱག་སྦྲེལ་ནས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསླངས་ནས། མྱ་ངན་ལས་འདས་པའི་དབྱིངས་སུ་འདྲེན་པར་སོམས་ལ་རྗེས་ཟློས་མཛོད་ཅིག ཇི་སྲིད་འཁོར་བའི་རྒྱ་མཚོ་ཆེན་པོ་མ་སྟོང་པར་མ་གྱུར་གྱི་བར་དུ། ནམ་ཡང་མི་འབྲལ་བར་གྱུར་ཅིག ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་དབུགས་ཕྱིན་པར་གྱུར་ཅིག ཞེས་བརྗོད་ཅིང་ཡར་ལངས་ལ། སྙིམ་པ་ནས་ཀྱིས་བཀང་ལ་ཐལ་མོ་སྦྱར་ཏེ། འདི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ་འདི་རྣམས་ཀྱིས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ལ། ཡང་དག་པར་བླངས་པས། ལན་གསུམ་གྱི་བར་དུ་བླངས་པ་ལས། འཕགས་པའི་ཆོས་ལྐོག་ཏུ་གྱུར་ཀྱང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ན། ཆོས་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ལན་གསུམ་བརྗོད་ཅིང༌། ཕྱོགས་བཅུར་མེ་ཏོག་གཏོར་ཞིང་ཕྱག་འཚལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པའི་དུས་འདིར། འཇིག་རྟེན་གྱི་ཁམས། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ས་གཡོ་བ་དང༌། འཇའ་དང་འོད་འབྱུང་བ་དང༌། སྤོས་ཀྱི་ངད་ལྡང་བ་དང༌། མེ་ཏོག་གི་ཆར་དབབ་པ་ལ་སོགས་པ་ཡུམ་གྱི་གླེང་གཞི་ལས་ཤེས་པར་བྱའོ། །ད་ནི་སྡོམ་པ་མི་ཉམས་པའི་ཕྲིན་ལས་བཅོལ་བ་ནི། ཧོ། རྡོ་རྗེ་བླ་མ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དཀྱིལ་འཁོར་ལྷའི་ཁྱད་པར་དང་གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང༌། བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སྡོམ་པ་བཟུང་བ་བརྟན་པར་བྱིན་གྱིས་བརླབ་ཏུ་གསོལ། དམ་པའི་ཆོས་ཀྱི་མཛོད་ཆེན་པོ་གནང་བར་མཛད་དུ་གསོལ། ཅེས་ལན་གསུམ་བརྗོད། དེའི་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ད་ནི་དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་དངོས་གཞིའི་ཆོ་གས་ཤེས་པར་བྱ་སྟེ། སྐྱབས་འགྲོ་བྱ་བ་དང༌། སེམས་བསྐྱེད་པ་དང༌། སེམས་ངོ་སྤྲད་པ་དང༌། སྨོན་ལམ་གདབ་པའོ། །དང་པོ་བླ་མ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུའི་འདུ་ཤེས་བསྐྱེད་ལ་མར་མེ་མཛད་ཀྱི་ཕྱག་ཀྱང་འཚལ། མཆོད་པའི་ཚོགས་དཔག་ཏུ་མེད་པས་མཆོད། ལུས་ལོངས་སྤྱོད་ཐམས་ཅད་འབུལ། གསེར་གྱི་མེ་ཏོག་ཀྱང་ཕྱག་ཏུ་བསྣམས་ལ་རྗེས་ཟློས་མཛོད། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སྐུ་བཻ་རོ་ཙ་ནའི་ངོ་བོ་ཉིད། །འཇའ་ཚོན་ལྟ་བུས་འགྲོ་དོན་མཛད། །བླ་མའི་སྐུ་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་གསུང༌། །གསུང་འོད་དཔག་མེད་པའི་ངོ་བོ་ཉིད། །གསུང་དབྱངས་དྲུག་ཅུས་འགྲོ་དོན་མཛད། །བླ་མའི་གསུང་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་ཐུགས། །ཐུགས་མི་བསྐྱོད་པ་ཡི་ངོ་བོ་ཉིད། །བསམ་འཕེལ་ལྟ་བུས་འགྲོ་དོན་མཛད། །བླ་མའི་ཐུགས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་ལ། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་ལ་མེ་ཏོག་འབུལ། གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། མཆོད་པ་རྒྱ་ཆེན་པོ་དབུལ། མར་མེ་མཛད་ཀྱི་ཕྱག་ཀྱང་འཚལ། མེ་ཏོག་ཕྱག་ཏུ་བསྣམས་ལ་རྗེས་ཟློས་མཛོད་བྱས་ལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཕྱག་རྒྱ་ཆེན་པོར་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་མེད་པ། །བསྐྱེད་པར་མཛད་པ་དེ་བཞིན་དུ། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་ལན་གསུམ་བརྗོད་ལ། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་ལ་མེ་ཏོག་དབུལ་ལོ། །གསུམ་པ་སེམས་ངོ་སྤྲད་པ་ནི། བླ་མ་ལ་སངས་རྒྱས་སྐུ་ཡི་འདུ་ཤེས་བསྐྱེད། མར་མེ་མཛད་ཀྱི་ཕྱག་ཀྱང་འཚལ། མཆོད་པ་དཔག་ཏུ་མེད་པ་དབུལ་ལོ། །ལུས་ལོངས་སྤྱོད་དབུལ། དེ་ནས་ལུས་གནད་བཅོས་ནས་འདུག་ཏུ་བཅུག་ལ། སེམས་གདོད་ནས་སྐྱེ་བ་མེད་པ་རྣམ་པར་དག་པ་མ་སྐྱེས་པར་བཞག དེ་སྐྱེ་བ་མེད་པར་ངོ་སྤྲད་པ་ཡིན། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་བཞུགས། །ངས་བཅོམ་ལྡན་ཕྱག་ན་རྡོ་རྗེ་བྱས་པས། །ཁྱེད་ལ་བཅོམ་ལྡན་ཕྱག་ན་རྡོ་རྗེ་སྙམ་པ་སྐྱེས་པ་དེ་མ་སྐྱེས་པ་ལ་སྐྱེ་བ་ངོ་བོ་བསྟན་པ་ཡིན། སྐྱེས་པ་དེ་སེམས་ཡིན། དེ་རང་སྐྱེ་བ་མེད་པ་ཡིན། ཡང་རི་བོ་ཆེན་པོ་པོ་ཏ་ལར། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་བཞུགས། དེ་སྐད་བརྗོད་པས་ཁྱེད་ཀྱི་རྒྱུད་ལ་སྤྱན་རས་གཟིགས་སྙམ་པ་སྐྱེས་པ་དེ་སེམས་ཡིན། དེ་རང་སྐྱེ་བ་མེད་པ་ཡིན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྙམ་པ་དེ་འདས་པའི་སེམས་དེ་གང་དུ་ཡང་སོང་བ་མེད་པ། དེ་ལྟར་སྤྱན་རས་གཟིགས་སྙམ་པ་དེ་རང་སྐྱེ་བ་མེད་པ་ཡིན། ཡང་རི་བོ་ཆེན་པོ་འོ་དེ་ཤན་ལ་འཕགས་པ་འཇམ་དཔལ་བཞུགས་ཞེས་བརྗོད་པས། འཕགས་པ་འཇམ་དཔལ་སྙམ་པ་དེ་ག་ནས་ཀྱང་འོང་བ་མེད། དེ་རང་སེམས་སྐྱེ་བ་མེད་པ་ཡིན། དེ་ལྟར་འདས་མ་འོངས་ད་ལྟ་དུས་གསུམ་ཀ་རང་སེམས་སྐྱེ་བ་མེད་པ་འདི་ཡིན། སངས་རྒྱས་ཀྱི་ཐུགས་དང་ཁྱད་པར་མེད། དེ་ལྟར་ཡིན་པར་ཡང༌། རྗེ་སྒམ་པོ་པའི་ཞལ་ནས་ཀྱང༌། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཉི་མ་དང་ནི་འོད་ཟེར་བཞིན་གསུངས། །

༈ ད་ནི་བཞི་པ་སྨོན་ལམ་གདབ་པ་ནི། དེ་ནས་མཆོད་པ་དབུལ། ཕྱག་ཏུ་མེ་ཏོག་བསྣམས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སེམས་བསྐྱེད་པའི་དགེ་བའི་བཤེས་གཉེན་དང་མི་འབྲལ་བའི་སྨོན་ལམ་གདབ་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་བདག་ལ་དགོངས་སུ་གསོལ། དུས་ད་ནི་བཟུང་ནས་ཚེ་རབས་ཐམས་ཅད་དུ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང༌། སེམས་བསྐྱེད་པའི་བཤེས་གཉེན་བླ་མ་རིན་པོ་ཆེ་དང་མི་འབྲལ་བར་གྱུར་ཅིག བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་འདིས། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོས་འདི་རྒྱུན་མ་ཆད་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །དེ་ནས་ཆོས་སྐྱོང་ལ་གཏོར་མ་འབུལ། བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་བར་ཆད་མི་འབྱུང་བའི་གསོལ་བ་གདབ། ཡི་གེ་བརྒྱ་པ་ཚར་ཉི་ཤུ་རྩ་གཅིག་བརྗོད་པས་ཉམས་ཆག་བསྐང༌། དེ་ནས་གཏང་རག་གི་མཆོད་པ་རྒྱ་ཆེན་པོ་ཕུལ་ལ་བསྔོ་བ་བྱ་བ་ནི། བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱེད་པའི་རིམ་པ་འདིས། བླ་མ་རིན་པོ་ཆེའི་ཐུགས་དགོངས་ཡོངས་སུ་རྫོགས་པ་དང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང༌། དཀོན་མཆོག་དབུ་འཕང་མཐོ་ཞིང༌། ཆོས་བྱེད་བསམ་པ་འགྲུབ་པ་དང༌། ཞུ་བ་པོ་དང་སེམས་ཅན་རྣམས། །མ་ལུས་སངས་རྒྱས་ཐོབ་པར་ཤོག །བྱང་ཆུབ་སེམས་མཆོག་ཟག་མེད་བདུད་རྩི་འདི། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ཀླན་ལྦུ་ཞི་དང་རིན་ཆེན་ཚེས་ཀྱིས་ཞུས་པ། །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ། །

བོད་ལ་གདམས་པ།

བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དགེ་བའི་བཤེས་གཉེན་བོད་ལ་གདམས་ངག་སྙན་དུ་གསོལ་བ། ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ཅིང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་བ་ཐོབ་པར་བྱེད་པ་དེ། ཡང་དག་པའི་བླ་མ་གཅིག་ལ་རག་ལས་པས། ཡི་གེ་སློབ་པ་ནས་བཟུང༌། རབ་ཏུ་བྱུང་བའི་སློབ་དཔོན་དང༌། མཁན་པོ་དང༌། སེམས་བསྐྱེད་པའི་དགེ་བའི་བཤེས་གཉེན་དང༌། གསང་སྔགས་ཀྱི་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་དང༌། སེམས་རྟོགས་པར་བྱ་བའི་རྩ་བའི་བླ་མ་དང༌། འདི་རྣམས་ཀྱི་བྱེ་བྲག་ཤེས་དགོས་པ་ཡིན། ཆོས་དང་ཟང་ཟིང་གི་དྲིན་ཆེ་བ་བས་ཀྱང༌། རྩ་བའི་བླ་མ་དེ་དྲིན་ཆེ་བས། བླ་མ་དེའི་མཛད་པ་དང་རྣམ་པར་ཐར་པ་ཇི་ལྟར་ཡིན་པ་དེ་སློབ་ཅིང༌། བླ་མས་ཇི་སྐད་གསུངས་པ་བཞིན་དུ་བསྒྲུབ་དགོས་པ་ཡིན། བླ་མ་གཞན་ལ་མོས་གུས་མི་བྱེད་ཅིང་སྤོང་བ་ནི་མ་ཡིན་ལ། རྩ་བའི་བླ་མ་དེ་རང་སེམས་གང་ལ་བསྟེན་ནས་རྟོགས་པ་དེ་ཡིན། དེ་ལ་མོས་གུས་བྱས་ན་རྟེན་འབྲེལ་མི་འཆུག་པ་ཡིན། ལས་དང་སྐལ་པར་ལྡན་པའི་སློབ་དཔོན་འཛོམས་པ་དེ་བ་དྲུས་མའི་ནུ་མ་ནས་འཐེན་ན་འོ་མ་འོང་བ་དང་འདྲ། མོས་གུས་ཀྱི་བྱེད་ས་འཆོལ་ན། གླང་ཡར་མའི་ཆུ་རྟེན་ནས་འཐེན་ན་ཆུ་ངན་འོང་བ་ཡིན་དེ་འདྲ་བའི་ནོར་ར་རེ། དེ་གོ་དགོས། བོང་ཕྲུག་གི་ཨ་ཕ་རྟ་ཡིན་བྱས་ཀྱང༌། ཕ་སྐད་དེ་ལ་སྐྱོན་ཅིག་ཡོད། བླ་མའི་རྣམ་ཐར་གང་ཡིན་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྲོ་ཚད་རྣམ་ཐར་ཡིན། བླ་མའི་སྤྱོད་ངན་དེ་ཁུངས་དང་ལུང་དྲང་ན། སྤྱོད་ངན་བྱེད་པ་དེ་དཔོན་སློབ་གཉིས་ཀའི་བརླག་འདྲེ་ཡིན། སྒོམ་ཆེན་བྱ་བ་རི་ཁྲོད་འགྲིམ་ཞིང་སྒྲུབ་པ་བྱེད་པ་ཡིན་ནོ། །འོ་ན་ཡང་ཉན་ཐོས་ཀྱི་དུས་ན་བརྒྱུད་པ་དང་ལྡན་པའི་རྩ་བ་ཟིན་པའི་བྱ་བ་གལ་ཆེ་བས། དེ་གང་ཡིན་ན་ལས་དང་པོ་པས། བླ་མ་བསྟེན་ནས་མོས་གུས་བྱེད་སྤྱོད། ཆོས་ཉན་རྒྱུ་ཉམས་ལེན་བྱེད་སྤྱོད་ཐམས་ཅད་གཞན་ལ་རག་མི་ལུས་པ་བྱེད་ཤེས་དགོས་པ་ཡིན། རང་རྒྱལ་བའི་དུས་ན་དཀའ་ཐུབ་ཚད་དུ་བསྐྱལ་བ་གཅིག་པུ་རི་ཁྲོད་འགྲིམ་ཞིང་ཉམས་རྟོགས་མ་བརྟན་གྱི་བར་དུ་སྒྲུབ་པ་བྱེད་དགོས་པ་ཡིན། དཔའ་ཆེན་བྱང་ཆུབ་སེམས་དཔའི་དུས་སུ་གཞན་དོན་ཚད་དུ་བསྐྱལ་བ་བྱ་བ་རང་ལ་འཁྲི་བ་མེད་ཅིང་རྐྱེན་གྱིས་མི་གནོད་པར་ལུས་ངག་ཡིད་གསུམ་གྱིས་ངང་ངམ་ཤུགས་ཀྱིས་ཕན་པ་ཞིག་བྱུང་ན་རྨུ་རྒོད་རེ་རེ་ཙམ་ལ་བརྟེན་ནས་དབེན་པ་བསྟེན་ཟེར་བ་ཡོད་དེ། དེ་མ་ཡིན་ཏེ། དེས་རྐྱེན་བྱས་ཏེ། སླར་ཡང་གཞན་དོན་རླབས་ཆེན་བྱེད་པ་ཡིན། སྒོམ་ཆེན་པའི་ལུགས་ཀྱིས་སྒོམ་སྟེ་སྐྱོང་བ་དེ། སློབ་མ་བྱུང་དུས་སུ་སྲུང་བའི་འཁོར་ལོ་སྒོམས། སློབ་མ་དེ་དང་པོ་མོས་གུས་དང་གསོལ་འདེབས་ལ་བསླབ། ཅི་བྱེད་སེམས་བསྐྱེད་ཀྱིས་ཟིན་དུ་གཞུག། དེ་ནས་སྒོམ་གདབ། མ་སྐྱེས་ན། མི་སྐྱེ་བའི་རྐྱེན་གང་གིས་ལེན་དང༌། སྐྱེ་བའི་རྐྱེན་གང་ཡིན་དང༌། སྐྱེས་པ་བོགས་འདོན་པ་དང༌། བོགས་གང་དང་གང་གིས་འདོན་པ་དང༌། བོགས་ཐོན་ནས་བརྟན་པ་ཐོབ་པ་དང༌། ས་ལམ་དྲོད་རྟགས་དང༌། རྣལ་འབྱོར་བཞི་ཡི་སྐྱེ་ཚུལ་རིམ་པ་རྣམས་སོ་སོར་ཇི་ལྟར་ཡིན་པ་བཞིན་དུ་ངོ་སྤྲད། ལར་བོགས་མ་ཐོན་པའི་རྒྱུ་རྐྱེན་ཅི་ཡིན། བོགས་འདོན་པའི་རྒྱུ་རྐྱེན་ཅི་ཡིན། རང་གི་རྟོགས་པ་དང་ཉམས་མྱོང་གིས་ཤེས་དགོས་པ་ཡིན། མངོན་པར་ཤེས་པ་ཡོད་ན་དེས་ཤེས་པ་ཡིན། ཕ་ཀའི་ཉམས་ལ་བླང་ཚུལ་དེ་དྲིས་ལ་བཟླས་ཙ་ན། འོ་དེ་འདི་ཡིན་སྙམ་པ་ཧྲིག་གིས་ཤེས་དགོས་པ་ཡིན། ཁྲིད་ཀྱི་རིམ་པ་དང་ཆོས་སྟོན་ཚུལ་རྣམས་ཚིག་གཅིག་པུར་བསྟན་པས་ཀྱང་འོང་བ་མ་ཡིན། གང་ཟག་གི་སྣོད་ཚོད་དང་སྦྱར་ནས་གང་ལ་གང་ཕན་ཤེས་དགོས་པ་ཡིན། མེ་ཤིང་ཐུ་བ་དང༌། ཆུ་ལེན་པ་དང༌། ལ་མ་ལེན་པ་དང༌། ལས་བྱེད་མཁས་པས་ཀྱང་བོགས་ཐོན་པ་མ་ཡིན། ལར་ནི་བླ་མ་དང་དགེ་འདུན་གྱི་བྱ་བ་ཞབས་ཏོག་གལ་པོ་ཆེ་བྱེད་པ་བསོད་ནམས་ཆེ་བ་ལ་དགོངས་ནས་བོགས་འདོན་དུ་འགྲོ་བ་ཡིན། སེམས་བསྐྱེད་པ་དང༌། རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། བསྔོ་བ་དང༌། འདི་ཚོའི་གནད་བསྒོམ་རྒྱུ་དེ་གལ་ཆེ་བས། འདི་ཡོད་ན་ཐམས་ཅད་ཡོད། སྦྲ་དད་ལ་གདམས་པ་དེ་ཀུན་ཡོད་པ་ཤེས་པར་མཛོད། གཞི་བདག་དང༌། ཡོན་བདག་དང༌། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སེམས་ཀྱི་གནད་སྒོམ་ཤེས་པ་གལ་ཆེ་བ་ཡིན། ཟ་འགྲམ་རྐྱ་དང༌། རྟོལ་པ་ཁྱི་འབྲུག་ལ་སོགས་པ་དེ་བཞི་ལ་ཟོན་བྱེད་པ་ཡང་གལ་ཆེ། འདུག་པའི་མི་ཐམས་ཅད་དང་མཐུན་པར་གྱིས། གང་དང་ཡང་མ་སྨྲས་པར་གྱིས། དགོན་པ་དང་གྲྭ་པ་ཐམས་ཅད་གཙང་བ་དང་བཙུན་པར་གྱིས། རྟེའུ་རེང་རྔོན་ཅན་གྱིས་ཡོ་མའི་ཆུ་རྫོད་པའི་མི་ངན་པ་རྩར་མ་འཇོག ས་བར་གྱི་འགྲོ་འདུག་དང༌། སྐྱེལ་མ་དང༌། གཉའ་དང༌། དབང་ཆེ་དང༌། གཡོན་དང༌། དེ་འདྲ་མ་བྱེད། རྒྱལ་པོའི་ཁྲིམས་ལ་འཛེམས། ཆོས་བཤད་ཀྱིས་ཕན་པ་ལ། ཡར་ངོའི་དུས་སུ་བཤད་པ་ཨན་རེ་ཙམ་གྱིས། ལར་ནི་བཤད་པ་དང་སྒོམ་པ་གཉིས་ཀ་མི་འོང་བས། སྒོམ་ཁྲིད་ཁོ་ན་གྱིས་དང་ཕན་ཡང་དེ་ཆེ་བ་ཡིན། ཁྱེད་རང་དང༌། སྒོམ་གྲྭ། ཡོ་མཚམས་དང་འདག་ཆར་བྱས་པ་བཟང་བ་ཡིན། རབ་ཏུ་བྱུང་བའི་གསོ་སྦྱོང་དང༌། དགག་དབྱེ་དང༌། དབྱར་གནས་དང༌། དུས་བཟང་གི་མདོ་མཆོད་གྱིས། རྫས་དང་ཡོ་བྱད་ཅི་བྱུང་བའི་ཕུད་ཀྱིས་བླ་མ་མཆོད། ཆོས་བྱེད་དང༌། སྒོམ་གྲྭ་གསོས། མི་ངན་ཧོ་ཤེ་བ་གཏོང་ཕོད་ཆེ་བ་ལ་བྱིན་པ་དེ་ཡང་སྦྱིན་པར་མི་འགྲོ། མི་དེ་གསོས་པ་དགྲ་ཡིན། ཕྱུགས་རིད་གསོས་པ་ཧོར་ཡིན། མཉམ་པ་ཉིད་མ་བསྒོམ། དགྲ་རྐུན་ཕྱེད་པ་གྱིས། བཏང་སྙོམས་མ་བསྒོམས་པས་མེད་ཀྱི་མུ་ལ་འགྲོ་བ་ཡིན། བདེན་མ་སླ་བཅད་ཆེ་བ་གྱིས། གསར་མ་སྔ་རྙིང་སླ་བ་ཡིན། འབྱར་མ་ཅན་གོག་སླ་བ་ཡིན། རྩ་བའི་བླ་མ་ངོ་ཤེས་པར་གྱིས། བརྒྱུད་པ་ཟུངས། ཕ་མེད་ཀྱི་བུས་བརྒྱུད་པ་མི་ཟིན། མི་ཆོས་པའི་ཕ་ལ་ཟེར་བ་མ་ཡིན། རྩ་བའི་བླ་མ་ལ་ཟེར་བ་ཡིན། ཕ་མེད་ཀྱི་བུ་སྨད་འཚོང་མའི་བུ་ལ་ཟེར་བ་ཡིན། དེ་འདྲར་མ་སོང་བ་གལ་ཆེ། ངས་ཅི་ཤེས་ཁྱོས་དེ་ཤེས་ཀྱི་ཚུལ་དུ་གསོལ་བ་འདེབས་པའི་མི་དེ་སྐྱོང༌། རང་ལ་བསྟེན་པ་དེ་བཟང་བར་བྱུང་ན་གཞན་ཕན་ཆེ་བ་བྱ་བ་ཡང་དེ་ལ་ཟེར་བ་ཡིན། ཕྱི་ཐག་རིང་བ་དང་ངོ་བརྟག་པར་གྱིས། ཁྲེལ་ཡོད་པ་དང༌། མི་བསླུ་བ་ཡང་དེ་ལ་ཟེར་བ་ཡིན། ལར་མང་པོ་ཞིག་གསུངས་ཀྱང༌། དོན་གོ་རང་གཞན་གཉིས་ཀ་སྡིག་པ་དང་མ་འབྲེལ་བ། གནས་སྐབས་དང་མཐར་ཐུག་བདེ་བས་འབྲེལ་བ་ཞིག་དགོས་པ་ཡིན། སྐྱེས་བུ་ཆེན་པོ་ལ་སྙིང་གཏམ་དུ་བསྐུར་བ་ལགས་སོ། །ཕན་ཐོགས་པར་གྱུར་ཅིག དགེ་བའི་བཤེས་གཉེན་བོད་ལ་གདམས་པ། བསྟན་བཅོས་ཞལ་ཏ་ཞེས་བྱ་བ་ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།།

དགེ་བཤེས་ཇོ་སྲས་ལ་གདམས་པ།

བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དང་པོ་ཆོས་ལ་ཞུགས་པའི་ཚེ། །དད་པ་ཆེ་ཡང་བློ་མི་བརྟན། །འཇིག་རྟེན་ཆོས་ལ་ཡིད་འཕྲོ་འཇུག །རྐྱེན་ཁར་འགྲོ་བའི་དུས་ཚོད་དེར། །ཚད་ལྡན་བླ་མས་ཟིན་པ་གཅེས། །འཆི་དང་མི་རྟག་རྒྱུ་འབྲས་ཆོས། །སྤང་ཐོབ་གཉེན་པོའི་ཆོས་རྣམས་མཉན། །འཁོར་བའི་སྡུག་བསྔལ་ཤེས་པར་བྱ། །བློ་བརྟན་ཤེས་རབ་སྐྱེ་དུས་སུ། །བདེ་གཤེགས་བཀའ་ཡི་དགོངས་པ་དང༌། །མཚན་ཉིད་རིགས་པའི་སྒྲ་ཚད་ལ། །ཐོས་མང་སྒྲོ་འདོགས་ཆོད་པར་བྱ། །དད་པ་བརྟན་པོར་གྱུར་པའི་ཚེ། །བྱང་ཆུབ་སེམས་གཉིས་དབྱེར་མེད་ལ། །བློ་མཆོག་བསྐྱེད་པའི་ཡིད་བཞིན་ནོར། །གཞན་དོན་དགོས་འདོད་འབྱུང་བ་ཡིན། །དད་པ་མཆོག་ཏུ་གྱུར་པའི་ཚེ། །ཐེག་པ་མཆོག་གྱུར་གསང་སྔགས་ལ། །སྨིན་བྱེད་དབང་བཞི་ཐོབ་ནས་ཀྱང༌། །གྲོལ་བྱེད་བསྐྱེད་རྫོགས་བསྒོམ་པར་བྱ། །གྲོལ་བྱེད་བསྐྱེད་རིམ་སྒོམ་དུས་སུ། །ཡུལ་དང་ཕུང་པོ་འདོད་ཡོན་ལྔ། །ཁམས་དང་སྐྱེ་མཆེད་མ་ལུས་ཀུན། །དཀྱིལ་འཁོར་ལྷ་ཚོགས་རང་ལ་ཚང༌། །རྣལ་འབྱོར་བླ་མེད་རྒྱུད་ལས་ཀྱང༌། །གཟུགས་དང་སྒྲ་སོགས་རྡོ་རྗེར་གསུངས། །གསང་བ་འདུས་པའི་རྒྱུད་ལས་ཀྱང༌། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །ཞེས་པ་དང༌། ཡང་དེ་ཉིད་ལས། རྡོ་རྗེ་སྐྱེ་མཆེད་ཉིད་དག་དང༌། །ཞེས་པ་དང༌། བདེ་གཤེགས་ལས་ཀྱང༌། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དོ། །ཞེས་གསུངས་པས། རང་ཉིད་ལྷ་རུ་ཤེས་བྱས་ལ། །སྣང་སྲིད་ལྷ་རུ་བྱིན་གྱིས་བརླབས། །མངོན་དུ་གང་འབྱུང་གཅེར་མཐོང་ལྷ། །རང་སྣང་ལྷ་རུ་གོམས་པར་བྱ། །མཉམ་བཞག་ལོངས་སྤྱོད་རྫོགས་སྐུ་ལ། །དམིགས་པར་ལྷ་སྐུ་སྒོམ་པ་དེ། །རྒྱན་དང་ཆ་ལུགས་འགྱིང་བག་ལ། །མིག་གིས་གཟུགས་མཐོང་བཞིན་དུ་བསྒོམ། །རྗེས་ཀྱི་སྤྱོད་ལམ་རྣམ་བཞི་ལ། །ཆོས་སྤྱོད་དགེ་བ་ཅི་བྱེད་དང༌། །མཛད་པ་ཕྲིན་ལས་མ་ལུས་ཀུན། །སྤྲུལ་སྐུའི་ང་རྒྱལ་བརྟན་པར་བྱ། །མཚན་བཅས་རྫོགས་རིམ་སྒོམ་པའི་ཚེ། །རྩ་དང་རླུང་དང་ཐིག་ལེ་ལ། །གནད་བཞིའི་འཁྲུལ་འཁོར་མ་འཆུགས་པས། །བརྩོན་འགྲུས་དྲག་པོས་བསྒོམ་པར་བྱ། །རྟགས་དང་ཡོན་ཏན་བྱུང་དུས་སུ། །ང་རྒྱལ་རློམ་པ་མི་བྱ་བར། །གེགས་དང་བར་ཆོད་བདུད་ལ་སོགས། །གེགས་སེལ་གནད་ཀྱིས་གདོན་པར་བྱ། །དྲོད་དང་བདེ་བ་སྐྱེ་དུས་སུ། །མི་ཉམས་སྤེལ་བར་བྱ་བའི་གནད། །གསང་སྔགས་ཟབ་མོའི་གདམས་ངག་དེ། །དུས་འདིར་དགོས་སོ་སྐྱེས་བུ་ཁྱེད། །མཚན་མེད་རྫོགས་རིམ་སྒོམ་པའི་ཚེ། །མ་བཅོས་པ་ལ་མ་བསླད་དོན། །ལྷོད་ཀྱིས་ཀློད་པའི་དུས་ཚོད་དུ། །ཆོས་སྐུ་གཅེར་གྱིས་མཐོང་བ་ཡིན། །གཞན་ཡང་སྤང་ཐོབ་ཅི་ཡང་མེད། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལ། །གཏང་བཞག་བྱ་རྒྱུའི་དུས་དང་བྲལ། །དབྱིངས་དང་ཡེ་ཤེས་འདྲེས་པ་ལ། །ཐད་ཀར་བཀང་ནས་བསྒོམ་རྒྱུ་མེད། །དམིགས་མེད་ཐུགས་རྗེ་ཆེན་པོ་ལས། །ཆེད་དུ་བཀར་ལ་བསྒོམ་མི་དགོས། །གཉིས་མེད་ཟུང་འཇུག་ཆེན་པོ་ལ། །མཉམ་བཞག་རྗེས་ཐོབ་རིམ་པ་མེད། །སློབ་པའི་ཟུང་འཇུག་སྦྱོང་དུས་སུ། །གཉིས་སྣང་བག་ཆགས་སྤང་བར་བྱ། །མི་སློབ་ཟུང་འཇུག་སླེབས་པ་ན། །སྐུ་གསུམ་རང་ཆས་ལྷུན་གྱིས་གྲུབ། །རང་ལ་ཡོད་པ་མངོན་དུ་གྱུར། །དད་པ་ཅན་གྱིས་བསྐུལ་བ་ཡིས། །གདམས་པའི་གནད་མཆོག་བསྡེབས་པ་ལས། །དགེ་བ་ཅི་སྙེད་ཡོད་པ་ཀུན། །མཐའ་ཡས་སེམས་ཅན་རྣམས་ལ་བསྔོ། །དགེ་བཤེས་ཇོ་སྲས་ལ་གདམས་པ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

དམ་ཆོས་དཀར་པོ་སོགས།

༈ དམ་ཆོས་དཀར་པོ་ཟངས་ཡག །ཆད་ཁུངས་བཀའ་བརྒྱུད་རིན་ཆེན་ཏེ། །ཚིག་དོན་བརྒྱུད་པ་མ་ཆད་པ། །རྩ་བའི་བླ་མ་བཀའ་དྲིན་ཅན། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ཕྱི་སྣང་བ་རྩ་ཁམས་རྟེན་འབྲེལ་འདི། །རླུང་སེམས་འདུས་པའི་གནད་དུ་གོ །འགྲོ་བའི་དོན་དུ་གནད་འདི་འབྲི། །མི་དང་མི་མ་ཡིན་གྱི་བདུད། །ཕུང་པོ་དང་ནི་ཉོན་མོངས་འཆི་བདག་བདུད། །ལྷ་ཡི་བུ་ལ་སོགས་པ་ཡི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའམ། །བྱེ་བ་དུང་ཕྱུར་བདུད་ཀྱི་ཚོགས། །རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡི། །རྩ་ཨ་ཝ་དྷཱུ་ཏིར་འགགས་ཙམ་ན། །ནང་གི་བདུད་རྣམས་བཅོམ་པ་དང༌། །ཕྱི་ཡི་བདུད་རྣམས་གཞོམ་པར་འགྱུར། །ནང་དུ་བདེ་གསལ་མི་རྟོག་སྐྱེས་ཙམ་ན། །ལུས་ངག་ཡིད་གསུམ་ཆོས་རྣམས་ལ། །སྲིད་གསུམ་མཐོང་སྣང་འཆར་བ་ཡིན། །སྐྱོན་དང་ཡོན་ཏན་སྐྱེས་གྱུར་ཀྱང༌། །ཐམས་ཅད་གྲོགས་སུ་འཆར་བ་ཡིན། །སྐུ་གསུམ་གྱི་རྟོགས་པ་སྐྱེས་ཙམ་ན། །དེ་ཡི་ཡོན་ཏན་རྫོགས་པ་ཡིན། །འབྲས་བུ་སྐུ་གསུམ་མངོན་དུ་བྱེད། །གཞན་དོན་ལྷུན་གྱིས་གྲུབ་པ་ཡིན། །འདི་སྒོམ་སྲན་ཅན་ལ་དགོས་པ་ཡིན། །ཉམས་མྱོང་ཅན་གྱིས་ཤེས་པ་ཡིན། །རྟོགས་ལྡན་རྣམས་ཀྱིས་གོ་བ་ཡིན། །མོས་གུས་ཅན་གྱིས་རྟོགས་པ་ཡིན། །ཚིག་མཁས་བློས་བྱས་ཅན་ལ་གསང་བ་ཡིན། །ཁ་ལྟ་ཐོ་ཅོ་ཅན་ལ་སྦས་པ་ཡིན། །མ་བསྒོམ་རྟེན་འབྲེལ་མཁན་ལ་ཅི་ཆ་ཡོད། །གྲུབ་ཐོབ་རྣམས་ཀྱིས་མཐོང་གྱུར་ན། །རྗེས་སུ་ཡི་རང་གད་མོ་འཆོར། །བླ་མ་མིར་མཐོང་མི་རྣམས་ལ། །ཡོན་ཏན་སྐྱེ་བ་དཀའ་བ་ཡིན། །དད་དང་བརྩོན་འགྲུས་ཤེས་རབ་ཆེ། །ཚུལ་ཁྲིམས་དམ་ཚིག་གཙང་ལྡན་ལ། །ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན། །རིམ་སྐྱེས་པ་ལ་བརྩོན་འགྲུས་དགོས། །གཅིག་ཆར་བ་ལ་མོས་གུས་དགོས། །ཐེས་སུ་བླ་མ་བཟང་པོ་དགོས། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །ལར་ཆོས་ཟབ་མོ་གསུངས་ལ་ཕན་ཅི་ཡོད། །ཐང་སྟོང་པ་ལ་གསུངས་པ་སུ་ལ་ཕན། །རི་དང་བྲག་ལ་གསུངས་པ་སུ་ཡིས་གོ །འོན་ཀྱང་གཞི་བདག་མི་མ་ཡིན་རྣམས་ཡོད། །གདུལ་བྱར་གྱུར་པའི་ལས་འབྲས་བཞག །ཐམས་ཅད་སངས་རྒྱས་ཐོབ་པའི་སྨོན་ལམ་གདབ། །ཚིགས་བཅད་ལྷུག་གཉིས་སུ་སྡེབས་པ་ཡི། །རྟེན་འབྲེལ་གནད་ཀྱི་ཟབ་ཆོས་འདི། །དགེ་མི་དགེ་ཁ་དཀར་ནག་གི་ཤན་མདངས་ཕྱེད་པ་ཡིན། །དམ་ཆོས་དཀར་པོ་ཟངས་ཡག་འདི། །ཟླ་དཀར་ནག་གཉིས་ཀྱི་ཕུ་ན་གསུངས། འཁོར་འདས་གཉིས་མེད་ཟུང་འཇུག་ཆེན་པོ་འདི། འགྲོ་ལ་ཕན་ཕྱིར་ཏི་ཤྲི་རས་པས་ཡི་གེར་བཀོད་པའོ། །རྫོགས་སོ།།

ཡོན་ཏན་རྒྱལ་ལ་གདམས་པ།

བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་དུས་སུ། །མི་ལུས་རིན་པོ་ཆེ་ནི་ཐོབ། དལ་བ་དང་འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན། ཡང་དག་པའི་བླ་མ་དང་ནི་མཇལ། ཐེག་ཆེན་ཆོས་དང་འཕྲད་དུ་དེར། སྐྱེ་བ་གཏན་གྱི་སོ་ནམ་གཤའ་མ་ཞིག་བྱེད་དགོས། དེ་ལ་དང་པོ་འཁོར་བ་མཐའ་དག་ལས་ཡིད་འབྱུང་དགོས། ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ཀྱང༌། ལྷ་དང་མིའི་བདེ་བ་མི་སྤོང་ན། མཐོ་རིས་ཐོབ་ཀྱང་འཁོར་བ་དུཿཁའི་གཏན་ཞིང་ཡིན། དེས་ན་འཁོར་བ་འདི་ལས་ཡིད་འབྱུང་བ་གལ་ཆེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས། བྱང་ཆུབ་དང་བྱང་ཆུབ་ཆེན་པོ་མི་འཐོབ་པས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན། ཅི་བྱས་ཐམས་ཅད་ཐེག་པ་ཆེན་པོའི་ལམ་ཡིན། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི། སྟོང་པ་སྙིང་རྗེ་དབྱེར་མེད་ལ་བཞེད་པ་ལས། ཀྱཻའི་རྡོ་རྗེ་ལས་ཀྱང༌། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་དེ་ལ་བརྗོད། །ཅེས་གསུངས། བྱམས་པ་དང་སྙིང་རྗེ་རྐྱང་པས་ཀྱང་རྒྱལ་ཆེན་རིགས་བཞིའི་ལྷ་ལས་མི་འདའ། བྱང་ཆུབ་སེམས་ནི་དྲི་མས་མ་གོས་པ་ཡིན་ཏེ། དྲི་མས་མ་གོས་བྱང་ཆུབ་སེམས། །དག་ཅིང་གསལ་བ་ཡེ་ཤེས་ཡིན། །ཅེས་པ་དང༌། གཞན་ཡང་ཉོན་མོངས་བྱང་ཞིང་ཡེ་ཤེས་ཆུབ། །ཅེས་པ་དང༌། སྒྲིབ་པ་སྤངས་ཤིང་བློ་རྒྱས་ཕྱིར། །ཞེས་གསུངས་པས། དྲི་མ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་མང་ཞིག་གསུངས་ན་ཡང༌། འདོད་ཆགས་སྐྱེས་ན་བྱམས་པ་སྒོམ་པ་གནས་ལོག་ཡིན། །ཞེ་སྡང་ཡོད་ན་སྙིང་རྗེ་སྒོམ་པ་རྫུན་དང་འདྲ། །གཏི་མུག་ཡོད་ན་སྟོང་པ་སྒོམ་པ་རྒྱུ་གཞན་ཡིན། །ང་རྒྱལ་ཡོད་ན་མཉམ་ཉིད་སྒོམ་པ་ཕྱོགས་རིས་ཡིན། །ཕྲག་དོག་ཡོད་ན་བདག་གཞན་བརྗེ་བ་ཀུ་རེ་ཡིན། །ཟག་མེད་བདེ་ཆེན་ཡེ་ཤེས་ལ། །འདོད་ཆགས་དགེ་བར་འགྱུར་བའི་གནས་མ་མཆིས། །གསལ་སྟོང་ཡེ་ཤེས་ཆེན་པོ་ལ། །ཞེ་སྡང་དགེ་བར་འགྱུར་བའི་གོ་སྐབས་མེད། །ཆོས་ཉིད་སྟོང་པའི་ཡེ་ཤེས་ལ། །གཏི་མུག་དགེ་བར་འགྱུར་བའི་རྒྱུ་མེད་ཕྱིར། །མཉམ་ཉིད་ཡེ་ཤེས་ཆེན་པོ་ལ། །ང་རྒྱལ་དགེ་བར་འགྱུར་བ་ཡོང་མི་སྲིད། །རྩོལ་མེད་ཡེ་ཤེས་ཆེན་པོ་ལ། །ཕྲག་དོག་དགེ་བར་འགྱུར་བ་ག་ལ་སྲིད། །ཆོས་སྐུ་ཡེ་ནས་དག་པའི་རང་བཞིན་ལ། །ཉོན་མོངས་དྲི་མ་ཡོད་པ་སུ་ཡིས་བརྗོད། །གཏི་མུག་སོལ་ནག་བརྡར་བ་ལ། །དགེ་བ་དཀར་པོ་འབྱུང་བ་ག་ལ་སྲིད། །དག་སྣང་གཟུགས་སྐུར་ཤར་བ་ལ། །འཁྲུལ་པའི་གཟུགས་བརྙན་ག་ལ་སྲིད། །དེ་བཞིན་ཆོས་སྐུའི་རྩ་བ་མ་འཆུགས་ན། །ལོ་མ་འབྲས་བུ་ཐམས་ཅད་སྨན་ཆེན་ཡིན། །གལ་ཏེ་རྩ་བ་འཆུག་གྱུར་ན། །ལོ་མ་འབྲས་བུ་དུག་ཆེན་ཡིན། །ཉོན་མོངས་ཡེ་ཤེས་སུ་འདོད་པ་དེ། །བདག་གཞན་ཕུང་བའི་དུག་ཆེན་ཡིན། །སེམས་ཉིད་ཡེ་ནས་དག་པ་ལ། །ལོ་འབྲས་སྐུ་གསུམ་ཐོབ་པ་དེ། །བདག་གཞན་གཉིས་ཀྱི་བདེ་སྐྱིད་ཡིན། །བུ་བདེ་སྐྱིད་བཞེད་ན་དེ་ལྟར་མཛོད། །ཕྱི་སྣང་བ་སྣ་ཚོགས་དཀར་དམར་འདི། །ཆོས་ཉིད་སྟོན་པའི་བླ་མ་ཡིན། །ནང་སེམས་ཉིད་སྤྲོས་དང་བྲལ་བ་འདི། །ཆོས་སྐུ་སྟོན་པའི་བླ་མ་ཡིན། །གསང་བ་བདེ་སྟོང་ཉམས་མྱོང་འདི། །ཞེན་པ་གཅོད་པའི་བླ་མ་ཡིན། བུ་བླ་མ་བསྟེན་ན་དེ་ལྟར་བསྟེན། །ཐེ་ཚོམ་ཡིད་གཉིས་མི་བྱ་ཞིང༌། ཅི་གསུངས་ཚད་མར་འཛིན་པ་དང༌། །བཀའ་གཅོག་ཁྱད་གསོད་མི་བྱེད་ན། ཅི་བསམ་འགྲུབ་པའི་གདམས་ངག་ཡིན། །བུ་གདམས་ངག་བཞེད་ན་དེ་ལྟར་མཛོད། རིགས་དྲུག་སེམས་ཅན་ཐམས་ཅད་ལ། །མཐོ་དམན་མེད་པར་བྱམས་པ་སྒོམས། ཐད་དུ་བབས་པའི་གདུལ་བྱ་ལ། །ཚིག་གི་མགོ་བསྐོར་མ་བྱེད་པར། སྙན་བརྒྱུད་ཀྱི་གདམས་ངག་གནད་དུ་བསྣུན། །སེམས་སྟོང་པ་ཉིད་ལ་སྤར་ཟིན་གྱིས། ཟག་མེད་བདེ་བའི་ཉམས་མྱོང་སྐྱེད། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་འབྱུང༌། བུ་གཞན་དོན་མཛད་ན་དེ་ལྟར་མཛོད། །འཇིག་རྟེན་ཆོས་བརྒྱད་གཏན་སྤངས་ནས། ལྷ་ཆོས་དང་མི་ཆོས་མི་བསྲེ་བར། །བཀའ་དང་བསྟན་བཅོས་མན་ངག་གི །དགོངས་པ་དང་དགོངས་མིན་བྱེ་བྲག་ལ། །སྐྲ་དང་ཨོག་ཚོམ་མི་བསྲེ་བར། །མ་འདྲེས་ཡོངས་རྫོགས་མཁས་པ་ཡིན། །བུ་མཁས་པ་བཞེད་ན་དེ་ལྟར་མཛོད། །བཀའ་དང་བསྟན་བཅོས་མ་ལུས་པ། །ཐོས་ཀྱང་རང་སེམས་རྟོགས་ལས་མེད། །རང་སེམས་རྟོགས་ན་ཐམས་ཅད་མཁྱེན། །ཕ་རོལ་ཕྱིན་པའི་མདོ་ལས་ཀྱང༌། །གཟུགས་ཤེས་ཐམས་ཅད་མཁྱེན་ཉིད་གསུངས། །བུ་ཐོས་པ་བཞེད་ན་དེ་ལྟར་མཛོད། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རང་སེམས་མིན་པ་གཅིག་ཀྱང་མེད། །བུ་རྟོགས་པ་བཞེད་ན་དེ་ལྟར་མཛོད། ཡུལ་དང་ཡུལ་ཅན་ཆོས་རྣམས་ཀུན། །གཉུག་མ་མིན་པ་གཅིག་ཀྱང་མེད། །བུ་སྒོམ་པ་བཞེད་ན་དེ་ལྟར་མཛོད། །ཐ་དད་འདུ་ཤེས་བླང་དོར་རྣམས། །གཉིས་མེད་ཆེན་པོར་རོ་གཅིག་པས། །བུ་སྤྱོད་པ་བཞེད་ན་དེ་ལྟར་མཛོད། །རང་སེམས་ཆོས་སྐུ་མངོན་གྱུར་ལ། །ཉེར་ལེན་རྒྱུ་རྐྱེན་ཚོགས་པ་དེ། །གཟུགས་སྐུས་གཞན་དོན་བྱེད་པ་ཡིན། །བུ་འབྲས་བུ་བཞེད་ན་དེ་ལྟར་མཛོད། །ཡོན་ཏན་རྒྱལ་ཞེས་གྲགས་པ་ཡི། །དགེ་བཤེས་ཆེན་པོ་ཁྱོད་ཉིད་དེ། །སྐྱེ་ས་མཐོ་ཞིང་རིགས་རྒྱུད་བཟང༌། །ཤེས་རབ་ཆེ་ཞིང་མང་དུ་ཐོས། །ཚིག་ཐ་སྙད་ཀྱི་སྒྲོ་འདོགས་ཆོད་ན་ཡང༌། །དོན་སྙན་བརྒྱུད་ཀྱི་གདུང་བ་མ་ཆོད་པས། །བདག་ཉིད་སྤྲང་བན་རས་པ་ལ། །ལྷན་སྐྱེས་སྦྱངས་པའི་ཤེས་རབ་མེད། །ཚིག་སྡེབ་སྦྱོར་མཁས་པ་མ་མཆིས་ཀྱང༌། །ཁྱེད་པས་གདམས་པ་ཞུས་པ་དེ། །ཚིགས་བཅད་ལྷུག་གཉིས་སུ་བསྡེབས་པ་འདི། །དོན་སེམས་ལ་ཡོད་པ་ཁ་རུ་ཕྱུང༌། །ཆོས་དངོས་མེད་སྟོང་པ་ཡི་གེར་བཀོད། །སྣང་བ་སྣ་ཚོགས་གཅིག་ཏུ་བསྡུས། །སྟོང་པ་ཉིད་ལ་སྤར་ཟིན་བྱས། །དོན་ཕག་ན་ཡོད་པ་མངོན་དུ་ཕྱུང༌། །རང་རིག་ཡེ་ཤེས་རྩལ་གྱིས་བསྟན། །བུ་ཉམས་སུ་ལོངས་ཤིག་དད་པ་ཅན། །ད་དུས་སེམས་ཅན་ལོག་རྟོག་ཆེ། །དོན་ལ་མི་རྟོག་ཚིག་ལ་རྟོག །གཉེན་པོས་མཐོང་ན་སྡིག་པ་སོགས། །རང་ཉིད་སེམས་ལ་བཅང་བར་བྱ། །ཕན་པར་གྱུར་ན་ཀུན་ལ་ལྟོས། །བླ་མ་ཡོན་རྒྱལ་ལ་གདམས་པ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

སྟོན་པ་གླེའུ་ལ་གདམས་པ།

གུ་རུ་ན་མོ། །ཁྱེད་སངས་རྒྱས་ཀྱི་བསྟན་པ་ལ། མི་ལུས་རིན་པོ་ཆེ་ནི་ཐོབ། དལ་བ་དང་འབྱོར་བ་ཕུན་སུམ་ཚོགས་པ་དང་ནི་ལྡན། ཡང་དག་པའི་དགེ་བའི་བཤེས་གཉེན་ནི་བཙལ། ཁྱིམ་ནས་ཁྱིམ་མེད་པར་གཞོན་པ་ལ་རབ་ཏུ་ནི་བྱུང༌། ཐེག་པ་ཆེ་ཆུང་གི་ཆོས་དང་མཇལ་བས། འཁོར་བའི་ཉེས་དམིགས་དང་མྱ་ངན་ལས་འདས་པའི་ཕན་ཡོན་ནི་ཤེས། ཆོས་དང་བརྡ་འཇལ་བས་བྱིས་པའི་སྐྱོན་དང་ནི་བྲལ། རང་ལ་རང་དབང་ཡོད་པའི་དུས་འདིར་ཆོས་གཤའ་མ་ཞིག་བྱེད་དགོས། ཆོས་བྱེད་པ་ལ་ཤེས་རབ་ཀྱིས་ཉམས་སུ་བླངས། བཀའ་དང་བསྟན་བཅོས་མན་ངག་ལ། ཡང་དང་ཡང་དུ་མང་པོར་ཐོས་པས་དབང་པོའི་མངོན་སུམ་དུ་ཤེས་རབ་ཀྱི་མིག་དབྱེ་བར་བྱ། གྲུབ་མཐའི་ཁྱད་པར་ལ་ཚིག་དོན་གྱི་འགལ་འབྲེལ་བརྩིས་ནས། ཡིད་དང་རིག་པའི་མངོན་སུམ་དུ་ཆོས་ཀྱི་སྤྱན་དབྱེ་བར་བྱ། ཤེས་རབ་གསུམ་དང་མངོན་སུམ་བཞི། །སྤྱན་གསུམ་དང་ནི་རྣལ་འབྱོར་གསུམ། །ཆོས་བཅུ་དང་གསུམ་གྱི་བདག་ཉིད་འདི། །སྟོན་པ་གླེའུ་ཡི་གདམས་ངག་མཛོད། །ཡང་སྙིང་གཏམ་ཚིག་གཅིག་སྙན་དུ་གསོལ་བ་ལ། །དལ་འབྱོར་རྙེད་པར་དཀའ་བས་ཚུལ་ཁྲིམས་སྲུངས། །འཁོར་བ་སྡུག་བསྔལ་ཆེ་བས་ཆོས་བརྒྱད་སྤོངས། །སེམས་ཅན་ཕ་མ་ཡིན་གྱི་སྙིང་རྗེ་སྒོམས། །གྲུབ་ཐོབ་བླ་མ་རྙེད་པར་དཀའ་བས་མོས་གུས་བསྐྱེད། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ལྟ་བའི་དྲི་མ་མ་བསྐུ་མཛོད། །གཉུག་མ་རྒྱུན་འཆད་མེད་པ་ལ། །རེས་འཇོག་སྒོམ་གྱིས་མ་བསླད་མཛོད། །སྤྱོད་པ་དར་ཚག་ཞིབ་མོ་ལ། །རྩིང་ཆོས་ཐོ་ཅོས་མ་བསླད་ཅིག །འབྲས་བུ་ལྷུན་གྱིས་གྲུབ་པ་ལ། །རེ་དོགས་ཀྱིི་ཕྱམ་ལ་མ་བསྐུར་ཅིག །སྟོན་པ་གླེའུ་ལ་གདམས་པ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །

དབུས་པ་པདྨ་ལ་གདམས་པ།

དབུས་པ་པདྨའི་ས་གཞི་ལ། །བྱང་ཆུབ་སེམས་ཀྱི་ཆར་རྒྱུན་བབ། །སེམས་ཉིད་སྟོང་པའི་སེར་དང་འཕྲད། །བདག་ཉིད་ཆེན་པོའི་སྐྱེས་བུ་དེས། །འདོད་ཡོན་ལྔ་ཡི་ཆུ་ལུད་བྲན། །ཐབས་ཤེས་རབ་གཉིས་ཀྱིས་རྨོན་དོར་བཅས། །དད་པ་འགྱུར་མེད་ཀྱི་གཉའ་ཤིང་ལ། །རང་རིག་གསལ་བའི་ཐོང་བཤོལ་བཙུགས། །དྲན་པ་ཡེངས་མེད་ཀྱི་ལྕག་གིས་བྲབ། །ཉོན་མོངས་ཀྱི་ཐ་རྒོད་གཏིང་ནས་བརློགས། །བདེ་བ་ཆེན་པོར་ས་ཁད་བསྙམས། །ཡོན་ཏན་རིན་ཆེན་གྱི་ས་བོན་བཏབ། །རང་བཞིན་དག་པའི་རྩ་བ་ཟུག །ཉམས་དང་རྟོགས་པའི་མྱུ་གུ་འཁྲུངས། །གོམ་པ་ས་ལམ་གྱི་སྡོང་པོ་སྐྱེས། །ཕྲིན་ལས་རྣམ་ལྔའི་ལོ་འདབ་རྒྱས། །མཁྱེན་པ་གཉིས་ཀྱི་མེ་ཏོག་མཛེས། །སྐུ་གསུམ་ཡེ་ཤེས་ཀྱི་འབྲས་བུ་སྨིན། །སྐལ་ལྡན་ལ་ཡེ་ཤེས་ཀྱི་ལོ་ཡག་བྱུང༌། །མཆོག་ཐུན་མོང་གཉིས་ཀྱི་ཡོ་ལངས་བྱེད། །མྱ་ངན་འདས་པའི་གཏེར་མཛོད་ཚུགས། །འཁོར་བ་འཇིགས་པའི་མུ་གེ་དངས། །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

དམ་ཆོས་ནོར་བུ་རིན་ཆེན།

བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་འཆང༌། །དེའི་ཞལ་ནས་གསུངས་པའི་བཀའ། །སྤྲུལ་སྐུ་ཏཻ་ལོས་ཀུན་ལ་བསྟན། །ནཱ་རོའི་རྒྱུད་ལ་ཡོན་ཏན་སྐྱེས། །ནཱ་རོའི་གདམས་པ་རིན་པོ་ཆེ། །མར་པ་ལོ་ཙཱ་བློ་གྲོས་ཀྱིས། །བོད་ལ་ཆོས་ཀྱི་ཉི་མ་ཤར། །རྗེ་བཙུན་མི་ལས་ཉམས་སུ་བླངས། །དངོས་གྲུབ་བརྙེས་ནས་གཞན་དོན་མཛད། །དེ་དག་ཀུན་གྱི་སློབ་མ་ནི། །བདག་གི་བླ་མ་རིན་པོ་ཆེ། །དངོས་གྲུབ་བརྙེས་ནས་གཞན་དོན་མཛད། །ཟབ་ཆོས་གསུངས་པ་བདག་གིས་ཐོས། །བདག་གིས་བསྒོམས་པས་ཉམས་མྱོང་ཐོབ། །དེ་འགྲོ་བ་རྣམས་ལ་བསྟན་པར་བྱས། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །ཉམས་དང་རྟོགས་པ་སྐྱེ་བར་ངེས། །རང་གཞན་གཉིས་ཀྱི་བདེ་བ་བསྒྲུབས། །དེ་དག་བརྒྱུད་པའི་ཟབ་ཆོས་འདི། །ཁྲོ་མོ་འབར་མའི་གཏུན་ཁུང་དུ། །ཡི་གེ་ཨ་ཐུང་སེམས་ཀྱི་རྟེན། །རང་སེམས་རིག་པ་ཨ་ལ་གནས། །ཁྲོ་བོ་འབར་བའི་ཐོ་བ་ཡིས། །ཉོན་མོངས་རྣམ་པར་རྟོག་པ་དང༌། །སེམས་ཀྱི་སྒྲིབ་པ་རྣམ་གཉིས་བརྡུང༌། །ཤུན་དང་སྦུན་ལྐོགས་ལྟ་བུ་ཡི། །སེམས་ཀྱི་སྒྲིབ་པ་ཀུན་དང་བྲལ། །ཞི་དྲག་རླུང་གི་སྦྱོར་ལ་ཕྱར། །འཁོར་འདས་གཉིས་ཀྱི་དྭངས་སྙིགས་འབྱེད། །སྒྲིབ་པ་ཆོས་སྐུའི་སྙིང་པོ་དེ། །སྒྲིབ་དང་བྲལ་ནས་ལྷང་ལ་ཕྱུང༌། །གཉིས་མེད་ཡེ་ཤེས་མངོན་དུ་གྱུར། །བདག་གིས་བསྒོམས་པས་ཉམས་རྟོགས་སྐྱེས། །འབྲས་བུ་མངོན་དུ་གྱུར་པ་ཡིན། །བཀའ་བརྒྱུད་གདམས་ངག་རིན་པོ་ཆེ། །ལྷན་ཅིག་སྐྱེས་པའི་བདུད་རྩི་དེ། །གཉིས་མེད་ཡེ་ཤེས་ཆེན་པོ་ལ། །བདག་གིས་བསྒོམས་པས་ཉམས་རྟོགས་སྐྱེས། །ཉམས་སུ་མྱོང་བས་རང་རྒྱུད་ཚིམས། །འཁོར་འདས་གཉིས་ཀྱི་ཆོས་རྣམས་ཀུན། །གཉིས་མེད་བདེ་བ་ཆེན་པོར་མྱོང༌། །རང་གཞན་བདེ་སྐྱིད་འབྱུང་བ་ཡི། །འདི་ལྟའི་དམ་ཆོས་རིན་པོ་ཆེ། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །བདེ་གཤེགས་སྙིང་པོའི་ས་བོན་བཏབ། །བྱང་ཆུབ་སེམས་གཉིས་རླན་གྱིས་བྲན། །ཐབས་ཤེས་གཉིས་ཀྱི་སོ་ནམ་ལ། །དམ་ཚིག་གཉིས་ཀྱིས་སྲུང་བྲན་བྱས། །ཡེ་ཤེས་གཉིས་ཀྱི་མྱུ་གུ་འཁྲུངས། །འབྲས་བུ་སངས་རྒྱས་ཐོབ་པར་བསྔོ། །ཡེ་ཤེས་གཅིག་ཆར་སྐྱེ་བ་ཡི། །ཐེག་པ་མཆོག་གི་ལམ་ལ་ཞུགས། །རྟོགས་པ་གཅིག་གིས་ས་ལམ་བསྒྲོད། །ཚེ་གཅིག་སངས་རྒྱས་ཐོབ་པ་ཡི། །དམ་ཆོས་ནོར་བུ་རིན་པོ་ཆེ། །བླ་མས་གསུངས་བཞིན་རས་པས་བཀོད། །དེ་བྱུང་དགེ་བ་དྲི་མེད་ཀྱིས། །བདག་གཞན་སངས་རྒྱས་ཐོབ་པར་ཤོག །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

ཨ་མྱེ་ཟེང་ལ་གདམས་པ།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཨ་མྱེ་ཟེང་ལ་གདམས་པ་སྤྲིངས་པ། །ཞེན་པའི་རྒྱལ་པོ་ཕ་ཡུལ་ལ། །ཆགས་སེམས་ཀྱིས་བདག་ཏུ་བཟུང་བ་ཡི། །ཁང་བཟང་ཕུབ་ཀྱང་བཙོན་ར་ཡིན། །གནས་ལ་ངེས་མེད་ཀྱི་རི་ཁྲོད་འགྲིམ། །འཛིན་པའི་རྒྱལ་པོ་ནོར་རྫས་ལ། །ཆོག་སེམས་ནང་དུ་མ་སྐྱེས་པར། །བསོག་སེམས་སྐྱེས་ན་བདུད་ཀྱི་ལས། །བསོད་སྙོམས་ཀྱི་ཟས་ཀྱིས་འཚོ་བར་མཛོད། །ཆགས་པའི་རྒྱལ་པོ་ཉེ་དུ་ལ། །གནས་སྐབས་ཀྱི་གྲོགས་སུ་མི་ཤེས་པར། །འབྲལ་མི་ཕོད་ན་བཙོན་རྫི་ཡིན། །སེམས་ཉམས་མྱོང་གྲོགས་དང་འགྲོག་པར་མཛོད། །གྲུབ་ཐོབ་བརྒྱུད་པའི་བླ་མ་ལ། །དད་དང་གུས་པས་མི་བསྟེན་པར། །ཕྱོགས་འཕོངས་ཀྱི་མོས་གུས་ལྟེམ་རྐྱང་ཡིན། །འབྲལ་མེད་རང་སྣང་བླ་མར་མཛོད། །རྙེད་དཀའི་དལ་འབྱོར་མི་ལུས་ལ། །སྐྱེས་བུ་དོན་ལྡན་གྲུབ་དུས་སུ། །ཆུད་ཟོས་བྱེད་པའི་མི་རེ་ངན། །དལ་འབྱོར་རྙེད་དཀའ་མདོ་རྒྱུད་ལྟོས། །སོ་སོར་ཐར་པ་རིགས་བདུན་ལ། །སྣ་གཅིག་བསྲུངས་ཀྱང་བདེ་འགྲོར་འགྲོ། །ལོག་སྲེད་ངན་འགྲོའི་རྒྱུ་ཡིན་པས། གཉེན་པོ་བསྟེན་ལ་སྡོམ་པ་སྲུངས། །འཁོར་བའི་སེམས་ཅན་མར་གྱུར་ལ། །བྱམས་དང་སྙིང་རྗེ་སྒོམ་དུས་སུ། །ཆགས་སྡང་སྡུག་བསྔལ་རྒྱུ་ཡིན་པས། །ཕན་སེམས་བསྐྱེད་ལ་བྱམས་སེམས་སྒོམས། །རང་ལུས་རྒྱལ་བའི་དཀྱིལ་འཁོར་འདི། །ཡོངས་གྲུབ་ཏུ་ཤེས་པར་བྱེད་དུས་སུ། །ཀུན་བཏགས་བསྒོམ་པར་མ་བྱེད་པར། །སེམས་གཟུགས་ལྷ་རུ་ཤེས་པར་མཛོད། །ཆོས་སྐུ་སྐྱེ་བ་མེད་པ་དེ། །གཉུག་མ་རང་སར་འཇོག་དུས་སུ། །བཏང་བཞག་གི་ཉམས་སུ་མ་ལེན་པར། །བཅས་བཅོས་མ་བྱེད་རང་སར་ཞོག །གསང་སྔགས་ནང་གི་སྤྱོད་པ་ལ། །དུས་དང་ལྡན་པར་མ་ཤེས་པར། །མ་བཅིངས་མ་གྲོལ་སྤྱོད་པའི་མཆོག །བླང་དོར་དང་ཐོ་ཅོས་མ་བཅིངས་མཛོད། །སྐུ་གསུམ་ལྷུན་གྱིས་གྲུབ་པ་འདི། །རང་ལ་ཡོད་པར་ཤེས་དུས་སུ། །ཐོབ་བྱར་འདོད་པ་མ་ཡིན་པས། །འབྲས་བུ་རང་ལ་རྙེད་པར་མཛོད། །ཟེང་ཆུང་གིས་བསྐུལ་བའི་གདམས་པ་འདི། །བློ་ཆུང་དོན་དང་མི་ལྡན་ཡང༌། །མུ་ཏིག་ཕྲེང་དུ་བསྐུལ་ནས་མཆིས། །འདི་དང་བསྟུན་ལ་ཉམས་སུ་ལོངས། །འབུལ་རབ་ཆབ་མར་བསྐུལ་བ་དེ། །ཕྱག་ཏུ་བཞེས་ནས་མགུལ་དུ་བསྟིམ། །དེ་ལས་བྱུང་བའི་དགེ་བ་འདིས། །ཟེང་ཆུང་ལ་སོགས་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

ཡོན་ཏན་སྐྱབས་ལ་གདམས་པ་མུ་ཏིག་ཕྲེང་བ།

དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས། །གཉིས་སུ་མེད་པའི་བླ་མ་ལ། །ཉེར་ལེན་འབྲས་བུ་འབྱུང་བ་ཡི། །བདག་ཐ་བ་སྤངས་པའི་ལུས་ངག་ཡིད། །མཆོག་དང་ཐུན་མོང་དངོས་གྲུབ་ཀྱི། །འགྲོ་ལ་ལོ་ཏོག་སྨིན་པས་འདུད། །ཕ་བདེ་གཤེགས་བླ་མ་རིན་པོ་ཆེ། །བཀའ་ཡི་བརྒྱུད་པ་མ་ཆད་པ། །ཐུགས་བཅུད་གདམས་པ་རིན་ཆེན་གནད། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །བདག་ལ་རེ་ལྟོས་བྱེད་པ་ཡི། །གསོལ་འདེབས་རྣམས་ལ་བྱིན་གྱིས་རློབས། །ཡོན་ཏན་སྐྱབས་ཞེས་སྐྱེས་བུ་དེས། །བླ་མ་སངས་རྒྱས་སུ་མཐོང་བ་ཡིས། །བདེ་གཤེགས་བཀའ་དང་བླ་མའི་གསུང༌། །རང་གཞན་བསམ་པ་འགྲུབ་པ་ཡི། །ངོ་སྤྲོད་ཞལ་གདམས་ཟབ་མོ་རྣམས། །འགྲོ་ལ་བརྩེ་བས་ཞུ་འབུལ་བས། །ཁྱོད་ཀྱི་ཞལ་ངོ་མི་གཅོག་པས། །ཞུས་ལེན་མུ་ཏིག་ཕྲེང་བ་བྲི། །ཐུབ་པ་མངོན་པར་སངས་རྒྱས་ནས། །ཆོས་ཀྱི་ཕུང་པོ་གསུངས་མོད་ཀྱང༌། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི །གཉེན་པོ་གང་ཡིན་ཞུས་པ་ནི། །སྤང་བྱ་སྤོང་བྱེད་གཉེན་པོ་དང༌། །རང་བཞིན་ཤེས་པའི་གཉེན་པོའོ། །ཞེ་སྡང་ལས་གྱུར་ཉི་ཁྲི་སྟོང༌། །འདོད་ཆགས་ལས་གྱུར་ཉི་ཁྲི་སྟོང༌། །གཏི་མུག་ལས་གྱུར་ཉི་ཁྲི་སྟོང༌། །དུག་གསུམ་ཆ་མཉམ་ཉི་ཁྲི་སྟོང༌། །ཞེ་སྡང་གཉེན་པོ་བྱམས་པ་བསྒོམ། །མི་སྡུག་ལ་སོགས་སེམས་ཅན་ལ། །མ་གཅིག་བུ་ལྟར་བྱམས་པ་དང༌། །མ་རྣམས་བདེ་བར་རྟག་ཏུ་བསྒོམ། །འདོད་ཆགས་གཉེན་པོ་མི་སྡུག་བསྒོམ། །སྡུག་པའི་ཡུལ་རྣམས་མཐོང་བའི་ཚེ། །མི་གཙང་རྫས་དང་ཀེང་རུས་དང༌། །ཕུང་པོ་བཤིག་ཁྲོལ་བསྒོམ་པར་བྱ། །གཏི་མུག་གཉེན་པོར་སྟོང་ཉིད་བསྒོམ། །མ་རིག་ལ་སོགས་རྟེན་འབྲེལ་ཡང༌། །སྐྱེ་འགག་གནས་གསུམ་བྲལ་བས་སྟོང༌། །དུག་གསུམ་ཆ་མཉམ་གཉེན་པོ་ནི། །ཉོན་མོངས་ཤས་ནི་གང་ཆེ་བ། །དེ་དང་དེའི་གཉེན་པོ་བསྒོམ། །དེ་བཞིན་ཤེས་པའི་གཉེན་པོ་ནི། །ཐེག་མཆོག་བླ་མེད་དགོངས་པ་ཡིས། །དུག་ལྔ་རང་གྲོལ་ཡེ་ཤེས་ལྔ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཞེ་སྡང་དམྱལ་བ་རང་གིས་སྟོང༌། །སེམས་ཅན་སེམས་དང་རང་གི་སེམས། །སངས་རྒྱས་ཐུགས་དང་རང་གི་སེམས། །ཁྱད་པར་གྱུར་པ་གཅིག་མེད་པས། །ང་རྒྱལ་སྐྱེ་བའི་ཡུལ་དང་བྲལ། །ཆེ་འདོད་ཡོན་ཏན་མཉམ་པ་ཉིད། །སྒོ་ལྔ་ཡུལ་དུ་གྱུར་པ་ལ། །སོ་སོར་མ་འདྲེས་ཀུན་རྟོགས་པས། །ཟག་མེད་བདེ་བ་ཆེན་པོར་མྱོང༌། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །ནང་དུ་ཏིང་འཛིན་རྩལ་རྫོགས་པས། །ཕྱི་རུ་ཕྲིན་ལས་ཐོགས་པ་མེད། །དཔལ་ལ་མི་སྡང་གཞན་གཅེས་པས། །བྱང་ཆུབ་སེམས་གཉིས་དབྱེར་མེད་ཀྱིས། །ཕྲག་དོག་མཐོ་གནོན་རང་སར་ཞི། །གཞན་དོན་ཕྲིན་ལས་བྱ་བ་འགྲུབ། །གཏི་མུག་རང་བཞིན་རྣམ་དག་པས། །སྣང་མེད་འོད་གསལ་ཆེན་པོ་མྱོང༌། །ཁྱབ་དང་གཟུགས་ཅན་མ་ཡིན་དང༌། །འགྲོ་འོང་མེད་དང་ལྷུན་གྱིས་གྲུབ། །ནམ་མཁའ་ལྟ་བུར་ཐམས་ཅད་སྟོང༌། །གཞན་ཡང་རྣམ་རྟོག་སྣང་བ་དང༌། །ཉོན་མོངས་ལ་སོགས་ཆོས་རྣམས་ཀུན། །སོ་སོར་རང་རང་སྟོང་པ་ཡིན། །དེ་ལྟར་གཉེན་པོ་ཤེས་པར་བྱ། །བདག་ཉིད་ལས་འཕྲོ་འཛོམས་ཞེས་པ། །དགེ་བའི་བག་ཆགས་གོམས་ན་ཡིན། །གང་ཟག་གཞན་ལ་ཕན་འདོད་པ། །བྱང་ཆུབ་སེམས་ཀྱིས་ཟིན་ན་ཡིན། །སྐལ་ལྡན་རྣམས་ཀྱིས་མཐོང་ཐོས་པ། །ཆོས་ཟབ་སྣོད་དུ་གྱུར་པ་དེ། །ཐོག་མེད་དུས་ཀྱི་ལས་འབྲེལ་དེས། །ཆོས་ལ་ལས་འཕྲོ་སད་པ་ཡིན། །བླ་མའི་ཐུགས་དགོངས་རྫོགས་འདོད་པ། །ཅི་གསུང་བསྒྲུབས་པས་ཡོང་བ་ཡིན། །ཞུ་ལོ་ཚེ་འདིར་མ་ལགས་པས། །ཡང་དག་དོན་གཅིག་ཞུ་ཞེས་པ། །ཡང་དག་དོན་ཏེ་གང་ལགས་ན། །རང་གི་སེམས་ལས་ལོགས་ན་མེད། །རང་སེམས་དྲི་མེད་ཆོས་སྐུ་འདི། །ཐོག་མེད་དུས་ནས་འབྲལ་མ་མྱོང༌། །དུས་འདིར་རྟོགས་ཀྱང་གསར་སྐྱེས་མིན། །བླ་མའི་དྲིན་གྱིས་མཐོང་བ་ཡིན། །མོས་གུས་ཅན་གྱིས་རྟོགས་པ་ཡིན། །རྟོགས་ལྡན་ལྷན་ཅིག་སྐྱེས་པ་འདི། །གྲུབ་མཐས་མ་བསྒྱུར་ཐ་མལ་ཤེས། །སེམས་ངོ་རང་གིས་ཤེས་པ་ཡིན། །ཡོན་ཏན་སྐྱབས་ཞེས་ཟེར་བ་དེ། །ཁྱོད་རང་ཉིད་ལ་ཟེར་བ་ཡིན། །ད་ལྟའི་ཤེས་པ་སོ་མ་འདི། །ཆོས་སྐུ་ཡིན་པར་གཅེར་གྱིས་ལྟོས། །སྣང་བ་སྣ་ཚོགས་དཀར་དམར་འདི། །སྤང་བླང་མ་བྱེད་ལྷུག་པར་ཞོག །རྣམ་རྟོག་སྣ་ཚོགས་འཕྲོ་བ་འདི། །རང་རིག་ཡེ་ཤེས་ཡིན་པར་གོ །ཡུལ་དུ་སྣང་བའི་དངོས་པོ་འདི། །ཕྱི་རོལ་དོན་དུ་གྲུབ་མེད་ཀྱང༌། །སྣང་བ་བག་ཆགས་འཐས་པ་ཡིན། །རང་སེམས་ཆོས་སྐུར་གོ་ཙམ་ན། །བག་ཆགས་ཤུགས་ཀྱིས་འབྱང་བ་ཡིན། །དྲན་པ་སྐད་ཅིག་མེད་པ་དེ། །སྐུ་གསུམ་ངོ་སྤྲོད་བླ་མ་ཡིན། །མ་བཅོས་ཤེས་པ་སོ་མ་འདི། །བཏང་བཞག་མེད་པར་རང་དགར་ཞོག །སྒོམ་མོ་སྙམ་ན་བཅོས་པ་ཡིན། །སྒོམ་རྒྱུ་བྱུང་ན་གཟུང་འཛིན་ཡིན། །སྒོམ་མཁན་ཡོད་ན་ང་བདག་ཡིན། །བཏང་བཞག་ཡོད་ན་བླང་དོར་ཡིན། །བཟང་ངན་བྱུང་ན་ཆོས་བརྒྱད་ཡིན། །གཉུག་མ་ལྷན་ཅིག་སྐྱེས་པ་ལ། །ཡོད་ཅེས་ཟེར་ན་སྒྲོ་འདོགས་ཡིན། །མེད་ཅེས་ཟེར་ན་སྐུར་འདེབས་ཡིན། །སྒྲོ་སྐུར་གཉིས་མེད་གཉུག་མ་འདི། །གང་ལ་ཟེར་བ་ཡིན་སྙམ་པའི། །རྟག་ཏུ་གདུང་སེམས་ཡོད་པ་ཀུན། །ལག་པའི་མཐིལ་གྱི་རྫས་མཐོང་བཞིན། །ཨ་ཕས་བསྟན་གྱི་བུ་རྣམས་ལྟོས། །ཀྱཻ་ཧོ་སྐལ་ལྡན་རྣལ་འབྱོར་ཀུན། །ཨེ་མ་རང་བྱུང་ལྷན་ཅིག་སྐྱེས། །དེ་ནི་རང་རིག་འདི་ཡིན་ཏེ། །ངག་གིས་སྤྱོད་པའི་ཡུལ་མིན་པས། །ཏཻ་ལོའི་རིགས་བརྒྱུད་བྱིན་རླབས་ཅན། །ཀྱཻ་ཧོཿ གདུང་བས་གང་བོས་པ། །ནཱ་རོ་པ་ཡི་མོས་གུས་བཞིན། །གང་ལ་ཡོད་པ་རྣམས་ལ་འབོད། །རྨད་བྱུང་དམ་ཆོས་གང་ཡིན་པ། །རང་གི་ལུས་ངག་ཡིད་གསུམ་གྱི། །སྣང་དང་སྟོང་དང་ཡོད་མེད་སོགས། །ཇི་ལྟར་སྣང་བ་མ་ལུས་ཀུན། །རང་ཉིད་མིན་པ་གཅིག་ཀྱང་མེད། །གཞན་ཞིག་ཡིན་སྙམ་མ་བྱེད་ཅིག །རང་ཉིད་ཇི་ལྟར་འདུག་འདུག་འདི། །མཐའ་དང་བྲལ་བའི་ཤེས་པ་འདི། །ཕྱག་རྒྱ་ཆེན་པོ་མ་ཡིན་པ། །ཆོས་གཅིག་ལོགས་སུ་གྲུབ་པ་མེད། །ལུས་ངག་ཡིད་གསུམ་འཛིན་པ་ཡི། །ཤེས་པ་ཅི་ཞིག་ཡོད་ཡོད་པོ། །ཡོད་སྙམ་བྱེད་ཀྱང་མེད་པ་ཡིན། །ལུས་མེད་ལུས་དེ་སྟོང་པ་ཡིན། །རང་སེམས་ཆོས་སྐུ་རིན་པོ་ཆེ། །འབྲལ་མ་མྱོང་བ་ཐུགས་ལ་བཏགས། །ངོ་མ་ཤེས་པའི་སྙིང་རིང་པོ། །འདྲིས་ཀ་ཐུན་མོང་མ་ཡིན་པ། །ད་རེས་མཐོང་བས་ཨ་རེ་དགའ། །ཁྱོད་ལས་གྱོང་བ་གཅིག་ཀྱང་མེད། །རྟག་ཏུ་འགྲོགས་ཀྱང་མ་འདྲིས་པ། །ད་རེས་འབྲལ་མེད་གཅིག་ཏུ་གྱུར། །ཁྱོད་མཐོང་དགའ་བ་སྐྱེས་པ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆ་ཡི་བདེ་བ་བཞིན། །དགའ་དང་སྤྲོ་བ་རྒྱུན་ཆད་མེད། །བདེ་བ་ཆེན་པོ་སྐྱེས་པ་འདྲ། །ཐོག་མེད་དུས་ནས་མ་མཐོང་བ། །ད་རེས་མཐོང་བ་ངོ་མཚར་ཆེ། །ཡང་དག་དོན་ནི་གཤའ་མ་དེ། །རང་སེམས་ཆོས་སྐུ་འདི་ཡིན་གྱི། །མ་བཅོས་ཞོག་ཅིག་སྐལ་ལྡན་ཀུན། །ཆོས་གཅིག་གཤའ་མར་བྱེད་གྱུར་ན། །ཅི་ཙུག་བྱ་ཞེས་ཞུས་པ་ནི། །འཆི་དང་མི་རྟག་ཤེས་བྱས་ལ། །འཁོར་བ་མཐའ་དག་ཡིད་བྱུང་སྟེ། །རྒྱུ་འབྲས་ལས་ལ་རྩིས་བྱེད་ཅིང༌། །ཐེག་ཆེན་རྩ་བར་གྱུར་པ་ནི། །བྱང་ཆུབ་སེམས་ལ་བློ་སྦྱོང་ཞིང༌། །སྨིན་གྲོལ་གཉིས་ཀྱི་ལམ་ཉིད་ལ། །བསྐྱེད་རྫོགས་གནད་ནི་མ་འཆུག་པ། །ཚུལ་བཞིན་ཉམས་སུ་ལེན་ན་ཡིན། །རི་བྲག་སྟོང་པར་གཅིག་པུ་རུ། །སྡོད་ན་གདེང་ནི་ཅི་ལྟ་བུ། །ལྡན་ཞེས་ཁྱོད་ཀྱིས་ཞུས་པ་ནི། །མངོན་ལྐོག་མེད་པའི་ཚུལ་ཁྲིམས་དང༌། །གདམས་པའི་གནད་ལ་མ་འཆུགས་དང༌། །ཉམས་རྟོགས་གདེང་དང་ལྡན་པ་ཡིན། །ལར་ནི་བདག་འཛིན་མེད་ན་ཡིན། །ན་ཚ་སྡུག་བསྔལ་བྱུང་ཙ་ན། །ཟུག་ཟེར་ཇི་ལྟར་འཇོམས་ཞེས་པ། །ན་ཚ་སྡུག་བསྔལ་རང་གི་སེམས། །གཉེན་པོ་གཞན་དུ་བསྒོམ་དུ་མེད། །ཟུག་གཟེར་དེ་ཉིད་ཕྱག་རྒྱ་ཆེ། །གཅེར་མཐོང་བྱེད་པས་འཇོམས་པ་ཡིན། །ཉོན་མོངས་ཚན་ཀ་གཡོས་པ་ལ། །དེ་ཡི་གཉེན་པོ་ཞུས་པ་ནི། །གོང་དུ་ཞིབ་ཏུ་གསུངས་ན་ཡང༌། །ཁྱད་པར་མཆོག་ཏུ་གསུངས་པ་ནི། །སྡུག་པའི་ཡུལ་རྣམས་མཐོང་དུས་ན། །འདོད་ཆགས་གཅེར་གྱིས་སྐྱེས་པ་དེ། །དེ་ཉིད་བདེ་བར་མྱོང་བར་བྱ། །ཡུལ་རྣམས་དྲན་ཅིང་ཡིད་བྱེད་པ། །དྲན་པ་དེ་ཉིད་བདེ་བར་བསྒོམ། །འདོད་ཆགས་རྟོག་པ་གང་སྐྱེས་པ། །དེ་ཉིད་བདེ་བ་ཆེན་པོ་ཡིན། །ཟག་པ་ཟུག་རྔུར་ཤོར་གྱུར་ན། །རྟོག་གཉིས་ཅིག་ཆར་མི་འཇུག་པས། །གང་གང་མྱོང་བ་དེ་རང་ཡིན། །དེ་ཉིད་བདེ་བར་མྱོང་བར་བྱས། །སེམས་ཅན་མི་སྡུག་མཐོང་བ་ན། །ཞེ་སྡང་གློ་བུར་སྐྱེས་གྱུར་ན། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཅི་ཙུག་བསྒོམ་ཞེས་ཞུས་པ་ནི། །མི་སྡུག་གཅེར་གྱིས་མཐོང་བ་ན། །བྱམས་པའི་མ་རུ་གཅེར་གྱིས་བལྟ། །ཞེ་སྡང་ཕྱུར་གྱིས་སྐྱེས་པ་དེ། །དེ་ཉིད་སྟོང་པ་ཉིད་ཡིན་ཏེ། །སྟོང་པའི་རོ་ནི་བདེ་ཆེན་པོ། །བདེ་སྟོང་ཟུང་འཇུག་བསྒོམ་པར་བྱ། །རང་སེམས་བདེ་བར་མྱོང་བ་སྟེ། ཡུལ་ལ་བྱམས་པ་སྒོམ་པ་ཡིན། །སྙིང་རྗེ་ཇིི་ལྟར་སྒོམ་ཞེ་ན། །ཞེ་སྡང་ལ་སོགས་ཉོན་མོངས་ཀྱིས། །མནར་བའི་སེམས་ཅན་མི་སྡུག་པ། །འདི་ནི་འདི་ལྟར་སྡུག་བསྔལ་བ། །རང་སེམས་མ་རྟོགས་པ་ཡིས་ལན། །ཞེ་སྡང་ལ་སོགས་ཉོན་མོངས་དེ། །སྟོང་པ་ཡིན་པར་མ་ཤེས་པར། །སྙིང་རེ་རྗེ་ན་སྙམ་དུ་བསྒོམ། །སྙིང་རྗེ་ཇི་ལྟར་སྐྱེས་གྱུར་ཀྱང༌། །སྙིང་རྗེ་སྐྱེ་བའི་ཡུལ་རྣམས་དེ། །རང་སེམས་མིན་པ་གཅིག་ཀྱང་མེད། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ། །སྙིང་རྗེ་སྐྱེ་བའི་ཡུལ་མེད་ཀྱང༌། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེ། །ཐ་དད་འདུ་ཤེས་རྡུལ་ཙམ་ཡང༌། །སྐད་ཅིག་གཅིག་ཀྱང་མི་སྐྱེ་བ། །དེ་བཞིན་འཕགས་པ་སྡུད་པ་ལས། །བྱང་ཆུབ་སེམས་ནི་རིག་པ་གང་གི་དུས་ཀྱི་ཚེ། སྐྱེ་མེད་རྣམ་པར་བསམ་སྟེ་འདི་ལྟར་སྤྱོད་བྱེད་ཅིང༌། །སྙིང་རྗེ་ཆེན་པོ་བསྐྱེད་ཅིང་སེམས་ཅན་འདུ་ཤེས་མེད། །འདི་ནི་ཤེས་རབ་ཕ་རོལ་སེམས་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་མ་ཡིན་ཐ་དད་པས། །ཡུལ་ནི་སེམས་ཅན་སྡུག་བསྔལ་ཅན། །སྙིང་རྗེ་སྐྱེ་བའི་ཡུལ་དང་ནི། །སྙིང་རྗེ་རྣམ་པར་གསལ་བ་དང༌། །སྙིང་རྗེ་སྒོམ་མཁན་གསུམ་དུ་བཏགས། །དམིགས་བཅས་འཁོར་བའི་འབྲས་བུ་ཡིན། །ཡང་ན་མདོ་ནི་དེ་ཉིད་ལས། །གལ་ཏེ་སེམས་ཅན་སྡུག་བསྔལ་འདུ་ཤེས་བསྐྱེད། །འགྲོ་བ་རྣམས་ཀྱི་དོན་དུ་སྡུག་བསྔལ་སྤང་སྙམ་སྟེ། །བདག་དང་སེམས་ཅན་ཡོངས་རྟོག་བྱང་ཆུབ་སེམས་དཔའ་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་སྙིང་རྗེ་སྐྱེས་གྱུར་ཀྱང༌། །སྙིང་རྗེའི་གནད་ལ་མཁས་པར་བྱ། སྙིང་རྗེ་ཆེན་པོ་མ་ཡིན་པས། །སྙིང་རྗེ་ཆེན་པོ་གང་ཡིན་པ། །བདག་ཉིད་སྡུག་བསྔལ་མི་འདོད་བཞིན། །སེམས་ཅན་སྡུག་བསྔལ་ཡོངས་མི་འདོད། །བདག་ཉིད་བདེ་བར་འདོད་པ་བཞིན། །སེམས་ཅན་རྣམས་ཀྱང་བདེ་བར་འདོད། །རང་སེམས་ཆོས་སྐུར་རྟོགས་ཙ་ན། །སེམས་ཅན་སེམས་ཀྱང་ཆོས་སྐུ་སྟེ། །མ་རྟོགས་པ་རྣམས་སྙིང་རེ་རྗེ། །སྙམ་དུ་སྙིང་རྗེ་སྐྱེ་བར་འགྱུར། །རང་སེམས་སྐྱེ་མེད་རྟོགས་པ་ཡིས། །སྙིང་རྗེ་ངང་གིས་སྐྱེ་བ་ཡིན། །དེ་ལྟར་ཡང་ནི་སྡུད་པ་ལས། །བདག་ཅི་འདྲ་བར་སེམས་ཅན་ཐམས་ཅད་དེ་འདྲར་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲར་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་སེམས་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་སེམས་ནི་གང་ཞེ་ན། །ཀུན་རྫོབ་དོན་དམ་དབྱེར་མེད་པ། །རང་སེམས་ཡིན་པར་བསྒོམ་པར་བྱ། །བླ་མ་སངས་རྒྱས་ཇི་ལྟ་བར། །བདག་གིས་བསྒོམ་ཞེས་ཞུས་པ་ནི། །བླ་མ་སངས་རྒྱས་ཆོས་སྐུ་ནི། །ཟབ་ཞི་སྤྲོས་བྲལ་འདུས་མ་བྱས། །ལོགས་ན་ཡོད་སྙམ་མི་བྱེད་པར། །འབྲལ་མ་མྱོང་བ་མོས་གུས་ཡིན། །ཟག་མེད་བདེ་ཆེན་ལོངས་སྐུ་ནི། །སྒེག་སོགས་དཔལ་ལྡན་ཧེ་རུ་ཀ །ཐབས་ཤེས་རབ་གཉིས་མེད་འཁྲིལ་བའི་སྐུ། །ཟུང་འཇུག་འབྲལ་མེད་མོས་གུས་ཡིན། །སྣ་ཚོགས་འཁོར་འདས་མ་ལུས་ལ། །ཤེས་བྱ་ཇི་སྙེད་སྤྲུལ་སྐུ་ནི། །དག་ཅིང་གསལ་ལ་མ་འདྲེས་པ། །ཕྲིན་ལས་མི་འབྲལ་མོས་གུས་ཡིན། །འགྲོ་བ་སེམས་ཅན་མ་རྣམས་ལ། །ཕན་ནི་ཇི་ལྟར་འདོག་ཞུས་པ། །ལས་དང་བྱ་བ་ཅི་བྱེད་ལ། །བྱང་ཆུབ་སེམས་ཀྱིས་ཟིན་བྱས་ལ། །བདག་གི་ལུས་དང་ལོངས་སྤྱོད་དང༌། །ཆོས་དང་མི་འཇིགས་ལ་སོགས་ཀྱིས། །ཞེན་འཁྲིས་མེད་པར་ཕན་འདོག་བྱ། །གར་སྡོད་གནས་ནི་ཐམས་ཅད་དུ། །གཏོར་མ་ཇི་ལྟར་བཏང་བ་དང༌། །བདེན་པ་བདར་བར་ཞུས་པ་ནི། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཆོས་སྐྱོང་ནག་པོ་ཆེ་སོགས་ལ། །ནང་གཏོར་སྒྲུབ་ཐབས་བཞིན་དུ་འབུལ། །བསྟོད་པ་བརྗོད་ཅིང་བྱིན་རླབས་ཞུ། །ཞི་རྒྱས་ལ་སོགས་ཕྲིན་ལས་བཅོལ། །རང་ཉིད་གར་འདུག་གཞི་བདག་ལ། ཨ་ཀཱ་རོའི་སྔགས་ཀྱིས་དཀར་གཏོར་བསྔོ། །ང་ཡི་ལུས་ངག་ཡིད་གསུམ་གྱིས། །དགེ་བ་ཅི་བྱས་ཐམས་ཅད་ཀུན། །ཁྱེད་སོགས་བདེ་བ་ཐོབ་འདོད་ཡིན། །བདག་གི་དགེ་བ་ཕུན་ཚོགས་ཀྱི། །ཁྱེད་ཀྱི་ཡོན་བདག་གྱིས་ཞེས་བརྗོད། །ཆོས་ཟབ་ཁ་གསལ་ཞུ་ཞེས་པ། །གསལ་བྱེད་མུ་ཏིག་ཕྲེང་བ་འདི། །མ་རིག་མུན་པའི་སྒྲོན་མེ་ཡིན། །ལེགས་ཉེས་འདུན་མ་འདི་ལ་དྲིས། །བློ་གྲོས་ཅན་གཅིག་འདི་ཡིན་གྱི། །འཕྲལ་ཕུག་བློ་གཏད་འདི་ལ་དྲིས། །བློ་གཏད་ཐུབ་ཀྱིས་ཟབ་མོ་སྐྱོང༌། །སྒྲོ་སྐུར་གཉིས་མེད་གཉུག་མ་འདི། །ཐེ་ཚོམ་སྒྲོ་འདོགས་གཅོད་པ་ཡིན། །སེམས་ལ་དགའ་སྤྲོ་སྐྱེ་བ་ནི། །སྒོམ་ཆེན་རྣམས་ཀྱི་སྐྱོ་བསངས་ཡིན། །ལས་དང་བྱ་བྱེད་ཐམས་ཅད་ཀུན། །ཚོགས་གཉིས་དག་ཏུ་བསྡུས་བྱས་ལ། །སྐུ་གཉིས་རང་ལ་ཡོད་པ་རུ། །གཞན་ནས་མ་ཚོར་རང་ལ་སྡུར། །འགྲོ་བ་སེམས་ཅན་མ་རྣམས་དང༌། །ཡོན་ཏན་སྐྱབས་ཞེས་ཁྱེད་ཉིད་ཀྱིས། །སྐྱབས་གནས་རེ་ས་གང་ཡིན་པ། །གདམས་ངག་རིན་ཆེན་འདི་ཡིན་གྱི། །ཉམས་སུ་ལོངས་ཤིག་སྐལ་ལྡན་ཁྱོད། །ཉམས་དང་རྟོགས་པ་སྐྱེས་གྱུར་ན། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །རང་གཞན་བདེ་སྐྱིད་འབྱུང་བ་ཡི། །སྐུ་གཉིས་མངོན་དུ་ཐོབ་པར་ཤོག །ཞུས་ལན་མུ་ཏིག་ཕྲེང་བ་ཞེས་བྱ་བ། གཙུག་ལག་ཁང་ཤེས་རབ་ཉི་མའི་སྡེ་ལ། །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

གདམས་པ་ཡོན་ཏན་སྐྱབས།

༈ གདམས་པ་ཡོན་ཏན་སྐྱབས་ཞེས་བྱ་བ། །གང་ལ་བརྟེན་པའི་དྲིས་ཁྱབ་བདེ་བ་མཆོག་ཐོབ་པའི། །བླ་མ་དཀོན་མཆོག་ཡི་དམ་ལྷ་ཚོགས་ཐམས་ཅད་ལ། །ལུས་ངག་ཡིད་གསུམ་གུས་པས་མཆོག་གི་ཞབས་ལ་འདུད། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དད་ལྡན་བླ་མ་ལ་གུས་འགྲོ་ལ་སྙིང་བརྩེ་ལྡན། །བྱང་སེམས་སྦྱིན་དང་ཚུལ་ཁྲིམས་བཟང་པོའི་གོ་ཆ་མཆོག །བརྩོན་འགྲུས་ལྡན་པ་ཏིང་འཛིན་ལ་གནས་ཤེས་རབ་ཅན། །ཡོན་ཏན་སྐྱབས་ཞེས་གྲགས་པའི་སྐྱེས་བུ་དམ་པ་ཡིས། །ཉིད་ཀྱིས་ཐུགས་ཉམས་བཞེས་པའི་ཆོས་གཅིག་བསྐུར་ཞེས་འཕྲིན། །ལྷན་ཅིག་སྐྱེས་དང་སྦྱང་རྟོགས་ཤེས་རབ་མེད་པ་ཡིས། །ཁྱེད་ཐུགས་བདག་གིས་ལྡེམ་པར་མི་ནུས་ཏེ། །ཞལ་ངོ་མི་གཅོག་ཁྱེད་སོགས་འགྲོ་ལ་ཕན་སྲིད་པས། །རང་གི་མྱོང་རྟོགས་ཟུར་ཙམ་འདིར་ནི་བརྗོད་པར་བགྱི། །ཐུབ་པས་གསུངས་པ་རབ་འབྱམས་སྡེ་སྣོད་ཆོས་རྣམས་དང༌། །མཁས་པ་རྣམས་ཀྱིས་བཀྲལ་བའི་བསྟན་བཅོས་མཐའ་དག་དང༌། །བླ་མ་རྣམས་ཀྱིས་རྟོགས་པ་ཉམས་མྱོང་གདམས་ངག་རྣམས། །གྲུབ་མཐའ་གང་ཟག་འགའ་ཞིག་མ་གཏོགས་ཆོས་རྣམས་ཀུན། །རང་སེམས་རྟོགས་ན་སངས་རྒྱས་ཡིན་པར་ཐམས་ཅད་བཞེད། །ཆད་ཁུངས་མེད་ན་ཕ་མེད་བུ་དང་འདྲ་བའོ། །བྱུང་ཚུལ་བཀོད་པའི་ལེའུ་སྟེ་དང་པོའོ། །གཞི་ལ་མ་ཚང་མེད་པར་ཇི་ལྟར་གནས་ལུགས་ལ། །བླ་མ་བསྟེན་ཅིང་ཉམས་རྟོགས་ལམ་དུ་གོམས་པ་ཡིས། །སྒྲིབ་པ་སྤངས་དང་ཚོགས་རྫོགས་འབྲས་བུ་མངོན་དུ་གྱུར། །མདོར་བསྟན་པའི་ལེའུ་སྟེ་གཉིས་པའོ། །ལུས་སེམས་རྣམ་རྟོག་སྣང་བ་སྣ་ཚོགས་ཕྲིན་ལས་སྒྲུབ། །ངག་ཡིག་སྒྲ་རླུང་དང་ཆོས་མ་འདྲེས་ལོངས་སྤྱོད་རྫོགས། །ཀུན་གཞི་རིག་པ་བྱང་སེམས་མཁྱེན་པ་ཆོས་སྐུ་ཉིད། ཉོན་མོངས་ཕུང་པོ་དབང་པོ་ལྔ་དང་འབྱུང་བ་བཞི། །རང་སེམས་དག་པ་ཆོས་སྐུ་ཡེ་ཤེས་བྲལ་བའི་འབྲས། །རྩ་དང་ཡི་གེ་རླུང་དང་འབྱུང་བ་བྱང་ཆུབ་སེམས། མཚན་དང་དཔེ་བྱད་འོད་དང་རྣམ་པར་སྨིན་པའི་འབྲས། །དེ་ལ་སོགས་པའི་ཡོན་ཏན་བྱེ་བྲག་མ་ལུས་ཀུན། །མ་ཚང་མེད་པར་རང་ལ་ཇི་ལྟར་གནས་ན་ཡང༌། །སྒྲིབ་པ་མེད་པར་ས་ལེར་ཕྱུང་ཡང་མཐོང་བ་ཉུང༌། །ཞི་ལ་གནས་པ་རྒྱས་པར་བཤད་པའི་ལེའུ་སྟེ་གསུམ་པའོ། །དེ་ལྟར་གཞི་ལ་མ་ཚང་མེད་པར་གནས་ན་ཡང༌། འཁོར་བའི་སྡུག་བསྔལ་དཔག་མེད་སྣ་ཚོགས་མྱོང་བ་རྣམས། །གང་ལས་བྱུང་ཞིང་གང་གིས་བྱས་པ་གང་གིས་མྱོང༌། །མ་རྟོགས་ལོག་རྟོག་ཐེ་ཚོམ་ཕྱིན་ཅི་ལོག་དབང་གིས། །སྡུག་དང་མི་སྡུག་ཡུལ་གྱི་རྣམ་པར་ཤེས་པ་བྲིད། །ཡིད་ཀྱི་རྣམ་ཤེས་རྣམ་པར་རྟོག་པ་ཡིད་ལ་ཟུངས། །སེམས་ཉིད་ཉོན་མོངས་ཡིད་དང་འཁྲིགས་པའི་དབང་དུ་གྱུར། །ཀུན་གཞི་རང་རིག་རྣམ་དག་མ་རིག་པ་ཡིས་བཏུམས། །འཁོར་བའི་གཞི་རྩ་ཉོན་མོངས་དུག་ལྔའི་སྡོང་པོ་སྐྱེས། །མི་དགེ་བཅུ་སོགས་སྡིག་པའི་ཡལ་ག་ལོ་འདབ་རྒྱས། །རིགས་དྲུག་སོ་སོའི་སྡུག་བསྔལ་མྱོང་བ་འབྲས་བུར་སྨིན། །སྡུག་བསྔལ་སྤངས་ན་བདེ་བ་ཐོབ་པར་འདོད་པ་ཡིས། །གཉེན་པོ་བརྟེན་ཡང་བག་མེད་བསྒོམ་བྱ་ཡུལ་དུ་སོང༌། །སླར་ཡང་ཉོན་མོངས་སྒྲིབ་དང་བག་ཆགས་སྣོན་པ་བྱས། །རང་སེམས་གདོད་ནས་རྣམ་པར་དག་པ་མ་རྟོགས་པར། །ཉོན་མོངས་ཡེ་ཤེས་རྣམ་ལྔ་རང་གི་རང་ཉིད་སྒྲིབ། །མཁྱེན་པའི་ཡེ་ཤེས་ཐོབ་འདོད་གཟུང་འཛིན་གཉིས་སུ་ཤར། །མཚན་མར་འཛིན་པའི་ཤེས་བྱའི་སྒྲིབ་པ་འབྲེལ་བར་འགྱུར། །དེ་ལྟར་ཕྱིན་ཅི་ལོག་གི་རྟེན་འབྲེལ་འགྲིགས་པ་རྣམས། །རང་སེམས་ཆོས་སྐུ་རང་གིས་མ་རྟོགས་པ་ཡིས་ལན། །ཕྱིན་ཅི་མ་ལོག་རྟེན་འབྲེལ་འགྲིགས་པར་འདོད་པ་རྣམས། །རྟོགས་མཆོག་ཡོན་ཏན་ལྡན་པའི་བླ་མ་བསྟེན་ན་མཐོང༌། །རང་ལུས་སངས་རྒྱས་ཡིན་པར་རྒྱལ་བ་རྣམས་ཀྱིས་གསུངས། མདོར་ན་ཕུང་པོ་རྣམ་ལྔ་དང༌། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཅེས། །རྡོ་རྗེ་བླ་མས་དབང་བསྐུར་བསྐྱེད་རིམ་བརྟེན་པ་ནི། །རིག་པའི་དབང་ལྔས་ཕུང་པོ་རིགས་ལྔ་བདེ་བར་གཤེགས། །རྡོ་རྗེ་སློབ་དཔོན་དག་གི་དྲུག་པ་རྡོ་རྗེ་འཆང༌། །རྡུལ་ཚོན་དཀྱིལ་འཁོར་དང་ནི་ལྷ་དང་རྣམ་དག་སོགས། །མེ་ཏོག་གང་དུ་ཕོག་པ་ཡི་དམ་ལྷར་བསྟན་པ། །མ་འོངས་དུས་ནི་ངེས་པར་གསང་མཚན་བཏགས། །དེ་སོགས་རྣམས་ཀྱིས་རང་ལུས་ལྷ་སྐུ་ཡིན་པར་བསྟན། །དཀྱིལ་འཁོར་འཁོར་ལོ་སྒོམ་པ་ལོངས་སྤྱོད་རྫོགས་པའི་སྐུ། །རང་ལུས་ཤཱཀྱ་ཐུབ་པར་སྒོམ་པ་སྤྲུལ་པའི་སྐུ། དེ་ལྟར་རང་ལུས་ལྷ་རུ་སྒོམ་པ་དེ། །སེམས་ཉིད་སྐྱེ་མེད་འོད་གསལ་ལྷར་སྣང་ཟུང་འཇུག་ཡིན། །ཡང་ན་རང་ཉིད་སྒེག་སོགས་ཚད་ལྡན་ལོངས་སྤྱོད་རྫོགས་པ་ནི། ཐུགས་ཀ་ནས་སྤྲོས་སྤྲུལ་སྐུ་དཔག་མེད་གཞན་དོན་བྱེད། །དེ་དག་སྤྲོས་པ་སྤྲོས་བྲལ་འོད་གསལ་ཆོས་ཀྱི་སྐུ། །འདུག་ན་ཐུན་བཞི་ལོངས་སྤྱོད་རྫོགས་པའི་སྐུ། འགྲོ་ན་ཐུན་མཚམས་སྤྲུལ་སྐུ་ཐུགས་རྗེས་གཞན་དོན་བྱེད། །ཉལ་ན་འགྲོ་འོང་མེད་པ་འོད་གསལ་ཆོས་ཀྱི་སྐུ། །དུས་གསུམ་སྐུ་གསུམ་འཁོར་ལོ་མཛད་པ་བསམ་མི་ཁྱབ། །སེམས་ཞེས་བརྗོད་པའི་དོན་གོ་གང་ཡིན་བྱང་ཆུབ་སེམས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཟིན་པར་བྱ། །སྐྱེ་མེད་འོད་གསལ་རྣམ་རྟོག་སྣང་བ་སྣ་ཚོགས་འཆར། །རྟོགས་སྣང་དེ་ཉིད་གཅིག་ལ་སྐུ་གསུམ་དབྱེར་མེད་ཚང༌། རྣམ་པར་རྟོག་དང་སྣང་མེད་ཉིད་སྤྲུལ་པ་དེ། །དེ་དག་སོ་སོ་རང་རང་སྟོང་པ་ཆོས་ཀྱི་སྐུ། །སྣང་མིན་སྟོང་མིན་ཧེ་རུ་ཀ་ནི་ལོངས་སྤྱོད་རྫོགས། །རྟོགས་དང་སྣང་བ་ཐབས་སུ་ཤར་བས་ཕྲིན་ལས་འགྲུབ། །རྩ་གནས་ཨ་ལི་ཀ་ལི་ཡི་གེ་སྤྲུལ་པ་ཉིད། རླུང་སྒྲ་གྲགས་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས། །དེ་ཉིད་ཁྱབ་དང་གཟུགས་ཅན་མ་ཡིན་དབྱེར་མེད་འགྲོ་འོང་མེད། །ལྷུན་གྱིས་གྲུབ་དང་རྒྱུན་ཆད་མེད་པ་ཆོས་ཀྱི་སྐུ། །ཆོས་སྐུ་སྣང་བ་སྣ་ཚོགས་དབྱེར་མེད་ངོ་བོ་ཉིད། །སེམས་ཉིད་རིག་པ་ཇི་སྙེད་ཡེ་ཤེས་སྤྲུལ་སྐུ་སྟེ། །གདོད་ནས་མ་སྐྱེས་ཇི་ལྟར་མཁྱེན་པ་ཆོས་ཀྱི་སྐུ། །དེ་དག་དབྱེར་མེད་ཟུང་འཇུག་བདེ་ཆེན་ལོངས་སྤྱོད་རྫོགས། །རྩ་རླུང་མཚན་བཅས་རྫོགས་རིམ་དཔག་མེད་གསུངས་པ་རྣམས། །སྲོག་རྩོལ་གནད་དུ་ཚུད་ན་ཡོན་ཏན་ཐམས་ཅད་འབྱུང༌། །ལམ་ཉམས་སུ་བླང་བའི་ལེའུ་སྟེ་བཞི་པའོ། །འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ལས་ཡིད་བྱུང་ནས། །ཆོས་གཤའ་མར་བྱ་སྙམ་པ། སོ་ནམ་ཆོས་ལ་བྱེད་པ་སྒོམ་ནས་གྲུབ་པ་ཐོབ་པར་འདོད་པས་འདི་ལྟར་བགྱི་འཚལ། དེ་ལ་བསྐྱེད་པའི་རིམ་པའི་སྒོ་ནས་གྲུབ་པ་ཐོབ་པར་འདོད་ན། སྒྲུབ་པའི་གནས་སུ་ལུས་བཅོས་པ་དང་སེམས་བསྐྱེད་ལ་མོས་གུས་བྱ། རང་གི་ལུས་ལྟར་གསལ་བར་བསྒོམ། དེ་ཡང་དབུགས་འཁོར་གཅིག་ལ། ལྷ་མ་ཡིན་པ་གཞན་དྲན་དུ་མི་གཞུག སྣང་བ་དང་རྟོག་པ་བར་མ་ཆད་པ། ལྟ་བ་དང་སྟོང་པ་མི་གཞོམ་པར། ལྷ་ཝལ་ལེ་ཁྱུག་གེ་བསྒོམ། ཡང་དབུགས་འབྱུང་འཇུག་བྱེད་ཙ། སྣང་བ་དང་རྟོག་པ་སྐྱེ་བས་དེའི་དབང་དུ་མི་བཏང༌། ཡེངས་སུ་མི་གཞུག ཡང་དབུགས་འཁོར་གཅིག་བྱུང་ཙ་དེ་ལྟར་བསྒོམ། དབུགས་འཁོར་རེ་ཁྲིག་ཁྲིག་ཡོང་བ་ལ། བར་མ་ཆད་པར་སྔར་བཞིན་དུ་བསྒོམ། རྩུབ་རླུང་སོ་གཉིས་རང་ཤུགས་ཀྱིས་འགགས། འཇམ་རླུང་སུམ་ཆ་ཞིག་རྒྱུ་བ་ཡིན། དེ་ལྟར་བསྒོམས་ན་རྨི་ལམ་དུ་སྒོམ་པ་རྨི། སྣང་བ་ལྷར་འཆར། སྣང་བ་ལྷར་སྣང་བ་དེ་སེམས་ལྷར་སྣང་བ་ཡིན། ཡུལ་ལྷར་སྣང་བ་དེ་ཡུལ་ལྷར་སྣང་བ་མིན། སེམས་ལྷར་སྣང་བ་ཡིན། ལྷར་སྣང་བའི་སེམས་དེ་མིན་པ་སེམས་ཞིག་ལོགས་ན་མེད། སེམས་ལྷར་སྣང་བ་དེ་སྟོང་པ་ཡིན། སྟོང་པ་ལོགས་ན་བསྒོམ་མི་དགོས། ལྷན་སྐྱེས་ཀྱང་དེ་ལ་ཟེར་བ་ཡིན། བསྐྱེད་རྫོགས་ཟུང་འཇུག་ཀྱང་དེ་ལ་ཟེར་བ་ཡིན། དེ་གོམས་པ་མཐར་ཕྱིན་ཙ་ན་བསྐྱེད་རིམ་ལ་བརྟན་པ་ཐོབ། ལྷའི་ཞལ་མཐོང་གསུང་ཐོས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། མངོར་པར་ཤེས་པ་རྒྱ་ཆེན་པོ་འཆར། ཟག་བཅས་དབང་པོ་རབ་ཚེ་གཅིག་གིས་སངས་རྒྱ་བ་ཡིན། དེ་ལྟར་མ་ཡིན་ན་ཡང་རྨི་ལམ་དུ་ཡི་དམ་ལྷ་མཐོང་གསུང་ཐོས། མངོན་ཤེས་འདྲ་བའི་རྨི་ལམ་འབྱུང༌། མ་སྒོམ་ཀྱང་ལྷར་གསལ། ཕྲིན་ལས་བཞི་འགྲུབ། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མཆོད་པ་འབུལ། རྣམ་པར་གཡེང་བྱེད་ཀྱི་བདུད་དང་ལྷའི་བུའི་བདུད་འབྱུང༌། དབུགས་འཁོར་གཅིག་གིས་བསྒོམས་ན། ལྷ་བརྟན་པ་དང་རླུང་ཟིན་པས་བདུད་ཆོམས་པ་ཡིན། འཆི་ཀར་ཡི་དམ་ལྷ་འབྱོན། བར་དོར་ཡི་དམ་ལྷས་བསུས་ནས་འོག་མིན་དུ་སྐྱེལ། འབྲིང་བར་མ་དོར་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ། དེ་ལྟར་མ་ཡིན་ན་ཡང་སྔར་བཞིན་དུ་བསྒོམས་པས་མཉམ་བཞག་ལ་ལྷ་སྐུ་གསལ་བའམ་བརྟན། རྨི་ལམ་དུ་ལྷ་བསྒོམ་པ་རྨི། ངག་གི་ནུས་པ་འབྱུང༌། འདྲེ་ཅན་དང་སྨྱོན་པ་དང་ཐུག་ན་བརྒྱལ་ནས་འགྲོ། ལུས་ལ་ན་ཚ་དང་ཁ་མཆུ་དང་བར་ཆད་མང་དུ་འབྱུང༌། གར་འདུག་པ་དང༌། གཞན་དུ་སོང་ན་ཡང་ལོ་ཉེས་དང་བཀྲ་མི་ཤིས་པ་དང་འཁྲུགས་པ་འབྱུང༌། ཡུལ་མི་དང་མི་ཆེན་ཀུན་དང་མི་མཐུན་པ་འབྱུང༌། དེ་ཚོ་བྱུང་བ་ཅི་ཡིན་ན། ཁོ་ལྷ་བསྒོམས་པས་མི་མ་ཡིན་དང༌། གཞི་བདག་ལ་གནོད་པས་མི་འཕྲོད་པ་དེ་ཚོ་འབྱུང་དུ་མཛད་པ་ཡིན། སྐྱོན་དེ་དག་འབྱུང་དུ་འཛུད་པ་ཡིན། སྐྱོན་དེ་དག་ཅི་ལས་བྱུང་ན། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང༌། ལྷ་ཕྱག་རྒྱ་ཆེན་པོར་སྒོམ་མ་ཤེས་པའི་སྐྱོན་ཡིན། སྐྱོན་བཅོས་ཤིང་གོམས་པར་བསྒོམས་ན། སྐྱེ་བ་འདི་ཡི་འོག་རོལ་དུ་དབང་པོ་ཐ་མ་ཕྲིན་ལས་སད་ནས། སྐྱེ་བ་འདིའི་འོག་རོལ་དུ་དངོས་གྲུབ་འཐོབ། རྟོག་པ་དང་སྣང་བ་ཅི་བྱུང་ན་ཡང་སེམས་ཡིན། སེམས་ཕྱག་རྒྱ་ཆེན་པོ་ཡིན། སྒོམ་མིན་པ་གཞན་མེད་ཀྱང༌། རྟོག་པ་དང་སྣང་བ་ཐུག་ཕྲད་དང་གཅེར་མཐོང་དུ་དབུགས་འཁོར་གཅིག་ཕྱག་རྒྱ་ཆེན་པོར་མྱོང་བར་བྱ། འདིའི་སྐབས་སུ་སྣང་བ་སྟོང་པར་འཆར་བས་སྟོང་པར་མི་བསྒོམ། དེ་ལྟར་གོམས་པར་བྱས་ན་སྣང་བ་དང་རྟོག་པ་རྙོགས་པ་དྭངས་པས། ཡུལ་སྣང་དངོས་སུ་འཆར། སྟོང་ཉིད་རྒྱུ་འབྲས་སུ་འཆར་བ་ཡང་ཟེར། སེམས་ཀྱིས་འདོད་པ་གང་དྲན་པ་དེ་འབྱུང༌། དེ་ཙམ་ན་དབང་ཕྱུག་བརྒྱད་ལས་ཐམས་ཅད་དུ་བརྒྱུད་པའི་དབང་ཕྱུག་ཡིན་སྙམ་པ་འབྱུང༌། དེ་ལ་རློམ་སེམས་སྐྱེས་ན་བདུད་ཡིན་པས་མ་ཞེན་པར་བྱ། མ་ཡེངས་པར་བསྒོམས་ན། ཐམས་ཅད་སྒོམ་མ་ཡིན་པ་གཞན་མེད་པས་མངོན་དུ་འགྱུར། རྩ་དང་ཡི་གེ་ལ་བརྟེན་པའི་མཚན་བཅས་ཀྱི་རྫོགས་རིམ་ཡང༌། རླུང་ཁོ་ན་གནད་དུ་ཚུད་ན་འབྱུང་བ་འདི་དྭངས་སྙིགས་ཕྱེད། གཏི་མུག་དང་ལུང་མ་བསྟན་གྱི་རྙོག་པ་དང༌། རྨི་ལམ་དང་འོད་གསལ་ཟིན་པ་ཡང་དེ་ལས་བྱུང་བ་ཡིན། རྟོག་པ་སྐད་ཅིག་མ་དབུགས་འཁོར་གཅིག་ལ་བསྒོམས་ན་རླུང་ཟིན་ནས་འོང་བས་དེ་ལས་འབྱུང་བ་ཡིན། སྙིང་དང་འདྲ་བའི་བུ་ལ་རང་གི་སྲོག་གི་སྙིང་ནོར་བུ་རིན་པོ་ཆེ་དང་འདྲ་བའི་གདམས་ངག་གཅེར་མཐོང་དུ་རྟོགས་པར་བྱ་བའི་ལམ། ཚིག་ལྷུག་པར་བྱེད་པའི་ལེའུ་སྟེ་ལྔ་པའོ། ༈ །སྒྲིབ་པ་སྤངས་ནས་མངོན་དུ་འགྱུར་བར་འདོད་པ་དཔེ། །སྔར་བཞིན་ཉམས་སུ་བླངས་ན་ཚོགས་གཉིས་རྫོགས་པས་སྤོངས། །སྤང་བྱ་སྤོང་བྱེད་གཉེན་པོའི་ཚུལ་གྱིས་སྤོང་བ་དང༌། །དེའི་རང་བཞིན་ཤེས་པས་སྤོང་བ་གཉིས་ཡིན་ཏེ། །ཉམས་སུ་བླངས་པས་གཉེན་པོར་སོང་བས་སྒྲིབ་པ་འདག །གཞི་ལ་ཇི་ལྟར་གནས་པའི་ལུས་ངག་ཡིད་གསུམ་པོ། །དེ་ཉིད་སྐུ་གསུམ་ཡིན་པར་ལམ་དུ་གོམས་པ་ཡིས། །ཚོགས་གཉིས་རང་སར་རྫོགས་པས་སྒྲིབ་པའི་གནས་མ་མཆིས། ལུས་ཁང་ལྷ་དང་སྲོག་རྩོལ་གནད་དུ་ཚུད་པ་དང༌། །སེམས་ཡིད་ཕྱག་རྒྱ་ཆེན་པོར་མྱོང་བར་གྱུར་པ་ན། །ཉོན་མོངས་དང་ནི་ཉོན་མོངས་སྒྲིབ་པའི་གནས་མ་མཆིས། ལུས་ངག་ཡིད་གསུམ་མཐར་ཕྱིན་བག་ཆགས་སྒྲིབ་པ་འདག །བསྒོམ་བྱ་སྒོམ་མཁན་གཉིས་མེད་ཕྱག་རྒྱ་ཆེ། །གཉེན་པོ་མེད་པར་ཤེས་བྱའི་སྒྲིབ་པ་རང་སར་དག །སྐུ་གསུམ་མངོན་དུ་གྱུར་པ་བྲལ་དང་རྣམ་སྨིན་འབྲས། །ལྔ་ཚན་ལྔ་དང་འབྱུང་བཞི་རླུང་བཅུ་གནས་ཚུད་ན། །སྟོབས་བཅུ་མི་འཇིགས་མ་འདྲེས་སངས་རྒྱས་ཆོས། །བྲལ་བར་མི་འདོད་ཡེ་ཤེས་ཆོས་སྐུ་རང་སར་འབྱུང༌། །ལྔ་སོགས་བཅུ་ཚན་ཡོན་ཏན་རྒྱས་པར་གྱུར་པ་ཡིས། །གཞན་གྱིས་རྫི་བར་མི་ནུས་སྟོབས་མཆོག་བཅུ་ཡིན་ཏེ། །སེམས་ཉིད་ཡེ་ཤེས་དག་པ་སྟོབས་སུ་གྱུར་པ་ནི། །ཉོན་མོངས་ལྔ་སོགས་རླུང་བཅུ་སྟོབས་སུ་གྱུར་ཙ་ན། །དེ་དག་མ་སྤངས་དེ་ཉིད་སྐྱོན་གྱིས་དགོས་པ་མེད། །གནས་དང་གནས་མིན་ལ་སོགས་སྟོབས་བཅུ་རྩལ་རྫོགས་པས། །ཉམས་མྱོང་ཤེས་བྱ་བག་ཆགས་འཇོམས་བྱེད་ཐོ་བ་བཞིན། །འབྱུང་བཞི་སྟོབས་སུ་གྱུར་པས་ཆོས་སྐུ་ལྷང་ལ་འབྱུང༌། །དེ་ཡིས་འབྱུང་བཞི་སེམས་ཀྱི་རྟོག་པ་དྭངས་པ་ཡིན། །རང་བཞིན་མཁྱེན་པ་རབ་རྫོགས་བྱང་ཆུབ་ཆོས་རྣམས་དང༌། །སྐྱོན་དང་གེགས་རྣམས་ཡོན་ཏན་དག་ཏུ་ཤར་བ་ན། །ཐམས་ཅད་བཤིས་ཀྱིས་དགེ་བར་འགྱུར་བར་སྟོན་པ་དང༌། །ཉོན་མོངས་ཁམས་དང་འབྱུང་བ་ཡེ་ཤེས་རྩལ་རྫོགས་པས། །ནོར་བུ་རིན་ཆེན་རྒྱལ་མཚན་རྩེ་ལ་བཏགས་པ་ཡིས། ཕྱི་ནང་མི་འཇིགས་འཇིགས་བྲལ་རི་དྭགས་དབང་པོ་བཞིན། །དེ་ལ་སངས་རྒྱས་ཆོས་རྣམས་མ་འདྲེས་བཅོ་བརྒྱད་ནི། །འཁྲུལ་དང་ཅ་ཅོ་བསྙེལ་བ་མི་མངའ་མཉམ་བཞག་འབྱུང༌། །འདུ་ཤེས་སྣ་ཚོགས་མ་བརྟགས་བཏང་སྙོམས་མི་མངའ་བ། །ལུས་ངག་ཡིད་གསུམ་ཆོས་རྣམས་ཇི་ལྟར་གནས་པ་ལ། །ལམ་གཞན་མི་ཚོལ་དེ་ཉིད་ཕྱིན་ཅི་མ་ལོག་པས། །རྩ་དང་ཡི་གེ་རླུང་དང་འབྱུང་བ་བྱང་ཆུབ་སེམས། དེ་དག་ལམ་གྱི་དྲོད་རྟགས་སྐྱེས་པ་རྣམས། །མངོན་དུ་གྱུར་པ་འཁྲུལ་པ་མི་མངའ་ལ་སོགས་ཀྱིས། །གཞན་ལ་ཇི་ལྟར་ཡོད་པ་སྟོན་པར་མཛད་པ་ཡིན། །དེ་དག་སྤྱོད་པས་བསྡུས་པ་རྣམ་པ་དྲུག་ཡིན་ནོ། །སྔར་བཞིན་ཉམས་སུ་ལེན་པའི་ཆོས་རྣམས་ཐམས་ཅད་ལ། །གནད་དུ་བསྣུན་ལ་བརྩོན་པས་ཉམས་སུ་བླངས་པ་ཡིས། འདུན་བརྩོན་དྲན་ཤེས་རྣམ་པར་གྲོལ་བ་ནི། །ཡེ་ཤེས་མཐོང་བས་ཉམས་པ་མི་མངའ་རྟོགས་ཆོས་དྲུག །ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་བ་ཆོས་གསུམ་པོ། རང་ལུས་ཆོས་སྐུ་ལས་ནི་དྲུག་པ་རྡོ་རྗེ་འཆང༌། །ངག་ནི་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་བརྡའི་ཆོས། །སེམས་ནི་རང་སེམས་ཆོས་སྐུར་རྟོགས་པ་གཅིག་པ་ཡིས། །སེམས་ཅན་ཀུན་ལ་ཆོས་རྣམས་ཐམས་ཅད་ཆོས་སྐུར་གཅིག་པའོ། །སྐུ་གསུམ་ཐུགས་གསུམ་མཛད་པའི་ཕྲིན་ལས་ཐམས་ཅད་ནི། །ཉོན་མོངས་ལ་སོགས་ཀུན་གྱི་ཤེས་པ་ནི། །དེ་ནི་ཡེ་ཤེས་སྔོན་དུ་འགྲོ་བ་ཕྲིན་ལས་གསུམ། །དུས་གསུམ་ཡེ་ཤེས་ཐོགས་མེད་སྒྲིབ་པ་མི་མངའ་ཡང༌། །དེ་ལྟར་སེམས་ནི་ཆོས་སྐུ་དུས་མེད་པ། །ཡེ་ཤེས་ས་ལེ་མ་འདྲེས་སྒྲིབ་མེད་ཐམས་ཅད་མཁྱེན། །ལུས་ཀྱི་རྩ་གནས་སངས་རྒྱས་ཞིང་ཁམས་ལས། །དུས་གསུམ་སངས་རྒྱས་སྤྱོད་ཡུལ་མཛད་པ་མཁྱེན་པ་ནི། །སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོས། ཐམས་ཅད་ཀུན་ལ་ཡོད་པས་དུས་གསུམ་མཁྱེན་པའོ། །དེ་ནི་ཡེ་ཤེས་ཀྱིས་ནི་བསྡུས་པའི་ཆོས་གསུམ་མོ། །དངོས་པོ་གཤིས་ཀྱི་གནས་ལུགས་ཇི་ལྟར་མ་བཅོས་པ། །ཕྱིན་ཅི་མ་ལོག་ཇི་ལྟར་རྟོགས་པ་མངོན་གྱུར་པས། །སངས་རྒྱས་ཡོན་ཏན་བཅོ་བརྒྱད་མ་འདྲེས་ཆུ་བཞིན་ནོ། །དེ་ཡང་ཆུ་ནི་ས་དང་ལྷན་ཅིག་ཐུན་མོང་སྟེ། སེམས་ཀྱང་ལུས་ངག་ཉོན་མོངས་ལྔ་སོགས་ཐུན་མོང་ལ། །ཆུ་ནི་ས་ལ་གནས་ཀྱང་ས་ཡིས་གོས་པ་མེད། །ཉམས་མྱོང་ལ་སོགས་སེམས་ཀྱི་ཡོན་ཏན་སྣང་ན་ཡང༌། །ཉོན་མོངས་དག་གིས་མ་གོས་མ་འདྲེས་ཆོས། །ཐེག་པ་ཐུན་མོང་ཆོས་ལས་ཁྱད་པར་འཕགས་པ་ནི། །གསང་སྔགས་གཞི་ལ་གནས་པ་ཐབས་མཆོག་ལམ་ཡིན་ནོ། །རྩ་གནས་ཡི་གེའི་ནང་དུ་རླུང་སེམས་འདུས་གྱུར་ན། །དེ་རྒྱུ་དེས་བཅད་རྣམ་པར་སྨིན་པའི་འབྲས་བུ་ནི། །གོང་མ་དེ་དག་ཚོགས་ལས་འབྱུང་ཐབས་བསྟན་པ་ནི། །རྩ་གནས་འཁོར་ལོ་བཞི་ནི་སུམ་ཅུ་རྩ་གཉིས་བསྟན་པ་དང༌། །གནད་བཞི་རྟེན་འབྲེལ་འགྲིགས་པ་ཆེ་བའི་ཡོན་ཏན་ནི། །ཨ་ལི་ཀ་ལི་ཡི་གེ་སྟོབས་སུ་གྱུར་པ་ཡང༌། །ཨ་ལི་ཉིས་འགྱུར་རྩ་ནི་སུམ་ཅུ་རྩ་གཉིས་ཏེ། །ཞབས་ནི་ལེགས་ལྡན་འཁོར་ལོས་མཚན་སོགས་དེ་ལས་བྱུང༌། །ཀ་ལི་ཉིས་འགྱུར་གཞན་ཡང་མ་ནིང་ཡི་གེ་སོགས། །དཔེ་བྱད་བཟང་པོ་བརྒྱད་ཅུ་འབྱུང་བའི་རྒྱུ་ཡིན་ནོ། །མདོའི་རྗེས་འབྲངས་འཁོར་ལོའི་མཚན་མངའོ། །ཏིང་འཛིན་བརྟན་དང་བླ་མ་བསུ་སྐྱེལ་བྱས་ལས་བྱུང༌། །སུམ་ཅུ་རྩ་གཉིས་བརྒྱད་ཅུ་ལ་སོགས་མཚན་དཔེ་ཡང༌། །དེ་དག་རྒྱུ་འབྲས་སོ་སོ་རྣམ་པར་ངེས་ལས་འབྱུང༌། །བྱང་སེམས་ཐིག་ལེ་དཀར་དམར་སྟོབས་སུ་གྱུར་པས་ནི། །ཉི་ཟླ་ལྟར་ནི་འོད་དང་ཟེར་ནི་དེ་ལས་འབྱུང༌། །འབྲས་བུའི་ལེའུ་སྟེ་བདུན་པའོ། །འདི་ལ་ཟློས་སྐྱོན་ནོར་འཁྲུལ་འགལ་བ་གང་མཆིས་པ། །མཁས་རྟོགས་ཐུགས་རྗེ་མངའ་རྣམས་དེ་ནི་བཟོད་པར་མཛོད། །རྒྱུ་ལམ་འབྲས་བུ་ལ་གནས་གཞན་གྱི་དགེ་བ་དང༌། །མཁའ་མཉམ་ཀུན་ལ་ཡོད་པའི་གཤིས་ཀྱི་དགེ་བ་དང༌། །བདག་གིས་འདི་བཀོད་དགེ་བ་གཅིག་གྱུར་ནས། །བརྩེ་ཆེན་ཁྱོད་དང་འགྲོ་བ་སེམས་ཅན་མ་ལུས་རྣམས། །ཐམས་ཅད་མཁྱེན་པའི་གོ་འཕང་ཚེ་འདིར་ཐོབ་པར་ཤོག །འདི་ནས་བཟུང་སྟེ་ཚེ་རབས་རྫོགས་སངས་རྒྱས་ཀྱི་བར། །འགྲོ་བ་རིགས་དྲུག་སེམས་ཅན་མ་ལུས་ཐམས་ཅད་ལ། །རང་འདོད་འཁྲི་བས་མ་གོས་ཐུགས་རྗེ་ཆེན་པོ་ཡིན། །རྒྱུན་ཆད་མེད་པར་ཆོས་འདིས་ཐམས་ཅད་འདྲེན་པར་ཤོག །བསྔོ་བ་དང་སྨོན་ལམ་གྱི་ལེའུ་སྟེ་བརྒྱད་པའོ། །ཆོས་ཀྱི་བསྐུལ་འདེབས་ཡོན་ཏན་སྐྱབས་ཞེས་མཚན་གསོལ་ལ། །དེ་མཚུངས་བདེ་གཤེགས་ཡོན་ཏན་བྲལ་དང་རྣམ་སྨིན་འབྲས། །གདམས་པ་དམ་ཆོས་ཡོན་ཏན་སྐྱབས་ཞེས་རིན་པོ་ཆེ། །འགྲོ་ལ་ཕན་ཕྱིར་བླ་ཆེན་དགོན་དུ་རས་པས་བཀོད། །གདམས་པ་ཡོན་ཏན་སྐྱབས་ཞེས་བྱ་བ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

ཚད་མ་ལེའུ་ལྔ་པ།

ན་མོ་གུ་རུ། སྟོང་ཉིད་སེམས་ཀྱི་རང་གཟུགས་འདི། །འཁོར་ལོ་ལྔ་སོགས་ལྷར་སྣང་ཡིན། །ཕྱི་ནས་སྟོང་པ་སྒོམ་མམ་ཅི། །ཟུང་འཇུག་གཞན་ནས་ཚོལ་ན་མིན། །དང་པོ་བསྐྱེད་རྫོགས་ཟུང་འཇུག་ལེའུའོ། །དང་པོའི་ཤེས་པ་གང་དུ་འགྱུར་བ་མེད། །བདག་གཉིས་བདག་གི་སྟོང་པར་གང་ཤེས་པ། །བགྲོད་པ་གཅིག་པུའི་ལམ་དུ་གྱུར་པ་ན། །ས་རྣམས་ཀུན་གྱི་མཆོག་ཏུ་ཕྱིན་པ་ཡིན། །གཉིས་པ་དང་པོ་ཤེས་པའི་ལེའུའོ། །ཆོས་རྣམས་སེམས་ལས་གཞན་ཞིག་མེད། །སྣང་དང་སྟོང་པ་གསུམ་གྱི་མཆོག་གྱུར་གང༌། །ཐམས་ཅད་སྟོང་དང་ཆེན་པོ་ཤིན་ཏུ་སྟོང༌། །གང་མཐོང་སྟོང་པར་ཤེས་ན་བག་ཡོད་ཡིན། །གསུམ་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཆོག་ཏུ་གྱུར་པའི་སྟོང་པ་ཉིད་ཀྱི་ལེའུའོ། །སེམས་ངོ་ཤེས་པ་ཞེས་བྱ་ཅི་ཞིག་ལགས། །གཤིས་ཀ་ཁོ་རང་འདུག་ཚུལ་ཅི་ལྟ་བ། །མ་བསམ་ལྷུན་གྱིས་གྲུབ་པ་ཝ་ལེ་བ། །ཇི་ལྟར་གནས་པ་དེ་ལྟར་མཐོང་བ་ཨ་རེ་དགའ། །བཞི་པ་སེམས་ཉིད་མཐོང་བ་དགའ་བའི་ལེའུའོ། །སྟོང་ཉིད་རྟེན་ཅིང་འབྲེལ་འབྱུང་འདི། །ལས་མེད་ལས་ཀྱི་རྣམ་སྨིན་མེད།་་་་་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པ་ལས། ཆོས་ཐམས་ཅད་སྟོང་པ་ལས་ཀྱང་མ་མཆིས། ལས་ཀྱི་རྣམ་པར་སྨིན་པ་ཡང་མ་མཆིས་སོ། །ཞེས་གསུངས་སོ། །ཚུལ་ཁྲིམས་ལྔ་བཅུ་པ་ལས། ཇི་ལྟར་པདྨ་རབ་དམར་བ། །ཉེས་པའི་སྐྱོན་གྱིས་མ་གོས་ལྟར། །དེ་བཞིན་ཆོས་རྣམས་སྟོང་པ་ལས། །ལས་ཀྱི་ཉེས་པས་མི་གོས་སོ། །རྒྱུ་རྐྱེན་ཚོགས་ན་འབྱུང་བ་ཐུབ་པས་གསུངས། །དེའི་ཕྱིར་ན་ལས་ཡོད་རྣམ་སྨིན་ཡོད། །ལྔ་པ་རྒྱུ་འབྲས་ཀྱི་ལེའུའོ། །སྔོན་གྱི་མཁས་པ་རྣམས་ཀྱི་རྗེས་འབྲང་ནས། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།།

སྟོང་ཉིད་སེམས་ཀྱི་རང་གཟུགས།

༈ སྟོང་ཉིད་སེམས་ཀྱི་རང་གཟུགས་ཞེས་པ་ནི། སེམས་དྲན་པ་དང་རྟོག་པ་ཅི་ལྟར་སྣང་བ་ནི་སྟོང་པ་ཉིད་ཀྱི་གཟུགས་ཡིན། འཁོར་ལོ་ལྔ་ལ་སོགས་པ་ལྷར་སྒོམ་པ་ཡང་སེམས་སྣང་བ་ཡིན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷར་སྣང་བ་དང༌། རིགས་དྲུག་ལ་སོགས་པའི་གཟུགས་བཟང་ངན་ཡོད་པ་རྣམས་ཀྱང་བསོད་ནམས་ཀྱི་ཁྱད་པར་ཡིན། དེས་ན་རང་སྣང་ལྷར་སྣང་བ་མིན་པ་ལོགས་ན་མེད། ཕྱི་ནང་སྟོང་པ་ཞེས་པ་ནི། ལྷ་སྐུ་བསྒོམས་སྟེང་སྟོང་པར་བསྒོམ་པ་མ་ཡིན་ཏེ། ལྷ་སྐུ་རང་སྟོང་པ་ཡིན། ཟུང་འཇུག་ཅེས་པ་ནི། སེམས་ཉིད་སྟོང་པ་ཉིད་ལྷར་སྣང་བ་མ་གཏོགས་པ། གཞན་ནས་ཟུང་འཇུག་གཅིག་བཙལ་མི་དགོས་པའོ། །དང་པོའི་ཤེས་པ་ཞེས་པ་ནི། སྤང་བྱ་དང་གཉེན་པོ་གསོ་བའི་ཤེས་པའོ། །འགྱུར་བ་མེད་ཅེས་པ་ནི། སེམས་གདོད་མ་ནས་སྟོང་པ་ཉིད་ཡིན་པས་གང་དུ་ཡང་མི་འགྱུར་བ། འོ་ན་བསྐལ་པ་གྲངས་མེད་དཔག་ཏུ་མེད་པར་ལུས་བླངས་སོ་ཞེ་ན། སེམས་བསྐལ་པ་གྲངས་མེད་དཔག་ཏུ་མེད་པར་སོང་བ་མེད་པས་ན་དང་པོའི་ཤེས་པའོ། །འདས་མ་འོངས་དུས་གསུམ་དུ་སྣང་ན་ཡང༌། དུས་གསུམ་དུ་བཅད་པ་མ་གཏོགས་པ་དང་པོའི་ཤེས་པ་འགྱུར་བ་མེད། བདག་གཉིས་ཞེས་པ་ནི། གང་ཟག་གི་བདག་དང་ཆོས་ཀྱི་བདག་གོ །དེ་ལ་གང་ཟག་དང་བདག་དང་བདག་མེད་པའོ། །གང་ཟག་ནི་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ལ་སོགས་པའོ། །བདག་ནི་ཡུལ་དང་ཡུལ་ཅན་གཉིས་སུ་བཟུང་བའོ། །བདག་མེད་པ་ནི་ཡུལ་རྡུལ་ཕྲན་ཆ་ཤས་སུ་བསིལ་བས་ཤེས་པ་སྐད་ཅིག་མ་ཡང་ཡུལ་བསིལ་བས་ཤེས་པ་ཡང་བསིལ་བར་འདོད་པའོ། །ཆོས་ཀྱི་བདག་ལ་ཡང་ཆོས་དང་བདག་དང་བདག་མེད་པའོ། །ཆོས་ནི་སེམས་ཉིད་སྟོང་པ། བདག་ནི་ཞེན་པ་དངོས་པོར་བཟུང་བས་བདག་ཏུ་བཟུང་བའོ། །དེ་ལྟར་ཡིན་པར་ཡང༌། ཡུམ་ཆེན་མོ་ལས་ཀྱང༌། གཟུགས་ལ་བརྟགས་ཤིང་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་བར་དུའོ། །བདག་མེད་པ་ནི་བདག་སྟོང་པ་ཉིད་དུ་རྟོགས་པའོ། །དེ་ལྟར་ཡང་སེམས་ཀྱི་རང་བཞིན་ནི་སྟོང་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་གསུངས་སོ། །བགྲོད་པ་གཅིག་པ་ཞེས་པ་ནི། དང་པོའི་ཤེས་པ་མ་གཏོགས་པའི་ལྟ་བ་མེད། ལམ་མེད། འབྲས་བུ་མེད། སེམས་རང་མིན་པ་གཞན་མེད་པས་དེས་ཆོས་ཐམས་ཅད་ཚུལ་གཅིག་པའོ། །ས་རྣམས་ཀུན་ཞེས་པ་ནི། ས་བཅུ་གཅིག་ལམ་ལྔ་གྲངས་མེད་གསུམ་ལ་སོགས་པར་ཚོགས་བསགས་པ་ལ་ལྟོས་པ་མེད་པ་ཡིན་ཏེ། དང་པོ་ནས་ས་ནོན་པ་ཡིན། སངས་རྒྱས་ཀྱི་ས་མིན་པ་ས་གཞན་མེད་པའོ། །ཆོས་རྣམས་སེམས་ལས་ཞེས་པ་ནི། འདི་ལྟར་སྣང་གྲགས་ཐམས་ཅད་རང་གི་སེམས་མ་ཡིན་པ་གཞན་ཞིག་མེད་དེ། སྣང་བ་སེམས་མ་ཡིན། སེམས་སྣང་བ་མ་ཡིན། འདི་ལྟར་སྣང་བའོ་བྱས་པས། སྣང་བ་སེམས་མ་ཡིན་ན་གྲུབ་སྡེ་གཅིག་པའམ། རྗེས་སུ་འགྲོ་ལྡོག་ཅིག་དགོས་པ་ཡིན་ཏེ། གཅིག་སངས་རྒྱས་པས་ཀུན་སངས་རྒྱས་པར་རིག་པར་བྱའོ། །གཞན་ཡང་ཡུལ་འགྲོ་བའི་རྗེས་སུ་ལས་སེམས་འགྲོ་བའི་རྗེས་སོགས་པ་ཡིན། ཕྱི་རོལ་དོན་དུ་གྲུབ་པར་ཐལ་ཟེར་ན། འདི་ལྟར་སྣང་བ་རང་གི་སེམས་སྣང་བའོ། །བྱས་པས་ཕྱི་རོལ་དོན་དུ་གྲུབ་པ་མེད་དེ། སློབ་དཔོན་འཕགས་པའི་ཞལ་ནས་ཀྱང༌། གང་ཚེ་ང་ལ་ཁས་ལེན་མེད་ཅེས་པ་ནི། ཁས་མ་ལེན་པ་མ་ཡིན་ཏེ། ཁས་བླངས་པ་ཁས་ལེན་དུ་འགྲོ་བ་གཅིག་དགོས་པ་ཡིན་ཏེ། མཐའ་དང་བྲལ་བ་ཞིག་ཁས་བླངས་པས། ང་ནི་སྐྱོན་མེད་ཅེས་པའོ། །ང་ལ་ཁས་ལེན་ཡོད་ཅེས་པ་ནི། མཐའ་དང་བཅས་པ་གཅིག་ཁས་བླངས་ན་དེ་ཚེ་སྐྱོན་དང་བཅས་པ་ཡིན། ཞེས་པའོ། །དེས་ན་སྣང་བ་སེམས་སུ་ཡང་མི་འདོད། འདི་ལྟར་སྣང་བ་སེམས་སྣང་བའོ་བྱས་པས། མཐའ་དང་བྲལ་བ་གཅིག་བརྗོད་པས། སློབ་དཔོན་འཕགས་པའི་གྲུབ་མཐའ་དང་མཐུན་པའོ། །སེམས་སྣང་བ་མ་ཡིན་པ་ནི་རིག་བཅས་བེམ་པོ་ལ་སོགས་པ་བཞིན་དུ་འགྲོ་དགོས་པ་ཡིན་ཏེ། མི་འགྲོ་སྣང་བ་དང་སྟོང་ཞེས་པ་ནི། དེ་ལ་སྣང་བ་གསུམ་དང་སྟོང་པ་གསུམ། རྣམ་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་སྟོང་པ་ཉིད་དང་གསུམ་མོ། །དེ་ལ་སྣང་བ་ནི་གཟུགས་ལ་སོགས་པ་གཅིག་ལ་མཚོན་ན། གཟུགས་གཅེར་གྱི་མཐོང་བ་ནི་སྣང་བ། དེ་ལ་དེར་འཛིན་པ་ནི་མཆེད་པ། གཟུགས་མི་མཐོང་བར་གྱུར་པ་ནི་ཐོབ་པའོ། །རྟོག་མེད་དུ་གྱུར་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི་སྟོང་པའོ། །སྒྲ་ལ་སོགས་པ་ཡང་དེས་འགྲེ་ཐམས་ཅད་སྟོང་པ་ཞེས་པ་ནི། གཟུགས་གཅེར་གྱིས་མཐོང་བའི་དུས་ན་དེ་ཉིད་སྟོང་པ་ཉིད་ཡིན་པས་ཐམས་ཅད་སྟོང་པའོ། །དེ་ལ་དེར་འཛིན་ལོག་ཙམ་ན། གཟུགས་སུ་སྣང་བའི་འཛིན་པའི་སྣང་བ་མེད་པས་ཆེན་པོ་སྟོང་པའོ། །གཟུགས་མི་མཐོང་བར་གྱུར་ཙམ་ན། དེར་འཛིན་ལོག་པ་ལས་ཁྱད་པར་དུ་འཕགས་པས་ན་ཤིན་ཏུ་སྟོང་པའོ། །རྟོག་མེད་དུ་གནས་པའི་དུས་ནི། ཚིག་གིས་བརྙེས་པ་དང༌། བློ་བཅོས་པ་མ་ཡིན་པར་རང་བཞིན་གྱིས་རྟོག་མེད་དུ་གནས་པ་ནི། རྣམ་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་སྟོང་པ་ཉིད་དོ། །གང་མཐོང་ཞེས་པ་ནི། མཐོང་ཐོས་ཚོར་མྱོང་དྲན་རེག་ཤེས་བརྗོད་ལ་སོགས་པའི་ཆོས་རྣམས་དང༌། ཚོགས་དྲུག་ཡུལ་དུ་གྱུར་པ་ཇི་སྙེད་ཀུན། །གང་གང་མཐོང་བ་དེ་དེ་སྟོང་པ་ཉིད། །སྟོང་པ་མ་ཡིན་ཆོས་གཅིག་ཡོད་གྱུར་ན། །བག་མེད་ཤེས་པས་ཉོན་མོངས་སྤྱད་གྱུར་ཅིང༌། །ཉོན་མོངས་ལས་ལ་འཁོར་བའི་གཞི་རྩ་འཕེལ། དེ་ཕྱིར་སྟོང་པ་ཉིད་བསྒོམས་ན། དངོས་པོ་མཚན་མས་མ་གོས་པས། བག་དང་ལྡན་པས་ཉེས་པ་མེད། སེམས་ངོ་ཤེས་ཞེས་པ་ནི། ཁོ་རང་གཤིས་ཀ་ཇི་ལྟར་འདུག་པ་མ་རྟོགས་པའི། སྣང་སྟོང་གསལ་སྟོང་བདེ་སྟོང་རིག་སྟོང་སྤྲོས་པ་དང་སྤྲོས་མེད་ཇི་ལྟར་བརྗོད་པར་བྱས་ཀྱང་ཁོ་རང་གཤིས་ཀ་མཐོང་བ་གཅིག་ཀྱང་མེད། མ་བསམ་པ། བློས་མ་རིག་པ་ཁོ་རང་གི་ཡེ་ནས་ཀྱི་གཤིས་ཀ་ཙུག་འདུག་པ་དེ་ཨང་འདུག་པ་སྙམ་ནས་ཅི་ཞིག་ལྟར་ལ་ཤེས་ནས་འོང༌། སྟོང་ཉིད་རྟེན་འབྲེལ་ཞེས་པ་ནི། སྟོང་པ་ཉིད་ཀྱི་གཞི་རྟེན་ནི་དཔེར་ན་མེ་ལོང་ལ་བཞིན་གྱི་གཟུགས་བརྙན་ཤར་བ་ནི། རྟེན་འབྲེལ་ཚོགས་པས་གཟུགས་བརྙན་སྣང་བ་ཡིན། རྐྱེན་གྱིས་སྐྱེ་བ་མ་ཡིན་ན་མེ་ལོང་ལ་དང་པོ་ནས་གཟུགས་བརྙན་སྣང་དགོས། གཟུགས་བརྙན་སྣང་ཡང་མེ་ལོང་རང་ཡིན། གཟུགས་བརྙན་གྲུབ་པ་མེད། སེམས་སྟོང་པ་ཉིད་ལ་རྐྱེན་སྣ་ཚོགས་སུ་སྣང་ཡང༌། རྐྱེན་གྱིས་དེ་ལྟར་སྣང་བ་ཡིན། དེ་ལྟར་མ་ཡིན་ན་སྟོང་པ་ཉིད་རྐྱེན་དང་མ་འཕྲད་པའི་དུས་སུ་སྐྱེ་དགོས་པ་ཡིན་ཏེ་མི་སྐྱེ། སྣ་ཚོགས་སུ་སྣང་ཡང་སྟོང་པའི་རང་རྟོགས་འགྱུར་བ་མེད། ལས་མེད་ཅེས་པ་ནི། ལས་ནི་ལུས་ཀྱི་སྒོ་ནས་དགེ་མི་དགེ་ལུང་མ་བསྟན་པ་གསུམ་མེད་པ་ནི། ལས་བྱེད་མཁན་སེམས་ཉིད་འདི་སྟོང་པ་ཉིད་དུ་རྟོགས་ན་མེད་པའོ། །རྣམ་སྨིན་མེད་པ་ནི་ལས་བྱེད་མཁན་མེད་པས་མ་འོངས་པའི་དུས་སུ་རྣམ་སྨིན་མི་འབྱུང་བ་ཡང་ཡིན་ཏེ། ཐོག་མ་མེད་པ་ནས་བསགས་པའི་རྣམ་སྨིན་དཔག་ཏུ་མེད་པ་ཞིག་ཡོད་དེ། ལས་བྱེད་མཁན་སྟོང་པ་ཉིད་དུ་མ་རྟོགས་ན་དེ་རྣམས་ཀྱང་སྨིན་པ་ཡིན། ལས་བྱེད་འདི་སྟོང་པར་རྟོགས་ན་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་མ་ཡིན་ཏེ། ཉི་མའི་དཀྱིལ་འཁོར་ཤར་ཙམ་ན་མུན་པའི་གནས་མེད་པ་བཞིན་ནོ། །འོ་ན་རྒྱུ་སྔོན་དུ་སོང་བའི་འབྲས་བུ་དེ་མ་སྨིན་ན་འབྲས་བུ་མི་བདེན་པར་འགྲོའོ་སྙམ་ན། ཉི་མའི་དཀྱིལ་འཁོར་སྟེང་ནས་མ་ཤར་ན་མུན་པ་དྭངས་པ་མི་སྲིད་པ་ལ་དྭངས་ནས་སོང་བ་བཞིན་ནོ། །ད་ལྟའི་ལས་བྱེད་མཁན་འདི་སྟོང་པར་རྟོགས་ན་སྔ་ནས་ཀྱི་རྣམ་པར་སྨིན་པ་དང༌། ཕྱི་ནས་ཀྱི་རྣམ་པ་སྨིན་པ་མི་མྱོང་བས་ན་རྣམ་སྨིན་མེད་པའོ། །རྒྱུ་རྐྱེན་ཚོགས་ན་ཞེས་པ་ནི། རྒྱུ་ས་བོན་དྲུང་པོ་གཅིག་ཡོད་ན། རྐྱེན་ཆུ་ལུད་དང་སྐྱེས་བུའི་རྩོལ་བ་དང༌། དེ་ཚོ་ཚོགས་ན་མྱུ་གུ་སྔོན་པོ་འབྱུང་བ་བཞིན་དུ། རྒྱུ་སེམས་ལ། རྐྱེན་ཉོན་མོངས་པ་དང༌། རྣམ་པར་རྟོག་པས་བྱས་ནས་འབྲས་བུ་སྡུག་བསྔལ་འབྱུང་བ་བཞིན་ཡིན་ནོ། །རྒྱུ་སེམས་ཀྱིས་བྱས། རྐྱེན་དད་པས་ཀུན་ནས་བསླངས་ནས། མི་དགེ་བ་བཅུ་སྤངས། དགེ་བ་བཅུ་དང་དུ་བླངས་ནས་འབྲས་བུ་བདེ་བ་འབྱུང༌། དེ་ལྟར་འབྱུང་བ་ཐུབ་པས་གསུངས་པ་ཡིན་ཏེ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་ན་ལས་ཡོད། ཅེས་པ་ནི། ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་པ་མི་དགེ་བའི་ལས་བྱས་ན་ལས་ཡོད་པ་ཡིན། དེ་ལྟར་ཡིན་ན་ཡང༌། གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས་སོ། །རྣམ་སྨིན་ཡོད་པ་ནི་གནས་སྐབས་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང༌། མཐར་ཐུག་འཁོར་བའི་སྡུག་བསྔལ་ཟམ་མི་ཆད་པ་མྱོང་བ་ཡིན། དེ་ལ་དགོངས་ནས་གནོད་པའི་འབྲས་བུ་སྡུག་བསྔལ་འབྱུང༌། །ཞེས་གསུངས་སོ། །དེའི་ཕྱིར་ན་རྣམ་སྨིན་ཡོད་པའོ། །གཞན་ལ་གནོད་པ་བྱས་ན་གཞན་སྡུག་བསྔལ་བར་འགྲོ་སྙམ་ཙ་ན། རང་སྡུག་བསྔལ་མྱོང་བ་ཞེ་རེ་འཇིགས། ལས་ཡོད་ཅེས་པ་ནི། ལུས་ངག་ཡིད་གསུམ་གྱི་ལས་མི་དགེ་བ་བཅུ་སྤངས་ནས་དགེ་བ་བཅུ་སྒྲུབ་པའོ། །དེ་ལ་དགོངས་ནས་གསུངས་པ་ནི། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་སོ། །རྣམ་སྨིན་གནས་སྐབས་སུ་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ། མཐར་ཐུག་མྱ་ངན་ལས་འདས་པའི་བྱང་ཆུབ་དང་བྱང་ཆུབ་ཆེན་པོའི་བདེ་བ་འཐོབ། དེ་ལ་དགོངས་ནས་གསུངས་པ་ནི། ཕན་པའི་འབྲས་བུ་བདེ་བ་འབྱུང༌། །ཞེས་པའོ། །གཞན་པ་བདེ་བར་འདོད་པས་ཕན་བཏགས་ནས་རང་གི་བདེ་བ་མྱོང་བ་ནི། དགོད་རེ་བྲོ་དགོད་རག་འཆོར་བ་ཞིག་གདའོ། །དེའི་ཕྱིར་ན་རྣམ་སྨིན་ཡོད་པའོ། །ཚད་མ་ནི་རིག་པའི་ཤེས་པ་ཡིན་ཏེ། ཆོས་ཐམས་ཅད་རང་གི་སེམས་སུ་རིག་པས་ཡུལ་ཡུལ་ཅན་དང༌། ཐེ་ཚོམ་དང༌། ལོག་རྟོག་དང༌། ཚད་མ་མ་ཡིན་པ་རྣམས་རྣམ་པར་བཅད་ནས། སེམས་སྐྱེ་བ་མེད་པ་འདི། རྣལ་འབྱོར་གྱི་མངོན་སུམ་ཡིན་ཏེ། རང་རིག་གི་མངོན་སུམ་གྱིས་ཉམས་སུ་བླངས་པས་མི་བསླུ་བས་ན་ཚད་མའོ། །དེ་སྟོན་པར་བྱེད་པའི་རྗོད་བྱེད་ལེའུ་ལྔའོ། །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

རི་ཁྲོད་པ་ལ་གདམས་པ།

རྗེ་རི་ཁྲོད་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ས་ར་ཧ་ལ་སྐྱབས་སུ་མཆི། །རྣལ་འབྱོར་དབང་ཕྱུག་གཟི་བརྗིད་ཅན། །རི་ཁྲོད་པ་ལ་བྱིན་གྱིས་རློབས། །འབྱུང་པོ་མེ་ཏོག་རྣམ་གསུམ་གྱིས། །བལྟོས་ཐག་བཅད་ནས་རི་ལ་འགྲོ། །གོང་མའི་རྗེས་སྙོགས་སྒྲུབ་པ་བྱེད། །ཆོས་ཤིག་ཞུ་ཞེས་ཟེར་བ་དེ། །ཐོ་ལེ་རྒྱལ་ལོ་གཡུ་འབྲུག་སྔོ། །ང་མི་རྒན་མ་ཤི་རྣ་བ་རུ། །རི་ཁྲོད་བསྒྲུབ་པ་བྱེད་ཟེར་བ། །ཁུ་བྱུག་སྔོན་མོའི་སྒྲ་ཞིག་ཐོས། །བཀའ་དྲིན་ཅན་གྱི་བླ་མ་ལ། །མོས་གུས་ཁ་རྐྱང་མེད་པར་བྱས། །བྱིན་རླབས་རྒྱུན་ཆད་མེད་པར་བྱུང༌། །སྒྲུབ་པ་ཐང་ལྷོད་མེད་པར་བྱས། །ཡོན་ཏན་ཟད་པ་མེད་པ་འབྱུང༌། །སྔོན་གྱི་ལས་དང་སྨོན་ལམ་གྱིས། །མདོ་སྨད་མི་ཉག་ཡུལ་དུ་ཕྱིན། །འཁོར་མང་དཔག་ཏུ་མེད་པ་འདུས། །དཔལ་ལྡན་ཆེན་པོ་འབའ་རོམ་པས། །འཁོར་མང་འདུས་པའི་ལུང་བསྟན་པ། །དུས་འདིར་བྱུང་བ་ཡིན་སྙམ་པས། །བཀའ་དང་བསྟན་བཅོས་མན་ངག་ལ། །ཐོས་པས་སྒྲོ་འདོགས་ཆོད་པར་བྱས། །ཐབས་ལམ་ཕྱག་རྒྱ་ཆེན་པོ་ཡི། །ཁྲིད་བྱས་ཉམས་རྟོགས་སྐྱེས་པར་བྱས། །ཆོས་གཤའ་མར་བྱེད་པའི་ཚུལ་ལུགས་བསྟན། །ཁོང་ཡུལ་བཟང་ལོངས་སྤྱོད་ཆེ་བ་ཡིས། །རི་ཁྲོད་གངས་དཀར་འགྲིམ་བྱེད་ཅིང༌། །སྒྲུབ་པ་བྱེད་པ་ཉུང་བར་བྱུང༌། །ང་མི་རབས་ཆད་པས་ཡི་མུག་སྐྱེས། །དབུས་གཙང་རིག་པའི་འབྱུང་གནས་སུ། །ལོངས་སྤྱོད་བསྙེན་བཀུར་མེད་པ་དང༌། །འཁོར་མང་འདུ་བར་མི་ནུས་ཀྱང༌། །དཔལ་ལྡན་སྟག་ལུང་ཐང་པ་ཡིས། །དབུས་པ་པདྨའི་ས་གཞི་ལ། །ཞིང་ས་ཡོད་ཅེས་ལུང་བསྟན་ཐོབ། །གཉིས་གསུམ་ཙམ་ཞིག་འབྱུང་སྙམ་པས། །རྒས་ཀྱང་དབུས་སུ་འགྲོ་སྙམ་བྱུང༌། །དུས་དང་གནས་སྐབས་དེ་ཙམ་ན། །རི་ཁྲོད་འགྲིམ་པའི་སྒོམ་ཆེན་ཀུན། །སྒྲུབ་པ་གཤའ་མར་བྱེད་ཟེར་བ། །ཐོ་ལེ་རྒྱལ་ལོ་དེ་ཙུག་ལགས། །ཀྱཻ་ཧོ་སྐལ་ལྡན་རི་ཁྲོད་པ། །རི་ཁྲོད་འགྲིམ་པའི་སྙིང་སྟོབས་ཅན། །འདོད་ཡོན་སྤོང་བའི་བརྟུལ་ཞུགས་ཅན། །ལུས་སྲོག་འདོར་བའི་སྙིང་རུས་ཅན། ཐབས་ཤེས་རབ་གཉིས་མེད་རྣལ་འབྱོར་པ། །བུ་གཅིག་མ་ཡི་གདུང་བ་བཞིན། །ཀྱཻ་ཧོ་གདུང་བས་བོས་པ་དེ། །ཁྱེད་ལ་བསྙེན་བཀུར་བྱ་རྒྱུ་མེད། བླ་མའི་གྲོང་ནས་འགྲོ་ཙ་ན། །ཁུར་ཞིག་པང་གང་ཁྱེར་བ་འདི། །རི་ཁྲོད་པ་ཡི་མཛད་སྤྱོད་མིན། །རྗེ་བཙུན་མི་ལ་རས་པ་ཡི། །གཏུམ་མོ་འབར་བའི་རས་གོས་དེ། །ཆོས་བརྒྱད་ཅན་གྱི་འཕྱོར་གོས་བྱས། །རས་སམ་ལ་རི་ཁྲོད་མ་རེ་མཛོད། །གཏུམ་མོ་ཨ་ཤད་རས་གོས་གྱོན། ། །རྗེ་བཙུན་དྭགས་པོ་ཆེན་པོ་ཡི། །མལ་ན་བཞུགས་པའི་སྒོམ་ཞྭ་དེ། །ང་ཆེ་རྣམས་ཀྱི་ཞྭ་ཆེ་བྱེད། །མགོ་ཁྱེར་ལ་རི་ཁྲོད་མ་རེ་བར། །བླ་མ་སྤྱི་གཙུག་རྒྱན་དུ་ཆེ། །ཁྱེད་རི་ལ་འགྲོ་བའི་རྣལ་འབྱོར་ལ། །སྙིང་གཏམ་ཚིག་གཅིག་གང་ཡིན་ན། །ལྷོ་ཕྱོགས་དཔལ་གྱི་རི་བོ་ལ། །བྲམ་ཟེ་ཆེན་པོ་ས་ར་ཧ། །མཉམ་རྗེས་མེད་པར་ལྷུན་གྱིས་གྲུབ། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་གཡོ། །ཕྱག་རྒྱ་ཆེན་པོའི་གཡབ་མོས་གཡོབ། །སྐལ་ལྡན་རྣམས་ལ་འདིར་ཤོག་གསུངས། །ཁྱེད་རི་ཁྲོད་མཛད་ན་དེ་ལྟར་མཛོད། །རི་བོ་གངས་ཅན་ཏི་སེ་ལ། །རྗེ་བཙུན་མི་ལ་རྣལ་འབྱོར་གྱིས། །ཚེ་གཅིག་རྫོགས་པའི་སངས་རྒྱས་གྲུབ། །རྟེན་འབྲེལ་ཟབ་མོའི་ཟས་གཡོས་ནས། །ཐབས་ལམ་གནད་ཀྱི་གཡབ་མོས་གཡོབ། །བརྩོན་འགྲུས་ཅན་ལ་འདིར་ཤོག་གསུངས། །ཁྱེད་རི་ཁྲོད་མཛད་ན་དེ་ལྟར་མཛོད། །འབའ་རོམ་ཆེན་པོ་ལྷ་སྒོ་ན། །དཔལ་ལྡན་ཆེན་པོ་འབའ་རོམ་པ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། །རང་གཞན་དོན་གྲུབ་བདུད་རྩི་གཡོ། །སྟོང་ཉིད་སྙིང་རྗེའི་གཡབ་མོས་གཡོབ། །ལས་ཅན་རྣམས་ལ་འདིར་ཤོག་གསུངས། །ཁྱེད་རི་ཁྲོད་མཛད་ན་དེ་ལྟར་མཛོད། །གོང་མའི་རྗེས་བསྙག་སྒྲུབ་པ་དེ། །དེ་ལྟར་མཛད་ན་སྙག་པ་ཡིན། །གཅིག་པུར་རི་ཁྲོད་འགྲིམས་པ་དེ། །འཇིགས་སྐྱོ་ཉམ་ང་མེད་པ་དང༌། །ཏིང་འཛིན་གནད་དུ་མ་འཆུགས་ནས། །གཡེང་བ་མེད་ན་དབེན་པ་ཡིན། །ཡང་ཅིག་སྐལ་ལྡན་རི་ཁྲོད་པ། །སྙིང་གཏམ་ཚིག་བཞི་བཟླ་རྒྱུ་ཡོད། །ལྟ་སྒོམ་སྤྱོད་འབྲས་མན་ངག་ཡིན། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ། །ཡོད་མེད་བརྟགས་དཔྱད་མ་མང་བར། །མཐའ་དང་བྲལ་བར་བློ་ཐག་ཆོད། །ལྟ་བ་དབྱིངས་སུ་སྐྱོལ་ཙམ་ན། །རྟོགས་པའི་ཤེས་རབ་རལ་གྲི་དེ། །ལུང་དང་རྟོགས་པའི་ངར་བླུད་ནས། །མ་རིག་རྩད་ནས་ཆོད་པར་གྱིས། །ལྷན་སྐྱེས་བདེ་བ་ཆེན་པོ་ལ། །ཉིན་མཚན་ཐུན་གྲངས་མ་རྩི་བར། །གཉུག་མ་རྒྱུན་ཆད་མེད་པར་གྱིས། །སྒོམ་པ་དམིགས་སུ་ཕྱིན་ཙམ་ན། །ནོར་བུ་རྒྱལ་མཚན་རྩེ་ལ་བཏགས། །བདེ་གསལ་མི་རྟོག་བྱི་དོར་གྱིས། །དགོས་འདོད་ཐམས་ཅད་འབྱུང་བར་གྱིས། །མཉམ་བཞག་ཆེན་པོའི་སྤྱོད་པ་ལ། །བླང་དོར་ཐེ་ཚོམ་མ་བྱེད་པར། །ཐམས་ཅད་གྲོགས་སུ་འགྲོ་བར་གྱིས། །སྤྱོད་པ་ཚད་དུ་སྐྱོལ་ཙམ་ན། །སྤྱོད་པ་ཤིང་རྟའི་འཁོར་ལོ་དེ། །ཐབས་ཤེས་རབ་གཉིས་ཀྱི་འཁྲུལ་འཁོར་གྱིས། །ཚར་བཅད་རྗེས་བཟུང་གཞན་དོན་གྱིས། །རང་གི་ལུས་ངག་ཡིད་གསུམ་ལ། །རེ་དོགས་སྤང་བླང་མ་བྱེད་པར། །སྐུ་གསུམ་རང་ལ་ཚང་བར་གྱིས། །འབྲས་བུ་མངོན་དུ་གྱུར་ཙམ་ན། །དབུལ་པོའི་ཁྱིམ་གྱི་གཏེར་ཡོད་དེ། །ཉམས་དང་རྟོགས་པའི་རྟོགས་ཚད་དེས། །སངས་རྒྱས་རང་ལ་རྙེད་པར་གྱིས། །སྙིང་གཏམ་གནད་ཀྱི་མན་ངག་འདི། །རི་ཁྲོད་པ་ལ་བསྙེན་བཀུར་གྱིས། །ཁྱེད་སོགས་འགྲོ་དྲུག་སེམས་ཅན་རྣམས། །ཚེ་འདིར་སངས་རྒྱས་ཐོབ་པར་ཤོག །རྨ་ཆེན་སྤོམ་རིའི་གངས་རི་ལ། །སྙིང་སྟོབས་ཅན་གྱི་རི་ཁྲོད་པ། །སྒྲུབ་པ་བྱེད་དུ་འགྲོ་ཞེས་པས། །ཟབ་མོའི་ཆོས་འདི་གསུངས་པ་ཡིན། །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

བླ་མ་འོ་སྐྱོ་པ་ལ་གདམས་པ།

བླ་མ་རིན་པོ་ཆེ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བླ་མ་ཡོངས་ཀྱི་དགེ་བའི་བཤེས་གཉེན་འོ་སྐྱོ་པ་ཆེན་པོའི་སྤྱན་སྔར་གཏུད་དེ་གསོལ་བ། ཐུགས་དམ་དང་གཞན་དོན་འཕེལ་ཞིང་སྐུ་ཁམས་བདེ་བར་བཞུགས་མཆིས། དེ་ལ་སེམས་ཤིན་ཏུ་དགའ། སླད་དོན་ལ། བཀའ་ཡིག་དང༌། འབུལ་བ་དང༌། ཡོན་བདག་ཕྱག་འཚལ་དུ་བཏང་བ་ཤིན་ཏུ་ཕྱག་བྱེད་བཟང༌། ཁྱེད་འོ་སྐོལ་ལ་ཆོས་ཞུ་བའི་འོས་མ་ལགས་ཏེ། འོན་ཀྱང་ཡི་གེ་བསྐུར་ནས་ཆོས་ཞུ་གསུངས་པས། ཁྱེད་ཀྱིས་གསུངས་པའི་དོན་དུ། ཚིག་ཡ་ཟུང་སྙན་དུ་གསོལ་བར་བགྱི། ཨེ་མ། རང་སེམས་ཆོས་སྐུ་རིན་པོ་ཆེ། །དག་ཅིང་གསལ་ལ་ངོས་བཟུང་སྤྲོས་དང་བྲལ། །ཁྱབ་དང་གཟུགས་ཅན་མ་ཡིན་འགྲོ་འོང་མེད། །ལྷུན་གྱིས་གྲུབ་ཅིང་ཀུན་ལ་ཡོད་ན་ཡང༌། །མ་རིག་དབང་གིས་མ་རྟོགས་སེམས་ཅན་རྣམས། །ཀུན་བཏགས་འཁོར་བའི་སྡུག་བསྔལ་མྱོང་བ་ལ། །ཐུགས་རྗེའི་བདག་ཉིད་རྒྱལ་བ་སྲས་བཅས་ཀྱིས། །མཁྱེན་པའི་ཡེ་ཤེས་རྟོགས་པར་བྱ་བའི་ཕྱིར། །བཀའ་དང་བསྟན་བཅོས་མན་ངག་གསུམ་གསུངས་པ། །ཐམས་ཅད་རང་སེམས་རྟོགས་པར་བྱ་ཕྱིར་གཅིག །འོན་ཀྱང་གང་ཟག་བློ་ཡི་བྱེ་བྲག་གིས། །སྤོང་བྱེད་གཉེན་པོའི་ཚུལ་དུ་གསུངས་པ་དང༌། །སྦྱངས་པ་གནས་གྱུར་དག་ཏུ་གསུངས་པ་དང༌། ལྷུན་གྲུབ་གཞི་ལ་གནས་པར་གསུངས་པར་ཡང༌། །ཐེག་པ་གསུམ་ལ་ཞུགས་ཚུལ་གསུངས་པ་ཡིན། །དེ་ཡང་འཁོར་འདས་གཉིས་སུ་སྣང་ན་ཡང༌། །དག་དང་མ་དག་རྐྱེན་གྱིས་སྣང་བ་ཡིན། །མ་དག་རྒྱུ་དང་འབྲས་བུ་འགོག་པ་ནི། །དག་པའི་རྐྱེན་གྱིས་ཉམས་སུ་བླངས་པས་འགོགས། །རང་བཞིན་གཞི་ལ་གནས་པའི་རྒྱུ་འབྲས་དང༌། །རྟེན་ཅིང་འབྲེལ་འབྱུང་སྦྱང་བའི་རྒྱུ་འབྲས་གཉིས། །ཐེག་པ་གཉིས་ནི་སྦྱངས་པ་ཤས་ཆེར་གསུངས། །དེ་ལ་ཐེག་པ་ཆེན་པོའི་གསང་སྔགས་ནི། །རྩ་དང་ཡི་གེ་རླུང་དང་ཐིག་ལེ་དང༌། །ཀུན་གཞི་རིག་པ་སེམས་དང་རྣམ་པ་ལྔ། །གཞི་ལ་གནས་པ་ཤས་ཆེར་གསུངས་པ་སྟེ། །རྩ་ལ་སྟོང་ཕྲག་བདུན་ཅུ་མང་གསུངས་ཀྱང༌། །འཁོར་ལོ་བཞིའམ་ལྔའམ་འཁོར་ལོ་དྲུག །རོ་མ་རྐྱང་མ་ཀུན་འདར་གསུམ་དུ་གསུངས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་གསུངས་ཀྱང༌། །ཟག་བཅས་ཟག་མེད་ཡེ་ཤེས་རླུང་དུ་འདུས། །ཨ་ལི་ཀཱ་ལི་ཡི་གེ་མང་གསུངས་ཀྱང༌། །ཨེ་བཾ་མ་ཡ་ཨ་ཧཾ་གཉིས་སུ་འདུས། །བཅུ་དྲུག་བཅུ་དྲུག་ཐིག་ལེ་མང་གསུངས་ཀྱང༌། །དཀར་དམར་དྭངས་སྙིགས་མི་ཤིགས་གསུམ་དུ་འདུས། །སེམས་ཉིད་ཀུན་གཞི་སྤྲོས་མེད་མང་གསུངས་ཀྱང༌། །གཉིས་མེད་ཡེ་ཤེས་ལྷན་ཅིག་སྐྱེས་པར་འདུས། །ལུས་ངག་ཡིད་གསུམ་གཞི་ལ་གནས་པའི་ཆོས། །རྗེ་བཙུན་ཆེན་པོ་ནཱ་རོ་པ་ཡིས་གསུངས། །གནད་རྣམས་བཞི་ཡིས་ཉམས་སུ་བླང་བར་བྱ། །དེ་ལ་གང་ཟག་གསུམ་དང་སྦྱར་བ་ནི། །རིམ་སྐྱེས་པ་ལ་སྤོང་དང་བོགས་འདོན་བསྟན། །ཐོད་རྒལ་བ་ལ་བསྒྱུར་དང་མཚམས་སྦྱོར་བསྟན། །གཅིག་ཆར་བ་ལ་གཞི་ཡི་ངོ་སྤྲོད་བསྟན། །དེ་ལྟར་ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས་པར་གསུངས། །གནད་བཞི་ཡིས་ནི་ཉམས་སུ་བླང་བར་བྱ། །འབྲས་བུ་གནས་སྐབས་མཐར་ཐུག་གཉིས་ཡིན་ཏེ། །གནས་སྐབས་དྲོད་དང་རྟགས་དང་གཉིས་སུ་འདུས། །འཇིག་རྟེན་ལམ་དུ་དྲོད་དུ་འདོད་པ་ཡིན། །འཇིག་རྟེན་འདས་པའི་རྟགས་སུ་འོང་བ་སྟེ། །ཁྱད་པར་གཞི་ཞེས་ཡོན་ཏན་འཆར་ཚུལ་ནི། །དུ་བ་ལ་སོགས་རྟགས་ནི་རྣམ་པ་ལྔ། །སྨིག་རྒྱུ་ལ་སོགས་ཕན་ཡོན་རྣམ་པ་བརྒྱད། །ཕྲིན་ལས་བཞི་དང་གྲུབ་ཆེན་བརྒྱད་ལ་སོགས། །གནས་སྐབས་འབྲས་བུ་ཡོན་ཏན་ཡིན་པར་བཞེད། །མཐར་ཐུག་སྐུ་ལྔའི་བྱེ་བྲག་འཆར་ཚུལ་ནི། །འོད་གསལ་སྤྲོས་དང་བྲལ་བ་ཆོས་ཀྱི་སྐུ། །ལྷན་ཅིག་བྱེད་པའི་རྐྱེན་དང་ཉེར་ལེན་རྒྱུ། །གཟུགས་སྐུ་གཉིས་སོགས་སོ་སོར་སྣང་བ་ཡིན། །སྐུ་གསུམ་གྱི་ནི་ཡོན་ཏན་ཚོགས་རྣམས་ཏེ། །བྲལ་དང་རྣམ་སྨིན་དྲུག་ཅུ་རྩ་བཞི་སྟེ། དཔེ་བྱད་བརྒྱད་ཅུ་སོ་སོར་ཡལ་ག་སོགས། །ཡོན་ཏན་དཔག་ཏུ་མེད་པ་གསུངས་པའོ། །ངོ་བོ་ཉིད་སྐུ་ཡན་ལག་བདུན་ལྡན་ཏེ། །ངག་གི་དབང་ཕྱུག་གྲགས་པ་ཡིས། །ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ངེས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདུན་ལྡན་དུ་ནི་བཞེད་པ་ཡིན། །རྣམ་དག་སྐུ་ལ་མཚན་ཉིད་མེད་པས་ཡོན་ཏན་མེད། །ནམ་མཁའ་ལ་ནི་མཚན་ཉིད་མེད་ཅེས་གསུངས། །ཉི་ཟླའི་འོད་ཀྱིས་ནམ་མཁའ་གསལ་བར་བྱེད། །གསལ་ཡང་ནམ་མཁའ་འགྱུར་བ་མེད། །ཐབས་ཤེས་རབ་གཉིས་ཀྱིས་ཀུན་གཞི་གསལ་བར་བྱེད། །གསལ་ཡང་ཀུན་གཞིའི་རིག་པ་འགྱུར་བ་མེད། །སྐུ་ལྔའི་བདག་ཉིད་མཐར་ཐུག་འབྲས་བུ་ཡིན། །ཐུགས་དགོངས་བཟང་བས་ལུས་ངག་ཡིད་གསུམ་དང་བ་ཡིས། །བཞི་སྡེའི་ཚོགས་བཅས་རྟོགས་གསུམ་བུར་གོར་གསུམ། །ཆབ་ཚ་སྲང་བདུན་འབུལ་བ་བསྐུར་ནས་ཀྱང༌། །ཞལ་དུ་ཐེངས་པ་གསོལ་བར་ཞུ་ཞེས་པ། །བརྡའ་དང་འབྲས་བུ་འདོད་པ་ཡིན་པར་གོ །སངས་རྒྱས་སྐུ་གསུམ་ཐུགས་གསུམ་རང་ལ་ཡོད་གྱུར་པ། །སྟོང་པར་བྱེད་པ་བརྡའ་ཡིན་གོ་བར་བྱ། །ཡིད་ནི་ཆོས་སྐུ་རྣམ་དག་ཡིན་པར་བརྡའ་ཡིས་གོ །བྲལ་འབྲས་སུམ་ཅུ་རྩ་གཉིས་འབྲས་བུ་ཡིན། །ངག་ནི་ཨེ་ཝཾ་མ་ཡ་ཨ་ཧཾ་བརྡའ། །གྲགས་པ་གསུང་དབྱངས་དྲུག་ཅུ་འབྲས་བུ་ཡིན། །ལུས་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །རིགས་ལྔ་བྱང་ཆུབ་སེམས་དཔའ་ཡིན་པའི་བརྡའ། །སུམ་ཅུ་རྩ་གཉིས་དཔེ་བྱད་བརྒྱད་ཅུ་སོགས། །དང་པོ་སྔོན་སོང་རྣམ་སྨིན་འབྲས་བུ་ཡིན། །ཚད་མེད་ཕྱོགས་བཅུར་ཁྱབ་པའི་དྲི་ངད་ཀྱིས། །ཡོན་ཏན་དཔག་མེད་མངའ་བའི་བརྡའ་ཡིན་ནོ། །བཞི་སྡེ་དག་པའི་འཁོར་ལ་སོགས་པ་དང༌། །འགྲོ་རྣམས་འདྲེན་པར་བྱེད་པའི་འབྲས་བུ་ཡིན། །བདེ་གསལ་མི་རྟོག་གཞི་ལ་གནས་པའི་བརྡའ། །བུ་རམ་རོ་བཞིན་ཉམས་སུ་མྱོང་བ་འབྲས་བུ་ཡིན། །རྒྱ་ཡུལ་ཇ་ནི་དཀའ་ལས་ཆེར་གྱུར་པ། །དམ་ཆོས་སྤྱོད་པ་དཀའ་བ་ད་ལན་བརྡའ། །རོ་མྱོང་ཚད་གདུང་སེལ་བ་འབྲས་བུ་ཡིན། །སྲང་བདུན་གྲངས་ཀྱིས་མཚོན་པར་བྱེད་པ་ནི། །ཚིག་ཆེན་བཅུ་གསུམ་གནས་པ་བརྡའ་ཡིན་ཏེ །ཡོན་ཏན་བདུན་མཐོ་འབྱུང་བ་འབྲས་བུ་ཡིན། །བདུན་དུ་གྲངས་ཀྱིས་ངེས་པ་ནི་བརྡའ་ཡིན་ཏེ། །ཡོན་ཏན་སོ་སོར་འབྱུང་བ་འབྲས་བུ་ཡིན། །མ་ཡི་མངལ་དང་བར་དོར་སངས་རྒྱས་གསུངས། །གཞི་ལ་གནས་པར་སྟོན་བྱེད་བརྡའ་ཡིན་ཏེ། །སོ་སོ་ཡོན་ཏན་འབྱུང་བ་འབྲས་བུ་ཡིན། །མ་ཡི་མངལ་དུ་ཞུགས་དང་གནས་པའི་ཚེ། །ཟླ་བ་ངོ་བཅུ་ས་བཅུ་ཡིན་པ་དང༌། །བདུན་ཚོ་སུམ་ཅུ་རྩ་བདུན་བཅོ་བརྒྱད་ཞག །བྱང་ཆུབ་སོགས་དང་མ་འདྲེས་ཆོས་ཡིན་ཏེ། །ཟླ་བ་རེ་རེ་བདུན་ཚོ་བཞི་དང་ཞག་གཉིས་ཡིན། །ཞག་ནི་རེ་རེ་ནས་བཟུང་བདུན་གྱི་བར། །ཐིག་ལེ་དཀར་དམར་སྲན་རྡོག་ཙམ་རེ་འཕེལ། །ཞག་བདུན་ཐིག་ལེ་དཀར་དམར་འདྲེས་ཙམ་ན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བ་ཡིན། །བདུན་དུ་ངེས་པའི་དོན་ནི་དེ་ཡིན་ནོ། །སྙིགས་མ་རུས་པ་ཤ་དང་ཁྲག་ཏུ་ཆགས། །ཞག་གཉིས་ལ་ནི་དང་མ་ཐིག་ལེ་གཉིས། །ཟླ་གཅིག་སུམ་ཅུའི་ཞག་གྲངས་ཡིན་པ་ལ། །འཇིག་རྟེན་ལམ་གྱི་ཚོགས་ལམ་སྦྱོར་ལམ་ལ། །ཟླ་གཅིག་བདུན་ཕྲག་བཞི་ལ་ལྷག་པ་ཡོད། །ཞག་གཉིས་ཐིག་ལེ་གཉིས་སུ་མ་འདྲེས་ཆོས། །ཟླ་དགུ་ལ་ནི་ལྷག་པ་གཉིས་གཉིས་ཡིན། །དགུ་ལ་བདུན་ཚོ་སུམ་ཅུ་རྩ་དྲུག་སྟེ། །ངོ་བཅུའི་བདུན་གྱི་སུམ་ཅུ་རྩ་བདུན་ཡིན། །བདུན་ཕྲག་ལྔ་ལ་སྐུ་རྫོགས་པའི་བྱང་ཆུབ་སྟེ། །འཇིག་རྟེན་འདས་པའི་ལས་ཀྱི་དང་པོ་ཡིན། །ངོ་བཅུ་ལ་ནི་ས་ལམ་རྫོགས་པ་དང༌། །མངོན་དུ་རྒྱུ་དང་རག་པ་འགགས་པ་ཡིན། །ཉོན་མོངས་པ་དང་སྒྲིབ་པ་མེད་པ་ཡིན། །གཉེན་པོ་མེད་པས་ཤེས་བྱའི་སྒྲིབ་པ་མེད། །ཡོན་ཏན་རྫོགས་ཅིང་སྒྲིབ་པ་མེད་པ་དང༌། །ལུས་ཀྱི་ཆོས་རྣམས་རྫོགས་པར་འགྱུར་བ་དེ། །སྐྱེ་བ་སྤྲུལ་པའི་སྐུ་ཡི་སངས་རྒྱས་ཡིན། །ལུས་ལ་ཕོ་མོའི་མཚན་མ་གྲུབ་པ་དེ། །ལྷག་པའི་ཚུལ་ཁྲིམས་ཀྱི་ནི་བསླབ་པ་ཡིན། །མི་ཤིགས་པ་ཡི་ཐིག་ལེ་ཉག་གཅིག་དེ། །ལྷག་པ་ཤེས་རབ་ཀྱི་ནི་བསླབ་པ་ཡིན། །ལུས་ལ་བུ་ག་དགུ་ནི་ཡོད་པ་དེ། །རིགས་དྲུག་འཁོར་བའི་སྒོ་རྣམས་ཡིན་པ་ལ། །ཐུབ་པ་དྲུག་གིས་འགྲོ་དོན་མཛད་པ་ཡིན། །གོང་མའི་བུ་ག་གཉིས་གཉིས་ལྷག་པ་གསུམ། །མྱ་ངན་འདས་པའི་རྣམ་ཐར་སྒོ་གསུམ་ཡིན། །འཁོར་ལོ་གསུམ་ནི་སྲིད་པ་གསུམ་གྱི་སེམས་ཅན་གྱི། །དོན་མཛད་སྐུ་གསུམ་སྟོན་པ་གཤེགས་པ་ཡིན། །གཞི་ལ་ཡོན་ཏན་དེ་ལྟར་གནས་པ་དེ། །བཞི་གཉིས་བདུན་གྱི་འབུལ་བ་དེས། །བརྡ་རུ་རྟོགས་དང་འབྲས་བུ་ཐོབ་པར་བྱ། །བར་དོའི་བདུན་ཕྲག་གི་དོན་རྣམས་ནི། །བདུན་ཕྲག་རེ་རེར་སོང་བའི་དུས་སུ་ནི། །འཆི་རྟགས་རྣམས་དང་འོད་གསལ་འབར་བ་ཡིན། །དེ་ཡང་བདུན་གྱི་ངེས་པ་དོན་ཡིན་ནོ། །བྱང་ཆུབ་སེམས་དཔའ་མངོན་པར་སངས་རྒྱས་ནས། །སྒྲོལ་རྒྱུའི་ཤིང་གི་བསིལ་གྲིབ་རྩ་བ་དེར། །བདུན་ཚོ་བདུན་གྱི་ཞག་གྲངས་བཞུགས་པ་ནི། །ཕྱི་ནང་དོན་གྱི་གནད་ལ་གཟིགས་པ་ཡིན། །སྙན་བརྒྱུད་ཡི་གེར་བྲི་བར་མི་རིགས་ཀྱང༌། །ཞུ་བ་པོ་དང་གཞན་ལ་ཕན་སྲིད་པས། །ཐུགས་རྗེ་མངའ་རྣམས་བཟོད་པར་མཛད་པར་རིགས། །སྒྲ་དོན་འགལ་དང་ནོར་འཁྲུལ་མཆིས་པ་དང༌། །མཁས་པ་ཁྱེད་ཀྱི་ཐུགས་ལ་ལྟེམས་པ་ཀུན། །མཁས་པ་ཁྱེད་རྣམས་ལ་ནི་བཟོད་པར་གསོལ། །དགེ་བའི་བཤེས་གཉེན་འོ་སྐྱོ་པས། །བདག་ལ་ཡོན་ཏན་བརྗོད་ཅིང་བསྔགས་པ་ཡིས། །ཁྱེད་དང་མཁའ་མཉམ་སེམས་ཅན་མ་ལུས་རྣམས། །ཡོན་ཏན་དེ་དང་མཚུངས་པར་བྱ་བའི་ཕྱིར། །བདག་གིས་བསྔོ་ཞིང་སྨོན་ལམ་གདབ་པར་བགྱི། །བླ་མ་རིན་ཆེན་ཐུབ་པའི་བཀའ་དང་ནི། །བདག་དང་ཡོན་ཏན་དབྱེར་མེད་འདོད་པ་ཡིས། །ཡོན་ཏན་ཉི་མ་དང་ནི་འོད་ཟེར་བཞིན། །འགྲོ་རྣམས་མ་རིག་མུན་པ་སེལ་བར་ཤོག །ཡང་དག་སངས་རྒྱས་བཀའ་བརྒྱུད་རིན་པོ་ཆེ། །ཚིག་དོན་བྱིན་རླབས་བརྒྱུད་པ་མ་ཆད་པའི། །ཡོན་ཏན་རྒྱུད་དག་བརྒྱུད་པ་འཛིན་བྱེད་ཅིང༌། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༌། །ཐུགས་རྗེ་ཕྱོགས་བཅུར་ཁྱབ་པར་བྱེད་པ་ཡི། །བསླབ་གསུམ་དམ་ཆོས་དོན་གྱི་བདུད་རྩི་ཡིས། །འགྲོ་རྣམས་རང་རྒྱུད་སྨིན་ཅིང་ཚིམ་པར་ཤོག །གདུལ་བྱར་བབ་དང་མ་བབ་སེམས་ཅན་རྣམས། །སྟོང་ཉིད་རྒྱུ་འབྲས་དབྱེར་མེད་གནས་པ་ལ། །ཟབ་པའི་རྟེན་འབྲེལ་དུས་གནད་འགྲིགས་བྱེད་ཅིང༌། །ཉམས་དང་རྟོགས་པ་མངོན་དུ་འགྱུར་བར་ཤོག །བདག་ནི་མཐོང་ཐོས་དྲན་པར་གྱུར་པ་རྣམས། །ལྷ་དང་བླ་མ་ཆོས་སྐུར་མཐོང་བ་དང༌། །ཡོན་ཏན་ཕྲིན་ལས་མཚུངས་པར་ཤོག །འགྲོ་བའི་དོན་རྣམས་ལྷུན་གྲུབ་འབྱུང་བར་ཤོག །མདོ་ཁམས་ལུང་པ་ཕྱུག་དྲུག་འབྲི་ཀླུང་དུ། །རས་པ་ལས་དང་སྨོན་སྟོབས་འོང་བ་ལས། །ལྷ་མི་མི་མ་ཡིན་དང་འགྲོ་རྣམས་ཀྱིས། །སྙན་པར་བརྗོད་ཅིང་སྙན་པར་ཐོས་པ་དང༌། །དགའ་ཞིང་སྤྲོ་ལ་དད་ཅིང་འདུན་པ་དང༌། །གཞན་ལ་ཐད་སོར་བབ་པ་གང་གྱུར་རྣམས། །ཡོན་ཏན་ཆོས་རྣམས་ཐམས་ཅད་ཚིམས་པར་ཤོག །དམ་པ་ཁྱེད་དང་འགྲོ་བ་གཞན་རྣམས་ཀྱིས། །ཚོད་ཡོད་ལེ་ལོ་བྱས་པར་མ་གྱུར་ཀྱང༌། །མཐུན་རྐྱེན་སྟོབས་ཀྱིས་མཇལ་བར་མ་ནུས་རྣམས། །མཐོང་དང་མ་མཐོང་ཐམས་ཅད་བདེ་བར་ཤོག །བུ་གཅིག་མ་ཡི་བརྩེ་གདུང་ཇི་བཞིན་དུ། །ཐུགས་རྗེས་ལྕགས་ཀྱུའི་འགྲོ་རྣམས་འདྲེན་པ་ལ། །གཞན་ལ་འཁང་ར་བྱེད་ས་མ་མཆིས་པ། །ཐམས་ཅད་མཉམ་པ་ཉིད་ཀྱི་དོན་རྟོགས་ཤོག །ཆོས་སྐུ་སྟོབས་དང་མི་འཇིགས་རྡོ་རྗེ་ཅན། །བྱམས་སེམས་ཐུགས་རྗེའི་བདག་ཉིད་གཟུགས་སྐུ་གཉིས། །ཡེ་ཤེས་གཉིས་ཀྱིས་འགྲོ་བ་འདྲེན་མཛད་པའི། །སྐུ་གསུམ་དབྱེར་མེད་རང་ལ་སྨིན་པར་ཤོག །དགེ་བའི་བཤེས་གཉེན་འོ་སྐྱོ་པས། །བླ་མ་སངས་རྒྱས་ཡིན་པར་མཐོང་བ་དང༌། །ཆོས་རྣམས་རང་སེམས་ཡིན་པར་རྟོགས་པ་དང༌། །ཉོན་མོངས་ཕྲག་དོག་མེད་པའི་མོས་གུས་ཀྱིས། །རང་བཞིན་བདེ་བར་འདོད་པས་ཆོས་ཞུས་པ། །ཡུལ་ལ་མཚན་གསོལ་འབྲི་ཀླུང་ཆོས་ཕྱུག་དེར། །ས་ཁུལ་དུ་བྲིས་པ་རེ་ཤོད་ཅེས་བྱར་གྲགས། །གནས་གཙུག་ལག་ཁང་ཆེན་རག་ཉག་ཏུ། །རས་པས་གདམས་པ་རིན་ཆེན་བྲིས། །དེས་ནི་འགྲོ་རྣམས་རྒྱལ་གྱུར་ཅིག །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

གདམས་པ་རིན་ཆེན་འོད།

རང་སེམས་སངས་རྒྱས་སུ་རྟོགས་ཙམ་ན། །བླ་མ་རྒྱལ་བ་སྲས་བཅས་མཉེས། །རིགས་དྲུག་སེམས་ཅན་མ་རྣམས་མཉེས། །གོང་མའི་རྗེས་སྙོགས་རང་སེམས་མཉེས། །མཉེས་པ་གསུམ་གྱི་མཆོད་པ་འདི། །བླ་མ་རྒྱལ་སྲས་རྣམས་ལ་འབུལ། །འགྲོ་མགོན་བླ་མའི་ཞལ་སྔ་ནས། །བཅུ་ཆོས་སུམ་ཆོས་བུ་ལ་ཡོད། །ཆོས་ལྔ་མིན་པ་གསུངས་པ་མེད། །བུ་ཡིས་སྔ་ནས་ཐུགས་སུ་ཆུད། །ནང་དུ་ཉམས་རྟོགས་སྐྱེས་པ་དང༌། །ཉམས་ལེན་གནད་ལ་མ་འཆུགས་དང༌། །བསླབ་པ་གསུམ་གྱི་ཆོས་གཅིག་པོ། །རྒས་ཀར་ཧར་བར་མ་སོང་བར། །རྩ་བའི་གནད་དོན་མ་འཆུག་པ། །ཁྱོད་ཀྱི་ཁོང་དུ་ཆུད་ཅེས་གསུངས། །དང་པོ་ནམ་རར་མཇལ་བ་དང༌། །བརྡའི་དུས་འདི་ཡན་ཆད་དུ། །འབྲལ་མ་མྱོང་བ་ཁྱོད་དབང་ཤེས། །འགྱུར་རེ་ཀན་ཞེས་གསུངས་ནས་ཀྱང༌། །ང་ཡི་ཆོས་རྣམས་ཁྱོད་ལ་ཡོད། །བཅུ་ཆོས་སུམ་ཆོས་བྱས་པས་ཆོག །ང་ཡི་བུ་སློབ་རྣམས་ལ་ཡང༌། །ཟབ་ཆོས་ཡོད་ཅེས་ཁ་ལྟ་ཅན། །ཆོས་ལྔའི་ཉམས་ལེན་སྤངས་པ་ན། །འདི་དེ་གཅིག་ཀྱང་བྱུང་བ་མེད། །ཉམས་ལེན་གནད་ལ་མཁས་པ་ཡིས། །ཕ་ཡི་བརྒྱུད་པ་བཟུང་བ་ཡིན། །ཟབ་ཆོས་དཔག་མེད་བཀའ་རྒྱ་ཅན། །བློ་གཏད་སྙིང་བཞག་བྱེད་པ་ཡི། །ཁ་ཞེ་མ་འཛོལ་བུ་སློབ་ལ། །ཆོས་ཟབ་མོ་གྱིས་ཤིག་བཀའ་སྩལ་བྱོན། །ཆེན་པོར་གྱུར་པ་གོང་མ་རྣམས། །འོག་མིན་གནས་སུ་གཤེགས་པ་དང༌། །ཁྱོད་ཀྱི་སྐྱབས་གནས་བླ་མ་ཡང༌། །གཞན་དོན་མཛད་ཀྱང་སྐུ་ན་བགྲེས། །ཟང་ཟིང་ཞབས་ཏོག་ཆེ་ན་ཡང༌། །ཚོགས་པ་བསྐྱང་ན་བླ་མ་མཉེས། །ཚོགས་པ་སྐྱོང་ཞེས་བཀའ་ནན་དུ། །ཡང་ནས་ཡང་དུ་བཀའ་སྩལ་བྱོན། །དུས་ཀྱིས་སྐྱོང་བར་མི་སྣང་ཡང༌། །བླ་མའི་བཀའ་སྩལ་མི་གཅོག་པས། །བདེ་གཤེགས་བླ་མའི་བཀའ་དྲིན་དང༌། །རང་སེམས་རྟོགས་པའི་གདེང་ཡོད་པས། །དུས་འདི་ནས་བཟུང་ཐམས་ཅད་དུ། །རྒྱུན་ཆད་མེད་པར་གཞན་དོན་བགྱིས། །བླ་མས་བྱིན་གྱིས་བརླབས་པ་དང༌། །རང་གི་ཉམས་རྟོགས་ཤེས་རབ་ཀྱིས། །འགྲོ་ལ་ཕན་ཕྱིར་གཟིགས་པ་ཡིས། །སྣང་སྲིད་འཁོར་འདས་མ་ལུས་ཀྱི། །ཇི་ལྟ་བབས་ཀྱི་གཤིས་ཀ་དང༌། །ཤེས་བྱ་ཇི་སྙེད་མ་ལུས་པ། །བརྡ་དང་དོན་དུ་ཐམས་ཅད་ཤེས། །ཅི་བྱས་གཞན་དོན་འགྲུབ་པ་དང༌། །ཆོས་སྐུ་རྟོགས་པས་རང་དོན་འགྲུབ། །ཅི་གསུངས་ཆོས་སུ་འགྲོ་བ་ཡིས། །རིན་ཆེན་འོད་འདི་བྲི་བར་བྱ། །སྟོན་པའི་དམ་ཆོས་རྣམ་གཉིས་ནི། །ལུང་དང་རྟོགས་པའི་ཁྱད་པར་གྱིས། །དུས་བཞི་རུ་ནི་གསུངས་པ་ལ། །འབྲས་བུ་ལུང་ནི་སྔར་སོང་བས། །མདོ་སྡེ་ལ་ཡང་གསུམ་ཡིན་ཏེ། །རྟོགས་པའི་ཤེས་རབ་སྐད་ཅིག་གིས། །ཤེས་བྱའི་དངོས་པོ་མ་ལུས་པ། །བྱེ་བྲག་ཤ་མོང་སུལ་བཞིན་དུ། །མ་འདྲེས་ཡོངས་སུ་རྫོགས་པར་བྱེད། །ལྷག་པ་ཤེས་རབ་བསླབ་པ་ཡིས། །རང་གཞན་ཐམས་ཅད་མཁྱེན་ན་ཡིན། །ཕར་ཕྱིན་ཏིང་འཛིན་མ་གསུངས་ཀྱང༌། །ཞི་གནས་ལྷག་མཐོང་གཉིས་སུ་འདུས། །ལྷག་མཐོང་སོ་སོར་རྟོགས་པ་ཡིས། །ཆོས་རྣམས་སྐྱེ་བ་མེད་པར་རྟོགས། །སྐྱེ་མེད་རྒྱ་མཚོ་དྭངས་པ་ལ། །ཉོན་མོངས་རྦ་རླབས་ཞི་བ་ཡི། །ཞི་གནས་ཏིང་འཛིན་མི་གཡོ་བས། །རྐྱེན་ཐུབ་མཚོ་ཡི་སྦྲང་ཆར་བཞིན། །ལྷག་པའི་ཏིང་འཛིན་བསླབ་པ་ཡིས། །ཐམས་ཅད་མཉམ་པར་ཤེས་ན་ཡིན། །སྡོམ་གསུམ་རྩ་བའི་གནས་གཅིག་སོ། །མ་འདྲེས་ཀུན་གྱིས་སྲུང་ན་ཡང༌། །སྙིགས་མ་ལྔ་ལ་ཉེ་དུས་སུ། །བཞི་པ་འདུལ་བའི་དུས་གསུངས་པ། །ཉོན་མོངས་རགས་ཤིང་སྲུང་དཀའ་བས། །འདུལ་བའི་སྡེ་སྣོད་གསུངས་པ་ཡིན། །ཁ་ན་མ་ཐོ་རྣམ་གསུམ་ལ། །ཤའུ་བཞིན་དུ་འཛེམ་པར་བྱ། །ལྷག་པ་ཚུལ་ཁྲིམས་བསླབ་པ་ཡིས། །གཉེན་པོ་བརྟན་པར་གནས་ན་ཡིན། །དེ་དག་བསྡུས་ནས་ཉམས་ལེན་པ། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །སོ་སོ་ཐར་པ་རིགས་བདུན་པ། ཟག་མེད་འབྲས་བུ་ཐོབ་པ་སྟེ། །གནང་བཀག་མཁས་པ་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ཚུལ་ཁྲིམས་སྲུངས་ཤིག་སྐལ་ལྡན་ཀུན། །འགྲོ་བ་སེམས་ཅན་མ་རྣམས་ལ། །བྱང་ཆུབ་སེམས་གཉིས་ཐོབ་པ་དེ། །སྙིང་རྗེ་ཅན་གྱི་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །བྱང་སེམས་སྦྱོངས་ཤིག་སྐལ་ལྡན་ཀུན། །སྨིན་གྲོལ་གཉིས་ཀྱི་ལམ་ཉིད་ལ། །འབྲས་བུ་སྐུ་གཉིས་ཐོབ་པ་དེ། །གཞི་ལ་ཡོད་པས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །མངོན་དུ་གྱུར་ཅིག་སྐལ་ལྡན་ཀུན། །བཀའ་བརྒྱུད་བླ་མ་རིན་ཆེན་གྱིས། །གནས་ཐབས་གསུམ་གྱི་དམ་ཆོས་དེ། རྟོགས་ལྡན་རྣམས་ཀྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །བརྒྱུད་པ་ཟུངས་ཤིག་སྐལ་ལྡན་ཀུན། །ལུས་ཀྱི་དངོས་པོ་གནས་ཐབས་ལ། །རྗེ་ཡིས་གསུངས་པའི་ཁྱད་ཆོས་དང༌། །བར་དོ་སྐུ་གསུམ་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །སྐུ་གསུམ་ལྟོས་ཤིག་སྐལ་ལྡན་ཀུན། །སེམས་ནི་དངོས་པོའི་གནས་ཐབས་ལ། །རྗེ་ཡིས་གསུངས་པའི་ཁྱད་ཆོས་དེས། །གསུང་སྒྲོས་ཡིག་ཆུང་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །གསུང་སྒྲོས་ལྟོས་ཤིག་སྐལ་ལྡན་ཀུན། །ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་ལ། །གྲུབ་མཐས་མ་བསླད་ཤེས་པ་སྟེ། །ཐ་མལ་ཤེས་པ་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །འདི་དེ་ཡིན་གྱིས་སྐལ་ལྡན་ཀུན། །ཉམས་ལེན་ལམ་གྱི་གནས་ཐབས་ལ། །བདེ་སྐྱིད་ཐམས་ཅད་འབྱུང་བ་སྟེ། ཟབ་ཆོས་རྣམས་ཀྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ལམ་ཉམས་སུ་ལོངས་ཤིག་སྐལ་ལྡན་ཀུན། །ལམ་ཉམས་སུ་ལེན་པའི་རིམ་པ་ལ། །ཟབ་ཆོས་དཔག་མེད་གསུངས་པ་དེ། །ཏཻ་ལོའི་ཆོས་དྲུག་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །མ་བཅོས་ཞོག་ཅིག་སྐལ་ལྡན་ཀུན། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ། །འགག་མེད་རྟོགས་པའི་ཡོན་ཏན་དེ། །བྱིན་རླབས་ཞུགས་པས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །བླ་མ་བསྟེན་ཅིག་སྐལ་ལྡན་ཀུན། །ཕུན་སུམ་ཚོགས་པ་ལྔ་དག་ལ། །ཨེ་ཝཾ་མ་ཡའི་ཡོན་ཏན་དེ། །སངས་རྒྱས་མཐོང་བས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །གཞན་དུ་མ་ཚོལ་སྐལ་ལྡན་ཀུན། །རྩ་བ་ཡི་ནི་གནད་བཞི་ལ། །བསྒོམས་པས་སངས་རྒྱས་འབྱུང་བ་དེ། །ངེས་ཤེས་ཅན་གྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ལེ་ལོ་མ་བྱེད་སྐལ་ལྡན་ཀུན། །དུས་གསུམ་གསུངས་པའི་གནད་འདི་ལ། །སྒྱིད་ལུག་རློམ་སེམས་མེད་པ་དེ། །དུས་གནད་མཁན་གྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ས་མཚམས་ཟུངས་ཤིག་སྐལ་ལྡན་ཀུན། །སེམས་བསྐྱེད་ལྷ་དང་བླ་མ་ལ། །བསྒོམས་པས་ཡོན་ཏན་འབྱུང་བ་སྟེ། །ཕྱག་རྒྱ་ཆེན་པོས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །མྱོང་བར་གྱིས་ཤིག་སྐལ་ལྡན་ཀུན། །མཆོག་ཏུ་གྱུར་པའི་བླ་མ་ལ། །སངས་རྒྱས་མཐོང་བའི་ཡོན་ཏན་དེ། །དོན་འོག་ནས་འབྱུང་བས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །འདི་ལྟར་མཛོད་ཅིག་སྐལ་ལྡན་ཀུན། །བླ་མ་ཡིད་བཞིན་ནོར་བུ་ལས། །དགོས་འདོད་ཐམས་ཅད་འབྱུང་བ་སྟེ། །མོས་གུས་ཅན་གྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །མོས་གུས་སྐྱེད་ཅིག་སྐལ་ལྡན་ཀུན། །བླ་མའི་རྫས་དང་ཡོ་བྱད་ལས། །རང་གཞན་བདེ་སྐྱིད་འབྱུང་བ་དེ། །བཏང་སྲུང་དག་སྤེལ་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ཞབས་ཏོག་གྱིས་ཤིག་སྐལ་ལྡན་ཀུན། །ཞིང་ཡོངས་སུ་དག་པའི་བླ་མ་ལ། །ཚོགས་བསགས་འབྲས་བུ་འབྱུང་བ་དེ། །བསགས་པ་ཅན་གྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །གཏོང་ཕོད་སྐྱེད་ཅིག་སྐལ་ལྡན་ཀུན། །བླ་མའི་རྫས་ནི་སྲོག་ཇི་བཞིན། །ཉམས་ན་སྲུང་བར་བྱེད་པ་དེ། །ཕོད་ཁམས་ཅན་གྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ལོག་ལྟ་སྤོངས་ཤིག་སྐལ་ལྡན་ཀུན། །བླ་མ་མཉེས་པར་བྱས་པ་ལས། །དངོས་གྲུབ་རྣམ་གཉིས་འབྱུང་བ་དེ། །ཤེས་རབ་ཅན་གྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ཐབས་མཁས་མཛོད་ཅིག་སྐལ་ལྡན་ཀུན། །བླ་མ་ཐམས་ཅད་མཉེས་པ་ལ། །ཡོན་ཏན་ཐམས་ཅད་རྫོགས་པ་དེ། །སྣོད་ལྡན་རྣམས་ཀྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །སྣོད་སྐྱོན་སྤོངས་ཤིག་སྐལ་ལྡན་ཀུན། །དངོས་གྲུབ་རྡོ་རྗེ་སློབ་དཔོན་ལ། །བརྙས་ན་དམ་ཚིག་ཉམས་པ་དེ། །དམ་ཉམས་རྣམས་ཀྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །དམ་ཚིག་སྲུངས་ཤིག་སྐལ་ལྡན་ཀུན། ཅི་གསུང་གདམས་ངག་ཡིན་པ་ལ། །ལོག་པར་མཐོང་བར་གྱུར་པ་དེ། །དད་མེད་རྣམས་ཀྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ཐེ་ཚོམ་སྤོངས་ཤིག་སྐལ་ལྡན་ཀུན། །བླ་མས་གསུངས་པ་རྒྱལ་བའི་བཀའ། །ཚད་མ་ཡིན་པར་འཛིན་པ་དེ། །ངེས་ཤེས་ཅན་གྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ཅི་གསུང་སྒྲུབས་ཤིག་སྐལ་ལྡན་ཀུན། །དུས་གསུམ་སངས་རྒྱས་ཡོན་ཏན་རྣམས། །བླ་མ་མཉེས་ན་འབྱུང་བ་དེ། །ཡོན་ཏན་མཐོང་བས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །དག་སྣང་སྦྱོངས་ཤིག་སྐལ་ལྡན་ཀུན། །ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་ལ། །རང་བྱང་ཆུབ་ལྷན་ཅིག་སྐྱེས་པ་དེ། །རང་སེམས་ཡིན་པས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །མི་རྟོག་སྒོམས་ཤིག་སྐལ་ལྡན་ཀུན། །ཆོས་ལྔ་གནད་དུ་བསྣུན་པ་ལ། །འདི་ལས་འདི་འབྱུང་གསུངས་པ་དེ། །རྟོགས་པ་ཅན་གྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ཐབས་མཁས་མཛོད་ཅིག་སྐལ་ལྡན་ཅན། །གཤིས་ཀྱི་དགེ་བའི་ཆོས་རྣམས་ལ། །རྒྱུ་འབྲས་དངོས་གྲུབ་འབྱུང་བ་དེ། །དད་པ་ཅན་གྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ཚོགས་གཉིས་སོགས་ཤིག་སྐལ་ལྡན་ཀུན། །ཞེ་སྡང་ལ་སོགས་ཉོན་མོངས་ལ། །ཤེས་ན་ཡོན་ཏན་འབྱུང་བ་དེ། །དེ་ཉིད་རྟོགས་པས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ཅི་བསམ་གྲུབ་ཀྱི་སྐལ་ལྡན་ཀུན། །རྣམ་རྟོག་མ་རིག་ཆེན་པོ་དེ། །འཁོར་བའི་རྒྱ་མཚོར་ཁྲིད་བྱེད་དེ། །གཟུང་འཛིན་ཅན་གྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །རྟོག་མེད་སྒོམས་ཤིག་སྐལ་ལྡན་ཀུན། །རྣམ་རྟོག་རབ་འབྲིང་གསུམ་པོ་ལ། །གང་བསམ་བསམ་པའི་རང་གཟུགས་དེ། །ཐབས་མཁས་པོ་ཡིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ལྔ་ལྡན་སྒོམས་ཤིག་སྐལ་ལྡན་ཀུན། །འབྲས་བུ་སྐྱེ་བའི་རིམ་པ་ལ། །གནས་སྐབས་མཐར་ཐུག་ལ་སོགས་ཏེ། །གྲུབ་རྟགས་ཐོན་པས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །རང་སར་ཕྱུང་ཞིག་སྐལ་ལྡན་ཀུན། །གནས་སྐབས་ཀྱི་ནི་འབྲས་བུ་ལ། །རྟགས་དྲུག་ཕྲིན་ལས་ཡོན་ཏན་དེ། །མྱོང་བ་གྲུབ་པས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །གསང་བས་འགྲུབ་ཀྱི་སྐལ་ལྡན་ཀུན། །འདི་ཡི་འབྲས་བུ་རྣམ་གཉིས་ལ། །ཡོན་ཏན་དྲུག་ཅུ་རྩ་བཞི་སྟེ། །ལྷན་སྐྱེས་རྟོགས་པས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །མཁྱེན་པ་སྦྱོངས་ཤིག་སྐལ་ལྡན་ཀུན། །ཟབ་ཞི་སྤྲོས་བྲལ་འོད་གསལ་ལ། །བྲལ་འབྲས་སུམ་ཅུ་རྩ་གཉིས་དེ། །ཐིག་ལེ་བརྟན་པས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །བྱང་སེམས་སྦྱོངས་ཤིག་སྐལ་ལྡན་ཀུན། །ཕུང་པོ་ལ་སོགས་ཆོས་རྣམས་ལ། །མཚན་བཟང་རྣམ་སྨིན་འབྲས་བུ་དེ། །གང་བྱུང་མཁས་པས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །འབྲས་བུ་སོམས་ཤིག་སྐལ་ལྡན་ཀུན། །དུས་གསུམ་བསགས་ཡོད་དགེ་བ་ལ། །མི་ཟད་གཏེར་དུ་སྦས་པ་དེ། །བསྔོ་བ་མཁས་པས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །ཆུད་ཟོས་མ་བྱེད་སྐལ་ལྡན་ཀུན། །དོན་ནོར་བུ་རིན་ཆེན་ལྟ་བུ་ལ། །འོད་དགོས་འདོད་ཐམས་ཅད་འབྱུང་བ་དེ། །ཚིག་གསལ་བྱེད་མུ་ཏིག་རྩར་ལ་བརྒྱུས། །ཉེར་ལེན་མཁན་གྱིས་ལྐོག་སྣོག་བྱས། །བུ་ལ་ཉེ་རིང་ཡོད་མིན་པས། །སྒྲིབ་དྭངས་པར་མཛོད་ཅིག་སྐལ་ལྡན་ཀུན། །རིན་ཆེན་འོད་ཀྱི་དགེ་བ་འདིས། །རྗེ་ཡི་ཐུགས་དགོངས་སྐོང་བ་ཡིན། །བདག་གི་བསམ་པ་འགྲུབ་པ་དང༌། །འགྲོ་རྣམས་སངས་རྒྱས་ཐོབ་པར་ཤོག །གདམས་པ་རིན་ཆེན་འོད། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།

གྲུབ་མཐའ་བློ་ཡི་མུན་སེལ་ཡེ་ཤེས་འོད།

སྲིད་པའི་ཆུ་ཀླུང་སྒྲོལ་བའི་གྲུ་དང་གཟིངས། །ཡོན་ཏན་དཔག་མེད་འབྱུང་བའི་ཡིད་བཞིན་ནོར། །མ་རིག་མུན་པ་སེལ་བའི་འོད་གསལ་ཐུགས། །སྤྲུལ་སྐུ་འགྲོ་བའི་མགོན་པོ་ལ་ཕྱག་འཚལ་ལོ། །མ་རིག་འཁྲུལ་འཁོར་གྱི་ལྟ་བ་གཏན་ལ་དབབ་པ། །ལྟ་བ་སྒྲོ་འདོགས་གོལ་ས་ཆོད་པ། །རྟོགས་པ་ཉམས་མྱོང་གིས་སྦྱང་བ། །ཉམས་མྱོང་རྟོགས་པས་ཟིན་པ། སྒོམ་པ་ངེས་ཤེས་སྐྱེ་བ། ངེས་ཤེས་ལུས་སེམས་འཕྲད་པ། སྤྱོད་པ་བོགས་འདོན་པ་དང་ལྡན་པ། བོགས་འདོན་རྐྱེན་སེལ་བ། ས་ལམ་དྲོད་རྟགས་དང་ལྡན་པ། དྲོད་རྟགས་འབྲས་བུ་དོན་གཉིས་དང་ལྡན་པ། ནོར་འཁྲུལ་འགལ་བ་ཅི་མཆིས་པ། །བླ་མ་རྣམས་ལ་བཟོད་པར་གསོལ། །སྐྱོན་དག་ཡོན་ཏན་རབ་རྫོགས་པས། །འགྲོ་བའི་མུན་པ་སེལ་བར་ཤོག །གྲུབ་མཐའ་བློ་ཡི་སྐྱོན་སེལ་ཡེ་ཤེས་འོད་ཅེས་པ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །

མ་རིག་འཁྲུལ་འཁོར།

༈ འདི་ཡི་དོན་གསལ་བར་བྱ་སྟེ། དེ་ལ་མ་རིག་འཁྲུལ་འཁོར་ཞེས་པ་ནི། མ་རིག་པ་ལ་གསུམ། དྲི་མ་དང་བཞི། ཅི་མ་རིག ཅིས་མ་རིག ཅིར་མ་རིག །མ་རིག་ན་ཅི་ཉེས། ཅི་མ་རིག་ན་སེམས་ཉིད། ཅིས་མ་རིག་ན་འཁྲུལ་པས་མ་རིག །ཅིར་མ་རིག་ན་ཆོས་སྐུར་མ་རིག །མ་རིག་ན་ཅི་ཉེས་ན་ཡེ་ཤེས་མི་སྣང༌། འཁྲུལ་པ་ལ་གསུམ། དྲི་མ་དང་བཞི། ཅི་འཁྲུལ་ན་སེམས་ཉིད། ཅིས་འཁྲུལ་ན་མ་རིག་པས་འཁྲུལ། ཅིར་འཁྲུལ་ན་གཟུང་འཛིན་གཉིས་སུ་འཁྲུལ། འཁྲུལ་ན་ཅི་ཉེས་ན་འཁོར་བའི་རྒྱུར་སྣང༌། འཁོར་བ་ལ་གསུམ། དྲི་མ་དང་བཞི། ཅི་འཁོར་ན་སེམས་ཉིད། ཅིས་འཁོར་ན་མ་རིག་པ་དང་འཁྲུལ་པས། ཅིར་འཁོར་ན་རིགས་དྲུག་ཏུ་འཁོར། འཁོར་ན་ཅི་ཉེས་ན་རིགས་དྲུག་གི་སྡུག་བསྔལ་མྱོང༌། རྩ་བ་སེམས་ཉིད་སངས་རྒྱས་སུ་རིག་པ་ནི་ལྟ་བ་ཡིན། སྒྲོ་འདོགས་དང་གོལ་ཞེས་པ་ནི། ལྟ་བ་དེས་སྒྲོ་འདོགས་དང་གོལ་ས་ཆོད་པ་ཞིག་དགོས་ཏེ། སྒྲོ་འདོགས་ལ་གཉིས་ཏེ། སྤྱིའི་མཚན་ཉིད་དང་ནི། རང་གི་མཚན་ཉིད། སྤྱི་ལ་ཡང་གདགས་གཞི་ཡོད་མེད་གཉིས་སུ་འདོད། མཚན་ཉིད་སེམས་གཉིས་སུ་མེད་པའི་ཡེ་ཤེས་ཤིག་ཡིན་པ་ལ། སྟོང་པའི་ངོས་ན་མེད་པར་བརྟགས། སྣང་བའི་ངོས་ན་ཡོད་པར་བརྟགས། དེ་གཟུང་འཛིན་སྣ་ཚོགས་སུ་ཤར། དེས་སྤང་བྱ་དང་གཉེན་པོ་གཉིས་སུ་བརྟགས་པས་མིན་པའོ། །སྒྲོ་སྐུར་གཉིས་དང་བྲལ་བ་གཉུག་མ་རྟོགས་པས་འཛིན་པ་ཆོད་ཅིང་ཆོས་ཉིད་མངོན་དུ་བྱེད་པའོ། །རང་གི་མཚན་ཉིད་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་མ་ལུས་ཤིང་ལུས་པ་མེད་པ་མཚན་ཉིད་མ་འདྲེས་པ་སོ་སོར་སྣང་ཡང༌། སེམས་གཉིས་མེད་ཡེ་ཤེས་སྟོང་པའི་བརྡར་མ་གྲུབ་པ་མེད་པ་སྟེ། བརྡ་དོན་ཁྱབ་བྱ་ཆོས་མཐུན་པ་དང་བརྡའ་དོན་ཁྱབ་བྱ་འགལ་བ་གཉིས། ཀ་བ་བུམ་པར་བཟུང་ན་བུམ་པའི་ཆོས་མ་ཚང་བས་འགལ་བའོ། །བུམ་པ་ལ་ཀ་བར་བཟུང་ན་ཀ་བའི་ཆོས་མ་ཚང་བས་འགལ་བའོ། །གཉིས་ཀ་སེམས་སྣང་བ་གཅིག་ཀྱང༌། ཐག་པ་ལ་སྦྲུལ་དུ་བཟུང་བས་ལོག་པའི་ཀུན་རྫོབ་ལྟ་བུའོ། །འོན་ཀྱང་གང་ལྟར་སྣང་སྣང་རང་རང་གི་སེམས་དེ་ལྟར་སྣང་བར་ཤེས་པས་ཕྱི་ཡི་ཡུལ་མ་གྲུབ། སེམས་གཉིས་མེད་ཀྱི་ཡེ་ཤེས་སུ་རྟོགས་པས་སྒྲོ་འདོགས་ཆོད་པའོ། །གོལ་ས་ལ་ལྔ། དངོས་འཛིན་ཞེན་པས་འཁོར་བར་གོལ། སྟོང་ཉིད་མཐའ་དང་བྲལ་བས་ཉན་ཐོས་སུ་གོལ། ནུས་མཐུ་མཐོང་སྣང་རློམ་པས་རུ་ཏྲར་གོལ། མཐར་འཛིན་བློས་བརྟགས་མདུད་པ་གྲུབ་མཐར་གོལ། ཡོད་པ་བཀག་ནས་མེད་པ་སྒྲུབ་པ་ཡང་དག་དོན་ལ་གོལ། རྟོགས་པའི་དོན་གོ་སླའོ། །སྒོམ་པ་ངེས་ཤེས་ཞེས་པ་ནི། སྒོམ་བྱུང་གི་ཤེས་རབ་སྐྱེས་པས་ཆོས་ཐམས་ཅད་རང་གི་སེམས། སེམས་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ་པར་ངེས་པས་སྒོམ་མ་ཡིན་པ་གཞན་མེད་པར་མྱོང་བར་བྱའོ། །ཡུལ་སེམས་ཕྲད་པ་ནི། ཉོན་མོངས་དང་མི་མཐུན་པའི་ཕྱོགས་སྤང་བྱར་མ་མཐོང་བ་དེ་ཉིད་སྒོམ་དུ་འཆར་བའོ། །སྤྱོད་པ་ཞེས་པ་ནི། ཆོས་ཐམས་ཅད་རོ་མི་མཉམ་པ་རོ་སྙོམས་པར་བྱེད་པའོ། །ལས་དང་པོ་པའི་སྤྱོད་པ། རྟེན་པ་བསམ་པ་སློབ་པ། གསང་བའི་རིག་པ་བརྟུལ་ཤུགས་ཀྱི་མཉམ་བཞག་ཆེན་པོར་བོགས་ཐོན་པའོ། །ས་ལམ་ཞེས་པ་ནི། ཕ་རོལ་ཏུ་ཕྱིན་པ་ནས། ས་བཅུ་གཅིག་གམ་ལམ་ལྔ། གསང་སྔགས་ཀྱི་ས་ལམ་བཅུ་གསུམ། རྟེན་འབྲེལ་ལྔ། ལམ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས། ལམ་དང་ས་ནོན་པའི་ཡོན་ཏན་ནི། འཇིག་རྟེན་ལས་དྲོད་དུ་འབྱུང༌། འདས་པ་ལ་རྟགས་ཀྱིས་བསྡུས་པ་སྟེ། གཉིས་ཀ་ལ་ནི་གནས་སྐབས་མཐར་ཐུག་ཡང་ངོ༌། །མཐར་ཐུག་འབྲས་བུ་སྐུ་གསུམ་དབྱེར་མེད། རང་གཞན་གཉིས་ཀྱི་དོན་དང་ལྡན། ཏི་ཤྲི་རས་པས་མཛད་པ་རྫོགས་སོ། །དགེའོ།།

བཀའ་བཞིའི་གདམས་པ།

བདེ་བར་གཤེགས་པ་རྒྱལ་བའི་བཀའ། །བླ་མ་བཀའ་བརྒྱུད་བྱིན་རླབས་བཀའ། །ཡི་དམ་མཁའ་འགྲོ་དངོས་གྲུབ་བཀའ། །བཀའ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །གངས་དཀར་ཏི་སེ་ཆུ་བཞིའི་བཀའ། །དེ་བཞིན་བཀའ་བཞི་ཆོས་ཀྱི་བཀའ། །གདམས་ངག་བདུད་རྩི་ཆུ་བོའི་བཀའ། །འགྲོ་བའི་དོན་དུ་བྲི་བར་བྱ། །བཀའ་ཚོགས་བཅུ་དྲུག་ལུས་ཀྱི་གནད། །གྲགས་པ་བཀའ་བཞི་ངག་གི་གནད། །གནས་ལུགས་བཀའ་བཞི་སེམས་ཀྱི་གནད། །དེ་གསུམ་མ་འདྲེས་གཅིག་པ་སོ་སོའི་གནད། །བཀའ་བབས་བཞི་ཡི་གདམས་ངག་འདི། །བཀའ་བཞི་ཡུལ་གྱི་བྱིན་རླབས་དང༌། །མཁའ་འགྲོའི་གསང་ཚོགས་བྱིན་རླབས་འདི། །རས་པ་བདག་ལ་བཀའ་བབས་པས། །འགྲོ་བ་རྣམས་ལ་ཕན་བདགས་ཕྱིར། །ལས་ཅན་འགའ་ལ་བསྟན་པ་ཡིས། །ཆོས་བརྒྱུད་ཆུ་བོའི་གཞུང་བཟུང་ནས། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །ཆོས་འདི་རྒྱུན་ཆད་མེད་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །དམ་ཆོས་བདུད་རྩི་རྒྱལ་བའི་བཀའ། །མཁའ་འགྲོ་མ་ཡི་སྲོག་སྙིང་ཆོས། །ཡི་གེར་བཀོད་པར་གྱུར་པ་ལ། །མི་མཉེས་གྱུར་པ་བཟོད་པར་གསོལ། །ཡུལ་ལ་མཚན་གསོལ་སྤམ་ལུང་ནེ་གེ་ཐང༌། །ལུག་ལོ་ཟླ་བ་བརྒྱད་པའི་བཅུ་བདུན་ལ། །བདེ་གཤེགས་བླ་མ་ཡི་དམ་མཁའ་འགྲོ་ཡིས། །སྟོང་ཉིད་མཁའ་ལ་ཚངས་པའི་དབྱངས། །བཀའ་བཞིའི་གདམས་པ་ཟབ་མོའི་ཆོས། །དུས་འདིར་གསུངས་པ་བདག་གིས་ཐོས། །འགྲོ་ལ་ཕན་པས་ཡི་གེར་བཀོད། །འགྲོ་བ་སེམས་ཅན་ཐམས་ཅད་ལ། །བཀྲ་ཤིས་ཕུན་སུམ་ཚོགས་པ་དང༌། །གནས་སྐབས་མཐར་ཐུག་ཡོན་ཏན་རྫོགས། །འགྲོ་རྣམས་སངས་རྒྱས་ཐོབ་པར་ཤོག །བཀའ་བབས་བཞིའི་ཆོས་ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ། །

ཚོམས་བཅུ་དྲུག་ལུས་ཀྱི་གནད་བསྟན་པ།

༈ དེ་ཡི་ཚིག་དོན་གསལ་པོར་བྲི། བཀའ་ཆེན་བཅུ་དྲུག་ལུས་ཀྱི་གནད། །ཅེས་པ་ནི། ལུས་ཀྱི་གནད་ལ་སྤྱི་དོན་བཞི། རྐང་གྲངས་བཅུ་དྲུག རྩ་དང་ཡི་གེ་རླུང་དང་ཐིག་ལེ་བཞི། རྐང་གྲངས་རྩ་ལ་བཞི་ཡི་གེ་ལ་བཞི། རླུང་ལ་བཞི། ཐིག་ལེ་ལ་བཞི་སྟེ་བཅུ་དྲུག རྩ་ཡི་བཞི་ནི། རྩ་ཡི་ངོ་བོ་ངོས་བཟུང་བ་དང༌། རྩ་ཡི་དབྱེ་བསྡུ་དང༌། རྩ་ཡི་ལམ་དང༌། འབྲས་བུའོ། །རྩ་ཡི་ངོ་བོ་ལ་གསུམ། ཕོ་རྩ། མོ་རྩ། མ་ནིང་གི་རྩའོ། །ཕོ་རྩ་ནི་མི་གཞོན་པའོ། །མོ་རྩ་ནི་གཞོན་པའོ། །མ་ནིང་གི་རྩ་ནི་དེ་གཉིས་ཀྱི་བར་མའོ། །ཡང་ན་རྩ་ནི་མི་འདུག་པའི་ཁང་པ་དང་འདྲ་སྟེ། ཡི་གེ་དང་རླུང་དང་ཐིག་ལེ་བཞིའི་གནས་པ་ཡིན་པའི་ཕྱིར་རོ། །རྩ་ནི་ལུས་ཀྱི་གནས་ལུགས་སོ། །ཞེས་པས། དང་པོ་ལྟེ་བའི་རྩ་མདུད་ཆགས་པས་ལུས་རིལ་པོ་རྩ་ལས་གྲུབ་པའོ། །རྩ་ཡི་དབྱེ་བསྡུ་ལ་གཉིས། ཕྱེ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས། བསྡུ་ན་དགུ། རྩ་གཉིས་བཞིའམ་དྲུག རོ་མ་རྐྱང་མ་ཨ་བ་དྷུ་ཏིའོ། །རྩ་གཉིས་གསང་གནས་བདེ་སྐྱོང་གི་རྩ་གཉིས་པའོ། །འདབ་མ་སུམ་ཅུ་རྩ་གཉིས། ལྟེ་བ་སྤྲུལ་པའི་རྩ་གསུམ། འདབ་མ་དྲུག་ཅུ་རྩ་བཞི། སྙིང་ག་ཆོས་ཀྱི་རྩ་གཉིས་ན་འདབ་མ་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་རྩ་གསུམ་འདབ་མ་བཅུ་དྲུག སྨིན་མཚམས་མཛོད་སྤུའི་རྩ་གསུམ་སུམ་ཅུ་རྩ་གཉིས་སྤྱི་བོ་བདེ་ཆེན་རྩ་གསུམ་འདབ་མ་སུམ་ཅུ་རྩ་གཉིས། གཡས་རོ་མ་གཡོན་རྐྱང་མ། དབུས་ཀུནྡར་མ་ནི་ཡར་སྣ་ཚངས་པའི་བུག་གར་ཧཾ་ལ་ཐུག མར་སྣ་གསང་བའི་རྡོ་རྗེར་ཐུག གཡས་གཡོན་གཉིས་པོ་ཀླད་པའི་སྟེང་ནས་སྣ་བུག་གཉིས་ལ་ཐུག མར་སྣ་ཨ་བ་དྷཱུ་ཏིར་ཉ་མ་ཁ་ལྟར་ཚུད་སྦོམ་ཕྲ་མདའ་སྨྱུག་ཙམ་མམ། གྲོ་སོག་ཙམ་མམ། བཤད་ཚོད་དྷཱུ་ཏི་དང་རང་བཞིན་གཉུག་མ་གཉིས་སུ་འདུས། རྩ་ཡི་ལམ་ལ་བཞི། ལམ་དང་གེགས་དང༌། གེགས་སེལ་དང༌། ལམ་གྱི་ཡོན་ཏན་རྫོགས་པའོ། །ལམ་ནི་ལུས་ལྷའི་དལ་ལ་བསྒོམས་ནས། དུས་ཀྱི་གནད། ལུས་ཀྱི་གནད། ཡུལ་གྱི་གནད། ཤེས་པའི་གནད་བཞི་རྟེན་འབྲེལ་བསྒྲིགས་ནས། སྦྱོར་བ་བཞི་ལྡན་ཞི་དྲག་གཉིས་ཀྱི་རླུང་བཟུང་ནས། གསང་གནས་ཨ་ཐུང་གཏུམ་མོའི་མེ་སྦར་ནས་རྩ་ཁ་བྱེ་བས་རྩ་མདུད་གྲོལ། རྩ་མཁའ་འགྲོ་མའི་གནས་སུ་རླུང་དཔའ་བོ་ཡབ་ཡུམ་འདུས། རྩ་མདུད་ཡི་གེ་འབུར་དུ་དོད། ཁམས་དྭངས་མ་བྱང་སེམས་ཀྱི་ཐིག་ལེ་རྒྱས། དེས་རྩ་ལམ་དུ་སློང་བའོ། །གལ་ཏེ་གེགས་བྱུང་ན། ཕྱི་ཡི་གེགས་མི་དང་མི་མ་ཡིན་གྱི་གེགས། ནང་འབྱུང་བ་བཞི་དང་ཉོན་མོངས་པ་རྒྱས་པའི་གེགས། རྩ་ཟུག་ལྷག་པར་ན་ཞིང་ཟུག་གཟེར་ཤིན་ཏུ་ཆེ་བ་རྩ་ཡི་གེགས། གསུམ་པ་གེགས་སེལ་བ་ནི། བདུད་དང་མི་མ་ཡིན་གྱི་གེགས་ནི། སེམས་ཅན་ཐམས་ཅད་ཕ་དང་མར་ཤེས་ནས། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་སེལ། གཞན་ཡང་དེ་དང་དེའི་གནས་ཀྱི་ཡི་གེར་རླུང་སེམས་འདུས་པའི་གེགས་དེ་དང་དེའི་གནད་ཤེས་པས་སེལ། འབྱུང་བཞི་འཁྲུགས་ན་བདུད་རྩི་ཡི་རོ་སྙོམས་བྱས་པས་འཆོས། ཡང་ན་གཉེན་པོ་བསྟེན་པ་ནི། མེའི་གཉེན་པོར་ཆུ། ཆུའི་གཉེན་པོར་མེ། དེ་དང་དེའི་གཉེན་པོ་བསྟེན་པས་འཆོས། ཡང་ན་གོ་ལྡོག་སྦྱོར་བ་ནི། མེ་ལ་མེ། ས་ལ་ས། ཆུ་ལ་ཆུ། རླུང་ལ་རླུང༌། ནམ་མཁའ་ལ་ནམ་མཁའ། ཉོན་མོངས་པའི་གེགས་ལ། ཞེ་སྡང་གི་གཉེན་པོར་བྱམས་པ་སྒོམ་པ་ལ་སོགས་པའམ། ཡང་ན་ཞེ་སྡང་གིས་ཞེ་སྡང་སྟོང༌། ང་རྒྱལ་གྱིས་ང་རྒྱལ་སྟོང༌། ཕྲག་དོག་གིས་ཕྲག་དོག་སྟོང༌། གཏི་མུག་གིས་གཏི་མུག་སྟོང་པ་ལ་སོགས་པས་འཆོས། གཞན་ཡང་རྩ་གནས་ལྔར་རླུང་འདུས་ཙ་ན། ཉོན་མོངས་པ་ལྔ། གེགས་ལྔ། འབྱུང་བ་ལྔ། རླུང་ལྔའི་དྲི་མ་ཤེས་པས་འཆོས། རྩ་ལམ་དུ་སློང་ན་ལམ་གྱི་ཡོན་ཏན་རྩ་བྲན་གྲོལ་ནས་ལོ་ཀའི་ལམ་གྱི་ཡོན་ཏན་དྲོད་སྐྱེ། རྩ་མདུད་གྲོལ་ནས་ལོ་ཀ་ལས་འདས་པའི་ལམ་གྱི་ས་ནོན་ནས་དེའི་རྟགས་ཀྱི་ཡོན་ཏན་བརྒྱ་ཕྲག་ལ་སོགས་པ་འབྱུང་བའོ། །རྩ་ཡི་འབྲས་བུ་ནི། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་མཚན་དང་དཔེ་བྱད་ཀྱི་སྤྲས་པས་སེམས་ཅན་གྱི་དོན་མངོན་དུ་བྱེད་པའོ། །གཞན་ཡང་རིགས་དྲུག་སོ་སོའི་སྣང་བ་དང་མཐུན་པར་སྤྲུལ་པའི་སྐུ་མངོན་དུ་བྱེད་པའོ། །གཞན་ཡང་ཞིང་དང་ཞིང་ཁམས་སྐུ་ཡང་དེ་དང་མཚུངས་པ་གཅིག་འབྱུང་བའོ། །ཙཀྲ་དྲུག་ནི་རིགས་ལྔ་དང་དྲུག་པ་རྡོ་རྗེ་འཆང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྐུ་དྲུག་ཏུ་སྣང་བ་དཀྱིལ་འཁོར་གྱི་གཙོ་བོ་མཚོན་པའོ། །འཁོར་ལོ་བཞི་ནི་སྡེ་པ་བཞི་དང༌། རྒྱུད་སྡེ་བཞི་པ་ཡི་ལྷར་སྣང་བའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་སྤྲུལ་པའི་སྐུ། མགྲིན་པ་ལོངས་སྤྱོད་ཀྱི་ཙཀྲ་ལོངས་སྤྱོད་རྫོགས་པའི་སྐུ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་ཆོས་ཀྱི་སྐུའོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་བདེ་ཆེན་ཆོས་ཀྱི་སྐུའོ། །ད་ནི་ཡི་གེ་བཞི་ནི། ཡི་གེའི་ངོ་བོ་ངོས་བཟུང་བ་དང༌། ཡི་གེའི་དབྱེ་བསྡུ་དང༌། ཡི་གེའི་ལམ་དང༌། ཡི་གེའི་འབྲས་བུའོ། །ཡི་གེའི་ངོ་བོ་ལ་གསུམ། ཐབས་ཀྱི་ཡི་གེ་ཤེས་རབ་ཀྱི་ཡི་གེ །ཐབས་ཤེས་རབ་གཉིས་སུ་མེད་པའོ། །སྤྱི་བོའི་ཧཾ་ཐབས། ལྟེ་བའི་ཨ་ཤེས་རབ། དེ་གཉིས་སྦྱར་བ་གཅིག་ཏུ་འབོད་པ་ཨ་ཧཾ། ཞེས་པ་ནི་ཐབས་ཤེས་རབ་གཉིས་སུ་མེད་པའོ། །ཡི་གེའི་དབྱེ་བསྡུ་ལ་གཉིས། ཕྱེ་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ན། དྭངས་མའི་རླུང་གི་ཡི་གེ་བདུན་ཅུ་རྩ་གཉིས། བསྡུ་ན་འཁོར་ལོའི་དབུས་ཀྱི་ཡི་གེ་དང༌། ཨ་ལི་ཀ་ལི་དང༌། འཁོར་འདས་གཉིས་མེད་ཀྱི་ཡི་གེར་འདུས། ཙཀྲ་ནི་རྩ། ཨ་བ་དྷཱུ་ཏིའི་མར་སྣར་ཨ་ཐུང་དང༌། ལྟེ་བར་ཨ། སྙིང་གར་ཧཱུྃ། མགྲིན་པར་ཨོཾ། སྤྱི་བོར་ཧཾ། ཨ་ལི་ཀ་ལི་ནི། ཨ་ལི་ལ་གཅིག ཀ་ལི་བདུན་ཏེ། སྡེ་ཚན་བརྒྱད། ལྟེ་བར་ཀ་ལི་གཉིས་འགྱུར་དང༌། མ་ནིང་གི་ཡི་གེའམ། ཨ་ཀ་ཏ་པ་མ་ལ་སོགས་པ་གནས། སྙིང་ཁར་ཡང་ནི་སྔ་མ་བརྒྱད། མགྲིན་པར་ཨ་ལི་བཅུ་དྲུག་དང༌། སྤྱི་བོར་ཨ་ལི་གཉིས་འགྱུར་གནས། ལྟེ་བའི་འཁོར་ལོའི་ནང་བསྐོར་དུ་རིགས་དྲུག་འཁོར་བའི་ཡི་གེ་གནས། དེའི་སྟེང་དུ་མྱང་འདས་རིགས་ལྔའི་ཡི་གེ་གནས། དེ་གཉིས་སུ་མེད་པ་འཁོར་འདས་གཉིས་མེད་ཡིན། སྣང་སྲིད་འཁོར་འདས་གཉིས་ཆོས་རྣམས། ཡི་གེ་མེད་པ་གཅིག་ཀྱང་མེད། ཕྱེ་ན་ཡི་གེའི་གྲངས་ལས་འདས། བསྡུ་ན་ཡི་གེ་ཨ་རུ་འདུས། ཨ་ནི་དོན་དམ་སྐྱེ་མེད་ཡིན། ཡི་གེའི་ལམ་ལ་བཞི། ལམ་དང༌། གེགས་དང༌། གེགས་སེལ་དང༌། ལམ་གྱི་ཡོན་ཏན་རྫོགས་པའོ། །ལམ་ནི་སེམས་བསྐྱེད་དང༌། བླ་མའི་མོས་གུས་དང༌། ལུས་དཀྱིལ་འཁོར་བསྒོམས་ནས། དུས་གནད། ལུས་གནད། ཡུལ་གནད། ཤེས་པའི་གནད་དང་བཞི། རྟེན་འབྲེལ་སྦྱོར་བ་བཞི་ལྡན་ཞི་དྲག་གཉིས་ཀྱི་རླུང་བཟུང་བས། གསང་གནས་ཨ་ཐུང་གཏུམ་མོའི་མེ་སྦར་བས་ཡི་གེའི་གནས་སུ་རླུང་སེམས་འདུས། ཡི་གེའི་རྩ་མདུད་འགགས་པ་གྲོལ། དྭངས་མའི་རླུང་གི་ཡི་གེ་འབུར་དུ་དོད་པའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེས་གང༌། དེ་ཡིས་ཡི་གེ་ལམ་དུ་སློང༌། གལ་ཏེ་གེགས་བྱུང་ན། ཕྱི་ནང་གེགས་རྣམས་སྔར་དང་འདྲ། རྩ་ཡི་ཡི་གེ་ཆད་པ་དང༌། རྩ་མདུད་གྲོལ་བ་དང༌། ཡི་གེ་བསུབ་ན་ལྐུག་པ་དང་དིག་པ་དང་ཡི་གེའི་ཚོགས་ལ་རྒྱུག་པའི་གེགས་དེ་དག་འཆོས་པ། གསུམ་པ་གེགས་སེལ་བ་ནི། ཕྱི་ནང་གེགས་རྣམས་སྔར་བཞིན་བཅོས་ནས། ཐབས་དང་ཤེས་རབ་ཀྱི་ཡི་གེ་དང༌། ཙཀྲ་དབུས་ཀྱི་ཡི་གེ་དང༌། ཨ་ལི་ཀ་ལི་ཡི་གེ་སོགས། རྩ་མདུད་མ་གྲོལ་གདམས་པས་དྭངས་མའི་རླུང་གིས་ཡི་གེ་འཆར་དུ་མི་སྟེར་བས། དེ་གི་བཅོས་ཐབས་ནི་བུམ་པ་ཅན་གྱི་རླུང་བཟུང་བས། དེའི་གེགས་དེ་སེལ་བར་བྱེད། འཁོར་བའི་ཡི་གེ་རླུང་སེམས་འདུས་ན་རིགས་དྲུག་སོ་སོའི་སྣང་བ་འབྱུང་བའི་གེགས་བྱེད། མྱ་ངན་ལས་འདས་པའི་ཡི་གེར་སྒོམ་ཞིང་རླུང་བཟུང་བས་རིགས་དྲུག་གི་གནས་སྦྱོང་དག་པས། རྩ་ཕྲན་བ་སྤུའི་བུ་ག་ཐམས་ཅད་དུ་ཤུ་བ་གཡན་པ་བས་ལྡགས་ལ་སོགས་ཀྱི་གེགས། རླུང་བཟུང་གཏུམ་མོའི་མེ་སྦར། ཐིག་ལེ་གང་བས་འཆོས། ཡི་གེ་ལམ་དུ་སློང་ན་ལོ་ཀ་དང་ལོ་ཀ་ལས་འདས་པའི་ལམ་ཐད་སོའི་ཡོན་ཏན། ཨ་ལི་ཀ་ལི་ལ་མངའ་བརྙེས་པ་འབྱུང་ངོ༌། །ཡི་གེའི་འབྲས་བུ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་རེ་ལ་འོག་མིན་གྱི་གནས་རེ་རེ་ཡོད་པ་ན་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དཔེ་བྱད་ཀྱིས་སྤྲས་པ་རེ་རེ་བཞུགས་པའོ། །གནས་སྟོན་པ་དང༌། འཁོར་དང༌། ངེས་པ་ཅན་ཡིན་ནོ། །དེའི་རྒྱུ་ངེས་པ་ཅན་ནི། མགྲིན་པ་ལོངས་སྤྱོད་ཀྱི་ཙཀྲ་ན་ཡི་གེ་ཨོཾ་སྐུ་རྣམ་པར་སྣང་མཛད། འབྱུང་བ་བཞི་ཡི་ཡི་གེ་ཨ་ནུ་ཏ་ར་བཞི་གནས། ལམ་ཉམས་སུ་བླངས་པས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བ་ཡིན་ནོ། །ཐིག་ལེའི་གཞི་ནི། ངོ་བོ་ངོས་བཟུང་བ་དང༌། ཐིག་ལེའི་དབྱེ་བསྡུ་དང༌། ལམ་དང་འབྲས་བུའོ། །ངོ་བོ་ལ་གསུམ་སྟེ། ཕོ་བདེ། མོ་བདེ། མ་ནིང་གི་བདེ་བའོ། །ཕོ་བདེ་ནི། མི་རྟོག་པ་ཤས་ཆུང་ལ་བདེ་བ་ཤས་ཆེ་བའོ། །མོ་བདེ་ནི། བདེ་བ་ཤས་ཆུང་ལ་མི་རྟོག་པ་ཤས་ཆེ་བའོ། །མ་ནིང་གི་བདེ་བ་ནི། བདེ་བ་དང་མི་རྟོག་པ་སྙོམ་པར་སྐྱེ་བའོ། །ཐིག་ལེའི་དབྱེ་བསྡུ་ལ་གཉིས། དྭངས་སྙིགས་གཉིས། དྭངས་མ་ནི་མི་ཤིགས་པའི་ཐིག་ལེ་དང༌། ཀུན་དྷའི་དྭངས་མའི་དྭངས་མའོ། །སྙིགས་མ་ནི་ཀུནྡྷ་དང་བུ་ག་དགུ་ནས་འབབས་པའི་སྙིགས་མ་རྣམས་སོ། །ཀུནྡྷ་ལ་བྱང་སེམས་དཀར་དམར་གཉིས། མི་བསྐྱོད་པ་དང་གསུམ། དམར་པོ་གཡས་རོ་མ་ལ་གནས། བུད་མེད་ལ་རྩ་མདུད་མེད། སྐྱེས་པ་ལ་རྩ་མདུད་ཀྱིས་བཀབ་ནས་ཡོད། དཀར་པོ་དབུ་མ་ན་གནས། བུད་མེད་རྩ་མདུད་ཀྱིས་བཅད། སྐྱེས་པ་ལ་རྩ་མདུད་མེད། མི་བསྐྱོད་པ་ནི་རྐྱང་མར་གནས་པས་གང་ལ་ཡང་རྩ་མདུད་མེད་པའོ། །ཐིག་ལེའི་ལམ་ལ་བཞི། ལམ་དང་གེགས་དང༌། ཐིག་ལེའི་ལམ་ལ་བཞི། ལམ་དང་གེགས་དང༌། གེགས་སེལ་དང༌། ལམ་གྱི་ཡོན་ཏན་རྫོགས་པའོ། །ལམ་ནི་སེམས་བསྐྱེད་དང༌། ཡི་དམ་གྱི་ལྷ་དང༌། བླ་མའི་མོས་གུས་སྔོན་དུ་སོང་བས་བསྒོམས་ན། གནད་བཞིའི་རྟེན་འབྲེལ་བསྒྲིགས་ནས། སྦྱོར་བ་བཞི་ལྡན་ཞི་དྲག་གཉིས་ཀྱི་རླུང་བཟུང་བས་གསང་གནས་ཨ་ཐུང་གཏུམ་མོའི་མེ་སྦར་བས་ལུས་ཀྱི་ཁམས་ཞི་བྱང་ཆུབ་ཀྱི་སེམས་རྒྱས། སེམས་ལ་མི་རྟོག་པ་སྐྱེ། དེས་ཐིག་ལེ་ལམ་དུ་སློང་བའོ། །གེགས་བྱུང་ན། ཕྱིའི་བདུད་དང༌། ནང་གི་བདུད་དང༌། ཐིག་ལེའི་གཟུགས་འབྱུང་བའོ། །གསུམ་པ་གེགས་སེལ་བ་ནི། ཕྱིའི་བཅོས་ཐབས་ནི་སྔ་མ་བཞིན་ནོ། །ནང་འབྱུང་བ་ནི་ཐིག་ལེ་ལ་འབྱུང་བ་བཞི་ཡོད་པ་དེ་ལ་ཁས་དྲག་ཞན་གྱི་གེགས་སུ་འབྱུང་སྟེ། བདུད་རྩི་ལྔ་དང་ཁྱད་པར་དུ་ཐིག་ལེ་བསྐོར་ལྡོག་བྱས་པས་བཅོས་སོ། །ཐིག་ལེ་རྒྱས་པས་ཉོན་མོངས་པ་འདོད་ཆགས་སྐྱེས་པ་ནི་ཉོན་མོངས་ལམ་སློང་གིས་འཆོས་པའོ། །ཐིག་ལེ་བཟུང་བ་དང་ལྡོག་པ་དང༌། རྩ་མིག་ཏུ་གདབ་པ་དང༌། རླུང་དང་བསྲེ་བས་འཆོས། བསེན་མོས་ཐིག་ལེ་འཕྲོག་པ། དབང་ཕྱུག་ཆེན་པོའི་གོ་ལྡོག་དང༌། ཧ་ནུ་མན་ཏྲ་དང༌། པདྨའི་ཁ་པགས་དང༌། པདྨའི་རཀྟས་བཅོས། ཐིག་ལེ་ལམ་དུ་སློང་ན་ཐིག་ལེ་འབྱོངས་ཤིང་རྒྱས་ན་ཡོན་ཏན་ཐམས་ཅད་དེ་ལས་འབྱུང༌། ཁྱད་པར་དུ་ཡང་བྲལ་འབྲས་སུམ་ཅུ་རྩ་གཉིས་འབྱུང་བས་ཡོན་ཏན་རྫོགས་པའོ། །ཐིག་ལེའི་འབྲས་བུ་ནི། ཆོས་ཀྱི་སྐུ་མངོན་དུ་བྱེད་དོ། །ཞིང་ཁམས་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྟོན་པ་ཆོས་ཀྱི་སྐུ། དེའི་མཚན་ཉིད་ནི་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་པའམ། ཡང་ན། གཟུགས་ཅན་མ་ཡིན་འགྲོ་འོང་ཆེ། །ལྷུན་གྱིས་གྲུབ་ཅིང་རྒྱུན་ཆད་མེད། །ཅེས་པའོ། །དེའི་རྒྱུ་ནི་སྙིང་ག་ཆོས་ཀྱི་འཁོར་ལོ་ན་མི་ཤིགས་པའི་ཐིག་ལེ་གསེར་ཞུན་མ་ལ་ཉི་མའི་འོད་ཀྱིས་རྒྱས་པ་ལྟ་བུ་ཁ་དོག་ཕྱོགས་གཅིག་ཏུ་གྲུབ་པ་མེད་པ་དང༌། ཀུནྡྷ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དྭངས་མའི་དྭངས་མ་དང་དབྱེར་མི་ཕྱེད་པར་གནས། གནས་པ་དེ་ཉམས་སུ་བླངས་པས་འབྲས་བུ་ཆོས་ཀྱི་སྐུ་འབྱུང༌། རླུང་གི་གཞི་ནི་ངོ་བོ་ངོས་བཟུང་བ་དང༌། དབྱེ་སྡུད་དང༌། རླུང་གི་ལམ་དང༌། འབྲས་བུའོ། །རླུང་གི་ངོ་བོ་ལ་གསུམ། ཕོ་རླུང༌། མོ་རླུང༌། མ་ནིང་གི་རླུང༌། ཕོ་རླུང་ནི་རྩུབ་ཅིང་དྲག་ལ་དྲངས་མི་བདེ་བའོ། །མོ་རླུང་ནི་འཇམ་ཞིང་དལ་ལ་དྲངས་བདེ་བའོ། །མ་ནིང་གི་རླུང་ནི་སྣོད་ཀྱི་ཁ་བསྒྱུར་བའོ། །རླུང་གི་དབྱེ་བསྡུ་ནི་གཉིས། ཕྱེ་ན་འབྱུང་བ་ལྔའི་རླུང་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ། ཡང་ན་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔའོ། །བསྡུ་ན་གསུམ། ཟག་བཅས་ཀྱི་རླུང་དང༌། ཟག་མེད་ཀྱི་རླུང་དང༌། ཡེ་ཤེས་ཀྱི་རླུང་ངོ༌། །འབྱུང་བ་ལྔ་ཡི་རླུང་ནི། ཐོ་རངས་ཆུ་ཡི་རླུང་ཁ་དོག་དཀར་པོ་དགུ་བརྒྱ་ཕྲག་ལྔ་བརྒྱུས་ནས། སྔ་དྲོ་རླུང་གི་རླུང་ལྗང་སེར་དགུ་བརྒྱ་ཕྲག་ལྔ་བརྒྱུས་ནས། ཕྱི་དྲོ་སའི་རླུང་སེར་པོ་དགུ་བརྒྱ་ཕྲག་ལྔ་བརྒྱུས་ནས། སྲོད་ལ་མེའི་རླུང་ཁ་དོག་དམར་པོ་དགུ་བརྒྱ་ཕྲག་ལྔ་བརྒྱུས་ནས། དེ་ནས་ལྟེ་བ་འབྱུང་བ་བཞི་ཡི་དགུ་བརྒྱ་ཕྲག་བཞི་བརྒྱུས་ནས། ཉིན་ཞག་ཕྲུག་གཅིག་ལ་རླུང་བརྒྱ་ཕྲག་ཉི་ཤུ་རྩ་བཞི་རྒྱུའོ།་་་་་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ། ཡང་ན་ཐོ་རངས་ཞི་བའི་དུས་ཆུ་རླུང་དཀར་པོ། སྔ་དྲོ་རྒྱས་པའི་དུས་ས་རླུང་སེར་པོ། ཕྱི་དྲོ་དབང་གི་དུས་མེ་རླུང་དམར་པོ། སྲོད་ལ་རླུང་གི་རླུང་ལྗང་གུ །འབྱུང་བ་བཞིའི་རླུང་དུས་མཉམ་དུ་བྱུང་བ་ནི། ནམ་མཁའི་རླུང་ཁ་དོག་སྔོན་པོ། ལྟེ་བར་མེའི་རླུང༌། སྙིང་གར་ཆུ་ཡི་རླུང༌། མགྲིན་པར་སའི་རླུང༌། སྤྱི་བོར་རླུང་གི་རླུང༌། ནམ་མཁའི་རླུང་ཁ་དོག་སྔོན་པོ་རྩ་དབུ་མར་གནས། རྩ་བའི་རླུང་ལྔ་ནི། ཐུར་དུ་སེལ་བ་ལིངྒའམ་བཤང་ལམ་དུ་གནས། ལས་འོག་སྒོའི་ལས་བྱེད། མེ་མཉམ་པའི་རླུང་ལྟེ་བར་གནས། ལས་ལུས་ཀྱི་དྲོད་སྐྱེད་པར་བྱེད་སྲོག་འཛིན་པར་བྱེད་པའི་རླུང་སྙིང་ཁར་གནས། ལས་རླུང་སེམས་མི་འབྲལ་བར་བྱེད། གྱེན་དུ་རྒྱུ་བའི་རླུང་མགྲིན་པར་གནས། ལས་ངག་གི་ལས་བྱེད། ཁྱབ་བྱེད་ཀྱི་རླུང་སྤྱི་བོའི་ཚིགས་དང་བ་སྤུའི་བུ་ག་ལ་གནས། ལས་ནི་ལུས་ཀྱི་རྐང་ལག་བརྐྱང་བསྐུམ་ལ་སོགས་པ་བྱེད། ཡན་ལག་གི་རླུང་ལྔ་ལས་རྒྱུ་བ་ནི་མིག་གཉིས་ལ་གནས། ལས་ནི་གཟུགས་རབ་འབྲིང་གསུམ་མཇལ་བར་བྱེད། རབ་ཏུ་རྒྱུ་བ་ནི་རྣ་བ་གཉིས་ལ་གནས། ལས་ནི་སྒྲ་རབ་འབྲིང་གསུམ་མཇལ་བར་བྱེད། མངོན་པར་རྒྱུ་བ་ནི་སྣ་གཉིས་ལ་གནས། ལས་ནི་དྲི་རབ་འབྲིང་གསུམ་མཇལ་བར་བྱེད། ཤིན་ཏུ་རྒྱུ་བ་ནི་ལྕེ་ལ་གནས། ལས་ནི་རོ་རབ་འབྲིང་གསུམ་མཇལ་བར་བྱེད། ཡང་དག་པར་རྒྱུ་བ་ནི་པགས་པ་དང༌། རྩ་དང་བ་སྤུའི་བར་ལ་གནས། ལས་ནི་ལུས་ཀྱི་རེག་བྱ་རབ་འབྲིང་ལ་སོགས་པ་གསུམ་མཇལ་བར་བྱེད། ཟག་བཅས་ཀྱི་རླུང་ནི་ལུས་ངག་ཡིད་གསུམ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ཟག་པ་དང་བཅས་པའི་ལས་ཀུན་བྱེད། ཟག་པ་མེད་པའི་རླུང་ནི་ཟག་བཅས་ཀྱི་རླུང་ཤ་ཤའོ་ཞི་ནས་ཟག་པ་མེད་པའི་རླུང་ཞི་བར་གནས་པས་དགེ་བའི་ལས་བྱེད། ཡེ་ཤེས་ཀྱི་རླུང་ནི་རླུང་རྒྱུ་བ་མི་འགགས་པར་ཡེ་ཤེས་ཀྱི་ལས་ཐམས་ཅད་འགྲུབ་པར་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ནང་ན་ཡང༌། ལུས་ངག་ཡིད་གསུམ་གྱི་ལས་ཀྱི་སྔོན་དུ་ཡེ་ཤེས་འགྲོ་བའོ། །ཞེས་པས། ཡེ་ཤེས་ཀྱི་རླུང་སྔོན་དུ་འགྲོ་བ་ཡིན། རླུང་གི་ལམ་ལ་བཞི། ལམ་དང༌། གེགས་དང༌། གེགས་སེལ་དང༌། ལམ་གྱི་ཡོན་ཏན་རྫོགས་སོ། །ལམ་ནི་སེམས་བསྐྱེད་པ་དང༌། ཡི་དམ་དང༌། བླ་མའི་མོས་གུས་སྔོན་དུ་འགྲོ་བས། གནད་བཞིའི་རྟེན་འབྲེལ་བསྒྲིགས་ནས་སྦྱོར་བ་བཞི་ལྡན་ཞི་དྲག་གཉིས་ཀྱི་རླུང་བཟུང་ནས་གཏུམ་མོའི་ཨ་ཐུང་མེ་སྦར་བས་འབྱུང་བཞིའི་རླུང་མཉམ་པར་བཞག་ནས། དེས་ཐིག་ལེ་གཡོས་པས་ཐིག་ལེ་རྒྱས་པས་ཟག་པ་མེད་པའི་བདེ་བ་སྐྱེས། དེས་རླུང་ཐམས་ཅད་ལམ་དུ་བསྒོམ་སློང་བའོ། །གལ་ཏེ་གེགས་བྱུང་ན། ཕྱིའི་གེགས་དང༌། ནང་འབྱུང་བ་བཞི་ཆ་མ་སྙོམས་པས་ནང་དུ་འབྱུང་བ་དང༌། རླུང་ཟུག་སྙོམས་སེ་ན་ཞིང་རླུང་ལོག་ལ་སོགས་པ་རླུང་གི་གེགས་དུ་མ་ཞིག་འབྱུང་སྟེ། ཕྱི་ཡི་ནི་གེགས་སེལ་གྱི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་གེགས་སེལ་ནི། ཕྱིའི་གེགས་སྔ་མ་བཞིན་དུ་བསྒོམས་པས་འཆོས། ནང་གི་གེགས་འབྱུང་བ་འཁྲུགས་པའི་ནད་བྱུང་ན། འབྱུང་བ་བཞི་རོ་སྙོམས་ཀྱིས་འཆོས། རླུང་ལ་སོགས་པ་དུ་མ་རྣམས་ནི་གང་བྱུང་བ་ཡང་རླུང་དང་མེ་དང་ཐིག་ལེ་གསུམ་གྱིས་འཆོས། རླུང་ལམ་དུ་སློང་ན་ལམ་གྱི་ཡོན་ཏན་ཟག་བཅས་ཀྱི་རླུང་ནོན་ན་ཉོན་མོངས་པའི་མགོ་ནོན། ཟག་མེད་ཀྱི་རླུང་ཟིན་ན་ཉོན་མོངས་པ་ཞི་བ་དང༌། ཟག་མེད་ལམ་དུ་སློང༌། ཡེ་ཤེས་ཀྱི་རླུང་ཟིན་ན་ལུས་ངག་ཡིད་གསུམ་གྱི་ལས་ཐམས་ཅད་ཡེ་ཤེས་སུ་རྫོགས་པའོ། །རླུང་གི་འབྲས་བུ་ནི་ཁམས་གསུམ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད། དེའི་ལུས་ངག་ཡིད་གསུམ་མམ། ལྟེ་བ་འདོད་ཁམས། སྙིང་ཁ་གཟུགས་ཁམས། སྤྱི་བོ་གཟུགས་མེད་ཀྱི་ཁམས། དེ་གསུམ་གྱི་ལས་རླུང་གིས་བྱེད། རླུང་ལས་སུ་རུང་བ་དང་ལམ་དུ་སློང་ན་འབྲས་བུ་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་བྱེད་པ་ཡིན། ལུས་ཀྱི་གནད་ཅེས་པ་ནི། ལུས་ལ་གསུམ། ལུས་དང༌། སྣང་ལ་ལེན་པ་དང༌། སྣང་ལ་མི་ལེན་པའོ། །ལུས་དངོས་ལ་བཞི། ཟག་པ་དང་བཅས་པའི་ལུས་ཤ་ཁྲག་གི་གདོས་བཅས་དང༌། ཟག་པ་དང་བཅས་པའི་ཡིད་ཀྱི་ལུས་དང༌། ཟག་པ་མེད་པའི་ལུས་དང༌། ཡེ་ཤེས་ཀྱི་ལུས་དང་བཞིའོ། །གདོས་བཅས་ཀྱི་ལུས་ནི་འབྱུང་བཞི་ཤ་ཁྲག་ལས་གྲུབ་པ་འདི་ཤི་ཙ་ན་འཇོག་པ་ཡིན། ཟག་པ་ནི་ཉོན་མོངས་པའམ་ལུས་སུ་བཟུང་བའི་ཞེན་པ་དང་བཅས་པའོ། །ཟག་པ་དང་བཅས་པའི་ཡིད་ཀྱི་ལུས་ནི། ངའི་ལུས་སྙམ་དུ་ཡིད་ཀྱིས་འཛིན་པའོ། །ཤི་ནས་བར་དོར་འཁྱམས་པའི་དུས་ན་ཡང་ངའི་ལུས་སྙམ་དུ་ཡོད་པས་བར་དོའི་ལུས་ཀྱང་ལེན་པའོ། །ཟག་པ་ནི་ང་ཡི་ལུས་སྙམ་དུ་ཞེན་ཞིང་ཆགས་པའོ། །ཟག་པ་མེད་པ་ནི་ཟག་བཅས་གཉིས་ཀྱི་གང་དུ་ཡང་མ་དམིགས་པ་ཞེན་པ་དང་འཛིན་པ་མེད་པའོ། །ཡེ་ཤེས་ཀྱི་ལུས་ལ་གཉིས། ལམ་གྱི་དུས་སུ་ཏིང་ངེ་འཛིན་དང་ལྡན་པའི་ལུས་དང༌། འབྲས་བུའི་དུས་སུ་མྱ་ངན་ལས་འདས་པའི་སྐུར་སྣང་བའོ། །ཏིང་ངེ་འཛིན་ལ་ཐེག་པ་འོག་མ་དང༌། ཕ་རོལ་ཏུ་ཕྱིན་པའི་ལུས་མི་རྟག་པ་དང་མི་གཙང་བའི་རྫས་སུ་བསྒོམ། གསང་སྔགས་ལས་ཡི་དམ་ལྷར་བསྒོམ། མྱ་ངན་ལས་འདས་པ་ནི། འབྲས་བུ་སྐུ་བཞི་མངོན་དུ་བྱེད་པའོ། །གཉིས་པ་སྣང་ལ་ལེན་པ་ནི། རང་ལ་ལུས་ཡོད་པས་བསད་བྱ་སེམས་ཅན་ཐམས་ཅད་དང༌། མི་ཚངས་པ་སྤྱད་པའི་ཡུལ་སྡུག་པ་དང༌། མ་བྱིན་པར་ལེན་པའི་ཡུལ་མི་དང་ནོར་གཞན་གྱིས་བདག་ཏུ་བཟུང་བའི་རྫས་ལ། ལུས་ཀྱི་ལས་གསུམ་བྱས་པས་ངན་སོང་གསུམ་དང་འཁོར་བའི་ལུས་ལེན། དེ་གསུམ་ཡང་དགེ་བའི་ལས་བྱས་ན་དགེ་བའི་འབྲས་བུ་ལེན་པའོ། །སྣང་ལ་མི་ལེན་པ་ནི། ཡུལ་གསུམ་ལ་ལུས་ཀྱི་ལས་མ་བྱས་པས་གནས་སྐབས་ཉོན་མོངས་པ་མི་སྐྱེ་ལ། མཐར་ཐུག་འབྲས་བུ་མི་ལེན་པའོ། །དགེ་བ་ལ་ཡང་དེ་བཞིན་དུ་བྱའོ། །གནད་ནི་བཞི་ཡིན་ཏེ། ལམ་རེ་རེའི་སྐབས་སུ་བསྟན་ཟིན་ཏོ། །དེས་ན་ཚོམས་བཅུ་དྲུག་ལུས་ཀྱི་གནད་བསྟན་པའོ།། །།

གྲགས་པ་བཀའ་བཞི་ངག་གི་གནད།

༈ ད་ནི་གྲགས་པ་བཀའ་བཞི་ངག་གི་གནད་ཅེས་པ་ནི། ངག་ལ་ཡང་བཞི། ངག་གི་ངོ་བོ་ངོས་བཟུང་བ་དང༌། དབྱེ་བ་དང༌། ངག་གི་ལམ་དང་འབྲས་བུའོ། །ངོ་བོ་ལ་གསུམ། ཕོ་སྐད། མོ་སྐད། མ་ནིང་གི་སྐད་དོ། །ཕོ་སྐད་ནི་དྲག་ཅིང་ཐུང་བའོ། །མོ་སྐད་ནི་དལ་ཞིང་རིང་བའོ། །མ་ནིང་གི་སྐད་དེ་གཉིས་ཀྱི་བར་མའོ། །ཕོ་སྐད་ནི་གཏམ་ཞིང་དགོད་པའི་དུས་སུ་ཡང་ཡས་མར་ཧོབ་ཧོབ་པོར་གཏམ་པ་ཡིན། དགོད་པའི་དུས་སུ་ཡང་ཧ་ཧ་ཟེར་ནས་དགོད་པའོ། །མོ་སྐད་ནི་ཡས་མར་གཏམ་སྟེ་དལ་ཞིང་འཇམ་པར་སྨྲ། དགོད་པའི་དུས་སུ་ཧེ་ཧེ་ཧེ་ཟེར་ནས་ཡས་མར་དགོད་པ་ཡིན། མ་ནིང་གི་སྐད་ནི་དེ་གཉིས་ཀྱི་བར་སྙོམ་པར་སྨྲ། དགོད་པའི་དུས་སུ་ཧི་ཧི་ཧི་ཟེར་སོ་བར་ནས་དགོད་པའོ། །དབྱེ་བསྡུ་ལ། བསྡུ་བ་དང༌། དབྱེ་བའོ། བསྡུ་བ་ནི་སྐད་དང་ཚིག་ཏུ་འདུས་པའོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པར་འདུས། སྐད་ནི་མགྲིན་པ་དང༌། ཁ་དང༌། ལྕེ་དང༌། རླུང་དང་འདུས་པ་ལས་གྲགས་པའོ། །ཚིག་ནི་ཡི་གེ་མེད་པ་གཅིག་ཀྱང་མེད། ནང་ན་ཡི་གེ་ཡོད་པ་ལས་བྱུང་བ་ཡིན། སྤྱི་བོའི་ཧཾ་ཐབས། ལྟེ་བའི་ཨ་ཤེས་རབ། དེ་གཉིས་སྡེབས་པ་ལ་ཨ་ཧཾ། ཞེས་པ་ནི་ཚིག་དང་སྒྲ་གྲགས་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །དབྱེ་བ་ལ་གཉིས་ཕྱི་ན་རིགས་དྲུག་སོ་སོའི་སྐད་དུ་སྣང་བའོ། །དེ་ལ་ཕྱེ་ན་སྐད་རིགས་སུམ་བརྒྱ་དྲུག་ལ་སོགས་པའོ། །དེ་ཡང་ལྟེ་བ་ན་རིགས་དྲུག་གི་ས་བོན་ཡོད་པ་ལས་འབྱུང་བ་ཡིན། དེ་ལྟར་ཡིན་པར་ཡང༌། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་པའོ། །དེ་ལྟར་སྐད་དང་ཚིག་ཐམས་ཅད་རྐྱེན་སྔ་བ་ལྟར་ཚོགས་པ་ལ། སེམས་ཀྱིས་གང་འདོད་པའི་སྐད་དང་ཚིག་འབྱུང་བའོ། །ངག་གི་ལམ་ནི་སེམས་བསྐྱེད་པ་དང༌། ཕྱག་བླ་མའི་མོས་གུས་དང༌། ཡི་དམ་གྱི་ལྷ་བསྒོམས་ནས། སྙིང་པོ་དང༌། ཉེ་བའི་སྙིང་པོ་དང༌། རྩ་བའི་སྔགས་བགྲང་བ་དང༌། གཞན་ཡང་ཡི་གེ་བྲི་བ་དང༌། ཁ་ཏོན་འདོན་པ་དང༌། ཆོས་ཉན་བཤད་ལ་སོགས་པ་ངག་གི་བྱ་བ་དཀར་པོ་དགེ་བའི་ཕྱོགས་ཐམས་ཅད་གནད་བཞི་སྔོན་དུ་སོང་བས་ཞི་དྲག་གཉིས་ཀྱི་རླུང་གི་སྦྱོར་བས་གཏུམ་མོའི་མེ་འབར་བས་བྱང་ཆུབ་སེམས་རྒྱས། དེས་ངག་ལམ་དུ་སློང་བའོ། །གེགས་བྱུང་ན། ཕྱི་ཡི་གེགས་བདུད་དང་མི་མ་ཡིན་གྱི་གེགས་དང༌། ནང་འབྱུང་བ་ཆ་མ་སྙོམས་པས་ངག་གི་གེགས་སུ་འགྲོ་བ་དང༌། རྩ་དང་ཡི་གེ་ཆད་པས་ལྐུག་པ་དང་དིག་པ་དང་ངག་ཟློ་མི་ཤེས་པ་དང༌། ཐིག་ལེ་ཉམས་པས་ངག་ཟློ་མི་ཤེས་པའི་སྐྱོན་འབྱུང་བའོ། །གསུམ་པ་གེགས་སེལ་བ་ནི། ཕྱི་ནི་སེམས་ཅན་ཐམས་ཅད་ལ་བྱམས་པའི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་སེལ། ནང་འབྱུང་བ་ཆ་མ་སྙོམས་པའི་གེགས་ནི་རླུང་བཟུང་བས་ཆ་སྙོམ་པས་སེལ། རྩ་ཆད་པ་དང་ལྐུག་པ་ནི། རླུང་བཟུང་གཏུམ་མོ་བསྒོམ་ཐིག་ལེས་གང་བས་བཅོས། ཐིག་ལེ་ཉམས་པ་ཐིག་ལེ་སྲུང་ཟློག་གིས་བཅོས། ངག་ལམ་དུ་སློང་ན་ལམ་གྱི་ཡོན་ཏན་ནི། རིགས་དྲུག་སོ་སོའི་སྐད་དུ་ཆོས་སྟོན་པ་དང༌། ངག་གི་དབང་ཕྱུག་དང༌། གསུང་སོ་སོ་ཡང་དག་པར་རིག་པ་དང༌། ཨ་ལི་ཀ་ལི་ལ་མངའ་བརྙེས་པ་ལ་སོགས་པ་འབྱུང་བའོ། །ངག་གི་འབྲས་བུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད། གསུང་དབྱངས་དྲུག་ཅུས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའོ། །ངག་གི་གནད་ཅེས་པ་ནི། ངག་ལ་གསུམ། ངག་དང༌། སྣང་ལ་ལེན་པ། སྣང་ལ་མི་ལེན་པའོ། །ངག་དངོས་ལ་བཞི། ཟག་པ་དང་བཅས་པའི་ངག་ལྷང་ལྷང་པོ་གདོས་བཅས་དང་ཟག་པ་དང་བཅས་པའི་ཡིད་ཀྱི་ངག་དང༌། ཟག་པ་མེད་པའི་ངག་དང༌། ཡེ་ཤེས་ཀྱི་ངག་དང་བཞིའོ། །ཟག་བཅས་ཀྱི་ངག་ནི། འབྱུང་བ་བཞི་ཡི་རླུང་དང༌། མགྲིན་པ་དང༌། ཁ་དང༌། ལྕེ་དང༌། ངག་ལྷང་ལྷང་པོ་ཉིད་ཤི་ཙམ་ན་འཇོག་པས་འབྲལ་རྒྱུ་ཅན་ཡིན་ནོ། །ཟག་པའམ་ཉོན་མོངས་པའམ་ངག་ཏུ་འཛིན་པའི་ཞེན་པ་དང་བཅས་པའོ། །ཟག་པ་དང་བཅས་པ་ཡིད་ཀྱི་ངག་ནི། ངའི་ངག་སྙམ་དུ་ཡིད་ཀྱི་འཛིན་པའོ། །ཤི་ན་བར་དོར་འཁྱམས་པའི་དུས་ན་ཡང་ངའི་ངག་སྙམ་དུ་ཡོད་པར་སྟོན་པས་སྲོག་འཛིན་པར་བྱེད་པའི་རླུང་ལ་གནས། བར་དོའི་དུས་ན་ཡང་ངའི་ངག་སྙམ་དུ་ཡོད་པར་འཛིན་པའོ། །ཟག་པ་ནི་ངའི་ངག་སྙམ་དུ་ཞེན་ཅིང་ཆགས་པའོ། །ཟག་པ་མེད་པའི་ཟག་བཅས་གཉིས་ཀྱིས་གང་དུ་ཡང་མ་དམིགས་པའི་ཞེན་པ་དང་འཛིན་པ་མེད་པའོ། །ཡེ་ཤེས་ཀྱི་ངག་ལ་གཉིས། ལམ་གྱི་དུས་སུ་ཏིང་ངེ་འཛིན་དང་ལྡན་པའི་ངག་དང༌། འབྲས་བུའི་དུས་སུ། མྱ་ངན་ལས་འདས་པའི་སྐུར་སྣང་བའོ། །ཏིང་ངེ་འཛིན་ལ་ཐེག་པ་འོག་མ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པས་ངག་མི་རྟག་པར་བསྒོམ། འདོན་ཟློས་དང་ཁ་ཏོན་ལ་སོགས་པ་ཉམས་སུ་ལེན། གསང་སྔགས་ཀྱི་ངག་གྲགས་སྟོང་ཡི་དམ་གྱི་ལྷའི་སྙིང་པོ་བགྲང་བའོ། །གཉིས་པ་སྣང་ལ་ལེན་པ་ནི་རང་ལ་ངག་ཡོད་པས་རྫུན་ཕྲ་མ་ངག་འཁྱལ་ཚིག་རྩུབ་བཞི་སྨྲ་བའི་ཡུལ་སེམས་ཅན་ཐམས་ཅད་ལ་ངག་གི་ལས་བྱས་པས་ངག་སོང་གསུམ་དུ་འཁོར་བའི་སྡུག་བསྔལ་ལེན་པའོ། །ངག་གི་ལས་ཉེས་པ་སྤངས་ནས་དགེ་བའི་ལས་བྱས་པས་དགེ་བའི་འབྲས་བུ་སྨིན་པའོ། །སྣང་ལ་མི་ལེན་པ་ནི། ཡུལ་སེམས་ཅན་ལ་ངག་གི་ལས་མ་བྱས་པས་གནས་སྐབས་ཉོན་མོངས་མི་སྐྱེ་ལ་མཐར་ཐུག་འབྲས་བུ་མི་ལེན་པའོ། །དགེ་བ་ཡང་དེ་བཞིན་ནོ། །གནད་ནི་བཞི་ཡིན་ཏེ། ལམ་གྱི་སྐབས་སུ་བཤད་ཟིན་ཏོ། །དེས་ནི་གྲགས་པ་བཀའ་བཞི་ངག་གི་གནད་བསྟན་ཟིན་ཏོ། །ད་ནི་གནས་ལུགས་བཀའ་བཞི་སེམས་ཀྱི་གནད་ཅེས་པ་ནི། སེམས་ཀྱི་གནས་ལུགས་ལ་ཡང་བཞི་སྟེ། སེམས་ཀྱི་ངོ་བོ་ངོས་བཟུང་བ་དང༌། དབྱེ་བསྡུ་དང༌། ལམ་དང༌། འབྲས་བུའོ། །སེམས་ཀྱི་ངོ་བོ་ངོས་བཟུང་བ་ལ་གསུམ། ཀུན་གཞི་རིག་པ་བྱང་ཆུབ་ཀྱི་སེམས་སམ། ཁམས་རང་བཞིན་གྱིས་རྣམ་པར་དག་པའམ། ཁམས་དེ་བཞིན་གཤེགས་པའི་སྙིང་པོའམ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་པའམ། གཞི་ནི་སེམས་སྟོང་པ། ཀུན་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དོ། །དེ་ལྟར་ཡང་ནམ་མཁའ་སྣང་མུན་གཉིས་ཀྱི་གཞི་བྱེད་པ་ལྟ་བུའོ། །རིག་པ་ནི་བདག་རིག་གཞན་རིག་མ་འགགས་པའི་རིག་པའོ། །བྱང་ཆུབ་ནི་རིག་པ་དེ་སྒྲིབ་པས་གོས་མ་མྱོང་བས་བྱང༌། ཡེ་ཤེས་ཡིན་པས་ན་ཆུབ། ཁམས་རང་བཞིན་གྱི་རྣམ་པར་དག་པ་ཞེས་པ་ནི། སེམས་རང་བཞིན་སྟོང་པ་ཉིད་ནམ་མཁའི་ཁམས་དང་འདྲ་བས་ན་སྟོང་པ་ཉིད། ཁམས་རྣམ་པར་དག་པ་ནི། དྲི་མས་གོས་མ་མྱོང་བས་ན་རྣམ་པར་དག་གོ །དེ་ལྟར་ཡིན་པ་ཡང༌། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། དག་པ་ཡིས་ནི་དག་པར་འགྱུར། །ཞེས་གསུངས་སོ། །ཁམས་དེ་བཞིན་གཤེགས་པའི་སྙིང་པོ་ནི། ཁམས་ནི་གོང་མ་དང་འདྲ། སྙིང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་ཁྱད་མེད་པ་ནི་སྙིང་པོ་སྟེ། དེ་ལྟར་ཡིན་པར་ཡང་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པའོ། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད། །ཅེས་པ་ནི། སེམས་དང་སྣང་བ་གཉིས་མ་ཡིན་ཏེ། ཆོས་ཀྱི་སྐུའི་འོད་ཡིན་པའོ། །ལྷན་ཅིག་སྐྱེས་པ་ནི་གསེར་དང་གསེར་གྱི་སེར་པོའམ། དུང་དང་དུང་གི་དཀར་པོ་བཞིན་ནོ། །སྣང་བ་དང་ཆོས་སྐུ་གཉིས་མ་ཡིན་ཏེ། ཆོས་སྐུའི་འོད་ཡིན་ནོ། །དཔེར་ན་ཉི་མའི་འོད་བཞིན་ནོ། །གསུམ་པ་སེམས་ཀྱི་དབྱེ་བསྡུ་ལ་གཉིས། བསྡུ་བ་དང་དབྱེ་བའོ། །བསྡུ་བ་ནི། སེམས་སྣང་སྟོང་གཉིས་སུ་མེད་པའོ། །རིག་པ་དང་སྟོང་པ་གཉིས་སུ་མེད་པའམ། ཐབས་དང་ཤེས་རབ་གཉིས་སུ་མེད་པ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་འདུས། དབྱེ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་རྟོག་པའི་སྒོ་ནས་དབྱེ་བ་ནི། གཟུང་འཛིན་གཉིས་མིང་དང་གཟུགས་གཉིས། རྟེན་འབྲེལ་གཉིས། རྟོག་པ་དགུ་བཞི་སུམ་ཅུ་སོ་དྲུག ཆོས་མངོན་པའི་ལུགས་ཀྱིས་དབྱེ་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་དགུ། ཀུན་གཞི་རྣམ་པར་ཤེས་པ། ཉོན་མོངས་པ་ཅན་གྱི་ཡིད་དང༌། ཡིད་ཀྱི་རྣམ་པར་ཤེས་པ། སྒོ་ལྔའི་རྣམ་པར་ཤེས་པ། ཚོགས་དགུ་ནི་ཀུན་གཞི་རང་རིག་བྱས་པས་རིག་པ་དགུའོ། །ཀུན་གཞི་རྣམ་པར་ཤེས་པ་ནི། ཀུན་གཞི་ལ་གསུམ། ཆོས་ཉིད་དོན་གྱི་ཀུན་གཞི་དང༌། འདུན་པ་བག་ཆགས་ཀྱི་ཀུན་གཞི་དང༌། སྦྱོར་བ་འདུན་པའི་ཀུན་གཞིའོ། །ཆོས་ཉིད་དོན་གྱི་ཀུན་གཞི་ནི་སེམས་ཉིད་གདོད་མ་ནས་དག་ཅིང་སྟོང་པ་ཉིད་ཡིན་ལ། འདུན་པ་བག་ཆགས་ཀྱི་སེམས་ཡུལ་ལ་འདུན་པ་དང༌། བག་ཆགས་ཀྱི་ཉོན་མོངས་པ་སྐྱེས་ནས་འཁོར་བའི་ལུས་བླངས་པའོ། །སྦྱོར་བ་འདུན་པའི་ཀུན་གཞི་ནི། རྣམ་པར་ཤེས་པ་ལུང་མ་བསྟན་དུ་འདོད་པ་ལ་སོགས་པ་བཞེད་ལུགས་མི་འདྲ་བ་མང་དུ་ཡོད་ན་ཡང༌། ཀུན་གཞི་གང་དུ་ཡང་མི་དམིགས་ལ། ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་ལ་མངའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཁ་བལྟས་པས། ཐལ་བས་གཡོགས་པའི་མེ་བཞིན་དུ་གནས། སྒོ་ལྔའི་རྣམ་པར་ཤེས་པ་ཡུལ་མངོན་དུ་གྱུར་ཙ་ན། ཡིད་ཀྱི་རྣམ་པར་ཤེས་པ་དེ་འཛིན་ཞུགས། །ཉོན་མོངས་ཅན་གྱི་ཡིད་ཀྱི་ཆགས་སྡང་རྨོངས་གསུམ་སྐྱེས། དེས་ཀུན་གཞིའི་རྣམ་པར་ཤེས་པ་ཆོས་ཉིད་དོན་གྱི་ཀུན་གཞི་སྟོང་པ་ཉིད་དུ་མ་མྱོང་བས་འཁོར་བར་སྣང་བ་ཡིན། སྦྱོར་བ་བདུན་ནི། སྒོ་ལྔའི་ཡུལ་མངོན་དུ་གྱུར་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་གཉིས་མ་ཞུགས་པས། ཀུན་གཞི་རང་རིག་གི་རྣམ་པར་ཤེས་པ་ཡུལ་སྒོ་ལྔ་རྟོག་མེད་དུ་མྱོང་ཙམ་ན། མྱ་ངན་ལས་འདས་པའི་ལམ་ཡིན། དེ་ལམ་གྱི་དུས་སུ་བསྒོམས་པ་ལས་བྱུང༌། གསང་སྔགས་ཀྱི་སེམས་སྣང་བ་དང་སྟོང་པ་གཉིས་སུ་མེད་པ་དེ། སེམས་སྟོང་པ་ལ་དབྱེ་རྒྱུ་མེད་ཀྱང༌། སྣང་བ་ལ་བཅོ་ལྔ། མིག །རྣ་བ། སྣ། ལྕེ། ལུས་ལྔའོ། །མིག་གི་རྣམ་པར་ཤེས་པ། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེ་ཡི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ་དང་ལྔའོ། །མིག་གི་འདུས་ཏེ་རེག་པ། རྣ་བའི་འདུས་ཏེ་རེག་པ། སྣ་ཡི་འདུས་ཏེ་རེག་པ། ལྕེའི་འདུས་ཏེ་རེག་པ། ལུས་ཀྱི་འདུས་ཏེ་རེག་པ་ལྔ་སྟེ་བཅོ་ལྔའོ། །ད་ནི་སེམས་ཀྱི་ལམ་ལ་བཞི། ལམ་དང་གེགས་དང་གེགས་སེལ་དང༌། ལམ་གྱི་ཡོན་ཏན་རྫོགས་པའོ། །ལམ་ལ་གཉིས། རྩོལ་བཅས་དང༌། རྩོལ་མེད་ཕྱག་རྒྱ་ཆེན་པོའོ། །དེ་ལ་སེམས་བསྐྱེད་དང༌། བླ་མའི་མོས་གུས་དང༌། ལུས་ཡི་དམ་གྱི་ལྷར་བསྒོམས་ནས། རྩོལ་བཅས་རྣམ་པ་བཞིས་ཉམས་སུ་བླང་བ་ནི། དུས་གནད། རླུང་དྷཱུ་ཏི་ནས་རྒྱུ་བའི་དུས་སུ། ལུས་གནད་ཆོས་ལྔའམ་དྲུག་ཏུ་བཅོས་ལ། ཡུལ་གནད་ལྟེ་བ་ནས་སོར་བཞི་བཙལ་བའི་གནས་སུ། ཤེས་པའི་གནད་གཏུམ་མོ་ཨ་ཐུང་མེ་འབར་བ་ལ་གཏོད། རླུང་གི་སྦྱོར་བ་བཞི་ལྡན། ཞི་དྲག་གཉིས་ཀྱི་རླུང་བཟུང་བས་གཏུམ་མོའི་མེ་འབར་བས་ཁམས་བྱང་ཆུབ་སེམས་ཀྱི་ཐིག་ལེས་རྩ་གནས་རྒྱས། དེས་སེམས་བདེ་སྟོང་ངམ་མི་རྟོག་པ་སྐྱེ་བས་སེམས་ལམ་དུ་སློང་བའོ། །གཉིས་པ་རྩོལ་མེད་ཕྱག་རྒྱ་ཆེན་པོ་ནི། སེམས་སྣང་བ་དང་སྟོང་པ་གཉིས་སུ་མེད་པས་ན་ཕྱག དེ་ལས་མི་འདའ་བས་ན་རྒྱ། དེའི་གོང་ན་གཞན་མེད་པས་ན་ཆེན་པོའོ། །དེ་ཡང་སེམས་མ་བཅོས་པ་ཕྱག་རྒྱ་ཆེན་པོ་ཡིན། བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང༌། འཇུར་བུས་བཅིངས་པའི་སེམས་འདི་ནི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །བྲམ་ཟེས་སྐུད་པ་འཁེལ་བ་བཞིན། །རྣལ་འབྱོར་སེམས་ཉིད་ཀློད་ལ་བཞག །ཅེས་གསུངས། གང་མ་བཅོས་ན་སེམས་མ་བཅོས། སེམས་ཆོས་སྐུ་ཡིན་པས་གཞན་ཞིག་སྒོམ་ན་བཅོས་པ་ཡིན། སེམས་མ་བཅོས་ན་གསལ། ཆུ་མ་རྙོགས་ན་དྭངས། དེ་ལ་མ་བཅོས་པར་འཇོག་ལུགས་ནི། བཅས་བཅོས་མ་བྱེད་ལྷུག་པར་ཞོག །བལྟ་ཉུལ་མ་བྱེད་རང་དགར་ཞོག །ཡིད་ལ་མ་བསམ་མི་དམིགས་ཞོག །ཉམས་མྱོང་དང་རྟོགས་པ་གཅིག་ཏུ་མཆི། དེ་ལྟར་བསྒོམས་ན་ཉམས་མྱོང་དང་རྟོགས་པ་སྐྱེ་བས་ལམ་དུ་སློང་བའོ། །གལ་ཏེ་གེགས་བྱུང་ན། ཕྱི་ནང་གི་གེགས་དང༌། གྲིམ་དང་སྒྲིབ་པ་དང་གསུམ། ཕྱི་ཡི་གེགས། མི་དང་མི་མ་ཡིན་པས་ཏིང་ངེ་འཛིན་ལ་བར་དུ་གཅོད་པ་དང༌། ནང་གི་ཉོན་མོངས་པ་དང༌། རྣམ་རྟོག་གི་ཏིང་ངེ་འཛིན་ལ་སེམས་གནས་སུ་མི་གཏེར་བ་དང༌། གྲིབ་ནི་རྫ་མ་ནག་པོ་དང་འདྲ་སྟེ། གང་ཉེ་བ་ལ་དྲི་མ་འགོ་བ་བཞིན་དུ། མི་དམ་ཚིག་དང༌། སྡོམ་པ་ཉམས་པ་དང༌། སྡིག་པོ་ཆེའི་གྲིབ་དང༌། མི་འདྲེ་ཅན་དང༌། ནད་པ་དང༌། མཛེ་ཕོ་དང༌། རོ་དང༌། མི་གཙང་བའི་གྲིབ་ཀྱིས་ཏིང་ངེ་འཛིན་ལ་བར་དུ་གཅོད་པར་བྱེད་པ་དང༌། གཞན་ཡོན་ཏན་ལ་སྒྲིབ་པའི་བགེགས་ཐམས་ཅད་དོ། །སྒྲིབ་པ་གཉིས་ལ། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའོ། །ཉོན་མོངས་པའི་སྒྲིབ་པ་ནི། ཉོན་མོངས་ཉིད་རང་གིས་མ་རྟོགས་པས། རང་གིས་རང་སྒྲིབ་པ་དང༌། ཉོན་མོངས་ཀྱིས་སྒྲིབ་པ་ནི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་རྣམ་པར་སྨིན་པས་ལམ་དང་ལམ་གྱི་འབྲས་བུ་ལ་སྒྲིབ་པའོ། །ཤེས་བྱའི་སྒྲིབ་པ་ནི། གཉེན་པོ་ལ་ཞེན་པ་དང༌། འཁོར་གསུམ་གྱི་རྟོག་པས་ལམ་དང་འབྲས་བུ་ལ་སྒྲིབ་པའོ། །གསུམ་པ་བཅོས་ཐབས་ནི། ཕྱིའི་གེགས་ལ་བྱམས་པ་དང་སྙིང་རྗེ། བྱང་ཆུབ་ཀྱི་སེམས་བསྒོམ། ཁྱད་པར་དུ་མི་དང་མི་མ་ཡིན་ལ་སྲུང་བའི་འཁོར་ལོ་བསྒོམ། ནང་གི་རྣམ་རྟོག་སེམས་ཡིན། སེམས་ཕྱག་རྒྱ་ཆེན་པོ་ཡིན་པས་རྣམ་རྟོག་རང་སར་གྲོལ་བས་སེམས། ཉོན་མོངས་པ་ལ་གཉེན་པོ་སྒོམ་པའམ། ཉོན་མོངས་པ་ཡེ་ཤེས་ཡིན་པ་རྟོགས་པས་སེལ། མི་འདྲེ་ཅན་ལ་སོགས་པ་གྲིབ་ཅན་ལ་ནི། ལྟེ་བ་གཏུམ་མོའི་མེ་འབར་བས། ལུས་ཀྱི་ནང་ཐམས་ཅད་དུ་འཆར། བུ་ག་ཐམས་ཅད་དང་དབང་པོའི་སྒོ་ཐམས་ཅད་དུ་འབར་བ་ནི་སྲུང་བ་ཡིན་ལ། ཆུས་དྲི་མ་འཁྲུས་པ་ལྟར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམས་ནས་ཡེ་ཤེས་ཀྱི་བདུད་རྩི་ཕབས་པས་ལུས་ཀྱི་ནང་ཐམས་ཅད་ཁྲུས་བྱས་པས་སེལ། ཉོན་མོངས་ཀྱི་སྒྲིབ་པ་ནི། ཉོན་མོངས་པ་ཉིད་ཡེ་ཤེས་སུ་རྟོགས་པས་སྒྲིབ་མཁན་མ་གྲུབ་པས་སེལ། ཉོན་མོངས་པའི་སྒྲིབ་པ་ནི་སྣང་བ་རང་སེམས་སུ་རྟོགས་ཤིང་བསོད་ནམས་ཀྱི་ཚོགས་བསགས་པས་སེལ། ཤེས་བྱའི་སྒྲིབ་པ་རང་སེམས་ཆོས་སྐུར་རྟོགས་ཤིང་ཡེ་ཤེས་ཀྱི་ཚོགས་བསགས་པས་སེལ། སེམས་གཉིས་སུ་མེད་པ་ཚོགས་གཉིས་ཟུང་འབྲེལ་དུ་བསགས་པས་ལམ་དང་འབྲས་བུ་སྒྲིབ་པ་ཐམས་ཅད་སེལ། སེམས་ལམ་དུ་སློང་ན་ལམ་གྱི་ཡོན་ཏན་ནི་ལོ་ཀའི་ལམ་གྱི་སྐབས་སུ་དྲོད་སྐྱེ། ལོ་ཀ་ལས་འདས་པའི་ལམ་དུ་རྟགས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་ཞིང་ཡོན་ཏན་ཐམས་ཅད་རྫོགས་པའོ། །སེམས་ཀྱི་འབྲས་བུ་རྣམ་དག་གི་སྐུ་མངོན་དུ་བྱེད་པའོ། །སེམས་ཀྱི་གནད་ཅེས་པ་ནི། སེམས་ལ་གསུམ་སྟེ། སེམས་དང༌། སྣང་ལ་ལེན་པ་དང༌། སྣང་ལ་མི་ལེན་པའོ། །སེམས་ལ་བཞི། ཟག་པ་དང་བཅས་པའི་སྣང་བའི་ཡུལ་ལ་དངོས་པོར་ཞེན་པའི་ཐོགས་པ་དང༌། བཅས་པའི་གདོས་བཅས་དང༌། ཟག་པ་དང་བཅས་པའི་ཡིད་ཀྱི་སེམས་དང༌། ཟག་པ་མེད་པའི་སེམས་དང༌། ཡེ་ཤེས་ཀྱི་སེམས་དང་བཞིའོ། །དེ་ལ་ཟག་བཅས་ཀྱི་སེམས་ནི། སྣང་བ་ཡུལ་ལ་ཞེན་པས་ཐོབ་པ་དང་བཅས་པས་གདོས་བཅས་སོ། །དེ་ཡང་འཆི་ཙམ་ན་སྣང་བ་རིམ་གྱིས་ཐིམ་ནས་འབྲལ་རྒྱུ་ཅན་ཡིན་ནོ། །ཟག་པ་ནི་སྣང་བ་རང་སེམས་སུ་མི་འཛིན་པར་ཡུལ་དང་ཡུལ་ཅན་དུ་འཛིན་པའོ། །ཟག་པ་དང་བཅས་པའི་སེམས་ནི། རང་གིས་རང་ཉིད་ལ་ངའི་སེམས་སྙམ་དུ་འཛིན་པའོ། །ཤི་ནས་བར་དོར་འཁྱམས་པའི་དུས་སུ་ཡང་ངའི་སེམས་སྙམ་དུ་བར་དོའི་ལུས་བྱས་པ་ཡིན་པས་སོ། །ཟག་པ་ནི་ངའི་སེམས་སྙམ་དུ་རང་གིས་རང་ལ་ཞེན་ཅིང་ཆགས་པའོ། །ཟག་པ་མེད་པ་ནི་ཟག་བཅས་གཉིས་ཀྱིས་གང་དུ་ཡང་མི་དམིགས་པས་ཞེན་པ་དང་འཛིན་པ་མེད་པའོ། །ཡེ་ཤེས་ཀྱི་སེམས་ལ་གཉིས། ལམ་གྱི་དུས་སུ་ཏིང་ངེ་འཛིན་དང་ལྡན་པའི་སེམས་དང༌། འབྲས་བུའི་དུས་སུ་མྱ་ངན་ལས་འདས་པའི་སྐུར་སྣང་བའོ། །ཏིང་ངེ་འཛིན་གྱི་ཕྱི་རོལ་དུ་མུ་སྟེགས་བྱེད་ཀྱི་ཆད་པར་ལྟ་བ་ལ་ལམ་མེད། ཆད་པར་ལྟ་བ་ལ་རྡུལ་མུན་པ་སྙིང་སྟོབས་གསུམ་དུ་འདུ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་གང་ཟག་གི་བདག་མེད། སེམས་ཙམ་པ་དང༌། དབུ་མ་བ། སྒྱུ་མ། ཕ་རོལ་ཏུ་ཕྱིན་པས་གཉིས་མེད། གསང་སྔགས་སམ་གཟུགས་སམ་སོ་སོའི་ཏིང་ངེ་འཛིན་དུ་བསྒོམས་པའོ། །འབྲས་བུའི་དུས་སུ་རྣམ་དག་གི་སྐུ་མངོན་དུ་བྱེད་དོ། །གཉིས་པ་སྣང་ལ་ལེན་པ་ནི། རང་ལ་སེམས་ཡོད་པས་བརྣབ་སེམས། གནོད་སེམས། ལོག་པར་ལྟ་བ་གསུམ་གྱིས་ཡུལ་སེམས་ཅན་ཐམས་ཅད་ཀྱིས་མི་དགེ་བ་གསུམ་གྱི་ལས་བྱས་པས་ངན་སོང་གསུམ་དང༌། འཁོར་བའི་སྡུག་བསྔལ་ལེན་པའོ། །སེམས་ཀྱིས་མི་དགེ་བ་སྤངས། དགེ་བའི་ལས་བྱས་པས་དགེ་བའི་འབྲས་བུ་ལེན་པའོ། །སྣང་ལ་མི་ལེན་པ་ནི། ཡུལ་སེམས་ཅན་ལ་སེམས་ཀྱི་ལས་མ་བྱས་པས་གནས་སྐབས་ཉོན་མོངས་པ་མི་སྐྱེ་ལ། མཐར་ཐུག་འབྲས་བུ་མི་ལེན་པའོ། །གནད་བཞི་ནི་ལམ་གྱི་སྐབས་སུ་བཤད་ཟིན་ཏོ། །དེས་སེམས་ཀྱི་བཀའ་བཞི་བསྟན་ཟིན་ཏོ། །དེ་གསུམ་མ་འདྲེས་གཅིག་པ་སོ་སོའི་གནད། །ཅེས་པ་ནི། དེ་གསུམ་ནི་ལུས་ངག་ཡིད་གསུམ་མོ། མ་འདྲེས་པ་ནི་ལས་སོ་སོར་བྱེད་པའོ། །གཅིག་པ་ནི་ལུས་ལ་ལུས་ངག་ཡིད་གསུམ་དབྱེར་མེད་པར་གནས་པའོ། །སོ་སོའི་གནད་ནི་ལམ་ཡིན་ཏེ། ལུས་ལ་ཡང་གནད་བཞི། སེམས་ལ་ཡང་གནད་བཞི། རྟེན་འབྲེལ་བསྒྲིགས་བསྒྲིགས་པ་ཉམས་སུ་ལེན་པའོ། །བཀའ་བབས་བཞི་ཡི་གདམས་ངག་འདི། །ཞེས་པ་ནི། བཀའ་ལ་བཞི་ཡིན་ཏེ། བདེ་བར་གཤེགས་པ། བླ་མ་ཡི་དམ། མཁའ་འགྲོ་བཞི་ཡིན་ནོ། །དེ་ནི་བཀའ་བཞི་ཡིན་པ་ལ། བབས་པ་གདམས་ངག་ཆུ་བོ་དང་འདྲའོ། །བཀའ་བཞི་ཡུལ་གྱི་བྱིན་རླབས་དང༌། ཞེས་པ་ནི། ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་སྨོན་ལམ་སྟོན་པ་ནི། བཀའ་བཞི་ཡུལ་གྱི་བྱིན་རླབས་དང༌། མཁའ་འགྲོ་མ་ཡི་བྱིན་རླབས་ཀྱིས། །ཞེས་པ་ནི། དེ་དག་གི་བྱིན་རླབས་ཀྱིས་བདག་ལ་བཀའ་བབས་པའོ། །འགྲོ་ལ་ཕན་གདག་པའི་ཕྱིར་ལས་ཅན་གྱིས་སློབ་མ་རྣམས་ལ་གསུངས་པས། ཆོས་བརྒྱུད་ཆུ་བོའི་གཞུང་བཟུང་བས། འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བ་མ་སྟོང་གི་བར་དུ། ཆོས་འདི་རྒྱུན་ཆད་མེད་པ་ཡིས། མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་ནས། ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །ཅེས་པ་ནི་སྨོན་ལམ་མོ། བཟོད་པར་གསོལ་བ་ནི། གཞུང་ཚིག་གིས་ཤེས་སོ། །ཆོས་འདི་ཡི་གེར་བཀོད་པའི་རྒྱུ་མཚན་ལ་གསུམ་སྟེ། དུས་དང་གནས་དང་ཆོས། གང་གིས་གསུངས་ན། ཆོས་གང་གསུངས་ན་བཀའ་བཞིའི་གདམས་པ་གསུངས། གང་ལ་གསུངས་ན་ཆེད་དུ་བྱ་བའི་སློབ་མ་ལ་གསུངས། གང་གིས་གསུངས་ན་རས་པས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡི་གེར་བཀོད། མུན་པ་ཐམས་ཅད་སེལ་བར་བྱེད་པའི་ཉི་མའི་དཀྱིལ་འཁོར་ལྟ་བུ། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པའི་བཀའ་བཞིའི་ཆོས་ཀྱི་དོན་གསལ་བར་བྱེད་པའི་ཡིག་སྣ་འདི། རས་པས་གསལ་བར་བྱས་པས། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་སྐུ་ལྔ་ཐོབ་པར་ཤོག །རྫོགས་སོ།།

ལམ་རིམ་གསལ་བ།

བླ་མ་རྗེ་བཙུན་པ་རྣམས་དང༌། ཡི་དམ་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྤྱིར་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཐམས་ཅད་བསྡུ་ན་གསུམ་དུ་འདུ་སྟེ་གཞི་ལམ་འབྲས་བུའོ། །དང་པོ་ནི་ཁམས་རང་བཞིན་རྣམ་པར་དག་པ་ཞེས་ཀྱང་བྱ། བདེ་བར་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ། ཀུན་གཞི་ཞེས་ཀྱང་བྱ་སྟེ། དེ་མ་རྟོགས་པའི་དུས་ན་འཁོར་བའི་སྡུག་བསྔལ་གྱི་གཞིར་སྣང་ལ། རྟོགས་པའི་དུས་ན་དེ་ཉིད་མྱ་ངན་ལས་འདས་པར་སྣང་བའོ། །དེ་ལྟར་ཡིན་པ་ཡང་རྒྱུད་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་པ་དང༌། གཞན་ཡང་རྒྱུད་ལས། །རང་རིག་རང་གསལ་རྒྱ་མ་ཆད་པ་འདི། །ཀུན་གྱི་གཞི་དང་གསོན་པའི་རྒྱུར་གྱུར་པ། །གཟུང་བའི་བག་ཆགས་ཀུན་གཞིའི་མིང་དུ་སྣང༌། །ཞེས་པ་དང༌། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པ་ལ་སོགས་པ་གསུངས་སོ། །ལམ་ལ་གསུམ། ལམ་ཚོལ་བ་ལ་ཞུགས་པ་དང༌། ལམ་དངོས་ལ་ཞུགས་པ་དང༌། ལམ་ཆེན་པོ་ལ་ཞུགས་པའོ། །ལམ་ཚོལ་བ་ལ་ཞུགས་པ་ནི་ཕྱི་རོལ་མུ་སྟེགས་པའོ། །ལམ་དངོས་ལ་ཞུགས་པ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པའོ། །ལམ་ཆེན་པོ་ལ་ཞུགས་པ་ནི་འབྲས་བུ་རྡོ་རྗེའི་ཐེག་པའོ། །སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱི་ཞལ་ནས་ཀྱང༌། ལམ་ཚོལ་ཞུགས་དང་ལམ་ཞུགས་ལམ་ཆེན་ཞུགས། །ཞེས་གསུངས་སོ། །བྱེ་བྲག་ཏུ་ནང་པ་སངས་རྒྱས་པའི་ལམ་བགྲོད་ཚུལ་ལ་གཉིས། ཐུན་མོང་གི་ལམ་དང༌། ཁྱད་པར་གྱི་ལམ་མོ། དེ་ལ་ཐུན་མོང་གི་ལམ་ནི། ལམ་ལྔ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྦྱར་བའོ། །ལམ་ལྔ་ནི། ཚོགས་ལམ་དང༌། སྦྱོར་ལམ་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། མི་སློབ་པའི་ལམ་མོ། །དེ་ལ་ཚོགས་ལམ་དང་སྦྱོར་ལམ་གཉིས་ནི་བདེན་པ་མ་མཐོང་བའི་ཕྱིར་འཇིག་རྟེན་པའི་ལམ་ཡིན་ལ། མཐོང་ལམ་དང་སྒོམ་ལམ་དང༌། མི་སློབ་པའི་ལམ་གསུམ་ནི། ཆོས་ཉིད་ཀྱི་དོན་མངོན་དུ་གྱུར་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་ཞེས་བྱའོ། །ལམ་ལྔ་པོ་དེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྦྱོར་ན། དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དེ་ལྟར་ཆོས་བཞི་གསུམ་བཅུ་གཉིས་པོ་དེ་ནི་ཚོགས་ལམ་ཀྱི་ཆོས་ཡིན་ནོ། །དབང་པོ་ལྔ། སྟོབས་ལྔ། བཅུ་པོ་དེ་ནི་སྦྱོར་ལམ་གྱི་ཆོས་སོ། །དེ་མན་ཆད་ནི་འཇིག་རྟེན་པའི་ལམ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་མཐོང་བའི་ལམ་དང་སྦྱོར། འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་ལམ་དང་སྦྱོར། དེ་ལྟར་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་མཐར་ཕྱིན་པ་ནི་མཐར་ཕྱིན་གྱི་ལམ་ཞེས་པའམ་མི་སློབ་པའི་ལམ་ཞེས་བྱ་སྟེ། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྫོགས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་གསུམ་པོ་དེ་ལ་ས་བཅུར་རྩི་བ་ཡིན་ནོ། །ས་བཅུ་པོ་དེ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་སྦྱོར་བ་ཡིན། སའི་ཡོན་ཏན་བརྒྱ་ཕྲག་ལ་སོགས་པ་རྣམས་ནི་མདོ་སྡེ་ས་བཅུ་པའི་ནང་དུ་ལྟོས། ཁྱད་པར་ལ་གཉིས། མཚན་བཅས་ཀྱི་བཞེད་པ་དང༌། མཚན་མ་མེད་པའོ། །མཚན་བཅས་ཀྱི་དབང་དུ་བྱས་ན། རྗེ་བཱིར་ཝ་པས་༼བཞེད་༽ཀྱིས་འཁོར་ལོ་འཆམ་པ་འཇིག་རྟེན་པར་བཞེད་པ་དང༌། འཁོར་ལོ་བསྐོར་བ་འཇིག་རྟེན་ལས་འདས་པའི་ལམ་ཞེས་པའམ། དྲོད་ཀྱིས་བསྡུས་པའི་ལམ་དང༌། རྟགས་ཀྱིས་བསྡུས་པའི་ལམ་ཞེས་པའམ། ཡེ་ཤེས་འཇུག་རྟོགས་ཀྱི་ལམ་དང༌། རྣམ་རྟོག་འཇུག་རྟོགས་ཀྱི་ལམ་ཞེས་གསུངས་ཏེ། དོན་ལ་འཇིག་རྟེན་པའི་ལམ་དང༌། འཇིག་རྟེན་ལས་འདས་པའི་ལམ་གཉིས་ཡིན། དེ་ལ་ལམ་སྤྱི་ཡི་རྣམ་པར་བཞག་པ་ནི། ལམ་ཁྲིད་ལུགས་གསུམ། བགྲོད་ལུགས་གཉིས་སོ། །དེ་ལ་དང་པོ་ནི་རླུང་གི་ལམ་ཁྲིད། ཁམས་བདུད་རྩིའི་ལམ་ཁྲིད། རྩ་ཡི་གེའི་ལམ་ཁྲིད་དོ། །དེ་ལ་དང་པོ་ནི་འཇིག་རྟེན་པའི་ལམ་མན་ཆད་དུ། ཁམས་འདུས་པ་དང་པོ་ལ་གནོད་པ་སྐྱེལ་བའི་རླུང་གི་ལམ་ཁྲིད། བར་པ་ལ་ཕན་གནོད་མེད་པའི་རླུང་གི་ལམ་ཁྲིད། ཐ་མ་ལ་ཕན་འདོགས་པའི་རླུང་གི་ལམ་ཁྲིད་དེ། འཇིག་རྟེན་པའི་ལམ་ཆོད་དོ། །དེ་ནས་འཇིག་རྟེན་ལས་འདས་པའི་ལམ་ལ་ཟག་པ་མེད་པའི་རླུང་གི་ལམ་ཁྲིད། དེ་ནས་དབང་པོ་དེ་ལྔའི་རླུང་གི་ལམ་ཁྲིད། དེ་ནས་སྟོབས་ལྔའི་རླུང་གི་ལམ་ཁྲིད། དེ་ནས་སྲོག་དང་རྩོལ་བ་རབ་ཏུ་ཐིམ་པའི་རླུང་གི་ལམ་ཁྲིད། དེ་ནས་རླུང་གི་འགྲོས་ཐིམ་ནས་ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་འགྱུར་རོ། །གཉིས་པ་ཁམས་བདུད་རྩིའི་ལམ་ཁྲིད་ལ་ཡང༌། ཁམས་འདུས་པ་དང་པོ་ལ་ཁམས་དྭངས་སྙིགས་མ་ཕྱེད་པས་ལམ་ཁྲིད། བར་པ་ལ་ཅུང་ཟད་དྭངས་མས་ལམ་ཁྲིད། ཐ་མ་ལ་ཕར་ཆེར་དྭངས་མས་ལམ་ཁྲིད་དེ་འཇིག་རྟེན་པའི་ལམ་ཆོད་དོ། །དེ་ནས་འཇིག་རྟེན་ལས་འདས་པའི་ལམ་ལ། ཁམས་དྭངས་མས་ལམ་ཁྲིད། དེ་ནས་བདུད་རྩིའི་བཅུད་ཀྱིས་ལམ་ཁྲིད། དེ་ནས་ཁམས་དྭངས་མ་ཆེན་པོས་ལམ་ཁྲིད། དེ་ནས་དྭངས་མའི་དྭངས་མ་ཆེན་པོས་ལམ་ཁྲིད་ནས། དེ་ནས་བདུད་རྩིའི་འགྲོས་ཐིམ་ནས་དྭངས་མ་མཆོག་ཏུ་འགྱུར་རོ། །གསུམ་པ་རྩ་ཡི་གེའི་ལམ་ཁྲིད་པ་ཡང༌། ཁམས་འདུས་པ་དང་པོ་ལ་མ་ངེས་པའི་འཁྲུལ་སྣང་དུ་འཆར་བས་ལམ་ཁྲིད། གཉིས་པ་ལ་ངེས་པ་མཐོང་སྣང་དུ་འཆར་བས་ལམ་ཁྲིད། གསུམ་པ་ལ་ཤིན་ཏུ་ངེས་པ་གསལ་སྣང་དུ་འཆར་བས་ལམ་ཁྲིད། འཇིག་རྟེན་ལས་འདས་པའི་ལམ་ཆོད་དོ། །དེ་ནས་འཇིག་རྟེན་ལས་འདས་པའི་ལམ་ལ་ཡི་གེ་སྟོབས་ཅུང་ཟད་དག་པས་ལམ་ཁྲིད། དེ་ནས་ཡི་གེ་སྟོབས་ཕར་ཆེར་དག་པའི་ལམ་ཁྲིད། དེ་ནས་ཡི་གེས་འགྲོས་ཐིམ་པས་མི་ཤིགས་པའི་ཡི་གེར་འགྱུར་རོ། །ད་ནི་ལམ་བགྲོད་ལུགས་གཉིས་ལས། ལུང་སྒོ་བསྟུན་གྱི་དབང་དུ་བྱས་ནས། ལམ་ལྔ་ལྟར་ལམ་བགྲོད་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལྟར་ལམ་བགྲོད་དོ། །དང་པོ་ཕྱི་དབྱིབས་ཀྱི་ཚོགས་ལ་སོགས་པ་ཚོགས་ལམ་བཞི། སྦྱོར་ལམ་ལ་རྣམ་རྟོག་སྔོན་དུ་སོང་བ་ལ་སོགས་པ་དྲོད་གསུམ། ཕྱི་ནང་གི་རྩེ་མོ་གཉིས་མ་སྐྱེས་པའི་ཆོས་ལ་བཟོད་པར་དཀའ་བས་སྟོང་པ་ཉིད་ཀྱི་བཟོད་པ་གཅིག འཁོར་བའི་ཚོགས་ལས་འདས་པའི་ཆོས་མཆོག་དང༌། མྱ་ངན་ལས་འདས་པའི་ལམ། ཆོས་རྣམས་རྫོགས་པའི་ཆོས་མཆོག་གཉིས་ཏེ། དེ་ལྟར་ལམ་ཚོགས་སྦྱོར་གཉིས་ཀྱིས་འཇིག་རྟེན་པའི་ལམ་ཆོད་དོ། །འཇིག་རྟེན་ལས་འདས་པའི་ལམ་ལ། རྟགས་གསུམ་ཕྲག་དང་པོས་མཐོང་ལམ། རྟགས་གསུམ་ཕྲག་བཅུ་གཅིག་གིས་སྒོམ་ལམ། འགྲོས་བཞི་ཐིམ་པས་མཐར་ཕྱིན་གྱི་ལམ་མོ། གཉིས་པ་བྱང་ཆུབ་ཀྱི་ཆོས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལྟར་ལམ་བགྲོད་ནས། དང་པོ་རྫུ་འཕྲུལ་གྱི་རྐང་པ་བཞིས་སྣང་བ་དགྲར་ལངས་ཀྱི་གཉེན་པོར་འགྱུར། དེ་ནས་སྟོང་པ་དགྲར་ལངས་པ་ན་དྲན་པ་ཉེ་བར་བཞག་པ་བཞི། དེ་ནས་བདེན་པས་བརྒྱལ་ན་ཡང་དག་པར་སྤོང་བ་བཞི་སྟེ་བཅུ་གཉིས་ཀྱིས་འཇིག་རྟེན་པའི་ལམ་ཆོད་དོ། དེ་ནས་འཇིག་རྟེན་ལས་འདས་པའི་ལམ་ས་དྲུག་མན་ཆད་བྱང་ཆུབ་ཀྱི་ཡན་ལག་བདུན། ས་བཞི་ལ་དབང་པོ་ལྔ། ས་གཉིས་པ་ལ་སྟོབས་ལྔ། བཅུ་གསུམ་གྱི་ཕྱེད་ལ་བརྟེན་པ་རྣམ་པར་ཤེས་པ་བརྒྱད། འཕགས་པའི་ཡན་ལག་བརྒྱད་དོ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཉི་ཤུ་རྩ་ལྔས་འཇིག་རྟེན་ལས་འདས་པའི་ལམ་ཆོད་དོ། །དེ་ནི་ལམ་སྤྱི་ཡི་རྣམ་པར་བཞག་པའོ། །ཚོགས་ལམ་གྱི་ཆོས་བཞི་ནི། ཕྱི་དབྱིབས་ཀྱི་ཚོགས་ལམ། ལྷ་དང་བླ་མ་ཐ་དད་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ་མཆོད་པ་བྱ་བ་ནས་བཟུང་སྟེ། དབང་ལེན་པ་ནི་ཚོགས་ལམ། ནང་གསང་སྔགས་ཀྱི་ཚོགས་ལམ་སྟེ། ལྟེ་བའི་ནང་དུ་རླུང་སེམས་ཚོགས་པ་ནས་བཟུང་སྟེ་ཚོགས་ལམ། གསང་བ་དབང་གི་ཚོགས་ལམ་ཡུམ་གྱི་མཁར་རླུང་སེམས་ཚོགས་པ་ནས་བཟུང་སྟེ་ཚོགས་ལམ། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་ཚོགས་ལམ་སྟེ་དགྱེས་སོགས་པད་ཅན་བཅུ་མའི་མཆོག་གི་ཟེ་བར་རླུང་སེམས་ཚོགས་པ་ནས་བཟུང་སྟེ་ཚོགས་ལམ། མདོར་ན་ཏིང་ངེ་འཛིན་གྱི་རྒྱུ་སྐྱེ་བའི་རྒྱུ་ཚོགས་པ་ལ་ཚོགས་ལམ་ཞེས་བྱ་བར་བཞེད་དོ། །ལམ་དེས་དྲོད་དང་སྦྱོར་བར་གྱུར་ལ་དྲོད་ཆེ་འབྲིང་ཆུང་གསུམ་གྱི་བྱེ་བྲག་གིས་ཁམས་འདུས་པ་གསུམ་རིམ་གྱིས་སྟོབས་སུ་གྱུར་པས་འཇིག་རྟེན་ལས་འདས་པའི་ལམ་ལ་སྦྱོར་བས་སྦྱོར་ལམ་མོ། དེ་ནི་འཁོར་ལོ་འཆམ་པའི་འཇིག་རྟེན་པའི་ལམ་མདོ་ཙམ་ཞིག་གོ། རྒྱས་པར་ནི་གཞུང་ཉིད་དུ་ལྟོས། འཁོར་ལོ་བསྐོར་བ་འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་དབང་བཞིའི་དབང་སྐལ་གྱི་ས་ཚོམས་སུ་བཅད་ནས་ལམ་བགྲོད་པ་ཡིན་ཏེ། ས་དྲུག་བུམ་པའི་དབང་གི་ས། བཞི་གསང་དབང་གི་ས། གཉིས་ཤེས་རབ་ཡེ་ཤེས་ཀྱི་ས། ཕྱེད་བཞི་པའི་སའོ། །ཡང་དང་པོས་བསྐྱེད་རིམ་སྒོམ་པའི་ལམ་བསྟན། གཉིས་པས་བདག་བྱིན་གྱིས་བརླབས་པའི་ལམ་བསྟན། གསུམ་པས་དཀྱིལ་འཁོར་འཁོར་ལོའི་ལམ་བསྟན། བཞི་པས་རྡོ་རྗེ་དབའ་རླབས་ཀྱི་ལམ་བསྟན་ནོ། །ཡང་དང་པོས་སྤྲུལ་སྐུའི་ཞིང་ཁམས་ལ་དབང༌། གཉིས་པས་ལོངས་སྐུའི་ཞིང་ཁམས་ལ་དབང༌། གསུམ་པས་ཆོས་སྐུའི་ཞིང་ཁམས་ལ་དབང༌། བཞི་པས་ངོ་བོ་ཉིད་སྐུའི་ཞིང་ཁམས་ལ་དབང་བའོ། །ཡང་དང་པོས་ལུས་ཀྱི་དཀྱིལ་འཁོར་མངོན་དུ་གྱུར། གཉིས་པས་བྷ་གའི་དཀྱིལ་འཁོར་མངོན་དུ་གྱུར། གསུམ་པས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་དུ་གྱུར། བཞི་པས་དུས་གསུམ་བདེ་གཤེགས་བཅུད་འདུས་ཀྱི་དཀྱིལ་འཁོར་མངོན་དུ་འགྱུར་རོ། །ཡང་དང་པོའི་འཁོར་འདས་གཉིས་མེད་ཀྱི་གྲུབ་མཐའ་སྙོགས། གཉིས་པས་མ་འདྲེས་པ་ལ་ཡོངས་སུ་རྫོགས་པའི་གྲུབ་མཐའ་སྙོགས། གསུམ་པས་བདེ་སྟོང་རྒྱ་ཆུང་བའི་གྲུབ་མཐའ་སྙོགས། བཞི་པས་བདེ་སྟོང་རྒྱ་ཆེ་བའི་གྲུབ་མཐའ་སྙོགས་སོ། །དེ་ལྟར་དབང་བཞི་པོའི་ལམ་སྐལ་དེ་ཡང་རྟེན་འབྲེལ་ལྔར་སྦྱར་ཏེ། གང་ཞེ་ན། ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ནང་དང༌། གསང་བ་དང༌། དེ་ཁོ་ན་ཉིད་དང༌། མཐར་ཐུག་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ལ་རྟེན་འབྲེལ་ལྔ་དང༌། ནང་གི་རྟེན་འབྲེལ་གཉིས་ནི་བུམ་པའི་དབང་དང་སྦྱར་ལ། ལྷག་མ་གསུམ་ནི་ལྷག་མ་གསུམ་དང་སྦྱར་རོ། །དེ་ལ་དབང་བཞིའི་ལམ་སྐལ་རེ་རེ་ལ་ཡང་ཡོན་ཏན་གྱི་རྟགས་གསུམ་གསུམ་སྟེ་གང་ཞེ་ན། དེ་ཁོ་ན་ཉིད་ཀྱི་རྟགས་ཀྱི་རྟགས་དང༌། ནང་རྟགས། ཕྱི་རྟགས་སོ། །རྟགས་དེ་གསུམ་ཚུལ་ཇི་ལྟར་འཆར་ཞེ་ན། དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་འཆར། ནང་རྟགས་རླུང་ལ་འཆར། ཕྱི་རྟགས་ཐིག་ལེ་ལ་འཆར། དེ་ལ་བུམ་དབང་གིས་བསྡུས་པའི་ས་དྲུག་ལ་ས་དང་པོ་དེ་ཁོ་ན་ཉིད་ཀྱི་རྟགས་ནི། ལུས་ཀྱི་དཀྱིལ་འཁོར་སྤྲུལ་ཞིང་སྤྲུལ་སྐུའི་ཞིང་ཁམས་བརྒྱ་ཉུལ། སྤྲུལ་སྐུ་བརྒྱ་ལ་ཆོས་ཉན། འཇིག་རྟེན་བརྒྱ་ལ་མར་ཆོས་འཆད། ཏིང་ངེ་འཛིན་མི་མཐུན་པ་བརྒྱ་བཀྱེ། སྦྱིན་པ་མི་འདྲ་བ་བརྒྱ་འགྱེད། ཐེ་ཚོམ་བརྒྱ་གཅོད། འོད་ཟེར་བརྒྱ་འགྱེད་པ་སྟེ། དེ་ལྟར་ཡོན་ཏན་བརྒྱ་ཕྲག་བདུན་ནོ། །དེ་ལ་སོགས་པའི་ཡོན་ཏན་བཅོ་བརྒྱད་འཆར་རོ། །ནང་རྟགས་རླུང་གི་འགགས་ཚུལ་དང༌། ཕྱི་རྟགས་ཐིག་ལེ་བརྟན་ཚུལ་རྣམས་གཞུང་ཉིད་དུ་ལྟོས། དེ་ཁོ་ན་ཉིད་ཀྱི་རྟགས་ཡོན་ཏན་བརྒྱ་ཕྲག་བདུན་པོ་དེས་ས་གཉིས་པ་ལ་སྟོང་འགྱུར། གསུམ་པ་ལ་ཁྲི་འགྱུར། བཞི་པ་ལ་འབུམ་འགྱུར། ལྔ་པ་ལ་ས་ཡའི་འགྱུར། དྲུག་པ་ལ་བྱེ་བའི་འགྱུར་རོ། །གསང་དབང་གི་བསྡུས་པའི་ས་བཞི་ལ། དང་པོ་ས་བདུན་པ་ལ་ལོངས་སྐུའི་ཞིང་ཁམས་དུང་ཕྱུར་ཉུལ་བ་ལ་སོགས་པས་གོང་མ་རྣམས་ལ་ཡང་འོག་མའི་འགྱུར་གྱིས་ཤེས་པར་བྱའོ། །དབང་གསུམ་པ་དང་བཞི་པའི་དེ་ཁོ་ན་ཉིད་ཀྱི་རྟགས་ནི་གྲངས་ཅན་དུ་མེད་དེ་གཞུང་ཉིད་དུ་ལྟོས། དེ་རྣམས་ནི་དེ་ཁོ་ན་ཉིད་ཀྱི་རྟགས་མདོར་བསྡུས་པ་སྟེ། རྒྱས་པར་ནི་གཞུང་དུ་ལྟོས། ནང་རྟགས་དང་ཕྱི་རྟགས་ནི། ས་དང་པོ་ལ་ནང་རྟགས་རླུང་སོ་གཅིག་འགགས། ཕྱི་རྟགས་གནས་ཕྱེད་ཐིག་ལེས་བརྟན། ས་དྲུག་མན་ཆད་ལ་ནང་རྟགས་རླུང་སོ་དྲུག་འགགས། ཕྱི་རྟགས་གསང་གནས་ལྟེ་བ་སྙིང་ཁ་མན་ཆད་ཐིག་ལེ་བརྟན། ས་བདུན་པ། བརྒྱད་པ། དགུ་པ། བཅུ་པ་མན་ཆོད་ལ། ནང་རྟགས་རླུང་སོར་བཅུ་འགགས། ཕྱི་རྟགས་མགྲིན་པ། སྨིན་མཚམས་མན་ཆད་ཐིག་ལེ་བརྟན། ས་བཅུ་གཅིག །བཅུ་གཉིས་པ་ལ་ནང་རྟགས་སོར་བཅུ་གཉིས་འགགས། ཕྱི་རྟགས་སྤྱི་གཙུག་ཧཾ་ལ་ཐིག་ལེ་བརྟན། ས་བཅུ་གསུམ་གྱི་ཕྱེད་ལ་ནང་རྟགས་སྲོག་ཨ་ཝ་དྷཱུ་ཏིར་འཇུག ཕྱི་རྟགས་གཙུག་ཏོར་ཕྱེད་ཐིག་ལེ་བརྟན། ས་བཅུ་གསུམ་ཐོབ་ཀར་ས་བཅུ་མ་ཡིད་ཀྱིས་བཀུག་སྟེ། སློབ་དཔོན་དུས་གསུམ་བདེ་གཤེགས་བཅུད་འདུས་ཡི་དམ་ལྷ་དང་བླ་མ་དབྱེར་མེད་པས། འབྲས་བུའི་དབང་བསྐུར་བའི་དུས་ཚོད་དུ། ནང་རྟགས་སྲོག་རྩོལ་ཨ་ཝ་དྷཱུ་ཏིར་འགགས། ཕྱི་རྟགས་གཙུག་ཏོར་ཧཾ་ལ་ཐིག་ལེ་བརྟན། ཕྱི་ནང་གི་རྟེན་འབྲེལ་འགྲིགས་པས་འགྲོས་བཞི་ཐིམ། རྟེན་རྣམ་པར་དག་པས་བརྟེན་པ་ངོ་བོ་ཉིད་ཤིན་ཏུ་རྣམ་པར་དག་པ་ལྷུན་གྱིས་གྲུབ་པའི་སྐུ་ཐོབ་སྟེ། འཁོར་ཚོམ་བུ་གཅིག་སངས་རྒྱས་པར་བཤད་དོ། །དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལེའུ་སུམ་ཅུ་སོ་དྲུག་པ་དང༌། སོ་དགུ་པ་དང༌། ལྔ་བཅུ་ཐམ་པ་གསུམ་གྱིས་དམ་ཚིག་ཕྱག་རྒྱ་ས་བཅུ་གཉིས་ཀྱི་ལམ་སློང་བསྟན་ཏེ། དེའི་དགོངས་པ་སློབ་དཔོན་ཆེན་པོ་བས་བཀྲོལ་བ་འདི་ལ་དོན་ལྔ་སྟེ། བསྐྱེད་པའི་རིམ་པའི་གདམས་ངག་དང༌། དེ་གོམས་པའི་ཚད་དང༌། རྫོགས་པའི་རིམ་པར་གྱུར་པ་དང༌། བསྐྱེད་རྫོགས་ཀྱི་རྟགས་དང༌། དེ་ལམ་དུ་འགྲོ་བའི་ཚུལ་ལོ། །དེ་ལ་དང་པོ་བཞི་ནི་གཞུང་དུ་ལྟོས། འདིར་ལམ་དུ་གྲོལ་བའི་དབང་དུ་བྱས་ན་ལྔ་སྟེ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་མོ། །དང་པོ་སྒྲུབ་པ་པོ་རབ་འབྲིང་གསུམ་གྱིས་ཚོགས་ལམ་རྒྱུད་ལ་སྐྱེ་ལུགས་གསུམ་སྟེ། རབ་ཀྱིས་སྣོད་བཅུད་གཞལ་ཡས་ཁང༌། ལྷ་དང་ལྷ་མོར་མཐོང་སྟེ། ཡི་དམ་ལྷ་ཡི་ཞལ་མཐོང་བར་འགྱུར་ཏེ། བླ་མའི་མན་ངག་གིས། ཡི་དམ་གྱི་ལྷ་ཡིན་མིན་བརྟགས་པ་བྱས་ནས། ཡི་དམ་ལྷ་ཡིན་ནས་ཞལ་མཐོང་ན་ཚོགས་ལམ་ཆེན་པོར་བཤད་དོ། །འབྲིང་དང་ཐ་མ་གཉིས་ནི་འདིར་མ་སྨོས་སོ། །དེ་ནས་འཇིག་རྟེན་པའི་ལམ་མོ། དེ་ནི་འཇིག་རྟེན་ལས་འདས་པའི་ལམ་ནི་ཧེ་རུ་ཀ་ཡི་གནས་བཅུ་ས་བཅུ་དང་སྦྱར་ལ་ཤེས་པར་བྱའོ། །ཧེ་རུ་ཀ་ཡི་གནས་བཅུ་ནི། གནས་དང་ཉེ་བའི་གནས་གཉིས། ཞིང་དང་ཉེ་བའི་ཞིང་གཉིས། ཚན་དྷོ་དང་ཉེ་བའི་ཚན་དྷོ་གཉིས། འདུ་བ་དང་ཉེ་བའི་འདུ་བ་གཉིས། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་གཉིས། དེ་ལྟར་གནས་བཅུའོ། །ས་བཅུ་ནི་གོ་སླའོ། །དེ་ལ་དང་པོ་མཐོང་ལམ་རྒྱུད་ལ་སྐྱེ་བ་ནི། གཏུམ་མོ་བསྒོམས་པས་ལུས་ལ་ཡེ་ཤེས་ཆེན་པོའི་མེ་འབར་བས་སྤྱི་བོའི་ཧྃ་ལ་ཕོག་དེ་བཞུས། སྤྱི་བོ་དང་སྤྱི་གཙུག་དང༌། རྣ་བ་གཡས་དང༌། ལྟག་རྒྱབ་བཞི་ཀུན་རྫོབ་ཀྱི་ཐིག་ལེས་གང་གནས་སོ། །ཟག་བཅས་ཀྱི་རླུང་བརྒྱད་བརྒྱ་འགགས་ཏེ་ས་རི་དབང་དུ་བྱས་ན། ས་དང་པོ་རབ་ཏུ་དགའ་བའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བས་ཆོས་ཉིད་དོན་དམ་པའི་བདེན་པ་མཐོང་ཞེས་བྱ། བླ་ན་མེད་པའི་བྱང་ཆུབ་ལ་ཉེ་ཞིང་སེམས་ཅན་གྱི་དོན་དཔག་མེད་འགྲུབ་པ་མཐོང་བས་དགའ་བ་རླབས་པོ་ཆེ་སྐྱེས་པས། ས་དང་པོ་རབ་ཏུ་དགའ་བའི་ས་ཞེས་བྱའོ། །དེ་ལ་སོགས་པའི་ཡོན་ཏན་རྣམས་འདིར་མ་སྨོས་གཞུང་དུ་ལྟོས། སྒོམ་ལམ་རྣ་བ་གཡོན་པ་དང༌། དཔྲལ་མདོ་དང་མིག་གཉིས་དང༌། མགུལ་པའི་རྩ་བ་དང་བཞི་ཀུན་རྫོབ་ཀྱི་ཐིག་ལེས་གང༌། ཉེ་བའི་གནས་ཏེ་ས་གཉིས་པ་དྲི་མ་མེད་པའོ། །མཆན་ཁུང་དང༌། ནུ་མའི་བར་གཉིས་ཀུན་རྫོབ་ཐིག་ལེས་གང་བའི་ཞིང་སྟེ་ས་གསུམ་པ་འོད་བྱེད་པའོ། །ལྟེ་བ་དང་སྣའི་རྩེ་མོ་གཉིས་ཐིག་ལེས་གང་དེ་ཉེ་བའི་ཞིང་སྟེ་ས་བཞི་པ་འོད་འཕྲོ་བའོ། །ཁ་དང་མགུལ་པ་གཉིས་ཐིག་ལེས་གང་བ་ཚན་དྷོ་ཧ་ཏེ་ས་ལྔ་པ་སྦྱང་དཀའ་བའོ། །སྙིང་ག་དང་རྟགས་ཀྱི་རྩ་བ་ཐིག་ལེས་གང་བ་ཉེ་བའི་ཚན་དྷོ་ཧ་ཏེ། ས་དྲུག་པ་མངོན་དུ་གྱུར་པའོ། །རྟགས་ཀྱི་རྩེ་མོ་དང་བཤང་ལམ་གཉིས་ཐིག་ལེས་གང་བ་འདུ་བ་སྟེ་ས་བདུན་པ་རིང་དུ་སོང་བའོ། །བརླ་དང་བྱིན་པ་གཉིས་གང་བ་ཉེ་བའི་འདུ་བ་སྟེ་ས་བརྒྱད་པ་མི་གཡོ་བའོ། །རྐང་པའི་བོལ་གཉིས་དང༌། སོར་མོ་རྣམས་ཐིག་ལེས་གང་བ་དུར་ཁྲོད་དེ་ས་དགུ་པ་ལེགས་པའི་བློ་གྲོས་སོ། །རྐང་པའི་མཐེ་བོང་གཉིས་དང༌། སྒྱིད་ཁུང་གཉིས་ཐིག་ལེས་གང་བ་ཉེ་བའི་དུར་ཁྲོད་དེ་ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །ས་བཅུ་པའི་རྒྱུན་གྱི་ཐ་མ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་སྟེ་ཆོས་ཀྱི་སྐུ་འབྱུང་ངོ༌། །སྙིང་ག་མན་ཆད་བྱང་ཆུབ་ཀྱི་ཐིག་ལེ་བརྟན་པས་མའི་ཁྲག་རྐང་འོག་ཏུ་ཉི་མའི་དཀྱིལ་འཁོར་དུ་སོང༌། ཕའི་ཆ་སྤྱི་བོར་ཟླ་ཚེས་སུ་གྱུར། ལུས་ཡེ་ཤེས་སུ་གྱུར་ནས་ཟག་མེད་ཀྱི་རླུང་སྟོང་བརྒྱད་བརྒྱ་འགགས་ཏེ་ས་བཅུ་གཅིག་ཀུན་ཏུ་འོད་ཐོབ། སྤྱི་བོ་ཡན་ཆད་དོན་དམ་པའི་ཐིག་ལེ་བརྟན་པས་ཟག་མེད་ཀྱི་རླུང་སྟོང་བརྒྱད་བརྒྱ་འགགས། དེ་མན་ཆད་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཧྲིལ་གྱིས་འགགས། ས་བཅུ་གཉིས་རྡོ་རྗེ་འཛིན་པའི་ས་ཐོབ་བོ། །མི་སློབ་པའི་ལམ་ནི་སྐུ་བཞི་ཡེ་ཤེས་ལྔ་རོ་གཅིག་ཏུ་གྱུར་པའི་སངས་རྒྱས་ལ་བཅུ་གསུམ་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་ས་ཞེས་མིང་བཏགས་སོ། །ཕ་རོལ་ཏུ་ཕྱིན་པ་ལ་ས་བཅུ་ལས་མེད་པ་ལ་གསང་སྔགས་ལ་ས་བཅུ་གཉིས་ཡོད་པ་ཅི་སྟེ་ཞེ་ན། ཉོན་མོངས་པའི་རྟེན་འབྲེལ་བཅུ་གཉིས་སྤོང་བ་དང༌། ཀུན་རྫོབ་ཐིག་ལེ་འགགས་པའི་གནས་བཅུ། དོན་དམ་པའི་ཐིག་ལེ་འགགས་པའི་གནས་གཉིས་ཏེ་བཅུ་གཉིས་ཏེ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཟག་བཅས་ཀྱི་རླུང་སྟོང་བརྒྱད་བརྒྱ་བ་ཕྲག་བཅུ། ཟག་མེད་ཀྱི་རླུང་སྟོང་བརྒྱད་བརྒྱ་བ་ཕྲག་གཉིས་འགགས་པས་ཀྱང་ས་བཅུ་གཉིས་འབྱུང་ངོ༌། །མཚན་མེད་ཕྱག་རྒྱ་ཆེན་པོ་ལ་གཉིས། རིམ་གྱིས་འཇུག་པ་དང༌། གཅིག་ཆར་དུ་འཇུག་པའོ། །རིམ་གྱིས་འཇུག་པའི་དབང་དུ་བྱས་ན། དྭགས་པོ་རིན་པོ་ཆེས་བཞེད་པ། རྣལ་འབྱོར་རྣམ་པ་བཞིར་གསུངས། རྗེ་བྲམ་ཟེ་ཆེན་པོའི་བཞེད་པས་ཏིང་ངེ་འཛིན་བཞིར་གསུངས། རྣལ་འབྱོར་བཞི་ནི། རྩེ་གཅིག་གི་རྣལ་འབྱོར། སྤྲོས་བྲལ་གྱི་རྣལ་འབྱོར། རོ་གཅིག་གི་རྣལ་འབྱོར། སྒོམ་མེད་ཀྱི་རྣལ་འབྱོར་རོ། །དེ་བཞི་ལམ་ལྔ་དང་དོན་བཞི་སྟེ། ཚོགས་ལམ་དང༌། སྦྱོར་ལམ་གཉིས་རྩེ་གཅིག་གི་རྣལ་འབྱོར་དང་དོན་གཅིག མཐོང་ལམ་དང་སྤྲོས་བྲལ་རྣལ་འབྱོར་དོན་གཅིག སྒོམ་ལམ་དང་རོ་གཅིག་གི་རྣལ་འབྱོར་དོན་གཅིག་སྟེ། མི་སློབ་པའི་ལམ་དང་སྒོམ་མེད་ཀྱི་རྣལ་འབྱོར་དོན་གཅིག་གོ །བྲམ་ཟེ་ཆེན་པོའི་བཞེད་ཀྱི་༼པའི་༽ཏིང་ངེ་འཛིན་བཞི་ནི། དྲན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང༌། དྲན་མེད་སེངྒེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་དང༌། སྐྱེ་མེད་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། བློ་འདས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །གཅིག་ཆར་བ་ལ་གཉིས། དྲང་བའི་དོན་དུ་ཡོད་པར་བསྟན་པ་དང༌། ངེས་པའི་དོན་དུ་མེད་པར་བསྟན་པའོ། །དང་པོའི་དོན་ནི། ས་ནི་དང་པོ་རབ་དགའ་ལ། །རྟེན་ནི་སྦྱིན་པའི་ཕ་རོལ་ཕྱིན། །དཔེ་ནི་ཟད་མེད་གཏེར་དང་འདྲ། རྩལ་ནི་མ་རིག་ཟིལ་གྱིས་གནོན། །ས་ནི་གཉིས་པ་དྲི་མེད་ལ། །རྟེན་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །དཔེ་ནི་རིན་ཆེན་མྱུ་གུ་འདྲ། །རྩལ་ནི་རང་རིག་ཡེ་ཤེས་གསལ། །ས་ནི་གསུམ་པ་འོད་འཕྲོ་བ། །རྟེན་ནི་བཟོད་པའི་ཕ་རོལ་ཕྱིན། དཔེ་ནི་རྒྱ་མཚོ་ཆེན་པོ་འདྲ། །རྩལ་ནི་ཉོན་མོངས་རྩད་ནས་བརླག །ས་ནི་བཞི་པ་འོད་བྱེད་པ། །རྟེན་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །དཔེ་ནི་རྡོ་རྗེ་ཕ་ལམ་འདྲ། རྩལ་ནི་བག་ཆགས་ཞེན་པ་འཇོམས། །ས་ནི་ལྔ་པ་སྦྱངས་དཀའ་བ། །རྟེན་ནི་བསམ་གཏན་ཕ་རོལ་ཕྱིན། །དཔེ་ནི་རི་བོ་མཐོན་པོ་འདྲ། །རྩལ་ནི་བྱིང་རྒོད་སྐྱོན་དང་བྲལ། །ས་ནི་དྲུག་པ་མངོན་གྱུར་པ། །རྟེན་ནི་ཤེས་རབ་ཕ་རོལ་ཕྱིན། དཔེ་ནི་མ་གི་སྨན་དང་འདྲ། །རྩལ་ནི་རང་རིག་ལྷག་མཐོང་རྫོགས། །ས་ནི་བདུན་པ་རིང་སོང་ལ། །རྟེན་ནི་ཐབས་ཀྱི་ཕ་རོལ་ཕྱིན། །དཔེ་ནི་དགེ་བའི་བཤེས་གཉེན་འདྲ། །རྩལ་ནི་དུག་ལ་སྨན་དུ་བསྒྱུར། །ས་ནི་བརྒྱད་པ་མི་གཡོ་ལ། །རྟེན་ནི་སྨོན་ལམ་ཕ་རོལ་ཕྱིན། །དཔེ་ནི་ཡིད་བཞིན་ནོར་བུ་འདྲ། །རྩལ་ནི་འཇིག་རྟེན་ཆོས་བརྒྱད་བྲལ། །ས་ནི་དགུ་པ་ལེགས་བློ་གྲོས། །རྟེན་ནི་སྟོབས་ཀྱི་ཕ་རོལ་ཕྱིན། །དཔེ་ནི་ཉི་མའི་སྙིང་པོ་འདྲ། །རྩལ་ནི་ལོག་ལྟ་དབྱིངས་སུ་སྒྲོལ། །ས་ནི་བཅུ་པ་ཆོས་ཀྱི་སྤྲིན། །རྟེན་ནི་ཡེ་ཤེས་ཕ་རོལ་ཕྱིན། །དཔེ་ནི་ཚངས་པའི་དབྱངས་དང་འདྲ། །རྩལ་ནི་སྒྲིབ་དག་ཐམས་ཅད་མཁྱེན། །དེ་དག་ཕ་རོལ་ཕྱིན་བཅུ་ཡང༌། །ངོ་བོ་ཐིག་ལེ་གཅིག་ཏུ་འདུས། །གདུལ་བྱའི་རིམ་པ་བཅུ་བསྟན་པ། ཡང་དག་ཡེ་ཤེས་ངོ་བོ་ཉིད། ཡང་དག་དོན་གྱི་ངོ་བོ་ལ། ལམ་གྱི་དབྱེ་བ་མེད་མོད་ཀྱང༌། རྣལ་འབྱོར་བློ་ཡི་རིམ་པ་ལ། ཐེག་པའི་བྱེ་བྲག་ཐ་དད་པས། ལམ་ལྔ་དབྱེ་བ་གཅིག་ཏུ་རྫོགས། ངེས་པའི་དོན་ལ་བགྲོད་དུ་མེད་པར་བསྟན་པ་ནི། ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་རབ་ཏུ་མི་གནས་པའི་རྒྱུད་ཀྱི་རྒྱལ་པོ་ལས། རྡོ་རྗེ་སེམས་དཔས་གསོལ་བ། ཀྱཻ་བཅོམ་ལྡན་འདས། ས་རྫོགས་པར་བྱ་བ་ཉིད་དམ། མ་རྫོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱཻ་རྡོ་རྗེ་སེམས་དཔའ། ས་དང་པོ་རབ་ཏུ་དགའ་བ་ནི། མི་སྤངས་ཤིང༌། མི་ལེན་ཏེ། ངོ་བོ་ཉིད་ཀྱིས་ཡོངས་སུ་རྫོགས་པའོ། །དེ་བཞིན་དུ་ས་གཉིས་པ་དྲི་མ་མེད་པ་དང༌། ས་གསུམ་པ་འོད་འཕྲོ་བ་དང༌། ས་བཞི་པ་འོད་བྱེད་པ་དང༌། ས་ལྔ་པ་སྦྱང་དཀའ་བ་དང༌། ས་དྲུག་པ་མངོན་དུ་གྱུར་པ་དང༌། ས་བདུན་པ་རིང་དུ་སོང་བ་དང༌། ས་བརྒྱད་པ་མི་གཡོ་བ་དང༌། ས་དགུ་པ་ལེགས་པའི་བློ་གྲོས་དང༌། ས་བཅུ་པ་ཆོས་ཀྱི་སྤྲིན་དང༌། ས་བཅུ་གཅིག་ཀུན་ཏུ་འོད་དང༌། ས་བཅུ་གཉིས་ཆགས་པ་དང་བྲལ་བ་པདྨ་ཅན་གྱི་ས་དང༌། ས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཡི་བར་དུ་ནི་མི་སྤངས་མི་ལེན་ཏེ། ངོ་བོ་ཉིད་ཀྱིས་ཡོངས་སུ་རྫོགས་པའོ། །རྡོ་རྗེ་སེམས་དཔས་གསོལ་པ། ཀྱཻ་བཅོམ་ལྡན་འདས། ས་ཡོངས་སུ་རྫོགས་པ་དེ་དག་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ནི་ས་ཡོངས་སུ་སྦྱང་བའོ། །རྡོ་རྗེ་སེམས་དཔས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སྦྱང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གདོད་ནས་དག་པའི་དེ་བཞིན་ཉིད། །བྱང་ཆུབ་ནམ་མཁའི་མཚན་ཉིད་ཅན། །ཀུན་རྟོག་ཐམས་ཅད་ལེགས་སྤངས་འདིར། །ཁྲུས་དང་གཙང་སྦྲ་དཀའ་ཐུབ་དང༌། །དཀའ་སྤྱད་ཐམས་ཅད་སྤངས་ནས་ནི། །འཁོར་བ་མྱང་འདས་གཉིས་མེད་སྒྲུབ། །བདེ་བ་ལྡན་ཕྱིར་རབ་དགའི་ས། མཐའ་དང་བྲལ་བས་དྲི་མ་མེད། །མྱོང་བ་ཉིད་ཀྱིས་འོད་བྱེད་ཡིན། །སྣ་ཚོགས་རྩ་བར་འོད་འཕྲོར་འགྱུར། །མ་རྟོགས་རྣམས་ལ་སྦྱང་དཀའ་བས། །མ་བཅོས་པ་ཡིས་མངོན་དུ་བྱེད། །གོམས་པས་འཁོར་བ་ལ་རིང་འགྱུར། །ངོ་བོ་གཅིག་ཕྱིར་གཡོ་བ་མེད། །རྟོགས་པས་སངས་རྒྱས་ལེགས་བློ་གྲོས། །སྣ་ཚོགས་ལོངས་སྤྱོད་ཆོས་ཀྱི་སྤྲིན། །ལུས་ཀུན་ལ་གནས་ཀུན་ཏུ་འོད། །སྒྲོ་སྐུར་བྲལ་བས་པདྨ་ཅན། །སྐུ་བཞི་དབྱེར་མེད་རྡོ་རྗེ་འཛིན། །ས་སྦྱངས་ནས་ནི་རྣལ་འབྱོར་པ། །ས་དགའ་ལ་ཡང་གནས་མི་བྱེད། །ཅེས་གསུངས་སོ། །གསང་སྔགས་ཀྱི་རྣལ་འབྱོར་པས། ཚེ་འདི་ཉིད་ལ་ལམ་ལྔ་ཇི་ལྟར་མངོན་དུ་བྱེད་སྙམ་ན། ཡེ་ཤེས་སྒྲོན་མ་གསང་བ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། ཚོགས་ལམ་བླ་མ་མཚན་ལྡན་ལ། །མཉེས་པ་གསུམ་གྱིས་མཆོད་པ་འབུལ། །སྦྱོར་ལམ་བླ་མའི་གདམས་ངག་གིས། །ཞི་གནས་ལྷག་མཐོང་རྒྱུད་ལ་སྦྱང༌། །མཐོང་ལམ་སྤྱན་ནི་དག་པ་ཡིས། །རང་སེམས་སྐྱེ་མེད་མཐོང་བར་བྱ། །སྒོམ་ལམ་ཏིང་འཛིན་རྣམ་གསུམ་གྱིས། །གཉུག་མའི་ཡིད་ལ་གོམས་པར་བྱ། །མཐར་ཕྱིན་ཉེས་པ་གཉིས་ཟད་པས། །ཆོས་རྣམས་ཟད་སར་སྐྱོལ་བར་བྱ། །མཐར་ལམ་ཚོལ་ལ་ལམ་འདིར་ཤོག །ཅེས་གསུངས་སོ། །ས་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེས་པ་ལ་རྟག་བསྟན་རྒྱུ་མི་སྣང་སྙམ་ན། དེའི་འཐད་པ་དང་བཅས་པ་ནི། བྲམ་ཟེ་ཆེན་པོས་དོ་ཧ་སྐོར་གསུམ་དུ་ཞིབ་ཏུ་བཤད་པ་དང༌། ཞང་རིན་པོ་ཆེས་ལམ་མཆོག་མཐར་ཐུག་གསུངས་པའི་ནང་ལ་ལྟོས། འབྲས་བུ་ནི་སྐུ་གསུམ་དང་ཡེ་ཤེས་གཉིས་མངོན་དུ་བྱེད་དོ། །དེ་ལས་བྱུང་བའི་དགེ་བ་ཅི་མཆིས་པ། །མ་རིག་འཁྲུལ་པས་མནར་བའི་སེམས་ཅན་རྣམས། །ཡང་དག་དོན་གྱི་བླ་མ་རྙེད་གྱུར་ཏེ། །ས་ལམ་མཐར་ཕྱིན་སྐུ་གསུམ་མངོན་གྱུར་ཤོག །ལམ་རིམ་གསལ་བ་ཞེས་བྱ་བ། ཏི་ཤྲི་རས་པས་མཛད་པ་རྫོགས་སོ། །དགེའོ།།

ཞུས་ལེན་ཡེ་ཤེས་འོད།

བཀའ་དང་བསྟན་བཅོས་མན་ངག་གི། །བརྗོད་བྱ་རྗོད་བྱེད་ཚིག་དོན་རྣམས། །དགོངས་པ་མ་ལུས་མཁྱེན་པ་ཡི། །བླ་མ་དམ་པའི་ཞབས་ལ་འདུད། །རྒྱུ་དང་ལམ་དང་འབྲས་བུ་ཡི། །སེམས་ཅན་རྒྱུད་ལ་གནས་པའི་ཆོས། །སྐྱོན་སྤངས་ཡོན་ཏན་རྫོགས་མཛད་པའི། །ཟབ་ཆོས་འགྲོ་བའི་དོན་དུ་བྲི། །སྔོན་སྦྱངས་བསོད་ནམས་བསགས་པ་ཡིས། །དལ་འབྱོར་མི་ལུས་རིན་ཆེན་ཐོབ། །བླ་མ་རིན་ཆེན་རྣམས་དང་མཇལ། །ཐོས་བསམ་སྒོམ་གསུམ་ཡོན་ཏན་སྦྱངས། །སྡོམ་པ་གསུམ་གྱི་རྟེན་དང་ལྡན། །བྱང་ཆུབ་སེམས་ཀྱི་གཞི་བྱས་ནས། །བསྐྱེད་རྫོགས་གཉིས་ལ་བརྟན་པ་ཡིས། །འབྲས་བུ་རང་གཞན་དོན་རྣམས་འགྲུབ། །དུས་དང་གནས་སྐབས་དེ་ཙམ་ན། །འཁོར་མང་འདུས་པར་གྱུར་ན་ཡང༌། །ལས་དང་སྐལ་པར་ལྡན་པ་ཡི། །བླ་མ་ཆེན་པོ་རྦད་ཡོང་བས། །བླ་མའི་མཚན་ཐོས་དད་པ་སྐྱེས། །ཆོས་གཤའ་མར་བྱ་སྙམ་བྱུང་བ་ཡི། །རྗེ་ཡི་ཞབས་དྲུང་བསྙགས་པ་ཡིན། །ཐུགས་ལ་ཐོགས་ཤིག་རིན་པོ་ཆེ། །ཁོང་དེ་སྐད་ཟེར་བའི་དུས་ཚོད་དུ། །བུ་བདེ་བར་འོངས་སམ་ཞེས་བརྗོད་པས། །ཕྱག་གཡས་སྤྱི་བོར་བཞག་ནས་ཀྱང༌། །བར་ཆད་ཐམས་ཅད་ཞི་བ་དང༌། །ཆོས་པ་འབྱུང་བར་བྱིན་གྱིས་བརླབས། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱིས་སྨིན་གྲོལ་བྱས། །ཕྱི་སྒྲོ་འདོགས་གཅོད་པའི་ཐོས་བསམ་བྱས། །ནང་སྒྲོ་འདོགས་གཅོད་པའི་སྒོམ་བྱུང་བསྟན། །ཟབ་པ་ནཱ་རོའི་ཐབས་ལམ་བསྟན། །ཚེ་གཅིག་སངས་རྒྱས་ཐོབ་པ་ཡི། །རང་སེམས་ཕྱག་རྒྱ་ཆེན་པོ་བསྟན། །གཞན་ཡང་བཀའ་བརྒྱུད་རིན་པོ་ཆེའི། །ཟབ་ཆོས་བཀའ་ཆོས་མང་པོ་བསྟན། །ཁྲིད་ཀྱི་རིམ་པ་ཚང་བར་བྱས། །ཉམས་དང་རྟོགས་པ་སྐྱེས་པ་དང༌། །རང་གཞན་དོན་རྣམས་འགྲུབ་པ་ཡི། །ཡོན་ཏན་ཚོགས་རྣམས་རྫོགས་པར་བྱས། །མཆོག་ཐུན་དངོས་གྲུབ་འབྱུང་བ་ཡི། །སྒྲུབ་པ་མཐར་ཕྱིན་བྱེད་པ་དང༌། །བླ་མའི་ཞབས་ཏོག་བྱེད་པ་དང༌། །སེམས་ཅན་རྣམས་ལ་ཕན་འདོགས་ཕྱིར། །ཡུལ་གཞན་འགྲོ་ཞེས་ཟེར་བ་ལ། །དེ་ལྟར་མཛོད་ཅེས་སྨོན་ལམ་བཏབ། །ད་ལྟར་ཤར་ཁོག་ལུང་པ་ན། །རང་གཞན་དོན་རྣམས་འགྲུབ་པ་དང༌། །བླ་མའི་བཀའ་དྲིན་དྲན་པ་ཡིས། །འབུལ་བ་རྒྱ་ཆེན་བསྐུལ་བ་ཐེངས། །ནང་དུ་ཉམས་རྟོགས་སྐྱེས་པ་ཡིས། །ཆོས་ཀྱི་འགལ་འབྲེལ་བྱེ་བྲག་ལ། །ཤེས་རབ་སྣང་བ་སྐྱེས་པ་ཡིས། །འཁོར་འདས་གཉིས་ཀྱི་ཆོས་རྣམས་ལ། །སྐྱོན་དང་ཡོན་ཏན་སྐྱེ་བ་ཡི། །རྒྱུ་འབྲས་རྟེན་འབྲེལ་གོ་བ་སྐྱེས། །འོན་ཀྱང་སྒྲོ་འདོགས་བཅད་པ་དང༌། །ངེས་པའི་ཤེས་པ་སྐྱེ་བའི་ཕྱིར། །ཆོས་ཀྱི་འགགས་དང་དཀའ་ཚོམ་རྣམས། །ཡི་གེར་བྲི་ནས་ཞུ་ཟེར་བས། །ཞུས་ལེན་ཆོས་རྣམས་གསལ་བར་བྱ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི །གཉེན་པོ་ཆོས་ཀྱང་དེ་དང་མཚུངས། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ཆ་མཉམ་དང་ནི་བཞི་རུ་འདུས། །དེ་དག་སོ་སོའི་གཉེན་པོ་རྣམས། །བསྡུས་ནས་ཉམས་སུ་ལེན་པ་ནི། །ཞེ་སྡང་ཕྱུར་གྱིས་སྐྱེས་པ་དེ། །དེ་ཉིད་རང་གི་སེམས་ཉིད་ཡིན། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ཡིན། །ཞེ་སྡང་དེ་ཉིད་གསལ་སྟོང་ཡིན། །འོག་མ་རྣམས་ཀྱང་དེ་དང་མཚུངས། །དེ་ལ་ཐབས་གཞན་བཙལ་མི་དགོས། །ཡང་ཉོན་མོངས་ཚན་ཀ་གཡོས་དུས་སུ། །གཉེན་པོ་བསྟེན་ནམ་ཇི་ལྟར་བྱ། །ཐེག་པ་འོག་མའི་བཞེད་པ་ཡིས། ཞེ་སྡང་གཉེན་པོར་བྱམས་པ་བསྒོམ། །འདོད་ཆགས་གཉེན་པོར་མི་སྡུག་བསྒོམ། །གཏི་མུག་གཉེན་པོར་རྟེན་འབྲེལ་བསྒོམ། མ་མཉམ་གཉེན་པོར་མཉམ་ཉིད་བསྒོམ། །ཐེག་ཆེན་གསང་སྔགས་བཞེད་པ་ཡིན། །ཉོན་མོངས་གང་དང་གང་སྐྱེས་པ། །དེ་རང་ཡེ་ཤེས་ཡིན་པར་བཞེད། །དེ་ཡི་རང་བཞིན་ཤེས་པས་ཆོག །སེམས་ཉིད་རང་བཞིན་རྣམ་དག་ལ། །ཉོན་མོངས་གཟུགས་བརྙན་ཤར་དུས་སུ། །རླུང་སེམས་གར་འདུས་ཞུས་པ་ནི། །སྙིང་ག་ཆུ་ཡི་དཀྱིལ་འཁོར་དུ། །འབྱུང་བ་མེ་ཡི་རླུང་འདུས་ན། །ཞེ་སྡང་ཕྱུར་གྱིས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་ཞེ་སྡང་སྐྱེས་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་སྙིང་ཁའི་རྩ་མདུད་དུ། །ཤེས་གནད་རི་བོང་སྔོན་པོ་བསྒོམ། །མེ་ཡི་ཧྃ་ལ་དབབ་པར་བྱ། །གནད་བཞིས་ཉམས་སུ་བླངས་ཙམ་ན། །ཞེ་སྡང་འོད་གསལ་ཆོས་སྐུར་འཆར། །ལྟེ་བ་མེ་ཡི་དཀྱིལ་འཁོར་དུ། །འབྱུང་བ་ཆུ་ཡི་རླུང་འདུས་ན། །ཉོན་མོངས་འདོད་ཆགས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་འདོད་ཆགས་སྐྱེས་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ལྟེ་བ་སྤྲུལ་པའི་རྩ་མདུད་དུ། །ཞི་དྲག་རླུང་གིས་སྦྱོར་བ་ཡིས། །ཤེས་གནད་གཏུམ་མོ་ཨ་ཐུང་བསྒོམ། །གནད་ཀྱིས་ཉམས་སུ་བླངས་ཙམ་ན། འདོད་ཆགས་བདེ་སྟོང་འཆར། རྐང་ལག་ལུས་ཚིགས་ནམ་མཁའི་དཀྱིལ་འཁོར་དུ། །འབྱུང་བ་ས་ཡི་རླུང་འདུས་ན། །གཏི་མུག་ཕྱུར་གྱིས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་གཏི་མུག་སྐྱེ་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་ལོང་བུའི་རྩ་མདུད་དུ། །ཤེས་གནད་ཧཱུྃ་ཡིག་སྔོན་པོ་བསྒོམ། །ཧཱུྃ་ཉིད་ཐིམ་པས་སྟོང་ཉིད་བསྒོམ། །གནད་བཞིའི་ཉམས་སུ་བླངས་ཙམ་ན། །གཏི་མུག་ཆོས་ཀྱི་དབྱིངས་སུ་འཆར། །མགྲིན་པ་ས་ཡི་དཀྱིལ་འཁོར་དུ། །འབྱུང་བ་ཆེན་པོ་རླུང་འདུས་ན། །ང་རྒྱལ་ཕྱུར་གྱིས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་ང་རྒྱལ་སྐྱེ་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་མགྲིན་པའི་རྩ་མདུད་དུ། །ཤེས་གནད་ལཾ་ཡིག་སེར་པོ་བསྒོམ། །དེ་ཐིམ་གསེར་གྱི་ས་གཞིར་བསམ། །གནད་བཞིས་ཉམས་སུ་བླངས་ཙམ་ན། །ང་རྒྱལ་མཉམ་ཉིད་ཡེ་ཤེས་འཆར། །སྤྱི་བོ་རླུང་གི་དཀྱིལ་འཁོར་དུ། །འབྱུང་བ་ནམ་མཁའི་རླུང་འདུས་ན། །ཕྲག་དོག་ཕྱུར་གྱིས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་ཕྲག་དོག་སྐྱེས་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་སྤྱི་བོའི་རྩ་མདུད་དུ། །ཤེས་གནད་ཡྃ་ཡིག་སྔོན་པོ་བསྒོམ། །གནད་བཞིས་ཉམས་སུ་བླངས་ཙམ་ན། ཕྲག་དོག་ཕྲིན་ལས་སྣ་ཚོགས་འཆར། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །རིགས་དྲུག་ས་བོན་ཡི་གེ་དྲུག །རང་གནས་རླུང་སེམས་འདུས་གྱུར་ན། །རིགས་དྲུག་སོ་སོའི་སྣང་བ་འཆར། །དེ་དུས་བསྒོམ་པར་བྱ་བ་ནི། །མྱ་ངན་འདས་པའི་ཡི་གེ་བསྒོམ། །དེ་ཡིས་རིགས་ལྔ་ཡེ་ཤེས་ལྔ། །མྱ་ངན་འདས་པའི་ཡོན་ཏན་འཆར། །གཞན་ཡང་ར་ཁྲ་སྲིན་པོའི་རྩར། །དེ་རུ་རླུང་སེམས་འདུས་གྱུར་ན། །རང་ཉིད་ཞེ་སྡང་སྐྱེ་བ་ཡིན། །ཡུལ་རྣམས་འཇིགས་པར་འཆར་བ་ཡིན། །གཞན་ཡང་རྩ་རྣམས་ཐམས་ཅད་དུ། །རླུང་སེམས་འདུས་པའི་རྟགས་རྣམས་ནི། །སློབ་དཔོན་ཆེན་པོ་བཱིར་ཝ་པས། །ལམ་འབྲས་གསུངས་པའི་ནང་དུ་ལྟོས། །འདི་ཡང་བཤད་ཀྱིས་མི་ལང་གིས། །བསྒོམ་ན་ནང་དུ་གོ་བ་སྐྱེ། །སྙིང་རྗེ་གསུམ་གྱི་ས་མཚམས་དང༌། །སྙིང་རྗེའི་སྒོམ་ལུགས་ཞུས་པ་ནི། །ཚོགས་ལམ་ཆུང་ངུ་ནས་བཟུང་ནས། །འཇིག་རྟེན་ཆོས་མཆོག་མན་ཆད་དུ། །སེམས་ཅན་ལ་དམིགས་སྙིང་རྗེ་སྐྱེ། །སོ་སོ་སྐྱེ་བོའི་དུས་དག་ཏུ། །སྙིང་རྗེ་སྐྱེ་ཡང་དེ་ལྟར་མིན། །ལུས་དང་ཚོར་བ་སེམས་དང་ཆོས། །དྲན་པ་ཉེར་བཞག་སྒོམ་དུས་སུ། །རང་གི་ཆོས་རྣམས་མཐོང་བ་ཡིས། །འགྲོ་ལ་སྙིང་རྗེ་སྐྱེ་བ་ཡིན། །ཡང་དག་སྤོང་དང་རྫུ་འཕྲུལ་གྱི། །སྙིང་རྗེ་འབྲིང་པོ་སྐྱེ་བ་ཡིན། །དབང་སྟོབས་བཅུ་དང་ངེས་འབྱེད་བཞིན། །སྙིང་རྗེ་ཆེན་པོ་སྐྱེ་བ་ཡིན། །ས་དང་པོའི་བདེན་པ་མཐོང་ཙམ་ན། །ཆོས་ལ་དམིགས་པའི་སྙིང་རྗེ་སྐྱེ། །རང་སེམས་སྤྲོས་བྲལ་རྟོགས་པ་ཡིས། །རང་གི་སེམས་དང་སེམས་ཅན་གྱི། །སེམས་གཉིས་ཐ་དད་མེད་པ་ལ། །མ་རྟོགས་པ་ལ་སྙིང་རྗེ་སྐྱེ། །དག་པའི་ས་གསུམ་ཀུན་ཏུ་འོད། །དམིགས་མེད་སྙིང་རྗེ་སྐྱེ་བ་ཡིན། །སྙིང་རྗེ་གསུམ་གྱི་འབྲས་བུ་ཡིས། །མངོན་པར་རྫོགས་པར་སངས་རྒྱས་ནས། །གཞན་དོན་ལྷུན་གྲུབ་འབྱུང་བ་ཡིན། །སྙིང་རྗེ་ཇི་ལྟར་སྒོམ་ཞེས་པ། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །བུ་སྡུག་མེ་འོབས་ལྷུང་བ་ཡི། །མ་ཡིས་འདོན་ཐབས་བྱེད་པ་ལྟར། །རང་ལ་ནུས་པ་ཡོད་གྱུར་ན། །རང་ཐེད་ལ་བཏང་ནས་འདོན་པ་ཡིན། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །རྒྱུ་དང་ལམ་དང་འབྲས་བུ་ཡི། །སྡུག་བསྔལ་ནོན་པའི་སེམས་ཅན་ལ། །འདི་ཡི་སྡུག་བསྔལ་ཞི་ན་ཨང༌། །སྙམ་པས་སྙིང་རྗེ་རྟག་ཏུ་བསྒོམ། །སྙིང་རྗེ་སེམས་དང་འདྲེས་པར་བསྒོམ། །ཁ་ཞེ་མ་འཛོལ་དགོས་པ་ཡིན། །གཟུང་འཛིན་གཉིས་ཀྱིས་མནར་བ་ཡིས། །འཁྲུལ་པའི་སྡུག་བསྔལ་མྱོང་བ་ཡི། །ཆོས་རྣམས་སྣ་ཚོགས་སྣང་བ་ཀུན། །རང་སེམས་ཆོས་སྐུར་རྟོགས་པ་ཡི། །རྐྱེན་ཉེ་བར་གྱུར་པའི་སེམས་ཅན་ལ། །གཉིས་མེད་ཆོས་སྐུར་ངོ་སྤྲད་བྱ། །མི་དགེ་རྣམ་བཅུ་སྤྱོད་པ་ལ། །རང་སེམས་ཆོས་སྐུར་མ་རྟོགས་པས། །སྙིང་རེ་རྗེ་ཨང་སྙམ་དུ་བསྒོམ། །སྙིང་རྗེ་སྐྱེ་བའི་ཡུལ་དང་ནི། །སྙིང་རྗེ་སྒོམ་མཁན་སྙིང་རྗེ་གསུམ། །མཚན་ཉིད་མ་འདྲེས་སོ་སོར་ཡང༌། །གཉིས་མེད་ཟུང་འཇུག་ཆོས་སྐུར་གཅིག །དེ་ལྟར་དམིགས་པ་མེད་ན་ཡང༌། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །སྙིང་རྗེ་ཆེན་པོ་ངང་གིས་སྐྱེ། །དེ་ལྟར་འཕགས་པ་སྡུད་པ་ལས། །སྙིང་རྗེ་ཆེན་པོ་མེད་ཅིང་སེམས་ཅན་འདུ་ཤེས་མེད། །ཅེས་གསུངས། དེ་ལྟར་བྱེ་བྲག་ཐ་དད་ཀྱང༌། །དེ་གསུམ་སྙིང་རྗེའི་ངོ་བོ་གཅིག །རང་གི་འཁོར་རམ་གཞན་དག་ལ། །ཕན་བཏགས་ལན་དུ་སླར་ལ་སྡང༌། །དེའི་རྒྱུ་མཚན་ཞུ་བ་ནི། །འཇིག་རྟེན་ཆོས་བརྒྱད་སྒྲུབ་པ་དང༌། །ཆུང་ངུ་བཏང་ནས་ཆེན་པོ་སྒྲུབ། །ཀུན་སློང་ངན་པས་བསླང་བ་ཡིས། །རང་འདོད་ཕུག་ཏུ་ཤོར་བས་ལེན། །ཕན་འདོགས་བྱེད་པའི་ཡུལ་རྣམས་ལ། །བྱང་ཆུབ་སེམས་ཀྱིས་ཀུན་བསླངས་ནས། །དྲིན་ཅན་ཕ་དང་མ་རྣམས་ལ། །ཕན་འདོགས་བྱེད་པའི་དུས་ཚོད་དུ། །བྱམས་པས་ཕན་འདོགས་བྱེད་གྱུར་ན། །སྡང་སེམས་མེད་ཅིང་བྱམས་པ་ཡིན། །བྱམས་པ་སྒོམ་མཁན་རང་གི་སེམས། །སེམས་ཉིད་ཕྱག་རྒྱ་ཆེན་པོར་བསྒོམ། །བསྐྱེད་རིམ་སྒོམ་པའི་རྣལ་འབྱོར་པས། །ཐམས་ཅད་ལྷ་རུ་སྒོམ་གྱུར་ན། །གཞན་གྱིས་རང་ཉིད་ལྷ་རུ་མཐོང༌། །དེ་ལ་གནད་དུ་བསྣུན་ལ་བསྒོམ། །ཐམས་ཅད་རང་ལ་གུས་པར་འོང༌། །བཀའ་དང་བསྟན་བཅོས་ཐམས་ཅད་ལས། །མར་གྱི་ཉིང་ཁུ་ལྟ་བུ་ཡི། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ལ་སོགས་པ་ཡི། །འགལ་འབྲེལ་ཆོས་ཀྱི་བྱེ་བྲག་དང༌། །སྡོམ་པ་ཇི་ལྟར་སྲུང་ཚུལ་དང༌། །ཉམས་སུ་ལེན་ལུགས་ཞུ་བ་ནི། །སྲུང་བ་སོ་སོར་སྲུང་བ་ཡིན། །དེ་ལ་སོ་སོར་ཐར་པ་ནི། །ཁ་ན་མ་ཐོ་རྣམ་གསུམ་ལ། །ཤའུ་བཞིན་དུ་འཛེམ་པ་ཡིན། །བྱང་ཆུབ་སེམས་ཀྱི་སྡོམ་པ་ལ། །ཕམ་ལྟུང་ཉེས་བྱས་མི་གོས་པས། །དྲན་པ་རྒྱུན་ཆགས་བསྟེན་པར་བྱ། །རིག་འཛིན་སྔགས་ཀྱི་སྡོམ་པ་ནི། །རྩ་བ་ཡན་ལག་དམ་ཚིག་ལ། །དུས་དང་མ་འབྲེལ་སྤྱོད་པ་རྣམས། །ཆོས་ལ་སྙད་བཏགས་མི་དགེ་སྤྱོད། །ལོག་པའི་བརྟུལ་ཞུགས་སྤྱོད་པ་ཡིས། །དམ་ཚིག་ཉམས་པར་བྱེད་པ་ཡི། །ལྟུང་བ་འབྱུང་བའི་རྒྱུ་བཞི་སྤངས། །དེ་དུས་ཉམས་སུ་བླང་བ་ནི། །མི་མཐུན་ཕྱོགས་རྣམས་སྤོང་བ་དང༌། །མཐུན་ཕྱོགས་ཉམས་སུ་བླང་བ་ནི། །སོ་སོར་ཐར་པས་གཉེན་པོ་བསྟེན། །གཞན་ལ་གནོད་པ་སྤོང་བ་ཡིན། །བྱང་ཆུབ་སེམས་ཀྱི་སྡོམ་པ་ནི། །གཞན་དོན་གང་ཆེ་སྤྱོད་པ་ཡིན། །རིག་འཛིན་སྔགས་ཀྱི་སྡོམ་པ་ནི། །གཞི་ཆེར་འོག་མ་གཉིས་པོ་བཞིན། །སྲུང་དང་ཉམས་སུ་ལེན་པ་ཡིན། །གསང་སྔགས་རང་གི་སྡོམ་པ་ནི། །གོ་ལྡོག་ཚུལ་གྱིས་ཉམས་བླངས་པས། །འགལ་བ་སྤོང་ཞིང་མཐུན་ཕྱོགས་བསྟེན། །དེ་ལྟར་སོ་སོར་བསྲུང་ན་ཡང༌། །རིག་འཛིན་སྔགས་ཀྱི་སྡོམ་པ་གསུམ། །གཞི་ལམ་འགལ་བ་འདུས་གྱུར་ན། །ཡར་ལྡན་ཚུལ་དུ་བསྐྱང་བར་བྱ། །དེ་ལྟར་ཡིན་པར་རྣལ་འབྱོར་གྱི། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང༌། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པ་གསུམ། །གཞི་གཅིག་འགལ་བ་འདུས་གྱུར་ན། །ཆུང་ངུའི་ཕྱིར་ནི་ཆེ་མི་བཏང༌། །ཡོན་ཏན་ཡར་ལྡན་ཤེས་བྱས་ལ། །གོང་མའི་གོང་མ་སྤྱད་པར་བྱ། །ཞེས་གསུངས་པས། དེ་ལ་སྡོམ་པ་གསུམ་པོ་ནི། །གཞི་ནི་གང་དུ་གཅིག་གྱུར་ནས། །ཚོགས་ཀྱི་འཁོར་ལོའི་དུས་སུ་ནི། །དེ་གཉིས་ཀྱི་ནི་ཆོས་བསྟེན་ན། །སོ་སོར་ཐར་དང་འགལ་བ་ཡིན། །མ་བསྟེན་གསང་སྔགས་དང་ཡང་འགལ། །ཐེག་པ་ཆེན་པོའི་དོན་ཆེན་དེ། །ཐེག་ཆུང་ངོ་རུ་མི་གཏོང་སྟེ། །དེ་ཡི་ཡར་ལྡན་སྐྱོང་ཚུལ་ནི། །སོ་སོ་ཐར་དུ་བཀག་པ་ནི། །ཉོན་མོངས་སྤྱད་ཀྱི་དོགས་པས་བཀག །སྨིན་བྱེད་དབང་གི་དུས་དང་ནི། །དབང་ནི་གསུམ་པ་ཐོན་དུས་སུ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ། །འདོད་ཆགས་བདེ་བ་ཡར་ལྡན་ནས། །དེ་ཉིད་ཆེན་པོར་ཡར་ལྡན་ཡིན། །ཤ་ཆང་དགུང་དྲོ་ཟོས་གྱུར་ན། །ཉོན་མོངས་སྤྱད་ཀྱིས་དོགས་པ་དེ། །འདིར་ནི་ཚོགས་ཀྱི་འཁོར་ལོ་ལ། །ཕུང་པོ་རྒྱལ་བ་རིགས་ལྔ་བསྒོམ། །ཤ་ལྔ་བདུད་རྩི་ལོངས་སྤྱད་པས། །ཉོན་མོངས་ཟག་བཅས་ཟིལ་མནན་ནས། །ཟག་མེད་བདེ་བ་ཡར་ལྡན་ཡིན། །སྡོམ་གསུམ་ངོ་བོ་གཅིག་པ་ནི། །སྤང་བྱ་ཐམས་ཅད་སྤོང་བ་དང༌། །བསྟེན་བྱ་ཐམས་ཅད་བསྟེན་པར་གཅིག །དེ་ཡང་སོ་སོར་ཐར་པ་ན། །རྨ་ཡི་སྒོ་གསུམ་གང་རུང་ལ། །བཅུག་སྟེ་ཉམས་སུ་མྱོང་བ་ཡིན། །ཕམ་པའི་ལྟུང་བ་འབྱུང་བས་བཀག །ལྷག་མ་བཅུ་གསུམ་དང་པོ་ལ། །གཉིད་དང་བག་མེད་མ་ཡིན་པར། །དྲན་པས་ཟིན་པའི་དུས་ཚོད་དུ། །རྐྱེན་མེད་ས་བོན་ཉམས་པ་རྣམས། །ཐུབ་པ་ཡིས་ནི་བཀག་པ་ཡིན། །བྱང་ཆུབ་སེམས་ཀྱི་སྡོམ་པ་ནི། །གཞན་གྱི་དོན་དུ་མི་འགྱུར་བའི། །ཉོན་མོངས་འདོད་ཆགས་ཀུན་བསླངས་ནས། །བྱང་ཆུབ་སེམས་གཉིས་དབྱེར་མེད་ཀྱི། །རྟེན་ནི་ཀུན་དྷ་ཡིན་པས་བསྲུང༌། །གལ་ཏེ་སྤངས་པར་གྱུར་ན་ཡང༌། །གཏན་ནས་སྤོང་བ་མ་ཡིན་ཏེ། །རྟེན་ཉམས་པ་ཡིས་སེམས་ཉམས་འགྱུར། །བདེ་སྟོང་དབྱེར་མེད་བྱང་སེམས་ཡིན། །ཐེག་ཆེན་གསང་སྔགས་སྡོམ་པ་ནི། །རྩ་བའི་ལྟུང་བ་བཅུ་བཞི་པར། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ཞེས་གསུངས་པས། མི་ཉམས་སྲུང་ཞིང་སྤེལ་བར་གཅིག །དེ་ཉིད་བསྟེན་པ་སྤེལ་བར་གཅིག །དེ་ཆགས་ལམ་པ་དང་འགལ་ཞེ་ན། །མཚན་ལྡན་ཕྱག་རྒྱ་ལ་བརྟེན་ནས། །བདེ་སྟོང་དབྱེར་མེད་སྒོམ་པ་དང༌། །མི་ཉམས་སྤེལ་བས་འགལ་བ་མེད། །སེམས་གསུམ་སྲུང་བ་མན་ངག་ཡིན། །བདེ་སྟོང་སྒོམ་པ་ཉམས་ལེན་ཡིན། །རྒྱུད་སྡེ་བཞི་རུ་གསུངས་པ་དེ། །གང་ཟག་བློ་ཡི་ཁྱད་པར་འཕགས། །སྨིན་གྲོལ་གཉིས་སུ་ཐམས་ཅད་འདུ། །སྨིན་བྱེད་བུམ་དབང་ཆོས་རྣམས་དེ། །གྲོལ་བྱེད་བསྐྱེད་པའི་རིམ་པ་ཡིན། །སྨིན་བྱེད་གསང་དབང་ཆོས་རྣམས་དེ། །གྲོལ་བྱེད་མཚན་བཅས་རྫོགས་རིམ་ཡིན། །སྨིན་བྱེད་གསུམ་པའི་ཆོས་རྣམས་ནི། །གྲོལ་བྱེད་ལྷན་ཅིག་སྐྱེས་པ་ཡིན། །སྨིན་བྱེད་ཚིག་དབང་ཆོས་རྣམས་ཏེ། །གྲོལ་བྱེད་སྟོང་ཉིད་ཟུང་འཇུག་བསྒོམ། །བློ་དམན་དུས་སུ་སོ་སོར་བསྒོམ། །བློ་མཆོག་ཏུ་གྱུར་པས་བསྐྱེད་རྫོགས་གཉིས། །ལུས་ལྷ་རུ་སྒོམ་པ་བསྐྱེད་རིམ་སྟེ། །ལུས་ལྷ་རུ་སྣང་བ་རང་སེམས་ཡིན། །རང་སེམས་རྣམ་དག་ཆོས་སྐུ་ཡིན། །དེ་གཉིས་སུ་མེད་པ་ཟུང་འཇུག་སྟེ། །དེ་ལྟར་བསྒོམ་པ་མཆོག་གི་ལམ། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དང༌། །ཡེ་ནས་དག་པའི་ལྷ་སྐུ་ལ། །དབང་བཞིས་སྨིན་དགོས་ཞུ་བ་ནི། །རྡོ་རྗེ་ལུས་ཀྱི་གནས་ལུགས་ནི། །གནས་པ་རྩ་ལ་གཡོ་བ་རླུང༌། །འབུར་དུ་དོད་པ་ཡི་གེ་དང༌། །བཀོད་པ་བྱང་ཆུབ་སེམས་དང་ནི། །མི་ཤིགས་ཐིག་ལེ་ཀུན་གཞི་དང༌། །གནས་ལུགས་ལྔ་དང་རིག་པ་འདི། །རྟེན་དང་བརྟེན་པའི་ཚུལ་དུ་གནས། །གནས་ལུགས་ལྔ་པོ་སྦྱངས་པ་ལས། །རྡོ་རྗེའི་ལུས་སུ་སྣང་བ་ཡིན། །དེ་ལ་སྦྱོང་བྱེད་དབང་བཞི་དགོས། །གནས་པ་རྩ་ལ་བུམ་དབང་དགོས། །རྩ་ཁམས་སྦྱངས་པ་ལྷ་ཡི་སྐུ། །གཡོ་བ་རླུང་ལ་ཚིག་དབང་དགོས། །སྲོག་རྩོལ་སྦྱངས་པ་ངོ་བོ་ཉིད། །ཡི་གེ་ལ་ནི་གསང་དབང་དགོས། །རྩ་མདུད་སྦྱངས་པས་གསུང་དབྱངས་དྲུག །བྱང་ཆུབ་སེམས་ལ་གསུམ་པ་དགོས། །ཐིག་ལེ་སྦྱངས་པ་ཆོས་ཀྱི་སྐུ། །མི་ཤིགས་པ་ལ་བཞི་པ་དགོས། །མ་རིག་སྦྱངས་པ་རྣམ་དག་སྐུ། །རྟེན་སྦྱང་པ་ཡིས་བརྟེན་པ་དག །སྐུ་ལྔ་རོ་གཅིག་རྡོ་རྗེ་འཆང༌། །དེ་དག་འདུས་པ་རྡོ་རྗེའི་སྐུ། །ཡེ་ནས་ལྷ་སྐུ་ཞེས་པ་ནི། །ཕུང་པོ་ལྔ་ནི་རིགས་ལྔ་ཡིན། །རང་ལ་ཡོད་པ་མ་ཤེས་པས། །རིག་པའི་དབང་ལྔ་དགོས་པར་བྱུང༌། །རྡོ་རྗེ་སློབ་དཔོན་དབང་བསྐུར་བས། །ལུས་ནི་མི་བསྐྱོད་རྡོ་རྗེའི་སྐུ། །དབྱེར་མེད་དྲུག་པ་རྡོ་རྗེ་འཆང༌། །དབང་དགོས་པ་ཡི་རྒྱུ་མཚན་ཡིན། །རྡུལ་ཚོན་དཀྱིལ་འཁོར་རྒྱས་པ་དང༌། །སློབ་དཔོན་སྐུ་ཡི་དཀྱིལ་འཁོར་གཉིས། །དེ་ཡི་ཁྱད་པར་ཞུ་བ་ནི། །ལུས་ལ་དཀྱིལ་འཁོར་ཡོད་པ་དེ། །རང་ལ་ཡོད་པར་མ་ཤེས་པས། །རྡུལ་ཚོན་དཀྱིལ་འཁོར་རྒྱས་པ་ལ། །ངོ་སྤྲོད་བྱས་པས་རྟོགས་པ་སྐྱེ། །དབང་པོ་རབ་ལ་གསུངས་པ་ཡིན། །དབང་པོ་ཡང་རབ་གང་ཟག་ལ། །བླ་མ་ལ་བསྟེན་མོས་གུས་ཀྱིས། །རྟོགས་པ་སྐྱེ་བར་གྱུར་པ་ལ། །དབང་བསྐུར་ཨེ་དགོས་ཞུ་བ་ནི། །རྟོགས་པ་སྐྱེས་པ་དོན་ཡིན་པས། །འོན་ཀྱང་དབང་བསྐུར་དགོས་པ་ཡིན། །དབང་བཞི་སོ་སོའི་ཆོས་རྣམས་དེ། །པར་དང་འདྲ་བའི་ཐབས་ཡིན་པས། །ཤེས་རབ་སྟོང་པའི་ཆོས་ཉིད་དེ། །ཐབས་རྣམས་པར་ལ་བཏབ་པ་ཡིན། །ཤེས་རབ་གཉིས་མེད་ཡེ་ཤེས་སྐྱེ། །རྐོས་ཕོར་ནང་གི་རི་མོ་རྣམས། །འབི་འབི་ལ་ཡང་འོང་བ་བཞིན། །ཆོས་རྣམས་ཐམས་ཅད་གོ་བར་གྱིས། །ཡང་གཅིག་བསྐྱེད་རྫོགས་ཞུ་བ་དེ། །ཡང་ཡང་སྐྱོང་བ་ཟློས་སྐྱོན་པས། །གོང་དུ་བསྟན་པ་ཉམས་སུ་ལོངས། །བསྐྱེད་རིམ་སྒོམ་པའི་བྱེ་བྲག་ལ། །ཡང་རབ་སྐད་ཅིག་དྲན་རྫོགས་དང༌། །རབ་ཀྱིས་མངོན་པར་བྱང་ཆུབ་དང༌། །དབང་པོ་འབྲིང་གི་མན་ཆད་ཀྱིས། །ཆོ་ག་གསུམ་བསྐྱེད་བརྫུས་བསྐྱེད་དང༌། །ས་བོན་ལས་བསྐྱེད་རྡོ་རྗེ་རྣམ་བཞི་དང༌། །བསྐྱེད་རིམ་སོ་སོར་མང་གསུངས་ཀྱང༌། །གང་ཟག་བློ་ཡི་བྱེ་བྲག་ཡིན། །དཀྱིལ་འཁོར་གང་དུ་ཞུགས་པ་དང༌། །མེ་ཏོག་གང་དུ་ཕོག་པ་དང༌། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །དབང་བསྐུར་གང་ཐོབ་སྒོམ་པ་ཡིན། །ཡི་དམ་མང་བ་བར་ཆད་ཡིན། །གཅིག་ལ་སེམས་ཉིད་གོམས་པར་གྱིས། །རང་སེམས་ལྷ་སྐུར་བརྟན་ཙམ་ན། །སྣང་བ་ལྷ་སྐུར་འཆར་བ་ཡིན། །འོན་ཀྱང་གཟུགས་མཐོང་ལྷར་བསྒོམ་ཞིང༌། །གྲགས་པ་ཐམས་ཅད་སྔགས་སུ་ཤེས། །དྲན་རྟོག་ཐམས་ཅད་ཆོས་སྐུར་བསྒོམ། །བསྐྱེད་རིམ་སྒྲུབ་པ་མང་གསུངས་ཀྱང༌། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ། །ཐམས་ཅད་དེ་རུ་འདུས་པ་ཡིན། །རྣམ་པར་ཆད་པའི་ཀུན་བརྟགས་ཏེ། །བསྐྱེད་རིམ་དུ་ནི་མི་རུང་སྟེ། །རྣམ་པར་བརྟགས་འཛིན་ཀུན་བརྟགས་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་རུ་བརྟགས་ནས་སྒོམ་པ་ཡིན། །དཔལ་ལྡན་གསང་བ་འདུས་པ་ལས། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །ཞེས་གསུངས་སོ། །ཀུན་བརྟགས་ཕུང་པོ་ལྔ་རྣམས་ལ། །གཞན་དབང་རིག་པའི་དབང་ལྔ་ཡིས། །ལྷ་ཡི་ཕུང་པོ་དབང་དུ་བྱེད། །བསྐྱེད་རིམ་རིགས་ལྔ་སྒོམ་པ་ཡིན། །འཆར་བྱེད་ནུས་པ་ཐོགས་མེད་དེ། །སེམས་ཀྱི་གཞི་ལ་གནས་པ་ཡིས། །ལྷ་སྐུ་གང་སྒོམ་འཆར་བ་དེ། །གཞི་ལ་གནས་པའི་ཡོངས་གྲུབ་ཡིན། །རང་ལུས་ལྷ་རུ་གསལ་བ་དེ། །ཕྱིན་ཅི་མ་ལོག་ཡོངས་གྲུབ་ཡིན། །སེམས་ཉིད་གདོད་ནས་དག་པ་དེ། །རང་གཟུགས་ལྷ་རུ་གསལ་བ་ནི། །རྣམ་པར་དག་པའི་ཡོངས་གྲུབ་ཡིན། །ལོངས་སྐུ་དཀྱིལ་འཁོར་ལྷ་ཚོགས་ཀྱི། །དག་པ་ཡེ་ཤེས་གཞལ་ཡས་ལ། །སྒོ་སྲུང་ར་བ་རིམ་གསུམ་དང༌། །མེ་རི་ལ་སོགས་དགོས་པ་རྣམས། །ལྷ་ལ་བར་ཆད་འབྱུང་སྲིད་དམ། །དེ་ཡི་དོན་རྣམས་ཞུ་བ་ནི། །ལུས་ལ་དཀྱིལ་འཁོར་ཚང་བ་དེ། །ལྷ་ཡི་དཀྱིལ་འཁོར་རྣམ་དག་གིས། །ལུས་ལ་ཡོད་པ་སྟོན་པའི་ཕྱིར། །དཀྱིལ་འཁོར་འཁོར་ལོ་གསུངས་པ་ཡིན། །བསྐྱེད་རིམ་སྒོམ་པའི་གང་ཟག་ལ། །དཀྱིལ་འཁོར་གྱི་ནི་ཆོས་རྣམས་དེ། །དེ་ལ་ཚང་བར་བསྒོམ་དགོས་པས། །སྒོ་སྲུང་ལ་སོགས་དགོས་པ་སྟེ། །རྣལ་འབྱོར་བར་ཆད་སྲུང་བ་ཡིན། །རྒྱལ་བ་ཤཱཀྱ་ཐུབ་པ་ལ། །བདུད་ཀྱི་བར་ཆད་བྱུང་བ་ལ། །སངས་རྒྱས་ཆེ་བས་མ་ཚུགས་ཀྱང༌། །སྲུང་བའི་འཁོར་ལོ་དགོས་པ་ཡིན། །སྒོ་སྲུང་ལྷ་ཚོགས་ཐམས་ཅད་དེས། །དམ་ཚིག་ཉམས་པ་ཚར་གཅོད་པས། །མ་ཚོར་ནང་དུ་འཇུག་དགོས་པས། །བཅོམ་ལྡན་འདས་ཀྱིས་སེམས་བསྐྱེད་མཛད་ནས་སུ། །བདུད་སྡིག་ཅན་སྐུང་ཐབས་སུ་འོངས་པ་ལ། །བཅོམ་ལྡན་འདས་ཀྱིས་མཁྱེན་ནས་བཅིངས་པ་མཛད་ན་ཡང༌། །སྒོ་སྲུང་མེད་པས་ནང་དུ་ཞུགས་པ་ཡིན། །སེམས་བསྐྱེད་བླ་གབ་མེད་པར་མི་བྱའོ། །དེ་ནས་གོང་མ་རྣམས་ནི་གསུངས་པ་ཡིན། །ཡེ་ཤེས་ལྷ་ཚོགས་ཐམས་ཅད་ཀྱི། །དབུ་ཡི་རིགས་ཀྱི་བདག་པོ་དེ། །དེ་དོན་སྤྱི་ལ་དགོངས་པ་དང༌། །བསྐྱེད་རིམ་གཅིག་པུའི་ལམ་ཆོད་དམ། །བསྐྱེད་རྫོགས་ཟུང་དུ་འབྲེལ་བ་དགོས། །དེ་ཡི་དགོས་པ་ཞུ་བ་ནི། །མེ་ཏོག་གང་དུ་ཕོག་པ་དེ། །རིགས་ངེས་པ་ཅན་དུ་གསུངས་པ་ཡིན། །མ་འོངས་དུས་ན་སངས་རྒྱ་བ། །ད་ལྟ་གསང་མཚན་བཏགས་པ་དེ། །མ་འོངས་འཚང་རྒྱ་མཚན་ཡང་དེ། རིགས་ངེས་པ་ཅན་དུ་དགོངས་པ་ཡིན། །སྐུ་རིགས་ཡིན་ན་རྣམ་སྣང་སྟེ། །གསུང་རིགས་རྣམས་ལ་སྣང་མཐའ་ཡས། །ཐུགས་རིགས་མི་བསྐྱོད་པ་ཉིད་དོ། །སངས་རྒྱས་ཀུན་གྱི་ཐུགས་མི་བསྐྱོད་པ་ཀུན་གྱི་དབུ་རྒྱན་དུ་འདོད་པ་ཡིན་ནོ། །བསྐྱེད་རིམ་གཅིག་པུའི་ལམ་ཆོད་དེ། །དཔལ་ལྡན་གསང་བ་འདུས་པ་ལས། །དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་བྱེད། །བསྐྱེད་རྫོགས་ཟུང་དུ་འཇུག་པ་ནི། །ཡང་དེ་ཉིད་དུ་གསུངས་པ་ཡིན། །ཡུལ་རྣམས་སྣ་ཚོགས་ཐམས་ཅད་དེ། །ལྷ་དང་སྣ་ཚོགས་གཉིས་མེད་ཅིང༌། །རང་ལུས་ལྷ་སྐུ་སྣང་བ་ཡིས། །ལྷའི་ཞིང་ཁམས་ཀུན་བགྲོད་ཅིང༌། །ཕུང་པོའི་ཞེན་པ་ཀུན་དག་ནས། །རང་ཉིད་ལྷའི་རྫུ་འཕྲུལ་གྱིས། །གཞན་གྱི་དབང་པོའི་མངོན་སུམ་དུ། །རྫུ་འཕྲུལ་སྟོན་པ་ནུས་པ་དང༌། །ཕུང་པོའི་བདུད་དང་ལྷའི་བདུད། །ཆོམ་པར་གྱུར་ན་བརྟན་པ་ཡིན། །ཉམས་སུ་ལེན་པའི་དུས་ཚོད་དུ། །མཉམ་པར་བཞག་ནས་གསལ་བར་བསྒོམ། །མ་གསལ་ཐུག་ཕྲད་གཅེར་མཐོང་དུ། །ལྷ་རུ་གསལ་བ་རང་སེམས་ཡིན། །སེམས་གདོད་ནས་དག་པ་སྤྲོས་དང་བྲལ། །དེ་གཉིས་སུ་མེད་པ་ཟུང་འཇུག་ཡིན། །ཉམས་ལེན་དེ་ལས་བདེ་བ་མེད། །གསང་སྔགས་རྒྱུད་སྡེ་དཔག་ཏུ་མེད། །རྫོགས་རིམ་ཐ་དད་གསུངས་མོད་ཀྱང༌། །རྗེ་རིན་པོ་ཆེ་ཡི་བཞེད་པ་ཡིས། །བསྡུས་ན་དེ་རུ་འདུ་བ་ལགས། །ཞེས་ཞུ་བ་ནི། །རྒྱུད་སྡེ་རྣམས་ཀྱི་དགོངས་པ་ནི། །སྔོན་གྱི་གྲུབ་ཐོབ་རྣམས་ཀྱིས་ཀྱང༌། །རྫོགས་རིམ་ཐ་དད་མ་གསུངས་ཀྱང༌། །མཚན་བཅས་མཚན་མེད་གཉིས་སུ་འདུས། །མཚན་བཅས་རྫོགས་རིམ་སྒོམ་དུས་སུ། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ། །སྤྱི་བོ་ནས་ནི་རྐང་མཐིལ་བར། །དེ་ལ་རྩ་ཡི་འགྲེལ་ལུགས་དང༌། །འཁོར་ལོ་ལུས་ལ་ཇི་ལྟར་གནས། །གཙོ་བོ་གསུམ་གྱི་ཁ་དོག་དང༌། །བཅུད་ཀྱི་ཁ་དོག་ཅི་ལགས་སམ། །ཞེས་ཞུ་བ་ནི། རྒྱུད་སམ་བྷུ་ཏ་ལས། །སྤྱི་བོ་ནས་ནི་རྐང་པའི་བར། །རྣལ་མ་གཅིག་ནི་ཡང་དག་གནས། །ཞེས་གནས། དེ་རྩ་ཨ་ཝ་དྷཱུ་ཏིའི་དགོངས་པ་ཡིན། །བཤད་ཚོད་ཀྱི་ནི་དྷཱུ་ཏི་དང༌། །རང་བཞིན་གྱི་ནི་དྷཱུ་ཏི་གཉིས། །དེ་ནི་གཉུག་མའི་དྷཱུ་ཏི་ཡིན། །བཤད་ཚོད་ཀྱི་ནི་དྷཱུ་ཏི་ལ། །བཞེད་ལུགས་མི་འདྲ་མང་གསུངས་ཀྱང༌། །བླ་མ་རིན་པོ་ཆེ་ནཱ་རོ་པས། སྒལ་འདབ་གཡོན་གྱི་སྲོག་རྩར་བཞེད། །རོ་མ་རྐྱང་མ་ཀུན་འདར་མ། །འཁོར་ལོ་ཆེན་པོ་བཞི་དང་ནི། །འཁོར་ལོའི་དབུས་སུ་རྩ་མདུད་འབྲེལ། །རོ་མ་གཡས་ལ་རྐྱང་མ་གཡོན། །ཀུན་འདར་སྲོག་ཤིང་ཚུལ་དུ་གནས། །ཐང་ཤིང་གདུགས་དང་ཐག་ལྟ་བུ། །དྲུ་གུ་འདྲིལ་དང་སྐྲ་ཤད་འཛིངས། །དེ་དག་རྩ་ཡི་འགྲེལ་དོན་ཏེ། །བར་དོ་སྐུ་གསུམ་ནང་ན་ལྟོས། །འཁོར་ལོ་ལུས་ལ་གནས་ལུགས་ནི། །ལྟེ་བར་དྲུག་ཅུ་རྩ་གཉིས་གནས། །སྙིང་གར་འདབ་བརྒྱད་དག་ཏུ་གནས། །མགྲིན་པར་འདབ་མ་བཅུ་དྲུག་གནས། །སྤྱི་བོ་སུམ་ཅུ་རྩ་གཉིས་ཏེ། །དེ་ཡང་བསྐྱེད་པའི་རིམ་པ་སྟེ། །གསང་བར་འདུས་པ་སུམ་ཅུ་གཉིས། །མ་ཧཱ་མ་ཡ་ལྷ་ལྔ་ལ། །གོ་ཆའི་ལྷ་ནི་བཅུ་གཉིས་ཀྱིས། །མགྲིན་པར་བཅུ་དྲུག་གསུངས་པ་ཡིན། །སྙིང་གར་དགྱེས་རྡོར་ལྷ་དགུ་རྣམས། །ལྟེ་བ་སྤྲུལ་པའི་འཁོར་ལོ་རུ། །འཁོར་ལོ་བདེ་མཆོག་དྲུག་ཅུ་གཉིས། །དེ་དག་ལྷ་ཡི་ངོ་བོ་ཡིན། །ནང་དུ་རྫོགས་པའི་རིམ་པ་སྟེ། །གནད་བཞི་སྔོན་དུ་སོང་བ་ཡིས། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །ལུས་ལ་བདེ་དྲོད་སྐྱེ་བ་དང༌། །གཟུང་འཛིན་རྟོག་པ་འགགས་པ་ཡིས། །རྟོག་མེད་ཡེ་ཤེས་སྐྱེ་བ་ཡིན། །གནད་བཞི་སྔོན་དུ་སོང་བ་ཡིས། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །ཧཱུྃ་ཡིག་སེར་པོ་ཐིམ་པ་ཡིན། །སྣང་བ་གསུམ་པོ་ཐིམ་པ་ཡིན། །གཏི་མུག་མུན་པ་དྭངས་པ་དང༌། །གཉིད་ཀྱི་འོད་གསལ་ཟིན་པ་ཡིན། །གནད་བཞི་སྔོན་དུ་སོང་བ་ཡིས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །ཨོཾ་ཡིག་སེར་པོ་བསྒོམས་པ་ཡིས། །དངོས་འཛིན་བག་ཆགས་དྭངས་པ་དང༌། །རྨི་ལམ་སྒྱུ་ལུས་ཟིན་པར་འགྱུར། །དོན་རྨི་ལམ་དེ་ཉིད་ཟིན་པ་ཡིན། །གནད་བཞི་སྔོན་དུ་སོང་བ་ཡིས། །མཚན་ལྡན་ཕྱག་རྒྱ་ལ་བསྟེན་ལ། །སྤྱི་བོ་བདེ་ཆེན་འཁོར་ལོ་རུ། །ཧཾ་ཡིག་དཀར་པོ་བསྒོམས་པ་ཡིས། །སྐད་ཅིག་བཞི་དང་དགའ་བ་བཞི། །འདོད་ཆགས་ཟག་བཅས་ཀུན་དག་ནས། །ལྷན་སྐྱེས་བདེ་ཆེན་སྐྱེས་པ་ཡིན། །སྣ་ཚོགས་ལམ་གྱི་བྱེ་བྲག་རྣམས། །དེ་ཉིད་རང་གི་སེམས་ཡིན་ཏེ། །སེམས་ཉིད་འོད་གསལ་ཆོས་སྐུ་ཡིན། །དེ་གཉིས་སུ་མེད་པ་ཟུང་འཇུག་ཡིན། །མཚན་མེད་ཕྱག་རྒྱ་ཆེན་པོ་དེ། །ཆོས་རྣམས་ཀུན་གྱི་རྩ་བར་འདུས། །རྫོགས་པའི་སངས་རྒྱས་ཐུགས་དང་ནི། །རང་གི་སེམས་དང་ཁྱད་པར་མེད། །དེ་མཆོག་ཏུ་གྱུར་པ་ངོ་མཚར་ཆེ། །གཡས་རོ་མ་ནས་ནི་ཁྲག་འབབས་ཤིང༌། །གཡོན་རྐྱང་མ་ནས་ནི་མི་བསྐྱོད་འབབས། །དབུས་ཀུན་འདར་མ་ནས་བྱང་སེམས་འབབས། །སྐྱེས་པ་རྣམས་ལ་རྩ་མདུད་མེད། །བུད་མེད་རྣམས་ལ་མདུད་པ་བཅས། །དབུས་དང་གཡས་ཀྱི་རྩ་མདུད་ནི། །ཕོ་མོ་གཉིས་ཀྱི་མ་ནིང་ཡིན། །རྩ་ཡི་གཙོ་བོ་བཅུད་ཀྱིས་ཕྱེ། །བཅུད་དང་ཁ་དོག་གཅིག་པ་ཡིན། །སློབ་དཔོན་ཆེན་པོ་ནཱ་རོ་པས། །འཁོར་ལོ་བཞི་རུ་བཞེད་པ་དང༌། །ནུས་པ་མཆོག་གྱུར་བིར་ཝ་པས། །འཁོར་ལོ་དྲུག་ཏུ་བཞེད་པ་གཉིས། །སྒོམ་དུས་ཁྱད་པར་ཡོད་དམ་མེད། །གཞི་ལ་ཇི་ལྟར་གནས་པ་ལགས། །ཞེས་ཞུས་པ་ནི། །སློབ་དཔོན་ཆེན་པོ་ནཱ་རོ་པའི། །བཞེད་པ་གོང་དུ་སོང་བ་ཡིན། །སློབ་དཔོན་ཆེན་པོ་བིར་ཝ་པས། །འཁོར་ལོ་དྲུག་ཏུ་བཞེད་པ་ནི། །བཞི་པ་གོང་དང་མཐུན་པ་ཡིན། །གསང་གནས་བདེ་སྟོང་འཁོར་ལོ་ཡི། །འདབ་མ་སུམ་ཅུ་རྩ་གཉིས་གནས། །དེ་ཡི་འདབ་མ་རྣམས་ལ་ནི། །ཡི་གེ་མེད་པས་ལྷ་མི་བསྒོམ། །གསང་གནས་ཆོས་འབྱུང་བྷ་ག་ན། །གཏུམ་མོ་ཨ་ཐུང་ཡི་གེ་གནས། །སྨིན་མཚམས་མཛོད་སྤུའི་འཁོར་ལོ་ཡི། །དེའི་འདབ་མ་རྣམས་ལ་ནི། །ཡི་གེ་མེད་པས་ལྷ་མི་བསྒོམ། །དབུས་ཀྱི་རིན་ཆེན་འབར་བ་ན། །བྱང་སེམས་གོང་བུ་དཀར་པོ་གནས། །དེ་ནི་དྲུག་པ་རྡོ་རྗེ་འཆང༌། །འཁོར་ལོ་ལྔ་ལ་རིགས་ལྔ་བཞུགས། །གཞི་ལ་ཇི་ལྟར་གནས་ཞེས་པ། །རྩ་དང་ཡི་གེ་ཐིག་ལེ་དང༌། །རླུང་དང་རྟེན་གྱི་ཆོས་སུ་གནས། །བརྟེན་པ་ཀུན་གཞིའི་རྣམ་ཤེས་ནི། །ཁྱད་པར་རྟེན་གཞི་ལུས་ལ་གནས། །གང་ལ་གནས་ཀྱི་སྣང་བ་འཆར། །དེ་དང་མཐུན་པའི་ཆོས་རྣམས་བསྒོམ། །རྟེན་སྦྱངས་པ་ཡི་བརྟེན་དག་ལ། །རྟེན་གཞི་སྐུ་བཞི་ཐོབ་པ་དང༌། །བརྟེན་པ་རྣམ་དག་སྐུ་ཡིན་ནོ། །ཤིན་ཏུ་རྣམ་དག་ངོ་བོ་ཉིད། །དྲུག་པ་རྡོ་རྗེ་འཆང་ཆེན་ཡིན། །གཞི་ལམ་འབྲས་བུ་གནས་ལུགས་ཡིན། །འདིར་ཡང་བྲི་བར་མི་ལང་གིས། །ལམ་འབྲས་ནང་དུ་ཞིབ་ཏུ་ལྟོས། །གདམས་ངག་ཁ་ཆེར་སོ་སོར་སྨྲ། །གཅིག་ཏུ་མཐུན་པ་གང་ན་འོང༌། །ངེས་ཤེས་གང་སྐྱེས་ཉམས་སུ་ལོངས། །འཁོར་འདས་གཉིས་ཀྱི་ཡི་གེ་དེ། །འཁོར་ལོ་གང་ལ་གནས་པ་ལགས། །འཁོར་འདས་ཡི་གེ་ཁ་དོག་རྣམས། །གཅིག་གམ་སོ་སོར་གནས་པ་ལགས། །སྒོམ་དུས་ཇི་ལྟར་གནས་པ་ལགས། །འཁོར་འདས་གཉིས་ཀྱི་ཡི་གེ་དེ། །ལྟེ་བ་སྤྲུལ་པའི་འཁོར་ལོར་གནས། །དེ་ཡང་འདབ་མའི་བར་ན་གནས། །ཁ་དོག་མི་གཅིག་སོ་སོར་གནས། །འདབ་མ་དྲུག་ཅུ་རྩ་བཞི་ལ། །ཀཱ་ལའི་ཡི་གེ་ཉིས་འགྱུར་ཏེ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡིན། །ཨཱ་ལི་བཅུ་དྲུག་ཉིས་འགྱུར་ཏེ། །མཚན་བཟང་སུམ་ཅུ་རྩ་གཉིས་ཡིན། །སྒོམ་དུས་ཁ་དོག་དག་དང་མཚུངས། །གཏུམ་མོར་དམིགས་པ་གཏད་དུས་སུ། །གནད་བཞིས་བརྩོན་འགྲུས་དྲག་པོ་ཡིས། །མ་ཡེངས་འབད་ནས་བསྒོམས་ལགས་ཀྱང༌། །ཤ་བཀྲག་མེད་ཅིང་བདེ་དྲོད་ཆུང༌། །དེ་ཡི་རྟེན་འབྲེལ་ཇི་ལྟར་གནས། །གདམས་ངག་བསྒྱུར་ཁ་ཇི་ལྟར་བགྱི། །ཞིབ་པར་ཐུགས་ལ་འདོག་པར་ཞུ། །འབར་འཛག་དམིགས་པ་གཏད་དུས་སུ། །དབང་མེད་བྱང་སེམས་ཉམས་པ་ལ། །འཁྲུལ་འཁོར་བྱས་ཀྱང་མི་ཟློག་ན། །དེ་ཡི་དུས་སུ་ཇི་ལྟར་བགྱི། །གནད་དང་བཅས་པའི་ཞལ་གདམས་ཞུ། །གཏུམ་མོའི་གནད་ཀྱིས་སྒོམ་པ་ལ། །ཤ་བཀྲག་མེད་ཅིང་བདེ་དྲོད་ཆུང་བ་དེ། །འདོད་ཆགས་ཡང་ཡང་སྐྱེས་པའི་རྟོགས་པ་དེས། །ཐིག་ལེ་དངོས་སུ་མ་ཉམས་ཀྱང༌། །གནས་བབ་བེམ་རིག་བྲལ་བ་ཡིན། །འཁྲུལ་འཁོར་བཟློག་ཐབས་མ་བྱས་པས། །ཤ་མདོག་ཧཾ་སྐྱ་བ་མོ་ཁ། །སྔོ་སྐྱ་དག་དང་བཅས་པར་གྱུར། །དེ་ནི་ཐིག་ལེས་སྐྱོན་ཡིན་པས། །འཁྲུལ་འཁོར་བཞི་ཡིས་རླུང་དང་བསྲེ། །བས་ལྡག་ཤུ་བ་གཡན་པ་དང༌། །སྐྱ་རྦབ་ལྟ་བུ་བྱུང་གྱུར་ན། །རླུང་ཤ་མཚམས་ཤོར་བའི་སྐྱོན་ཡིན་ཏེ། །མཛེ་ནད་བཞིན་དུ་འབྱུང་བ་ཡིན། །དེ་ཡི་བཅོས་ཐབས་བསྟན་པ་ནི། །གསང་གནས་གཏུམ་མོའི་མེ་སྦར་བས། །ལུས་ཀྱི་ནང་རྣམས་ཁེངས་པར་བསྒོམ། །མེ་ལྕེ་ཁབ་རྩེ་ཙམ་པ་རྣམས། །བ་སྤུའི་བུ་ག་རྣམས་སུ་བསྒོམ། །ཐུན་འཇོག་ཙམ་ན་ནང་དུ་བསྒོམ། །རྗེས་ལ་བྱང་སེམས་གང་བར་བསྒོམ། །དེ་ཡིས་སྐྱོན་རྣམས་སེལ་བ་ཡིན། །རྩ་དང་རླུང་དང་ཐིག་ལེའི་གཟུགས། །སྐྱོན་རྣམས་འབྱུང་བའི་རྐྱེན་རྣམས་ཞུས། །རྗེ་ཡི་གཟེར་ལྔའི་ནང་དུ་ལྟོས། །བཅོས་ཐབས་དེ་ལས་ལྷག་པ་མེད། །སྲོག་དང་རྩོལ་བའི་ཁྱད་པར་གྱིས། །གནད་དུ་ཚུད་ན་ཇི་ལྟར་འབྱུང༌། །རླུང་འཇམ་རྩུབ་གཉིས་ལ་ཁྱད་མཆིས་སམ། །སྟེང་སྒོ་འོག་སྒོ་གཉིས་པོ་ལ། །སྒོམ་དུས་ནན་ཏན་གང་ལ་བགྱི། །ཁ་གསལ་ཐུགས་ལ་འདོག་པར་ཞུ། །ཞེས་ཞུ་བ་ནི། སྲོག་རྩོལ་གཡས་གཡོན་རྩའི་གནས། །སྲོག་ནི་རླུང་ལ་ཟེར་བ་ཡིན། །རྩོལ་བ་ལས་ལ་སྦྱོར་བ་སྟེ། །སྲོག་རྩོལ་གཟུང་འཛིན་རྦ་རླབས་དེ། །སྦྱོར་བཞིའི་གནད་དུ་བསྣུན་ཙམ་ན། །སྲོག་རྩོལ་དབུ་མར་ཚུད་པ་ཡིས། །གཟུང་འཛིན་རྟོག་པ་འགགས་པ་དང༌། །རྟོག་མེད་ཡེ་ཤེས་སྐྱེ་བ་ཡིན། །རླུང་འཇམ་རྩུབ་གཉིས་ཀྱི་ཁྱད་པར་དེ། །རྩུབ་རླུང་དྲག་པས་རྩ་མིག་འབྱེར། །འཇམ་པས་ཡོན་ཏན་སྐྱེ་བར་དཀའ། །གནས་བཞི་ཉམས་སུ་བླང་བར་བྱ། །སྟེང་འོག་གཉིས་ཀྱི་ཁྱད་པར་ནི། །དང་པོ་འོག་རླུང་བཟུང་བྱས་ནས། །འོག་རླུང་དྲག་ཏུ་འཐེན་པར་བྱ། །སྟེང་འོག་ཁ་སྦྱོར་རྩོལ་བ་ཡིས། །ཡོན་ཏན་ཚོགས་རྣམས་སྐྱེ་བ་ཡིན། །འོག་རླུང་དྲག་དང་བྲང་དགྱེ་ན། །སྟོད་དུ་གཟེར་ནད་འོང་བ་ཡིན། །བྲང་ཉིད་ཀུང་བྱས་ལུས་བཅུན་ནས། །རླུང་དྲག་ཏུ་བུས་པས་སྐྱོན་རྣམས་སེལ། །རྩ་བའི་རླུང་དང་ཡན་ལག་རླུང༌། །ལོག་པའི་དུས་སུ་སྐྱོན་ཅི་འབྱུང༌། །གེགས་སེལ་གནད་དང་བཅས་པ་གཅིག །ཐུགས་ལ་ཅིས་ཀྱང་འདོགས་པར་ཞུ། །ཞེས་ཞུ་བ་ནི། དེ་ལ་རླུང་བཅུའི་བྱེ་བྲག་ནི། །ཐུར་སེལ་ལྒང་པའི་རྩ་ལ་གནས། །ལས་ནི་འོག་སྒོའི་བྱ་བ་བྱེད། །ལོག་ན་བཤང་ལྕི་སྡོམ་པར་བྱེད། །འབར་ན་ཡོན་ཏན་སྐྱེ་བར་བྱེད། །མེ་དང་མཉམ་དུ་གནས་པ་ནི། །ལྟེ་བའི་དཀྱིལ་འཁོར་དག་ཏུ་གནས། །ལས་ནི་ལུས་ཀྱི་དྲོད་བསྐྱེད་ཅིང༌། །ཟས་རྣམས་ཀྱང་ནི་འཇུ་བར་བྱེད། །ལོག་ན་དྲངས་བའི་རླུང་ལོག་སྐྱེ། །གཞན་ཡང་སྐྲན་དང་དམུ་ཆུ་འབྱུང༌། །འབར་ན་ཡོན་ཏན་སྐྱེ་བ་ཡིན། །སྲོག་འཛིན་རླུང་ནི་སྙིང་ཁར་གནས། །ལས་ནི་སེམས་ཀྱི་ཆོས་རྣམས་བྱེད། །ལོག་ན་སྙིང་རླུང་སྨྱོ་འབོག་འབྱུང༌། །འབར་ན་མངོན་ཤེས་ཏིང་འཛིན་སྐྱེ། །གྱེན་རྒྱུ་ཏོང་ཏོང་པོ་ལ་གནས། །ལས་ནི་ཟ་འཐུང་མིད་པ་དང༌། །དབང་པོ་ལྔ་ཡི་ལས་ཀུན་བྱེད། །ལོག་ན་མིད་བཅུས་ལ་སོགས་འབྱུང༌། །འབར་ན་ངག་གི་ཡོན་ཏན་འབྱུང༌། །ཁྱབ་བྱེད་རླུང་གི་གནས་པ་ནི། །ཚིག་འདྲིལ་པགས་དང་བ་སྤུར་གནས། །ལས་ནི་འགུལ་སྤྱོད་གཉེན་ལྕུགས་བྱེད། །ལོག་ན་ཞ་འཐེང་སྒུར་པོར་འོང༌། །ཤུ་བ་བས་ལྡག་གཡན་པ་སོགས། །སྐྲ་དང་སྨིན་མ་འབྱི་བ་དང༌། །སྔོ་སྐྱ་ཧཾ་པ་ཅན་དུ་འོང༌། །འབར་ན་ལུས་ཀྱི་བཀྲག་མདངས་དང༌། །ལུས་ཀྱི་ཡོན་ཏན་ཐམས་ཅད་འབྱུང༌། །རླུང་གི་བྱེ་བྲག་མང་ན་ཡང༌། །རླུང་སྦྱོར་འདི་ཡི་བྱེ་བྲག་ནི། །བསྡུས་ན་དེ་ཉིད་སུམ་ཅུར་གནས། །ཡན་ལག་དག་གི་རླུང་ལྔ་ནི། །དབང་པོ་ལྔ་ལ་གནས་པ་ཡིན། །བྱ་བའི་ལས་རྣམས་གང་བྱེད་པ། །མིང་སོགས་པས་ནི་སོ་སོར་བྱེད། །ལོག་ན་དབང་པོའི་སྐྱོན་དུ་འགྱུར། །འབར་ན་བདེ་སྟོང་ཏིང་འཛིན་སྐྱེ། །གེགས་སེལ་ཡོན་ཏན་སྐྱེ་ལུགས་རྣམས། །འདིར་ནི་ལེགས་པོར་བཀོད་པ་ཡིན། །གཏུམ་མོ་ཉམས་སུ་ལེན་པ་ལ། །ལུས་སྦྱོང་འཁྲུལ་འཁོར་དགོས་ལགས་སམ། །ལུས་སྦྱོང་མ་བྱས་སྐྱོན་ཅི་འབྱུང༌། །བྱས་པས་ཡོན་ཏན་ཇི་ལྟར་འབྱུང༌། །གནད་ཀྱི་འཁྲུལ་འཁོར་ལུས་སྦྱོང་རྣམས། །ཐུགས་རྗེ་ཅན་གྱིས་གནང་བར་ཞུ། །ལུས་སྦྱོང་འཁྲུལ་འཁོར་མ་བྱས་ན། །དཔེར་ན་གྲོད་པའི་ཁ་ནི་སྐམ་པ་ལ། །ནང་དུ་ཆུ་བླུགས་མི་འགྲོ་ཞིང༌། །ཁ་སྐམ་འདྲལ་ཞིང་བཅུད་ཀྱང་འབོ། །དེ་བཞིན་ལུས་སྦྱོང་མ་བྱས་སྐྱོན་རྣམས་ནི། །རླུང་བཟུང་དྲགས་པས་སྐྱོན་རྣམས་ཡིན། །དབུ་མའི་རྩ་ཁ་མ་ཕྱེད་པར། །རྩ་ཕྲན་ཤ་པགས་མཚམས་རྣམས་སུ། །རླུང་ནི་བྱེར་བར་གྱུར་པ་དེ། །ཤུ་བ་ལ་སོགས་ནད་རྣམས་འབྱུང༌། །གྲོད་པ་ཁ་སྐམ་རལ་དང་འདྲ། །གྲོད་པ་ཆུ་ཡིས་སྦངས་གྱུར་ན། །ཁ་སྦངས་གྲོད་པ་གཉེན་པ་ཡིན། །ལུས་སྦྱོང་འཁྲུལ་འཁོར་བྱས་པ་ཡིས། །རྩ་ཁ་འབྱེད་ཅིང་རྩ་མདུད་གྲོལ། །རྩ་ནི་གཉེན་ལྕུགས་ལྡན་པ་སྟེ །ལུས་སྦྱོང་བྱས་པའི་ཕན་ཡོན་ཡིན། །དཔལ་ལྡན་ཆེན་པོ་རྒྭ་ལོ་ཡིས། །གོ་རིམ་འཆལ་བའི་ལུས་སྦྱོང་དང༌། །སློབ་དཔོན་ཆེན་པོ་བིར་ཝ་པས། །ལམ་འབྲས་ནང་དུ་གསུངས་པ་ལྟར། །ཞིབ་ཏུ་ལྟོས་ལ་ཉམས་སུ་ལོངས། །འདིར་མང་བྲིས་པ་ཟློས་སྐྱོན་ཡིན། །གནས་ཆེན་འཁོར་ལོ་གཙོ་དྲུག་དང༌། །ཚིགས་ཆེན་འཁོར་ལོ་བཅུ་གཉིས་སུ། །འབྱུང་བཞི་རླུང་སེམས་མ་འཕྲོད་ན། །དེ་ལ་ཉེས་སྐྱོན་ཅི་འདྲ་འབྱུང༌། །སྐྱོན་གྲོལ་གེགས་སེལ་འཕྲང་སྒྲོལ་ཞུ། །ཞེས་ཞུ་བ་ནི། གནས་ཆེན་གཙོ་དྲུག་བར་དོ་སྐུ་གསུམ་ནང་དུ་ལྟོས་གསལ་ཟེར། །ཚིགས་ཆེན་གྱི་ནི་བཅུ་གཉིས་སུ། །རླུང་སེམས་འདུས་པར་གྱུར་པ་དེ། །མཚན་དཔེ་བདུན་མཐོ་འབྱུང་བ་ཡིན། །དེ་རུ་འབྱུང་བཞིའི་རླུང་ལོག་ན། །ལུས་ཚིགས་ནད་དུ་འབྱུང་བ་ཡིན། །ནད་ཀྱི་སྐྱོན་རྣམས་བྱུང་གྱུར་ན། །ཆུ་ཡི་གནས་སུ་མེ་དང་ནི། །མེ་ཡི་གནས་སུ་ཆུ་ཡང་བསྒོམ། །ས་ཡི་གནས་སུ་རླུང་དང་ནི། །རླུང་གི་གནས་སུ་ས་ཡང་བསྒོམ། །ཀུན་ལ་ནམ་མཁའ་སྟོང་པ་བསྒོམ། །ཉོན་མོངས་གེགས་སེལ་གཉེན་པོ་བསྒོམ། །ཡང་ན་ལྡོག་པའི་སྦྱོར་བ་གྱིས། །བགེགས་ཀྱི་གེགས་ལ་བྱམས་པ་བསྒོམ། །དེ་ལ་འཕྲང་གྲོལ་བྱེ་བྲག་ནི། །འཕྲང་བདུན་མ་ཡི་ནང་དུ་ལྟོས། །སྤྱིར་རྩ་དང་རླུང་དང་ཐིག་ལེ་དང༌། །ཡི་གེའི་འགྲོས་རྣམས་ཐིམ་པ་ལས། །ལམ་རྣམས་རྫོགས་པར་འདོད་པ་དེ། །རྗེ་བིར་བའི་བཞེད་པ་སྟེ། །རྗེ་རིན་པོ་ཆེ་ཡིས་བཞེད་པ་ཡིས། །རྩ་རླུང་ཐིག་ལེ་ཡི་གེ་ཡིས། །ལམ་རྣམས་ཇི་ལྟར་རྫོགས་ལུགས་རྣམས། །རྗེ་འགྲོ་བའི་མགོན་པོས་གནང་བར་ཞུ། །ཞེས་ཞུ་བ་ནི། འགྲོས་བཞིས་བྱེ་བྲག་ཞུས་པ་རྣམས། །སློབ་དཔོན་ཆེན་པོ་བིར་ཝ་པས། ལམ་འབྲས་གསུངས་པའི་ནང་དུ་ལྟོས། །དེ་ལས་ལྷག་པ་བརྗོད་མི་དགོས། །སྤྱིར་རྩ་རླུང་ཐིག་ལེ་ཡི་གེ་རྣམས། །གཞི་ལ་ཇི་ལྟར་གནས་པ་དང༌། །ལམ་དུ་ཇི་ལྟར་སྒོམ་ལུགས་རྣམས། །སྐྱོན་དང་ཡོན་ཏན་འཛིན་པ་དང༌། །འཕྲང་སྒྲོལ་གནད་ཀྱི་གདམས་ངག་དང༌། །རླུང་སེམས་དབང་དུ་འདུས་རྟགས་དང༌། །དགའ་བ་བཞི་ཡི་ཡེ་ཤེས་འཆར་ལུགས་དང༌། །མཚན་དང་དཔེ་བྱད་ལ་སོགས་པ། །འབྲས་བུའི་ཡོན་ཏན་མ་ལུས་པ། །དངོས་པོ་གཞི་ལ་ཇི་ལྟར་གནས། །བསྒོམས་པས་མངོན་དུ་ཅི་ལྟར་འགྱུར། །རྗེ་དུས་གསུམ་མཁྱེན་པའི་སངས་རྒྱས་ཀྱིས། །ཕྱོགས་བརྟན་བརྡའ་ཙམ་མ་ལགས་པ། །འཁོར་འདས་གཉིས་ཀྱི་རྒྱུ་འབྲས་འདི། །འདི་ལས་འདི་འབྱུང་རྒྱུ་རྐྱེན་རྣམས། །ཁ་གསལ་ལག་ཏུ་སློངས་པ་ཡི། །ཐུགས་ཀྱི་ཉིང་ཁུ་གནང་བར་ཞུ། །ཞེས་ཞུས་པ་དང༌། རྩ་ནི་ལུས་ཀྱི་གནས་ལུགས་ཏེ། །རྩ་ཡི་གཙོ་བོ་བདུན་དུ་གསུངས། །ཕྱེ་ན་སྟོང་ཕྲག་བདུན་ཅུ་གཉིས། །གཟུགས་དང་དབྱིབས་དང་ཐག་དང་ནི། །དྲུ་གུ་འདྲིལ་དང་སྐྲ་ཤད་འཛིངས། །གཞན་ཡང་རྩ་ལ་མང་དུ་གསུངས། །རྩ་མདུད་ཡི་གེ་འབུར་དུ་གནས། །རླུང་དང་ཐིག་ལེ་སེམས་དང་གསུམ། །རྩ་ཡི་ནང་དུ་གནས་པར་གསུངས། །དེ་ལྔ་དུས་གཅིག་ཚོགས་པ་དེ། །རྣམ་རྟོག་ཕྱོགས་མེད་འཕྲོས་པ་དང༌། །སེམས་ཀྱི་བཞོན་པ་རླུང་བཟུང་ནས། །གཏུམ་མོ་བཞི་ལྡན་བསྒོམས་གྱུར་ན། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །མ་བསྒོམ་རྣམ་རྟོག་གཡེངས་གྱུར་ན། །འཁོར་བའི་སྡུག་བསྔལ་བསྐྱེད་པར་བྱེད། །མ་བསྒོམ་པ་ཡི་སྐྱོན་ཡིན་ནོ། །བསྒོམས་ན་ཡོན་ཏན་སྐྱེ་བ་ཡིན། །དེ་ལྟར་སྐྱོན་ཡོན་ཤེས་པར་གྱིས། །རྣམ་རྟོག་གཏུམ་མོའི་འཕྲང་དང་ནི། །ཉོན་མོངས་ཞེ་སྡང་འཕྲལ་ལ་སྒྲོལ། །གསལ་སྟོང་ཡེ་ཤེས་ཐོབ་པར་འགྱུར། །ལྟེ་བའི་གནས་སུ་ཚོགས་པ་དང༌། །བྱེ་བྲག་དེ་ཚོ་འབྱུང་བ་ཡིན། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །ལྔ་པོ་དུས་གཅིག་གནས་པ་དང༌། །འདོད་ཆགས་ཕྲག་དོག་སྐྱེས་གྱུར་ན། །བདེ་བའི་སྦྱོར་བ་སྒོམ་པ་དང༌། །དགའ་བཞིའི་ཡེ་ཤེས་སྐྱེ་བ་ཡིན། །མ་བསྒོམ་འདོད་ཆགས་དབང་སོང་ན། །འཁོར་བའི་སྡུག་བསྔལ་བསྐྱེད་པར་བྱེད། །མ་བསྒོམ་པ་ཡི་སྐྱོན་ཡིན་ནོ། །བསྒོམས་ན་ཡོན་ཏན་སྐྱེ་བ་ཡིན། །དེ་ལྟར་སྐྱོན་ཡོན་ཤེས་པར་གྱིས། །ཕྲག་དོག་བདེ་བའི་འཕྲང་དང་ནི། །ཉོན་མོངས་འདོད་ཆགས་འཕྲང་ལས་སྒྲོལ། །ལྷན་ཅིག་སྐྱེས་དགའ་ཐོབ་པར་འགྱུར། །སྤྱི་བོའི་གནས་སུ་ཚོགས་པ་དང༌། །བྱེ་བྲག་དེ་ཚོ་འབྱུང་བ་ཡིན། །ས་རླུང་དབང་འདུས་སྨིག་སྒྱུ་དང༌། །ཆུ་རླུང་དབང་འདུས་དུ་བ་དང༌། །མེ་རླུང་དབང་འདུས་མཁའ་སྣང་དང༌། །རླུང་ཉིད་དབང་འདུས་མར་མེ་དང༌། །ནམ་མཁའ་ཡི་ནི་རླུང་འདུས་ན། །སྤྲིན་མེད་ནམ་མཁའི་རྟགས་རྣམས་འབྱུང༌། །རྟགས་ཀྱི་བྱེ་བྲག་བསམ་མི་ཁྱབ། །འདིར་ཡང་བརྗོད་ཀྱི་མི་ལང་གིས། །ཐུན་མོང་གྲུབ་རྟགས་རྣམས་ན་ལྟོས། །ཉམས་སུ་ལོངས་དང་ནང་ནས་འཆར། །གྲོལ་ལམ་གཏུམ་མོའི་དགའ་བཞི་དང༌། ཆགས་ལམ་བདེ་བའི་དགའ་བཞི་གཉིས། །ལམ་གཉིས་བྱེ་བྲག་སོ་སོ་ཡིན། །གཏུམ་མོ་གནད་དུ་བསྣུན་ཙམ་ན། །རྩ་བྲན་རླུང་སེམས་འདུས་པ་ཡིན། །ལུས་ལ་བདེ་དྲོད་སྐྱེས་པ་དང༌། །རྣམ་པ་སྣ་ཚོགས་སྐད་ཅིག་མ། །རག་པ་འགགས་པ་རྟོག་མེད་ཡིན། །བདེ་བ་སྐྱེས་པ་དགའ་བ་ཡིན། །ཐིག་ལེ་འབར་འཛག་སྒོམ་པ་དང༌། །ཐབས་ཤེས་གཉིས་མེད་འཕྲོད་པ་ཡིས། །རླུང་ནང་དུ་འདུས་པས་གཏུམ་མོ་འབར། །ཡེ་ཤེས་ལ་ནི་ཆེར་བསྙེན་པས། །ཕྲ་བ་འགགས་པས་རྣམ་པར་སྨིན། །བདེ་ཆེན་སྐྱེས་པས་མཆོག་དགའ་ཡིན། །ཤིན་ཏུ་ཕྲ་བ་འགགས་པ་ཡིས། །བརྗོད་པ་ཐམས་ཅད་དང་བྲལ་བས། །མཚན་ཉིད་མེད་པའི་སྐད་ཅིག་མ། །བདེ་སྟོང་དབྱེར་མེད་སྐྱེས་པ་དེ། །ལྷན་ཅིག་སྐྱེས་པའི་དགའ་བ་ཡིན། །དེ་ནི་དངོས་གཞི་ཡིན་པར་གསུངས། །རླུང་ནི་ཕྱིར་ལ་འབྱུང་བ་དང༌། །རྣམ་པར་རྟོག་པ་འཕྲོས་པ་ཡིས། །བདེ་སྟོང་ཉམས་དང་བྲལ་བ་ལ། །ཡེ་ཤེས་རྗེས་བཤུ་བྱེད་པ་དེ། །རྟོགས་པ་ཤར་བས་དགའ་བྲལ་ཡིན། །རྣམ་པར་རྙེད་པའི་སྐད་ཅིག་མ། །བཞི་པ་ཡང་ནི་དེ་བཞིན་སྐྱེས། །རྗེས་ཀྱི་དངོས་གཞི་སྙགས་པ་ཡིན། །མྱོང་བ་ཐམས་ཅད་དང་བྲལ་བས། །རྣམ་པ་མེད་པའི་སྐད་ཅིག་མ། །ཐམས་ཅད་སྟོང་པར་ཤར་བ་ཡིན། །དགའ་བྲལ་དུ་ནི་འདོད་པའོ། །དེ་ལྟར་ལུགས་ནི་མང་ན་ཡང༌། །སྔར་གྱི་གན་དུ་བསྒོམ་པར་བྱ། །ཆགས་ལམ་པ་ཡི་དགའ་བཞི་ནི། །ཕྱག་རྒྱ་ལ་ནི་ནོམ་དང་ཉུག་པ་ཡིས། །རྣམ་རྟོག་སྣ་ཚོགས་འགགས་པ་དེས། །རྣམ་པ་སྣ་ཚོགས་སྐད་ཅིག་ཡིན། །བདེ་བ་སྐྱེས་པས་དགའ་བ་ཡིན། །མཁའ་གསང་བྱིན་རླབས་མཉམ་སྦྱར་བས། །རག་པ་འགགས་པས་རྟོག་མེད་དེ། །རྣམ་པར་སྨིན་པའི་སྐད་ཅིག་ཡིན། །བདེ་བ་ཆེར་སྐྱེས་མཆོག་དགའ་ཡིན། །བདེ་བ་གཉིས་ཤོར་གཉིས་མཉམ་དབུས། །བརྗོད་པ་ཐམས་ཅད་དང་བྲལ་བའི། །མཚན་ཉིད་མེད་པའི་སྐད་ཅིག་མ། །མཁའ་མཉམ་བདེ་སྟོང་དབྱེར་མེད་དེ། །ལྷན་ཅིག་སྐྱེས་པའི་དགའ་བ་ཡིན། །ཡེ་ཤེས་དང་ནི་དང་བྲལ་ནས། །ཕྱི་ནས་རྗེས་བཤུ་བྱེད་པ་དེ། །རྣམ་པར་རྙུད་པའི་སྐད་ཅིག་ཡིན། །ཐམས་ཅད་རྟོགས་པར་ཤར་བ་ན། །དགའ་བྲལ་གྱི་ནི་ཡེ་ཤེས་ཡིན། །དེ་ལྟར་དགའ་བཞི་ཤེས་པར་གྱིས། །མཚན་བཟང་སུམ་ཅུ་རྩ་གཉིས་དེ། །ལུས་ངག་ཡིད་གསུམ་གཞི་ལ་གནས། །ལམ་དུ་རྒྱུ་དེ་གང་སོང་ལ། །རྣམ་སྨིན་འབྲས་བུ་འབྱུང་བ་ཡིན། །བླ་མ་བསུ་དང་སྐྱེལ་བ་ཡིས། །ཕྱག་ཞབས་འཁོར་ལོའི་རྩིབས་དང་ལྡན། །གཞན་མ་རྣམས་ཀྱང་དེ་བཞིན་སྦྱར། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང༌། །རྒྱུ་རྣམས་སོང་བའི་འབྲས་བུ་ཡིན། །དེ་ནི་གཟུགས་སྐུའི་ཡོན་ཏན་ནོ། །སྟོབས་བཅུ་མི་འཇིགས་བཞི་དང་ནི། །མ་འདྲེས་ཆོས་ནི་བཅོ་བརྒྱད་དེ། །བྲལ་འབྲས་སུམ་ཅུ་རྩ་གཉིས་ཡིན། །དེ་ནི་ཆོས་སྐུའི་ཡོན་ཏན་ཡིན། །གནས་དང་གནས་ནི་མ་ཡིན་པའི། །བྱང་ཆུབ་སེམས་ནི་འབྱུང་ལུགས་རྣམས། །བཅོམ་ལྡན་མགོན་པོ་བྱམས་པ་ཡིས། །ཐེག་མཆོག་རྒྱུད་ནི་བླ་མར་ལྟོས། །རྩ་དང་ཡི་གེ་རླུང་དང་གསུམ། །ཕྱི་རྟགས་ནང་དུ་ཤར་བ་དེ། །ཕྱི་ནང་རྟེན་འབྲེལ་འགྲིགས་ན་འབྱུང༌། །གཟུགས་སྐུ་ལ་ནི་འཆར་བ་ཡིན། །ཀུན་དྷ་བྱང་ཆུབ་སེམས་དང་ནི། །ནང་རྟགས་ཕྱི་རུ་འཆར་བ་དེ། །ནང་དུ་རྟེན་འབྲེལ་འགྲིགས་པ་ཡིན། །དེ་ནི་ཆོས་སྐུའི་ཡོན་ཏན་ཡིན། །རྟེན་ནི་རྣམ་པ་བཞི་པོ་དེ། །གཅིག་ཏུ་འདུས་ན་གྱུར་པ་ལ། །གསང་བའི་རྟེན་འབྲེལ་འགྲིགས་པ་ཡིན། །ཡན་ལག་བདུན་དང་ལྡན་པ་དེ། །ངོ་བོ་ཉིད་སྐུའི་ཡོན་ཏན་ཡིན། །དེ་ཁོ་ན་ཉིད་ཀྱི་རྟེན་འབྲེལ་དང༌། །མཐར་ཐུག་གི་ནི་རྟེན་འབྲེལ་སོགས། །དེ་དག་ཐད་སོའི་ཡོན་ཏན་རྣམས། །སློབ་དཔོན་ཆེན་པོ་བིར་ཝ་པས། །གསུངས་པའི་ལམ་འབྲས་ནང་དུ་ལྟོས། །འཁོར་འདས་གཉིས་ཀྱི་རྒྱུ་འབྲས་ནི། །རྒྱུ་ཉོན་མོངས་དུག་ལྔ་དུག་གསུམ་བྱས། །རྐྱེན་སྡིག་པ་མི་དགེའི་ལས་བྱས་པས། །འབྲས་བུ་འཁོར་བའི་སྡུག་བསྔལ་སྨིན། །ཉོན་མོངས་སོ་སོའི་ལས་རྣམས་ཀྱིས། །ངན་སོང་ལ་སོགས་སྡུག་བསྔལ་རྣམས། །ཞིབ་ཏུ་འདིར་མང་སྨོས་ཅི་དགོས། །རིན་ཆེན་གཅིག་ཆོད་ནང་དུ་ལྟོས། །མཚན་མེད་ཕྱག་རྒྱ་ཆེན་པོ་ལས། །རིམ་སྐྱེས་པ་དང་གཅིག་ཆར་པ། །ཐོད་རྒལ་བ་དང་གསུམ་དུ་གསུངས། །རིམ་སྐྱེས་པ་ཡི་གང་ཟག་ལ། །ཉམས་རྟོགས་འཆར་ལུགས་ཇི་ལྟར་ལགས། །རྣལ་འབྱོར་བཞི་ཡི་རིམ་པ་དེ། །རིམ་སྐྱེས་པ་ཡི་གང་ཟག་ལ། །བཞི་པོ་རིམ་གྱིས་སྐྱེ་ལགས་སམ། །ཡང་ན་གཅིག་ཆར་སྐྱེ་བ་ལགས། །དེ་ཡི་ས་མཚམས་ཕྱེད་པ་གཅིག །ཞིབ་པར་ཐུགས་ལ་འདོགས་པར་ཞུ། །ཞེས་ཞུ་བ་ལས། ཆོས་བྱེད་རྟེན་གྱི་གང་ཟག་ལ། །བླ་མ་དམ་པས་སྒོམ་བཏབ་པས། །ཉམས་སུ་བླངས་པར་གྱུར་པ་ལ། །ཉམས་རྟོགས་སྐྱེ་བའི་ཚུལ་ལུགས་ནི། །རྣམ་པ་གསུམ་དུ་གསུང་ལུགས་ལས། །གཅིག་ཆར་པ་ལ་རྟོགས་པ་སྐྱེ། །ཉམས་སུ་མ་ཤོར་ཉམས་མྱོང་བསྐྱང༌། །ཐབས་གཞན་མ་ཚོལ་ངོ་སྤྲོད་གྱིས། །ཐོད་རྒལ་རེས་འཇོག་ཚུལ་དུ་སྐྱེ། །སྒོམ་མ་སྐྱེས་པ་ཡང་རང་སེམས་ཡིན། །སྒོམ་སྐྱེས་པ་དེ་ཚམས་སྦྱོར་བྱ། །རྣལ་འབྱོར་བཞི་ཡི་རིམ་པ་འདི། །རིམ་སྐྱེས་པ་ལ་གསུངས་པ་ཡིན། །རྩེ་གཅིག་སེམས་ཀྱི་རང་བཞིན་མཐོང༌། །རྩེ་གཅིག་དང་པོ་སེང་ངེ་ཡེ་རེ་བ། །བདེ་གསལ་མི་རྟོག་ཉམས་མྱོང་སྐྱེ། །སྒོམ་པའི་དུས་སུ་དངོས་མེད་སྟོང་པ་སྐྱེ། །འོན་ཀྱང་ཉམས་ཀྱི་ཞེན་པ་ཡིས། །མ་ངེས་བསམ་གཏན་གཉིས་པའོ། །སེམས་ཀྱི་རང་བཞིན་གདོད་ནས་སྟོངས། །ཐམས་ཅད་སྟོང་པ་ཡིན་སྙམ་སྐྱེ། །སྒོམ་འདི་ལས་ལྷག་པ་མེད་ཉམས་སྐྱེ། །བསྒོམས་པས་ཁེངས་པའི་སྟོང་སྦོས་ཀྱིས། །ཆེན་པོ་རྣམས་ལ་བརྙས་པ་ཡིན། །འོན་ཀྱང་རྟོག་པ་མེད་པ་ཡི། །ཆོས་ཉིད་ཉམས་ཀྱི་མཐར་ཐུག་ཡིན། །སྤྲོས་བྲལ་དུས་སུ་ངོ་བོ་མཐོང༌། །སྤྲོས་པའི་ཆོས་རྣམས་སྣ་ཚོགས་ཀུན། །རང་སེམས་ཡིན་པར་རྟོགས་པ་དང༌། །སེམས་ཉིད་སྟོང་པར་སྒོམ་པ་དེ། །སྤྲོས་བྲལ་དང་པོའི་རྟོགས་པ་ཡིན། །སྤྲོས་པ་སྤྲོས་པས་སྟོང་བས་མེད། །སྤྲོས་བྲལ་གཉིས་པ་རྟོགས་པ་ཡིན། །བདེ་བ་གསལ་བ་མི་རྟོག་པ། །སྐུ་གསུམ་སེམས་ཀྱི་ངོ་བོ་ཡིན། །དྲན་པ་སྐད་ཅིག་སྤྲུལ་པའི་སྐུ། །དེ་ཉིད་སྟོང་པ་ཆོས་ཀྱི་སྐུ། །དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ། །ཉམས་ཀྱི་བདེ་གསལ་མ་ཡིན་པས། །རྟོགས་པའི་བདེ་གསལ་མི་རྟོག་པ། །སྐུ་གསུམ་སེམས་ཀྱི་ངོ་བོ་ཉིད། །རོ་གཅིག་སེམས་ཀྱི་མཚན་ཉིད་ཡིན། །སེམས་ཀྱི་མཚན་ཉིད་སྣ་ཚོགས་པ། །དགག་སྒྲུབ་མེད་པར་རྟོགས་པ་དེ། །རོ་གཅིག་རྣལ་འབྱོར་དང་པོ་ཡིན། །འཁོར་འདས་གཉིས་ཀྱི་ཆོས་རྣམས་ལ། །འདི་ལས་འདི་འབྱུང་ཤེས་ན་ཡང༌། །བསྒོམས་པས་སེམས་སྦྱོང་མ་བྱས་པས། །རྟེན་འབྲེལ་མངོན་དུ་འགྱུར་བ་དཀའ། །སེམས་ཀྱི་མཚན་ཉིད་མ་འདྲེས་པ། །བྱེ་བྲག་ཤ་མོང་སུལ་བཞིན་དུ། །སོ་སོའི་རྒྱུ་འབྲས་ཇི་བཞིན་སྣང༌། །ལག་མཐིལ་སྐྱུ་རུ་ར་བཞིན་དུ། །རྟེན་འབྲེལ་མངོན་དུ་གྱུར་པ་ཡིན། །སེམས་ཀྱི་གཤིས་ཀ་ཇི་ལྟར་བ། །རྟོགས་པ་མངོན་དུ་གྱུར་པ་ནི། །སྒོམ་དུ་མེད་པའི་རྣལ་འབྱོར་ཡིན། །སྣང་སྲིད་འཁོར་འདས་ཆོས་རྣམས་འདི། །རང་སེམས་མིན་པ་གཅིག་ཀྱང་མེད། །སེམས་ཉིད་མིན་པ་སྒོམ་མེད་པས། །སྒོམ་མེད་པ་ཡི་ས་ཕྱོགས་དག །ཐམས་ཅད་སྒོམ་དུ་ཤེས་པ་ཡིས། །སྒྲིབ་པ་མེད་ཅིང་སྒྲིབ་མཁན་མེད། །སྤང་བྱ་མེད་ཅིང་གཉེན་པོ་མེད། །སེམས་ཉིད་ཆོས་སྐུ་རྣམ་དག་ལ། །སྒྲིབ་པ་ཆགས་པའི་གནས་པ་མེད། །གཉེན་པོ་སོ་མས་བཅོས་སུ་མེད། །སངས་རྒྱས་ཐུགས་ལ་ཁྱད་མེད་པས། །འདི་ནི་དཀར་པོ་གཅིག་ཐུབ་ཡིན། །རྟོགས་པ་ཁོ་ན་སྒོམ་པ་དེ། །ཉམས་རྟོགས་ཟུང་འཇུག་ལམ་ཡིན་པས། །ལམ་གཞན་ལོགས་ནས་བཙལ་མི་དགོས། །རྟོགས་པ་མངོན་དུ་གྱུར་ཙམ་ན། །ད་ལྟའི་སྣང་བ་དངོས་པོ་དང༌། །ཉོན་མོངས་དུག་ལྔ་ལ་སོགས་དང༌། །ཚོགས་དྲུག་ཡུལ་གྱི་སྣང་བ་འདི། །དེ་དུས་ཇི་ལྟར་འགྱུར་བ་ལགས། །སྒོམ་མེད་མངོན་དུ་གྱུར་ཙམ་ན། །ད་ལྟའི་རིག་པ་ཏུར་ཏུར་པོ། །དྲན་པ་སྣ་ཚོགས་འཕྲོ་བ་དེ། །དེ་དུས་ཅི་ལྟར་འགྱུར་བ་ལགས། །ཞེས་ཞུ་བ་ནི། །བེམ་རིག་གཉིས་ཀྱིས་བསྡུས་པ་ཡི། །དབང་པོ་ལྔ་ལ་སྣང་བ་ཀུན། །མ་རྟོགས་པ་ལ་འཁྲུལ་སྣང་ཡིན། །རྣལ་འབྱོར་པ་ལ་ཉམས་སྣང་འཆར། །རྟོགས་པ་མངོན་དུ་གྱུར་པ་ལ། །དག་སྣང་སྣང་བའི་རང་གཟུགས་དེ། །སྣང་སྟོང་ཟུང་འཇུག་སྒོམ་དུ་འཆར། །ཐ་མལ་རྣམས་ལ་དུག་ལྔ་འཆར། །ཉམས་ལྡན་རྣམས་ལ་འདྲེས་མར་འཆར། །རྟོགས་པ་མངོན་དུ་གྱུར་པ་ལ། །ཉོན་མོངས་དུག་ལྔ་ལ་སོགས་པ། །ཡེ་ཤེས་ལྔ་རུ་འཆར་བ་ཡིན། །ཞེ་སྡང་གསལ་སྟོང་ཏིང་ངེ་འཛིན། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ང་རྒྱལ་མཉམ་ཉིད་ཏིང་འཛིན་དེ། །མཉམ་ཉིད་ཀྱི་ནི་ཡེ་ཤེས་སོ། །འདོད་ཆགས་ལྔ་ལྡན་ཏིང་ངེ་འཛིན་དེ། །སོ་སོར་ཀུན་རྟོག་ཡེ་ཤེས་ཡིན། །ཕྲག་དོག་དགའ་ཆེན་ཏིང་འཛིན་དེ། །བྱ་བ་ནན་ཏན་ཡེ་ཤེས་ཡིན། །གཏི་མུག་སྟོང་པའི་ཏིང་འཛིན་དེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །ཐ་མལ་སེམས་ཅན་རྣམས་ལ་ནི། །ཚོགས་དྲུག་ཡུལ་དང་ཡུལ་ཅན་སྣང༌། །རྣལ་འབྱོར་ཉམས་ཀྱི་བྱེ་བྲག་ཡིན། །རྟོགས་པ་མངོན་དུ་གྱུར་པ་ལ། །སྒོ་ལྔའི་རྣམ་ཤེས་རྟོག་མེད་ཡིན། །ཡིད་ཀྱི་རྣམ་ཤེས་འདུ་འཕྲོད་ཀྱིས། །ཐ་མལ་རྣམས་ལ་གཟུང་འཛིན་ཡིན། །རྣལ་འབྱོར་པ་ལ་རྟོག་མེད་ཉམས་སུ་འཆར། །རྟོགས་པ་མངོན་དུ་གྱུར་པ་ལ། །སྒོ་ལྔའི་རྣམ་པར་ཤེས་པ་དེ། །ཡུལ་ལྔའི་བདུད་རྩི་ཏིང་འཛིན་སྐྱེ། །ཡིད་ཀྱི་རྣམ་པར་ཤེས་པ་དེ། །ཡིད་ཤེས་བསམ་པའི་རང་གཟུགས་ཡིན། །སེམས་ཉིད་སྐྱེ་བ་མེད་པ་ཡིན། །སྒོམ་མེད་རྟོགས་པའི་རྣལ་འབྱོར་ལ། །ད་ལྟའི་རིག་པ་ཏུར་ཏུར་པོ། །དེ་ཉིད་སྒོམ་མེད་མ་ཡིན་པ། །སྒོམ་མེད་ལོགས་ན་བཙལ་དུ་མེད། །དྲན་པ་སྣ་ཚོགས་དྲན་མེད་ཡིན། །ཉོན་མོངས་སྣང་བ་ལ་སོགས་པ། །ཆོས་རྣམས་སོ་སོར་སྣང་བ་དེ། །རང་སྣང་དག་དང་མ་དག་ཡིན། །དག་སྣང་སྒོམ་པའི་རྣལ་འབྱོར་ལ། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །སོ་སོའི་ཁ་དོག་ཇི་ལྟ་བ། །དེ་དང་དེ་འདྲར་འཆར་བ་ཡིན། །དེ་ནི་དག་སྣང་བསྒོམས་པ་ལ། །རྐྱེན་སྣང་ཡོན་ཏན་སོ་སོར་འཆར། །སངས་རྒྱས་ཡོན་ཏན་ལོགས་ན་མེད། །སོ་སོར་སྣང་བ་ཡོན་ཏན་ཡིན། །སྒོམ་མེད་མངོན་གྱུར་གང་ཟག་ལ། །ཕྱི་རྟགས་ནང་རྟགས་ཅི་འདྲ་འབྱུང༌། །ཕྱི་རྟགས་ནང་རྟགས་མེད་པ་ལ། །སྒོམ་མེད་རྒྱུད་ལ་སྐྱེ་སྲིད་དམ། །སྒོམ་མེད་མངོན་དུ་གྱུར་ཙམ་ན། །ད་ལྟའི་ལུས་སེམས་སྣང་བ་འདི། །དེ་དུས་ཇི་ལྟར་འགྱུར་བ་ལགས། །རྒྱུ་མཚན་གནད་དང་བཅས་པ་ཞིག །ཐུགས་ཀྱི་དཀྱིལ་ནས་གནང་བར་ཞུ། །སྒོམ་མེད་མངོན་དུ་གྱུར་པ་དེ། །ཕར་ཕྱིན་མཐར་ཐུག་ལམ་དང་ནི། །གསང་སྔགས་མཐར་ཐུག་རྟེན་འབྲེལ་དང༌། །རྣལ་འབྱོར་བཞི་ཡི་སྒོམ་མེད་དང༌། །དེ་གསུམ་རྟོགས་ཚད་མཉམ་པར་འདོད། །གོང་མ་གཉིས་ཀྱི་ཡོན་ཏན་ལ། །ཕྱི་རྟགས་ནང་རྟགས་གསུངས་པ་རྣམས། །འདོད་ལུགས་མི་འདྲ་ཡོད་ཀྱིས་ཀྱང༌། །སོ་སོའི་གཞུང་དང་བསྟུན་པར་བྱ། །འདིར་ནི་སྒོམ་མེད་རྣལ་འབྱོར་ལ། །རྟགས་རྣམས་ཇི་ལྟར་འབྱུང་ཞུས་པ། །གོང་མ་གཉིས་ཀྱི་ཡོན་ཏན་དེ། །འདི་རུ་མི་སྣང་ཟེར་བ་ཡོད། །འོན་ཀྱང་ཟུར་ཙམ་སྨོས་པར་གྱིས། །ཕྱི་རྟགས་ནང་དུ་འཆར་བ་དང༌། །ནང་རྟགས་ཕྱི་རུ་འཆར་བ་འདི། །སྒོམ་མེད་ལམ་དུ་སྐྱེ་དགོས་པས། །རྩ་རླུང་ཡི་གེ་ཕྱི་རྟགས་རྣམས། །ནང་དུ་མཚན་དཔེའི་ཡོན་ཏན་རྣམས། །ལུས་ལ་དེ་ལྟར་མ་ཤར་ཡང༌། །སེམས་ལ་ཡོན་ཏན་རྫོགས་ནས་ཡོད། །ཐིག་ལེའི་ཡོན་ཏན་ནང་རྟགས་དེ། །ཕྱི་རུ་བྲལ་འབྲས་མ་ཤར་ཡང༌། །སེམས་ལ་ཡོན་ཏན་རྫོགས་པ་ཡིན། །རྣལ་འབྱོར་ལུས་རྒྱ་ཞིག་པ་དང༌། །སངས་རྒྱས་ཞིང་དུ་འགྲོ་བ་དང༌། །མངོན་པར་རྫོགས་པར་སངས་རྒྱས་པས། །དེ་ནི་དཔེར་ན་ཅི་འདྲ་ན། །ཁྱུང་ཕྲུག་སྒོ་ངའི་ནང་དུ་ནི། །གཤོག་པ་རྒྱས་ནས་རྩལ་རྫོགས་ནས། །སྒོང་ཤུན་བྲལ་ནས་ནམ་འཕང་གཅོད། །དེ་བཞིན་རྣལ་འབྱོར་ལུས་རྒྱ་ཞིག་པ་དང༌། །མངོན་པར་རྫོགས་པར་འཚང་རྒྱའོ། །ལམ་རྟགས་མེད་པར་གྱུར་ན་ཡང༌། །སྒོམ་མེད་རྒྱུད་ལ་སྐྱེ་བ་ཡིན། །སེམས་ཀྱི་རྟོག་པའི་རྒྱ་དང་ནི། །རྣལ་འབྱོར་ལུས་ཀྱི་རྒྱ་དང་ནི། །བག་ཆགས་སྣང་བའི་རྒྱ་དང་ནི། །རྒྱ་གསུམ་མ་བྲལ་ཆོས་སུ་གནས། །དེ་ཡི་སྒྲིབ་པ་རྒྱ་གསུམ་ཡིན། །རྒྱ་གསུམ་བྲལ་ན་སངས་རྒྱས་ཡིན། །ཐོད་རྒལ་བ་ཡི་གང་ཟག་ལ། །ཉམས་ཀྱི་མཐོ་དམན་འབྱུང་བ་དེ། །རྒྱུ་རྐྱེན་གང་གི་འབྱུང་བ་ལགས། །དེའི་བོགས་འདོན་ཇི་ལྟར་བགྱི། །ཐུགས་རྗེ་ཅན་གྱིས་གནང་བར་ཞུ། །ཞེས་ཞུ་བ་ནི། ཐོད་རྒལ་བ་ཡི་ཆོས་རྣམས་དེ། །མཚམས་སྦྱོར་མ་ཤེས་སྐྱོན་ཡིན་པས། །གོང་དུ་ཞིབ་ཏུ་བསྟན་ནས་ཡོད། །འདིར་མང་སྨྲ་བ་ཟློས་སྐྱོན་ཡིན། །རྟོགས་པ་མངོན་གྱུར་གང་ཟག་ལ། །ལུས་སེམས་གཉིས་པོ་འབྲལ་དུས་སུ། །འོད་གསལ་གཉིས་པོ་འདྲེས་པའི་ཚེ། །དེ་ཚེ་སྐུ་ལྔ་ཇི་ལྟར་འབྱུང༌། །ཁ་གསལ་རྒྱུ་མཚན་བཅས་པ་གཅིག །ཞིབ་པར་ཐུགས་ལ་འདོགས་པར་ཞུ། །ཞེས་ཞུ་བ་ནི། རང་སེམས་རྟོགས་པའི་གང་ཟག་ལ། །འཆི་བ་ཉིད་ཀྱང་གྲོགས་སུ་འཆར། །འོད་གསལ་ལོགས་ནས་འཆར་རྒྱུ་མེད། །འོན་ཀྱང་འཆི་བའི་འོད་གསལ་དེ། །སངས་རྒྱས་ཆོས་ཀྱི་སྐུ་ཡིན་པས། །དང་པོར་སེམས་བསྐྱེད་སོང་བ་དང༌། །བར་དུ་གོམས་པ་ཚད་དུ་སྐྱོངས། །རྗེས་ལ་སྨོན་ལམ་བཏབ་པ་ཡིས། །འགྲོ་བའི་དོན་དུ་སངས་རྒྱས་པའི། །བར་དོ་ཡི་ནི་སྒྱུ་ལུས་དེ། །ལོངས་སྐུ་སྣང་ལ་རང་བཞིན་མེད། །མཚན་དང་དཔེ་བྱད་བརྒྱན་པ་ཡིས། །གདུལ་བྱ་སྣང་བ་དག་པ་ལ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུར་སྣང༌། །དམན་པ་རྣམས་ལ་སྤྲུལ་སྐུར་སྣང༌། །གཞན་ཡང་རིགས་དྲུག་སོ་སོ་ལ། །ཐུབ་པ་རྣམ་པ་དྲུག་ལ་སོགས། །གདུལ་བྱའི་དོན་དུ་གྱུར་པ་རྣམས། །སངས་རྒྱས་སྤྲུལ་པ་ཡིན་པར་གསུངས། །བདག་བྱིས་པ་བློ་དམན་ཤེས་རབ་ཆུང༌། །དོན་ལ་ཤེད་མ་ཕྱེ་བས་ན། །ཞུ་ཚིག་གོང་འོག་ཐམས་ཅད་དུ། །སྒྲ་དང་དོན་མ་འབྲེལ་བ་ཀུན། །རྗེ་དུས་གསུམ་མཁྱེན་པའི་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ལ་བཟོད་པར་གསོལ། །མཁྱེན་པ་གཉིས་ལྡན་རིན་པོ་ཆེ། །བདག་གི་རྒྱུད་དང་དབང་པོ་དང༌། །ཁམས་དང་བློ་ཚོད་མཁྱེན་ལགས་པས། །ཟབ་ཆོས་ཁ་གསལ་ཞལ་གདམས་རྣམས། །སྙིང་རྗེར་ལྟོས་ལ་ཐུགས་ལ་ཐོགས། །བདག་ལུས་ངག་ཞབས་ཏོག་ཆུང་ན་ཡང༌། །འཇིག་རྟེན་བྱ་བ་བློས་བཏང་ལ། །ཡེངས་པ་མེད་པར་ཞབས་ཏོག་བགྱི། །ཞེས་ཞུ་བ་ནི། ཟབ་པའི་ཆོས་རྣམས་ཞུ་བ་དང༌། །སོ་ནམ་ཆོས་ལ་བྱེད་པ་ཡི། །རང་གཞན་དོན་རྣམས་སྒྲུབ་པ་ལ། །དེ་ལ་བཟོད་གསོལ་བྱ་མི་དགོས། །བརྡ་དོན་གཉིས་ལ་རྨོངས་པ་དེ། །བྱིས་པ་ཡིན་པར་གསུངས་ན་ཡང༌། །སྣང་སྲིད་བེམ་རིག་འཁོར་འདས་ཀུན། །རང་སེམས་སྟོན་པའི་བརྡའ་ཡིན་པས། །རང་སེམས་སྤྲོས་བྲལ་ཆོས་སྐུ་ཡིན། །བརྡ་ཡིས་རང་སེམས་རྟོགས་པ་དེ། །བློ་མཆོག་ཤེས་རབ་ཆེ་བ་ཡིན། །བརྡའ་དོན་གཉིས་པོ་འཕྲོད་པ་ཡིས། །བྱིས་པའི་སྐྱོན་ལས་འདས་པ་ཡིན། །དེ་སྐད་ཅེས་ནི་ཞུས་པའི་དོན། །ཆོས་རྣམས་སོ་སོ་རང་སྣང་ལ། །དུ་མར་སྣང་ཡང་ཆོས་སྐུར་གཅིག །དེ་ལ་གོང་འོག་དུ་མ་མེད། །སྒྲ་ཡོད་དོན་ལ་འཇུག་མེད་པ། །བྱེའུ་བཤུགས་པ་ཅན་ལ་ལུག་རྫིར་བཏགས། །འོན་ཀྱང་ལུག་རྫི་མ་ཡིན་བཞིན། །སེམས་ཞེས་བརྗོད་ཀྱང་སེམས་ཉིད་མཐོང་བ་མེད། །དོན་ཡོད་སྒྲ་འཇུག་མེད་པ་དེ། །རྟ་ལ་གླང་བུར་བཏགས་པ་བཞིན། །ཉོན་མོངས་ཡེ་ཤེས་ཡིན་པ་ལ། །ཉོན་མོངས་ལ་ནི་ཉོན་མོངས་སྒྲ། །ཡེ་ཤེས་ལ་ནི་ཡེ་ཤེས་སྒྲ། །དོན་ཡོད་སྒྲ་འཇུག་མེད་པས་འགལ། །བདག་གཅིག་པ་དང་དེ་བྱུང་གི། །འབྲེལ་བ་ཡོད་མེད་ཞུས་པ་ནི། །སྒྲ་བརྗོད་པ་དེ་དོན་ཡིན་ཡང༌། །སྒྲ་ལས་དོན་ཉིད་ལོགས་ན་མེད། །སེམས་ཉིད་སྣང་སྟོང་ལྷན་ཅིག་སྐྱེས། །གཟུགས་དང་སྒྲ་ལ་སོགས་པ་དང༌། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད། །གཉིས་སུ་མེད་དེ་གཉིས་བྱར་མེད། །སོ་སོ་མ་ཡིན་ཐ་མི་དད། །ཅེས་གསུངས། སེམས་ཅན་སེམས་དང་སངས་རྒྱས་ཐུགས། །བདག་གཅིག་ཏུ་ནི་མ་འབྲེལ་ཡང༌། །རང་སེམས་སངས་རྒྱས་ཡིན་པར་གཅིག །དེ་ལས་འབྱུང་བའི་འབྲེལ་བ་ནི། །སངས་རྒྱས་བརྗོད་ལས་མི་འབྱུང་ཡང༌། །བླ་མ་གདམས་ངག་རང་སེམས་གསུམ། །རྟེན་འབྲེལ་འགྲིགས་པས་སངས་རྒྱས་འབྱུང༌། །ཁྱོད་ཀྱིས་ཕྱེད་གཏོར་བྱེད་པ་ཡི། །དུས་གསུམ་མཁྱེན་པ་མི་མངའ་ཡང༌། །དུས་གསུམ་རང་སེམས་ཡིན་པར་གཅིག །རང་སེམས་སངས་རྒྱས་རྟོགས་ཙམ་ན། །སེམས་ཅན་སེམས་ཡང་དེ་འདྲར་མཁྱེན། །བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །ཆོས་གཤའ་མར་བྱེད་པའི་གང་ཟག་ལ། །སྐུ་གསུང་ཐུགས་ལ་མི་བཟོད་མེད། །ཆོས་གཤའ་མར་བྱེད་ན་མཉེས་པ་ཡིན། །ཁྱེད་ཀྱིས་ཞུས་པའི་མཁྱེན་པ་དེ། །སངས་རྒྱས་ཡེ་ཤེས་ཡིན་ཏེ་མཆི། །སངས་རྒྱས་མཁྱེན་པ་མི་མངའ་ཡང༌། །སེམས་ཅན་སྣང་སྟོང་ཟུང་དུ་འཇུག་པ་དེ། །མཁྱེན་པ་གཉིས་ལྡན་ཡེ་ཤེས་ཡིན། །རང་གི་ལུས་ངག་ཡིད་གསུམ་གྱི། །ལུས་སེམས་གཉིས་ཀྱི་གནས་ལུགས་ལ། །གང་ཟག་ཟབ་མོའི་གདམས་ངག་གིས། །རྩ་དང་ཡི་གེ་རླུང་དང་གསུམ། །ཀུན་དྷ་མི་ཤིགས་ཐིག་ལེ་དང༌། །ཀུན་གཞི་རིག་པ་བྱང་ཆུབ་སེམས། །དེ་དག་གཞི་ལ་གནས་པ་ལ། །གནད་བཞིས་ཉམས་སུ་བླངས་པ་ཡིས། །དེ་དག་སོ་སོའི་ཡོན་ཏན་རྣམས། །གནས་སྐབས་མཐར་ཐུག་འབྱུང་བ་དེ། །ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡིན། །རྒྱུ་རང་ལ་ཡོད་པའི་གནས་ལུགས་དེ། །ལམ་ཚོགས་པའི་རྟེན་འབྲེལ་འགྲིགས་ཙམ་ན། །འབྲས་བུ་རྫོགས་པའི་སངས་རྒྱས་ཡིན། །རྒྱུ་འབྲས་གནས་ལུགས་འགྲིགས་པ་དེ། །རས་པ་ང་ཡིས་མཁྱེན་པ་ཡིན། །བུ་རང་ལ་ཡོད་པའི་གནས་ལུགས་ལ། །ལམ་གནད་དུ་བསྣུན་པ་ཉམས་སུ་མྱོང༌། །འགྲོ་བའི་དོན་དུ་སངས་རྒྱས་ཀྱིས། །ཁྱོད་ཀྱི་རྒྱུད་དང་དབང་པོ་དང༌། །ཁམས་དང་བློ་ཚོད་བྱེ་བྲག་རྣམས། །གོང་དུ་གསུངས་པ་དེ་དག་ཡིན། །བླ་མའི་ཞལ་གདམས་ཟབ་མོ་རྣམས། །ཞུས་པ་བཞིན་དུ་ཡི་གེར་བཀོད། །བུ་ཁྱོད་ཀྱི་ཞལ་ངོ་མ་ཆོག་པས། །གསང་སྔགས་མཁའ་འགྲོའི་སྲོག་སྙིང་དེ། །རང་ཐེད་ལ་གཏང་བ་ཐུགས་རྗེ་ཡིན། །ཆོས་གསུངས་པ་བཞིན་དུ་ཉམས་སུ་ལོངས། །རང་བཞིན་ཐམས་ཅད་བདེ་བ་འབྱུང༌། །ལམ་ཟབ་མོ་བླ་མའི་ཞབས་ཏོག་ཡིན། །ཞབས་ཏོག་གསུམ་དུ་གསུངས་པ་ལས། །རྫས་དང་ལུས་ངག་ཞབས་ཏོག་རྣམས། །ཕར་ལ་ལུས་པ་མེད་པར་བྱས། །འཇིག་རྟེན་བྱ་བ་བློས་བཏང་ནས། །སྒྲུབ་པའི་ཞབས་ཏོག་བགྱི་ཞེས་པ། །ཞབས་ཏོག་དེ་ལས་ཆེ་བ་མེད། །སྒྲུབ་པ་ཚད་དུ་བསྐྱོལ་ཙམ་ན། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༌། །བླ་མ་བཀའ་བརྒྱུད་ཐམས་ཅད་མཉེས། །དཔལ་ལྡན་བདེ་མཆོག་རྒྱུད་ལས་ཀྱང༌། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མའི་མཆོད་པ་རྣམ་པར་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་མཆོག་ནི་ཐོབ་པར་བྱེད། །ཅེས་གསུངས། །རྩ་བའི་བླ་མ་རིན་ཆེན་གྱི། །ཡོན་ཏན་ཐམས་ཅད་རྫོགས་པ་དང༌། །འགྲོ་དོན་རྒྱ་ཆེན་མཛད་པ་རྣམས། །བླ་མ་མཉེས་ལས་བྱུང་བ་ཡིན། །བུ་ཁྱོད་ཀྱང་ཁས་བླངས་དོན་དང་བསྟུན། །སྒྲུབ་པ་སྙིང་པོར་བྱས་ཙམ་ན། །བླ་མ་མཉེས་པའི་ཞབས་ཏོག་དང༌། །འགྲོ་དོན་རྒྱ་ཆེན་འགྲུབ་པ་ཡིན། །དད་དང་སྙིང་རྗེ་ཤེས་རབ་ཆེ། །བླ་མ་ལ་གུས་ཚུལ་ཁྲིམས་ལྡན། །ཏིང་ངེ་འཛིན་ལ་བརྩོན་པ་ཡི། །བླ་མ་ཆེན་པོ་རྦད་གྱིས་ནི། །འགྲོ་བའི་དོན་དུ་ཆོས་འདི་ཞུས། །དེ་ལས་བྱུང་བའི་དགེ་བ་ཡིས། །ཞུ་བ་པོ་དང་སེམས་ཅན་རྣམས། །སྒྲིབ་པ་གཉིས་སྤངས་ཚོགས་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཞུས་ལེན་ཡེ་ཤེས་འོད་ཅེས་བྱ་བ། །འགྲོ་བའི་དོན་དུ་རས་པས་བཀོད་པའོ། །རྫོགས་སོ། །དགེ་བར་གྱུར་ཅིག །

ལག་ལེན་གསེར་མ།

བླ་མ་བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །བདེ་གཤེགས་བཀའ་ཡི་དགོངས་པ་མ་ལུས་པ། །འཕགས་པ་རྣམས་ཀྱིས་བསྡུ་བར་མཛད་པ་ཡིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༌། །འགྲོ་བ་རྣམས་ཀྱི་དོན་རྣམས་གྲུབ་པ་ཡིན། །དེ་བཞིན་བདག་གི་བླ་མ་རིན་ཆེན་གྱི། །ཐུགས་དགོངས་མཐའ་དག་དཔོག་པར་མི་ནུས་ཀྱང༌། །ཞལ་ནས་གསུངས་པའི་ཆོས་རྣམས་ཐོས་ཚད་ཀྱི། །འགྲོ་ལ་ཕན་ཕྱིར་དཀར་ཆག་འབྲི་བར་བྱ། །བླ་མ་རིན་པོ་ཆེ་མི་ཉག་ཡུལ་དུ་བྱོན་ནས། དང་པོ་གོ་རའི་དགོན་དུ་དགེ་འདུན་ཉིས་བརྒྱ་ལྷག་ཙམ་ལ་སྐྱབས་འགྲོ་སེམས་བསྐྱེད་གསུངས། དུས་རེ་ཞིག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པའི་ཚོགས་ཆོས། བསོད་ནམས་བསགས་ན་བདེ་བ་འཐོབ་ཅེས་གསུངས། ཡང་དགེ་འདུན་འཚོགས་པ་ལ་མགོན་པོ་བྱམས་པའི་ཆོས། དགའ་དང་དར་བར་སྐྱེ་བ་དང༌། ཞེས་གསུངས། ཡང་བླ་མ་རིན་པོ་ཆེས་འབའ་རོམ་པའི་ཚོགས་ཆོས་ཐེག་པ་གསུམ་གྱི་ཞུ་སྒོ་གསུངས། ཡང་དྭགས་པོ་རིན་པོ་ཆེའི་གདམས་ངག་གསེར་གྱི་ཡང་ཁོལ་གསུངས། ཡང་དུས་སྐབས་ཤིག་ན་རྗེ་སྒམ་པོ་པ་ནས་བླ་མ་སངས་རྒྱས་སྒོམ་པ་ལ་སོགས་པ་རྣམས་ཀྱིས་གསུངས་པའི་ཚོགས་ཆོས་རྣམས་ཚེ་ལ་ལོང་མེད་ཡུན་རིང་མི་སྡོད་འཆི་བར་ངེས་ཞེས་པ་ལ་སོགས་པ་གསུངས། ཡང་དྲོ་གཏོར་ཆ་བཅུ་གསུངས། ཡང་ན་རག་གཏོར་ཆ་བཅུ་གསུངས། ཡང་དྲང་སྲོང་གཏོར་མ་བརྒྱ་རྩ་མཛད། ཡང་རྗེ་དྭགས་པོ་ནས་སངས་རྒྱས་སྒོམ་པས་གསུངས་པའི་བཀའ་གདམས་གྱི་ཚོགས་ཆོས་ཡུན་རིང་མི་སྡོད་འཆི་བར་ངེས། །ཞེས་པ་དང༌། རྗེ་བཙུན་མི་ལའི་གསུང་སྒྲོས་བླ་མ་འབའ་རོམ་པས་གསུངས་པའི་ཕྱག་རྒྱ་ཆེན་པོ་ཡིད་བཞིན་ནོར་འདྲའི་གདམས་ངག་གསུངས། ཡང་དུས་རེ་ཞིག་བླ་མ་རྣམས་ཀྱི་བཞེད་གཞུང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས་སེམས་ཟིན་ན་འོད་གསལ་འཆར་ཞེས་གསུངས། ཡང་རིན་པོ་ཆེ་ཉིད་ཀྱིས་དཔོན་སློབ་ཆོས་དང་གསུམ་འཛོམས་ན་ཡོན་ཏན་སྐྱེ་བ་དང༌། སྤྱིར་ཆོས་བྱེད་པ་ལ་གོལ་ས་ཆོད་པའི་བླ་མ་དགོས་གསུངས། ཡང་རིན་པོ་ཆེ་ཉིད་ཀྱིས་ཤེས་པ་སྐད་ཅིག་ལ་སྐྱོན་དང་ཡོན་ཏན་གྱི་འབྱུང་ལུགས་ཀྱི་ཆོས་གསུངས། འཆི་ཀ་མའི་དུས་ཀྱི་མཚམས་སྦྱོར། ཡང་འབྲི་གུང་པའི་ཆོས་ཕྱག་རྒྱ་ཆེན་པོ་གཞལ་བྱ་དོན་གྱི་ཕྱག་རྒྱ་ཆེན་པོ་བྱ་བ་གསུངས། ཡང་རྗེ་སྒམ་པོ་པའི་ཞལ་གདམས་སངས་རྒྱས་སྒོམ་པ་ནས་གསུངས་པའི་མ་རིག་མུན་པ་སེལ་དགོས། །ཞེས་པའི་ཆོས་གསུངས། ཡང་སྐབས་ཞིག་ན་དབང་པོ་ལྔ་ཡི་ཆོས་གསུངས། ཡང་རྗེ་པ་རིན་པོ་ཆེའི་ཞལ་གདམས་དལ་འབྱོར་གྱི་ཆོས་གསུངས། ཡང་གདམས་ངག་རྐྱེན་སྣང་ནམ་མཁའི་སྤྲིན་དང་འདྲ་གསུངས། ཡང་དབང་པོ་འབྲིང་གསུམ་གྱི་ཆོས་གསུངས། ཡང་སྐབས་ཤིག་ན་ཚོགས་ཆོས་ཐ་མལ་ཤེས་པ་མ་བཅོས་པ་ཞེས་གསུངས། ཡང་སྐབས་ཤིག་ན་ཚོགས་ཆོས་དམ་པའི་དོན་དུ་འགྲོ་བའི་ཞེས་པ་གསུངས། ཡང་ཚོགས་ཆོས་དལ་འབྱོར་མི་རྟག་རྒྱུ་འབྲས་སོམས། ཅེས་གསུངས། ཡང་རྗེ་སྒམ་པོ་པའི་ཚོགས་ཆོས་ཐེག་པ་ཐུན་མོང་དང་ཁྱད་པར་གྱི་ཆོས་སངས་རྒྱས་སྒོམ་པ་ནས་གསུངས་པའི་ཆོས་གསུངས། ཡང་རྗེ་དྭགས་པོའི་ཞུས་ལེན་གྱི་ཆོས་ཐེག་པ་ཆེན་པོ་གསང་སྔགས་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་ཆོས་རྣམས་སྐབས་སུ་གསུངས། རྨི་ལམ་དཔེ་ངོ་སྤྲོད་རྣམ་པའི་ཆོས་གསུངས། ཡང་རྗེ་སྒམ་པོ་པའི་ཆོས་བཞི་ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་གསུངས། ཡང་ཕྱག་རྒྱ་ཆེན་པོ་ཟེར་བ་རང་གི་སེམས་ལ་ཟེར་བ་ཡིན་ཞེས་པའི་གདམས་ངག་གསུངས། ཡང་ཚོགས་ཆོས་གཟུང་འཛིན་གཉིས་སུ་མེད་པའི་ལྟ་བ་ཞེས་གསུངས། ཡང་རང་སེམས་སངས་རྒྱས་སུ་རྟོགས་ཀྱང་རྩ་བའི་བླ་མ་མི་སྤང་བྱ་བའི་ཆོས་གསུངས། ཡང་ཕྱག་རྒྱ་ཆེན་པོ་ཚོགས་གཉིས་རྫོགས་པ་སྙིང་པོ་གསལ་བར་བྱེད་པའི་གདམས་ངག་གསུངས། ཡང་ཟུང་གསུམ་ཡ་དྲུག་གི་ཆོས་བཞི་ལ་ཡང་རིག་དང་མ་རིག་གཉིས་ཞེས་པ་དང༌། ཡང་བློ་གཏད་ཐུབ་ཀྱིས་ཟབ་མོ་སྐྱོང་བའི་ཆོས་ལས་ནི་ལུས་ཅན་གྲིབ་མས་དྲ་ཞེས་པ་དང༌། ཡང་རྗེ་སྒམ་པོ་པའི་ཆོས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི་ཞེས་པ་དང༌། ཡང་ཞང་རིན་པོ་ཆེའི་ཆོས་རི་གཟར་རྦབ་དང་ནམ་མཁའི་སྤྲིན་བཞིན་ཞེས་པ་དང༌། ཡང་རྗེ་པའི་ཆོས་པད་ཅན་ཞིང་ཁམས་ག་བུའི་ཕོ་བྲང་ན་ཅེས་པ་དང༌། ཡང་རྗེ་བཙུན་མི་ལས་རྫོགས་པ་ཆེན་པོ་ཡེ་ཤེས་སྤྱིའི་གཞག་ཐབས་བླ་མ་སངས་རྒྱས་སྒོམ་པ་ནས་བརྒྱུད་པ་གསུངས། ཡང་སངས་རྒྱས་སྒོམ་པ་ནས་བརྒྱུད་པའི་ཆོས་སྡུག་བསྔལ་ཆོས་ཉིད་སྤོང་ལེན་ཡིན། །ཞེས་པ་དང༌། ཡང་འབའ་རོམ་པས་མཛད་པའི་ཁ་སར་པ་ཎི་འབུམ་གཏེར་གསུངས། ཡང་ཚོགས་ཆོས་སྡུག་བསྔལ་གཉིས་ཀྱི་མུན་སེལ་ཞེས་པ་དང༌། ཡང་རིན་པོ་ཆེ་སྟག་ལུང་ཐང་པའི་ཆོས་ཕྱག་རྒྱ་ཆེན་པོ་མེ་ལོང་ལྔ་སྐོར་གྱི་ཆོས་དང༌། ཡང་རྣལ་འབྱོར་ནང་གི་མཆོད་སྦྱིན་གསུངས། ཀམ་ཆུང་སྐྱིམ་ཤན་སྨན་མོ་རིའི་གུ་རུབ་དགོན་ན་བཞུགས་པའི་དུས་སུ་བསྟན་བཅོས་མཛད་པ་ནི། དཔོན་སྣང་གིས་ཞུས་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། ཉེ་གནས་དར་མ་རྒྱལ་གྱིས་ཞུས་པའི་འུར་དེད། དགེ་བཤེས་གླལ་མིས་ཞུས་པས་རྗེ་བཙུན་མ་ར་ལུགས་ཀྱི་ཡིག་སྣ་དང༌། རབ་གནས་ཀྱི་ཆོ་ག་གཅིག་མཛད། གྲུབ་མཐའ་བློའི་རྐྱེན་སེལ་མཛད། ཡང་ཙོང་ཁ་ཞ་ཡི་དབྱར་ས་ན་བཞུགས་པའི་དུས་སུ་བླ་མ་གནས་ནང་པས་ཞུས་པའི་བདེན་གཉིས་དོན་དྲུག་མཛད། ལིང་ཆུང་གཟིང་ག་དགོན་ན་བཞུགས་པའི་དུས་སུ་རྨང་ལམ་ཚོགས་གྲལ་དུ་རིན་པོ་ཆེ་འབའ་རོམ་པས་བཞེངས་པའི་མགུར་རྒྱ་མཚོ་ལྟར་ཟབ་གསུངས། ཡང་བཀའ་བཞིའི་གདམས་པ་གསུམ་གསུངས། ཡང་ཕྱག་རྒྱ་ཆེན་པོ་མཚན་ཉིད་བཞི་ལྡན་མཛད། ཡང་རྟག་ཏུ་ངུའི་བྱིན་རླབས་ལས་བྱུང་བའི་ཚིགས་སུ་བཅད་པ་བཅུ་གཅིག་པ་མཛད། ཡང་འགའ་ན་གདན་དྲངས་བའི་དུས་སུ་སྤྱང་ཧ་ཧོ་ཤས་ཞུས་པའི་ཚོགས་འཁོར་རྒྱས་པའི་ཆོས་བཤད། ཡང་གུར་སྒོམ་མེས་ཞུས་པའི་སྤྲོ་བ་བསྐྱེད་པའི་ཆོས། གཟི་འགའ་ན་བཞུགས་པའི་དུས་སུ་གྷ་པ་ལེའུ་ཅུང་ལ་གདམས་པའི་ཆོས་བཅུ་དང་གསུམ་གྱི་བདག་ཉིད་མཛད། བླ་མ་ས་སྐྱ་པ་ལ་གདམས་པ༌། དགེ་བཤེས་ཡོན་ཏན་རྒྱལ་ལ་གདམས་པ་གཉིས། དགེ་བཤེས་གླེའུ་ཇོ་སྲས་ལ་གདམས་པ། ཨ་མྱེ་ཟེང་ལ་གདམས་པ། ལུག་རྫི་ལ་དཔེ་བྱས་པའི་གདམས་པ། ཏིང་ངེ་འཛིན་གྱི་ཆར་ཆོག་བྱིས་པ་ལ་གདམས་པ། འཕགས་པ་གྲོ་འཐིང་ལ་ཕྲིན་ཡིག་མཛད་པ། ཡང་རིན་པོ་ཆེ་སྟག་ལུང་པས་རྨི་ལམ་དུ་ལུང་བསྟན་པའི་ཆོས། ཆོས་སྐྱོང་གི་ཕྲིན་ལས་ཀྱི་གདམས་པ་དང༌། མང་རང་དད་པ་ཅན་ལ་གདམས་པ་དང༌། གཞི་ལམ་འབྲས་གསུམ་གྱི་གདམས་པ་དང༌། བར་དོ་སྐུ་གསུམ་དང༌། ཚད་མ་ལེའུ་ལྔ་དང༌། ཆོས་སྐྱོང་གི་སྤྱན་འདྲེན་མངའ་གསོལ་མཛད། ལམ་འབྲས་ཀྱི་གདམས་པ་མཛད། མཁར་ལུང་བླ་ཆེན་དགོན་དུ་རིན་པོ་ཆེ་གཅིག་ཆོད་མཛད། །གང་ཟག་གསུམ་ལ་གདམས་པ་དང༌། བླ་མ་བྲག་སྤུན་པའི་སློབ་མ་གྱོ་འཕགས་ལ་གདམས་པ་དང༌། རྩང་སྒོམ་གོ་ཤྲི་ལ་གདམས་པ་དང༌། རི་ཁྲོད་པ་ལ་གདམས་པ་དང༌། ཡང་གྷ་ན་གདན་དྲངས་པའི་དུས་སུ་བླ་མ་ས་སྐྱ་པ་ལ་གཏུམ་མོའི་གདམས་པ་དང༌། ཕྱག་རྒྱ་ཆེན་པོའི་གདམས་པ་གཅིག་དང་གཉིས་མཛད། བླ་མ་སྒམ་པོ་པས་ཞུས་པའི་དོན་མཆོག་བདུན་མའི་ཁྲིད། མཆེད་བཙུན་གྱིས་ཞུས་པའི་གསོལ་འདེབས་ཁྱབ་བདག་ཆེན་མོ་དང༌། འཆུས་པ་ཤེས་རབ་སྲེ་ལ་གདམས་པ་དང༌། ཡང་དགེ་བཤེས་བོད་ལ་གདམས་པ་དང༌། ཡང་གཟིང་མགར་དགེ་བཤེས་ཤེས་རབ་དར་མ་ལ་གདམས་པ་དང༌། ཡང་མཁར་ལུང་རུ་གདམས་པ་རིན་པོ་ཆེའི་འོད། ཡོན་ཏན་སྐྱབས་ལ་གདམས་པ་གཉིས། ཤེས་རབ་བརྩོན་འགྲུས་ལ་གདམས་པ་གསང་བ་ཡང་སྙིང༌། ཡང་ཤེས་རབ་དབང་ཕྱུག་ལ་གདམས་པ་ཡོན་ཏན་རིན་ཆེན་འོད་མཛད། ཡང་གདམས་པ་རྟེན་འབྲེལ་ཟབ་མོ་མཛད། ཡང་ཇག་རོང་རྒྱལ་མོ་པྲེ་ལ་བསྟན་བཅོས་གལ་པོ་ཆེ་མཛད། བླ་མ་རིན་པོ་ཆེ་འདན་དུ་བྱོན་ནས་དེ་ཤོད་རག་ཉག་ཏུ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་མཛད། ཡང་བླ་མ་འོ་ས་སྐྱ་པ་ལ་གདམས་པ། ཡང་རྨི་ལམ་ལུང་བསྟན་གྱི་ཆོས། ཡང་པམ་ནེ་གེ་ཚྭ་ཁར་དཔལ་ལྷ་ལས་བབས་པ་ཚངས་པའི་དབྱངས་ལ་བསྒོམ་རྒྱུ་བམ་ཆགས་བདུན་མཛད། རྫ་དཀར་ནག་ཕུ་ན་བསྟན་བཅོས་དཀར་པོ་ཟང་ཡག་མཛད། ཡང་རེ་ཤོད་དངུལ་དཀར་དཔོན་ཆོས་རིན་ལ་གདམས་པ་མཛད། ཡང་འབྲི་གུང་ན་ཇོ་སྲས་ལ་གདམས་པ་ཟབ་མོ་སྣང་བ་དང་ཡང་གཅིག་དང་གཉིས་མཛད། གུང་ཏང་དུ་རིན་ཆེན་རྒྱལ་ལ་དགོངས་པ་ཤྭ་ལོ་ཀ་གཅིག་མཛད། རྡོ་རྗེ་དབང་ཕྱུག་ལ་གདམས་པ་གཅིག་མཛད། ཕྱའོ་ལུང་དུ་དགེ་བཤེས་ཡེ་ཤེས་དཔལ་ལ་གདམས་པ་དབེན་ཆུང་དུ་སྔགས་ཀྱི་ཡན་ལག་བདུན་པ། ཡང་བྱང་ཁྲོམ་པར་སེམས་བསྐྱེད་ཆེན་མོ་མཆོག་ཐུན་མོང་གི་དངོས་གྲུབ་འབྱུང་བ་རིན་པོ་ཆེའི་འོད་མཛད། མོ་བྲུར་བླ་མ་རྦད་ལ་གདམས་པ་ཞུས་ལེན་ཡེ་ཤེས་འོད། ཀློག་སྐྱའི་ཕུ་ན་མཆོད་འབུལ་ཀ་ལ་པིང་ཀ་ཚངས་པའི་དབྱངས་མཛད། ཡང་ཁྲོ་བཅུའི་བསྟོད་བསྐུལ་མཛད། ཡང་མོ་བྲུར་ཡོན་སྒོམ་ལྷ་མོ་སྐྱབས་ལ་སྙིང་པོ་བཞིའི་གདམས་པ་མཛད། ཡང་རྩི་ཀླུང་མཁར་དུ་དགེ་སློང་ལྷ་རྗེས་ཞུས་པའི་གདམས་ངག་བསྟན་པའི་སྲོག་ཤིང་མཛད། ཡོན་བདག་ཉི་མ་སེངྒེ་ལ་གདམས་པ་བསྟན་བཅོས་ཡེ་ཤེས་འོད་མཛད། བླ་མ་དབྱེ་རས་པ་ལ་གདམས་པ་མཛད། ཡང་དབོན་པོ་ཤེས་རབ་དབང་ཕྱུག་ལ་གདམས་པ་ཡོན་ཏན་རིན་ཆེན་ཀུན་ཏུ་འོད་མཛད། ཡང་རིམ་པ་ལྔ་ཡི་གདམས་པ་མཛད། སྟམ་མཁར་སྐྱའི་ཕུར་ཤེས་རབ་སྐྱབས་ལ་གདམས་པ་དམ་ཆོས་ནོར་བུ་རིན་ཆེན་མཛད། ཡང་དེར་ལོ་ཙཱ་བས་ཞུས་པའི་གདམས་ངག་ཉིན་ཞག་ཕྲུག་གཅིག་གི་ཉམས་ལེན་མཛད། ཡང་དམེ་ཆེན་ཞོལ་དུ་རིན་པོ་ཆེ་འབྲི་གུང་པའི་བསྟོད་པ་རིན་ཆེན་འོད་མཛད། ཡང་སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་དང༌། བསྔོ་བ་ཡོན་བཤད་ཀྱི་ཆོ་ག་མཛད། ཡང་བཀའ་བབ་བཞི་ཡི་གདམས་ངག་མཛད། ཡང་པམ་ནེ་གེ་ཚྭ་ཁར་རིན་པོ་ཆེ་འབའ་རོམ་པ་ལ་བསྟོད་པ་རྒྱལ་པོ་རིན་ཆེན་འོད་མཛད། ཡང་དེར་རྒྱལ་ཆེན་བཞི་ལ་བསྟོད་པ་མཛད། ཡང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་བསྟོད་པ་མཛད། བཀྲ་ཤིས་རྒྱལ་བར་གྱུར་ཅིག དངོས་གྲུབ་མཆོག་ཐོབ་ཤོག །

༈ བླ་མ་རིན་པོ་ཆེ་འགྲོ་བའི་མགོན་པོ་སངས་རྒྱས་རས་ཆེན་གྱིས་མཛད་པའི་བཀའ་འབུམ་གྱི་རྣམ་གྲངས་ཕྱོགས་གཅིག་ཏུ་བྲིས་པ་འདི་ལྟ་སྟེ། གསོལ་འདེབས་ཁྱབ་བདལ་ཆེན་མོ། རྣམ་པར་ཐར་པ། རིན་པོ་ཆེ་གཅིག་ཆོད་ཀྱི་གདམས་པ། བར་དོ་སྐུ་གསུམ། ཞུས་ལེན་ཡེ་ཤེས་འོད། ཚོགས་ཀྱི་འཁོར་ལོའི་རིམ་པ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ར་ལུགས་ཀྱི་ཡིག་སྣ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག རང་བྱིན་གྱིས་རླབས་པའི་མན་ངག་གི་རྣམ་པར་བཤད་པ། སྤྲོ་བའི་ཆོས་བཤད། ལམ་འབྲས་བུ་དང་བཅས་པའི་གདམས་པ། བཛྲ་སྒྲ་དད་ལ་གདམས་པ། གསང་བའི་ཡང་སྙིང་ཅོག་རོ་ལ་གདམས་པ། ཞུས་ལེན་མུ་ཏིག་ཕྲེང་བ། དགེ་བཤེས་འོ་སྐྱོ་ལ་གདམས་པ། ཚད་མ་ལེའུ་ལྔ། གདམས་པ་རིན་ཆེན་འོད། རྨི་ལམ་ལུང་བསྟན། རི་ཁྲོད་པ་ལ་གདམས་པ། གཞི་ལམ་འབྲས་བུ་སྤྱོད་ལྡན་ཞེས་བྱ་བ། ས་སྐྱ་པ་ལ་གདམས་པ། ཐབས་ལམ་གཏུམ་མོའི་ཆོས། ས་སྐྱ་པ་ལ་གདམས་པ་ཕྱག་རྒྱ་ཆེན་པོ། ས་སྐྱ་པ་ལ་གདམས་པ། གྲུབ་མཐའ་བློ་ཡི་མུན་སེལ་ཡེ་ཤེས་འོད། ལུག་རྫི་ལ་དཔེ་མཛད་ནས་གདམས་པ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ཡི་བྱིན་བརླབས་ལས་བྱུང་བའི། ཚིག་བཅད་བཅུ་གཅིག་པ། ཆོས་ཀྱི་རིན་ཆེན་ལ་གདམས་པ། རིན་ཆེན་འོད་ཟེར་བྱ་བའི་ཟབ་ཆོས། དབེན་ཆུང་དགོན་པར་བཀོད་པ་གཅིག ངེས་དོན་གཉིས་པ་ཕྱག་རྒྱ་ཆེན་པོ་བརྡའི་བསྐོར། རིན་པོ་ཆེའི་ཕྲེང་བ། གདམས་པ་ཡོན་ཏན་རིན་ཆེན་འོད། གཞི་ལམ་འབྲས་བུའི་དོན་སྟོན་པར་བྱེད་པ། བསྟན་བཅོས་གལ་པོ་ཆེ། འཕགས་པ་གྱོ་ལ་གདམས་པ། གདམས་པ་ཡོན་ཏན་སྐྱབས། མཆོག་གི་གཏུམ་མོའི་གསལ་བྱེད་སྒྲོན་གསལ། ཟབ་ཆོས་ཡོན་ཏན་རིན་ཆེན་ཀུན་ཏུ་འོད་དང༌། ལམ་རིམ་པ་ལྔ་ཡི་ཉམས་ལེན། དགེ་བཤེས་བོད་ལ་གདམས་པའི་བསྟན་བཅོས་ཞལ་གདམས། ཤེས་རབ་དར་མ་ལ་གདམས་པ། དགེ་བཤེས་ཇོ་སྲས་ལ་གདམས་པ། བླ་མ་ཡོན་ཏན་རྒྱལ་ལ་གདམས་པ། སྟོན་པ་གླེའུ་ལ་གདམས་པ། ཨ་མྱེ་ཟེང་ལ་གདམས་པ། དབུས་པ་པདྨའི་ས་གཞི་ལ་དཔེ་མཛད་པ། སྤྱང་ང་ཆེན་པོ་རྒྱལ་རྒན་ལ་གདམས་པ་དམ་ཆོས་ནོར་བུ་རིན་པོ་ཆེ། ཟླ་དཀར་ནག་གཉིས་ཀྱི་ཕུ་ན་གསུངས་པའི་འཁོར་འདས་ཟུང་འཇུག་ཆེན་པོ་བྱ་བ། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་སྒྲུབ་པར་བྱ་བ། ཏིང་ངེ་འཛིན་གྱི་ཆར་འབེབས། ཡང་འགའ་ན་བཞུགས་པའི་དུས་མཛད་པའི་ཆར་འབེབས། རབ་གནས་ཆོ་ག་བཀྲ་ཤིས་རིན་ཆེན་འོད་ཅེས་བྱ་བ། ཡེ་ཤེས་འོད་ཅེས་པ་ཉི་མ་སེངྒེ་ལ་གདམས་པ། ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་གྱི་རིམ་པ། ཀུ་སར་བྱོན་དུས་གསུངས་པ་མཆོད་པའི་བྱེ་བྲག་གི་གདམས་པ། རྗེ་སྒམ་པོ་ལ་བསྟོད་པའི་ཆོས་ལ་ཉམས་སུ་ལེན་ལུགས་གསལ་བར་བཀོད་པ། མི་འཁྲུགས་པའི་སྒྲིབ་སྦྱོང་ཀཾ་ཀ་ནའི་ཞལ་གདམས། དུས་མཆོད་ཆེན་མོའི་གཏོར་མའི་རིམ་པ། ཇོ་སྲས་ལ་གདམས་པའི་ཟབ་ཆོས། བླ་མ་འབའ་རོམ་པ་ལ་བསྟོད་པ་རིན་ཆེན་འོད། བླ་མ་འབྲི་གུང་པ་ལ་བསྟོད་པ། ཁྲོ་བཅུ་ལ་བསྟོད་པ། ཡེ་ཤེས་མགོན་པོའི་སྤྱན་འདྲེན་བསྟོད་བསྐུར་དང་བཅས་པ། ཚངས་པ་ལ་བསྟོད་པ། དོན་གསུམ་པའི་དགེ་སློང་ལྷེ་ལ་གདམས་པ་དམ་ཆོས་ནོར་བུ་རིན་ཆེན་ཞེས་བྱ་བ། ཤུགས་འབྱུང་འགགས་པ་མེད་པའི་ཆོས། བཀའ་བཞིའི་ཆོས་ཡིན་གསུངས་པ་གཅིག་ཆོས་སྣ་དགུའི་གདམས་པ། འབའ་རོམ་པས་རྨི་ལམ་དུ་གསུངས་པའི་གདམས་པ། གསང་སྔགས་ལུགས་ཀྱི་ཡན་ལག་བདུན་པ། རང་སེམས་སངས་རྒྱས་སུ་ངོ་སྤྲོད་པར་བྱེད་པའི་གདམས་པ་དོན་མཆོག་བདུན་མ། ཡང་སྐབས་ཤིག་ན་ཆོས་སྣ་ཉི་ཤུ་རྩ་བའི་གདམས་པ་རྣམས་དང༌། གསོལ་འདེབས་གཅིག །རྦད་ཆུ་སྒོམ་ལ་གདམས་པའི་ཟབ་ཆོས་གཅིག བརྒྱུད་པའི་བླ་མ་དང་ཡི་དམ་བར་ཆད་ཞི་བར་མཛད་པའི་མགུར་གཅིག ཡི་གེ་དྲུག་པའི་བཟླས་ལུང་གཅིག་དང༌། སྤྱིར་ཆོས་སྣ་བརྒྱ་རྩ་བརྒྱད་བཞུགས་སོ། །དྲོ་གཏོར་ཆ་བཅུ། ནང་གཏོར་ཆ་བཅུ། གཏོར་མ་འབུམ་ཐེར། དྲང་སྲོང་གི་གཏོར་མ་བརྒྱ་རྩ། སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་ཡོན་བཤད། མདོ་སྨད་ནས་གདན་དྲངས་པའི་བཀའ་འབུམ་གྱི་དཀར་ཆག་ཡིན། དགེའོ། །དགེའོ། །དགེའོ།། །།