ཤེས་རབ་དབང་ཕྱུག་ལ་གདམས་པ།

བཛྲ་གུ་རུ་རཏྣ་མ་ཧཱ་ན་མོ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྔོན་སྦྱང་བསོད་ནམས་བསགས་པ་ཡི། །དལ་འབྱོར་མི་ལུས་རིན་ཆེན་ཐོབ། །རུས་པ་དཀར་པོ་ཧོར་ལས་ཆད། །སྣག་ཚ་དམར་པོ་ལྡོང་ལས་ཆད། །རིགས་མཐོ་ཡོན་ཏན་ཆེ་བའི་རྒྱུད། །སྟེང་འཛོམ་ཡིག་ཚང་རྗེ་ཡི་མི། །ཕོ་བོ་ལྡང་ཚོ་དར་དུ་སྐྱེས། །འཕོང་དང་བཟོ་དང་སྙན་ངག་མཁས། །དཔའ་དང་སྟོབས་དང་གཟི་བརྗིད་ཆེ། །ཤེས་བཞིན་སྨྲ་དང་ཚོད་དེ་བཞིན། །ལོངས་སྤྱོད་ཆེ་བ་རྣམས་དང་ལྡན། །དད་གསུམ་སྙིང་རྗེ་ཤེས་རབ་ཆེ། །དཔལ་དང་གྲགས་དང་དབང་ཕྱུག་དང༌། །གཟུགས་བཟང་ཡེ་ཤེས་བརྩོན་འགྲུས་དང༌། །འཇིག་རྟེན་འདས་པའི་ཡོན་ཏན་ཡིན། །སྔོན་སྦྱངས་བསྐལ་པ་དཔག་མེད་དུ། །ལས་དང་སྨོན་ལམ་དག་པ་ཡི། །རྗེ་བཙུན་ཆེན་པོ་ཏཻ་ལོ་པའི། །བྱིན་རླབས་བརྒྱུད་པ་རིན་པོ་ཆེ། །རྩ་བའི་བླ་མ་བཀའ་དྲིན་ཅན། །གྲུབ་ཐོབ་བླ་མ་རྗེ་དང་མཇལ། །སངས་རྒྱས་བསྟན་པ་རིན་ཆེན་གྱི། །ཆོས་ལ་ལས་འཕྲོ་སད་པ་ཡི། །སངས་རྒྱས་བསྟན་ལ་ཚུལ་བཞིན་ཞུགས། །ཐེག་པ་གསུམ་གྱི་སྙིང་པོ་ནི། །བསླབ་གསུམ་རིན་ཆེན་རྒྱན་གྱིས་མཛེས། །མ་བྱུང་འབྱུང་བར་མི་འགྱུར་བའི། །དུས་འདིར་རྨད་དུ་བྱུང་བ་ནི། །གསང་སྔགས་ཐེག་པ་ཆེན་པོ་ལ། །དབང་དང་བྱིན་རླབས་ལྡན་པ་ཡི། །གྲུབ་ཐོབ་བླ་མ་རིན་ཆེན་གྱིས། །སྨིན་གྲོལ་གཉིས་ཀྱིས་ལམ་ལ་བཅུག །བསྐྱེད་རྫོགས་གཉིས་ཀྱི་ལམ་ཉིད་ལ། །བརྟན་དང་བོགས་དབྱུང་རབ་གཞོལ་བྱས། །ཉམས་དང་རྟོགས་པ་ལྷག་གིས་ཤར། །དེ་ཡི་ཕྱིར་ན་རྨད་དུ་བྱུང༌། །གསང་སྔགས་ཐབས་ལམ་ཟབ་མོ་ལ། །གཏུམ་མོ་གནད་དུ་བསྣུན་པ་ཡིས། །བདེ་དྲོད་ཉམས་སྣང་སྣ་ཚོགས་སྐྱེས། །བདེ་གསལ་མི་རྟོག་ཉམས་མྱོང་ཤར། །བདེ་དང་སྟོང་པ་ཟུང་དུ་འཇུག །ཉལ་ན་རྨི་ལམ་འོད་གསལ་བཟུང༌། །འོད་གསལ་སློབ་དང་མི་སློབ་སྦྱངས། །རྨི་ལམ་བཟུང་སྦྱངས་སྤེལ་དང་བསྒྱུར། །ཡ་ང་སྤོང་དང་སྒྱུ་མར་ཤེས། །དེ་ཉིད་རྨི་ལམ་འོད་གསལ་དུ། །འཕོ་ནུས་ཟུང་འཇུག་མྱོང་བར་བྱས། །འགྲོ་བའི་མགོན་པོ་འབའ་རོམ་པ། །བཀའ་དྲིན་ཅན་གྱི་ཞལ་སྔ་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གཉིས་སུ་མེད་པའི་ཡེ་ཤེས་དེ། །རང་སེམས་ཡིན་གྱི་མ་བཅོས་ཞོག །གཉུག་མ་ལྷན་ཅིག་སྐྱེས་པ་འདི། །མ་བཅོས་སོ་མར་ཞོག་ཅེས་གསུངས། །མོས་གུས་བྱས་ཤིང་གསོལ་བ་བཏབ། །དཔལ་ལྡན་ཆེན་པོ་འབའ་རོམ་པ། །ནོར་བུ་དབང་གི་རྒྱལ་པོ་དེས། །འོད་དང་དགོས་འདོད་བྱིན་རླབས་ཀྱིས། །ཁོ་བོའི་བློ་ཡི་མུན་པ་གསལ། །རང་སེམས་ཆོས་སྐུར་གཅེར་གྱིས་རྟོགས། །ཐར་པས་དབུལ་ཞིང་ཕོངས་པ་ཡི། །འཁོར་བས་ཉན་པའི་སྡུག་བསྔལ་བསལ། །མྱ་ངན་འདས་པའི་དབྱིངས་སུ་བསྐྱལ། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་བྱིན། །གདམས་པའི་མཛོད་འཛིན་གཏེར་དང་སྤྲད། །མི་ཟད་རྒྱན་གྱི་འཁོར་ལོ་ཡིས། །རང་གཞན་གཉིས་ཀྱི་བདེ་སྐྱིད་འབྱུང༌། །སྣ་ཚོགས་སྣང་བ་དཀར་དམར་འདི། །རང་སེམས་ཡིན་པར་གཅེར་གྱིས་བསྟན། །གཟུང་འཛིན་གཉིས་ཀྱི་རྩ་བ་བཅད། །རང་བྱུང་ལྷན་ཅིག་སྐྱེས་པའི་དོན། །གཉིས་མེད་ཟུང་འཇུག་ཆེན་པོར་ཤར། །ཇི་ལྟར་སྣང་ཡང་རང་གི་སེམས། །ཕྱག་རྒྱ་ཆེན་པོ་མ་ཡིན་པ། །ཆོས་གཅིག་ལོགས་སུ་གྲུབ་པ་མེད། །ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། །རྣལ་འབྱོར་བཞི་ཡི་རིམ་པ་སྟོར། །འོན་ཀྱང་དབང་པོའི་བྱེ་བྲག་ལ། །རྣལ་འབྱོར་བཞི་ཡི་ཉམས་རྟོགས་སྐྱེས། །གང་ཟག་སྣོད་ཚོད་མི་འདྲ་བས། ད་ལྟ་འདི་ཡིས་ཕན་པར་བྱུང༌། །ཐབས་ཤེས་གཉིས་ཀྱི་འཁྲུལ་འཁོར་གྱིས། །རྟེན་འབྲེལ་ཟབ་མོ་གནད་དུ་ཚུད། །ཅི་བསམ་འགྲུབ་པས་བློ་རེ་བདེ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །ཐམས་ཅད་གྲོགས་སུ་འཆར་བ་ཡིས། །གེགས་སུ་གྱུར་པ་གཅིག་ཀྱང་མེད། །འགྲོ་ལ་ཕན་པའི་གནད་གཅིག་པོ། །བྱང་ཆུབ་སེམས་གཉིས་དབྱེར་མེད་པའི། །ཕྲིན་ལས་གྲུབ་པ་ངོ་མཚར་ཆེ། །ཅི་བསམ་ཐམས་ཅད་འགྲུབ་པ་དེ། །དམ་ཚིག་གཙང་ལས་བྱུང་བ་ཡིན། །ཅིར་མཐོང་ཅིར་སྣང་ཆོས་རྣམས་ཀུན། །ཡེ་ཤེས་མིན་པ་གཅིག་ཀྱང་མེད། །ལོགས་སུ་བཀར་ནས་བསྒོམ་མི་དགོས། །དབྱིངས་ལས་མི་འདའི་དོན་རྟོགས་པས། །སྒོམ་མེད་ངང་ལ་འབྱམས་ནས་སོང༌། །བཏང་བཞག་སྒོམ་གྱི་དགོས་པ་མེད། །རང་གྲོལ་ཡིན་པས་ཀློད་ནས་བཞག །ཐམས་ཅད་ཉམས་སུ་ཤར་བས་བདེ། །རྟོགས་པའི་དོན་ཐག་ནང་ནས་ཆོད། །ལྷུན་གྱིས་གྲུབ་པ་སྒོམ་པ་ཡིན། །བོགས་འདོན་རྒྱུ་མེད་པས་སྤྱོད་པ་ཡིན། །རེ་དོགས་གཉིས་དང་བྲལ་བ་ཡི། །སེམས་ཉིད་རྫོགས་པའི་སངས་རྒྱས་སུ། །མངོན་དུ་གྱུར་པས་འབྲས་བུ་ཡིན། །སྔོན་སྦྱངས་བསོད་ནམས་བསགས་པ་ཡི། །བླ་མ་ལ་གུས་ཤེས་རབ་ཆེ། །ཆོས་གཤའ་མར་བྱ་སྙམ་ཡོད་པའི་བཤེས། །ཤེས་རབ་དབང་ཕྱུག་སྐྱེས་བུ་དེས། །རང་བཞན་གཉིས་ལ་ཕན་པ་ཡི། །བླ་མའི་རྟོགས་ཚད་ཞུ་ཞེས་པས། །རྒྱ་མཚོ་ལྟ་བུའི་ཡོན་ཏན་ལས། །ཆུ་ཐིགས་ཙམ་ཞིག་བཀོད་པ་ལས། །ཁྱོད་སོགས་འདི་ཡིས་རྒྱལ་གྱུར་ཅིག །གདམས་པ་ཡོན་ཏན་རིན་ཆེན་ཞེས་བྱ་བ་རྫོགས་སོ།།