དཔལ་ལྡན་འབའ་རོམ་པ་ལ་བསྟོད་པ།

ཨེ་ཝྃ་མ་ཡ་ཆོས་ཀྱི་གསུང༌། །དུས་གསུམ་རྒྱལ་བ་སྲས་དང་བཅས། །བཀའ་བརྒྱུད་བླ་མ་ཐམས་ཅད་དང༌། །རྗེ་འགྲོ་བའི་མགོན་པོ་རིན་པོ་ཆེ། །དཔལ་ལྡན་འབའ་རོམ་པ་ལ་བསྟོད་པར་བགྱི། །རྗེ་ཐུགས་ནི་རྣམ་དག་སྤྲོས་དང་བྲལ། །ཁྱབ་དང་གཟུགས་ཅན་མ་ཡིན་པས། །འགྲོ་འོང་མེད་ཅིང་ལྷུན་གྱིས་གྲུབ། །རྗེ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །རྗེ་གཟུགས་ཀྱི་ཕུང་པོ་རྣམ་དག་པས། །རྣམ་པར་སྣང་མཛད་རྡོ་རྗེའི་སྐུ། །ཆོས་དབྱིངས་ཡེ་ཤེས་མཚན་དཔེས་བརྒྱན། །རྗེ་རྣམ་སྣང་མཛད་ལ་ཕྱག་འཚལ་བསྟོད། །རྗེ་ཚོར་བའི་ཕུང་པོ་རྣམ་དག་པས། །རིན་ཆེན་འབྱུང་ལྡན་རྡོ་རྗེའི་སྐུ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་རྒྱས། །རྗེ་རིན་ཆེན་འབྱུང་ལྡན་ཕྱག་འཚལ་བསྟོད། །རྗེ་འདུ་ཤེས་ཕུང་པོ་རྣམ་དག་པས། །སྣང་བ་མཐའ་ཡས་རྡོ་རྗེའི་སྐུ། །ཀུན་རྟོག་ཡེ་ཤེས་གསུང་དབྱངས་རྒྱས། །རྗེ་སྣང་བ་མཐའ་ཡས་ཕྱག་འཚལ་བསྟོད། །རྗེ་འདུ་བྱེད་ཕུང་པོ་རྣམ་དག་པས། །དོན་ཡོད་གྲུབ་པ་རྡོ་རྗེའི་སྐུ། །བྱ་བའི་ཡེ་ཤེས་ཕྲིན་ལས་རྒྱས། །རྗེ་དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད། །རྗེ་རྣམ་ཤེས་ཕུང་པོ་རྣམ་དག་པས། །རྡོ་རྗེ་སེམས་དཔའ་རྡོ་རྗེའི་སྐུ། །མེ་ལོང་ཡེ་ཤེས་མཁྱེན་པ་རྒྱས། །རྗེ་རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད། །རྗེ་ཕུང་པོ་ལྔ་ནི་རྣམ་དག་པས། །རིགས་ལྔ་རོ་གཅིག་རྡོ་རྗེའི་སྐུ། །ཡེ་ཤེས་རྣམ་ལྔའི་ཐུགས་རྗེ་རྒྱས། །རྗེ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཐམས་ཅད་རྣམ་དག་པས། །གཉིས་མེད་ཡེ་ཤེས་རྡོ་རྗེའི་སྐུ། །འགྲོ་དོན་དཔག་མེད་རྒྱས་མཛད་པ། །རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཆོས་རྗེ་མཆོད་ཅིང་བསྟོད་པ་དང༌། །དུས་གསུམ་བསགས་ཡོད་དགེ་བ་ཡིས། །བདག་དང་སེམས་ཅན་མ་ལུས་ཀུན། །སངས་རྒྱས་མྱུར་དུ་ཐོབ་པར་ཤོག །བླ་མའི་བྱིན་རླབས་བདེན་པ་དང༌། །དུས་གསུམ་སངས་རྒྱས་བདེན་པ་ཡིས། །རྟེན་ཅིང་འབྲེལ་བ་མི་བསླུ་བས། །བདག་གཞན་བསམ་པ་འགྲུབ་པར་ཤོག །སངས་རྒྱས་མཛད་པའི་བཀྲ་ཤིས་དང༌། །བླ་མའི་བྱིན་རླབས་བཀྲ་ཤིས་དང༌། །ཡི་དམ་དངོས་གྲུབ་བཀྲ་ཤིས་དང༌། །ཆོས་སྐྱོང་ཕྲིན་ལས་བཀྲ་ཤིས་རྣམས། །གོང་མའི་བཀྲ་ཤིས་ཕུན་ཚོགས་ཀྱིས། །བདག་དང་སེམས་ཅན་ཐམས་ཅད་ལ། །དངོས་གྲུབ་རྣམ་གཉིས་འབྱུང་བ་དང༌། །སངས་རྒྱས་ཐོབ་པའི་བཀྲ་ཤིས་ཤོག །ཅེས་བླ་མ་རིན་པོ་ཆེ་འབའ་རོམ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ལ་བསྟོད་པའི་རྒྱལ་པོ་རིན་ཆེན་འོད་ཅེས་བྱ་བ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་དུ་༧ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།། །།