རྗེ་འབྲི་གུང་པ་ལ་བསྟོད་པ་ཀ་ལ་པིངྐ་ཚངས་པའི་དབྱངས།

ན་མོ་རཏྣ་མ་ཧཱ་གུ་རུ། ཆད་ཁུངས་རྡོ་རྗེ་འཆང་ཆེན་ནས། །སངས་རྒྱས་གཉིས་པ་ལྟ་བུ་ཡི། །བཀའ་བརྒྱུད་བླ་མ་རིན་ཆེན་རྣམས། །ཡོན་ཏན་གཅིག་ནས་གཅིག་ཏུ་བརྒྱུད། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །བསྟན་པ་དར་ཞིང་རྒྱས་པ་དང༌། །འགྲོ་དོན་དཔག་མེད་མཛད་པ་ཡི། །བརྒྱུད་པའི་བླ་མར་ཕྱག་འཚལ་བསྟོད། །དངོས་ཀྱི་བླ་མ་རིན་པོ་ཆེ། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །དུས་གསུམ་ཤེས་བྱ་མ་ལུས་ལ། །མཁྱེན་པ་གཉིས་ཀྱི་ཡེ་ཤེས་ཤར། །རྟེན་ཅིང་འབྲེལ་བ་མངོན་དུ་གྱུར། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐུགས་རྗེས་འགྲོ་བའི་དོན་མཛད་པའི། །རྗེ་འབྲི་གུང་པ་ལ་བསྟོད་པར་བགྱི། །ཐུགས་ནི་གདོད་ནས་རྣམ་དག་ལ། །ཀུན་ཏུ་རྟོག་པས་མ་སྦགས་ཤིང༌། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མེད། །ལྷུན་གྲུབ་གཟུགས་ཅན་མ་ཡིན་པ། །ཀུན་ལ་ཁྱབ་ཅིང་ཐམས་ཅད་མཁྱེན། །སྐྱེ་མེད་འོད་གསལ་ཆོས་ཀྱི་སྐུ། །ཆོས་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད། །ཨ་ཧྃ་ཡི་གེ་རླུང་ལ་སོགས། །ཨེ་ཝྃ་མ་ཡ་ཆོས་ཀྱི་གསུང༌། །བཀའ་དང་བསྟན་བཅོས་མན་ངག་ལ། །སོ་སོར་མ་འདྲེས་ཡོངས་སུ་རྫོགས། །ངག་གི་དབང་ཕྱུག་ཚངས་པའི་དབྱངས། །ཐམས་ཅད་སྐད་དུ་ཆོས་གསུངས་པའི། །གསུངས་དབྱངས་དྲུག་ཅུས་འགྲོ་དོན་མཛད། །ཆོས་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །རང་བཞིན་དག་པའི་ཆོས་རྣམས་ལ། །གཞི་ལམ་འབྲས་བུ་དབང་བཞི་རྫོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་སུ་གསལ། །མི་བསྐྱོད་རྡོ་རྗེ་སེམས་ཀྱི་རྒྱ། །རིགས་ལྔ་རོ་གཅིག་རྡོ་རྗེ་འཆང༌། །མཚན་དང་དཔེ་བྱད་འབར་བ་ཡི། །ཆོས་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ཀྱི་ཆོས་རྣམས་ལ། །འཁོར་འདས་གཉིས་ཀྱི་ཡོན་ཏན་རྣམས། །སྲིད་ཞི་མཉམ་པར་མཁྱེན་པ་ཡི། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད། །ཡན་ལག་བདུན་དང་ལྡན་པ་ཡི། །ཡོན་ཏན་ཆོས་རྣམས་མ་ལུས་རྫོགས། །རང་གཞན་གཉིས་ཀྱི་དགོས་འདོད་འབྱུང༌། །རྗེ་ནོར་བུ་རིན་ཆེན་ཕྱག་འཚལ་བསྟོད། །བྱང་ཆུབ་སེམས་གཉིས་བདུད་རྩི་ཡིས། །བདེ་སྡུག་མཉམ་པར་མཁྱེན་ན་ཡང༌། །བྱ་བ་ཡེ་ཤེས་དོན་ཡོད་གྲུབ། །ཕྲིན་ལས་རྣམ་དག་རྡོ་རྗེའི་སྐུ། །དྲག་ཅིང་རྩུབ་པའི་གདུལ་བྱ་རྣམས། །བྱམས་པའི་དཀྱིལ་འཁོར་ཡངས་པ་ཡིས། །ཐམས་ཅད་བདེ་ལ་འགོད་མཛད་པའི། །རྗེ་ནུས་པའི་དབང་ཕྱུག་ཕྱག་འཚལ་བསྟོད། །རྗེ་འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཆོས་དབྱིངས་རྣམ་དག་ཡེ་ཤེས་ཀྱི། །སྐུ་ཡི་བཀོད་པ་དུ་མ་མཛད། །གདུལ་བྱའི་ཉེར་ལེན་སོ་སོ་ལ། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །དཀར་པོའི་འབྲས་བུ་སྨིན་པར་མཛད། །རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །རྗེ་ལ་མཆོད་ཅིང་བསྟོད་པ་ཡིས། །བདག་གཞན་མཐའ་ཡས་སེམས་ཅན་རྣམས། །ཡོན་ཏན་ཁྱེད་དང་མཚུངས་པ་དང༌། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །རྗེ་རིན་པོ་ཆེ་ཡི་ཐུགས་རྗེ་དང༌། །བདག་གི་དད་གུས་ཉེར་ལེན་གྱིས། །འཁོར་འདས་གཉིས་མེད་ཡེ་ཤེས་སུ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག །རྗེ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་དང༌། །ལུང་རྟོགས་ཆོས་ཉིད་ལྡན་པའི་བཀྲ་ཤིས་དང༌། །དགེ་འདུན་མི་ཕྱེད་འདུས་པའི་བཀྲ་ཤིས་ཀྱིས། །བདག་གཞན་སངས་རྒྱས་ཐོབ་པའི་བཀྲ་ཤིས་ཤོག །ཆོས་རྗེ་རིན་པོ་ཆེ་འབྲི་གུང་པ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པའི་རྒྱལ་པོ་རིན་ཆེན་འོད་ཅེས་བྱ་བ་འགྲོ་བ་སེམས་ཅན་གྱི་དོན་དུ་ ༧ ཤཱཀྱའི་དགེ་སློང་ཏི་ཤྲི་རས་པས། ཀ་ལ་པིངྐ་ཚངས་པའི་དབྱངས་ཀྱིས་བསྟོད་པ་རྫོགས་སོ། །