གསང་བ་ཡང་སྙིང་ཞེས་བྱ་བ་ཅོག་རོ་བཙུན་ཆུང་ལ་གདམས་པ།

དུས་གསུམ་སངས་རྒྱས་ཀུན་གྱི་བཅུད། །གཉིས་སུ་མེད་པའི་ཡེ་ཤེས་དེ། །རྟོགས་དོན་བླ་མ་རིན་ཆེན་ལ། །གུས་པ་ཡིས་ནི་ཕྱག་འཚལ་ལོ། །ཀྱེ་མ་ལས་ཅན་སྐལ་ལྡན་ཀུན། །ཅོག་རོ་ཇོ་ཆུང་ཁ་སྤྱང་པོ། །ཤེས་རབ་བརྩོན་འགྲུས་ཞེས་པ་ཡིས། །ཆོས་རྣམས་སྤྱི་ཡི་བྱ་ལུགས་དང༌། །ཟབ་པའི་ཆོས་ཤིག་ཞུ་ཞེས་པ། །གཤའ་མ་ཡིན་ནམ་ཀུ་རེ་ཡིན། །ཁ་གསག་གཡོ་རྒྱུ་མེད་པ་ཡི། །དད་པ་གཏིང་ནས་གཡོས་པ་དང༌། །ཆོས་གཤའ་མར་བྱ་བསམ་ཡོད་གྱུར་ན། །ཁྱོད་ཀྱིས་འདོད་པ་བསྒྲུབ་པར་བྱ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །འོ་སྐོལ་དཔོན་སློབ་འཛོམས་པ་དེ། །ཚོགས་བསགས་སྐལ་པ་ཆེ་བ་ཡིན། །སྐལ་པ་ཇི་ལྟར་ཆེ་གྱུར་ན། །སངས་རྒྱས་བསྟན་པ་རིན་པོ་ཆེ། །གྲངས་མེད་བསྐལ་པའི་སྔོན་རོལ་དུ། །སངས་རྒྱས་གྲངས་མེད་བྱོན་ན་ཡང༌། །རྒྱལ་བ་ཤཱཀྱ་ཐུབ་པ་ཡིས། །རྩོད་ལྡན་དུས་སུ་སངས་རྒྱས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཚོགས་རྫོགས་ས་ལམ་མཐར་ཕྱིན་ཏེ། །འོག་མིན་ཆོས་ཀྱི་ཕོ་བྲང་དུ། །ཡང་དག་སངས་རྒྱས་ལོངས་སྐུ་ནི། །རྫོགས་ལྡན་དུས་སུ་མངོན་སངས་རྒྱས། །སངས་རྒྱས་སྤྲུལ་པ་རིགས་ལྔ་ཡིས། །རི་རབ་སྟེང་དུ་བྱོན་ནས་ནི། །ཐེག་ཆེན་གསང་སྔགས་གསུངས་པ་ནི། །དུས་འདིར་དར་ཞིང་རྒྱས་པ་ཡིན། །འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ། །རྡོ་རྗེ་གདན་གྱི་གནས་མཆོག་ཏུ། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ནི། །རྩོད་ལྡན་དུས་སུ་མངོན་སངས་རྒྱས། །སྐལ་བ་མེད་པའི་སེམས་ཅན་རྣམས། །རྩུབ་ཅིང་ཉོན་མོངས་རག་པ་རྣམས། །བསྐལ་པ་ཆེན་པོར་བདག་གྱུར་ནས། །ཐེག་གསུམ་སློབ་པ་མ་གི་ཏས། །འཁོར་བའི་སྡུག་བསྔལ་ཞི་བ་དང༌། །ཟག་མེད་བདེ་བ་ཆེན་པོར་གསོས། །དུས་འདིར་དལ་འབྱོར་ལྡན་པ་ཡི། །མི་ལུས་ཐོབ་པ་སྐལ་པ་ཆེ། །གཞན་ཡང་བཙུན་ཆུང་ཁ་སྤྱང་པོ། །དལ་འབྱོར་མི་ལུས་ཐོབ་ན་ཡང༌། །ཡང་དག་བླ་མ་མ་རྙེད་ན། །མིག་མེད་ལམ་མཁན་བྲལ་བ་ཡིན། །ཡང་དག་བླ་མ་གང་ཞེ་ན། །ཆད་ཁུངས་རྡོ་རྗེ་འཆང་ཆེན་ཡིན། །བརྒྱུད་པ་ཏཻ་ལོ་ནཱ་རོ་ཡིན། །ལོ་ཙཱ་མར་པ་བློ་གྲོས་ཡིན། །ཡང་མེས་མི་ལ་རས་པ་ཡིན། །མེས་པོ་དྭགས་པོ་ལྷ་རྗེ་ཡིན། །བླ་མ་དཔལ་ལྡན་འབའ་རོམ་པ། །བཀའ་བརྒྱུད་བླ་མ་བྱིན་རླབས་ཅན། །དེ་ཡི་ཞལ་ནས་གསུངས་པའི་ཆོས། །ཡི་དམ་རྩ་བའི་དཀྱིལ་འཁོར་ཡིན། །གདམས་ངག་ནཱ་རོའི་ཆོས་དྲུག་ཡིན། །ལྟ་བ་ཕྱག་རྒྱ་ཆེན་པོ་ཡིན། །སྒོམ་པ་གཉུག་མ་རྒྱུན་པ་ཡིན། །སྤྱོད་པ་དུས་དང་འབྲེལ་བ་ཡིན། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་ཡིན། །ཆོས་སྐྱོང་བྱ་རོག་མིང་ཅན་ཡིན། །རྒྱུ་རྐྱེན་དེ་རྣམས་ཚོགས་པ་ན། །སྐལ་པ་ཆེའོ་བཙུན་ཆུང་ཁྱོད། །ཆོས་རྣམས་སྤྱི་ཡི་བྱ་ལུགས་ནི། །མི་རྟག་རྒྱུ་འབྲས་བསམ་པ་དང༌། །འཁོར་བ་སྡུག་བསྔལ་ཕུང་པོ་ལ། །ཚེ་འདིར་ཆེ་ཐབས་མི་བསམ་པར། །ཕྱི་མར་ལྷ་མིའི་བདེ་སྐྱིད་ལ། །སྨོན་པ་ཡིད་སེམས་མི་འཆང་ལ། །འཁོར་བ་མཐའ་དག་ཡིད་དབྱུང་ཡིན། །བྱང་ཆུབ་རྣམ་གསུམ་ཆོས་རྣམས་ལ། །ཐད་སོ་ཐད་སོའི་ཡོན་ཏན་རྣམས། །གང་ཟག་བློ་ཡི་བྱེ་བྲག་གིས། །འབྲས་བུ་ཐད་སོར་ལེན་པ་དེ། །མྱ་ངན་འདས་ལ་སྤྲོ་བ་ཡིན། །སྒྲུབ་པ་བྱེད་པའི་གང་ཟག་རྣམས། །སྒྲུབ་པའི་གནས་ནི་ཅི་ལྟ་བུ། །ཁྱོད་ཀྱིས་ཞུས་པ་གང་ཡིན་པ། །གང་ཟག་ལས་ནི་དང་པོ་པས། །དབེན་ཞིང་ཉམས་དགའི་གནས་དག་ཏུ། །མཚམས་དང་འདག་སྦྱར་དམ་པར་བྱ། །ཐུན་བཞིའི་རྣལ་འབྱོར་མ་ཆགས་པར། །ཐུན་མཚམས་ཡི་དམ་ལྷ་ཡི་ནི། །སྙིང་པོ་རྩ་བའི་སྔགས་རྣམས་ལ། །སྨྲ་བཅད་བྱས་ནས་བཟླས་པ་བྱ། །བྱང་ཆུང་མི་ངོར་མི་བཏང་བར། །བསྒྲུབ་ལ་དམ་བཅའ་བརྟན་པར་བྱ། །ཉམས་ལེན་གནད་ལ་འགྲོ་ཙམ་ན། །འཇིག་རྟེན་བྱ་བ་ངན་པ་ཡི། །ཆོས་བརྒྱད་རྟོག་པ་སྐྱེ་བ་ཡིན། །འཁོར་བའི་ཉེས་དམིགས་དྲན་པ་དང༌། །བཙན་ཆོད་བྱས་ནས་སྤོང་བ་ཡིན། །ཀུན་སློང་ངན་པས་བསླང་གྱུར་ན། །ཉོན་མོངས་རྣམ་རྟོག་སྐྱེ་བ་རྣམས། །གཉའ་རེངས་རྗེས་བཤུ་མི་བྱ་བར། །ཆུ་ལ་རལ་གྲི་བཏབ་པ་ལྟར། །ཐུག་ཕྲད་དང་ནི་གཅེར་མཐོང་དུ། །སྟོང་པ་ཉིད་དུ་བསྒོམ་པར་བྱ། །ཕྱི་ནང་བར་ཆད་བདུད་འབྱུང་ཞིང༌། །དེ་ཡང་ཕྱི་ཡི་བར་ཆད་ནི། །མི་དང་མི་མ་ཡིན་པའི་བདུད། །མ་རྒན་ཡིན་པར་ཤེས་བྱས་ལ། །བྱམས་པ་སྙིང་རྗེ་བྱང་ཆུབ་སེམས། །ཁ་ཞེ་མེད་པར་བསྒོམ་པར་བྱ། །དེ་ལ་ནང་གི་བར་ཆད་ནི། །ཕུང་པོ་དང་ནི་ཉོན་མོངས་བདུད། །གསང་སྔགས་ཟབ་མོའི་དབང་བསྐུར་ནས། །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །ཕུང་པོ་རྒྱལ་བ་རིགས་ལྔར་བརྟེན། །དེ་བཞིན་གཤེགས་པ་ལྔར་བསྒོམས་པས། །ཕུང་པོའི་ཞེན་པ་ལོག་པ་དང༌། །ལྷ་ལ་དངོས་པོར་འཛིན་པ་ཡི། །དེ་བཞིན་གཤེགས་པ་མི་བསྐྱོད་རྒྱ། །ལྷ་ནི་རང་སེམས་ཡིན་པར་སྒོམས། །རང་རིག་བདེན་པར་འཛིན་པ་ནི། །སེམས་ཙམ་ལྟ་བ་གྲུབ་མཐར་གྲོལ། །རང་སེམས་བདེ་བ་ཆེན་པོ་དང༌། །ལྷ་དང་སྣ་ཚོགས་སྣང་བ་ཀུན། །གཉིས་མེད་ཟུང་འཇུག་ཆེན་པོ་རུ། །རྡོ་རྗེ་སེམས་དཔའི་རྒྱས་བཏབ་བོ། །ཐམས་ཅད་རོ་གཅིག་རྡོ་རྗེ་འཆང༌། །བསྐྱེད་པའི་རིམ་ལ་ལེགས་གནས་ན། །ཕུང་པོའི་བདུད་ནི་ཆོམ་པ་ཡིན། །ལྷ་ལ་གནད་དུ་བསྣུན་ཙམ་ན། །ལྷ་ཡི་བདུད་རྟགས་ཕྲ་མོ་འབྱུང༌། །ལྷ་ཁང་མཆོད་རྟེན་ལ་སོགས་པ། །བཞེངས་པར་འདོད་པའི་རྟོག་པ་འབྱུང༌། །སྒོམ་འཕྲོ་འཆོལ་ཞིང་རྟོག་པས་གཡེང༌། །དེ་ལ་བཟློག་ཐབས་མ་བྱས་ན། །ལྷ་རྣམས་བྲི་བའི་ལས་ལ་འཇུག །དེ་ཚེ་གཡེང་བས་ཁྱེར་བ་ཡིན། །དེ་ཟློག་ཐབས་བསྟན་པ་ནི། །རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། །སྐད་ཅིག་གཡེང་བ་མེད་པར་སྒོམས། །ཕྱི་ཡི་ལྷ་དང་དབྱེར་མེད་དུ། །རང་སེམས་གཅིག་པར་གོམས་ཙམ་ན། །ལྷ་ཁང་ལྷ་རྟེན་ལ་སོགས་པ། །གཞན་གྱིས་རང་ལ་འབུལ་བར་འགྱུར། །དེ་ལ་ཞེན་པར་མི་བྱའོ། །དེ་ལ་བདུད་རྟགས་ཆེན་པོ་ནི། །ལྷ་ཡི་བུ་ཡི་བདུད་རྣམས་ཀྱིས། །ཡི་དམ་ལྷ་ཡི་ཞལ་སྟོན་ཏེ། །སད་དང་བརྡ་ཡིས་བརྟགས་པར་བྱ། །བདུད་ཀྱི་མཚན་མ་ཆོམས་པ་དང༌། །ཡི་དམ་ལྷ་ཡི་ཞལ་མཐོང་འགྱུར། །གཉིས་པ་ཉོན་མོངས་བར་ཆད་ནི། །རྩ་གནས་འཁོར་ལོ་རྣམས་སུ་ནི། །བྱུང་བ་རླུང་སེམས་འདུས་གྱུར་ན། །སྐྱོན་དང་ཡོན་ཏན་གཉིས་སུ་ཡོང༌། །རྐང་ལག་ལུས་ཚིགས་ནམ་མཁའི་དཀྱིལ་འཁོར་དུ། །འབྱུང་བ་ས་ཡི་རླུང་འདུས་ནས། །ས་ཡིས་ནམ་མཁའ་རྙོགས་པར་བྱེད། །ས་བདག་ཀླུ་གདོན་ལྡང་བ་ཡིན། །སེམས་ཉིད་གཏི་མུག་གཟུགས་སུ་འགྲོ། །གཏི་མུག་མི་དགེ་རྣམ་གཉིས་བྱེད། །གཏི་མུག་ཁ་རླངས་བད་ཀན་ནད། །བད་ཀན་དང་ནི་མཛེ་ནད་འོང༌། །བྱིང་དང་གཉིད་ཀྱིས་བཏབ་པ་ཡིན། །ཀླུ་གདོན་རྣམས་ཀྱིས་གསལ་ཆ་འཕྲོག །མཐར་ནི་དུད་འགྲོའི་ལས་ཀྱང་བྱེད། །སྐྱོན་དེ་བཅོས་པར་བྱ་བ་ནི། །ས་ནི་རླུང་གིས་དེད་པ་སྟེ། །ཆུ་ཡིས་ཀྱང་ནི་འདག་པར་བྱེད། །བུམ་པ་ཅན་གྱི་སྦྱོར་བ་ཡིས། །རྐང་མཐིལ་སྤྱི་གཙུག་མན་ཆད་ནས། །ཚིགས་དང་ལུས་ནི་ཐམས་ཅད་དུ། །རླུང་ནི་ངེས་པར་བཟུང་བྱས་ན། །ནམ་མཁར་རང་གནས་ཁེངས་ཙམ་ན། །ས་ནི་ཞི་བར་བྱེད་པ་སྟེ། །ཀླུ་གདོན་ནད་ཀྱང་ཞི་བར་འགྱུར། །ས་ནི་རླུང་གིས་གཏོར་བ་སྟེ། །རླུང་གིས་སྦྱོར་བ་ཤེས་པར་བྱ། །བད་ཀན་ཚད་ནད་ཆུ་ཡིས་གདོན། །གཏི་མུག་རང་སར་ཞི་ཙམ་ན། །ཀླུ་གདོན་ནད་ཀྱང་ཞི་བར་འགྱུར། །གཏི་མུག་སྟོང་པའི་ཏིང་འཛིན་དུ། །ལྷག་གིས་རྟོགས་པར་གྱུར་པ་དང༌། །ཐམས་ཅད་སྟོང་པར་སྐྱེ་བ་ཡིན། །མ་གོས་སྟོང་ཉིད་ནམ་མཁའ་དེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །སྐུ་ནི་རྣམ་པར་སྣང་མཛད་དེ། །ལྟེ་བ་མེ་ཡི་དཀྱིལ་འཁོར་དུ། །འབྱུང་བ་ཆུ་ཡི་རླུང་འདུས་ན། །ཆུ་ཡིས་མེ་ནི་གསོད་པར་བྱེད། །མོ་གདོན་མ་མོ་ལྡང་བ་ཡིན། །སེམས་ཉིད་འདོད་ཆགས་གཟུགས་སུ་འགྲོ། །ལུས་ལས་འདོད་ཆགས་བྱེད་པར་འགྱུར། །འདོད་ཆགས་ཁ་རླངས་ཚད་ནད་ཡིན། །ཁྲག་མཁྲིས་ཚད་པའི་ནང་དུ་འགྲོ། །ཕྱི་ནང་གཉིས་ལ་ཆགས་པ་ཡིས། །བསེན་མོས་ཐིག་ལེ་འཕྲོག་པར་བྱེད། །མཐར་ནི་ཡི་དྭགས་ལས་ཀྱང་བྱེད། །སྐྱེས་པ་རྣམས་ལ་མོ་གདོན་ཏེ། །བུད་མེད་རྣམས་ལ་ཕོ་གདོན་ཡིན། །སྐྱོན་དེ་བཅོས་པར་བྱ་བ་ནི། །རྡོ་སོལ་རི་ལ་ཆར་བབས་ན། །མེ་ཡི་རྒྱུར་ནི་ཆུ་ཉིད་འགྱུར། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །ཧཾ་དྲོས་ཐིག་ལེ་དབབ་པ་ནི། །མེ་ཡི་རང་གནས་ཁེངས་ཙམ་ན། །ཆུ་ཉིད་ཞི་བར་བྱེད་པ་ཡིན། །མོ་གདོན་ནད་ཀྱང་ཞི་བར་འགྱུར། །མེ་ནི་ཆུ་ཡིས་བསྐྱེད་པ་སྟེ། །ཐིག་ལེ་དབབ་པའི་སྦྱོར་བ་བྱ། །འདོད་ཆགས་རང་སར་ཞི་ཙམ་ན། །མོ་གདོན་ནད་ཀྱང་ཞི་བར་འགྱུར། །འདོད་ཆགས་བདེ་ཆེན་ཏིང་འཛིན་དུ། །ལྷག་གིས་རྟོགས་པར་གྱུར་པ་དང༌། །ཐམས་ཅད་བདེ་བར་སྐྱེ་བ་ཡིན། །མ་འདྲེས་བདེ་སྟོང་ཟུང་འཇུག་སྟེ། །སོ་སོར་ཀུན་རྟོག་ཡེ་ཤེས་ཡིན། །སྐུ་ནི་སྣང་བ་མཐའ་ཡས་སོ། །སྙིང་ཁ་ཆུ་ཡི་དཀྱིལ་འཁོར་དུ། །འབྱུང་བ་མེ་ཡི་རླུང་འདུས་ན། །མེ་ཡིས་ཆུ་མིག་སྐམ་པར་བྱེད། །ཕོ་གདོན་རྒྱལ་འགོང་ལྡང་བ་ཡིན། །སེམས་ཉིད་ཞེ་སྡང་གཟུགས་སུ་འགྲོ། །ཡིད་ལས་མི་དགེ་རྣམ་གསུམ་བྱེད། །ཞེ་སྡང་ཁ་རླངས་དུག་ནད་ཡིན། །སྙིང་རླུང་སྨྱོ་འབོགས་ནད་དུ་འོང༌། །མཐར་ནི་དམྱལ་བའི་ལས་ཀྱང་བྱེད། །སྐྱེས་པ་རྣམས་ལ་ཕོ་གདོན་ཏེ། །བུད་མེད་རྣམས་ལ་མོ་གདོན་ཡིན། །སྐྱོན་དེ་བཅོས་པར་བྱ་བ་ནི། །སྤྱི་བོའི་ཧཾ་ལས་བདུད་རྩི་བབས། །ཆུ་ཡིས་རང་བཞིན་ཁེངས་ཙམ་ན། །མེ་ནི་ཞི་བར་བྱེད་པ་ཡིན། །ཕོ་གདོན་ནད་ཀྱང་ཞི་བར་འགྱུར། །རླུང་ནི་ས་ཡིས་འབྱིན་པ་སྟེ། །ལྷ་སྐུ་ཆེ་དང་མཆོད་རྟེན་བསྒོམ། །ཞེ་སྡང་རང་སར་ཞི་ཙམ་ན། །ཕོ་གདོན་ནད་ཀྱང་ཞི་བར་གྱུར། །ཞེ་སྡང་གསལ་སྟོང་དཀྱིལ་འཁོར་དུ། །ལྷག་གིས་རྟོགས་པར་གྱུར་པ་དང༌། །མངོན་ཤེས་དང་ནི་ཤེས་རབ་སྐྱེ། །གསལ་སྟོང་ཟུང་འཇུག་བདེ་བ་དེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །སྐུ་ནི་མི་བསྐྱོད་རྡོ་རྗེ་སེམས། །མགྲིན་པ་ས་ཡི་དཀྱིལ་འཁོར་དུ། །འབྱུང་བ་གསུམ་གྱི་རླུང་འདུས་ན། །ས་ནི་རླུང་གིས་གཏོར་བར་བྱེད། །དྲག་པོ་བཙན་གདོན་ལྡང་བ་ཡིན། །སེམས་ཉིད་ང་རྒྱལ་གཟུགས་སུ་འགྲོ། །ངག་ལས་མི་དགེ་རྣམ་བཞི་བྱེད། །ང་རྒྱལ་ཁ་རླངས་འདུས་ནད་ཡིན། །ཚ་གྲང་འདྲེས་པའི་ནད་དུ་འོང༌། །གཞན་གྱི་དཔལ་ལ་སྡང་བ་ཡིས། །རང་ཆོས་ཡོན་ཏན་འཕྲོག་པར་བྱེད། །མཐར་ནི་ལྷ་མིན་ལས་ཀྱང་བྱེད། །སྐྱོན་དེ་བཅོས་པར་བྱ་བ་ནི། །སྟེང་འོག་རླུང་ནི་བཟུང་བ་ཡིན། །འབྱུང་བཞི་རླུང་ནི་མཉམ་གནས་པས། །ས་ཡིས་རང་གནས་ཁེངས་ཙམ་ན། །རླུང་གསུམ་ཞི་བར་བྱེད་པ་ཡིན། །བཙན་གདོན་ནད་ཀྱང་ཞི་བར་བྱེད། །ས་ཡི་རླུང་ནི་ནོན་པ་དང༌། །རླུང་བཟུང་བ་ཡི་མན་ངག་བྱ། །ང་རྒྱལ་རང་སར་ཞི་ཙམ་ན། །བཙན་གདོན་ནད་ཀྱང་ཞི་བར་འགྱུར། །ང་རྒྱལ་མཉམ་ཉིད་ཏིང་འཛིན་དུ། །ལྷག་གིས་རྟོགས་པར་གྱུར་པ་དང༌། །ཐམས་ཅད་མཉམ་པར་སྐྱེ་བ་ཡིན། །མཐོ་དམན་མེད་པའི་ཟུང་འཇུག་སྟེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །སྐུ་ནི་རིན་ཆེན་འབྱུང་ལྡན་ནོ། །བདེ་ཆེན་རླུང་གི་དཀྱིལ་འཁོར་དུ། །འབྱུང་བ་ས་ཡི་རླུང་འདུས་ན། །ས་ཡི་རླུང་ནི་གཏིབ་པར་བྱེད། །བདུད་གདོན་བྱིངས་ཅན་ལྡང་བ་ཡིན། །སེམས་ཉིད་ཕྲག་དོག་གཟུགས་སུ་འགྲོ། །དུག་གསུམ་ཆ་མཉམ་ཕྲག་དོག་བྱེད། །ཕྲག་དོག་ཁ་རླངས་ལྡན་ནད་ཡིན། །ལས་ནི་གང་དྲག་ནད་དུ་འོང༌། །མཐོ་བ་རྣམས་ལ་འགྲན་པ་ཡིས། །རང་ཉིད་དམན་སར་སྐྱུར་བར་བྱེད། །མཐར་ནི་འདུ་བྱེད་ལས་ཀྱང་བྱེད། །སྐྱོན་དེ་བཅོས་པར་བྱ་བ་ནི། །རླུང་ནི་དྷུ་ཏིར་བཅུག་བྱས་ནས། །རྩལ་པོ་ཆེ་ཡི་མདའ་འཕེན་ལྟར། །ཚངས་པའི་བུ་གར་རླུང་དྲངས་ནས། །རླུང་གིས་རང་གནས་ཁེངས་ཙམ་ན། །ས་ནི་ཞི་བར་བྱེད་པ་ཡིན། །བདུད་ཀྱི་ནད་རྣམས་ཞི་བར་འགྱུར། །ས་ནི་རླུང་གིས་གཏོར་བར་བྱེད། །མདའ་ལྟར་འཕང་བའི་སྦྱོར་བ་བྱ། །ཕྲག་དོག་རང་སར་ཞི་ཙམ་ན། །བདུད་གདོན་ནད་ཀྱང་ཞི་བར་འགྱུར། །ཕྲག་དོག་བདེ་སྟོང་ཏིང་འཛིན་དུ། །ལྷག་གིས་རྟོགས་པར་གྱུར་པ་དང༌། །བདག་གཞན་མེད་པར་སྐྱེ་བ་ཡིན། །ཐོག་མེད་ཟུང་འཇུག་དེ་ཉིད་དེ། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །སྐུ་ནི་དོན་ཡོད་གྲུབ་པའོ། །གཏི་མུག་ཀུན་ལ་གཞིར་བཞག་ནས། །འདོད་ཆགས་མེད་ན་སྔོན་དུ་སྐྱེ་བ་ཡིན། །ཞེ་སྡང་ང་རྒྱལ་ཕྲག་དོག་སྐྱེ། དག་པ་རིམ་གྱིས་དག་ན་ཡང༌། །ཕྲག་དོག་སྟེང་ལ་སྤོང་བ་ཡིན། །སྤྱི་བོར་ཡོན་ཏན་རྫོགས་ཙམ་ན། །བདེ་ཆེན་གནས་སུ་དབང་བསྐུར་ཐོབ། །བདུད་བཅོམ་མངོན་སངས་རྒྱ་བའི་གནས། །རིག་མ་ལ་བརྟེན་འབྲས་བུ་དང༌། །དུས་གསུམ་སངས་རྒྱས་འདུས་པ་ཡི། །དབང་བསྐུར་དོན་ཡོད་གྲུབ་པས་བྱེད། །དེ་ཕྱིར་བོ་ཀུ་རླུང་གི་གནས། །རྟེན་འབྲེལ་གནད་དེ་གོ་བར་བྱ། །སློབ་དཔོན་ཆེན་པོ་བཱིར་ཝ་པས། །འཁོར་ལོ་དྲུག་ཏུ་བཞེད་པ་ཡང༌། །ལྔ་ནི་རིགས་ལྔར་བཞེད་པ་ཡིན། །སྨིན་འཚམས་དྲུག་པ་རྡོ་རྗེ་འཆང༌། །དེ་དང་དེ་ཡི་ཆོས་རྣམས་གསུངས། །དེ་ལྟར་སྐྱོན་ཡོན་ཤེས་བྱས་ནས། །སྒྲུབ་པ་གཙོ་བོར་མཛད་པ་དང༌། །ཅུང་ཞིག་བརྟན་པ་ཐོབ་པའི་གནས། །ཤིང་གཅིག་རི་བོ་དུར་ཁྲོད་དང༌། །དབེན་སར་བསྡད་ལ་བསྒྲུབ་པར་བྱ། །གལ་ཏེ་གང་ཟག་རི་ཁྲོད་པ། །སྒྲུབ་པ་གནད་དུ་མ་ཕེབས་པས། །སྔར་གྱི་སྐྱོན་རྣམས་འབྱུང་བར་འབྱུང༌། །ཡུལ་དེར་གནས་པའི་གཞི་བདག་དང༌། །སྔ་མ་སྡོང་ནས་གནོད་པ་སྐྱེལ། །ཡུལ་གྱི་མི་དང་མི་མཐུན་སྒྲུབ། །སྣང་བ་ཐམས་ཅད་རྟོག་པ་ཡིན། །དེ་འདྲའི་བར་ཆད་བྱུང་དུས་སུ། །བླ་མ་ཡི་དམ་མཁའ་འགྲོ་དང༌། །ཆོས་སྐྱོང་སྲུང་མ་ཐམས་ཅད་དང༌། །དུར་ཁྲོད་སྲུང་བའི་ལྷ་རྣམས་ལ། །ཚོགས་དང་གཏོར་མས་མཉེས་པར་བྱ། །གཞི་བདག་མི་མ་ཡིན་རྣམས་ལ། །འབྱུང་གཏོར་རྒྱས་པ་བཏང་བྱས་ལ། །རྟེན་འབྲེལ་ཆོས་བཤད་སྨོན་ལམ་གདབ། །དེ་ཡིས་ཐམས་ཅད་མཐུན་པར་འགྱུར། །སྒྲུབ་པ་གནད་དུ་སྐྱོལ་བ་ནི། །སྐྱོན་ཡོན་གཉིས་ཀྱི་ས་འཚམས་དེ། །སྐྱོན་རྣམ་དག་ཅིང་ཡོན་ཏན་སྐྱེ། །བགེགས་རྣམས་རང་རང་རིགས་མཐུན་གྱིས། །གཞི་བདག་མི་མ་ཡིན་བསྐུལ་ནས། །རྒྱལ་པོ་ལ་སོགས་མི་རྣམས་དང༌། །དུར་ཁྲོད་གནས་པའི་ལྷ་རྣམས་ཀྱང༌། །གང་ཟག་དེ་ལ་སྲུང་བར་བྱེད། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་ཀྱང༌། །གནོད་མེད་ཕན་ནི་འདོགས་པར་བྱེད། །ཉོན་མོངས་དུག་གསུམ་ཞི་བ་དང༌། །བདེ་གསལ་མི་རྟོག་ཉམས་མྱོང་སྐྱེ། །སྲིད་གསུམ་མཐོང་སྣང་འཆར་བ་ཡིན། །སྐུ་གསུམ་རྟོགས་པ་ཤར་ཙམ་ན། །ཡོན་ཏན་ཐམས་ཅད་རྫོགས་པ་ཡིན། །ཉམས་ལེན་གནད་ལ་མཁས་པར་བྱ། །ཉོན་མོངས་དུག་ལྔ་ལམ་ཁྱེར་སྐབས། །མཐུན་རྐྱེན་གང་བརྟེན་ཞུས་པ་ནི། །འདོད་ཡོན་ལྔ་ལ་སོགས་པ་ནི། །ཏིང་འཛིན་སྐྱེ་ན་བརྟེན་པར་བྱ། །ལོག་པའི་མཐུན་རྐྱེན་རྣམས་ཀྱིས་ནི། །ཐར་པའི་ས་བོན་སྲེག་པར་བྱེད། །གསང་སྔགས་ཆོས་ལ་སྙད་བཏགས་ནས། །ཉོན་མོངས་སྤྱོད་པ་མ་ཡིན་ནོ། །གཉིས་པ་ཟབ་ཆོས་ཞུས་པ་ནི། །གོང་གི་དེ་ལས་ཟབ་པ་མེད། །ཁྱོད་ཀྱིས་འདོད་པའི་ཟབ་ཆོས་དེ། །སྟོང་པ་གཅིག་ལ་འདོད་དེ་མཆི། །ངས་ནི་རྟེན་འབྲེལ་ཟབ་མོར་གོ། །འོན་ཀྱང་གཉུག་མ་ལྷན་སྐྱེས་འདི། །རང་ལ་ཡོད་པ་ཡིན་ན་ཡང༌། །རྟོགས་པར་དཀའ་བས་ཟབ་པ་ཡིན། །རྟོགས་ན་ཉམས་ལེན་སླ་བ་ཡིན། །གང་ལྟར་སྣང་བ་སྒོམ་ཡིན་པས། །དེ་ལས་སླ་བ་ལོགས་ན་མེད། །ཉིན་ཞག་ཕྲུག་གཅིག་བྱ་བ་ཡིན། །ཅི་བྱས་དགེ་བར་འགྲོ་ན་ཡིན། །ང་ཡིས་ཉམས་སུ་བླངས་པ་ལ། །གོང་མ་རྣམས་ལས་ལོགས་ན་མེད། །ཉམས་ལེན་འགྲིགས་རིམ་འདོད་པ་དེ། །སྦྱོར་དངོས་རྗེས་གསུམ་སྐྱེ་འགག་ཅན། །མི་རྟོག་སྟོང་པས་དགོས་པ་མེད། །གཉུག་མ་རྒྱུན་ཆད་མེད་པ་ལ། །བཏང་བཞག་མེད་ན་འགྲིག་རིམ་ཡིན། །དགོས་ཀ་སྟོང་པར་མ་སོང་བར། །ཉ་ག་མ་འཆུག་དེ་ལ་འདོད། །ཉམས་ལེན་གནད་དུ་ཕོག་པ་ནི། །གནད་བཞིའི་རྟེན་འབྲེལ་འགྲིགས་ན་ཡིན། །དོན་དུ་འདྲིལ་བ་གང་ཡིན་པ། །ཐམས་ཅད་སེམས་སུ་རྟོགས་པ་དང༌། །སེམས་ནི་ཕྱག་རྒྱ་ཆེན་པོ་ཡིན། །ཉམས་ལེན་བདེ་བ་གང་ཡིན་ན། །ཐམས་ཅད་སྒོམ་དུ་ཤར་ན་བདེ། །སྡུག་བསྔལ་ལོགས་སུ་མ་གྲུབ་ན། །ཐམས་ཅད་བདེ་བ་ཆེན་པོ་ཡིན། །ཆོས་གཅིག་གཤའ་མར་བྱེད་ལུགས་ནི། །མི་དགེ་སྐད་ཅིག་མི་སྐྱེ་བར། །སྐྲ་དང་ཨོག་ཚོམ་མི་བསྲེ་བར། །ཚུལ་ཁྲིམས་གཙང་དང་ལྡན་པ་ཡིས། །བྱང་ཆུབ་སེམས་ཉིད་སྦྱང་བ་དང༌། །བསྐྱེད་རྫོགས་མཉམ་རྗེས་མེད་པ་དང༌། །དགེ་བསྔོ་སྨོན་ལམ་འདེབས་བྱེད་ན། །ཆོས་ཀྱི་བྱེད་ལུགས་མ་ནོར་ཡིན། །སྙིང་རྗེ་ལྟོས་ཞེས་ཞུས་པ་ནི། །བླ་མའི་ཞལ་གདམས་ཟབ་མོ་དང༌། །མཁའ་འགྲོའི་སྲོག་སྙིང་གནད་དོན་རྣམས། །འགྲོ་ལ་བརྩེ་བ་མ་ཡིན་ན། །ཞལ་དུ་ཐོན་པ་དཀའ་མོར་གདའ། །རང་ཐེད་ལ་བཏང་བ་ཐུགས་རྗེ་ཡིན། །སུ་ལ་རེ་ཞེས་ཞུས་པ་ནི། །རང་སེམས་ཡིད་བཞིན་ནོར་བུ་ལ། །དགོས་འདོད་ཐམས་ཅད་འབྱུང་བ་ནི། །ཉམས་ལེན་བྱི་དོར་ཆས་བྱས་ན། །གཞན་ལ་རེ་ལྟོས་བྱ་མི་དགོས། །བཀའ་དྲིན་ཅན་ཞེས་ཁ་སྤྱང་དེ། །འདི་དང་བསྟུན་ན་བདེན་པ་ཡིན། །དགོས་འདོད་བྱུང་ན་ཆེ་བ་ཡིན། །གསང་བའི་ཡང་སྙིང་སྙིང་པོ་འདི། །ཡི་གེར་བཀོད་པ་མི་རིགས་ཀྱང༌། །བཙུན་ཆུང་ཤེས་རབ་བརྩོན་འགྲུས་ཀྱི། །དོན་དུ་ཟབ་ཆོས་བགྱིས་པ་ལ། །བླ་མ་ཡི་དམ་མཁའ་འགྲོ་རྣམས། །མི་མཉེས་གྱུར་པ་བཟོད་པར་གསོལ། །དགེ་བ་འདི་དང་དགེ་གཞན་རྣམས། །མཁའ་མཉམ་སེམས་ཅན་ཐམས་ཅད་དང༌། །བཙུན་ཆུང་ཤེས་རབ་བརྩོན་འགྲུས་ཀྱི། །འཁོར་བའི་སྡུག་བསྔལ་ཞི་བར་ཤོག །སྒྱེད་ཀྱི་མཁར་ལུང་བླ་ཆེན་དུ། །གུ་རུ་པྲཉྫཱ་སེང་ཧ་ཡིས། །བཙུན་ཆུང་ཤེས་རབ་བརྩོན་འགྲུས་ལ། །གདམས་ངག་གསང་བའི་ཡང་སྙིང་གསུངས། །བཙུན་པ་ཨ་མ་སྤངས་པ་ཡིན། །ཆུང་བ་མི་དགེ་ཆུང་བ་ཡིན། །སྡེ་སྣོད་གསུམ་གྱི་བརྗོད་བྱ་ལ། །རྟོགས་པ་སྐྱེས་པ་ཤེས་རབ་ཡིན། །མི་ཡེངས་སྒྲུབ་པ་བརྩོན་འགྲུས་ཡིན། །གསང་བ་ཅེས་ནི་བརྗོད་པ་སྟེ། །ཐུབ་པ་ཡང་དག་སངས་རྒྱས་ཀྱིས། །རྡོ་རྗེ་ཐེག་པ་གསུངས་པ་དེ། །སེམས་ཅན་ལུས་ངག་ཡིད་གསུམ་ལ། །ཟབ་པའི་ཆོས་རྣམས་ཡོད་པ་དེ། །རང་གཞན་རྐྱེན་གྱིས་གསང་བ་ཡིན། །གོང་དུ་བསྟན་པའི་ཟབ་ཆོས་རྣམས། །སྒྲིབ་པ་མེད་ཅིང་མ་མཐོང་མེད། །རང་བཞིན་གྱིས་ནི་གསང་བ་ཡིན། །གསང་བའི་བདག་པོ་བླ་མ་ལ། །དབང་དང་བྱིན་རླབས་མ་ཐོབ་ན། །རང་ལ་ཡོད་པ་མ་བརྟེན་པས། །དེ་ནི་རྐྱེན་གྱིས་གསང་བ་ཡིན། །སྙིང་པོའི་ཡང་སྙིང་ཞེས་པ་ནི། །རྒྱུད་སྡེ་གསུམ་གསུངས་སྙིང་པོ་ཡིན། །ཡང་སྙིང་རྣལ་འབྱོར་བླ་མེད་ཡིན། །སྙིང་པོ་ཀྱཻ་ཡི་རྡོ་རྗེ་ཡིན། །སེམས་ཅན་ལུས་ངག་ཡིད་གསུམ་ནི། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མ་ལུས་པ། །སེམས་ཅན་ལུས་ངག་ཡིད་གསུམ་གྱི། །གཞི་ལ་གནས་པའི་ཆོས་རྣམས་ལ། །སངས་རྒྱས་སྙིང་པོ་མ་ཡིན་པ། །འཁོར་བའི་སྦུན་སྐོགས་གཅིག་ཀྱང་མེད། །དེ་ཡི་ཕྱིར་ན་ཡང་སྙིང་ཡིན། །ཤེས་རབ་བརྩོན་འགྲུས་ཞེས་པས་ཞུས། གསང་བའི་ཡང་སྙིང་ཅེས་བྱ་བ། རས་པས་བཀོད་པ་རྫོགས་སོ། །དགེའོ།།