Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ། next

སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ།

༈ མདོ་ལུགས་ལ་བུམ་པའི་ནང་དུ་པད་ཟླའི་སྟེང་དུ་ཤཱཀྱ་ཐུབ་པ་བསྐྱེད། མདོ་སྔགས་བསྲེ་བའི་ལུགས་ལྟར་ན། ཤཱཀྱ་ཐུབ་པ་དང་རིགས་ལྔ་བསྒོམ། བུམ་པ་དབུས་མའི་ནང་དུ་བདེ་མཆོག་ལྷ་ལྔ་བསྐྱེད། ལས་བུམ་ལ་པདྨ་ཉི་མའི་དལ་གྱི་སྟེང་དུ་བདུད་རྩི་འཁྱིལ་པ་བསྐྱེད་པའམ། རྡོ་རྗེ་གནོད་སྦྱིན་དང༌། དོན་ཡོད་གྲུབ་པ་དང༌། ཡུམ་བཀའ་ས་བོན་ལ་ཧཱུྃ་ཧཱུྃ་ཁྃ་བསྐྱེད། བཀུག་གཞུག་སོ་སོར་བྱེད་ནས་ཛཿཧཱུྃ་བྃ་ཧོཿས་སོ་སོར་བསྟིམ་ལ། དབང་བསྐུར་རིགས་བདག་སོ་སོས་དབུ་བརྒྱན། སྔགས་སོ་སོ་དང་མཆོད་བསྟོད་སོ་སོར་བྱས་ལ་དྲིའི་ནས་ཀྱིས་བསྐྱེད་ཆོག་དང༌། ཡེ་དྷརྨ་ལ་སོགས་བརྒྱ་སྟོང་གིས་སྔགས། ༼མ་དཔེ་ནས་ཤོག་ལྷེ་གཉིས་ཆད་འདུག༽

༈ ཅེས་གསུངས། འོ་ན་དལ་འབྱོར་གྱི་མི་ལུས་ཐོབ་པས་ཆོག་གམ་སྙམ་ན་འདི་ཡང་མི་རྟག་པ་ཡིན་ཏེ། སློབ་དཔོན་རྟ་དབྱངས་ཀྱི་ཞལ་ནས། ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་བརྒྱན་པ་ཡི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །འགྲོ་བ་གཞན་རྣམས་ལྟ་ཅི་སྨོས། །ཞེས་གསུངས། ཆེད་དུ་བརྗོད་པའི་ཚོམ་ལས། འདུས་པའི་མཐའ་མ་བྲལ་བ་ཡིན། །བསགས་པའི་ཐ་མ་འཛད་པ་ཡིན། །བརྩིགས་པའི་ཐ་མ་འགྱེལ་བ་ཡིན། །གསོན་མཐའ་འཆི་བ་ཡིན་པས་ན། །ཇི་བཞིན་ལས་ཀྱི་རྗེས་སུ་འབྲང༌། །ཞེས་དང༌། ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །དེ་དག་རིམ་གྱིས་འགྲོ་གྱུར་ཏེ། །གསོན་པའི་སྡོང་དྲོད་སུ་ཞིག་འཆང༌། །ཞེས་གསུངས། འོ་ན་རང་ཉིད་གཅིག་པུར་འཆི་བར་མ་ཟད་དེ། ཐམས་ཅད་ཀྱང་མི་རྟག་པ་ལ་སྙམ་ན། འཆི་བའི་འོག་ཏུ་བསགས་པའི་ཟས་ནོར་དང༌། ཉེ་དུ་གཉེན་འབྲེལ་རྣམས་རྗེས་སུ་མི་འབྲང་ཞིང༌། དགེ་སྡིག་གི་ལས་དཀར་ནག་གཉིས་རྗེས་སུ་འབྲང་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །རྒྱལ་པོ་དག་ནི་གར་དང་གར་འགྲོ་བ། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །ཞེས་གསུངས། དེས་ན་དགེ་བའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་ཅིང༌། མི་དགེ་བའི་འབྲས་བུ་ངན་སོང་གི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་ཏེ། ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སོ་སོར་སྨིན་པར་འགྱུར། །ཞེས་གསུངས། ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་པའི་སྲོག་གཅོད་པ་དང༌། ཕྲ་མ་དང༌། ཚིག་རྩུབ། གནོད་སེམས་ལ་སོགས་པའི་མི་དགེ་བ་སྤྱད་པའམ། ཡུལ་ཁྱད་པར་ཅན་བླ་མའམ། མཁན་པོ་སློབ་དཔོན། ཕ་མ་དང༌། དཀོན་མཆོག་གསུམ་གྱི་རྟེན་དང༌། དྲིན་ཆེ་བ་ལ་མི་དགེ་བ་བཅུ་སྤྱད་པའམ། གྲངས་དཔག་ཏུ་མེད་པར་མི་དགེ་བ་སྤྱད་ན་དམྱལ་བར་སྐྱེ་སྟེ། ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད། ཉི་ཚེ་ཉེ་འཁོར་བའི་དམྱལ་བ་གང་དུ་སྐྱེས་ཀྱང༌། ཚ་ཞིང་རྩུབ་ལ་དྲག་ཅིང་བཟོད་པར་དཀའ་བས་ལུས་སེམས་གདུང་བར་འགྱུར་ཏེ། །འདི་ན་མི་ཞིག་མདུང་ཐུང་ལྔ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་མི་བཟོད་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལ། །འོལ་ཡང་མི་བྱ་ཆར་ཡང་མི་ཕོད་དོ། །ཞེས་གསུངས། སྡུག་བསྔལ་རྒྱུན་རིང་སྟེ། སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིག །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཅེས་གསུངས། ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་མ་བྱིན་པར་ལེན་པ་དང༌། འདོད་ལོག་དང༌། བརྣབ་སེམས་དང༌། རྐུ་འཕྲོག་ལ་སོགས་པའི་མི་དགེ་བ་བཅུ་སྤྱད་པའམ། སེར་སྣའི་དབང་གིས་མི་དགེ་བ་གྲངས་མང་པོར་སྤྱད་པས་ཡི་དྭགས་སུ་སྐྱེ་སྟེ། ཕྱིའི་སྒྲིབ་པ་ཅན་དང༌། ནང་གི་སྒྲིབ་པ་ཅན་ལ་སོགས་པ། རིགས་གང་དུ་སྐྱེས་ཀྱང་མི་སྡུག་པའི་ལུས་བླངས་ནས། བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་ཏེ། དེ་ལྟར་ཡང་ལྟོ་བ་བྱང་ཐང་ལྟ་བུ་སྟེ། །མགུལ་པ་ཡན་ལག་རྟ་རྔ་ཙམ། །ཞེས་གསུངས། ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་རྫུན་ངག་འཁྱལ་ལོག་ལྟ་ལ་སོགས་པའི་མི་དགེ་བ་སྤྱད་པའམ། ཡུལ་དམན་པ་དུད་འགྲོ་ལྟ་བུ་ལ་མི་དགེ་བ་སྤྱད་པས། བྱོལ་སོང་དུ་སྐྱེ་སྟེ། བྱིངས་ལ་གནས་པ་རྣམས་ནི། རྒྱ་མཚོའི་ནང་དུ་གཟུགས་མི་སྡུག་པ་སྣ་ཚོགས་སུ་སྐྱེས་ནས། གཅིག་གིས་གཅིག་ཟ་བ་དང༌། མི་ལ་འཁོར་བ་རྣམས་ནི་བཀོལ་སྤྱོད་དང༌། གསོད་གཅོད་ལ་སོགས་པའི་སྡུག་བསྔལ་དུ་མ་དང་ལྡན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། །དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང༌། བཅིང་དང་རྡེག་བཙོག་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་གཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར། །ཞེས་གསུངས་སོ། །དེ་ཡང་མིར་སྐྱེས་པ་རྣམས་ཀྱང༌། སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང༌། ཡོད་པ་རྣམས་ཆོག་མི་ཤེས་ཤིང་སྐྱོང་དཀའ་བའི་སྡུག་བསྔལ། མེད་པ་རྣམས་ཕོངས་ཤིང་སྒྲུབ་པར་དཀའ་བའི་སྡུག་བསྔལ། གཉེན་བྱམས་པ་དང་བྲལ་བར་དོགས་པའི་སྡུག་བསྔལ། དགྲ་སྡང་བ་དང་འཕྲད་པར་དོགས་པ་དང༌། འཕྲད་པ་རང་གི་སྡུག་བསྔལ་ལོ། །ལྷ་མ་ཡིན་རྣམས་ལ་ཡང་འཐབ་རྩོད་ཀྱི་སྡུག་བསྔལ། གཙང་མའི་གནས་ལྔ་མ་གཏོགས་པ། །ལྷ་གནས་རྣམས་ཀྱང་ཕལ་ཆེར་ཁམས་འོག་མར་ལྟུང་བར་འགྱུར་བས་སྡུག་བསྔལ་ལོ། །དེ་ལྟར་ཁམས་གསུམ་གང་དུ་སྐྱེས་ཀྱང་སྐྱིད་མེད་དེ། འཁོར་བ་དེ་འདྲ་ལ་སོགས་པ་ལྷ་མི་དང༌། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམ་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །ཅེས་གསུངས་སོ། །དེས་ན་འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཡིན། སྡུག་བསྔལ་དེ་ལས་སྐྱོབ་པ་དཀོན་མཆོག་གསུམ་ཡིན། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་ན། ཚེ་འདིའི་འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་ལས་སྐྱོབ། ཕྱི་མ་ངན་སོང་གི་སྡུག་བསྔལ་དང༌། གཏན་གྱི་འཁོར་བའི་སྡུག་བསྔལ་ལས་སྐྱོབས། འཇིག་རྟེན་འདིར་ཡང་ཅི་བསམ་འགྲུབ། མཐར་སངས་རྒྱས་དང་སེམས་ཅན་གྱི་དོན་བྱེད་པའི་ཕན་ཡོན་ཡོད་པ་ཡིན། དྭགས་པོ་རིན་པོ་ཆེའི་ཞལ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་འདི། དང་པོ་གལ་ཆེ་སྟེ། ཐ་མལ་དང་མུ་སྟེགས་བྱེད་ལས་ཁྱད་པར་དུ་འཕགས། བར་དུ་གལ་ཆེ་སྟེ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ། ཐ་མ་གལ་ཆེ་སྟེ། འབྲས་བུ་སྐུ་གསུམ་ཐོབ་པར་བྱེད། །ཅེས་གསུངས། སྐྱབས་འགྲོ་བདུན་ཅུ་པ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཅན། །སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས། ཕན་ཡོན་དེ་ལྟ་བུ་འཐོབ་པར་བྱ་བའི་དོན་དང་ཆེད་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་དུ་བསམ་ལ་འདི་བཞིན་དུ་སྒོམས། མདུན་གྱི་ནམ་མཁར་སེང་གེ་བརྒྱད་ཀྱི་ཁྲི། པདྨ་ཉི་ཟླའི་གདན་གྱི་སྟེང་དུ། རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་ཁ་དོག་ལྟ་བུ་ཞལ་གཅིག་ཕྱག་གཉིས། གཡས་པ་ས་གནོན་གཡོན་པ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བསྐོར་བར་བསྒོམ་ལ། ཐོག་མར་དཀོན་མཆོག་གསུམ་ལ་ཚོགས་བསགས་པ་གལ་ཆེ་སྟེ། བསོད་ནམས་བསགས་པས་བདེ་བ་འཐོབ། །དེ་ཕྱིར་མི་ཡིས་བསོད་ནམས་བསགས། །དེ་ཡང་ཡང་ནས་ཡང་དུ་བསགས། །དེ་རིང་ཉིད་ལ་བརྩམ་སྟེ་བསགས། །ཞེས་གསུངས་པས། འཇིག་རྟེན་ཁམས་ཀྱི་མཆོད་པའི་བྱེ་བྲག་དང༌། ལུས་ལོངས་སྤྱོད་ཐམས་ཅད་དད་གུས་དང་ལྡན་པས་འབུལ་ཞིང༌། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་བསྒྲོད་པའི་གྲོགས་ཞུ་སྙམ་དུ་སོམས་ལ་ལད་མོ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བཙུན་པ་བདག་ལ་དགོངས་སུ་གསོལ།་་་་་ལན་གསུམ་ཕྱི་མ་ལ་སློབ་དཔོན་ལ་དགོངས་སུ་གསོལ། མཆན། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཐབས་ཡིན་ནོ། །ལེགས་སོ། །འོ་དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། བསླབ་བྱ་བཅུ་གཅིག་ལ་སློབ་དགོས་པ་ཡིན་ཏེ་ཐུན་མོང་གི་བསླབ་བྱ་ལྔ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པར་བྱ་ཞིང་སྐྱབས་སུ་འགྲོ་བ་ལ་བསླབ། དུས་རྟག་ཏུ་དཀོན་མཆོག་གི་མཆོད་པ་ལ་བརྩོན་པར་བྱ། སྲོག་དང་རྒྱལ་སྲིད་དང༌། བྱ་དགའི་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤང༌། ན་ཚ་སྡུག་བསྔལ་ཅི་བྱུང་ཡང་ཐབས་གཞན་མི་བཙལ། ཕྱོགས་གར་འགྲོ་ཡང་ཕྱོགས་དེའི་ལྷ་ལ་ཕྱག་འཚལ། མཆོད་པ་འབུལ། སྐྱབས་འགྲོ་བྱེད་ཅིང་འགྲོ། ཁྱད་པར་གྱི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ན་འཇིག་རྟེན་པའི་ལྷ་གཞན་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ན་སེམས་ཅན་ལ་འཚེ་བ་མི་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ན་མུ་སྟེགས་ཅན་དང་མི་འགྲོགས། རྗེས་སུ་མཐུན་པའི་བསླབ་བྱ་གསུམ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་རྟེན་ལ་གུས་པ་བསྒྲུབ་ཅིང་མ་གུས་པ་སྤངས། བསླབ་བྱ་དེ་དག་བསྲུང་བ་གལ་ཆེའོ། །དེ་དག་ལྡན་པས་སེམས་བསྐྱེད་དགོས་པ་ཡིན་ཏེ། དེ་ལྟར་སེམས་བསྐྱེད་པའི་དགོས་པ་ཡང༌། ཐེག་དམན་རང་ཞི་བདེའི་ཐར་པ་བསྒྲུབ་པ་ལས་ཁྱད་པར་དུ་འཕགས་ཏེ། བྱང་ཆུབ་སེམས་དཔའི་གྲལ་དུ་ཚུད་དོ། །སངས་རྒྱས་ཀྱི་ས་ལ་འཇུག་གོ་ཞེས་གསུངས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་བྱམས་པས་སྡུག་བསྔལ་དང་བྲལ་ནས་སྙིང་རྗེ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། ཉེ་རིང་མེད་པའི་བཏང་སྙོམ་དེའི་དོན་དང་ཆེད་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། ཐུགས་རྗེ་ཆེན་པོ་བསྒོམ་སྙམ་དུ་སེམས་བསྐྱེད། སྟོང་པའི་ངང་ལས་པདྨ་ཟླ་བའི་གདན་གྱི་སྟེང་དུ། རྣམ་པར་ཤེས་པ་ཧྲཱིཿདཀར་པོ་གཅིག་བསྒོམ། ཧྲཱིཿདེ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གྱུར། འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ། ཧྲཱིཿའོད་དུ་ཞུ་བ་ལས། རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ན་མུ་ཏིག་གི་ཕྲེང་བ་འདྲེན་པ། གཡོན་གྱི་འོག་མ་ན་མེ་ཏོག་པདྨ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། དབུ་སྐྲ་རལ་པའི་ཐོར་གཙུག་གྱེན་དུ་བཅིང་བ་ལ། དར་གྱི་ཅོད་པཎ་དང༌། སངས་རྒྱས་རིགས་ལྔའི་ངོ་བོ་རིན་པོ་ཆེའི་རྩེ་བྲན་ལྔས་དབུ་ལ་བརྒྱན་པ། སྙན་ཆ། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ་ཞབས་བདུག་སེ་མོ་དོ་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཐུགས་ཀར་ཟླ་བའི་དལ་གྱི་སྟེང་དུ་ཧྲཱི་ཡིག་དཀར་པོའི་མཐའ་བསྐོར་དུ་ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པས་གཡས་བསྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཕྱི་སྣོད་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར། སྒྲ་གྲགས་ཚད་གསུང་ཡི་གེ་དྲུག་མའི་སྒྲ། དྲན་རྟོག་ཐམས་ཅད་ཐུགས་འོད་གསལ་ཟུང་འཇུག་གི་ངང་དུ་ཉམས་སུ་ལེན་པར་བྱའོ། །དེ་ལྟར་བསྒོམས་པས་ལུས་སྤྲུལ་སྐུ། ངག་ལོངས་སྐུ། སེམས་ཆོས་སྐུར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཡིན་ནོ། །རྗེས་ལ་དགེ་བའི་རྩ་བ་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདེ་བ་ཅན་ན་སྐྱེ་བར་གྱུར་ཅིག ཅེས་པ་ལ་སོགས་པའི་བསྔོ་བ་བྱ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ཏི་ཤྲི་སངས་རྒྱས་རས་ཆེན་གྱི་སྐྱབས་འགྲོ་སེམས་བསྐྱེད་ལ། མདུན་བསྐྱེད་དང༌། ཞལ་ཤེས་ཀྱི་གདམས་པ་རྣམས། སངས་རྒྱས་རས་ཆེན་གྱི་ཞབས་ཏོག་ཏུ་བགྱིས་ཏེ། བླ་མའི་མན་ངག་བཞིན་དུ་ཀུ་སུ་ལུ་པ་ཤི་ལ་གྷིར་ཏིས་སྐལ་ལྡན་རྣམས་ཀྱི་དོན་དུ་ལེགས་པར་བསྒྲིགས་པའོ། །


previousསྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོ་ག་རིན་པོ་ཆེའི་ཕྲེང་བ། next