Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤྲོ་བ་བསྐྱེད་པའི་ཆོས་བཤད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤྲོ་བ་བསྐྱེད་པའི་ཆོས་བཤད། next

སྤྲོ་བ་བསྐྱེད་པའི་ཆོས་བཤད།

༈ སྤྲོ་བ་བསྐྱེད་པའི་ཆོས་བཤད། ན་མོ་གུ་རུ། སྤྱིར་རྒྱུ་གཅིག་ལ་རྐྱེན་ཐ་དད་ཀྱིས་འབྲས་བུ་སོ་སོར་སྨིན་པ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཡིན་ཏེ། དེ་ཡང་རྒྱུ་གཅིག་པོ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་ཀྱང་བྱ། ཀུན་གཞི་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱ། ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ཞེས་ཀྱང་བྱ། བདེ་བར་གཤེགས་པའི་སྙིང་པོ་འགྲོ་བ་ཀུན་ལ་ཡོད་པ་ཡིན། དེ་ལྟར་ཡིན་པ་ཡང་བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ཉིད་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་གསུངས། གཉིས་པ་རྐྱེན་ལ་གཉིས་ཏེ་མ་དག་པའི་རྐྱེན་དང༌། དག་པའི་རྐྱེན་ནོ། །མ་དག་པའི་རྐྱེན་ནི། དེ་ལ་རྟོག་པའི་རྟེན་འབྲེལ་ཉོན་མོངས་པ་དུག་ལྔ། དུག་གསུམ་གྱིས་ཀུན་ཏུ་བསླངས་ནས་སྡིག་པ་མི་དགེ་བའི་ལས་བྱས་པས། འབྲས་བུ་ཁམས་གསུམ་རྒྱུད་དྲུག་ཏུ་འཁྱམས་པས། འགྲོ་བ་རིགས་དྲུག་ཏུ་འཁོར་ཞིང་སྐྱེ་རྒས་ན་འཆིའི་ཆུ་བོ་ཆེན་པོ་བཞི་རུ་སྣང་བ་ཡིན། དེ་དག་གི་དུས་ནི་སྡུག་བསྔལ་གྱི་རྟེན་གཞི་ཞེས་བྱ་སྡུག་བསྔལ་འབའ་ཞིག་པ་སྣང་བའོ། །དེ་ལ་འབའ་ཞིག་ཅེས་བྱ་བ་ནི། ཟག་པ་མེད་པའི་བདེ་བ་རྣམ་པར་བཅད་པ་ཡིན་ཏེ། ངན་སོང་རྣམ་པ་གསུམ་ལ་སྡུག་བསྔལ་གྱི་སྡུག་བསྔལ་མཛེ་ཐོག་ཏུ་ཕོལ་མིག་བྱུང་བ་ལྟ་བུའི་སྡུག་བསྔལ་ཡོད། མི་ལ་འདུ་བྱེད་ཀྱི་སྡུག་བསྔལ་མིག་ཏུ་རྡུལ་སོང་བ་ལྟ་བུ་ཡོད། ལྷ་ལ་རོ་མངར་པོའི་དུག་ཟོས་པ་ལྟ་བུའི་སྡུག་བསྔལ་ཡོད། ཐམས་ཅད་དེ་ལས་མ་འདས་པའོ། །དེ་ལྟར་འཁོར་བ་སྡུག་བསྔལ་གྱི་ཕུང་པོར་ཤེས་ནས་དེ་ལ་ཐར་པ་འདོད་པ་ལ། དག་པའི་རྐྱེན་ལ་བརྟེན་དགོས། དག་པའི་རྐྱེན་ལ་བདག་གཞན་གྱི་རྐྱེན་དལ་འབྱོར་ལ་སོགས་པ་གསུངས་ན་ཡང༌། འདི་ཡང་ལམ་ཚོལ་བ་ལ་ཞུགས་པ་དང༌། ལམ་དངོས་ལ་ཞུགས་པའོ། །ལམ་ཚོལ་བ་ནི་ཕྱི་རོལ་མུ་སྟེགས་བྱེད་པ་ཡིན་ལ། ལམ་དངོས་ལ་ཞུགས་པ་ནི་ནང་པ་སངས་རྒྱས་པའོ། །ཕྱི་རོལ་མུ་སྟེགས་བྱེད་པ་ནི་ལམ་མཆོག་སྒྲུབ་པ་ལྟ་བུ་མ་ཡིན། ཐར་པའི་ལམ་བཙལ་བར་འདོད་པ་ལ་སྨོན་ལམ་མ་དག་པའི་དབང་གིས་མ་ནོར་བའི་ལམ་མ་རྙེད་པའོ། །དེ་ལྟར་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། རྣམ་པར་སྣང་མཛད་ཉེ་བའི་རྒྱུ་དང༌། རྣམ་པར་སྣང་མཛད་རིང་བའི་རྒྱུ་གཉིས་སུ་བཞེད་དེ། རྣམ་པར་སྣང་མཛད་རིང་བའི་རྒྱུ། །མུ་སྟེགས་པ་ལ་སྨད་མི་བྱ། །ཞེས་གསུངས་སོ། །རྣམ་པར་སྣང་མཛད་ཉེ་བའི་རྒྱུ་ནི་ནང་པ་སངས་རྒྱས་པའི་ཐེག་པའོ། །དེ་གཉིས་ཀྱི་ཁྱད་པར་གང་གིས་ཕྱེ་ན། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་ཅིང༌། སྐྱབས་གནས་ཇོ་བོ་དཀོན་མཆོག་གསུམ་ལ་རྒྱབ་བསྟེན་མི་བྱེད་ན། ཕྱི་རོལ་མུ་སྟེགས་བྱེད་པ་ཡིན། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཅིང་ཇོ་བོ་དཀོན་མཆོག་གསུམ་ལ་སྐྱབས་གནས་སུ་འཛིན་པ་ནི་ནང་པ་སངས་རྒྱས་པ་ཡིན། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །ལམ་དངོས་ལ་ཞུགས་པ་ནང་པ་སངས་རྒྱས་པ་ལ་དབྱེ་ན་ཡང་མང་ཞིག་གསུངས་ན་ཡང༌། ཐེག་པ་ཆེ་ཆུང་གཉིས་སུ་འདུས་ཏེ། ཐེག་པ་ཆུང་ངུ་པ་ལ་ཡང༌། ཐེག་པའི་སྒོ་ནས་ཕྱེ་ན་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པའོ། །གྲུབ་མཐའི་སྒོ་ནས་ཕྱེ་ན་བཞིར་གསུངས་ཀྱང༌། བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་གཉིས་སུ་འདུས། ཐེག་པ་ཆེ་ཆུང་གཉིས་ཀྱི་ཁྱད་པར་ནི། ལྟ་བའི་དབང་དུ་བྱས་ན། གང་ཟག་གི་བདག་མེད་ཙམ་རྟོགས་ལ། ཆོས་ཀྱི་བདག་མེད་མ་རྟོགས་པ་དང༌། སོ་སོ་ཐར་པ་བསྲུང་བ་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་རང་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཆེད་དུ་བསྔོ་བ་ནི་ཐེག་པ་ཆུང་ངུའོ། །ཐེག་པ་ཆེན་པོ་ནི་སྐྱབས་འགྲོ་ཁྱད་པར་ཅན་གྱིས་ཐོག་དྲངས་ནས། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལྟ་བ་ཆོས་ཀྱི་བདག་མེད་རྟོགས། དགེ་བ་གཞན་དོན་དུ་བྱེད་ཅིང་བསྔོ། ཐེག་པ་ཆེན་པོ་ལ་གཉིས། གྲུབ་མཐའ་བཞིའི་སྒོ་ནས་དབྱེ་ན་སེམས་ཙམ་དང༌། དབུ་མ་གཉིས་སུ་མ་འདུས་པ་མེད་དེ་ལ་སེམས་ཙམ་ལ་རྣམ་བཅས་དང༌། རྣམ་མེད་གཉིས། དབུ་མ་རབ་ཏུ་མི་གནས་པ་ལ་གཉིས། དགག་བྱ་རབ་ཏུ་མི་གནས་པ་དང༌། བསྒྲུབ་བྱ་རབ་ཏུ་མི་གནས་པའོ། །དགག་བྱ་རབ་ཏུ་མི་གནས་པ་ལ་ཡང་བཞི་སྟེ། སྒྱུ་མ་རབ་ཏུ་མི་གནས་པ་དང༌། བཏང་སྙོམས་རབ་ཏུ་མི་གནས་པ་དང༌། ཆོས་ཉིད་རབ་ཏུ་མི་གནས་པ་དང༌། རྒྱུན་ཆད་རབ་ཏུ་མི་གནས་པའོ། །བསྒྲུབ་བྱ་རབ་ཏུ་མི་གནས་པ་ནི་ཟུང་འཇུག་རབ་ཏུ་མི་གནས་པའོ། །ཐེག་པའི་སྒོ་ནས་དབྱེ་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་འབྲས་བུ་རྡོ་རྗེའི་ཐེག་པའོ། །དེ་གཉིས་ཀྱི་ཁྱད་པར་གང་གིས་ཕྱེ་ན། ཀྲི་ཡ་རིགས་སྔགས་གཅོད་པའི་རྒྱུད་ལས་དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་ན། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་སོ། །དེ་ལ་དོན་གཅིག་ན་ཡང་ཞེས་པ་ནི་སྔགས་དང་ཕ་རོལ་ཕྱིན་པའི་ཐེག་པ་གཉིས་ཀས་འབྲས་བུ་སངས་རྒྱས་སྒྲུབ་པར་ཡང་མཐུན་ཐོབ་པར་ཡང་མཐུན། འོ་ན་ཁྱད་པར་ཅི་ཡོད་སྙམ་ན། མ་རྨོངས་པ་སྟེ། དེ་རང་གང་ཞེ་ན། ཐབས་མང་ཞེས་པའོ། །ཐབས་མང་པོ་བྱས་པ་ལ་དཀའ་བ་མེད་གསུངས་སོ། །དཀའ་བ་ཇི་ལྟར་མེད་ན་བདེ་བར་སྐྱོབས་པ་དང༌། མྱུར་དུ་སྐྱོབ་པ་ལ་བྱ་སྟེ། དེ་ལ་བདེ་བར་སྐྱོབ་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར། དཀའ་སྤྱད་ཀྱིས་སྒྲུབ་པ་ལྟ་བུ་མ་ཡིན་ཏེ། འདོད་ཡོན་རྣམ་པ་ལྔའི་རང་བཞིན་ཤེས་པ་དང༌། རྒྱུ་བདེ་བ། ལམ་བདེ་བ། འབྲས་བུ་བདེ་བ། བདེ་བས་བདེ་བ་སྒྲུབ་པ་གསང་སྔགས་ནས་གསུངས། དེ་ལྟར་ཡིན་པར་ཡང༌། པན་ཙ་ཀྲ་མ་ལས། འདོད་པ་ལྔ་ནི་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་མ་གདུངས་པ། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །བདེ་བ་བྱང་ཆུབ་སྒྲུབ་པར་བྱེད། །ཅེས་གསུངས། མྱུར་དུ་སྐྱོབ་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན་དུས་བསྐལ་པ་གྲངས་མེད་པ་གསུམ་མམ། སུམ་ཅུ་རྩ་གསུམ་ལ་སོགས་པར་ཚོགས་བསགས་ནས་སངས་རྒྱས་པར་འདོད་པ་ལྟ་བུ་མ་ཡིན་ཏེ། གསང་སྔགས་ནས་འདོད་ཡོན་གྲོགས་སམ། ལམ་དུ་ཁྱེར་ན་ཚེ་གཅིག་ལུས་གཅིག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཐོབ་པའོ། །དེ་ལྟར་ཡིན་པ་ཡང་རྒྱུད་དེ་ཉིད་ལས། ཚེ་འདི་ཉིད་ཀྱིས་སངས་རྒྱས་ནི། ཐོབ་པར་འགྱུར་བ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དེ་ལྟ་བུའི་ཚེ་འདི་ཉིད་ལ་བྱང་ཆུབ་སྒྲུབ་པའི་ཐབས་དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཅིའི་ཕྱིར་མ་བསྟན་ཅེ་ན། དབང་པོ་རྣོན་པོས་དབང་བྱས་སོ། །ཞེས་གསུངས་སོ། །དབང་པོ་རྣོན་པོས་ནི་སྐྱེ་བ་སྔ་མ་ཕན་ཆད་ལ་སྦྱངས་པ་ཡོད་པས། མོས་པར་བཅས་པ་དང༌། བསགས་པ་དང༌། ཤེས་རབ་མཆོག་ཏུ་གྱུར་པའི་གང་ཟག་གམ། ཡང་ན་ཚེ་འདི་ཉིད་ལ་རིག་པ་སྦྱངས་པའི་གང་ཟག་གི་ལམ་དུ་འགྲོ་ཞིང་སྨན་དུ་གྱུར་པས་ན། དེ་ལྟ་བུ་ལ་དགོངས་ནས་སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །ཞེས་གསུངས་སོ། །དེ་ལ་རྒྱུད་ལ་བསྟན་བཅོས་ཞེས་པའི་སྒྲ་འཇུག་མི་གདའ་སྙམ་ན་གང་ཟག་གིས་མཛད་པ་ལ་མི་བྱ་སྟེ། བཀའ་རང་ལ་ཡང་དང་པོའི་བསྟན་བཅོས་བྱ་བར་གྲགས་པ་ཡོད་པས་དེ་ལ་ལྟོས་པའི་ཐ་ཚིག་གོ །དེས་ན་སྔགས་ཀྱི་བསྟན་བཅོས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་ཡིན་ཡང་དབང་པོ་ལ་སོགས་སྲེད་ཅན་གྱི་གང་ཟག་གིས། འདོད་ཡོན་གྲོགས་སུ་འཁྱེར་བའི་དོན་ལ་སྒྲ་ཇི་བཞིན་ཙམ་དུ་གཟུང་སྟེ། རང་གར་སྤྱོད་པ་ལ་གསང་སྔགས་ཐེག་པའི་དུག་ཏུ་འགྱུར་ཏེ། དེ་སྐད་དུ་ཡང་དཔལ་བདུད་རྩི་འབྱུང་བའི་རྒྱུད་ལས། ཇི་ལྟར་མར་དང་ཀ་ར་དང༌། །སྦྲང་རྩི་འོ་མ་ལ་སོགས་པ། །འཐུང་སྟེ་ཞུ་ན་སྨན་དུ་འགྱུར། །མ་ཞུ་ན་ནི་དུག་ཏུ་འགྱུར། །དེ་བཞིན་གསང་སྔགས་ཐེག་ཆེན་འདི། །མཁས་པ་རྣམས་ཀྱི་སྨན་ཡིན་ཏེ། །བརྡའ་དང་དོན་ལ་རྨོངས་པ་ཡི། །བྱིས་པ་འདོད་པ་སྒྲ་ཕྱིར་འབྲངས། །ཚུལ་བཞིན་མ་ཡིན་ལོག་སྤྱོད་པས། །དུག་གིས་འཆི་དང་ལྟུང་བར་འགྱུར། །ཁ་གཅིག་དུག་གི་དབང་གིས་འཚོ། །ཁ་གཅིག་དུག་གི་རྐྱེན་གྱིས་འཆི། །ང་ཡི་བསྟན་པའི་སྙིགས་མ་ལ། །ཚོང་དུས་ཀྱི་ནི་འོ་མ་ལྟར། བསླད་ནས་ཐུར་དུ་ལྷུང་བར་བྱེད། །ཅེས་གསུངས་སོ། །དེ་ལྟ་བུའི་གསང་སྔགས་རྡོ་རྗེའི་ཐེག་པ་དང་མཇལ། འཛམ་བུ་གླིང་ན་གསང་སྔགས་ཀྱི་བསྟན་པ་ཐམས་ཅད་ལ་མ་བྱུང་ངོ་ཞེ་ན། དེ་མ་ཡིན་ཏེ་དཔལ་ངན་སོང་སྦྱོང་བའི་རྒྱུད་ཆེན་པོ་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །བརྒྱ་ལམ་ན་ནི་རེས་འགའ་ཞིག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །ཞེས་གསུངས་པས། འདས་པའི་སངས་རྒྱས་འཁོར་བ་འཇིགས་ཡན་ཆད་ཀྱི་བསྟན་པ་ལ་ཡང་མ་བྱུང༌། མ་བྱོན་པའི་སངས་རྒྱས་མགོན་པོ་བྱམས་པ་ཕྱིན་ཆད་ཀྱི་བསྟན་པ་ལ་གསང་སྔགས་མི་འབྱུང་བ་བཤད་དོ། །དེ་ལྟ་བུའི་རྡོ་རྗེ་ཐེག་པ་ཡང་རྒྱུད་སྡེ་ལྔའམ་དྲུག་ཏུ་བཞེད་པ་ཡོད་དེ། མ་བླ་ན་མེད་པའི་རྒྱུད་ཀྱིས་བཞིར་བཞེད་དོ། །དེ་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །དེ་ལྟག་རྣམས་ལ་སྤྱོད་པའི་རྒྱུད། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་གསུངས་པ་དང༌། ཡང་ཧེ་བཛྲ་བརྟག་པ་གཉིས་པ་ལས། བལྟ་དང་རྒོད་དང་ལག་བཅངས་དང༌། །གཉིས་གཉིས་འཁྱུད་པའི་ཚུལ་གྱིས་སུ། །རྒྱུད་སྡེ་རྣམ་པ་བཞི་རུ་གྲགས། ཞེས་གསུངས་སོ། །དེ་བཞིན་ཡང་འདོད་ཁམས་ཀྱི་ལྷ་རིགས་ཆགས་པ་ཆེ་ཆུང་ལ་དགོངས་ནས་དེ་དང་སྦྱར་ནས་གསུངས་པ་ཡིན། དེ་ལྟར་རྒྱུད་སྡེ་བཞི་པོ་ལ་ཡང༌། གསང་སྔགས་ཀྱི་གདམས་ངག་གི་ཕྱི་ནང་གཉིས་སུ་སྡུད་དེ། དེ་ལ་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་གྱི་རྒྱུད་དང་གསུམ་ནི་ཕྱི་པར་བཞེད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་ནང་པའོ། །དེ་གཉིས་ཀྱི་ཁྱད་པར་གང་གིས་ཕྱེ་ན། བཞེད་ལུགས་མི་མཐུན་མོད་ཀྱིས་ཀྱང༌། སྨིན་ལམ་བུམ་དབང་ཙམ་ལས་མེད་ལ་གྲོལ་ལམ་བསྐྱེད་རིམ་ལྷའི་སྐུར་བསྒོམ་ཞིང༌། བཟའ་བའི་དམ་ཚིག་ཉ་ཤ་སྒོག་བཙོང་ལ་སོགས་སྤངས་ནས། དཀར་གསུམ་ལ་སོགས་པ་གཙོ་བོར་སྟོན་པ་ནི་ཕྱི་པར་བཞེད་ལ། སྨིན་ལམ་དབང་བཞི་བསྐུར་ཞིང༌། གྲོལ་ལམ་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྐྱེད་པར་བཞེད་ལ། བཟའ་བའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔ་ལ་ལོངས་སྤྱོད་པ་ནི་ནང་པའོ། །ནང་པ་ལ་གཉིས་ཏེ། ཕ་བླ་ན་མེད་པའི་རྒྱུད་དང༌། མ་བླ་ན་མེད་པའི་རྒྱུད་དོ། །དེ་གཉིས་ཀྱི་ཁྱད་པར་གང་གིས་ཕྱེ་ན། རླུང་གཙོ་བོར་སྟོན་པ་ཕ་རྒྱུད་ལ། རྩ་གཙོ་བོར་སྟོན་པ་མ་རྒྱུད་དུ་བཞེད་པ་ལ་སོགས་པ་གཞུང་མང་ན་ཡང༌། ནཱ་རོ་པའི་བཞེད་པས་རྣམ་པར་དབྱེ་བའི་སྒོ་ནས་ཕའི་རྒྱུད་དུ་བཞག བརྗོད་བྱ་ཐབས་གཙོ་བོར་སྟོན་པ་དང༌། གདུལ་བྱ་སྐྱེས་པ་འདུལ་བའི་ཕྱིར་ཕ་རྒྱུད་དོ། །ཕ་རྒྱུད་ལ་ཡང་དཔལ་གསང་བ་འདུས་པ་ལ་སོགས་པ་རྒྱུད་སྡེ་རྒྱ་མཚོ་ཙམ་གསུངས་སོ། །མ་རྒྱུད་དུ་བཞག་པ་ནི་བརྗོད་བྱ་དོན་གྱི་དབང་དུ་བྱ་ན། དོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་སྐྱེ་མེད་གཙོ་བོར་སྟོན་པ་དང༌། གདུལ་བྱ་བུད་མེད་འདུལ་བའི་དོན་དུ་གསུངས་པ་ནི་མ་རྒྱུད་དུ་བཞེད་དོ། །དེ་སྐད་དུ་ཡང༌། སྐྱེས་པ་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་པའི་རྒྱུད་དུ་བཤད། །བུད་མེད་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་དུ་བཤད། །ཅེས་བྱ་བ་ལ་སོགས་གསུངས་སོ། །མ་བླ་ན་མེད་པའི་རྒྱུད་ལ་ཡང་རྒྱུད་སྡེ་རྒྱ་མཚོ་ཙམ་གསུངས་ན་ཡང༌། འདིར་སྙིང་པོ་ཧེ་བཛྲ་ལ་སོགས་པ་རྒྱུད་སྡེ་བཅུ་བཞི་མ་རྒྱུད་དུ་བཞེད། དེ་རྣམས་ལ་ཡང་སྐོགས་གསུམ་དུ་འདུས་ཏེ། དཔལ་འཁོར་ལོ་བདེ་མཆོག དཔལ་དགྱེས་པ་རྡོ་རྗེ་དང༌། དཔལ་མ་ཧཱ་མ་ཡ་ལ་སོགས་པའོ། །དེ་ལྟ་བུའི་རྒྱུད་སྡེ་ཐམས་ཅད་ཀྱི་ནང་ནས་སྙིང་པོ་ལྟ་བུར་གྱུར་པ་མཆོག་ཏུ་ཟབ་པ། ལྷན་ཅིག་སྐྱེས་པའི་དོན་གཙོ་བོར་སྟོན་ཅིང་བྱིན་རླབས་ཕུན་སུམ་ཚོགས་པ་གྲུབ་ཐག་ཉེ་བ་ནི་དཔལ་འཁོར་ལོ་བདེ་མཆོག་ཡིན། རྒྱུད་དེ་ནས་གསུངས་པའི་ཆོས་ཐམས་ཅད་ཀྱི་སྙིང་པོའམ་ཉིང་ཁུ་ལྟ་བུ། ཆུ་ཟངས་གང་གི་ནང་ན་ཞག་ཉ་མིག་ཙམ་པ་གཅིག་ཡོད་པ་འདྲ་བ་ནི་དཔལ་རྡོ་རྗེ་རྣལ་འབྱོར་མ་འདི་ཡིན། ཚེ་འདིར་ཉམས་སུ་བླངས་ན་སྐལ་པ་དང་ལྡན་པའི་བསོད་ནམས་བསགས་པ་ལས་བྱུང་བ་ཡིན་པས། ཁྱེད་སྤྲོ་ཟེར་བ་ནི་སྤྲོ་ཐང་བ་ཡིན། དེ་ལ་ཡང་དང་པོ་མོས་གུས་བསྒོམ། བར་དུ་བྱིན་རླབས་བསྒོམ། ཐ་མར་ཉམས་མྱོང་བསྒོམ་པ་དང་གསུམ་མོ། །དེ་ལ་ཡང་མོས་གུས་ཅན་ལ་བྱིན་རླབས་འཇུག་བྱ་བ་ཡིན་ཏེ། དང་པོར་མོས་གུས་བྱ་བའི་ཡུལ་ནི། སིན་དྷུ་ར་དང༌། དཀྱིལ་འཁོར་གྱི་ནུབ་ཕྱོགས་ན་བཞུགས་པའི་དཔལ་རྡོ་རྗེ་རྣལ་འབྱོར་མ་སྤྲུལ་པའི་སྐུ་དངོས་སུ་བཞུགས་པ་སྟེ། གདུལ་བྱའི་དོན་ལ་འདིར་བྱོན་པར་བསམ་ལ། བླ་མ་དང་ཐ་དད་མེད་པར་བསྒོམ་ལ་མོས་གུས་བྱ། གཉིས་པ་བྱིན་རླབས་ནི། ཆོས་དངོས་ནས་འབྱུང་བ་ལྟར་སྔགས་དང་ཏིང་འཛིན་དང༌། རོལ་མོའི་སྒྲ་དང་བཅས་པས་དབང་བསྐུར་ལ་བྱིན་རླབས་ཞུགས་པ་ནི། ལུས་འདར་བ་དང་འཕར་བ་དང་གར་བྱེད་པ་འབྱུང༌། ངག་ལས་སཾ་སྐྲྀ་ཏའི་སྐད་ལ་སོགས་པ་སྔགས་དང་ཚིགས་སུ་བཅད་པའི་ཆོས་གསུང༌། ཡིད་ལ་བདེ་བ་གསལ་བ་དང་མི་རྟོགས་པ་དང་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་རོ། །གསུམ་པ་ཉམས་མྱོང་སྐྱེ་བ་ནི། བྱིན་རླབས་ཞུགས་པའི་དོན་དེ་ལམ་དུས་སུ་སྐྱོང་བའོ། །དེ་ལྟ་བུའི་གསང་སྔགས་སྙན་བརྒྱུད་མ་ཆད་པ་བླ་མ་དམ་པ་རྣམས་ཀྱི་ཞལ་གྱི་གདམས་པ། ཐབས་བདེ་བའི་སྒོ་ནས་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཚེ་འདི་ཉིད་ལ་འགྲུབ་པར་བྱེད་པ། གསང་སྔགས་ཀྱི་དབང་དང་བྱིན་རླབས་ཡིན། དེ་ལ་སྤྲོ་བ་བསྐྱེད་པའི་ངག་དོན་ཅུང་ཞིག་ཡི་གེར་བཀོད། དེ་ལས་བྱུང་བའི་དགེ་བ་རྣམས་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། རྫོགས་སོ། །


previousསྤྲོ་བ་བསྐྱེད་པའི་ཆོས་བཤད། next