Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
ཡོན་ཏན་ཐམས་ཅད་རྫོགས་པར་བྱེད་པའི་ལམ་འབྲས་བུ་དང་བཅས་པའི་གདམས་ངག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡོན་ཏན་ཐམས་ཅད་རྫོགས་པར་བྱེད་པའི་ལམ་འབྲས་བུ་དང་བཅས་པའི་གདམས་ངགnext

ཡོན་ཏན་ཐམས་ཅད་རྫོགས་པར་བྱེད་པའི་ལམ་འབྲས་བུ་དང་བཅས་པའི་གདམས་ངག

གླེང་གཞི་དང་གདམས་ངག་སྤྱིར་བསྟན་པའི་ལེའུ་སྟེ་དང་པོ།

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་བཀའ་བརྒྱུད་ཀྱི་བླ་མ་རིན་པོ་ཆེ་རྣམས་དང༌། བཀའ་དྲིན་ཅན་གྱི་བླ་མ་རིན་པོ་ཆེ་རྣམས་ཀྱི་ཞབས་ལ་འདུད། དུས་གསུམ་གྱི་ཐུབ་པའི་དགོངས་པ། བསྟན་བཅོས་མཁན་པོ་རྣམས་ཀྱིས་བཀྲལ་བ། བླ་མ་དམ་པ་རྣམས་ཀྱིས་གདམས་པ། རང་གིས་ཐོས་པ་དང༌། བསམ་པ་དང༌། སྒོམ་པ་གསུམ་གྱིས་རྟོགས་ཤིང་ཉམས་སུ་མྱོང་བའི་ཆོས་རྣམས་ལ། རང་གི་དྲན་པ་གསོ་བ་དང༌། སེམས་ཅན་ལ་ཕན་པའི་དོན་དུ་བྲི་བར་བྱའོ། །སྤྱིར་སེམས་ཅན་ཐམས་ཅད། སྒོས་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པ་རྣམས། རྒྱུ་ལ་གནས་པ། ལམ་དུ་ཞུགས་པ། འབྲས་བུ་མངོན་དུ་གྱུར་པ་རྣམས་ཀྱི་སྐྱོན་དང༌། སྒྲིབ་པ་དང༌། རྐྱེན་དང་མི་མཐུན་པའི་ཕྱོགས་ཇི་ལྟར་འབྱུང་བ་དང༌། སྐྱོན་རྣམས་སེལ་ཅིང་སྒྲིབ་པ་འདག་པ་དང༌། མཐུན་ཕྱོགས་ཐམས་ཅད་འགྲུབ་ཞིང་འབྲས་བུ་མངོན་དུ་བྱེད་པ་གོང་མ་རྣམས་ཀྱིས་གསུངས་པའོ། །སེམས་ཅན་ལ་ཉོན་མོངས་པ་དང༌། རྐྱེན་དང༌། སྡུག་བསྔལ་ཡོད་བཞིན་དུ། ཧོར་གྱི་དམག་འདིའི་ཁ་འོག་དུ་ཚུད་པ་རྣམས་ལ་ཕྱིར་ཤོར་བ་ཡང་ཉུང༌། སྡུག་བསྔལ་ཡང་མི་འདྲ་སྣ་ཚོགས་པ་མྱོང་བར་སྣང༌། བདག་ཅག་གིས་ཀྱང་འདིའི་ཕྱོགས་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཞིག་མྱོང༌། ཁྱད་པར་དུ་ཡང་བྱི་བ་ལོ་ཟླ་བ་བཅུ་པའི་ཚེས་བཞི་ལ་བརྒྱབ་པས། དཀོན་མཆོག་གི་རྟེན་དང་ཕྲལ། འཁོར་དང་ལོངས་སྤྱོད་ཀྱང་ཁོས་ཁྱེར། ཧོར་གྱིས་དེད་ནས་ཚེས་བཅུའི་བར་དུ་རི་ལ་ཕར་བྲོས་ཚུར་བྲོས་བྱས་པའི་དུས་སུ། བླ་མ་དཀོན་མཆོག་དང༌། ཡི་དམ་གྱི་ལྷ་དང༌། ཆོས་སྐྱོང་རྣམས་ཀྱིས་བསྐྱབས་ཤིང་དམག་ཕྱིར་སྣ་དྲངས། ཡུལ་གྱི་གཞི་བདག་གིས་ཀྱང་བསྲུངས། རང་ཡུལ་རྒྱུས་མེད་པར་འབྲོས་ས་མ་རྙེད་པའི་དུས་སུ། ཚེས་བཅུའི་ཉིན་པར། དགེ་བསྙེན་ཆེན་པོ་སེ་རུ་ངང་གཡས་གཙོ་བྱས་པའི་འབྱུང་བ་ལྔ་ལ་དབང་དུ་བྱེད་པ་རྣམས་ཀྱིས། ནམ་ཟླ་དགུན་གྱི་དུས་ཡིན་ཡང༌། ནམ་མཁར་འབྲུག་སྒྲ་བསྒྲགས། བར་སྣང་ལ་འོད་དང་འཇའ་ཚོན་གྱིས་ཁྱབ་པར་བྱས། ཁུ་འཕང་དང་ཁ་བས་སྣམ་བུ་བསྐྱང་བ་ལྟ་བུར་ཤར་ཕྱོགས་སུ་ལམ་སྣ་དྲངས། རྒྱ་ནག་པོའི་ཡུལ་གྱི་ཁ་ལུང་ཤར་འོ་དེ་རལ་གསུམ། ཁྱད་པར་དུ་ཟུང་ཆུང་བྱ་བར། ཡུལ་གྱི་གཞི་བདག་དགེ་བསྙེན་ཆེན་པོ་སེ་རུ་ངང་གཡས་བསྡུས་ནས་ཡུལ་དེར་བསྡད་པ་ལ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས། མི་ཐམས་ཅད་ཀྱིས་སྡང་ཞིང་སྡུག་བསྔལ་སྣ་ཚོགས་མྱོང་བའི་དུས་སུ། ཨ་ཞང་དཔོན་རྒྱལ་དཔོན་གཡོག་མིན་པ། ཕན་འདོགས་མི་ནི་མེད། མི་མ་ཡིན་རྣམས་ཀྱིས་བསྲུང་པ་མ་ཡིན་ན། མིས་སྡང་ཞིང་གནོད་པ་སྣ་ཚོགས་པ་བྱུང་གཞན་གྱིས་སྐུར་པ་འདེབས་ཤིང་ངན་སྨྲས་བྱེད། གསོད་གཅོད་དང་འཕྲོག་རློམ་བྱས། ནད་དང་མུ་གེ་དང་མི་མཐུན་པའི་ཕྱོགས་དུས་གཅིག་ཏུ་མྱོང་བར་བྱུང༌། འགྲོ་ན་འགྲོར་མ་སྟེར། འདུག་ན་འདུག་མ་སྟེར། ཟླ་བ་བཞིའི་བར་དུ་སྡུག་བསྔལ་མྱོང་བའི་དུས་སུ། ཡང་འདི་འདྲ་བའི་སྡུག་བསྔལ་མྱོང་བའི་དུས་སུ། ཅིའི་རྒྱུ། ཅིའི་རྐྱེན། རྣམ་པར་སྨིན་པ་འདྲ་བ་མྱོང་བ་འདི་ཅི་ལས་བྱུང་བ་ཡིན་སྙམ་དུ་བསམ་པ་ལ། ཐུབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྒྱུ་འབྲས་གསུངས་པ་དང་བླ་མ་རིན་པོ་ཆེ་རྣམས་དང་གོང་མ་རྣམས་ཀྱིས་གསུངས་པའི་ཆོས་ལ་གོ་ལུགས་རྣམ་པ་གསུམ་བྱུང་སྟེ། སེམས་ཅན་ལ་རྒྱུ་གང་སོང་ལ་འབྲས་བུ་འབྱུང་བའི་ཚུལ་ལུགས་དང༌། སྔོན་དུ་རྒྱུ་མ་སོང་ཡང་འཕྲལ་གྱི་རྐྱེན་འཛོམས་པས་འབྱུང་བ་དང༌། ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་བླངས་པས་རྩ་རླུང་བྱེད་པས་སེམས་ལ་ཉམས་མྱོང་གི་སྣང་བ་འཆར་བའོ། །དེ་ལ་ཡང་གཉིས་ཏེ། ཐབས་ལམ་ཉམས་སུ་བླངས་པའི་འཆར་ལུགས་དང༌། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་མངོན་པར་རྟོགས་པ་སྐྱེས་པས། ཐོག་མེད་ནས་བསགས་པའི་ལས་ཐམས་ཅད་ཀྱི་རྣམ་པར་སྨིན་པ་མྱུར་དུ་ཐམས་ཅད་བསླངས་པས་མི་མཐུན་པ་སྣ་ཚོགས་པ་ཞིག་འབྱུང་བ་ཡིན་ནོ། །འདིའི་དུས་སུ་སྒོམ་ཆེན་པ་གཤའ་མ་ཞིག་དགོས། སྡུག་བསྔལ་བྱུང་བ་དེ་ནང་ཉམས་སུ་ཤེས་པར་བྱས་ནས། སྡུག་བསྔལ་གང་ཉམས་སུ་མྱོང་བ་དེ་རྒྱུ་རྐྱེན་གང་ལས་བྱུང༌། ཤེས་རབ་ཀྱིས་རྟོགས་པར་བྱས་ནས། སྡུག་བསྔལ་གང་བྱུང་བ་དེ། དེ་རང་གི་རྒྱུ་ཅན་དང་མཐུན་པའི་གནད་བསྒོམས་པས། དེའི་སྡུག་བསྔལ་སྤང་བྱར་མི་མཐོང་བའི། དེ་ཉིད་ལམ་དུ་སློང་བ་ཡིན། གཞན་ཐམས་ཅད་ཀྱང་རྒྱུ་གང་སོང་བ་དང༌། རྐྱེན་གང་གིས་བསྐྱེད་པ་དང༌། རང་དང་འཁོར་གྱིས་ཀྱང་སྡུག་བསྔལ་འདི་འདྲ་བ་མྱོང་བའི་རྒྱུ་སོང་བ་ཡིན་པར་སྣང་ཨང་སྙམ་པ་ཞིག་གོ་བས། སྟོབས་བཞིའི་སྒོ་ནས་སྡིག་པ་མི་དགེ་བའི་ལས་བཤགས་པ་བྱས། སྤྱིར་སེམས་ཅན་རྣམས་ཀྱིས་སྡུག་བསྔལ་མྱོང་བ་ལ་སྙིང་རྗེ་སྐྱེས། བདག་གཅིག་གི་སྡུག་བསྔལ་འདི་ལ་ཅི་ཡོད་ནས། སེམས་ཅན་ངན་སོང་གསུམ་དུ་སྐྱེས་པ་རྣམས་ལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་པ་རྣམས་སྙིང་རྗེ་བ་དང༌། ཁྱད་པར་དུ་བདག་ཅག་ལ་གནོད་པ་རྣམས་བདག་ཆོས་བྱེད་པ་ལ་གནོད་པ་འདི་ཙམ་བྱས་པས་སྡུག་བསྔལ་འདི་བས་ཆེ་བ་གཅིག་མྱོང་བར་སྣང་སྙམ་པས། བྱམས་པ་དང་སྙིང་རྗེ་ལྷག་པར་སྐྱེས། གནོད་སྐྱེལ་འདི་མ་ཡིན་ངེས་པ་འདི་ལ་སྡང་བའི་སེམས་སྐྱེ་བ་གང་ནས་འཐད་སྙམ་ནས། བྱང་ཆུབ་ཀྱི་སེམས་བསྒོམས་པས་བླ་མ་དཀོན་མཆོག་དང་ཡི་དམ་དང་ཆོས་སྐྱོང་ལ་གསོལ་བས་བཏབས། བྱང་ཆུབ་ཀྱི་སེམས་དང་གནོད་སྐྱེལ་དང༌། རང་གི་སྡུག་བསྔལ་མྱོང་བ་འདི་རང་སེམས་ཡིན། སེམས་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་པ་གཉིས་སུ་མེད་པའི་ཡེ་ཤེས་རྒྱུན་དུ་བསྒོམས་པས། བྱང་ཕྱོགས་རྨ་ངོས་སུ། ནམ་ཕྱེད་རྨི་ལམ་དུ་རྨིས་པས། ཟླ་བ་གཉིས་པའི་ཚེས་བདུན་ལམ་དུ་ཞུགས་ནས་འོང་བ་ལ། ཁལ་མ་ཡང་མེད། ལམ་རྒྱགས་ཀྱང་སྲབ། ཁུ་རུ་ཁུར་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཞིག་བྱས། འོན་ཀྱང་དགེ་སྦྱོར་མ་ཆགས་པར་བྱས་ནས། ཟླ་བ་གཉིས་པའི་ཉི་ཤུ་བདུན་ལ་ཆོས་རྗེ་རིན་པོ་ཆེས་རྨི་ལམ་དུ་དངོས་གྲུབ་གནང༌། ཟླ་བ་གསུམ་པའི་ཚེས་གཅིག་ལ་དངོས་གྲུབ་ཀྱི་སྔ་ལྟས་བྱུང༌། ཟླ་བ་གསུམ་པའི་ཚེས་གཉིས་ལ་སྡུག་བསྔལ་དང་སྡིག་སྒྲིབ་རགས་པ་བསགས་༼བསྲབས་༽པར་གྱུར། ཡུལ་གང་དུ་བྱར་མ་རུང་ཞིང་སྡུག་བསྔལ་མྱོང་བའི་དུས་སུ། སྡུག་བསྔལ་མ་མཐོང་བར། དགེ་སྦྱོར་གནད་དུ་ཕོག་པ་གཅིག་བསྒོམས་ན། དུས་ཕྱིས་ཡུལ་དེར་བདེ་བ་གཅིག་མྱོང་བ་ཡིན། མ་སྒོམ་ཞིང་སྡུག་བསྔལ་དུ་སོང་ན། སྡུག་བསྔལ་ལ་སྡུག་བསྔལ་བསྣན་པ་ཡིན། དེ་ཡང་ཤར་འོ་དེ་རལ་གསུམ་དང༌། རྨ་ལུང་ཆེན་བཅོ་བརྒྱད་དང༌། སྙི་ལ་མེད་དང༌། དེ་རྣམས་སུ་སྡུག་བསྔལ་མྱོང་བ་དེ། སྔོན་ཐོག་མ་མེད་པ་ནས་བསགས་པའི་རྣམ་སྨིན་ཡིན་པར་ངེས། དུས་དང་གནས་སྐབས་དེ་ཙམ་ན། དགྲ་ཡིས་གཙེར་བས་འཇིགས་པ་དང༌། བཀྲེས་སྐོམ་ངལ་དུབ་དབང་གིས་སྡུག་པ་དེས་གསོལ་བ་བཏབ་ཅིང་དགེ་སྦྱོར་རྒྱུན་ཆད་མེད་པར་བྱས་པས་ལས་ངན་དག་ཅིང་བདེ་བ་འབྱུང་ཁ་དེར། རྣམ་སྨིན་གནག་པར་མྱོང་སྟེ། ཁ་བ་བབས། ལམ་གཏོར། རྒྱགས་ཆད་ནས། འཁོར་རྣམས་སྒྱེད་ལུག་པའི་དུས་སུ། སེམས་ཀྱི་དཔའ་སྐྱེད། སེམས་གསོས་ནས་དགེ་སྦྱོར་ལ་འབད་དང༌། སྒྲིབ་པ་འདག་བདེ་བ་འབྱུང་བའི་དུས་ཡིན་བཟླས་ནས། རང་གིས་ཀྱང་དངོས་གྲུབ་ཐོབ་ཀར་ལས་རྣམས་རྟོགས་པ་ཡིན་སྙམ་པའི་གོ་བ་སྐྱེས། ཆོས་རྗེ་ཕག་མོ་གྲུ་པའི་ཞལ་ནས། གང་ཚེ་དངོས་གྲུབ་འབྱུང་བའི་ཚེ། །དེ་ཚེ་ལས་རྣམས་རྟོགས་པར་འགྱུར། །ཞེས་གསུངས་པའི་དོན་ཡང་འདི་ཡིན་སྙམ་པའི་གོ་བ་སྐྱེས། དེ་ཉིད་དགེ་སྦྱོར་དུ་མྱོང་བས་སྒྲིབ་པ་དག དེ་ནས་དགེ་བའི་མགོ་བཙུགས། གྲོ་མ་རྐོ་ས་གཅིག་རྙེད་པས་ཚེ་བསྲིངས། ཟླ་བ་གསུམ་པའི་ཉི་ཤུ་བཞི་ལ་ཟླ་ཤོད་དུ། ཧོར་ཅེར་གྱི་རུ་བ་ལ་སླེབས་ནས་དབུགས་ཕྱིན་པར་གྱུར། ལར་ཡང་སྒྲུབ་པ་གནད་དུ་འགྲོ་བའི་དུས་སུ། ཐོག་མེད་ནས་བསགས་པའི་སྒྲིབ་པ་འདག་པ་ཡིན། ལས་མི་བསླུ་བའི་སྟོབས་ཀྱིས་སྡུག་བསྔལ་མྱོང་བ་ཡིན། སྡུག་བསྔལ་མྱོང་བ་དེ་སེམས་སུ་ཤེས་པར་བྱས་ནས་གཉིས་སུ་མེད་པ་གོམས་པར་བྱས་ནས། སྒྲིབ་པ་འདག་ཅིང་བདེ་བ་གཅིག་འབྱུང་བ་ཡིན། དེ་ལྟར་ཡིན་པར་ཡང༌། བཅོམ་ལྡན་འདས་ལ་མགོན་པོ་བྱམས་པས་བསྟོད་པ། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །གཞན་ཡང་དྲི་མ་རྣམ་མང་བ། །ཁྱོད་ཀྱི་ཡེ་ཤེས་མེ་ཡིས་བསྲེགས། །ཞེས་གསུངས་ཏེ། ཁྱེད་ཀྱི་ཡེ་ཤེས་ཞེས་པ་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ཏེ། དེ་གང་ཡིན་ན། རང་གི་སེམས་དང་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད། དེ་ལྟར་རྟོགས་ཤིང་ཉམས་སུ་མྱོང་ན་སྒྲིབ་པ་དང་སྡུག་བསྔལ་གྱི་གནས་མེད། དཔེར་ན་ཉི་མའི་དཀྱིལ་འཁོར་ཤར་ན་མུན་པའི་གནས་མེད་པ་བཞིན་ནོ། །མི་མཐུན་པའི་ཕྱོགས་སམ་སྡུག་བསྔལ་བྱུང་ཡང་དེ་རང་སྒོམ་དུ་ཤེས་པར་བྱས་ན་དོན་འགྲུབ་པ་ཡིན་ནོ། །དེ་ནས་ཟླ་བ་ལྔ་པའི་ཚེས་གཅིག འདན་འབྲི་དམ་པ་ཆོས་ཕྱུག་ཏུ་སླེབས་པས་དགྲ་ཡི་འཇིགས་པ་དང༌། རྐྱེན་དང་སྡུག་བསྔལ་ཞི། མཐུན་པའི་ཕྱོགས་ཐམས་ཅད་འགྲུབ་ཅིང་བདེ་བ་འབྱུང་བས་ས་དང་པོའི་བདེན་པ་མཐོང་བ་ལྟ་བུའི་དགའ་བ་སྐྱེས། སྔར་གྱི་འཇིགས་པ་དང་སྡུག་བསྔལ་མྱོང་བ་དེ་དག་ལ་སེམས་ཆོས་སྐུ་ལ་སྡུག་བསྔལ་དང་རྟོག་པ་འདི་འདྲ་བ་སྐྱེ་བ་སྙམ་པས་ངོ་མཚར་བ་བསམ། སྔར་གྱི་སྡུག་བསྔལ་དེ་འདྲ་བ་ད་མི་འོང་ངམ་སྙམ་པས་འཇིགས་པའམ། ཉམ་ང་བའམ་ཡ་ང་སྐྱེས་ཏེ། འོན་ཀྱང་དེ་ཕྱིན་ཆད་དཀོན་མཆོག་གསུམ་གྱི་ས་གཞི་ལ་སླེབས་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང༌། མཐུན་ཕྱོགས་བདེ་བ་ཆེན་པོ་མྱོང་བ་ནི་དག་པའི་ས་ལ་གནས་པ་ལྟ་བུའམ། བཅུ་གཅིག་ཀུན་ཏུ་འོད་དང༌། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ནས། སྐུ་ལྔ་རོ་གཅིག་ཏུ་སངས་རྒྱས་པ་དང༌། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱིས་འཁོར་ལོས་འགྲོ་བ་སེམས་ཅན་ཀྱི་དོན་རྒྱུན་ཆད་མེད་པར་བྱེད་པ་ལྟ་བུ་ཡིན་ནོ། །རྐྱེན་དང་གེགས་དང་བར་ཆད་སེལ་ཞིང་ཡོན་ཏན་རྒྱུད་ལ་སྐྱེ་མྱུར་བར་འདུག་པས་ཆོས་འདི་ཞིབ་ཏུ་སྟོན་པ་ཡིན། རྗེས་བདག་གི་སྡིག་སྒྲིབ་དང་སྡུག་བསྔལ་དག་པས་སེམས་ཅན་གྱི་སྡིག་སྒྲིབ་དག་པར་གྱུར་ཅིག ཁྱད་པར་དུ་གནོད་སྐྱེལ་གྱིས་སྒྲིབ་པ་དག་པར་གྱུར་ཅིག ཅེས་སྨོན་ལམ་གདབ་བོ། །གླེང་གཞི་དང་གདམས་ངག་སྤྱིར་བསྟན་པའི་ལེའུ་སྟེ་དང་པོའོ།།

རྒྱུ་འབྲས་གནད་ཀྱི་གདམས་ངག་གི་ལེའུ་སྟེ་གཉིས་པ།

༈ རྒྱུ་འབྲས་བུ་འཆར་ཚུལ་གྱི་དབང་དུ་བགྱིས་ན། གནས་སྐབས་ཀྱི་རྒྱུ་འབྲས་དང༌། མཐར་ཐུག་གི་རྒྱུ་འབྲས་གཉིས་སུ་འདུས། གནས་སྐབས་ལ་ཡང་སྡུག་བསྔལ་རྒྱུ་འབྲས་དང༌། བདེ་བ་རྒྱུ་འབྲས་སོ། །སྡུག་བསྔལ་མྱོང་བའི་རྒྱུ་སེམས། རྐྱེན་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་ནས་སྡིག་པ་མི་དགེ་བའི་ལས་བྱས་པ་དེ་དང་མཐུན་པའི་འབྲས་བུ་མྱོང་བའོ། །སྤྱི་བབས་དེ་ལྟར་ཡིན་ན་ཡང༌། སྒོམ་ཆེན་པ་ལ་ལམ་ཉམས་སུ་ལེན་པ་དང་ཉམས་མྱོང་གནད་དུ་འགྲོ་བའི་དུས་སུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ཁྱད་པར་དུ་ང་རྒྱལ་དང་ཕྲག་དོག་ལ་སོགས་པའི་ཕྱིན་ཅི་ལོག་གི་རྟོག་པ་སྐད་ཅིག་མ་གཅིག་སྐྱེས་པ་དེ་སྒོམ་དུ་མ་ཤེས་པར་ཐ་མལ་པར་ཤོར་ན། དེ་དང་མཐུན་པའི་སྐྱོན་འབྱུང་བ་ཡིན། སྒོམ་དུ་མ་ཤེས་ན་ཞེ་སྡང་སྐྱེས་པས་མི་ཞེ་སྡང་ཅན་དང་ཕྲད་ནས་ཞེ་སྡང་གི་ལས་བྱ་དགོས་པ་ཡིན། ཉོན་མོངས་པ་གཞན་རྣམས་ལ་ཡང་སོ་སོ་དང་མཐུན་པར་འབྱུང་ངོ༌། །ཞེ་སྡང་སྒོམ་དུ་ཤེས་ན་མི་ཞེ་སྡང་ཅན་ལ་ཕན་ཐོགས་པ་དང༌། རང་ལ་ཞེ་སྡང་ཡེ་ཤེས་སུ་འཆར་བ་དང༌། དེ་དང་དེ་ཡི་ཡོན་ཏན་འབྱུང༌། ཉོན་མོངས་གཞན་རྣམས་ཀྱང་དེ་དང་མཐུན་པས་བདེ་བ་རྒྱུ་འབྲས་སོ། །རྟོག་པ་ཆུང་ངུ་ལ་བརྙས་པ་མིན་ཏེ། ཆུང་ངུས་བདེ་སྡུག་ཆེན་པོ་བསྐྱེད་པ་ཡང་ཡོད། སྒོམ་དུ་ཤེས་ན་རྟོག་པ་ཆེན་པོ་ཡང་སྐྱོན་དུ་མི་འགྱུར་བའི་སྟེང་དུ་ཡོན་ཏན་ཆེན་པོ་བསྐྱེད་པ་ཡིན། ཞེ་སྡང་གསལ་སྟོང༌། འདོད་ཆགས་བདེ་སྟོང་ལ་སོགས་པའོ། །དེ་དང་མཐུན་པ་རྣམས་དབང་དུ་བསྡུད་པའི་དངོས་གྲུབ་འབྱུང་བ་ཡིན། མཐར་ཐུག་རྒྱུ་འབྲས་ལ་སྡུག་བསྔལ་རྒྱུ་འབྲས་དང་བདེ་བ་རྒྱུ་འབྲས་སོ། །སྡུག་བསྔལ་གྱི་རྒྱུ་སེམས། རྐྱེན་ཉོན་མོངས་པ་དང་མི་དགེ་བ། འབྲས་བུ་འཁོར་བའི་སྡུག་བསྔལ་འབྱུང་བ་ཡིན་ཏེ། དེ་གོང་དུ་ཞིབ་ཏུ་བསྟན་ཟིན། འདིར་ཉམས་སུ་ལེན་པ་རྣམས་ལ་གེགས་དང་བར་ཆད་མི་མཐུན་པའི་སྐྱོན་སྣ་ཚོགས་པ་འབྱུང་བ་དང༌། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་དང༌། བདུད་འབྱུང་བ་ནི་སྡུག་བསྔལ་ཡིན་ལ། དེ་གྲོགས་སུ་ཁྱེར་ཞིང་ལམ་དུ་སློང་ན་སྐྱོན་ཐམས་ཅད་ལས་གྲོལ་ཞིང་སྒྲིབ་པ་འདག་བདུད་རང་ཡལ་ནས་འགྲོ། ས་ལམ་མཐར་ཕྱིན་པ་ནི་གནས་སྐབས་ཀྱི་བདེ་བའོ། །གཟུགས་ཀྱི་སྐུ་ལྔ་ཅི་སྙེད་མཁྱེན་པའི་ཡེ་ཤེས་སོ། །སངས་རྒྱས་ཀྱི་ཕྲིན་ལས་དང་ཡོན་ཏན་ཐམས་ཅད་ནི་རྒྱུ་ཡོད་པ་དང༌། རྒྱུ་རྐྱེན་སྔོན་དུ་སོང་བའི་འབྲས་བུ་ཡིན། ཆོས་ཀྱི་སྐུ་མ་བྱས་པ་ལྷུན་གྱིས་གྲུབ་པ་མངོན་དུ་གྱུར་པ་ནི་མཐར་ཐུག་གོ །ལམ་ཉམས་སུ་ལེན་པ་རྣམས་ལ་འདི་ལས་འདི་འབྱུང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དེ། བརྗོད་ཀྱིས་མི་ལང་བས་ཉམས་སུ་ལོང་དང་རང་ཤར་ཞིག་འོང་གི རྒྱུ་འབྲས་གནད་ཀྱི་གདམས་ངག་གི་ལེའུ་སྟེ་གཉིས་པའོ། །

དུས་བཞིའི་ཉམས་སུ་བླངས་པའི་ལེའུ་སྟེ་གསུམ་པ།

༈ སྒྲུབ་པ་པོ་རྟེན་གྱི་གང་ཟག་གཅིག་ལ། ཉིན་ཞག་ཕྲུག་གཅིག་གི་བྱ་བ་དུས་བཞི་དང་བསྟུན་ནས་ཉམས་སུ་བླང་བ་ལ་གསུམ་སྟེ། དུས་བཞིའི་གནད་དང་རླུང་བཞིའི་གནད་དང༌། སྐུ་གཉིས་ལམ་དུ་བྱེད་པའམ། དང་པོ་ལ་ཐོ་རངས་ཞི་བའི་དུས། སྔ་དྲོ་རྒྱས་པའི་དུས། ཕྱི་དྲོ་དབང་གི་དུས། སྲོད་ལ་མངོན་སྤྱོད་ཀྱི་དུས་སོ། །དེ་ལ་ཉམས་སུ་ལེན་པའི་བྱ་བ་ཐམས་ཅད་དུས་བཞི་དང་བསྟུན་པ་ཡིན་ཏེ། ཐོ་རངས་ཞི་བའི་ལས་བསྒྲུབ་ན་འགྲུབ། སྔ་དྲོ་རྒྱས་པ། ཕྱི་དྲོ་དབང༌། སྲོད་ལ་ཕྲིན་ལས། དུས་མ་འཆུག་པ་གནད་ཡིན། ཐོ་རངས་ལྟ་བུ་ཙམ་ལ་ཡང་སྒྲུབ་པ་དང་ལས་དང་བྱ་བ་ཅི་བྱེད་ན་ཡང་དུས་བཞི་དང་བསྟུན། སྔ་དྲོ་ལ་སོགས་པ་རྣམས་ལ་ཡང་དེ་བཞིན་ནོ། །ཡང་རྟོག་པ་སྐད་ཅིག་མ་གཅིག་ལ་དུས་བཞི་རྩི་བའི་དབང་གིས་བྱས་ན་རྟོག་པའི་ཆ་ཤས་བཞིར་ཕྱེས་ལ། རྟོག་པའི་དང་པོ་མ་ངེས་པ་ཞི་བ། ངེས་ན་རྟོག་པ་རགས་པ་རྒྱས་པ། འདས་མ་འོངས་གཉིས་ཀྱི་རྟོག་པ་མ་འདྲེས་པ་ཁོ་རང་གི་དབང་དུ་གྱུར་པས་དབང༌། རྟོག་པ་དེའི་བྱ་བ་རྫོགས་པས་མངོན་སྤྱོད། དབང་པོའི་ཡུལ་དུ་གྱུར་པས་དུས་བཞི་རྩི་བ་ནི། གཟུགས་སམ་སྒྲའམ་གང་རུང་གཅིག་ལ་དུས་བཞི་རྩི་བ་ནི། གཟུགས་ཀྱི་དབང་དུ་བྱས་ན་གཟུགས་ཅེར་གྱིས་མཐོང་བའི་དུས་སུ་གཟུགས་ཡང་ངོ་བོའམ། མཚན་ཉིད་མ་ངེས་པ་ཞི་བ། གཟུགས་ཅི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པ་རྒྱས་པ། གཟུགས་དེ་ལེགས་མི་ལེགས་མངོན་དུ་བྱས་པ་དབང༌། ཆགས་སྡང་གི་རྣམ་པར་སྣང་བ་མངོན་སྤྱོད། དེ་ལ་རྟོག་པ་དང་ཡུལ་གཉིས་ལ་རྟོག་པའི་དུས་བཞི་ལ་ཞི་བ་དང་རྒྱས་པ་གཉིས་མངོན་དུ་བྱེད་ན་དབང་དང་མངོན་སྤྱོད་གཉིས་ཀྱིས་ལས་བསྒྲུབ་དགོས་པ་ཡིན་ཏེ། སེམས་ཀྱི་དབང་དུ་རྟོག་པ་དང་ཡུལ་འགྲོ་བ་དང༌། རྟོག་པ་དང་ཡུལ་གྱི་དབང་དུ་སེམས་འགྲོ་བ་གཉིས་ནི་རྟོག་པ་སེམས་སུ་ཤེས་པ་དབང༌། རྟོག་པ་ཕྱག་རྒྱ་ཆེན་པོར་མྱོང་བ་ཕྲིན་ལས། སེམས་གྱི་དབང་དུ་ཡུལ་འགྲོ་བ་ནི། གཟུགས་ཅེར་གྱིས་མཐོང་བ་སེམས་ཀྱི་དབང༌། དེ་ཉིད་ཕྱག་རྒྱ་ཆེན་པོར་མྱོང་བ་ཕྲིན་ལས། རྟོག་པ་དང་ཡུལ་གྱི་སེམས་དབང་དུ་བྱེད་པ་ནི། རྟོག་པ་བཟང་ངན་གྱིས་སེམས་ལ་བཟང་ངན་འཆར་བས་རྟོག་པ་སེམས་དབང་དུ་བྱས་པའོ། །སེམས་ཆགས་སྡང་གཉིས་སུ་སྣང་བ་ཕྲིན་ལས། གཟུགས་སྡུག་མི་སྡུག་གི་སེམས་སྡུག་མི་སྡུག་གཉིས་སུ་སྣང་བས། གཟུགས་ཀྱིས་སེམས་དབང་དུ་བྱས་པའོ། །མི་སྡུག་པ་ལ་སྡང༌། སྡུག་པ་ལ་ཆགས་པས་ཕྲིན་ལས། ཐོ་རངས་ཞི་བ་ལ་སོགས་པར་འོང་བའི་རྒྱུ་མཚན་གང་ཡིན་ན། ནམ་གྱི་གུང་ལ་སྣང་བ་འགགས་ནས་གཉིད་འཐུག་པོ་སྣང་མེད་འོད་གསལ་སྟོང་པ་ཡིན་པ་དང༌། ཉིན་ཞག་ཕྲུག་གཅིག་ལ་ནམ་དང་ཉི་མའི་རིང་ཐུང་ཡོད་ཀྱང༌། ཉི་མ་གཅིག་ཙམ་ཡོད་ཀྱང་ནམ་ལ་ཡང་དེ་ཙམ་ཡོད་པས། ནམ་ལ་ཟས་མ་ཟོས་པས་རྩ་སྟོང༌། དེས་རླུང་ཞི་བར་གནས། དེ་ཁམས་དྭངས་མ་བྱང་ཆུབ་ཀྱི་སེམས་མ་སྤྱད་པས། སེམས་ལ་ཉོན་མོངས་ཀྱི་རྟོག་པ་ཞི་བས་ཐོ་རངས་གཉིད་སད་ཀྱང༌། དེ་དག་གི་རྗེས་ཀྱིས་ཞི་བར་གནས་པས་ཞི་བ་འོང་བའི་རྒྱུ་མཚན་དེ་ཡིན། སྔ་དྲོ་རྒྱས་པར་འོང་བའི་རྒྱུ་མཚན་ནི། ཟས་ཟོས་པས་རྩ་མིག་བཅུད་ཀྱིས་རྒྱས། རླུང་དྲག་ཏུ་གཡོས་པས་སེམས་ཀྱི་ཉོན་མོངས་པ་དང་རྣམ་རྟོག་རྒྱས། ཡུལ་མཐོང་ཐོས་པ་ལ་སོགས་པ་ཐམས་ཅད་མངོན་དུ་གྱུར་པས་རྒྱས་པའོ། །ཕྱི་དྲོ་དབང་དུ་འོང་བའི་རྒྱུ་མཚན་ནི། ཡུལ་དང་ཡུལ་ཅན་བདག་འཛིན་གྱིས་དབྱེར་མེད་དུ་གྱུར་པས་ཡུལ་གྱིས་ཡུལ་ཅན་དབང་དུ་བྱས། ཡུལ་ཅན་གྱིས་ཡུལ་ལ་དབང་བྱས་པས་དབང་ཡིན་ནོ། །སྲོད་ལ་མངོན་སྤྱོད་ཀྱི་དུས་ཀྱི་རྒྱུ་མཚན་ནི། ཉིན་ཞག་ཕྲུག་གཅིག་ལ་དགེ་བ་དང་མི་དགེ་བའི་ལས་དང་བྱ་བ་ཐམས་ཅད་རྫོགས་པས་བྱ་བ་ཐམས་ཅད་འགྲུབ་པའི་དུས་ཡིན་ནོ། །དཀར་པོ་དགེ་བའི་ཚོགས་དུས་གསུམ་དུ་བསགས་པ་ཡང་བསྔོ་བ་དང་སྨོན་ལམ་གྱིས་ཁ་བསྒྱུར་ཞིང་འགྲུབ་པར་བྱེད་པ་ཡིན། དགེ་བའི་ནུས་མཐུ་ཐམས་ཅད་རྫོགས་རྫོགས་པས་དེའི་ནུས་པ་དྲག་པོ་མངོན་སྤྱོད་ཀྱི་ལས་བྱས་ན་འགྲུབ་པ་ཡིན། ཞི་བ་དང་རྒྱས་པའི་ལས་བྱེད་པའི་དུས་སུ་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བསྡད། ཞི་བ་ལ་ཕྱག་གཡོན་པ་མཉམ་བཞག གཡས་བདུད་འདུལ་ཕྱག་རྒྱའོ། །རྒྱས་པའི་གཡོན་སྔར་དང་འདྲ། གཡས་མཆོག་སྦྱིན། དབང་ལ་ཞབས་ཙོག་པུར་བསྡད། ལག་པ་གཉིས་གླིང་བཞི་དབང་དུ་བསྡུ་ལ། འཁྱུད་པའི་ཚུལ་དུ་བྲང་ལ་གཅེར། ལུས་གཡོ་འགུལ་མེད་པར་དགའ་བས་བརྗིད་པས་བསྡད། མངོན་སྤྱོད་ལ་རྐང་པ་རེའུ་མིག་ལྟར་བསྣོལ། ལག་པའི་གྲུ་མོ་གཉིས་པུས་མོའི་སྟེང་དུ་བཞག ཁུ་ཚུར་བརྐྱང་ནས་ལག་པ་གཉིས་བསྣོལ་ནས་གྲུ་གསུམ་སུམ་བརྩེགས་སུ་བྱས། གཙུག་ཏོར་འཁོར་ལོས་བསྒྱུར་བའི་ལྟ་སྟངས་ཀྱིས་བསྡད། སེམས་ཀྱིས་བྱ་བ་དུས་བཞི་སོ་སོ་དང་མཐུན་པར་བྱའོ། །དེས་ནི་དུས་ཀྱི་གནད་བསྟན་པའོ།།

༈ གཉིས་པ་རླུང་གི་གནད་བསྟན་པ་ནི། ནང་པར་ཆུ་རླུང་རྒྱུ་བ་ཞི་བའི་དུས། སྔ་དྲོ་ས་རླུང་རྒྱུ་བ་རྒྱས་པའི་དུས། ཕྱི་དྲོ་མེ་རླུང་རྒྱུ་བ་དབང་གི་དུས། དགོང་མོ་རླུང་གི་རླུང་རྒྱུ་བ་དྲག་པོའི་མངོན་སྤྱོད་དུས། ནམ་མཁའི་རླུང་རྒྱུ་བ་སྐྱོན་གྱི་དུས་དང་ཡོན་ཏན་གྱི་དུས་གཉིས་ཡིན། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་བརྩིས་ན་ནམ་མཁའི་རླུང་དང་དུས་ལྔར་འོང་བ་ཡིན། ནམ་མཁའི་རླུང་རྒྱུ་བའི་དུས་བྱས་ན་བཞི་པོ་ལ་མཉམ་དུ་རྒྱུ་བ་དང་རང་གར་རྒྱུ་བའོ། །ཞི་བའི་རླུང་རྒྱུ་བའི་དུས་སུ་རླུང་གསུམ་པོ་གང་རུང་གཅིག་རྒྱུ་ན་སྐྱོན་དང་ཡོན་ཏན་གཉིས་སུ་འོང་སྟེ། དེ་བརྟགས་ལ་དེ་རང་དང་མཐུན་པའི་ཕྲིན་ལས་བསྒོམ། དེ་ཉིད་ཕྱག་རྒྱ་ཆེན་པོར་མྱོང་བར་བྱས་ན། སྐྱོན་ཡོན་ཏན་དུ་འགྱུར། ཕྲིན་ལས་མྱུར་བ་ཡིན། ཡོན་ཏན་གྱི་ཕྱོགས་སུ་བྱུང་ན་དེ་དང་མཐུན་པར་བསྒོམ་ཞིང་མངོན་པར་རྟོགས་པ་མྱོང་བར་བྱས་ན་ལས་འགྲུབ་མྱུར་བ་ཡིན། རླུང་རྩོལ་དྲག་ཏུ་བྱེད་པ་ཡིན་ན། དུས་བཞི་གང་དང་མཐུན་པའི་དེ་དང་མཐུན་པར་རླུང་སྒྱུར་དུ་ཉན་པ་ཡིན། ལུས་ངག་ཡིད་གསུམ་ལས་ཐམས་ཅད་རླུང་གིས་བྱེད་པ་ཡིན་པར་རྒྱུད་ནས་གསུངས། བླ་མ་དམ་པ་རྣམས་ཀྱིས་བཞེད་པ་ཡང་ཡིན། རང་གིས་ཀྱང་དེ་ལྟར་གོ་བས། རླུང་གི་སྦྱོར་བ་དེ་ཉམས་སུ་ལེན་པ་དེ་གལ་ཆེ་བར་གདའ། རྩུབ་རླུང་དང་འཇམ་རླུང་གི་སྦྱོར་བ་བྱེད་པ་དེ་གནད་ཆེ་བ་ཡིན། རྗེ་བཙུན་མི་ལས། རྗེ་སྒམ་པོ་པ་ལ་ང་ཡི་སྲོག་རྩོལ་བསྒོམས་གསུངས་ནས་དོན་གྲུབ་པ་ཡིན། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་རླུང་རྩོལ་མི་དགོས་ཟེར་བ་ཡོད་དེ། ཐབས་སྣ་ཚོགས་དང་རླུང་རྩོལ་བྱེད་པ་ཡང་སེམས་ཡིན། སེམས་ཕྱག་རྒྱ་ཆེན་པོ་ཡིན། སེམས་ལས་གཞན་པའི་ཕྱག་རྒྱ་ཆེན་པོ་མེད་པས་ཐབས་ཀྱིས་ཉམས་སུ་ལོངས་ཤིག །

༈ ད་ནི་སྐུ་གསུམ་ལམ་དུ་བྱེད་པ་ལ་གཉིས། སྐུ་དང༌། ལམ་མོ། དེ་ལ་དང་པོ་ནི། དུས་གསུམ་གྱི་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པ། སྲོད་ལ་བདུད་བཏུལ་ནས་ནམ་གྱི་གུང་ལ་ཆོས་ཀྱི་སྐུ་མངོན་དུ་བྱས་ནས། ཐོ་རངས་གཟུགས་སྐུར་སངས་རྒྱས་པའོ། །དེ་ལ་རིམ་གྱིས་སངས་རྒྱས་པ་དང༌། གཅིག་ཆར་དུ་སངས་རྒྱས་པའོ། །རིམ་གྱིས་སངས་རྒྱས་ཚུལ་ནི། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། སྒྲིབ་པ་གཉིས་དག ས་བཅུ་མངོན་དུ་བྱས་ནས། ས་བཅུ་གཅིག་ཀུན་ཏུ་འོད་ལ་སྲོད་ལ་བདུད་བཏུལ། ཐོ་རངས་མངོན་པར་སངས་རྒྱས་པའོ། །གཅིག་ཆར་བ་ནི། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་པ་ནི། དེ་ལ་སྨིན་པར་བྱེད་པ་དབང་ཐོབ་ནས། གྲོལ་བར་བྱེད་པ་ལམ་ཉམས་སུ་བླངས་པས་རྟེན་འབྲེལ་ལྔ་འགྲིགས། སྒྲིབ་པ་གཉིས་དག ཚོགས་གཉིས་རྫོགས། འགྲོས་བཞི་ཐིམ། ས་གསུམ་པ་ལ་གསང་སྔགས་ཀྱི་དུས་ཁྱད་པར་ཅན་ལ་ཕྱག་རྒྱ་དང་སྙོམས་པར་ཞུགས་པས། ནང་དུ་ཟག་བཅས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པས་ཕྱི་ཡི་བདུད་བཏུལ། གུང་ལ་ཆོས་ཀྱི་སྐུ་མངོན་དུ་བྱེད། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་ལ་འོག་མིན་ན་ལོངས་སྤྱོད་རྫོགས་པའི་སྐུ། འཛམ་བུའི་གླིང་དུ་སྤྲུལ་པའི་སྐུར་སངས་རྒྱས་པའོ། །སེམས་ཀྱི་གནས་ལུགས་རྟོགས་པའི་གཅིག་ཆར་བ་ནི། མ་རྟོགས་པའི་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱིས་སེམས་བསྐྱེད། རྟོགས་པ་དེ་བླ་མའི་དྲིན་ཡིན་པས། བླ་མར་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་པས་བསོད་ནམས་ཀྱི་ཚོགས་རྫོགས། ཆོས་ཐམས་ཅད་རང་གི་སེམས། སེམས་གདོད་མ་ནས་རྣམ་པར་དག་པ་ཆོས་ཀྱི་སྐུར་རྟོགས་པས་ཡེ་ཤེས་ཀྱི་ཚོགས་རྫོགས། མ་རྟོགས་པའི་སེམས་ཅན་ལ་རྟོགས་པར་བྱ་བའི་དོན་དུ་སྨོན་ལམ་བཏབ། ཚོགས་གཉིས་མཁྱེན་པ་གཉིས་སུ་སྣང་ནས་སྐུ་གསུམ་དབྱེར་མེད་དུ་སངས་རྒྱ་བའོ། །དེ་ནི་ལམ་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་སྡོམ་པ་གསུམ་དང་ལྡན་པ་ནི། དབང་བཞི་ཚུལ་བཞིན་དུ་ཐོབ་ནས། དང་པོ་བླ་མ་ལ་མཎྜལ་འབུལ་ཞིང་གསོལ་བ་གདབ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་བསྒོམ་ཞིང་ཡི་གེ་བརྒྱ་པ་བགྲང༌། སྡིག་པ་སྦྱང་བས་ཐོག་དྲངས་ནས་བསྐྱེད་རྫོགས་གཉིས་སྒོམ་ཞིང་སྐུ་གསུམ་ལམ་དུ་བྱེད་པ་ནི། ཉིན་ཞག་ཕྲུག་གཅིག་ལ་སྐུ་གསུམ་ལས་མི་འདའ་བར་ཉམས་སུ་བླངས་ཏེ་མཉམ་རྗེས་མེད་པར་མ་གྱུར་གྱི་བར་དུ་ཐུན་བཞིར་ཉམས་སུ་བླངས་བ་ནི། ནམ་གྱི་གུང་ལ་གཉིད་ལོག་པ་འོད་གསལ་ཆོས་ཀྱི་སྐུ། ཐོ་རངས་གཉིད་སད་པ་སྤྲུལ་པའི་སྐུ་ལྟར་ཏེ། ཐུན་བཞིར་མཉམ་བཞག་ལོངས་སྤྱོད་རྫོགས་པའི་སྐུ། རྗེས་ཐུན་འཚམས་སྤྲུལ་པའི་སྐུ། ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་ཉམས་སུ་བླང་བ་ཚར་ནས། སྲོད་ཐུན་ལ་དགེ་བའི་རྩ་བ་བསྔོ་བ་བྱས་ནས། ནམ་གྱི་གུང་ལ་ཆོས་ཀྱི་སྐུ་འོད་གསལ་ལམ་དུ་བྱེད་པ་ནི། མངོན་པར་རྟོགས་པ་ཡོད་པ་རྣམས་ཀྱིས་དེ་རང་བསྒོམ། མེད་པ་ལས་དང་པོ་པས་བླ་མ་དམ་པ་ལ་འོད་གསལ་བཟུང་བའི་ཁྲིད་བྱས་ནས་ཉམས་སུ་བླང་ཐབས་ཁོང་དུ་ཆུད་པ་གཅིག་གིས་ཆོས་ཀྱི་སྐུ་དང་འོད་གསལ་ལམ་དུ་བྱེད་པ་ནི། སྤྱིར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་གཞི་ལ་གནས་པ་རང་བཞིན་གྱིས་བྱུང་ཚུལ་དེ་ལམ་དུ་བྱེད་པ་ཡིན་ཏེ། སེམས་བསྐྱེད་པ་དང་བླ་མ་ལ་མོས་གུས་བྱེད་པ་དང༌། ལུས་ཡི་དམ་སྒོམ་པ་སྔོན་དུ་སོང་ནས། ཕུང་པོ་འབྱུང་བ་སྣང་བ་རིམ་གྱིས་འགགས་ནས་འོད་གསལ་འཆར་བ་ནི་རང་བཞིན་བྱུང་ཚུལ་ཡིན་ལ། དེ་ལམ་དུ་སློང་བ་ནི་སེང་གེའི་ཉལ་སྟངས་བྱས་ནས་སྙིང་གི་དཀྱིལ་དུ་བླ་མ་བསྒོམ། བླ་མ་སྙིང་གི་དཀྱིལ་དུ་ཐིམ་པར་བསྒོམ། དེའི་ཤུལ་དུ་ཡི་གེ་ཧཱུྃ་སྔོན་པོ་གཅིག་བསམ། གོང་དུ་བསྟན་པའི་སྣང་བ་རིམ་གྱིས་འགགས་དུས་སུ། རགས་པ་འགགས་ཙམ་ན་ཞབས་ཀྱུ་ལ་ཐིམ་པར་བསམ། ཕྲ་བ་འགགས་ཙམ་ན་ཧ་ལ་ཐིམ་པར་བསམ། དེ་བས་ཕྲ་བ་འགགས་ཙམ་ན། ཧ་ཁོག་ལ་ཐིམ་པར་བསམ། ཤིན་ཏུ་ཕྲ་བ་འགགས་ཙམ་ན་མགོ་དང་ཟླ་ཚེས་ཐིག་ལེ་ནཱ་ད་ཙམ་དུ་གྱུར་པར་བསམ། སྣང་བ་མེད་པའི་དུས་སུ་ནཱ་ད་མི་དམིགས་པར་འོད་གསལ་བཟུང་བར་བྱ། གཉིད་འཐུག་པོ་སྣང་མེད་འོད་གསལ་དུ་ཞུགས་པ་ཆོས་ཀྱི་སྐུ་ཡིན་ནོ། །དེ་ནས་ཐོ་རངས་སེམས་ཅན་གྱི་དོན་ལ་བཞེངས་ཤིག་བྱ་བར་བསྐུལ་བྱེད་ཀྱི་ལྷ་མོ་རྣམས་ཀྱིས་བསྐུལ་ནས། སྐུལ་བྱེད་ཀྱི་ལྷ་མོ་ནི། ལྟེ་བ་ནས་འབྱུང་བ་བཞིའི་རླུང་གིས་བསྐུལ་ནས། སྙིང་ཁ་ནས་སེམས་འོད་གསལ་ཆོས་ཀྱི་སྐུ་སེམས་ཅན་གྱི་དོན་དུ་གཟུགས་སྐུར་བཞེངས་པ་ཡིན་ནོ། །མགྲིན་པ་ནས་སྐུལ་བྱེད་ཀྱི་ལྷ་མོ་བཞིས་བསྐུལ་ནས་སེམས་འོད་གསལ་ཆོས་ཀྱི་སྐུ་རྨི་ལམ་སྒྱུ་ལུས་སུ་ལྡང་བ་ཡིན་ཏེ། རྨི་ལམ་བཟུང་བའི་ཐབས་བསྒོམ་པར་བྱའོ། །ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཀྱི་གནད། དང་པོར་སེམས་བསྐྱེད་བསྒོམ་པར་བྱའོ། །མཉམ་བཞག་ལོངས་སྤྱོད་རྫོགས་པའི་སྐུ། བསྐྱེད་རིམ་པ་ལྷ་བསྒོམ་པ་དང༌། མཚན་བཅས་ཀྱི་རྫོགས་རིམ་དང༌། མཚན་མ་མེད་པ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །རྗེས་ལ་སེམས་ཅན་གྱི་དོན་དུ་ཐུན་མཚམས་སུ་དགེ་སྦྱོར་ལ་འབད་པར་བྱའོ། །སྲོད་ལ་ཐུན་བཞི་ཡན་ཆད་རྫོགས་པར་བསྒོམ་ནས་དགེ་བའི་རྩ་བ་བསྔོ་བ་དང༌། སྨོན་ལམ་གདབ་བོ། །དུས་བཞི་དང་མཐུན་པའི་ཕྲིན་ལས་བཞི་དང་བསྟུན་པའོ། །དེ་ལ་ལོ་ཀ་པའི་ལས་ཉིན་ཞག་ཕྲུག་གཅིག་གི་བྱ་བ་ཡང་འགྲུབ་པའི་དུས་ཡིན་ལ། ཐུན་བཞིར་ཉམས་སུ་ལེན་པའི་དབང་དུ་བྱས་ན་ཐུན་གྱི་ཐ་མ་དགེ་སྦྱོར་ཉམས་སུ་ལེན་པ་ཡང་འགྲུབ་པའི་དུས་ཡིན། ཕྲིན་ལས་ཀྱི་མངོན་སྤྱོད་ཀྱང་དུས་འདིར་འགྲུབ་པས། མངོན་སྤྱོད་དང་མཐུན་པའི་རྒྱུ་མཚན་ཀྱང་དེ་ཡིན། ཟས་ཀྱིས་ཚིམས་པས་རྩ་ཐམས་ཅད་རྒྱས། རླུང་རགས་ཤིང་དེས་ཐིག་ལེ་འཕེལ། དེས་ཉོན་མོངས་པ་རགས་པས་ནང་དུ་རྟེན་འབྲེལ་དེ་ཚོ་འཚོགས་པའི་སྟོབས་ཀྱིས་ཕྱི་ཡི་བདུད་ལྡང༌། སྲོད་ལ་བདུད་བཏུལ་བྱ་བའི་རྒྱུ་མཚན་ཡང་དེ་ཡིན། བདུད་བདུལ་བ་ནི་གཉིད་འཐུག་པོ་ལོག་ཙམ་ན་རང་བཞིན་གྱིས་སྣང་བ་དང༌། རྟོག་པ་འགགས་པ་དེ་ཡིན། ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་གིས་རླུང་བཟུང་བས་ནང་དུ་རྟེན་འབྲེལ་འགྲིགས་པ་ཕྱི་ཡི་བདུད་འབྱུང་བའི་གཞི་མེད་པ་ནི་བདུད་བཏུལ་བའོ། །སྲོག་དང་རྩོལ་བའི་རླུང་དབུ་མར་ཚུད་པས་སྣང་བ་གསུམ་རིམ་གྱིས་ཐིམ་པས། སྲོད་ལ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའོ། །ཐོ་རངས་གཟུགས་སྐུར་ལྡང་བ་ཡིན། ལྷ་མོ་བཞི་ཡིས་བསྐུལ་ཏེ། ཞི་བའི་དུས་སུ་ལྷ་མོ་མ་མཱ་ཀིས་བསྐུལ་བ་ནི། དང་པོ་ཆུ་ཡི་རླུང་རྒྱུ་བའི་དུས་ཡིན་པས། ལྟེ་བ་ནས་ཆུ་ཡི་རླུང་སྙིང་ཁར་བྱུང་བས་འོད་གསལ་ཆོས་ཀྱི་སྐུའི་རྟོགས་པ་དང་སྣང་བ་ཤར་བས་འོད་གསལ་ཆོས་ཀྱི་སྐུ་གཟུགས་སྐུར་བཞེངས་པ་ཡིན། རླུང་འོག་མ་བཞི་ཡིས་བསྐུལ་བ་ཡང་རིམ་གྱིས་འབྱུང་བའོ། །སྐབས་འདིར་དང་པོ་སེམས་བསྐྱེད་པ་དང༌། རྒྱུ་མཚན་དེ་རྣམས་ཀྱིས་སངས་རྒྱས་པའི་དུས་ཡིན་ནོ། །དུས་བཞིའི་ཉམས་སུ་བླངས་པའི་ལེའུ་སྟེ་གསུམ་པའོ། །

རྡོ་རྗེ་ལུས་ཀྱི་གནས་ལུགས་ཀྱི་ལེའུ་སྟེ་བཞི་པ།

༈ རྡོ་རྗེ་ལུས་ཀྱི་གནས་ལུགས་ཞེས་པ་ནི། སེམས་ཅན་གྱི་ལུས་རྡོ་རྗེའི་ལུས་སུ་གནས་པ་ཡིན། རྡོ་རྗེ་དང་ལུས་ཆོས་མཐུན་པའམ་མཚན་ཉིད་ཅི་ལྟ་བུ་ཞེ་ན། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ནས་ཀྱང༌། སྲ་ཞིང་ཁོང་སྟོང་སྙིང་པོ་བརྟན། །སྲེག་མེད་བཅད་དུ་མེད་པས་ན། །སྟོང་པ་ཉིད་ལ་རྡོ་རྗེ་བཤད། །ཅེས་གསུངས་པས། དེ་ལ་རྡོ་རྗེ་དང་ཆོས་མཐུན་པ་ཞེས་པ་ནི། རྡོ་རྗེ་སྲ་བ་ཡིན་ཏེ། ཚུར་ལ་གང་གིས་གནོད་པ་བྱེད་པའམ་གཞོམ་པར་མི་ནུས་ཏེ། ཕར་ལ་དངོས་པོ་ཐམས་ཅད་འཇོམས་པར་བྱེད་པའོ། །དེ་དངོས་པོ་གཅིག་ཡིན་ནམ་སྙམ་ན། དངོས་པོ་མ་ཡིན་ཏེ་སྟོང་པ་ཡིན། དངོས་མེད་གཅིག་ཡིན་ནམ་སྙམ་ན། དངོས་མེད་མ་ཡིན་ཏེ། སྙིང་པོ་བརྟན་པ་ཡིན། རྡོ་རྗེ་དེ་མེས་བསྲེགས་པའམ་ཆུས་བཤིགས་པར་བྱ་བ་མ་ཡིན་ཏེ། བསྐལ་པའི་མེ་དང་ཆུས་བཤིགས་པར་མི་ནུས་སོ། །འདུས་བྱས་རྫས་ཀྱི་རྡོ་རྗེ་སྲ་ཞིང་འཁྲེགས་ཀྱང་དེ་ཉིད་དངོས་པོ་མིན། འདུས་མ་བྱས་ཆོས་ཉིད་ཀྱི་རྡོ་རྗེ་སྟོང་པ་ཉིད་ཡིན། རྡོ་རྗེའི་ལུས་མཚན་ཉིད་དེ་དག་དང་ལྡན་པ་དེ་ལ་གནས་ལུགས་རྣམ་པ་ལྔ་ཡིན་ཏེ། གནས་པ་རྩ། འབུར་དུ་དོད་པ་ཡི་གེ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས། མི་ཤིགས་པ་ཐིག་ལེའོ། །རྩ་ནི་ཡི་གེ་དང་རླུང་དང༌། བྱང་ཆུབ་ཀྱི་སེམས་དང༌། མི་ཤིགས་པ་ཐིག་ལེ་དང༌། སྲོག་འཛིན་པར་བྱེད་པའི་རླུང་དང༌། ཀུན་གཞི་རིག་པ་དང་གསུམ་མི་འབྲལ་བའོ། །དེ་ལ་ལུས་ཀྱི་གཞི་ཐིག་ལེ་ཡིན་པས། ལུས་ལེན་པའི་དུས་སུ་ཕ་མའི་བྱང་ཆུབ་ཀྱི་སེམས་དཀར་དམར་གཅིག་དང་འཕྲད་པས་གཞི་ཐིག་ལེས་བྱས། རྒྱུ་བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས་ཀྱིས་བྱས་པས་ལུས་བསྲེས་ཏེ། དང་པོ་ལྟེ་བའི་རྩ་མདུད་ཆགས་པས་དེ་རྣམས་ཀྱིས་གནས་པའམ་བརྟེན་དུ་གྱུར་པའོ། །དེ་ལ་ལུས་སྲིད་པའི་དུས་སུ་དངོས་པོ་ཅི་ལྟར་སྲིད་ཅེ་ན། ལུས་ནི་བྱང་ཆུབ་རྣམ་ལྔ་དང༌། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་རྣམ་པ་ལྔ་ནི། བར་དོ་སྐུ་གསུམ་ན་གསལ། རྩ་དང་ཡི་གེ་དང༌། རླུང་གི་དབྱེ་བ་མང་ཞིག་གསུངས་ཀྱང་གཙོ་བོ་གཉིས་སུ་འདུས་ཏེ། རྩ་ཡི་གཙོ་བོ་དང༌། རྩ་ཕྲན་དང༌། ཡི་གེ་དང༌། འཁོར་ལོ་ཡི་གནས་དང༌། ཡན་ལག་གི་ཡི་གེ རླུང་ཟག་བཅས་དང༌། ཟག་མེད། བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས༌། དམར་པོ་གསང་གནས་ན་གནས། མ་ལས་ཐོབ་པའི་རྩ་དང་སྣག་མ་དང་ཁྲག་ལ་སོགས་པའོ། །འཆི་ཀར་བྱང་ཆུབ་ཀྱི་སེམས་དཀར་པོ་དང་སྙིང་གར་འདུས་ཏེ། སྲོག་ཆད་པ་དང་དེ་གཉིས་སོ་སོར་བྱེ་ནས་འགྲོའོ། །སངས་རྒྱས་པའི་དུས་སུ་ཞབས་འོག་ཏུ་ཉི་མའི་གདན་དུ་འོང༌། བྱང་ཆུབ་ཀྱི་སེམས་དཀར་པོ་ནི་སྨིན་མཚམས་ཀྱི་རུས་པའི་ཆོས་འབྱུང་ན་གནས། སྡུད་པ་ནི་སྤྱི་བོའི་ཧཾ་ལ་སྡུད། ཕ་ལས་ཐོབ་པ་རུས་པ་ལ་སོགས་པ་དཀར་པོའི་ཕྱོགས་ཐམས་ཅད་དོ། །སངས་རྒྱས་པའི་དུས་སུ་སྤྱི་བོའི་ཟླ་ཚེས་སུ་འོང༌། མི་ཤིགས་པ་ཐིག་ལེ་ནི། སྙིང་གའི་དབུས་ན་གསེར་ཞུན་མ་ལ་ཉི་མའི་དཀྱིལ་འཁོར་གྱིས་རྒྱབ་པའི་འོད་ཟེར་ལྟ་བུར་གནས། ཀུན་གཞི་རིག་པ་བྱང་ཆུབ་ཀྱི་སེམས་ཐམས་ཅད་ནི་སྤྱིར་ལུས་ཐམས་ཅད་ལ་གནས། ཁྱད་པར་དུ་གནས་པ་ཆེན་པོ་བཞིའམ་དྲུག་ལ་གནས། གཞི་ལ་རྡོ་རྗེའི་ལུས་སུ་གནས་པ་དེ་ཐབས་ཤེས་རབ་ཀྱི་རྟེན་འབྲེལ་འགྲིགས་པས་འབྲས་བུ་རྡོ་རྗེའི་སྐུར་སྣང་བའོ། །དེ་ལ་ཐབས་ལ་ཤེས་རབ་ཀྱི་རྟེན་འབྲེལ་ནི། རྩ་ཡུམ་མཁའ་འགྲོ་མ་ཤེས་རབ། རླུང་དཔའ་བོ་ཡབ་ཐབས། སྦྱོར་བ་བཞིས་རླུང་ནང་དུ་བཟུང་བས་རླུང་འཕྲོད་པས་རླུང་གི་རྩ་གནས་སུ་ཐིག་ལེ་ཁྲིད་པས་རྩ་དང་ཡི་གེ་དང་རླུང་གསུམ་ཐིག་ལེས་རྒྱས་པས། དཔའ་བོ་ཡབ་ཡུམ་གྱི་རྒྱུད་ལ་བདེ་བ་སྐྱེས། སེམས་ཀུན་གཞི་རིག་པ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར། རྟེན་འབྲེལ་དེ་དག་འགྲིགས་པས་རྩ་དང་ཡི་གེ་རླུང་དང་གསུམ་གྱི་རྟགས་ནང་དུ་ཤར། མི་ཤིགས་པ་ཐིག་ལེ་དང༌། བྱང་ཆུབ་ཀྱི་སེམས་ནང་རྟགས་ཕྱིར་ཤར། དེ་དག་རྫོགས་པས་རྡོ་རྗེའི་ལུས་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་མངོན་སུམ་དུ་གྱུར། རིག་པ་ཆོས་ཀྱི་སྐུ་གཟུགས་སྐུ་དང་གཉིས་སུ་མེད་པ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་འགྲོ་བའི་དོན་དུ་སངས་རྒྱས་པའོ། །སྐུ་གསུམ་ལམ་དུ་བྱེད་པ་དང༌། རྡོ་རྗེ་ལུས་ཀྱི་གནས་ལུགས་འདི་ཡི་གེར་བྲི་བར་མི་རིགས་ཏེ། ཀླན་ཧུག་ཤིས་ཞུས་པས་ངེས་ཤེས་དང་བཅས་པར་གསལ་བར་བྱས་པའོ། །རྡོ་རྗེ་ལུས་ཀྱི་གནས་ལུགས་ཀྱི་ལེའུ་སྟེ་བཞི་པའོ། །

བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟེ་ལྔ་པ།

༈ བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གནད་དུ་འགྲོ་བ་ཞིག་བསྒོམ་དགོས་པ་ཡིན་ཏེ། བྱང་ཆུབ་ཀྱི་དུས་སུ་སེམས་བསྐྱེད་ན་ཉིན་ཞག་ཕྲུག་གཅིག་ལ་དགེ་སྦྱོར་ཅི་བྱས་བྱང་ཆུབ་ཀྱི་སེམས་སུ་འོང་བ་ཡིན། ཉོན་མོངས་པ་རྣམ་རྟོག་མི་མཐུན་པའི་ཕྱོགས་ནད་བགེགས་དང༌། གང་བྱར་མི་རུང་བའི་སྡུག་བསྔལ་ཅི་བྱུང་ཡང་དེ་དག་སྤང་བྱར་མི་བྱ་བར་དེ་ཉིད་ལམ་དུ་འཁྱེར་ཏེ། ཡང་བདག་གིས་འདི་བཞིན་དུ་སྡུག་བསྔལ་བ་འདི་ཚེ་ཐོག་མ་ནས་ཀྱི་སྡིག་པའི་རྣམ་པར་སྨིན་པ་ཡིན་པས། རྒྱུ་མ་ལོག་པས་འབྲས་བུ་མི་ལྡོག་སྟེ། དེ་ལ་སྤང་བྱ་སྤོང་བྱེད་ཀྱི་ཚུལ་དུ་དེ་རང་གི་གཉེན་པོ་བསྒོམ་པ་དང༌། གང་བྱར་མ་རུང་བ་དེ་རང་སེམས་ཡིན། སེམས་ཉིད་ཕྱག་རྒྱ་ཆེན་པོར་བསྒོམ་ན་རྐྱེན་དེ་ཉིད་ལམ་དུ་འགྲོ་བ་ཡིན་ཏེ། སེམས་ཕྱག་རྒྱ་ཆེན་པོ་ཡིན་པས་སོ། །གསང་སྔགས་འབྲས་བུ་ལམ་དུ་བྱེད་པ་དང༌། ལམ་གྱི་རྣམ་སྨིན་སྡུག་བསྔལ་མྱོང་བ་དེ་སེམས་གཉིས་སུ་མེད་པའི་ཡེ་ཤེས་དེ་རང་ཡིན། རྒྱུས་བསྐྱེད་པ་དང་འབྲས་བུ་སྨིན་པ་སོ་སོའི་བྱེ་བྲག་རྩིས་བྱ་མི་དགོས། དེ་ལྟར་ཤེས་པ་འདི་ཙུག་སྣང་སྣང་སྒོམ་དུ་ཤེས་པར་བྱས་པས་ཆོག་པ་ཡིན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཅི་ཉམས་སུ་མྱོང་བ་ཡང་སེམས་མ་ཡིན་པ་གཞན་མེད། སེམས་ལས་གཞན་པའི་སྒོམ་མེད༌། དེ་ལྟར་ཤེས་ན་སྤང་བྱ་སྤོང་བྱེད་ཐམས་ཅད་གཉིས་མེད་ཀྱི་གྲོགས་སུ་འགྲོ་བ་ཡིན། གང་བྱར་མ་རུང་བ་དེ་རང་དུ་འགྲོ་བ་ཉམས་སུ་མྱོང་བ་ཞིག་བསྒོམ་ན་རྐྱེན་ངན་གྲོགས་སུ་འགྲོ་བ་ཡིན། ཉམས་སུ་གནད་དུ་འགྲོ། སྡུག་བསྔལ་རང་སར་དག་ནས་ཐམས་ཅད་བདེ་བར་ཤར་ཙམ་ན་མཉམ་པར་མཐོང་བས་བདེ་འདོད་ཀྱི་འདུན་པ་ཡལ་འགྲོ་བ་ཡིན། ཉམས་རྟོགས་གནད་དུ་འགྲོ་ཙམ་ན། མི་དང་མི་མ་ཡིན་པར་བདུད་ཀྱི་བར་ཆད་འབྱུང་བ་ནི། ལས་ངན་པའི་རྣམ་སྨིན་འདག་པས་ལས་མི་བསླུ་བའམ་རྟེན་འབྲེལ་གྱི་སྐབས་འདིར་སྡུག་བསྔལ་ཆེ་བ་ཞིག་དུས་གཅིག་དུ་མྱོང་བ་ཡིན་ཏེ། སྒོམ་གནད་དུ་ཕོག་ཅིང་དགེ་སྦྱོར་སྟོབས་ཆེ་བས་ལས་སློང་བ་ཡིན་ནོ། །སྐབས་འདིར་མ་ཡེངས་པར་བསྒོམ་ན་སྒྲིབ་པ་ཐམས་ཅད་དག་ནས་ཐམས་ཅད་བདེ་བར་འཆར་བ་ཡིན། འདིའི་དུས་སུ་མི་དང་མི་མ་ཡིན་པས་གནོད་པ་སྐྱེལ་བ་དཔག་ཏུ་མེད་པ་ཞིག་འབྱུང་སྟེ། སྤྱིར་སེམས་ཅན་ཐམས་ཅད། ཁྱད་པར་གནོད་པ་སྐྱེལ་བ་འདི་མ་ཡིན། མའི་ལན་ཆགས་པ་ཡིན་ཏེ་འོང་བས། དེ་ལ་སྡང་བའི་སེམས་མི་སྐྱེ་བར། སྤྱིར་ང་ཆོས་གཤའ་མར་བྱེེད། ཉམས་མྱོང་དང་རྟོགས་པ་འདི་འདྲ་སྒོམ་པའི་རྟེན་གྱི་གང་ཟག་གཅིག་ཡིན་པ་ལ། མ་འདི་དག་གིས་ང་ལ་གནོད་པ་བྱས་པས། མ་འདི་དག་གིས་སྡུག་བསྔལ་དཔག་ཏུ་མེད་པ་གཅིག་མྱོང་དགོས་ཡོད། ཁྱད་པར་དུ་ཡང་ཏིང་ངེ་འཛིན་ལ་བར་ཆད་བྱས་པས་དམྱལ་བར་སྐྱེ་དགོས་ཡོད། སྐྱེས་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པས། བདག་ལ་ནད་དང་སྡུག་བསྔལ་འདི་བྱུང་བ་ལ་མི་བཟོད་པ་ལ། དམྱལ་བར་སྐྱེ་བའི་སྡུག་བསྔལ་བསམ་གྱིས་ག་ན་ཁྱབ། དེས་ན་གནོད་སྐྱེལ་མ་ཡིན་པ་ལ་སྡང་བའི་སེམས་སྐྱེ་བ་ག་ན་རིགས། མ་ལས་དྲིན་ཆེ་བ་མེད་པ་ལ། བུས་སྡུག་བསྔལ་དུ་བཅུག་ན་འདི་ལས་རྣམ་སྨིན་ཆེ་བ་ག་ན་ཡོད་སྙམ་དུ་ཤེས་པས། འདིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་མྱོང་བར་བྱ་སྙམ་དུ་བདེ་བར་འདོད་པའི་བྱམས་པ། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ། སངས་རྒྱས་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ། རང་བདེ་བར་འདོད་པའི་བསམ་པ་མི་བྱ་བར་གནོད་སྐྱེལ་དེས་སྡུག་བསྔལ་མྱོང་གིས་དོགས་པའི་བསམ་པ་རྩེ་གཅིག་ཏུ་བྱས་ལ། གནོད་སྐྱེལ་དང་རང་གཉིས་རང་གི་སེམས་སུ་ཤེས་པས། སེམས་ཏིང་ངེ་འཛིན་དུ་མྱོང་བར་བྱའོ། །བླ་མ་རིན་པོ་ཆེས་སྐུ་ཉམས་སུ་བཞེས་པའི་དོན་གླིང་གཞིའི་སྐབས་སུ་བཤད་པ་དེ་གལ་ཆེ་བ་ཡིན་ནོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས་འབྲས་བུ་བདེ་བ་ཆེན་པོ་ཐོབ་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟེ་ལྔ་པའོ། །

ཐམས་ཅད་བདེ་བར་འཆར་བའི་ལེའུ་སྟེ་དྲུག་པ།

༈ གནས་གང་དུ་བསྡད་ཀྱང་གཞལ་ཡས་ཁང༌། །སུ་དང་འཕྲད་ཀྱང་ཡི་དམ་ལྷ། །ཅི་ལྟར་བྱས་ཀྱང་ཆོས་ཀྱི་དབྱིངས། །ཞེས་པའི་དོན་ནི། ནང་གི་བསགས་ཚུལ་དང༌། སེམས་ཀྱི་བྱེད་པས། ཕྱི་རོལ་གྱི་ཡུལ་དབང་གི་འབྲས་བུར་འཆར་བ་ཡིན་ཏེ། ལྷ་ཡི་གཞལ་ཡས་ཁང་ལ་སོགས་པ་དང༌། མི་ཡི་ཡུལ་བཟང་པོ་ལ་ལོངས་སྤྱོད་ལ། ཡང་གཞན་གྱི་ཡུལ་དང་གནས་ཁང་ལ་གནོད་པ་མ་བྱས། ཡུལ་ཁྱད་པར་ཅན་ལ་ཡུལ་དང་གནས་ཕུལ་བའི་འབྲས་བུ་ཡིན། ཡང་སེམས་ཀྱི་བྱེད་པའི་ལས་ཀྱིས་གོམས་པ་མཐུ་ལྡན་འབྲས་བུར་འཆར་ཏེ། འདི་ལ་ཡང་གཉིས་ཏེ། དང་པོ་གནས་གང་དུ་འདུག་པའི་ས་དེ་ཕྱི་ལྷའི་སྐུ། ནང་གཞལ་ཡས་ཁང༌། ས་གཞི་ཨར་མོ་ལི་ཀི་རྡོ་ལེབ་དུ་བསྒོམས་པར་བྱས་པས་འོག་མིན་ཆོས་ཀྱི་ཕོ་བྲང་དུ་སྐྱེ་བ་ཡིན། གཉིས་པ་རང་གི་བསམ་པས་ཉེ་བར་ལེན་པའི་རྒྱུ་བྱས། ཕྱི་རོལ་གྱི་ཡུལ་ལྷན་ཅིག་བྱེད་པའི་རྐྱེན་དུ་འཆར། ཆོས་ཐམས་ཅད་བསམ་པའི་རང་གཟུགས་ཡིན་ཏེ། རིགས་དྲུག་གི་གནས་དགེ་མི་དགེའི་ཉེར་ལེན་གྱིས་ཕྱི་རོལ་གྱི་གནས་ཀྱིས་རྐྱེན་བྱས་ནས། ཡུལ་བཟང་ངན་དང་བདེ་སྡུག་ཏུ་འཆར་བ་འབྲས་བུའོ། །གནས་གར་འདུག་གཞལ་ཡས་ཁང་དུ་བསྒོམས་ནས་རང་ཡི་དམ་གྱི་ལྷར་བསྒོམ། རང་གི་འཁོར་དང་སེམས་ཅན་ཡི་དམ་གྱི་ལྷར་བསྒོམས་ན། ཕྱི་ནང་སྣོད་བཅུད་ཐམས་ཅད་ལྷ་ཡི་སྣང་བ་འཆར་ཏེ། ནང་ཕུང་པོ་ལྔ་དང་ཕྱི་འབྱུང་བ་བཞི་ནམ་མཁའ་དང་ལྔ། བྱང་ཆུབ་ཀྱི་སེམས་དཀར་དམར་གཉིས། དེ་དག་འཚོགས་པས་ལུས་གྲུབ་པ་ནི། གྲུབ་པའི་དུས་དང༌། གནས་པའི་དུས་དང༌། འཇིགས་པའི་དུས་དང་གསུམ་ཡང་ལྷ་ཡིན་པས། གཞི་ལ་གནས་པའི་ལམ་དུ་ལྷར་བསྒོམས་ནས། འབྲས་བུ་ཐམས་ཅད་ལྷར་འཆར། ཕྱི་རོལ་གྱི་ཡུལ་ལྔ་འབྱུང་བ་བཞི་ནམ་མཁའ་དང་ལྔ་བེམ་རིག་གཉིས་ཀྱིས་བསྡུས་པ་ཐམས་ཅད་ལྷར་འཆར་བ་ཡིན་ཏེ། སེམས་བསམ་པའི་རང་གཟུགས་ཕུང་པོ་ལ་སོགས་པ་ལྷར་སྣང་བས་ཕྱི་རོལ་ཐམས་ཅད་ལྷར་འཆར་བའོ། །དེ་ལ་ལུས་གྲུབ་པ་ནི། ཕ་མ་འདུ་འཕྲོད་བྱེད་པའི་དུས་སུ། གཡོ་བ་རླུང་གི་ཁམས་ཀྱིས་བདེ་བ་ཆེར་གཡོས་པས། འབྱུང་བ་རླུང་གི་ཁམས་སྒྲོལ་མར་གྲུབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་གྲུབ། བསྲུབ་པའི་སྦྱོར་བས་བདེ་བ་ཆེར་སྐྱེས་པས་དྲོད་མེའི་ཁམས་གོས་དཀར་མོར་གྲུབ། འདུ་བྱེད་ཀྱི་ཕུང་པོ་སྣང་བ་མཐའ་ཡས་སུ་གྲུབ། བསྲུབ་པའི་སྦྱོར་བས་བདེ་བ་ཆེར་སྐྱེས་པས་གཤེར་བ་ཆུ་ཡི་ཁམས་མ་མཱ་ཀིར་གྲུབ། བདེ་བའི་སྟོབས་ཀྱིས་རྣམ་ཤེས་ཚོགས་བརྒྱད་ཐ་དད་ཀྱི་བྱེད་པས་བདེ་བ་གཅིག་པུར་མྱོང་བས་ཐ་དད་ཀྱི་བྱེད་པ་མ་སྤྱོད་པས་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པར་གྲུབ། བསྲུབ་པའི་སྦྱོར་བས་བདེ་བ་ལྷག་པར་སྐྱེས་པས་སྲ་བ་ས་ཡི་ཁམས་སངས་རྒྱས་སྤྱན་མར་གྲུབ། ཚོར་བ་བདེ་བར་མྱོང་བས་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་གྲུབ། བསྲུབ་པའི་སྦྱོར་བ་ཆད་པས་བདེ་བ་ཆད་པས་བདེ་བ་དང་དགའ་བ་དང་བྲལ། སྟོང་པར་ཤར་བས་ནམ་མཁའི་ཁམས་དབང་ཕྱུག་མར་གྲུབ། ཐིག་ལེ་དཀར་དམར་གཉིས་གཅིག་ཏུ་གྲུབ་པས་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གྲུབ། དེ་ལ་ཐིག་ལེ་དཀར་པོ་ཕ་ཐབས་ཡབ། ཐིག་ལེ་དམར་པོ་མ་ཡུམ་ཤེས་རབ་ཏུ་གྲུབ། དེ་གཉིས་གཅིག་ཏུ་གྲུབ་པས་ཐབས་ཤེས་རབ་གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པའི་སྐུར་གྲུབ་པའོ། །གནས་པའི་དུས་སུ་སྐྱེ་བ་སྤྲུལ་པའི་སྐུར་གནས། ཕུང་པོ་ལྔ་དང༌། འབྱུང་བ་ལྔ༌། ཐིག་ལེ་ལྔར་གནས་པའོ། །འཇིག་པའི་དུས་སུ་འདི་དག་གོ་རིམ་བསྣོལ་བ་དང་གོ་ལྡོག་ཏུ་ཡོད་པས་འགལ་བ་ནི་མ་ཡིན་ནོ། །གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པ། འོད་གསལ་ལ་ཐིམ་པ་ནི་རིམ་གྱིས་ལྷར་ཐིམ་པའོ། །ས་ཆུ་མེ་རླུང་ནམ་མཁའ་ལ་ཐིམ་པ་ནི། ལྷ་ལ་ལྷ་རིམ་བཞིན་ཐིམ་པའོ། །ཐིག་ལེ་དཀར་དམར་གཉིས་སོ་སོར་གྱེས་པ་ལས། ཕ་ཐབས། ཡུམ་ཤེས་རབ་ལ་ཐིམ་ཤེས་རབ་འོད་གསལ་སྟོང་པ་ཉིད་ལ་ཐིམ། དེ་ལྷར་འཇིགས་པ་ཡང་ལྷར་འཇིགས་པ་འཆི་བ་འོད་གསལ་ཆོས་ཀྱི་སྐུར་གནས། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་སྟེ། དེ་ཡང་ཇི་ལྟར་རྒྱ་མཚོ་དྭངས་པ་ལ། །ཉ་མོ་མྱུར་དུ་ལྡང་བ་དང༌། །ནམ་མཁའ་སྟོང་པ་དག་པ་ཡང༌། །སྤྲིན་གྱི་ཚོགས་རྣམས་ལྡང་བ་ལྟར། །དེ་བཞིན་སྟོང་གསལ་ནམ་མཁའ་ཡང༌། རྣམ་པར་ཤེས་པ་ལྡང་བ་ནི། །ཆོས་སྐུ་ལོངས་སྐུར་བཞེངས་པ་ཡིན། །འོད་གསལ་ཆོས་སྐུ་རྣམ་ཤེས་ཕྲ་མོ་འགྱུས་པས། རྣམ་པར་ཤེས་པ་མྱུ་གུ་ལྟ་བུ་བསྐྱེད། གཡོ་བ་རླུང་གི་མ་སྤྱོད་པས། རྣམ་པར་ཤེས་པ་མི་བསྐྱོད་པར་ལྡང་བའོ། །དེ་རླུང་གིས་གཡོ་བས་རླུང་གི་ཁམས་དམ་ཚིག་སྒྲོལ་མར་བཞེངས༌། རླུང་དང་རྣམ་པར་ཤེས་པ་གཉིས་སུ་འདུས་པས་འདུ་ཤེས་ཀྱི་ཕུང་པོ་དོན་ཡོད་གྲུབ་པའོ། །དྲོ་བ་མེ་ཡི་ཁམས་གོས་དཀར་མོ། འདུ་ཤེས་སྣང་བ་མཐའ་ཡས། ཆུ་མ་མཱ་ཀི། རྣམ་པར་ཤེས་པའི་ཕུང་པོ་རང་སྐལ་རྡོ་རྗེ་སེམས། ས་སངས་རྒྱས་སྤྱན། ཚོར་བ་རིན་ཆེན་འབྱུང་ལྡན། ནམ་མཁའི་ཁམས་དབང་ཕྱུག་མ། འབྱུང་བ་ལྔ་ཡི་རང་སྐལ་དུ་བརྩིས་པ་ཡིན་ལ། ནམ་མཁའི་ཁམས་གཞིར་བཞག་ཏུ་གནས་པ་དེ་དག་ལྟར་བརྩིས་པའོ། །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ནི་བར་དོའི་ལུས་བྱིས་པ་ལ་ལོ་ལྔ་ལོན་པའི་ན་ཚོད་ཙམ་པ་འོད་ལྔ་པ་ནི་རང་བཞིན་གྱིས་འབྱུང་བ་ནི་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ་ལོངས་སྤྱོད་རྫོགས་པའི་སྐུ་དང་མཚུངས་པའོ། །དེ་ནི་ནང་གི་གནས་ལུགས་སོ། །ད་ནི་གཉིས་པ་ཕྱི་རོལ་གྱི་གནས་ལུགས་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལྔ། རང་གི་ཕུང་པོ་ལྔ་ལྷར་ཤེས་པས། ཡུལ་ལྔ་ལྷར་སྣང་བས་ཉི་མའི་འོད་ལྟ་བུ་ཡིན་པ་ལ། ཡུལ་ལྔ་མངོན་དུ་བྱས་པའི་དུས་སུ། མཐོང་བ་ལ་སོགས་པ་མཐོང་བ་དང་ལྷར་ཤེས་པ་དུས་མཉམ་པའོ། །གཟུགས་ཐམས་ཅད་རྡོ་རྗེ། འོག་མ་རྣམས་ཀྱང་དེས་འགྲེའོ། །འབྱུང་བ་ལྔ་ཡང་ས་སངས་རྒྱས་སྤྱན་མ། ཆུ་མ་མཱ་ཀིར་ཤེས་པས་འོག་མ་རྣམས་ལ་ཡང་དེས་འགྲེའོ། །བེམ་རིག་གཉིས་ཀྱིས་བསྡུས་པ་ཡང༌། བེམ་པོ་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ། ཆེ་བའི་རི་རྒྱལ་ལྷུན་པོ་ནས་ཆུང་བའི་རྡུལ་ཕྲ་རབ་ཡན་ཆད་གཟུགས་རྡོ་རྗེའོ། །མེ་སྒྲ་ཆུ་སྒྲ་རླུང་སྒྲ་འབྲུག་སྒྲ་ལ་སོགས་པ་སྒྲ་ཆེ་ཆུང་ཐམས་ཅད་སྒྲ་རྡོ་རྗེར་ཤེས་པར་བྱའོ། །རིག་བཅས་སེམས་ཅན་ཡང་ལྷ་དང་ལྷ་མོར་འཆར་བའོ། །དེ་ལྟར་མཐོང་བ་ཐོས་པ་དྲན་པའི་ཡུལ་དུ་གྱུར་པ་ཐམས་ཅད་ལྷར་འཆར་བ་ཡང༌། ནང་ལྷར་ཤེས་པས་ཕྱི་རོལ་ཐམས་ཅད་ལྷར་འཆར་བའོ། །ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་ལྷར་འཆར་བའོ། །དེ་ལྟར་ཐམས་ཅད་ལྷར་སྣང་བ་ནི། ཡུལ་ཡུལ་ཅན་གཉིས་སུ་མེད་དེ་ཐམས་ཅད་རང་སེམས་ཡིན་པའོ། །སེམས་སྣང་སྟོང་ཟུང་འཇུག་ཆབ་བྲོམ་ཆུར་ཤེས་པའོ། །འཇའ་ཚོན་ནམ་མཁར་ཤེས་པའམ། གསེར་དང་གསེར་གྱི་སེར་པོ་བཞིན་ནོ། །དེ་ནི་བསྒྲུབ་བྱ་སྒྲུབ་བྱེད་ལྟ་བུ་མ་ཡིན་ཏེ། གཞི་ལ་གནས་པ་ལམ་དུ་བསྒོམས་པས། འབྲས་བུ་སངས་རྒྱས་ཀྱི་གཟུགས་སྐུ་གཉིས་ཡིན། དེ་ནི་གསུམ་པ་ལྟར་བྱས་ཀྱང་ཆོས་ཀྱི་དབྱིངས་ཞེས་པ་ནི། སྣང་སྲིད་འཁོར་འདས་བེམ་རིག་གཉིས་ཀྱིས་བསྡུས་པ་ཐམས་ཅད་རང་བཞིན་སྟོང་པ་ནི་ཆོས་ཀྱི་དབྱིངས་ཡིན་ལ། རིག་བཅས་སེམས་ཅན་གྱི་སེམས་ནི་ཆོས་ཀྱི་སྐུ་ཡིན་ཏེ། དེ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་དག་ཅིང་གསལ་བ་སངས་རྒྱས་ཀྱི་ཐུགས་དང་འདྲ་བ་གཅིག་པའོ། །དེ་ལ་གང་ལྟར་སྣང་ཡང་སེམས་མིན་པ་གཞན་མེད། སེམས་ཆོས་སྐུ་ཡིན་པས་ཆོས་སྐུ་མིན་པ་གཞན་མེད། ཅི་ལྟར་བྱས་ཀྱང་ཆོས་ཀྱི་དབྱིངས་ཞེས་པའི་དོན་ནི། ལར་འདི་རྟོགས་ཤིང་བསྒོམ་ན་ཐ་མལ་པའི་སྣང་བ་མེད་པས། ཆོས་ཐམས་ཅད་ཀྱི་གནད་གོ་བས། ཅི་ལྟར་བྱས་ཀྱང་བདེ་བས་གོམས་པ་མཐར་ཕྱིན་ན། གཟུང་འཛིན་དང་གཉིས་སྣང་བག་ཆགས་ཐམས་ཅད་འདག ཡོན་ཏན་ཐམས་ཅད་འབྱུང་བ་ཡིན། ཆོས་རྗེ་ཕག་མོ་གྲུ་པའི་ཞལ་ནས་ཀྱང༌། ང་ལ་ཐམས་ཅད་དགའ་ཞིང་དད་པ་ནི། ངས་ཐམས་ཅད་ཡི་དམ་ལྷར་མཐོང་བས། དེ་ལས་བྱུང་བ་ཡིན་གསུངས་པའི་དོན་དེ་ཡང་གོང་མ་ལྟར་བསྒོམས་ཤེས་པ་ལ་འོང་བ་ཡིན། འགྲོ་བ་མང་པོ་ལ་ཕན་པ་དང༌། འཁོར་དཔག་ཏུ་མེད་པ་འདུ་ཞིང༌། དེ་དག་ཐམས་ཅད་ཀྱང་མི་ཕྱེད་པའི་དད་པ་དང་ལྡན་ཞིང༌། རིགས་རྒྱུད་འཛིན་པ་བཀའ་བཞིན་སྒྲུབ་པ་འབྱུང་བ་ཡིན་ནོ། །ཐམས་ཅད་བདེ་བར་འཆར་བའི་ལེའུ་སྟེ་དྲུག་པའོ།།

རིམ་པ་ལྔ་ཉམས་སུ་བླངས་པའི་ལེའུ་སྟེ་བརྒྱད་པ།

༈ སྡུག་བསྔལ་མེད་ན་ངེས་འབྱུང་མེད། །ངེས་འབྱུང་མེད་ན་བདེ་བ་མེད། །བདེ་ལ་ཞེན་ན་དེ་བས་ཐུ། །ཆུང་ངུའི་ཆུང་ངུ་ལ་བདུད་ཆེན་པོའི་ཆེན་པོ་འཇུག སྨན་མ་ཞུ་བ་ཡང་དུག་དང་འདྲ། དེ་ཡི་རྩ་བ་གང་ཡིན་པ། རྩ་བ་མ་རིག་པ་ཡིན་ཏེ། དེ་ཡི་བྱེད་ལས་ནི་གང་ཡིན་པ། ཉོན་མོངས་པ་དུག་ལྔ་ཡིན། དེས་ལས་མཁན་གང་ཡིན་པ། སྡོམ་པ་ཆགས་པ་གཉིས་ཀྱིས་ལན། དེ་ཡི་ཕུགས་སོ་གང་ཡིན་པ། གཏི་མུག་ཕུགས་ན་ཉལ་བ་ཡིན། འཕགས་པའི་ཡོན་ཏན་ལ་གཏི། ཉོན་མོངས་ལ་མུག དེ་ཡིས་ཉོན་མོངས་བཞི་པོ་བྱ་བྱེད་མང་དུ་བཅུག དེ་ཡི་ཕྱག་བརྙན་གང་ཡིན་པ། མི་དགེ་བཅུ་པོ་ཡིན་པའོ། །ཐོག་མེད་དུས་ནས་འཚོགས་འཚོགས་ནས། །སེམས་ཅན་རྣམས་ལ་སྡུག་ཏུ་བཅུག །འོན་ཀྱང་སྡུག་བསྔལ་མེད་ཅིང་ངེས་འབྱུང་མེད། །བདེ་དང་སྡུག་བསྔལ་གཉིས་ཀ་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཚོགས་དང་འདུས་པ་གང་ཡང་མེད། །ཐོག་མ་བར་དང་དུས་མཐའ་མེད། །བྱས་དང་བྱེད་པ་གང་ཡང་མེད། །འབྲས་བུ་ཐོབ་དང་མ་ཐོབ་མེད། །ཐམས་ཅད་བདེ་བ་ཆེན་པོ་ཡིན། །འདི་ཡི་རྩ་བ་གང་ཡིན་པ། །ཀུན་གཞི་རང་རིག་རྣམ་དག་ཡིན། །དེ་ཡི་བྱེད་པོ་གང་ཡིན་པ། །ཡེ་ཤེས་རྣམ་པ་ལྔ་ཡིན་ཏེ། །དེ་ཡི་ལས་མཁན་གང་ཡིན་པ། །མ་ཆགས་རློམ་སེམས་མེད་པས་ལེན། །དེ་ཡི་ཕུགས་སོ་གང་ཡིན་པ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཕུགས་ན་ཉལ་བ་ཡིན། །ཡོན་ཏན་ཐམས་ཅད་རང་ལ་ཡོད་པར་གསལ། །ཐམས་ཅད་ཡེ་ཤེས་ཉིད་ལས་མི་འདའ་བའོ། །དེ་ཡི་ཡེ་ཤེས་བཞི་པོ་བྱ་བྱེད་མང་དུ་བཅུག །དེ་ཡི་ཕྱག་བརྙན་གང་ཡིན་པ། །དགེ་བ་བཅུ་པོ་གང་ཡིན་པའོ། །ཐོག་མེད་དུས་ནས་དེ་དག་འཚོགས་འཚོགས་ནས། ཐམས་ཅད་སངས་རྒྱས་ཀྱི་བདེ་བ་ལ་བཀོད། དེ་དག་ཤེས་ན་ཤེས་ན་ཤེས་རབ་ཆེ་བ་ཡིན། མི་ཤེས་པ་ལ་མངོན་སུམ་དུ་ནི་བསྟན་པར་བྱ། གཞན་གྱིས་ནོར་ལ་རློམ་སེམས་མི་བྱེད་ཅིང༌། རང་གི་ནོར་ལ་འདོད་ཆགས་དང་སེར་སྣ་ཆེ། ཞེ་སྡང་དང་ང་རྒྱལ་དང་ཕྲག་དོག་གིས་ཀུན་ནས་བསླངས་ནས། རྟ་བཟང་ཞོན། གོས་བཟང་གོན་ནས། རློམ་སེམས་ཀྱིས་ཨ་བོའི་གོང་ན་སུ་ཡོད་སྙམ་ནས་ཕྱིན་པའི་བར། བཀྲེས་ཤིང་སྐོམ། དབུལ་ཞིང་ཕོངས། ངལ་ཞིང་དུབ། ཁུ་རུ་ཁུར་ནས་རྐང་པས་མི་ཐོན་ཅིང་འགྲོ། དགྲས་གཙེར་ཞིང་དབང་ཆུང༌། སྡུག་བསྔལ་དེ་འདྲ་བ་མྱོང༌། དེ་ལ་ལྟོས་དང་ཀྱེ། དེ་ལ་བསམ་ན་ཆོས་ཞིག་གཤའ་མར་བྱེད་པར་རིགས། སྡུག་བསྔལ་དེ་ལྟར་མྱོང་བའི་དུས་བདེ་བ་འབྱུང་བ་དེ། དགེ་སྦྱོར་བཤའ་མ་བྱས་པའི་འབྲས་བུ་ཡིན། རྒྱུ་འབྲས་མངོན་སུམ་དུ་གཟིགས་པའི་ལེའུ་ཏེ་བདུན་པའོ། །དཔལ་གསང་བ་འདུས་པ་ལས། རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །ཞེས་གསུངས་པའི་དོན་ནི། ལས་ཀུན་བྱེད་ཅེས་པ་ནི། འཁོར་འདས་གཉིས་དང་ལུས་ངག་ཡིད་གསུམ་གྱི་ལས་ཐམས་ཅད་རླུང་གིས་བྱེད། རྣམ་ཤེས་བཞོན་པ་སྟེ་ཞེས་པ་ནི། སེམས་ཀྱི་བཞོན་པ་རླུང་ཡིན། ལྔ་ཡི་བདག་ཉིད་ཅེས་པ་ནི། རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔའོ། དེ་ལ་རྡོ་རྗེའི་བཟླས་པར་བསླབ་པ་ནི། རླུང་གི་དེ་ཁོ་ན་ཉིད་འགྲོ་འོང་གནས་གསུམ། འགྲོ་འོང་གནས་གསུམ་གྱི་དེ་ཁོ་ན་ཉིད་ཡི་གེ་འབྲུ་གསུམ། ཡི་གེ་འབྲུ་གསུམ་གྱི་དེ་ཁོ་ན་ཉིད་ཨཱཿ ཨཱཿཡི་དེ་ཁོ་ན་ཉིད་སྐྱེ་བ་མེད་པ། དེ་ནས་དང་པོ་རླུང་ཕྱི་ནས་འཇུག་པའི་དུས་ཨོཾ་དཀར་པོ་སྣ་བུག་གཡོན་ལ་ཞུགས་ཏེ་གཡོན་རྐྱང་མ་ལ་འཁྲིལ་ནས་ལྟེ་བ་ལ་ཨཱཿདམར་པོ་ཡོད་པ་ལ་ཐིམ་པར་བསམ། རླུང་ཕྱིར་འབྱུང་ཙམ་ན་ཡི་གེ་ཧཱུྃ་སྔོན་པོ་རོ་མ་ལ་ཞུགས་ནས་སྣ་བུག་གཡས་ལས་ཕྱིར་འབྱུང༌། རླུང་གི་རྩོལ་བ་རྩོལ་བཅས་དང་རྩོལ་མེད་ལས། རྩོལ་བཅས་ཞི་དྲག་གི་རླུང་བསྒོམ། རྩོལ་མེད་འཇམ་རླུང་བསྒོམ་པར་བྱ། གཉིས་ཀ་ལ་དམིགས་པ་རྡོ་རྗེའི་བཟླས་པ་ལ་སློབ་པར་མཐུན། ཨཱཿལ་སེམས་ཟིན་པ་དེ་རྡོ་རྗེའི་བཟླས་པ་ལ་དམིགས་པའོ། །རྡོ་རྗེའི་བཟླས་པ་དང་སེམས་ལ་དམིགས་པ་གཉིས་བསྒོམས་ནས་སྒྱུ་མ་ལྟ་བུར་བསྒོམ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཐོང་བ་འབྱུང༌། སྒྱུ་མ་ལྟ་བུར་མཐོང་བས་དངོས་པོར་འཛིན་པ་འཇོམས་ཀྱང་སྒྱུ་མ་ཙམ་འཛིན་པར་དངོས་པོ་ཡིན་པས་འོད་གསལ་བསྒོམ་པར་བྱ་སྟེ། རྗེས་སུ་གཞིག་པའི་རིམ་པས་སྣང་བ་གསུམ་གྱིས་ཐིམ་པ་འོད་གསལ་དུ་བསྒོམ་པ་དང༌། སྐད་ཅིག་གིས་གཅིག་ཆར་དུ་འོད་གསལ་དུ་བསྒོམ་པའོ། །ཆོས་ཐམས་ཅད་འོད་གསལ་དུ་ཐིམ་ཞིང་སྒྱུ་མར་ལྡང༌། ཆོས་ཐམས་ཅད་གཉིས་སུ་མེད་པའི་ཟུང་འཇུག་ཏུ་རྟོགས་ཤིང༌། སློབ་པའི་ཟུང་འཇུག་ཏུ་ཉམས་སུ་བླངས་པས་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པའོ། །རིམ་པ་ལྔ་ཉམས་སུ་བླངས་པའི་ལེའུ་སྟེ་བརྒྱད་པའོ།།

ཆོས་ཐམས་ཅད་རང་གི་སེམས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སུ་རྟོགས་པའི་ལེའུ་སྟེ་དགུ་པ།

༈ དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ལས། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་དང༌། །ཐམས་ཅད་ང་ལས་བྱུང་བ་ཡིན། །ཞེས་པའི་དོན་དེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་འདི་ཉིད་ཡིན་སྙམ་པའི་གོ་བ་ཞིག་བྱུང་སྟེ། དེ་ལ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་གཞི་རྩ་དང་བྲལ་བར་རྟོགས་པས་འཁོར་འདས་གཉིས་ཀྱི་བདག་པོའོ། །ཡུལ་དང་སྒོ་དང་རྣམ་ཤེས་དང༌། འདུས་ཏེ་རེག་པ་དང་ཚོགས་དྲུག་རང་གྲོལ་དུ་ཤེས་པས་དངོས་འཛིན་དང་བྲལ་བའི་བདག་པོའོ། །རང་སེམས་སངས་རྒྱས་སུ་རྟོགས་པས་མ་རིག་པའི་རྩ་བ་བདུན་པ་བག་ཆགས་དང་བྲལ་བས། ཆོས་ཉིད་དོན་གྱི་ཀུན་གཞི་དང༌། སྦྱོར་བ་བདུན་པའི་ཀུན་གཞི་དང༌། ཀུན་གཞི་རང་རིག་རྣམ་དག་གི་བདག་པོའོ། །དཀར་པོ་འདུ་བྱེད་ཀྱི་ལས་ཀྱིས་དག་པའི་རྟེན་ཅིང་འབྲེལ་བར་འགྲིགས་པས་རྟེན་འབྲེལ་བཅུ་གཉིས་ཀྱི་བདག་པོའོ། །འཁོར་བའི་ཆོས་ཐམས་ཅད་དེ་ཉིད་ཀྱི་གཞི་རྩར་རྟོགས་པས་འཁོར་བའི་ཆོས་དག་པའི་བདག་པོའོ། །ཐབས་ཀྱི་ཆ་ཕ་རོལ་ཏུ་ཕྱིན་པ་ལྔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཅིག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་གྱི་བདག་པོའོ། །སྟོང་པ་ཉིད་དང༌། དྲན་པ་ཉེ་བར་བཞག་པ་དང༌། རྒྱུན་དུ་ཞུགས་པ་དང༌། རྣམ་པར་ཐར་པ་དང༌། སྟོབས་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག མ་འདྲེས་པའི་ཆོས་རྣམས་དང༌། ཐམས་ཅད་ཤེས་དང༌། ལམ་གྱི་རྣམ་པར་ཤེས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་དང༌། མྱ་ངན་ལས་འདས་པའི་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་བདག་པོའོ། །སེམས་སྟོང་པ་ཉིད་རྒྱུན་ཆད་མེད་པར་རྟོགས་པས་ཆད་པའི་ལྟ་བ་མ་གྲུབ་པའི་བདག་པོའོ། །སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་མི་འདོར་བས་རྟག་པར་ལྟ་བའི་བདག་པོའོ། །ཐམས་ཅད་བརྗོད་དུ་མེད་པའི་ངང་གཟུང་བའི་རྟོག་པ་མ་གྲུབ་པས་གང་ཟག་གི་བདག་མེད་ཀྱི་བདག་པོའོ། །གཟུང་བའི་རྟོག་པ་སྤོང་ཞིང་འཛིན་པའི་ཀུན་ཏུ་རྟོག་པའི་བག་ཆགས་སྤོང་བས་རང་སངས་རྒྱས་ཀྱི་བདག་པོའོ། །ཐམས་ཅད་རང་གི་ཤེས་པ་འདིར་ཉམས་སུ་མྱོང་ཞིང༌། འདི་བྱེད་པའི་རྐྱེན་འཇོག་མཁན་དུ་རྟོགས་པས་མདོ་སྡེ་པའི་བདག་པོའོ། །ཐམས་ཅད་རང་གི་སེམས་རྣམ་པར་མེད་པར་རྟོགས་པས་སེམས་ཙམ་གྱི་བདག་པོའོ། །འདི་སྣང་བ་ཐམས་ཅད་སྒྱུ་མ་ལྟར་སྣང་བས་སྒྱུ་མས་སྒྱུ་མ་སྟོང་པ་དང་སྣང་བ་མི་འགོག སྟོང་པ་མི་སྒྲུབ། ཡོད་མེད་ཀྱི་ཁས་ལེན་དང་བྲལ་བས་བཏང་སྙོམས་དང༌། ཤེས་པ་ཉམས་སུ་མྱོང་བ་འགགས་པས་སྣང་བ་མི་འཆར་བས་རྒྱུ་ཡོད་པ་དང༌། འབྲས་བུ་མེད་པར་འདོད་པ་རྒྱུན་ཆད་པ་དང༌། སྒྱུ་མ་རབ་ཏུ་མི་གནས་པའི་དབུ་མའི་བདག་པོའོ། །འཁོར་འདས་གཉིས་སུ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་སྣང་བ་དང་སྟོང་པ་ལམ་ཐབས་དང་ཤེས་རབ། འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་གཉིས་ཟུང་དུ་འཇུག་པས་གསང་སྔགས་ཀྱི་བདག་པོའོ། །གཉིས་མེད་ཀྱི་ཡེ་ཤེས་ལྷུན་གྱིས་གྲུབ་པས་ཕྱག་རྒྱ་ཆེན་པོའི་བདག་པོའོ། །ཡོན་ཏན་དང་འབྲས་བུ་རང་ལ་ཚང་བས་རྫོགས་པ་ཆེན་པོའོ། །ས་ལམ་མཐར་ཕྱིན་པས་བྱང་ཆུབ་སེམས་དཔའི་བདག་པོའོ། །དོན་བྱ་བའི་ཡུལ་དང་དོན་བྱེད་མཁན་མེད་པས་གཞན་དོན་གྱི་བདག་པོའོ། །སྐུ་གསུམ་རང་ལ་ཚང་བས་སངས་རྒྱས་ཀྱི་བདག་པོའོ། །ཆོས་ཐམས་ཅད་རང་གི་སེམས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སུ་རྟོགས་པའི་ལེའུ་སྟེ་དགུ་པའོ། །རང་ལ་ཕན་པས་གཞན་ལ་ཡང་ཕན་སྙམ་པས། བླ་མའི་ཞལ་གདམས་དང་མཁའ་འགྲོ་མ་རྣམས་ཀྱི་གསང་ཚིག་ཡི་གེར་བྲིས་པ་ལ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་རྣམས་མི་མཉེས་པར་གྱུར་པ་བཟོད་པར་གསོལ། བླ་མ་དང་འཕགས་པའི་ཚོགས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བྱེད་པ་དང༌། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཆོས་འདིས། སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་བྱེད་པར་གྱུར་ཅིག སྒྲིབ་པ་དང་སྐྱོན་ཐམས་ཅད་དག་ཅིང༌། ཡོན་ཏན་ཐམས་ཅད་རྫོགས་པར་བྱེད་པའི་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཅེས་བྱ་བ་ ༧རས་པས་ཡི་གེར་བཀོད་པ་རྫོགས་སོ། །དགེའོ། །


previousཡོན་ཏན་ཐམས་ཅད་རྫོགས་པར་བྱེད་པའི་ལམ་འབྲས་བུ་དང་བཅས་པའི་གདམས་ངགnext