Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་གྱི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་གྱི་རིམ་པ། next

ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་གྱི་རིམ་པ།

དུས་གསུམ་བླ་མ་ཐམས་ཅད་དང༌། །ཡི་དམ་ལྷ་ལ་བདག་གིས་བསྟོད། །ཉིན་ཞག་ཕྲུག་གཅིག་གི་བྱ་བ། བླ་མ་རིན་པོ་ཆེས་གསུངས་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབྲི་བར་བྱ། སྒྲུབ་པ་པོ་རྟེན་གྱི་གང་ཟག་དབང་དང་བྱིན་རླབས་ཐོབ་ནས་དམ་ཚིག་མ་ཉམས་པས། སྒྲུབ་པའི་གནས་དབེན་ཞིང་ཉམས་དགའ་བའི་ས་ཕྱོགས་སུ་འཇིག་རྟེན་བྱ་བ་ངན་པ་ཐག་བསྲིངས་ནས། མཐུན་རྐྱེན་ཚོགས་པར་བྱས་ནས་བདེ་བའི་སྟན་ལ་ལུས་བདེ་བར་བཅོས་ཏེ་བསྡད་ནས། དུས་རྒྱུན་དུ་དགེ་སྦྱོར་རྒྱུན་ཆད་མེད་པར་སྐྱོང༌། དེ་ཡི་ཉམས་སུ་ལེན་ལུགས་ཉིན་ཞག་ཕྲུག་གཅིག་ལ་འདི་ལྟར་བགྱི་སྟེ། དེ་ཡང་སྐུ་གསུམ་འཁོར་ལོ་ཉམས་སུ་བླང་བ་ནི། གཉིད་ལོག་པ་འོད་གསལ་ཆོས་ཀྱི་སྐུ། ཐུན་བཞི་ལོངས་སྤྱོད་རྫོགས་པའི་སྐུ། ཐུན་མཚམས་སྤྲུལ་པའི་སྐུ། དེ་ཡང་རིམ་གྱིས་པ་དང་གཅིག་ཆར་བ་གཉིས། དེ་ལ་དང་པོ་ནི་སྲོད་ལ་བདུད་བཏུལ་བྱ་བའི་ཚུལ་གྱིས། ཟག་བཅས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་ནང་དུ་འདུས་པས། ཉོན་མོངས་པ་དང་རྣམ་པར་རྟོག་པ་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་འོད་གསལ་ཆོས་ཀྱི་སྐུའི་ངང་ལ་ཐིམ། གཉིད་འོད་གསལ་དུ་བཅུག་པས་ཆོས་ཀྱི་སྐུ་ཡིན། གནས་ནི་སྙིང་ཁ་ཆོས་ཀྱི་འཁོར་ལོར་གནས། ལྟེ་བ་འབྱུང་བ་བཞི་ཡི་རླུང་སྐུལ་བྱེད་ཀྱི་ལྷ་མོ་བཞི་གནས་པས་འབྱུང་བ་བཞི་ཡི་རླུང་གཡོས་ནས་འོད་གསལ་ནས་ཆོས་ཀྱི་སྐུའི་ངང་ལ་སེམས་ཅན་གྱི་དོན་ལ་བཞེངས་ཤིག་བྱ་བའི་ཚུལ་གྱིས་བསྐུལ་བས་རྣལ་སད་པའི་འོད་གསལ་ཆོས་ཀྱི་སྐུའི་ངང་ལས་སྤྲུལ་སྐུར་བཞེངས་པ་ཡིན། ཐུན་དེ་ཡིས་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཡིན་ཏེ། སྟན་ལ་ལུས་བདེ་བར་བཅོས་ནས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ལུས་ངག་ཡིད་གསུམ་དགེ་བ་ལ་བསྐོལ་བ་དུས་རིང་ཐུང་གསུམ་དུ་བྱིན་གྱིས་བརླབས། སྦྱོར་བ་ཚོགས་གཉིས་བསགས་ནས་དངོས་གཞི་བསྐྱེད་རྫོགས་བསྒོམ། ལུས་ཡི་དམ་གྱི་ལྷ་ལོངས་སྤྱོད་རྫོགས་པའི་སྐུར་བསྒོམ། མཚན་བཅས་ཀྱི་རྫོགས་རིམ་གཏུམ་མོ་བསྒོམ། མཚན་མ་མེད་པའི་རྫོགས་རིམ་ཕྱག་རྒྱ་ཆེན་པོ་བསྒོམ། ཡི་དམ་ལྷ་ཡི་སྙིང་པོ་བགྲང་བ། ངག་གྲགས་སྟོང༌། སེམས་རིག་སྟོང༌། ལུས་སྣང་སྟོང༌། བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ། དགེ་བའི་རྩ་བ་བསྔོ་བ་བྱའོ། །མཉམ་བཞག་དེ་ལས་ལངས་པ་ན་ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་པའི་སྐུར་ལྡང་བ་ཡིན། ཆུ་དང་ཕྱི་ས་དོར་བ་ལ་སོགས་པ་ལུས་ཀྱི་དྲི་མ་བསལ། གོས་ཚགས་ལེགས་པར་བསྡམ། ཡི་དམ་གྱི་ལྷ་གང་ཡིན་ཡང་སྤྲུལ་པའི་ཞལ་གཅིག་ཕྱག་གཉིས་པ་བསྒོམ། བདག་མཐོང་བ་ཐོས་པ་དྲན་པ་རེག་པ་རྐྱེན་ཉེ་བར་གྱུར་པ་རྣམས་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བདག་ལ་བརྟེན་ཏེ་བདེ་བར་བྱ་སྙམ་དུ་བསམས་ནས། ཆུ་ཡན་ལག་བརྒྱད་དང་ལྡན་པས་ཁྲུས་བྱ་བ་ནི། ལག་པ་གཡས་པའི་མཐིལ་དུ་ཆུ་བླུགས་ལ་གཡོན་པའི་སྲིན་ལག་གིས་དཀྲུགས་ལ། ཨོཾ་ཨཱཿཧཱུྃ། གསུམ་གྱི་བྱིན་གྱིས་བརླབས་ནས། གདོང་དང་སོའི་དྲི་མ་བཀྲུས་ཏེ། བྱང་ཆུབ་ཀྱིས་ལུས་ཀྱི་དྲི་མ་དག་པར་བསམ། ཆུ་ཡི་ལྷག་མ་ཆུ་འཁྱོར་གང་ཡི་དྭགས་ལ་ཨོཾ་ཨུ་ཙི་ཏ་ཧ་རི་བྷྱ་སྭཱ་ཧཱ། ཞེས་བརྗོད་ལ་སྦྱིན། དེ་ནས་རང་གི་མདུན་དུ། རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་ཟླ་བའི་སྟེང་དུ་ཇོ་བོ་ཛཾ་བྷ་ལ་བཞུགས་པར་བསྒོམ། དེ་ཡང་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །དེ་ནས་གཙང་མ་འཁྱོར་མོར་འབུལ་ལ་བདུད་རྩི་དབུལ་བར་བསམ་སྟེ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། །ཞེས་བརྒྱའམ་སྟོང་ལ་སོགས་པས་འབུལ་ལོ། །ལོངས་སྤྱོད་འདོད་ན། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་བདག་གི་ལོངས་སྤྱོད་བྷ་སུ་སྤུ་ཏི་ཏ་མེ་ཀུ་རུ་སྭཱ་ཧཱ། །ཞེས་པས་འབུལ་ལོ། །ལྷ་མི་དམིགས་པར་བྱས་ལ། ཆུ་དེ་ཆུ་ནང་བླུགས་སམ་གཙང་སར་དོར་རོ། །དེ་ནས་དཀོན་མཆོག་གི་སྤྱན་སྔར་ཕྱིན་ཏེ་རྟེན་དངོས་སུ་བཞུགས་པ་དང་གདན་དྲངས་པ་ནི། ན་མོ་གུ་རུ། རྟོག་མེད་ཕྱོགས་བྲལ་ཆོས་ཀྱི་ཕོ་བྲང་ན། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །དངོས་དང་བརྒྱུད་པའི་རྗེ་བཙུན་འཁོར་དང་བཅས། །ཐུགས་རྗེ་སྨོན་ལམ་དབང་གིས་གནས་འདིར་གཤེགས། །ཨོཾ་བཛྲ་སརྦ་ས་མུན་ཛཿཛཿཧཱུྃ། ཞེས་བརྗོད་པས། བླ་མ་དཀོན་མཆོག་དང་ཡི་དམ་ཆོས་སྐྱོང་ལ་སོགས་པ་ཐམས་ཅད་བྱོན་པར་བསམ། སྐུ་ལ་བལྟ་བའི་མཆོད་པ་ནི། བླ་མ་དཀོན་མཆོག་ཡི་དམ་གྱི་ལྷ་དང་ཆོས་སྐྱོང་ལ་སོགས་པ་ཐམས་ཅད་ཞལ་མཐོང་ཨ་རེ་དགའ་སྙམ་དུ་བསམ། དེ་ནས་རང་གི་ལུས་རྡུལ་སྙེད་ཙམ་དུ་སྤྲུལ་ལ། ཡན་ལག་མལ་ལྔ་ས་ལ་བཙུགས་ཏེ། ངག་ཚིགས་སུ་བཅད་པ་བརྗོད་ཅིང་ཡིད་དང་བས་ཕྱག་འཚལ་ལོ། །དེ་ནས་དཀོན་མཆོག་གི་སྤྱན་སྔར་བསྡད་ནས་མཆོད་པ་བཤམ་པ་མེད་ན་ཡིད་ཀྱིས་འབུལ། བཤམས་པ་ཡོད་ན། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེར་མེད་པ་ལས་བྱུང་བར་བྱིན་གྱིས་བརླབས། དེ་ནས་མནྜལ་འབུལ་བ་ནི། མཎྜལ་གྱི་དངོས་པོ་གང་ཡིན་པ་ཡང་རིན་པོ་ཆེའི་ས་གཞི་མཉམ་པ་སྙོམས་པ་དབུས་བག་ཙམ་མཐོ་བ། ཚོམ་བུ་ཉི་ཤུ་རྩ་གསུམ་པའམ། བཅུ་བདུན་ནམ་བཅུ་དགུ་པའམ། བདུན་པས་སྒྲུབ་པའི་མཎྜལ་བཤམས་ལ། དེ་ཡང་མཎྜལ་འདིས་མཚོན་པར་བྱས་ནས། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ལོངས་སྤྱོད་འབྱོར་པ་རིན་པོ་ཆེ་སྣ་ཚོགས་ནོར་བུ་དབང་གི་རྒྱལ་པོའི་བསོད་ནམས་ལས་གྲུབ་པ། མདོར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ལས་བྱུང་བ་ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་བ་ཕུན་སུམ་ཚོགས་པ་འབྱུང་ཞིང་ཕྱི་ནང་གི་འཚེ་བ་མེད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མི་སྟོང་ཞིང་ཞིང་ཁམས་རྣམ་པར་དག་པ་ཕུན་སུམ་ཚོགས་པ་རབ་འབྱམས་ཆོས་ཀྱི་དབྱིངས་ཀྱི་ཀླས་པ་ཙམ་དུ་བསམ་ལ། བླ་མ་ཡི་དམ་གྱི་ལྷ་ཚོགས་ཆོས་སྐྱོང་བའི་སྲུང་མ་ལ་སོགས་པ་ཐམས་ཅད་ལ་ཚིག་འདིས་འབུལ་བ་ནི། དབུས་ཀྱི་རི་རྒྱལ་ལྷུན་པོ་ལ། །གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར། །ཉི་ཟླ་ཟུང་གཅིག་བསྐོར་བ་བྱེད། །གསེར་དང་དངུལ་དང་ཤེལ་དག་ལ། །མུ་ས་གརྦྷ་བཻཌཱུརྻ། །མུ་ཏིག་དམར་དང་རྡོ་སྙིང་སྟེ། །ཀུན་གཙོ་རིན་ཆེན་སྣ་བདུན་དང༌། །བུམ་པ་བཟང་པོའི་གཏེར་གྱིས་བརྒྱན། །རྗེ་བཙུན་བཀའ་དྲིན་ཅན་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ལས་དང་སྡིག་སྒྲིབ་སྦྱང་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་མཎྜལ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གཞན་ཡང་ལྷ་གང་དང་གང་ལ་མཚན་ནས་བརྗོད་ཅིང་འབུལ་ལོ། །གཞན་ཡང་མཆོད་པ་ཐམས་ཅད་རི་རབ་བས་དཔངས་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་པ། ལྷོ་སྤྲིན་བས་རྔམ་འཐུགས་པ། ནམ་མཁའ་བས་རྒྱ་ཆེ་བ། ཡུན་འཁོར་བའི་རྒྱ་མཚོ་མ་སྟོང་བའི་བར་དུ་སེམས་ཅན་ཐམས་ཅད་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བར་བསམ་ལ། ཆུ་གཙང་མེ་ཏོག་བདུག་སྤོས་སྣང་གསལ་དྲི་མཆོག་ཞལ་ཟས་སིལ་སྙན་རིན་པོ་ཆེ་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཀྱི་མཆོད་པ་ཐམས་ཅད་འབུལ་ལོ། །དེ་ནས་ལུས་འབུལ་བའི་མཆོད་པ་ནི། ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་འབུལ་ལོ། །དེ་ནས་སྙན་ཞིང་ཡིད་དུ་འོང་བ་དོན་དང་ལྡན་པས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །དེ་ནས་སྡིག་པ་བཤགས་པ་ནི། བདག་གིས་གསང་སྔགས་སྒོར་ཞུགས་ནས། །རྩ་བ་དང་ནི་ཡན་ལག་གི །ཁས་བླངས་དམ་ཚིག་འགལ་བ་རྣམས། །རྗེ་བཙུན་རྣམས་ཀྱི་སྤྱན་སྔར་བཤགས། །རྗེས་སུ་ཡི་རང་བ་ནི། རྗེ་བཙུན་བཀའ་དྲིན་ཅན་རྣམས་ཀྱི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང༌། །ཕྲིན་ལས་མཛད་པའི་རིམ་པ་ལ། །བདག་ནི་རྗེས་སུ་ཡི་རང་ངོ༌། །སྐྱབས་འགྲོ་ཁྱད་པར་ཅན་ནི། ད་ལྟའི་དུས་འདི་ནས་བཟུང་ནས། །བྱང་ཆུབ་སྙིང་པོར་མཆིས་བར་དུ། །དངོས་དང་བརྒྱུད་པ་ལ་སོགས་པ། །རྗེ་བཙུན་རྣམས་ལ་སྐྱབས་སུ་མཆི། །སྨོན་ལམ་འདེབས་པ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཕྱག་རྒྱ་ཆེན་པོར་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །འཇུག་པ་སེམས་བསྐྱེད་ནི། འབྲས་བུ་ཀུན་མཁྱེན་ཡེ་ཤེས་ཀྱི། །ལམ་གྱི་ནང་ན་མཆོག་གྱུར་པ། །ངེས་དོན་ཞལ་གྱི་གདམས་པ་རྣམས། །བདག་གི་རྒྱུད་ལ་བརྟེན་པར་བགྱི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཐུགས་རྗེས་འོད་གསལ་གྱི་ངང་ལས་མ་གཡོས་ཀྱང༌། །སྐུ་གསུམ་སྒྱུ་མར་བཞེངས་མཛོད་ལ། །ལས་དང་སྐལ་ལྡན་གྱི་སེམས་ཅན་ལ། །སྙན་བརྒྱུད་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བར་བཞུགས་སུ་གསོལ་བ་ནི། ཤེས་པས་སྲིད་ལ་མི་གནས་ཤིང༌། །ཐུགས་རྗེས་མྱ་ངན་མི་འདའ་ཞིང༌། །དུས་ཇི་སྲིད་འཁོར་བ་གནས་བར་དུ། །འགྲོ་བའི་དོན་ལ་བཞུགས་སུ་གསོལ། །དེ་ལྟར་གསོལ་བ་བཏབས་ནས་བསྔོ་བ་བྱ་བ་ནི། དམ་པ་སྐྱེས་མཆོག་རྣམས་ལ་གསོལ་བཏབས་མཐུས། །དེ་རྗེས་འཇུག་པའི་མོས་གུས་དད་འབུལ་རྣམས། །བྱིན་རླབས་དབང་གིས་རང་རྒྱུད་སྨིན་བྱེད་ཅིང༌། །གཞན་དོན་འབད་མེད་ལྷུན་གྲུབ་འབྱུང་བར་ཤོག །དེ་ནས་སྟན་ལ་ལུས་བདེ་བར་བཅོས་ནས་བསྡད་ནས། བཞེས་པའི་བྱིན་ལེན་བྱས་ཏེ། ཟས་ཀྱི་རྣལ་འབྱོར་བྱ་བ་ནི། རང་ཉིད་ཡི་དམ་གྱི་ལྷར་བསྒོམ། ཟས་ཕུད་ལྷ་བཤོས་ལེགས་པ་གཅིག་བྱས་ལ། ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་སྭཱ་ཧཱ། །ཞེས་བརྗོད་པས་བླ་མ་ལ་འབུལ། ཡང་གཅིག་དཀོན་མཆོག་གསུམ་ལ་འབུལ། ཡང་གཅིག་ཆོས་སྐྱོང་བའི་སྲུང་མ་ལ་དབུལ། ཡང་ཆངས་བུ་གཅིག ཨོཾ་ཨ་ཏྲ་བན་དྷ་སིད་བྷྱེ་སྭཱ་ཧཱ། །ཞེས་བརྗོད་པས་ཕུད་ལ་དགའ་བའི་འབྱུང་པོ་ལ་དབུལ། ཡང་ཆངས་བུ་གཉིས་བྱས་ལ། འཕྲོག་མ་མ་བུ་ལ། ཨོཾ་ཧ་རི་ཏི་སྭཱ་ཧཱ། །ཞེས་པའི་སྔགས་ཀྱིས་བསྔོ། དེ་ནས་ཐེབ་ཙེ་གཅིག་ཏུ་ཕུད་བཅད་དེ་ཆུ་བླུགས་ནས་གཏོར་མ་དེ་ལ་དམིགས་ནས། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །རིན་ཆེན་མང་ལ་ཕྱག་འཚལ་བས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བ་ཡིན་པས། གཏོར་མའི་སྣོད་པད་གཞོང་ཡངས་ཤིང་རྒྱ་ཆེན་པོ་སྟོང་གསུམ་ཙམ། བཅུད་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པར་གྱུར་པར་བསམ། གཟུགས་དམ་པ་ལ་ཕྱག་འཚལ་བས་རྗེ་བཙུན་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་བ་ཡིན་པས། སྤྱིར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཁྱད་པར་དུ་ཡི་དྭགས་རྣམས་གཟུགས་ཕུན་སུམ་ཚོགས་པར་བསམ། སྐུ་འབྱམས་ཀླས་ལ་ཕྱག་འཚལ་བས་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་བ་ཡིན་པས་ཟས་ཀྱི་སྒྲིབ་པ། ལོངས་སྤྱོད་ཀྱི་སྒྲིབ་པ། འཁོར་གྱི་སྒྲིབ་པ། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་སྒྲིབ་པ་དག་པར་བསམ། འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་བས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་བ་ཡིན་པས། འཇིགས་པ་དང་ཉམ་ང་བ་དང༌། བག་ཚ་བ་ལ་སོགས་པ་ཐམས་ཅད་དང་བྲལ་བར་བསམ། དེ་ནས་ཨོཾ་ཨཱཿཧཱུྃ། གསུམ་མམ་བདུན་བརྗོད་པས་བདུད་རྩིར་གྱུར་བར་བསམ། དེ་ནས་རིགས་དྲུག་སེམས་ཅན་ཐམས་ཅད་ཡི་དྭགས་ཀྱི་ཚོགས་རྣམས་མགྲོན་དུ་བསམ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་པ་ལན་བདུན་བརྗོད་པས། དེ་དག་གིས་གསོལ་བས་བདེ་བ་རྒྱུད་ལ་སྐྱེས། དེ་ནས་བདག་གི་བསོད་ནམས་སྟོབས་དང་ནི། །ཞེས་པ་ལ་སོགས་པའི་ཚིགས་བཅད་དང༌། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཅེས་པའི་ཚིག་གི་རྟེན་འབྲེལ་གྱིས་ཆོས་བཤད་བྱས་པས་བླ་ན་མེད་པའི་བྱང་ཆུབ་ཐོབ་ནས་སོ་སོ་རང་རང་གི་གནས་སུ་བདེ་བར་དེངས་པར་བསམ། དེ་ནས་རྣལ་འབྱོར་རྟག་ཏུ་གཡོན་པས་སྤྱད། །ཅེས་པའི་དོན་དུ། ཆོས་ཉིད་དོན་གྱིས་གཡོན་པ་མི་བརྗེད་པར་བྱ་བའི་ཕྱིར། ཐ་སྙད་ཀྱིས་གཡོན་པ་ལ་ལག་པ་གཡོན་པས་ཁམས་ཀྱི་དང་པོ་བཅད་ནས། རང་ཉིད་ཡི་དམ་གྱི་ལྷར་བསྒོམས་པའི་ཞལ་དུ་དབུལ། དེ་ཡང་ཨོཾ་ཨཱཿཧཱུྃ་གིས་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ལ། མི་ཡེངས་པར་གསོལ། གལ་ཏེ་ཟས་གསོལ་དུས་སུ་བརྗེད་པར་གྱུར་ན། དེའི་རྗེས་ལ་ཕུང་པོ་ཁམས་སྐྱེ་མཆེད་ལྷ་ཚོགས་སུ་བསམ་ལ། ཤ་ལྔ་བདུད་རྩི་ལྔ་བསམ། རང་གི་ཐུགས་ཀར་ཡི་དམ་ལྷ་ཚོགས་བསྒོམས་ལ། གསང་གནས་སུ་མེ་ཐབ་གྲུ་གསུམ་ནང་དུ་གཏུམ་མོའི་མེ་འབར་བས་ཕོ་བའི་ནང་གི་ཟས་ཐམས་ཅད་བཞུ་སྟེ། དྭངས་མས་ཐུགས་ཀའི་ཡི་དམ་གྱི་ལྷ་རྣམས་མཆོད། སྙིགས་མ་འོར་ལྷུང་བ་བབ། ལྟེ་བའི་ནང་དུ་བསྲེག་བླུག་བྱ་ཞེས་པའི་དོན་དང༌། ཡིད་ཀྱིས་ཁར་མེ་སྦར་ཅེས་པའི་དོན་ནི། ཧོམ་ཁུང་དུ་བྱ་ལག་པ་དགང་གཟར་གྱིས་བླུགས་པས། རླུང་ཁུག་པ་གསུམ་ཙམ་བཟུང་བས། ཡིད་ཀྱིས་གཏུམ་མོའི་མེ་སྦར་བས་ཟས་དེ་དག་ཐམས་ཅད་བཞུ་སྟེ། དངས་མས་ལྷ་མཆོད་པ་ནི། དེས་ནི་ཟས་ཀྱི་རྣལ་འབྱོར་རམ། ནང་གི་སྦྱིན་སྲེག་ཅེས་བྱའོ། །ཟས་ཟོས་ཚད་ཚོགས་ཀྱི་འཁོར་ལོར་འགྲོ་བས། བསོད་ནམས་ཆེ་བ་ཡིན་ནོ། །ལྷག་མ་ཆངས་བུ་གཅིག ཨོཾ་ཨུ་ཙི་ཏ་ཧ་རི་བྷྱེ་སྭཱ་ཧཱ། ཞེས་བརྗོད་ལ་ཡི་དྭགས་ལ་སྦྱིན། དམ་པའི་ཆོས་འདུལ་བ་ན་ཡང༌། ཟས་གསོལ་བའི་རྗེས་ལ། གཏུང་བ་ཆུ་ཡིས་དེ་འོག་ཏུ། །སྦྱིན་པ་ཡང་དག་སྤེལ་བྱའི་ཕྱིར། །སྦྱིན་པའི་ཚིགས་བཅད་གཉིས་ཤིག་བརྗོད། །ཅེས་གསུངས་པ་ནི། དེ་ནས་ཆུས་ཞལ་བསིལ་ནས། རང་ཉིད་ཡི་དམ་གྱི་ལྷར་བསྒོམ་ལ། ལྗགས་རྡོ་རྗེ་སྦུ་གུའི་ཁོང་གསེང་ནང་ནས་ཆོས་ཀྱི་སྒྲ་བསྒྲགས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཆོས་བཤད་པར་བསམ་ལ་མདོ་འདོན་པར་བྱའོ། །རྗེས་བསྔོ་བ་དང་སྨོན་ལམ་གདབ་བོ། །དེ་ནས་མལ་དུ་ལངས་ཏེ་ཞུགས་ནས་ཐུན་གཉིས་པ་སྔ་དྲོའི་ཐུན་ལ་ལོངས་སྤྱོད་རྫོགས་པའི་སྐུར་སྦྱོར་དངོས་རྗེས་གསུམ་གྱིས་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པར་བྱའོ། །ཡང་མཉམ་བཞག་དེ་ལས་སྤྲུལ་པའི་སྐུར་བཞེངས་ཏེ། དྲོ་རན་པའི་དུས་སུ་ཡན་ལག་བདུན་པ་བྱས་ལ། དྲོ་གསོལ་བའི་དུས་སུ་ཟས་ཀྱི་རྣལ་འབྱོར་དང་མདོ་འདོན་པ་དང་གཏོར་མ་ལ་སོགས་པ་སྔ་མ་བཞིན་དུ་བྱའོ། །ཐུན་མཚམས་ཉི་མའི་གུང་ལ་སྤྲུལ་པའི་སྐུའི་ང་རྒྱལ་དང་ལྡན་པས་བླ་མ་ཡི་དམ་མམ་བདེ་བར་གཤེགས་པའི་རྟེན་ལ་བསྐོར་བ་བྱ་བ་ནི། རང་གི་རྐང་པ་གཉིས་ཀྱི་མཐིལ་དུ་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསམ་ལ། རྐང་པའི་མཐིལ་དང༌། ལུས་དང༌། དབང་པོ་ལྔ་ལས་འོད་ཟེར་འཕྲོས་པས་རང་གི་སྒྲིབ་པ་དང་སེམས་ཅན་གྱི་སྒྲིབ་པ་དག་པར་བསམ། གཟུངས་བྱིན་རླབས་ཅན་ནམ། ཡི་དམ་གྱི་སྙིང་པོའམ། བདེ་བར་གཤེགས་པའི་བསྟོད་པའམ། བླ་མའི་བསྟོད་པ་བརྗོད་ཅིང་བསྐོར་བ་བྱའོ། །དེ་ནས་མཆོད་རྟེན་བཞེངས་པའམ། ཚ་ཚ་བཏབ་པའམ། བདེ་བར་གཤེགས་པའི་མཆོད་རྟེན་བཞེངས་པ་ནི། རང་ཉིད་སྐད་ཅིག་གིས་ཡི་དམ་གྱི་ལྷར་བསྒོམས་ལ། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ༌། མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་སྙམ་དུ་སེམས་བསྐྱེད་ནས། རིན་པོ་ཆེ་སྣ་བདུན་ནམ། སའམ། གཞན་ཡང་དངོས་པོ་གཞན་དང་གང་ཡང་རུང་བ་དེ་དག་ལ་དམིགས་ཏེ། སྭ་བྷཱ་ཝའི་སྔགས་བརྗོད་པས་སྟོང་པར་བསྒོམ། སྟོང་པའི་ངང་ལས་རྫས་དེ་དག་ཐམས་ཅད་རིན་པོ་ཆེ་སྣ་བདུན་དུ་གྱུར་པར་བསམ། དེའི་སྟེང་དུ་ཨཱཿདཀར་པོ་གཅིག་བསམ། དེ་ཡོངས་སུ་གྱུར་པ་ལས་ཟླ་བ་བསམ། ཟླ་བའི་སྟེང་དུ་ཨོཾ་དཀར་པོ་གཅིག་བསམ། ཨོཾ་དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་བསྒོམ། དེ་ནས་དེའི་སྟེང་དུ་ཨཱཿདམར་པོ་གཅིག་བསམ། ཨཱཿཡོངས་སུ་གྱུར་པ་ལས་པདྨ་བསམ། པདྨ་དེའི་སྟེང་དུ་ཨཱཿདམར་པོ་གཅིག་བསམ། ཨཱཿདེ་ཡོངས་སུ་གྱུར་པ་ལས་སྣང་བ་མཐའ་ཡས་བསྒོམ། དེའི་སྟེང་དུ་ཧཱུྃ་གཅིག་བསམ། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་གཅིག་བསམ། དེ་ནས་དེ་དག་ཐམས་ཅད་འོད་དུ་ཞུ་ནས་འོད་ཀྱི་གོང་བུ་དཀར་པོ་གཅིག་ཏུ་བསྒོམ། འཇིམ་པའི་ཚ་ཚ་བྱེད་ན་འབི་འབི་བྱ། སྐུ་ཕོར་ནང་དུ་བཅུག་ཙ་ན་རྡོ་རྗེ་བསམ། ཕྱུང་ཙམ་ནས་སྐུར་བསམ། དེ་བཞིན་ཚ་ཚ་གྲངས་མང་གདབ། དེ་ནས་གདན་ལ་བཞུགས་སུ་བཅུག་ནས། ཚ་ཚ་རེ་རེའི་སྟེང་དུ་ཨོཾ་ལས་རྣམ་པར་སྣང་མཛད། ཨཱཿལས་སྣང་བ་མཐའ་ཡས། ཧཱུྃ་ལས་རྡོ་རྗེ་སེམས་དཔར་བསྐྱེད། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་ནས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་གདན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ། དེ་ལ་ཕྱག་དང་མཆོད་པ་ཕུལ་ནས། ཛཿཧཱུྃ་བྃ་ཧོས་སྐུ་རིགས་གསུང་རིགས་ཐུགས་རིགས་ཡོན་ཏན་རིགས་ཕྲིན་ལས་རིགས་ཐམས་ཅད་སོ་སོ་རང་རང་ལ་ཐིམ་པར་བསམ། དེ་ནས་བཞུགས་གནས་བདེ་བ་ལ་བཞུགས་སུ་བཅུག་ནས་རྟག་ཏུ་མཆོད་པར་བྱ། གཞན་ཡང་རིན་པོ་ཆེ་ལ་སོགས་པ་རྒྱུ་གང་ལ་བཏང་ཀྱང་དེ་ཁོ་ན་བཞིན་ནོ། །གཞན་ཡང་ཆུ་བོ་ཆེན་པོའི་འགྲམ་ན་བྱེ་མའི་བདར་ཡོད་པ་ལ་སྔ་མ་བཞིན་དུ་བསྒོམས་ནས། ཡེ་དྷརྨཱ་བརྗོད་བྱིན་གདབ་པར་བྱའོ། །རྒྱུ་དེ་ནས་བྱེ་མ་ཆུ་ལ་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་འདག་པ་ཡིན། གཞན་ཡང་འཁོར་ལོ་བྱས་ནས་དེའི་རྩིབས་ལ་གཟུངས་བྱིན་རླབས་ཅན་མང་པོ་བྲིས་ནས་འཁོར་ལོ་དེ་ཆུ་ཡུར་ལ་འཁོར་བར་བྱས་ཏེ། རབ་གནས་བྱས་ནས་རྟེན་འབྲེལ་ཀྱི་སྔགས་བརྗོད་ཅིང་མེ་ཏོག་གཏོར་དུས་རྒྱུན་དུ་འཁོར་དུ་བཅུག་ན་སེམས་ཅན་གྱི་སྡིག་པ་འདག་པ་ཡིན། གཞན་ཡང་ཆུ་ལ་འདེབས་ན་སྐུ་ཕོར་ནང་དུ་ཆུ་བླུག་གིན་རྟེན་འབྲེལ་བརྗོད་ཅིང་བཏབ་ན་སེམས་ཅན་ཀྱི་སྡིག་པ་འདག་པ་ཡིན་ནོ། །གཞན་ཡང་ནམ་མཁའ་དང་འོད་དང་རླུང་ལ་འདེབས་ན། ཀློ་རྡེབས་སམ་སྐུ་ཕོར་ལག་ཏུ་བཟུང་སྟེ། རྟེན་འབྲེལ་བརྗོད་ཅིང་ཚ་ཚ་བཏབ་པས་སྐུར་ལམ་ལམ་གྲུབ་པར་བསམ་ཞིང་གདབ་བོ། དེ་ནས་སྦྱིན་པ་གཏོང་བ་ནི། ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ། མི་འཇིགས་པའི་སྦྱིན་པ་བྱ་བའོ། །དེ་ནས་ཁྱད་པར་དུ་ཡང་ཆུ་སྦྱིན་པ་ནི། ཆུ་བོ་ཆེན་པོའི་འགྲམ། ཆུ་ཀླུང་གི་རྩར། རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་བསྒོམ་སྟེ། སྤྱིར་རིགས་དྲུག་ཁྱད་པར་དུ་ཡི་དྭགས་འཇུར་བགེགས་མ་ལ་སོགས་པ་ལ་ཆུ་སྦྱིན་པ་ནི། ལྕགས་ཀྱི་སྣོད་མ་ཡིན་པ་ལ་ཆུ་བཅུས་ཏེ་བ་དན་གསུམ་གྱི་ཕྱག་རྒྱས་རེག་ལ། ཨོཾ་ཛྭ་ལ་མི་དཾ་སརྦ་པྲེ་ཏེ་བྷྱ་སྭཱ་ཧཱ། ཞེས་པ་བརྒྱ་སྟོང་ལ་སོགས་པས་ཆུ་སྦྱིན་ནོ། །མཚེའུ་སྟེང་ངམ་ཆུ་བོ་ལ་ཡང་དེ་བཞིན་དུ་བྱའོ། །རང་གིས་གཞན་ལ་ཆོས་ཉན་པ་ཡིན་ན་སྐབས་དེར་ཉན་པར་བྱ། གཟུངས་བྱིན་རླབས་ཅན་ནམ། བདེ་བར་གཤེགས་པའི་མདོ་འདོན་པར་བྱའོ། །རང་ཉིད་ཆོས་འཆད་པ་པོ་ཡིན་ན། ཟང་ཟིང་མེད་པར་སེམས་ཅན་ལ་ཆོས་ལེགས་པར་བཤད་པར་བྱའོ། །གྲུབ་མཐའི་འགལ་འབྲེལ་དང༌། ཐོས་པའི་ཆོས་དང༌། ལས་རྒྱུ་འབྲས་རྟག་ཏུ་བསམ་པར་བྱའོ། །མཉམ་བཞག་གི་དུས་སུ་ཡང་བསྐྱེད་རྫོགས་ལ་སོགས་པ་བསྒོམ་པར་བྱའོ། །དེ་ནས་དགོང་ཇ་གསོལ་ཏེ། ཐུན་གསུམ་པ་དགོང་ཐུན་གྱི་དུས་སུ་ལོངས་སྤྱོད་རྫོགས་པའི་སྐུ་སྦྱོར་དངོས་རྗེས་གསུམ་གྱི་ཟུང་འཇུག་ཡན་ཆད་བསྒོམ་པར་བྱའོ། །མཉམ་བཞག་དེ་ལ་སྤྲུལ་སྐུར་བཞེངས་ཏེ། འབྱུང་གཏོར་དང་ནང་གཏོར་བཏང་སྟེ། ཡན་ལག་བདུན་པ་བྱས་ནས། ཐུན་བཞི་པ་སྲོད་ཐུན་གྱི་དུས་སུ་ལོངས་སྤྱོད་རྫོགས་པའི་སྐུ་སྦྱོར་དངོས་རྗེས་གསུམ་གྱི་ཟུང་འཇུག་ཡན་ཆད་བསྒོམ་པར་བྱའོ། །ཉིན་ཞག་ཕྲུག་གཅིག་གི་དགེ་བའི་རྩ་བ་བསྔོས་ནས་ནམ་གྱི་གུང་ལ་འོད་གསལ་ཆོས་ཀྱི་སྐུར་གཞུག་པར་བྱའོ། །རྨི་ལམ་བྱུང་ན་ཡང་འོད་གསལ་ཆོས་སྐུ། རྒྱུ་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བར་ཤེས་པར་བྱའོ། །འགྲོ་འཆག་ཉལ་འདུག་སྤྱོད་ལམ་རྣམ་པ་བཞི་ཡང་འོད་གསལ་དུ་འཇུག སྤྲུལ་སྐུར་ལྡང༌། ལོངས་སྤྱོད་རྫོགས་པའི་སྐུར་གསལ་ལ་སྐུ་གསུམ་ཚང་བར་བསྒོམ་པར་བྱའོ། དེ་ལྟར་རིམ་སྐྱེས་པས་ཉམས་སུ་བླང་བར་བྱའོ། །དེ་དག་དངོས་པོའམ་མཚན་མ་ཅན་དུ་གོ་ན་ཡང་དེ་དག་སོ་སོ་རང་རང་གིས་སྟོང་པ་ཡིན། ཕྱག་རྒྱ་ཆེན་པོ་མི་བསྒོམ་མམ་སྙམ་ན། དེ་དག་ཐམས་ཅད་རང་གི་སེམས་ཡིན། དེ་དག་ཕྱག་རྒྱ་ཆེན་པོ་ཡིན། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཡིན། དེ་དག་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་ཡོད་ན་སྟོང་ཉིད་ཁྱད་པར་ལྟ་བ་བསྒོམ་དོགས་ཡོད། དེས་ན་ཆོས་ཐམས་ཅད་ཟུང་འཇུག་གཉིས་སུ་མེད་པ་བསྒོམ་པར་བྱའོ། །གཅིག་ཆར་བའི་རྟེན་གྱི་གང་ཟག་གིས་ཉམས་སུ་བླང་བ་ནི། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས། སེམས་ཕྱག་རྒྱ་ཆེན་པོར་ལྷུན་གྱིས་གྲུབ་པ་རྟོགས་པས་གཅིག་ཆར་བའོ། །དེ་ལ་སྤང་བླང་དང༌། བཏང་བཞག་དང༌། རེ་དོགས་མེད་པར་ལྷུན་གྱིས་གྲུབ་པ་ཡིན་ཡང༌། རིམ་གྱིས་ཉམས་སུ་བླང་བྱ་དེ་དག་ཉམས་སུ་བླངས་ཀྱང༌། གཅིག་ཆར་བའི་ལམ་ཡིན་པའོ། །ལམ་གཉིས་ཀ་སྐུ་གསུམ་གྱི་འཁོར་ལོ་རང་ཉམས་སུ་བླངས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མངོན་པར་རྫོགས་པར་སངས་རྒྱས་པ། སྤྱིར་བླ་མ་ཐམས་ཅད། ཁྱད་པར་དུ་བླ་མ་རིན་པོ་ཆེ་སངས་རྒྱས་སྒོམ་པའི་ཉམས་ལེན་ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་གྱི་རིམ་པ། དགེ་བཤེས་ལོ་ཙཱ་བ་དང༌། ཤེས་རབ་སྐྱབས་གཉིས་ཀྱིས་ཞུས། བླ་མའི་གསུང་སྒྲོས་མ་ནོར་བར་༧ཏི་ཤྲི་རས་པ་བདག་གིས་ཡི་གེར་བཀོད། དེ་ལས་བྱུང་བའི་དགེ་བའི་རྩ་བས་ཞུ་བ་པོ་དང་སེམས་ཅན་ཐམས་ཅད་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག བླ་མའི་གསུང་ཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་གྱི་རིམ་པ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །


previousཉིན་ཞག་ཕྲུག་གཅིག་གི་དགེ་སྦྱོར་གྱི་རིམ་པ། next