Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
རྨི་ལམ་ལུང་བསྟན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྨི་ལམ་ལུང་བསྟན། next

རྨི་ལམ་ལུང་བསྟན།

ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ལོ་ཁམས་བཟང་པོ་མེ་མོ་གླང་གི་ལོར། །དུས་ཚོད་བཟང་པོ་དབྱར་གྱི་དུས། །ཟླ་མཚན་དབྱར་ཟླ་ཐ་ཆུང་ཡར་གྱི་ངོ༌། །ཟླ་བ་དྲུག་པ་གསུམ་ཚེས་ཀྱི། །རྒྱས་པའི་དུས་སུ་གྱུར་པའི་ཚེ། །རྣམ་ཤེས་རྣམ་རྟོག་གྱུར་པ་དེ། །ངོ་མཚར་ལྟད་མོ་འདི་ལྟར་སྣང༌། །ཆོས་དབྱིངས་རྣམ་དག་ཞིང་ཁམས་སུ། །སེམས་ཉིད་འོད་གསལ་རྨི་ལམ་དུ། །སྒྱུ་མ་ལུས་ཀྱི་གྲོང་ཁྱེར་དེ། །ཆོས་འབྱུང་ཡངས་པའི་གཞལ་ཡས་ཁང༌། །གྲུ་གསུམ་ཏོག་གི་ཡར་རྩེ་ལ། །ཕྱི་ནང་བར་ཆད་སེལ་བ་ཡི། །མི་འཇིགས་བྱ་ཁྱུང་ཀ་རུ་ཎ། །དེ་ཡི་གཡས་དང་གཡོན་གཉིས་སུ། །གཡུ་འབྲུག་ཆུ་སྲིན་ཀ་རུ་ཎ། །གདོན་སྲུང་སྙན་པའི་འབྲུག་སྒྲ་སྒྲོགས། །དེའི་འོག་གི་གཡས་གཡོན་ན། །སོ་སོ་ཡང་དག་ཆོས་ཀྱི་རྟགས། །ཤང་ཤང་མཛེས་པ་ཏེའུ་ན། །དེ་ཡི་འོག་གི་གཡས་གཡོན་ན། །ཐུགས་རྗེའི་བདག་ཉིད་ཤ་ར་ན། །དེ་ཡི་འོག་གི་གཡས་གཡོན་ན། །ཐེག་ཆེན་ཆོས་ནི་མཚོན་པ་ནི། །སྟོབས་ལྡན་གླང་པོ་ཧསྟ་ན། །འོག་གི་ས་གཞི་རྡོ་རྗེའི་བྲག །ཨར་མོ་ལི་ཀ་བདེ་བའི་གནས། །སྟོབས་བཅུ་མི་འཇིགས་མཚོན་པ་ཡི། །གླང་ཆེན་སེང་གེ་བཞི་ཡི་ཁྲི། །སྟོབས་བཅུ་རྣམ་འདྲེན་མཚོན་པ་ཡི། །སྟོབས་ལྡན་གྱད་ནི་ཀོ་ཀོ་ན། །མི་གཡོ་ཁྲི་ནི་འདེག་པར་བྱེད། །སངས་རྒྱས་ཆོས་ནི་མཚོན་པར་བྱེད། །སྐྱོན་གྱིས་མ་གོས་པདྨའི་གདན། །འདབ་བརྒྱད་སྣ་ཚོགས་མ་གོས་རྫོགས། །ཐབས་ཤེས་རབ་གཉིས་མེད་ཉི་ཟླའི་གདན། །དེ་ལྟ་བུ་ཡི་གཞལ་ཡས་ན། །སྣ་ཚོགས་སྣང་བའི་མཆོད་པ་བཤམས། །གཟུགས་རྡོ་རྗེ་མ་ལ་སོགས་པ་ཡིས། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །ཡོན་ཆབ་མ་ལ་སོགས་པ་ཡིས། །ཕྱི་ཡི་མཆོད་པ་སྣ་བདུན་འབུལ། །སྒེག་མོ་ལྷ་མོ་ལ་སོགས་པས། །གླུ་དང་གར་དང་རོལ་མོ་འབུལ། །དཔའ་བོ་དཔའ་མོ་རྣམས་ཀྱིས་ནི། །བྱིན་གྱིས་རློབས་ཅིང་དངོས་གྲུབ་སྟེར། །ཕག་གདོང་ལ་སོགས་བརྒྱད་ཀྱིས་ནི། །སྒོ་སྲུང་མཛད་ཅིང་བར་ཆད་སེལ། །ཡེ་ཤེས་མཁའ་འགྲོ་ཆེན་མོ་བཅུས། །ཕྱོགས་རྣམས་སྲུང་ཞིང་གནོད་པ་བཟློག །བྱ་རོག་མིང་ཅན་ཆོས་སྐྱོང་ཐམས་ཅད་ཀྱིས། །འཁོར་སྲུང་ཕྲིན་ལས་སྒྲུབ་པར་བྱེད། །གནས་དེར་བཞུགས་པའི་སྟོན་པ་དེ། །སྣང་མེད་འོད་གསལ་གྱི་ངང་ལ་བཞུགས། །ལུས་ནི་ལོངས་སྤྱོད་རྫོགས་པའི་སྐུ། །དཀྱིལ་འཁོར་འཁོར་ལོ་རྫོགས་པར་བཞུགས། །ངག་ནི་ཨ་ཧཾ་གསུང་དབྱངས་སྒྲོགས། །སྒོ་དང་བ་སྤུའི་བུ་ག་ལ། །སྤྲུལ་སྐུའི་གཞན་དོན་དཔག་མེད་བྱེད། །དེ་ལྟ་བུའི་བདག་ཉིད་ཆེན་པོ་ལ། །བཅུ་དྲུག་ལོན་པའི་ན་ཚོད་ཅན། །མཛེས་ཤིང་བཀྲག་དང་ལྡན་པའི་བུ་མོ་ཞིག །སྐུ་སྨད་དར་གྱིས་ལེགས་དཀྲིས་ཤིང༌། །གཅེར་བུ་རུས་པའི་རྒྱན་དང་ལྡན། །ཕྱག་གཡས་གྲི་གུག་ཌཱ་མ་རུ། །ཕྱག་གཡོན་ཐོད་པ་བདུད་རྩིས་བཀང༌། །ཁ་ཊྭཱྃ་ག་ནི་མཆན་ཁུང་གཡོན་ན་བསྣམས། །ནན་ཏན་བརྟགས་ཤིང་དཔྱད་ཙམ་ན། །ཁ་དོག་ཕྱོགས་གཅིག་ངེས་པ་མེད། །ནམ་མཁའི་འཇའ་དང་འདྲ་བར་སྣང༌། །གཡོམ་པོར་བལྟས་པའི་དུས་ཙམ་ན། །དཀར་ལ་དམར་བའི་མདངས་དང་ལྡན། །དེ་ལྟ་བུའི་བུ་མོ་མཛེས་མ་དེས། །བདག་ཉིད་ཆེན་པོ་མ་ཉལ་ལོངས། །བདེ་བའི་མཆོད་པ་འབུལ་ཞེས་ཟེར། །ཁྱོད་ནི་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པ་ཡིན། །བདེ་བ་སྟེར་རམ་སྡུག་བསྔལ་སྟེར། །འདོད་ཆགས་སྟེར་རམ་ཆགས་བྲལ་སྟེར། །བསླུ་བྲིད་མ་བྱེད་ཕར་སོང་སྨྲས། །འདས་པ་མ་ཡིན་འཇིག་རྟེན་བུ་མོ་ཡིན། །སྡུག་བསྔལ་ཉིད་ནི་བདེ་བ་ཆེན་པོ་ཡིན། །འདོད་ཆགས་ཉིད་ནི་ཆགས་བྲལ་བདེ་བ་ཡིན། །བསླུ་བྲིད་མ་བྱེད་ཕར་སོང་ཟེར་ལུགས་ཀྱིས། །ཆོས་བརྒྱད་འཁྲི་བ་ཡོད་པར་ངེས། །སྣང་བ་སྣ་ཚོགས་འདོད་ཡོན་བསླུ་བྲིད་ཡིན་པ་ལ། །རང་གྲོལ་རང་སྣང་ཡིན་པར་མ་ཤེས་ན། །ཐོག་མེད་དུས་ནས་བསླུས་པ་ཡི། །ད་རུང་དུ་ནི་བསླུ་དགོས་ཡོད། །ཆོས་རྣམས་འགྲོ་འོང་མེད་པར་གཅིག་པ་ལ། །ཕར་སོང་ཕར་སོང་ཟེར་ལུགས་ཀྱིས། །ཡུལ་དང་ཡུལ་ཅན་གཟུང་འཛིན་ཡོད་པར་ངེས། །འཁོར་འདས་གཉིས་མེད་ཟུང་འཇུག་ཡིན་པ་ལ། །འགྲོ་འོང་ཡོད་པར་སུ་ཡིས་མཐོང༌། །འགྲོ་འོང་ཡོད་ན་འཁྲུལ་པ་ཡིན། །སོ་སོ་རང་རང་སྟོང་པའི་ཆོས་རྣམས་ལ། །ཕར་སོང་ཕར་སོང་བྱ་བ་སུ་ལ་ཟེར། །ལར་དྲི་མས་དྲི་མ་འཁྲུད་པར་བྱེད། །ཁྱེའུས་ཁྱེའུ་འབྱིན་པར་བྱེད། །དངོས་པོས་དངོས་མེད་སྟོན་པར་བྱེད། །འཇིག་རྟེན་པས་འདས་པ་སྟོན་པར་བྱེད། །ཆགས་པས་ཆགས་བྲལ་སྟོན་པར་བྱེད། །བུད་མེད་ཀྱིས་ཤེས་རབ་དང་སྟོང་པ་སྟོན་པར་བྱེད། །སྐྱེས་པས་ཐབས་དང་སྣང་བ་སྟོན་པར་བྱེད། །འཁྲིལ་བས་ཐབས་ཤེས་གཉིས་སུ་མེད། །སྣང་སྟོང་དབྱེར་མེད་སྟོན་པར་བྱེད། །དེ་ལྟ་བུ་ཡི་རང་བཞིན་ལ། །ཐ་དད་གཉིས་འཛིན་གང་ཡང་མེད། །སྤང་བྱ་མེད་ཅིང་གཉེན་པོ་མེད། །རང་བཞིན་རྣམ་པར་དག་པ་ལ། །སྒྲིབ་དང་སྒྲིབ་བྱེད་གཉིས་ཀ་མེད། །ཐམས་ཅད་ཡོན་ཏན་རང་བཞིན་ལ། །བསྒྲུབ་བྱ་སྒྲུབ་བྱེད་གཉིས་སུ་མེད། །འབྲས་བུ་ལྷུན་གྱིས་གྲུབ་པ་ལ། །རེ་དང་དོགས་པ་གཉིས་སུ་མེད། །ཐམས་ཅད་ཟུང་འཇུག་ཡིན་པ་ལ། །ཐ་དད་འདུ་ཤེས་སྤང་བློ་ཅན། །ཆོས་བརྒྱད་ཀྱི་སྒྲོག་ཏུ་ཚུད་ཉེན་ཡོད། །རེ་དོགས་གཉིས་ཀྱི་གཡང་ལ་ལྟུང་ཉེན་ཡོད། །བརྟག་དཔྱད་དང་ཐེ་ཚོམ་མ་མང་བར། །འོད་གསལ་ཆོས་སྐུའི་ངང་ལ་བཞུགས། །ལོངས་སྐུ་བདེ་ཆེན་གྱི་ངང་ལ་བཞེངས། །སྤྲུལ་སྐུ་གཞན་དོན་དཔག་མེད་ཀྱིས། །ཐམས་ཅད་དེ་ཡིན་གང་ཡང་མ་ཡིན་ནོ། །ཐམས་ཅད་དེ་ཡིན་གཅེས་པའི་སྦྲམ་ཚིག་དེ། །ཚིག་གིས་ལེགས་པར་བསྙད་ནས་མ་བསྟན་ན། །ཟེར་ལུགས་འདི་ལས་དཔག་ཙམ་ན། །བརྡ་དང་དོན་དུ་ཨེ་གོའམ། །དེ་ལ་ཐམས་ཅད་དེ་ཡིན་ཞེས་པ་ནི། །སྣང་སྲིད་འཁོར་འདས་ཆོས་རྣམས་ཏེ། །དེ་རང་གོང་གི་ལྟད་མོ་འདི་ཡིན་ནོ། །གང་ཡང་མ་ཡིན་ཞེས་པའི་དོན་ནི། །སྣ་ཚོགས་སྣང་བ་སྟོང་པ་ཡིན། །སྣང་དང་སྣང་མེད་གཉིས་མེད་ཟུང་འཇུག་ཡིན། །དེ་སྐད་ཅེས་པ་གསུངས་པ་དང༌། །གཤེགས་པ་དང་བཞུགས་པ་མི་མངའ་ཡང༌། །ཐམས་ཅད་འོད་གསལ་ངང་ལ་ཐིམ། །འགྲོ་འོང་མེད་ཀྱང་བར་སྣང་མཁའ་ལ་གཤེགས། །ནམ་མཁའི་མཐོང་སུ་བཞུགས་ནས་ནི། །བུད་མེད་ང་དང་དཀྱིལ་འཁོར་ལྷ་ཚོགས་རྣམས། །སེམས་ཅན་སྣང་བ་ཡིན་པར་མ་ཤེས་པར། །ཞེན་པ་དང་མཚན་མར་མ་བཟུང་ཅིག །བཟུང་ན་བདུད་འཇུག་པའི་རྒྱུ་ཡིན་ནོ། །གསང་སྔགས་གསང་ནས་བསྒྲུབ་ན་འགྲུབ་ཐག་ཉེ་བའི་རྒྱུ་ཡིན་པས། །སྣོད་ལྡན་བརྟགས་ལ་གཞན་དོན་གྱིས་གསུངས་ནས་ནམ་མཁར་འཇའ་ཡལ་བ་ལྟར་གཤེགས་སོ། །རྨི་ལམ་སྣང་བ་ལུང་བསྟན་ཞེས་བྱ་བ། །མ་རིག་སྒོ་ངའི་སྦུབ་དབྱེ་ཞིང༌། །ཕྱག་རྒྱ་བཞི་དང་དབང་གསུམ་པའི་དོན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པར་བྱེད་པ། སེམས་ཅན་ཐམས་ཅད་ཀྱིས་རང་གི་སེམས་སངས་རྒྱས་སུ་མ་རིག སངས་རྒྱས་བསྒྲུབ་བྱར་འདོད་པ་མ་རིག་པ་ཡིན། མ་རིག་པ་དང་རིག་པ་གཉིས་མེད། ཤེས་མ་ཤེས་གཉིས་ཡིན། དེ་ལྟར་ཡིན་པར་ཡང་མ་རྟོགས་པ་ལ་རྟོགས་པར་བྱ་བའི་ཕྱིར། དཔེ་དང་དོན་དུ་སྦྱར་ནས་བསྟན། དེ་ལ་བྱ་ཁྱུང་གི་ཕྲུ་གུ་སྒོ་ངའི་ནང་དུ་འདུག་པའི་དུས་སུ། དབང་པོ་ལྔ་དང་འདབ་གཤོག་དང་བྱ་ཡི་ཡོན་ཏན་ཚང་བར་གནས་ཏེ། སྒོ་ངའི་རྒྱས་བཏུམས་ནས་འཕུར་མ་ནུས་པའོ། །དུས་ལ་བབ་ཙམ་ན་ཡང་བྱའི་ཡོན་ཏན་མེད་པ་མ་ཡིན། ནམ་མཁའ་ལ་འཕུར་ནུས་ཙམ་ན་ཡང་ལྷག་པ་གཅིག་བྱུང་བ་མ་ཡིན། དཔེ་དེ་བཞིན་དུ། སེམས་ཅན་གྱི་སེམས་སངས་རྒྱས་སུ་ཡོད་ཀྱང་མ་རིག་པའི་རྒྱས་བཏུམས་པས་མ་རྟོགས་པའོ། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་གནས་ཏེ། །བླ་མའི་དུས་ཐབས་བསྟན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །བྱ་ཁྱུང་གི་མཆུས་སྒོ་ང་བརྟོལ་དགོས་པར་བསྟན་པ་དང་འདྲ་བར། ཡང་དག་པའི་བླ་མས། རང་སེམས་སངས་རྒྱས་ཡིན་པར་ངོ་སྤྲད་པ་དང༌། སློབ་མས་རྟོགས་པའི་དུས་སུ། སྒོང་ཤུན་དང་འདྲ་བའི་སངས་རྒྱས་བསྒྲུབ་བྱར་འདོད་པའི་མ་རིག་པ་དང་བྲལ། སེམས་ཅན་གྱི་དུས་ན་ཡང་མེད་པ་ནི་མ་ཡིན། རྟོགས་པའི་དུས་ན་ཡང་གཞན་ནས་བྱུང་བ་མ་ཡིན། གཉིས་པ་མ་རིག་པའི་སྒོང་ངའི་སྦུབས་དབྱེ་བ་ནི། ཕོ་མོ་གཞོན་ནུ་ན་ཚོད་ལ་བབ་པ་ལ། ཉོན་མོངས་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡོད་ཀྱང༌། མཁའ་གསང་མཉམ་པར་སྦྱོར་བ་དང༌། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། ཡན་ལག་མེད་པའི་རྩིས་ལས་འདས། མ་བསྟན་པར་མི་ཤེས་སོ། །སྔར་མེད་པ་ནི་མ་ཡིན། ཤེས་པའི་དུས་ནས་གཞན་ནས་མ་བྱུང་ངོ༌། །གཞི་ལ་དེ་ལྟར་གནས་པ་དེ་རྟོགས་པར་བྱ་བའི་ཐབས་ཕྱག་རྒྱ་བཞི་ལས་གཞན་ལུས་ལས་ཀྱི་ཕྱག་རྒྱའི་དཔེ་ལ་བརྟེན་ནས་དབང་གསུམ་པ་བསྐུར་བའི་དུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པ་ཡིན། ཆོས་ཀྱི་ཕྱག་རྒྱ་བླ་མའི་གདམས་ངག་གིས་མ་བཏབ་པར་མི་གོ །ཨེ་ཝཾ་མ་ཡ། ཨེ་ཕྱག་རྒྱའི་ཆོས་འབྱུང༌། ཝྃ་རང་གི་ཐབས་ཀྱི་རྡོ་རྗེ། འགྲེང་བུ་དང་ཀླད་ཀོར་གྱིས་མཉམ་སྦྱོར་བས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བའོ། །མ་ཡ་ན་ཐེག་པ་སྟེ། བཀའ་སྡེ་སྣོད་ཀྱི་ཆོས་ཐམས་ཅད་དེ་ལས་འབྱུང་བའོ། །ཕྱག་རྒྱ་ཆེན་པོ་ཡང་ལྷུན་གྲུབ་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ཡིན་ནོ། །རྒྱུད་དམ་ཚིག་གི་ཕྱག་རྒྱ་ནི། ཝྃ་ཐབས་ཀྱི་ཡི་གེ་ལྷ་སྒོམ་པ་དང༌། གསང་སྔགས་བསྒྲང་བ་དང༌། མཚན་བཅས་ཀྱི་རྫོགས་རིམ་དང༌། བསོད་ནམས་ཀྱི་ཚོགས་ཐམས་ཅད་གཟུགས་སྐུའི་རྒྱུ་ཡིན། ཨེ་སྟོང་པ་ཉིད་ཤེས་རབ་ཆོས་ཐམས་ཅད་ཀྱི་གནས་ལུགས་རྫོགས་པས། ཡེ་ཤེས་ཀྱི་ཚོགས་ཆོས་སྐུ་ཡིན་ནོ། །ཉམས་སུ་ལེན་པ་ལ་མི་འདའ་བ་དམ་ཚིག་ཡིན་ནོ། །སྐུ་གསུམ་མངོན་དུ་གྱུར་པ་འབྲས་བུའོ། །གཞན་དོན་བྱེད་པ་ལས་མི་འདའ་བ་དམ་ཚིག་གོ །སྣོད་དང་ལྡན་པ་མ་ཡིན་པ་གཞན་ལ་མི་བསྟན་པ་དམ་ཚིག་གོ །རྨི་ལམ་ལུང་བསྟན། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།།


previousརྨི་ལམ་ལུང་བསྟན། next