Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡོན་ཏན་སྐྱབས་ལ་གདམས་པ་མུ་ཏིག་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   


 
previousཡོན་ཏན་སྐྱབས་ལ་གདམས་པ་མུ་ཏིག་ཕྲེང་བ། next

ཡོན་ཏན་སྐྱབས་ལ་གདམས་པ་མུ་ཏིག་ཕྲེང་བ།

དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས། །གཉིས་སུ་མེད་པའི་བླ་མ་ལ། །ཉེར་ལེན་འབྲས་བུ་འབྱུང་བ་ཡི། །བདག་ཐ་བ་སྤངས་པའི་ལུས་ངག་ཡིད། །མཆོག་དང་ཐུན་མོང་དངོས་གྲུབ་ཀྱི། །འགྲོ་ལ་ལོ་ཏོག་སྨིན་པས་འདུད། །ཕ་བདེ་གཤེགས་བླ་མ་རིན་པོ་ཆེ། །བཀའ་ཡི་བརྒྱུད་པ་མ་ཆད་པ། །ཐུགས་བཅུད་གདམས་པ་རིན་ཆེན་གནད། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །བདག་ལ་རེ་ལྟོས་བྱེད་པ་ཡི། །གསོལ་འདེབས་རྣམས་ལ་བྱིན་གྱིས་རློབས། །ཡོན་ཏན་སྐྱབས་ཞེས་སྐྱེས་བུ་དེས། །བླ་མ་སངས་རྒྱས་སུ་མཐོང་བ་ཡིས། །བདེ་གཤེགས་བཀའ་དང་བླ་མའི་གསུང༌། །རང་གཞན་བསམ་པ་འགྲུབ་པ་ཡི། །ངོ་སྤྲོད་ཞལ་གདམས་ཟབ་མོ་རྣམས། །འགྲོ་ལ་བརྩེ་བས་ཞུ་འབུལ་བས། །ཁྱོད་ཀྱི་ཞལ་ངོ་མི་གཅོག་པས། །ཞུས་ལེན་མུ་ཏིག་ཕྲེང་བ་བྲི། །ཐུབ་པ་མངོན་པར་སངས་རྒྱས་ནས། །ཆོས་ཀྱི་ཕུང་པོ་གསུངས་མོད་ཀྱང༌། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི །གཉེན་པོ་གང་ཡིན་ཞུས་པ་ནི། །སྤང་བྱ་སྤོང་བྱེད་གཉེན་པོ་དང༌། །རང་བཞིན་ཤེས་པའི་གཉེན་པོའོ། །ཞེ་སྡང་ལས་གྱུར་ཉི་ཁྲི་སྟོང༌། །འདོད་ཆགས་ལས་གྱུར་ཉི་ཁྲི་སྟོང༌། །གཏི་མུག་ལས་གྱུར་ཉི་ཁྲི་སྟོང༌། །དུག་གསུམ་ཆ་མཉམ་ཉི་ཁྲི་སྟོང༌། །ཞེ་སྡང་གཉེན་པོ་བྱམས་པ་བསྒོམ། །མི་སྡུག་ལ་སོགས་སེམས་ཅན་ལ། །མ་གཅིག་བུ་ལྟར་བྱམས་པ་དང༌། །མ་རྣམས་བདེ་བར་རྟག་ཏུ་བསྒོམ། །འདོད་ཆགས་གཉེན་པོ་མི་སྡུག་བསྒོམ། །སྡུག་པའི་ཡུལ་རྣམས་མཐོང་བའི་ཚེ། །མི་གཙང་རྫས་དང་ཀེང་རུས་དང༌། །ཕུང་པོ་བཤིག་ཁྲོལ་བསྒོམ་པར་བྱ། །གཏི་མུག་གཉེན་པོར་སྟོང་ཉིད་བསྒོམ། །མ་རིག་ལ་སོགས་རྟེན་འབྲེལ་ཡང༌། །སྐྱེ་འགག་གནས་གསུམ་བྲལ་བས་སྟོང༌། །དུག་གསུམ་ཆ་མཉམ་གཉེན་པོ་ནི། །ཉོན་མོངས་ཤས་ནི་གང་ཆེ་བ། །དེ་དང་དེའི་གཉེན་པོ་བསྒོམ། །དེ་བཞིན་ཤེས་པའི་གཉེན་པོ་ནི། །ཐེག་མཆོག་བླ་མེད་དགོངས་པ་ཡིས། །དུག་ལྔ་རང་གྲོལ་ཡེ་ཤེས་ལྔ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཞེ་སྡང་དམྱལ་བ་རང་གིས་སྟོང༌། །སེམས་ཅན་སེམས་དང་རང་གི་སེམས། །སངས་རྒྱས་ཐུགས་དང་རང་གི་སེམས། །ཁྱད་པར་གྱུར་པ་གཅིག་མེད་པས། །ང་རྒྱལ་སྐྱེ་བའི་ཡུལ་དང་བྲལ། །ཆེ་འདོད་ཡོན་ཏན་མཉམ་པ་ཉིད། །སྒོ་ལྔ་ཡུལ་དུ་གྱུར་པ་ལ། །སོ་སོར་མ་འདྲེས་ཀུན་རྟོགས་པས། །ཟག་མེད་བདེ་བ་ཆེན་པོར་མྱོང༌། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །ནང་དུ་ཏིང་འཛིན་རྩལ་རྫོགས་པས། །ཕྱི་རུ་ཕྲིན་ལས་ཐོགས་པ་མེད། །དཔལ་ལ་མི་སྡང་གཞན་གཅེས་པས། །བྱང་ཆུབ་སེམས་གཉིས་དབྱེར་མེད་ཀྱིས། །ཕྲག་དོག་མཐོ་གནོན་རང་སར་ཞི། །གཞན་དོན་ཕྲིན་ལས་བྱ་བ་འགྲུབ། །གཏི་མུག་རང་བཞིན་རྣམ་དག་པས། །སྣང་མེད་འོད་གསལ་ཆེན་པོ་མྱོང༌། །ཁྱབ་དང་གཟུགས་ཅན་མ་ཡིན་དང༌། །འགྲོ་འོང་མེད་དང་ལྷུན་གྱིས་གྲུབ། །ནམ་མཁའ་ལྟ་བུར་ཐམས་ཅད་སྟོང༌། །གཞན་ཡང་རྣམ་རྟོག་སྣང་བ་དང༌། །ཉོན་མོངས་ལ་སོགས་ཆོས་རྣམས་ཀུན། །སོ་སོར་རང་རང་སྟོང་པ་ཡིན། །དེ་ལྟར་གཉེན་པོ་ཤེས་པར་བྱ། །བདག་ཉིད་ལས་འཕྲོ་འཛོམས་ཞེས་པ། །དགེ་བའི་བག་ཆགས་གོམས་ན་ཡིན། །གང་ཟག་གཞན་ལ་ཕན་འདོད་པ། །བྱང་ཆུབ་སེམས་ཀྱིས་ཟིན་ན་ཡིན། །སྐལ་ལྡན་རྣམས་ཀྱིས་མཐོང་ཐོས་པ། །ཆོས་ཟབ་སྣོད་དུ་གྱུར་པ་དེ། །ཐོག་མེད་དུས་ཀྱི་ལས་འབྲེལ་དེས། །ཆོས་ལ་ལས་འཕྲོ་སད་པ་ཡིན། །བླ་མའི་ཐུགས་དགོངས་རྫོགས་འདོད་པ། །ཅི་གསུང་བསྒྲུབས་པས་ཡོང་བ་ཡིན། །ཞུ་ལོ་ཚེ་འདིར་མ་ལགས་པས། །ཡང་དག་དོན་གཅིག་ཞུ་ཞེས་པ། །ཡང་དག་དོན་ཏེ་གང་ལགས་ན། །རང་གི་སེམས་ལས་ལོགས་ན་མེད། །རང་སེམས་དྲི་མེད་ཆོས་སྐུ་འདི། །ཐོག་མེད་དུས་ནས་འབྲལ་མ་མྱོང༌། །དུས་འདིར་རྟོགས་ཀྱང་གསར་སྐྱེས་མིན། །བླ་མའི་དྲིན་གྱིས་མཐོང་བ་ཡིན། །མོས་གུས་ཅན་གྱིས་རྟོགས་པ་ཡིན། །རྟོགས་ལྡན་ལྷན་ཅིག་སྐྱེས་པ་འདི། །གྲུབ་མཐས་མ་བསྒྱུར་ཐ་མལ་ཤེས། །སེམས་ངོ་རང་གིས་ཤེས་པ་ཡིན། །ཡོན་ཏན་སྐྱབས་ཞེས་ཟེར་བ་དེ། །ཁྱོད་རང་ཉིད་ལ་ཟེར་བ་ཡིན། །ད་ལྟའི་ཤེས་པ་སོ་མ་འདི། །ཆོས་སྐུ་ཡིན་པར་གཅེར་གྱིས་ལྟོས། །སྣང་བ་སྣ་ཚོགས་དཀར་དམར་འདི། །སྤང་བླང་མ་བྱེད་ལྷུག་པར་ཞོག །རྣམ་རྟོག་སྣ་ཚོགས་འཕྲོ་བ་འདི། །རང་རིག་ཡེ་ཤེས་ཡིན་པར་གོ །ཡུལ་དུ་སྣང་བའི་དངོས་པོ་འདི། །ཕྱི་རོལ་དོན་དུ་གྲུབ་མེད་ཀྱང༌། །སྣང་བ་བག་ཆགས་འཐས་པ་ཡིན། །རང་སེམས་ཆོས་སྐུར་གོ་ཙམ་ན། །བག་ཆགས་ཤུགས་ཀྱིས་འབྱང་བ་ཡིན། །དྲན་པ་སྐད་ཅིག་མེད་པ་དེ། །སྐུ་གསུམ་ངོ་སྤྲོད་བླ་མ་ཡིན། །མ་བཅོས་ཤེས་པ་སོ་མ་འདི། །བཏང་བཞག་མེད་པར་རང་དགར་ཞོག །སྒོམ་མོ་སྙམ་ན་བཅོས་པ་ཡིན། །སྒོམ་རྒྱུ་བྱུང་ན་གཟུང་འཛིན་ཡིན། །སྒོམ་མཁན་ཡོད་ན་ང་བདག་ཡིན། །བཏང་བཞག་ཡོད་ན་བླང་དོར་ཡིན། །བཟང་ངན་བྱུང་ན་ཆོས་བརྒྱད་ཡིན། །གཉུག་མ་ལྷན་ཅིག་སྐྱེས་པ་ལ། །ཡོད་ཅེས་ཟེར་ན་སྒྲོ་འདོགས་ཡིན། །མེད་ཅེས་ཟེར་ན་སྐུར་འདེབས་ཡིན། །སྒྲོ་སྐུར་གཉིས་མེད་གཉུག་མ་འདི། །གང་ལ་ཟེར་བ་ཡིན་སྙམ་པའི། །རྟག་ཏུ་གདུང་སེམས་ཡོད་པ་ཀུན། །ལག་པའི་མཐིལ་གྱི་རྫས་མཐོང་བཞིན། །ཨ་ཕས་བསྟན་གྱི་བུ་རྣམས་ལྟོས། །ཀྱཻ་ཧོ་སྐལ་ལྡན་རྣལ་འབྱོར་ཀུན། །ཨེ་མ་རང་བྱུང་ལྷན་ཅིག་སྐྱེས། །དེ་ནི་རང་རིག་འདི་ཡིན་ཏེ། །ངག་གིས་སྤྱོད་པའི་ཡུལ་མིན་པས། །ཏཻ་ལོའི་རིགས་བརྒྱུད་བྱིན་རླབས་ཅན། །ཀྱཻ་ཧོཿ གདུང་བས་གང་བོས་པ། །ནཱ་རོ་པ་ཡི་མོས་གུས་བཞིན། །གང་ལ་ཡོད་པ་རྣམས་ལ་འབོད། །རྨད་བྱུང་དམ་ཆོས་གང་ཡིན་པ། །རང་གི་ལུས་ངག་ཡིད་གསུམ་གྱི། །སྣང་དང་སྟོང་དང་ཡོད་མེད་སོགས། །ཇི་ལྟར་སྣང་བ་མ་ལུས་ཀུན། །རང་ཉིད་མིན་པ་གཅིག་ཀྱང་མེད། །གཞན་ཞིག་ཡིན་སྙམ་མ་བྱེད་ཅིག །རང་ཉིད་ཇི་ལྟར་འདུག་འདུག་འདི། །མཐའ་དང་བྲལ་བའི་ཤེས་པ་འདི། །ཕྱག་རྒྱ་ཆེན་པོ་མ་ཡིན་པ། །ཆོས་གཅིག་ལོགས་སུ་གྲུབ་པ་མེད། །ལུས་ངག་ཡིད་གསུམ་འཛིན་པ་ཡི། །ཤེས་པ་ཅི་ཞིག་ཡོད་ཡོད་པོ། །ཡོད་སྙམ་བྱེད་ཀྱང་མེད་པ་ཡིན། །ལུས་མེད་ལུས་དེ་སྟོང་པ་ཡིན། །རང་སེམས་ཆོས་སྐུ་རིན་པོ་ཆེ། །འབྲལ་མ་མྱོང་བ་ཐུགས་ལ་བཏགས། །ངོ་མ་ཤེས་པའི་སྙིང་རིང་པོ། །འདྲིས་ཀ་ཐུན་མོང་མ་ཡིན་པ། །ད་རེས་མཐོང་བས་ཨ་རེ་དགའ། །ཁྱོད་ལས་གྱོང་བ་གཅིག་ཀྱང་མེད། །རྟག་ཏུ་འགྲོགས་ཀྱང་མ་འདྲིས་པ། །ད་རེས་འབྲལ་མེད་གཅིག་ཏུ་གྱུར། །ཁྱོད་མཐོང་དགའ་བ་སྐྱེས་པ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆ་ཡི་བདེ་བ་བཞིན། །དགའ་དང་སྤྲོ་བ་རྒྱུན་ཆད་མེད། །བདེ་བ་ཆེན་པོ་སྐྱེས་པ་འདྲ། །ཐོག་མེད་དུས་ནས་མ་མཐོང་བ། །ད་རེས་མཐོང་བ་ངོ་མཚར་ཆེ། །ཡང་དག་དོན་ནི་གཤའ་མ་དེ། །རང་སེམས་ཆོས་སྐུ་འདི་ཡིན་གྱི། །མ་བཅོས་ཞོག་ཅིག་སྐལ་ལྡན་ཀུན། །ཆོས་གཅིག་གཤའ་མར་བྱེད་གྱུར་ན། །ཅི་ཙུག་བྱ་ཞེས་ཞུས་པ་ནི། །འཆི་དང་མི་རྟག་ཤེས་བྱས་ལ། །འཁོར་བ་མཐའ་དག་ཡིད་བྱུང་སྟེ། །རྒྱུ་འབྲས་ལས་ལ་རྩིས་བྱེད་ཅིང༌། །ཐེག་ཆེན་རྩ་བར་གྱུར་པ་ནི། །བྱང་ཆུབ་སེམས་ལ་བློ་སྦྱོང་ཞིང༌། །སྨིན་གྲོལ་གཉིས་ཀྱི་ལམ་ཉིད་ལ། །བསྐྱེད་རྫོགས་གནད་ནི་མ་འཆུག་པ། །ཚུལ་བཞིན་ཉམས་སུ་ལེན་ན་ཡིན། །རི་བྲག་སྟོང་པར་གཅིག་པུ་རུ། །སྡོད་ན་གདེང་ནི་ཅི་ལྟ་བུ། །ལྡན་ཞེས་ཁྱོད་ཀྱིས་ཞུས་པ་ནི། །མངོན་ལྐོག་མེད་པའི་ཚུལ་ཁྲིམས་དང༌། །གདམས་པའི་གནད་ལ་མ་འཆུགས་དང༌། །ཉམས་རྟོགས་གདེང་དང་ལྡན་པ་ཡིན། །ལར་ནི་བདག་འཛིན་མེད་ན་ཡིན། །ན་ཚ་སྡུག་བསྔལ་བྱུང་ཙ་ན། །ཟུག་ཟེར་ཇི་ལྟར་འཇོམས་ཞེས་པ། །ན་ཚ་སྡུག་བསྔལ་རང་གི་སེམས། །གཉེན་པོ་གཞན་དུ་བསྒོམ་དུ་མེད། །ཟུག་གཟེར་དེ་ཉིད་ཕྱག་རྒྱ་ཆེ། །གཅེར་མཐོང་བྱེད་པས་འཇོམས་པ་ཡིན། །ཉོན་མོངས་ཚན་ཀ་གཡོས་པ་ལ། །དེ་ཡི་གཉེན་པོ་ཞུས་པ་ནི། །གོང་དུ་ཞིབ་ཏུ་གསུངས་ན་ཡང༌། །ཁྱད་པར་མཆོག་ཏུ་གསུངས་པ་ནི། །སྡུག་པའི་ཡུལ་རྣམས་མཐོང་དུས་ན། །འདོད་ཆགས་གཅེར་གྱིས་སྐྱེས་པ་དེ། །དེ་ཉིད་བདེ་བར་མྱོང་བར་བྱ། །ཡུལ་རྣམས་དྲན་ཅིང་ཡིད་བྱེད་པ། །དྲན་པ་དེ་ཉིད་བདེ་བར་བསྒོམ། །འདོད་ཆགས་རྟོག་པ་གང་སྐྱེས་པ། །དེ་ཉིད་བདེ་བ་ཆེན་པོ་ཡིན། །ཟག་པ་ཟུག་རྔུར་ཤོར་གྱུར་ན། །རྟོག་གཉིས་ཅིག་ཆར་མི་འཇུག་པས། །གང་གང་མྱོང་བ་དེ་རང་ཡིན། །དེ་ཉིད་བདེ་བར་མྱོང་བར་བྱས། །སེམས་ཅན་མི་སྡུག་མཐོང་བ་ན། །ཞེ་སྡང་གློ་བུར་སྐྱེས་གྱུར་ན། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཅི་ཙུག་བསྒོམ་ཞེས་ཞུས་པ་ནི། །མི་སྡུག་གཅེར་གྱིས་མཐོང་བ་ན། །བྱམས་པའི་མ་རུ་གཅེར་གྱིས་བལྟ། །ཞེ་སྡང་ཕྱུར་གྱིས་སྐྱེས་པ་དེ། །དེ་ཉིད་སྟོང་པ་ཉིད་ཡིན་ཏེ། །སྟོང་པའི་རོ་ནི་བདེ་ཆེན་པོ། །བདེ་སྟོང་ཟུང་འཇུག་བསྒོམ་པར་བྱ། །རང་སེམས་བདེ་བར་མྱོང་བ་སྟེ། ཡུལ་ལ་བྱམས་པ་སྒོམ་པ་ཡིན། །སྙིང་རྗེ་ཇིི་ལྟར་སྒོམ་ཞེ་ན། །ཞེ་སྡང་ལ་སོགས་ཉོན་མོངས་ཀྱིས། །མནར་བའི་སེམས་ཅན་མི་སྡུག་པ། །འདི་ནི་འདི་ལྟར་སྡུག་བསྔལ་བ། །རང་སེམས་མ་རྟོགས་པ་ཡིས་ལན། །ཞེ་སྡང་ལ་སོགས་ཉོན་མོངས་དེ། །སྟོང་པ་ཡིན་པར་མ་ཤེས་པར། །སྙིང་རེ་རྗེ་ན་སྙམ་དུ་བསྒོམ། །སྙིང་རྗེ་ཇི་ལྟར་སྐྱེས་གྱུར་ཀྱང༌། །སྙིང་རྗེ་སྐྱེ་བའི་ཡུལ་རྣམས་དེ། །རང་སེམས་མིན་པ་གཅིག་ཀྱང་མེད། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ། །སྙིང་རྗེ་སྐྱེ་བའི་ཡུལ་མེད་ཀྱང༌། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེ། །ཐ་དད་འདུ་ཤེས་རྡུལ་ཙམ་ཡང༌། །སྐད་ཅིག་གཅིག་ཀྱང་མི་སྐྱེ་བ། །དེ་བཞིན་འཕགས་པ་སྡུད་པ་ལས། །བྱང་ཆུབ་སེམས་ནི་རིག་པ་གང་གི་དུས་ཀྱི་ཚེ། སྐྱེ་མེད་རྣམ་པར་བསམ་སྟེ་འདི་ལྟར་སྤྱོད་བྱེད་ཅིང༌། །སྙིང་རྗེ་ཆེན་པོ་བསྐྱེད་ཅིང་སེམས་ཅན་འདུ་ཤེས་མེད། །འདི་ནི་ཤེས་རབ་ཕ་རོལ་སེམས་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་མ་ཡིན་ཐ་དད་པས། །ཡུལ་ནི་སེམས་ཅན་སྡུག་བསྔལ་ཅན། །སྙིང་རྗེ་སྐྱེ་བའི་ཡུལ་དང་ནི། །སྙིང་རྗེ་རྣམ་པར་གསལ་བ་དང༌། །སྙིང་རྗེ་སྒོམ་མཁན་གསུམ་དུ་བཏགས། །དམིགས་བཅས་འཁོར་བའི་འབྲས་བུ་ཡིན། །ཡང་ན་མདོ་ནི་དེ་ཉིད་ལས། །གལ་ཏེ་སེམས་ཅན་སྡུག་བསྔལ་འདུ་ཤེས་བསྐྱེད། །འགྲོ་བ་རྣམས་ཀྱི་དོན་དུ་སྡུག་བསྔལ་སྤང་སྙམ་སྟེ། །བདག་དང་སེམས་ཅན་ཡོངས་རྟོག་བྱང་ཆུབ་སེམས་དཔའ་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་མ་ཡིན། །ཞེས་གསུངས་སོ། །དེ་ལྟར་སྙིང་རྗེ་སྐྱེས་གྱུར་ཀྱང༌། །སྙིང་རྗེའི་གནད་ལ་མཁས་པར་བྱ། སྙིང་རྗེ་ཆེན་པོ་མ་ཡིན་པས། །སྙིང་རྗེ་ཆེན་པོ་གང་ཡིན་པ། །བདག་ཉིད་སྡུག་བསྔལ་མི་འདོད་བཞིན། །སེམས་ཅན་སྡུག་བསྔལ་ཡོངས་མི་འདོད། །བདག་ཉིད་བདེ་བར་འདོད་པ་བཞིན། །སེམས་ཅན་རྣམས་ཀྱང་བདེ་བར་འདོད། །རང་སེམས་ཆོས་སྐུར་རྟོགས་ཙ་ན། །སེམས་ཅན་སེམས་ཀྱང་ཆོས་སྐུ་སྟེ། །མ་རྟོགས་པ་རྣམས་སྙིང་རེ་རྗེ། །སྙམ་དུ་སྙིང་རྗེ་སྐྱེ་བར་འགྱུར། །རང་སེམས་སྐྱེ་མེད་རྟོགས་པ་ཡིས། །སྙིང་རྗེ་ངང་གིས་སྐྱེ་བ་ཡིན། །དེ་ལྟར་ཡང་ནི་སྡུད་པ་ལས། །བདག་ཅི་འདྲ་བར་སེམས་ཅན་ཐམས་ཅད་དེ་འདྲར་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲར་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་སེམས་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །བྱང་ཆུབ་སེམས་ནི་གང་ཞེ་ན། །ཀུན་རྫོབ་དོན་དམ་དབྱེར་མེད་པ། །རང་སེམས་ཡིན་པར་བསྒོམ་པར་བྱ། །བླ་མ་སངས་རྒྱས་ཇི་ལྟ་བར། །བདག་གིས་བསྒོམ་ཞེས་ཞུས་པ་ནི། །བླ་མ་སངས་རྒྱས་ཆོས་སྐུ་ནི། །ཟབ་ཞི་སྤྲོས་བྲལ་འདུས་མ་བྱས། །ལོགས་ན་ཡོད་སྙམ་མི་བྱེད་པར། །འབྲལ་མ་མྱོང་བ་མོས་གུས་ཡིན། །ཟག་མེད་བདེ་ཆེན་ལོངས་སྐུ་ནི། །སྒེག་སོགས་དཔལ་ལྡན་ཧེ་རུ་ཀ །ཐབས་ཤེས་རབ་གཉིས་མེད་འཁྲིལ་བའི་སྐུ། །ཟུང་འཇུག་འབྲལ་མེད་མོས་གུས་ཡིན། །སྣ་ཚོགས་འཁོར་འདས་མ་ལུས་ལ། །ཤེས་བྱ་ཇི་སྙེད་སྤྲུལ་སྐུ་ནི། །དག་ཅིང་གསལ་ལ་མ་འདྲེས་པ། །ཕྲིན་ལས་མི་འབྲལ་མོས་གུས་ཡིན། །འགྲོ་བ་སེམས་ཅན་མ་རྣམས་ལ། །ཕན་ནི་ཇི་ལྟར་འདོག་ཞུས་པ། །ལས་དང་བྱ་བ་ཅི་བྱེད་ལ། །བྱང་ཆུབ་སེམས་ཀྱིས་ཟིན་བྱས་ལ། །བདག་གི་ལུས་དང་ལོངས་སྤྱོད་དང༌། །ཆོས་དང་མི་འཇིགས་ལ་སོགས་ཀྱིས། །ཞེན་འཁྲིས་མེད་པར་ཕན་འདོག་བྱ། །གར་སྡོད་གནས་ནི་ཐམས་ཅད་དུ། །གཏོར་མ་ཇི་ལྟར་བཏང་བ་དང༌། །བདེན་པ་བདར་བར་ཞུས་པ་ནི། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཆོས་སྐྱོང་ནག་པོ་ཆེ་སོགས་ལ། །ནང་གཏོར་སྒྲུབ་ཐབས་བཞིན་དུ་འབུལ། །བསྟོད་པ་བརྗོད་ཅིང་བྱིན་རླབས་ཞུ། །ཞི་རྒྱས་ལ་སོགས་ཕྲིན་ལས་བཅོལ། །རང་ཉིད་གར་འདུག་གཞི་བདག་ལ། ཨ་ཀཱ་རོའི་སྔགས་ཀྱིས་དཀར་གཏོར་བསྔོ། །ང་ཡི་ལུས་ངག་ཡིད་གསུམ་གྱིས། །དགེ་བ་ཅི་བྱས་ཐམས་ཅད་ཀུན། །ཁྱེད་སོགས་བདེ་བ་ཐོབ་འདོད་ཡིན། །བདག་གི་དགེ་བ་ཕུན་ཚོགས་ཀྱི། །ཁྱེད་ཀྱི་ཡོན་བདག་གྱིས་ཞེས་བརྗོད། །ཆོས་ཟབ་ཁ་གསལ་ཞུ་ཞེས་པ། །གསལ་བྱེད་མུ་ཏིག་ཕྲེང་བ་འདི། །མ་རིག་མུན་པའི་སྒྲོན་མེ་ཡིན། །ལེགས་ཉེས་འདུན་མ་འདི་ལ་དྲིས། །བློ་གྲོས་ཅན་གཅིག་འདི་ཡིན་གྱི། །འཕྲལ་ཕུག་བློ་གཏད་འདི་ལ་དྲིས། །བློ་གཏད་ཐུབ་ཀྱིས་ཟབ་མོ་སྐྱོང༌། །སྒྲོ་སྐུར་གཉིས་མེད་གཉུག་མ་འདི། །ཐེ་ཚོམ་སྒྲོ་འདོགས་གཅོད་པ་ཡིན། །སེམས་ལ་དགའ་སྤྲོ་སྐྱེ་བ་ནི། །སྒོམ་ཆེན་རྣམས་ཀྱི་སྐྱོ་བསངས་ཡིན། །ལས་དང་བྱ་བྱེད་ཐམས་ཅད་ཀུན། །ཚོགས་གཉིས་དག་ཏུ་བསྡུས་བྱས་ལ། །སྐུ་གཉིས་རང་ལ་ཡོད་པ་རུ། །གཞན་ནས་མ་ཚོར་རང་ལ་སྡུར། །འགྲོ་བ་སེམས་ཅན་མ་རྣམས་དང༌། །ཡོན་ཏན་སྐྱབས་ཞེས་ཁྱེད་ཉིད་ཀྱིས། །སྐྱབས་གནས་རེ་ས་གང་ཡིན་པ། །གདམས་ངག་རིན་ཆེན་འདི་ཡིན་གྱི། །ཉམས་སུ་ལོངས་ཤིག་སྐལ་ལྡན་ཁྱོད། །ཉམས་དང་རྟོགས་པ་སྐྱེས་གྱུར་ན། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །རང་གཞན་བདེ་སྐྱིད་འབྱུང་བ་ཡི། །སྐུ་གཉིས་མངོན་དུ་ཐོབ་པར་ཤོག །ཞུས་ལན་མུ་ཏིག་ཕྲེང་བ་ཞེས་བྱ་བ། གཙུག་ལག་ཁང་ཤེས་རབ་ཉི་མའི་སྡེ་ལ། །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ།།


previousཡོན་ཏན་སྐྱབས་ལ་གདམས་པ་མུ་ཏིག་ཕྲེང་བ། next