Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གྲགས་པ་བཀའ་བཞི་ངག་གི་གནད།
   
   
   


 
previousགྲགས་པ་བཀའ་བཞི་ངག་གི་གནད། next

གྲགས་པ་བཀའ་བཞི་ངག་གི་གནད།

༈ ད་ནི་གྲགས་པ་བཀའ་བཞི་ངག་གི་གནད་ཅེས་པ་ནི། ངག་ལ་ཡང་བཞི། ངག་གི་ངོ་བོ་ངོས་བཟུང་བ་དང༌། དབྱེ་བ་དང༌། ངག་གི་ལམ་དང་འབྲས་བུའོ། །ངོ་བོ་ལ་གསུམ། ཕོ་སྐད། མོ་སྐད། མ་ནིང་གི་སྐད་དོ། །ཕོ་སྐད་ནི་དྲག་ཅིང་ཐུང་བའོ། །མོ་སྐད་ནི་དལ་ཞིང་རིང་བའོ། །མ་ནིང་གི་སྐད་དེ་གཉིས་ཀྱི་བར་མའོ། །ཕོ་སྐད་ནི་གཏམ་ཞིང་དགོད་པའི་དུས་སུ་ཡང་ཡས་མར་ཧོབ་ཧོབ་པོར་གཏམ་པ་ཡིན། དགོད་པའི་དུས་སུ་ཡང་ཧ་ཧ་ཟེར་ནས་དགོད་པའོ། །མོ་སྐད་ནི་ཡས་མར་གཏམ་སྟེ་དལ་ཞིང་འཇམ་པར་སྨྲ། དགོད་པའི་དུས་སུ་ཧེ་ཧེ་ཧེ་ཟེར་ནས་ཡས་མར་དགོད་པ་ཡིན། མ་ནིང་གི་སྐད་ནི་དེ་གཉིས་ཀྱི་བར་སྙོམ་པར་སྨྲ། དགོད་པའི་དུས་སུ་ཧི་ཧི་ཧི་ཟེར་སོ་བར་ནས་དགོད་པའོ། །དབྱེ་བསྡུ་ལ། བསྡུ་བ་དང༌། དབྱེ་བའོ། བསྡུ་བ་ནི་སྐད་དང་ཚིག་ཏུ་འདུས་པའོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པར་འདུས། སྐད་ནི་མགྲིན་པ་དང༌། ཁ་དང༌། ལྕེ་དང༌། རླུང་དང་འདུས་པ་ལས་གྲགས་པའོ། །ཚིག་ནི་ཡི་གེ་མེད་པ་གཅིག་ཀྱང་མེད། ནང་ན་ཡི་གེ་ཡོད་པ་ལས་བྱུང་བ་ཡིན། སྤྱི་བོའི་ཧཾ་ཐབས། ལྟེ་བའི་ཨ་ཤེས་རབ། དེ་གཉིས་སྡེབས་པ་ལ་ཨ་ཧཾ། ཞེས་པ་ནི་ཚིག་དང་སྒྲ་གྲགས་པས་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །དབྱེ་བ་ལ་གཉིས་ཕྱི་ན་རིགས་དྲུག་སོ་སོའི་སྐད་དུ་སྣང་བའོ། །དེ་ལ་ཕྱེ་ན་སྐད་རིགས་སུམ་བརྒྱ་དྲུག་ལ་སོགས་པའོ། །དེ་ཡང་ལྟེ་བ་ན་རིགས་དྲུག་གི་ས་བོན་ཡོད་པ་ལས་འབྱུང་བ་ཡིན། དེ་ལྟར་ཡིན་པར་ཡང༌། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་པའོ། །དེ་ལྟར་སྐད་དང་ཚིག་ཐམས་ཅད་རྐྱེན་སྔ་བ་ལྟར་ཚོགས་པ་ལ། སེམས་ཀྱིས་གང་འདོད་པའི་སྐད་དང་ཚིག་འབྱུང་བའོ། །ངག་གི་ལམ་ནི་སེམས་བསྐྱེད་པ་དང༌། ཕྱག་བླ་མའི་མོས་གུས་དང༌། ཡི་དམ་གྱི་ལྷ་བསྒོམས་ནས། སྙིང་པོ་དང༌། ཉེ་བའི་སྙིང་པོ་དང༌། རྩ་བའི་སྔགས་བགྲང་བ་དང༌། གཞན་ཡང་ཡི་གེ་བྲི་བ་དང༌། ཁ་ཏོན་འདོན་པ་དང༌། ཆོས་ཉན་བཤད་ལ་སོགས་པ་ངག་གི་བྱ་བ་དཀར་པོ་དགེ་བའི་ཕྱོགས་ཐམས་ཅད་གནད་བཞི་སྔོན་དུ་སོང་བས་ཞི་དྲག་གཉིས་ཀྱི་རླུང་གི་སྦྱོར་བས་གཏུམ་མོའི་མེ་འབར་བས་བྱང་ཆུབ་སེམས་རྒྱས། དེས་ངག་ལམ་དུ་སློང་བའོ། །གེགས་བྱུང་ན། ཕྱི་ཡི་གེགས་བདུད་དང་མི་མ་ཡིན་གྱི་གེགས་དང༌། ནང་འབྱུང་བ་ཆ་མ་སྙོམས་པས་ངག་གི་གེགས་སུ་འགྲོ་བ་དང༌། རྩ་དང་ཡི་གེ་ཆད་པས་ལྐུག་པ་དང་དིག་པ་དང་ངག་ཟློ་མི་ཤེས་པ་དང༌། ཐིག་ལེ་ཉམས་པས་ངག་ཟློ་མི་ཤེས་པའི་སྐྱོན་འབྱུང་བའོ། །གསུམ་པ་གེགས་སེལ་བ་ནི། ཕྱི་ནི་སེམས་ཅན་ཐམས་ཅད་ལ་བྱམས་པའི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་སེལ། ནང་འབྱུང་བ་ཆ་མ་སྙོམས་པའི་གེགས་ནི་རླུང་བཟུང་བས་ཆ་སྙོམ་པས་སེལ། རྩ་ཆད་པ་དང་ལྐུག་པ་ནི། རླུང་བཟུང་གཏུམ་མོ་བསྒོམ་ཐིག་ལེས་གང་བས་བཅོས། ཐིག་ལེ་ཉམས་པ་ཐིག་ལེ་སྲུང་ཟློག་གིས་བཅོས། ངག་ལམ་དུ་སློང་ན་ལམ་གྱི་ཡོན་ཏན་ནི། རིགས་དྲུག་སོ་སོའི་སྐད་དུ་ཆོས་སྟོན་པ་དང༌། ངག་གི་དབང་ཕྱུག་དང༌། གསུང་སོ་སོ་ཡང་དག་པར་རིག་པ་དང༌། ཨ་ལི་ཀ་ལི་ལ་མངའ་བརྙེས་པ་ལ་སོགས་པ་འབྱུང་བའོ། །ངག་གི་འབྲས་བུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད། གསུང་དབྱངས་དྲུག་ཅུས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའོ། །ངག་གི་གནད་ཅེས་པ་ནི། ངག་ལ་གསུམ། ངག་དང༌། སྣང་ལ་ལེན་པ། སྣང་ལ་མི་ལེན་པའོ། །ངག་དངོས་ལ་བཞི། ཟག་པ་དང་བཅས་པའི་ངག་ལྷང་ལྷང་པོ་གདོས་བཅས་དང་ཟག་པ་དང་བཅས་པའི་ཡིད་ཀྱི་ངག་དང༌། ཟག་པ་མེད་པའི་ངག་དང༌། ཡེ་ཤེས་ཀྱི་ངག་དང་བཞིའོ། །ཟག་བཅས་ཀྱི་ངག་ནི། འབྱུང་བ་བཞི་ཡི་རླུང་དང༌། མགྲིན་པ་དང༌། ཁ་དང༌། ལྕེ་དང༌། ངག་ལྷང་ལྷང་པོ་ཉིད་ཤི་ཙམ་ན་འཇོག་པས་འབྲལ་རྒྱུ་ཅན་ཡིན་ནོ། །ཟག་པའམ་ཉོན་མོངས་པའམ་ངག་ཏུ་འཛིན་པའི་ཞེན་པ་དང་བཅས་པའོ། །ཟག་པ་དང་བཅས་པ་ཡིད་ཀྱི་ངག་ནི། ངའི་ངག་སྙམ་དུ་ཡིད་ཀྱི་འཛིན་པའོ། །ཤི་ན་བར་དོར་འཁྱམས་པའི་དུས་ན་ཡང་ངའི་ངག་སྙམ་དུ་ཡོད་པར་སྟོན་པས་སྲོག་འཛིན་པར་བྱེད་པའི་རླུང་ལ་གནས། བར་དོའི་དུས་ན་ཡང་ངའི་ངག་སྙམ་དུ་ཡོད་པར་འཛིན་པའོ། །ཟག་པ་ནི་ངའི་ངག་སྙམ་དུ་ཞེན་ཅིང་ཆགས་པའོ། །ཟག་པ་མེད་པའི་ཟག་བཅས་གཉིས་ཀྱིས་གང་དུ་ཡང་མ་དམིགས་པའི་ཞེན་པ་དང་འཛིན་པ་མེད་པའོ། །ཡེ་ཤེས་ཀྱི་ངག་ལ་གཉིས། ལམ་གྱི་དུས་སུ་ཏིང་ངེ་འཛིན་དང་ལྡན་པའི་ངག་དང༌། འབྲས་བུའི་དུས་སུ། མྱ་ངན་ལས་འདས་པའི་སྐུར་སྣང་བའོ། །ཏིང་ངེ་འཛིན་ལ་ཐེག་པ་འོག་མ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པས་ངག་མི་རྟག་པར་བསྒོམ། འདོན་ཟློས་དང་ཁ་ཏོན་ལ་སོགས་པ་ཉམས་སུ་ལེན། གསང་སྔགས་ཀྱི་ངག་གྲགས་སྟོང་ཡི་དམ་གྱི་ལྷའི་སྙིང་པོ་བགྲང་བའོ། །གཉིས་པ་སྣང་ལ་ལེན་པ་ནི་རང་ལ་ངག་ཡོད་པས་རྫུན་ཕྲ་མ་ངག་འཁྱལ་ཚིག་རྩུབ་བཞི་སྨྲ་བའི་ཡུལ་སེམས་ཅན་ཐམས་ཅད་ལ་ངག་གི་ལས་བྱས་པས་ངག་སོང་གསུམ་དུ་འཁོར་བའི་སྡུག་བསྔལ་ལེན་པའོ། །ངག་གི་ལས་ཉེས་པ་སྤངས་ནས་དགེ་བའི་ལས་བྱས་པས་དགེ་བའི་འབྲས་བུ་སྨིན་པའོ། །སྣང་ལ་མི་ལེན་པ་ནི། ཡུལ་སེམས་ཅན་ལ་ངག་གི་ལས་མ་བྱས་པས་གནས་སྐབས་ཉོན་མོངས་མི་སྐྱེ་ལ་མཐར་ཐུག་འབྲས་བུ་མི་ལེན་པའོ། །དགེ་བ་ཡང་དེ་བཞིན་ནོ། །གནད་ནི་བཞི་ཡིན་ཏེ། ལམ་གྱི་སྐབས་སུ་བཤད་ཟིན་ཏོ། །དེས་ནི་གྲགས་པ་བཀའ་བཞི་ངག་གི་གནད་བསྟན་ཟིན་ཏོ། །ད་ནི་གནས་ལུགས་བཀའ་བཞི་སེམས་ཀྱི་གནད་ཅེས་པ་ནི། སེམས་ཀྱི་གནས་ལུགས་ལ་ཡང་བཞི་སྟེ། སེམས་ཀྱི་ངོ་བོ་ངོས་བཟུང་བ་དང༌། དབྱེ་བསྡུ་དང༌། ལམ་དང༌། འབྲས་བུའོ། །སེམས་ཀྱི་ངོ་བོ་ངོས་བཟུང་བ་ལ་གསུམ། ཀུན་གཞི་རིག་པ་བྱང་ཆུབ་ཀྱི་སེམས་སམ། ཁམས་རང་བཞིན་གྱིས་རྣམ་པར་དག་པའམ། ཁམས་དེ་བཞིན་གཤེགས་པའི་སྙིང་པོའམ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་པའམ། གཞི་ནི་སེམས་སྟོང་པ། ཀུན་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དོ། །དེ་ལྟར་ཡང་ནམ་མཁའ་སྣང་མུན་གཉིས་ཀྱི་གཞི་བྱེད་པ་ལྟ་བུའོ། །རིག་པ་ནི་བདག་རིག་གཞན་རིག་མ་འགགས་པའི་རིག་པའོ། །བྱང་ཆུབ་ནི་རིག་པ་དེ་སྒྲིབ་པས་གོས་མ་མྱོང་བས་བྱང༌། ཡེ་ཤེས་ཡིན་པས་ན་ཆུབ། ཁམས་རང་བཞིན་གྱི་རྣམ་པར་དག་པ་ཞེས་པ་ནི། སེམས་རང་བཞིན་སྟོང་པ་ཉིད་ནམ་མཁའི་ཁམས་དང་འདྲ་བས་ན་སྟོང་པ་ཉིད། ཁམས་རྣམ་པར་དག་པ་ནི། དྲི་མས་གོས་མ་མྱོང་བས་ན་རྣམ་པར་དག་གོ །དེ་ལྟར་ཡིན་པ་ཡང༌། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། དག་པ་ཡིས་ནི་དག་པར་འགྱུར། །ཞེས་གསུངས་སོ། །ཁམས་དེ་བཞིན་གཤེགས་པའི་སྙིང་པོ་ནི། ཁམས་ནི་གོང་མ་དང་འདྲ། སྙིང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་ཁྱད་མེད་པ་ནི་སྙིང་པོ་སྟེ། དེ་ལྟར་ཡིན་པར་ཡང་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པའོ། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་འོད། །ཅེས་པ་ནི། སེམས་དང་སྣང་བ་གཉིས་མ་ཡིན་ཏེ། ཆོས་ཀྱི་སྐུའི་འོད་ཡིན་པའོ། །ལྷན་ཅིག་སྐྱེས་པ་ནི་གསེར་དང་གསེར་གྱི་སེར་པོའམ། དུང་དང་དུང་གི་དཀར་པོ་བཞིན་ནོ། །སྣང་བ་དང་ཆོས་སྐུ་གཉིས་མ་ཡིན་ཏེ། ཆོས་སྐུའི་འོད་ཡིན་ནོ། །དཔེར་ན་ཉི་མའི་འོད་བཞིན་ནོ། །གསུམ་པ་སེམས་ཀྱི་དབྱེ་བསྡུ་ལ་གཉིས། བསྡུ་བ་དང་དབྱེ་བའོ། །བསྡུ་བ་ནི། སེམས་སྣང་སྟོང་གཉིས་སུ་མེད་པའོ། །རིག་པ་དང་སྟོང་པ་གཉིས་སུ་མེད་པའམ། ཐབས་དང་ཤེས་རབ་གཉིས་སུ་མེད་པ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་འདུས། དབྱེ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་རྟོག་པའི་སྒོ་ནས་དབྱེ་བ་ནི། གཟུང་འཛིན་གཉིས་མིང་དང་གཟུགས་གཉིས། རྟེན་འབྲེལ་གཉིས། རྟོག་པ་དགུ་བཞི་སུམ་ཅུ་སོ་དྲུག ཆོས་མངོན་པའི་ལུགས་ཀྱིས་དབྱེ་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་དགུ། ཀུན་གཞི་རྣམ་པར་ཤེས་པ། ཉོན་མོངས་པ་ཅན་གྱི་ཡིད་དང༌། ཡིད་ཀྱི་རྣམ་པར་ཤེས་པ། སྒོ་ལྔའི་རྣམ་པར་ཤེས་པ། ཚོགས་དགུ་ནི་ཀུན་གཞི་རང་རིག་བྱས་པས་རིག་པ་དགུའོ། །ཀུན་གཞི་རྣམ་པར་ཤེས་པ་ནི། ཀུན་གཞི་ལ་གསུམ། ཆོས་ཉིད་དོན་གྱི་ཀུན་གཞི་དང༌། འདུན་པ་བག་ཆགས་ཀྱི་ཀུན་གཞི་དང༌། སྦྱོར་བ་འདུན་པའི་ཀུན་གཞིའོ། །ཆོས་ཉིད་དོན་གྱི་ཀུན་གཞི་ནི་སེམས་ཉིད་གདོད་མ་ནས་དག་ཅིང་སྟོང་པ་ཉིད་ཡིན་ལ། འདུན་པ་བག་ཆགས་ཀྱི་སེམས་ཡུལ་ལ་འདུན་པ་དང༌། བག་ཆགས་ཀྱི་ཉོན་མོངས་པ་སྐྱེས་ནས་འཁོར་བའི་ལུས་བླངས་པའོ། །སྦྱོར་བ་འདུན་པའི་ཀུན་གཞི་ནི། རྣམ་པར་ཤེས་པ་ལུང་མ་བསྟན་དུ་འདོད་པ་ལ་སོགས་པ་བཞེད་ལུགས་མི་འདྲ་བ་མང་དུ་ཡོད་ན་ཡང༌། ཀུན་གཞི་གང་དུ་ཡང་མི་དམིགས་ལ། ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་ལ་མངའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཁ་བལྟས་པས། ཐལ་བས་གཡོགས་པའི་མེ་བཞིན་དུ་གནས། སྒོ་ལྔའི་རྣམ་པར་ཤེས་པ་ཡུལ་མངོན་དུ་གྱུར་ཙ་ན། ཡིད་ཀྱི་རྣམ་པར་ཤེས་པ་དེ་འཛིན་ཞུགས། །ཉོན་མོངས་ཅན་གྱི་ཡིད་ཀྱི་ཆགས་སྡང་རྨོངས་གསུམ་སྐྱེས། དེས་ཀུན་གཞིའི་རྣམ་པར་ཤེས་པ་ཆོས་ཉིད་དོན་གྱི་ཀུན་གཞི་སྟོང་པ་ཉིད་དུ་མ་མྱོང་བས་འཁོར་བར་སྣང་བ་ཡིན། སྦྱོར་བ་བདུན་ནི། སྒོ་ལྔའི་ཡུལ་མངོན་དུ་གྱུར་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་གཉིས་མ་ཞུགས་པས། ཀུན་གཞི་རང་རིག་གི་རྣམ་པར་ཤེས་པ་ཡུལ་སྒོ་ལྔ་རྟོག་མེད་དུ་མྱོང་ཙམ་ན། མྱ་ངན་ལས་འདས་པའི་ལམ་ཡིན། དེ་ལམ་གྱི་དུས་སུ་བསྒོམས་པ་ལས་བྱུང༌། གསང་སྔགས་ཀྱི་སེམས་སྣང་བ་དང་སྟོང་པ་གཉིས་སུ་མེད་པ་དེ། སེམས་སྟོང་པ་ལ་དབྱེ་རྒྱུ་མེད་ཀྱང༌། སྣང་བ་ལ་བཅོ་ལྔ། མིག །རྣ་བ། སྣ། ལྕེ། ལུས་ལྔའོ། །མིག་གི་རྣམ་པར་ཤེས་པ། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེ་ཡི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ་དང་ལྔའོ། །མིག་གི་འདུས་ཏེ་རེག་པ། རྣ་བའི་འདུས་ཏེ་རེག་པ། སྣ་ཡི་འདུས་ཏེ་རེག་པ། ལྕེའི་འདུས་ཏེ་རེག་པ། ལུས་ཀྱི་འདུས་ཏེ་རེག་པ་ལྔ་སྟེ་བཅོ་ལྔའོ། །ད་ནི་སེམས་ཀྱི་ལམ་ལ་བཞི། ལམ་དང་གེགས་དང་གེགས་སེལ་དང༌། ལམ་གྱི་ཡོན་ཏན་རྫོགས་པའོ། །ལམ་ལ་གཉིས། རྩོལ་བཅས་དང༌། རྩོལ་མེད་ཕྱག་རྒྱ་ཆེན་པོའོ། །དེ་ལ་སེམས་བསྐྱེད་དང༌། བླ་མའི་མོས་གུས་དང༌། ལུས་ཡི་དམ་གྱི་ལྷར་བསྒོམས་ནས། རྩོལ་བཅས་རྣམ་པ་བཞིས་ཉམས་སུ་བླང་བ་ནི། དུས་གནད། རླུང་དྷཱུ་ཏི་ནས་རྒྱུ་བའི་དུས་སུ། ལུས་གནད་ཆོས་ལྔའམ་དྲུག་ཏུ་བཅོས་ལ། ཡུལ་གནད་ལྟེ་བ་ནས་སོར་བཞི་བཙལ་བའི་གནས་སུ། ཤེས་པའི་གནད་གཏུམ་མོ་ཨ་ཐུང་མེ་འབར་བ་ལ་གཏོད། རླུང་གི་སྦྱོར་བ་བཞི་ལྡན། ཞི་དྲག་གཉིས་ཀྱི་རླུང་བཟུང་བས་གཏུམ་མོའི་མེ་འབར་བས་ཁམས་བྱང་ཆུབ་སེམས་ཀྱི་ཐིག་ལེས་རྩ་གནས་རྒྱས། དེས་སེམས་བདེ་སྟོང་ངམ་མི་རྟོག་པ་སྐྱེ་བས་སེམས་ལམ་དུ་སློང་བའོ། །གཉིས་པ་རྩོལ་མེད་ཕྱག་རྒྱ་ཆེན་པོ་ནི། སེམས་སྣང་བ་དང་སྟོང་པ་གཉིས་སུ་མེད་པས་ན་ཕྱག དེ་ལས་མི་འདའ་བས་ན་རྒྱ། དེའི་གོང་ན་གཞན་མེད་པས་ན་ཆེན་པོའོ། །དེ་ཡང་སེམས་མ་བཅོས་པ་ཕྱག་རྒྱ་ཆེན་པོ་ཡིན། བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང༌། འཇུར་བུས་བཅིངས་པའི་སེམས་འདི་ནི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །བྲམ་ཟེས་སྐུད་པ་འཁེལ་བ་བཞིན། །རྣལ་འབྱོར་སེམས་ཉིད་ཀློད་ལ་བཞག །ཅེས་གསུངས། གང་མ་བཅོས་ན་སེམས་མ་བཅོས། སེམས་ཆོས་སྐུ་ཡིན་པས་གཞན་ཞིག་སྒོམ་ན་བཅོས་པ་ཡིན། སེམས་མ་བཅོས་ན་གསལ། ཆུ་མ་རྙོགས་ན་དྭངས། དེ་ལ་མ་བཅོས་པར་འཇོག་ལུགས་ནི། བཅས་བཅོས་མ་བྱེད་ལྷུག་པར་ཞོག །བལྟ་ཉུལ་མ་བྱེད་རང་དགར་ཞོག །ཡིད་ལ་མ་བསམ་མི་དམིགས་ཞོག །ཉམས་མྱོང་དང་རྟོགས་པ་གཅིག་ཏུ་མཆི། དེ་ལྟར་བསྒོམས་ན་ཉམས་མྱོང་དང་རྟོགས་པ་སྐྱེ་བས་ལམ་དུ་སློང་བའོ། །གལ་ཏེ་གེགས་བྱུང་ན། ཕྱི་ནང་གི་གེགས་དང༌། གྲིམ་དང་སྒྲིབ་པ་དང་གསུམ། ཕྱི་ཡི་གེགས། མི་དང་མི་མ་ཡིན་པས་ཏིང་ངེ་འཛིན་ལ་བར་དུ་གཅོད་པ་དང༌། ནང་གི་ཉོན་མོངས་པ་དང༌། རྣམ་རྟོག་གི་ཏིང་ངེ་འཛིན་ལ་སེམས་གནས་སུ་མི་གཏེར་བ་དང༌། གྲིབ་ནི་རྫ་མ་ནག་པོ་དང་འདྲ་སྟེ། གང་ཉེ་བ་ལ་དྲི་མ་འགོ་བ་བཞིན་དུ། མི་དམ་ཚིག་དང༌། སྡོམ་པ་ཉམས་པ་དང༌། སྡིག་པོ་ཆེའི་གྲིབ་དང༌། མི་འདྲེ་ཅན་དང༌། ནད་པ་དང༌། མཛེ་ཕོ་དང༌། རོ་དང༌། མི་གཙང་བའི་གྲིབ་ཀྱིས་ཏིང་ངེ་འཛིན་ལ་བར་དུ་གཅོད་པར་བྱེད་པ་དང༌། གཞན་ཡོན་ཏན་ལ་སྒྲིབ་པའི་བགེགས་ཐམས་ཅད་དོ། །སྒྲིབ་པ་གཉིས་ལ། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པའོ། །ཉོན་མོངས་པའི་སྒྲིབ་པ་ནི། ཉོན་མོངས་ཉིད་རང་གིས་མ་རྟོགས་པས། རང་གིས་རང་སྒྲིབ་པ་དང༌། ཉོན་མོངས་ཀྱིས་སྒྲིབ་པ་ནི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་རྣམ་པར་སྨིན་པས་ལམ་དང་ལམ་གྱི་འབྲས་བུ་ལ་སྒྲིབ་པའོ། །ཤེས་བྱའི་སྒྲིབ་པ་ནི། གཉེན་པོ་ལ་ཞེན་པ་དང༌། འཁོར་གསུམ་གྱི་རྟོག་པས་ལམ་དང་འབྲས་བུ་ལ་སྒྲིབ་པའོ། །གསུམ་པ་བཅོས་ཐབས་ནི། ཕྱིའི་གེགས་ལ་བྱམས་པ་དང་སྙིང་རྗེ། བྱང་ཆུབ་ཀྱི་སེམས་བསྒོམ། ཁྱད་པར་དུ་མི་དང་མི་མ་ཡིན་ལ་སྲུང་བའི་འཁོར་ལོ་བསྒོམ། ནང་གི་རྣམ་རྟོག་སེམས་ཡིན། སེམས་ཕྱག་རྒྱ་ཆེན་པོ་ཡིན་པས་རྣམ་རྟོག་རང་སར་གྲོལ་བས་སེམས། ཉོན་མོངས་པ་ལ་གཉེན་པོ་སྒོམ་པའམ། ཉོན་མོངས་པ་ཡེ་ཤེས་ཡིན་པ་རྟོགས་པས་སེལ། མི་འདྲེ་ཅན་ལ་སོགས་པ་གྲིབ་ཅན་ལ་ནི། ལྟེ་བ་གཏུམ་མོའི་མེ་འབར་བས། ལུས་ཀྱི་ནང་ཐམས་ཅད་དུ་འཆར། བུ་ག་ཐམས་ཅད་དང་དབང་པོའི་སྒོ་ཐམས་ཅད་དུ་འབར་བ་ནི་སྲུང་བ་ཡིན་ལ། ཆུས་དྲི་མ་འཁྲུས་པ་ལྟར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམས་ནས་ཡེ་ཤེས་ཀྱི་བདུད་རྩི་ཕབས་པས་ལུས་ཀྱི་ནང་ཐམས་ཅད་ཁྲུས་བྱས་པས་སེལ། ཉོན་མོངས་ཀྱི་སྒྲིབ་པ་ནི། ཉོན་མོངས་པ་ཉིད་ཡེ་ཤེས་སུ་རྟོགས་པས་སྒྲིབ་མཁན་མ་གྲུབ་པས་སེལ། ཉོན་མོངས་པའི་སྒྲིབ་པ་ནི་སྣང་བ་རང་སེམས་སུ་རྟོགས་ཤིང་བསོད་ནམས་ཀྱི་ཚོགས་བསགས་པས་སེལ། ཤེས་བྱའི་སྒྲིབ་པ་རང་སེམས་ཆོས་སྐུར་རྟོགས་ཤིང་ཡེ་ཤེས་ཀྱི་ཚོགས་བསགས་པས་སེལ། སེམས་གཉིས་སུ་མེད་པ་ཚོགས་གཉིས་ཟུང་འབྲེལ་དུ་བསགས་པས་ལམ་དང་འབྲས་བུ་སྒྲིབ་པ་ཐམས་ཅད་སེལ། སེམས་ལམ་དུ་སློང་ན་ལམ་གྱི་ཡོན་ཏན་ནི་ལོ་ཀའི་ལམ་གྱི་སྐབས་སུ་དྲོད་སྐྱེ། ལོ་ཀ་ལས་འདས་པའི་ལམ་དུ་རྟགས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་ཞིང་ཡོན་ཏན་ཐམས་ཅད་རྫོགས་པའོ། །སེམས་ཀྱི་འབྲས་བུ་རྣམ་དག་གི་སྐུ་མངོན་དུ་བྱེད་པའོ། །སེམས་ཀྱི་གནད་ཅེས་པ་ནི། སེམས་ལ་གསུམ་སྟེ། སེམས་དང༌། སྣང་ལ་ལེན་པ་དང༌། སྣང་ལ་མི་ལེན་པའོ། །སེམས་ལ་བཞི། ཟག་པ་དང་བཅས་པའི་སྣང་བའི་ཡུལ་ལ་དངོས་པོར་ཞེན་པའི་ཐོགས་པ་དང༌། བཅས་པའི་གདོས་བཅས་དང༌། ཟག་པ་དང་བཅས་པའི་ཡིད་ཀྱི་སེམས་དང༌། ཟག་པ་མེད་པའི་སེམས་དང༌། ཡེ་ཤེས་ཀྱི་སེམས་དང་བཞིའོ། །དེ་ལ་ཟག་བཅས་ཀྱི་སེམས་ནི། སྣང་བ་ཡུལ་ལ་ཞེན་པས་ཐོབ་པ་དང་བཅས་པས་གདོས་བཅས་སོ། །དེ་ཡང་འཆི་ཙམ་ན་སྣང་བ་རིམ་གྱིས་ཐིམ་ནས་འབྲལ་རྒྱུ་ཅན་ཡིན་ནོ། །ཟག་པ་ནི་སྣང་བ་རང་སེམས་སུ་མི་འཛིན་པར་ཡུལ་དང་ཡུལ་ཅན་དུ་འཛིན་པའོ། །ཟག་པ་དང་བཅས་པའི་སེམས་ནི། རང་གིས་རང་ཉིད་ལ་ངའི་སེམས་སྙམ་དུ་འཛིན་པའོ། །ཤི་ནས་བར་དོར་འཁྱམས་པའི་དུས་སུ་ཡང་ངའི་སེམས་སྙམ་དུ་བར་དོའི་ལུས་བྱས་པ་ཡིན་པས་སོ། །ཟག་པ་ནི་ངའི་སེམས་སྙམ་དུ་རང་གིས་རང་ལ་ཞེན་ཅིང་ཆགས་པའོ། །ཟག་པ་མེད་པ་ནི་ཟག་བཅས་གཉིས་ཀྱིས་གང་དུ་ཡང་མི་དམིགས་པས་ཞེན་པ་དང་འཛིན་པ་མེད་པའོ། །ཡེ་ཤེས་ཀྱི་སེམས་ལ་གཉིས། ལམ་གྱི་དུས་སུ་ཏིང་ངེ་འཛིན་དང་ལྡན་པའི་སེམས་དང༌། འབྲས་བུའི་དུས་སུ་མྱ་ངན་ལས་འདས་པའི་སྐུར་སྣང་བའོ། །ཏིང་ངེ་འཛིན་གྱི་ཕྱི་རོལ་དུ་མུ་སྟེགས་བྱེད་ཀྱི་ཆད་པར་ལྟ་བ་ལ་ལམ་མེད། ཆད་པར་ལྟ་བ་ལ་རྡུལ་མུན་པ་སྙིང་སྟོབས་གསུམ་དུ་འདུ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་གང་ཟག་གི་བདག་མེད། སེམས་ཙམ་པ་དང༌། དབུ་མ་བ། སྒྱུ་མ། ཕ་རོལ་ཏུ་ཕྱིན་པས་གཉིས་མེད། གསང་སྔགས་སམ་གཟུགས་སམ་སོ་སོའི་ཏིང་ངེ་འཛིན་དུ་བསྒོམས་པའོ། །འབྲས་བུའི་དུས་སུ་རྣམ་དག་གི་སྐུ་མངོན་དུ་བྱེད་དོ། །གཉིས་པ་སྣང་ལ་ལེན་པ་ནི། རང་ལ་སེམས་ཡོད་པས་བརྣབ་སེམས། གནོད་སེམས། ལོག་པར་ལྟ་བ་གསུམ་གྱིས་ཡུལ་སེམས་ཅན་ཐམས་ཅད་ཀྱིས་མི་དགེ་བ་གསུམ་གྱི་ལས་བྱས་པས་ངན་སོང་གསུམ་དང༌། འཁོར་བའི་སྡུག་བསྔལ་ལེན་པའོ། །སེམས་ཀྱིས་མི་དགེ་བ་སྤངས། དགེ་བའི་ལས་བྱས་པས་དགེ་བའི་འབྲས་བུ་ལེན་པའོ། །སྣང་ལ་མི་ལེན་པ་ནི། ཡུལ་སེམས་ཅན་ལ་སེམས་ཀྱི་ལས་མ་བྱས་པས་གནས་སྐབས་ཉོན་མོངས་པ་མི་སྐྱེ་ལ། མཐར་ཐུག་འབྲས་བུ་མི་ལེན་པའོ། །གནད་བཞི་ནི་ལམ་གྱི་སྐབས་སུ་བཤད་ཟིན་ཏོ། །དེས་སེམས་ཀྱི་བཀའ་བཞི་བསྟན་ཟིན་ཏོ། །དེ་གསུམ་མ་འདྲེས་གཅིག་པ་སོ་སོའི་གནད། །ཅེས་པ་ནི། དེ་གསུམ་ནི་ལུས་ངག་ཡིད་གསུམ་མོ། མ་འདྲེས་པ་ནི་ལས་སོ་སོར་བྱེད་པའོ། །གཅིག་པ་ནི་ལུས་ལ་ལུས་ངག་ཡིད་གསུམ་དབྱེར་མེད་པར་གནས་པའོ། །སོ་སོའི་གནད་ནི་ལམ་ཡིན་ཏེ། ལུས་ལ་ཡང་གནད་བཞི། སེམས་ལ་ཡང་གནད་བཞི། རྟེན་འབྲེལ་བསྒྲིགས་བསྒྲིགས་པ་ཉམས་སུ་ལེན་པའོ། །བཀའ་བབས་བཞི་ཡི་གདམས་ངག་འདི། །ཞེས་པ་ནི། བཀའ་ལ་བཞི་ཡིན་ཏེ། བདེ་བར་གཤེགས་པ། བླ་མ་ཡི་དམ། མཁའ་འགྲོ་བཞི་ཡིན་ནོ། །དེ་ནི་བཀའ་བཞི་ཡིན་པ་ལ། བབས་པ་གདམས་ངག་ཆུ་བོ་དང་འདྲའོ། །བཀའ་བཞི་ཡུལ་གྱི་བྱིན་རླབས་དང༌། ཞེས་པ་ནི། ཚིགས་སུ་བཅད་པ་ཕྱེད་དང་གསུམ་གྱིས་སྨོན་ལམ་སྟོན་པ་ནི། བཀའ་བཞི་ཡུལ་གྱི་བྱིན་རླབས་དང༌། མཁའ་འགྲོ་མ་ཡི་བྱིན་རླབས་ཀྱིས། །ཞེས་པ་ནི། དེ་དག་གི་བྱིན་རླབས་ཀྱིས་བདག་ལ་བཀའ་བབས་པའོ། །འགྲོ་ལ་ཕན་གདག་པའི་ཕྱིར་ལས་ཅན་གྱིས་སློབ་མ་རྣམས་ལ་གསུངས་པས། ཆོས་བརྒྱུད་ཆུ་བོའི་གཞུང་བཟུང་བས། འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བ་མ་སྟོང་གི་བར་དུ། ཆོས་འདི་རྒྱུན་ཆད་མེད་པ་ཡིས། མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་ནས། ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །ཅེས་པ་ནི་སྨོན་ལམ་མོ། བཟོད་པར་གསོལ་བ་ནི། གཞུང་ཚིག་གིས་ཤེས་སོ། །ཆོས་འདི་ཡི་གེར་བཀོད་པའི་རྒྱུ་མཚན་ལ་གསུམ་སྟེ། དུས་དང་གནས་དང་ཆོས། གང་གིས་གསུངས་ན། ཆོས་གང་གསུངས་ན་བཀའ་བཞིའི་གདམས་པ་གསུངས། གང་ལ་གསུངས་ན་ཆེད་དུ་བྱ་བའི་སློབ་མ་ལ་གསུངས། གང་གིས་གསུངས་ན་རས་པས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡི་གེར་བཀོད། མུན་པ་ཐམས་ཅད་སེལ་བར་བྱེད་པའི་ཉི་མའི་དཀྱིལ་འཁོར་ལྟ་བུ། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པའི་བཀའ་བཞིའི་ཆོས་ཀྱི་དོན་གསལ་བར་བྱེད་པའི་ཡིག་སྣ་འདི། རས་པས་གསལ་བར་བྱས་པས། སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་སྐུ་ལྔ་ཐོབ་པར་ཤོག །རྫོགས་སོ།།


previousགྲགས་པ་བཀའ་བཞི་ངག་གི་གནད། next