Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལམ་རིམ་གསལ་བ།
   
   


 
previousལམ་རིམ་གསལ་བ། next

ལམ་རིམ་གསལ་བ།

བླ་མ་རྗེ་བཙུན་པ་རྣམས་དང༌། ཡི་དམ་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྤྱིར་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཐམས་ཅད་བསྡུ་ན་གསུམ་དུ་འདུ་སྟེ་གཞི་ལམ་འབྲས་བུའོ། །དང་པོ་ནི་ཁམས་རང་བཞིན་རྣམ་པར་དག་པ་ཞེས་ཀྱང་བྱ། བདེ་བར་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ། ཀུན་གཞི་ཞེས་ཀྱང་བྱ་སྟེ། དེ་མ་རྟོགས་པའི་དུས་ན་འཁོར་བའི་སྡུག་བསྔལ་གྱི་གཞིར་སྣང་ལ། རྟོགས་པའི་དུས་ན་དེ་ཉིད་མྱ་ངན་ལས་འདས་པར་སྣང་བའོ། །དེ་ལྟར་ཡིན་པ་ཡང་རྒྱུད་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་པ་དང༌། གཞན་ཡང་རྒྱུད་ལས། །རང་རིག་རང་གསལ་རྒྱ་མ་ཆད་པ་འདི། །ཀུན་གྱི་གཞི་དང་གསོན་པའི་རྒྱུར་གྱུར་པ། །གཟུང་བའི་བག་ཆགས་ཀུན་གཞིའི་མིང་དུ་སྣང༌། །ཞེས་པ་དང༌། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང༌། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པ་ལ་སོགས་པ་གསུངས་སོ། །ལམ་ལ་གསུམ། ལམ་ཚོལ་བ་ལ་ཞུགས་པ་དང༌། ལམ་དངོས་ལ་ཞུགས་པ་དང༌། ལམ་ཆེན་པོ་ལ་ཞུགས་པའོ། །ལམ་ཚོལ་བ་ལ་ཞུགས་པ་ནི་ཕྱི་རོལ་མུ་སྟེགས་པའོ། །ལམ་དངོས་ལ་ཞུགས་པ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པའོ། །ལམ་ཆེན་པོ་ལ་ཞུགས་པ་ནི་འབྲས་བུ་རྡོ་རྗེའི་ཐེག་པའོ། །སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱི་ཞལ་ནས་ཀྱང༌། ལམ་ཚོལ་ཞུགས་དང་ལམ་ཞུགས་ལམ་ཆེན་ཞུགས། །ཞེས་གསུངས་སོ། །བྱེ་བྲག་ཏུ་ནང་པ་སངས་རྒྱས་པའི་ལམ་བགྲོད་ཚུལ་ལ་གཉིས། ཐུན་མོང་གི་ལམ་དང༌། ཁྱད་པར་གྱི་ལམ་མོ། དེ་ལ་ཐུན་མོང་གི་ལམ་ནི། ལམ་ལྔ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྦྱར་བའོ། །ལམ་ལྔ་ནི། ཚོགས་ལམ་དང༌། སྦྱོར་ལམ་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། མི་སློབ་པའི་ལམ་མོ། །དེ་ལ་ཚོགས་ལམ་དང་སྦྱོར་ལམ་གཉིས་ནི་བདེན་པ་མ་མཐོང་བའི་ཕྱིར་འཇིག་རྟེན་པའི་ལམ་ཡིན་ལ། མཐོང་ལམ་དང་སྒོམ་ལམ་དང༌། མི་སློབ་པའི་ལམ་གསུམ་ནི། ཆོས་ཉིད་ཀྱི་དོན་མངོན་དུ་གྱུར་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་ཞེས་བྱའོ། །ལམ་ལྔ་པོ་དེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྦྱོར་ན། དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དེ་ལྟར་ཆོས་བཞི་གསུམ་བཅུ་གཉིས་པོ་དེ་ནི་ཚོགས་ལམ་ཀྱི་ཆོས་ཡིན་ནོ། །དབང་པོ་ལྔ། སྟོབས་ལྔ། བཅུ་པོ་དེ་ནི་སྦྱོར་ལམ་གྱི་ཆོས་སོ། །དེ་མན་ཆད་ནི་འཇིག་རྟེན་པའི་ལམ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་མཐོང་བའི་ལམ་དང་སྦྱོར། འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་ལམ་དང་སྦྱོར། དེ་ལྟར་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་མཐར་ཕྱིན་པ་ནི་མཐར་ཕྱིན་གྱི་ལམ་ཞེས་པའམ་མི་སློབ་པའི་ལམ་ཞེས་བྱ་སྟེ། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྫོགས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ལམ་གསུམ་པོ་དེ་ལ་ས་བཅུར་རྩི་བ་ཡིན་ནོ། །ས་བཅུ་པོ་དེ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་སྦྱོར་བ་ཡིན། སའི་ཡོན་ཏན་བརྒྱ་ཕྲག་ལ་སོགས་པ་རྣམས་ནི་མདོ་སྡེ་ས་བཅུ་པའི་ནང་དུ་ལྟོས། ཁྱད་པར་ལ་གཉིས། མཚན་བཅས་ཀྱི་བཞེད་པ་དང༌། མཚན་མ་མེད་པའོ། །མཚན་བཅས་ཀྱི་དབང་དུ་བྱས་ན། རྗེ་བཱིར་ཝ་པས་༼བཞེད་༽ཀྱིས་འཁོར་ལོ་འཆམ་པ་འཇིག་རྟེན་པར་བཞེད་པ་དང༌། འཁོར་ལོ་བསྐོར་བ་འཇིག་རྟེན་ལས་འདས་པའི་ལམ་ཞེས་པའམ། དྲོད་ཀྱིས་བསྡུས་པའི་ལམ་དང༌། རྟགས་ཀྱིས་བསྡུས་པའི་ལམ་ཞེས་པའམ། ཡེ་ཤེས་འཇུག་རྟོགས་ཀྱི་ལམ་དང༌། རྣམ་རྟོག་འཇུག་རྟོགས་ཀྱི་ལམ་ཞེས་གསུངས་ཏེ། དོན་ལ་འཇིག་རྟེན་པའི་ལམ་དང༌། འཇིག་རྟེན་ལས་འདས་པའི་ལམ་གཉིས་ཡིན། དེ་ལ་ལམ་སྤྱི་ཡི་རྣམ་པར་བཞག་པ་ནི། ལམ་ཁྲིད་ལུགས་གསུམ། བགྲོད་ལུགས་གཉིས་སོ། །དེ་ལ་དང་པོ་ནི་རླུང་གི་ལམ་ཁྲིད། ཁམས་བདུད་རྩིའི་ལམ་ཁྲིད། རྩ་ཡི་གེའི་ལམ་ཁྲིད་དོ། །དེ་ལ་དང་པོ་ནི་འཇིག་རྟེན་པའི་ལམ་མན་ཆད་དུ། ཁམས་འདུས་པ་དང་པོ་ལ་གནོད་པ་སྐྱེལ་བའི་རླུང་གི་ལམ་ཁྲིད། བར་པ་ལ་ཕན་གནོད་མེད་པའི་རླུང་གི་ལམ་ཁྲིད། ཐ་མ་ལ་ཕན་འདོགས་པའི་རླུང་གི་ལམ་ཁྲིད་དེ། འཇིག་རྟེན་པའི་ལམ་ཆོད་དོ། །དེ་ནས་འཇིག་རྟེན་ལས་འདས་པའི་ལམ་ལ་ཟག་པ་མེད་པའི་རླུང་གི་ལམ་ཁྲིད། དེ་ནས་དབང་པོ་དེ་ལྔའི་རླུང་གི་ལམ་ཁྲིད། དེ་ནས་སྟོབས་ལྔའི་རླུང་གི་ལམ་ཁྲིད། དེ་ནས་སྲོག་དང་རྩོལ་བ་རབ་ཏུ་ཐིམ་པའི་རླུང་གི་ལམ་ཁྲིད། དེ་ནས་རླུང་གི་འགྲོས་ཐིམ་ནས་ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་འགྱུར་རོ། །གཉིས་པ་ཁམས་བདུད་རྩིའི་ལམ་ཁྲིད་ལ་ཡང༌། ཁམས་འདུས་པ་དང་པོ་ལ་ཁམས་དྭངས་སྙིགས་མ་ཕྱེད་པས་ལམ་ཁྲིད། བར་པ་ལ་ཅུང་ཟད་དྭངས་མས་ལམ་ཁྲིད། ཐ་མ་ལ་ཕར་ཆེར་དྭངས་མས་ལམ་ཁྲིད་དེ་འཇིག་རྟེན་པའི་ལམ་ཆོད་དོ། །དེ་ནས་འཇིག་རྟེན་ལས་འདས་པའི་ལམ་ལ། ཁམས་དྭངས་མས་ལམ་ཁྲིད། དེ་ནས་བདུད་རྩིའི་བཅུད་ཀྱིས་ལམ་ཁྲིད། དེ་ནས་ཁམས་དྭངས་མ་ཆེན་པོས་ལམ་ཁྲིད། དེ་ནས་དྭངས་མའི་དྭངས་མ་ཆེན་པོས་ལམ་ཁྲིད་ནས། དེ་ནས་བདུད་རྩིའི་འགྲོས་ཐིམ་ནས་དྭངས་མ་མཆོག་ཏུ་འགྱུར་རོ། །གསུམ་པ་རྩ་ཡི་གེའི་ལམ་ཁྲིད་པ་ཡང༌། ཁམས་འདུས་པ་དང་པོ་ལ་མ་ངེས་པའི་འཁྲུལ་སྣང་དུ་འཆར་བས་ལམ་ཁྲིད། གཉིས་པ་ལ་ངེས་པ་མཐོང་སྣང་དུ་འཆར་བས་ལམ་ཁྲིད། གསུམ་པ་ལ་ཤིན་ཏུ་ངེས་པ་གསལ་སྣང་དུ་འཆར་བས་ལམ་ཁྲིད། འཇིག་རྟེན་ལས་འདས་པའི་ལམ་ཆོད་དོ། །དེ་ནས་འཇིག་རྟེན་ལས་འདས་པའི་ལམ་ལ་ཡི་གེ་སྟོབས་ཅུང་ཟད་དག་པས་ལམ་ཁྲིད། དེ་ནས་ཡི་གེ་སྟོབས་ཕར་ཆེར་དག་པའི་ལམ་ཁྲིད། དེ་ནས་ཡི་གེས་འགྲོས་ཐིམ་པས་མི་ཤིགས་པའི་ཡི་གེར་འགྱུར་རོ། །ད་ནི་ལམ་བགྲོད་ལུགས་གཉིས་ལས། ལུང་སྒོ་བསྟུན་གྱི་དབང་དུ་བྱས་ནས། ལམ་ལྔ་ལྟར་ལམ་བགྲོད་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལྟར་ལམ་བགྲོད་དོ། །དང་པོ་ཕྱི་དབྱིབས་ཀྱི་ཚོགས་ལ་སོགས་པ་ཚོགས་ལམ་བཞི། སྦྱོར་ལམ་ལ་རྣམ་རྟོག་སྔོན་དུ་སོང་བ་ལ་སོགས་པ་དྲོད་གསུམ། ཕྱི་ནང་གི་རྩེ་མོ་གཉིས་མ་སྐྱེས་པའི་ཆོས་ལ་བཟོད་པར་དཀའ་བས་སྟོང་པ་ཉིད་ཀྱི་བཟོད་པ་གཅིག འཁོར་བའི་ཚོགས་ལས་འདས་པའི་ཆོས་མཆོག་དང༌། མྱ་ངན་ལས་འདས་པའི་ལམ། ཆོས་རྣམས་རྫོགས་པའི་ཆོས་མཆོག་གཉིས་ཏེ། དེ་ལྟར་ལམ་ཚོགས་སྦྱོར་གཉིས་ཀྱིས་འཇིག་རྟེན་པའི་ལམ་ཆོད་དོ། །འཇིག་རྟེན་ལས་འདས་པའི་ལམ་ལ། རྟགས་གསུམ་ཕྲག་དང་པོས་མཐོང་ལམ། རྟགས་གསུམ་ཕྲག་བཅུ་གཅིག་གིས་སྒོམ་ལམ། འགྲོས་བཞི་ཐིམ་པས་མཐར་ཕྱིན་གྱི་ལམ་མོ། གཉིས་པ་བྱང་ཆུབ་ཀྱི་ཆོས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལྟར་ལམ་བགྲོད་ནས། དང་པོ་རྫུ་འཕྲུལ་གྱི་རྐང་པ་བཞིས་སྣང་བ་དགྲར་ལངས་ཀྱི་གཉེན་པོར་འགྱུར། དེ་ནས་སྟོང་པ་དགྲར་ལངས་པ་ན་དྲན་པ་ཉེ་བར་བཞག་པ་བཞི། དེ་ནས་བདེན་པས་བརྒྱལ་ན་ཡང་དག་པར་སྤོང་བ་བཞི་སྟེ་བཅུ་གཉིས་ཀྱིས་འཇིག་རྟེན་པའི་ལམ་ཆོད་དོ། དེ་ནས་འཇིག་རྟེན་ལས་འདས་པའི་ལམ་ས་དྲུག་མན་ཆད་བྱང་ཆུབ་ཀྱི་ཡན་ལག་བདུན། ས་བཞི་ལ་དབང་པོ་ལྔ། ས་གཉིས་པ་ལ་སྟོབས་ལྔ། བཅུ་གསུམ་གྱི་ཕྱེད་ལ་བརྟེན་པ་རྣམ་པར་ཤེས་པ་བརྒྱད། འཕགས་པའི་ཡན་ལག་བརྒྱད་དོ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཉི་ཤུ་རྩ་ལྔས་འཇིག་རྟེན་ལས་འདས་པའི་ལམ་ཆོད་དོ། །དེ་ནི་ལམ་སྤྱི་ཡི་རྣམ་པར་བཞག་པའོ། །ཚོགས་ལམ་གྱི་ཆོས་བཞི་ནི། ཕྱི་དབྱིབས་ཀྱི་ཚོགས་ལམ། ལྷ་དང་བླ་མ་ཐ་དད་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ་མཆོད་པ་བྱ་བ་ནས་བཟུང་སྟེ། དབང་ལེན་པ་ནི་ཚོགས་ལམ། ནང་གསང་སྔགས་ཀྱི་ཚོགས་ལམ་སྟེ། ལྟེ་བའི་ནང་དུ་རླུང་སེམས་ཚོགས་པ་ནས་བཟུང་སྟེ་ཚོགས་ལམ། གསང་བ་དབང་གི་ཚོགས་ལམ་ཡུམ་གྱི་མཁར་རླུང་སེམས་ཚོགས་པ་ནས་བཟུང་སྟེ་ཚོགས་ལམ། མཐར་ཐུག་དེ་ཁོ་ན་ཉིད་ཀྱི་ཚོགས་ལམ་སྟེ་དགྱེས་སོགས་པད་ཅན་བཅུ་མའི་མཆོག་གི་ཟེ་བར་རླུང་སེམས་ཚོགས་པ་ནས་བཟུང་སྟེ་ཚོགས་ལམ། མདོར་ན་ཏིང་ངེ་འཛིན་གྱི་རྒྱུ་སྐྱེ་བའི་རྒྱུ་ཚོགས་པ་ལ་ཚོགས་ལམ་ཞེས་བྱ་བར་བཞེད་དོ། །ལམ་དེས་དྲོད་དང་སྦྱོར་བར་གྱུར་ལ་དྲོད་ཆེ་འབྲིང་ཆུང་གསུམ་གྱི་བྱེ་བྲག་གིས་ཁམས་འདུས་པ་གསུམ་རིམ་གྱིས་སྟོབས་སུ་གྱུར་པས་འཇིག་རྟེན་ལས་འདས་པའི་ལམ་ལ་སྦྱོར་བས་སྦྱོར་ལམ་མོ། དེ་ནི་འཁོར་ལོ་འཆམ་པའི་འཇིག་རྟེན་པའི་ལམ་མདོ་ཙམ་ཞིག་གོ། རྒྱས་པར་ནི་གཞུང་ཉིད་དུ་ལྟོས། འཁོར་ལོ་བསྐོར་བ་འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་དབང་བཞིའི་དབང་སྐལ་གྱི་ས་ཚོམས་སུ་བཅད་ནས་ལམ་བགྲོད་པ་ཡིན་ཏེ། ས་དྲུག་བུམ་པའི་དབང་གི་ས། བཞི་གསང་དབང་གི་ས། གཉིས་ཤེས་རབ་ཡེ་ཤེས་ཀྱི་ས། ཕྱེད་བཞི་པའི་སའོ། །ཡང་དང་པོས་བསྐྱེད་རིམ་སྒོམ་པའི་ལམ་བསྟན། གཉིས་པས་བདག་བྱིན་གྱིས་བརླབས་པའི་ལམ་བསྟན། གསུམ་པས་དཀྱིལ་འཁོར་འཁོར་ལོའི་ལམ་བསྟན། བཞི་པས་རྡོ་རྗེ་དབའ་རླབས་ཀྱི་ལམ་བསྟན་ནོ། །ཡང་དང་པོས་སྤྲུལ་སྐུའི་ཞིང་ཁམས་ལ་དབང༌། གཉིས་པས་ལོངས་སྐུའི་ཞིང་ཁམས་ལ་དབང༌། གསུམ་པས་ཆོས་སྐུའི་ཞིང་ཁམས་ལ་དབང༌། བཞི་པས་ངོ་བོ་ཉིད་སྐུའི་ཞིང་ཁམས་ལ་དབང་བའོ། །ཡང་དང་པོས་ལུས་ཀྱི་དཀྱིལ་འཁོར་མངོན་དུ་གྱུར། གཉིས་པས་བྷ་གའི་དཀྱིལ་འཁོར་མངོན་དུ་གྱུར། གསུམ་པས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་དུ་གྱུར། བཞི་པས་དུས་གསུམ་བདེ་གཤེགས་བཅུད་འདུས་ཀྱི་དཀྱིལ་འཁོར་མངོན་དུ་འགྱུར་རོ། །ཡང་དང་པོའི་འཁོར་འདས་གཉིས་མེད་ཀྱི་གྲུབ་མཐའ་སྙོགས། གཉིས་པས་མ་འདྲེས་པ་ལ་ཡོངས་སུ་རྫོགས་པའི་གྲུབ་མཐའ་སྙོགས། གསུམ་པས་བདེ་སྟོང་རྒྱ་ཆུང་བའི་གྲུབ་མཐའ་སྙོགས། བཞི་པས་བདེ་སྟོང་རྒྱ་ཆེ་བའི་གྲུབ་མཐའ་སྙོགས་སོ། །དེ་ལྟར་དབང་བཞི་པོའི་ལམ་སྐལ་དེ་ཡང་རྟེན་འབྲེལ་ལྔར་སྦྱར་ཏེ། གང་ཞེ་ན། ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། ནང་དང༌། གསང་བ་དང༌། དེ་ཁོ་ན་ཉིད་དང༌། མཐར་ཐུག་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ལ་རྟེན་འབྲེལ་ལྔ་དང༌། ནང་གི་རྟེན་འབྲེལ་གཉིས་ནི་བུམ་པའི་དབང་དང་སྦྱར་ལ། ལྷག་མ་གསུམ་ནི་ལྷག་མ་གསུམ་དང་སྦྱར་རོ། །དེ་ལ་དབང་བཞིའི་ལམ་སྐལ་རེ་རེ་ལ་ཡང་ཡོན་ཏན་གྱི་རྟགས་གསུམ་གསུམ་སྟེ་གང་ཞེ་ན། དེ་ཁོ་ན་ཉིད་ཀྱི་རྟགས་ཀྱི་རྟགས་དང༌། ནང་རྟགས། ཕྱི་རྟགས་སོ། །རྟགས་དེ་གསུམ་ཚུལ་ཇི་ལྟར་འཆར་ཞེ་ན། དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་འཆར། ནང་རྟགས་རླུང་ལ་འཆར། ཕྱི་རྟགས་ཐིག་ལེ་ལ་འཆར། དེ་ལ་བུམ་དབང་གིས་བསྡུས་པའི་ས་དྲུག་ལ་ས་དང་པོ་དེ་ཁོ་ན་ཉིད་ཀྱི་རྟགས་ནི། ལུས་ཀྱི་དཀྱིལ་འཁོར་སྤྲུལ་ཞིང་སྤྲུལ་སྐུའི་ཞིང་ཁམས་བརྒྱ་ཉུལ། སྤྲུལ་སྐུ་བརྒྱ་ལ་ཆོས་ཉན། འཇིག་རྟེན་བརྒྱ་ལ་མར་ཆོས་འཆད། ཏིང་ངེ་འཛིན་མི་མཐུན་པ་བརྒྱ་བཀྱེ། སྦྱིན་པ་མི་འདྲ་བ་བརྒྱ་འགྱེད། ཐེ་ཚོམ་བརྒྱ་གཅོད། འོད་ཟེར་བརྒྱ་འགྱེད་པ་སྟེ། དེ་ལྟར་ཡོན་ཏན་བརྒྱ་ཕྲག་བདུན་ནོ། །དེ་ལ་སོགས་པའི་ཡོན་ཏན་བཅོ་བརྒྱད་འཆར་རོ། །ནང་རྟགས་རླུང་གི་འགགས་ཚུལ་དང༌། ཕྱི་རྟགས་ཐིག་ལེ་བརྟན་ཚུལ་རྣམས་གཞུང་ཉིད་དུ་ལྟོས། དེ་ཁོ་ན་ཉིད་ཀྱི་རྟགས་ཡོན་ཏན་བརྒྱ་ཕྲག་བདུན་པོ་དེས་ས་གཉིས་པ་ལ་སྟོང་འགྱུར། གསུམ་པ་ལ་ཁྲི་འགྱུར། བཞི་པ་ལ་འབུམ་འགྱུར། ལྔ་པ་ལ་ས་ཡའི་འགྱུར། དྲུག་པ་ལ་བྱེ་བའི་འགྱུར་རོ། །གསང་དབང་གི་བསྡུས་པའི་ས་བཞི་ལ། དང་པོ་ས་བདུན་པ་ལ་ལོངས་སྐུའི་ཞིང་ཁམས་དུང་ཕྱུར་ཉུལ་བ་ལ་སོགས་པས་གོང་མ་རྣམས་ལ་ཡང་འོག་མའི་འགྱུར་གྱིས་ཤེས་པར་བྱའོ། །དབང་གསུམ་པ་དང་བཞི་པའི་དེ་ཁོ་ན་ཉིད་ཀྱི་རྟགས་ནི་གྲངས་ཅན་དུ་མེད་དེ་གཞུང་ཉིད་དུ་ལྟོས། དེ་རྣམས་ནི་དེ་ཁོ་ན་ཉིད་ཀྱི་རྟགས་མདོར་བསྡུས་པ་སྟེ། རྒྱས་པར་ནི་གཞུང་དུ་ལྟོས། ནང་རྟགས་དང་ཕྱི་རྟགས་ནི། ས་དང་པོ་ལ་ནང་རྟགས་རླུང་སོ་གཅིག་འགགས། ཕྱི་རྟགས་གནས་ཕྱེད་ཐིག་ལེས་བརྟན། ས་དྲུག་མན་ཆད་ལ་ནང་རྟགས་རླུང་སོ་དྲུག་འགགས། ཕྱི་རྟགས་གསང་གནས་ལྟེ་བ་སྙིང་ཁ་མན་ཆད་ཐིག་ལེ་བརྟན། ས་བདུན་པ། བརྒྱད་པ། དགུ་པ། བཅུ་པ་མན་ཆོད་ལ། ནང་རྟགས་རླུང་སོར་བཅུ་འགགས། ཕྱི་རྟགས་མགྲིན་པ། སྨིན་མཚམས་མན་ཆད་ཐིག་ལེ་བརྟན། ས་བཅུ་གཅིག །བཅུ་གཉིས་པ་ལ་ནང་རྟགས་སོར་བཅུ་གཉིས་འགགས། ཕྱི་རྟགས་སྤྱི་གཙུག་ཧཾ་ལ་ཐིག་ལེ་བརྟན། ས་བཅུ་གསུམ་གྱི་ཕྱེད་ལ་ནང་རྟགས་སྲོག་ཨ་ཝ་དྷཱུ་ཏིར་འཇུག ཕྱི་རྟགས་གཙུག་ཏོར་ཕྱེད་ཐིག་ལེ་བརྟན། ས་བཅུ་གསུམ་ཐོབ་ཀར་ས་བཅུ་མ་ཡིད་ཀྱིས་བཀུག་སྟེ། སློབ་དཔོན་དུས་གསུམ་བདེ་གཤེགས་བཅུད་འདུས་ཡི་དམ་ལྷ་དང་བླ་མ་དབྱེར་མེད་པས། འབྲས་བུའི་དབང་བསྐུར་བའི་དུས་ཚོད་དུ། ནང་རྟགས་སྲོག་རྩོལ་ཨ་ཝ་དྷཱུ་ཏིར་འགགས། ཕྱི་རྟགས་གཙུག་ཏོར་ཧཾ་ལ་ཐིག་ལེ་བརྟན། ཕྱི་ནང་གི་རྟེན་འབྲེལ་འགྲིགས་པས་འགྲོས་བཞི་ཐིམ། རྟེན་རྣམ་པར་དག་པས་བརྟེན་པ་ངོ་བོ་ཉིད་ཤིན་ཏུ་རྣམ་པར་དག་པ་ལྷུན་གྱིས་གྲུབ་པའི་སྐུ་ཐོབ་སྟེ། འཁོར་ཚོམ་བུ་གཅིག་སངས་རྒྱས་པར་བཤད་དོ། །དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལེའུ་སུམ་ཅུ་སོ་དྲུག་པ་དང༌། སོ་དགུ་པ་དང༌། ལྔ་བཅུ་ཐམ་པ་གསུམ་གྱིས་དམ་ཚིག་ཕྱག་རྒྱ་ས་བཅུ་གཉིས་ཀྱི་ལམ་སློང་བསྟན་ཏེ། དེའི་དགོངས་པ་སློབ་དཔོན་ཆེན་པོ་བས་བཀྲོལ་བ་འདི་ལ་དོན་ལྔ་སྟེ། བསྐྱེད་པའི་རིམ་པའི་གདམས་ངག་དང༌། དེ་གོམས་པའི་ཚད་དང༌། རྫོགས་པའི་རིམ་པར་གྱུར་པ་དང༌། བསྐྱེད་རྫོགས་ཀྱི་རྟགས་དང༌། དེ་ལམ་དུ་འགྲོ་བའི་ཚུལ་ལོ། །དེ་ལ་དང་པོ་བཞི་ནི་གཞུང་དུ་ལྟོས། འདིར་ལམ་དུ་གྲོལ་བའི་དབང་དུ་བྱས་ན་ལྔ་སྟེ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་མོ། །དང་པོ་སྒྲུབ་པ་པོ་རབ་འབྲིང་གསུམ་གྱིས་ཚོགས་ལམ་རྒྱུད་ལ་སྐྱེ་ལུགས་གསུམ་སྟེ། རབ་ཀྱིས་སྣོད་བཅུད་གཞལ་ཡས་ཁང༌། ལྷ་དང་ལྷ་མོར་མཐོང་སྟེ། ཡི་དམ་ལྷ་ཡི་ཞལ་མཐོང་བར་འགྱུར་ཏེ། བླ་མའི་མན་ངག་གིས། ཡི་དམ་གྱི་ལྷ་ཡིན་མིན་བརྟགས་པ་བྱས་ནས། ཡི་དམ་ལྷ་ཡིན་ནས་ཞལ་མཐོང་ན་ཚོགས་ལམ་ཆེན་པོར་བཤད་དོ། །འབྲིང་དང་ཐ་མ་གཉིས་ནི་འདིར་མ་སྨོས་སོ། །དེ་ནས་འཇིག་རྟེན་པའི་ལམ་མོ། དེ་ནི་འཇིག་རྟེན་ལས་འདས་པའི་ལམ་ནི་ཧེ་རུ་ཀ་ཡི་གནས་བཅུ་ས་བཅུ་དང་སྦྱར་ལ་ཤེས་པར་བྱའོ། །ཧེ་རུ་ཀ་ཡི་གནས་བཅུ་ནི། གནས་དང་ཉེ་བའི་གནས་གཉིས། ཞིང་དང་ཉེ་བའི་ཞིང་གཉིས། ཚན་དྷོ་དང་ཉེ་བའི་ཚན་དྷོ་གཉིས། འདུ་བ་དང་ཉེ་བའི་འདུ་བ་གཉིས། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་གཉིས། དེ་ལྟར་གནས་བཅུའོ། །ས་བཅུ་ནི་གོ་སླའོ། །དེ་ལ་དང་པོ་མཐོང་ལམ་རྒྱུད་ལ་སྐྱེ་བ་ནི། གཏུམ་མོ་བསྒོམས་པས་ལུས་ལ་ཡེ་ཤེས་ཆེན་པོའི་མེ་འབར་བས་སྤྱི་བོའི་ཧྃ་ལ་ཕོག་དེ་བཞུས། སྤྱི་བོ་དང་སྤྱི་གཙུག་དང༌། རྣ་བ་གཡས་དང༌། ལྟག་རྒྱབ་བཞི་ཀུན་རྫོབ་ཀྱི་ཐིག་ལེས་གང་གནས་སོ། །ཟག་བཅས་ཀྱི་རླུང་བརྒྱད་བརྒྱ་འགགས་ཏེ་ས་རི་དབང་དུ་བྱས་ན། ས་དང་པོ་རབ་ཏུ་དགའ་བའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བས་ཆོས་ཉིད་དོན་དམ་པའི་བདེན་པ་མཐོང་ཞེས་བྱ། བླ་ན་མེད་པའི་བྱང་ཆུབ་ལ་ཉེ་ཞིང་སེམས་ཅན་གྱི་དོན་དཔག་མེད་འགྲུབ་པ་མཐོང་བས་དགའ་བ་རླབས་པོ་ཆེ་སྐྱེས་པས། ས་དང་པོ་རབ་ཏུ་དགའ་བའི་ས་ཞེས་བྱའོ། །དེ་ལ་སོགས་པའི་ཡོན་ཏན་རྣམས་འདིར་མ་སྨོས་གཞུང་དུ་ལྟོས། སྒོམ་ལམ་རྣ་བ་གཡོན་པ་དང༌། དཔྲལ་མདོ་དང་མིག་གཉིས་དང༌། མགུལ་པའི་རྩ་བ་དང་བཞི་ཀུན་རྫོབ་ཀྱི་ཐིག་ལེས་གང༌། ཉེ་བའི་གནས་ཏེ་ས་གཉིས་པ་དྲི་མ་མེད་པའོ། །མཆན་ཁུང་དང༌། ནུ་མའི་བར་གཉིས་ཀུན་རྫོབ་ཐིག་ལེས་གང་བའི་ཞིང་སྟེ་ས་གསུམ་པ་འོད་བྱེད་པའོ། །ལྟེ་བ་དང་སྣའི་རྩེ་མོ་གཉིས་ཐིག་ལེས་གང་དེ་ཉེ་བའི་ཞིང་སྟེ་ས་བཞི་པ་འོད་འཕྲོ་བའོ། །ཁ་དང་མགུལ་པ་གཉིས་ཐིག་ལེས་གང་བ་ཚན་དྷོ་ཧ་ཏེ་ས་ལྔ་པ་སྦྱང་དཀའ་བའོ། །སྙིང་ག་དང་རྟགས་ཀྱི་རྩ་བ་ཐིག་ལེས་གང་བ་ཉེ་བའི་ཚན་དྷོ་ཧ་ཏེ། ས་དྲུག་པ་མངོན་དུ་གྱུར་པའོ། །རྟགས་ཀྱི་རྩེ་མོ་དང་བཤང་ལམ་གཉིས་ཐིག་ལེས་གང་བ་འདུ་བ་སྟེ་ས་བདུན་པ་རིང་དུ་སོང་བའོ། །བརླ་དང་བྱིན་པ་གཉིས་གང་བ་ཉེ་བའི་འདུ་བ་སྟེ་ས་བརྒྱད་པ་མི་གཡོ་བའོ། །རྐང་པའི་བོལ་གཉིས་དང༌། སོར་མོ་རྣམས་ཐིག་ལེས་གང་བ་དུར་ཁྲོད་དེ་ས་དགུ་པ་ལེགས་པའི་བློ་གྲོས་སོ། །རྐང་པའི་མཐེ་བོང་གཉིས་དང༌། སྒྱིད་ཁུང་གཉིས་ཐིག་ལེས་གང་བ་ཉེ་བའི་དུར་ཁྲོད་དེ་ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །ས་བཅུ་པའི་རྒྱུན་གྱི་ཐ་མ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་སྟེ་ཆོས་ཀྱི་སྐུ་འབྱུང་ངོ༌། །སྙིང་ག་མན་ཆད་བྱང་ཆུབ་ཀྱི་ཐིག་ལེ་བརྟན་པས་མའི་ཁྲག་རྐང་འོག་ཏུ་ཉི་མའི་དཀྱིལ་འཁོར་དུ་སོང༌། ཕའི་ཆ་སྤྱི་བོར་ཟླ་ཚེས་སུ་གྱུར། ལུས་ཡེ་ཤེས་སུ་གྱུར་ནས་ཟག་མེད་ཀྱི་རླུང་སྟོང་བརྒྱད་བརྒྱ་འགགས་ཏེ་ས་བཅུ་གཅིག་ཀུན་ཏུ་འོད་ཐོབ། སྤྱི་བོ་ཡན་ཆད་དོན་དམ་པའི་ཐིག་ལེ་བརྟན་པས་ཟག་མེད་ཀྱི་རླུང་སྟོང་བརྒྱད་བརྒྱ་འགགས། དེ་མན་ཆད་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཧྲིལ་གྱིས་འགགས། ས་བཅུ་གཉིས་རྡོ་རྗེ་འཛིན་པའི་ས་ཐོབ་བོ། །མི་སློབ་པའི་ལམ་ནི་སྐུ་བཞི་ཡེ་ཤེས་ལྔ་རོ་གཅིག་ཏུ་གྱུར་པའི་སངས་རྒྱས་ལ་བཅུ་གསུམ་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་ས་ཞེས་མིང་བཏགས་སོ། །ཕ་རོལ་ཏུ་ཕྱིན་པ་ལ་ས་བཅུ་ལས་མེད་པ་ལ་གསང་སྔགས་ལ་ས་བཅུ་གཉིས་ཡོད་པ་ཅི་སྟེ་ཞེ་ན། ཉོན་མོངས་པའི་རྟེན་འབྲེལ་བཅུ་གཉིས་སྤོང་བ་དང༌། ཀུན་རྫོབ་ཐིག་ལེ་འགགས་པའི་གནས་བཅུ། དོན་དམ་པའི་ཐིག་ལེ་འགགས་པའི་གནས་གཉིས་ཏེ་བཅུ་གཉིས་ཏེ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཟག་བཅས་ཀྱི་རླུང་སྟོང་བརྒྱད་བརྒྱ་བ་ཕྲག་བཅུ། ཟག་མེད་ཀྱི་རླུང་སྟོང་བརྒྱད་བརྒྱ་བ་ཕྲག་གཉིས་འགགས་པས་ཀྱང་ས་བཅུ་གཉིས་འབྱུང་ངོ༌། །མཚན་མེད་ཕྱག་རྒྱ་ཆེན་པོ་ལ་གཉིས། རིམ་གྱིས་འཇུག་པ་དང༌། གཅིག་ཆར་དུ་འཇུག་པའོ། །རིམ་གྱིས་འཇུག་པའི་དབང་དུ་བྱས་ན། དྭགས་པོ་རིན་པོ་ཆེས་བཞེད་པ། རྣལ་འབྱོར་རྣམ་པ་བཞིར་གསུངས། རྗེ་བྲམ་ཟེ་ཆེན་པོའི་བཞེད་པས་ཏིང་ངེ་འཛིན་བཞིར་གསུངས། རྣལ་འབྱོར་བཞི་ནི། རྩེ་གཅིག་གི་རྣལ་འབྱོར། སྤྲོས་བྲལ་གྱི་རྣལ་འབྱོར། རོ་གཅིག་གི་རྣལ་འབྱོར། སྒོམ་མེད་ཀྱི་རྣལ་འབྱོར་རོ། །དེ་བཞི་ལམ་ལྔ་དང་དོན་བཞི་སྟེ། ཚོགས་ལམ་དང༌། སྦྱོར་ལམ་གཉིས་རྩེ་གཅིག་གི་རྣལ་འབྱོར་དང་དོན་གཅིག མཐོང་ལམ་དང་སྤྲོས་བྲལ་རྣལ་འབྱོར་དོན་གཅིག སྒོམ་ལམ་དང་རོ་གཅིག་གི་རྣལ་འབྱོར་དོན་གཅིག་སྟེ། མི་སློབ་པའི་ལམ་དང་སྒོམ་མེད་ཀྱི་རྣལ་འབྱོར་དོན་གཅིག་གོ །བྲམ་ཟེ་ཆེན་པོའི་བཞེད་ཀྱི་༼པའི་༽ཏིང་ངེ་འཛིན་བཞི་ནི། དྲན་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང༌། དྲན་མེད་སེངྒེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་དང༌། སྐྱེ་མེད་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང༌། བློ་འདས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །གཅིག་ཆར་བ་ལ་གཉིས། དྲང་བའི་དོན་དུ་ཡོད་པར་བསྟན་པ་དང༌། ངེས་པའི་དོན་དུ་མེད་པར་བསྟན་པའོ། །དང་པོའི་དོན་ནི། ས་ནི་དང་པོ་རབ་དགའ་ལ། །རྟེན་ནི་སྦྱིན་པའི་ཕ་རོལ་ཕྱིན། །དཔེ་ནི་ཟད་མེད་གཏེར་དང་འདྲ། རྩལ་ནི་མ་རིག་ཟིལ་གྱིས་གནོན། །ས་ནི་གཉིས་པ་དྲི་མེད་ལ། །རྟེན་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །དཔེ་ནི་རིན་ཆེན་མྱུ་གུ་འདྲ། །རྩལ་ནི་རང་རིག་ཡེ་ཤེས་གསལ། །ས་ནི་གསུམ་པ་འོད་འཕྲོ་བ། །རྟེན་ནི་བཟོད་པའི་ཕ་རོལ་ཕྱིན། དཔེ་ནི་རྒྱ་མཚོ་ཆེན་པོ་འདྲ། །རྩལ་ནི་ཉོན་མོངས་རྩད་ནས་བརླག །ས་ནི་བཞི་པ་འོད་བྱེད་པ། །རྟེན་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན། །དཔེ་ནི་རྡོ་རྗེ་ཕ་ལམ་འདྲ། རྩལ་ནི་བག་ཆགས་ཞེན་པ་འཇོམས། །ས་ནི་ལྔ་པ་སྦྱངས་དཀའ་བ། །རྟེན་ནི་བསམ་གཏན་ཕ་རོལ་ཕྱིན། །དཔེ་ནི་རི་བོ་མཐོན་པོ་འདྲ། །རྩལ་ནི་བྱིང་རྒོད་སྐྱོན་དང་བྲལ། །ས་ནི་དྲུག་པ་མངོན་གྱུར་པ། །རྟེན་ནི་ཤེས་རབ་ཕ་རོལ་ཕྱིན། དཔེ་ནི་མ་གི་སྨན་དང་འདྲ། །རྩལ་ནི་རང་རིག་ལྷག་མཐོང་རྫོགས། །ས་ནི་བདུན་པ་རིང་སོང་ལ། །རྟེན་ནི་ཐབས་ཀྱི་ཕ་རོལ་ཕྱིན། །དཔེ་ནི་དགེ་བའི་བཤེས་གཉེན་འདྲ། །རྩལ་ནི་དུག་ལ་སྨན་དུ་བསྒྱུར། །ས་ནི་བརྒྱད་པ་མི་གཡོ་ལ། །རྟེན་ནི་སྨོན་ལམ་ཕ་རོལ་ཕྱིན། །དཔེ་ནི་ཡིད་བཞིན་ནོར་བུ་འདྲ། །རྩལ་ནི་འཇིག་རྟེན་ཆོས་བརྒྱད་བྲལ། །ས་ནི་དགུ་པ་ལེགས་བློ་གྲོས། །རྟེན་ནི་སྟོབས་ཀྱི་ཕ་རོལ་ཕྱིན། །དཔེ་ནི་ཉི་མའི་སྙིང་པོ་འདྲ། །རྩལ་ནི་ལོག་ལྟ་དབྱིངས་སུ་སྒྲོལ། །ས་ནི་བཅུ་པ་ཆོས་ཀྱི་སྤྲིན། །རྟེན་ནི་ཡེ་ཤེས་ཕ་རོལ་ཕྱིན། །དཔེ་ནི་ཚངས་པའི་དབྱངས་དང་འདྲ། །རྩལ་ནི་སྒྲིབ་དག་ཐམས་ཅད་མཁྱེན། །དེ་དག་ཕ་རོལ་ཕྱིན་བཅུ་ཡང༌། །ངོ་བོ་ཐིག་ལེ་གཅིག་ཏུ་འདུས། །གདུལ་བྱའི་རིམ་པ་བཅུ་བསྟན་པ། ཡང་དག་ཡེ་ཤེས་ངོ་བོ་ཉིད། ཡང་དག་དོན་གྱི་ངོ་བོ་ལ། ལམ་གྱི་དབྱེ་བ་མེད་མོད་ཀྱང༌། རྣལ་འབྱོར་བློ་ཡི་རིམ་པ་ལ། ཐེག་པའི་བྱེ་བྲག་ཐ་དད་པས། ལམ་ལྔ་དབྱེ་བ་གཅིག་ཏུ་རྫོགས། ངེས་པའི་དོན་ལ་བགྲོད་དུ་མེད་པར་བསྟན་པ་ནི། ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་རབ་ཏུ་མི་གནས་པའི་རྒྱུད་ཀྱི་རྒྱལ་པོ་ལས། རྡོ་རྗེ་སེམས་དཔས་གསོལ་བ། ཀྱཻ་བཅོམ་ལྡན་འདས། ས་རྫོགས་པར་བྱ་བ་ཉིད་དམ། མ་རྫོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱཻ་རྡོ་རྗེ་སེམས་དཔའ། ས་དང་པོ་རབ་ཏུ་དགའ་བ་ནི། མི་སྤངས་ཤིང༌། མི་ལེན་ཏེ། ངོ་བོ་ཉིད་ཀྱིས་ཡོངས་སུ་རྫོགས་པའོ། །དེ་བཞིན་དུ་ས་གཉིས་པ་དྲི་མ་མེད་པ་དང༌། ས་གསུམ་པ་འོད་འཕྲོ་བ་དང༌། ས་བཞི་པ་འོད་བྱེད་པ་དང༌། ས་ལྔ་པ་སྦྱང་དཀའ་བ་དང༌། ས་དྲུག་པ་མངོན་དུ་གྱུར་པ་དང༌། ས་བདུན་པ་རིང་དུ་སོང་བ་དང༌། ས་བརྒྱད་པ་མི་གཡོ་བ་དང༌། ས་དགུ་པ་ལེགས་པའི་བློ་གྲོས་དང༌། ས་བཅུ་པ་ཆོས་ཀྱི་སྤྲིན་དང༌། ས་བཅུ་གཅིག་ཀུན་ཏུ་འོད་དང༌། ས་བཅུ་གཉིས་ཆགས་པ་དང་བྲལ་བ་པདྨ་ཅན་གྱི་ས་དང༌། ས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཡི་བར་དུ་ནི་མི་སྤངས་མི་ལེན་ཏེ། ངོ་བོ་ཉིད་ཀྱིས་ཡོངས་སུ་རྫོགས་པའོ། །རྡོ་རྗེ་སེམས་དཔས་གསོལ་པ། ཀྱཻ་བཅོམ་ལྡན་འདས། ས་ཡོངས་སུ་རྫོགས་པ་དེ་དག་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ནི་ས་ཡོངས་སུ་སྦྱང་བའོ། །རྡོ་རྗེ་སེམས་དཔས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སྦྱང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གདོད་ནས་དག་པའི་དེ་བཞིན་ཉིད། །བྱང་ཆུབ་ནམ་མཁའི་མཚན་ཉིད་ཅན། །ཀུན་རྟོག་ཐམས་ཅད་ལེགས་སྤངས་འདིར། །ཁྲུས་དང་གཙང་སྦྲ་དཀའ་ཐུབ་དང༌། །དཀའ་སྤྱད་ཐམས་ཅད་སྤངས་ནས་ནི། །འཁོར་བ་མྱང་འདས་གཉིས་མེད་སྒྲུབ། །བདེ་བ་ལྡན་ཕྱིར་རབ་དགའི་ས། མཐའ་དང་བྲལ་བས་དྲི་མ་མེད། །མྱོང་བ་ཉིད་ཀྱིས་འོད་བྱེད་ཡིན། །སྣ་ཚོགས་རྩ་བར་འོད་འཕྲོར་འགྱུར། །མ་རྟོགས་རྣམས་ལ་སྦྱང་དཀའ་བས། །མ་བཅོས་པ་ཡིས་མངོན་དུ་བྱེད། །གོམས་པས་འཁོར་བ་ལ་རིང་འགྱུར། །ངོ་བོ་གཅིག་ཕྱིར་གཡོ་བ་མེད། །རྟོགས་པས་སངས་རྒྱས་ལེགས་བློ་གྲོས། །སྣ་ཚོགས་ལོངས་སྤྱོད་ཆོས་ཀྱི་སྤྲིན། །ལུས་ཀུན་ལ་གནས་ཀུན་ཏུ་འོད། །སྒྲོ་སྐུར་བྲལ་བས་པདྨ་ཅན། །སྐུ་བཞི་དབྱེར་མེད་རྡོ་རྗེ་འཛིན། །ས་སྦྱངས་ནས་ནི་རྣལ་འབྱོར་པ། །ས་དགའ་ལ་ཡང་གནས་མི་བྱེད། །ཅེས་གསུངས་སོ། །གསང་སྔགས་ཀྱི་རྣལ་འབྱོར་པས། ཚེ་འདི་ཉིད་ལ་ལམ་ལྔ་ཇི་ལྟར་མངོན་དུ་བྱེད་སྙམ་ན། ཡེ་ཤེས་སྒྲོན་མ་གསང་བ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། ཚོགས་ལམ་བླ་མ་མཚན་ལྡན་ལ། །མཉེས་པ་གསུམ་གྱིས་མཆོད་པ་འབུལ། །སྦྱོར་ལམ་བླ་མའི་གདམས་ངག་གིས། །ཞི་གནས་ལྷག་མཐོང་རྒྱུད་ལ་སྦྱང༌། །མཐོང་ལམ་སྤྱན་ནི་དག་པ་ཡིས། །རང་སེམས་སྐྱེ་མེད་མཐོང་བར་བྱ། །སྒོམ་ལམ་ཏིང་འཛིན་རྣམ་གསུམ་གྱིས། །གཉུག་མའི་ཡིད་ལ་གོམས་པར་བྱ། །མཐར་ཕྱིན་ཉེས་པ་གཉིས་ཟད་པས། །ཆོས་རྣམས་ཟད་སར་སྐྱོལ་བར་བྱ། །མཐར་ལམ་ཚོལ་ལ་ལམ་འདིར་ཤོག །ཅེས་གསུངས་སོ། །ས་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེས་པ་ལ་རྟག་བསྟན་རྒྱུ་མི་སྣང་སྙམ་ན། དེའི་འཐད་པ་དང་བཅས་པ་ནི། བྲམ་ཟེ་ཆེན་པོས་དོ་ཧ་སྐོར་གསུམ་དུ་ཞིབ་ཏུ་བཤད་པ་དང༌། ཞང་རིན་པོ་ཆེས་ལམ་མཆོག་མཐར་ཐུག་གསུངས་པའི་ནང་ལ་ལྟོས། འབྲས་བུ་ནི་སྐུ་གསུམ་དང་ཡེ་ཤེས་གཉིས་མངོན་དུ་བྱེད་དོ། །དེ་ལས་བྱུང་བའི་དགེ་བ་ཅི་མཆིས་པ། །མ་རིག་འཁྲུལ་པས་མནར་བའི་སེམས་ཅན་རྣམས། །ཡང་དག་དོན་གྱི་བླ་མ་རྙེད་གྱུར་ཏེ། །ས་ལམ་མཐར་ཕྱིན་སྐུ་གསུམ་མངོན་གྱུར་ཤོག །ལམ་རིམ་གསལ་བ་ཞེས་བྱ་བ། ཏི་ཤྲི་རས་པས་མཛད་པ་རྫོགས་སོ། །དགེའོ།།


previousལམ་རིམ་གསལ་བ། next