Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞུས་ལེན་ཡེ་ཤེས་འོད།
   


 
previousཞུས་ལེན་ཡེ་ཤེས་འོད། next

ཞུས་ལེན་ཡེ་ཤེས་འོད།

བཀའ་དང་བསྟན་བཅོས་མན་ངག་གི། །བརྗོད་བྱ་རྗོད་བྱེད་ཚིག་དོན་རྣམས། །དགོངས་པ་མ་ལུས་མཁྱེན་པ་ཡི། །བླ་མ་དམ་པའི་ཞབས་ལ་འདུད། །རྒྱུ་དང་ལམ་དང་འབྲས་བུ་ཡི། །སེམས་ཅན་རྒྱུད་ལ་གནས་པའི་ཆོས། །སྐྱོན་སྤངས་ཡོན་ཏན་རྫོགས་མཛད་པའི། །ཟབ་ཆོས་འགྲོ་བའི་དོན་དུ་བྲི། །སྔོན་སྦྱངས་བསོད་ནམས་བསགས་པ་ཡིས། །དལ་འབྱོར་མི་ལུས་རིན་ཆེན་ཐོབ། །བླ་མ་རིན་ཆེན་རྣམས་དང་མཇལ། །ཐོས་བསམ་སྒོམ་གསུམ་ཡོན་ཏན་སྦྱངས། །སྡོམ་པ་གསུམ་གྱི་རྟེན་དང་ལྡན། །བྱང་ཆུབ་སེམས་ཀྱི་གཞི་བྱས་ནས། །བསྐྱེད་རྫོགས་གཉིས་ལ་བརྟན་པ་ཡིས། །འབྲས་བུ་རང་གཞན་དོན་རྣམས་འགྲུབ། །དུས་དང་གནས་སྐབས་དེ་ཙམ་ན། །འཁོར་མང་འདུས་པར་གྱུར་ན་ཡང༌། །ལས་དང་སྐལ་པར་ལྡན་པ་ཡི། །བླ་མ་ཆེན་པོ་རྦད་ཡོང་བས། །བླ་མའི་མཚན་ཐོས་དད་པ་སྐྱེས། །ཆོས་གཤའ་མར་བྱ་སྙམ་བྱུང་བ་ཡི། །རྗེ་ཡི་ཞབས་དྲུང་བསྙགས་པ་ཡིན། །ཐུགས་ལ་ཐོགས་ཤིག་རིན་པོ་ཆེ། །ཁོང་དེ་སྐད་ཟེར་བའི་དུས་ཚོད་དུ། །བུ་བདེ་བར་འོངས་སམ་ཞེས་བརྗོད་པས། །ཕྱག་གཡས་སྤྱི་བོར་བཞག་ནས་ཀྱང༌། །བར་ཆད་ཐམས་ཅད་ཞི་བ་དང༌། །ཆོས་པ་འབྱུང་བར་བྱིན་གྱིས་བརླབས། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱིས་སྨིན་གྲོལ་བྱས། །ཕྱི་སྒྲོ་འདོགས་གཅོད་པའི་ཐོས་བསམ་བྱས། །ནང་སྒྲོ་འདོགས་གཅོད་པའི་སྒོམ་བྱུང་བསྟན། །ཟབ་པ་ནཱ་རོའི་ཐབས་ལམ་བསྟན། །ཚེ་གཅིག་སངས་རྒྱས་ཐོབ་པ་ཡི། །རང་སེམས་ཕྱག་རྒྱ་ཆེན་པོ་བསྟན། །གཞན་ཡང་བཀའ་བརྒྱུད་རིན་པོ་ཆེའི། །ཟབ་ཆོས་བཀའ་ཆོས་མང་པོ་བསྟན། །ཁྲིད་ཀྱི་རིམ་པ་ཚང་བར་བྱས། །ཉམས་དང་རྟོགས་པ་སྐྱེས་པ་དང༌། །རང་གཞན་དོན་རྣམས་འགྲུབ་པ་ཡི། །ཡོན་ཏན་ཚོགས་རྣམས་རྫོགས་པར་བྱས། །མཆོག་ཐུན་དངོས་གྲུབ་འབྱུང་བ་ཡི། །སྒྲུབ་པ་མཐར་ཕྱིན་བྱེད་པ་དང༌། །བླ་མའི་ཞབས་ཏོག་བྱེད་པ་དང༌། །སེམས་ཅན་རྣམས་ལ་ཕན་འདོགས་ཕྱིར། །ཡུལ་གཞན་འགྲོ་ཞེས་ཟེར་བ་ལ། །དེ་ལྟར་མཛོད་ཅེས་སྨོན་ལམ་བཏབ། །ད་ལྟར་ཤར་ཁོག་ལུང་པ་ན། །རང་གཞན་དོན་རྣམས་འགྲུབ་པ་དང༌། །བླ་མའི་བཀའ་དྲིན་དྲན་པ་ཡིས། །འབུལ་བ་རྒྱ་ཆེན་བསྐུལ་བ་ཐེངས། །ནང་དུ་ཉམས་རྟོགས་སྐྱེས་པ་ཡིས། །ཆོས་ཀྱི་འགལ་འབྲེལ་བྱེ་བྲག་ལ། །ཤེས་རབ་སྣང་བ་སྐྱེས་པ་ཡིས། །འཁོར་འདས་གཉིས་ཀྱི་ཆོས་རྣམས་ལ། །སྐྱོན་དང་ཡོན་ཏན་སྐྱེ་བ་ཡི། །རྒྱུ་འབྲས་རྟེན་འབྲེལ་གོ་བ་སྐྱེས། །འོན་ཀྱང་སྒྲོ་འདོགས་བཅད་པ་དང༌། །ངེས་པའི་ཤེས་པ་སྐྱེ་བའི་ཕྱིར། །ཆོས་ཀྱི་འགགས་དང་དཀའ་ཚོམ་རྣམས། །ཡི་གེར་བྲི་ནས་ཞུ་ཟེར་བས། །ཞུས་ལེན་ཆོས་རྣམས་གསལ་བར་བྱ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི །གཉེན་པོ་ཆོས་ཀྱང་དེ་དང་མཚུངས། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ཆ་མཉམ་དང་ནི་བཞི་རུ་འདུས། །དེ་དག་སོ་སོའི་གཉེན་པོ་རྣམས། །བསྡུས་ནས་ཉམས་སུ་ལེན་པ་ནི། །ཞེ་སྡང་ཕྱུར་གྱིས་སྐྱེས་པ་དེ། །དེ་ཉིད་རང་གི་སེམས་ཉིད་ཡིན། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ཡིན། །ཞེ་སྡང་དེ་ཉིད་གསལ་སྟོང་ཡིན། །འོག་མ་རྣམས་ཀྱང་དེ་དང་མཚུངས། །དེ་ལ་ཐབས་གཞན་བཙལ་མི་དགོས། །ཡང་ཉོན་མོངས་ཚན་ཀ་གཡོས་དུས་སུ། །གཉེན་པོ་བསྟེན་ནམ་ཇི་ལྟར་བྱ། །ཐེག་པ་འོག་མའི་བཞེད་པ་ཡིས། ཞེ་སྡང་གཉེན་པོར་བྱམས་པ་བསྒོམ། །འདོད་ཆགས་གཉེན་པོར་མི་སྡུག་བསྒོམ། །གཏི་མུག་གཉེན་པོར་རྟེན་འབྲེལ་བསྒོམ། མ་མཉམ་གཉེན་པོར་མཉམ་ཉིད་བསྒོམ། །ཐེག་ཆེན་གསང་སྔགས་བཞེད་པ་ཡིན། །ཉོན་མོངས་གང་དང་གང་སྐྱེས་པ། །དེ་རང་ཡེ་ཤེས་ཡིན་པར་བཞེད། །དེ་ཡི་རང་བཞིན་ཤེས་པས་ཆོག །སེམས་ཉིད་རང་བཞིན་རྣམ་དག་ལ། །ཉོན་མོངས་གཟུགས་བརྙན་ཤར་དུས་སུ། །རླུང་སེམས་གར་འདུས་ཞུས་པ་ནི། །སྙིང་ག་ཆུ་ཡི་དཀྱིལ་འཁོར་དུ། །འབྱུང་བ་མེ་ཡི་རླུང་འདུས་ན། །ཞེ་སྡང་ཕྱུར་གྱིས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་ཞེ་སྡང་སྐྱེས་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་སྙིང་ཁའི་རྩ་མདུད་དུ། །ཤེས་གནད་རི་བོང་སྔོན་པོ་བསྒོམ། །མེ་ཡི་ཧྃ་ལ་དབབ་པར་བྱ། །གནད་བཞིས་ཉམས་སུ་བླངས་ཙམ་ན། །ཞེ་སྡང་འོད་གསལ་ཆོས་སྐུར་འཆར། །ལྟེ་བ་མེ་ཡི་དཀྱིལ་འཁོར་དུ། །འབྱུང་བ་ཆུ་ཡི་རླུང་འདུས་ན། །ཉོན་མོངས་འདོད་ཆགས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་འདོད་ཆགས་སྐྱེས་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ལྟེ་བ་སྤྲུལ་པའི་རྩ་མདུད་དུ། །ཞི་དྲག་རླུང་གིས་སྦྱོར་བ་ཡིས། །ཤེས་གནད་གཏུམ་མོ་ཨ་ཐུང་བསྒོམ། །གནད་ཀྱིས་ཉམས་སུ་བླངས་ཙམ་ན། འདོད་ཆགས་བདེ་སྟོང་འཆར། རྐང་ལག་ལུས་ཚིགས་ནམ་མཁའི་དཀྱིལ་འཁོར་དུ། །འབྱུང་བ་ས་ཡི་རླུང་འདུས་ན། །གཏི་མུག་ཕྱུར་གྱིས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་གཏི་མུག་སྐྱེ་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་ལོང་བུའི་རྩ་མདུད་དུ། །ཤེས་གནད་ཧཱུྃ་ཡིག་སྔོན་པོ་བསྒོམ། །ཧཱུྃ་ཉིད་ཐིམ་པས་སྟོང་ཉིད་བསྒོམ། །གནད་བཞིའི་ཉམས་སུ་བླངས་ཙམ་ན། །གཏི་མུག་ཆོས་ཀྱི་དབྱིངས་སུ་འཆར། །མགྲིན་པ་ས་ཡི་དཀྱིལ་འཁོར་དུ། །འབྱུང་བ་ཆེན་པོ་རླུང་འདུས་ན། །ང་རྒྱལ་ཕྱུར་གྱིས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་ང་རྒྱལ་སྐྱེ་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་མགྲིན་པའི་རྩ་མདུད་དུ། །ཤེས་གནད་ལཾ་ཡིག་སེར་པོ་བསྒོམ། །དེ་ཐིམ་གསེར་གྱི་ས་གཞིར་བསམ། །གནད་བཞིས་ཉམས་སུ་བླངས་ཙམ་ན། །ང་རྒྱལ་མཉམ་ཉིད་ཡེ་ཤེས་འཆར། །སྤྱི་བོ་རླུང་གི་དཀྱིལ་འཁོར་དུ། །འབྱུང་བ་ནམ་མཁའི་རླུང་འདུས་ན། །ཕྲག་དོག་ཕྱུར་གྱིས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་ཕྲག་དོག་སྐྱེས་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་སྤྱི་བོའི་རྩ་མདུད་དུ། །ཤེས་གནད་ཡྃ་ཡིག་སྔོན་པོ་བསྒོམ། །གནད་བཞིས་ཉམས་སུ་བླངས་ཙམ་ན། ཕྲག་དོག་ཕྲིན་ལས་སྣ་ཚོགས་འཆར། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །རིགས་དྲུག་ས་བོན་ཡི་གེ་དྲུག །རང་གནས་རླུང་སེམས་འདུས་གྱུར་ན། །རིགས་དྲུག་སོ་སོའི་སྣང་བ་འཆར། །དེ་དུས་བསྒོམ་པར་བྱ་བ་ནི། །མྱ་ངན་འདས་པའི་ཡི་གེ་བསྒོམ། །དེ་ཡིས་རིགས་ལྔ་ཡེ་ཤེས་ལྔ། །མྱ་ངན་འདས་པའི་ཡོན་ཏན་འཆར། །གཞན་ཡང་ར་ཁྲ་སྲིན་པོའི་རྩར། །དེ་རུ་རླུང་སེམས་འདུས་གྱུར་ན། །རང་ཉིད་ཞེ་སྡང་སྐྱེ་བ་ཡིན། །ཡུལ་རྣམས་འཇིགས་པར་འཆར་བ་ཡིན། །གཞན་ཡང་རྩ་རྣམས་ཐམས་ཅད་དུ། །རླུང་སེམས་འདུས་པའི་རྟགས་རྣམས་ནི། །སློབ་དཔོན་ཆེན་པོ་བཱིར་ཝ་པས། །ལམ་འབྲས་གསུངས་པའི་ནང་དུ་ལྟོས། །འདི་ཡང་བཤད་ཀྱིས་མི་ལང་གིས། །བསྒོམ་ན་ནང་དུ་གོ་བ་སྐྱེ། །སྙིང་རྗེ་གསུམ་གྱི་ས་མཚམས་དང༌། །སྙིང་རྗེའི་སྒོམ་ལུགས་ཞུས་པ་ནི། །ཚོགས་ལམ་ཆུང་ངུ་ནས་བཟུང་ནས། །འཇིག་རྟེན་ཆོས་མཆོག་མན་ཆད་དུ། །སེམས་ཅན་ལ་དམིགས་སྙིང་རྗེ་སྐྱེ། །སོ་སོ་སྐྱེ་བོའི་དུས་དག་ཏུ། །སྙིང་རྗེ་སྐྱེ་ཡང་དེ་ལྟར་མིན། །ལུས་དང་ཚོར་བ་སེམས་དང་ཆོས། །དྲན་པ་ཉེར་བཞག་སྒོམ་དུས་སུ། །རང་གི་ཆོས་རྣམས་མཐོང་བ་ཡིས། །འགྲོ་ལ་སྙིང་རྗེ་སྐྱེ་བ་ཡིན། །ཡང་དག་སྤོང་དང་རྫུ་འཕྲུལ་གྱི། །སྙིང་རྗེ་འབྲིང་པོ་སྐྱེ་བ་ཡིན། །དབང་སྟོབས་བཅུ་དང་ངེས་འབྱེད་བཞིན། །སྙིང་རྗེ་ཆེན་པོ་སྐྱེ་བ་ཡིན། །ས་དང་པོའི་བདེན་པ་མཐོང་ཙམ་ན། །ཆོས་ལ་དམིགས་པའི་སྙིང་རྗེ་སྐྱེ། །རང་སེམས་སྤྲོས་བྲལ་རྟོགས་པ་ཡིས། །རང་གི་སེམས་དང་སེམས་ཅན་གྱི། །སེམས་གཉིས་ཐ་དད་མེད་པ་ལ། །མ་རྟོགས་པ་ལ་སྙིང་རྗེ་སྐྱེ། །དག་པའི་ས་གསུམ་ཀུན་ཏུ་འོད། །དམིགས་མེད་སྙིང་རྗེ་སྐྱེ་བ་ཡིན། །སྙིང་རྗེ་གསུམ་གྱི་འབྲས་བུ་ཡིས། །མངོན་པར་རྫོགས་པར་སངས་རྒྱས་ནས། །གཞན་དོན་ལྷུན་གྲུབ་འབྱུང་བ་ཡིན། །སྙིང་རྗེ་ཇི་ལྟར་སྒོམ་ཞེས་པ། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །བུ་སྡུག་མེ་འོབས་ལྷུང་བ་ཡི། །མ་ཡིས་འདོན་ཐབས་བྱེད་པ་ལྟར། །རང་ལ་ནུས་པ་ཡོད་གྱུར་ན། །རང་ཐེད་ལ་བཏང་ནས་འདོན་པ་ཡིན། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །རྒྱུ་དང་ལམ་དང་འབྲས་བུ་ཡི། །སྡུག་བསྔལ་ནོན་པའི་སེམས་ཅན་ལ། །འདི་ཡི་སྡུག་བསྔལ་ཞི་ན་ཨང༌། །སྙམ་པས་སྙིང་རྗེ་རྟག་ཏུ་བསྒོམ། །སྙིང་རྗེ་སེམས་དང་འདྲེས་པར་བསྒོམ། །ཁ་ཞེ་མ་འཛོལ་དགོས་པ་ཡིན། །གཟུང་འཛིན་གཉིས་ཀྱིས་མནར་བ་ཡིས། །འཁྲུལ་པའི་སྡུག་བསྔལ་མྱོང་བ་ཡི། །ཆོས་རྣམས་སྣ་ཚོགས་སྣང་བ་ཀུན། །རང་སེམས་ཆོས་སྐུར་རྟོགས་པ་ཡི། །རྐྱེན་ཉེ་བར་གྱུར་པའི་སེམས་ཅན་ལ། །གཉིས་མེད་ཆོས་སྐུར་ངོ་སྤྲད་བྱ། །མི་དགེ་རྣམ་བཅུ་སྤྱོད་པ་ལ། །རང་སེམས་ཆོས་སྐུར་མ་རྟོགས་པས། །སྙིང་རེ་རྗེ་ཨང་སྙམ་དུ་བསྒོམ། །སྙིང་རྗེ་སྐྱེ་བའི་ཡུལ་དང་ནི། །སྙིང་རྗེ་སྒོམ་མཁན་སྙིང་རྗེ་གསུམ། །མཚན་ཉིད་མ་འདྲེས་སོ་སོར་ཡང༌། །གཉིས་མེད་ཟུང་འཇུག་ཆོས་སྐུར་གཅིག །དེ་ལྟར་དམིགས་པ་མེད་ན་ཡང༌། །སྡུག་བསྔལ་ཅན་གྱི་སེམས་ཅན་ལ། །སྙིང་རྗེ་ཆེན་པོ་ངང་གིས་སྐྱེ། །དེ་ལྟར་འཕགས་པ་སྡུད་པ་ལས། །སྙིང་རྗེ་ཆེན་པོ་མེད་ཅིང་སེམས་ཅན་འདུ་ཤེས་མེད། །ཅེས་གསུངས། དེ་ལྟར་བྱེ་བྲག་ཐ་དད་ཀྱང༌། །དེ་གསུམ་སྙིང་རྗེའི་ངོ་བོ་གཅིག །རང་གི་འཁོར་རམ་གཞན་དག་ལ། །ཕན་བཏགས་ལན་དུ་སླར་ལ་སྡང༌། །དེའི་རྒྱུ་མཚན་ཞུ་བ་ནི། །འཇིག་རྟེན་ཆོས་བརྒྱད་སྒྲུབ་པ་དང༌། །ཆུང་ངུ་བཏང་ནས་ཆེན་པོ་སྒྲུབ། །ཀུན་སློང་ངན་པས་བསླང་བ་ཡིས། །རང་འདོད་ཕུག་ཏུ་ཤོར་བས་ལེན། །ཕན་འདོགས་བྱེད་པའི་ཡུལ་རྣམས་ལ། །བྱང་ཆུབ་སེམས་ཀྱིས་ཀུན་བསླངས་ནས། །དྲིན་ཅན་ཕ་དང་མ་རྣམས་ལ། །ཕན་འདོགས་བྱེད་པའི་དུས་ཚོད་དུ། །བྱམས་པས་ཕན་འདོགས་བྱེད་གྱུར་ན། །སྡང་སེམས་མེད་ཅིང་བྱམས་པ་ཡིན། །བྱམས་པ་སྒོམ་མཁན་རང་གི་སེམས། །སེམས་ཉིད་ཕྱག་རྒྱ་ཆེན་པོར་བསྒོམ། །བསྐྱེད་རིམ་སྒོམ་པའི་རྣལ་འབྱོར་པས། །ཐམས་ཅད་ལྷ་རུ་སྒོམ་གྱུར་ན། །གཞན་གྱིས་རང་ཉིད་ལྷ་རུ་མཐོང༌། །དེ་ལ་གནད་དུ་བསྣུན་ལ་བསྒོམ། །ཐམས་ཅད་རང་ལ་གུས་པར་འོང༌། །བཀའ་དང་བསྟན་བཅོས་ཐམས་ཅད་ལས། །མར་གྱི་ཉིང་ཁུ་ལྟ་བུ་ཡི། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ལ་སོགས་པ་ཡི། །འགལ་འབྲེལ་ཆོས་ཀྱི་བྱེ་བྲག་དང༌། །སྡོམ་པ་ཇི་ལྟར་སྲུང་ཚུལ་དང༌། །ཉམས་སུ་ལེན་ལུགས་ཞུ་བ་ནི། །སྲུང་བ་སོ་སོར་སྲུང་བ་ཡིན། །དེ་ལ་སོ་སོར་ཐར་པ་ནི། །ཁ་ན་མ་ཐོ་རྣམ་གསུམ་ལ། །ཤའུ་བཞིན་དུ་འཛེམ་པ་ཡིན། །བྱང་ཆུབ་སེམས་ཀྱི་སྡོམ་པ་ལ། །ཕམ་ལྟུང་ཉེས་བྱས་མི་གོས་པས། །དྲན་པ་རྒྱུན་ཆགས་བསྟེན་པར་བྱ། །རིག་འཛིན་སྔགས་ཀྱི་སྡོམ་པ་ནི། །རྩ་བ་ཡན་ལག་དམ་ཚིག་ལ། །དུས་དང་མ་འབྲེལ་སྤྱོད་པ་རྣམས། །ཆོས་ལ་སྙད་བཏགས་མི་དགེ་སྤྱོད། །ལོག་པའི་བརྟུལ་ཞུགས་སྤྱོད་པ་ཡིས། །དམ་ཚིག་ཉམས་པར་བྱེད་པ་ཡི། །ལྟུང་བ་འབྱུང་བའི་རྒྱུ་བཞི་སྤངས། །དེ་དུས་ཉམས་སུ་བླང་བ་ནི། །མི་མཐུན་ཕྱོགས་རྣམས་སྤོང་བ་དང༌། །མཐུན་ཕྱོགས་ཉམས་སུ་བླང་བ་ནི། །སོ་སོར་ཐར་པས་གཉེན་པོ་བསྟེན། །གཞན་ལ་གནོད་པ་སྤོང་བ་ཡིན། །བྱང་ཆུབ་སེམས་ཀྱི་སྡོམ་པ་ནི། །གཞན་དོན་གང་ཆེ་སྤྱོད་པ་ཡིན། །རིག་འཛིན་སྔགས་ཀྱི་སྡོམ་པ་ནི། །གཞི་ཆེར་འོག་མ་གཉིས་པོ་བཞིན། །སྲུང་དང་ཉམས་སུ་ལེན་པ་ཡིན། །གསང་སྔགས་རང་གི་སྡོམ་པ་ནི། །གོ་ལྡོག་ཚུལ་གྱིས་ཉམས་བླངས་པས། །འགལ་བ་སྤོང་ཞིང་མཐུན་ཕྱོགས་བསྟེན། །དེ་ལྟར་སོ་སོར་བསྲུང་ན་ཡང༌། །རིག་འཛིན་སྔགས་ཀྱི་སྡོམ་པ་གསུམ། །གཞི་ལམ་འགལ་བ་འདུས་གྱུར་ན། །ཡར་ལྡན་ཚུལ་དུ་བསྐྱང་བར་བྱ། །དེ་ལྟར་ཡིན་པར་རྣལ་འབྱོར་གྱི། །རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང༌། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པ་གསུམ། །གཞི་གཅིག་འགལ་བ་འདུས་གྱུར་ན། །ཆུང་ངུའི་ཕྱིར་ནི་ཆེ་མི་བཏང༌། །ཡོན་ཏན་ཡར་ལྡན་ཤེས་བྱས་ལ། །གོང་མའི་གོང་མ་སྤྱད་པར་བྱ། །ཞེས་གསུངས་པས། དེ་ལ་སྡོམ་པ་གསུམ་པོ་ནི། །གཞི་ནི་གང་དུ་གཅིག་གྱུར་ནས། །ཚོགས་ཀྱི་འཁོར་ལོའི་དུས་སུ་ནི། །དེ་གཉིས་ཀྱི་ནི་ཆོས་བསྟེན་ན། །སོ་སོར་ཐར་དང་འགལ་བ་ཡིན། །མ་བསྟེན་གསང་སྔགས་དང་ཡང་འགལ། །ཐེག་པ་ཆེན་པོའི་དོན་ཆེན་དེ། །ཐེག་ཆུང་ངོ་རུ་མི་གཏོང་སྟེ། །དེ་ཡི་ཡར་ལྡན་སྐྱོང་ཚུལ་ནི། །སོ་སོ་ཐར་དུ་བཀག་པ་ནི། །ཉོན་མོངས་སྤྱད་ཀྱི་དོགས་པས་བཀག །སྨིན་བྱེད་དབང་གི་དུས་དང་ནི། །དབང་ནི་གསུམ་པ་ཐོན་དུས་སུ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ། །འདོད་ཆགས་བདེ་བ་ཡར་ལྡན་ནས། །དེ་ཉིད་ཆེན་པོར་ཡར་ལྡན་ཡིན། །ཤ་ཆང་དགུང་དྲོ་ཟོས་གྱུར་ན། །ཉོན་མོངས་སྤྱད་ཀྱིས་དོགས་པ་དེ། །འདིར་ནི་ཚོགས་ཀྱི་འཁོར་ལོ་ལ། །ཕུང་པོ་རྒྱལ་བ་རིགས་ལྔ་བསྒོམ། །ཤ་ལྔ་བདུད་རྩི་ལོངས་སྤྱད་པས། །ཉོན་མོངས་ཟག་བཅས་ཟིལ་མནན་ནས། །ཟག་མེད་བདེ་བ་ཡར་ལྡན་ཡིན། །སྡོམ་གསུམ་ངོ་བོ་གཅིག་པ་ནི། །སྤང་བྱ་ཐམས་ཅད་སྤོང་བ་དང༌། །བསྟེན་བྱ་ཐམས་ཅད་བསྟེན་པར་གཅིག །དེ་ཡང་སོ་སོར་ཐར་པ་ན། །རྨ་ཡི་སྒོ་གསུམ་གང་རུང་ལ། །བཅུག་སྟེ་ཉམས་སུ་མྱོང་བ་ཡིན། །ཕམ་པའི་ལྟུང་བ་འབྱུང་བས་བཀག །ལྷག་མ་བཅུ་གསུམ་དང་པོ་ལ། །གཉིད་དང་བག་མེད་མ་ཡིན་པར། །དྲན་པས་ཟིན་པའི་དུས་ཚོད་དུ། །རྐྱེན་མེད་ས་བོན་ཉམས་པ་རྣམས། །ཐུབ་པ་ཡིས་ནི་བཀག་པ་ཡིན། །བྱང་ཆུབ་སེམས་ཀྱི་སྡོམ་པ་ནི། །གཞན་གྱི་དོན་དུ་མི་འགྱུར་བའི། །ཉོན་མོངས་འདོད་ཆགས་ཀུན་བསླངས་ནས། །བྱང་ཆུབ་སེམས་གཉིས་དབྱེར་མེད་ཀྱི། །རྟེན་ནི་ཀུན་དྷ་ཡིན་པས་བསྲུང༌། །གལ་ཏེ་སྤངས་པར་གྱུར་ན་ཡང༌། །གཏན་ནས་སྤོང་བ་མ་ཡིན་ཏེ། །རྟེན་ཉམས་པ་ཡིས་སེམས་ཉམས་འགྱུར། །བདེ་སྟོང་དབྱེར་མེད་བྱང་སེམས་ཡིན། །ཐེག་ཆེན་གསང་སྔགས་སྡོམ་པ་ནི། །རྩ་བའི་ལྟུང་བ་བཅུ་བཞི་པར། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ཞེས་གསུངས་པས། མི་ཉམས་སྲུང་ཞིང་སྤེལ་བར་གཅིག །དེ་ཉིད་བསྟེན་པ་སྤེལ་བར་གཅིག །དེ་ཆགས་ལམ་པ་དང་འགལ་ཞེ་ན། །མཚན་ལྡན་ཕྱག་རྒྱ་ལ་བརྟེན་ནས། །བདེ་སྟོང་དབྱེར་མེད་སྒོམ་པ་དང༌། །མི་ཉམས་སྤེལ་བས་འགལ་བ་མེད། །སེམས་གསུམ་སྲུང་བ་མན་ངག་ཡིན། །བདེ་སྟོང་སྒོམ་པ་ཉམས་ལེན་ཡིན། །རྒྱུད་སྡེ་བཞི་རུ་གསུངས་པ་དེ། །གང་ཟག་བློ་ཡི་ཁྱད་པར་འཕགས། །སྨིན་གྲོལ་གཉིས་སུ་ཐམས་ཅད་འདུ། །སྨིན་བྱེད་བུམ་དབང་ཆོས་རྣམས་དེ། །གྲོལ་བྱེད་བསྐྱེད་པའི་རིམ་པ་ཡིན། །སྨིན་བྱེད་གསང་དབང་ཆོས་རྣམས་དེ། །གྲོལ་བྱེད་མཚན་བཅས་རྫོགས་རིམ་ཡིན། །སྨིན་བྱེད་གསུམ་པའི་ཆོས་རྣམས་ནི། །གྲོལ་བྱེད་ལྷན་ཅིག་སྐྱེས་པ་ཡིན། །སྨིན་བྱེད་ཚིག་དབང་ཆོས་རྣམས་ཏེ། །གྲོལ་བྱེད་སྟོང་ཉིད་ཟུང་འཇུག་བསྒོམ། །བློ་དམན་དུས་སུ་སོ་སོར་བསྒོམ། །བློ་མཆོག་ཏུ་གྱུར་པས་བསྐྱེད་རྫོགས་གཉིས། །ལུས་ལྷ་རུ་སྒོམ་པ་བསྐྱེད་རིམ་སྟེ། །ལུས་ལྷ་རུ་སྣང་བ་རང་སེམས་ཡིན། །རང་སེམས་རྣམ་དག་ཆོས་སྐུ་ཡིན། །དེ་གཉིས་སུ་མེད་པ་ཟུང་འཇུག་སྟེ། །དེ་ལྟར་བསྒོམ་པ་མཆོག་གི་ལམ། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དང༌། །ཡེ་ནས་དག་པའི་ལྷ་སྐུ་ལ། །དབང་བཞིས་སྨིན་དགོས་ཞུ་བ་ནི། །རྡོ་རྗེ་ལུས་ཀྱི་གནས་ལུགས་ནི། །གནས་པ་རྩ་ལ་གཡོ་བ་རླུང༌། །འབུར་དུ་དོད་པ་ཡི་གེ་དང༌། །བཀོད་པ་བྱང་ཆུབ་སེམས་དང་ནི། །མི་ཤིགས་ཐིག་ལེ་ཀུན་གཞི་དང༌། །གནས་ལུགས་ལྔ་དང་རིག་པ་འདི། །རྟེན་དང་བརྟེན་པའི་ཚུལ་དུ་གནས། །གནས་ལུགས་ལྔ་པོ་སྦྱངས་པ་ལས། །རྡོ་རྗེའི་ལུས་སུ་སྣང་བ་ཡིན། །དེ་ལ་སྦྱོང་བྱེད་དབང་བཞི་དགོས། །གནས་པ་རྩ་ལ་བུམ་དབང་དགོས། །རྩ་ཁམས་སྦྱངས་པ་ལྷ་ཡི་སྐུ། །གཡོ་བ་རླུང་ལ་ཚིག་དབང་དགོས། །སྲོག་རྩོལ་སྦྱངས་པ་ངོ་བོ་ཉིད། །ཡི་གེ་ལ་ནི་གསང་དབང་དགོས། །རྩ་མདུད་སྦྱངས་པས་གསུང་དབྱངས་དྲུག །བྱང་ཆུབ་སེམས་ལ་གསུམ་པ་དགོས། །ཐིག་ལེ་སྦྱངས་པ་ཆོས་ཀྱི་སྐུ། །མི་ཤིགས་པ་ལ་བཞི་པ་དགོས། །མ་རིག་སྦྱངས་པ་རྣམ་དག་སྐུ། །རྟེན་སྦྱང་པ་ཡིས་བརྟེན་པ་དག །སྐུ་ལྔ་རོ་གཅིག་རྡོ་རྗེ་འཆང༌། །དེ་དག་འདུས་པ་རྡོ་རྗེའི་སྐུ། །ཡེ་ནས་ལྷ་སྐུ་ཞེས་པ་ནི། །ཕུང་པོ་ལྔ་ནི་རིགས་ལྔ་ཡིན། །རང་ལ་ཡོད་པ་མ་ཤེས་པས། །རིག་པའི་དབང་ལྔ་དགོས་པར་བྱུང༌། །རྡོ་རྗེ་སློབ་དཔོན་དབང་བསྐུར་བས། །ལུས་ནི་མི་བསྐྱོད་རྡོ་རྗེའི་སྐུ། །དབྱེར་མེད་དྲུག་པ་རྡོ་རྗེ་འཆང༌། །དབང་དགོས་པ་ཡི་རྒྱུ་མཚན་ཡིན། །རྡུལ་ཚོན་དཀྱིལ་འཁོར་རྒྱས་པ་དང༌། །སློབ་དཔོན་སྐུ་ཡི་དཀྱིལ་འཁོར་གཉིས། །དེ་ཡི་ཁྱད་པར་ཞུ་བ་ནི། །ལུས་ལ་དཀྱིལ་འཁོར་ཡོད་པ་དེ། །རང་ལ་ཡོད་པར་མ་ཤེས་པས། །རྡུལ་ཚོན་དཀྱིལ་འཁོར་རྒྱས་པ་ལ། །ངོ་སྤྲོད་བྱས་པས་རྟོགས་པ་སྐྱེ། །དབང་པོ་རབ་ལ་གསུངས་པ་ཡིན། །དབང་པོ་ཡང་རབ་གང་ཟག་ལ། །བླ་མ་ལ་བསྟེན་མོས་གུས་ཀྱིས། །རྟོགས་པ་སྐྱེ་བར་གྱུར་པ་ལ། །དབང་བསྐུར་ཨེ་དགོས་ཞུ་བ་ནི། །རྟོགས་པ་སྐྱེས་པ་དོན་ཡིན་པས། །འོན་ཀྱང་དབང་བསྐུར་དགོས་པ་ཡིན། །དབང་བཞི་སོ་སོའི་ཆོས་རྣམས་དེ། །པར་དང་འདྲ་བའི་ཐབས་ཡིན་པས། །ཤེས་རབ་སྟོང་པའི་ཆོས་ཉིད་དེ། །ཐབས་རྣམས་པར་ལ་བཏབ་པ་ཡིན། །ཤེས་རབ་གཉིས་མེད་ཡེ་ཤེས་སྐྱེ། །རྐོས་ཕོར་ནང་གི་རི་མོ་རྣམས། །འབི་འབི་ལ་ཡང་འོང་བ་བཞིན། །ཆོས་རྣམས་ཐམས་ཅད་གོ་བར་གྱིས། །ཡང་གཅིག་བསྐྱེད་རྫོགས་ཞུ་བ་དེ། །ཡང་ཡང་སྐྱོང་བ་ཟློས་སྐྱོན་པས། །གོང་དུ་བསྟན་པ་ཉམས་སུ་ལོངས། །བསྐྱེད་རིམ་སྒོམ་པའི་བྱེ་བྲག་ལ། །ཡང་རབ་སྐད་ཅིག་དྲན་རྫོགས་དང༌། །རབ་ཀྱིས་མངོན་པར་བྱང་ཆུབ་དང༌། །དབང་པོ་འབྲིང་གི་མན་ཆད་ཀྱིས། །ཆོ་ག་གསུམ་བསྐྱེད་བརྫུས་བསྐྱེད་དང༌། །ས་བོན་ལས་བསྐྱེད་རྡོ་རྗེ་རྣམ་བཞི་དང༌། །བསྐྱེད་རིམ་སོ་སོར་མང་གསུངས་ཀྱང༌། །གང་ཟག་བློ་ཡི་བྱེ་བྲག་ཡིན། །དཀྱིལ་འཁོར་གང་དུ་ཞུགས་པ་དང༌། །མེ་ཏོག་གང་དུ་ཕོག་པ་དང༌། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ། །དབང་བསྐུར་གང་ཐོབ་སྒོམ་པ་ཡིན། །ཡི་དམ་མང་བ་བར་ཆད་ཡིན། །གཅིག་ལ་སེམས་ཉིད་གོམས་པར་གྱིས། །རང་སེམས་ལྷ་སྐུར་བརྟན་ཙམ་ན། །སྣང་བ་ལྷ་སྐུར་འཆར་བ་ཡིན། །འོན་ཀྱང་གཟུགས་མཐོང་ལྷར་བསྒོམ་ཞིང༌། །གྲགས་པ་ཐམས་ཅད་སྔགས་སུ་ཤེས། །དྲན་རྟོག་ཐམས་ཅད་ཆོས་སྐུར་བསྒོམ། །བསྐྱེད་རིམ་སྒྲུབ་པ་མང་གསུངས་ཀྱང༌། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ། །ཐམས་ཅད་དེ་རུ་འདུས་པ་ཡིན། །རྣམ་པར་ཆད་པའི་ཀུན་བརྟགས་ཏེ། །བསྐྱེད་རིམ་དུ་ནི་མི་རུང་སྟེ། །རྣམ་པར་བརྟགས་འཛིན་ཀུན་བརྟགས་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་རུ་བརྟགས་ནས་སྒོམ་པ་ཡིན། །དཔལ་ལྡན་གསང་བ་འདུས་པ་ལས། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །ཞེས་གསུངས་སོ། །ཀུན་བརྟགས་ཕུང་པོ་ལྔ་རྣམས་ལ། །གཞན་དབང་རིག་པའི་དབང་ལྔ་ཡིས། །ལྷ་ཡི་ཕུང་པོ་དབང་དུ་བྱེད། །བསྐྱེད་རིམ་རིགས་ལྔ་སྒོམ་པ་ཡིན། །འཆར་བྱེད་ནུས་པ་ཐོགས་མེད་དེ། །སེམས་ཀྱི་གཞི་ལ་གནས་པ་ཡིས། །ལྷ་སྐུ་གང་སྒོམ་འཆར་བ་དེ། །གཞི་ལ་གནས་པའི་ཡོངས་གྲུབ་ཡིན། །རང་ལུས་ལྷ་རུ་གསལ་བ་དེ། །ཕྱིན་ཅི་མ་ལོག་ཡོངས་གྲུབ་ཡིན། །སེམས་ཉིད་གདོད་ནས་དག་པ་དེ། །རང་གཟུགས་ལྷ་རུ་གསལ་བ་ནི། །རྣམ་པར་དག་པའི་ཡོངས་གྲུབ་ཡིན། །ལོངས་སྐུ་དཀྱིལ་འཁོར་ལྷ་ཚོགས་ཀྱི། །དག་པ་ཡེ་ཤེས་གཞལ་ཡས་ལ། །སྒོ་སྲུང་ར་བ་རིམ་གསུམ་དང༌། །མེ་རི་ལ་སོགས་དགོས་པ་རྣམས། །ལྷ་ལ་བར་ཆད་འབྱུང་སྲིད་དམ། །དེ་ཡི་དོན་རྣམས་ཞུ་བ་ནི། །ལུས་ལ་དཀྱིལ་འཁོར་ཚང་བ་དེ། །ལྷ་ཡི་དཀྱིལ་འཁོར་རྣམ་དག་གིས། །ལུས་ལ་ཡོད་པ་སྟོན་པའི་ཕྱིར། །དཀྱིལ་འཁོར་འཁོར་ལོ་གསུངས་པ་ཡིན། །བསྐྱེད་རིམ་སྒོམ་པའི་གང་ཟག་ལ། །དཀྱིལ་འཁོར་གྱི་ནི་ཆོས་རྣམས་དེ། །དེ་ལ་ཚང་བར་བསྒོམ་དགོས་པས། །སྒོ་སྲུང་ལ་སོགས་དགོས་པ་སྟེ། །རྣལ་འབྱོར་བར་ཆད་སྲུང་བ་ཡིན། །རྒྱལ་བ་ཤཱཀྱ་ཐུབ་པ་ལ། །བདུད་ཀྱི་བར་ཆད་བྱུང་བ་ལ། །སངས་རྒྱས་ཆེ་བས་མ་ཚུགས་ཀྱང༌། །སྲུང་བའི་འཁོར་ལོ་དགོས་པ་ཡིན། །སྒོ་སྲུང་ལྷ་ཚོགས་ཐམས་ཅད་དེས། །དམ་ཚིག་ཉམས་པ་ཚར་གཅོད་པས། །མ་ཚོར་ནང་དུ་འཇུག་དགོས་པས། །བཅོམ་ལྡན་འདས་ཀྱིས་སེམས་བསྐྱེད་མཛད་ནས་སུ། །བདུད་སྡིག་ཅན་སྐུང་ཐབས་སུ་འོངས་པ་ལ། །བཅོམ་ལྡན་འདས་ཀྱིས་མཁྱེན་ནས་བཅིངས་པ་མཛད་ན་ཡང༌། །སྒོ་སྲུང་མེད་པས་ནང་དུ་ཞུགས་པ་ཡིན། །སེམས་བསྐྱེད་བླ་གབ་མེད་པར་མི་བྱའོ། །དེ་ནས་གོང་མ་རྣམས་ནི་གསུངས་པ་ཡིན། །ཡེ་ཤེས་ལྷ་ཚོགས་ཐམས་ཅད་ཀྱི། །དབུ་ཡི་རིགས་ཀྱི་བདག་པོ་དེ། །དེ་དོན་སྤྱི་ལ་དགོངས་པ་དང༌། །བསྐྱེད་རིམ་གཅིག་པུའི་ལམ་ཆོད་དམ། །བསྐྱེད་རྫོགས་ཟུང་དུ་འབྲེལ་བ་དགོས། །དེ་ཡི་དགོས་པ་ཞུ་བ་ནི། །མེ་ཏོག་གང་དུ་ཕོག་པ་དེ། །རིགས་ངེས་པ་ཅན་དུ་གསུངས་པ་ཡིན། །མ་འོངས་དུས་ན་སངས་རྒྱ་བ། །ད་ལྟ་གསང་མཚན་བཏགས་པ་དེ། །མ་འོངས་འཚང་རྒྱ་མཚན་ཡང་དེ། རིགས་ངེས་པ་ཅན་དུ་དགོངས་པ་ཡིན། །སྐུ་རིགས་ཡིན་ན་རྣམ་སྣང་སྟེ། །གསུང་རིགས་རྣམས་ལ་སྣང་མཐའ་ཡས། །ཐུགས་རིགས་མི་བསྐྱོད་པ་ཉིད་དོ། །སངས་རྒྱས་ཀུན་གྱི་ཐུགས་མི་བསྐྱོད་པ་ཀུན་གྱི་དབུ་རྒྱན་དུ་འདོད་པ་ཡིན་ནོ། །བསྐྱེད་རིམ་གཅིག་པུའི་ལམ་ཆོད་དེ། །དཔལ་ལྡན་གསང་བ་འདུས་པ་ལས། །དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་བྱེད། །བསྐྱེད་རྫོགས་ཟུང་དུ་འཇུག་པ་ནི། །ཡང་དེ་ཉིད་དུ་གསུངས་པ་ཡིན། །ཡུལ་རྣམས་སྣ་ཚོགས་ཐམས་ཅད་དེ། །ལྷ་དང་སྣ་ཚོགས་གཉིས་མེད་ཅིང༌། །རང་ལུས་ལྷ་སྐུ་སྣང་བ་ཡིས། །ལྷའི་ཞིང་ཁམས་ཀུན་བགྲོད་ཅིང༌། །ཕུང་པོའི་ཞེན་པ་ཀུན་དག་ནས། །རང་ཉིད་ལྷའི་རྫུ་འཕྲུལ་གྱིས། །གཞན་གྱི་དབང་པོའི་མངོན་སུམ་དུ། །རྫུ་འཕྲུལ་སྟོན་པ་ནུས་པ་དང༌། །ཕུང་པོའི་བདུད་དང་ལྷའི་བདུད། །ཆོམ་པར་གྱུར་ན་བརྟན་པ་ཡིན། །ཉམས་སུ་ལེན་པའི་དུས་ཚོད་དུ། །མཉམ་པར་བཞག་ནས་གསལ་བར་བསྒོམ། །མ་གསལ་ཐུག་ཕྲད་གཅེར་མཐོང་དུ། །ལྷ་རུ་གསལ་བ་རང་སེམས་ཡིན། །སེམས་གདོད་ནས་དག་པ་སྤྲོས་དང་བྲལ། །དེ་གཉིས་སུ་མེད་པ་ཟུང་འཇུག་ཡིན། །ཉམས་ལེན་དེ་ལས་བདེ་བ་མེད། །གསང་སྔགས་རྒྱུད་སྡེ་དཔག་ཏུ་མེད། །རྫོགས་རིམ་ཐ་དད་གསུངས་མོད་ཀྱང༌། །རྗེ་རིན་པོ་ཆེ་ཡི་བཞེད་པ་ཡིས། །བསྡུས་ན་དེ་རུ་འདུ་བ་ལགས། །ཞེས་ཞུ་བ་ནི། །རྒྱུད་སྡེ་རྣམས་ཀྱི་དགོངས་པ་ནི། །སྔོན་གྱི་གྲུབ་ཐོབ་རྣམས་ཀྱིས་ཀྱང༌། །རྫོགས་རིམ་ཐ་དད་མ་གསུངས་ཀྱང༌། །མཚན་བཅས་མཚན་མེད་གཉིས་སུ་འདུས། །མཚན་བཅས་རྫོགས་རིམ་སྒོམ་དུས་སུ། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ། །སྤྱི་བོ་ནས་ནི་རྐང་མཐིལ་བར། །དེ་ལ་རྩ་ཡི་འགྲེལ་ལུགས་དང༌། །འཁོར་ལོ་ལུས་ལ་ཇི་ལྟར་གནས། །གཙོ་བོ་གསུམ་གྱི་ཁ་དོག་དང༌། །བཅུད་ཀྱི་ཁ་དོག་ཅི་ལགས་སམ། །ཞེས་ཞུ་བ་ནི། རྒྱུད་སམ་བྷུ་ཏ་ལས། །སྤྱི་བོ་ནས་ནི་རྐང་པའི་བར། །རྣལ་མ་གཅིག་ནི་ཡང་དག་གནས། །ཞེས་གནས། དེ་རྩ་ཨ་ཝ་དྷཱུ་ཏིའི་དགོངས་པ་ཡིན། །བཤད་ཚོད་ཀྱི་ནི་དྷཱུ་ཏི་དང༌། །རང་བཞིན་གྱི་ནི་དྷཱུ་ཏི་གཉིས། །དེ་ནི་གཉུག་མའི་དྷཱུ་ཏི་ཡིན། །བཤད་ཚོད་ཀྱི་ནི་དྷཱུ་ཏི་ལ། །བཞེད་ལུགས་མི་འདྲ་མང་གསུངས་ཀྱང༌། །བླ་མ་རིན་པོ་ཆེ་ནཱ་རོ་པས། སྒལ་འདབ་གཡོན་གྱི་སྲོག་རྩར་བཞེད། །རོ་མ་རྐྱང་མ་ཀུན་འདར་མ། །འཁོར་ལོ་ཆེན་པོ་བཞི་དང་ནི། །འཁོར་ལོའི་དབུས་སུ་རྩ་མདུད་འབྲེལ། །རོ་མ་གཡས་ལ་རྐྱང་མ་གཡོན། །ཀུན་འདར་སྲོག་ཤིང་ཚུལ་དུ་གནས། །ཐང་ཤིང་གདུགས་དང་ཐག་ལྟ་བུ། །དྲུ་གུ་འདྲིལ་དང་སྐྲ་ཤད་འཛིངས། །དེ་དག་རྩ་ཡི་འགྲེལ་དོན་ཏེ། །བར་དོ་སྐུ་གསུམ་ནང་ན་ལྟོས། །འཁོར་ལོ་ལུས་ལ་གནས་ལུགས་ནི། །ལྟེ་བར་དྲུག་ཅུ་རྩ་གཉིས་གནས། །སྙིང་གར་འདབ་བརྒྱད་དག་ཏུ་གནས། །མགྲིན་པར་འདབ་མ་བཅུ་དྲུག་གནས། །སྤྱི་བོ་སུམ་ཅུ་རྩ་གཉིས་ཏེ། །དེ་ཡང་བསྐྱེད་པའི་རིམ་པ་སྟེ། །གསང་བར་འདུས་པ་སུམ་ཅུ་གཉིས། །མ་ཧཱ་མ་ཡ་ལྷ་ལྔ་ལ། །གོ་ཆའི་ལྷ་ནི་བཅུ་གཉིས་ཀྱིས། །མགྲིན་པར་བཅུ་དྲུག་གསུངས་པ་ཡིན། །སྙིང་གར་དགྱེས་རྡོར་ལྷ་དགུ་རྣམས། །ལྟེ་བ་སྤྲུལ་པའི་འཁོར་ལོ་རུ། །འཁོར་ལོ་བདེ་མཆོག་དྲུག་ཅུ་གཉིས། །དེ་དག་ལྷ་ཡི་ངོ་བོ་ཡིན། །ནང་དུ་རྫོགས་པའི་རིམ་པ་སྟེ། །གནད་བཞི་སྔོན་དུ་སོང་བ་ཡིས། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །ལུས་ལ་བདེ་དྲོད་སྐྱེ་བ་དང༌། །གཟུང་འཛིན་རྟོག་པ་འགགས་པ་ཡིས། །རྟོག་མེད་ཡེ་ཤེས་སྐྱེ་བ་ཡིན། །གནད་བཞི་སྔོན་དུ་སོང་བ་ཡིས། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །ཧཱུྃ་ཡིག་སེར་པོ་ཐིམ་པ་ཡིན། །སྣང་བ་གསུམ་པོ་ཐིམ་པ་ཡིན། །གཏི་མུག་མུན་པ་དྭངས་པ་དང༌། །གཉིད་ཀྱི་འོད་གསལ་ཟིན་པ་ཡིན། །གནད་བཞི་སྔོན་དུ་སོང་བ་ཡིས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །ཨོཾ་ཡིག་སེར་པོ་བསྒོམས་པ་ཡིས། །དངོས་འཛིན་བག་ཆགས་དྭངས་པ་དང༌། །རྨི་ལམ་སྒྱུ་ལུས་ཟིན་པར་འགྱུར། །དོན་རྨི་ལམ་དེ་ཉིད་ཟིན་པ་ཡིན། །གནད་བཞི་སྔོན་དུ་སོང་བ་ཡིས། །མཚན་ལྡན་ཕྱག་རྒྱ་ལ་བསྟེན་ལ། །སྤྱི་བོ་བདེ་ཆེན་འཁོར་ལོ་རུ། །ཧཾ་ཡིག་དཀར་པོ་བསྒོམས་པ་ཡིས། །སྐད་ཅིག་བཞི་དང་དགའ་བ་བཞི། །འདོད་ཆགས་ཟག་བཅས་ཀུན་དག་ནས། །ལྷན་སྐྱེས་བདེ་ཆེན་སྐྱེས་པ་ཡིན། །སྣ་ཚོགས་ལམ་གྱི་བྱེ་བྲག་རྣམས། །དེ་ཉིད་རང་གི་སེམས་ཡིན་ཏེ། །སེམས་ཉིད་འོད་གསལ་ཆོས་སྐུ་ཡིན། །དེ་གཉིས་སུ་མེད་པ་ཟུང་འཇུག་ཡིན། །མཚན་མེད་ཕྱག་རྒྱ་ཆེན་པོ་དེ། །ཆོས་རྣམས་ཀུན་གྱི་རྩ་བར་འདུས། །རྫོགས་པའི་སངས་རྒྱས་ཐུགས་དང་ནི། །རང་གི་སེམས་དང་ཁྱད་པར་མེད། །དེ་མཆོག་ཏུ་གྱུར་པ་ངོ་མཚར་ཆེ། །གཡས་རོ་མ་ནས་ནི་ཁྲག་འབབས་ཤིང༌། །གཡོན་རྐྱང་མ་ནས་ནི་མི་བསྐྱོད་འབབས། །དབུས་ཀུན་འདར་མ་ནས་བྱང་སེམས་འབབས། །སྐྱེས་པ་རྣམས་ལ་རྩ་མདུད་མེད། །བུད་མེད་རྣམས་ལ་མདུད་པ་བཅས། །དབུས་དང་གཡས་ཀྱི་རྩ་མདུད་ནི། །ཕོ་མོ་གཉིས་ཀྱི་མ་ནིང་ཡིན། །རྩ་ཡི་གཙོ་བོ་བཅུད་ཀྱིས་ཕྱེ། །བཅུད་དང་ཁ་དོག་གཅིག་པ་ཡིན། །སློབ་དཔོན་ཆེན་པོ་ནཱ་རོ་པས། །འཁོར་ལོ་བཞི་རུ་བཞེད་པ་དང༌། །ནུས་པ་མཆོག་གྱུར་བིར་ཝ་པས། །འཁོར་ལོ་དྲུག་ཏུ་བཞེད་པ་གཉིས། །སྒོམ་དུས་ཁྱད་པར་ཡོད་དམ་མེད། །གཞི་ལ་ཇི་ལྟར་གནས་པ་ལགས། །ཞེས་ཞུས་པ་ནི། །སློབ་དཔོན་ཆེན་པོ་ནཱ་རོ་པའི། །བཞེད་པ་གོང་དུ་སོང་བ་ཡིན། །སློབ་དཔོན་ཆེན་པོ་བིར་ཝ་པས། །འཁོར་ལོ་དྲུག་ཏུ་བཞེད་པ་ནི། །བཞི་པ་གོང་དང་མཐུན་པ་ཡིན། །གསང་གནས་བདེ་སྟོང་འཁོར་ལོ་ཡི། །འདབ་མ་སུམ་ཅུ་རྩ་གཉིས་གནས། །དེ་ཡི་འདབ་མ་རྣམས་ལ་ནི། །ཡི་གེ་མེད་པས་ལྷ་མི་བསྒོམ། །གསང་གནས་ཆོས་འབྱུང་བྷ་ག་ན། །གཏུམ་མོ་ཨ་ཐུང་ཡི་གེ་གནས། །སྨིན་མཚམས་མཛོད་སྤུའི་འཁོར་ལོ་ཡི། །དེའི་འདབ་མ་རྣམས་ལ་ནི། །ཡི་གེ་མེད་པས་ལྷ་མི་བསྒོམ། །དབུས་ཀྱི་རིན་ཆེན་འབར་བ་ན། །བྱང་སེམས་གོང་བུ་དཀར་པོ་གནས། །དེ་ནི་དྲུག་པ་རྡོ་རྗེ་འཆང༌། །འཁོར་ལོ་ལྔ་ལ་རིགས་ལྔ་བཞུགས། །གཞི་ལ་ཇི་ལྟར་གནས་ཞེས་པ། །རྩ་དང་ཡི་གེ་ཐིག་ལེ་དང༌། །རླུང་དང་རྟེན་གྱི་ཆོས་སུ་གནས། །བརྟེན་པ་ཀུན་གཞིའི་རྣམ་ཤེས་ནི། །ཁྱད་པར་རྟེན་གཞི་ལུས་ལ་གནས། །གང་ལ་གནས་ཀྱི་སྣང་བ་འཆར། །དེ་དང་མཐུན་པའི་ཆོས་རྣམས་བསྒོམ། །རྟེན་སྦྱངས་པ་ཡི་བརྟེན་དག་ལ། །རྟེན་གཞི་སྐུ་བཞི་ཐོབ་པ་དང༌། །བརྟེན་པ་རྣམ་དག་སྐུ་ཡིན་ནོ། །ཤིན་ཏུ་རྣམ་དག་ངོ་བོ་ཉིད། །དྲུག་པ་རྡོ་རྗེ་འཆང་ཆེན་ཡིན། །གཞི་ལམ་འབྲས་བུ་གནས་ལུགས་ཡིན། །འདིར་ཡང་བྲི་བར་མི་ལང་གིས། །ལམ་འབྲས་ནང་དུ་ཞིབ་ཏུ་ལྟོས། །གདམས་ངག་ཁ་ཆེར་སོ་སོར་སྨྲ། །གཅིག་ཏུ་མཐུན་པ་གང་ན་འོང༌། །ངེས་ཤེས་གང་སྐྱེས་ཉམས་སུ་ལོངས། །འཁོར་འདས་གཉིས་ཀྱི་ཡི་གེ་དེ། །འཁོར་ལོ་གང་ལ་གནས་པ་ལགས། །འཁོར་འདས་ཡི་གེ་ཁ་དོག་རྣམས། །གཅིག་གམ་སོ་སོར་གནས་པ་ལགས། །སྒོམ་དུས་ཇི་ལྟར་གནས་པ་ལགས། །འཁོར་འདས་གཉིས་ཀྱི་ཡི་གེ་དེ། །ལྟེ་བ་སྤྲུལ་པའི་འཁོར་ལོར་གནས། །དེ་ཡང་འདབ་མའི་བར་ན་གནས། །ཁ་དོག་མི་གཅིག་སོ་སོར་གནས། །འདབ་མ་དྲུག་ཅུ་རྩ་བཞི་ལ། །ཀཱ་ལའི་ཡི་གེ་ཉིས་འགྱུར་ཏེ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡིན། །ཨཱ་ལི་བཅུ་དྲུག་ཉིས་འགྱུར་ཏེ། །མཚན་བཟང་སུམ་ཅུ་རྩ་གཉིས་ཡིན། །སྒོམ་དུས་ཁ་དོག་དག་དང་མཚུངས། །གཏུམ་མོར་དམིགས་པ་གཏད་དུས་སུ། །གནད་བཞིས་བརྩོན་འགྲུས་དྲག་པོ་ཡིས། །མ་ཡེངས་འབད་ནས་བསྒོམས་ལགས་ཀྱང༌། །ཤ་བཀྲག་མེད་ཅིང་བདེ་དྲོད་ཆུང༌། །དེ་ཡི་རྟེན་འབྲེལ་ཇི་ལྟར་གནས། །གདམས་ངག་བསྒྱུར་ཁ་ཇི་ལྟར་བགྱི། །ཞིབ་པར་ཐུགས་ལ་འདོག་པར་ཞུ། །འབར་འཛག་དམིགས་པ་གཏད་དུས་སུ། །དབང་མེད་བྱང་སེམས་ཉམས་པ་ལ། །འཁྲུལ་འཁོར་བྱས་ཀྱང་མི་ཟློག་ན། །དེ་ཡི་དུས་སུ་ཇི་ལྟར་བགྱི། །གནད་དང་བཅས་པའི་ཞལ་གདམས་ཞུ། །གཏུམ་མོའི་གནད་ཀྱིས་སྒོམ་པ་ལ། །ཤ་བཀྲག་མེད་ཅིང་བདེ་དྲོད་ཆུང་བ་དེ། །འདོད་ཆགས་ཡང་ཡང་སྐྱེས་པའི་རྟོགས་པ་དེས། །ཐིག་ལེ་དངོས་སུ་མ་ཉམས་ཀྱང༌། །གནས་བབ་བེམ་རིག་བྲལ་བ་ཡིན། །འཁྲུལ་འཁོར་བཟློག་ཐབས་མ་བྱས་པས། །ཤ་མདོག་ཧཾ་སྐྱ་བ་མོ་ཁ། །སྔོ་སྐྱ་དག་དང་བཅས་པར་གྱུར། །དེ་ནི་ཐིག་ལེས་སྐྱོན་ཡིན་པས། །འཁྲུལ་འཁོར་བཞི་ཡིས་རླུང་དང་བསྲེ། །བས་ལྡག་ཤུ་བ་གཡན་པ་དང༌། །སྐྱ་རྦབ་ལྟ་བུ་བྱུང་གྱུར་ན། །རླུང་ཤ་མཚམས་ཤོར་བའི་སྐྱོན་ཡིན་ཏེ། །མཛེ་ནད་བཞིན་དུ་འབྱུང་བ་ཡིན། །དེ་ཡི་བཅོས་ཐབས་བསྟན་པ་ནི། །གསང་གནས་གཏུམ་མོའི་མེ་སྦར་བས། །ལུས་ཀྱི་ནང་རྣམས་ཁེངས་པར་བསྒོམ། །མེ་ལྕེ་ཁབ་རྩེ་ཙམ་པ་རྣམས། །བ་སྤུའི་བུ་ག་རྣམས་སུ་བསྒོམ། །ཐུན་འཇོག་ཙམ་ན་ནང་དུ་བསྒོམ། །རྗེས་ལ་བྱང་སེམས་གང་བར་བསྒོམ། །དེ་ཡིས་སྐྱོན་རྣམས་སེལ་བ་ཡིན། །རྩ་དང་རླུང་དང་ཐིག་ལེའི་གཟུགས། །སྐྱོན་རྣམས་འབྱུང་བའི་རྐྱེན་རྣམས་ཞུས། །རྗེ་ཡི་གཟེར་ལྔའི་ནང་དུ་ལྟོས། །བཅོས་ཐབས་དེ་ལས་ལྷག་པ་མེད། །སྲོག་དང་རྩོལ་བའི་ཁྱད་པར་གྱིས། །གནད་དུ་ཚུད་ན་ཇི་ལྟར་འབྱུང༌། །རླུང་འཇམ་རྩུབ་གཉིས་ལ་ཁྱད་མཆིས་སམ། །སྟེང་སྒོ་འོག་སྒོ་གཉིས་པོ་ལ། །སྒོམ་དུས་ནན་ཏན་གང་ལ་བགྱི། །ཁ་གསལ་ཐུགས་ལ་འདོག་པར་ཞུ། །ཞེས་ཞུ་བ་ནི། སྲོག་རྩོལ་གཡས་གཡོན་རྩའི་གནས། །སྲོག་ནི་རླུང་ལ་ཟེར་བ་ཡིན། །རྩོལ་བ་ལས་ལ་སྦྱོར་བ་སྟེ། །སྲོག་རྩོལ་གཟུང་འཛིན་རྦ་རླབས་དེ། །སྦྱོར་བཞིའི་གནད་དུ་བསྣུན་ཙམ་ན། །སྲོག་རྩོལ་དབུ་མར་ཚུད་པ་ཡིས། །གཟུང་འཛིན་རྟོག་པ་འགགས་པ་དང༌། །རྟོག་མེད་ཡེ་ཤེས་སྐྱེ་བ་ཡིན། །རླུང་འཇམ་རྩུབ་གཉིས་ཀྱི་ཁྱད་པར་དེ། །རྩུབ་རླུང་དྲག་པས་རྩ་མིག་འབྱེར། །འཇམ་པས་ཡོན་ཏན་སྐྱེ་བར་དཀའ། །གནས་བཞི་ཉམས་སུ་བླང་བར་བྱ། །སྟེང་འོག་གཉིས་ཀྱི་ཁྱད་པར་ནི། །དང་པོ་འོག་རླུང་བཟུང་བྱས་ནས། །འོག་རླུང་དྲག་ཏུ་འཐེན་པར་བྱ། །སྟེང་འོག་ཁ་སྦྱོར་རྩོལ་བ་ཡིས། །ཡོན་ཏན་ཚོགས་རྣམས་སྐྱེ་བ་ཡིན། །འོག་རླུང་དྲག་དང་བྲང་དགྱེ་ན། །སྟོད་དུ་གཟེར་ནད་འོང་བ་ཡིན། །བྲང་ཉིད་ཀུང་བྱས་ལུས་བཅུན་ནས། །རླུང་དྲག་ཏུ་བུས་པས་སྐྱོན་རྣམས་སེལ། །རྩ་བའི་རླུང་དང་ཡན་ལག་རླུང༌། །ལོག་པའི་དུས་སུ་སྐྱོན་ཅི་འབྱུང༌། །གེགས་སེལ་གནད་དང་བཅས་པ་གཅིག །ཐུགས་ལ་ཅིས་ཀྱང་འདོགས་པར་ཞུ། །ཞེས་ཞུ་བ་ནི། དེ་ལ་རླུང་བཅུའི་བྱེ་བྲག་ནི། །ཐུར་སེལ་ལྒང་པའི་རྩ་ལ་གནས། །ལས་ནི་འོག་སྒོའི་བྱ་བ་བྱེད། །ལོག་ན་བཤང་ལྕི་སྡོམ་པར་བྱེད། །འབར་ན་ཡོན་ཏན་སྐྱེ་བར་བྱེད། །མེ་དང་མཉམ་དུ་གནས་པ་ནི། །ལྟེ་བའི་དཀྱིལ་འཁོར་དག་ཏུ་གནས། །ལས་ནི་ལུས་ཀྱི་དྲོད་བསྐྱེད་ཅིང༌། །ཟས་རྣམས་ཀྱང་ནི་འཇུ་བར་བྱེད། །ལོག་ན་དྲངས་བའི་རླུང་ལོག་སྐྱེ། །གཞན་ཡང་སྐྲན་དང་དམུ་ཆུ་འབྱུང༌། །འབར་ན་ཡོན་ཏན་སྐྱེ་བ་ཡིན། །སྲོག་འཛིན་རླུང་ནི་སྙིང་ཁར་གནས། །ལས་ནི་སེམས་ཀྱི་ཆོས་རྣམས་བྱེད། །ལོག་ན་སྙིང་རླུང་སྨྱོ་འབོག་འབྱུང༌། །འབར་ན་མངོན་ཤེས་ཏིང་འཛིན་སྐྱེ། །གྱེན་རྒྱུ་ཏོང་ཏོང་པོ་ལ་གནས། །ལས་ནི་ཟ་འཐུང་མིད་པ་དང༌། །དབང་པོ་ལྔ་ཡི་ལས་ཀུན་བྱེད། །ལོག་ན་མིད་བཅུས་ལ་སོགས་འབྱུང༌། །འབར་ན་ངག་གི་ཡོན་ཏན་འབྱུང༌། །ཁྱབ་བྱེད་རླུང་གི་གནས་པ་ནི། །ཚིག་འདྲིལ་པགས་དང་བ་སྤུར་གནས། །ལས་ནི་འགུལ་སྤྱོད་གཉེན་ལྕུགས་བྱེད། །ལོག་ན་ཞ་འཐེང་སྒུར་པོར་འོང༌། །ཤུ་བ་བས་ལྡག་གཡན་པ་སོགས། །སྐྲ་དང་སྨིན་མ་འབྱི་བ་དང༌། །སྔོ་སྐྱ་ཧཾ་པ་ཅན་དུ་འོང༌། །འབར་ན་ལུས་ཀྱི་བཀྲག་མདངས་དང༌། །ལུས་ཀྱི་ཡོན་ཏན་ཐམས་ཅད་འབྱུང༌། །རླུང་གི་བྱེ་བྲག་མང་ན་ཡང༌། །རླུང་སྦྱོར་འདི་ཡི་བྱེ་བྲག་ནི། །བསྡུས་ན་དེ་ཉིད་སུམ་ཅུར་གནས། །ཡན་ལག་དག་གི་རླུང་ལྔ་ནི། །དབང་པོ་ལྔ་ལ་གནས་པ་ཡིན། །བྱ་བའི་ལས་རྣམས་གང་བྱེད་པ། །མིང་སོགས་པས་ནི་སོ་སོར་བྱེད། །ལོག་ན་དབང་པོའི་སྐྱོན་དུ་འགྱུར། །འབར་ན་བདེ་སྟོང་ཏིང་འཛིན་སྐྱེ། །གེགས་སེལ་ཡོན་ཏན་སྐྱེ་ལུགས་རྣམས། །འདིར་ནི་ལེགས་པོར་བཀོད་པ་ཡིན། །གཏུམ་མོ་ཉམས་སུ་ལེན་པ་ལ། །ལུས་སྦྱོང་འཁྲུལ་འཁོར་དགོས་ལགས་སམ། །ལུས་སྦྱོང་མ་བྱས་སྐྱོན་ཅི་འབྱུང༌། །བྱས་པས་ཡོན་ཏན་ཇི་ལྟར་འབྱུང༌། །གནད་ཀྱི་འཁྲུལ་འཁོར་ལུས་སྦྱོང་རྣམས། །ཐུགས་རྗེ་ཅན་གྱིས་གནང་བར་ཞུ། །ལུས་སྦྱོང་འཁྲུལ་འཁོར་མ་བྱས་ན། །དཔེར་ན་གྲོད་པའི་ཁ་ནི་སྐམ་པ་ལ། །ནང་དུ་ཆུ་བླུགས་མི་འགྲོ་ཞིང༌། །ཁ་སྐམ་འདྲལ་ཞིང་བཅུད་ཀྱང་འབོ། །དེ་བཞིན་ལུས་སྦྱོང་མ་བྱས་སྐྱོན་རྣམས་ནི། །རླུང་བཟུང་དྲགས་པས་སྐྱོན་རྣམས་ཡིན། །དབུ་མའི་རྩ་ཁ་མ་ཕྱེད་པར། །རྩ་ཕྲན་ཤ་པགས་མཚམས་རྣམས་སུ། །རླུང་ནི་བྱེར་བར་གྱུར་པ་དེ། །ཤུ་བ་ལ་སོགས་ནད་རྣམས་འབྱུང༌། །གྲོད་པ་ཁ་སྐམ་རལ་དང་འདྲ། །གྲོད་པ་ཆུ་ཡིས་སྦངས་གྱུར་ན། །ཁ་སྦངས་གྲོད་པ་གཉེན་པ་ཡིན། །ལུས་སྦྱོང་འཁྲུལ་འཁོར་བྱས་པ་ཡིས། །རྩ་ཁ་འབྱེད་ཅིང་རྩ་མདུད་གྲོལ། །རྩ་ནི་གཉེན་ལྕུགས་ལྡན་པ་སྟེ །ལུས་སྦྱོང་བྱས་པའི་ཕན་ཡོན་ཡིན། །དཔལ་ལྡན་ཆེན་པོ་རྒྭ་ལོ་ཡིས། །གོ་རིམ་འཆལ་བའི་ལུས་སྦྱོང་དང༌། །སློབ་དཔོན་ཆེན་པོ་བིར་ཝ་པས། །ལམ་འབྲས་ནང་དུ་གསུངས་པ་ལྟར། །ཞིབ་ཏུ་ལྟོས་ལ་ཉམས་སུ་ལོངས། །འདིར་མང་བྲིས་པ་ཟློས་སྐྱོན་ཡིན། །གནས་ཆེན་འཁོར་ལོ་གཙོ་དྲུག་དང༌། །ཚིགས་ཆེན་འཁོར་ལོ་བཅུ་གཉིས་སུ། །འབྱུང་བཞི་རླུང་སེམས་མ་འཕྲོད་ན། །དེ་ལ་ཉེས་སྐྱོན་ཅི་འདྲ་འབྱུང༌། །སྐྱོན་གྲོལ་གེགས་སེལ་འཕྲང་སྒྲོལ་ཞུ། །ཞེས་ཞུ་བ་ནི། གནས་ཆེན་གཙོ་དྲུག་བར་དོ་སྐུ་གསུམ་ནང་དུ་ལྟོས་གསལ་ཟེར། །ཚིགས་ཆེན་གྱི་ནི་བཅུ་གཉིས་སུ། །རླུང་སེམས་འདུས་པར་གྱུར་པ་དེ། །མཚན་དཔེ་བདུན་མཐོ་འབྱུང་བ་ཡིན། །དེ་རུ་འབྱུང་བཞིའི་རླུང་ལོག་ན། །ལུས་ཚིགས་ནད་དུ་འབྱུང་བ་ཡིན། །ནད་ཀྱི་སྐྱོན་རྣམས་བྱུང་གྱུར་ན། །ཆུ་ཡི་གནས་སུ་མེ་དང་ནི། །མེ་ཡི་གནས་སུ་ཆུ་ཡང་བསྒོམ། །ས་ཡི་གནས་སུ་རླུང་དང་ནི། །རླུང་གི་གནས་སུ་ས་ཡང་བསྒོམ། །ཀུན་ལ་ནམ་མཁའ་སྟོང་པ་བསྒོམ། །ཉོན་མོངས་གེགས་སེལ་གཉེན་པོ་བསྒོམ། །ཡང་ན་ལྡོག་པའི་སྦྱོར་བ་གྱིས། །བགེགས་ཀྱི་གེགས་ལ་བྱམས་པ་བསྒོམ། །དེ་ལ་འཕྲང་གྲོལ་བྱེ་བྲག་ནི། །འཕྲང་བདུན་མ་ཡི་ནང་དུ་ལྟོས། །སྤྱིར་རྩ་དང་རླུང་དང་ཐིག་ལེ་དང༌། །ཡི་གེའི་འགྲོས་རྣམས་ཐིམ་པ་ལས། །ལམ་རྣམས་རྫོགས་པར་འདོད་པ་དེ། །རྗེ་བིར་བའི་བཞེད་པ་སྟེ། །རྗེ་རིན་པོ་ཆེ་ཡིས་བཞེད་པ་ཡིས། །རྩ་རླུང་ཐིག་ལེ་ཡི་གེ་ཡིས། །ལམ་རྣམས་ཇི་ལྟར་རྫོགས་ལུགས་རྣམས། །རྗེ་འགྲོ་བའི་མགོན་པོས་གནང་བར་ཞུ། །ཞེས་ཞུ་བ་ནི། འགྲོས་བཞིས་བྱེ་བྲག་ཞུས་པ་རྣམས། །སློབ་དཔོན་ཆེན་པོ་བིར་ཝ་པས། ལམ་འབྲས་གསུངས་པའི་ནང་དུ་ལྟོས། །དེ་ལས་ལྷག་པ་བརྗོད་མི་དགོས། །སྤྱིར་རྩ་རླུང་ཐིག་ལེ་ཡི་གེ་རྣམས། །གཞི་ལ་ཇི་ལྟར་གནས་པ་དང༌། །ལམ་དུ་ཇི་ལྟར་སྒོམ་ལུགས་རྣམས། །སྐྱོན་དང་ཡོན་ཏན་འཛིན་པ་དང༌། །འཕྲང་སྒྲོལ་གནད་ཀྱི་གདམས་ངག་དང༌། །རླུང་སེམས་དབང་དུ་འདུས་རྟགས་དང༌། །དགའ་བ་བཞི་ཡི་ཡེ་ཤེས་འཆར་ལུགས་དང༌། །མཚན་དང་དཔེ་བྱད་ལ་སོགས་པ། །འབྲས་བུའི་ཡོན་ཏན་མ་ལུས་པ། །དངོས་པོ་གཞི་ལ་ཇི་ལྟར་གནས། །བསྒོམས་པས་མངོན་དུ་ཅི་ལྟར་འགྱུར། །རྗེ་དུས་གསུམ་མཁྱེན་པའི་སངས་རྒྱས་ཀྱིས། །ཕྱོགས་བརྟན་བརྡའ་ཙམ་མ་ལགས་པ། །འཁོར་འདས་གཉིས་ཀྱི་རྒྱུ་འབྲས་འདི། །འདི་ལས་འདི་འབྱུང་རྒྱུ་རྐྱེན་རྣམས། །ཁ་གསལ་ལག་ཏུ་སློངས་པ་ཡི། །ཐུགས་ཀྱི་ཉིང་ཁུ་གནང་བར་ཞུ། །ཞེས་ཞུས་པ་དང༌། རྩ་ནི་ལུས་ཀྱི་གནས་ལུགས་ཏེ། །རྩ་ཡི་གཙོ་བོ་བདུན་དུ་གསུངས། །ཕྱེ་ན་སྟོང་ཕྲག་བདུན་ཅུ་གཉིས། །གཟུགས་དང་དབྱིབས་དང་ཐག་དང་ནི། །དྲུ་གུ་འདྲིལ་དང་སྐྲ་ཤད་འཛིངས། །གཞན་ཡང་རྩ་ལ་མང་དུ་གསུངས། །རྩ་མདུད་ཡི་གེ་འབུར་དུ་གནས། །རླུང་དང་ཐིག་ལེ་སེམས་དང་གསུམ། །རྩ་ཡི་ནང་དུ་གནས་པར་གསུངས། །དེ་ལྔ་དུས་གཅིག་ཚོགས་པ་དེ། །རྣམ་རྟོག་ཕྱོགས་མེད་འཕྲོས་པ་དང༌། །སེམས་ཀྱི་བཞོན་པ་རླུང་བཟུང་ནས། །གཏུམ་མོ་བཞི་ལྡན་བསྒོམས་གྱུར་ན། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །མ་བསྒོམ་རྣམ་རྟོག་གཡེངས་གྱུར་ན། །འཁོར་བའི་སྡུག་བསྔལ་བསྐྱེད་པར་བྱེད། །མ་བསྒོམ་པ་ཡི་སྐྱོན་ཡིན་ནོ། །བསྒོམས་ན་ཡོན་ཏན་སྐྱེ་བ་ཡིན། །དེ་ལྟར་སྐྱོན་ཡོན་ཤེས་པར་གྱིས། །རྣམ་རྟོག་གཏུམ་མོའི་འཕྲང་དང་ནི། །ཉོན་མོངས་ཞེ་སྡང་འཕྲལ་ལ་སྒྲོལ། །གསལ་སྟོང་ཡེ་ཤེས་ཐོབ་པར་འགྱུར། །ལྟེ་བའི་གནས་སུ་ཚོགས་པ་དང༌། །བྱེ་བྲག་དེ་ཚོ་འབྱུང་བ་ཡིན། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །ལྔ་པོ་དུས་གཅིག་གནས་པ་དང༌། །འདོད་ཆགས་ཕྲག་དོག་སྐྱེས་གྱུར་ན། །བདེ་བའི་སྦྱོར་བ་སྒོམ་པ་དང༌། །དགའ་བཞིའི་ཡེ་ཤེས་སྐྱེ་བ་ཡིན། །མ་བསྒོམ་འདོད་ཆགས་དབང་སོང་ན། །འཁོར་བའི་སྡུག་བསྔལ་བསྐྱེད་པར་བྱེད། །མ་བསྒོམ་པ་ཡི་སྐྱོན་ཡིན་ནོ། །བསྒོམས་ན་ཡོན་ཏན་སྐྱེ་བ་ཡིན། །དེ་ལྟར་སྐྱོན་ཡོན་ཤེས་པར་གྱིས། །ཕྲག་དོག་བདེ་བའི་འཕྲང་དང་ནི། །ཉོན་མོངས་འདོད་ཆགས་འཕྲང་ལས་སྒྲོལ། །ལྷན་ཅིག་སྐྱེས་དགའ་ཐོབ་པར་འགྱུར། །སྤྱི་བོའི་གནས་སུ་ཚོགས་པ་དང༌། །བྱེ་བྲག་དེ་ཚོ་འབྱུང་བ་ཡིན། །ས་རླུང་དབང་འདུས་སྨིག་སྒྱུ་དང༌། །ཆུ་རླུང་དབང་འདུས་དུ་བ་དང༌། །མེ་རླུང་དབང་འདུས་མཁའ་སྣང་དང༌། །རླུང་ཉིད་དབང་འདུས་མར་མེ་དང༌། །ནམ་མཁའ་ཡི་ནི་རླུང་འདུས་ན། །སྤྲིན་མེད་ནམ་མཁའི་རྟགས་རྣམས་འབྱུང༌། །རྟགས་ཀྱི་བྱེ་བྲག་བསམ་མི་ཁྱབ། །འདིར་ཡང་བརྗོད་ཀྱི་མི་ལང་གིས། །ཐུན་མོང་གྲུབ་རྟགས་རྣམས་ན་ལྟོས། །ཉམས་སུ་ལོངས་དང་ནང་ནས་འཆར། །གྲོལ་ལམ་གཏུམ་མོའི་དགའ་བཞི་དང༌། ཆགས་ལམ་བདེ་བའི་དགའ་བཞི་གཉིས། །ལམ་གཉིས་བྱེ་བྲག་སོ་སོ་ཡིན། །གཏུམ་མོ་གནད་དུ་བསྣུན་ཙམ་ན། །རྩ་བྲན་རླུང་སེམས་འདུས་པ་ཡིན། །ལུས་ལ་བདེ་དྲོད་སྐྱེས་པ་དང༌། །རྣམ་པ་སྣ་ཚོགས་སྐད་ཅིག་མ། །རག་པ་འགགས་པ་རྟོག་མེད་ཡིན། །བདེ་བ་སྐྱེས་པ་དགའ་བ་ཡིན། །ཐིག་ལེ་འབར་འཛག་སྒོམ་པ་དང༌། །ཐབས་ཤེས་གཉིས་མེད་འཕྲོད་པ་ཡིས། །རླུང་ནང་དུ་འདུས་པས་གཏུམ་མོ་འབར། །ཡེ་ཤེས་ལ་ནི་ཆེར་བསྙེན་པས། །ཕྲ་བ་འགགས་པས་རྣམ་པར་སྨིན། །བདེ་ཆེན་སྐྱེས་པས་མཆོག་དགའ་ཡིན། །ཤིན་ཏུ་ཕྲ་བ་འགགས་པ་ཡིས། །བརྗོད་པ་ཐམས་ཅད་དང་བྲལ་བས། །མཚན་ཉིད་མེད་པའི་སྐད་ཅིག་མ། །བདེ་སྟོང་དབྱེར་མེད་སྐྱེས་པ་དེ། །ལྷན་ཅིག་སྐྱེས་པའི་དགའ་བ་ཡིན། །དེ་ནི་དངོས་གཞི་ཡིན་པར་གསུངས། །རླུང་ནི་ཕྱིར་ལ་འབྱུང་བ་དང༌། །རྣམ་པར་རྟོག་པ་འཕྲོས་པ་ཡིས། །བདེ་སྟོང་ཉམས་དང་བྲལ་བ་ལ། །ཡེ་ཤེས་རྗེས་བཤུ་བྱེད་པ་དེ། །རྟོགས་པ་ཤར་བས་དགའ་བྲལ་ཡིན། །རྣམ་པར་རྙེད་པའི་སྐད་ཅིག་མ། །བཞི་པ་ཡང་ནི་དེ་བཞིན་སྐྱེས། །རྗེས་ཀྱི་དངོས་གཞི་སྙགས་པ་ཡིན། །མྱོང་བ་ཐམས་ཅད་དང་བྲལ་བས། །རྣམ་པ་མེད་པའི་སྐད་ཅིག་མ། །ཐམས་ཅད་སྟོང་པར་ཤར་བ་ཡིན། །དགའ་བྲལ་དུ་ནི་འདོད་པའོ། །དེ་ལྟར་ལུགས་ནི་མང་ན་ཡང༌། །སྔར་གྱི་གན་དུ་བསྒོམ་པར་བྱ། །ཆགས་ལམ་པ་ཡི་དགའ་བཞི་ནི། །ཕྱག་རྒྱ་ལ་ནི་ནོམ་དང་ཉུག་པ་ཡིས། །རྣམ་རྟོག་སྣ་ཚོགས་འགགས་པ་དེས། །རྣམ་པ་སྣ་ཚོགས་སྐད་ཅིག་ཡིན། །བདེ་བ་སྐྱེས་པས་དགའ་བ་ཡིན། །མཁའ་གསང་བྱིན་རླབས་མཉམ་སྦྱར་བས། །རག་པ་འགགས་པས་རྟོག་མེད་དེ། །རྣམ་པར་སྨིན་པའི་སྐད་ཅིག་ཡིན། །བདེ་བ་ཆེར་སྐྱེས་མཆོག་དགའ་ཡིན། །བདེ་བ་གཉིས་ཤོར་གཉིས་མཉམ་དབུས། །བརྗོད་པ་ཐམས་ཅད་དང་བྲལ་བའི། །མཚན་ཉིད་མེད་པའི་སྐད་ཅིག་མ། །མཁའ་མཉམ་བདེ་སྟོང་དབྱེར་མེད་དེ། །ལྷན་ཅིག་སྐྱེས་པའི་དགའ་བ་ཡིན། །ཡེ་ཤེས་དང་ནི་དང་བྲལ་ནས། །ཕྱི་ནས་རྗེས་བཤུ་བྱེད་པ་དེ། །རྣམ་པར་རྙུད་པའི་སྐད་ཅིག་ཡིན། །ཐམས་ཅད་རྟོགས་པར་ཤར་བ་ན། །དགའ་བྲལ་གྱི་ནི་ཡེ་ཤེས་ཡིན། །དེ་ལྟར་དགའ་བཞི་ཤེས་པར་གྱིས། །མཚན་བཟང་སུམ་ཅུ་རྩ་གཉིས་དེ། །ལུས་ངག་ཡིད་གསུམ་གཞི་ལ་གནས། །ལམ་དུ་རྒྱུ་དེ་གང་སོང་ལ། །རྣམ་སྨིན་འབྲས་བུ་འབྱུང་བ་ཡིན། །བླ་མ་བསུ་དང་སྐྱེལ་བ་ཡིས། །ཕྱག་ཞབས་འཁོར་ལོའི་རྩིབས་དང་ལྡན། །གཞན་མ་རྣམས་ཀྱང་དེ་བཞིན་སྦྱར། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང༌། །རྒྱུ་རྣམས་སོང་བའི་འབྲས་བུ་ཡིན། །དེ་ནི་གཟུགས་སྐུའི་ཡོན་ཏན་ནོ། །སྟོབས་བཅུ་མི་འཇིགས་བཞི་དང་ནི། །མ་འདྲེས་ཆོས་ནི་བཅོ་བརྒྱད་དེ། །བྲལ་འབྲས་སུམ་ཅུ་རྩ་གཉིས་ཡིན། །དེ་ནི་ཆོས་སྐུའི་ཡོན་ཏན་ཡིན། །གནས་དང་གནས་ནི་མ་ཡིན་པའི། །བྱང་ཆུབ་སེམས་ནི་འབྱུང་ལུགས་རྣམས། །བཅོམ་ལྡན་མགོན་པོ་བྱམས་པ་ཡིས། །ཐེག་མཆོག་རྒྱུད་ནི་བླ་མར་ལྟོས། །རྩ་དང་ཡི་གེ་རླུང་དང་གསུམ། །ཕྱི་རྟགས་ནང་དུ་ཤར་བ་དེ། །ཕྱི་ནང་རྟེན་འབྲེལ་འགྲིགས་ན་འབྱུང༌། །གཟུགས་སྐུ་ལ་ནི་འཆར་བ་ཡིན། །ཀུན་དྷ་བྱང་ཆུབ་སེམས་དང་ནི། །ནང་རྟགས་ཕྱི་རུ་འཆར་བ་དེ། །ནང་དུ་རྟེན་འབྲེལ་འགྲིགས་པ་ཡིན། །དེ་ནི་ཆོས་སྐུའི་ཡོན་ཏན་ཡིན། །རྟེན་ནི་རྣམ་པ་བཞི་པོ་དེ། །གཅིག་ཏུ་འདུས་ན་གྱུར་པ་ལ། །གསང་བའི་རྟེན་འབྲེལ་འགྲིགས་པ་ཡིན། །ཡན་ལག་བདུན་དང་ལྡན་པ་དེ། །ངོ་བོ་ཉིད་སྐུའི་ཡོན་ཏན་ཡིན། །དེ་ཁོ་ན་ཉིད་ཀྱི་རྟེན་འབྲེལ་དང༌། །མཐར་ཐུག་གི་ནི་རྟེན་འབྲེལ་སོགས། །དེ་དག་ཐད་སོའི་ཡོན་ཏན་རྣམས། །སློབ་དཔོན་ཆེན་པོ་བིར་ཝ་པས། །གསུངས་པའི་ལམ་འབྲས་ནང་དུ་ལྟོས། །འཁོར་འདས་གཉིས་ཀྱི་རྒྱུ་འབྲས་ནི། །རྒྱུ་ཉོན་མོངས་དུག་ལྔ་དུག་གསུམ་བྱས། །རྐྱེན་སྡིག་པ་མི་དགེའི་ལས་བྱས་པས། །འབྲས་བུ་འཁོར་བའི་སྡུག་བསྔལ་སྨིན། །ཉོན་མོངས་སོ་སོའི་ལས་རྣམས་ཀྱིས། །ངན་སོང་ལ་སོགས་སྡུག་བསྔལ་རྣམས། །ཞིབ་ཏུ་འདིར་མང་སྨོས་ཅི་དགོས། །རིན་ཆེན་གཅིག་ཆོད་ནང་དུ་ལྟོས། །མཚན་མེད་ཕྱག་རྒྱ་ཆེན་པོ་ལས། །རིམ་སྐྱེས་པ་དང་གཅིག་ཆར་པ། །ཐོད་རྒལ་བ་དང་གསུམ་དུ་གསུངས། །རིམ་སྐྱེས་པ་ཡི་གང་ཟག་ལ། །ཉམས་རྟོགས་འཆར་ལུགས་ཇི་ལྟར་ལགས། །རྣལ་འབྱོར་བཞི་ཡི་རིམ་པ་དེ། །རིམ་སྐྱེས་པ་ཡི་གང་ཟག་ལ། །བཞི་པོ་རིམ་གྱིས་སྐྱེ་ལགས་སམ། །ཡང་ན་གཅིག་ཆར་སྐྱེ་བ་ལགས། །དེ་ཡི་ས་མཚམས་ཕྱེད་པ་གཅིག །ཞིབ་པར་ཐུགས་ལ་འདོགས་པར་ཞུ། །ཞེས་ཞུ་བ་ལས། ཆོས་བྱེད་རྟེན་གྱི་གང་ཟག་ལ། །བླ་མ་དམ་པས་སྒོམ་བཏབ་པས། །ཉམས་སུ་བླངས་པར་གྱུར་པ་ལ། །ཉམས་རྟོགས་སྐྱེ་བའི་ཚུལ་ལུགས་ནི། །རྣམ་པ་གསུམ་དུ་གསུང་ལུགས་ལས། །གཅིག་ཆར་པ་ལ་རྟོགས་པ་སྐྱེ། །ཉམས་སུ་མ་ཤོར་ཉམས་མྱོང་བསྐྱང༌། །ཐབས་གཞན་མ་ཚོལ་ངོ་སྤྲོད་གྱིས། །ཐོད་རྒལ་རེས་འཇོག་ཚུལ་དུ་སྐྱེ། །སྒོམ་མ་སྐྱེས་པ་ཡང་རང་སེམས་ཡིན། །སྒོམ་སྐྱེས་པ་དེ་ཚམས་སྦྱོར་བྱ། །རྣལ་འབྱོར་བཞི་ཡི་རིམ་པ་འདི། །རིམ་སྐྱེས་པ་ལ་གསུངས་པ་ཡིན། །རྩེ་གཅིག་སེམས་ཀྱི་རང་བཞིན་མཐོང༌། །རྩེ་གཅིག་དང་པོ་སེང་ངེ་ཡེ་རེ་བ། །བདེ་གསལ་མི་རྟོག་ཉམས་མྱོང་སྐྱེ། །སྒོམ་པའི་དུས་སུ་དངོས་མེད་སྟོང་པ་སྐྱེ། །འོན་ཀྱང་ཉམས་ཀྱི་ཞེན་པ་ཡིས། །མ་ངེས་བསམ་གཏན་གཉིས་པའོ། །སེམས་ཀྱི་རང་བཞིན་གདོད་ནས་སྟོངས། །ཐམས་ཅད་སྟོང་པ་ཡིན་སྙམ་སྐྱེ། །སྒོམ་འདི་ལས་ལྷག་པ་མེད་ཉམས་སྐྱེ། །བསྒོམས་པས་ཁེངས་པའི་སྟོང་སྦོས་ཀྱིས། །ཆེན་པོ་རྣམས་ལ་བརྙས་པ་ཡིན། །འོན་ཀྱང་རྟོག་པ་མེད་པ་ཡི། །ཆོས་ཉིད་ཉམས་ཀྱི་མཐར་ཐུག་ཡིན། །སྤྲོས་བྲལ་དུས་སུ་ངོ་བོ་མཐོང༌། །སྤྲོས་པའི་ཆོས་རྣམས་སྣ་ཚོགས་ཀུན། །རང་སེམས་ཡིན་པར་རྟོགས་པ་དང༌། །སེམས་ཉིད་སྟོང་པར་སྒོམ་པ་དེ། །སྤྲོས་བྲལ་དང་པོའི་རྟོགས་པ་ཡིན། །སྤྲོས་པ་སྤྲོས་པས་སྟོང་བས་མེད། །སྤྲོས་བྲལ་གཉིས་པ་རྟོགས་པ་ཡིན། །བདེ་བ་གསལ་བ་མི་རྟོག་པ། །སྐུ་གསུམ་སེམས་ཀྱི་ངོ་བོ་ཡིན། །དྲན་པ་སྐད་ཅིག་སྤྲུལ་པའི་སྐུ། །དེ་ཉིད་སྟོང་པ་ཆོས་ཀྱི་སྐུ། །དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ། །ཉམས་ཀྱི་བདེ་གསལ་མ་ཡིན་པས། །རྟོགས་པའི་བདེ་གསལ་མི་རྟོག་པ། །སྐུ་གསུམ་སེམས་ཀྱི་ངོ་བོ་ཉིད། །རོ་གཅིག་སེམས་ཀྱི་མཚན་ཉིད་ཡིན། །སེམས་ཀྱི་མཚན་ཉིད་སྣ་ཚོགས་པ། །དགག་སྒྲུབ་མེད་པར་རྟོགས་པ་དེ། །རོ་གཅིག་རྣལ་འབྱོར་དང་པོ་ཡིན། །འཁོར་འདས་གཉིས་ཀྱི་ཆོས་རྣམས་ལ། །འདི་ལས་འདི་འབྱུང་ཤེས་ན་ཡང༌། །བསྒོམས་པས་སེམས་སྦྱོང་མ་བྱས་པས། །རྟེན་འབྲེལ་མངོན་དུ་འགྱུར་བ་དཀའ། །སེམས་ཀྱི་མཚན་ཉིད་མ་འདྲེས་པ། །བྱེ་བྲག་ཤ་མོང་སུལ་བཞིན་དུ། །སོ་སོའི་རྒྱུ་འབྲས་ཇི་བཞིན་སྣང༌། །ལག་མཐིལ་སྐྱུ་རུ་ར་བཞིན་དུ། །རྟེན་འབྲེལ་མངོན་དུ་གྱུར་པ་ཡིན། །སེམས་ཀྱི་གཤིས་ཀ་ཇི་ལྟར་བ། །རྟོགས་པ་མངོན་དུ་གྱུར་པ་ནི། །སྒོམ་དུ་མེད་པའི་རྣལ་འབྱོར་ཡིན། །སྣང་སྲིད་འཁོར་འདས་ཆོས་རྣམས་འདི། །རང་སེམས་མིན་པ་གཅིག་ཀྱང་མེད། །སེམས་ཉིད་མིན་པ་སྒོམ་མེད་པས། །སྒོམ་མེད་པ་ཡི་ས་ཕྱོགས་དག །ཐམས་ཅད་སྒོམ་དུ་ཤེས་པ་ཡིས། །སྒྲིབ་པ་མེད་ཅིང་སྒྲིབ་མཁན་མེད། །སྤང་བྱ་མེད་ཅིང་གཉེན་པོ་མེད། །སེམས་ཉིད་ཆོས་སྐུ་རྣམ་དག་ལ། །སྒྲིབ་པ་ཆགས་པའི་གནས་པ་མེད། །གཉེན་པོ་སོ་མས་བཅོས་སུ་མེད། །སངས་རྒྱས་ཐུགས་ལ་ཁྱད་མེད་པས། །འདི་ནི་དཀར་པོ་གཅིག་ཐུབ་ཡིན། །རྟོགས་པ་ཁོ་ན་སྒོམ་པ་དེ། །ཉམས་རྟོགས་ཟུང་འཇུག་ལམ་ཡིན་པས། །ལམ་གཞན་ལོགས་ནས་བཙལ་མི་དགོས། །རྟོགས་པ་མངོན་དུ་གྱུར་ཙམ་ན། །ད་ལྟའི་སྣང་བ་དངོས་པོ་དང༌། །ཉོན་མོངས་དུག་ལྔ་ལ་སོགས་དང༌། །ཚོགས་དྲུག་ཡུལ་གྱི་སྣང་བ་འདི། །དེ་དུས་ཇི་ལྟར་འགྱུར་བ་ལགས། །སྒོམ་མེད་མངོན་དུ་གྱུར་ཙམ་ན། །ད་ལྟའི་རིག་པ་ཏུར་ཏུར་པོ། །དྲན་པ་སྣ་ཚོགས་འཕྲོ་བ་དེ། །དེ་དུས་ཅི་ལྟར་འགྱུར་བ་ལགས། །ཞེས་ཞུ་བ་ནི། །བེམ་རིག་གཉིས་ཀྱིས་བསྡུས་པ་ཡི། །དབང་པོ་ལྔ་ལ་སྣང་བ་ཀུན། །མ་རྟོགས་པ་ལ་འཁྲུལ་སྣང་ཡིན། །རྣལ་འབྱོར་པ་ལ་ཉམས་སྣང་འཆར། །རྟོགས་པ་མངོན་དུ་གྱུར་པ་ལ། །དག་སྣང་སྣང་བའི་རང་གཟུགས་དེ། །སྣང་སྟོང་ཟུང་འཇུག་སྒོམ་དུ་འཆར། །ཐ་མལ་རྣམས་ལ་དུག་ལྔ་འཆར། །ཉམས་ལྡན་རྣམས་ལ་འདྲེས་མར་འཆར། །རྟོགས་པ་མངོན་དུ་གྱུར་པ་ལ། །ཉོན་མོངས་དུག་ལྔ་ལ་སོགས་པ། །ཡེ་ཤེས་ལྔ་རུ་འཆར་བ་ཡིན། །ཞེ་སྡང་གསལ་སྟོང་ཏིང་ངེ་འཛིན། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ང་རྒྱལ་མཉམ་ཉིད་ཏིང་འཛིན་དེ། །མཉམ་ཉིད་ཀྱི་ནི་ཡེ་ཤེས་སོ། །འདོད་ཆགས་ལྔ་ལྡན་ཏིང་ངེ་འཛིན་དེ། །སོ་སོར་ཀུན་རྟོག་ཡེ་ཤེས་ཡིན། །ཕྲག་དོག་དགའ་ཆེན་ཏིང་འཛིན་དེ། །བྱ་བ་ནན་ཏན་ཡེ་ཤེས་ཡིན། །གཏི་མུག་སྟོང་པའི་ཏིང་འཛིན་དེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །ཐ་མལ་སེམས་ཅན་རྣམས་ལ་ནི། །ཚོགས་དྲུག་ཡུལ་དང་ཡུལ་ཅན་སྣང༌། །རྣལ་འབྱོར་ཉམས་ཀྱི་བྱེ་བྲག་ཡིན། །རྟོགས་པ་མངོན་དུ་གྱུར་པ་ལ། །སྒོ་ལྔའི་རྣམ་ཤེས་རྟོག་མེད་ཡིན། །ཡིད་ཀྱི་རྣམ་ཤེས་འདུ་འཕྲོད་ཀྱིས། །ཐ་མལ་རྣམས་ལ་གཟུང་འཛིན་ཡིན། །རྣལ་འབྱོར་པ་ལ་རྟོག་མེད་ཉམས་སུ་འཆར། །རྟོགས་པ་མངོན་དུ་གྱུར་པ་ལ། །སྒོ་ལྔའི་རྣམ་པར་ཤེས་པ་དེ། །ཡུལ་ལྔའི་བདུད་རྩི་ཏིང་འཛིན་སྐྱེ། །ཡིད་ཀྱི་རྣམ་པར་ཤེས་པ་དེ། །ཡིད་ཤེས་བསམ་པའི་རང་གཟུགས་ཡིན། །སེམས་ཉིད་སྐྱེ་བ་མེད་པ་ཡིན། །སྒོམ་མེད་རྟོགས་པའི་རྣལ་འབྱོར་ལ། །ད་ལྟའི་རིག་པ་ཏུར་ཏུར་པོ། །དེ་ཉིད་སྒོམ་མེད་མ་ཡིན་པ། །སྒོམ་མེད་ལོགས་ན་བཙལ་དུ་མེད། །དྲན་པ་སྣ་ཚོགས་དྲན་མེད་ཡིན། །ཉོན་མོངས་སྣང་བ་ལ་སོགས་པ། །ཆོས་རྣམས་སོ་སོར་སྣང་བ་དེ། །རང་སྣང་དག་དང་མ་དག་ཡིན། །དག་སྣང་སྒོམ་པའི་རྣལ་འབྱོར་ལ། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །སོ་སོའི་ཁ་དོག་ཇི་ལྟ་བ། །དེ་དང་དེ་འདྲར་འཆར་བ་ཡིན། །དེ་ནི་དག་སྣང་བསྒོམས་པ་ལ། །རྐྱེན་སྣང་ཡོན་ཏན་སོ་སོར་འཆར། །སངས་རྒྱས་ཡོན་ཏན་ལོགས་ན་མེད། །སོ་སོར་སྣང་བ་ཡོན་ཏན་ཡིན། །སྒོམ་མེད་མངོན་གྱུར་གང་ཟག་ལ། །ཕྱི་རྟགས་ནང་རྟགས་ཅི་འདྲ་འབྱུང༌། །ཕྱི་རྟགས་ནང་རྟགས་མེད་པ་ལ། །སྒོམ་མེད་རྒྱུད་ལ་སྐྱེ་སྲིད་དམ། །སྒོམ་མེད་མངོན་དུ་གྱུར་ཙམ་ན། །ད་ལྟའི་ལུས་སེམས་སྣང་བ་འདི། །དེ་དུས་ཇི་ལྟར་འགྱུར་བ་ལགས། །རྒྱུ་མཚན་གནད་དང་བཅས་པ་ཞིག །ཐུགས་ཀྱི་དཀྱིལ་ནས་གནང་བར་ཞུ། །སྒོམ་མེད་མངོན་དུ་གྱུར་པ་དེ། །ཕར་ཕྱིན་མཐར་ཐུག་ལམ་དང་ནི། །གསང་སྔགས་མཐར་ཐུག་རྟེན་འབྲེལ་དང༌། །རྣལ་འབྱོར་བཞི་ཡི་སྒོམ་མེད་དང༌། །དེ་གསུམ་རྟོགས་ཚད་མཉམ་པར་འདོད། །གོང་མ་གཉིས་ཀྱི་ཡོན་ཏན་ལ། །ཕྱི་རྟགས་ནང་རྟགས་གསུངས་པ་རྣམས། །འདོད་ལུགས་མི་འདྲ་ཡོད་ཀྱིས་ཀྱང༌། །སོ་སོའི་གཞུང་དང་བསྟུན་པར་བྱ། །འདིར་ནི་སྒོམ་མེད་རྣལ་འབྱོར་ལ། །རྟགས་རྣམས་ཇི་ལྟར་འབྱུང་ཞུས་པ། །གོང་མ་གཉིས་ཀྱི་ཡོན་ཏན་དེ། །འདི་རུ་མི་སྣང་ཟེར་བ་ཡོད། །འོན་ཀྱང་ཟུར་ཙམ་སྨོས་པར་གྱིས། །ཕྱི་རྟགས་ནང་དུ་འཆར་བ་དང༌། །ནང་རྟགས་ཕྱི་རུ་འཆར་བ་འདི། །སྒོམ་མེད་ལམ་དུ་སྐྱེ་དགོས་པས། །རྩ་རླུང་ཡི་གེ་ཕྱི་རྟགས་རྣམས། །ནང་དུ་མཚན་དཔེའི་ཡོན་ཏན་རྣམས། །ལུས་ལ་དེ་ལྟར་མ་ཤར་ཡང༌། །སེམས་ལ་ཡོན་ཏན་རྫོགས་ནས་ཡོད། །ཐིག་ལེའི་ཡོན་ཏན་ནང་རྟགས་དེ། །ཕྱི་རུ་བྲལ་འབྲས་མ་ཤར་ཡང༌། །སེམས་ལ་ཡོན་ཏན་རྫོགས་པ་ཡིན། །རྣལ་འབྱོར་ལུས་རྒྱ་ཞིག་པ་དང༌། །སངས་རྒྱས་ཞིང་དུ་འགྲོ་བ་དང༌། །མངོན་པར་རྫོགས་པར་སངས་རྒྱས་པས། །དེ་ནི་དཔེར་ན་ཅི་འདྲ་ན། །ཁྱུང་ཕྲུག་སྒོ་ངའི་ནང་དུ་ནི། །གཤོག་པ་རྒྱས་ནས་རྩལ་རྫོགས་ནས། །སྒོང་ཤུན་བྲལ་ནས་ནམ་འཕང་གཅོད། །དེ་བཞིན་རྣལ་འབྱོར་ལུས་རྒྱ་ཞིག་པ་དང༌། །མངོན་པར་རྫོགས་པར་འཚང་རྒྱའོ། །ལམ་རྟགས་མེད་པར་གྱུར་ན་ཡང༌། །སྒོམ་མེད་རྒྱུད་ལ་སྐྱེ་བ་ཡིན། །སེམས་ཀྱི་རྟོག་པའི་རྒྱ་དང་ནི། །རྣལ་འབྱོར་ལུས་ཀྱི་རྒྱ་དང་ནི། །བག་ཆགས་སྣང་བའི་རྒྱ་དང་ནི། །རྒྱ་གསུམ་མ་བྲལ་ཆོས་སུ་གནས། །དེ་ཡི་སྒྲིབ་པ་རྒྱ་གསུམ་ཡིན། །རྒྱ་གསུམ་བྲལ་ན་སངས་རྒྱས་ཡིན། །ཐོད་རྒལ་བ་ཡི་གང་ཟག་ལ། །ཉམས་ཀྱི་མཐོ་དམན་འབྱུང་བ་དེ། །རྒྱུ་རྐྱེན་གང་གི་འབྱུང་བ་ལགས། །དེའི་བོགས་འདོན་ཇི་ལྟར་བགྱི། །ཐུགས་རྗེ་ཅན་གྱིས་གནང་བར་ཞུ། །ཞེས་ཞུ་བ་ནི། ཐོད་རྒལ་བ་ཡི་ཆོས་རྣམས་དེ། །མཚམས་སྦྱོར་མ་ཤེས་སྐྱོན་ཡིན་པས། །གོང་དུ་ཞིབ་ཏུ་བསྟན་ནས་ཡོད། །འདིར་མང་སྨྲ་བ་ཟློས་སྐྱོན་ཡིན། །རྟོགས་པ་མངོན་གྱུར་གང་ཟག་ལ། །ལུས་སེམས་གཉིས་པོ་འབྲལ་དུས་སུ། །འོད་གསལ་གཉིས་པོ་འདྲེས་པའི་ཚེ། །དེ་ཚེ་སྐུ་ལྔ་ཇི་ལྟར་འབྱུང༌། །ཁ་གསལ་རྒྱུ་མཚན་བཅས་པ་གཅིག །ཞིབ་པར་ཐུགས་ལ་འདོགས་པར་ཞུ། །ཞེས་ཞུ་བ་ནི། རང་སེམས་རྟོགས་པའི་གང་ཟག་ལ། །འཆི་བ་ཉིད་ཀྱང་གྲོགས་སུ་འཆར། །འོད་གསལ་ལོགས་ནས་འཆར་རྒྱུ་མེད། །འོན་ཀྱང་འཆི་བའི་འོད་གསལ་དེ། །སངས་རྒྱས་ཆོས་ཀྱི་སྐུ་ཡིན་པས། །དང་པོར་སེམས་བསྐྱེད་སོང་བ་དང༌། །བར་དུ་གོམས་པ་ཚད་དུ་སྐྱོངས། །རྗེས་ལ་སྨོན་ལམ་བཏབ་པ་ཡིས། །འགྲོ་བའི་དོན་དུ་སངས་རྒྱས་པའི། །བར་དོ་ཡི་ནི་སྒྱུ་ལུས་དེ། །ལོངས་སྐུ་སྣང་ལ་རང་བཞིན་མེད། །མཚན་དང་དཔེ་བྱད་བརྒྱན་པ་ཡིས། །གདུལ་བྱ་སྣང་བ་དག་པ་ལ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུར་སྣང༌། །དམན་པ་རྣམས་ལ་སྤྲུལ་སྐུར་སྣང༌། །གཞན་ཡང་རིགས་དྲུག་སོ་སོ་ལ། །ཐུབ་པ་རྣམ་པ་དྲུག་ལ་སོགས། །གདུལ་བྱའི་དོན་དུ་གྱུར་པ་རྣམས། །སངས་རྒྱས་སྤྲུལ་པ་ཡིན་པར་གསུངས། །བདག་བྱིས་པ་བློ་དམན་ཤེས་རབ་ཆུང༌། །དོན་ལ་ཤེད་མ་ཕྱེ་བས་ན། །ཞུ་ཚིག་གོང་འོག་ཐམས་ཅད་དུ། །སྒྲ་དང་དོན་མ་འབྲེལ་བ་ཀུན། །རྗེ་དུས་གསུམ་མཁྱེན་པའི་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་ལ་བཟོད་པར་གསོལ། །མཁྱེན་པ་གཉིས་ལྡན་རིན་པོ་ཆེ། །བདག་གི་རྒྱུད་དང་དབང་པོ་དང༌། །ཁམས་དང་བློ་ཚོད་མཁྱེན་ལགས་པས། །ཟབ་ཆོས་ཁ་གསལ་ཞལ་གདམས་རྣམས། །སྙིང་རྗེར་ལྟོས་ལ་ཐུགས་ལ་ཐོགས། །བདག་ལུས་ངག་ཞབས་ཏོག་ཆུང་ན་ཡང༌། །འཇིག་རྟེན་བྱ་བ་བློས་བཏང་ལ། །ཡེངས་པ་མེད་པར་ཞབས་ཏོག་བགྱི། །ཞེས་ཞུ་བ་ནི། ཟབ་པའི་ཆོས་རྣམས་ཞུ་བ་དང༌། །སོ་ནམ་ཆོས་ལ་བྱེད་པ་ཡི། །རང་གཞན་དོན་རྣམས་སྒྲུབ་པ་ལ། །དེ་ལ་བཟོད་གསོལ་བྱ་མི་དགོས། །བརྡ་དོན་གཉིས་ལ་རྨོངས་པ་དེ། །བྱིས་པ་ཡིན་པར་གསུངས་ན་ཡང༌། །སྣང་སྲིད་བེམ་རིག་འཁོར་འདས་ཀུན། །རང་སེམས་སྟོན་པའི་བརྡའ་ཡིན་པས། །རང་སེམས་སྤྲོས་བྲལ་ཆོས་སྐུ་ཡིན། །བརྡ་ཡིས་རང་སེམས་རྟོགས་པ་དེ། །བློ་མཆོག་ཤེས་རབ་ཆེ་བ་ཡིན། །བརྡའ་དོན་གཉིས་པོ་འཕྲོད་པ་ཡིས། །བྱིས་པའི་སྐྱོན་ལས་འདས་པ་ཡིན། །དེ་སྐད་ཅེས་ནི་ཞུས་པའི་དོན། །ཆོས་རྣམས་སོ་སོ་རང་སྣང་ལ། །དུ་མར་སྣང་ཡང་ཆོས་སྐུར་གཅིག །དེ་ལ་གོང་འོག་དུ་མ་མེད། །སྒྲ་ཡོད་དོན་ལ་འཇུག་མེད་པ། །བྱེའུ་བཤུགས་པ་ཅན་ལ་ལུག་རྫིར་བཏགས། །འོན་ཀྱང་ལུག་རྫི་མ་ཡིན་བཞིན། །སེམས་ཞེས་བརྗོད་ཀྱང་སེམས་ཉིད་མཐོང་བ་མེད། །དོན་ཡོད་སྒྲ་འཇུག་མེད་པ་དེ། །རྟ་ལ་གླང་བུར་བཏགས་པ་བཞིན། །ཉོན་མོངས་ཡེ་ཤེས་ཡིན་པ་ལ། །ཉོན་མོངས་ལ་ནི་ཉོན་མོངས་སྒྲ། །ཡེ་ཤེས་ལ་ནི་ཡེ་ཤེས་སྒྲ། །དོན་ཡོད་སྒྲ་འཇུག་མེད་པས་འགལ། །བདག་གཅིག་པ་དང་དེ་བྱུང་གི། །འབྲེལ་བ་ཡོད་མེད་ཞུས་པ་ནི། །སྒྲ་བརྗོད་པ་དེ་དོན་ཡིན་ཡང༌། །སྒྲ་ལས་དོན་ཉིད་ལོགས་ན་མེད། །སེམས་ཉིད་སྣང་སྟོང་ལྷན་ཅིག་སྐྱེས། །གཟུགས་དང་སྒྲ་ལ་སོགས་པ་དང༌། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད། །གཉིས་སུ་མེད་དེ་གཉིས་བྱར་མེད། །སོ་སོ་མ་ཡིན་ཐ་མི་དད། །ཅེས་གསུངས། སེམས་ཅན་སེམས་དང་སངས་རྒྱས་ཐུགས། །བདག་གཅིག་ཏུ་ནི་མ་འབྲེལ་ཡང༌། །རང་སེམས་སངས་རྒྱས་ཡིན་པར་གཅིག །དེ་ལས་འབྱུང་བའི་འབྲེལ་བ་ནི། །སངས་རྒྱས་བརྗོད་ལས་མི་འབྱུང་ཡང༌། །བླ་མ་གདམས་ངག་རང་སེམས་གསུམ། །རྟེན་འབྲེལ་འགྲིགས་པས་སངས་རྒྱས་འབྱུང༌། །ཁྱོད་ཀྱིས་ཕྱེད་གཏོར་བྱེད་པ་ཡི། །དུས་གསུམ་མཁྱེན་པ་མི་མངའ་ཡང༌། །དུས་གསུམ་རང་སེམས་ཡིན་པར་གཅིག །རང་སེམས་སངས་རྒྱས་རྟོགས་ཙམ་ན། །སེམས་ཅན་སེམས་ཡང་དེ་འདྲར་མཁྱེན། །བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །ཆོས་གཤའ་མར་བྱེད་པའི་གང་ཟག་ལ། །སྐུ་གསུང་ཐུགས་ལ་མི་བཟོད་མེད། །ཆོས་གཤའ་མར་བྱེད་ན་མཉེས་པ་ཡིན། །ཁྱེད་ཀྱིས་ཞུས་པའི་མཁྱེན་པ་དེ། །སངས་རྒྱས་ཡེ་ཤེས་ཡིན་ཏེ་མཆི། །སངས་རྒྱས་མཁྱེན་པ་མི་མངའ་ཡང༌། །སེམས་ཅན་སྣང་སྟོང་ཟུང་དུ་འཇུག་པ་དེ། །མཁྱེན་པ་གཉིས་ལྡན་ཡེ་ཤེས་ཡིན། །རང་གི་ལུས་ངག་ཡིད་གསུམ་གྱི། །ལུས་སེམས་གཉིས་ཀྱི་གནས་ལུགས་ལ། །གང་ཟག་ཟབ་མོའི་གདམས་ངག་གིས། །རྩ་དང་ཡི་གེ་རླུང་དང་གསུམ། །ཀུན་དྷ་མི་ཤིགས་ཐིག་ལེ་དང༌། །ཀུན་གཞི་རིག་པ་བྱང་ཆུབ་སེམས། །དེ་དག་གཞི་ལ་གནས་པ་ལ། །གནད་བཞིས་ཉམས་སུ་བླངས་པ་ཡིས། །དེ་དག་སོ་སོའི་ཡོན་ཏན་རྣམས། །གནས་སྐབས་མཐར་ཐུག་འབྱུང་བ་དེ། །ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡིན། །རྒྱུ་རང་ལ་ཡོད་པའི་གནས་ལུགས་དེ། །ལམ་ཚོགས་པའི་རྟེན་འབྲེལ་འགྲིགས་ཙམ་ན། །འབྲས་བུ་རྫོགས་པའི་སངས་རྒྱས་ཡིན། །རྒྱུ་འབྲས་གནས་ལུགས་འགྲིགས་པ་དེ། །རས་པ་ང་ཡིས་མཁྱེན་པ་ཡིན། །བུ་རང་ལ་ཡོད་པའི་གནས་ལུགས་ལ། །ལམ་གནད་དུ་བསྣུན་པ་ཉམས་སུ་མྱོང༌། །འགྲོ་བའི་དོན་དུ་སངས་རྒྱས་ཀྱིས། །ཁྱོད་ཀྱི་རྒྱུད་དང་དབང་པོ་དང༌། །ཁམས་དང་བློ་ཚོད་བྱེ་བྲག་རྣམས། །གོང་དུ་གསུངས་པ་དེ་དག་ཡིན། །བླ་མའི་ཞལ་གདམས་ཟབ་མོ་རྣམས། །ཞུས་པ་བཞིན་དུ་ཡི་གེར་བཀོད། །བུ་ཁྱོད་ཀྱི་ཞལ་ངོ་མ་ཆོག་པས། །གསང་སྔགས་མཁའ་འགྲོའི་སྲོག་སྙིང་དེ། །རང་ཐེད་ལ་གཏང་བ་ཐུགས་རྗེ་ཡིན། །ཆོས་གསུངས་པ་བཞིན་དུ་ཉམས་སུ་ལོངས། །རང་བཞིན་ཐམས་ཅད་བདེ་བ་འབྱུང༌། །ལམ་ཟབ་མོ་བླ་མའི་ཞབས་ཏོག་ཡིན། །ཞབས་ཏོག་གསུམ་དུ་གསུངས་པ་ལས། །རྫས་དང་ལུས་ངག་ཞབས་ཏོག་རྣམས། །ཕར་ལ་ལུས་པ་མེད་པར་བྱས། །འཇིག་རྟེན་བྱ་བ་བློས་བཏང་ནས། །སྒྲུབ་པའི་ཞབས་ཏོག་བགྱི་ཞེས་པ། །ཞབས་ཏོག་དེ་ལས་ཆེ་བ་མེད། །སྒྲུབ་པ་ཚད་དུ་བསྐྱོལ་ཙམ་ན། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༌། །བླ་མ་བཀའ་བརྒྱུད་ཐམས་ཅད་མཉེས། །དཔལ་ལྡན་བདེ་མཆོག་རྒྱུད་ལས་ཀྱང༌། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མའི་མཆོད་པ་རྣམ་པར་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་མཆོག་ནི་ཐོབ་པར་བྱེད། །ཅེས་གསུངས། །རྩ་བའི་བླ་མ་རིན་ཆེན་གྱི། །ཡོན་ཏན་ཐམས་ཅད་རྫོགས་པ་དང༌། །འགྲོ་དོན་རྒྱ་ཆེན་མཛད་པ་རྣམས། །བླ་མ་མཉེས་ལས་བྱུང་བ་ཡིན། །བུ་ཁྱོད་ཀྱང་ཁས་བླངས་དོན་དང་བསྟུན། །སྒྲུབ་པ་སྙིང་པོར་བྱས་ཙམ་ན། །བླ་མ་མཉེས་པའི་ཞབས་ཏོག་དང༌། །འགྲོ་དོན་རྒྱ་ཆེན་འགྲུབ་པ་ཡིན། །དད་དང་སྙིང་རྗེ་ཤེས་རབ་ཆེ། །བླ་མ་ལ་གུས་ཚུལ་ཁྲིམས་ལྡན། །ཏིང་ངེ་འཛིན་ལ་བརྩོན་པ་ཡི། །བླ་མ་ཆེན་པོ་རྦད་གྱིས་ནི། །འགྲོ་བའི་དོན་དུ་ཆོས་འདི་ཞུས། །དེ་ལས་བྱུང་བའི་དགེ་བ་ཡིས། །ཞུ་བ་པོ་དང་སེམས་ཅན་རྣམས། །སྒྲིབ་པ་གཉིས་སྤངས་ཚོགས་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཞུས་ལེན་ཡེ་ཤེས་འོད་ཅེས་བྱ་བ། །འགྲོ་བའི་དོན་དུ་རས་པས་བཀོད་པའོ། །རྫོགས་སོ། །དགེ་བར་གྱུར་ཅིག །


previousཞུས་ལེན་ཡེ་ཤེས་འོད། next