Nitartha Digital Library
Tibetan
དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་རྣམ་ཐར་ཆོས་འབྱུང་མདོར་བསྡུས།


   
   
༈ གཉིས་པ་གྲུབ་ཆེན་ཏཻ་ལོ་པའི་རྣམ་ཐར་ནི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༈ གཉིས་པ་གྲུབ་ཆེན་ཏཻ་ལོ་པའི་རྣམ་ཐར་ནི། next

༈ གཉིས་པ་གྲུབ་ཆེན་ཏཻ་ལོ་པའི་རྣམ་ཐར་ནི།

དེའང་སྐུ་འཁྲུངས་ཡུལ་རྒྱ་གར་ཟ་ཧོར་གྱི་ཡུལ། གྲོང་ཁྱེར་ཆེན་པོ་ཛ་གོ་ཞེས་བྱ་བརཡབ་བྲམ་ཟེ་གསལ་བ་དང༌། ཡུམ་བྲམ་ཟེ་མོ་གསལ་སྒྲོན་ལ་སྲས་མོ་གཅིག་མཆིས་ཀྱང་སྲས་ཀྱིས་དབེན་ནས་མཆོད་དང་སྦྱིན་གཏོང་རྒྱ་ཆེར་མཛད་པ་ལས། ཟླ་དགུ་ངོ་བཅུའི་ཐོག་ཁྱེའུ་མཚན་དང་ལྡན་པ་གཅིག་བཙས་ཏེ་ས་ཕྱོགས་ཐམས་ཅད་འོད་ཀྱིས་གང་བ་སོགས་ལྟས་ཁྱད་འཕགས་བྱུང་བས་ཉམས་སྤྲོ་བར་གྱུར། དེ་ནས་བྲམ་ཟེ་མཚན་མཁན་གྱིས་མཚན་ལྟས་རྩིས་པ་ལས་རྟགས་མ་ངེས་པར་ཤར་ནས་ལུང་སྟོན་དུ་མ་གཏུབ་ཀྱང༌། སངས་རྒྱས་ཀྱི་སྤྲུལ་པ་ཞིག་ཡིན་སྙམ་ཏེ། འདི་ནི་ལྷ་ཀླུ་གནོད་སྦྱིན་དང༌། སངས་རྒྱས་གང་ཡིན་མ་འཚལ་ཏེ། བྱུང་ན་རྒྱལ་བའི་སྲས་པོ་དང༌། མ་བྱུང་མི་ཡི་བདག་པོར་འགྱུར། དེ་བས་སྐྱེས་བུ་ངོ་མཚར་ཅན། མཆོག་འདི་ཁྱོད་ཀྱིས་ལེགས་པར་སྐྱོངས། ཞེས་བརྗོད་ཅིང་མཚན་གསལ་འོད་དུ་གསོལ། དེ་ནས་གཙུག་ལག་ཁང་དུ་རིམ་གྲོ་དུ་མས་སྐྱེད་སྲིང་བྱས་པས་ལོ་གཅིག་སོང་བ་དང་ལོ་བཅུ་གཉིས་པའི་ཚད་དུ་སོན། ཉིན་གཅིག་ཡུམ་དང་ལྷན་དུ་ཕོ་བྲང་གི་དབུས་ན་བཞུགས་སྐབས་བུད་མེད་མི་སྡུག་པའི་ཉམས་ཅན་ཞིག་བྱུང་ནས་འཁར་བུར་ཨོཾ་ཚུགས་བྱས་ཏེ། གཅེས་པར་བསྐྱངས་ཀྱང་མི་འཆི་བའི། ས་ཕྱོགས་དེ་ནི་ཡོད་མ་ཡིན། ཟེར་ཞིང་ངུས་པ་ལ། ཡུམ་ཤིན་ཏུ་སྐྲག་ནས་དེ་ལ་ཐབས་ཅི་ལྟར་བྱས་ན་ཐར་བར་འགྱུར་ཞེས་དྲིས་པས། གཞོན་ནུ་མཛེས་པ་མཚན་དང་ལྡན། དམ་ཆོས་བརྡ་སྐད་འཕྲད་ན་བདེ། ཞེས་ཟེར་ནས་མི་སྣང་བར་གྱུར། དགོང་མོ་ཡབ་ཕོ་བྲང་དུ་ཕེབས་པ་ལ། གོང་གི་ལོ་རྒྱུས་དེ་དག་ཞིབ་ཏུ་བསྙད་དེ་ཡི་གེ་ལ་སོགས་རིག་པའི་གནས་ཐམས་ཅད་ལ་བསླབ་པས་མཁས་པར་གྱུར། དེ་ནས་ཀྱང་ཡབ་ཡུམ་སྲས་འཁོར་ལྷན་ཅིག་བཞུགས་པའི་དབུས་སྔར་གྱི་བུད་མེད་དེ་གར་བྱུང་ཆ་མེད་དུ་བྱུང་ནས། ལྟོས་མེད་སཱ་ལའི་ནགས་གསེབ་ཏུ། བྲམ་ཟེའི་ཁྱེའུ་གསལ་འོད་ཐོང༌། ཡི་གེ་བལྟ་ཞིང་མ་ཧེ་སྐྱོངས། མཁའ་འགྲོ་མ་ཡི་ལུང་བསྟན་འབྱུང༌། ཞེས་ཟེར་ཞིང་ནམ་མཁའ་ལ་ཡར་ནས་སོང་བས། མཁའ་འགྲོ་མར་ཤེས་ཏེ་ལུང་བསྟན་བཞིན་མ་ཧེའི་ཁྱུ་རྣམས་དེད་ནས་ནགས་ཚལ་ཕུན་སུམ་ཚོགས་པར་ཕེབས་པ་ལས། ཡང་མཁའ་འགྲོ་མ་དེ་བྱུང་ནས་ཡུལ་དང་ཡབ་ཡུམ་སོགས་བརྡ་ཡི་སྒོ་ནས་དྲིས་པར་དེ་བཞིན་དུ་གསལ་འོད་ཀྱིས་ལན་བཏབ། དེ་ནས་འོ་ན་ཁྱོད་གང་ཡིན་དྲིས་པས། ཡུལ་ནི་ནུབ་ཕྱོགས་ཨོ་རྒྱན་ཡིན། །གྲོང་ཁྱེར་དཔལ་གྱི་སར་གནས་ཏེ། །ཡབ་ནི་བདེ་མཆོག་འཁོར་ལོ་སྟེ། །ཡུམ་ནི་རྡོ་རྗེ་རྣལ་འབྱོར་མ། །ང་ནི་སྲིང་མོ་བདེ་སྟེར་མ། །མིང་པོ་པཉྩ་པ་ན་ཡིན། །བྱང་ཆུབ་ཤིང་གི་ནགས་ཚལ་དུ། །ཉམས་མྱོང་མ་ཧེ་སྐྱོང་འདོད་ན། །སྙན་བརྒྱུད་ཡི་གེ་མེད་པ་ནི། །དྲི་མེད་མཁའ་འགྲོའི་ཕྱག་ན་ཡོད། གསུངས་པ་ལ། དེ་ངས་མི་ལོན་བྱས་པས། ལུང་བསྟན་དམ་ཚིག་ལྡན་པ་ཡི། །དངོས་གྲུབ་ཁྱོད་ཀྱིས་བླང་ན་ལོན། ཞེས་གསུངས་པས། འོ་ན་ཇི་ལྟར་བྱ་ཞུས་པས། ཤེལ་གྱི་སྐས་དང་རིན་ཆེན་ཟམ། །བྱི་ཟུང་ལྡེ་མིག་གསུམ་ཁྱེར་ལ། །ཐེ་ཚོམ་མེད་པར་ཤད་ཀྱིས་སོང༌། །སྙན་བརྒྱུད་དྲི་མེད་ལོན་པར་འགྱུར། ཅེས་གསུངས་ནས་བུད་མེད་དེ་ཉིད་ན་ཆུང་ལང་ཚོ་ཕུན་སུམ་ཚོགས་པ། མཛེས་ཤིང་ཡིད་དུ་འོང་བ་གཅིག་ཏུ་སྤྲུལ་ཏེ། རྫས་དེ་གསུམ་བསྐུར་ནས་ཐེ་ཚོམ་མེད་པར་སོང་གསུངས་ཤིང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་མི་སྣང་བར་གྱུར་ཏོ། །དེ་ནས་པཉྩ་པ་ནས་ཀྱང་མ་ཧེའི་ཁྱུ་རྣམས་དེད་ནས། རྡོ་རྗེའི་གླུ་ལེན་ཞིང་གྲོང་ཁྱེར་དུ་བྱོན་ཏེ། །གོང་གི་ལོ་རྒྱུས་རྣམས་ཞིབ་ཏུ་བསྙད་ཅིང་ཨུ་རྒྱན་དུ་འགྲོ་བར་ཞུས་པས། ཡབ་ཡུམ་ལ་སོགས་ཀྱིས་ཀྱང་གནང་ནས་ཨུ་རྒྱན་དུ་བྱོན་ནོ། །དེར་ཡང་ཨོ་རྒྱན་གྱི་ཡུལ་དེ་གང་ཟག་ཕལ་གྱིས་བགྲོད་པའི་གནས་མ་ཡིན་ཞིང་དེའི་མི་ཕོ་མོ་ཐམས་ཅད་དཔའ་བོ་དང་དཔའ་མོའི་རིགས་སུ་ཡོད་པ། གྲོང་ཁྱེར་དཔག་ཏུ་མེད་པས་བསྐོར་བའི་དབུས་སུ། དྷརྨཱ་གྷ་ཛ་ཆོས་ཀྱི་དཀོར་མཛོད། ཧེ་རུ་ཀ་རང་བྱུང་གི་གནས་གནྡྷོ་ལ་ཡི་གཙུག་ལག་ཁང་ཆེན་པོ་དེ་ཉིད། རོ་གསར་པའི་ལྕོགས་དང༌། གདན་ལ་སོགས་ཀྱིས་བརྒྱན་ནས། མཛེས་ཤིང་ཡིད་དུ་འོང་བའི་ཕྱིར་རོལ་དུ། འོབ་དང་ལྕགས་རི་རིམ་པ་གསུམ་གྱིས་བསྐོར་ཞིང། དེ་དག་ཏུ་གཅན་གཟན་དང༌། སྦྲུལ་གདུག་པ་ཅན་དུ་མ་དང༌། ཀླུ་བདུད་སྲིན་མོའི་ཚོགས་མ་རུངས་པ་རྣམས་གནས་པའི་དབུས་སུ། ཕྱི་སྒོ་སྲུང་བ་ཟ་བྱེད་ལས་ཀྱི་མཁའ་འགྲོ་ལས་མཁན་གྱི་ཚུལ་དང༌། བར་སྒོ་སྲུང་བ་སྤྲུལ་སྐུ་འཇིག་རྟེན་གྱི་མཁའ་འགྲོ་མ་འབངས་ཀྱི་ཚུལ་དང༌། ནང་སྒོ་སྲུང་བའི་ལོངས་སྐུ་འཇིགས་བྱེད་ཀྱི་མཁའ་འགྲོ་རྣམས་བློན་མོའི་ཚུལ་དུ་གནས་ཏེ། དེ་དག་ཀྱང་འཁོར་དཔག་ཏུ་མེད་པས་བསྐོར་ཞིང་བཞུགས་པ། ཕོ་བྲང་དེའི་དབུས་སུ་ཆོས་འབྱུང་བསྣོལ་བའི་ལྟེ་བར། གདན་སུམ་བརྩེགས་ཀྱི་སྟེང་དུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་ཏུ་ཟུང་འཇུག་ལྷུན་གྲུབ་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོ་ཞིང་གཟི་བརྗིད་དང་ལྡན་པ། འཁོར་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པས་བསྐོར་ནས། ལྷའི་བུ་དང་བུ་མོ་ལ་སོགས་མཆོད་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་གར་དང༌། རོལ་མོའི་སྒྲ་ལ་སོགས་པ་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་རྣམས་ཀྱིས་མཆོད་དོ། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་གསེར་དངུལ་གྱི་བྱང་བུ་ལ་བཻཌཱུརྻ་ཞུན་མས་བྲིས་ནས་རིན་པོ་ཆེའི་སྒྲོམ་བུར་བཅུག་ཅིང༌། རྒྱ་རིམ་པ་གསུམ་གྱིས་བཏབ་ནས་གཅེས་པར་འཛིན་ཏེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ལ་ལོངས་སྤྱོད་ཅིང་བཞུགས་སོ། དེ་ནས་པཉྩ་པ་ནས་འོབ་རྣམས་ལ་རིན་པོ་ཆེའི་ཟམ་པ་བྲིས། ལྕགས་རི་ལ་ཤེལ་གྱི་སྐས་བཙུག་བྱི་བཟུང་གིས་སྒོ་ཕྱེས་ནས་སྒོ་སྲུང་རྣམས་ཀྱིས་མ་ཁེགས་ཤིང་ཆགས་ཐོགས་མེད་པར་དེར་ཞུགས་ཏེ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མཇལ་ནས་དེ་ཉིད་དུ་དེ་སྐད་ཅེས་ཞུས་སོ། །ང་རང་པཉྩ་པ་ན་ཡིན། སྲིང་མོ་བདེ་སྟེར་མ་ཡིས་བཏང༌། ལྟ་སྒོམ་སྤྱོད་པ་འབྲས་བུ་དང༌། དམ་ཚིག་རང་གྲོལ་གདམས་ངག་འདོད། ཅེས་ཞུས་པས། རྡོ་རྗེ་རྣལ་འབྱོར་མས་དཀོར་མཛོད་གསུམ་གྱི་བརྡ་བསྟན་པས། མཁའ་འགྲོའི་ལྡེ་མིག་གསུམ་གྱི་རྒྱ་བཀྲོལ་ནས། ནོར་བུ་རྣམ་གསུམ་གྱི་སྙན་བརྒྱུད། འཁོར་ལོ་བདེ་མཆོག་གི་རྒྱུད་ལེའུ་ལྔ་བཅུ་རྩ་གསུམ་པ་སོགས་ཟབ་ཅིང་རྒྱ་ཆེ་བ་རྣམས་བཏོན་ནས་ཉིད་ཀྱི་ཞལ་ནས། ང་ནི་མཁའ་ལ་བྱ་བཞིན་དུ། །ཐོགས་མེད་ཤེས་རབ་བཟང་པོ་འགྲོ། ཞེས་གསུངས་ཤིང་བར་སྣང་ལ་ཚུར་བྱོན་པས་འཁོར་གྱི་མཁའ་འགྲོ་རྣམས་ཀྱིས། དམ་པ་ཁྱོད་ནི་གང་དུ་གཤེགས། །བདག་ཅག་དོན་དུ་བཞུགས་སུ་གསོལ། །ཅེས་གསོལ་བ་བཏབ་པས། ཏཻ་ལོ་པས། ནཱ་རོ་རི་རི་ཀ་སོ་རི། བུ་རྣམས་དོན་དུ་རྣལ་འབྱོར་བདག །གཙུག་གི་ནོར་བུའི་དགོན་པར་འགྲོ །གསུངས་ནས་གཤེགས་པས། སྐད་ཅིག་དེ་ཉིད་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུས་མངོན་དུ་མི་སྣང་བར་བྱས་ནས་སྒྲའི་སྒོ་ནས་ཆོས་སྐོར་ཕུལ་བ་ནི། །སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིག །དམ་ཚིག་རང་གྲོལ་མེ་ལོང་ལྟོས། །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། རོ་སྙོམས་ཕྱི་ཡི་མེ་ལོང་ལྟོས། །དམ་རྫས་རྟོགས་པའི་ཉི་མ་འདེས། །རིག་པ་ཡེ་ཤེས་སྒྲོན་མེ་བལྟམ། །རྩ་རླུང་དྲྭ་མིག་འཁོར་ལོ་བསྐོར། །རང་གྲོལ་ཕྱག་རྒྱ་ཆེན་པོ་བསྒོམ། །བདེ་ཆེན་གསུང་གི་རིན་ཆེན་ཟུངས། ཞེས་ལུས་མེད་མཁའ་འགྲོའི་ཆོས་སྐོར་ཕུལ་བ་ལ། ཏཻ་ལོ་པའི་ཞལ་ནས། སྒྱུ་མ་ལུས་ཀྱི་གནྡྷོ་ལར། ལུས་མེད་མཁའ་འགྲོའི་གསུངས་བཅུག་སྟེ། བརྗོད་མེད་ངག་གི་ལྕགས་བཅུག་ནས། འོད་གསལ་སེམས་ཀྱི་བྱ་འཕུར་འགྲོ། ཞེས་གསུངས་ཤིང་ནམ་མཁའ་ལ་འཕུར་ནས་བྱོན་ནོ། །དེའང་བཀའ་བབས་བཞིའི་བླ་མ་བརྟེན་ཚུལ་ནི། དེའང་ཨོ་རྒྱན་གྱི་ཡུལ་དང་ཉེ་བ་དུ་ལ་ཀེ་དུ་བྱ་བའི་གཙང་པོའི་འགྲམ་ན་མྱ་ངན་མེད་པའི་གཙུག་ལག་ཁང་གི་ནང་དུ། རྣལ་འབྱོར་མ་སུ་མ་ཏི་སྐལ་པ་བཟང་མོ་ཞེས་བྱ་བ་བཞུགས་པའི་དྲུང་དུ་བྱོན་ནས་ཕྱག་དང་མནྜལ་ཕུལ༌། ཞབས་སྤྱི་བོར་བླངས་ཏེ་གདམས་པ་ཞུས་པས་དབང་གི་རིམ་པ་རྣམས་བསྐུར་ཞིང༌། འཕོ་བ་བར་དོ་ལ་སོགས་པའི་གདམས་ངག་རྫོགས་པར་གནང༌། དེ་ནས་སློབ་དཔོན་ལྭ་བ་པའི་དྲུང་དུ་བྱོན་ནས་འོད་གསལ་གྱི་གདམས་པ་མ་ལུས་པ་ཞུས། །དེ་ནས་སློབ་དཔོན་ཙཱརྻ་པའི་ཞབས་ལ་བཏུད་དེ་གཏུམ་མོ་རྩ་ཐིག་རླུང་གསུམ་གྱི་སྐོར་དང་བདེ་མཆོག་འཁོར་ལོ་སོགས་མ་རྒྱུད་ཀྱི་སྐོར་རྣམས་རྫོགས་པར་གསན། དེ་ནས་རྒྱ་གར་ལྷོ་ཕྱོགས་པཱ་ལ་བྷོ་ཏ་འཇིགས་བྱེད་བཞད་པའི་དུར་ཁྲོད་དེར་ཀླུ་སྒྲུབ་མཇལ་དུ་འབྱོན་པར་བཞེད་པ་ལས། ཀླུ་སྒྲུབ་ཀྱིས་མཁྱེན་ནས་རྗེས་སུ་བཟུང་བར་མ་ཏཾ་གི་བཞག་ནས་སློབ་དཔོན་དྲི་ཟའི་ཡུལ་དུ་བཞུད། དེར་ཤིང་ལོ་དམར་པོའི་སྤྱིལ་པོར་མ་ཏཾ་གི་བཞུགས་པ་དང་མཇལ། ཞལ་ནས་སྐྱེས་བུ་ཁྱོད་རྗེས་སུ་འཛིན་པར་ང་བཞག་པ་ཡིན་གསུངས། ཕྱག་མཆོད་ཕུལ་ནས་ཆོས་ཞུས་པར། རྨི་ལམ་སྒྱུ་མ་གསུམ་བརྒྱུད་དང༌། གསང་བ་འདུས་པ་སོགས་ཕ་རྒྱུད་ཀྱི་སྐོར་རྣམས་གནང་ནས་སྒྲུབ་པ་ཉམས་སུ་ལེན་དགོས་པའི་བརྡ་བསྟན་པས། ཏཻ་ལོ་པ་ཉིད་ནུབ་ཕྱོགས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ཞབས་ལྕགས་སུ་བཅུག་ནས་ལོ་བཅུ་གཉིས་སྒྲུབ་པ་མཛད་པས་དཀྱིལ་འཁོར་གྱི་ལྷ་ཚོགས་ཞལ་གཟིགས་ཤིང༌། ཐུན་མོང་གི་དངོས་གྲུབ་བརྙེས་པའི་ཚུལ་བསྟན། དེ་ནས་རྒྱས་སྲས་མ་ཏཾ་གིས་ཁྱོད་རིགས་བཟང་བའི་ང་རྒྱལ་བཅག་པའི་ཕྱིར་ཤར་ཕྱོགས་བྷ་ག་ལའི་རྒྱུད་རིང་པོ་ན་ཧ་རི་ཀཱི་ལ་བྱ་བའི་གྲོང་ཁྱེར་སྔོན་རཱ་ཛ་ཨུ་མ་ཀེ་ར་བྱ་བའི་སྤྲུལ་པའི་རྒྱལ་པོས་བྱིན་བརླབས་པའི་གནས་སྒྲུབ་ཐག་ཉེ་ལ་ལམ་མྱུར་བའི་སར་པཉྩ་པ་ཎ་ཞེས་བྱ་བའི་ཚོང་འདུས་ཞིག་ཡོད་པས། དེར་ཌཱ་རི་མ་སྨད་འཚོང་མའི་གཡོག་གང་བསྒོ་བ་གྱིས་ལ་རིང་པོར་མི་ཐོགས་པར་མཆོག་གི་དངོས་གྲུབ་འགྲུབ་ནས་འགྲོ་བ་མང་པོ་ཡང་གྲོལ་བར་འགྱུར་རོ། །ཞེས་ལུང་བསྟན་པས། ཏཻ་ལོ་པས་བླ་མའི་བཀའ་བཞིན་ཌཱ་རི་མའི་གཡོག་མཛད་དོ། །མཚན་མོ་སྐྱེས་པ་འགུགས་པ་དང་སྐྱེལ་བའི་གྲོགས་བྱེད། ཉིན་པར་ཏིལ་བརྡུང་ཤིང་སེམས་ཉིད་འདུ་འབྲལ་མེད་པར་བསྐྱངས་བས་ཅི་ཞིག་ལྟར་ན་ཏིལ་གྱི་ལས་དེ་ལ་བརྟེན་ཏེ། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་མངོན་དུ་གྱུར་ཅིང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ། དེ་ཉིད་དུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དངོས་སུ་མཇལ་ནས་རྒྱུད་སྡེ་བཞི་ལ་སོགས་པའི་གདམས་པ་ཐམས་ཅད་མ་ལུས་པར་གསན་པ་ཡིན་ཏེ། གྲུབ་ཆེན་རྡོ་རྗེ་གདན་པ་ཆེན་པོས་གྲུབ་ཐོབ་བརྒྱད་ཅུའི་བསྟོད་པ་ལས། ཏིལ་བརྡུང་མཆོག་གི་དངོས་གྲུབ་བརྙེས། བྷ་ག་ལ་རུ་སངས་རྒྱས་མཇལ། ཏཻ་ལོ་པ་ཞེས་བྱ་བ་ཡི། བླ་མ་དེ་ལ་ཕྱག་འཚལ་ལོ། །ཅེས་བསྟོད་པ་ལྟར་རོ། །དེར་ཏཻ་ལོ་པས་རྫུ་འཕྲུལ་གྱི་བཀོད་པ་དུ་མ་མཛད་ཅིང་བཞུགས་པས་གྲོང་ཁྱེར་གྱི་མི་རྣམས་ཀྱི་མཐོང་སྣང་ལ། ལ་ལས་མེ་དཔུང་ཆེན་པོ་འབར་བའི་དབུས་ན་བཞུགས་པ་ལ་མར་མེ་བཅུ་བཞིའི་བསྐོར་བ་མཐོང༌། ལ་ལས་འོད་ཀྱིས་ཕུང་པོའི་ནང་དུ་དགེ་སློང་གི་ཆ་ལུགས་མཛད་ནས་མཉམ་བཞག་ལ་བཞུགས་པ་མཐོང༌། ལ་ལས་རྣལ་འབྱོར་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་གཅིག་ལ་ལྷའི་བུ་དང་བུ་མོ་མང་པོས་ཕྱག་དང་བསྐོར་བ་བྱེད་ཅིང༌། མེ་ཏོག་གཏོར་བ་ལ་སོགས་མཐོང་སྣང་མི་འདྲ་བ་སྣ་ཚོགས་བྱུང་ནས། དེ་རྣམས་ཀྱིས་ཌཱ་རི་མོ་ལ་ཁྱོད་ཀྱི་གཡོག་པོ་དེ་རྫུ་འཕྲུལ་སྟོན་ནུས་པའི་གྲུབ་ཐོབ་གཅིག་ཏུ་འདུག་པས་ཁྱོད་ཀྱིས་སྡིིག་མང་པོ་བསགས་པ་མ་ལེགས་ཞེས་སྨྲས་པས། མོ་བལྟ་རུ་ཕྱིན་པ་ལ་མདུན་གྱི་ནམ་མཁར་འོད་ཕུང་གི་ནང་དུ་རྒྱལ་པོ་རོལ་པའི་ཆ་ལུགས་སུ་བཞུགས་ནས། ཕྱག་གཡོན་པས་གཏུན་ཤིང་ལྷུང་ཐབས་སུ་བསྣམས་ནས། གཡས་པས་ཏིལ་བརྡུང་བའི་ཚུལ་མཛད་པ་མཐོང་ཏེ། མོ་དད་ཅིང་གུས་པས་ཕྱག་དང་བསྐོར་བ་བྱས་ཏེ་ནང་དུ་སྤྱན་དྲངས་ནས་ཞབས་སྤྱི་བོར་བླངས་ཏེ། རིན་པོ་ཆེའི་མནྜལ་ཕུལ་ནས༌། རྗེ་བཙུན་ཁྱེད་གྲུབ་ཐོབ་ཆེན་པོར་འདུག་པ་ལ་ངས་དེ་ལྟར་མ་ཤེས་ནས་སྡིག་པ་མང་པོ་བསགས་པ་བཟོད་པར་གསོལ། ད་ཕྱིན་ཆད་རྗེས་སུ་བཟུང་ཞིང་སྐྱབས་སུ་གསོལ་ཞུས་པས། ཏཻ་ལོ་པས་ཁྱོད་ཀྱིས་ང་ལ་གང་ཟག་དམ་པ་ཆ་ཡོད་བཞིན་དུ་ལས་བཅོལ་བ་ནི་མ་ཡིན་པས་ཉེས་པ་མི་འོང། ངས་ཁྱོད་ཀྱི་ཏིལ་བརྡུང་པ་ལ་བརྟེན་ནས་ལམ་སྦྱངས་པ་ཡིན་པས་ད་ང་ཡི་རྒྱུད་ལ་སྐྱེས་པའི་ཆོས་ཉིད་སྐྱེ་བ་མེད་པའི་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཁྱོད་ཀྱི་རྒྱུད་ལ་སྐྱེ་བར་གྱུར་ཅིག་གསུངས་ནས་མེ་ཏོག་སྤྱི་བོར་བཞག་པ་ཙམ་གྱིས་མ་རིག་པའི་སྒྲིབ་གཡོགས་དང་བྲལ་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་ཅིང༌། ཌཱ་རི་མོ་དེ་ཉིད་དུ་གྲོལ་ཏོ། །དེའི་ཚེ་སྤྲུལ་པའི་རྣལ་འབྱོར་པ་ཆེན་པོ་གཅིག་བྱོན་ནས་ཌཱ་རི་མ་བྱིན་གྱིས་བརླབས་པ་ཙམ་གྱིས་གྲུབ་པ་ཐོབ་བོ། །ཞེས་གྲོང་ཁྱེར་ཐམས་ཅད་དུ་གླེང་བ་རྒྱལ་པོའི་སྙན་དུ་ཐོས་པས་ངོ་མཚར་སྐྱེས་ཏེ། རྒྱལ་བློན་བཙུན་མོ་འཁོར་འབུམ་ཕྲག་དུ་མ་རྣམས་ཡན་ལག་བཞི་པའི་དཔུང་དང་བཅས་ཏེ། ཏཻ་ལོ་པའི་མདུན་དུ་བྱོན་པ་ལ། དེ་དག་འདུལ་བའི་དུས་ལ་བབ་པར་དགོངས་ཞིང་སྤྲོ་བ་སྐྱེས་པའི་སླད་དུ། ཚོང་དུས་ཀྱི་དབུས་སུ་ཤིང་རྟ་ལ་བདུན་སྲིད་ཙམ་གྱིས་ནམ་མཁའ་ལ་འཕགས་ཏེ། ཌཱ་རི་མོ་དང་བཅས་པ་འཇའ་འོད་ཀྱི་ནང་དུ་ཏིལ་བརྡུང་བའི་ཚུལ་མཛད་ནས་ཚངས་པའི་དབྱངས་ཀྱིས་ལྟ་བ་རྡོ་རྗེའི་མགུར་བཞེངས་པ། གང་ཞིག་སྙིང་པོར་གྱུར་པ་ཏིལ་གྱི་མར། ཞེས་སོགས་དོ་ཧ་རྡོ་རྗེའི་གསུངས་ཚངས་པའི་དབྱངས་ཀྱིས་བཀའ་སྩལ་པ་ཀུན་གྱིས་ཐོས་ཏེ་དེར་འདུས་པ་ཐམས་ཅད་ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་ནས་ཡུལ་ཁམས་དེ་རེ་ཞིག་སྟོང་པར་གྱུར་ཏོ། །དེ་ནས་ཨོན་ཏན་ཏའི་གཙུག་ལག་ཁང་གཙུག་གི་ནོར་བུའི་དགོན་པར་བྱོན་པ་ལ། ཏཻ་ལོ་པ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་མངོན་སུམ་དུ་བྱོན་ནས་རྣལ་འབྱོར་མའི་དྲུང་ནས་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་པ་རྣམས་གདན་དྲངས། རྫུ་འཕྲུལ་སྣ་ཚོགས་པའི་སྒོ་ནས་ཤར་ཕྱོགས་བྷཾ་ག་ལ་ཡི་འགྲོ་བ་མ་ལུས་པ་གྲོལ་བར་མཛད་དོ་ཞེས་སྙན་གྲགས་ཕྱོགས་ཐམས་ཅད་དུ་ཁྱབ་པས། པཎྜི་ཏ་རྣམས་དང་ཀུ་སུ་ལུ་པ་སྐྱེ་བོ་ཕལ་མོ་ཆེ་ཐམས་ཅད་ཐེ་ཚོམ་གཅོད་པ་དང་ཞལ་བལྟ་བར་འདུས། ཁྱེད་ཀྱི་བླ་མ་སུ་ཡིན་དྲིས་པ་ལ། ང་ལ་མི་ཡི་བླ་མ་མེད། ང་ཡི་བླ་མ་ཐམས་ཅད་མཁྱེན། ཞེས་གསུངས་པས། འགའ་ཞིག་ཐེ་ཚོམ་སྐྱེས་ཏེ། ཡང་ང་ལ་མི་ཡི་བླ་མ་ཡོད་གསུངས། ཇི་ལྟར་ལགས་ཞུས་པས། ཀླུ་སྒྲུབ་ཙཱརྻལྭ་བ་པ། སྐལ་པ་བཟང་མོ་ང་ཡི་ནི། བཀའ་བབས་བཞི་ཡི་བླ་མ་ཡིན། ཞེས་གསུངས་ཤིང་ཐམས་ཅད་བདེ་བ་ལ་བཀོད་དོ། །རྒྱལ་པོ་མེ་ཏོག་གླིང་པར་གྲགས་པས་ཚོགས་ཀྱི་སློབ་དཔོན་དུ་སྤྱན་དྲངས་པར་མཐོང་སྣང་སྣ་ཚོགས་སུ་བྱུང་བ་འདི་ཅི་ལགས་ཞུས་པར། ཏཻ་ལོ་པའི་ཞལ་ནས། ང་ལུས་ཀྱཻ་ཡི་རྡོ་རྗེ་སྟེ། ངག་ནི་མ་ཧཱ་མཱ་ཡཱ་ཡིན། སེམས་ནི་འཁོར་ལོ་བདེ་མཆོག་སྟེ། དབང་པོ་གསང་བ་འདུས་པ་ཡིན། ཡན་ལག་དགྲ་རྒྱུད་ནག་པོ་ལ། ཉིང་ལག་རྡོ་རྗེ་འཇིགས་བྱེད་ཡིན། །བ་སྤུ་དུས་གསུམ་སངས་རྒྱས་ཏེ། །བདེ་གཤེགས་སྐུ་གསུང་ཐུགས་དང་ནི། །ང་ལུས་དབྱེར་མེད་བརྗོད་དུ་མེད། །ཅེས་གསུངས་ནས་རྒྱལ་པོ་འཁོར་བཅས་བདེ་བ་ལ་བཀོད་དོ། །འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པར་འདུག་ཅེས་གྲགས་སོ། དེ་ལྟ་བུའི་བདག་ཉིད་ཆེན་པོ་དེས། གདུལ་བྱ་རྣམས་བཏུལ་ཞིང་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་ཚུལ་གསུམ་ལས་རྣལ་འབྱོར་པ་བརྒྱད་བརྟུལ་བའི་ཚུལ་དང༌། ཉིན་གཅིག་ལ་སྤྲུལ་པ་དུ་མ་བསྟན་ཚུལ་དང༌། རྒྱ་གར་ཕྱོགས་བཞིའི་དུར་ཁྲོད་ཡུལ་ཁམས་བདེ་བ་ལ་བཀོད་པའི་ཚུལ་ཏེ་དེ་དག་ནི་ཟབ་ཅིང་རྒྱ་ཆེ་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་མཆིས་མོད་འདིར་ཡི་གེས་འཇིགས་ནས་བསྡུས་དོན་ཙམ་སྟེ་ཞིབ་ཏུ་ནི་གོང་མའི་གསུང་སྒྲོས་ལས་རྟོགས་པར་བྱ་བར་རིགས་སོ། །དེ་ལྟར་སངས་རྒྱས་གཉིས་པའི་ཚུལ་འཆང་གྲུབ་པའི་སློབ་དཔོན་དེ་ནི་བདེ་མཆོག་རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་རྒྱུད་ལེའུ་དྲུག་ཅུ་རྩ་བཞི་པའི་ལེའུ་བཅུ་གསུམ་པའི་ནང་ནས། བདེན་གཉིས་མཐའ་དང་བྲལ་བ་ཏཻ་ལོ་པ། །རིག་པའི་གནས་ལྔ་དག་ལ་མཁས་པ་ནི། །དེ་བཞིན་གཤེགས་པའི་སྤྲུལ་སྐུ་ཁྱོད་ལུང་བསྟན། །ཁྱོད་ཀྱི་བླ་མ་ཐམས་ཅད་མཁྱེན་པ་ཡིན། །ཞེས་ལུང་བསྟན་པ་ལྟར་འཁོར་ལོ་བདེ་མཆོག་མི་ཡི་བླ་མའི་ཚུལ་བཟུང་ནས། རིག་པའི་གནས་ལྔ་དག་ལ་མཁས་པའི་གྲུབ་ཐོབ་གཅིག་གིས་འདུལ་བའི་དུས་ལ་བབ་པའི་གདུལ་བྱ་རྣམས་ཀྱི་སྣང་ངོར་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་སྨིན་གྲོལ་གྱི་ལམ་ལ་བཀོད་དོ། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་བརྙེས་ནས་ད་ལྟ་ཡང་བཞུགས་ཤིང༌། འགྲོ་བའི་དོན་དཔག་ཏུ་མེད་པ་རྒྱུན་ཆད་མེད་པར་གང་ལ་གང་འདུལ་གྱི་ཚུལ་དུ་མཛད་པ་ཡིན་ཏེ། མདོར་ན་གདུལ་བྱའི་བློ་ངོར་སྣང་ཚུལ་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་པ་གཅིག་བསྟན་པས། འདི་ཡི་རྣམ་ཐར་ཕྱོགས་གཅིག་འདི་ལྟར་ཡིན་གྱི། ངེས་ངེས་མེད་ཀྱང་འདིར་བླ་མ་གོང་མ་རྣམས་ཀྱི་གསུང་སྒྲོས་ཆ་ཤས་ཙམ་གཅིག་བརྗོད་པའོ། །འདི་ལ་སློབ་མ་དཔག་ཏུ་མེད་པ་ཡོད་པའི་ནང་ནས། རྒྱུད་འཛིན་དམ་པ་ནི། རྒྱལ་རིགས་ལ་ནཱ་རོ་པ། བྲམ་ཟེའི་རིགས་ལ་རི་རི་པ། རྗེའུ་རིགས་ལ་ཀ་སོ་རི་པའོ། །གཞན་ཡང་སྤྲུལ་པས་བཏུལ་བའི་གྲུབ་ཐོབ་བརྒྱད་དང༌། དཔལ་མཻ་ཏྲི་ཛོ་ཀི་ལ་སོགས་པ་ཡང་འདིའི་བརྒྱུད་འཛིན་གྱིས་སློབ་མར་གསུངས་ཤིང༌། མདོར་ན་ཟ་ཧོར་གྱི་རྒྱལ་པོ་ལ་སོགས་འབུམ་ཕྲག་གྲངས་མེད་པ་གྲུབ་པ་བརྙེས་ནས་མཁའ་སྤྱོད་དུ་བཞུད་དོ། །


previous༈ གཉིས་པ་གྲུབ་ཆེན་ཏཻ་ལོ་པའི་རྣམ་ཐར་ནི། next