Nitartha Digital Library
Tibetan
དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་རྣམ་ཐར་ཆོས་འབྱུང་མདོར་བསྡུས།


   
   
   
   
༈ བཞི་པ་སྐྱེས་མཆོག་མར་པ་ལོ་ཙཱའི་རྣམ་ཐར་ནི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༈ བཞི་པ་སྐྱེས་མཆོག་མར་པ་ལོ་ཙཱའི་རྣམ་ཐར་ནི། next

༈ བཞི་པ་སྐྱེས་མཆོག་མར་པ་ལོ་ཙཱའི་རྣམ་ཐར་ནི།

དེའང་དང་པོ་སྐུ་འཁྲུངས་ཡུལ་ལྷོ་ཕུ་ཆུ་ཁྱེར་བྱ་བར་ཡབ་མར་པ་དབང་ཕྱུག་འོད་ཟེར་དང༌། ཡུམ་རྒྱལ་མོ་འོད་དེ་བྱ་བའི་སྲས་སུ་ཆུ་ཕོ་བྱི་བའི་ལོ་ལ་སྐུ་བལྟམ། སྐུ་མཛེས་པ་དང་ཐུགས་རབ་ཆེ་བར་བྱུང༌། དེ་ནས་སློབ་དཔོན་རྙིང་མ་བ་ལས་སློབ་གཉེར་མཛད་འབྲི་ཀློག་ཀྱང་མཁས་པར་གྱུར། འོན་ཀྱང་ཐུགས་རྒྱུད་ཧུར་ཞིང་སྤྱོད་ལམ་འཆོལ་པས་ཁྱིམ་གྱི་ནོར་རྫས་ཤོར་གོད་ཆེ་བར་བྱུང༌། ཉིན་གཅིག་ཆང་གྲལ་དུ་སྐྱོ་བ་སྐྱེས་ནས་ངས་འཇིག་རྟེན་གྱི་བྱ་བ་འདི་ལ་དགོས་པ་ཅི་ཡང་མི་འདུག་པས་དེ་བས་རྒྱ་གར་དུ་འགྲོ་ནས་ལོ་ཙཱ་བསླབ་སྟེ་ཆོས་གཅིག་བྱ་དགོས་བསམ་པའི་གྲོས་ཉེ་དུ་རྣམས་ལ་བྱས་པས་ཀུན་གྱི་བློར་འཐད་པ་བྱུང་ནས་དེ་དག་གིས་གསེར་དང་རྟ་གཉིས་གྲོ་ཆས་སོགས་ཀྱིས་རྫོངས་པ་བྱས། མར་པས་དེ་རྣམས་རྟ་ལ་བཀལ་ནས་མྱང་སྟོད་རྩིས་ཀྱི་ལྷ་ཁང་དུ་གཉོས་ལོ་ཙཱ་དང་འཕྲད། དེ་ནས་མྱུ་གུ་ལུང་དུ་འབྲོག་མི་ཤཱཀྱ་ཡེ་ཤེས་མཇལ། དེར་ལོ་ཙཱ་ཡང་བསླབ་ཆོས་ཀྱང་ཞུ་སྙམ་པར་ཆོས་སྒོ་དྲག་པས་འདུག་སྙིང་མ་འདོད། འདི་བས་རྒྱ་གར་དུ་འགྲོ་དགོངས་བྱོན་པས་བལ་དུ་ཡུལ་སླེབས། ནགས་འདབས་ཤིག་ཏུ་པཎ་ཆེན་ནཱ་རོའི་སློབ་མ་སྤྱིི་ཐེར་བ་དང༌། པཻ་དྷ་པ་གཉིས་བཞུགས་ཟེར་བར་དད་ནས་མཇལ་དུ་བྱོན། དེར་ཕྱག་རྟེན་ཕུལ་ནས་ཆོས་ཞུས། དགྱེས་རྡོར་གྱི་རྒྱུད་གདམས་ངག་མང་དུ་གསན། དབང་བསྐུར་ཀྱང་ཐོབ། ད་བོད་དུ་ལོག་ནས་གསེར་བཙལ་ཏེ་སླར་རྒྱ་གར་དུ་འགྲོ་བསམ་ནས་ཚུར་བོད་དུ་ལོག །དེར་ཉ་མ་དང་མི་སྐྱ་སོགས་ཆོས་ཞུ་མང་དུ་བྱུང་བས་འབུལ་བ་ཆེ་བར་བྱུང༌། རྟ་ནག་པོ་སེང་གེ་སྲབ་མེད་དང༌། སེང་ལྡེང་སྒ་བཀྲ་དང༌། ཟབ་ཆེན་ཡུག་གཅིག་གཙོས་ཡོ་བྱད་ཐམས་ཅད་གསེར་དུ་བསྒྲིལ་བས་གསེར་སྲང་བཅོ་བརྒྱད་ཙམ་འགྲུབ་པ་བསྣམས་ནས་ཀློག་སྐྱར་ཕེབས། དེར་གསེར་སྲང་ལྔ་བཅུ་ཡོད་པ་ཁྱེར་ནས་བལ་ཡུལ་དུ་བྱོན། རང་བྱུང་གི་མཆོད་རྟེན་དྲུང་དུ་ལོ་གསུམ་དུ་ཚད་པ་གོམས་པ་དང་ལོ་ཙཱ་བསླབ་སྤྱི་ཐེར་བ་ལས་གདན་བཞིའི་སྐོར་དང་ལྷ་མོ་དུད་སོལ་མ་སོགས་གསན། དེ་ནས་རྒྱ་གར་དུ་བྱོན་ནས་པཎྜི་ཏ་ཡེ་ཤེས་སྙིང་པོ་དང་ཀུ་སུ་ལུ་པ་སོགས་བརྟེན་ཅིང་ཀྲི་ཡ་ཕ་རྒྱུད་མ་རྒྱུད་སྐོར་གསན་ནས་ལོ་ལྔ་སོང་བ་དང༌། ཡང་རྒྱགས་ཆད་ནས་བལ་པོར་ཕྱིན་པས། ལྷོ་བྲག་ནས་ཉེ་གཞིས་དང༌། གཙང་གི་སློབ་མ་རྣམས་ཀྱིས་གསེར་མང་པོ་བསྡུས་ནས་བསྐུར་ཏེ་བསྐྱལ་བ་དང་འཕྲད། བལ་པོར་བླ་མ་རྣམས་ལ་ཞོ་ཤས་ཀྱི་མཎྜལ་ཕུལ། དེ་ནས་རྒྱ་གར་དུ་བྱོན་ནས་གོང་གི་བླ་མ་རྣམས་ལ་གསེར་གྱི་མཎྜལ་ཕུལ། པཻ་དྷ་བ་སྐུ་མཆེད་ཀྱིས་ནཱ་ལེནྜའི་དགེ་ཚུལ་ཤེས་རབ་སེང་གེ་ལ་བླ་མ་ཆེན་པོ་དང་མཇལ་བའི་ཞུ་སྣ་མཛད་ཐུགས་ལ་འདོགས་པར་ཞུ་ཞེས་ཡི་གེ་དང་ཚོགས་པ་ལ་སྦྲག་ནས་བཏང་བས་ནཱ་ལེནྜའི་བྱང་སྒོར་དགེ་ཚུལ་ཤེས་རབ་སེང་གེ་དང་མཇལ། ལོ་རྒྱུས་ཞུ་བ་ཕུལ་བས་བླ་མ་ཆེན་པོ་རྒྱ་གར་ནུབ་ཕྱོགས་སུ་ཆོས་གསུང་ལ་གཤེགས། ཅུང་སྔ་བས་ངལ་གསོས་གསུངས། ཉིན་གཅིག་བླ་མ་ནཱ་རོ་ཆེན་པོ་བྱོན་ཞིང་ཡོད་ཟེར། དེ་ཉིད་དུ་ཤེས་རབ་སེང་གེས་མར་པ་ཁྲིད་ནས། པཱུ་ལ་ཧ་རིའི་དགོན་པ་དེར་བླ་མ་ནཱ་རོ་ཆེན་པོ་དེ་ཉིད་ཤིང་སྡོང་པོ་ལ་སྐུ་རྒྱབ་བཏད་ནས་འབྲས་ཆེན་ཞིག་གསོལ་ཞིང་འཁོར་མང་པོ་ལ་ཆོས་གསུངས་པ་དང་མཇལ། མར་པས་གསེར་གྱི་མནྜལ་ཕུལ་ཞིང་ཕྱག་དང་བསྐོར་བ་བྱས་ཞབས་སྤྱི་བོར་བླངས། ཉེ་གནས་ཤེས་རབ་སེང་གེས་ལོ་རྒྱུས་ཞུ་བ་ཕུལ། ཁྱོད་མིང་ཅི་ཡིན་གསུང༌། ཆོས་ཀྱི་བློ་གྲོས་བྱ་བ་ལགས་ཞུས་པས་ཐུགས་དགྱེས། དབང་བསྐུར་ཨི་ཐོབ་གསུངས། བལ་པོར་བླ་མའི་སློབ་མ་རྣམས་ལས་དགྱེས་རྡོར་གདན་བཞི་སོགས་ཀྱི་དབང་ཐོབ་ཞུས་པས་དེས་ཆོག་གསུངས། བདེ་དགྱེས་རྣལ་འབྱོར་མ་སོགས་རྒྱུད་སྒྲུབ་ཐབས་རྣམས་གནང༌། ཐབས་ལམ་གཏུམ་མོ་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོ་རྣམས་ཐོབ། དེ་ནས་བླ་མས་ལུང་བསྟན་པ་བཞིན་དུག་མཚོ་ཁོལ་མའི་ཆུ་ལས་བརྒལ་ལུས་དུག་སྦྲུལ་ཤུན་པ་ལྟར་བརྗེས་ནས་ནུབ་དུ་ལ་ཥེ་ཏྲའི་དགོན་པར་ཡེ་ཤེས་སྙིང་པོའི་ཞབས་ལ་བཏུད་དེ་བསྙེན། དེའང་ནུབ་དུ་ལ་ཥེ་ཏྲའི་གྲོང་ཁྱེར་དུ། དཔལ་ཡེ་ཤེས་སྙིང་པོའི་ཞབས་ལ་གཏུག །ཕ་རྒྱུད་གསང་བ་འདུས་པ་ཉན། སྒྱུ་ལུས་འོད་གསལ་གྱི་གདམས་པ་ཐོབ། ལམ་རིམ་པ་ལྔའི་དོན་ལ་བསླབ། ཅེས་གསུངས་པ་ལྟར་རོ། །དེར་ཁ་སརྤ་ཎི་རང་བྱུང་གི་མཆོད་རྟེན་དུ་ཕྱིན་པས་གཉོས་ལོ་དང་འཕྲད། ཅི་ཤེས་ཟེར་བར་དགྱེས་རྡོར་ཤེས་བྱས་ནས་བགྲོ་གླེང་བྱས་པས་མར་པ་རྒྱལ། གཉོས་ན་རེ། གནས་པ་རྩ་ལ་གཡོ་བ་རླུང། བཀོད་པ་བྱང་ཆུབ་སེམས་དང་གསུམ་བྱ་བའི་གདམས་ངག་སྒྱུ་མ་ཆེན་པོ་བྱ་བ་དགོས་པ་ཡིན། དགྱེས་རྡོར་ག་ན་ཡང་ཡོད་ཟེར། མར་པ་ནཱ་རོ་པའི་དྲུང་དུ་བྱོན་ནས་མ་ཧཱ་མཱ་ཡའི་གདམས་ངག་གནང་བར་ཞུ་ཞུས་པས། །མ་ཧཱ་མཱ་ཡ་ང་མཁས་ཏེ་བདག་པོ་ཀུ་ཀུ་རི་པ་ཡིན་པས་དེར་གཏོང་གསུངས། སོ་ས་གླིང་ནས་རྣལ་འབྱོར་པ་གསུམ་འཇིགས་པ་སྒྲོལ་བའི་གྲོགས་སུ་བཀུགས་ནས་ལྷོ་དུག་མཚོ་ཁོལ་མ་ཆུང་སར་བོལ་ནུབ་ཆེ་སར་པུས་ནུབ་ཙམ་གྱི་ཟླ་བ་ཕྱེད་སོང་ནས་ཆུ་ཡི་ཕར་ཁར་ཕྱིན་པ་དེར། སྤྲེའུ་འདྲ་བའི་ལུས་སྤུས་འཐུམ་པའི་གསེབ་ནས་མིག་དམར་ཀེཾ་ཀེཾ་བྱེད་པ་ཅིག་འདུག་པར་བླ་མ་ཀུ་ཀུ་རི་པ་མཐོང་ངམ་བྱས་པས། ང་སྔོན་ནས་འདིར་བསྡད་པ་དེ་འདྲ་མ་མཐོང་ཟེར། བླ་མས་ཆ་ལུགས་མ་ངེས་པ་གསུངས་པ་དྲན་ནས་དེ་ཉིད་དུ་ཕྱག་འཚལ་མཎྜལ་ཕུལ་གདམས་པ་གནང་བར་གསོལ་བ་བཏབ་པས། ཁྱོད་འདིར་སུས་བཏང་གསུངས། བླ་མ་ནཱ་རོ་པ་ལགས་བྱས། ནཱ་རོ་པ་ཟེར་ནས་གཤེ་ཡིན་གདའ། དེ་ལ་རྟོག་པ་ཞིག་སྐྱེས་པ་ལ། ཐེ་ཚོམ་སྐྱེ་མི་དགོས་གསུངས། ཁྱོད་བསུ་བར་རྣལ་འབྱོར་པ་གཉིས་བཏང་ཡོད་འཕྲད་དམ་གསུངས། བྱ་གཉིས་མིན་པ་མ་འཕྲད་ཞུས། འོ་དེ་ཀ་ཡིན་གསུངས། ད་ཕར་འདོང་གདམས་ངག་བྱ་ཡིས་གསུངས་ནས་ནགས་གསེབ་ཏུ་བཞུགས་སར་ཕྱིན་ནས་དབང་བསྐུར་ཞིང་ཟླ་བ་ཕྱེད་བཞུགས། ཀུག་ཆེན་ཀུག་ཆུང་ལ་སོགས་རྫོགས་རིམ་ཉི་ཤུ་རྩ་བཞི་ཡན་ལག་དང་བཅས་པ་གནང༌། དེ་ཡང་དམན་པ་དབྱིབས་ཀྱི་རྣལ་འབྱོར་ལ་བརྟེན་ནས་ཕྱག་རྒྱ་གསུམ་ལམ་དུ་བྱེད། ཟབ་པ་སྔགས་ཀྱི་རྣལ་འབྱོར་ལ་བརྟེན་ནས་རིག་པ་གསུམ་ལམ་དུ་ཁྱེར། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་ལ་བརྟེན་ནས་གནད་ཀྱི་ཆིང་ལྔ་རྫོགས་རིམ་དང་བཅས་པ་འདི་ལྟ་བུར་ཡིན་ནོ་གསུངས་ཤིང་རྫོགས་པར་གནང༌། ཕྱག་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་ནས། ད་སོང་དང་ལམ་དུ་བར་ཆད་མི་འབྱུང་ཞིང་མྱུར་དུ་ཕྱིན་པར་འགྱུར་རོ་གསུངས། དེ་ནས་གཏང་རག་གི་ཚོགས་གྲལ་དུ་རྟོགས་པ་ཕུལ་བའི་མགུར་ནི། དུས་གསུམ་སངས་རྒྱས་རྣམས་ཀྱི་སྲས། ཞེས་སོགས་ཕུལ་ཞིང་དེ་ནས་བྱོན་པས་བླ་མའི་ཐུགས་རྗེས་ཞག་བདུན་ནས་པཱུ་ལ་ཧ་རིར་སླེབས་ཏེ་ལོ་རྒྱུས་རྣམས་བླ་མར་ཞུ་སྙམས་པར་ཚུར་ལ་ཞིབ་མོར་གསུངས། ད་ཡང་ངས་ཚར་གཅིག་བྱ་གསུངས་ནས་གནང་བས་ནམ་ལངས་པའི་སྟེང་ཉི་མ་ཤར་བ་བཞིན་སོང་བས་དད་པ་ལྷག་པར་སྐྱེས་སོ། །ཡང་རེ་ཞིག་གནས་གཞི་ཞིག་ཏུ་གཉོས་ལོ་དང་འཕྲད་མ་ཧཱ་མཱ་ཡའི་སྐོར་ལ་བསྒྲོ་གླེང་བྱས་པས་མར་པ་རྒྱལ་བས། བླ་མ་སུ་ལས་ཉན་ཟེར་བའི་ལན་དུ། དམན་པ་དབྱིབས་ལ་ཟབ་པ་སྔགས། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་རྣམས། ལེགས་པར་སྟོན་པའི་སློབ་དཔོན་ནི། བླ་མ་ཐར་པའི་ལམ་སྟོན་ཡིན། ཞེས་མཚན་གསང་ཞིང་སྨྲས་པས་ཁོ་ན་རེ། དེ་ལས་ཉི་ཟླ་ལྟར་གྲགས་པའི་གསང་བ་འདུས་པའི་ཆོས་རྣམས་གལ་ཆེ་ཟེར། གཉོས་ཀྱིས་བླ་མ་དེ་འདྲ་གང་དུ་བཙལ་ཀྱང་མ་རྙེད་པར་གྲགས། དེ་ནས་བདག་ལ་གསང་བ་འདུས་པ་གནང་བར་ཞུ་ཞུས་པས་དུས་ཤིག་ན་སྟོན་གསུངས། དེ་ནས་པཱུ་ལ་ཧ་རིའི་དགོན་དུ་ཉིན་གཅིག་གི་ཚེ། ཁ་ཆེའི་པཎྜི་ཏ་ཨ་ཀར་སིདྡྷི་བྱ་བ་དེ་བྱུང་ནས། བདག་རྒྱ་ནག་རི་བོ་རྩེ་ལྔར་བསྒོམ་དུ་འགྲོ་བས། གསང་བ་འདུས་པ་གནང་བར་ཞུ་ཞུས་པས། ནཱ་རོ་པའི་ཞལ་ནས་ལོ་ཙཱ་བ་ཁྱོད་ཀྱི་དུས་ལ་བབ་བོ་གསུངས། དེ་ནས་དབང་བསྐུར་ཞིང་གདམས་ངག་རྣམས་རྫོགས་པར་གནང༌། དེ་ནས་མངའ་བདག་མཻ་ཏྲི་པ་མཇལ་དུ་འགྲོ་བ་ལ་ཞུས་པས་གནང་ཞིང་སོང་བས། ཆུ་བོ་གང་གཱའི་འགྲམ་རི་བོ་མེ་ལྟར་འབར་བའི་གནས་སུ་བཞུགས་པ་ལ། ཕྱག་དང་གསེར་གྱི་མཎྜལ་ཕུལ་ནས་ཞུས་པས། རྒྱུད་བསྟོད་པ་གླུར་བླངས་དང༌། ཕྱག་རྒྱ་ཆེན་པོ་ལ་སོགས་པ་གདམས་པ་དཔག་ཏུ་མེད་པ་གནང་སྟེ། ཇི་སྐད་དུ། ཤར་ཆུ་བོ་གང་གཱའི་འགྲམ་དུ་ཕྱིན། །རྗེ་མཻ་ཏྲི་ཆེན་པོའི་བཀའ་དྲིན་གྱིས། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྤར་ཟིན་བྱས། །དོན་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང༌། །སྐུ་གསུམ་མ་དང་མངོན་དུ་མཇལ། །མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད། །ཅེས་གསུངས་སོ། །དེ་ནས་གཏང་རག་གི་མཆོད་པའི་སྐབས་སུ་རྟོགས་པ་ཕུལ་བའི་མགུར་ནི། །ལས་ཀྱི་ས་ཡི་འཛམ་གླིང་འདིར། །བྲམ་ཟེའི་རིགས་ལས་སྐྱེ་བ་བཞེས། །ཕྱི་ནང་གྲུབ་མཐའ་ཐམས་ཅད་མཁྱེན། །པཎྜི་ཏ་ལ་ཕྱག་འཚལ་ལོ། །ཞེས་སོགས་མཛད་དོ། །ཡང་ནཱ་རོ་པའི་ཞལ་ནས། ལྷོ་དུག་མཚོ་ཁོལ་མའི་ཕར་ཀ་རྩྭའི་སྤྱིལ་པོའི་ནང་དུ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རུས་པའི་རྒྱན་ཅན་བཞུགས་པ་ལས། གདན་བཞིའི་སྐོར་རྣམས་ཞུས་གསུངས། དེར་སོང་བས་བྱིན་རླབས་ཀྱིས་ཆུའི་གནོད་པས་མ་ཚུགས་ཤིང༌། མཁའ་འགྲོ་མའི་དྲུང་དུ་ཕྱིན་ཏེ། ཕྱག་དང་གསེར་གྱི་མཎྜལ་ཕུལ་ནས་གདམས་པ་ཞུས་པས་དབང་བསྐུར་ཞིང༌། གདན་བཞི་ལ་སོགས་གདམས་པ་རྣམས་རྫོགས་པར་གནང༌། གསང་མཚན་བདེ་བའི་རྡོ་རྗེར་བཏགས། གཞན་ཡང་བླ་མ་མང་པོ་ལས་ཆོས་དཔག་ཏུ་མེད་པ་ཞུས་ཤིང་སྒྲོ་འདོགས་རྣམས་ལེགས་པར་བཅད་དོ། །དེ་ནས་མར་པ་ལོ་ཙཱས་ད་ནི་ལན་གཅིག་བོད་དུ་འགྲོ་ནས་གསེར་ཞིག་བསྒྲུབ་སྟེ། མཚན་ལྡན་གྱི་བླ་མ་འདི་ལྟ་བུ་མཇལ་བ་ད་ལན་ཙམ་ཡིན་པས། འདི་རྣམས་ཀྱི་མདུན་དུ་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་མེ་ཏོག་གི་མཆོད་པ་རེ་ཡང་འབུལ། རྡོ་རྗེ་གདན་ལ་སོགས་པའི་གནས་ཁྱད་པར་ཅན་འདི་རྣམས་ལ་མཆོད་པ་རེ་འབུལ་སྙམས་ནས། ང་རེས་གཅིག་བོད་དུ་འགྲོ་བ་ལགས་ཞུས་པས། ནཱ་རོ་པའི་ཞལ་ནས་ཁྱོད་བོད་དུ་འགྲོ་ན་གསང་སྔགས་ཀྱི་ཆོས་དང༌། ཡོན་ཏན་ཐམས་ཅད་བླ་མའི་བཀའ་བཞིན་སྒྲུབ་པ་ལས་བྱུང་བ་ཡིན་པས་འདི་བཞིན་ཡིད་ལ་ཟུངས་ཤིག་གསུངས་ནས། ཆོས་བརྒྱད་ཚེ་འདིའི་རྟ་མ་རྒྱུག །ཅེས་སོགས་གསུངས། དེ་ནས་གསེར་ལྷག་མ་གང་ཡོད་ཡོ་བྱད་བསྒྲུབ་ནས་ཉི་ཤུ་དགུའི་ནུབ་མོར་རྗེ་ནཱ་རོ་པ་ལ་གཏང་རག་གི་ཚོགས་འཁོར་བསྐོར་བའི་ཚོགས་གྲལ་དུ་རྟོགས་པ་ཕུལ་བའི་མགུར་ཏམྦུ་རའི་ཁོང་འགྱུར་གྱི་རྟ་ལ་དྲངས་ཏེ་ཕུལ་བ་ལ། རྗེ་མཚན་ལྡན་གྱི་བླ་མ་རིན་པོ་ཆེ་སོགས་ཀྱིས་གསོལ་བ་བཏབ་ཅིང་སྤྱན་ཆབ་ཕྱུང་བར། བླ་མའི་ཞལ་ནས་རྒྱ་གར་ཕྱོགས་བཞི་ན་གདུལ་བྱ་བྱིན་བརླབ་པའི་སློབ་དཔོན་བཞི་ཡོད་དེ། ཤར་ཕྱོགས་བྷཾ་ག་ལར་ནག་པོ་ཞབས། ལྷོ་ཕྱོགས་སེང་ག་གླིང་དུ་ནཱ་གརྫུ་ན། ནུབ་ཕྱོགས་ཨོ་རྒྱན་དུ་ཨིནྜ་བྷུ་ཏི། བྱང་ཕྱོགས་པརྤ་ཏ་རུ་ངས་བྱིན་གྱིས་བརླབས་པ་ཡིན་ནོ། །ཁོ་བོ་ལ་ཏཻ་ལོ་པས་ཁྱོད་ལུང་བསྟན་པའི་བུ་ཡིན་པས་བོད་ཡུལ་དུ་སོང་ལ་འགྲོ་དོན་གྱིས་ཤིག་དང་བླ་མ་རྣམས་ཀྱང་མཉེས་ཤིང་ང་དང་ཡང་འདུ་འབྲལ་མེད་པ་ཡིན་གསུངས་ནམ་ཐོ་རས་ཁར་ཕྱག་སྤྱི་བོར་བཞག་ནས། ནམ་མཁའི་མེ་ཏོག་སྐྱེས་བུ་ཡིས། ཞེས་སོགས་གསུངས་ཤིང་བརྡ་ཚིག་རྣམས་མ་བརྗེད་པར་བོད་དུ་བྱོན་ནོ། །དེ་ནས་བལ་བོད་ཀྱི་ས་མཚམས་ལི་ཤྭ་ཀ་ར་བྱ་བ་མཐའ་འཁོབ་ཀྱི་གྲོང་ཁྱེར་ཤྭ་གམ་གཅོད་ས་ཞིག་ཏུ་ཤྭ་གམ་མ་འཕྲོད་ནས་ཞག་ལྔ་ལུས་པའི་ནུབ་གཅིག་རྨི་ལམ་དུ་བྲམ་ཟེའི་བུ་མོ་མཛེས་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཉིས་ཀྱིས་ཁྱོད་ལྷོ་ཕྱོགས་དཔལ་གྱི་རི་ལ་བྲམ་ཟེ་ཆེན་པོའི་མདུན་དུ་འགྲོ་དགོས་ཟེར་ཞིང༌། དར་གྱི་འདོ་ལིའི་ཁ་ན་བཞག་ནས་ཁོ་རང་གཉིས་ཀྱི་ཕྲག་ལ་བཀལ་ནས་སོང་བས། སྐད་ཅིག་དེ་ཉིད་ལ་བྲམ་ཟེ་ཆེན་པོའི་མདུན་དུ་ཕྱིན་ཏེ། དོ་ཧ་རྡོ་རྗེ་མགུར་གསུངས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་ནས་ཐུགས་སྤྲོ་བའི་ངང་ནས་གཙང་གྱེར་ཕུར་བྱོན། ཀློག་སྐྱ་ཇོ་སྲས་ཀྱི་སྣེ་ལེན་བྱས་ཏེ་ཟླ་བ་ཕྱེད་དུ་ཆོས་གྲྭ་བཙུག་ནས་ཞབས་ཏོག་བཟང་པོ་བྱས། དེའི་སྐབས་སུ་སྔར་མ་བཞེངས་པའི་གླུ་ཞིག་ཞུ་ཟེར་བས་སྔོན་གྱི་རྨི་ལམ་དུ་བྲམ་ཟེ་ཆེན་པོ་མཇལ་བའི་སྐབས་ཀྱི་དོ་ཧ་རྡོ་རྗེའི་མགུར་གསུངས་པ། དཔལ་དེ་རིང་བཀྲ་ཤིས་ཡར་གྱི་ངོ༌། ཞེས་ཁྱུང་ཆེན་གཤོག་བརྒྱང་གི་རྟ་ལ་དྲངས་ཏེ་གསུངས་པས་ཀུན་དད་པར་གྱུར་ཏོ། །དེ་ནས་ལྷོ་བྲག་ཏུ་བྱོན་པས་སློབ་དཔོན་དང་ཉེ་གཞིས་རྣམས་ཀྱིས་སྣ་ལེན་ཅུང་ཙམ་རེ་བྱས་ཤིང་ཆོས་མཁས་པར་ཤེས་ཀྱང་སྔར་མི་ངན་པའི་དོན་གྱིས་ཞུ་མི་མ་བྱུང༌། ཆང་ས་ཞིག་ཏུ་སྔགས་པ་ཞིག་དང་ཁ་འགྲས་པས་ཁོ་རྦབ་ཀྱིས་ཤི། དཔོན་པོ་ཇོ་བོ་དེས་ཁྱེད་ཀྱིས་ཅི་ཤེས་ཟེར། ཧེ་བཛྲ་དང་ཙཀྲ་སམྦྷ་ར་དང༌། མཉྫུ་ཤྲཱི་ཤེས་བྱས་པས། བ་རི་ཟ་རི་དེ་ཀུན་མ་གོ་ཟེར་ཡང་དོན་ལ་དད་ནས་སྣང༌། དེ་ནས་དུས་རེ་ཞིག་གི་ཚེ་བྱང་ནམ་རའི་གསེར་ཁ་རྡོར་བ་དང་ཐུག་སྟེ་རྟ་དཀར་པོ་ཞིག་ལ་དཔེ་ཆ་སོགས་ཆ་རྐྱེན་རྣམས་བཀལ་ནས་གཡོག་པོ་གཅིག་ཁྲིད་དེ་ཆུ་འགྲམ་ཞིག་ཏུ་གྲོ་བྱས་པས། བནྡེ་ཞིག་བྱུང་ནས་ཕྱག་འཚལ་ཏེ་གང་ནས་ཡིན་ཟེར། ཉེ་གནས་ཀྱིས་གྲུབ་ཆེན་ནཱ་རོ་པའི་སློབ་མ་མར་པ་ལོ་ཙཱ་བྱ་བ་ཡིན་ཞེས་ཞིབ་པར་བཤད། ཁོང་རྔོག་སྟོན་ཆོས་རྡོར་ཡིན་ཞིང་ཤིན་ཏུ་དད་ནས་གདན་དྲངས། དབང་དང་གདམས་པ་མང་དུ་ཞུས་ཞབས་ཏོག་བཟང་པོ་བྱས། དེ་ནས་འཕན་ཡུལ་དུ་བྱོན་ཏེ་སྲིའུ་བཅུ་དགུ་གསོས་པས་རེ་རེ་ལ་གསེར་ཞོ་བཅུ་གཅིག་རེ་བྱུང༌། རེ་མ་ཏིའི་ངན་སྔགས་བསླབ་པས་གཙང་དར་ཡེ་སོགས་ཆོས་ཞུ་མང་དུ་བྱུང༌། འབུལ་བ་ཐམས་ཅད་གསེར་དུ་བསྒྱུར་བས་གསེར་མང་དུ་འགྲུབ། དེ་ཙ་ན་འདམ་སྙིང་དྲུང་གི་ཚོང་པ་མར་པ་མགོ་ཡག་ཟེར་བ་རུས་གཅིག་པའི་ཞེན་གྱིས་ཕྱག་འབུལ་དུ་ཕྱིན། དེར་གླེང་བསླང་བྱུང་བས་ཁོ་ན་རེ། འཕན་ཡུལ་སྐྱ་མོ་ན་བྱེའུ་ལ་ལྷུ་ཐང་རྩི་བ་ཡིན། བྱང་ཁ་སྣང་བརྒྱད་ནས་གཡག་ལ་གཟུག་ཐང་བྱེད་ཟེར་བ་ཡིན་པས་ངའི་ཡུལ་དུ་བྱོན་ཟེར། དེར་འདམ་དུ་ཕྱིན་པས་འབུལ་བ་ཞབས་ཏོགས་མང་དུ་བྱས། དེ་དུས་ནོར་ལ་ཞེན་པ་ཆེ་བ་ལྟར་མཛད་པས་སློབ་མ་རྣམས་ཅུང་མ་མགུ་བས། ཁོ་བོ་ནོར་ལ་གཅེས་པ་མ་ཡིན། བླ་མ་རྣམས་ཀྱི་སྐུ་དྲིན་བསབ་པ་དང༌། རྟེན་ངོ་མཚར་ཅན་རྣམས་ལ་མཆོད་པ་འབུལ་བའི་ཕྱིར་ཡིན་གསུངས་པས་ཀུན་ཡིད་ཆེས་པར་གྱུར། ཡོན་བདག་འགའ་ཞིག་མ་དད་པ་ལ་ལུ་གུ་དང་གཡག་ཤི་བའི་རོ་ལ་གྲོང་འཇུག་མཛད་པས་གྲུབ་ཐོབ་ཀྱི་སྙན་པ་ཕྱོགས་ཀུན་ཏུ་ཁྱབ་ཅིང་ཆོས་ཞུ་དང་འབུལ་བ་ཆེར་བྱུང༌། དེ་ནས་ནུབ་གཅིག་ནམ་ཐོ་རངས་ཁར་མཁའ་འགྲོ་མ་དཔག་ཏུ་མེད་པ་བྱུང་ནས་གླུ་གར་རོལ་མོའི་སྒྲ་བཅས་གོང་དུ་ནཱ་རོ་པས་གསུངས་པའི་བརྡ་རྣམས་བཀྲོལ་ཅིང་གནང༌། ཏཻ་ལོས་ལུང་བསྟན་ནཱ་རོའི་བུ། །ལྷུན་གྲུབ་ཆོས་ཀྱི་བློ་གྲོས་ཁྱོད། །པཱུ་ལ་ཧ་རིའི་དགོན་པ་ན། །རྣལ་འབྱོར་དབང་ཕྱུག་ནཱ་རོ་པ། །སྐྱེ་བ་མེད་པའི་དབྱིངས་སུ་ཡལ། །ཁྱེད་བཞུད་ན་ངེད་དང་འགྲོགས་ལ་གཤེགས། ཞེས་ཟེར་ནས་བསྐུལ་བས། རྣལ་སད་པ་དང་གདུང་ཤུགས་དྲག་པོས་མང་དུ་བཤུམ་པ་ལ། མགོ་ཡག་ལངས་ནས་འདི་ལྟར་མཛད་པ་ཅི་ལགས་ཞུས་པས། ང་རྒྱ་གར་དུ་འགྲོ་དགོས་པར་འདུག་གསུངས་ཤིང་ཆོས་འཕྲོ་རྣམས་ཚར་བར་མཛད། དེར་མགོ་ཡག་གིས་གཡུ་སེང་གེའི་མགོ་བྱ་བ་གཅིག་ཇ་ཤོང་སིག་བཞི། རྟ་ཁྲ་བོ་མགོ་དཀར་སོགས་མང་དུ་ཕུལ་བས་དངོས་པོ་རྣམས་གསེར་དུ་བསྒྱུར་བས་གསེར་སྲང་སུམ་བརྒྱ་ལྷག་འགྲུབ། མགོ་ཡག་ལ་སོགས་པའི་སློབ་མ་བཅུ་དགུས་མང་ཡུལ་དུ་བསྐྱལ་ནས་སླར་རང་ཡུལ་དུ་ལོག །དེ་ནས་བལ་པོར་བྱོན་ནས་པེ་དྷ་བ་ལ་གསེར་སྲང་ཕྱེད་ཕྱག་རྟེན་དུ་ཕུལ། བླ་མས་ཕྱག་ནས་བཟུང་སྟེ་བུ་འོང་ཙ་ཕ་མེད། ཁྱོད་ན་ནིང་མི་ཡོང་བའི་དཔེ་ཅི་ཡོད། བླ་མ་སྤྱོད་པ་ལ་གཤེགས་གསུངས་མང་དུ་བཤུམ། དེ་ནས་བླ་མ་སྤྱི་ཐེར་བ་ལ་གསེར་སྲང་གང་ཕྱག་རྟེན་ཕུལ་མཇལ་བས་གོང་བཞིན་གསུངས། བླ་མ་རྣམ་གཉིས་ལ་ཚོགས་འཁོར་དང་འཕགས་པ་ཤིང་ཀུན་ལ་མཆོད་པ་དང་སྨོན་ལམ་བཏབ་ནས་རྒྱ་གར་དུ་བྱོན། དགེ་ཚུལ་ཤེས་རབ་སེང་གེ་མཇལ་གསེར་སྲང་གང་ཕྱག་རྟེན་དུ་བྱས། བླ་མ་སྤྱོད་པ་ལ་གཤེགས་པའི་ལོ་རྒྱུས་ཞིབ་ཏུ་གསུངས། དགྱེས་རྡོར་གྱི་ཐང་སྐུ་གཅིག །ཀ་པཱ་ལའི་ནང་དུ་རྩ་རྒྱུད་བཞག་པ་གཅིག །རྡོར་དྲིལ་གཅིག་བཅས་མར་པ་བོད་ནས་ཡོང་བ་ལ་གཏོད་གསུངས། དེར་མར་པས་བླ་མ་དྲན་ནས་མང་དུ་བཤུམས་ཏེ་ང་ཅི་ལྟར་བྱས་ན་གྲགས་ཞུས་པས། གསེར་ཅི་ཙམ་ཡོད་གསུངས། མང་དུ་ཡོད་ཞུས་པས། འོ་ན་ཅི་ཡོད་དོན་ལ་བྱ་བ་ཡིན་པས། མཻ་ཏྲི་བ་ལ་སོགས་གྲུབ་ཐོབ་རྣམས་ཀྱི་མདུན་དུ་སོང་ལ་གསོལ་བ་ཐོབ་དང་ཁྱོད་ལུང་བསྟན་པའི་སྐྱེས་བུ་ལས་འཕྲོ་ཅན་ཡིན་པས། མཇལ་ནས་འོང་གིས་གསུངས་སོ། །དེ་ནས་རྒྱལ་བ་མཻ་ཏྲི་པའི་མདུན་དུ་སོང་སྟེ། གནས་དེ་མེ་ཏོག་དམར་པོའི་ཚལ་གྱིས་གང་བའི་འོད་ཀྱིས་མི་ལ་སོགས་མདངས་འཕྲོག་ཅིང་དམར་པོར་བསྒྱུར་ནུས་པས། མེ་ཏོག་མདངས་འཕྲོག་གི་རི་མེ་ལྟར་འབར་བ་ཟེར་ཏེ། དེ་ན་ཤིང་སྡོང་པོ་གཅིག་གི་དྲུང་དུ་སྐུ་གཟི་མདངས་དང་བཅས་པར་བཞུགས་པ་ལ། ཕྱག་དང་གསེར་གྱི་མཎྜལ་ཕུལ་ནས། ཚོགས་ཀྱི་འཁོར་ལོ་ཟླ་བ་གཅིག་བསྐོར་ཏེ་གསོལ་བ་བཏབ་པས། ངོ་མཚར་གྱི་ཆོ་འཕྲུལ་མང་པོ་ཡང་མཐོང་གནམ་གང་གི་ཉིན་པར། རྨི་ལམ་མི་ངན་རྨི་ལམ་བཟང༌། །ནོར་བུ་རྒྱལ་མཚན་རྩེ་ལ་ཕྱར། །སྒེག་མོའི་མེ་ལོང་ཟུར་མིག་བལྟ། །དད་དཔོན་ཆེན་པོའི་གྲུ་གཟིང་གཏོང༌། །བྱ་འཕུར་སྟེང་ན་རྒྱལ་མཚན་བཙུག །བྱ་མགོ་བོད་དུ་བསྟན་པ་རྨིས། །དཔལ་ནཱ་རོ་པ་དང་མཇལ་ཏེ་འོང༌། གསུངས། དེ་ནས་ཀུ་ཀུ་རི་པའི་མདུན་དུ་སོང་བས་ཁོང་དུག་མཚོའི་གླིང་ནས་ཚུར་བྱོན་ཏེ། ཆུ་འགྲམ་དུ་ཤིང་ཏིང་ཏིང་ཀུན་གྱི་རྩ་བར་བཞུགས་པ་ལ། ཚོགས་ཀྱི་འཁོར་ལོ་ཟླ་བ་གཅིག་ལ་བསྐོར་ཞིང་གསོལ་བ་བཏབ་པས། རྗེ་བཙུན་དཔལ་ལྡན་ནཱ་རོ་པ། །གླང་པོ་ཆེ་ཡི་བལྟ་སྟངས་ཀྱིས། །སྤྱན་མིག་གཉིས་ནི་ཉི་ཟླ་ཡི། །འོད་ཟེར་བོད་དུ་བཀྱེ་བ་རྨིས། །དཔལ་ནཱ་རོ་པ་དང་མཇལ་ཏེ་འོང༌། ཞེས་གསུངས། ཁྱེད་ཀྱི་གདམས་ངག་ཐུན་མོང་མ་ཡིན་པ་གཅིག་ཀྱང་ཐོབ་པ་ཡིན་གསུངས། རུས་པའི་རྒྱན་ཅན་དུར་ཁྲོད་སོ་ས་གླིང་དུ་བཞུགས་པའི་དྲུང་དུ་སོང་ནས། ཚོགས་ཀྱི་འཁོར་ལོ་ཟླ་བ་གཅིག་ལ་བསྐོར་ཏེ་གསོལ་བ་བཏབ་པས། རི་གསུམ་རྩེ་ནས་དུང་འབུད་ཅིང༌། །ལུང་གསུམ་མདོ་ནས་ལམ་སྣ་འདྲེན། །བུམ་ནང་མར་མེ་འབར་བ་ཡིས། །འཛམ་གླིང་ཐམས་ཅད་གསལ་བར་རྨིས། །དཔལ་ནཱ་རོ་པ་དང་མཇལ་ཏེ་འོང༌། ཞེས་གསུངས། དེ་ནས་དགེ་ཚུལ་ཤེས་རབ་སེང་གེའི་མདུན་དུ་ཚོགས་ཀྱི་འཁོར་ལོ་ཟླ་བ་གཅིག་བསྐོར་ནས་གསོལ་བ་བཏབ་པས། བདག་གི་མྱ་ངན་ཐང་ཆེན་ལས། །དམུས་ལོང་ཁྲིད་དེ་གཉིས་ལ་བཏད། །གཉིས་ཀྱི་རབ་རིབ་མིག་ཕྱེས་ནས། །སེམས་ཀྱི་མེ་ལོང་བལྟ་བ་རྨིས། །དཔལ་ནཱ་རོ་པ་དང་མཇལ་ཏེ་འོང༌། གསུངས། ཡང་རི་རི་པའི་མདུན་དུ་ཚོགས་ཀྱི་འཁོར་ལོ་ཟླ་བ་གཅིག་ལ་བསྐོར་ནས། གསོལ་བ་བཏབ་པས། བྲམ་ཟེ་ཆེན་པོ་བཟང་ལྡན་གྱིས། རིགས་ངན་ཆོས་ཀྱི་རྒྱལ་པོ་ལ། གསོལ་བཏབ་དགེ་བཟང་དཔང་བཙུག་པས། འབྲས་བུས་འདིར་ཡང་མཇལ་བར་ངེས། ཞེས་གསུངས། དེ་ནས་ཀ་སོ་རི་པའི་མདུན་ཏུ་ཟླ་བ་གཅིག་ལ་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་གསོལ་བ་བཏབ་པས། ཡང་དག་ཟླ་བའི་དཀྱིལ་འཁོར་དུ། །སེམས་ཉིད་ཆོསསྐུའི་མེ་ལོང་ནི། །མི་གཡོ་པུ་ལ་ཧ་རི་ན། །ནཱ་རོ་པ་ཡི་སྟོན་པར་འགྱུར། ད་སྟེ་ཟླ་བ་བརྒྱད་ན་པུ་ལ་ཧ་རིར་མཇལ་བར་གདའ་འོ། །ཞེས་ལུང་བསྟན་ཏོ། །གཞན་ཡང་སྦས་པའི་རྣལ་འབྱོར་པ་ལྔ་རྣལ་འབྱོར་མ་དྲུག་སྟེ་བཅུ་གཅིག་གི་མདུན་དུ་ཚོགས་ཀྱི་འཁོར་ལོ་བསྐོར་ནས་གསོལ་བ་བཏབ་པས་མཇལ་བར་ལུང་བསྟན་ཏོ། །དེ་ནས་ནཱ་ལེནྡྲར་བྱོན་ནས་བཞུགས་ཀྱང་བླ་མ་དྲན་ནས་སྡོད་མ་ཚུག་པར་ཕྱོགས་ཐམས་ཅད་དུ་ཚོལ་དུ་བྱོན་པས་ཙནྡན་སྡོང་པོར་འཇའ་གུར་དུ་ཀྱཻ་རྡོར་ལྷ་དགུ་ཐུགས་ཀའི་སྔགས་ཕྲེང་དང་བཅས་པ་མཇལ་བ་དང༌། རྨི་ལམ་དུ་ཟླ་བའི་སྟེང་དུ་ནཱ་རོ་པ་སེང་གེ་ཆིབས་ནས་བཙུན་མོ་གཉིས་ཀྱིས་བརྟེན་ནས་གླུ་གར་བྱེད་པ་རྨིས་པ་དང༌། ཡང་ཤེལ་གྱི་ཕ་བོང་གཅིག་གི་སྟེང་དུ་བླ་མ་གཤེགས་པའི་ཞབས་རྗེས་གསལ་བར་དོད་པ་མཐོང་བས། འཇའ་ཚོན་ལྟ་བུའི་སྐུ་ཝལ་གྱིས་མཐོང་བ་དང༌། ཤིན་ཏུ་གསལ་བ་ཞིག་མཐོང་བ་དང༌། ཙནྡན་གྱི་ནགས་ཚལ་དུ་སྐུ་གཟི་མདངས་ལ་མེ་འབར་བ་མཐོང་བ་དང༌། བྲག་ཕུག་ཞིག་ཏུ་ཐོད་ཁྲག་གསོལ་ཞིང་བཞུགས་པའི་འཕྲོ་བདག་ལ་གནང་བས་བདེ་སྟོང་ཐུགས་ལ་ཤར་བ་དང༌། དེ་རྣམས་ནི་ཡུད་ཙམ་ནས་མི་སྣང་བར་གྱུར་པའོ། །དེ་ནས་ཡང་གསོལ་བ་བཏབ་ནས་ཚོལ་བས་རི་བོ་གསེར་གྱི་དགོན་བྱ་བར་བླ་མ་སྐུ་གཟི་མདངས་ཅན་ཁཊྭཱྃ་ཐོད་པ་བསྣམས་ནས་གར་མཛད་པ་མཇལ་བས་དེ་མ་ཐག་དགའ་ཆེས་ཏེ་གསེར་སྙིམ་པས་གཅུས་ནས་ཕུལ་ཏེ། ཕ་རྗེ་བཙུན་ཐུགས་རྗེས་བཟུང་དུ་གསོལ། ཞུས་པས་བླ་མ་དཀོན་མཆོག་མཆོད་གསུངས་ནས་གསེར་རྣམས་ནགས་ཚལ་གསེབ་ཏུ་གཏོར། མར་པས་བོད་ནས་དཀའ་སྡུག་གིས་བཙལ་སྙམས་པས། བུ་འདོད་ན་ཐམས་ཅད་གསེར་གླིང་ཡིན་ནོ་གསུངས། གོང་གི་ཕུལ་བའི་གསེར་རྣམས་རང་གི་སྙིམ་པར་བྱུང་ཞིང་ཡང་མི་སྣང་བར་གྱུར། ཡང་མོས་གུས་གྱིས་བཙལ་བས་རི་བོ་གསེར་གྱི་དགོན་པར་ནགས་ཚལ་ཕུན་སུམ་ཚོགས་པར་ནཱ་རོ་པ་སྐུ་གཟི་མདངས་དང་ལྡན་ཞིང་རུས་པའི་རྒྱན་དྲུག་གིས་བརྒྱན་པ་ཕྱག་ན་ཌཱ་མ་རུ་དང་ཐོད་པ་ཐོགས་པ་ལམ་མེར་མཇལ་བས། ཐུགས་རྗེ་མ་ཆུང་ཞེས་སྐད་མི་ཐོན་ཙམ་དུ་གསོལ་བ་བཏབ་པས་ཙནྡན་གྱི་སྡོང་པོ་གཅིག་གི་རྩ་བར་བཞུགས་པ་ལ་གསེར་གྱི་མཎྜལ་ཕུལ་ཞིང་ཕྱག་འཚལ་ནས་ཞབས་ལ་འཇུས་ཤིང་སྤྱི་བོར་བཞག་སྟེ། ང་བོད་ནས་དཀའ་ལས་མང་པོ་བྱས་ནས་འོང༌། འདིར་བླ་མ་མ་རྙེད་ནས་དཀའ་བ་དཔག་ཏུ་མེད་པ་སྤྱད་པ་ལ་རྗེ་བཙུན་དེ་ཙམ་དུ་ཐུགས་རྗེ་ཆུང་བ་ཞེས་ཡུས་ཀྱིས་བརྣངས་ནས་སྤྱན་ཆབ་མང་པོ་ཕྱུང་བ་ལ། ང་དུས་རྟག་ཏུ་ཁྱོད་དང་མ་བྲལ་བསྡད་པ་ལ་ཁྱོད་རང་ལས་ཀྱི་སྒྲིབ་པས་བསྒྲིབས་ནས་རང་གི་བག་ཆགས་ཀྱིས་མ་མཐོང་བ་ཡིན། ད་ལྟ་བག་ཆགས་ངན་པ་དང༌། སྒྲིབ་པ་ཐམས་ཅད་དག་ནས་མཐོང་བ་ཡིན་གསུངས། དེ་ནས་ཡབ་སྲས་འགྲོགས་ནས་པཱུ་ལ་ཧ་རིར་བྱོན་པའི་ལམ་ན་ཡེ་ཤེས་མཁའ་འགྲོ་མང་པོས་ནཱ་རོ་པ་ལ་མཆོད་པ་ཕུལ་ནས། ལུང་བསྟན་མར་པ་བློ་གྲོས་ནི། །ཡང་དག་མཐར་ཕྱིན་སྡོང་གྲོགས་བྱེད། །ཟླ་གསུམ་སོང་བའི་ནང་པར་ནས། །རྗེ་བཙུན་དཔལ་ལྡན་ནཱ་རོ་པ། །པུ་ལ་ཧ་རིའི་དགོན་པ་ནས། ཤིང་རྟ་ཆེན་པོའི་རྟར་བསྐྱོད་དེ། །ཨོ་རྒྱན་རང་བྱུང་དུར་ཁྲོད་དུ། ལུང་བསྟན་རང་གྲོལ་མཁའ་འགྲོས་བསུ། ཞེས་གསུངས་ནས་ནམ་མཁར་གཤེགས་སོ། །དེ་ནས་པཱུ་ལ་ཧ་རིར་བྱོན་ནས་དེར་ནཱ་རོ་པས། བོད་ཀྱི་མར་པ་བློ་གྲོས་ཁྱོད། །དེ་དེ་ཡིན་ཏེ་དེ་ཉིད་མེད། དེ་སྔ་བསྟན་པ་རྣམས་གཙོ་ཆེར་རྒྱུད་འབྲེལ་པ་ཐབས་ལམ་གྱི་གདམས་ངག་ཡིན། ད་ནི་བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་གདམས་ངག་སྟོན་པ་ཡིན་གསུངས་ནས། དེར་ཚོགས་ཀྱི་འཁོར་ལོ་བསྐོར་ཏེ། ཐབས་གཙོ་བོར་སྟོན་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ། བླ་མའི་ཐུགས་ཀར་ལྷན་ཅིག་སྐྱེས་མ་བྱོན་ཏེ། བུམ་པའི་དབང་བསྐུར། ཐུགས་ཀའི་སྔགས་ཀྱི་འཁོར་ལོ་ཞལ་ནས་ཐོན་ཏེ། མར་པའི་ཐུགས་ཀར་ཐིམ། སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་མཐོང༌། གསང་མཚན་ཞེ་སྡང་རྡོ་རྗེར་བཏགས། ཤེས་རབ་དང་འབྲེལ་བ་སིནྡྷུ་རའི་དལ་ལ་བརྟེན་ནས་བྱིན་གྱིས་རླབས་པའི་ཚེ། བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབ་ཅིང་མར་པ་ལ་ཐིམ་པས་རྩ་མདུད་གྲོོལ་ཏེ་བདེ་སྟོང་ཟག་པ་མེད་པའི་ཏིང་འཛིན་རྒྱུད་ལས་སྐྱེས་པ་བླ་མས་ངོ་སྤྲད། དེ་དག་གི་སྐབས་སུ་རང་བྱུང་ཤེལ་གྱི་མཆོད་རྟེན་ཁྲུ་གང་བ་དང༌། བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པའི་སྐུ་ལ་སོགས་ལྷ་ཚོགས་དཔག་ཏུ་མེད་པ་རང་བྱུང་དུ་བྱོན་ཞིང༌། མཆོད་པའི་བཀོད་པ་ཕུན་སུམ་ཚོགས་པ་ཡང་བྱུང༌། ཙནྡན་གྱི་སྡོང་པོ་གཅིག་ལ་སྒྲ་དང་འོད་བྱུང་བའི་ནང་ནས་དགྱེས་པ་རྡོ་རྗེ་ལྷ་དགུ་བྱུང་བ་དེའི་འོད་ཀྱིས་གསལ་བར་གྱུར། དེ་ལ་སོགས་པའི་རྟགས་ངོ་མཚར་ཅན་དཔག་ཏུ་མེད་པ་བྱུང་ངོ༌། །དེ་ནས་དེ་ཉིད་དུ་བླ་མ་ནཱ་རོ་པ་ཆེན་པོའི་ཞབས་དྲུང་དུ་ཟླ་བ་གསུམ་བཞུགས་ཏེ༌། གོང་དུ་གསུངས་པའི་ཆོས་རྣམས་ཀྱང་གསལ་བཏབ་ཅིང༌། ག་དར་དང་ཞུ་གཏུག་ལེགས་པར་མཛད་ནས་ཐེ་ཚོམ་མེད་པར་བྱས་སོ། །གོང་དུ་མ་ཐོབ་པའི་སྙན་བརྒྱུད་ཡིད་བཞིན་ནོར་བུ་རྣམ་གསུམ་དང༌། ལུས་མེད་མཁའ་འགྲོའི་ཆོས་སྐོར་ལ་སོགས་མང་དུ་གནང་ཞིང༌། སྒྲོ་འདོགས་ཐམས་ཅད་ཆོད་པར་བྱས་པ་ཡིན་ནོ། །དེར་ནཱ་རོ་པའི་ཞལ་ནས་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཕྱོགས་གཅིག་ཏུ་དྲིལ་ཞིང་སྙིང་པོའི་དོན། མར་གྱི་སྙིང་ཁུ་ལྟ་བུ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པར་བྱེད་པའི་ཆོས། སྙན་བརྒྱུད་ཆོས་དྲུག་དང་བཅས་པ་འདི་དག་ཡིན་ཏེ། དེ་ཡང་གདམས་པའི་མཆོག་ཏུ་གྱུར་པ། བླ་མ་དམ་པ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ཅིང༌། ཅི་གསུང་གི་བཀའ་ལས་མི་འདའ་ཞིང༌། སྒྲུབ་པ་ལ་བརྩོན་ཏེ་འགྲོ་དོན་བྱེད་པ་ཡིན་པས། སྣོད་མིན་ལ་གསང་ཞིང་སྣོད་ལྡན་ལ་སྟོན་པར་གྱིས་ཤིག །ཏཻ་ལོ་པས་ང་ལ་ཁྱོད་ལུང་བསྟན་པ་ཡིན་པས། ཕྱག་རྒྱ་ལ་བརྟེན་ནས་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་གྱིས་དང༌། ཁྱོད་ཀྱི་སློབ་མ་དང་ཡང་སློབ་ལ་སོགས་ནས་ཀྱང་གཞན་དོན་ཇེ་ཆེར་འགྲོ་ཞིང་སངས་རྒྱས་ཀྱི་བསྟན་པ་དར་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་གདམས་པ་ཐམས་ཅད་གྲུབ་པ་དང༌། གཏང་རག་གི་མཆོད་པ་ཆེན་པོ་བྱེད་པའི་ཕྱིར། གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་མང་པོ་བརྡས་བཀུག་སྟེ། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་ཚོགས་ལ་ལོངས་སྤྱད། ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ལྟས་ངོ་མཚར་ཅན་མང་པོ་ཡང་མཐོང་བས་ཤིན་ཏུ་དགའ་སྟེ། རྟོགས་པ་ཕུལ་བས་བླ་མ་ཡང་ཤིན་ཏུ་མཉེས་ནས། །བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །སེམས་ཉིད་མཚན་ཉིད་ཟུང་དུ་འཇུག །སྣང་བའི་མཚན་ཉིད་སྐྱེ་བ་མེད། །འཁོར་བའི་མཚན་ཉིད་གཞི་རྩ་བྲལ། །མོས་གུས་གནད་ཀྱི་མཚམས་སྦྱར་ནས། །སྟོང་ཉིད་སྙིང་པོའི་རོ་སྙོམས་པས། རང་བྱུང་འོད་གསལ་བརྗོད་ལས་འདས། རྟོགས་པ་ཕྱག་རྒྱ་ཆེན་པོ་ཡིན། དེར་ནཱ་རོ་པས། ཁོང་གི་ཐུགས་དམ་པདྨ་དམར་པོའི་ཕྲེང་བ་བརྒྱ་རྩ་བརྒྱད་གནང་ནས། བུ་ཁྱོད་དང་ཁོ་བོ་འདུ་འབྲལ་མེད་དོ། །ཁྱོད་འཕོ་བའི་དུས་སུ་ཁོ་བོ་ཡང་འོང་ཞིང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས་ལྟས་ངོ་མཚར་ཅན་དུ་མ་སྟོན་ནས་བསུ་ཞིང་སྐྱེ་བ་ཕྱི་མར་ཁྱོད་རྒྱ་གར་ཤར་ཕྱོགས་སུ་བྲམ་ཟེའི་རིགས་མཆོག་ཏུ་གྱུར་པ་ཞིག་ཏུ་སྐྱེས་ནས་ཁོ་བོ་དང་ལྷོ་ཕྱོགས་དཔལ་གྱི་རི་ལ་མཇལ་བར་འགྱུར་རོ་གསུངས། དེ་ནས་སྐྱ་རེངས་དང་པོ་ཤར་བའི་ཚེ། ཕྱག་གཡོན་པ་མར་པའི་སྤྱི་བོར་བཞག་སྟེ། སྔོན་ཚུལ་བཞིན་སྦྱངས་པའི་ལས་འཕྲོ་ཅན། ཞེས་ལུང་བསྟན་གྱི་མགུར་གསུངས་ཏེ། དེའི་ཚེ་འོད་དང་རོལ་མོའི་སྒྲ་དང་སྤོས་ཀྱི་དྲི་དང༌། མེ་ཏོག་གི་ཆར་དང༌། འཇའ་འོད་ཀྱི་གུར་ལ་སོགས་པ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་དབུས་སུ། སེང་གེའི་ཁྲི་པདྨ་བརྩེགས་པའི་སྟེང་དུ་ནཱ་རོ་ཆེན་པོ་བཞུགས་ཏེ། དཔའ་བོ་མཁའ་འགྲོ་གྲངས་མེད་པས་གདན་དྲངས་ནས་ནམ་མཁའ་རུ་ཇེ་མཐོ་ཇེ་མཐོ་ལ་སོང་ནས་ཨུ་རྒྱན་དུ་གཤེགས་སོ། །དེ་ནས་མར་པ་ཐུགས་ཤིན་ཏུ་སྐྱོ་བར་གྱུར་ཏེ། ཕྱིར་ཉིན་ཉི་མ་ཤར་ཙ་སེང་ལྡེང་ནགས་ཚལ་གྱི་ནང་དུ་སོང་ཞིང་གསོལ་བ་བཏབ་པས། ནཱ་རོ་པ་ཤིང་ནྱ་གྲོ་ཏའི་སྡོང་པོ་གཅིག་གི་སྟེང་དུ་བཞུགས་ནས་འདི་སྐད་གསུངས། དལ་འབྱོར་གཟུགས་ཀྱི་ཕུང་པོ་འདི། གཡར་སྐྱོ་ཙམ་ན་འདི་སྐད་དོག །ཅེས་སོགས་ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར་གསུངས་པས། སྐྱོ་བ་སངས་ཏེ་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་ནས་མངའ་བདག་མཻ་ཏྲི་པའི་མདུན་དུ་སོང་ཞིང་ཕྱག་དང་གསེར་གྱི་མཎྜལ་ཕུལ་ནས་ནཱ་རོ་པ་དང་མཇལ་བའི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་ཤིང༌། གདམས་ངག་ཞུས་པས་སྙན་བརྒྱུད་ཀྱི་གདམས་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་བས། གཏང་རག་ཏུ་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང༌། བླ་མ་ལ་རྟོགས་པ་ཕུལ་བའི་མགུར་ནི། སྤྱི་གཙུག་བདེ་ཆེན་གཞལ་ཡས་ནས། ཞེས་སོགས་གསུངས་པས་མཻ་ཏྲི་པ་ཡང་ཤིན་ཏུ་དགྱེས་ཏེ། ཕྱག་སོར་ལ་གསེར་གྱི་མགུ་ཡ་རྡོར་དྲིལ་ཟུང་ཡོད་པ་གནང་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་སྤྱི་བོར་ཁུར་ཞིང༌། ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་གཏོར་མ་མ་གཅོད་དང་ཅི་བསམ་འགྲུབ་སྟེ། གཞན་དོན་འབད་མེད་དུ་འབྱུང་ཞིང༌། མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་ཀུ་ཀུ་རི་པ༌། ཀ་སོ་རི་པ། རྣལ་འབྱོར་མ་རུས་པའི་རྒྱན་ཅན་ཀུ་སུ་ལུ་པ་ཡེ་ཤེས་སྙིང་པོ་དགེ་ཚུལ་ཤེས་རབ་སེང་གེ་ལ་སོགས་བླ་མ་རྣམས་ལ་ཚོགས་འཁོར་གཏང་རག་ཕུལ་ཞིང་སྨོན་ལམ་གྱི་ཕྱག་འཚལ། བྲམ་ཟེའི་ཁྱེའུ་གསེར་ཕྲེང༌། དེད་དཔོན་བུ་མོ་ཙཀྲ། ཆང་ཚོང་བུ་མོ་ཀུན་དྷ་ལི་སོགས་ལ་ཕྱག་རྟེན་དང་སྨོན་ལམ་ཕུལ། རྡོ་རྗེ་གདན་སོགས་རྒྱ་གར་གྱི་གནས་ཆེན་རྣམས་ལ་མཆོད་པ་དང་ཚོགས་འཁོར་མཛད། དེ་ནས་ཤིང་ཨ་མྲའི་ཚལ་དུ་མཆེད་གྲོགས་འགའ་ཞིག་གཤེགས་སྐྱེལ་དང་མཉམ་དུ་བཞུགས། བར་ཆད་མེད་པར་སློབ་གཉེར་མཐར་ཕྱིན་བོད་དུ་འགྲོ་བར་ཐུགས་བྲོད། བླ་མ་མཆེད་གྲོགས་ཤུལ་དུ་ལུས་པར་ཐུགས་འཕྲེང༌། ལམ་བར་འཇིགས་པ་རྣམས་འཚེར་གསུངས་ནས་མགུར་མཛད། དེར་སྐྱེས་མཆོག་མར་པ་ལོ་ཙཱ་དེ་ཉིད་རྒྱ་གར་དུ་བྱོན་པའི་སྔ་མ་ལ་ལོ་ལྔ། བར་མ་ལ་ལོ་དྲུག་དང་ཟླ་བ་བདུན། ཕྱི་མར་ལོ་ལྔ་སྟེ་བཅུ་དྲུག་བཞུགས། སྤྱིར་གྲུབ་ཐོབ་བླ་མ་བརྒྱ་རྩ་བརྒྱད་བཤད་སྲོལ་འཛིན་པ་ལྔ་བཅུ། སྣང་བར་འགྱུར་ངེས་བཅུ་གསུམ། ཁྱད་འཕགས་བཞི། འགྲན་གྱི་དོ་མེད་རྣམ་གཉིས། དེའི་ནང་ནས་གཙུག་གི་རྒྱན་གཅིག་པཎ་ཆེན་ནཱ་རོ་པ་བརྟེན། ཞབས་ཏོག་གསུམ་གྱིས་མཉེས་པར་མཛད། གདམས་པ་རྫོགས་ནས་ལུང་བསྟན་བརྙེས། ནཱ་རོ་སྤྱོད་པར་གཤེགས་ཀྱང་མཇལ་བའི་གྲགས་སྙན་ཐོབ་བཞིན་བལ་པོར་ཕེབས། དེར་ཕམ་མཐིང་བའི་ཚེས་བཅུའི་སྐུ་མཆོད་དང༌། དུར་ཁྲོད་ར་མ་དོ་ལིར་ཚེས་བཅུའི་མཆོད་པ་རྣམས་མཛད་ཅིང་རྡོ་རྗེའི་མགུར་སོགས་ངོ་མཚར་བ་མཛད། བལ་ཡུལ་རིན་ཆེན་ཚུལ་གྱི་གཙུག་ལག་ཁང་དུ་བཞུགས་པའི་ནུབ་གཅིག་རྗེ་མཻ་ཏྲི་པ་བྱོན་ནས་སྐྱེ་མེད་མཚོན་པའི་བརྡའ་བསྟན། ཡི་གེ་མེད་པའི་ཆོས་གསུངས། བརྗོད་ལས་འདས་པའི་དོན་རྟོགས། སྔར་མ་སྐྱེས་པའི་ཉམས་ཤར་བ་རྣམས་པེ་དྷ་བའི་མགུར་དུ་ཕུལ། ལ་སྟོད་དུ་ཡོན་བདག་ཁུམ་བུའི་སྒོར་མགུར་མཛད། སྟག་ཚལ་དུ་མེས་སྟོན་ཚོན་པོ་དང་མཇལ། ཆོས་ཞུས་བསྙེན་བཀུར་མཛད། མྱང་སྟོད་ཀྱི་མཁར་སྒང་དཀར་པོ་ནས་མར་པ་མགོ་ཡག་གིས་བསུ་བ་བྱས་ནས་མྱེས་པོ་སར་ཟླ་གཅིག་ཆོས་ཞུས་བསྙེན་བཀུར་ཕུལ་བས། མཉེས་པའི་ཕུལ་དུ་སོན་ནས་དེང་ཕྱིན་ཕྱག་བགྱི་བ་མཛད་དོ། །ལྷོ་ལ་ཡག་རུ་བ་རོང་ལྦ་བ་ཅན་གྱི་གདན་དྲངས་ཆོས་གྲྭ་ཆེན་པོ་བཙུག །རྒྱ་གར་དུ་བྱོན་པའི་ལམ་གླུ་མགུར་དུ་གསུངས། གྲོ་བོ་ལུང་དུ་ཆགས་ཕེབས་པའི་སྐབས་བླ་མ་བསྟེན་ཚུལ་བླ་མའི་རྣམ་གྲངས་རྣམས་མགུར་དུ་བཞེངས། གཞུང་དུ་རྔོག་སྟོན་ཆོས་རྡོར་གྱིས་གདན་དྲངས། ཆོས་འཁོར་བསྐོར་ཞིང་ཞབས་ཏོག་རྒྱ་ཆེར་ཕུལ། དོལ་དུ་ཚུལ་སྟོན་དབང་ངེས་གདན་དྲངས་ཆོས་ཕྱིར་དཀའ་བ་སྤྱད་པའི་མགུར་གསུངས། དེ་ནས་རྗེ་མར་པ་དེ་ཉིད་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་འགྲོ་དོན་ཆེན་པོ་གྱིས་གསུངས་ཤིང༌། རང་ཉིད་ཀྱང་གསང་སྔགས་ལམ་གྱི་རྣལ་འབྱོར་ཀྱཻའི་རྡོ་རྗེའི་རྣམ་འཕྲུལ་ཡིན་པར་སྟོན་པའི་ཕྱིར་བདག་མེད་མ་གཙོ་བོར་གྱུར་པའི་ཇོ་མོ་དགུ་ཁབ་ཏུ་བཞེས། དེ་དག་ཀྱང་བླ་མ་ལ་གུས་དམ་ཚིག་ལྡན་པ་སོགས་གསང་སྔགས་ནས་བཤད་པའི་རིགས་མ་ཁོ་ནར་ངེས་ཤིང༌། གཞན་ཡང་གྲྭ་སློབ་མང་དུ་འཚོགས་པ་དང༌། གྲོ་བོ་ལུང་གི་ཕུ་ན་གནག་ལུག་སོགས་འབྲོག་སྐྱོང༌། བར་ན་དགོན་འདེབས། མདའ་ན་ཞིང་བྱེད་པ་ལ་བྱིན་རླབས་དང་ནུས་མཐུ་ཆེ་བའི་གྲགས་པས་ཕྱི་ནང་གི་འཚེ་བ་བྲལ། དེ་ཚེ་ཇོ་མོ་རྣམས་ཀྱི་ངེད་ཅག་ཚེ་འདིར་སྣང་ཞེན་ཆུང་བར་མཆིས་པ་རྗེ་ཡི་བཀའ་དྲིན་ལགས་ཞུས་པས། ཡིན་ཏེ་རྩ་བ་གསུམ་གྱི་བྱིན་རླབས་ཀྱང་ཡིན་པས་ཚོགས་འཁོར་རྒྱ་ཆེན་པོ་ཞིག་ཤོམས་གསུངས། ཇོ་མོས་ཡོ་བྱད་བླ་མར་ཞུ་བའི་ཆང་བེམ་ཆུང་གང་ཉ་ཤ་སྐམ་པོ་འགའ་ཞིག་ལས་མེད་པས་སང་བཤམས་ཞུས་པས། ད་ལྟར་རང་ཤོམས་གསུངས། ཚོགས་མཆོད་ཀྱི་སྐབས་ཡོ་བྱད་ཕུན་སུམ་འཚོགས་པས་གང་ནས་འདུག །དེ་ཚེ་བླ་མ་ཀྱཻའི་རྡོ་རྗེར་གྱུར་པའི་ཐུགས་འོད་ཀྱིས་གཙོ་མོ་ཡུམ་བདག་མེད་མ་དང༌། འཁོར་གཽ་རི་ལྷ་མོ་བརྒྱད་དུ་གྱུར་པ་ཚོགས་འདུ་བ་ལ་ལོངས་སྤྱོད་པས་ཀུན་ཡིད་ཆེས་ངོ་མཚར་དུ་གྱུར་ཏེ་མི་ལྡོག་པའི་དད་པ་ཐོབ། དེ་ནས་སྲས་ཀྱི་ཐུ་བོ་མི་ལ་མཐུ་ཆེན་ཆོས་ཞུར་ཕྱིན་པ་ལ་སྒྲིབ་པ་སྦྱང་བ་དང་ཕྱི་རབས་གདུལ་བྱའི་དོན་དུ་མཁར་དགུ་ཐོག་གྷནྫ་རའི་གདན་དང་བཅུར་ལོངས་པ་རྩིགས་སུ་བཅུག །ཆོས་ཀྱང་ཆེར་མ་གནང༌། རྩག་བདུན་ཐོན་པའི་དུས་རྔོག་གཞུང་པ་ཅན་དུ་སོང༌། མཁར་ཐོན་པའི་དགའ་སྟོན་དུ་རྔོག་པ་དང་འགྲོགས་ནས་མི་ལ་ཡང་བྱོན་ནས་བླ་མ་མཇལ། གདམས་པ་རྣམས་རྒྱས་པར་གནང༌། མཁར་དགུ་ཐོག་འགྲུབ་ན་དེ་ཀར་གྲོལ་བ་ཡིན་ཏེ་མ་བྱས། ད་སྒྲུབ་པ་ལ་བརྩོན་ན་འགྲུབ་པར་འགྱུར་རོ། །མཁར་དགུ་ཐོག་འགྲུབ་ན་སློབ་མ་རང་དང་མཉམ་པ་དགུ་འབྱུང་ཞིང་བདུན་ལས་མ་འགྲུབ་པས་གཉིས་ཀྱི་ནང་དུ་སྤྱོད་པ་རྩིང་བ་ཞིག་འབྱུང་གསུངས། ཡང་བླ་མ་རེས་གཅིག་འདག་སྦྱར་མཛད་ནས་ཟླ་བ་གཅིག་སོང་བ་ལས། ཆུ་གང་དཔལ་ལེ་ལ་མཚམས་ཁང་དུ་རིམ་ལྔའི་ཁྲིད་གསུངས་པ་དང༌། ལེའུ་ཆུང་ལ་རི་ཁྲོད་དུ་ཆོས་གསུངས་པ་དང༌། ལུང་པའི་མདར་ཡུལ་པ་རྣམས་ལ་ཆོས་གསུངས་པ་དང༌། ཇོ་མོ་རྣམས་ལ་རང་རང་ཐུགས་ལ་བཏགས་ཤིང་ཆོས་བསྟན་པ་དང་གྲྭ་སློབ་རྣམས་ལ་རྒྱུད་སྡེའི་བཤད་སྲོལ། འབྲོག་ཡུལ་མཁར་ལས་ཀུན་ལ་ཞལ་བཀོད་མཛད་པ་སོགས་ཀུན་ངོ་མཚར་དུ་གྱུར་པས་འདི་ཅི་ལྟར་ཡིན་ཞུས་པར། ཚོགས་འཁོར་ཤོམས་དང་རྒྱུ་མཚན་ཡོད་གསུངས། དེ་ལྟར་བསྐོར་བའི་ཚེ་བླ་མ་ཉིད་བདེ་མཆོག་དགྱེས་རྡོར་གསང་འདུས། མཱ་ཡ་སོགས་མཐོང་སྣང་མི་འདྲ་བ་བྱུང་བས་དེ་ཇི་ལྟར་ལགས་ཞུས་པས། བདག་ལ་དེ་དག་གི་གདམས་ངག་ཡོད་པས་དེ་ལྟར་དུ་འགྲོ་བ་ལགས་གསུངས། དེ་ནས་རེ་ཤིག་རྔ་མོ་ཆུ་ཤུལ་དུ་དུས་སྟོན་ཆེན་པོ་ཡོད་པའི་ཁྲོམ་ཚོགས་དབུ་འཛིན་དུ་ཇོ་སྲས་ཉིད་སྤྱན་དྲངས་པར་ད་ལན་བར་ཆད་ཡོད་གསུངས་ཀྱང་བཤོལ་མ་ཐེབས། དམ་བཅའ་བདུན་བཞག་པ་ཐམས་ཅད་རིམ་པར་རལ། ཚུར་བྱོན་པའི་ལམ་ནང་ནས་ཆིབས་རྟ་འདྲོགས་ནས་དྲུད་པས་དབུ་ཚལ་པར་འཐོར་ལ་ཁད་དུ་བླ་མའི་མདུན་དུ་འབྱོར་ཐུབ། བླ་མ་ཡབ་ཡུམ་གྱི་འགྱོད་མེད་ཀྱི་མགུར་དང༌། སྲས་ཀྱི་ཐུགས་ཁྲལ་མི་མཛད་པའི་མགུར་ཞུས་ཕུལ་ཞིང༌། དོན་དུ་ནཱ་རོ་པས། རིགས་རྒྱུད་ནམ་མཁའི་མེ་ཏོག་ཡལ། གསུང་པའི་ལུང་དོན་ཇི་བཞིན་དུ་གྱུར། དེ་ནས་སྲས་ཀྱིས་ཕུག་རོན་རོ་གསར་པ་གཅིག་ལ་གྲོང་འཇུག་མཛད་དེ་རྒྱ་གར་དུ་འཕུར་ནས་དེར་བྲམ་ཟེའི་ཁྱེིའུ་ལོ་བདུན་ལོན་པ་རིར་བསྐྱལ་བའི་རོ་ལ་གྲོང་འཇུག་མཛད་པས་རྒྱ་གར་དུ་ཏི་ཕུ་པ་ཞེས་གྲགས་ཤིང་གསང་སྔགས་ཀྱི་སློབ་དཔོན་དམ་པར་གྱུར། དེ་ནས་དར་མ་མདོ་སྡེའི་གདུང་སྦྱངས་པས་འཇའ་འོད་རིང་བསྲེལ་བསམ་གྱིས་མི་ཁྱབ་པ་བྱུང་ངོ། །དེ་ནས་སློབ་མ་རྣམས་ཀྱིས་སྲས་མདོ་སྡེ་འདྲ་བ་མེད། ད་བརྒྱུད་པ་འཛིན་ཅིང་བསྟན་པ་སྤེལ་བ་ཅི་འདྲ་བ་འབྱུང་ཞུས་པས། རྨི་ལམ་ཤར་བའི་ཀ་ཆེན་བཞིའི་མགུར་གསུངས། དེ་ནས་སློབ་མ་རྣམས་ཀྱིས་ཚོགས་བསགས་ཕུལ་ཚུལ་དང༌། བླ་མས་གྲོང་འཕོ་གྲོང་འཇུག་མཛད་པ་སོགས་གྲངས་ལས་འདས་པ་ཡོད་ཀྱང་འདིར་སྨོས་ཀྱིས་མི་ལོངས་པས་དེ་ཙམ་མོ། །དེ་ལྟར་བླ་མ་དང་མཁའ་འགྲོའི་ཁ་བ་ཅན་གྱི་གདུལ་བྱ་འདུལ་བའི་ལུང་བསྟན་ཞིང༌། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་སྐྱེས་མཆོག་མར་པ་ལོ་ཙཱ་དེ་ཉིད་སྦས་པའི་རྣལ་འབྱོར་པ་ཡིན་ཏེ་མ་དག་པའི་སྣང་ངོར་འཇིག་རྟེན་གྱི་བྱ་བ་སྣ་ཚོགས་ལ་འཇུག་པའི་ཚུལ་མཛད་ཀྱང༌། སྐལ་བ་དང་ལྡན་པ་ལ་སྐུ་ལུས་ཀྱི་བཀོད་པ་དང། རྫུ་འཕྲུལ་སྣ་ཚོགས་སྟོན་ཅིང༌། གང་ལ་གང་འདུལ་གྱི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་ནས་བརྒྱུད་འཛིན་གྱི་སྲས་དམ་པ་རྣམས་ཀྱང་གཞན་དོན་དུ་ལུང་བསྟན་པར་མཛད་དོ། །དེ་ནས་རེ་ཞིག་གི་ཚེ། བླ་མའི་ཞལ་ནས་ཁྱེད་རྣམས་ལེ་ལོ་མི་ཁོམ་པར་འདུག །ཁོ་བོ་ལ་ཌཱཀྐིའི་སུན་མ་བྱུང་ནས་འགྲོ་དགོས་པར་གདའ། རྗེ་བཙུན་ནཱ་རོ་པ་ལ་དཔའ་བོའི་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། མདུན་གྱི་ནམ་མཁའ་ལ་བྱོན་ནས་སྣང་བས་ཚོགས་མཆོད་ཕུལ་གསུངས། དེར་ཚོགས་མཆོད་ཆེན་པོ་ཞིག་ཕུལ་ཞིང་གསོལ་བ་བཏབ་པའི་ཚེ། དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞེས་པའི་ཆུ་མོ་བྱའི་ལོ་རྟ་ཟླ་བའི་ཚེས་བཅུའི་ཉིན་པར་བླ་མའི་ཐུགས་ཀ་ནས་འོད་འཕྲོས་ཇོ་མོ་བདག་མེད་མ་ལ་ཕོག་སྟེ། འོད་དུ་ཞུ་ཞིང་བླ་མའི་ཐུགས་ཀར་ཐིམ་པའི་ཚེ། དབུ་གཙུག་ནས་འོད་དཀར་པོ་ཟླ་བའི་དཀྱིལ་འཁོར་ལྟ་བུ་ནམ་མཁའ་ལ་རྒྱང་གིས་སོང་བ་དང༌། དེ་དང་དུས་མཚུངས་པར་མྱ་ངན་ལས་འདས་པའི་ཚུལ་བསྟན། ལྷོ་བྲག་གི་ལུང་པ་ཐམས་ཅད་མེ་ཏོག་གི་ཆར་དང༌། འཇའ་དང་འོད་ཀྱིས་ཁྱབ་པར་གྱུར། སྐུ་གདུང་བཞུས་པའི་ཚེ། དབུ་ཐོད་ལ་འཁོར་ལོ་བདེ་མཆོག་དང༌། ཐུབ་པའི་སྐུ་བྱོན་པ་ནི་ལྷོ་བྲག་དང་མདོ་སྨད་དུ་བཞུགས་ལ། སྤུར་ཁང་གི་རྡོ་ལ་ཨ་ཡིག་བྱོན་པ་ནི། ཚལ་གུང་ཐང་དུ་བཞུགས་སོ། །དེ་ལྟ་བུའི་སྐྱེས་མཆོག་མར་པ་ལོ་ཙཱ་དེ་ཉིད་ལ་བུ་ཆེན་བྱོན་ཚུལ་ནི། བཀའ་བབས་ཀྱི་བུ་ཆེན་བཞི་ནི། རིགས་ཀྱི་སྲས་དར་མ་མདོ་སྡེ་ལ་གྲོང་འཇུག་གི་བཀའ་བབས། ཆོས་ཀྱི་སྲས་དོལ་གྱི་མཚུལ་སྟོན་དབང་ངེ་ལ་འཕོ་བའི་བཀའ་བབས། གཞུང་གི་རྔོག་སྟོན་ཆོས་རྡོར་ལ་བཤད་རྒྱུད་ཀྱི་བཀའ་བབས། གཙང་གི་མེས་སྟོན་ཚོན་པོ་ལ་འོད་གསལ་གྱི་བཀའ་བབ་བོ། །ལས་ཅན་གྱི་སློབ་མ་བཞི་ནི། འདམ་གྱི་མར་པ་མགོ་ཡག །གྱེར་ཕུའི་ཀློག་ཀྱ་ཇོ་སྲས། འཕན་ཡུལ་གྱི་ཉ་མ་དཔལ་མོ། །རྐྱང་རོ་ཞང་སྟོན་རྣམས་སོ། །ཐུགས་ཀྱི་སྲས་བཞི་ནི། དོལ་པ་དགའ་སྟོན། དྲེའི་མི་ཆུང༌། ཆུ་གོང་དཔལ་ལེ། དགེ་བཤེས་ཁེ་རྒད་དང་བཞིའོ། །གཞན་ཡང་ཤུད་ཁེ་ལྦ་བ་ཅན་དང༌། བ་རང་ལྦ་བ་ཅན་དང༌། ལྷ་རྗེ་པེ་རིན། རྒྱ་སྒོམ་ཞིག་པོ། མར་པ་བྱ་ཟེ། ཉང་སྒོམ་སྤྲང་སྟག། རྩང་དར་ཡེ་ལ་སོགས་དཔག་ཏུ་མེད་པ་བྱུང་ངོ། །དེ་དག་གི་ནང་ནས་མཆོག་ཏུ་གྱུར་ཅིང་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཐབས་ལམ་ལ་སོགས་གདམས་པ་ཐམས་ཅད་ཀྱི་བཀའ་བབས་ཅིང༌། བརྒྱུད་འཛིན་གྱི་སྲས་དམ་པར་གྱུར་པ་ནི། རྗེ་གྲུབ་ཐོབ་ཀྱི་རྒྱལ་པོ་མི་ལ་རས་པ་ལགས་སོ། །


previous༈ བཞི་པ་སྐྱེས་མཆོག་མར་པ་ལོ་ཙཱའི་རྣམ་ཐར་ནི། next