Nitartha Digital Library
Tibetan
དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་རྣམ་ཐར་ཆོས་འབྱུང་མདོར་བསྡུས།


   
   
   
   
   
   
   
༈ རྩ་བའི་གཉིས་པ་འགྲོ་བའི་མགོན་པོ་ཏི་ཤྲཱི་རས་པའི་རྣམ་ཐར་མདོར་བསྡུས་ནི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previous༈ རྩ་བའི་གཉིས་པ་འགྲོ་བའི་མགོན་པོ་ཏི་ཤྲཱི་རས་པའི་རྣམ་ཐར་མདོར་བསྡུས་ནི། next

༈ རྩ་བའི་གཉིས་པ་འགྲོ་བའི་མགོན་པོ་ཏི་ཤྲཱི་རས་པའི་རྣམ་ཐར་མདོར་བསྡུས་ནི།

དེའང་སྐུ་འཁྲུངས་པའི་ཡུལ་འབྲོག་གི་སྤ་ཚབས་ཀྱི་ས་ཁུལ་ཤོད་ཆེན་བཞིའི་དང་པོ་འདམ་ཤོད་སྣར་མོ་ས་ཁུལ་དུ་ཕྱེས་པ་རག་ཁྲོམ་དབུ་མ། སྐུ་བལྟམས་པའི་གནས་ལྡ་ས་ཐེལ། རིགས་ནི་ཧོར། རུས་ནི་ལྡོང༌། ལྡོང་ལ་རྗེ་བཞི་ཁོལ་བརྒྱད་ཡོད་པའི་ནང་ནས་སྟེང་འཛོམ་ཡིག་ཚང་རྗེ་ཡིན། ཡབ་རྗེ་དར་ཁྲ་བོ་དང་ཡུམ་སྐ་བཟའ་ཀླུ་ལྕམ་གཉིས་ཀྱི་སྲས་སུ་ཤིང་ཕོ་སྤྲེལ་གྱི་ལོ་ལ་འཁྲུངས། རབ་བྱུང་གསུམ་པའི་ཤིང་སྤྲེལ་སྤྱི་ལོ་༡༡༦༤ལ།་་་་་་་་་མཆན། བལྟམས་པའི་དུས་སུ་འཇའ་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་རྟགས་མཚན་བཟང་པོ་བྱུང་བས་ཡབ་ཡུམ་ཡང་ཐུགས་དགྱེས་ནས་བཙས་སྟོན་རྒྱ་ཆེར་མཛད། དེར་མཚན་ལྟས་མཁན་ལེའུ་བོན་པོ་འཕར་བ་ཀུན་གྲགས་ཞེས་པས་རྩིས་བྱས་པར་གཙོ་བོ་ལྟ་བུ་བྱས་ན། ཀུན་གྱིས་བཀུར་འོས་མཆོག་ཏུ་འགྱུར་ལ། ཆོས་ལ་ཞུགས་ན་བནྡེ་བཟང་པོ་ཡོང་བར་འདུག་ཟེར། མཚན་ཧོར་གྲགས་སུ་གསོལ། དགུང་ལོ་ལྔ་ནས་བེའུ་དང་རིའུ་ལུག་གུ་རྣམས་བྱམས་བརྩེས་བསྐྱངས་བས་བུ་རྣམས་མ་ཕྱིར་འབྲང་བ་བཞིན་ཏུ་སྣང༌། དགུང་ལོ་བདུན་ལོན་ནས་བྱིས་པའི་ཚོགས་ལ་ཆོས་བཤད་པའི་ཚུལ་དང་སྒོམ་པའི་ལུས་གནད་བཅའ་ཚུལ་མཛད་ཅིང་ཕྱག་ཏུ་བཟའ་བཏུང་གང་བྱུང་གཞན་ལ་འཕང་མེད་དུ་སྟེར་བར་མཛད། དགུང་ལོ་བརྒྱད་ནས་སློབ་དཔོན་དབང་སེང་ལས་ཡི་གེ་འབྲི་ཀློག་དང༌། རྩིས་དང་ཐ་སྙད་མང་པོ་ཐུགས་སུ་ཆུད་པར་བསླབ། སྒོམ་ཁྲིད་ཞུས་ནས་རང་ཡུལ་དུ་བྱོན། བཅུ་གསུམ་བཞེས་ཙ་ན་བླ་མ་རིན་པོ་ཆེ་འབའ་རོམ་པའི་སྙན་པ་ཐོས་པས་མཇལ་སྙམས་པའི་ལུས་ཀྱི་བ་སྤུ་གཡོ་བ་བྱུང༌། དེ་སྐབས་བླ་མ་རིན་པོ་ཆེ་བྱང་རྩི་བར་གྱི་དཔོན་སྟག་ཆུང་གསེར་མཁར་ན་བཞུགས་པ་ཐོས་ནས་ཡབ་ཀྱི་རུ་བར་གདན་དྲངས། ཞབས་ཏོག་བསམ་གྱིས་མི་ཁྱབ་པ་བྱས། ཡབ་ཀྱི་ཆིབས་རྟ་བཟང་པོ་ལ་སྒ་ཆས་སྤྲས་ཏེ་སྲས་བསྐྱོན་ནས་དར་ཡུག་གིས་སྣ་དྲངས། ནོར་སྐལ་ཡོད་དོ་ཅོག་བཅས་ཕུལ། དེ་ནས་བླ་མ་རིན་པོ་ཆེ་སླར་མདོ་ཁམས་སུ་ཕེབས་པའི་ཕྱག་ཕྱིར་འབྲང་བ་མ་བྱུང༌། དགུང་ལོ་བཅོ་ལྔ་བཞེས་པའི་སྐབས་མཚལ་དུ་ཞང་རིན་པོ་ཆེ་མཇལ་དུ་བྱོན། འཁྲུགས་པ་མཛད་པ་དང་མཇལ་བས་ཁྱོད་ཀྱིས་ང་ཡི་འཁྲུགས་པ་བྱེད་དགོས་གསུངས། ཁོང་འཁྲུགས་གྲལ་དུ་བྱོན་ནས་སྒྱོགས་རྡོ་བསྐྱལ་བ་དང༌། བསྒུལ་ཏོག་འཕེན་པ་སོགས་མཛད་པས་འཁྲུགས་པ་རྒྱལ་བ་དང༌། རིན་པོ་ཆེ་ནས་ངས་ཇི་ལྟར་བྱས་ཀྱང་ཕྱག་རྒྱ་ཆེན་པོ་ལས་མི་འདའ་གསུངས་ནས་དེ་མ་ཐག་བྱིན་རླབས་ཞུགས། རང་སེམས་ངོ་འཕྲོད། དེར་ཕྱག་རྟེན་ཕུལ་ནས་རྗེས་སུ་འཛིན་པར་གསོལ། དེ་ནས་འཁྲུགས་པ་རྒྱལ་བའི་ལྷ་གསོལ་གྱི་སྐབས། ཡི་དམ་གྱི་བསྐྱེད་རིམ་དང་ཆོས་སྐྱོང་ཕྱག་བཞི་པའི་དབང་སྒྲུབ་ཐབས་རྣམས་གནང༌། ཡང་གཙང་སྟོན་ཧྲུལ་པོ་བྱ་བས་རྗེ་བཙུན་མའི་དབང་ཞུས་པའི་སྐབས་ཡེ་ཤེས་ཕེབས་རྟགས་སུ་ནམ་མཁའ་ལ་འཕར་ནས་འདུག་པ་བྱུང༌། ཉིད་ཀྱི་མཛད་པའི་ལམ་མཐར་ཐུག་གི་ཁྲིད་དང་གཟེར་ལྔ། སྒོམ་ཚུལ་ནས་བརྒྱུད་པའི་དྭགས་པོའི་སྙན་བརྒྱུད། རྒྭ་ལོ་ནས་བརྒྱུད་པའི་མགོན་པོའི་སྐོར་རྣམས་ཚང་བར་ཞུས། དེ་ནས་ཡེར་པར་སངས་རྒྱས་བསྒོམ་པའི་སྤྱན་སྔར་མཇལ་ཞིང་བསྙེན། བདག་ལ་མིང་ཞིག་འདོག་པར་ཞུ་བྱས་པས། ཤེས་རབ་སེང་གེ་བཏགས། འབྲི་སྒོམ་རས་པའི་སྙན་བརྒྱུད་དང༌། མལ་་ཡེར་པ་རྗེ་པ་རིན་པོ་ཆེ་ནས་བརྒྱུད་པའི་སྐོར་རྣམས་དང༌། ལམ་འབྲས་མ་གཅིག་ཞ་མའི་ལུགས་དང༌། ཞི་བྱེད་རྨ་སོ་ཀཾ་གསུམ། རིམ་ལྔ་བཅུ་ཆོས་སུམ་ཆོས་སོགས་ཞུས། དེར་རྔོག་གཞུང་པའི་སློབ་མ་སྨོན་ལམ་འོད་ཟེར་ལས་རྔོག་ནས་བརྒྱུད་པའི་ཆོས་སྐོར་རྒྱུད་སྡེ་རྣམས་ཀྱི་དབང་བཀའ་ཡོངས་རྫོགས་དང༌། གུར་རྟགས་སམ་གསུམ་སོགས་བཤད་འགྲེལ་དང་བླ་མ་ལྔ་བཅུ་པ་སོགས་རྩ་ལྟུང་གི་སྐོར་མ་ལུས་པ་ཞུས། དེ་ལྟར་བླ་མ་རྣམ་གསུམ་གྱི་ཞལ་དཀྱིལ་ལོ་དྲུག་ཏུ་བསྙེན་རེས་ཀྱིས་གདམས་ཁྲིད་གཞུང་བཤད་རྣམས་རྫོགས་པར་མཛད། དེ་ནས་སྟག་ལུང་དུ་བྱོན་ནས་ཐང་པ་རིན་པོ་ཆེ་མཇལ། ཕྱག་རྒྱ་ཆེན་པོའི་སྐོར་གསན་ཞིང་དོ་ཧ་རྣམས་ལ་ཞིབ་ཁྲིད་མཛད། བདེ་གཤེགས་ཕག་གྲུའི་བཀའ་འབུམ་རྫོགས་པར་གནང་ནས་ཐུགས་ཀྱིས་གཅེས་པར་མཛད། དེ་ནས་རང་ཡུལ་དུ་བྱོན་ནས་གདམས་ཁྲིད་རྣམས་ལ་བཤར་སྦྱངས་དང་ལྟ་རྟོགས་མཛད་ནས་ཡོད་པའི་སྐབས། བྱང་ནམ་རའི་གླག་མར་བྲག་དཀར་དུ་འབྲི་གུང་རིན་པོ་ཆེ་བཞུགས་ནས་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང་བཞུགས་པ་སོགས་སྐུ་ཆེ་བའི་རྣམ་ཐར་ཐོས་པ་དང༌། དེར་དད་མོས་ཀྱིས་སྡོད་མ་ཚུགས་པར་མཇལ་དུ་བྱོན། ཐུགས་བརྩེ་བས་རྗེས་སུ་བཟུང༌། ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་གདམས་ཁྲིད་ལ་ཞིབ་མོར་གནང༌། བདེ་མཆོག་དང་ཕག་མོའི་དབང་བསྐུར་ཟབ་རྒྱས་མཛད། རྗེས་སུ་འབྲི་གུང་མཐིལ་དུ་ཅིས་ཀྱང་ཤོག་གསུངས་ནས་མགུར་དང་གསུང་འཕྲོས་བཀོད་ཁྱབ་ཡང་གཅེས་པར་བསྩལ། དེ་ནས་འབའ་རོམ་དུ་བྱོན་ནས་སློབ་དཔོན་དབང་སེང་གིས་མཚམས་གཡོག་བྱས་ཏེ་བྲག་རྩ་ཞིག་ཏུ་བདེ་མཆོག་དང་མགོན་པོ་ཕྱག་བཞི་པ་བསྙེན་ནས་བཞུགས་པས་ནུབ་གཅིག་རྨི་ལམ་དུ་བླ་མ་ཞང་རིན་པོ་ཆེ་ཡིན་སྙམས་པའི་དབང་བེར་དམར་པོ་ཞིག་མནབས་ནས་ཕྱག་རྡོར་དྲིལ་མཛད་པ་ཞིག་མཇལ་བྱུང་བ་བླ་མ་ཡི་དམ་དབྱེར་མེད་དུ་གྱུར་འདུག་གསུངས། ཡང་ཉིན་གཅིག་ཐུན་གཏོར་སྐབས་ལས་མགོན་ནག་པོ་སྟོང་གིས་བསྐོར་བ་ཞལ་གཟིགས་པས་ཕྲིན་ལས་བསྒྲུབ་པར་སྣང་གསུངས། དེ་ནས་བླ་མ་འབའ་རོམ་པ་ཁམས་ནས་ཡར་བྱོན་ཟེར་བའི་གཏམ་ཐོས་མ་ཐག་འབའ་རོམ་བྲག་ཏུ་ཕྱག་འབུལ་དུ་བྱོན་པས་ཐུགས་དགྱེས། དེ་སྔོན་གྱི་ལོ་རྒྱུས་རྣམས་ཞུས་པས་ཤིན་ཏུ་ལེགས་གསུངས། དེ་ནས་ཡབ་མེས་རྣམས་ཀྱི་ཆ་རྐྱེན་སྦྱར་ནས་འབའ་རོམ་ཕུག་ཏུ་བཞུགས་ནས་ཕག་མོ་ལྷ་ལྔའི་བྱིན་རླབས་ཞུས། ཚེས་བཅོ་ལྔ་ནས་ཡི་གེ་བརྒྱ་པའི་དབུ་འཛུགས་ཀྱི་ཁྲིད་མཛད་ཏེ། བཅོ་བརྒྱད་ལ་ཕྱག་ཆེན་གྱི་ཁྲིད་བཏབ། ཉི་ཤུ་གཅིག་ལ་ཕྱག་རྒྱ་ཆེན་པོའི་ངོ་བོ་མཐོང༌། ཉི་ཤུ་བཞི་ལ་ཕྱག་ཆེན་བོགས་འདོན་མཛད། ཉི་ཤུ་བདུན་ལ་ཕྱག་ཆེན་རྟོགས་པ་སྔར་ལས་ཆེས་ལྷག་པར་འཁྲུངས་ཤིང་བླ་མ་སངས་རྒྱས་དངོས་སུ་མཐོང༌། དེ་ནས་དགུང་ལོ་ཉེར་ལྔའི་དུས་སངས་རྒྱས་སྒོམ་པ་རིན་པོ་ཆེས་འབའ་རོམ་པ་ཡེལ་པ་ཨན་ཆུང་དུ་སྤྱན་དྲངས་པའི་ཆགས་ཕྱིར་འབྲང་སྟེ་བྱོན། དེར་སྤྲེལ་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཐུབ་པ་མངོན་པར་བྱང་ཆུབ་པའི་དུས་སུ། བླ་མ་འབའ་རོམ་པ་དང་སངས་རྒྱས་སྒོམ་པ་གཉིས་གྲལ་གྱི་དབུར་བཞུགས་ཤིང༌། མཁན་པོ་བྲག་རུམ་པ་སྟོན་པ་གྲགས་དང༌། སློབ་དཔོན་མཐའ་བཞི་དར་མ་གཞོན་ནུ་སོགས་ཀྱི་དབུས་རབ་ཏུ་བྱུང༌། མཁན་པོ་ལས་དགེ་ཚུལ་ཀཱ་རི་ཀ་དང༌། འདུལ་བ་མདོ་རྩ་སོགས་གསན། དེར་བླ་མ་རིན་པོ་ཆེ་འབའ་རོམ་པས་དགེ་འདུན་མང་པོ་ལ་སེམས་བསྐྱེད་ཆེན་མོ་དང༌། བྱང་ཆུབ་ལམ་རིམ། འཚོགས་ཆོས་ཟབ་མོ་རྣམས་རྒྱ་ཆེར་གནང་བ་ཞུས། དེ་ནས་དཔོན་སློབ་ལྷན་དུ་འབའ་རོམ་དུ་ཕེབས། བླ་མ་རིན་པོ་ཆེ་ཤོད་ཀྱི་དགོན་པར་བཞུགས། དེར་ཉེ་གནས་མཛད་དེ་ཟབ་མོ་ནཱ་རོ་ཆོས་དྲུག་དང་ཆོས་བཞི། ཉིད་ཀྱིས་མཛད་པའི་རིག་པའི་གནད་ཆོས་བཅུ་གསུམ་ལ་སོགས་ལས་བརྩམས་ཏེ་གདམས་ངག་གི་ཞུན་ཐར་ལོ་དེར་བཅད། དེ་ནས་ལྷ་ལུང་དང་རྫ་ལུང༌། གཡུ་ལུང༌། རྫ་དེའུ། ཁྱུང་གཤོག་ཕུག །སྟོང་ཤོམ་ཕུག་ཆེ་ཆུང་ལུ་གུ་སྙིང་སོགས་སུ། དྲང་སྲོང་ཆེན་པོ་ལྟ་བུར་གཅིག་རི་ཁོ་ནར་ཐབས་གྲོལ་ཟུང་འཇུག་གི་ལམ་ལ་ཐུགས་གཞོལ་ནས་སྒྲུབ་པ་མཛད་པས་མཉམ་རྗེས་དབྱེར་མེད་ཀྱི་རྟོགས་པ་འཁྲུངས། རླུང་སེམས་གཉིས་མེད་ཀྱི་གྲུབ་རྟགས་ཐོན། དུས་དེ་ཙ་ན་བླ་མ་འབའརོམ་པ་ལ་སངས་རྒྱས་དངོས་ལས་ལྷག་པའི་ངེས་ཤེས་སྐྱེས་ཏེ་མི་ལྡོག་པའི་དད་པ་སྐད་ཅིག་ཙམ་ཡང་འབྲལ་དུ་མི་གཏུབ་པ་བྱུང༌། དེ་ནས་འབྲི་གུང་རིན་པོ་ཆེ་བྱང་ནམ་ར་ནས་ཚུར་བྱོན། འབའ་རོམ་ནང་དུ་རིན་པོ་ཆེའི་སྤྱན་སྔར་ཕེབས། མཉམ་མེད་སྒམ་པོ་པའི་དྲུང་ནས་ཞལ་གདམས་འཚོགས་ཆོས་ཀྱི་སྐོར་རྣམས་གསན་བཞེས་གནང་བའི་ ཐུགས་གཤིམས་པའི་གསུངས་གླེང་ཟབ་རྒྱས་མཛད། དེ་ནས་རོམ་པོའི་ཐང་ལ་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་སྟོན་འཁོར་བཅས་བྱོན། དེར་ཕ་བོང་དམར་པོའི་ཁར་ཆོས་ཁྲི་བཤམས་ནས་དེ་ཕྱོགས་ཀྱི་ལྷ་སྡེ་མི་སྡེ་དཔག་མེད་འདུས་ནས་བསྙེན་བཀུར་ཕུལ། ནུབ་གཅིག་འབའ་རོམ་རིན་པོ་ཆེ་ཆོས་ཁྲིར་བཞུགས་ནས་སེམས་བསྐྱེད་ཆེན་མོ་གསུངས། ནུབ་གཅིག་འབྲི་གུང་རིན་པོ་ཆེ་དེར་བཞུགས་ནས་ལྔ་ལྡན་ཕྱག་ཆེན་གྱི་ཁྲིད་གནང༌། དེར་ཡོད་ཀྱི་འགྲོ་བ་རྣམས་བྱང་ཆེན་རྒྱུར་སྨིན་པར་མཛད། དེ་ནས་འབྲི་གུང་རིན་པོ་ཆེ་གདན་ས་མཐིལ་དུ་ཕྱག་ཕེབས། འབའ་རོམ་པ་དགོན་དུ་ཡར་བཞུད། དེ་ནས་ཡབ་མེས་ཀྱི་སར་བྱོན་ནས་ཅུང་ཟད་བཞུགས་ཏེ་ལས་རྒྱུ་འབྲས་དགེ་སྡིག་གི་དག་ཤན་དང༌། ཇོ་བོ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་ཀྱིས་སྨིན་པར་བྱས། དེར་འབྲི་གུང་པས་སྔོན་ནས་གསུངས་པ་རྣམས་དྲན་ནས་འབྲི་གུང་དུ་བྱོན་པར་གདའ། དེ་ནས་འབྲི་གུང་གི་དགོན་པ་མཐོང་མ་ཐག་ཁྲེས་པོ་ཕོག་ནས་ཕྱག་འཚལ། མོས་གུས་བྱས་པས་དགོན་དེ་ཉིད་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་སུ་ཞལ་གཟིགས། སྐྱོབ་པ་རིན་པོ་ཆེ་མཇལ། གུས་པའི་ཕྱག་རྟེན་ཕུལ། ཉིད་ཀྱི་གསུངས་པའི་ཆོས་ཞལ་གདམས་ཀྱི་སྐོར་རྣམས་དང༌། རྒྱུད་སྡེ་བཞི་དང་འབྲེལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རབ་འབྱམས་ཀྱི་དབང་བཀའ་རྗེས་གནང་དང་ཚོགས་ཆོས་མང་དུ་གསན། དེ་ནས་ཡང་དགོང་མོ་ཞིག་ལ་རིན་པོ་ཆེའི་མདུན་དུ་བྱོན་ནས་ཡན་ལག་བདུན་པ་ཕུལ་ཞིང་ཕྱག་དང་མཎྜལ་བཅས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་གང་གི་དྲུང་དུ་རང་གི་ཉམས་སུ་མྱོང་བའི་ཚིག་ཅུང་ཟད་ཞུ་བས་གསན་འཚལ་ཞེས་རྟོགས་པ་ཕུལ་བས། དེར་ཅིར་ཡང་མ་གསུངས་ཅུང་ཟད་བཞུགས། དེ་ནས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། ཞེས་སོགས་སྨོན་ལམ་མཛད། ཕྱི་དེའི་ནངས་པར་བར་ཁྱམས་སུ་དགེ་སྦྱོར་བྱས་ཡོད་པར། རིན་པོ་ཆེ་ཕེབས་ནས་ཕར་བྱོན་ཚུར་བྱོན་མཛད་ནས། རོ་གཅིག་ཆེན་མོ། རོ་གཅིག་ཆེན་མོ་ཞེས་གསུངས་པར་གདའ། དེར་ངེད་མ་གཏོགས་གཞན་མི་འདུག་པས་རང་ལ་གསུངས་པ་ཡིན་ནམ་མ་ཤེས་གསུངས། ཡང་ཉིན་གཅིག་ཁྱོད་ཀྱི་རྟོགས་པ་དེ་གང་ལས་སྐྱེས་པ་ཡིན་གསུངས། བདག་གི་འདྲེན་པ་འབའ་རོམ་པའི་བཀའ་དྲིན་ལས་བྱུང་བ་ལགས་ཞུས། དེར་ཐུགས་དགྱེས་ཆེར་མཛད། ལར་ཆོས་རྗེ་འབྲི་གུང་རིན་པོ་ཆེའི་མཛད་པ་རྣམ་ཐར་ཆོས་ལུགས་རྣམས་ལ་ཕྱི་ནང་གསང་གསུམ་གྱི་གོ་བ་ཁྱད་པར་འཕགས་པ་བྱུང་གསུངས། དུས་དེར་དགུང་ལོ་སོ་གཉིས་པ་ཡོས་བུ་ཆུ་སྟོད་ཉ་བའི་ཚེས་བཞི་ཆོས་འཁོར་བསྐོར་བའི་དུས། མཁན་པོ་ཐག་མ་དཔལ་ཆེན་དང༌། སློབ་དཔོན་གུ་ར་བ། གསང་སྟོན་པ་དར་གཞོན་སོགས་དགེ་འདུན་ཉི་ཤུ་ཙམ་བཞུགས་པའི་དབུས་སུ་བསྙེན་པར་རྫོགས་པར་མཛད། དེ་ནས་མཁན་པོ་ཉིད་ལས་སོ་སོར་ཐར་པའི་མདོ་དང༌། འདུལ་ཊིག་དང་བསླབ་བཏུས་གསན། འབྲི་གུང་དུ་ལོ་གཅིག་བཞུགས། དེ་ནས་རིན་པོ་ཆེའི་མདུན་དུ་གསོལ་འདེབས་མོས་གུས་དྲག་ཏུ་བྱས་ནས་བྱོན་པར་གདའ། དེ་ནས་མཚལ་དུ་བྱོན། རིན་པོ་ཆེ་གུང་ཐང་དུ་བཞུགས་པ་དང་མཇལ། ཡར་ལ་རྟོགས་འབུལ་དང༌། མར་ལ་ངོ་སྤྲོད་གཅིག་ཆར་དུ་གདབ་པར་མཛད། སྔོན་གྱི་གདམས་ངག་རྣམས་ལ་དག་ཐེར་ཞུས་ཤིང་འཕྲོས་ལུས་ཀུན་ཚང་བར་གནང༌། དེ་ནས་ཡེར་པར་བྱོན་ནས་སངས་སྒོམ་དང་མཇལ། ཇོ་བོ་བཀའ་གདམས་པའི་སྐོར་གྱི་གསུངས་སྒྲོས་རྣམས་ལྷག་ལུས་མེད་པར་ཞུས། དེ་ནས་སྟག་ལུང་དུ་ཐང་པ་རིན་པོ་ཆེ་མཇལ་དུ་བྱོན། ཐང་པ་རིན་པོ་ཆེའི་མདུན་ནས་སེམས་བསྐྱེད་ཆེན་མོ་གསན། གཞན་འཚོགས་ཆོས་མང་དུ་གནང་བ་རྣམས་ངེས་པར་བྱས། ཆོས་རྗེའི་ཞལ་ནས། དབུས་པ་པདྨའི་ས་གཞི་ཡོད། ཁྱོད་འདིར་སྡོད་དང་གསུངས། ཐུགས་བརྩེ་བའི་གསུང་གླེང་མང་དུ་མཛད། དེར་མོས་གུས་ཕུལ་ཞིང་གསོལ་འདེབས་བཅས་རང་ཡུལ་ནས་འརྒྱུད། འབའ་རོམ་དུ་རྗེ་རིན་པོ་ཆེའི་སྤྱན་སྔར་ཕྱིན། ཕྱག་དང་མཎྜལ་བཅས་བསྙུང་དྲི་ཞུས། ད་སྐབས་མི་བདེའི་སྐྱོན་ཆེར་མེད་གསུངས། དེ་སྔོན་དགེ་བའི་བཤེས་གཉེན་རྣམས་བསྟེན་པ་དང༌། སྒྲུབ་པ་ལ་འབད་པ་བཅས་ཕུན་སུམ་ཚོགས་པར་བྱུང༌། ད་འདིར་ཚོགས་པ་སྐྱོང་བའམ་ཡང་ན་སྨུགས་སང་དགོན་བཟུང་བ་གང་མོས་ཤིག་དགོས་གསུངས། དེར་བདག་གིས་ཚོགས་པ་སྐྱོང་བ་བྱེད་བསམ་མེད་ཅིང་རི་ཁྲོད་ངེས་མེད་དུ་སྒྲུབ་པ་ཁོ་ནར་མཐའ་འཁྱོལ་བ་ཨི་ཡོང་སྙམས་པ་ཡོད་ཞུས་པས། རྒྱལ་བའི་གདུང་བརྒྱུད་མི་གཅོད་པ་བསྟན་པ་སྐྱོང་བ་ཡིན་ལ། སེམས་ཅན་བློས་མི་གཏོང་བ་གཞན་དོན་བསྒྲུབ་པ་ཁོ་ན་ཡིན་པ་དེ་ལྟ་བུའི་གོང་མའི་རྣམ་ཐར་ལ་སློབ་དགོས་པ་ཡིན་གསུངས། དེ་སོགས་ཞིབ་པར་ཞལ་འཕྲོས་གནང་ཞིང་སྤྱན་སྔར་བཞུགས་པ་ལ། ཉིན་གཅིག་དེར་རྒན་པོ་སེ་ཐུང་བ་རལ་གུ་གྱོནཔ་ཕྱིང་ཞྭ་ཅོག་ཅོག་གྱོན་པ་ཞིག་བྱུང་བས། ཁྱོད་གང་ནས་འོང་བྱས་པས་མདོ་སྨད་ནས་འོང་བྱས་པས། རྩི་བར་ཇ་པ་དང་འགྲོགས་ནས་ཕྱིན་ཟེར། དེ་ནས་ཅི་ཡང་མ་དྲིས་པ་ལ། མི་ཉག་རྒྱལ་པོ་འདས་ནས་ཆོས་རྒྱལ་ཐའི་ཧུ་བྱ་བ་རྒྱལ་སར་འཕོས་ནས་ཡོད། ཁོང་བསོད་ནམས་ཀྱང་ཆེ། དབུས་གཙང་གི་བླ་མ་འགའ་ཡང་མཆོད་གནས་སུ་བཞུགས་ཟེར། དེར་ཚིག་དེས་རྐྱེན་བྱས་མདོ་སྨད་དུ་འགྲོ་འདོད་པ་ཞིག་གིས་དེ་ནུབ་མནལ་ཡང་མ་བྱུང༌། ཕྱི་ཉིན་བླ་མ་རིན་པོ་ཆེ་ལ་བདག་མདོ་སྨད་དང་མི་ཉག་ཡུལ་དུ་འགྲོ་འདོད་པ་ཞིག་བྱུང་བས་བཀའ་གནང་བར་ཞུ་གསོལ་བས། འོ་སྐོལ་ཕ་བུ་མཉམ་དུ་སྡོད་པ་དགའ་ཡང་ཁྱོད་འགྲོ་འདོད་པས་ཤར་ཕྱོགས་སུ་སོང་དང་གདུལ་བྱ་ཡང་ཡོད་གསུངས། དེར་འགྲོ་བའི་ཐག་ཆོད་ནས་འགྲོ་གྲབས་བྱས། བྱིན་རླབས་རྟེན་ཕྱག་རྗེས་དང༌། ཇོ་བོ་ཛམྦྷ་ལའི་སྒྲུབ་ཐབས་ཞིག་ཞུ་སྙམས་ནས་བླ་མའི་མདུན་དུ་བྱོན་པས། ཞུ་མ་དགོས་པར་རིན་པོ་ཆེ་ཚེམས་གཅིག་དང་ཕྱག་རྗེས་རྟེན་དུ་གནང༌། ཛམྦྷ་ལའི་སྒྲུབ་ཐབས་འདི་ཀ་རང་ཡིན་གསུངས། ཟང་ཟིང་གི་རྫོང་ཡང་བཟང་པོ་གནང༌། དེར་ལུས་སྤུ་ཟིངས་སེ་སོང༌། དེར་འབྱོན་པ་ཙ་ན་དར་ཞྭ་རྩེ་ལྔ་བཞེས་ཏེ། དེའང་རང་ལ་དྲིན་ཐོབ་ཀྱི་བླ་མ་ལྔ་ཡོད་དོ། སེམས་ཉིད་ཡིད་བཞིན་གྱི་ནོར་བུ་ལག་བཅང་དུ་ངོ་སྤྲད་པ་དེ་བླ་མ་འབའ་རོམ་རིན་པོ་ཆེའི་བཀའ་དྲིན་ཡིན། ལྟ་བ་ནམ་མཁའ་ལ་མདུང་བསྐོར་བ་འདྲ་བ་དེ་བླ་མ་ཞང་རིན་པོ་ཆེའི་བཀའ་དྲིན་ཡིན། གསང་སྔགས་ཀྱི་ཆོས་ལ་རང་བྱན་ཚུད་པ་དེ་བླ་མ་སངས་རྒྱས་སྒོམ་པ་རིན་པོ་ཆེའི་བཀའ་དྲིན་ཡིན། རྟེན་འབྲེལ་ཕྱོགས་མེད་དུ་འཆར་བ་དེ་བླ་མ་འབྲི་གུང་རིན་པོ་ཆེའི་བཀའ་དྲིན་ཡིན། མོས་གུས་རྒྱུན་ཆད་མེད་པ་དེ་སྟག་ལུང་ཐང་པའི་བཀའ་དྲིན་ཡིན། དེ་ལྟར་རྩ་བའི་བླ་མ་ལྔ་ཡོད་རྟགས་སུ་དར་ཞྭ་རྩེ་ལྔ་གསོལ་བ་ཡིན་གསུངས། དེའང་འབའ་རོམ་དུ་སྔ་ཕྱིར་ལོ་བདུན་བཞུགས་ཤིང་ཡོས་བུ་ལོ་ཁྲུམས་ཟླའི་ཚེས་བཅུ་བདུན་ལ་འགྲོ་བའི་གྲོགས་པོ་འགའ་བྱུང་བ་དང་བཅས། བླ་མ་རིན་པོ་ཆེ་སྟོན་འཁོར་གྱིས་སྐྱེལ་ཐུང་མཛད། རང་ནས་ནམ་ཙམ་ཡར་ཡོང་ཞུས་པས་ཁྱོད་རང་ཤེས་ནས་འོངས་གསུངས་ནས་བཀྲ་ཤིས་སྨོན་ལམ་རྒྱ་ཆེར་མཛད་དེ་བྱོན། དེ་ནས་བྱང་ལམ་བརྒྱུད་ཟླ་སྨད་གླུ་ཐུ་ཟེར་བར་གྲོགས་པོ་བྱང་གྲགས་ཀྱི་གནས་པོ་བྱས་དེར་ཟླ་བ་གསུམ་ཙམ་བཞུགས། དེར་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཞལ་གཟིགས་པས་བར་ཆད་འཕྲང་ལས་གྲོལ་བའི་རྟེན་འབྲེལ་དུ་སྣང༌། དེ་ནས་གདན་ཀློང་ཐང་དུ་ཕེབས་པ་དང་རྟེན་འབྲེལ་ངན་པ་ཞིག་བྱུང་བ་ཡར་ལོག་སྙམ་ཞལ་བུ་མདོར་སླེབས། དེ་ནུབ་རྨི་ལམ་དུ་རྟ་ངང་པ་ཆིབས་པའི་མི་སེར་པོ་གསེར་ཁྲབ་གསེར་ཞྭ་རྨ་བྱའི་སྒྲོ་འཕྲུ་ཅན། གཡས་ཕྱར་དར་གཡོན་ནེའུ་ལེ་འཛིན་པ་ཞིག་གིས་ངའི་ཕོ་བྲང་ཤར་ཕྱོགས་སུ་ཡོད་པས་འདོང་ཟེར་བ་ལ་རྨ་སྤོམ་ར་ཡིན་བསམ་པ་ལ་མིན་པར་འདུག །རྣམ་ཐོས་སྲས་ཀྱི་ལུང་བསྟན་པར་གདའ་གསུངས། དེ་ནས་ཡོབ་ཆེན་ཞེས་པར་ཞག་འགའ་བཞུགས་པར་ནུབ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི་གཟི་བརྗིད་དང་བཅས་པས་འབྱོན་ནས་ཁྱེད་ཀྱི་གདུལ་བྱ་རྩྭ་མིའི་རྒྱལ་ཁམས་ཡིན་པས་མེ་ཉག་ཡུལ་དུ་ཅིས་ཀྱང་བྱོན་ཞེས་ལུང་བསྟན། གཞན་ཡང་ཡུལ་ལྷ་ཀུན་གྱིི་བསུ་བ་བྱུང་གསུངས། ཙོང་ཀའི་ཏྲེ་རོང་དགོན་དུ་བྱོན། སློབ་དཔོན་ཡར་ལུང་པ་སེང་གེ་རྒྱལ་མཚན་དང་དགེ་བཤེས་དེའུ་སོ་བ་གཉིས་ནས་བསུ་བ་སྣ་ལེན་བཟང་པོ་མཛད། དེ་ནས་ལིང་ཅུར་བྱོན་པ་རྒྱལ་པོས་གསན་ནས་གསེར་ཡིག་པ་བཏང་སྟེ་ཆུ་ཤིང་འཛོམས་སར་དགོན་པ་ཟུངས་ཞེས་པའི་བཀའ་ལུང་བསྩལ། དགུང་ལོ་སོ་ལྔ་ལ་ཀཾ་ཆུ་གུ་རུབ་དགོན་བཏབ། བྷ་ཏིར་རྒྱལ་པོ་མཇལ། དེར་གཟི་དགའ་དགོན་བཏབ། མཁར་ལུང་དུ་བླ་ཆེན་དགོན། ཙོང་ཀའི་གོ་ར་དགོན། བྱར་ས་དགོན་ཞེས་ཆོས་སྡེ་ཆེན་པོ་འགའ་ཞིག་བཏབ། དེ་དག་ཚེ་དངོས་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་བར་སྣང་གི་སྤྲིན་གསེབ་ནས་ཀུན་གྱིས་མཐོང་བའི་བཀྲ་ཤིས་བརྗོད་ཅིང་ཅང་ཏེའུ་ཌཱ་མ་རུ་འཁྲོལ་འཇའ་འོད་མེ་ཏོག་གི་ཆར་བཅས་བྱིན་འབེབས་པའི་མཐོང་སྣང་དུ་མ་བྱུང༌། གྲྭ་ཚོགས་ཀྱང་ཁྲི་ཕྲག་ལྷག་ཙམ་རེེ་བྱུང༌། དེ་ནས་རྒྱལ་པོས་འགའ་མཁར་ཕོ་བྲང་དུ་སྤྱན་དྲངས། བསྙེན་བཀུར་ཟླ་མེད་བྱས། རྒྱལ་པོ་བསྙུན་པའི་སྐུ་རིམ་དགེ་བའི་བཤེས་གཉེན་གཙང་པ་བ་དང༌། ཁོང་རྣམ་གཉིས་ཀྱིས་མཛད། རྒྱལ་པོ་བསྙུན་ལས་གྲོལ་བར་གྱུར། དེ་ནས་ཆོས་རྒྱལ་ཐ་ཧུས་རྒྱལ་སྲིད་འཕོས་ཏེ་སྲས་རྒྱལ་རྒོད་རྒྱལ་སར་བཏོན། དུས་རེ་ཞིག་ན་ཧོར་དམག་གི་འགའ་མཁར་འསྐོར་བ་དང༌། ཆུ་ལོག་གིས་ལྕགས་རི་འཇིག་ལ་ཁད་པ་བྱུང་བས། དེར་དམག་ཟློག་ཏུ་མགོན་པོའི་གཏོར་ཆེན་མཛད་ནས་འཕངས་པའི་དུས་བསྐུལ་པ་དུར་ཁྲོད་བསིལ་ཚལ་གྱེར་རིང་སྐབས། མགོན་པོ་ཕྱག་བཞི་པ་ལས་མགོན་གསུམ་གྱིས་བསྐོར་བ་ཞལ་གཟིགས་ནས་ཕར་ཧོར་དམག་ཕྱོགས་སུ་ཆས་པ་མཐོང༌། ཆུ་ལྡོག་པས་ཧོར་དམག་ཕམ་སྟེ་འཚེ་བ་མེད་པར་གྱུར། དེར་རྒྱལ་པོ་རྒྱལ་རྒོད་ཤིན་ཏུ་དད་ཏེ་དབང་བསྐུར་ཞུས། ཏི་ཤྲཱི་ཞེས་བོད་སྐད་དུ་རྒྱལ་བོའི་སྤྱི་བོ་ནས་དབང་བསྐུར་བའི་བླ་མ་ཞེས་པའི་ལས་ཀ་དང༌། འབའ་རོམ་ཤེལ་སྐུ་བཻཌྲུརྻའི་གླེགས་བམ་སོགས་འབུལ་བ་བསམ་མི་ཁྱབ་པར་ཕུལ། དེ་ནས་ཞིན་ཁྱེའུ་ཕྱིན་ཆད་མེ་ཉག་རྒྱ་བོད་ཀྱི་བླ་མ་དགེ་བའི་བཤེས་གཉེན་དང༌། དགེ་འདུན་གྱི་ཚོགས་དང༌། རྒྱལ་པོ་དང་བཙུན་མོ་བློན་པོ་སྐྱེ་བོ་ཕོ་མོ་གྲངས་ལས་འདས་པ་རྣམས་ལ་སྣོད་དང་མཚམས་པར་སྐྱབས་འགྲོ་དང་དགེ་བསྙེན་སོགས་སོ་ཐར་རིས་བརྒྱད། བྱང་ཆུབ་སེམས་བསྐྱེད་དང༌། སྨིན་ལམ་དབང་བསྐུར། གྲོལ་ལམ་གདམས་ཁྲིད་སོགས་ཐར་པའི་ས་བོན་དཔག་བསམ་ཤིང་གི་འབྲས་བུ་ལྟར་བསྐྲུན་པར་མཛད་ཅིང༌། དངོས་པོའི་ཡོ་བྱད་ཐམས་ཅད་ཀྱང་སྦྱིན་བདག་ཚོགས་རྫོགས་བསོད་ནམས་འཕེལ་བའི་ཕྱིར། དངོས་བརྒྱུད་ཀྱི་གདན་ས་རབ་བྱུང་ཐམས་ཅད་ལ་ཕུན་སུམ་ཚོགས་པའི་བསྙེན་བཀུར་མཐའ་ཀླས་པ་དང༌། གསེར་འབུམ་དང༌། རྒྱུད་འབུམ། མདོ་མང་སོགས་པུསྟི་གྲངས་མང་པོ་དག་དང༌། གསེར་སྐུ་དངུལ་སྐུ་བཏགས་སྐུ་སོགས་བཟོ་ཁྱད་དཔེ་མེད་པ་རྣམས། གདན་ས་རྣམས་ལ་འབུལ་སྐྱེལ་ལན་མང་དུ་མཛད་པའོ། །གཞན་ཡང་རྫུ་འཕྲུལ་དང་ངོ་མཚར་བའི་བཀོད་པ་སྟོན་པར་མཛད་པའི་ཚུལ་ནི་རྣམ་ཐར་བསྟོད་པ་ལས། སྐུ་གཟུགས་་གསུང་རབ་མཆོད་རྟེན་གཙུག་ལག་ཁང༌། གྲངས་ལས་འདས་པ་སྐུ་གསུང་ཐུགས་ཀྱི་རྟེན། མངའ་གསོལ་རབ་ཏུ་གནས་པ་མཛད་པའི་ཚེ། ལ་ལ་དག་ཏུ་ཁྲོ་བོས་ཧཱུྂ་སྒྲ་སྒྲོགས། ལ་ལའི་གནས་སུ་བུམ་ཆུ་རང་བཞིན་ཁོལ། ལ་ལའི་གནས་སུ་ཤིང་ལས་པདྨོ་རྡོལ། ལ་ལའི་གནས་སུ་རྟེན་ལ་འོད་ཟེར་འབྱུང༌། ལ་ལ་དག་ལ་མེ་ཏོག་རང་འབྱར་ཏེ། ལ་ལ་དག་ལ་ལྡུམ་རའི་མེ་ཏོག་ཆགས། དག་པའི་རྒྱལ་ཁམས་ཆོས་ལ་སྤྱོད་པའི་ས། མི་རིགས་མི་མཐུན་སྐད་རིགས་བརྒྱད་ཀྱི་ཡུལ། རྒྱལ་བློན་འབངས་དང་བཅས་པ་བྱེ་བ་རྣམས། སྲོག་གི་ཕྱིར་ཡང་དམ་ཆོས་མི་གཏོང་ཞིང༌། མི་ཕྱེད་དད་པ་ཐོབ་མཛད་ཆོས་ཀྱི་རྗེ། བསྡུ་བཞིས་འགྲོ་བ་འདྲེན་པའི་རིན་པོ་ཆེ། ལུང་བསྟན་མཆོག་ཐོབ་ཁྱོད་ལ་ཕྱག་འཚལ་བསྟོད། ཞེས་པ་ལྟར་རོ། །དེ་ནས་བྱང་ཕྱོགས་ཇུས་ཟི་ནམ་ཞེས་པའི་ས་མཚམས་སུ་བདེ་གཤེགས་འོད་སྲུང་བཞུགས་གནས་ཙཱིར་ཁབ་ཞེས་པའི་ལྷ་ཁང་ཁྱད་འཕགས་ཡོད་པ་རྙིང་ཧྲུལ་དུ་གྱུར་པ་ཉིད། སླར་དངོས་པོ་རྒྱ་ཆེན་པོས་ཕྱི་ནང་གསར་བསྐྲུན་ཁྱད་འཕགས་གྲུབ་རྗེས་རབ་གནས་ཕུན་ཚོགས་བགྱིས་པ་དེ་ལྟ་བུའི་རྙིང་པ་གསར་བཟོས་དང་གསར་པ་བཟོ་བསྐྲུན་བཞེངས་པ་སོགས་ཕྱི་སྣོད་ནང་བཅུད་འཛོམས་པ་ལྷ་མིའི་དད་པའི་རྟེན་དུ་བཞེངས་པ་ངོ་མཚར་བརྗོད་ལས་འདས། ཡང་འགའ་མཁརདུ་ཐུགས་དམ་ལ་བཞུགས་པའི་ཚེ། ཡུལ་ཁམས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་རྟ་ལ་ཆིབས་ནས་བྲོས་པ་ལྟར་རིང་པར་བྱོན་པའི་རྗེས་སུ་གནམ་ཐེལ་དཀར་པོ་སྡིག་པའི་གཟུགས་ཅན་མགོ་བོས་ནམ་མཁའ་ཁེངས་པ་ཁ་གདངས་པ་ཤར་ངོས་ནས་འགའ་མཁར་དུ་བྱུང་ཞིང༌། དེར་བྱམས་པའི་ཐུགས་རབ་ཏུ་བསྐྱེད་དེ་ཡི་དམ་འཁོར་ལོ་སྡོམ་པའི་སྐུར་བཞེངས་ནས་སེམས་ཅན་དེའི་ཐད་དུ་བྱོན་པས། དེ་ཉིད་ཁ་བཙུམ་ནས་རྒྱལ་ཆེན་ཕྱི་ནས་ཕར་བྲོས་པར་སྣང་གསུངས། ད་ལན་མི་འཆོར་ལར་ནི་མི་གཏོང་ཞེས་ལུང་བསྟན་པར་མཛད། དེའང་དམག་མ་བཟློག་པ་མ་ཡིན་ཏེ། ལྕགས་སྤྲེལ་ནས་ཤིང་བྱ་བར་གྱི་ལོ་ཉེར་དྲུག་ལ་དམག་བཟློག་པ་ཡིན་ཏེ། མཐར་ནི་བཅོམ་ལྡན་འདས་ཀྱིས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་པ། ཞེས་གསུངས་པས་ལྟར་རོ། དགུང་ལོ་རེ་གསུམ་ཐོག་དེ་ནས་བོད་དུ་འབྱོན་པ་ལ་རྒྱལ་བློན་སོགས་ཀྱིས་བཤོལ་བཏབ་ཀྱང་མ་ཐེབས་པར་བོད་དུ་བྱོན། ཤར་འོ་དེ་རལ་གསུམ་སོགས་བརྒྱུད། དགེ་བསྙེན་སེང་རུ་ངང་ཡག་གིས་བསུ་བ་བྱས། དེ་ཤོད་རག་ཉག་ཏུ་བཞུགས་པའི་སྐབས་ཉམས་ཀྱི་སྣང་བར་མདུན་གྱི་ནམ་མཁར་སྣ་ཚོགས་རིན་ཆེན་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེ་རྣལ་འབྱོར་མ་སྒེག་འཛུམ་བཞད་པའི་ཉམས་ཅན་གསལ་བར་གཟིགས་པའི་ཞལ་ནས་ཐབས་གྲོལ་གྱི་གདམས་པ་ཟབ་མོ་བསྟན་པ་ཐུགས་སུ་ཆུད་པར་གྱུར་པའི་རྗེས་སུ་སྐུ་ལ་ཐིམ་པའི་སྣང་ཚུལ་བྱུང་ཞིང་སྐུ་ལ་བཟོད་མེད་ཀྱི་བདེ་བ་འབར་བ་དང༌། ཐུགས་ལ་ཆོས་ཉིད་གསང་བ་བསམ་མི་ཁྱབ་པའི་དོན་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར། དེ་ནས་བྱང་ལམ་ནས་བརྒྱུད་དེ་འབའ་རོམ་དུ་ཕེབས། བསུ་བ་དང་སེར་སྦྲེང་མཛད། གདན་སར་དབོན་རིན་པོ་ཆེ་ལ་འབུལ་བ་དང༌། དགེ་འདུན་རྣམས་ལ་བཀའ་ཆོས་དང་ཕྱག་འགྱེད་ཕུལ། དེ་ནས་འབྲི་སྟག་གི་འཁྲུགས་པ་རྣམས་བཟླུམས་ནས་ཚལ་དང་ཡེར་སོགས་བླ་མའི་གདན་ས་སོ་སོའི་དབོན་རྣམས་དང་དགེ་འདུན་རྣམས་ལ་འབུལ་བ་ཕྱག་འགྱེད་དང་ཆོས་འབྲེལ་རིམ་པར་གནང་ནས་སླར་འབའ་རོམ་དུ་བྱོན། དེར་རྟེན་མཆོད་ཁང་རྣམས་ལ་རབ་གནས་རྟེན་བཞུགས་རྒྱས་པ་དང་དགེ་འདུན་ཚོགས་ལ་ཞལ་ཏ་ཞིབ་རྒྱས་མཛད་ནས་སྐྱེལ་མ་དང་བཅས་སླར་ཁམས་ལ་ཕེབས་པར་གདའ། དེ་ནས་སྤམ་ནེ་གེ་ཐང་ནས་བཀའ་བརྒྱུད་བླ་མ་རྣམས་ཞལ་གཟིགས་ནས་བཀའ་བཞིའི་གདམས་པ་གནང་བ་ལ་ཟབ་ལམ་བསྟན་བཅོས་མཛད། ཀ་ཐོར་ཕུག་ནས་རྣམ་སྲས་ཞལ་གཟིགས། རོག་སྤར་གོང་ནས་མགོན་པོ་ཞལ་གཟིགས། རོ་གད་བཞུགས་ཚེ་སྤྱན་རས་གཟིགས་ཞལ་གཟིགས། ཟླ་ཉིན་ལྕགས་ལ་སྒང་བཞུགས་ཚེ་ཨ་ཏི་ཤ་རྣལ་འབྱོར་ཆས་ཅན་བཙུན་མོ་གཉིས་ཀྱིས་བརྟེན་པ་ཞལ་གཟིགས་ནས། ང་ཡི་ཉན་ཐོས་སྡེ་པ་བཅོ་བརྒྱད་པོ་འདི་ཁྱོད་ལ་གཏད་པ་ཡིན་པས་ཟུངས་ཤིག་ཅེས་གསུངས་པའི་གཟིགས་སྣང་བྱུང་གསུངས། ཕྱིས་ཆོས་བརྒྱུད་ལ་སྒོམ་སྡེ་རི་ཁག་བཅོ་བརྒྱད་འབྱུང་བའི་ལུང་བསྟན་དུ་གོ །མཆན༌། སྐྱོ་ལྡག་ན་མོ་ཆེར་སྒར་ཕབ་ནས་བཞུགས་པའི་སྐབས། ཉིན་གཅིག་སློབ་དཔོན་ཅུང་པོ། མཁན་པོ་རབ་སྦྲེང་བ། རོང་ཀ་མཁན་པོ། དགོན་པ་བ་སོགས་དགེ་འདུན་མང་བར་བཞུགས་པ་ལ་གཟིམས་གུར་གཤམ་ཁྱོག་གསུངས་ནས་མཐའ་འདིར་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་ནས་འདུག་པ་ཨེ་མཐོང་གསུངས། དེར་གཟིམས་གཡོག་ཤེས་རབ་རྡོ་རྗེ་ལ་འདིར་གཙུག་ལག་ཁང་དང་སྒྲུབ་པ་པོ་སེམས་ཅན་ལ་ཕན་ཐོགས་པ་མང་པོ་ཡོང་བར་འདུག །ཁོ་བོས་དེ་སྐད་ཟེར་གྱིས་ལ་བྲག་རྩ་ཆུ་མིག་མི་འཕོག་པར་ཡི་གེ་ཐོབ་གསུངས། དྲུང་དུ་འཁོད་པ་རྣམས་ལ། འདིར་དགོན་པ་ཆེན་པོ་འབྱུང་གི་དང་པོ་སངས་རྒྱས་ཀྱི་སྒྲུབ་གནས། བར་དུ་ཚོང་འདུས་ཆེན་མོ། ཐ་མ་ཇག་པའི་རྐུང་ལུང་ཡོངས་བར་འདུག་གསུངས། ཡུན་ཅི་ཙམ་གནས་ཞུས་པས་ཡུན་འབྲིང་ཙམ་ལས་མི་གནས། སྔར་ཞང་རིན་པོ་ཆེའི་འཁྲུགས་པ་བྱེད་དགོས་གསུངས་པ་ལ་ཁོ་བོས་མ་བྱས་པ་དང༌། འདིར་ཕྱིན་དུས་ཕ་ཀིར་སྤྱང་ཕོ་རང་གཉིས་རྩོད་པ་འདུག་པས། དེའི་རྟེན་འབྲེལ་གྱིས་མཐར་གདན་ས་བ་གཉིས་སུ་གྱེས་ནས་འཇིག་སླ་བར་འདུག་གསུངས། ཡུལ་དེའི་གཞི་བདག་རྫ་ངང་པ་ཡིན་ཟེར་བའི་ན་སོ་ཅུང་རྒན་པ་དར་གྱི་ལ་ཐོད་བཅིངས་པ་ཆོས་རྒྱུས་ཞིབ་པ་གཅིག་གིས་ཆོས་ཞུས། རྫ་རྒྱལ་ཆམ་ཕུ་དུང་རྣ་སྤོ་ར་ལོ་བཅས་ཟླ་རྒྱུད་གཞི་བདག་རྣམས་ལ་ཆོས་གསུངས། དེར་བཞུགས་རིང་བུ་སློབ་རྣམས་ལ་ཆོས་མང་དུ་གནང༌། ཁྱད་པར་དུ་འོ་སྐོལ་རྣམས་མར་མེ་སྣུམ་ཟད་པའམ། རྫིང་གི་ལྟག་ཆུ་ཆད་པ་འདྲ་གསུངས་མི་རྟག་པའི་ཆོས་དུ་མ་དང༌། ང་གར་ཡོད་ཀྱང་ཁྱེད་རྣམས་ཀྱི་ཅི་བྱེད་ལྟ་བ་ཡིན་གསུངས། ཅུང་ཟད་སྐུ་ཁམས་མ་བདེ་ནས་སྐུ་མཚམས་བཅད་ཀྱི་ཚུལ་དུ་བཞུགས་པ་ལ། རྩི་བ་དང་བེ་རི་མ་འགྲིགས་ནས་ཕེབས་དགོས་ཟེར་བའི་གདན་ཞུས་པ་བྱུང༌། བུ་སློབ་རྣམས་ཀྱིས་མི་ཕེབས་པར་ཞུས་ནའང་ཁོང་རྣམས་ལ་ཕན་ན་ང་མ་བདེ་བས་མི་ལྟོ་གསུངས་ཏེ་ཕེབས། འཁྲུགས་པ་བཟླུམ། ཚུར་ཕེབས་ལམ་ཀོ་མཛོ་དགོན་དུ་བྱོན། དགེ་འདུན་རྣམས་ཀྱིས་འབུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཀྱི་སྐུ་རིམ་མང་དུ་ཕུལ་ཀྱང་སྐུ་ཁམས་དྭངས་སྐྱེད་མ་བྱུང༌། དེ་ནས་འབའ་རོམ་སྒྲུབ་ཕུག་དེར་ཡན་ལག་བདུན་པ་ཕུལ། དེར་འདུས་ཀྱི་གྲྭ་བུ་སློབ་རྣམས་དང༌། སྐྱེས་ཕོ་མོ་རྣམས་ལ་ཞལ་ཏ་གནང༌། དེ་ནས་སྒར་པ་བཏེགས་ནས་ཡོས་ཕུར་ཕེབས་པ་དང༌། སྤྲེལ་ལོ་ཟླ་བ་ལྔ་པའི་ཚེས་གཅིག་སྐར་མ་ལག་སོར་ཤར་རིའི་རྩེ་ནས་ཐོན་པ་དང་གཟུགས་སྐུའི་དཀྱིལ་འཁོར་བསྡུས། སྐུ་གདུང་འདོ་ལི་ཁར་གདན་དྲངས་ནས་རྫ་ཆུ་ལ་གྲུ་གཟིང་མི་ཐེབས་པ་ལ། སེམས་སྐྱེ་མེད་མའི་གསོལ་འདེབས་མཛད་ཟླ་ཆུ་སྐད་ཅིག་ཏུ་འཕང་དམའ་ནས་གདུང་སྒར་པ་ཕར་ཁར་ཐོན་པ་ངོ་མཚར་དུ་གྱུར་ཏོ། དེ་ནུབ་མེར་ཆུང་ཞོར་དུ་ཕེབས། ཟླ་རྒྱུད་ཐམས་ཅད་འོད་ཀྱིས་ཁྱབ་པར་གྱུར། ཚེས་བཞི་ལ་མེར་ཆེན་ཞོར་དུ་གདུང་སྦྱངས། དེའི་ཚེ་དུད་པའི་ནང་ནས་རིན་པོ་ཆེ་དབུ་ཞྭ་རྩེ་ལྔ་བཞེས་ནས་ནམ་མཁའ་ལ་འཕུར་བ་སོགས་དག་པའི་མཐོང་སྣང་མཐའ་ཡས། འཇའ་འོད་མེ་ཏོག་གི་ཆར་ཆེན་བབས་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང༌། དགེ་སློང་དགེ་འདུན་ཚོགས་སྐྱེ་བོ་འབུམ་ཕྲག་ལྷག་ཙམ་དང་བུ་སློབ་དཔོན་རིགས་རྣམས་ལ་དངོས་རྫས་བཏང་ཁྱད་པར་མང་གྷ་རྡའི་བྱང་ཆུབ་ཆེན་པོ། འཕགས་པ་ཤིང་ཀུན་རྣམས་སུ་འབུལ་བ་བསྐྱེལ། གདུང་རིང་བསྲེལ་བྱོན་ཚུལ་ལ། ཐུགས་ལྗགས་སྤྱན་གསུམ་དང་བདེ་མཆོག་ཡབ་ཡུམ་སྤྱན་གཟིགས་སོགས་སྐུ་རྟེན། ཡ་ར་ལ་བ་ཧཱུྃ་བྃ་གསུང་རྟེན། རིང་བསྲེལ་ཁ་དོག་ལྔ་ལྡན་ཐུགས་རྟེན། དུང་གཡས་འཁྱིལ་སོགས་ངོ་མཚར་རྨད་དུ་བྱུང་བ་དུ་མ་བྱོན། རྗེ་འགྲོ་བའི་མགོན་པོ་དེ་ཉིད་ལ་རྒྱ་བོད་མེ་ཉག་སོགས་སློབ་མ་གྲངས་ལས་འདས་པ་སྨོས་ཀྱིས་མི་ལངས་ཏེ། གཙོ་བོར་གྱུར་པ་ནི། སྤྱན་སྔར་རས་པ་དཀར་པོ། སློབ་དཔོན་གུར་དཀར་བ། ས་སྐྱ་པཎྜི་ཏ། རིགས་དབོན་བཟང་སྐྱོང་བ། ཡུལ་སྐྱོང་ཆེན་པོ། མཁན་པོ་རབ་སྦྲེང་བ། མཁན་པོ་ཤེས་རབ་ཉི་མ། སྐྱེ་ཤོད་པ། མང་སྒོམ་རས་པ། ཤེས་རབ་རྡོ་རྗེ། དགེ་བཤེས་ཅུང་པོ། རོང་ཁ་མཁན་པོ། སློབ་དཔོན་ཇོ་སྲས། བྲ་བོ་དབང་ཕྱུག །རྦད་ཆུ་སྒོམ་པ། དགེ་སློང་གྲགས་ཡེ། མོང་གོལ་འཕགས་པ། སློབ་དཔོན་གྱོ་སོགས་བསམ་གྱིས་མི་ཁྱབ་པ་བྱུང་ངོ།


previous༈ རྩ་བའི་གཉིས་པ་འགྲོ་བའི་མགོན་པོ་ཏི་ཤྲཱི་རས་པའི་རྣམ་ཐར་མདོར་བསྡུས་ནི། next