cover

དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་བླ་ཆེན་བཞིའི་རྣམ་ཐར་མདོར་བསྡུས།

འབའ་རོམ་ནང་བསྟན་མཐུན་ཚོགས།

འབའ་རོམ་ནང་བསྟན་མཐུན་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འབའ་རོམ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ་འབའ་རོམ་དར་མ་དབང་ཕྱུག

འབའ་རོམ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ། རྗེ་འདི་ཉིད་ཡབ་གནས་བརྟན་སྟོོན་པ་དང་ཡུམ་ཇོ་མོ་ལོ་ཆུང་མ་གཉིས་ལ་སྲས་གསུམ་ཡོད་པའི་འབྲིང་བ་རུ་རབ་བྱུང་གཉིས་པའི་མེ་ལུག་ཕྱི་ལོ་ ༡༡༢༧ ལོར་འཕན་ཡུལ་གྱི་ཀ་བ་ཡུལ་སྣ་ཞེས་པར་སྐུ་འཁྲུངས། མཚན་འབུམ་སྐྱབས་གསོལ། དགོངས་ལོ་བརྒྱད་ལ་ཕེབས་སྐབས་མཁན་པོ་ཀ་བ་དར་མ་སེང་གེ་དང་། སློབ་དཔོན་དབང་ཕྱུག་གཞོན་ནུ་གཉིས་ལས་རབ་ཏུ་བྱུང་། མཚན་དར་མ་དབང་ཕྱུག་གསོལ། དགེ་བཤེས་བྱ་ཡུལ་བ་དང་པོ་ཏོ་བའི་བུ་ཆེན་གྲུམ་བུ་ལུང་པ་ལས་བཀའ་གདམས་ཀྱི་ཆོས་སྐོར་རྣམས་གསན། དགོངས་ལོ་ཉི་ཤུ་རྩ་གཅིག་ལ་ཕེབས་སྐབས་སྒམ་པོར་བྱོན་ཞིང་དེ་ནས་བཟུང་རྗེ་སྒམ་པོ་པ་དང་བླ་སློབ་ཏུ་གྱུར་ཏེ་བཀའ་བརྒྱུད་ཀྱི་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་། དཀའ་ཚེགས་མེད་པར་རྟོག་པ་གཅིག་ཅར་དུ་འཁྲུངས། རྒྱུན་དུ་ཆོས་རྗེ་རིན་པོ་ཆེའི་ཆིབས་ཁ་བ་མཛད། རིན་པོ་ཆེ་ཆིབས་པས་བསྐྱོད་པར་ས་ལ་མ་ལྷུང་བར་བརྩན་གྱིས་བར་སྣང་ནས་བླངས་བར་མཛད་པ་སོགས་སྐུ་སྲོག་གི་བར་ཆད་ཆེན་པོ་བཞི་བསལ། རྗེ་དྭགས་པོ་རིན་པོ་ཆེས་བུ་ཁྱོད་རྒྱ་གར་གྱི་གྲུབ་ཐོབ་བརྒྱད་བཅུ་ནང་གི་བརྟུལ་ཞུགས་སྤྱོད་པ་ནག་པོ་ཆེན་པོར་གྲགས་པ་དེ་ཡིན་གསུངས། རྗེ་རིན་པོ་ཆེས་ཞལ་ནས། ཚོགས་པ་བདུན་བརྒྱའི་ནང་ནས། གནས་བརྟན་ཡུལ་སྣ་བ་དར་མ་དབང་ཕྱུག་དང་། མགར་སྒོམ་དཀར་པོ་གཉིས་ལས་ཉམས་རྟོགས་ཆེ་བ་སུ་ཡང་མེད་གསུངས། ང་རང་གི་དཔེ་ཁུག་ཁྱེར་ལ་ཤོག དཔེ་ཆ་ཡོད་ཚད་ཁྱོད་ལ་སྟེར་དང་བྱང་འབའ་རོམ་ཞེས་བྱ་བ་མར་པའི་སྒྲུབ་གནས་ཏི་སེའི་གངས་རྒྱུད་མ་ཆད་པའི་གནོད་སྦྱིན་གངས་བ་བཟང་པོའི་གནས་དེར་སོང་ལ་སྒྲུབ་པ་གྱིས་དང་གདུལ་བྱ་ཡོད་གསུངས། དགོངས་ལོ་ཉེར་བརྒྱད་ལོར་བྱང་འབའ་རོམ་དུ་ཕེབས་ནས་ལོ་བདུན་གྱི་བར་དུ་སྒྲུབ་པ་མཛད་ཅིང་ཕལ་ཆེར་ཏིང་ངེ་འཛིན་གྱིས་དངོས་སུ་འཚོ་བ་བྱུང་། དེ་སྐབས་བཀའ་བརྒྱུད་ཀྱི་མགུར་ཆེན་ཉི་ཤུ་རྩ་དགུའི་སྐོར་རྣམས་གསུངས། དེ་ནས་ཁམས་སུ་བྱོན། སྐྱོ་དུ་སྐམ་བྲག་ལ་ལོ་གསུམ་བཞུགས། ཀོ་མཛོ་དང་ལོ་སྡེ་དགོན་བཏབ། རབ་བྱུང་གསུམ་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༡༥༨ ལོར་ནག་ཆུ་ས་ཆར་རི་བོ་ཆེ་བཏབ། བདེ་སྟོང་ཕྱག་རྒྱ་ཆེན་པོ་དང་གནས་ལུགས་ཕྱག་རྒྱ་ཆེན་པོ་མདོ་སྔགས་ཟུང་འབྲེལ་གྱིས་ཉམས་བཞེས་མཛད་པས་སློབ་མ་མང་དུ་འདུས་པ་དང་། དེ་ནས་འབའ་རོམ་བཀའ་བརྒྱུད་ཞེས་པའི་གྲུབ་མཐའ་དར། མཐར་དགོངས་ལོ་བདུན་བཅུ་རྩ་གསུམ་པ་རབ་བྱུང་གསུམ་པའི་ས་ལུག་ཕྱི་ལོ་ ༡༡༩༩ ལོ་ས་ག་ཟླ་བའི་ཚེས་གཉིས་ཀྱི་ནམ་ཕྱེད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞི་བར་གཤེགས་སོ། །

གདན་ས་ནི་ཁོང་གི་གདུང་རྒྱུད་རྣམས་ཀྱིས་རིམ་པར་བསྐྱངས། སློབ་མ་དུ་མ་བྱོན་པའི་ནང་ནས། བུ་ཆེན་བཞི་ནི། རྩེ་བྲོམ་དབང་ཕྱུག་སེང་གེ བྲན་ཀ་ཇོ་བཙུན་ནམ་མཁའ། བླ་མ་ལྷོ་པ། སྟོན་པ་རིན་ཆེན་བླ་མ་དང་བཞི། ཉེ་བའི་སྲས་བཞི་ནི། བྲན་ཀ་ལྷ་སྟོན་པ། གཞོན་ནུ་གྲགས། ཁྱིམ་སེ་ཨཱརྱ་དཱེ་ཝ། ལྷ་རྗེ་བློ་གྲོས་མཆོག་དང་བཞི། ཐུགས་སྲས་བཞི་ནི། འབྲི་གུང་པ་རིན་ཆེན་དཔལ། བླ་མ་ཉིན་སྒོམ་པ། བླ་མ་དཔལ་རྒྱལ། སེངྒེ་རྒྱལ་མཚན་དང་བཞི། བརྒྱུད་འཛིན་གྱི་སྲས་གཉིས་ནི། རིག་དབོན་ཤེས་རབ་དབང་ཕྱུག འགྲོ་མགོན་ཏི་ཤྲཱི་ཤེས་རབ་སེངྒེ་དང་གཉིས་ལ་སོགས་པ་བགྲང་གི་མི་ལང་བ་མང་དུ་བྱོན་ནོ། །

མཛད་ཆོས། བདེ་མཆོག་དང་ཕག་མོའི་སྒྲུབ་སྐོར། ཆོས་དྲུག་གི་ཁྲིད་རྒྱས་པ། གནད་ཆོས་བཅུ་གསུམ། བསྟོད་ཚོགས་ཞལ་གདམས་སྐོར་དང་རྡོ་རྗེའི་མགུར་སོགས་མང་དུ་མཛད།

འགྲོ་མགོན་ཏི་ཤྲཱི་ཤེས་རབ་སེངྒེ།

ཡུལ་འབྲོག་གི་སྤ་ཚབས་ཀྱི་ས་ཁུལ་ཤོད་ཆེན་བཞིའི་དང་པོ་འདམ་ཤོད་སྣར་མོ་ས་ཁུལ་དུ་ཕྱེས་པ་རག་ཁྲོམ་དབུ་མ་རུ་རབ་བྱུང་གསུམ་པའི་ཤིང་ཕོ་སྤྲེལ་ཕྱི་ལོ་ ༡༡༦༤ ལོ་ལ་ཡབ་རྗེ་དར་ཁྲ་བོ་དང་ཡུམ་སྐ་བཟའ་ཀླུ་ལྕམ་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུང་དུས་མཚན་ཧོར་གྲགས་ཞུ། དགུང་ལོ་བརྒྱད་ནས་སློབ་དཔོན་དབང་སེང་ལས་ཡི་གེ་འབྲི་ཀློག་དང༌། རྩིས་དང་ཐ་སྙད་མང་པོ་ཐུགས་སུ་ཆུད་པར་བསླབ། དགུང་ལོ་བཅུ་གསུམ་ཐོག་བླ་མ་རིན་པོ་ཆེ་འབའ་རོམ་པ་མཇལ། དགུང་ལོ་ཉེར་ལྔ་སྤྲེལ་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་རབ་ཏུ་བྱུང༌། དགུང་ལོ་སོ་གཉིས་ཐོག་འབྲི་གུང་གདན་ས་མཐིལ་དུ་མཁན་པོ་ཐག་མ་དཔལ་ཆེན་དང༌སློབ་དཔོན་གུ་ར་བ་གཉིས་ལས་བསྙེན་རྫོགས་མཛད། བླ་མ་རིན་པོ་ཆེ་འབའ་རོམ་པ་ལ་མདོ་སྨད་དང་མི་ཉག་ཡུལ་དུ་འགྲོ་བར་ཞུས་པས་བཀའ་གནང་། མེ་ཉག་གི་ཡུལ་དུ་ཀཾ་ཆུ་གུ་རུབ་དགོན། གཟི་དགའ་དགོན། མཁར་ལུང་དུ་བླ་ཆེན་དགོན། ཙོང་ཀའི་གོ་ར་དགོན། བྱར་ས་དགོན་ཞེས་ཆོས་སྡེ་ཆེན་པོ་འགའ་ཞིག་བཏབ། གྲྭ་ཚོགས་ཀྱང་ཁྲི་ཕྲག་ལྷག་ཙམ་རེ་བྱུང༌། ཕྱི་ལོ་ ༡༢༡༩ ལ་མེ་ཉག་རྒྱལ་པོ་རྒྱལ་རྒོད་ཤིན་ཏུ་དད་དེ་དབང་བསྐུར་ཞུས། ཏི་ཤྲཱི་ཞེས་བོད་སྐད་དུ་རྒྱལ་བོའི་སྤྱི་བོ་ནས་དབང་བསྐུར་བའི་བླ་མ་ཞེས་པའི་ལས་ཀ་དང༌། འབའ་རོམ་ཤེལ་སྐུ་བཻ་ཌུརྱའི་གླེགས་བམ་སོགས་འབུལ་བ་བསམ་མི་ཁྱབ་པར་ཕུལ། དགུང་ལོ་རེ་གསུམ་ཐོག་རྒྱལ་བློན་སོགས་ཀྱིས་བཤོལ་བཏབ་ཀྱང་མ་ཐེབས་པར་བོད་དུ་བྱོན། འབྲི་སྟག་གི་འཁྲུགས་པ་རྣམས་བཟླུམས། ཚལ་དང་ཡེར་སོགས་བླ་མའི་གདན་ས་སོ་སོར་འབུལ་བ་ཕྱག་འགྱེད་དང་ཆོས་འབྲེལ་རིམ་པར་གནང་ནས་སླར་འབའ་རོམ་དུ་བྱོན། རྩི་བ་དང་བེ་རི་མ་འགྲིགས་ནས་ཕེབས་དགོས་ཟེར་བའི་གདན་ཞུས་པ་བྱུང༌། བུ་སློབ་རྣམས་ཀྱིས་མི་ཕེབས་པར་ཞུས་ནའང་ཁོང་རྣམས་ལ་ཕན་ན་ང་མ་བདེ་བས་མི་ལྟོ་གསུངས་ཏེ་ཕེབས། འཁྲུགས་པ་བཟླུམ། དགེ་འདུན་རྣམས་ཀྱིས་སྐུ་རིམ་མང་དུ་ཕུལ་ཀྱང་སྐུ་ཁམས་དྭངས་སྐྱེད་མ་བྱུང༌། དེ་ནས་སྒར་པ་བཏེགས་ཏེ་ཡོས་ཕུར་ཕེབས་པ་དང༌། དགུང་ལོ་དོན་གསུམ་པ་རབ་བྱུང་བཞི་པའི་མེ་སྤྲེལ་ཕྱི་ལོ་ ༡༢༣༦ ལོ་ཟླ་བ་ལྔ་པའི་ཚེས་གཅིག་ལ་ཡུས་ཕུ་ལྷ་ལྕམ་དུ་སྐུ་གཤེགས།

རྗེ་འགྲོ་བའི་མགོན་པོ་དེ་ཉིད་ལ་རྒྱ་བོད་མེ་ཉག་སོགས་སློབ་མ་སྨོས་ཀྱིས་མི་ལངས་ཏེ། གཙོ་བོར་གྱུར་པ་ནི། སྤྱན་སྔར་རས་པ་དཀར་པོ། སློབ་དཔོན་གུར་དཀར་བ། ས་སྐྱ་པཎྜི་ཏ། རིགས་དབོན་བཟང་སྐྱོང་བ། འདི་མེ་ཉག་རྒྱལ་པོ། མཁན་པོ་རབ་སྦྲེང་བ། མཁན་པོ་ཤེས་རབ་ཉི་མ། སྐྱེ་ཤོད་པ། མང་སྒོམ་རས་པ། ཤེས་རབ་རྡོ་རྗེ། དགེ་བཤེས་ཅུང་པོ། རོང་ཁ་མཁན་པོ། སློབ་དཔོན་ཇོ་སྲས། བྲ་བོ་དབང་ཕྱུག །རྦད་ཆུ་སྒོམ་པ། དགེ་སློང་གྲགས་ཡེ། མོང་གོལ་འཕགས་པ། སློབ་དཔོན་གྱོ་སོགས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །

བརྩམས་ཆོས་ལ། བཀའ་བརྒྱུད་གསེར་འཕྲེང་། འབའ་རོམ་འབྲི་གུང་སྟག་ལུང་གསུམ་གྱི་རྣམ་ཐར་ཡིད་བཞིན་ནོར་བུ། བདེ་མཆོག་རྒ་ལོའི་ལུགས་ཀྱི་སྒྲུབ་སྐོར། ར་ལུགས་ཕག་མོ་ལྷ་བདུན་མའི་སྒྲུབ་སྐོར། བདེ་མཆོག་ཚོགས་འཁོར་ནང་མཆོད། ཆོས་དྲུག་དང་ཕྱག་ཆེན་གྱི་སྐོར། ལམ་གཅིག་ཆོད་ཀྱི་གདམས་པ། རབ་གནས་ཆོ་ག མགོན་པོ་ཕྱག་བཞི་པའི་སྒྲུབ་སྐོར། ཚེ་སྒྲུབ་མདོས་སྐོར། ས་སྐྱ་པཎ་ཆེན་ལ་གདམས་པ་སོགས་ཞལ་གདམས་གྱི་སྐོར་དང་རྡོ་རྗེའི་མགུར་སོགས་པོ་ཏི་བཞི་ཙམ་མཛད།

ཤེས་རབ་བྱང་ཆུབ།

སྐུ་འཁྲུངས་པའི་ཡུལ་མེ་ཉག་འགའ། གདུང་སར་ཆུ། རབ་བྱུང་གསུམ་པའི་ས་ཕོ་རྟ་ཕྱི་ལོ་ ༡༡༩༨ ལ་སྐུ་བལྟམས། འགྲོ་མགོན་ཏི་ཤྲཱི་རས་པའི་མདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ཤེས་རབ་བྱང་ཆུབ་ཏུ་གསོལ། ཕྱི་ནང་གི་ཆོས་ཐམས་ཅད་ལ་གསན་སྦྱོང་དཔག་ཏུ་མེད་པ་མཛད། ཁྱད་པར་དུ་ནཱ་རོ་ཆོས་དྲུག་དང་ཕྱག་ཆེན་གྱི་ཁྲིད་མཛད་པ་ཙམ་གྱིས་རྟོགས་པ་གཅིག་ཆར་དུ་སྐྱེས། རྩེ་གཅིག་ཏུ་བསྒོམས་པས་རྩ་རླུང་ལ་རང་དབང་ཐོབ་ཅིང་གནད་དུ་བསྣུན་པས་བྱང་སེམས་སྐུ་ལུས་ལ་ཁྲེམ་པས་ཞལ་རས་བཅོ་ལྔའི་ཟླ་བ་ཉ་རྒྱས་པ་ལྟར་ངང་ལམ་མེ་ཡོད་པས། དེའི་དོན་གྱི་མཚན་རས་པ་དཀར་པོ་ཞེས་ཐོགས། ཏི་ཤྲཱི་རས་པའི་སྐུ་འབུམ་གྱི་ས་དེ་ཉིད་དུ་སྒར་པ་བཞུགས་ཤིང་བླ་མ་རིན་པོ་ཆེའི་གདུང་འབུམ་ཆེན་མོ་ཞག་ལྔ་བཅུ་ནས་གྲུབ། བཞུགས་ཁང་ཇོ་ཐོག་གྷཉྫི་ར་དང་བཅས་པ་བླ་ན་མེད་པ་བཞེངས། རབ་གནས་ཀྱི་དུས་སུ་རིན་པོ་ཆེས་དབུ་ཞྭ་རྩེ་ལྔ་བཞེས་ནས་ནམ་མཁར་བཞུགས་པའི་མཐོང་སྣང་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་ཤིང་འགྲོ་རྣམས་ཚོགས་གཉིས་རྫོགས་པའི་རྟེན་དུ་གྱུར། མེ་ཕོ་སྤྲེལ་ལ་བཞུགས་ཡུལ་གྱི་གཟིམས་ཁང་དང་དགོན་པ་འདེབས་པར་མཛད་པ་ཡང༌། སྐུ་འབུམ་རྩ་པ་ཟེར། ཧོར་སེ་ཆེན་རྒྱལ་པོ་ལ་རྒྱལ་བུ་གཽ་པེ་ལར་གྲགས་པའི་དུས་ཟླ་རྒྱུད་དུ་དམག་དྲངས་ནས་མདོ་སྨད་དུ་བྱོན། རས་པ་དཀར་པོ་དཔོན་སློབ་དང་གུང་པ་ཨའུ་སོགས་མཇལ་དུ་ཕེབས་ཤིང༌། སྐུ་འབུམ་ཆེན་མོའི་དོན་དུ་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་ཞུས་པས། རས་པ་དཀར་པོ་ལྷ་ཆོས་ཀྱི་བླ་མ་དང༌། གུང་སྒོམ་ཨའུ་མི་ཆོས་ཀྱི་དཔོན་དུ་སྐོས། གནས་དྲུག་ཁྲི་སྐོར་བཅུ་གཉིས་མངའ་འབངས་སུ་ཕུལ། གཙུག་ལག་ཁང་བཞེངས་པའི་ལུང་དང༌། ཁྲོ་ཐམ་ཆེན་མོ། གོས་དར་གསེར་དངུལ་སོགས་འབུལ་བ་རྒྱ་ཆེན་མཛད། ཡར་ཕེབས་ཏེ་གནས་དྲུག་ཁྲི་སྐོར་མངའ་ཞབས་སུ་བསྡུས། (ཁ་ངག་ལ། རྟམ་མཁར་སྐྱ། ཆམ་མཁར་དམར། རྫ་གྱིང་ཐང༌། ལྕི་དབེ་ཁུ། ལྷོ་རྟ་ཤོད། འདན་རག་ཐག་ཡིན་ཟེར་ཞིང༌། གང་ལྟར་ནའང་དུད་ཁྲི་སྐོར་བཅུ་གཉིས་ཡིན་ཅིང༌། གཞིས་ཁ་དྲུག་ནས་དེའི་དཔྱ་ཁྲལ་སྡུད་ཅིང་སྐུ་འབུམ་དགོན་དུ་འབུལ། མཆན།) མེ་ཉག་ཡུལ་ནས་ཤིང་བཟོ་བ་དང་རྡོ་བཟོ་བ་བོས་ཏེ་ལྷ་ཁང་ནང་སོ་ཆེན་མོ་ཞེས་པ་ཀ་བ་བརྒྱ་དང་ཉི་ཤུའི་མལ་ཐོག་གསུམ་བྱ་འདབ་གསེར་གྱི་གཉྫི་ར་ཁྱམས་སྐོར་ལམ་དང་བཅས་པ་འགྲན་གྱི་ཟླ་དང་བྲལ་བ་རྒྱ་ཕིགས་སུ་བཞེངས། དགེ་འདུན་སྟོང་ཕྲག་ཕྱེད་གཉིས་ཙམ་འཚོགས། མེར་ཆེན་རྩེར་སྒྲུབ་གྲྭའི་རི་དགོན་མཛད། གཟིམས་ཁང་དང་ཆོས་ཁྲི་དེང་སང་གི་བར་དུ་ཡོད། ཆུ་ཤིན་ཏུ་དཀོན་པས་རི་རྩེ་དེ་ཉིད་ནས་ཆུ་འདོན་པར་མཛད། དགུང་ལོ་དྲུག་ཅུ་རེ་ལྔ་པ་རབ་བྱུང་བཞི་པའི་ཆུ་ཁྱི་ ༡༢༦༢ རྟ་པ་ཟླ་བའི་ཚེས་བཅོ་བརྒྱད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གདན་ས་སྐུ་འབུམ་དུ་གཤེགས་སོ། །

སློབ་མ་ནི། སྤྱན་སྔ་ལུས་མེད་རྡོ་རྗེ། སྤྱན་སྔ་བྱང་ཆུབ་མགོན་པོ། མཁས་པ་བྱང་ཆུབ་རྡོ་རྗེ། དཔལ་རྡོར་ཤེས་རབ་ཡེ་ཤེས། གུང་སྒོམ་ཨའུ། ཚུལ་པ་ཤེས་རབ་དཀོན་མཆོག །ལྷ་ཤཱཀྱ་རྒྱལ་བ། ཞང་སྒོམ་རས་པ། གཟི་དུ་རས་པ་སོགས་མང་དུ་བྱུང་ངོ༌། །

བསྟན་བཅོས་ལ་ཡང་བླ་མ་རིན་པོ་ཆེ་ཏི་ཤྲཱིའི་རྣམ་ཐར་རྒྱས་པ་དང་། སྒྲུབ་ཐབས། རྡོ་རྗེའི་མགུར་སོགས་མང་དུ་མཛད།

བྱང་ཆུབ་དཔལ་ལམ་སྤྱན་སྔ་ལུས་མེད་རྡོ་རྗེ།

རྒྱམ་རྒྱལ་དྷོ་ཐིའི་གངས་རྒྱུད་མཚོ་རྐེ་མདོའི་ཀྱེ་ལ་ཐང་ཁར་ལྷ་ཆེན་ཚངས་པ་དཀར་པོའི་རིགས་སུ་གྱུར་པའི་ཡབ་ཀྱེ་ལ་དགེ་བཤེས་ཀྱི་སྲས་སུ་རབ་བྱུང་བཞི་པའི་མེ་མོ་ཕག་ལོ་ཕྱི་ལོ་ ༡༢༢༧ ལ་སྐུ་བལྟམས། རས་པ་དཀར་པོ་ཉིད་ཀྱི་དབུ་མཛད་པའི་མཁན་སློབ་མང་པོའི་མདུན་དུ་རབ་ཏུ་བྱུང་ཞིང་མཚན་བྱང་ཆུབ་དཔལ་བྱ་བར་བཏགས། ཉིན་མོ་ཉི་མའི་འོད་ཟེར་དང༌། མཚན་མོ་ཟླ་བ་དང་མར་མེའི་འོད། གང་ལ་བྱོན་ཡང་སྐུ་ལུས་ལ་གྲིབ་མ་མི་སྣང་ཞིང༌། བྲག་ལ་ཞབས་རྗེས་བཞག་པ་སོགས་རྫུ་འཕྲུལ་མཐའ་ཡས། སྣང་བ་སྤྲུལ་བསྒྱུར་ལ་མངའ་བརྙེས་རི་རབ་ཁང་ཁྱིམ་ལ་སོགས་འབྱུང་བའི་དངོས་པོ་གང་གིས་ཡང་མི་སྒྲིབ་ཅིང་ཤེལ་སྒོང་དང་འདྲ་ལ། དེ་དག་གང་ལའང་ཆགས་ཐོགས་མེད་པར་འབྱོན་ཆོག་པའི་དོན་གྱིས་ལུས་མེད་ཟེར་ཞིང༌། སྲ་ཞིང་སྙིང་པོ་ཁོང་སྟོང་བསྟན། གཞོམ་དུ་མེད་ཅིང་གཞིག་ཏུ་མེད། སྲེག་མེད་བཅད་དུ་མེད་པས་ན། སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། གསུང་པ་ལྟར། སྟོང་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པས་རྡོ་རྗེ་སྟེ། དེའི་དོན་གྱི་མཚན་ལུས་མེད་རྡོ་རྗེ་བྱ་བར་ཡོངས་སུ་གྲགས། དབུས་སུ་ཕེབས་ཏེ་རྔོག་གཟི་བརྗིད་གྲགས་པ་ལས་དགྱེས་རྡོར་དང་ལྷ་མོ་དུད་སོལ་མའི་སྐོར། ཚུལ་ཁྲིམས་ཤཱཀྱ་ལས་གཅོད་སྐོར། མཚལ་དུ་ལྷ་ཕུག་ཉི་མ་འོད་ལས་གཟེར་ལྔ་སོགས་ཞང་རིན་པོ་ཆེའི་ཆོས་སྐོར་མ་ལུས་པ་གསན། བྱ་ཡུལ་བ་ཆེན་པོའི་གདན་ས་བ་ལས་ཚོགས་བདག་གི་སྐོར་གསན་ནས་དེ་ཕྱོགས་སུ་བཞུགས་པར་གདའ། དེའི་དུས་ས་སྐྱ་བའི་བླ་མ་འཕགས་པ་ཧོར་ཡུལ་ནས་བོད་དུ་ཕེབས་ཤིང་མདོ་སྟོད་དུ་བྱོན་པ་ལ་སྐུ་འབུམ་དགོན་གྱི་འདུས་གྲྭ་ཆེ་བགྲེས་རྣམས་མཇལ་དུ་བྱོན་ཏེ་འབུལ་ཞབས་བཟང་པོ་བྱས་ནས། ས་སྐྱ་འཕགས་པ་རིན་པོ་ཆེས་ལུས་མེད་རྡོ་རྗེ་མཚལ་གུང་ཐང་ན་བཞུགས་སྐབས་ས་སྐྱར་གདན་དྲངས་ནས་གདན་སར་རིན་པོ་ཆེ་བཞུགས་དགོས་གསུངས་ཤིང་ལུགས་གཉིས་ཀྱི་རྫོང་དར་བཅས། དགུང་ལོ་སུམ་ཅུ་རྩ་དགུ་ཞེས་པའི་དུས། ཤིང་མོ་གླང་ཕྱི་ལོ་ ༡༢༦༥ གི་ལོ་ལ་བསྐོ་བཞག་མཛད་ཅིང༌། སྐུ་འབུམ་རྩ་བའི་དགེ་འདུན་པ་རྣམས་དང་གནས་དྲུག་ལྷ་སྡེ་མི་སྡེའི་ཚོགས་ཀྱིས་བསུ་བ་སེར་སྦྲེང་དང་བཅས་ནང་སོ་ཆེན་མོའི་སེང་གེའི་ཁྲི་ལ་ཞབས་བཀོད་པར་མཛད། ལྷ་ཁང་གསར་མ་བཞེངས། གདན་ས་རིན་པོ་ཆེའི་བདག་རྐྱེན་ལོ་ཉི་ཤུ་རྩ་བརྒྱད་ལ་མཛད། དགུང་ལོ་དྲུག་ཅུ་རྩ་དྲུག་པ་རབ་བྱུང་ལྔ་པའི་ཆུ་ཕོ་འབྲུག་ཕྱི་ལོ་ ༡༢༩༢ ལོ་རོག་ཉ་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་ཕྱེད་གདན་ས་སྐུ་འབུམ་དུ་སྐུ་མྱ་ངན་ལས་འདས། །ཡབ་སྲས་འདི་གཉིས་ཀྱི་མཆོད་པའི་དུས་ལ་བཅོ་བརྒྱད་གོང་འོག་ཟེར། ཁྱད་པར་ལུས་མེད་རྡོ་རྗེའི་དུས་མཆོད་བྱེད་པའི་དུས་ལ། སྒོམ་སྡེའི་རོག་མཆོད་ཆེན་མོ་ཟེར་བའི་མིང་ཡང་ཕྱིས་ཀྱི་བར་དུ་བྱུང་ངོ༌། །

སློབ་མ་བཀའ་བབ་ཀྱི་སློབ་མ་བཞི་ནི། རིག་དབོན་བྱང་ཆུབ་གཞོན་ནུ་ལ་བརྒྱུད་འཛིན་གྱི་བཀའ་བབས། མཁས་པ་བྱང་ཆུབ་མགོན་པོ་ལ་རྟེན་འབྲེལ་གྱི་བཀའ་བབས། ལྷ་ཚངས་པ་ཚུལ་ཁྲིམས་སེང་གེ་ལ་དབང་དང་རབ་གནས་ཀྱི་བཀའ་བབས། དངུལ་རྫོང་བ་ཤཱཀྱ་རྡོ་རྗེ་ལ་ཕྱག་ཆེན་གྱི་བཀའ་བབས་པའོ། །

མཛད་ཆོས་ནི། བདེ་མཆོག་གི་སྒྲུབ་ཐབས་རྟོག་པ་བྲལ་བའི་རྡོ་རྗེ། ཕྱག་ཆེན་གནད་ཆོས་བཅུ་གསུམ་གྱི་ཁྲིད། རྡོ་རྗེའི་མགུར་སོགས་མང་དུ་མཛད