cover

བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།

དེབ་བཞི་པ།

ཁྲོམ་ཟ་ངག་དབང་པདྨ། དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ། འབར་ཆུང་བཀྲ་ཤིས་རྒྱ་མཚོ། རྡོ་གྲུབ་ཀུན་བཟང་གཞན་ཕན། རྫ་དྲེའུ་དཀར་དགོན་གྱི་ཀརྨ་ཆོས་དབྱིངས། འགྱུར་མེད་བསྟན་འཛིན། མཁས་གྲུབ་ཀརྨ་མངོན་དགའ། རྡོ་བ་མཁན་ངག་རྒྱམ། དཔལ་སྤྲུལ་རིན་པོ་ཆེ། ཀོང་སྤྲུལ་ཡོན་ཏབ་རྒྱ་མཚོ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། འབའ་མདའ་དགེ་ལེགས་རྒྱ་མཚོ། རྫ་དཔལ་སྤྲུལ་སློབ་མ་རྒུ་རུ་དཔལ་ཆེན་རྡོ་རྗེ། པདྨ་མ་ཏི། མཁས་གྲུབ་ཀརྨ་ཆགས་མེད། མགོ་ལོག་སྙན་མོ་རིའི་བློ་བཟང་མདོ་སྔགས་ཆོས་ཀྱི་རྒྱ་མཚོ།

བླ་རུང་སྔ་འགྱུར་དཔེ་ཚོགས་རྩོམ་སྒྲིག་ཚོགས་པ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གསལ་བཤད་ཉུང་ངུ་།

༈ དེ་ཡང་བར་དོ་ཐོས་གྲོལ་གྱི་ཆོས་སྐོར་འདི་དག་ནི་འཛམ་གླིང་མཁས་པ་དག་གིས་གདེང་འཇོག་མཐོན་པོར་གནང་བའི་ཆོས་ཚུལ་ཁྱད་པར་ཅན་ཞིག་ཡིན་པ་དང་། འདིའི་དབང་ལུང་དང་ཁྲིད་རྒྱུན་ཆོ་གའི་ཕྱག་བཞེས་སོགས་ད་དུང་རྒྱུན་མ་ཆད་པར་དར་ཁྱབ་ཆེ་བས། ཟབ་ཆོས་འདིའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པའི་ཕྱིར། གསུང་འདི་དག་གལ་ཆེ་བའི་གནས་སུ་བཟུང་ནས་མ་དཔེ་འཚོལ་སྡུད་སོགས་ལ་དཀའ་ངལ་མང་ཙམ་བྱས་ཏེ་དེབ་འདི་དག་བསྐྲུན་པ་ཡིན་ཀྱང་མ་དཔེ་ཇི་བཞིན་མ་ཆོད་པ་སོགས་སྐྱོན་དུ་མ་ཡོད་སྲིད་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དེ་ལུགས་ཐུགས་ངེས་དགོས་ཤིང་། གཞན་ཡང་གཏེར་ཁ་གསར་རྙིང་གི་ཐོས་གྲོལ་གྱི་ཆོ་གའི་སྐོར་གྱི་ཡི་གེ་དག་ནི་དར་ཁྱབ་ཆེ་བས་འདིར་འགྲེལ་བཤད་དག་གི་གཞི་བྱས་པའི་ཆོ་གའི་གཞུང་ཉུང་བསྡུས་ཙམ་ལས་མ་བཀོད་ལ། དེ་མིན་དབང་དང་འགྲེལ་བཤད་ཁྲིད་ཡིག་རྒྱབ་ཆོས་ཀྱི་ཆོས་ཚན་གང་རྙེད་མཐའ་དག་ཕྱོགས་བསྡུས་བྱས་ཡོད་པ་ཡིན་ནོ།། །།

༼༽མི་འདྲ་བ་ཐེ་ཚོམ་ཅན་འདམ་ངའི་རྟགས།

{}ལྷག་མོ་ཡིན་ནམ་སྙམ་པའི་རྟགས།

་་་་་་་་་་་མ་དཔེ་མི་གསལ་བའི་རྟགས།

[]མ་དཔེ་ལས་ཆད་པ་ཡིན་སྙམ་པའི་རྟགས།

()གོ་བ་ལེན་བདེ་བའི་ཆེད་དུ་གསར་དུ་བསྣན་རྟགས།

བླ་རུང་སྔ་འགྱུར་དཔེ་ཚོགས་རྩོམ་སྒྲིག་པས།

བསྙེན་བསྒྲུབ་ཀྱི་ཟིན་བྲིས་ཉམས་ལེན་སྙིང་པོ་བསྡུས་པ་དམ་པའི་ཞལ་ལུང་།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་བསྒྲུབ་ཀྱི་ཟིན་བྲིས་ཉམས་ལེན་སྙིང་པོ་བསྡུས་པ་དམ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

རྒྱལ་ཀུན་ཐུགས་ཀྱི་གསང་བའི་མཛོད་ཆེན་པོ། །རིམ་དགུའི་ཐེག་པའི་རྩེ་རྒྱལ་ཨ་ཏི་ཡི། མན་ངག་དགོངས་དོན་མ་ནོར་མངོན་སུམ་དུ། །སྟོན་པའི་ཆོས་འདིར་ཡིད་ཆེས་དད་པས་འདུད། །ལུས་ཅན་ཀུན་ལ་གཞི་གནས་ལྷུན་གྲུབ་ཀྱི། །ཁྱབ་བདག་གདོད་མའི་མགོན་པོ་ཡོངས་བཞུགས་ཀྱང་། །མ་རྟོགས་འཁྲུལ་བ་རང་མཚན་བཟུང་བའི་འགྲོ། །གཞི་ཐོག་གྲོལ་བྱེད་ཐབས་མཆོག་འདི་རྨད་བྱུང་། ཀུན་བཟང་རིགས་ལྔ་རིག་འཛིན་བརྒྱུད་པའི་བཀའ། །པདྨས་ཕྱག་རྒྱས་བཏབ་སྟེ་ཕྱི་མའི་འགྲོར། །ཕན་ཕྱིར་སྦས་པ་ཕྲིན་ལས་རིགས་སྤྲུལ་པ། །གང་དེས་སླར་ཡང་བཏོན་པའི་བཀའ་དྲིན་དྲན། །ཨོ་རྒྱན་མཁན་པོའི་རང་ལུགས་ཟླ་མེད་པ། །ཞི་ཁྲོ་དགོངས་པ་རང་གྲོལ་བསྙེན་སྒྲུབ་ཀྱི། །ཟིན་བྲིས་ཉམས་ལེན་སྙིང་པོ་བསྡུས་པའི་གནད། །དམ་པའི་ཞལ་ལུང་ཇི་བཞིན་གསལ་བར་བཀོད། །དེ་ཡང་བློ་གསལ་རྣམས་ཀྱི་མགྲིན་པ་ཡི། །འཁོར་ལོར་མཛེས་པའི་རྒྱན་དུ་སྡེབ་ལེགས་ཀྱི། །ཚིག་དོན་རིན་ཆེན་ཕྲེང་བའི་ཆུན་འཕྱངས་འདི། །སྦྱིན་པས་ཚུལ་བཞིན་ལོངས་ལ་གཅེས་སྤྲས་མཛོད། །ཅེས་མཆོད་པར་བརྗོད་པས་མདུན་བསུས་ཏེ་བསྙེན་བསྒྲུབ་བྱེད་ཚུལ་ཅུང་ཟད་བྲི་བ་ལ། དེ་ཡང་གསང་སྔགས་སྤྱི་དང་ཁྱད་པར་ཞི་ཁྲོ་དགོངས་པ་རང་གྲོལ་སོགས་

ཀྱི་བསྙེན་བསྒྲུབ་ལ་མཁོ་བའི་ཉེར་དགོས་ནི། གནས་དབེན་ཞིང་གློ་བུར་བའི་འགལ་རྐྱེན་མི་འབྱུང་བའི་སར། ལུས་ཀྱི་འཚོ་ཆས་དང་བསྒྲུབ་པའི་ཡོ་བྱད་རྣམས་འདུ་བྱས་ལ། མཚམས་མ་བསྡམ་པའམ། བསྡམ་ཀྱང་རུང་སྟེ། སྐྱབས་སེམས། ཕྱག་དང་། རྡོར་སེམས་བསྒོམ་བཟླས། མཎྜལ་དང་། བླ་མའི་རྣལ་འབྱོར་རྣམས་ལ་བརྩོན། ཆོས་སྤྱོད་བག་ཆགས་རང་གྲོལ་འདོན་ལ་བདག་ཉིད་རྡོར་སེམས་གསལ་བའི་སྤྱི་བོར་ཁྲག་འཐུང་གི་ལྷ་ཚོགས། མགྲིན་པར་རིག་འཛིན། སྙིང་ཁར་ཞི་བའི་ལྷ་ཚོགས་གསལ། ཡིག་བརྒྱ་འབུམ་སོགས་ཅི་ནུས་བཟླ་སྨོན་ལམ་དྲག་ཏུ་འདེབས། བདག་གི་བསྙེན་བསྒྲུབ་ཟབ་མོ་ཚུལ་བཞིན་ཉམས་སུ་ལེན་པ་འདི་ལ་བར་ཆད་མེད་ཅིང་དངོས་གྲུབ་ཐོབ་པའི་གསོལ་འདེབས་ཆོས་སྲུང་ལ་ཕྲིན་བཅོལ་བྱ། འདི་ནི་དངོས་གཞིར་བར་ཆད་མེད་ཕྱིར་གལ་ཆེའོ། །དེ་ནས་མཚམས་ལ་འཇུག་པ་དངོས་ནི། ཡར་ངོའི་ཚེས་བརྒྱད་ནས་བཅོ་ལྔའི་བར་དུ། གཟའ་ལྷག་པ་ཕུར་བུ་པ་སངས། སྤེན་པ་སོགས་རང་གི་བླ་གཟའ་དར་བ་དང་། སྐར་མ་རྒྱལ་སོགས་ཤིས་པའི་ཉིན་གནས་ཁང་བྱི་དོར་དང་སྤོས་ཀྱིས་བདུག །མདུན་དུ་སྟེགས་བུ་གྲུ་བཞི་པ་བཅའ། །མལ་འོག་ཏུ་འབྲུ་དཀར་རམ་ས་དཀར་གྱིས་གཡུང་དྲུང་ཆོས་བསྐོར་དུ་བྲི། རྣལ་འབྱོར་རང་ཉིད་ཁྲུས་དང་དྲི་བཟང་གིས་བྱུག་པ་གདན་ལ་འདུག་སྟེ་སྐྱབས་སེམས་ཡན་ལག་བདུན་པ་སོགས་བརྗོད་དོ། །ད་དངོས་གཞི་ལ་ས་བཅད་བཅུ་གསུམ་གྱིས་བསྟན་ཏེ། མཚམས་གཅོད་པ། དམ་ཚིག་ལ་གནས་པ། དམ་བཅའ་བ། དཀྱིལ་འཁོར་བྲི་བ། རྟེན་བཤམས་པ། མཆོད་པ་བཤམ་བཀོད། ལས་གཞུང་ལ་འཇུག་པ། འཛབ་དང་། ཐུན་བཞིའི་རྣལ་འབྱོར། དུས་གྲངས་རྟགས་དང་། དངོས་གྲུབ་ལེན་པ། ཁ་བསྐང་སྦྱིན་སྲེག །ལས་རྗེས་མི་

མངོན་པར་བྱ་ཞིང་གནས་མལ་སྲུང་བ་དང་བཅུ་གསུམ་མོ། དང་པོ་མཚམས་གཅོད་པ་ནི། ཕྱོགས་བཞིའམ་སྒོ་དྲུང་དུ་ཐོ་དཀར་པོ་བང་རིམ་ཅན་ལ་རྒྱལ་ཆེན་སྡེ་བཞིའི་སྐུའམ། སྔགས་བྱང་ཤམ་བུར་བདག་གི་སྒྲུབ་པ་འདིའི་དངོས་གྲུབ་ཐོབ་ཀྱི་བར་བར་ཆད་སྲུང་ཤིག་རཀྵ་དང་རྡོ་རྗེ་འབར་བ་བྲིའོ། །རང་ཉིད་བཛྲ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་པ་དུར་ཁྲོད་རོལ་པའི་ཆས་ཅན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཆེར་འབར་ཞིང་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ་ལ། ༀ་བཛྲ་མ་ཧཱ་ཤྲྀ་ཧེ་རུ་ཀོ྅་ཧཾ༔ བཟླ་ཞིང་གཞི་བདག་ལ་གཏོར་མ་ཕུལ་འཕྲིན་བཅོལ་བྱ། བགེགས་གཏོར་བརླབ་འགུགས་བསྔོ་ལ། ཧཱུྃ་ང་ཉིད་ལྷ་ཡི་ང་རྒྱལ་སོགས་དྲག་སྔགས་རོལ་མོ་རྫས་དུད་དང་ཁྲོ་བོའི་སྤྲིན་འཁྲིགས་པས་བགེགས་བསྐྲད། དེ་ནས་ཕྱིའི་ཐོ་རྩར་ཉེར་སྤྱོད་གཏོར་མ་གསེར་སྐྱེམ་བཤམ་ལ། རཾ་ཡཾ་ཁཾ་གསུམ་གྱིས་སྦྱང་། ༀ་ཨཱཿཧཱུྃ་གསུམ་གྱིས་བརླབ། ནམ་མཁའ་མཛོད་ཀྱིས་སྔགས་རྒྱས་སྤེལ་ཏེ། ཐོ་བསངས་སྦྱང་། སྟོང་པའི་ངང་ལས་རྒྱལ་ཆེན་སྡེ་བཞིའི་སྐུར་ལམ་གྱིས་གསལ་བར་གྱུར། རང་གི་ཐུགས་ལས་འཕྲོས་པའི་འོད་ཀྱི་རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་ཆེན་སྡེ་བཞི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་རྟེན་ལ་བསྟིམ། ༀ་དྷྲིཥྚ་རཥྚ་ཧཱུྃ་ཛ༔ ༀ་བཻ་རཱུ་ཌྷ་ཀ་ཧཱུྃ་ཛ༔ ༀ་བཻ་རཱུ་པཀྵ་ཧཱུྃ་ཛ༔ ༀ་བཻ་ཤྲ་མ་ཎ་ཧཱུྃ་ཛ༔ ཞེས་བཟླས། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། གོང་གི་སྔགས་བཞིའི་མཐར། བ་ལིཾ་ཏ་ནཱ་ན་ཁ་དནྟུ་གྲྀཧྣ་ཧཱུྃ་ཁ་ཧི་ཁ་ཧི༔ གསུམ་གྱིས་གཏོར་མ་འབུལ། ཧཱུྃ་རི་རབ་ཆེན་པོའི་ཕྱོགས་བཞི་ནས༔ ཕྱག་ན་རྡོ་རྗེའི་དབང་གི་མཐུས༔ རྒྱལ་པོ་ཆེན་པོ་སྡེ་བཞི་ཡིས༔ བདག་ཅག་རེ་བ་བསྐང་བའི་ཕྱིར༔ མ་དག་པ་རྣམས་མཚམས་ཆོད་ཅིག༔ སྒྲུབ་ཁང་རྣམ་རྒྱལ་ཁང་

བཟང་དང་། ཕྱོགས་བཞིའི་ཐོ་བཞི་རི་རབ་ཀྱི་ལྕོག་བཞིར་བསམ་ལ། ཐོ་བཞི་ཡོད་ན་སོ་སོར་བྱའོ། །ཕྲིན་ལས་བཅོལ། བརྟན་བཞུགས་བྱ། རྟེན་སྙིང་དང་ཏིཥྛ་བཛྲ་གྱིས་བརྟན་པར་བྱ་སྟེ་ཤིས་བརྗོད་ཀྱང་བྱའོ། །ནང་དུ་སྒོའི་ཡ་ཐེམ་ལ་བཀའ་སྲུང་དྲེགས་པ་སྡེ་བདུན་འཁོར་བཅས་ཀྱིས་སྒྲུབ་ལ་བར་དུ་གཅོད་པ་ཐམས་ཅད་འདི་ཡན་ཆད་མ་བཏང་ཞིག །ཅེས་བྲིས། ལམ་རིམ་ལྟར་བདག་གི་སྒྲུབ་པ་འདི་མཐར་མ་ཕྱིན་བར་དུ་ཐེམ་པ་འདིའི་ཕྱིར་བརྒལ་ན་མགོ་བོ་ཁོས་ཤིག་ཅེས་པ་ཡང་བྲིས། མ་གྲུབ་ཀྱང་ཆད་སྐྱོན་མེད་དོ། །ནང་དུ་གདན་ལ་འཁོད། ཧཱུྃ་རང་ཉིད་ལྷ་ཡི་ཐུགས་ཀ་སོགས། ནང་དུ་རྡོ་རྗེའི་གུར་ཏོག་བླ་བྲེ་དྲ་བ་རྭ་བ་ས་གཞི་ཐམས་ཅད་རྡོ་རྗེའི་རང་བཞིན། དེའི་ཕྱི་རིན་པོ་ཆེ། དེ་རྒྱབ་པདྨ། དེ་རྒྱབ་རྡོ་རྗེ་རྩེ་གཅིག་རྩེ་གསུམ་རྩེ་ལྔའི་རྒྱ་གྲམ། དེ་རྒྱབ་མཚོན་ཆ་འཁོར་ལོ། དེ་རྒྱབ་མེ་རི། དེ་དག་གི་བར་མཚམས་རྣམས་སུ་ཁྲོ་ཆུང་གྲངས་མེད་ཀྱིས་བར་མཚམས་མེད་པ་ཐེམ་མེར་གང་། ཞལ་ཕྱིར་གྱུའི་བཟློགས་སྔགས་དང་། ནང་གྱུའི་བསྲུང་སྔགས་བཟླ་ཞིང་དེའི་ལས་བྱེད་པར་བསྒོམ་མོ། །འདི་སྒྲུབ་པ་གྲོལ་ཉིན་གྱི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་མགོ་རྣམས་སུ་གསལ་འདེབས་རེས་ཡང་གསལ་དུ་བསྐྱེད་དོ། །འདི་ནས་བཟུང་མཚམས་ཁང་དུ་ཡོད་པ་མ་གཏོགས་མི་གཞན་དང་མི་འཕྲད་མཚམས་བཅད་དོ། །གཉིས་པ་དམ་ཚིག་ལ་གནས་པ་ནི། ཁ་ལག་མི་བཀྲུ། སྐྲ་སེན་མི་བྲེག་མལ་སྟན་མི་བསྒུལ། མཚོན་རྩེ་ཁར་མི་འཇུག །མེ་དང་ཉི་མ་ཆང་སོགས་ཧ་ཅང་མང་ན་འགལ་བས་སྤངས། སྒོག་ཙང་སོགས་དྲོད་ཆེ་བ་སྤང་། སྔོ་སྡུམ་ལྕེ་མཚེར་པ་སོགས་སྔགས་ནུས་ཉམས་པས་སྤང་། མེ་ལ་ཕུས་མི་བཏབ། སྔགས་མར་སྲུང་སྐུད་དང་གཞན་ལ་

བྱིན་རླབས་སྤང་། སྒྲུབ་ཁང་ནས་ཆས་ཀ་བཏང་ལེན་མི་བྱ། གོས་མི་བརྗེ་བར་བཤད་ཀྱང་ནང་ན་ཡོད་པ་མི་འགལ་ལམ་སྙམ། འགྲངས་ཆེ་བ་དང་ལྟོག་ཆེ་བ། སྒོ་གསུམ་གྱི་མཚམས་རལ་བ། ལུས་ཀྱི་དྭངས་མ་ཉམས་པ། ཁམས་ཉོག་པའི་ཟས་སྔར་ཟ་མ་མྱོང་བའི་ཟས་དང་སྔར་མ་མྱོང་བའི་སྤྱོད་ལམ་གཏམ་སྐད་སོགས་རྟོག་པ་འཕྲོ་བའི་རྐྱེན་མཐའ་དག་སྤང་ངོ་། །གསུམ་པ་དམ་བཅའ་བ་ནི། བདག་གི་སྒྲུབ་པ་འདིའི་འབྲས་བུ་ཁྱབ་བདག་ཀུན་ཏུ་བཟང་པོའི་གོ་འཕང་མ་ཐོབ་ཀྱི་བར་རམ། བསྙེན་སྒྲུབ་ཚད་དུ་མ་ཕྱིན་པར། རྒྱ་མཚོ་ཁ་ལུད། རི་རབ་རྡུལ་དུ་ཞིག །གནམ་ལྕགས་ཐོག་ཆར་ལྟར་བབས་རུང་། རྒྱལ་པོའི་ཆད་པ། བདུད་ཀྱི་ཆོ་འཕྲུལ་གཟུགས་ཅན་གཟུགས་མེད་ཀྱི་དམག་དཔུང་། མེ་དང་མཚོན་གྱི་འཇིག་པ་བྱུང་རུང་། ཕ་དང་མའམ་ཉེ་དུ་ཤི་བའམ་དགྲ་དང་གཅན་གཟན་གྱིས་ཁྱེར་རུང་། རང་ནད་དང་གདོན་གྱིས་བཏབ་ཀྱང་གདན་ཐོག་འདིར་ཤི་བ་ལས་དམ་བཅའ་ལྷོད་རེ་སྙམ་དུ་སྙིང་ཐག་པ་ནས་དམ་བཅའོ། །བཞི་པ་དཀྱིལ་འཁོར་བྲི་བ་ནི། དེ་ཡང་བླ་མ་གོང་མ་འགའ་ཞིག་གིས་འོག་ཁང་ཞི་བ་དང་། སྟེང་ཁང་ཁྲོ་དཀྱིལ་དུ་མཛད་པ་ནི། ཆོས་སྤྱོད་དང་བསྟུན་པར་གནང་བས་འགལ་བ་མེད་མོད། འོན་ཀྱང་ལས་བྱང་ཆེ་ཆུང་དུ་སྟེང་འོག་གི་འགྲོས་མེད་པ་དང་། ན་རཀ་དོང་སྤྲུགས་སྡིག་སྒྲིབ་བཤགས་པའི་རྒྱལ་པོ་ཞེས་གསུངས་འདུག་པས། འདིར་ཞི་ཁྲོ་ཁྲོམ་དཀྲུགས་ཀྱི་ལུགས་འདི་སྨིན་གླིང་མཁན་ཆེན་གྱིས་གཞུང་དང་སྦྱོར་བ་གནང་འདུག་པས་དེའི་རྗེས་སུ་འབྲངས་ཏེ། དཀྱིལ་འཁོར་གྱི་གཞི་ཇི་ལྟར་འཚམས་པ་ལ་ཐིག་བརྒྱད་བཏབ། མེ་རྡོར་དུར་ཁྲོད་པདྨའི་འཁོར་ཡུག་གིས་བསྐོར་བའི་ནང་དུ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་

བབས་བང་རིིམ་བཞི་པ། པད་འཁོར་རི་དྭགས་གདུགས་དང་བཅས་པ། རྩ་ཐིག་ནས་ཁྱམས་ཆ་ཆེན་གཅིག་དོར་བའི་ནང་དུ་ལྟེ་བ་ནས་ཟླུམ་བསྐོར་ཆ་མཉམ་གཉིས་བསྐོར། དེའི་ཕྱི་མའང་གསུམ་གཉིས་ནང་དུ་དོར་ནས་བསྐོར་བའི་ལྟེ་བ་ཟླུམ་པོའི་དབུས་སུ་ཟླུམ་བསྐོར་ལྔ་ཚོམ། གཉིས་པ་འཁོར་ལོ་རྩིབས་བཞི། གསུམ་པར་འཁོར་ལོ་རྩིབས་བརྒྱད། ཁྱམས་ཕྱེད་དུ་བཅད་དེ་ལྷ་སྣམ་ཉིས་རིམ་དུ་གདབ། ཚོན་ནི་ལྟེ་བ་སྔོན་པོའི་གཞིར་ཟླུམ་སྐོར་ལྔ་ཚོམ་གྱི་དབུས་མཐིང་། ཕྱོགས་བཞིའི་ཐིག་ལེ་དང་། རྩིབས་བཞི་ཁྱམས་སྒོ་དང་བཅས་པ་ཕྱོགས་མདོག །རྩིབས་བརྒྱད་ཀྱི་ཕྱོགས་བཞི་ཕྱོགས་མདོག་མཚམས་དང་གྲུ་ཆད་ཕྱེད་ཚོན། རྩིག་པ་ནང་ནས་རིམ་བཞིན། མཐིང་དཀར་སེར་དམར་ལྗང་གཞན་སྤྱི་དང་མཐུན། ལྷ་གནས་སུ་སྐུའམ། ཡིག་འབྲུའམ། ཕྱག་མཚན་ནམ། རང་མདོག་གི་ཐིག་ལེ་ལྟ་བུའི་མཚན་མ་ཇི་ལྟར་འོས་པ་བྲི་དགོས་ཏེ། རྒྱུད་ལས། གཙོ་བོ་གཟུགས་སུ་རྫོགས་པ་བྲི། །འཁོར་རྣམས་ཕྱག་རྒྱ་དག་དུ་བྱ། །ཕལ་པ་ལ་ནི་ཡིག་འབྲུའོ། །ཞེས་སོ། །ཚོན་སྤུང་བྱས་ན་ཡང་རུང་ངོ་། །རྡུལ་ཚོན་མ་གྲུབ་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། ཐ་ན་སྟེགས་ཀྱི་ཁར་འབྲུ་ཚོམ་ལྷ་གྲངས་བཞིན་བཀོད་ན་རུང་ཙམ་བཤད་དོ། །ལྔ་པ་རྟེན་བཀོད་པ་ནི། རྒྱུད་ལས། རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར། །ཅེས་གསུངས་པས་སྒྲུབ་རྟེན་ནི་དཀྱིལ་འཁོར་དབུས་སུ་མཉྫུའི་ཁར་བུམ་པ་ཉེར་ལྔའི་བཅུད་ལྡན་རྒྱུན་བབས་ཆུ་དང་། དྲི་བཟང་བ་དམར་ཟལ་གྱི་འོ་མ་ཅུང་ཟད་བཅས་པས་བུམ་པའི་སུམ་ཆ་བཀང་། ཁ་རྒྱན་མགུལ་ཆིངས་གཟུང་རྡོར་གྱིས་བརྒྱན་པ། རིགས་ལྔའི་ཕྱག་རྒྱས་སྤྲས་པ། བུམ་པ་ལྔའམ་གཅིག་ཏུ་བསྡུས་ཀྱང་ཆོག །རིགས་ལྔ་ཀུན་བཟང་ཡབ་ཡུམ་སྐུ་ཙཀ་ལིའམ། ཞི་ཁྲོ་ཡོངས་རྫོགས་སྐུ་ཙཀ་

གང་འཛོམས་ལ་རྒྱབ་ཏུ་གནས་ཡིག་དང་སྔགས་བྲིས་པ་སྐུ་རྟེན། བཏགས་གྲོལ་རྒྱུད་མཐིང་ཤོག་ལ་གསེར་གྱིས་བྲིས་པའམ་ཅི་འབྱོར། དེ་ཡང་མ་འབྱོར་ན་རིགས་བརྒྱའི་སྙིང་པོའམ། ཡང་སྙིང་གསེར་གྱིས་བྲིས་པ་དར་སྣས་དྲིལ་བ། བུམ་པའི་མདུན་དུ་འབྲུ་ཚོམས་ཀྱི་ཁར་བཞག་པ་དང་། ཐོད་པ་དུམ་གཅིག་ནང་བྱང་སེམས་ཨ་མྲྀ་ཏས་གཏམ་པ་གསུང་གི་རྟེན། ཐུགས་རྟེན་དུ་གཟུགས་བརྙན་གསལ་བར་འཆར་བའི་མེ་ལོང་། རིགས་ཙཀཤེལ་རྡོ་རྣམས་དབང་བཞིའི་ཚུལ་དུ་དགོད། བསྒྲུབ་གཏོར་ཡང་དགོས། དྲུག་པ་མཆོད་པ་བཤམས་པ་ནི། ཕྱོགས་བཞིར་རྩ་གསུམ་ཆོས་སྐྱོང་ཀུན་འདུས་ཀྱི་གཏོར་མ། དེའི་མཐར་དྲག་མཆོད་གཡོན་སྐོར་དུ་བཤམས། སྨན་ཨ་མྲྀ་ཏ་ཆང་དང་སྦྱར་བ། རཀྟ་སོ་ལྔ་ལ་སོགས་ཀྱི་ཕབ་ལྡན་ཐོད་སྣོད་དུ་ཞི་གཏོར་གྱི་གཡས་གཡོན་དུ་བཤམས། ནང་མཆོད་འདི་རྣམས་རློན་པ་རྣམས་སྐམ་གྱི་དོགས་ན་མ་གཏོག་ཁ་གསོ་མི་དགོས། དེ་ཀུན་དར་དམར་པོའི་གུར་རམ་ཡོལ་བས་སྒྲིབ་ཏེ་མི་མངོན་པར་བྱ། དེའི་ཕྱིའི་མདུན་དུ་རྨད་བྱུང་གཏོར་མ། བཀའ་སྲུང་དམ་ཅན་སྡེ་བདུན་གཏོར་མ་ཤ་ལིང་སྙིང་སོགས་ཀྱིས་བརྒྱན་པ་དང་། གསོལ་ཁ། སྨན་རཀ་ཕབ་ལྡན། ཆུ་གཙང་འོ་མའི་བྲན་པས་མཆོད་ཡོན། ཙན་དན་ཆུ་དང་སྦྱར་བའི་ཞབས་བསིལ། ཐང་སྐྱེས་ཆུ་སྐྱེས་སོགས་མེ་ཏོག །ལྷན་སྐྱེས་དང་སྦྱར་བྱུང་གི་བདུག་སྤོས། གུརྒུམ་ཙནྡན་སོགས་སྨན་སྣ་དཀར་གསུམ་གྱི་དྲི་ཆབ། འབྲུ་མར་རྩི་མར་གྱི་མར་མེ། རོ་བཅུད་འདུས་པའི་ཞལ་ཟས། འུར་ཏིང་སིང་ཁྲོལ་གྱི་རོལ་མོ་སྣ་ཚོགས། འདི་དག་ནི་ཐུན་གྱི་མགོ་དང་སྟོང་ཚིག་སྐབས་རྣམས་སུ་གསོ་བྲན་བྱའོ། །བདུན་པ་ལས་གཞུང་ལ་འཇུག་པ་དངོས་ནི། མཆོད་པ་རྟེན་སྒྲུབ་ཀྱི་རྫས་རྣམས་བཤམས་ཚར་བའི་ཕྱི་དྲོ་ལ་བབས་པ་ན། ཡེ་ཤེས་འཇིག་རྟེན་གྱི་ལྷ་

དང་མཁའ་འགྲོ་དམ་ཅན་རྒྱ་མཚོ་དབང་དུ་འདུ་བའི་རྟེན་འབྲེལ་གྱིས་དགོང་མོ་དབང་གི་དུས་དུ་བརྒྱུད་པའི་གསོལ་འདེབས་བྱ། ཐོ་སོགས་གོང་དུ་མ་གྲུབ་ཚེ། འདིར་མཚམས་ཐོ་བཞག །དཀར་བགེགས་བཏང་། བསྲུང་འཁོར་གསལ་བཏབ། མདུན་མཁར་སྐྱབས་ཡུལ་བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་བཅས་གསལ་རྒྱུན་བཤགས་ཡན་ལག་བརྒྱད་པའམ་བཅུ་པ་ཕུལ་ནས། མཆོད་རྟེན་སྒྲུབ་རྫས་བྱིན་རླབས་མཐར་མཚམས་ལྷ་སྐད་ཅིག་གིས་གསལ་ཡོད་པ་མི་དམིགས་པའི་ངང་ལ་བཞག་ནས། ཏིང་འཛིན་གསུམ་གྱིས་ཁོག་ཕུབ་དགོས་ཏེ། པདྨའི་སྙིང་གུར་ལས། དཔའ་བར་འགྲོ་བས་སྣོད་བཅུད་ལྷར་བལྟ་ཞིང་། །སྒྱུ་མ་ལྟ་བུར་སྒྲ་རྣམས་ཆོས་ཀྱི་དབྱིངས། །རྡོ་རྗེ་ལྟ་བུ་དེ་བཞིན་ཉིད་ལ་སྦྱོར། །ཏིང་འཛིན་གསུམ་ལས་རྒྱུན་དུ་གཡོ་མི་བྱ། །ཞེས་གསུངས་པ་ལྟར། དེ་ལ་དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། ཨ་རྣམ་པར་རྟོག་གསུམ་བྲལ་བ་ཡི༔ དམིགས་མེད་བརྗོད་བྲལ་དེ་བཞིན་ཉིད༔ ཅེས་པ་ལྟར། བཟང་རྟོག་ངན་རྟོག་ལུང་མ་བསྟན་གྱི་རྟོག་པ་གསུམ་དང་བྲལ་བ། དམིགས་གཏད་འཛིན་ཞེན་མེད་པ། ཚིག་གིས་བརྗོད་པ་བྲལ་ཞིང་། བློའི་ཡུལ་ལས་འདས་པའི་ཤེས་རིག་སོ་མ་རང་བབས་ཀྱི་གནས་ལུགས་རྗེན་པ་བསལ་བཞག་མེད་པ་ལ་མཉམ་པར་བཞག་པ་འདིས། མར་འཁོར་བའི་དྲི་མ་འཆི་སྲིད་སྦྱོང་ཞིང་། མཚན་འཛིན་གྱི་རྟོག་པ་དག་པར་བྱེད། ཡར་འབྲས་བུ་ཆོས་སྐུ་མངོན་དུ་འགྲུབ་པའི་ནུས་པ་རྩལ་རྫོགས། བར་དུ་རྫོགས་རིམ་གྱི་སྐབས་སུ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བའི་སྨིན་བྱེད་དུ་འགྱུར་རོ། །གཉིས་པ་ཀུན་སྣང་གི་ཏིང་འཛིན་ནི། ཨ་རྟོག་བྲལ་ངང་ལས་རང་བྱུང་རྩལ༔ སྟོང་ཉིད་སྙིང་རྗེ་ཀུན་དུ་སྣང་༔ ཞེས་པས་

བསྟན་ལ། རྟོག་བྲལ་སྟོང་པ་ཆེན་པོ་དེའི་ངང་ལས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བྱུང་རིག་པའི་རྩལ་ཙམ་ལས་རང་བཞིན་བདེན་པར་མ་གྲུབ་ཅིང་། རིག་པའི་ངོ་བོ་སྐྱེ་འགགས་གནས་གསུམ་བྲལ་བ་ཡིན་པར་ཇི་བཞིན་མ་རྟོགས་པའི་དབང་གིས་འགྲོ་བ་རྣམས་སྡུག་བསྔལ་ལ་སྤྱོད་པ་ལ་རིག་རྩལ་སྙིང་རྗེ་སྒྱུ་མ་ལྟ་བུར་ཤར་བ་ཀུན་ལ་ཁྱབ་པར་བསྒོམ། འདིས་མར་བར་སྲིད་ཀྱི་བག་ཆགས་དང་། ཆད་ལྟ་འཛིན་པའི་རྟོག་པ་དག་པར་བྱེད། ཡར་འབྲས་བུ་ལོངས་སྐུ་འགྲུབ་པའི་ནུས་པ་རྫོགས། བར་དུ་དོན་གྱི་འོད་གསལ་ལས་དག་པའི་སྒྱུ་ལུས་ལྡང་བའི་རྫོགས་རིམ་གྱི་གཞི་འདིང་བའི་སྨིན་བྱེད་དུ་འགྱུར་རོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། དེ་ཡང་ཐུགས་སྲོག་ཡིག་འབྲུ་བསྒོམ་པ་སྟེ། ཡུམ་བར་མ་ལས། ཨ་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་དང་། སྒྱུ་འཕྲུལ་ཕྱི་མ་ལས། ཨ་ནི་སྟོང་པ་ཡེ་ནས་སྟོང་། །སྟོང་པ་ཉིད་ལ་སྟོང་པ་མེད། །ཡི་གེ་ཀུན་གྱི་གཞིའམ་རྒྱུ། །ཞེས་པ་ལྟར། རང་གཞུངས་ལས། ཨ་རང་སེམས་རིག་རྩལ་འགགས་མེད་འདི༔ མཐིང་ནག་རྒྱུ་ཡི་ཡི་གེ་ཨ༔ ཞེས་པ་ལྟར། སྟོང་པ་ཉིད་དང་སྙིང་རྗེ་ཟུང་འཇུག་གི་རང་མདངས་ལས་འདིར་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཀྱི་དང་པོ་གསུང་ཡིག་འབྲུ་བསྐྱེད་པའི་ཆོ་ག་ལ། དེ་ཡང་སྦྱང་བྱ་མངལ་གྱི་གནས་སྐབས་སུ། དང་པོ་ཕ་མའི་ཁམས་དཀར་དམར་ཚོགས་ནས། དེར་བར་དོའི་རྣམ་ཤེས་ཞུགས་པ། སྦྱོང་བྱེད་ལྷའི་ས་བོན་ཡི་གེ་ཨ་མཐིང་ཀམི་གཡོ་མི་འགྱུར་མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་རུང་བ་སྟེ། རབ་ཏུ་བརྟན་པར་གྱུར་པའི་ཚད་བཞི། སལ་ལེ། སང་ངེ། ལྷག་གེལྷང་ངེ་བ་སྟེ་གསལ་བའི་ཚད་བཞི་དང་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་རྩེ་གཅིག་གསལ་བས། སྦྱོང་

གཞི་ངག་གི་ཁམས་གྱི་དྲི་མ་དག །སྦྱངས་འབྲས་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེ་གཞོམ་མེད་ནཱ་དཱའི་སྒྲ་དབྱངས་སུ་རྫོགས། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུར་སྨིན་པའི་རྟེན་བྱེད་པའོ། །གསང་སྙིང་ལས། ཨ་རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །ཞེས་པ་ལྟར། རྒྱུའི་ས་བོན་ཨ་ཡིག་ནམ་མཁར་བསྒོམ་པ་ལས། ཨེ་ཡཾ་བཾ་ལཾ་རྣམས་སྤྲོས་པ་ལས། ཨེ་ལས་ནམ་མཁའི་དཀྱིལ་འཁོར་ཆོས་ཀྱི་འབྱུང་གནས་འབྱམས་ཀླས་པའི་དབྱིངས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་བརྩེགས་མར་གནས་པའི་དབུས་སུ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ཀྱི་རྩེར་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་བྷྲཱུཾ་ཡིག་ཡོངས་སུ་གྱུར་པ་ལས། ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་ནང་ནས་རིམ་པ་བཞིན་མཐིང་དཀར་སེར་དམར་ལྗང་བའི་རྩིགས་པ་རིམ་པ་ལྔས་བསྐོར་བའི་སྟེང་དུ་ཕ་གུ་དང་དྲ་བ་དྲྭ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། རྩིགས་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་འཁོད་པས་མཆོད་པའི་སྤྲིན་སྤྲོ་བ། ནང་ཀ་བ་བརྒྱད་ཀྱིས་བཏེགས་ཤིང་རྡོ་རྗེའི་གདུང་གིས་ཕུབ་པའི་ཡ་ཕུབ་ཕྱུར་བུའི་རྩེར་རྡོ་རྗེའི་ཏོག་གིས་སྤྲས་པའམ། རང་སྣང་ལྷུན་གྲུབ་རྣམ་བྱང་ཡེ་ཤེས་ཆེན་པོའི་བཞུགས་ཚུལ་ལྟར་ན་ཕྱི་ལྟར་ཁམས་གསུམ་དུ་འཛིན་པའི་སྣང་ཞེན་བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོ་ཉིད་ཆོས་སྐུའི་རྟེན་གྱི་རྣམ་པར་རྫོགས་པའི་ཚུལ། རྡོ་རྗེ་བཀོད་པ་ལས། འདོད་ཁམས་དབང་གི་རི་བོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་ཅན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། སྐུ་

གདུང་ཆེན་པོར་རྒྱུན་དུ་གནས། །ཞེས་སོ། །དེ་བས་ན་གཞལ་མེད་ཁང་གི་རང་བཞིན་ཀྱང་། ཕྱི་མཆོད་རྟེན་རྩེ་ལྔ་པའི་རྣམ་པ་ལ། ནང་རང་བྱུང་ལོངས་སྤྱོད་རྫོགས་པའི་གནས། འོག་མིན་སྟུག་པོ་སོགས་ཞི་ཁྲོ་ངན་སོང་སྦྱོང་བའི་ཡང་ཡིག་དཀའ་གནད་རྒྱ་འགྲོལ་ལས་གསུངས་པ་ལྟར། གཞལ་ཡས་རྩེར་མཆོད་རྟེན་གྱི་རྣམ་པ་ཅན་བྱས་ཀྱང་མི་འགལ་བས། བླ་མ་གོང་མ་འགའ་ཞིག་དེ་ལྟར་དུ་བཞེད། སྒོ་བཞིར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབ་སྣམ་བུ་བཞི་པ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ། གཞུང་ལྟར་ན་ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་ལ། ནང་དུར་ཁྲོད་རོལ་པའི་བརྒྱན་བཀོད། ལྷ་ཆེན་བརྒྱད་ཀྱི་ཀ་གདུང་། གཟའ་བརྒྱད་ཀ་ཞུ། རུས་སྦལ་ཀ་གདན། ལྷ་ཕྲན་རྒྱུ་སྐར་དྲལ་ཕྱམ། ཕྱམ་རྩེ་ཉེར་བརྒྱད་ལ་དྲིལ་བུ་འཕྱངས་པས། སྟེང་ཐོག་མཆོད་རྟེན་གྱི་རྣམ་པས་མཐའ་བསྐོར་བ། མི་ནུབ་རྒྱལ་མཚན་བཅུས་བརྒྱན་པ། རྒྱལ་མཚན་བཅུ་ནི། ༡རྒྱལ་བྱེད་ལྕགས་ཀྱི་རྒྱལ་མཚན། ༢གདུལ་བྱ་ཤ་བའི་རྒྱལ་མཚན། ༣གཅན་གཟན་གཟིག་གི་རྒྱལ་མཚན། ༤སྤྲུལ་པ་རྡོ་རྗེའི་རྒྱལ་མཚན། ༥རིན་ཆེན་སྦྲུལ་ནག་རྒྱལ་མཚན། ༦དཔའ་བོ་སྟག་གི་རྒྱལ་མཚན། ༧གཟི་མདངས་མི་ཡི་རྒྱལ་མཚན། ༨དམར་གསལ་ཁྲག་གི་རྒྱལ་མཚན། ༩རྩལ་ཆེན་སེང་གེའི་རྒྱལ་མཚན། ༡༠གཏུམ་པོ་དོམ་གྱི་རྒྱལ་མཚན་དང་བཅུའོ། །ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞིའི་ཁ་དོག་ཅན་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་ཕྱི་རོལ་ནས་དུར་ཁྲོད་བརྒྱད་དང་། རྡོ་རྗེའི་རྭ་བ་མེ་དཔུང་འབར་བའི་འཁོར་ཡུག་གིས་བསྐོར་བ། ནང་བར་ཁྱམས་གྲུ་

བཞི་པ་ལ་ལྷ་སྣམ་རིམ་པ་གཉིས་སུ་ཕྱེ་བའི་ནང་དུ་གྲུ་ཆད་དང་འཁོར་ལོ་ཉིས་རིམ་གྱིས་ལྟེ་བར་རིགས་ཀྱི་ཁ་དོག་ཅན་གྱི་ཐིག་ལེ་ལྔ་ཚོམ་གྱིས་མཛེས་པ། ལྷ་གནས་གྱི་གདན་ནི། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་བགྲོད། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡིས་ཐོགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་དང་། ཉི་ཟླ་པདྨ་རིན་པོ་ཆེ། སྐྱེས་བུ་ལྔ་ལ་ལྔ་བརྩེགས་སྟེ། །སེམས་དཔའ་ལ་ནི་སུམ་བརྩེགས་སོ། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཞེས་པ་ལྟར་གསལ་བ་དང་། ཁྲོ་བོ་ལ། རང་གཞུང་ལས། རུ་ཏྲ་ཕོ་མོ་རིན་ཆེན་ཁྲི་རྐང་དང་༔ བྱོལ་སོང་པདྨ་ཉི་ཟླ་བརྩེགས་པའི་སྟེང་༔ ཞེས་དང་། མཁའ་ལྡིང་ཁྱུང་ཆེན་རིན་ཆེན་བྲག༔ ཅེས་པས་ཆེ་མཆོག་གི་གདན་དང་། གཞན་ལྔ་བྱོལ་སོང་གཙོ་བརྒྱད་རིན་ཆེན་བྲག༔ ཅེས་པས་བསྟན་ལ། རིན་ཆེན་བྲག་རི་བརྩེགས་པའི་ཁྲི་རྐང་ཁྱུང་དང་བྱོལ་སོང་པད་ཉི་རུ་ཏྲ་སོགས། དབུས་སུ་རུ་ཏྲ་དང་དབང་ཕྱུག་ཕོ་མོ། ཤར་དུ་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཏུ་སྲིན་པོ་བྱང་དུ་གནོད་སྦྱིན་ཕོ་མོ། དེ་དག་ལས་ལ་ནན་ཏུར་དུ་བསྟན་པའི་ཕྱིར། ཕོ་ཁ་སྦུབ་ཀྱི་སོག་ཕྲག་དང་། མོ་གན་རྐྱལ་གྱི་ནུ་ཕྲག་ནས། དུག་ལྔ་གནས་སུ་དག་པའི་བརྡར། དུད་འགྲོ་གདུག་པ་ཅན་གྱི་སྤར་བས་བཟུང་བ་སྟེ། གཉིས་འཛིན་མཚན་མའི་ཡུལ་ལས་འདས་ཤིང་ཆོས་དབྱིངས་མཁའ་ལ་ཐོགས་མེད་དུ་བགྲོད་པས་ཀླུ་ཟིལ་གྱིས་

གནོན་པའི་ཕྱིར་ཁྱུང་ནི་ཆེ་མཆོག་གི་གདན། དེ་ཡང་རོང་པ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས། ཁྱུས་འགྲོས་ཟིལ་གྱིས་གནོན་པའི་ཕྱིར། །ཁྱུ་མཆོག་ནི་ཐུགས་ཀྱི་ཕྱག་རྒྱ། མ་ཧེ་གཟི་བརྗིད་ཆེ་བས་སྐུའི་ཕྱག་རྒྱ། གཟིག་གདུག་པ་ཆེ་བས་མི་གཏོང་བའི་ཕྱིར་ཡོན་ཏན་གྱི་ཕྱག་རྒྱ། སྟག་དཔའ་རྟུལ་ཆེ་བས་ཐུགས་རྗེ་ཆེན་པོའི་མི་མཇེད་པདྨའི་ཕྱག་རྒྱ། དོམ་གཏུམ་པའི་ཕྱིར་ལས་རིགས་ཀྱི་ཕྱག་རྒྱའོ། །ཞེས་གསུངས་པ་བཞིན་གསལ་ལ། ཀོ་རི་སེང་ཧ་བརྒྱད་ལ་ཞིང་ཆེན་གྱི་གདན། སྒོ་མ་བཞི་ལ་ཞིང་ཆེན་བསྣོལ་མ། དབང་ཕྱུག་ཉེར་བརྒྱད་ལ་ཞིང་རྐྱང་གི་གདན་གསལ་ལ། གཉིས་པ་ཐུགས་ཕྱག་མཚན་གྱི་ཆོ་ག་ནི། སྦྱངས་བྱ་ཕ་མའི་ཁམས་དཀར་དམར་ཀྱི་དབུས་སུ་བར་སྲིད་ཀྱི་རྣམ་ཤེས་ཞུགས་ནས་དེ་གསུམ་རོ་གཅིག་འདྲེས་པ་ལས། རིམ་བཞིན་མེར་མེར་དང་། ནུར་ནུར་དང་། ལྟར་ལྟར། གོར་གོར་འཕྲང་(འཁྲང་)འགྱུར་སོགས་མངལ་གྱི་གནས་སྐབས་ལྔ་ཉམས་སུ་མྱོང་བར་འགྱུར་བ་སྦྱང་བའི་ཕྱིར། སྦྱོང་བྱེད་ནི། རང་གཞུང་ལས། བདག་ཉིད་ཐ་མལ་རང་སེམས་འདི༔ རྟོག་པས་མ་ཆོད་སོ་མའི་ངང་༔ བསམ་བྲལ་ངང་ལས་སེམས་ཉིད་འདི༔ རྡོ་རྗེ་མཐིང་ནག་ཨ་ཡི་མཚན༔ ཞེས་པ་ལྟར། དཀྱིལ་འཁོར་དབུས་མཐིང་གསལ་ཐིག་ལེའི་ལྟེ་བར་སེང་ཁྲི་པད་ཉི་ཟླ་བའི་གདན་སྟེང་དུ་རྒྱུའི་ཨ་ཡིག་ནམ་མཁའ་ནས་གློག་འཁྱུག་པ་ལྟར་བབ་པ་འོད་ཞུ། རྡོ་རྗེ་སྔོན་པོ་ཡི་གེ་ཨ་ཡི་མཚན་པར་བསྒོམ་པས། སྦྱང་གཞི་ཡིད་ཀྱི་ཁམས་ཀྱི་དྲི་མ་དག །ཐུགས་རྡོ་རྗེ་དབྱེར་མེད་པའི་ཡེ་ཤེས་ཆེན་པོར་རྫོགས། སྦྱངས་འབྲས་ཆོས་ཀྱི་སྐུར་སྨིན་པའི་རྟེན་བྱེད་པའོ། །གསུམ་པ་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་ནི། སྦྱང་བྱ་མངལ་གྱི་ལུས་དེ་ཉིད་ལྟེ་བ་

སོགས་རྩ་འཁོར་རྣམས་རྫོགས་པར་ཆགས་ནས་ཁམས་དང་སྐྱེ་མཆེད་ཐམས་ཅད་རྫོགས་པར་གྱུར་ནས་ཕྱིར་བཙས་པ་སྦྱང་བའི་ཕྱིར། སྦྱོང་བྱེད་ནི་རང་གཞུང་ལས། རྡོ་རྗེ་ཨར་བཅས་འོད་ཟེར་འཕྲོས༔ ཡར་མར་འཕྲོས་འདུས་དོན་གཉིས་བྱས༔ ཚུར་འདུས་རྡོ་རྗེ་ཨར་བཅས་པ༔ འོད་ཞུ་མ་རིག་ཉོན་མོངས་སྦྱངས༔ ཞེས་པས་བསྟན་ལ། རྡོ་རྗེ་ཨར་བཅས་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། སངས་རྒྱས་ཀྱི་མཛད་པ་བསྒྲུབ། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་མཐིང་གསལ། ཡུམ་ཀུན་ཏུ་བཟང་མོ་དཀར་མོ་གཉིས་ཀའང་འདུས་བྱས་མཚན་མའི་རྟོག་པའི་སྒྲིབ་གཡོགས་དག་པའི་བརྡར་སྐུ་གཅེར་བུ། དབྱིངས་རིག་འདུ་འབྲལ་མེད་པའི་ཕྱིར་ཟུང་འཇུག་འཁྲིལ་སྦྱོར་དུ་ཕྱག་མཉམ་བཞག་ཞབས་སྐྱིལ་ཀྲུང་དུ་བཞུགས་པར་ལྷའི་སྐུ་རྫོགས་པར་བསྐྱེད་པས་སྦྱང་གཞི་ལུས་ཀྱི་ཁམས་ཀྱི་དྲི་མ་ད༷ག །ཕུང་ཁམས་གདན་གསུམ་ཚང་བའི་རང་བཞིན་སྐུ་རྡོ་རྗེའི་ངོ་བོར་རྫོ༷གས། སྦྱང་འབྲས་གདུལ་བྱ་སོ་སོའི་སྐལ་བ་དང་མཐུན་པར་སྤྲུལ་པའི་སྐུར་སྨི༷ན་པའི་རྟེན་བྱེད་པའོ། །ཀུན་བཟང་ཐུགས་ལས། ༀ་ལཾ། ཧཱུྃ་མུཾ། སྭཱ་མཾ། ཨཱཿཔྱཾ། ཧ་ཏཾ་རྣམས་འཕྲོས་པ་ལས། གཙོ་བོའི་གཡས་སུ་སེང་ཆེན་ཁྲི་སྟེང་དུ་རྣམ་སྣང་དང་དབྱིངས་ཕྱུག་མ། ཕྱོགས་ཀྱི་ཐིག་ལེ་བཞི་ལ། ཤར་དུ་གླང་ཆེན་ཁྲི་སྟེང་རྡོ་རྗེ་སེམས་དཔའ་དང་སངས་རྒྱས་སྤྱན་མ་དང་། ལྷོར་རྟ་མཆོག་ཁྲི་སྟེང་རིན་འབྱུང་དང་མ་ཀི། ནུབ་ཏུ་རྨ་བྱའི་ཁྲི་སྟེང་སྣང་མཐའ་དང་གོས་དཀར་མོ། བྱང་དུ་ཤང་ཤང་ཁྲི་སྟེང་དུ་དོན་ཡོད་གྲུབ་པ་དང་དམ་ཚིག་སྒྲོལ་མ། རྡོར་སེམས་ཡབ་ཡུམ་གྱི་ཀྵི་མེ་དང་ཧཱུྃ་ཧཱུྃ་སྤྲོས་པས། སེམས་དཔའ་ས་སྙིང་དང་བྱམས་པ། སེམས་མ་ལ་སེ་དང་པུཥྤེས་མ། རིན་འབྱུང་ཡབ་ཡུམ་གྱི་ཧཱུྃ་ཏྲཾ་དང་ཏྲཾ་ཛ་སྤྲོས་པས།

སེམས་དཔའ་ཀུན་བཟང་དང་ནམ་སྙིང་། སེམས་མ་མ་ལེ་དང་དྷུཔྤེ། སྣང་མཐའ་ཡབ་ཡུམ་གྱི་ཧྲཱི་མུཾ་དང་ཧྲཱི་བཾ་སྤྲོས་པས་སེམས་དཔའ་སྤྱན་གཟིགས་དང་འཇམ་དཔལ། སེམས་མ་གིརྟི་དང་ཨ་ལོ། དོན་གྲུབ་ཡབ་ཡུམ་གྱི་ཐླྷིཾ་ཛྷིཾ་ཧོ་ཨ་སྤྲོས་པས་སེམས་དཔའ་སྒྲིབ་སེལ་དང་ཕྱག་རྡོར་སེམས་མ་གྷནྡྷེ་དང་ནིརྟི་མ། གཙོ་བོའི་ཐུགས་ལས། ཀྲེཾ་བྲེཾ་ཏྲུ་ཾ་ཀྵེཾ་སྲུཾ་ཡེ༔ འཕྲོས་པས་སྟེང་འོག་དང་གྲུ་ཆད་བཞིར་ཐུབ་པ་དྲུག །གཙོ་བོའི་ཐུགས་ལས་ཧཱུྃ་བཞི་དང་ཛཿཧཱུྃཿབཾ་ཧོཿའཕྲོས་པས། སྒོ་ཕུག་བཞིར་མཐར་བྱེད་སྒོ་བ་ཡབ་ཡུམ་སྟེ་ཞི་བ་བཞི་རྩ་གཉིས་དང་། སླར་ཡང་ཀུན་བཟང་གི་ཐུགས་ཀ་ནས་ཧཱུྃ་ཟུང་ཆད་པ་ལས། གཙོ་བོའི་མདུན་དུ་མཁའ་ལྡིང་ཁྱུང་གིས་བཏེགས་པའི་རིན་ཆེན་བྲག་རི་བརྩེགས་པའི་ཁྲི་པད་ཉི་རུ་ཏྲ་སོགས་གཞུང་ལྟར། རུ་ཏྲ་ཕོ་མོ་རིན་ཆེན་ཁྲི་རྐང་སྟེང་སོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཡུམ་ཀྲོ་དྷི་ཤྭ་རི་མ་དང་མཉམ་པར་སྦྱོར་བ། དེའི་ཐུགས་ཀ་ནས་ཧཱུྃ་བཅུ་ཆད་པ་ལས་དང་པོ་ཧཱུྃ་ཟུང་ཡོངས་སུ་གྱུར་པ་ལས། ཀུན་བཟང་གི་གཡོན་ཁྲི་སྔར་ལྟར་དབང་ཕྱུག་ཕོ་མོ་མ་ཧེ་སོགས་ཀྱི་སྟེང་བུདྡྷ་ཧེ་རུ་ཀ་ཡབ་ཡུམ། ཧཱུྃ་ཟུང་བཞི་འཁོར་ལོའི་རྩིབས་བཞིར་བབ་པ་ཡོངས་སུ་གྱུར་པ་ལས། དྲེགས་པ་དྲི་ཟ། གཤིན་རྗེ། སྲིན་པོ། གནོད་སྦྱིན་ཕོ་མོ་དང་། བྱོལ་སོང་ཁྱུ་མཆོག་གཟིག་སྟག་དོམ་ཟུང་སོགས་ཀྱིས་བཏེགས་པའི་སྟེང་བཛྲ་རཏྣ་པདྨ་ཀརྨ་ཧེ་རུ་ཀ་རྣམས་སོ་སོའི་ཡུམ་དང་འཁྲིལ་བ། ཆེ་མཆོག་གི་ཐུགས་ལས་ཧ་བརྒྱད་སྤྲོས་པས་རྩིབས་བརྒྱད་ཞིང་ཆེན་གདན་སྟེང་ཀོ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད། ཆེ་མཆོག་ཐུགས་ལས་ཧེ་བརྒྱད་སྤྲོས་པས་ཞིང་ཆེན་གདན་སྟེང་ལྷ་སྣམ་ནང་མར་སེང་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད་རིགས་བཞིའི་ཧེ་རུ་ཀའི་ཐུགས་ཀ་ནས་ཛཿཧཱུྃ་བཾ་ཧོ་བཞི་

འཕྲོས་པས་སྒོ་ཕུག་གི་མཐར་བྱེད་བཞིའི་ཕྱི་རོལ་དུ་སྒོ་སྐྱོང་གདོང་མོ་བཞི་ཞེང་ཆེན་བསྣོལ་བའི་གདན་སྟེང་དུ་བཞུགས་པ། དཔལ་ཆེན་པོའི་ཐུགས་ལས་འོད་ཟེར་བྷྱོ་ཡིག་ཉེར་བརྒྱད་སྤྲོས་པས། ལྷ་སྣམ་ཁྱམས་ཕྱི་མར་ཞིང་རྐྱང་གི་གདན་སྟེང་དུ་ཕྱོགས་རེ་ལས་བཞིའི་དབང་མོ་དྲུག་རེ་ཕྱིའི་སྒོ་གཡབ་བཞིར་སྒོ་སྐྱོང་དབང་མོ་བཞི་རྣམས་དྭངས་བའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་མ་འདྲེས་ཡོངས་རྫོགས་སུ་བཀྲ་ལམ་ཀྱིས་གསལ་བར་མོས་ལ། ཀུན་བཟང་སོགས་གཙོ་བོ་རིགས་ལྔ་ཡབ་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་སྟེ་རྡོ་རྗེ་སྐྱིལ་ཀྲུང་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་སྟེ། པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྲིལ་བ། སེམས་དཔའ་ཡབ་རྣམས་གཡས་ཅུང་ཟད་བརྐྱངས་པའི་ཕྱེད་སྐྱིལ་གྱིས་བཞུགས་པ། ཐུབ་པ་དྲུག་བཞེངས་སྟབས་དང་། སྒོ་བ་ཡབ་རྣམས་གཡས་བརྐྱངས་བའི་གྱད་ཆེན་པོའི་དོར་སྟབས་དང་། ཡུམ་རྣམས་གཡོན་བརྐྱང་བའི་གྱད་ཀྱི་དོར་སྟབས་ཀྱིས་བཞུགས་པ། ཁྲོ་བོ་ལས་གཙོ་བོ་ཁྲག་འཐུང་ཡབ་ཡུམ་རྣམས་ཞི་བའི་སྒོ་བ་ཡབ་ཡུམ་དང་བཞུགས་སྟབས་མཚུངས་ཤིང་། ཀོ་རི་སེང་ཧ་སྒོ་མ་སོགས་སྲས་མོ་ཉི་ཤུ་ཞབས་གཡས་བརྐུམ་གཡོན་བརྐྱངས་བསྣོལ་བའི་གར་སྟབས་དང་། དབང་མོ་ཉེར་བརྒྱད་ཞབས་གཡས་བརྐུམ་པའི་རྟིང་པ་གསང་བར་གཏད་ཅིང་གཡོན་བརྐྱངས་པ་རང་རང་གི་གདན་ལ་རོལ་པ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སོ། །དེ་ལྟར་ལྷ་དེ་དག་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཞུགས་སྟངས་སོགས་རྣམ་པ་གསལ་ལ་མ་འདྲེས་པ་སྤྱན་གྱི་དཀར་ནག་གི་ཆ་ཚུན་ཆད་གསལ་བ་དེ་དག་ཀྱང་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་དང་ཆུ་ནང་གི་ཟླ་བ་ལྟར་མ་ཡེངས་པའི་ངང་ནས་ཡིད་ཡུལ་དུ་ལམ་ལམ་གསལ་བ་དང་། དེ་དག་ཀྱང་

ཞི་བ་རྣམས་སྐྱེ་བ་གནས་སུ་དག་པས་སྐུ་མཉེན་ཤ་ཆགས་པ། ན་བ་གནས་སུ་དག་པས་སྐུ་སྐབས་ཕྱེད་ཅིང་རིམ་པར་འཚམས་པས་ལྕུགས་པ། འཆི་བ་གནས་སུ་དག་པས་སྐུ་ཤ་ལྷོད་པོ་མ་གྱུར་པས་འཁྲིལ་བ། འཁྱོགས་པ་མ་ཡིན་པར་དྲངས་ཤིང་འགྱིང་བག་ལྡན་པས་ལྡེམ་པ། རྒ་བ་གནས་སུ་དག་པས་སྐུ་འཇམ་ཞིང་གཞོན་ཤ་ཆགས་པ། མཚན་དཔེའི་ཡོན་ཏན་རྣམས་མ་འདྲེས་པར་གཙང་ཞིང་གསལ་བ། རྒྱང་རིང་པོར་མངོན་ཞིང་བཀྲག་ཆེ་བས་འཚེར་བ། ཡིད་དུ་འོང་ཞིང་གཟི་བརྗིད་ཆེ་བས་ལྷུན་སྟུག་པ། གཞན་གྱིས་ཟིལ་གྱིས་གནོན་པར་མི་ནུས་ཤིང་གདུལ་བྱ་རྣམས་ཟིལ་གྱིས་གནོན་པས་གཟི་བྱིན་དང་ལྡན་པ་སྟེ་ཞི་བའི་ཚུལ་དགུ་དང་། རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་རྣམས་ལ་ཞི་བའི་རྒྱན་ཆས་བཅུ་གསུམ་སྟེ། དར་གྱི་སྟོད་གཡོགས་སྨད་དཀྲིས་དང་། ཅོད་པན་ཟི་ལྡིར་གར་དུང་ལྔ། རིན་ཆེན་དབུ་རྒྱན་སྙན་ཆ་དང་། །མགུལ་རྒྱན་དོ་ཤལ་སེ་མོ་དོ། །ཕྱག་གདུབ་ཞབས་གདུབ་སྐ་རགས་བརྒྱད། །བསྡོམས་པས་རྒྱན་ཆས་བཅུ་གསུམ་མོ། །ཞེས་པ་ལྟར། དར་ཆས་ལྔ་ནི། དར་དཀར་གསེར་གྱི་ངང་པ་ཁ་སྤྲོད་དམ་གསེར་རིས་{སྒོབ་པ་}ཡོད་པ་ཁ་ཚར་མ་ཉམས་པ་སྐུ་སྟོད་ནས་གཡོགས་ནས་སྣེ་མགུལ་ནས་དཔྱངས་པའོ། །དར་ལྗང་གུའི་གསང་གོས་གར་དུང་འགའ་འདྲ་སྟོད་ཐུང་ཙམ་གསོལ་བ་དང་། ཚིག་གུའི་སྨད་དཀྲིས་ནི་ལ་ལར་དར་སྣ་ཚོགས་ལ་བཤད་ཡོད་ཀྱང་དར་དམར་སྨུག་གི་སྨད་དཀྲིས། སྐྲ་ལྕོག་སྒྲོག་ནས་རྒྱབ་དར་ཡར་སྣེ་ལྟེབ་ཆག་འཕྲུལ་ཆིངས་བྱས་པ་ཟི་ལྡིར་དང་། མར་དཔྱངས་པ་དར་དཔྱངས་སུ་འདོད་པ་ཡོད། ཁ་ཅིག་སྒྱུ་འཕྲུལ་ལ་དར་དམར་མཐིང་སྙན་གཡས་གཡོན་ནས་མར་འཕྱངས་པ་དར་དཔྱངས་དང་། དར་སྣ་ལྔའི་རྒྱབ་དར་ཟི་ལྡིར་ལ་བཞེད་པ་ཡང་ཡོད། རིན་པོ་ཆེའི་རྒྱན་བརྒྱད་ནི།

དབུ་རྒྱན་ཐོར་ཙུགས་སྐེད་ཆིང་གསུམ་བྱས་པའི་རྩེར་རིན་པོ་ཆེའི་ཏོག་པྲོག་ཞུ་རིན་པོ་ཆེའི་ཁང་བུའི་ནང་རིགས་ལྔའི་སྐུས་སྤྲས་པ་དེ་ལ་སྐྲ་མཚམས་ནས་སྤྱི་བོའི་རྩ་འདབས་སོ་གཉིས་མཚོན་པའི་རིན་པོ་ཆེའི་དྲ་ཕྱེད་ཆུང་ངུ་སོ་གཉིས་ཀྱིས་མཛེས་པའོ། །སྙན་རྒྱན་ནི་སྙན་གཉིས་ལ་རིན་ཆེན་ལས་བྱས་པའི་ས་སྤྲ་༼པ་ཁྲ་༽པད་སྤུངས་གཡུ་དང་པད་རཀ་བཻཌཱུཪྻ་སོགས་ཀྱིས་ཕྲས་མཛེས་པའོ། །མགུལ་རྒྱན་རིན་པོ་ཆེའི་རྒྱན་སྣ་ཚོགས་དབུས་མགུལ་གབ་ཕྲ་པད་ཅན་དེ་ལ་མུ་ཏིག་སོགས་ཞིབ་མོའི་དྲ་ཕྱེད་ཆུང་ཆུང་བཅུ་དྲུག་གིས་བརྒྱན་པའོ། །དོ་ཤལ། རིན་པོ་ཆེའི་ཕྲེང་བ་རྒྱན་རིན་ཆེན་མགུལ་ནས་མནབ་པ་སྙིང་ཁར་སླེབ་པ་དེ་ལ་དྲ་ཕྱེད་ཆུང་ཆུང་བརྒྱད་ཀྱིས་སྤྲས་པའོ། །སེ་མོ་དོ་རིན་ཆེན་ཕྲེང་བ་སྣེ་མོ་སྦྲེལ་བ། སྣེ་གཉིས་ཛར་ལོ་བྱས་པ་གཡས་ནས་གཡོན་དང་། གཡོན་ནས་གཡས་སུ་མགུལ་བའི་རྒྱབ་ནས་འོང་སྟེ་མདུན་དུ་སྣེ་གཉིས་དཔྱངས་པ་དེ་འདྲ་ལ་འདོད། ལ་ལར་སེ་མོ་དོ་སེ་རལ་ཁར་རིན་པོ་ཆེའི་འཁོར་ལོ་མདུན་དུ་ཡོད་པ་དེ་ལས་གྱེས་པས་རིན་ཆེན་ཕྲེང་བ་གཡས་གཡོན་མཆན་ཁུང་ནས་དོ་ཤལ་བྱས་པ་དེ་འདྲ་ལ་བཞེད་པ་ཡང་ཡོད། ཕྱག་ལ་གདུབ་བུ་ཕྲ་པད་གསུམ་པ་གཡས་གཡོན་ལ་བརྒྱན་པ་དེའི་ཁོང་ནས་དཔུང་རྒྱན་ཕྲ་པད་བཞི་པ་ཡོད་ཀྱང་དེ་བཞི་གཅིག་ཏུ་བརྩིས་པ་དང་། ཞབས་གདུབ་ཕྲ་པད་གསུམ་པ་གཉིས་གཅིག་ཏུ་བརྩིས་པའོ། །རིན་པོ་ཆེའི་སྐེད་ཆིང་ཕྲ་པད་བརྒྱད་པ་དྲ་བ་དྲ་ཕྱེད་ཞིབ་མོར་ཆུང་ཆུང་དྲུག་བཅུ་རེ་བཞིས་མཛེས་པར་བརྒྱན་པ་དང་བརྒྱད་དོ། །ཐུབ་པ་དྲུག་ནི་ཆོས་གོས་རྣམ་གསུམ་སྤྲུལ་སྐུའི་ཆ་བྱད་དང་། སྒོ་བ་ཡབ་ཡུམ་རྣམས་སྒེག་པ་སོགས་གར་ཉམས་དགུ་དང་ལྡན་པ། དུར་ཁྲོད་ཆས་བརྒྱད་ཡུམ་ལ་སྟག་ཤམས་ཀྱི་དོད་གཟིག་ཤམས་སོ། །ཁྲོ་བོ་དཔལ་ཆེན་པོ་ཆེ་མཆོག་ཁྲག་འཐུང་ཡབ་

ཡུམ་སོགས། ཆགས་ཉམས་ཀྱིས་སྒེག་པ། ཁྲོ་ཉམས་ཀྱིས་དཔའ་བའི་ཉམས། རྨོངས་ཉམས་ཀྱིས་མི་སྡུག་པ་སྟེ་འཇིགས་སུ་རུང་བ་སྐུ་ཡི་གར་ཉམས་གསུམ། གསུང་གི་ཧ་ཧ་ཧི་ཧིའི་གད་རྒྱང་སྒྲོགས་པས་རྒོད་པ། རྒྱོབ་སོད་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པས་གཤེ་བ། ཛ་བྷྱོ་རུ་ལུའི་སྒྲས་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟར་དང་ཐོག་སྟོང་དུས་གཅིག་ཏུ་ལྷུང་བ་ལྟར་འུར་ཆོམ་གྱི་སྒྲས་རྔམ་སྒྲ་འཇིགས་རུང་སྟེ་གསུང་གི་གར་ཉམས་གསུམ། ཐུགས་ཀྱི་གདུལ་བྱ་གདུག་པ་ཅན་ལ་རྗེས་ཆགས་སྙིང་རྗེའི་ཉམས་དང་། བུ་ལམ་དུ་བཙུད་པ་ལ་ཕ་མས་བརྡེག་པ་ལྟར་གདུག་པ་ཅན་འདུལ་བ་ལ་རྔམ་པའི་ཉམས་འཇིགས་པའི་མཚོན་ཆ་སྣ་ཚོགས་གདེངས་ཤིང་ལོག་འདྲེན་གསོད་པའི་ཚུལ་སྟོན་ཀྱང་གདུག་པ་ཅན་ལོག་པར་མི་གཏོང་བས་ཐུགས་བརྩེ་བས་ཞི་བའི་ཉམས་དང་ཐུགས་ཀྱི་གར་ཉམས་གསུམ་དང་དགུའོ། །རཱུ་ཏྲ་བཏུལ་བའི་ཆས་རྣམས་རྒྱལ་བྱེད་དཔའ་རྟགས་ཀྱི་ཚུལ་དུ་སྐུ་ལ་གསོལ་བ་ནི་དུར་ཁྲོད་བདག་པོ་རཱུ་ཏྲའི་ཆས་ཡིན་པས་བརྒྱད་ནི། བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུག་པའི་རྫས་གསུམ་སྟེ། སྟོད་དུ་གླང་ཆེན་གྱི་ཀོ་རློན། རྐེད་དུ་མི་ལྤགས་ཀྱི་གཡང་གཞི། སྨད་དུ་སྟག་སྤགས་ཀྱི་ཤམ་ཐབས་སྟེ། དྲེག་པ་ལྷ་རྒྱུད་ལས། ཞིང་ཆེན་གཡང་གཞི་བྱང་ཆུབ་སེམས་ཀྱི་རྒྱན། །གླང་ཆེན་ཀོ་རློན་སྟོབས་ཆེན་མཆོག་གི་རྒྱན། །སྟག་གི་ཤམ་ཐབས་དཔའ་བརྟུལ་ཟ་བྱེད་རྒྱན། །ཞེས་དང་། གདགས་པའི་རྒྱན་ལ་ཐོད་རྒྱན་དང་སྦྲུལ་རྒྱན་གཉིས་ལས། དེ་ཡང་ཐོད་པ་ཚར་གསུམ་སྐུ་གསུམ་བརྙེས་པའི་རྒྱན་ཞེས་པས་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། ཐོད་པ་ཚལ་བུས་ཕྱག་ཞབས་ཀྱི་གདུ་བུ་བྱས་པའོ། །སྦྲུལ་ནག་ཆུན་པོ་མཉེན་ལྕུགས་འཁྲིལ་བའི་རྒྱན་ཞེས་པས། སྦྲུལ་རྒྱལ་

རིགས་དཀར་ཁྲའི་མགུལ་ཆུན། རྗེ་རིགས་སེར་ཁྲའི་སྙན་ཆ། བྲམ་ཟེ་དམར་ཁྲའི་ཅོད་པཎ་སྟེ་སྐྲ་ཆིང་། དམངས་རིགས་ལྗང་གུས་ཕྱག་ཞབས་ཀྱི་གདུ་བུ། གདོལ་པ་ནག་པོའི་སྐུ་རེགས་བྱས་པའོ། །བྱུག་པའི་རྩི་ནི། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་གཉིས་སྣའི་ཟོར་སྟེ་འབུར་གསུམ་ལ་རཀྟའི་ཐིག་ལེ། ཨོལ་ཀོ་མགྲིན་པ་ལ་མིའི་ཚིལ་ཆེན་གྱི་ཞག་གི་སོར་རིས་བྱུག་པ་སྟེ། རཀྟ་ཐུགས་རྗེ་ཆགས་པའི་རྒྱན། ཐལ་བ་འདུལ་བྱེད་ཕྲིན་ལས་རྒྱན། ཞག་ཆེན་དོན་དམ་བཅུད་ཀྱི་རྒྱན། །ཞེས་སོ། །དཔལ་ཆེན་པོའི་སྐུ་ལ་གདོད་ནས་གྲུབ་པའི་ཆ་ལུགས་ནི་དཔལ་ཆས་ཡིན་ལ། ཞི་ཁྲོའི་རང་གཞུང་ལས། མེ་དཔུང་ཆས་དགུའི་བརྒྱན༔ ཞེས་གསུངས་པ་སྟེ། དེ་ཡང་ཇི་སྐད་དུ། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པཎ་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པ་རིག་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་བཟློག་བྱེད་དཔའ་བོ་ལྕགས་ཀྱི་ཆས། །ཉོན་མོངས་སྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །བྱང་སེམས་བརྟན་པ་སྙན་གོང་གསལ་བའི་རྒྱན། །ཞེས་དཔལ་ཆས་སོགས་རྒྱན་གྱི་བརྒྱན་པས། ཆེ་བརྗིད་རྔམ་འཇིགས་ལྡན་པ་གསལ། དེ་ལྟར་ལྷ་ཡི་གསལ་སྣང་ཡང་དང་པོ་བསམ་པའི་ཡུལ་ལ་བཀྲ་ལམ་མེར་གསལ་བ་དང་། དེ་ནས་མཐོང་བའི་ཡུལ་ལའང་ཇི་ལྟ་བ་བཞིན་གསལ་བ་དང་། དེ་ནས་རེག་པའི་ཡུལ་ལ་ཡང་མངོན་སུམ་དུ་གསལ་བར་གྱུར་པ་དེ་དག་རེག་མཐོང་གི་མཚན་མ་ཐོབ་པའང་ཡུལ་གསུམ་གྱད་དུ་གྱུར་པ་ཞེས་བརྟན་པ་ཐོབ་པའི་ཚད་ཡིན་ལ། དེ་ལྟར་བསྒོམ་པའི་ལྷའི་རྣམ་དག །གཙོ་བོ་ཞལ་གཅིག་

ཕྱག་གཉིས་ལ་ཆོས་ཉིད་ཉག་གཅིག་མཚོན་པའི་བརྡར་ཞལ་གཅིག །སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་བའི་བརྡར་ཕྱག་གཉིས། གཟུང་འཛིན་རྣམ་པར་དག་ཅིང་སྲིད་ཞི་མཉམ་པར་བརྡལ་བའི་ཞབས་གཉིས་སོགས་དང་། དུག་གསུམ་དག་ཅིང་སྐུ་གསུམ་མངའ་བའི་ཕྱིར་དབུ་གསུམ། ཡེ་ཤེས་དྲུག་ལ་དབང་བསྒྱུར་ཞིང་ཕ་རོལ་ཕྱིན་དྲུག་གིས་འགྲོ་དྲུག་སྒྲོལ་བའི་ཕྱག་དྲུག །རྫུ་འཕྲུལ་བཞི་དང་ལྡན་ཞིང་བདུད་བཞི་འདུལ་བའི་ཕྱིར་ཞབས་བཞི་དང་ལྡན་པ་སོགས་སོ་སོར་དག་དྲན་དགོས་ལ། སྤྱི་ཙམ་དུ་གཞལ་ཡས་ཁང་ནི་རྣམ་སྣང་དུ་དག་པ་དྲན་པ་དང་། ཕྱག་མཚན་རྣམས་མི་བསྐྱོད་པར་དག་དྲན་དང་། རིན་པོ་ཆེའི་རྒྱན་སོགས་རིན་འབྱུང་གི་ངོ་བོར་དག་པ་དྲན་པའོ། །མདོར་ན་གཉུག་མའི་སེམས་ཉིད་ཀྱི་སྟེང་ནས་སངས་རྒྱས་ཀྱི་ཡོན་ཏན་རྣམས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལས་ཡོན་ཏན་དེ་རྣམས་ལྷ་དེ་དང་དེའི་ངོ་བོར་གདོད་ནས་དག་པ་ཡིན་པས། ཏིང་ངེ་འཛིན་གྱིས་བསྒོམ་པའི་ལྷ་དེ་ཡང་ཡོན་ཏན་དེའི་ངོ་བོར་རྣམ་པར་དག་པ་ཤེས་དགོས། ང་རྒྱལ་བརྟན་པ་ནི། རང་གི་རྣམ་སྨིན་གྱི་ལུས་སྦྱངས་ནས་དག་པ་ལྷར་བསྐྱེད་པས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་བསྒོམ་བྱའི་ལྷར་སྣང་ཆ་འདི་ལྷའི་སྐུ་དངོས་ཡིན་སྙམ་པའི་ང་རྒྱལ་དང་། ངག་རླུང་གི་རང་བཞིན་སྙིང་པོ་སྔགས་སུ་སྦྱངས་པས་འབྱུང་འཇུག་གནས་གསུམ་སྔགས་ཀྱི་རང་གདངས་འདི་ལྷའི་གསུང་ཡིན་སྙམ་པའི་ང་རྒྱལ་དང་། ཡིད་ཆོས་ཉིད་དུ་སྦྱངས་ནས་གང་ཤར་ལྷ་ལ་ལྷ་རོལ་བ་དྲན་རྟོག་ཐམས་ཅད་ལྷའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་སྙམ་པའི་ང་རྒྱལ་དང་། མདོར་ན་སྣང་གྲགས་རིགས་གསུམ་གྱི་ཚོགས་ཐམས་ཅད་ལྷ་སྔགས་ཆོས་ཉིད་དུ་ཤེས་པའི་ང་རྒྱལ་བརྟན་པོ་དང་མ་བྲལ་བར་གནད་དུ་ཆེའོ། །དེ་ལྟར་བསྒོམས་པས་བརྟན་པ་

ཐོབ་ཅིང་བདེན་གཉིས་དབྱེར་མེད་དུ་རྟོགས་ནས་ལུས་སེམས་ཤིན་ཏུ་སྦྱངས་བའི་ནུས་པ་ཐོབ་པ་ནི། ཏིང་འཛིན་ལྷའི་གཟེར་ཐེབས་པ་ཞེས་བྱ་ལ། རང་གི་བསྒོམ་བྱའི་ལྷ་གང་ཡིན་པ་དེའི་ཐུགས་སྲོག་སྔགས་འཁོར་གྱི་ངོ་བོ་གསུང་རྡོ་རྗེའི་སྒྲ་དབྱིངས་སུ་དག་པ་དང་། བྱིན་རླབས་ནུས་པས་སྡིག་སྒྲིབ་ཞི་བ་སོགས་རྟགས་རྣམས་འབྱུང་བ་ནི་སྙིང་པོ་སྔགས་ཀྱི་གཟེར་ཐེབས་པ་ཞེས་བྱ་ལ། ལྷ་{གང་དང་}གང་ཡིན་གཅིག་བསྒྲུབ་པའི་ངོ་བོ་རང་སེམས་ལས་ལོག་ན་མེད་དེ། རང་གི་ཆོས་ཉིད་ནི་དག་པ་ལྷ་རུ་སྨིན། ལྷ་ཡི་ཐུགས་ཡེ་ཤེས་ཆེན་པོར་རང་དང་ཡེ་ནས་དབྱེར་མེད་རོ་མཉམ་ཆེན་པོར་ནི་དགོངས་པ་མི་འགྱུར་བ་ཆོས་ཉིད་ཀྱི་གཟེར་ཐེབས་པ་ཞེས་བྱ་ལ། འཕྲོ་འདུའི་དམིགས་པ་དང་སྔགས་དང་ཕྱག་རྒྱ་སོགས་གནད་དུ་སྨིན་པས་གང་འདོད་འཕྲིན་ལས་བཞི་ལ་རང་དབང་འབྱོར་བ་ནི་འཕྲོ་འདུ་འཕྲིན་ལས་ཀྱི་གཟེར་ཐེབས་པ་ཞེས་བྱ་བ་ཡིན་ལ་དེ་ལྟར་གཟེར་བཞི་དང་ལྡན་པའི་སྒོ་ནས་སྒྲུབ་པ་མཐར་ཕྱིན་པའི་དྲོད་རྟགས་རྣམས་རྫོགས་པ་དང་། འབྲས་བུ་ཇི་ལྟར་འབྱུང་བའི་ཚུལ་ནི། འོག་ཏུ་ཉུང་ཙམ་འཆད་ལ། དེ་ཡང་གསང་སྔགས་རྙིང་མ་ལ་བདག་མདུན་ཐ་མི་དད་པ་ཡིན་པ་དེ་ནི་བདག་བསྐྱེད་ལྷ་གཞལ་ཡས་ནི་ནམ་མཁའི་ཟླ་བ་ལྟ་བུ་ལ། མདུན་བསྐྱེད་ནི་དེའི་རང་མདངས་ཆུ་སྣོད་ཀྱི་ཟླ་གཟུགས་ལྟ་བུ་བདག་བསྐྱེད་མིའི་བྱད་གཟུགས་བཞིན་ལ། མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་རྫས་བུམ་པ་ལ་སོགས་མེ་ལོང་ནང་ལ་བཞིན་གཟུགས་མ་འགགས་པར་འཆར་བ་ལྟ་བུ་ཐ་དད་མ་ཡིན་བདག་གི་ཆོ་འཕྲུལ་དུ་ཤེས་པར་བྱའོ། །དཀྱིལ་འཁོར་གཞལ་ཡས་ཤར་སྒོ་རང་ལ་བསྟན། པད་གདན་མདུན་གྱི་དུར་ཁྲོད་རྡོ་ར་མེ་གུར་གཉིས་གཉིས་མེ་རི་འདབས་འབྱར་དུ་བསྒོམ། དེ་ལྟར་སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་

བསྟོད་བཤགས་པ་བཅས་གྲུབ་ནས། བརྒྱད་པ་འཛབ་བཟླ་བ་ནི། ཕྲེང་བ་ནི། རྒྱུད་ལས། བྷོ་དྷི་ཙིཏྟ་བསྔགས་ཏེ། བྷོ་དྷི་ཙི་ཡིས་ལས་ཀུན་བྱེད། །ཅེས་སོ། །རཀྴ་ཐོད་ཕྲེང་མ་གཏོགས་པ། ར་དང་རུས་པའི་ཕྲེང་བ་བསྒྲངས་མི་བྱ། བླ་མེད་ལུགས་འདིར་ཐོད་ཕྲེང་ཡང་བཟང་ངོ་། །ཕྲེང་བ་བྱིན་རླབས་བྱས་ནས། ལྷ་ཚོགས་ཞི་བའི་ཐུགས་ཀར་ཟླ་བ་ཁྲོ་བོའི་ཐུགས་ཀར་ཉི་མའི་སྟེང་རང་སྲོག་ས་བོན་ནི། ཀུན་བཟང་ལ་ཨ་དང་། ཞི་བར་སོ་སོའི་ས་བོན་ༀ་ལཾ་སོགས་དང་། ཆེ་མཆོག་ཡབ་ཡུམ་ཁྲག་འཐུང་ཁྲོ་བོ་ཧཱུྃ་སོགས་གཞན་ཧ་ཧེ་ཛཿཧཱུྃ་བཾ་ཧོ་བྷྱོ་སོགས་གསལ། ཞི་བར་བོ་དྷི་བཅུ་དྲུག་དང་། ཁྲོ་བོ་ལ་རུ་ལུ་བརྒྱད་ཀྱིས་བསྐོར་བ། ཐུགས་སྲོག་མདུན་ནས་ཞལ་སྲོག་ཡིག་ལ་ཕྱོགས་པ་གཡས་སྐོར་དུ་འཁོར་བའམ། སྔགས་འབྲུ་བརྟན་པའི་འོད་ལྔའི་ཕྲེང་ཐག་འགལ་མེའི་འཁོར་ལོ་ལྟར་བར་མ་ཆད་པར་མགྱོགས་བུལ་མེད་པ་ཆོས་བསྐོར་དུ་ཀྱི་ལི་ལི་རང་སྒྲ་དི་རི་རི་འཁོར་བ་དེ་ལས་འོད་ཟེར་ཉི་མ་འབུམ་བརྡལ་བ་བཞིན་རབ་འབྱམས་རྒྱལ་བའི་ཞིང་ཁམས་མཐའ་ཡས་པ་དང་། ངན་སོང་གི་འཇིག་རྟེན་ནམ་མཁའ་དང་མཉམ་པ་ལ་ཁྱབ་ཏེ། རྒྱལ་བ་རྣམས་མཆོད་ནས་བྱིན་རླབས་བསྡུས་བདག་མདུན་རྣམས་ལ་ཐིམ་པས་རབ་འབྱམས་རྒྱལ་བའི་དབང་ཐོབ་ནས་གཟི་བརྗིད་ཆེར་འབར་བར་བསྒོམ། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། འཁོར་བའི་གནས་སྟོང་ནས་སངས་རྒྱས་ཀྱི་ཞིང་དུ་གྱུར་ཏེ། ཞི་ཁྲོའི་ལྷ་ཚོགས་སུ་གནས་པས་ཐམས་ཅད་ཀྱིས་གྲགས་སྟོང་རྡོ་རྗེའི་སྔགས་སྒྲ་སྒྲོགས་པས་ཞིང་ཁམས་ཐམས་ཅད་ལ་ཁྱབ། དེ་དག་གི་རྒྱལ་བ་རབ་འབྱམས་རྣམས་རང་གི་ཡི་དམ་ལྷར་མོས་ལ། སྔགས་འབྲུ་རྣམས་གདན་ལས་འཕགས་ཏེ་རང་སྒྲ་དང་བཅས་འཁོར་བ་ལ་སེམས་

གཏད་དེ་བཟླས་པ་ནི་ཟླ་བ་སྐར་འཕྲེང་ལྟ་བུའི་ཛབ་དགོངས་བསྙེན་པའི་ཡན་ལག་ཡིན། ཡང་ཐུགས་ཀའི་སྔགས་ཕྲེང་གཉིས་པ་ཞིག་འཕྲོས་པ་རང་ལྷར་གསལ་བའི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས་སྐུའི་ནང་བརྒྱུད་ཐུགས་སྲོག་ལ་འཁོར་པདྨ་ནས་བྱུང་ཡབ་ཀྱི་གསང་གནས་ཀྱི་ལམ་ནས་ཡར་བྱང་སེམས་བདེ་བ་ཆེན་པོའི་རང་བཞིན་དུ་ཐུགས་ཀའི་ས་བོན་ལ་ཐིམ་པ་བདེ་ཆེན་སྒྱུ་མ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སོགས་མཆོག་ཐུན་གྱི་དངོས་གྲུབ་ཀུན་ཐོབ་པར་བསམ། བདག་མདུན་ལ་དེ་ལྟར་སྔགས་འཕྲེང་ཉེ་བར་བསྙེན་པ་འགལ་མེའི་འཁོར་ལོ་ལྟ་བུའི་ཛབ་ཡིན། ཡང་སྔགས་ཕྲེང་ལས་འོད་ཟེར་ཡར་ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་རྒྱལ་བ་རྣམས་ལ་སྤྲོས་པས་མཆོད་པ་ཕུལ། སྒྲིབ་པ་དག་ཚོགས་རྫོགས་དབང་བཞི་ཐོབ་པར་བསམ་པ་བདག་དོན་བྱིན་རླབས་བསྡུ་བ་དང་། ཡང་འོད་ཟེར་མར་འཕྲོས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕོག་པས་ལས་ཉོན་སྡིག་སྒྲིབ་སྦྱངས་ནས་སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར་པར་བསམ་པ་གཞན་དོན་ཕྲིན་ལས་ཀྱི་བཟླས་པ་འདི་གཉིས་ལ་སྒྲུབ་པ་རྒྱལ་པོའི་ཕོ་ཉ་ལྟ་བུའི་ཛབ་དགོངས་ཡིན། ཡང་ལྷ་དང་སྔགས་འཕྲེང་ལས་འོད་ཟེར་གྲངས་མེད་འཕྲོས་པས་མ་དག་སྣོད་ཀྱི་ཆ་འདི་ཞིང་དང་བཅུད་ཀྱི་སེམས་ཅན་ལྷ། སྒྲ་གྲགས་ཐམས་ཅད་སྔགས། དྲན་རྟོག་ཐམས་ཅད་ཆོས་ཉིད་ཆོས་སྐུའི་རོལ་བར་ཤེས་པའི་ངང་ནས་སྔགས་སྒྲ་བུང་བ་ཚང་ཞིག་པ་ལྟར་འུར་དིར་བཟླ་བར་བསམ་པ་ནི་སྒྲུབ་པ་ཆེན་པོའི་སྐབས་ཀྱི་བདག་གཞན་གཉིས་མེད་ཀྱི་བཟླས་པ་བུང་བ་ཚང་ཞིག་པ་ལྟ་བུའི་ཛབ་དགོངས་ཡིན། དེ་ལྟར་ངག་བཟླས་མ་མགྱོགས་པ། ཧ་ཅང་མ་བུལ་བ། ཆད་ལྷག་མེད་པ། སྒྲ་ཞན་པ་དང་དྲག་པའི་སྐྱོན་རྣམས་སྤང་ཏེ་བཟླའོ། །སྨྲ་བ་མ་བཅད་ན་ནུས་པ་མི་འབྱུང་ཏེ། འཇིག་

རྟེན་པའི་གཏམ་དང་འདྲེས་པའི་བཟླས་པ་ནི། དུག་སྨན་འདྲེས་པ་བཞིན་ནོ། །ངག་གཏམ་སྐད་པའི་སྦག་སྦག་སྦུག་སྦུག་དེ་ནི་ཤིན་ཏུ་ནས་མི་རུང་གསུངས་སོ། །བརྡ་དང་རྡུལ་བྱང་ལ་བྲི་བ་རུང་བར་བཤད་དོ། །བཟླས་པ་དང་སྔགས་འཁོར་འཁོར་བ་གཉིས་ཀ་རྒྱུན་མ་ཆད་པ་ཆུ་བོའི་རྒྱུན་ལྟར་མ་ཡེངས་པར་བྱེད་དེ། བླ་མ་དྲག་པོ་ལས། མ་ཡེངས་ཏིང་འཛིན་ལྡན་པས་བཟླས༔ གཞན་དུ་ཡེངས་བར་གྱུར་པས་ན༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་པས་སོ། །གཙོ་བོ་ཇི་བཞིན་འཁོར་རྣམས་ཀྱི་ཐུགས་ཀར་སྔགས་འཁོར་དུས་གཅིག་ལ་འཁོར་བ་སྟེ། རླུང་གཅིག་གིས་རླུང་འཁོར་གང་ཡོད་བསྐོར་བ་ལྟར་རོ། །ཐུན་གཅིག་ལ་བསྙེན་གྲངས་རྫོགས་པ་དང་། སྔགས་རིང་ཚར་གསུམ་སོགས་གང་སྐབས་དང་། ལས་ཤམ་ཡང་དེ་བཞིན། དབྱངས་གསལ་གྱི་མགོར་ༀ་དང་མཇུག་ཏུ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འགྲུབ་པར་གྱུར་ཅིག་སྭཱ་ཧཱ༔ གསུམ་གྱིས་སྔགས་ཉམས་པ་གསོ། ཡིག་བརྒྱ་གསུམ་གྱིས་ཏིང་འཛིན་ཉམས་པ་གསོ། ཡེ་དྷར་གྱིས་བརྟན་པར་བྱ་སྟེ། མཆོད་བསྟོད་དང་། དབང་བཞི་ཡིད་ལེན་སོགས་རྒྱུན་པར་འདྲའོ། །དགུ་པ་ཐུན་བཞིའི་རྣལ་འབྱོར་ནི། ཐོ་རེངས་ཁྱིམ་བྱ་སྔ་མ་མཚེར་བ་ནས་ནམ་ལང་བར་དུ་ཞི་བའི་དུས་ཀྱི་ཐོར་ཐུན་ཏེ། གུ་རུ་རིན་པོ་ཆེའི་ཐུགས་བརྒྱུད་བསྐུལ་བ་ཧཱུྃ་བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས། སྙན་པའི་དབྱངས་ཀྱིས་ཌཱ་དྲིལ་བྱ། གཏི་མུག་གཉིད་སྐྲོག་འདོན་ཀྱང་ཆོག །ནུས་པ་སྟོབས་འབྱིན་ཐུན་མོངས་སྔོན་འགྲོ། བསམ་ལྷུན། བླ་མའི་རྣལ་འབྱོར་རྒྱལ་བ་ཀུན་འདུས་མ་ནི་ཐུན་བཞི་གར་དགོས་སོ། །སྲུང་འཁོར་ནས་བཟུང་གཞུང་ལྟར་བསྲངས་བསྙེན་པ་བཟླ། ནམ་

ལང་བ་དང་། བསྟོད་ནས་མཇུག་རྒྱུན་སྤྱོད་བར་རོ། །ཉི་མ་ཤར་བའི་བར་དུ་ཁ་ཏོན་ཆབ་གཏོར་མདོ་ཆོས་སྤྱོད་འདོན་པ་རྣམས་བྱའོ། །ཉི་ཤར་ནས་ཉི་མ་གུང་བར་རྒྱས་པའི་དུས་ཀྱི་སྔ་ཐུན་བླ་མའི་རྣལ་འབྱོར་རྒྱལ་བ་ཀུན་འདུས་མ་ཙམ་དང་གཞུང་བསྲངས། གོང་ཡོལ་ནས་ཉི་ནུབ་བར་དབང་གི་དུས་ཀྱི་དགོང་ཐུན་ཏེ། ཐུན་མགོར་མཆོད་པ་གསོ་བྲན། གཏོར་འབུལ་དང་ཚོགས་ཀྱི་ཆས་བཤམས་གྲུབ་ནས། བླ་མའི་རྣལ་འབྱོར། སྐྱབས་གནས་ཀུན་གྱི་ངོ་བོ་མཁྱེན་བརྩེ་ནུས་པའི་སོགས་དང་། གཞུང་བསྲངས་ནས་མཆོད་བསྟོད་བྱས་ནས་བཀའ་གཏེར་སྲུང་མ་སྡེ་བདུན་འདོན། ཚོགས་འཁོར་དང་། བསྐང་བ་དངོས་པོ་ཆོས་ཉིད་མ་ཙམ་དུ་བྱའོ། །ཚོགས་རྣམས་སྒྲུབ་གཏོར་མདུན་དུ་འབུལ། ལྷག་མ་སྣོད་གཅིག་ལ་བསགས་ཆད་ཐོ་བརྟན་མ་རྒྱུན་བཞག་ལ་དམར་གཏོར་ཉིས་འབྱར་ཐེབ་ཀྱུ་ཅན་དེ་མཆོད། རྟ་བྲོ་མཆོད་བསྟོད་ནོངས་བཤགས་རྟེན་བཞུགས། ༀ་ཆོས་སྐུའི་བཀྲ་ཤིས་སོགས་ནས་ལྷར་ལྡང་རྒྱུན་སྤྱོད་བར་བྱ། སྲོད་ཐུན་ལ། མཚོ་དབུས་གེ་སར་མ། ཕྱོགས་དུས་རྒྱལ་བ་དང་། ཀུན་བཟང་བཀའ་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་བྱ། ལས་བྱང་ཆུང་བ་ནི་རྒྱུན་དུ་བྱ་དགོས། ལས་གཞུང་བསྲངས་ནས་བསྙེན་པ་ཅི་ནུས་འདོན། ཐུན་གྲོལ་ཁར་དབྱངས་གསལ། ཡིག་བརྒྱ་ཡེ་དྷར་གསུམ་རེ་བྱས། བླ་མ་ཀུན་བཟང་གིས་མཆོད། ཆོས་སྐུ་ནམ་མཁས་བསྟོད། བདེ་གཤེགས་རྒྱལ་བས་དངོས་གྲུབ་ལེན། ནོངས་བཤགས་བཀྲ་ཤིས་བསྡུ་རིམ་ལྷར་ལྡང་བར་བྱའོ། །དེ་ནས་ཕུང་པོ་མཆོད་སྦྱིན་དང་། ཀློང་ཆེན་པས་མཛད་པའི་བར་དོའི་སྨོན་ལམ་འོད་གསལ་སྨོན་ལམ་དང་བཅས་འདོན་ནས། འོད་གསལ་ངང་ལ་གཉིད་ལོག་གོ །།ཐོ་རངས་སད་པ་དང་། དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་ཌཱ་མ་རུ་དང་དྲིལ་བུའི་

བརྡས་བསྐུལ་བར་བསམ་ཞིང་། ཧཱུྃ་བཞེངས་ཤིག་པདྨ་འབྱུང་གནས་སོགས་དང་གཏི་མུག་གཉིད་སྐྲོག་སོགས་འདོན་ཀྱང་ཆོག་གོང་ལྟར་རོ། །དེ་ལྟ་བུས་བརྩོན་པར་བྱའོ། །བཅུ་པ་དུས་བསྙེན་ནི། རབ་ལོ་གསུམ། འབྲིང་གི་ལོ་གཅིག །ཐ་མའི་ཟླ་བ་དྲུག་གི་བར་རོ། གྲངས་ནི་བྱེ་བ་འབྲུ་འབུམ་སོགས་དང་། རྟགས་མཚན་ནི། རབ་ཀྱིས་དངོས་སུ་ཞལ་མཇལ་ལུང་བསྟན་ཐོབ་པ། འབྲིང་གིས་ཉམས་སྣང་དུ་དེ་ལྟར་དང་། ཐ་མས་རྨི་ལམ་དུ་ཞལ་མཇལ་ཆོས་གསུང་ལུང་བསྟན་ཐོབ་པའི་བར་དེ་སྲིད་དུ་བཟླ་བའོ། །ཡང་ཐས་སྡིག་སྒྲིབ་བྱང་ལྟས་རྨི་ལམ་དགེ་བ་ཙམ་མོ། །མཚན་མ་མཐོང་ནས། བཅུ་གཅིག་པ་དངོས་གྲུབ་ལེན་པ་ནི། ཡར་ངོའི་ཚེས་གཟའ་སྐར་ཤིས་པའི་དུས། སང་གྲོལ་བའི་དགོང་ཐུན་ལ་མཆོད་གཏོར་གསར་བ་བཤམས་རྙིང་པ་ཁ་གསོ་བཟའ་བཏུང་ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེར་བཤམ་བསྲུང་འཁོར་བསྒོམ་པ་ནས་བཟུང་ལས་གཞུང་བསྲངས། མདུན་གྱི་བསྒྲུབ་གཏོར་སོགས་སྒྲུབ་རྫས་ཐམས་ཅད་ལྷར་གསལ། བདག་མདུན་གྱི་ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྣམས་སུ་འཕྲོས་པས་རྒྱལ་བ་ཐམས་ཅད་མཆོད་མཉེས་ནས་བྱིན་རླབས་དངོས་གྲུབ་འོད་ཕུང་གི་རྣམ་པར་བསྡུས་ནས་མདུན་གྱི་སྒྲུབ་རྟེན་ཡོད་ཚད་ཀྱི་རྫས་ལ་ཐིམ་པར་བསྒོམ་ཞིང་རྩ་སྔགས་ལ། ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་བཟླའོ། །སླར་བདག་གི་ཐུགས་ཀའི་སྔགས་ཀྱི་འོད་ཟེར་མདུན་བསྐྱེད་ལ་མཆོད་པའི་ཚུལ་གྱིས་ཕོག་ཐུགས་དགྱེས་པའི་དངོས་གྲུབ་འོད་ཕུང་ཟེར་ཐག་གི་རྣམ་པ་བདག་གི་གནས་བཞི་ལ་ཐིམ་པས་དབང་བཞི་ཆིག་རྫོགས་སུ་ཐོབ་པར་བསྒོམ་ཏེ་དམིགས་པ་

ཡང་ཡང་བསྐྱར་ལ་བཟླའོ། །སྲོད་ཐུན་ཡང་དེ་ལྟར་དང་། དངོས་གྲུབ་ལེན་པའི་ཐོར་ཐུན་བླ་མའི་རྣལ་འབྱོར་གྱི་གསོལ་བ་དྲག་ཏུ་བཏབ་གཞན་གོང་ལྟར་བུམ་བཟླས་དང་། བཀའ་སྲུང་ཚོགས་འཁོར་ལྷག་མ་ལ་ཐུག་གི་བར་བྱ། དེ་ནས་བགེགས་བསྐྲད་བྱིན་འབེབས་སྨན་མཆོད། རྗེ་བཙུན་བླ་མ་རྣམས་ཀྱི་ནོངས་བཤགས་ཡིག་བརྒྱ་མཆོད་བསྟོད་བྱས་ལ་བསྡུ་ན་བདེར་གཤེགས་རྒྱལ་བ་མའི་དངོས་གྲུབ་ལེན། རྒྱས་པ་ནི་དོན་དབང་ལྟར་བྱས་ན་ཆོག །དེ་ནས་མདུན་བསྐྱེད་ཡེ་ཤེས་པའི་དྲུང་དུ་བདག་དམ་ཚིག་པ་དབང་ཞུ་བ་པོ་བྱས་ནས་མཎྜལ་ཕུལ། དབང་རྒྱས་པའམ་དོན་དབང་ནོར་བུའི་ལུགས་ལྟར་ལེན་མཐར། སྒྲུབ་གཏོར་སྤྱི་བོར་ལེན་གཏོར་དབང་འདོན། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་ཚངས་བུག་ནས་སྙིང་དབུས་སུ་བྱོན་ཡེ་ཤེས་སེམས་དཔར་བཞུགས་པར་བསམ། གཏོར་མ་བདུད་རྩིར་ཞུ་བ་མོས་པས་ཁར་ཅུང་ཟད་རེག །བཟའ་བཏུང་དངོས་གྲུབ་རྫས་ཀུན་ལ་རོལ་ནས། སྒྲུབ་རྫས་རང་གནས་སུ་བཀོད། གསོ་བྲན་མཆོད་བསྟོད་བྱས་རྗེས་གཞན་མཚམས་ཁང་དུ་ཡོད་པ་ལ་དབང་བསྐུར་དགོས་ན་བྱའོ། །གང་ལྟར་ཡང་ལྷག་མ་ནས་བཟུང་གཞུང་བཞིན་ནོངས་བཤགས་སྐབས་ཡིག་བརྒྱ་བརྒྱ་རྩ་ཙམ་དང་བདེ་གཤེགས་སྤྱི་བཤགས་བྱའོ། །ༀ་ཁྱེད་ཀྱིས་སེམས་ཅན་སོགས་ཡེ་ཤེས་པ་གཤེགས་པའམ་རྟེན་ལ་བསྟིམ། ཡེ་དྷར་བརྒྱ་རྩ་སོགས་ཀྱིས་མི་ཤིག་པར་བྱ། བསྲུང་བའི་འཁོར་ལོ་དང་བཅས་པའི་དམ་ཚིག་པ་བསྡུ་ལྡང་དང་བསྔོ་སྨོན་མར་མེའི་སྨོན་ལམ་བཅས་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །བཅུ་གཉིས་པ་ཁ་བསྐང་སྦྱིན་སྲེགས་བྱ་བ་ནི། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་མཛད་པའི་ལས་བཞིའི་སྦྱིན་སྲེག་བསྡུས་པ་མེ་ཐབས་མི་དམིགས་མས་ཞི་

སྦྱིན་ལྷག་ཆད་ཁ་བསྐང་བྱས་ཀྱང་ཆོག །ཐབ་དཀྱིལ་དཀར་ཟླུམ་ཁ་ཁྱེར་མུ་རན་ཅན་ལྟེ་བར་ལྷ་གྲངས་ཚོན་སྤུངས་གོང་བཞིན་བྱེད་ཁ་ཁྱེར་ནས་བལ་ཤུག་ལྕང་མ་སོགས་ཞི་བའི་ཤིང་ངམ་སྲོག་ཆགས་མེད་པའི་ལྕི་བ་རྩིག་པ་རང་བསྲུང་ཏི་སེའི་གངས་རི་ཝཾ་ཡིག་ཅན་གྱི་མེ་ཡོལ་དང་། དེའི་མདུན་ནས་ཁ་མེ་ཐབ་ལ་ཕྱོགས་པ། མཆོད་པ་ཕྱི་ནང་ཚང་བར་བཤམས། ཉེ་ལོགས་སུ་ཡམ་ཤིང་མར་ཁུ་ཏིལ་ནག །སོ་ཝ། དུང་དངུལ་སྟོང་སོགས། རིན་ཆེན། གྲོ་ནས། འབྲས། ཡུངས་དཀར། སྲན་མ། མ་ཤཀུ་ཤདུར་ཝ། ཟས་མཆོག་ཞོ་ཟན་མངར་གསུམ་སྦྱར་བ། དར་སྣ། སཱ་ལའི་ཐང་ཆུའམ། མེ་ཏོག་དཀར་པོ། ཙནྡན་དཀར་པོ་དྲི་ཞིམ་པོའི་སྤོས་སོགས། འཇུག་པ་བདེ་ཕྱིར་གཅིག་ཏུ་བསྲེས་པ། སྣོད་གཙང་དུ་བཤམ། སོ་རྩི། གོས་ཟུང་དགང་བླུག་སོགས་འདུ་བྱས་བདག་བསྐྱེད་ཚོགས་ལྷག་བར་ཚར་ནས། མཆོད་སྟེགས་རྣམས་མཆོད་པ་ལྟར་བརླབས། ༀ་ཨགྣེ་ཡེ་ཛྭ་ལ་རཾ་གསུམ་གྱིས་མེ་སྦར་ཧཱུྃ་གསུམ་བརྗོད། རླུང་གཡབ་མེ་ཐབ་ༀ་བཛྲ་ས་ཏྭ་ཧཱུྃ་དང་། སྭཱ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་མཚན་ཉིད་རྫོགས་པའི་དབུས་སུ་རཾ་ལས་ཞི་བའི་མེ་ལྷ་དཀར་པོ་བགྲང་ཕྲེང་དང་གུ་དྷེ་བསྣམས་པ་ཞི་བའི་ཆ་བྱད་རྫོགས་པ་དེའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨ་ལས་བྷྲཱུཾ་འཕྲོས་གཞལ་ཡས་ཁང་། ཟུར་བཞི་ལོག་བཞི་སྒོ་བཞི་ལྡན་སོགས་ནས་བསྟོད་པའི་བར་སོང་རྗེས། མེ་ལྷའི་ལྗགས་རྡོ་རྗེའི་རྣམ་པ་ཅན། དཀར་པོ་ལ་རཾ་དང་། དགང་བླུག་གི་ཁར་ཧཱུྃ་ཡིག་དཀར་པོ་བདུད་རྩིའི་རྒྱུན་དྲངས་པས་ལྷ་ཚོགས་རྣམས་ཀྱིས་གསོལ་བས་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པས་ཏིང་འཛིན་མ་གསལ་སྔགས་ལྷག་ཆད་སོགས་ནད་གདོན་སྡིག་སྒྲིབ་དག་པར་མོས། ༀ་ཨགྣེ་ཡེ་སྭཱ་ཧཱ༔ མར་ཁུ་ལན་བདུན་གྱིས་བཀང་བའི་

དགང་བླུག་ཁ་སྦྱར་གཡས་སྐོར་གསུམ། རྩ་བའི་སྔགས་མཐར་ༀ་ཨགྣེ་ཡེ་ཨཱ་དཱི་བྱ་ཨཱ་བི་༼ནི་༽ཤ་ཡ་ཨཱ་བི་ཤ་ཡ་མ་ཧཱ་ཤྲི་ཧ་བྱ་ཀ་བྱ་ཝཱ་ཧཱ་ན་ཡེ་སྭཱ་ཧཱ༔ བསྙེན་སྒྲུབ་ཀྱི་འགལ་རྐྱེན་དུ་གྱུར་པ་ཐམས་ཅད་ཞི་ཞིང་མཆོག་གི་དངོས་གྲུབ་འགྲུབ་པར་གྱུར་ཅིག་སྭཱ་ཧཱ༔ ལན་གསུམ་གྱིས་བྱོན་ཟན་དབུལ། དེ་ནས་མེ་སྲོག་འཛིན་པའི་རྫས་གཉིས་ནས་བཅུ་ཚན་དུ་བཅད་དེ་རྩ་སྔགས་ཁོ་ནས་འབུལ་ཞིང་། མཚམས་སུ་སྔ་མ་ལྟར་འདོད་དོན་གསོལ་བ། བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་བསགས། བྱོན་ཟན་ལྟར་གཤེགས་སྐྱེམས་ཕུལ་ལ། ༀ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱཿས་སོ་རྩི་དང་། ༀ་བཛྲ་ཝས་ཏྲ་ཡེ་སྭཱ་ཧཱཿས་གོས་ཟུང་ཕུལ། མཆོད་པའི་དུས་ཕྱི་ནང་སྨན་རཀ་གཏོར་མ་འབུལ། བསྟོད་པ། ནོངས་བཤགས་ནས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། འཇིག་རྟེན་མེ་ལྷ་མེ་འབར་བའི་རྣམ་པར་རང་གནས་སུ་གཤེགས། བསྔོ་སྨོན་བཀྲ་ཤིས་བྱའོ། །ལྷག་མ་ནས་བཟུང་བདག་བསྐྱེད་རྗེས་ཆོག་བྱའོ། །སྦྱིན་སྲེགས་ཐལ་བ་ཆུ་བོར་གཤེགས་སོ། །དེ་ལྟར་བསྙེན་བསྒྲུབ་ལ་ལོ་དང་ཟླ་བར་བརྩོན་པས་འབད་པའི་འབྲས་བུ་ཇི་ལྟར་འབྱུང་བར་བྱ་བ་ལ་ཤེས་པར་བྱ་བ་བཅུ་དང་དམ་ཚིག་དྲུག་ལ་བརྩོན་དགོས། དེ་ལྟར་བསྒོམ་པའི་ལྷ་དེ་དག་མཉམ་བཞག་ཏུ་ལྷའི་དཀྱིལ་འཁོར་དང་། རྗེས་ཐོབ་ཏུ་སྒྱུ་མ་ལྟར་ཤེས་པ་དང་གཅིག །མིང་ཚིག་ཐམས་ཅད་སྨིག་རྒྱུ་ལྟར་ཤེས་པ་དང་གཉིས། སྤྱོད་ལམ་ཐམས་ཅད་རྨི་ལམ་ལྟར་ཤེས་པ་དང་གསུམ། དངོས་པོ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་ཤེས་པ་དང་བཞི། གནས་ཡུལ་ཐམས་ཅད་དྲི་ཟའི་གྲོང་ལྟར་ཤེས་པ་དང་ལྔ། སྒྲ་ཐམས་ཅད་བྲག་ཆ་ལྟར་ཤེས་པ་དང་དྲུག །ལྷ་སྐུ་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ་རང་བཞིན་མེད་པར་ཤེས་པ་དང་བདུན། ཏིང་འཛིན་

རྣམས་ཆུ་ལས་ཆུ་བུར་རྡོལ་བ་ལྟར་ཤེས་པ་དང་བརྒྱད། འཕྲོ་འདུ་ཐམས་ཅད་མིག་ཡོར་ལྟར་ཤེས་པ་དང་དགུ། ཆོ་འཕྲུལ་ཐམས་ཅད་སྤྲུལ་པ་ལྟར་མཚན་ཉིད་མེད་པར་ཤེས་པ་དང་བཅུ་འདི་ཤེས་པར་བྱའོ། །བླ་མ་ལ་དད་པ་དང་། ཏིང་ངེ་འཛིན་གྱི་མཐུན་ཕྱོགས་བསྒྲུབ་པ་དང་། མི་མཐུན་ཕྱོགས་སྤང་པ་དང་། སྤྱོད་ལམ་ཀུན་ཏུ་ཏིང་ངེ་འཛིན་མི་གཏོང་བ་དང་། ཡི་དམ་གྱི་ལྷ་མི་སྤང་བ་དང་། བསྐྱེད་རྫོགས་ཀྱི་དོན་དང་སྤྱོད་ལམ་རྣམས་སྣོད་མིན་ལ་གསང་བ་དྲུག་པོ་དེ་དམ་ཚིག་ཡིན་པས་སྤང་བླང་དམིགས་ཕྱེད་པར་བྱའོ། །དེ་ལྟར་དམ་ཚིག་བསྲུང་ཞིང་ལྷ་བསྒོམ་པས་ལམ་རྟགས་ཀྱི་ཡོན་ཏན་ནི། རིག་པ་འཛིན་པའི་སྡེ་སྣོད་ལས། ཕུང་པོའི་ཁམས་རྣམས་ལྷ་རུ་བསྒོམ། །འཛབ་དང་སྤྲོ་བསྡུ་ཚོགས་ཀྱི་ལམ། །དེ་ཉིད་འདྲིས་བྱེད་སྦྱོར་བའི་ལམ། །ཀུན་ཏུ་བཟང་པོ་ཧེ་རུ་ཀ༔ སེམས་སུ་སྨིན་པ་མཐོང་བའི་ལམ། །ཤིན་ཏུ་བརྟན་པ་བསྒོམ་པའི་ལམ། །དབྱིངས་ཡེ་གཉིས་མེད་མཐར་ཕྱིན་ལམ། །ཞེས་པས། ཚོགས་ལམ་དང་སྦྱོར་བའི་ལམ་གྱི་རིམ་པའི་རྟགས་དང་། འབྱུང་ལྔའི་རླུང་རྣམས་དབུ་མར་ཞུགས་པའི་རྟགས་ལྔ་དང་། རྨི་ལམ་དུ་ས་ཐོབ་པ་དང་ནོན་པའི་རྟགས་རྣམས་དང་། ཕྱི་ནང་གསང་བའི་དྲོད་ཐོབ་པའི་རྟགས་དང་། ཡོན་ཏན་རྣམ་པར་ཐོབ་ནས། ལུས་ཀྱི་སྦུབས་ནས་སེམས་ལྷ་སྐུར་སྨིན་པ་རྣམ་སྨིན་རིག་འཛིན་དང་། ལུས་དངས་མར་སྨིན་པ་ཚེ་དབང་རིག་འཛིན་དེ་གཉིས་མཐོང་ལམ་ནུས་པ་ཐོབ་མ་ཐོབ་ལས་སོ། །སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། རྒྱུན་མཐར་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་རིག་འཛིན་བཞིའི་གོ་འཕང་ཐོབ་ནས་མི་སློབ་པའི་ཟུང་འཇུག་གི་སྐུ་དེ་ནི། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གཟུགས་སྐུ་མཐར་ཐུག་ཡིན་ལ། ཁ་སྤྱོར་ཡན་ལག་ནི་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ལོངས་

སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེའི་ཡོངས་གང་རྒྱུན་མི་འཆད་དང་འགགས་པ་མེད། །ཡན་ལག་བདུན་བཤད་དོན་དང་ལྡན་པ་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ཡང་སྒོམ་བློ་ཆེན་གྱིས་ཀྱང་བསྔགས། །ཞེས་པ་ལྟར་ཐོབ་ནས་འབྲས་བུའི་ཆོས་ཉེར་ལྔ་ནི། དེ་ཡང་སྐུ་ལྔ་ནི། གཟུགས་སྐུ་ནི་ཕྱིར་གསལ། ཆོས་སྐུ་ནི་ནང་གསལ་ཡིན་ཏེ། ཆོས་ཉིད་སྟོང་པ་ཉིད་རྟག་བརྟན་འཕོ་འགྱུར་མེད་པའི་ཆ་ནས་མི་འགྱུར་རྡོ་རྗེའི་སྐུ། སྐུ་གསུམ་དབྱེར་མི་ཕྱེད་པའི་ཡོན་ཏན་ལྷུན་གྲུབ་ཏུ་རྫོགས་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ། ཡེ་ཤེས་ཀྱི་མཁྱེན་ཆ་ནང་གསལ་བའི་ཆ་ནས་ཆོས་སྐུ་སྟེ་ནང་གསལ་རང་སྣང་གི་སྐུ་གསུམ་ངོ་བོ་གཅིག་ལ་ལྡོག་ཆའི་སྒོ་ནས་དབྱེ། ཡེ་ཤེས་རྣམ་པ་ལྔའི་རང་རྩལ་ངེས་པ་ལྔ་ལྡན་གྱི་ཞིང་ཁམས་སྣང་བ་ལོངས་སྐུ། གང་ལ་གང་འདུལ་གྱི་རྣམ་རོལ་དུ་སྣང་བ་ཅིར་ཡང་སྤྲུལ་པའི་སྐུ་སྟེ། ཕྱིར་གསལ་ཐུགས་རྗེའི་རྣམ་ཆ་གཟུགས་སྐུ་གཉིས་སོ། །གསུང་ལྔ་ནི། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། །ལོངས་སྐུ་དགོངས་པ་བརྡའི་གསུང་། །སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། མངོན་བྱང་རིག་པ་བྱིན་རླབས་གསུང་། །མི་འགྱུར་རྡོ་རྗེའི་གསུང་ནི། སྟོང་ཉིད་རྡོ་རྗེའི་གསུང་ངོ་། །ཐུགས་ལྔ་ནི། ཆོས་སྐུའི་ཐུགས་ཆོས་དབྱིངས་ཡེ་ཤེས། ལོངས་སྐུའི་ཐུགས་མེ་ལོང་ཡེ་ཤེས། སྤྲུལ་སྐུའི་ཐུགས་བྱ་གྲུབ་ཡེ་ཤེས། མི་འགྱུར་རྡོ་རྗེའི་ཐུགས་མཉམ་ཉིད་ཡེ་ཤེས། མངོན་པར་བྱང་ཆུབ་ཀྱི་ཐུགས་སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཡོན་ཏན་ལྔ་ནི། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་བྲལ་བའི་གཞལ་ཡས། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་དགུར་སྤྱོད་པའི་ལོངས་སྤྱོད་དང་ལྔའོ། །ཕྲིན་ལས་ལྔ་ནི། ནད་གདོན་སྡིག་སྒྲིབ་འཇིགས་བརྒྱད་ཞི་བ། ཚེ་

བསོད་ཉམས་རྟོགས་ཡེ་ཤེས་རྒྱས་པ། འཁོར་འདས་སྣང་སྲིད་རང་རིག་ངང་དུ་དབང་དུ་འདུས་པ། གཉིས་འཛིན་ལོག་རྟོག་ཚར་གཅོད་པ། ལྷུན་གྱིས་གྲུབ་པའི་ཕྲིན་ལས་སྟེ་ལྔའོ། །དེ་ལྟར་མཐར་ཐུག་གི་འབྲས་བུ་ཉེར་ལྔ་ལ་དབང་བསྒྱུར་ནས་མངོན་རྫོགས་དང་པོའི་མགོན་པོ་མི་ཟད་རྒྱན་འཁོར་ལྔ་ཡི་བདག་ཉིད་ཀྱི་གོ་འཕང་མངོན་དུ་མཛད་པའོ། །ས་བཅད་བཅུ་གསུམ་པ་ལས་རྗེས་མི་མངོན་པར་བྱ་ཞིང་གནས་མལ་བསྲུང་བ་ནི། སྒོ་བྱང་སྔར་བཞག་ཡོད་ན་གཤེགས་གསོལ་བྱས་ནས་བཀྲོལ། རྒྱལ་ཐོ་རྩར་མཆོད་པ་སྔར་ལྟར་བཤམས་པ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མཇུག་གི་མ་དཔེ་མ་རྙེད།

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་པའི་ཡི་གེ་དངོས་གྲུབ་ཀུན་སྟེར་དཔག་བསམ་སྙེ་མ།

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་པའི་ཡི་གེ་དངོས་གྲུབ་ཀུན་སྟེར་དཔག་བསམ་སྙེ་མ་ཞེས་བྱ་བ་བཞུགས་སོ། །

ༀ་སྭ་སྟི། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་པའི་ཡི་གེ་དངོས་གྲུབ་ཀུན་སྟེར་དཔག་བསམ་སྙེ་མ་ཞེས་བྱ་བ། བླ་མ་དང་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །དྲི༵་༵བྲལ་གཉུག་མའི་རང་མདངས་སྒྱུ་འཕྲུལ་གར། །གྲངས་མེད༵་ཞི་ཁྲོའི་འཁོར་ལོར་བསྒྱུར་བའི་དཔལ། །རིགས་བརྒྱའི་ཁྱབ་བདག་མཐའ་ཀླས་གདུལ་བྱའི་ཞིང༵་། སྐྱོང༵་མཛད་འཁོར་ལོའི་མགོན༵་པོ༵་གཙུག་གིས་མཆོད། །གང་ལ་བསྙེན་པ་ཙམ་གྱིས་འཁོར་བ་ཡི། །འཇིགས་པ་མ་ལུས་འཕྲོག་མཛད་ཞི་དང་ཁྲོའི། །ལྷུན་གྲུབ་དཀྱིལ་འཁོར་ཆེ་ལས་དངོས་གྲུབ་ཀུན། །སྟེར་བྱེད་དཔག་བསམ་སྙེ་མ་དེང་འདིར་འཁྲུངས། །དེ་ཡང་གསང་སྔགས་ཀྱི་ཉམས་ལེན་ཐམས་ཅད་ཀྱི་གནད་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བསྙེན་སྒྲུབ་ལས་གསུམ་དུ་འདུ་བ་ལས། །འདིར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་པའི་ལས་རིམ་ཅུང་ཟད་སྟོན་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི། རྒྱལ་བའི་ཞབས་ཀྱིས་བཅགས་པའམ་དབེན་ཞིང་ཡིད་དང་མཐུན་པ་བཀྲ་ཤིས་ཤིང་རང་དབང་དུ་གྱུར་པའི་གནས་སུ་ལོ་ཟླ་ཤིས་པའི་གཟའ་ཚེས་དགེ་ཞིང་བཀྲ་ཤིས་པའི་ཉི་མ་ལ་དབུ་བཟུང་སྟེ། ཐོག་མར་མཚམས་གཡོག་དང་། སྨན་པ་འཚོ་ཆས་སོགས་དུས་དེར་

འཛོམ་ཞིང་མཚམས་ཁོང་དུ་ཆུད་དགོས་པ་རྣམས་སྤྱི་མཐུན་ལྟར་འདུ་བྱ། ལོང་སྐབས་བྱུང་ན་བསྙེན་པ་མ་ཚུགས་པའི་ཞག་ཆ་ཤས་ཀྱི་གོང་ནས་ཕྱི་མཚམས་བཅད། དེའི་ཉིན་གྱི་དགོང་ཐུན་ལ་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་ལུས་དཀྱིལ་ཞི་ཁྲོ་སྐད་ཅིག་གིས་གསལ་བཏབ་ནས་བྷོ་དྷི་ཙིཏྟའི་བཟླས་པ་བརྒྱ་རྩ་ཙམ་བྱ། ཆ་གསུམ་གཏོར་མ་སྤྱི་དང་མཐུན་པའམ་ཡང་ན་དཀར་གཏོར། གསེར་སྐྱེམས། བགེགས་ལ་གཏོར་མ་རྣམས་འདུ་བྱས་ཏེ། སྔོན་འགྲོ་ལྷན་ཐབས་ལྟར། ༀ་སྭ་བྷཱ་ཝ་སོགས། ཐམས་ཅད་མངོན་པར་སངས་རྒྱས་ཤོག །ཅེས་པས། གཞི་བདག་སོགས་ཀྱི་གཏོར་མ་དང་། གཏོར་མ་གཉིས་པ་ལ་དམིགས་ནས། རང་ཉིད་གསང་བའི་བདག་པོ་སོགས། དེ་དག་ཐམས་ཅད་སོ་སོ་རང་རང་གི་གནས་སུ་དེངས་ཤིག །ཅེས་པའམ། ཡང་ན་སྔོན་འགྲོ་གཏོར་མ་སྤྱི་ཁྱབ་གང་རུང་། ལས་བྱང་གི་བགེགས་བསྐྲད་དང་ཐུན་བྲབ། གུ་གུལ་གྱིས་བདུག་པ་སོགས་བྱས་ལ་བསྲུང་འཁོར་གྱིས་མཚམས་བཅད། དེའི་ནུབ་ནས་སམ་སང་ཐོ་རེངས་ནས་བཟུང་། གཏི་མུག་གཉིད་དཀྲོགས་མི་རྟག་ངེས་འབྱུང་སྐྱོ་ཤས་ཀྱིས་རྒྱུད་བསྐུལ་བའི་སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས། མཎྜལ། བླ་མའི་རྣལ་འབྱོར་གསོལ་འདེབས་རྣམས་སྔོན་འགྲོ་རང་རྒྱུད་སྦྱོང་བྱེད་ལྟར་ཚིག་བཤར་ཙམ་དུ་མ་སོང་བར་སེམས་རྒྱུད་ལ་འདྲེས་ངེས་ཀྱིས་ཐུན་བཞིའམ་གཉིས་སུ་སོ་སོར་བཅད་ནས་ཞག་བདུན་ནམ་ཐ་ནའང་ཞག་གསུམ་རེ་ངེས་པར་བྱ། འདིས་རྒྱུད་འབྱོངས་ཤིང་བར་ཆད་མི་འཇུག་པ་དང་། བྱིན་རླབས་ཀྱི་ཚན་ཁ་ཆེ་བ་སོགས་ཀྱིས་ཕྱག་ལེན་དུ་མཛད་པ་གནད་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་ནས་བསྙེན་པ་དངོས་ལ་འཇུག་པའི་དགོང་ཐུན་དེ་ལ་བསྐྱེད་བཟླས་དང་། གཞི་

བདག་དང་བགེགས་ཀྱི་གཏོར་མ་གཏོང་ཚུལ་གོང་དང་འདྲ་བས་ནང་མཚམས་བཅད། སྒོ་དྲུང་དུ་ཐོ་དཀར་པོ་བརྩིགས་པ་རྒྱལ་ཆེན་བཞིར་མོས་ལ་མཆོད་གཏོར་བཤམས། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་གསལ་བར་གྱུར། བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿམ་ཧཱ་རཱ་ཛ་ཨརྒཾ་ནས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་གཏོར་མ་ཕུལ། དྲི་ཟ་གྲུལ་བུམ་ཀླུ་དབང་དང་། །གནོད་སྦྱིན་སྡེ་དཔོན་རྒྱལ་ཆེན་བཞི། །བཙུན་མོ་སྲས་དང་བློན་པོར་བཅས། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཕྱོགས་བཞིའི་བགེགས་ཀྱི་མཚམས་ཆོད་ཅིག །ༀ་དྷྲི་ཏ་རཥྚ་ཡ་སྭཱ་ཧཱ། ༀ་བི་རུ་དྷ་ཀ་ཡ་སྭཱ་ཧཱ། ༀ་བི་རུ་བཱཀྵ་ཡེ་སྭཱ་ཧཱ། ༀ་བཻ་ཤྲ་བ་ཎ་ཡེ་སྭཱ་ཧཱ། ཏིཥྛ་བཛྲ། ཤིས་བརྗོད་ཀྱང་བྱའོ། །༈ གཉིས་པ་དངོས་གཞི་ནི། གནས་ཁང་ཕྱགས་དར་བྱས་ལ། རང་གི་སྟན་འོག་ཏུ་འབྲུ་དཀར་རམ། ས་དཀར་གྱིས་གཡུང་དྲུང་ཆོས་སྐོར་བྲིས་པའི་སྟེང་དུ་སྟན་ནང་ཚང་ཅན་བཏིང་། རང་མདུན་བལྟ་ཕྱོགས་སུ་མཆོད་བཤམས་བྱ་སྟེ། ཞི་ཁྲོ་རྩ་བ་གསུམ་གྱི་སྐུ་བྲིས་འབུར་གང་འཛོམ་བཤམས་པའི་མདུན་དུ་སྟེགས་བུ་གཙང་མའི་ཁར་མར་དང་བསྲེས་པའ ི་ཟན་ལ་གཏོར་མ་རིན་ཆེན་འབར་བ་དང་། གཡས་གཡོན་དུ་སྨན་རཀམདུན་དུ་ཉེར་སྤྱོད་སོགས་མཆོད་པ་རྣམས་ལག་ལེན་ལྟར་བཤམས་ལ་ཉིན་རེ་བཞིན་ཁ་གསོ། མཚམས་ནང་དེར་དགོས་ངེས་འདི་དང་འདི་ནས་ཡོང་རྒྱུ་དམིགས་འོག་ཏུ་གང་ཆུག་ལས་དེ་ཕྱིན་གལ་ཇི་ལྟར་ཆེ་ཡང་མི་འཕྲད་ཅིང་ཆས་ཀ་གཏོང་ལེན་སོགས་མི་བྱེད་པར། སྐྱིད་སྡུག་ལེགས་ཉེས་གཏམ་སྙན་སོགས་གང་ལ་ཡང་རེ་དོགས་མེད་པ་དང་། རྒྱུན་དུ་རང་ཉིད་རྒྱལ་བ་ཞི་ཁྲོའི་སྐུ་

གསུང་ཐུགས་དངོས་ཡིན་སྙམ་པའི་ང་རྒྱལ་དང་། བཟླས་པ་ཕྲེང་སྐོར་རེ་སོང་ནས། ལྷའི་གསལ་འདེབས་བློ་གཞུར་བ་རེ་དང་བླ་མ་ལ་མོས་གུས། སེམས་ཅན་ལ་སྙིང་རྗེ་དུང་ངེ་བ་རེ་མ་བརྗེད་པར་གཅུར་ནས་བྱས་པས་ཇི་ཞིག་ན་རྩོལ་མེད་རང་ཤུགས་དུ་འཆར་བར་འགྱུར་ཞིང་། དེས་མཚོན་ནས་ད་རེས་བཟླས་པ་འདི་མ་གྲོལ་བར་རྐྱེན་ཅི་བྱུང་ཡང་དེའི་དབང་དུ་མི་གཏོང་། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་གྱི་མི་ལུས་ཐོབ་པ་དེ་ཕལ་ཆེར་དོན་མེད་དུ་སོང་བ་ལ། ད་ལྟ་ཡི་དམ་གྱི་ལྷ་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པ་ནི་སྐལ་བ་རེ་བཟང་སྙམ་པའི་མོས་གུས་གདུང་ཤུགས་ཀྱིས་འབད་རྩོལ་དྲག་པོ་བྱ་བའི་ཞེ་བཅད་ཆེན་པོ་བྱས་པས་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས་དེ་ལྟར་ཤེས་པར་བྱས་ནས། དེ་ཡང་ཞི་ཁྲོའི་དཀྱིལ་འཁོར་འདི་ཉིད་རྣམ་གྲངས་མ་ཡིན་པའི་ལྷ་སྔགས་གདོད་ནས་ཡོངས་གྲུབ་ཀྱི་དཀྱིལ་འཁོར་གྱིས་ཀུན་བརྟགས་རྣམ་གྲངས་པའི་བསྐྱེད་རིམ་གྱི་ལྷ་ལ་རྒྱས་འདེབས་བྱེད་པ་ཡིན་པས་གཞི་ལམ་འབྲས་བུའི་ལྡོག་ཆས་ཕྱེ་བའི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་བཞུགས་ཚུལ་རྫོགས་པ་ཆེན་པོའི་རྒྱུད་སྡེ་ཐམས་ཅད་ནས་གསུངས་པ་བཞིན་རྟོག་པ་རགས་པའི་ངོར་ཕྱི་དཀྱིལ་དུ་བསྟན་པའང་ཡོད་མོད་ཀྱི་དོན་གྱི་ངོ་བོར་ལུས་དང་སེམས་ཀྱི་དཀྱིལ་འཁོར་སྤྲོས་མེད་ཀྱི་ཚུལ་དུ་སྒྲུབ་པ་ཁོ་ན་རྒྱུད་ལུང་མན་ངག་གི་དངོས་དོན་ཡིན་པས་ལུས་དཀྱིལ་དུ་ཉམས་སུ་ལེན་པ་སྒོམ་རིམ་དང་། ལས་དང་པོ་པའི་བློ་དང་འཚམས་པར་ཡེ་ཤེས་པ་སྤྱན་དྲང་བ་སོགས་ལས་ཀྱི་ཆོ་ག་རྣམས་ལས་བྱང་ཆུང་ངུ་ལྟར་བསྡེབ་པར་བྱ་སྟེ། དེ་ཡང་ཞི་ཁྲོ་གཉིས་བསྙེན་པ་སྟབས་གཅིག་ཏུ་བྱ་བ་ལག་ལེན་ལ་མི་བདེ་བས་ཐོག་མར་ཞི་བ་དང་དེ་ནས་ཁྲོ་བོའི་བསྙེན་པ་ལ་འཇུག་པའི་སོ་སོའི་

མངོན་རྟོགས་དང་ལས་རིམ་ངག་འདོན་རྣམས་སྐབས་ཐོབ་བསྒྱུར་ཏེ་འབྲེལ་བསྡེབས་ནས་ནག་འགྲོས་སུ་རང་བཟོ་སྤངས་ཏེ་བཀོད་པ་ལ། ཐོག་མར་བཤམས་བཀོད་ཚར་བའི་དགོང་ཐུན་ལ་བབས་པ་ན། ལྷན་ཐབས་ལྟར་དུ་སྐྱབས་སེམས་དང་། ༀ་ཨཱཿཧཱུྃ། ནམ་མཁའི་མཐར་ཐུག་ཞིང་ཁམས་རབ་འབྱམས་ན༔ སོགས། ཡན་ལག་བཅུ་པ་དང་། ལས་བྱང་ཆུང་བའི། ཧཱུྃཿརང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ སོགས། འདོད་པའི་ཡོན་ཏན་དུ་མར་གྱུར༔ ༀ་ཨཱཿཧཱུྃ་སརྦ་པཉྩ་སོགས། ཤཔྟ་ཨཱཿཧཱུྃ། སྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ལས༔ དམིགས་མེད་སྟོང་པའི་ངང་ལས་རིན་ཆེན་ཁྲི་རྐང་ཉི་ཟླ་པདྨ་བརྩེགས་པའི་སྟེང་དུ༔ སོགས། དབུ་གཙུག་ཏོར་སྤྲུལ་སྐུའི་ཆ་ལུགས་ཅན་ནོ། །དེ་ལྟར་གསལ་བའི་ལྷ་ཚོགས་རྣམས་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་ཏེ་རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཧཱུྃ་དཔེ་མེད་བསམ་བརྗོད་བྲལ་བའི་དཀྱིལ་འཁོར་འདིར༔ སོགས་ནས་ཞི་བ་བཞི་བཅུ་རྩ་གཉིས་གཤེགས་སུ་གསོལ༔ བཞུགས་སུ་གསོལ་བ་ནི། ཧཱུྃ་སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔ སོགས་ནས། གཉིས་མེད་རང་བཞིན་བརྟན་པར་བཞུགས་སུ་གསོལ༔ ཕྱག་འཚལ་བ་ནི། ཧཱུྃ་ཡིད་ཆོས་གནས་དག་སོགས་ནས། རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ མཆོད་པ་འབུལ་བ་ནི། ཧཱུྃ་བླ་མ་ཀུན་བཟང་སོགས་ནས། བླ་མ་ཞི་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ནང་མཆོད་འབུལ་བ་ནི། ཧཱུྃ་བླ་མ་ཀུན་བཟང་ཞི་བའི་ཚོགས༔ སོགས་ནས། མ་ཧཱ་བྷ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧིཿབསྟོད་པ་ནི། ཧཱུྃ་སྐུ་ནི་མི་འགྱུར་ཀ་དག་སོགས་ནས། ཕྱག་འཚལ་

བསྟོད༔ བཤགས་པ་ནི། ཧཱུྃ་བླ་མ་ཀུན་བཟང་མཐའ་བྲལ་སོགས་ནས། ངང་དུ་བཟོད་པར་གསོལ༔ ཡིག་བརྒྱ་བརྗོད། ཆོ་ག་དེ་རྣམས་ཚིག་བཤར་ཙམ་མིན་པའི་འདོན་སྒོམ་འདྲེས་པར་བྱས་ནས། སྐབས་འདིར་གསོལ་འདེབས་རྒྱས་བསྡུས་གང་རུང་ཞིག་བྱ། དེ་ནས་ཕྲེང་བ་བྱིན་གྱིས་བརླབ། ཧཱུྃ་དུར་ཁྲོད་གསང་ཆེན་རོལ་པའི་སོགས་ནས། དགོངས་པ་མི་བཏང་ངོ་། །ཞེས་འཛབ་བསྐུལ་ལ། རང་གི་སྙིང་གའི་ཀུན་ཏུ་བཟང་པོའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་རྩ་བའི་རང་གི་སྔགས་ཀྱིས་བསྐོར་བར་གསལ་བཏབ་ཅིང་། འཁོར་གྱིི་ལྷ་ཚོགས་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང་སྒོ་བ་ཡབ་ཡུམ་གྱི་ཐུགས་ཀར་ཉི་མ་ལ་རང་རང་གི་ས་བོན་སྔགས་ཀྱི་ཕྲེང་བས་བསྐོར་བ་གསལ་བཏབ་ཅིང་། གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ལུས་དཀྱིལ་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་སོ་སོའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་མཆོད། འགྲོ་དྲུག་གི་གནས་སུ་ཕོག་དེའི་བྱིན་རླབས་ཀྱིས། དམྱལ་བ་བཙོ་བསྲེག །ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས། མི་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་འཕོ་ལྟུང་གི་སྡུག་བསྔལ་ཐམས་ཅད་ཞི་ཞིང་། སྡིག་སྒྲིབ་མ་ལུས་པ་བྱང་ནས་རང་བཞིན་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་གནས་པ་མངོན་དུ་བྱས། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར། འོད་ཟེར་དེ་རྣམས་སླར་འདུས་རང་ལ་ཐིམ་པས་ཁམས་གསུམ་ལྷའི་དཀྱིལ་འཁོར་དུ་སད་པར་བྱས་ནས་གསང་སྔགས་ཀྱི་སྒྲ་དི་རི་རི་སྒྲོགས་པར་བསམ། ཧཱུྃ་བཛྲ་ཙིཏྟ་ཨཱཿསོགས། བཛྲ་གཎྜེ་ཧོཿབར། ལྷའི་གསལ་སྣང་དང་ང་རྒྱལ་མ་བྲལ་བའི་ངང་ནས་བཟླས་པ་བྱས་ལ། ཐུན་མཐར་མཆོད་བསྟོད་དང་། ཉེར་བསྡུ།

གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་ལ༔ སོགས་ནས། ཨ་ཨ་ཨཿལྷར་ལངས། སྐད་ཅིག་སྟོང་གསལ་ཆེན་པོའི་ངང་ཉིད་ལས༔ སོགས། སྒྱུ་མ་ལྟ་བུའི་ངང་དུ་སྤྱོདཿཅེས་ཐུན་མཚམས་ཀྱི་སྤྱོད་ལམ་བྱ། ༈ དེ་ནས་སྲོད་ཐུན་ལ་སྔོན་འགྲོ་སྐྱབས་སེམས་སོགས་མདོར་བསྡུས་ཙམ་དང་དངོས་གཞི་བཟླས་པའི་བར་སྔར་བཞིན་བྱས་ལ། གྲུབ་ན་གཏོར་བསྔོ་བཀའ་སྲུང་སྡེ་བདུན་རང་གཞུང་ལྟར་དང་ལས་བྱང་ཆུང་བའི་ཚོགས་མཆོད་རྒྱས་པར་བྱེད། དེ་རྗེས་ལྷག་གཏོར་སོགས་དང་ཉལ་བའི་རྣལ་འབྱོར་གྱིས་ཉལ། དེའི་སང་ཞོགས་ཐོར་ཐུན་ལ་བབས་པ་ན། གཏི་མུག་གཉིད་དཀྲོགས་ཀྱི་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ཤིང་ལས་བྱང་གི་སྐྱབས་སེམས་ནས་བཟུང་བཟླས་པ་དང་ཐུན་མཚམས་ཀྱི་བར་སྔར་བཞིན་ནོ། །ཐུན་མཚམས་འདིར་དགེ་སྦྱོར་ཆགས་མེད་ཀྱི་རིགས་ཡོད་ན་བྱེད། དེ་ནས་སྔ་ཐུན་ལ་སྐྱབས་སེམས་ཡན་ལག་བཅུ་པ་སྔོན་དུ་འགྲོ་བས། ལས་བྱང་གི་བཟླས་པའི་བར་སྔར་དང་ཁྱད་མེད། ཐུན་མཐར་མཆོད་བསྟོད་ཉེར་བསྡུ་ལྷར་ལངས་སྔར་བཞིན་དང་། ཐུན་མཚམས་འདིར་གུང་ཚིགས་སོགས་བྱེད། དེ་ནས་དགོང་ཐུན་ནི་སྔར་གྱི་ཐུན་དང་ཁྱད་པར་མེད། སྲོད་ཐུན་ཀྱང་སྔར་བཞིན་ལས་བཟླས་པའི་རྗེས་སུ་ཚོགས་མཆོད་གཏོར་བསྔོ་སོགས་བྱེད། དེ་ཡང་སྔོན་འགྲོ་རྣམས་ཐོར་ཐུན་གྱི་མགོར་རྒྱས་པ་དང་། རྗེས་ཆོག་རྣམས་སྲོད་ཐུན་གྱི་མཐར་རྒྱས་པར་བྱེད། ཐུན་བར་མ་རྣམས་ལ་སྔོན་འགྲོ་སྐྱབས་སེམས་ཙམ་གྱིས་ཆོག་ཅིང་། ལས་བྱང་མཆོད་བསྟོད་ཚིག་མང་གིས་དོགས་ན། ལུས་དཀྱིལ་ཚིག་ཉུང་ཟུར་ཏུ་བཀོལ་བ་ཙམ་ལ་བརྟེན་ནས་བཟླས་པ་ལ་གཅིག་དྲིལ་བྱ། འོན་ཀྱང་སྔ་ཐུན་གཅིག་ལ་ནི་རྒྱས་པ་ཞིག་མི་འགྲོ་ཀ་མེད་

ཡིན། ཐུན་བཞི་ཧ་ཅང་མང་བས་བཟླས་པ་འགོར་ན་ཐུན་གསུམ་མམ་གཉིས་སུ་དྲིལ་བའི་ཕྱག་ལེན་ཀྱང་ཡོད། དེའི་ཚེ་ཐོར་ཐུན་དང་སྔ་ཐུན་གཅིག་ཏུ་བྱ་ཞིང་། དགོང་ཐུན་དང་སྲོད་ཐུན་གཅིག་ཏུ་བྱས་པས་བཟླས་པ་མང་དུ་འགྲོ་བའི་དགོས་པ་ཡོད། ཐུན་ཇི་ལྟར་ཐུང་ཡང་བཟླས་པ་འབྲུ་བཅོ་ལྔ་ཚུན་སྟོང་ཕྲག་ལྔ་མ་སོང་བས་མི་རུང་། ཐུན་མཚམས་ཇི་ལྟར་རིང་ཡང་ཐུན་གྱི་བཞི་ཆ་ལས་རིང་བ་མི་རུང་བ་ཡང་སྤྱི་ཙམ་དུ་ཤེས་པར་བྱ་བ་ཡིན་ནོ། །སྤྱིར་ཐུན་མཚམས་ཐམས་ཅད་དུ་ཡིག་བརྒྱ་དབྱངས་གསལ་སྤེལ་ཚིག་ཅན་དུ་མ་བཟླ་བ་ཡང་གལ་ཆེའོ། །ཡང་སྒོམ་རིམ་བསྡུས་པ་ལ་སྤྲོ་ན། སྐྱབས་སེམས་ཡན་ལག་བཅུ་པ་སྔོན་དུ་འགྲོ་བས། སྐད་ཅིག་དམིགས་མེད་སྟོང་པའི་ངང་༔ ཆུ་ནང་ཉ་འཕར་ཇི་བཞིན་དུ༔ ༀ་ཨཱཿཧཱུྃ། སྐྱེ་མེད་ཆོས་དབྱིངས་ཞིང་ཁམས་སུ༔ འགགས་མེད་ཐིག་ལེའི་གཞལ་ཡས་ན༔ ཐབས་ཤེས་ཉི་ཟླ་པདྨའི་གདན༔ རང་ཉིད་རྡོ་རྗེ་སེམས་དཔའ་ཡི༔ ཙིཏྟ་སྙིང་གི་གཞལ་ཡས་སུ༔ དངས་མ་ལྔ་ཡི་དབུས་ཉིད་དུ༔ འོད་ལྔའི་ཐིག་ལེའི་དཀྱིལ་འཁོར་བསམ༔ སེང་གེ་གླང་ཆེན་རྟ་མཆོག་དང་༔ རྨ་བྱ་ཤང་ཤང་ཁྲི་ཡི་སྟེང༔ པདྨ་ཉི་ཟླ་བརྩེགས་པ་ལ༔ སངས་རྒྱས་བཞི་བཅུ་རྩ་གཉིས་ནི༔ སྟོང་གསལ་འོད་ལྔའི་སྐུ་རུ་བསྒོམ༔ ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿༀ་ཨཱཿཧཱུྃ། བཛྲ་ས་མཱ་ཛཿཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོ། བཛྲ་ས་མ་ཡཱ་ཏིཥྛཿཨ་ཏི་པུ་ཧོཿཔྲ་ཏི་ཛ་ཧོཿབཛྲ་ཨརྒཾ་པཏྱཾ་སོགས། ཤཔྟ་རཱུ་པ་ཤཔྟ་སོགས། སྤཪྴེ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ། སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་རཾ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་རཾ་ཁཱ་ཧི། མ་ཧཱ་བྷ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི། ཧཱུྃ་ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ༔ ལོངས་སྐུ༴ སྤྲུལ་སྐུ༴ རྒྱལ་བ་ཞི་བའི་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས། ༀ་ཨཱཿཧཱུྃ༔ ཆོས་ཉིད་དམིགས་སུ་མེད་པ་ལས༔ ཕྱི་

སྣོད་འཇིག་རྟེན་གཞལ་ཡས་ཁང༔ ནང་བཅུད་སེམས་ཅན་ལྷ་ཡི་ཚོགས༔ འཁོར་བ་སྡུག་བསྔལ་ཆོས་ཉིད་རོལ༔ ཨ་ལ་ལ་ཧོ་བཞེས་སུ་གསོལ༔ ༀ་དང་ཨཱཿདང་ཧཱུྃ་དང་གསུམ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ བྷོ་དྷི་ཙིཏྟ་བྱང་ཆུབ་སེམས༔ མ་ཧཱ་སུ་ཁ་བདེེ་བ་ཆེ༔ ཛྙཱ་ན་དྷཱ་ཏུ་ཡེ་ཤེས་དབྱིངས༔ ཨ་ནི་སྐྱེ་བ་མེད་པའོ༔ ཞི་བ་ལྷུན་གྱིས་གྲུབ་པའི་ལྷ༔ བཞི་བཅུ་རྩ་གཉིས་སྙིང་པོའོ༔ རང་གི་སྙིང་གའི་ཀུན་ཏུ་བཟང་པོའི་སོགས། འཛབ་དམིགས་གོང་ལྟར་སྦྱར་ནས། སྒོས་འཛབ་བཟླ་བ་དང་། ཡང་ན། ཞི་བའི་ཐུགས་ཀར་ཟླ་བའི་སྟེང་༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ མགལ་མེ་ཀླད་སྐོར་ལྟར་གསལ་བཟླ༔ ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁཱ་ཛྙཱ་ན་དྷཱ་ཏུ་ཨཱཿཞེས་སྤྱི་འཛབ་ཅི་ནུས་སུ་བཟླ་ཞིང་འོད་ཟེར་སྤྲོ་བསྡུ་ཡབ་ཡུམ་གྱི་བར་དུ་བྱས་ཏེ། དེ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ། མཐུ་དབང་དངོས་གྲུབ་འོད་ཟེར་གྱི་རྣམ་པར་བསྡུས། སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས། སངས་རྒྱས་ཀྱི་ས་ལ་བཀོད་པ་སོགས་དོན་གཉིས་བྱས་ནས་འཁོར་འདས་བརྟན་གཡོའི་བཅུད་ཀྱི་དངས་མ་ཐམས་ཅད་འོད་ཟེར་གྱི་རྣམ་པར་མཚོ་ནང་དུ་ཁ་བ་བབས་པ་བཞིན་སྙིང་གའི་ས་བོན་ལ་ཐིམ་པས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་དབྱིག་ཏུ་གྱུར་པར་བསམ་ཞིང་། སྣོད་བཅུད་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དུ་ཤར་བ་ལས་སྣང་བ་ཐམས་ཅད་སྐུའི་རོལ་པ། གྲགས་པ་ཐམས་ཅད་གསུང་གི་སྒྲ་གདངས། དྲན་རྟོག་ཐམས་ཅད་ཐུགས་ཀྱི་རང་བཞིན་ཏེ། རྟེན་རགས་པ་ལུས་ངག་ཡིད་གསུམ་བརྟེན་པ་རྩ་རླུང་ཐིག་ལེའི་ངོ་བོ་སྐུ་གསུང་ཐུགས་མི་ཤིགས་པ་རྡོ་རྗེ་གསུམ་

གྱི་རང་བཞིན་དུ་ཡོངས་སུ་ཤེས་པ་ལ་སེམས་རྩེ་གཅིག་པ་ཉིད་ཀྱིས་བསླབ་པར་བྱ་ཞིང་། རབ་རྟགས་མཚན་མཐོང་བའམ། འབྲིང་དུས་ཀྱི་བསྙེན་པ་ཟླ་བ་དྲུག་དང་། གྲངས་བསྙེན་ནི་ཐ་མ་སྟེ། གཙོ་བོ་ཀུན་བཟང་༧ཐུན་བཞིར་བཅད་པའི་ཐོར་ཐུན་ལ་ཡི་དམ་གཞན་གྱི་རིགས་ཚང་བར་བཏང་། དེ་འཕྲོའི་ཐུན་གསུམ་ལ་ཐུན་རེའི་ནང་གཙོ་བོ་ཡབ་ཡུམ་སྟོང་ཕྲག་བཞི་དང་སུམ་བརྒྱ་བཞི་བཅུ་ཐམ་པ་རེ། རིགས་ལྔ་ཡབ་ཡུམ་སྦྲེལ་བ་ཐུན་རེའི་ནང་བདུན་ཅུ་རེ། སེམས་དཔའ་ཡབ་ཡུམ་ནས་བཟུང་སྒོ་བ་ཡན་ཆད་ལ་སུམ་ཅུ་སོ་ལྔ་རེ། དེ་ལྟར་བྱས་པས་ཞག་ལྔ་བཅུ་ཐམ་པས་སྒོས་བསྙེན་འགྲུབ་བོ། །དེ་རྗེས་སྤྱི་འཛབ་ཉིན་རེར་ཁྲི་གཉིས་རེ་བཟླས་པས་ཞག་བཅོ་ལྔ་ནས་འགྲུབ་བོོ། །ཡབ་ཡུམ་ལ་ཡབ་ཀྱི་འབྲུ་འབུམ། རིགས་ལྔ་ཡབ་ཡུམ་ཁྲི་ཕྲག་རེ། སེམས་དཔའ་ཡབ་ཡུམ་ནས་སྒོ་བཞིའི་བར་སྟོང་ཕྲག་ལྔ་རེ། སྤྱི་འཛབ་ལ་འབུམ་ཕྲག་གསུམ་གྱིས་མཐའ་བརྟེན་པའོ། །གོང་གི་ལུས་དཀྱིལ་བསྡུས་པ་ལ་བརྟེན་ནས་ཚོགས་འཁོར་སྤྲོ་ན། ཚོགས་ཀྱི་ཡོ་བྱད་རྣམས་ཀྲོ་དྷི་ཤྭ་རི་སརྦ་ཏྲ་བྱཱམ་ཤྭ་དྷ་ནཱ་ཧཱུྃ་ཕཊ༔ ཀྱིས་བསངས། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས་ཏེ་སྦྱངས། སྟོང་པའི་ངང་ལས་ཚོགས་གཞོང་བྷན་དྷ་འབར་བའི་སྣོད་དུ་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ཞིང་། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ། བདག་མཆོད་ཀུན་མཉེས་ཐམས་ཅད་ཚིམ། །ཀུན་ལ་ཕན་པའི་སྨན་ཡིན་ཏེ། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས། །ཐམས་ཅད་བཟའ་ཞིང་བརྒྱན་པར་བྱ། །ཨ་ལ་ལ་ཧོ། །བཟའ་བ་བཅའ་དང་བཏུང་བ་བགོ །འདོད་པའི་ཡོན་ཏན་ལྔ་ལྡན་པ། །ནམ་མཁའི་སྤྲིན་ལྟར་གཏིབས་སྤུངས་ནས། །དཀྱིལ་འཁོར་ཉིད་ལ་དཀྱིལ་འཁོར་ཐིམ། །ཨ་ལ་ལ་ཧོ།

ཞེས་ལུས་དཀྱིལ་གྱི་ལྷ་རྣམས་མཆོད་པའི་དོན་དུ་ནང་གི་སྲེག་བླུགས་ཀྱིས་ཚིམ་པར་རོལ་ལ། ལྷག་མ་བསྡུས་ཏེ་ཆོ་ག་རྒྱས་བསྡུས་ཇི་ལྟར་རིགས་པས་བསྔོའོ། །འདི་ལུས་དཀྱིལ་རྒྱས་བསྡུས་གང་ལའང་སྦྱར་དུ་རུང་ངོ་། །༈ གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་ལྟར་བསྙེན་པ་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་གསར་པ་རྒྱ་ཆེར་བཤམས། མདུན་གྱི་གཏོར་མ་ཡང་མདུན་བསྐྱེད་ཀྱི་ཚུལ་དུ་གསལ་བཏབ་དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་སྤྱི་འཛབ་བྷོ་དྷི་ཙིཏྟ་དང་། ཁྲོ་བོ་ལ་རུ་ལུའི་མཐར་མ་མ་སརྦ་སིདྡྷི་ཧཱུྃ་ཕཊཿཅེས་བཏགས་པ་ཅི་ནུས་སུ་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་གྲོལ་རྒྱུའི་སྔ་ཐུན་ལ། སླར་ཡང་མཆོད་གཏོར་རྒྱ་ཆེར་བཤམས། ལས་བྱང་རྒྱས་པར་བཏང་ནས་དངོས་གྲུབ་ལ་དམིགས་པའི་བཟླས་པ་ཅི་ནུས་བྱ། ཆོས་སྐྱོང་སོགས་གཏོར་བསྔོ་དང་ཚོགས་མཆོད་བརྟན་སྐྱོང་གི་བར་བྱ། རྗེས་སྒྲུབ་གཏོར་ཞི་བའི་དཀྱིལ་འཁོར་དུ་གསལ་བ་ལ་སྨན་རཀ་དང་གཏོར་མས་མཆོད་ཅིང་བསྟོད་པ་ཡིག་བརྒྱ་མང་དུ་བཟླས་པས་སྡིག་པ་བཤགས་ཤིང་། ཧཱུྃ་རིག་རྩལ་ལྷུན་གྲུབ་ལྷ་ཚོགས་ནིཿསོགས། སིདྡྷི་ཕ་ལ་ཨཱཿཞེས་གསོལ་བ་བཏབ་རྗེས་སྒྲུབ་གཏོར་རྡོར་སེམས་ཐུགས་ཀར་ཞི་བའི་དཀྱིལ་འཁོར་དང་བཅས་པ་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་། མཐར་གཏོར་མའི་ལྷ་ཡང་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་ཐིམ་པར་བསམ་ཞིང་གནས་གསུམ་དུ་གཏུགས། དམ་རྫས་ལྕེར་མྱངས་བས་བྱང་ཆུབ་སེམས་ཀྱི་དངས་མས་ལུས་ཀྱི་རྩ་ཁམས་ཐམས་ཅད་དུ་ཁྱབ་ཅིང་བདེ་ཆེན་གྱི་ཡེ་ཤེས་བཟོད་མེད་དུ་འབར་བར་བསམས་ལ་སྟོང་ཉིད་ཁྱབ་གདལ་ཆེན་པོར་མཉམ་

གཞག་བྱ། རྗེས་ཆོག་ཤིས་བརྗོད་མཆོད་བསྟོད་ཉེར་བསྡུ་ལྷར་ལངས་སོགས་མཐའ་རྒྱས་རྣམས་གཞུང་བཞིན་བྱའོ། །དེ་ཡན་ཆད་ཀྱིས་ཞི་བའི་བསྙེན་པ་བྱ་ཐབས་གྲུབ་བོ། །༈ དེ་ནས་ཁྲོ་བོའི་བསྙེན་པ་བྱ་བ་ནི། དེའི་ཉིན་པར་ངལ་བསོ་ཞིང་། ཕྱི་ཉིན་གཏོར་མ་དང་མཆོད་པ་གསར་པ་མཛེས་ཤིང་བཀོད་ལེགས་སུ་བཤམས། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ཤིང་སྐྱབས་སེམས་ནས་བརྩམས་ལས་བྱང་གི་མཆོད་པ་བྱིན་རླབས་ཡན་སྔར་བཞིན་སོང་ནས་སྒོམ་རིམ་ལས། བདག་ཉིད་རྡོ་རྗེ་སེམས་དཔའི་སྤྱི་བོ་ཀླད་པ་དུང་ཁང་སོགས་ནས། ཁྲོས་པའི་ཆ་བྱད་ཅན་ནོ། །དེ་རྣམས་ཀྱི་དཔྲལ་བར་ༀ་གོང་བཞིན་ནོ། །ཧཱུྃ་སངས་རྒྱས་ཀུན་གྱི་རང་བཞིན་སྐུ་གསུང་ཐུགས༔ སོགས་ནས། རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཞུགས་སུ་གསོལ་བ་ནི། ཧཱུྃ་ཞི་བ་ལོངས་སྐུའི་རིག་རྩལ་ཆོ་འཕྲུལ་ལས༔ སོགས་ནས། ས་མ་ཡ་སྟྭཾཿཕྱག་འཚལ་བ་ནི། ཧཱུྃ་དུག་ལྔ་འཇོམས་མཛད་ཁྲག་འཐུང་ཁྲོ་བོ་ལྔ༔ སོགས་ནས། རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ མཆོད་པ་འབུལ་བ་ནི། ཧཱུྃ་བླ་མ་ཀུན་བཟང་རྒྱལ་བ༴ སོགས་ནས། འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཧཱུྃ་སྣང་བ་ཡབ་ལ་སྟོང་པ་ཡུམ༔ སོགས་ནས། བ་ལིཾ་ཏ་ཁ་རཾ་ཁཱ་ཧི། བསྟོད་པ་བྱ་བ་ནི། ཧཱུྃ་སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་༔ སོགས་ནས། རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད༔ བཤགས་པ་བྱ་བ་ནི། ཧཱུྃ་བླ་མ་ཀུན་བཟང༴ སོགས་ནས། ངང་དུ་བཟོད་པར་གསོལ༔ ཡིག་བརྒྱ་བཟླས། གསོལ་འདེབས་དང་སྔར་བཞིན་འཛབ་བསྐུལ་ལ། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་རང་སྲོག་གི་མཐར་སྔགས་ཀྱི་ཕྲེང་བ་གསལ་ཞིང་གཙོ་བོའི་

ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པ་དུང་ཁང་གི་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ་ཞིང༴ སོགས་ནས། གོང་ལྟར་གསལ་བཏབ་ལ། ༀ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་ཏི་ཤྭ་རི་སྟྭཾ༔ སོགས་ནས། བཛྲ་ལཾ་བོ་དྷ་ར་ན་བྷྱོ༔ ཞེས་ལྷའི་གསལ་སྣང་དང་ང་རྒྱལ་མ་བྲལ་བའི་ངང་ནས་བཟླས་པ་བྱ་བ་སོགས་ཐུན་བཞིའི་ཆིངས་རྣམས་སྔར་ཞི་བའི་སྐབས་ལྟར་བྱའོ། །༈ ཡང་ཐུན་གྱི་སྒོམ་རིམ་བསྡུས་པ་ལ་སྤྲོ་ན། སྔོན་འགྲོ་གོང་ལྟར་སོང་ནས། སྐད་ཅིག་དམིགས་མེད་སྟོང་པའི་ངང༔ ཆུ་ནང་ཉ་འཕར་ཇི་བཞིན་དུ༔ རང་ཉིད་རྡོ་རྗེ་སེམས་དཔའ་ཡི༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཡེ་ཤེས་ལྔ་ཡི་ཐིག་ལེ་ལས༔ འོད་འབར་དྲོད་ཀྱི་མེ་དཔུང་ཀློང༔ ཁྱུ་མཆོག་མ་ཧེ་གཟིག་དང་སྟག༔ གཏུམ་པོ་དོམ་གྱི་ཁྲི་སྟེང་དུ༔ དྲེགས་པ་ཕོ་མོ་པདྨ་དང་༔ ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་བཞུགས༔ ༀ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿསོགས། སྔགས་མཆོད་གོང་ལྟར་ལ། བསྟོད་པ་ལ། ཧཱུྃ་སྒེག་པ་དཔའ་བ་སོགས། ལྔ་བཅུ་རྩ་བརྒྱད་ལྷ་ལ་ཕྱག་འཚལ་བསྟོད༔ ༀ་ཨཱཿཧཱུྃ་ཆོས་ཉིད་དམིགས་སུ་མེད་པ་ལས༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ནང་བཅུད་སེམས་ཅན་ལྷ་ཡི་ཚོགས། འཁོར་བ་སྡུག་བསྔལ་ཆོས་ཉིད་རོལ༔ ཨ་ལ་ལ་ཧོ་བཞེས་སུ་གསོལ༔ ༀ་ནི་ཡེ་ཤེས་ལྔ་དང་ལྡན༔ རུ་ལུ་གནས་ལུགས་ཆོས་ཀྱི་དབྱིངས༔ འོག་མ་སྣང་ལུགས་ཆོས་ཀྱི་སྐུ༔ ཧཱུྃ་ནི་འགགས་མེད་ཐིག་ལེ་ཉིད༔ བྷྱོཿནི་སྐྱེ་མེད་དགོངས་པའི་ངང༔ ཧཱུྃ་ནི་སྐྱེ་འགག་མེད་པ་ཡིས༔ ཁྲོ་བོ་ཁྲག་འཐུང་རིག་རྩལ་ལྷ༔ དྲུག་ཅུ་ཐམ་པའི་སྙིང་པོའོ༔ གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་སོགས། དམིགས་པ་གོང་ལྟར་སྦྱར་ལ། སྒོས་འཛབ་བཟླ་ཞིང་། ཡང་ན་སྤྱི་འཛབ་ཀྱི་ཚེ། ཁྲོ་བོའི་ཐུགས་ཀར་ཉི་མའི་སྟེང་༔ ཧཱུྃ་ལ་རང་

རང་སྔགས་ཕྲེང་འཁོར༔ མགལ་མེ་ཀླད་སྐོར་ལྟར་གསལ་བཟླས༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཅི་ནུས་སུ་བཟླ་ཞིང་འོད་ཟེར་སྤྲོ་བསྡུ་སོགས་སྔར་བཞིན་ཤེས་པར་བྱ་སྟེ། གྲངས་བསྙེན་གཙོ་བོ་ཡབ་ཡུམ་༧ཁྲོ་བོ་ལ་ཐུན་གོང་བཞིན་ཐུན་རེ་རེ་ལ་གཙོ་བོ་ཡབ་ཡུམ་ལ་སྟོང་ཕྲག་དྲུག་དང་བརྒྱ་ཚོ་གཅིག་བཅུ་གསུམ་རེ། ཁྲག་འཐུང་ཡབ་ཡུམ་ལྔ་སྦྲེལ་བ་རེ་རེ་ལ་ལྔ་བཅུ་ང་བདུན་རེ། འཁོར་ཀཽའུ་རི་མན་ཆད་ལ་ཉེར་བརྒྱད་རེ་བྱས་པས་ཞག་དྲུག་ཅུས་ཁྲོ་བོའི་སྒོས་འཛབ་འགྲུབ། སྤྱི་འཛབ་ཉིན་རེར་ཁྲི་གསུམ་རེ་བྱས་པས་ཞག་བཅུས་གྲངས་བསྙེན་འགྲུབ་བོ། །ལ་ཡབ་ཀྱི་འབྲུ་འབུམ། ཁྲག་འཐུང་རིགས་ལྔ་ལ་ཁྲི་ཕྲག་རེ། གནས་ཡུལ་མན་ཆད་ལ་སྟོང་ཕྲག་ལྔ་རེ། སྤྱི་འཛབ་འབུམ་ཕྲག་གསུམ་གྱིས་མཐའ་བརྟེན་པའོ། །ཐུན་མཚམས་སུ་ཚོགས་འཁོར་བསྡུས་པ་ལ་སྤྲོ་ན་གོང་བཞིན་བྱ་སྟེ། རྗེས་ཀྱི་བྱ་བ་དངོས་གྲུབ་ལེན་པ་སོགས་ཞི་བའི་སྐབས་ལྟར་ཆད་ལྷག་མེད་པར་བྱས་པས་གྲུབ་བོ། །ཁ་བསྐང་ཞི་བའི་སྦྱིན་སྲེག་སྤྱི་འཛབ་ཀྱི་བསྙེན་པའི་བཅུ་ཆ་ཡིས་གྲངས་ཚང་བར་བྱའོ། །དེ་ནས་སྒོ་དྲུང་གི་ཐོ་ལ་མཆོད་བསྟོད་དང་གཤེགས་གསོལ་བྱ་ཞིང་བཀྲོལ། གཏང་རག་གི་མཆོད་པ་དང་ཚོགས་ཀྱི་འཁོར་ལོས་དགྱེས་པར་བྱ་ཞིང་། ཞག་གསུམ་ལ་མཚམས་ཁང་ནས་གཞན་དུ་མི་འགྲོ་བ་སོགས་སྤྱི་ལྟར་ཤེས་པར་བྱའོ། །སྨྲས་པ། གཞི་ལམ་འབྲས་བུའི་རང་བཞིན་དཀྱིལ་འཁོར་ཆེར། །ལྷུན་གྲུབ་དམ་པ་རིགས་བརྒྱའི་ཡེ་ཤེས་རྒྱས། །མཚན་མའི་དཀྱིལ་འཁོར་ཀུན་ལ་འདེབས་བྱེད་པ། །འདི་བསྒོམས་བསམ་ཡས་རྒྱལ་བ་མ་ལུས་འགྲུབ། །སྔོན་ཆད་བསྙེན་པའི་ཡི་གེ་བཀླག་ཆོག་མ། །མཐོང་ཡུལ་མ་གྱུར་དེ་ཕྱིར་བསྙེན་སྒྲུབ་ལ། །འཇུག་འདོད་མཆིས་ཚེ་ཕན་སེམས་ཁོ་ན་ཡིས། །སྦྱར་འདི་ཉེས་གྱུར་ཞི་ཁྲོའི་སྤྱན་སྔར་མཐོལ། །

འདི་ཐོབ་དགེ་བ་སྤྲིན་བྲལ་ཉི་མ་ལྟར། །རབ་གསལ་གང་དེས་འདིར་འཇུག་རྣལ་འབྱོར་དང་། མཐའ་ཡས་འཁོར་མུན་དུཿཁ་ཡོངས་བཅིལ་ཏེ། །རྒྱལ་བའི་དཀྱིལ་འཁོར་ཆེན་པོར་རོ་གཅིག་ཤོག །ཅེས་ཟབ་མོའི་ཆོས་ཀྱི་མཆོག་དམ་པ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་པའི་ཡི་གེ་འདི་ཉིད་སྔ་སོར་གསང་སྔགས་སྔ་འགྱུར་གྱི་སྨིན་གྲོལ་ཆོས་ཀྱི་འཁོར་ལོས་སྒྱུར་བ་བསྟན་པའི་སྒྲོན་མེ་དམ་པར་ངེས་པར་མཐོང་བ་༧ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་བཀས་བསྐུལ་བ་ཡིད་ཀྱི་དཔལ་བེའུར་འཁྱིལ་ཞིང་སླད་ནས་དམ་ལྡན་རྡོ་རྗེའི་སློབ་མ་དྷརྨཱ་བྷ་ཏྲས་ནན་གྱིས་བསྐུལ་ཞིང་གཞུང་མང་ཐོས་བསམ་གྱིས་བརྒྱན་པ་དགེ་སློང་སྨོན་ལམ་དར་རྒྱས་ཀྱིས་ཅེས་ཀྱང་བྲི་བར་འོས་སོ་ཞེས་པས་མཚམས་སྦྱར་ཞིང་ཟབ་ཆོས་འདི་ཉིད་འགྲོ་དོན་མཐའ་ཀླས་པས་སྔོན་ཆད་ཉམས་སུ་ལེན་པ་རྣམས་ཀྱང་ཆོ་ག་ཁོ་ན་གྲངས་བསགས་པ་ཙམ་ལས་བསྙེན་པ་ཚུལ་བཞིན་བྱེད་མཁན་དཀོན་པར་མཐོང་ནས་རང་གཞན་ཀུན་ལ་ཕན་འདོད་ཀྱི་བློ་རྩེ་གཅིག་པས་སྔོན་གྱི་མཁས་པ་ཆེན་པོར་གྱུར་པ་དག་གི་ཕྱག་བཞེས་འདུས་པ་མདོ་དང་བཀའ་བརྒྱད་ཞི་ཁྲོའི་བསྙེན་ཐབས་ཀྱི་མན་ངག་ལྟར་རྨོངས་པ་རྣམས་ལ་ཕན་འདོད་ཀྱི་བློ་གཙོ་བོར་བྱས་ཏེ་རྙིང་བན་རྒན་པོ་༧འགྱུར་མེད་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་དཔལ་བཟང་པོས་སྦྱར་ཞིང་ཡི་གེ་པ་ནི་མཁྱེན་རབ་རྨད་བྱུང་ཉིན་དགོན་སྤྲུལ་པའི་སྐུ་རིན་པོ་ཆེའི་རྩོལ་བ་སྟེ་འགྲོ་བ་ཐམས་ཅད་འཁོར་བ་དོང་ནས་སྤྲུག་པར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡནྟུ། བཀྲ་ཤིས་སོ།། །།

ཐུན་རེ་བཞིན་ཞི་ཁྲོའི་བསྙེན་པ་གཏོང་ཚུལ།

ཐུན་རེ་བཞིན་ཞི་ཁྲོའི་བསྙེན་པ་གཏོང་ཚུལ། ཐོར་ཐུན་ཡི་དམ་གཞན་གྱི་རིགས་ཚང་བར་བཏང་། དེ་འཕྲོས་ཐུན་གསུམ་ལ་ཐུན་རེའི་ནང་། གཙོ་བོ་ཡབ་ཡུམ་སྟོང་ཕྲག་བཞི་དང་སུམ་བརྒྱ་བཞི་བཅུ་ཐམ་པ་རེ། རིགས་ལྔ་ཡབ་ཡུམ་སྦྲེལ་བ་ཐུན་རེའི་ནང་བདུན་ཅུ་རེ། སེམས་དཔའ་ཡབ་ཡུམ་ནས་བཟུང་སྒོ་བ་ཡན་ཆད་ལ་སུམ་ཅུ་སོ་ལྔ་རེ། དེ་ལྟར་བྱས་པས་ཞག་ལྔ་བཅུ་ཐམ་པས་སྒོས་བསྙེན་འགྲུབ་བོ། །དེ་རྗེས་སྤྱི་ཛབ྄་ཉིན་རེ་ཁྲི་གཉིས་རེ་བཟླས་པས་ཞག་བཅོ་ལྔ་ནས་འགྲུབ་བོ། །ཁྲོ་བོ་ལ་ཐུན་གསུམ་གོང་བཞིན་ཐུན་རེ་ལ་གཙོ་བོ་ཡབ་ཡུམ་སྟོང་ཕྲག་དྲུག་དང་བརྒྱ་ཚོ་གཅིག་བཅུ་གསུམ་རེ། ཁྲག་འཐུང་ཡབ་ཡུམ་ལྔ་སྦྲེལ་བ་རེ་རེ་ལ་ལྔ་བཅུ་ང་བདུན་རེ། འཁོར་ཀཽའུ་རི་མན་ཆད་ལ་ཉེར་བརྒྱད་རེ་བྱས་པས་ཞག་དྲུག་ཅུས་ཁྲོ་བོའི་སྒོས་ཛ྄བ་འགྲུབ། སྤྱི་ཛབ྄་ཉིན་རེ་ཁྲི་ཚོ་གསུམ་རེ་བྱས་པས་ཞག་བཅུས་གྲངས་བསྙེན་འགྲུབ་བོ། །བཀའ་བརྒྱད་གྲངས་བསྙེན་ཐུན་དང་སྦྱོར་ལུགས། བསྙེན་པ་རྒྱས་པ་བྱེད་ཚེ། ཐུན་བཞི་བྱེད་དུས། ཐོར་ཐུན་གཅིག །སྔ་དྲོའི་ཐུན་གཅིག །ཕྱི་དྲོའི་ཐུན་གཅིག །སྲོད་ཐུན་གཅིག་བཅས་བཞིའི་ཐུན་རེ་རེ་ལ་བསྙེན་པ་བྱེད་ལུགས། ཞི་བསྙེན་སྔོན་དུ་སོང་བ་ཡིན་ན། ཞི་བསྙེན་ཕྲེང་སྐོར་རེ། གཙོ་བསྙེན་སྟོང་ཕྲག་གསུམ་རེ་དང་། ཉིས་བརྒྱ་ལྔ་བཅུ་རེ། དཔལ་བརྒྱད་པོ་རེ་རེ་ལ་བརྒྱ་ཚོ་ཕྱེད་གསུམ་རེ་བྱས་པས་ཞག་བརྒྱ་གཅིག་ལ་ཞི་བསྙེན་ཁྲི་ཚོ་གཅིག །གཙོ་

བསྙེན་འབྲུ་འབུམ་གཅིག །དཔལ་བརྒྱད་པོ་འབུམ་ཕྲག་རེ་འགྲོ་བ་ཡིན། ཡང་ཐོར་ཐུན་ལ་ཡི་དམ་རྒྱུན་ཁྱེར་རྣམས་འདོན་ནས། སྔ་དྲོ་མན་ཆད་ཐུན་གསུམ་བྱེད་ཚེ་ཐུན་རེ་རེ་ལ་གཙོ་བསྙེན་སྟོང་ཚོ་བཞི་སུམ་བརྒྱ་ལྔ་བཅུ་རེ། དཔལ་བརྒྱད་པོ་རེ་རེ་ལ་བརྒྱ་ཚོ་གསུམ་རེ་དང་སུམ་ཅུ་སོ་ལྔ་རེ་བྱས་པས་འགྲུབ་པ་ཡིན་ནོ། །ཁྲོ་བོའི་སྤྱི་དྲིལ་དང་། དྲག་སྔགས་སོ་ལྔ་གཉིས་བསྙེན་ཡིག་གཞུང་ལྟར་འགྲོ་དགོས་སོ། །

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་བསྙེན་ཡིག་རིག་པའི་སྒོ་འབྱེད།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་བསྙེན་ཡིག་རིག་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

ཤྲཱི་ས་མནྟ་བྷ་ཏྲ་ན་མ། གཉིས་སྣང་སྤྲོས་པའི་ཀུན་རྟོག་དབྱིངས་སུ་ཐིམ། །ཟུང་འཇུག་རྡོ་རྗེའི་ངོ་བོར་འཕོ་འགྱུར་མེད། །གདོད་ནས་དག་པའི་ཡེ་ཤེས་ཀུན་ཏུ་བཟང་། །རང་ཞལ་མངོན་དུ་མཇལ་བ་འདིར་ཕྱག་ཡིན། །རྣམ་སྨིན་སྒོ་གསུམ་རྡོ་རྗེའི་རང་བཞིན་དུ། །རྒྱས་འདེབས་ལྷ་སྔགས་ཆོས་སྐུར་ལམ་འཁྱེར་གནད། །དགོངས་པ་རང་གྲོལ་བསྙེན་པའི་གསལ་བྱེད་ཞིག །རྡོ་རྗེ་འཛིན་པའི་བཀའ་བཞིན་འདི་ན་བྲི། །དེ་ཡང་སྔ་འགྱུར་རྡོ་རྗེ་ཐེག་པའི་སྔགས་རྙིང་མའི་བསྟན་པ་རིན་པོ་ཆེའི་བབས་སོ་བཀའ་གཏེར་མན་ངག་གསུམ་དང་། དེའི་ཟབ་པའི་གནད་རྡོ་རྗེ་གསུམ་ལས། སྐུ་སྣང་སྟོང་ལྷ་སྐུ་བསྐྱེད་རིམ། གསུང་རྡོ་རྗེ་གྲགས་སྟོང་བཟླས་བརྗོད། ཐུགས་རྡོ་རྗེ་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས། འདི་གསུམ་དུ་མ་འདུས་པའི་ལམ་གཞན་བཙལ་དུ་མེད་ལ། དེ་ལས་ཡེ་ཤེས་ལྷ་ཡི་གསང་བ་གསུམ་དང་བདག་གི་རང་བཞིན་དབྱེར་མེད་དུ་རྒྱས་འདེབས་པ་ཐུགས་སྲོག་ཡང་དང་ཡང་དུ་བསྐུལ་བའི་ཐབས་ཁྱད་པར་ཅན་ལ་བསྙེན་པའི་རྣལ་འབྱོར་ཞེས་བྱའོ། །དེ་ཚུལ་བཞིན་ཉམས་སུ་ལེན་པ་གང་དུ་བྱ་བའི་གནས་ཞི་ཁྲོ་ཐུན་མོང་དུ་བསྔགས་པའི་གནས་དབེན་ཞིང་ཉམས་དགའ་བ། གནམ་ས་བར་གསུམ་གྱི་དཔྱད་ལེགས་ཤིང་། དགྲ་

ཇག་རྐུན་གསུམ་གྱི་འཚེ་བའི་དོགས་མེད་པ། རྩ་ཆུ་ཤིང་གསུམ་གྱི་མཐུན་རྐྱེན་མོད་ཉི་ལེ་བ། གཞན་དབང་དུ་གྱུར་པ་སོགས་མ་ཡིན་པར་ལས་འདི་བརྩམ་པ་ལ་དགོས་པའི་ཆོས་གསུམ་སྟེ། ཐོག་མར་བླ་མ་རང་རྒྱུད་རྣམ་པར་དག་ཅིང་བསྐྱེད་རྫོགས་ཀྱི་དོན་ལ་མ་རྨོང་པ། ཁྱད་པར་ཆོས་འདིའི་བཀའ་དྲིན་ཞུས་པའི་བླ་མ་བརྒྱུད་པ་ལ་སེལ་མེད་པ་ལས་དབང་རྒྱས་འབྲིང་བསྡུས་གསུམ་མཐའ་རྟེན་དང་བཅས་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་ལེགས་པར་ཞུས་ཏེ། བླ་མ་མཉེས་པའི་བྱ་བ་ལ་འབད་ཅིང་དམ་ཚིག་སེལ་མེད་དཔང་དུ་བྱས་ནས་ཚུལ་འདི་ལ་བརྩོན་པར་བྱའོ། །དེ་ལ་སྔོན་འགྲོ་སྣ་སེལ་དགེ་བ་དཔུང་བསྐྱེད་ཀྱི་ལས་གལ་ཆེ་བས། བཀའ་རྒྱས་འབྲིང་བསྡུས་གསུམ་སོགས་གསུང་རབ་ཀློག་པ་ཚྭ་ཚྭ་འདེབས་པ་ཆུ་གཏོར་གཏོང་བ། བསང་བརྔན་བཀྱག་པ། གླིང་བཞི་མདོས་བསྐང་། ཚེ་ཐར་སོགས་སྲོག་བསླུ། ཉེའུ་འདོན་པ། གྲོག་སྟོན་དང་། བྱ་འགྱེད། སྤྲང་སྟོན། བྱིས་སྟོན་སོགས་དཔུང་བསྐྱེད་པའི་དགེ་བའི་ལས་བསགས་པ་ལ་འབད་པར་བྱའོ། །གཉིས་པ་དམིགས་སུ་བདག་ཏུ་བཟུང་བའི་གནས་དེར། ཡུལ་ལྷ་གཞི་བདག་ལ་བརྔན་གཏོར་མ། ཕྱོགས་ཞིང་སྡེ་བརྒྱད་ལ་རང་མཐུན་གྱི་གཏོར་མ་ལྷ་ཡི་ང་རྒྱལ་གྱིས་བཏང་སྟེ། འགལ་རྐྱེན་སེལ་བ་དང་། མཐུན་རྐྱེན་བསྒྲུབ་པའི་ཕྲིན་ལས་གཉེར་དམ་དྲག་ཏུ་བཅོལ། ཁྱད་པར་གནས་ཁང་བྱི་དོར་ལེགས་པར་བྱས་ཤིང་། གོང་དུ་དཀོན་མཆོག་གསུམ་གྱི་རྟེན་འོད་འབར་བ་བཤམས་པའི་དབུས་སུ་དྲང་པོར་སྒྱུ་འཕྲུལ་རབ་འབྱམས་ཀྱི་བྲིས་སྐུ་སོགས་ཞལ་ཤར་དུ་གཟིགས་པ་བཤམས། དེ་དང་ཁ་སྤྲོད་ཡོངས་བའི་རང་ཉིད་ཁ་ནུབ་ཏུ་ཕྱོགས་པར་འདུག་པའམ། ཡང་ན་རྟེན་གསུམ་ལྷོ་ནས་བྱང་དུ་

གཟིགས་པ་ལ། རང་བྱང་ནས་ལྷོར་བལྟ་བའམ། དེ་གོ་ཟློག་པ་གནས་ཁང་གི་སྟབས་དང་བསྟུན་ཅི་བདེར་ཡང་གསུངས། སྤྱིར་ལས་གང་བསྒྲུབ་དང་ལྷ་ཡི་རིགས་དང་བསྟུན་པའི་ལྟ་ཕྱོགས་སོགས་ཀྱང་གསུངས། གང་ལྟར་ཞི་ཁྲོའི་རྟེན་གྱི་མདུན་དུ་སྟེགས་བུ་ཁེབ་ལྡན་མདའ་གང་ལས་མི་ཆུང་བ། དབུས་བག་གི་མཐོ་ཞིང་བྱང་ཤར་གཞོལ་བ་ལས་སྒྲོམ་ཁྲི་ལ་བརྟེན་ནམ་མི་བརྟེན་གང་ལྟར་ཡང་། གཏོར་མའི་ཤོམ་ནི། སྤྱིར་ཁམས་ཕྱོགས་དང་དགོས་ཀཿསྟག་སོགས་མདོ་སྨད་སྐྱེས་མཆོག་རིག་འཛིན་རྣམས་ཀྱི་བཀའ་སྲོལ་ཕྱག་བཞེས་རྒྱུན་ལ་རྩ་གསུམ་གཏོར་མ་ཞེས་བསྒྲུབ་པ་ཕྲ་རགས་གང་ལ་མེད་ཁ་མེད་མཛད་པ་དང་། ཨོ་རྒྱན་སྨིན་གྲོལ་གླིང་པ་སོགས་གྲྭ་ས་ཁུང་མ་རྣམས་ན། བཀའ་བརྒྱད་སོགས་ནས་ལས་བཞིའི་གཏོར་མ་དང་རྩ་གསུམ་དོན་གཅིག་ནའང་མིང་འདོགས་ས་དང་། སྤྱིར་རྙིང་མ་ལ་རྟེན་གཏོར། རྟག་གཏོར། གཏའ་གཏོར། བསྒྲུབ་གཏོར། དབང་གཏོར། རྒྱུན་གཏོར་སོགས་གཏོར་མའི་རྣམ་གྲངས་མང་བ་དང་། བསྒྲུབ་གཏོར་ལྟ་བུའི་གཏོར་མ་གཅིག་ལའང་ཤེས་དུས་རྣམ་པ་དྲུག་སོགས་དམིགས་པའི་ཁ་བསྒྱུར་གྱིས་ཟིན་ན་རྒྱུད་སྡེ་འོག་མ་ལྟར་ཨ་འཐས་ཀྱི་རྟོག་པས་བཅིང་མ་དགོས་སམ་སྙམ་པ་ཤར། དེ་ལྟ་ནའང་བསྙེན་རྐྱང་ཡིན་ན་དཀྱིལ་འཁོར་གཏོར་མ་སོགས་དམིགས་པའི་རྟེན་ཙམ་ལས་ནང་གི་ཏིང་འཛིན་གཙོ་བོར་བྱེད། བསྙེན་བསྒྲུབ་སྦྲེལ་ན་ཚོགས་བསགས་པའི་ཡན་ལག་དཀྱིལ་འཁོར་གཏོར་མ་མཆོད་པ་དང་དེས་ཆོག་དང་སླ་ཆོས་ཀྱིས་བགྱིད་ངན་མེད་པ་གལ་ཆེ། རྩ་གསུམ་དང་བསྒྲུབ་གཏོར་སོ་སོར་བཅས་ཀྱང་འགལ་བ་མ་མཐོང་སྟེ། རྟག་གཏོར་སོ་སོར་བཤད་པས་སོ། །བསྒྲུབ་གཏོར་ལྟ་བུ་གཅིག་ལ་དམིགས་པའི་འཕྲུལ་བྱས་ཀྱང་ལོས་ཆོག་སྟེ་བླ་མེད་ཀྱི་རྒྱུད་སྡེའི་རང་ལུགས་དང་། ཁྱད་པར་

དགོངས་པ་རང་གྲོལ་འདིའི་ཆོས་སྐད་ལམ་ཁྱེར་དང་མཐུན་ཞིང་། ལྷག་པའི་ལྷ་རབ་འབྱམས་གང་བསྒྲུབ་ཀྱང་རྩ་བ་གསུམ་ལས་མ་འདས་པའི་ཕྱིར་སྙམ་མོ། །དེ་ལྟར་བསོད་ནམས་ཀྱི་དཔུང་བསྐྱེད་པ་ཅི་རིགས་པ་གྲུབ་ནས། ཞག་ཤས་ཕྱི་མཚམས་བཅད་དེ། ལམ་འདིའི་བཀའ་སྲོལ་ཆོས་སྤྱོད་བག་ཆགས་རང་གྲོལ་གྱི་སྔོན་འགྲོ་ཡན་ལག་བཅུ་བར་བརྒྱ་རྩ་བརྒྱད་རེ་ལས་མི་ཉུང་བའི་བསགས་སྦྱང་ལ་འབད་ཅིང་། རྗེས་སུ་སྐྱེ་མེད་རྣམ་དག་མས་རྡོར་སེམས་གསལ་བཏབ་ནས་ཡི་གེ་བརྒྱ་པ་སྟོང་གིས་མཐའ་བརྟེན་པ་ཡན་ཆད་བྱ། དེས་འགལ་རྐྱེན་ཞི་ཞིང་བསོད་ནམས་ཁྱད་པར་ཅན་བསྐྱེད་པའི་དགོས་པ་ཡོད་དོ། །དེ་ནས་རང་ཉིད་དཀྱིལ་འཁོར་དང་ཞལ་སྤྲོད་ཡོངས་བའི་གདན་ནང་ཚངས་ཅན་བཏིང་བའི་འོག་ས་དཀར་རམ་འབྲས་ཀྱི་གཡུང་དྲུང་ཆོས་སྐོར་དུ་བྲིས་ཏེ་བརྟན་ཆགས་ཤིང་མི་འགྱུར་བའི་རྟེན་འབྲེལ་བྱ། གཞན་ཡང་མཚམས་གཡོག །སྨན་པ། འཚོ་ཆས། གོ་མཚོན། དཔེ་ཆ་སོགས་མཚམས་ཁོང་དུ་འཇུག་དགོས་པ་ཐམས་ཅད་དངོས་སམ་དམིགས་འོག་ཏུ་ཆུད་པར་བྱ། ཕྱིས་མཚམས་མ་གྲོལ་བར་ངོ་གསར་དང་མི་འཕྲད། ཆས་ཀའི་གཏོང་ལེན་སྤང་། སྐྲ་སེན་མི་འབྲེག །འོག་སྟན་མི་སྤྲུག །མཆིལ་མ་དྲོན་མོ་ས་ལ་མི་འབོར། མེ་ལ་ཕུ་མི་འདེབས། གླལ། སྦྲིད། གཉིད། འོག་རླུང་སོགས་དབང་མེད་དུ་ཤོར་ན་བཟླས་འཕྲེང་གི་བརྒྱ་དཔོན་ནས་བསྐྱར་ཏེ། སྔ་མ་གྲངས་སུ་མི་གཅོད། བཟླས་པའི་དུས་རིང་བའམ། གྲངས་མང་བ། འབྲུ་གྲངས་སོགས་ཀྱི་ཁུར་གྱིས་དུབ་པའི་སྐྱོ་བ་དང་སུན་པའི་སྣང་བ་ཤར་ན་འཕགས་པ་ཐོག་མེད་ཀྱིས་མགོན་པོ་བྱམས་པ་བསྒྲུབ་པ་དང་། ཏེ་ལོས་ན་རོ་བརྟེན་པ་དང་། རྗེ་མི་ལ་དང་། གཙང་ཁ་རག་སྒོམ་པ་ལ་སོགས་རྒྱ་བོད་ཀྱི་སྐྱེས་མཆོག་རྣམས་ཀྱིས་

ཆོས་ཕྱིར་དཀའ་བ་སྤྱད་པ་ལ་བསམ་བློ་བཏང་ལ་སེམས་གཟིངས་བསྟོད། གདོད་མ་ནས་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་ལུས་ཅི་འདྲ་ཞིག་བླང་། དེ་ཐམས་ཅད་མདོ་མེད་སྟོང་པར་ཟད་པ་ལས་དོན་དུ་འགྱུར་བ་གཅིག་ཀྱང་མ་བྱུང་། ད་རེས་ལུས་འདི་ལ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷག་པའི་ལྷ་འདི་ལྟ་བུ་ཞིག་བསྒྲུབ་དུ་ཡོད་པ་སྐལ་བ་རེ་བཟང་། ན་ན་ཡང་ན་གོ་ཆོད། ཤི་ནའང་ཤི་གོ་ཆོད། རྐྱེན་ཅི་བྱུང་ཡང་དེའི་དབང་དུ་སྐད་ཅིག་ཙམ་ཡང་མི་གཏོང་བའི་ཞེ་དམ་ཡང་ཡང་བཅའ། ཐུན་སྒང་དུ། ཁ་ཅིག་སོ་བསྡམ་ནས་གཏམ་བྱ་བ་དང་། ཁ་ཡི་ཕྱེད་ལག་པས་བཀབ་ནས་གཏམ་བྱ་བ་སོགས་རང་མགོ་རང་གིས་བསྐོར་བའི་བག་མེད་ཀྱི་སྤྱོད་པ་དེ་ལྟ་བུ་མི་རུང་བ་རྗེ་གཏེར་བདག་གླིང་པ་སོགས་ཚད་མའི་སྐྱེས་བུ་དག་གི་གསུང་མང་དུ་སྣང་བས་འཇིག་རྟེན་པའི་གཏམ་གྱིས་བཟླས་པ་བསླད་ཕྱིན་མི་ཚིག་གིས་བར་བཅད་པ་ཡིན་པས་ངག་ཤོར་བ་དང་ཁྱད་མེད་པའི་ཕྱིར་གསུང་། ལར་ལས་དང་པོ་པའི་ལྷ་སྔགས་ཏིང་ངེ་འཛིན་ལ་གཅུན་ཏེ་གསལ་སྣང་ཅི་ཐོན་ལ་འབད་ཅིང་། བཟླས་གྲངས་སོགས་ཞག་ཤས་ལ་མི་གཟུང་གསུངས། སྔགས་ཕྲེང་སྐོར་ཙམ་རེ་ནས་ལྷ་སྔགས་ཀྱི་ཏིང་འཛིན་གསལ་འདེབས་རེ་བྱ། སྟོང་ཕྲག་རེ་ནས་སྟོང་ཚིག་གིས་མཆོད་པ་བསྡུས་པ་རེ་བྱ། ཁམས་གཡེང་བ་སོགས་རླུང་གི་སྐྱོན་བྱུང་བ་སྟོང་ཚིག་གིས་མཆོད་པའི་སྐབས་སུ་བུ་རམ་མུར་བ་དང་། ཐུན་མཚམས་སུ་རུས་རྙིང་གི་ཐང་བརྟེན་པ་སོགས་བྱ། བཟླས་པའི་ལྕེ་དུབ་པ་སོགས་བྱུང་ན་ཇ་དཀར་གྱིས་སྐྱེམ་ཉུང་ངུ་རེ་གསོལ། ངག་འགྲོལ་དགོས་ཐུག་ན་ཐུན་བར་དུ་མཚམས་གཡོག་ལ་བཀག་ཆ་མེད་པ་དང་། མི་བྱ་དབང་མེད་བྱུང་ན་ཐུན་སྒང་དུ་བསྙེན་པའི་སྒྲ་མི་འཆད་བཞིན་དུ་སམ་ཊར་བསླབ་དོན་ཉུང་ངུ་གནང་ཞིང་། དེ་ཡི་རིང་ལ་འཕྲེང་བའི་

མཚམས་བཟུང་ནས་སྡོད་པ་ལས་བགྲངས་བར་མི་བྱ། མཚམས་ཁུང་དེར་སྔགས་དམིགས་འོག་ཏུ་མི་ཆུད་པའི་མི་ཕར་ལ་མཐོང་བའི་བུག་རལ་འཁྱམས་གསུམ་བགེགས་འཇུག་པའི་རྒྱུར་བཤད་པས་བག་ཡོད་པར་བྱའོ། །དེ་ལྟར་འགལ་རྐྱེན་སྤང་བ་དང་། མཐུན་རྐྱེན་བསྒྲུབ་པའི་ཚུལ་རགས་པ་ཞིག་བཤད་ནས། བསྙེན་པ་དངོས་གཞི་ཉམས་སུ་ལེན་པ་ལ། སྤྱིར་ཐུན་གྱི་རྣམ་གྲངས་ཏེ་ཐུན་གཉིས་མ་དང་། ཐུན་དྲུག་མ་དང་། ཐུན་བཞི་མ་སོགས་ལས་འདིར་ཨོ་རྒྱན་སྨིན་གྲོལ་གླིང་པའི་བཀའ་སྲོལ་ལྟར་ཐུན་བཞི་མ་བཤད་དེ། ཐོར་སྲོད་གཉིས། སྔ་དགོང་གཉིས་དང་བཞི་སྟེ་འོག་ཏུ་བསྙེན་པའི་སྐབས་རང་རང་གི་ཐད་དུ་ཤེས་པར་བྱ་ལ། ཐུན་བཞི་མ་འདི་ཡུན་རིང་ཐུང་འཚམས་པས་ཞེ་མི་སུན། ལྷ་ཡི་གསལ་སྣང་ལ་ཐང་ལྷོད་མི་འཆོར། ལྕེ་མི་དུབ་པས་སྔགས་ཀྱི་ཟུར་མི་ཉམས། མངོན་རྟོགས་ལན་བཞིར་བསྐྱལ་བས་བསྐྱེད་རིམ་བོག་ཐོན་ཐུན་མཚམས་སུ་ངག་འགྲོལ་ཆོག་པའི་ཐུན་གཙང་ཤིང་རང་ཡིད་ཆེས་པ་སོགས་ཡོན་ཏན་མང་དུ་ཡོད་ཅེས་གསུངས། དངོས་གཞི་བསྙེན་པ་ཚུག་རྒྱུའི་ཉིན་དང་པོ་དགོངས་ཐུན་ལ་བབ་པ་ན། དཀྱིལ་འཁོར་ཞལ་གང་དུ་ཕྱོགས་པ་དང་ཁ་སྤྲོད་ཡོངས་པའི་རང་ཉིད་བདེ་ཞིང་འབོལ་བའི་གདན་ལ་བདུད་རྩི་ལྔ་ཡིས་ཁ་ལག་དག་པར་བཀྲུ། བགྲང་འཕྲེང་དྲི་ཞིམ་པོའི་སྤོས་རུམ་བྱ་ཞིང་། རང་དཔའ་བོ་གཅིག་པའི་སྐུར་ལང་ནས་མཚམས་གཅོད་པ་རྙིང་མ་སྤྱི་གཞུང་ལྟར་ལས། འདིར་ན་རཀ་དོང་སྤྲུག་གི་ཆོ་གར་བཤད་པ། ༀ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀོ྅ཿརང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཁྲོ་བོའི་ཆས་ཅན། རྡོ་རྗེ་དང་དུང་ཁྲག་འཛིན་པ། ཞབས་གཉིས་རོལ་པའི་སྟབས་ཀྱིས་དྲེགས་པ་ཕོ་མོའི་སྟན་ལ་གནས། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་འབར་

བའི་དབུས་ན་བཞུགས་པ། དེ་ཡི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་གི་མཐར་རྩ་བའི་སྔགས་ཕྲེང་གཡས་སུ་འཁོར་བར་བསམ་ལ། བརྒྱ་རྩ་ལས་མི་ཉུང་བར་བཟླས་ཏེ། ལྷ་སྔགས་ཀྱི་ཏིང་ངེ་འཛིན་བརྟན་པའི་ངང་ནས། ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་བྱུང་བས་གཙང་གཏོར་ངོ་བོ་བདེ་སྟོང་གི་ཡེ་ཤེས། རྣམ་པ་དཀར་གསུམ་གྱི་གཏོར་མ་མཛེས་དགུའི་བརྒྱན་པ། བཟང་དགུའི་ཚོགས་པ། མཁོ་དགུའི་འབྱོར་བ་རྒྱ་ནམ་མཁའི་མཐའ་དང་མཉམ་པ། རྒྱུན་འཁོར་བ་མ་སྟོང་བར་དུ་འབྱུང་བར་གྱུར་ཅིག །ༀ་ཨཱཿཧཱུྃལན་གསུམ། ཨ་ཀ་རོ་སོགས། ཧཱུྃ་གསུམ། སླར་ཡང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་དཔལ་གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་སོགས་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ཡུལ་ལྷ་གཞི་བདག་དཔུང་དང་བཅས་པ་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་བྱོན་པར་བསམ། ༀ་ད་ཤ་དྷིག་ལོ་ཀ་པཱ་ལ་བྷུ་མི་པ་ཏི་ས་པཱ་རི་༴ ཅེས་སྤྱན་དྲངས་ནས་གདན་ལ་བཞུགས་པར་བསམ། བཀའ་བརྒྱད་ནས། མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ཤཱཀྱའི་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །གོང་གི་སྔགས་དང་། པདྨ་ཀ་མ་ལ་ཡེ་སྟྭཾ། ༀ་ད་ཤ་༴ སོགས་མཐར། ༀ་ཨརྒྷཾ་ནས། ཤབྟའི་བར་དང་། སྔགས་དེའི་མཐར། ཨེ་དཾ་བྷ་ལིངྟ་ཁ་ཁ་ཁ་ཧཱི། གསུམ་གྱི་མཐར། དཔལ་མགོན་ཆེན་པོ་ཁྱེད༴ འགྲུབ་པར་མཛོད། ཅེས་གཏོར་མ་གཙང་སར་འབུལ་ཞིང་། ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། རྒྱས་པར་འདོད་ན་བཀའ་བརྒྱད་ཆ་གསུམ་ལྟར་བྱ། དཀར་གཏོར་གཉིས་པ་གཞི་བདག་ལ་བསྔོ་བ་སྟེ། སྤྱིར་ཤ་ཁྲག་དང་དམར་རྩི་མ་འདྲེས་པ་ཐམས་ཅད་ལ་དཀར་གཏོར་གྱི་སྒྲ་འཇུག་མོད།

འོན་ཀྱང་ཕྱོགས་སྐྱོང་ལ་ཅོག་ལྡོག་དང་། གཞི་བདག་ལ་ད་ལྟ་ཐམས་ཅད་དཀར་གཏོར་དུ་འདོགས་ལ་ཆགས་མེད་རིན་པོ་ཆེས་ཀོ་ཚེ་གཏོར་མའི་རྩེ་ལྔར་འདོད་པ་འདབ་བཞི་རྩེ་དང་ལྔ་པ་འདི་ཉིད་འབུལ་བའི་ཕྱག་ལེན་ལྟར་ན་བསང་སྦྱངས་དང་། མགྲོན་འགུགས་པ་སོང་ནས། བླ་མ་དགོངས་འདུས་ཀྱི་ན་མོ་རྐང་གཉིས་མའམ། འཇའ་ཚོན་པའི་ལུགས་སུ་འདོད་པའི། ཧྲི་ལྷ་ཀླུ་གནོད་སྦྱིན་སོགས། གང་བདེས་འབུལ་བའི་མཐར། བྷཱུ་མི་༴ ཁ་ཧཱི། གཞི་བདག་ཆེན་པོ་༴ གོང་ལྟར་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཆོས་བཞིན་དུ་སྐྱོང་བའི་གཞི་བདག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ་ཁྱེད་རྣམས་ཀྱིས་གཙང་སྦྱར་འདོད་ཡོན་ལྔ་ལྡན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། ས་ཡི་ཕྱོགས་འདིར་རྡོ་རྗེའི་རིག་པ་འཛིན་པ་བདག་གིས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་བསྙེན་བསྒྲུབ་ཟབ་མོའི་ལམ་ཉམས་སུ་ལེན་པ་ལ་ཕྱི་ཡི་བར་ཆད་ནང་དུ་མ་གཏོང་། ནང་གི་དངོས་གྲུབ་ཕྱིར་མ་གཡེལ། ལས་ཕྱི་ནང་གཉིས་ཀྱི་སྲུང་མ་མཛོད་ལ་ཆོས་དང་མཐུན་པའི་སྡོང་གྲོགས་རྒྱ་ཆེན་པོ་མཛོད་ཅིག །ཅེས་བརྗོད་ལ་གཏོར་མ་གཙང་སར་དོར། གཞི་བདག་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད། སྔོན་གཏོར་གསུམ་པ་བགེགས་གཏོར་ནི། ཞི་ཁྲོ་རང་གཞུང་གི་བཀའ་བསྒོ་བྱས་ཀྱང་ཆོག་མོད། འདིར་རྫོགས་ཆེན་གོང་མའི་བཀའ་སྲོལ་ལྟར། ཧཱུྃ་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་འགུགས་པ་ནི། ལྷ་ཡི་ང་རྒྱལ་དང་གཟི་བྱིན་གྱིས་དགུག་ལ། སླར་བདེན་སྟོབས་དྲག་པོས་འགུགས་པ་ནི། ན་མོ། རིག་འཛིན་རྩ་རྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར། དཔལ་ཆེན་པོ་རྡོ་རྗེ་སྲིན་པོ་མི་བཟད་པ་ཆེ་མཆོག་ཁྲོ་བོའི་དཀྱིལ་འཁོར་

འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། རིག་འཛིན་དཔའ་བོ་མཁའ་འགྲོ་སྲུང་མ་དམ་ཅན་སྡེ་བདུན་དང་བཅས་པ་རྣམས་ཀྱི་བདེན་པའི་མཐུས། དེང་འདིར་གསང་སྤྱོད་རྡོ་རྗེའི་ཕོ་བྲང་འདིར་བལྟ་བར་མི་དབང་བའི་འབྱུང་པོ། མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། དཀྱིལ་འཁོར་གྱི་མདངས་འཕྲོག་པ། མར་མེའི་འོད་སྒྲིབ་པ། བདུད་རྩིའི་ངད་ལེན་པ། དཔལ་བཤོས་ཀྱི་རྩེ་སྙིལ་བ། རཀྟའི་དྲི་ལ་སྣོམ་པ། ཐར་བ་དང་ཐམས་ཅད་མཁྱེན་པའི་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་དམ་སྲི་འབྱུང་པོ་ཐམས་ཅད་སྐད་ཅིག་ཉིད་ལ་མཆོད་སྦྱིན་གཏོར་མ་འདི་ཡི་མགྲོན་དུ་ཁུག་ཅིག །ལན་གསུམ་བརྗོད། ༀ་བཛྲ་ཊཀྐཱི་རཱ་ཛ་ཧཱུྃ་ཛ་ཨ་ཀར་ཥ་ཡ་ཛ༔ བརྗོད། སླར་ཡང་། མཐོ་སྲིད་པའི་རྩེ་མོ་མན་ཆད། མནར་མེད་པའི་རྡོ་རྗེ་དམྱལ་བ་ཡན་ཆད། མཐོ་ནམ་མཁའི་ལྷ་བྲན་མན་ཆད། དམའ་ས་འོག་ལྟོ་འཕྱེ་ཡན་ཆད། མཐོ་པེ་དཀར་རྒྱལ་པོ། དམའ་གྲོང་རྒྱུག་འདྲེ་མོ། སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་ནམ་མཁའ་བར་སྣང་ས་གཞི་མི་མངོན་དམར་ནག་ཁྲོམ་དུ་འཚོགས་ནས་ལག་གཉིས་བཟེད་པའི་ཕྱག་རྒྱ་དང་བཅས། བདག་ཉིད་དཔལ་ཆེན་པོའི་གཟི་བརྗིད་ལྟར་མི་བཟོད་པས་གདོང་སྨད་དེ་མིག་ས་ལ་ཕབ་ནས་འཁོར་བར་བསམ་ལ། གཏོར་མ་སྨུག་རྩི་ཤ་ཁྲག་གིས་བརྒྱན་པ་བྱིན་གྱིས་བརླབས་ནས་ལན་གསུམ་བསྐོར་ཏེ་སྟོབས་པའི་ཚུལ་གྱིས། ༀ་སརྦ་བིག་ནན་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁ་ཧཱི། ལན་གསུམ། ཧཱུྃ་ཉོན་ཅིག་བགེགས་དང་སོགས། མཐར་བདེན་སྟོབས་བརྗོད་ལ་གཏོར་མ་ཕྱིར་དོར། དྲག་སྔགས་གུ་གུལ་ཡུངས་ཐུན་རོལ་མོའི་མཚམས་རྔམས་དང་བཅས་པས་བགེགས་བསྐྲད་པའི་ཆོ་ག་ནན་ཏན་བྱའོ། །དེ་རྗེས་སྒོ་དྲུང་དུ་ཐོ་དཀར་པོ་བརྗིད་ཅན་བརྟན་

ཆགས་པ་བརྩིགས་ལ་རྒྱལ་པོ་ཆེན་པོ་སྡེ་བཞིའི་སྐུ་གཟུགས་བཙུག་ལ། རང་མཐུན་གྱི་གཏོར་མ་བཞིའམ་གཅིག་གིས་ཀྱང་མི་རུང་བ་མེད་པས་ཐོ་ཡི་མདུན་དུ་སྟེགས་ལ་བཤམས། རང་ཉིད་དཔལ་ཆེན་པོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་རི་རབ་ལྷུན་པོའི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་རང་རང་གི་རིགས་དང་སྡེ་ཆེན་དཔུང་དང་བཅས་པ་བྱོན་ནས་ཐོ་རི་རབ་ཏུ་གསལ་བའི་ཕྱོགས་བཞིར་འཁོད་པར་བསམ་ལ། བཀའ་བརྒྱད་ནས། ཧཱུྃ་རི་རབ་གླིང་བཞིའི་ཕྱོགས་བཞི་ནས། །ཕྱག་ན་རྡོ་རྗེའི་དབང་གི་མཐུས། །རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བདག་ཅག་རེ་བ་སྐོང་བའི་ཕྱིར། །མ་དག་རྣམས་ལ་མཚམས་ཆོད་ཅིག །ཧཱུྃ་རི་རབ་ཆེན་པོའི་ཕྱོགས་བཞི་ནས། །རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །ཕྱི་མཚམས་བསྲུངས་ཕྱིར་སྤྱན་འདྲེན་ནོ། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ༀ་དྷིཥྛ་༼དིཥྚ་༽རཱ་ཛཱ་ཡ། ༀ་བེ་རུ་ཏ་ཀ་ཡ། ༀ་བེ་རུ་བཀྵ་ཡ། ༀ་བཻ་ཤྲཱ་མ་ཎ་ཡེ་བཛྲ་ས་མ་ཡ་ཛཿཛཿཅེས་ལན་བདུན་བཟླས་ནས་དམ་ལ་བཞག །རྒྱལ་ཆེན་བཞི་ཡི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུས་གཏོར་མ་བདུད་རྩིའི་རང་བཞིན་དྲངས་ནས་གསོལ་བར་བསམ། ༀ་དྷིཥྛི་༼དིཥྚ་༽རཱ་ཛ༴ མ་ཎ་ཨེ་དམ་བྷ་ལིངྟ་ཁ་ཁ་ཁ་ཧཱི། ལན་བདུན་གོང་གི་སྔགས་མཐར། ཨརྒྷཾ་སོགས་ཤབྟ་པྲ་ཏི་ཙྪ་ཨཱ་ཧཱུྃ། སརྦ་པཉྩ་ཨམྲྀཏ་ཁ་ཧཱི། བསྟོད་པ་ནི། ཧཱུྃ་གསང་བདག་ཕྱག་ན་རྡོ་རྗེའི་བཀའ་འཁོར་ནས། །སྟོན་པའི་བཀའ་ཉན་འཇིག་རྟེན་སྐྱོང་མཛད་ཅིང་། །རང་གི་འཁོར་རྣམ་སྐྱོང་བར་དམ་བཅས་པའི། །རྒྱལ་ཆེན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །ལས་བཞིའི་རང་རྟགས་དཀར་སེར་དམར་ལྗང་མདོག །མཆོད་དང་གཏོར་མ་བཅས་པ་འདི་བཞེས་

ལ། །ཕྱོགས་བཞིའི་འཁོར་གྱི་གདོན་ཚོགས་མཚམས་ཆོད་ཅིག །ༀ་མ་ཧཱ་ར་ཛ་ཙ་ཏུར་ཨེ་དཾ་བ་ལིངྟ་ཨམྲྀཏ་ཁ་ཁ་ཁ་ཧཱི། ཕྲིན་ལས་བཅོལ་བ། ཧོ་ཕྱི་ལྟར་ན་རྒྱལ་པོ་ཆེན་པོ་སྡེ་བཞི། ནང་ལྟར་ན་བཅོམ་ལྡན་འདས་རྒྱལ་བ་རིགས་བཞི། གསང་བ་ལྟར་ན་དཔལ་ཆེན་པོ་ཁྲག་འཐུང་རིགས་བཞིར་ངེས་པའི། རྒྱལ་ཆེན་སྡེ་བཞི་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་བཅོལ་བ་ནི། བདག་ཅག་རིག་པ་འཛིན་པའི་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་བསྙེན་བསྒྲུབ་ཟབ་མོ་འདི་དབུ་བཙུག་ནས་མཇུག་མ་རྫོགས་ཀྱི་བར་དུ་ཕྱི་ཡི་བར་ཆད་ནང་དུ་མ་བཏང་། ནང་གི་དངོས་གྲུབ་ཕྱིར་མི་བཏང་བའི་ཕྲིན་ལས་མཛོད་ཅིག །ཐོ་རི་རབ་དུ་གྱུར་པའི་ཕྱོགས་བཞིར་རིན་པོ་ཆེའི་ཕོ་བྲང་བཞིར་རང་རང་གི་སྐུ་གཟུགས་དང་དབྱེར་མེད་པར་བཞུགས་ནས་བསྒོ་བའི་ལས་རབ་འབྱམས་ཐོག་མེད་དུ་བསྒྲུབ་པར་བསམ་ལ། ༀ་ཡེ་དྷརྨ་སོགས། ༀ་སུ་པྲ༴ སོགས་བརྟན་པར་བྱ་ལ་མེ་ཏོག་འཐོར། དེ་དག་ནི་ཕྱི་མཚམས་བཅད་པའོ། །དེ་ནས་ནང་མཚམས་བཅད་པ་ནི། སླར་ཡང་རང་དཔའ་བོ་གཅིག་པའི་ང་རྒྱལ་བརྟན་བཞིན་པའི། བགེགས་གཏོར་བསང་སྦྱང་བྱ་ཞིང་། བཀའ་བསྒོ་བགེགས་བསྐྲད། ཡུངས་ཐུན། གུ་གུལ་དྲག་སྔགས་རོལ་མོ་དང་བཅས་པའི་མཚམས་རྔམས་སུ་བྱ་ཞིང་། འདི་ལ་བླ་མ་ལ་ལས། རྒྱལ་ཆེན་ཐོ་འཛུག་རྗེས་ནས་བགེགས་གཏོར་གཏོང་བ་མི་རིག །ཐོ་ནང་དུ་བགེགས་འབོད་མི་རུང་བའི་ཕྱིར་ཟེར། འདི་ལ་རྗེ་གཏེར་བདག་གླིང་པས། ཕྱི་ནང་གི་མཚམས་བཅད་ནས་བསྲུང་འཁོར་བསྒོམ་པ་འདི་བསྙེན་པ་གྲོལ་རྒྱུའི་ཐུན་ཐ་མའི་བར་མི་བསྡུ་ཞེས་གསུངས་ཤིང་བགེགས་ལྟ་ཅི། བཀའ་སྲུང་དམ་ཅན་ལ་གཏོར་མ་གཏོང་བ་དང་། དཀྱིལ་འཁོར་གྱི་བདག་པོ་གང་ཡིན་པ་ལ་རང་འདྲའི་དཔའ་བོ་གཅིག་པ་ཞིག་སྤྲོས་ནས་ཕྱི་

ཡི་དུར་ཁྲོད་དུ་སོང་ནས་གཏོར་མ་སྦྱིན་པར་བཤད་པས། དེ་ཡི་རིགས་པས་བསྲུང་འཁོར་རྒྱབ་ཏུ་བགེགས་ལ་ལན་ཆགས་གཏོར་མ་གཏོང་བ་བསྟན། དེ་ལྟར་མིན་ཀྱང་རང་ཡི་དམ་ལྷ་ཡི་ང་རྒྱལ་དྲག་པོའི་རྣམ་འགྱུར་བསྟན་ཡང་ཐུགས་སྙིང་རྗེས་བརླན་པའི་ལྷ་སྔགས་ཏིང་འཛིན་གྱི་བྱིན་གྱིས་རླབས་ནས་བསྔོས་པའི་བདེན་སྟོབས་མཐུ་བྱིན་གྱིས་ནམ་ཡང་མི་བསླུ་བས་ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་རྣམས་ཚིམས་ནས་རྒྱུད་གྲོལ་ནུས་པའི་ཕྱིར་གཟུགས་ཅན་གྱི་མི་ལྟར་ཐོ་ནང་གམ་དུ་བོས་ནས་གཏོར་མ་ལག་ཏུ་མ་བཞག་པར་མི་ཐོབ་པར་ག་ལ་ཡིན་ཏེ། ན་མོ་བདག་གི་བསམ་པའི་ཞེས་པ་ལ་སོགས་པ་སོམ་ཞིག །འཁོར་བ་ཐོག་མེད་ནས་ལན་ཆགས་ཀྱིས་འབྲེལ་བའི་འབྱུང་པོ་ལ་བགེགས་གཏོར་ཡང་ཡང་བསྔོ་བ་གལ་ཆེ་འདུག་པ་ནི། རྗེ་གཏེར་བདག་གླིང་པའི་གསུང་ཚད་མ་ལས་མཐོང་ངོ་། །དེ་ནས་ཉིན་སྔ་མའི་དགོངས་ཐུན་ལས་བྱང་རྒྱས་བསྡུས་སོགས་སྐབས་དང་བསྟུན་ལ། རྒྱས་པའི་དབང་དུ་བྱས་ན། བཀའ་བསྒོ། བསྲུང་འཁོར་ཡན་ལག་བཅུ་པ་ཕྱག་རྒྱ་བཟུང་བ། མཆོད་པ་བྱིན་རླབས། ཏིང་འཛིན་རྣམ་གསུམ། ལྷ་བསྐྱེད་ནས་བཤགས་པ་ཡན་ཆད་དཀྱུས་བཞིན་བཏང་ནས། དངོས་གཞི་བསྙེན་པ་ལ་འཇུག །དེ་ལ་རང་བཞིན་གྱི་ཕྱག་ལེན་རྣམས་ན་ཡམ་དུ་བཀོད་པ་དང་། རང་གི་བློས་བཏགས་པའི་འདོད་ཚུལ་བཀོད་པ་གཉིས། དང་པོ་ནི། གོང་གི་རྗེས་སུ་ཛ྄བ་ཀྱི་དགོངས་པ་གསལ་འདེབས་པ་ལ། དགོངས་པ་རང་གྲོལ་རང་གཞུང་གི །ཛ྄བ་འདི་ཞེས་ཐེམ་བྱང་དུ་མི་གསལ་བ་དང་། བཀའ་བབ་ཆེན་པོའི་གསུངས་ཡིན་པར་བཤད་པའི་ཐེམ་བྱང་རྣམ་གྲངས་རང་གྲོལ་དུ་ཛ྄བ་དགོངས་ཟེར་བ་ཞིག་སྣང་བ་ནི། ད་ལྟ་བསྐྱེད་རིམ་སོར་གཞུང་ན་ཛ྄བ་དགོངས་གྲགས་སྟོང་བཟླས་ཚད་རང་གྲོལ་ཟེར་བ་འདི་ཡིན་པར་སྣང་། འདི་

སྟག་བླ་པདྨ་མ་ཏིས་བླ་མ་དགོངས་འདུས་ཀྱི་ཛ྄བ་ཞི་ཁྲོ་ལ་ཁ་སྒྱུར་མར་གྲགས་པས། དགོངས་པ་རང་གྲོལ་གཏེར་གཞུང་གི་ཛ྄བ་ཡིན་པར་མ་གོ་ཞིང་། དགོངས་པ་རང་གྲོལ་བསྐྱེད་རྫོགས་ཀྱི་པུ་ཏི་གཉིས་ཡོད་པ་དུས་གསུམ་མཁྱེན་པའི་གཞུང་། གཏེར་གཞུང་འཁྲུལ་མེད་དང་། བཀའ་བབས་ཆོས་བདག་ཆོས་ཀྱི་ཁ་བསྐང་ཐམས་ཅད་ཐེམ་བྱང་དུ་དཀྱུས་གཅིག་ཏུ་བཀོད་འདུག་པས་དཔྱད་མི་བཟོད་པར་སྣང་། ད་ལྟ་ཀ་སྟག་གསེར་གསུམ་གྱི་ཆོས་བརྒྱུད་འཛིན་ནོ་ཅོག་གི་ཛ྄བ་གཞུང་བཟླས་ཚད་རང་གྲོལ་བླ་མ་དགོངས་འདུས་ཁ་བསྒྱུར་བ་འདི་ཡིན་པར་འདུག །ཞི་ཁྲོ་རང་གཞུང་ན་ཛ྄བ་ཆོག་ཞིག་ཡོད་ན་གཞན་གྱི་བསླད་དོན་ཅི་ལ་ཡོད། དེ་མེད་ན་ཉི་ཟླ་གཉིས་དང་བཀའ་བབས་གསུམ་གྱི་ཞལ་འཕང་འཁྲུལ་མེད་བྱུང་ན་གཙོ་ཆེ་མོད། གཞན་རྗེས་འཇུག་རྣམས་ཀྱི་རང་རང་གི་བཞེད་གཞུང་མང་པོ་བཀོད་སྣང་ནའང་། དགོངས་འདུས་ཛ྄བ་བསྒྱུར་འདི་ལས་གྲགས་པ་ནི་མ་མཐོང་ངོ་། །འཇིག་རྟེན་ལུགས་ཀྱི་ཞེན་ཕྱོགས་ལྟར་ན་རང་རེའི་བླ་མ་དགོན་པའི་ཕྱག་བཞེས་ཁས་ལེན་དགོས་པར་སྣང་ནའང་། འདི་ལའང་རྫོགས་ཆེན་རིག་འཛིན་གོང་མ་རྣམས་དབང་ལུང་ཆགས་མེད་རིན་པོ་ཆེ་ནས་བརྒྱུད་པ་གནས་མདོ་ལུགས་སུ་ཁས་ལེན་པར་སྣང་ཡང་། ཆོ་ག་ལ་ངེས་པ་ཅི་ཡང་མ་མཆིས་ཤིང་། ཁྱད་པར་ཛ྄བ་ལ་གྲུབ་པའི་དབང་ཕྱུག་ཆེན་པོའི་དུས་བདག་བསྐྱེད་བསྙེན་པར་འདོད་པའི་བག་ཆགས་རང་གྲོལ་ལྟར་རྡོ་རྗེ་སེམས་དཔའ་བསྒོམ་ནས་ཡིག་བརྒྱ་འབའ་ཞིག་བཟླ་ཞིང་། ལས་བྱང་མདུན་བསྐྱེད་དུ་བྱས་ནས། དེའི་བཟླས་པ་བཏགས་གྲོལ་བཟླ་ཞེས་དབུ་ཆེན་རྒན་པ་ཚོའི་གསུང་ལས་ཐོས་པ་དང་། ཡང་སློབ་དཔོན་རིན་པོ་ཆེའི་དུས། ཐུན་བཞིའི་རྣལ་འབྱོར་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཐོག་མའི་

མགོན་པོ། ཞེས་བཏང་ནས། བླ་མ་དགོངས་འདུས་ཀྱི་བསྙེན་པའི་ཛ྄བ་དགོངས་སུ་བཤད་པའི། བདག་ཉིད་ལྷ་ཡི་ཐུགས་ཀྱི་རྩེ་མོ་གྱེན་ལ་ཞེས་པས་གསལ་བཏབ་ནས། །ཧཱུྃ་བཛྲ་ཙིཏྟ་ཨཿསོགས་ཛ྄བ་རིང་ཚར་གསུམ་དང་མཐར་ཞི་བ་རིགས་ལྔའི་ཡིག་བརྒྱ་དང་། དབྱངས་གསལ། མཆོད་བསྟོད་བྱེད་པར་བཤད། སྐྱབས་མགོན་རིན་པོ་ཆེ་རྗེ་བླ་མ་མཚན་བརྗོད་པར་དཀའ་བ་དེ་ཡི་སྐུ་ཚེའི་སྟོད་ལ་གོང་ལྟར་དང་བར་སྐབས་ཞིག་ནས། གསོལ་འདེབས་དང་། དེ་ནས་རང་རང་གི་ཐུགས་ཀར་ཞི་བའི་ལྷ་ཚོགས་རྣམས་དང་། མདུན་བསྐྱེད་ཞི་ལྷའི་སོགས་ཀྱི་ཛ྄བ་དགོངས་དང་། བྷོ་དྷི་ཙིཏྟ་བཟླ་ཞིང་། བུམ་པར་དེ་ནས་རང་གི་ཐུགས་ཀ་ནས། ཞེས་བཏང་། ཛ྄བ་རིང་མཐར། མཆོད་བསྟོད་བཞུ་བསྡུ་སོགས་དང་། ད་ལྟ་ནི་བླ་མ་དཔོན་རྒན་བཞེད་པ་ཐམས་ཅད་ཉམས་ལེན་འདི་ལྟར་ལགས་པས་རང་ལུགས་ལའང་ལག་ལེན་འདི་ལེགས་སྙམ་པའི་ཁོ་ཐག་ཆོད་པ་ཞིག་བྲི་རྒྱུ་མ་རྙེད་ལ། འོན་ཀྱང་རང་བཟོས་བསླད་པ་ནི་ཅི་ལྟར་སྤོབ། འདིར་རྡོ་རྗེ་ཐེག་པ་སྔགས་རྙིང་མ་བཀའ་གཏེར་དག་སྣང་གསུམ་ལས། གཏེར་མ་ཐམས་ཅད་ཀྱི་ཕྱི་མོ་ཡིད་ཆེས་པའི་ཁུང་བླ་མ་དགོངས་འདུས་ཀྱི་ཛ྄བ་དགོངས་ཚངས་པའི་ང་རོ་དང་། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་གི་མཛད་བྱང་ནས་བཤད་པ་གཉིས་ཀྱི་ལེགས་ཆ་བསྡེབ་ནས་འདིར་བྲི་བར་བྱ་སྟེ། སྤྱིར་བླ་མ་དགོངས་འདུས་སོགས་ནས་ཛ྄བ་ཀྱི་ལས་རིམ་དགུ་སོགས་བཤད་ཀྱང་སྤྲོས་པ་དོར་ནས། འདིར་བསྙེན་པར་མཁོ་བའི་གཅེས་གནད། ཛ྄བ་དགོངས་བཞི་དང་། ལམ་ཁྱེར་གསུམ་གྱི་ཆིངས་སུ་བསྡུས་ན། ཛ྄བ་དགོངས་བཞི་ནི་བསྙེན་པར་བསྔགས་པ་ཟླ་བ་སྐར་མའི་ཚོགས་ཀྱིས་བསྐོར་བའི་ཛ྄བ་དགོངས། ཉེ་བསྙེན་ལ་བསྔགས་པ་འགལ་མེའི་འཁོར་ལོ་ལྟ་བུ། རྒྱལ་པོ་ཕོ་ཉ་འགྱེད་པ་ལྟ་བུ་

བསྒྲུབ་པའི་ཛ྄བ་དགོངས། བུང་བ་ཚང་བཤིག་པ་ལྟ་བུ་ལས་སྦྱོར་ལ་བསྔགས་པ་བཞི་སྟེ། དེ་ལས་སྔར་སྒོམ་རིམ་དུ་གསལ་བཏབ་པའི་དཀྱིལ་འཁོར་བའི་ལྷ་ཐམས་ཅད་ཛ྄བ་ཀྱི་དཔུང་རོགས་སུ་བསྐུལ་བ་ནི། བླ་མ་དགོངས་འདུས་ནས། ཧཱུྃ་དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་ནས། །ཐབས་ཤེས་ཉི་ཟླ་མ་ཆགས་པདྨའི་གདན། །གཙོ་བརྒྱད་དར་ཟབ་རིན་ཆེན་ཁྲི་རྐང་དུ། །དུས་གསུམ་རྒྱལ་བ་འདུས་པའི་སྐུ་གསུང་ཐུགས། །བླ་མ་ཡི་དམ་ཞི་ཁྲོ་འཁོར་དང་བཅས། །ཡབ་ཡུམ་འཁོར་དང་བཅས་པའི་ཆ་ལུགས་ནི། །འབར་བ་ཞི་དང་ཁྲོ་སོགས་གར་དགུར་བསྒྱུར། །བརྗིད་པའི་སྐུ་ལ་རང་རང་ཆས་རྣམས་རྫོགས། །ཛ྄བ་ཀྱི་རྒྱུན་གསུང་ཆོས་ཀྱི་སྒྲ་དབྱངས་སྒྲོག །འཕོ་འགྱུར་མེད་པའི་ཐུགས་མཆོག་ཡེ་ཤེས་སེམས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་ལ། །ཕྱག་འཚལ་མཆོད་བསྟོད་དབང་དང་དངོས་གྲུབ་སྩོལ། །ཧཱུྃ་ལོངས་སྐུ་གསལ་དག་ཐིག་ལེའི་གཞལ་ཡས་དབུས། །སེང་གེ་གླང་རྟ་རྨ་བྱ་ཤང་ཤང་ཁྲི། །འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་ཉི་ཟླ་པདྨ་གེ་སར་སྟེང་། །ཞི་དང་ཁྲོ་བོར་སྟོན་པའི་ཡི་དམ་ལྷ། །བདེ་སྟོང་ལྷན་སྐྱེས་སོ་སོའི་ཡུམ་དང་བཅས། །གར་གྱི་ཉམས་ལྡན་སྐུ་ལ་རྒྱན་རྣམས་རྫོགས། །གསུང་གི་སྙིང་པོ་ཛ྄བ་དབྱངས་འབྲུག་ལྟར་སྒྲོག །ཐུགས་ནི་སྒྲོལ་གྱུར་སྲོག་བཅས་ཡེ་ཤེས་སེམས། །ཛ྄བ་ཀྱིས་རྒྱུད་བསྐུལ་རྡོ་རྗེ་སྐུ་གསུང་ཐུགས། །ༀ་གྱིས་སྤྲོས་པའི་སྟོང་གསུམ་སྐུ་ཡི་གང་། །ཨཿ་ཡིས་བསྐུལ་པའི་སྔགས་དབྱངས་ཛ྄བ་སྒྲ་སྒྲོགས། །ཧཱུྃ་གིས་དམིགས་པའི་མི་གཡོ་ཏིང་འཛིན་བརྟན། །སྐུ་གསུང་ཐུགས་མཆོག་ཡི་དམ་ཞི་ཁྲོའི་ལྷ། །མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ། །མ་འགྲུབ་བར་དུ་ཏིང་འཛིན་མི་གཏོང་ངོ་། །ཞེས་རྩེ་གཅིག་དྭངས་བས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་

ལ་གསོལ་བ་བཏབ་ནས་ཐུགས་དམ་བསྐུལ། དེ་ཡི་དོན་ལམ་འཁྱེར་ཅི་ལྟར་བྱ་ན། ཕྱི་སྣོད་ཞི་ཁྲོ་དབྱེར་མེད་ཕོ་བྲང་ཆེན་པོར། འོག་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་རིགས་ལྔ་ཚོམ་བུའི་ལྷ་ཐམས་ཅད་ཞི་བའི་ཚུལ་དགུ་དང་ལྡན་པ། ཐུབ་པ་དྲུག་ཚངས་པར་སྤྱོད་པ། སྒོ་སྲུང་ཡབ་ཡུམ་ཁྲོ་བོའི་ཉམས། རང་རང་གི་སྟེང་གི་ནམ་མཁར་ཆོས་དབྱིངས་མེ་རི་འབར་བར་ཁྲག་འཐུང་ཁྲོ་བོའི་ལྷ་ཐམས་ཅད་གར་གྱི་ཉམས་དགུ་སོགས་ཁྲོ་ཚུལ་དྲུག་ཅུ་རེ་བརྒྱད་རྫོགས་པའི་སྟེང་འོག་བར་གསུམ་བླ་མ་ཡི་དམ་སངས་རྒྱས་དང་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་གང་ནས། དེ་ཐམས་ཅད་སྐུ་བརྗིད་པའི་ཉམས། གསུང་ཛ྄བ་ཀྱི་སྒྲ་དབྱངས། ཐུགས་འགྲོ་བ་སྒྲོལ་བའི་སྙིང་རྗེ་དང་བཅས་པས། ཛ྄བ་ཀྱི་སྒྲ་སྒྲོགས་པའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ་ཞིང་། ཁྱད་པར་དཔྲལ་བའི་ༀ་ལས་ༀ་དཀར་པོ་གྲངས་མེད་པ་འཕྲོས། སྟོང་གསུམ་འཇིག་རྟེན་ཀྱི་ཁམས་ཐམས་ཅད་རང་འདྲ་བའི་སྐུ་ཡི་གང་ནས་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་བསམ། མགྲིན་པའི་ཨ་ལས་ཨ་དམར་པོ་གྲངས་མེད་པ་སྤྲོས། ལྷ་ཐམས་ཅད་ཀྱི་མགྲིན་པར་ཕོག་པས་ཞལ་ནས་ཛ྄བ་ཀྱི་ཆོས་སྒྲས་སྟོང་གསུམ་གང་བར་བསམ། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་པོ་བསམ་གྱིས་མི་ཁྱབ་པ་འཕྲོས། སྤྲོ་བ་དང་བསྡུ་བའི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག །སོ་སོའི་ཐུགས་སྲོག་ཧཱུྃ་ལ་ཐིམ་པས་གཟི་བརྗིད་འོད་ཕུང་གི་མི་གཡོ་ཞིང་བརྟན་པར་བསམ། ཛ྄བ་བསྐུལ་གྱི་གོ་དོན་དེ་ལྟར་ཤེས་པར་བྱ་ཞིང་། ཛ྄བ་དངོས་ལ་སྒོམ་དོན་དམིགས་པ་ནི། ཀུན་མཁྱེན་ཆེན་པོ་རྡོ་རྗེ་གཟི་བརྗིད་ཀྱིས་བཞེད་པ་ལྟར། རང་དཀྱིལ་འཁོར་གྱི་གཙོ་བོ་རྣམ་པར་སྣང་མཛད་དཀར་པོ་མཉམ་བཞག་གི་ཕྱག་རྒྱས་ཆོས་ཀྱི་འཁོར་ལོ་བསྣམས་པ་ཡུམ་ནམ་མཁའི་དབྱིངས་ཕྱུག་མ་དང་འཁྲིལ་

སྦྱོར། ཞབས་རྡོ་རྗེ་དཀྱིལ་ཀྲུང་གིས་སེང་གེའི་ཁྲི་ལ་བཞུགས་པ། ལོངས་སྤྱོད་རྫོགས་སྐུའི་ཆས་སྣང་ལ་རང་བཞིན་མ་གྲུབ་པ་ཐུགས་སྟོང་གསལ་འོད་ཀྱི་གོང་བུའི་ཀློང་དུ། ཆོས་སྐུ་ཀུན་ཏུ་བཟང་པོ་མཐིང་ཀ་མཉམ་བཞག་གི་ཕྱག་རྒྱས་ཡུམ་ཀུན་ཏུ་བཟང་མོ་དང་གཉིས་མེད་དུ་འཁྲིལ་བ་ཡེ་ཤེས་སེམས་དཔའི་ངོ་བོར་བཞུགས་པ། ཡབ་ཀྱི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབ་བཞི་པ་གྱེན་བསླང་གི་རྣམ་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་ༀ་དཀར་པོ་དྲི་མ་མེད་པ་དེ་ཡི་མཐར། འདི་ནས་བསྙེན་པ་རྒྱས་བསྡུས་ཀྱི་སྔགས་ཕྲེང་བསྒོམ་རིམ་ཐ་དད་དུ་དགོས་ཀྱང་རྒྱས་པ་ཞི་ཁྲོ་དམ་པ་རིགས་བརྒྱ་ཐ་དད་དུ་བསྙེན་པའི་ཚུལ་ནི། ལྷ་སྔགས་ཏིང་ངེ་འཛིན་ཐམས་ཅད་ཤིན་ཏུ་མང་བས་ལོ་ཟླ་མ་སྦྲེལ་བར་གྲངས་བསྙེན་ཐ་མ་ཙམ་ཡང་འགྲུབ་དཀའ་བས། འདིར་ཞི་ཁྲོ་སྤྱི་བསྡུས་ཀྱི་བསྙེན་པའི་ཏིང་འཛིན་ནི། ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྡུ་ཨཱཿཞེས་བཟླ་བ་སྐར་མའི་ཚོགས་ཀྱིས་བསྐོར་བ་ལྟ་བུའི་ཛ྄བ་དགོངས་སྟེ་བསྙེན་པ་ལ་བསྔགས་པ་ཡིན། དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ཀྱི་འཁོར་ལོས་བསྒྱུར་བ་བཞི་གཙོ་བོ་རྣམས་ཀྱི་ཐུགས་ཀར་རང་རང་གི་ཕྱག་མཚན་ལྟེ་བར་ས་བོན་བཀོད། འཁོར་རྣམས་ཐུགས་སྲོག་ས་བོན་བསམ། སྐབས་རེ་གཙོ་བོ་རྣམ་སྣང་གི་ཐུགས་ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང་པོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་འཁོར་རིགས་བཞིའི་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་ལས་སྤྲོས་པའི་འོད་ཀྱིས་འཁོར་ཚོགས་ལྷ་རྣམས་བསྐུལ། དེ་དག་ལས་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་མཆོད་པའི་འོད་ཟེར་མཐའ་ཡས་པར་སྤྲོས། མཐུ་དང་བྱིན་རླབས་ནུས་པ་ཐམས་ཅད་བསྡུས་ནས་དཀྱིལ་

འཁོར་གྱི་ལྷ་ལ་ཐིམ། གཟི་བྱིན་མཆོག་ཏུ་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་རྟོག་སྒྲིབ་ཉམས་ཆགས་ཐམས་ཅད་དག །དངོས་གྲུབ་ཐམས་ཅད་ཐོབ། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་དང་རོ་གཅིག་ཏུ་གྱུར། ཞེས་བརྗོད་ལ། བྷོ་དྷི་ཙིཏྟ་རྩེ་གཅིག་ཏུ་བཟླ། སྔགས་སྟོང་ཕྲག་རེའི་མཚམས་དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །ཀུན་ཏུ་བཟང་པོ་༴ ས་པ་རི་ཝ་ར༴ སོགས་བརྗོད། བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་༴ རྡོ་རྗེ་དབྱིངས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་བྱའོ། །ཡང་སྔགས་འཕྲེང་གི་སྤྲོ་བསྡུ་གཉིས་པ་ནི། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཀྱི་ཐུགས་ཀའི་སྔགས་ཀྱི་འཁོར་ལོ་ལས། སྔགས་ཀྱི་འོད་ཟེར་བཀྲ་ལམ་གྱིས་བྱུང་བ་རང་གི་ཞལ་ནས་ཐོན། ཡུམ་གྱི་ཞལ་དུ་ཞུགས། ཐུགས་ཀར་བརྒྱུད་ནས་ཡུམ་གྱི་གསང་བ་ནས་བདག་གི་གསང་བར་ཞུགས། སླར་ཐུགས་ཀར་འཁོར་བར་བསམ་པ་ནི། འགལ་མེ་ཀླད་ལ་བསྐོར་བ་ལྟ་བུའི་ཛ྄བ་དགོངས་ཉེ་བསྙེན་ལ་བསྔགས་པ་ཉིད་དམིགས་སྐོར་དེ་ཡི་རྗེས་སུ། ཡང་སྤྱི་དྲིལ་རྩེ་གཅིག་ཏུ་བཟླ། སྟོང་ཚིག་གི་མཆོད་བསྟོད་སྔར་བཞིན་བྱ། སྤྲོ་བསྡུའི་དམིགས་སྐོར་གསུམ་པ་ནི། སླར་ཡང་བདག་ཉིད་ལྷ་ཡི་ཐུགས་ཀའི་ས་བོན་སྔགས་དང་བཅས་པ་ལས་འོད་ཟེར་དཔག་ཏུ་མེད་པ་ཁམས་གསུམ་འགྲོ་བ་རིགས་དྲུག་གི་གནས་སུ་འཕྲོས་པས། དམྱལ་བ་ཚ་གྲངས། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས། ལྷ་མ་ཡིན་འཐབ་རྩོད། ལྷ་འཕོ་ལྟུང་། མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མ་ལུས་པ་བྱང་ནས་སྣོད་བཅུད་ཐམས་ཅད་ཞི་ཁྲོ་རྩ་བ་གསུམ་གྱི་རང་བཞིན་དུ་གྱུར་ནས་སྔགས་ཀྱི་སྒྲ་སྒྲོག་པར་བསམས། འདི་ནི་རྒྱལ་པོས་ཕོ་ཉ་འགྱེད་པ་ལྟ་བུའི་ཛ྄བ་དགོངས་བསྒྲུབ་པ་ལ་བསྔགས་སོ། །

ཡང་སྤྱི་དྲིལ་རྩེ་གཅིག་ཏུ་བཟླ་ཞིང་། སྟོང་ཚིག་གི་མཆོད་བསྟོད་སྔར་བཞིན་ལ། སྤྲོ་བསྡུའི་དམིགས་སྐོར་བཞི་པ་ནི། བདག་ཉིད་ལྷ་ཡི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་འོད་ཟེར་དཔག་ཏུ་མེད་ཅིང་བརྗོད་ཀྱི་མི་ལང་བ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག་ནས་ཐམས་ཅད་དུས་གཅིག་ལ་བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་ཤ་སྟག་ཏུ་གྱུར་ཏེ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་བུང་བའི་ཚང་བཤིག་པ་ལྟར་ཛ྄བ་སྒྲ་སྒྲོག་པར་བསམ། དེ་ནི་བུང་བའི་ཚང་ཞིག་པ་ལྟ་བུའི་འཛབ་དགོངས་ཏེ། བསྒྲུབ་པ་ཆེན་པོ་དང་དབང་རྒྱས་འབྲིང་གི་དུས་སུ་བསྔགས་པའོ། །གང་ལྟར་སྤྱི་དྲིལ་བཟླ་ཞིང་། ཐུན་གྱི་མཇུག་ཙམ་དུ་མཆོད་བསྟོད་བྱ་ཞིང་། སླར་ཡང་བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་སྟེང་ཕྱོགས་སུ་འཕྲོས་པས། སྟེང་ཕྱོགས་ཆོས་དབྱིངས་མེ་རི་འབར་བའི་དཀྱིལ་འཁོར་གྱི་དབུས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་ཐུགས་ཀར་ཕོག །དེ་ཡི་ཐུགས་རྒྱུད་བསྐུལ། འོད་ཟེར་འཁོར་ཁྲག་འཐུང་རིགས་ལྔ་སོགས་ལ་སྤྲོས། དེ་དག་ལས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་ཞིང་རབ་འབྱམས་ཀྱི་རྒྱལ་བ་རྣམས་མཉེས་པའི་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་རང་ལ་ཐིམ། བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་ཚར་བཅད། མར་འགྲོ་བ་སེམས་ཅན་གྱི་ལས་ཉོན་བག་ཆགས་དང་བཅས་པ་ཉི་མས་བ་མོ་བཞུས་པ་ལྟར་སྦྱངས། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལ་བཀོད། སྣོད་ཐམས་ཅད་གཞལ་ཡས་ཁང་། བཅུད་ཐམས་ཅད་ལྷ་དང་ལྷ་མོ།

སྒྲ་ཐམས་ཅད་གྲགས་སྟོང་ཛ྄བ་གྱི་རོལ་མོ། རྟོག་ཚོགས་ཆོས་ཉིད་གྱི་རོལ་པར་གྱུར། ༀ་བྷོ་དྷི་སོགས། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་སྦྲེལ་བར་བཟླ་ཞིང་། སྟོང་ཚིག་གི་མཆོད་པ་སྔར་བཞིན་དང་། ཆོས་སྐུ་ནམ་མཁས་བསྟོད། འདི་ནི་བསྒྲུབ་ཆེན་དམིགས་པ་སྟེ། ཞི་བར་བསྙེན་ཅིང་ཁྲོ་བོར་བསྒྲུབ། ཅེས་པའི་དོན་ཙམ་ཡང་མཚོན་ནུས་སྙམ་པ་ཤར། དེ་ལྟར་བཟླས་ནས་དུས་ཚོད་ལ་བབ་པ་ན། ཞི་ཁྲོའི་ལྷ་ཐམས་ཅད་དང་། གཞན་ཡང་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་ཐམས་ཅད་ནམ་མཁའ་གང་བར་བྱོན་ནས་སྟོང་གསུམ་ཐམས་ཅད་བུང་བའི་ཚང་ཞིག་པ་ལྟར་འཛབ་ཀྱི་སྔགས་སྒྲས་གང་བར་བསམ། ཧཱུྃ་བཛྲ་ཙིཏྟ་ཨཱཿསོགས་ཛ྄བ་རིང་ཚར་གསུམ་དང་། སླར་ཡང་རིག་སྔགས་བསླུ་བ་མེད་པ་རྡོ་རྗེའི་བདེན་པ་འགྲུབ་པར་གྱུར་ཅིག །ཨ་ཨཱ་གསུམ་དང་། ཀ་ཁ་ག་གྷ་ང་གསུམ། ༀ་ཡེ་དྷརྨ་གསུམ། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་བདག་གཞན་མར་གྱུར་འགྲོ་བ་ནམ་མཁའི་མཐའ་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མེད་ཀྱི་དུས་ནས་ལས་དང་ཉོན་མོངས་པའི་དབང་གིས་བསགས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་བྱང་ནས་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་གྱི་གོ་འཕང་རིན་པོ་ཆེ་མཆོག་ཉིད་དུ་ཐོབ་པར་གྱུར་ཅིག །ཧཱུྃ་བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ། །འཇིག་རྟེན་སྲུང་མ་ཕོ་མོ་དམ་ལ་འདུས། །ཕྱི་ནང་གསང་བའི་ཛ྄བ་བསྙེན་མཆོད་པ་འབུལ། །གཞལ་ཡས་ཁང་ཆེན་འདི་ལ་བྱིན་ཕོབ་

ལ། །བསྒྲུབ་རྫས་གཉན་པོ་འདི་ལ་བཅུད་ཅིག་སྩོལ། །སྣང་གསལ་མར་མེ་འདི་ལ་མདངས་ཅིག་ཕྱུངས། །བཀྲམས་པའི་དཀྱིལ་འཁོར་འདི་ལ་བཀྲགས་མདངས་སྐྱེད། །སྒྲུབ་མཆོག་མོས་པའི་བུ་ལ་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་ད་སྩོལ་ཅིག །བགེགས་དང་ལོག་འདྲེན་འབྱུང་པོ་རྡུལ་དུ་རློགས། །ཕྱི་ནང་རྐྱེན་ངན་བར་ཆད་ཞི་བ་དང་། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱིས། །ཅི་བསམ་དོན་འབྲས་ཆོས་བཞིན་འགྲུབ་པ་དང་། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །ཉམས་ཆགས་འགལ་འཁྲུལ་ཅི་མཆིས་མཐོལ་ལོ་བཤགས། །ལུས་ངག་ཡིད་ལ་ནོངས་པར་མ་གྱུར་ཅིག །ཅེས་དང་། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །བླ་མ་རིག་འཛིན་བདེ་གཤེགས་ཞི་བའི་ལྷ། །ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཡི་དམ་ཞི་ཁྲོ་ཁྲག་འཐུང་འབར་བའི་ལྷ། །ཡབ་ཡུམ་སྲས་དང་བཀའ་སྡོད་སྤྲུལ་འཁོར་བཅས། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་བདག་ལ་སྩོལ། །གནས་སྐབས་མཐུན་རྐྱེན་དངོས་གྲུབ་ཆར་ལྟར་ཕོབ། །ༀ་བྷོ་དྷི་༴ ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ། །ཞེས་དང་། ཉེར་བསྡུ་ནི། གཟུགས་སྣང་ཐམས་ཅད་ཞི་ཁྲོའི་༴ སྐད་ཅིག་སྟོང་གསལ་༴ བདག་གི་དུས་གསུམ་དགེ་༴ ཅེས་བརྗོད་ཅིང་ཐུན་དང་ངག་འགྲོལ་ལོ། །སྔ་ཐུན་ཆོ་ག་རྒྱས་པའི་ལུགས་དང་། གུང་ཚིག །ཚྭ་ཚ། ཕྱག །མཎྜལ་ལ་སོགས་པ་ཐུན་མཚམས་འདིར་བྱ། གུང་ཡོལ་ཙམ་ནས། མཆོད་པ་ཁ་གསོ་ལ། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ཞེས་ཚིག་བདུན། ཨེ་མ་ཧོ། སྤྲོས་བྲལ་ཆོས་ཀྱི་སོགས་སྐུ་གསུམ་གསོལ་འདེབས། ༀ་ཨཱཿཧཱུྃ་རྣམ་དག་ཆོས་དབྱིངས་སོགས་གསོལ་འདེབས་ཆུང་བ་གཏོང་། དེ་ནས་ལས་བྱང་ཚོགས་ཆུང་བ་བཤགས་པ་ཡན་ཆད་སྔ་

མ་ལྟར་བྱ་ལ། ཛ྄བ་བསྐུལ་དང་། བྱིན་རླབས་བསྡུ་བའི་དམིགས་སྐོར་དང་པོ་དང་། ཟླ་བ་སྐར་མའི་ཛ྄བ་དགོངས་ཁོ་ན་ལ་དྲིལ་ཞིང་། སྤྱི་དྲིལ་རྩེ་གཅིག་ཏུ་བཟླ་བའི་ཐུན་དངོས་གཞི་ལ་སྤྱི་དྲིལ་རྩེ་གཅིག་ཏུ་བཟླ་ཞིང་ཛ྄བ་དགོངས་དམིགས་པའི་ཁ་བསྒྱུར་ཉིན་རེ་ལ་སྔ་ཐུན་མ་གཏོག་མི་དགོས། ཐུན་སྨད་དུ་ཁྲོ་བོ་ལ་དམིགས་པའི་སྤྲོ་བསྡུ་དང་། ཞི་ཁྲོའི་སྔགས་སྦྲེལ་ནས་བཟླ་བ། སྟོང་ཚིག་གིས་མཆོད་བསྟོད་དང་། ཐུན་མཐར་ཛ྄བ་རིང་དབྱངས་གསལ། རྟེན་སྙིང་སོགས་ཐུན་ཐམས་ཅད་ལ་ཁྱད་པར་མེད་པའི་ཐོ་སྲོད་དགོང་གསུམ་ལ་དེ་ལྟར་ཤེས་དགོས་སོ། །ཕྱི་ཐུན་མཐར་གཏོར་བསྔོ་དང་། དགོས་སྲུང་སྡེ་བདུན། གསུར་བསྔོ་གཏོང་། མུན་རུབ་ནས་སྲོད་ཐུན་ཡང་སྔར་གྱི་དགོང་ཐུན་དང་ཁྱད་མེད་དོ། །འདིའི་མཐར་ཚོགས་བསྐང་ཡང་རྒྱུན་དུ་མ་འཛོམས་རུང་ཉ་སྟོང་བརྒྱད་གསུམ་ལ་མེད་མི་རུང་། མཐར་སྡེ་བདུན་བསྐང་བ། ཆད་ཐོ། བརྟན་མ་བྲོ་བཀྲ་ཤིས་སོགས་དཀྱུས་ལྟར་བྱ། མཐར་གཅོད་ཐུན་དང་། ཉལ་བའི་རྣལ་འབྱོར་རོ། །ནང་པར་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལྡང་སྟེ། བསམ་གཏན་གྱི་མལ་དུ་ལུས་གནད་དྲང་པོར་འདུག་པས། ཡིད་འཁོར་བའི་ཆོས་ལ་གདུང་བའི་སྐྱོ་ཤས་དྲག་པོ་དང་བཅས་ནས། ནམ་མཁར་དཔའ་བོ་མཁའ་འགྲོ་གྲངས་མེད་པའི་ཊཱ་དྲིལ་གྱི་སྒྲས་གཉིད་ལས་བསླང་བར་བསམ་ཞིང་། ཀྱེ་མ་ཀྱེ་ཧུད་སྐལ་ལྡན་རིགས་ཀྱི་བུ། ཞེས་པ་ནས། བླ་མས་རྣལ་འབྱོར་གྱི་མཐར་ཐུག་པའི་བར་ལེགས་པར་གཏོང་ངོ་། །གཞན་ཡང་ཚིག་བདུན། སྐུ་གསུམ། རང་གཞུང་གི་གསོལ་འདེབས་ཆེ་ཆུང་དང་། ལས་བྱང་ཆུང་བ་སོགས་ཁར་སེང་གི་དགོང་ཐུན་ལྟར་རོ། །ཐུན་མཐར་ཆོས་སྤྱོད་ཆགས་མེད་ཆུ་གཏོར་ལ་སོགས་གཏོང་། སྔ་ཐུན་ནི་གསོལ་འདེབས་དང་

ལས་བྱང་ཆེ་བ་སོགས་རྒྱས་པའི་ལུགས་ཁར་སང་དང་ཁྱད་མེད་དོ། །དེ་ལྟར་ཐུན་བཞིའི་རིམ་པའི་རྣལ་འབྱོར་ལ་བརྩོན་པར་བྱ་ཞིང་། བདག་དོན་བྱིན་རླབས་བསྡུ་བ། གཞན་དོན་ཕྲིན་ལས་བཟླ་བ། བདག་གཞན་གཉིས་མེད་བཟླས་པ། ཛ྄བ་དགོངས་བཞི། ལུས་ལྷ། ངག་སྔགས། སེམས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསུམ། སྣང་བ་སྐུ། གྲགས་པ་གསུངས། དྲན་རྟོག་ཐུགས་དེ་འཁྱེར་སོ་གསུམ། རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་སྟེ་ལམ་འཁྱེར་གསུམ་དང་མ་བྲལ་བས་ཉམས་སུ་ལེན་ནུས་པའི་གང་ཟག་ལ། བཟླས་པའི་གྲངས་དང་། ལོ་ཟླའི་དུས་སོགས་ལ་ལྟོས་མི་དགོས་པར་མཚན་མ་མྱུར་དུ་འབྱུང་བར་བཤད་ལ། བློ་དམན་གྲངས་ལ་བློ་གཏོད་པ་དག་ནི། སྤྱིར་ཞི་ཁྲོ་ཐ་དད་དུ་བསྙེན་ན་གཙོ་འཁོར་གྱི་འགྲོས་བརྩི་མོད་ཀྱང་། འདིར་སྤྱི་དྲིལ་འབྲུ་འབུམ། ཞི་ཁྲོ་སྦྲེལ་མ་འབུམ་ཕྲག་གཅིག་བཟླ་ཞིང་། འདིར་ཞི་སྔགས་འབྲུ་བཅུ་དྲུག་ལ་འབུམ་ཐེར་བཅུ་དྲུག །[འབྲུ་]འབུམ་རྗེས་སུ་ཁྲི་བཅུ་དྲུག །ཞི་ཁྲོ་སྦྲེལ་བའི་ཁ་བསྐང་ཁྲི་དང་བཅས་པ་ནི། གྲངས་བསྙེན་འབྲིང་པོ་ཙམ་དུ་འདོད་དགོས་ལ། གང་ལྟར་རྒྱས་འབྲིང་ཐ་མའི་གྲངས་རྫོགས་རྗེས་ཉིན་ཐ་མའི་ཐོར་ཐུན་ནས་བཟུང་སང་གི་སྐྱ་རེངས་མ་ཤར་བར། མདུན་གྱི་བསྒྲུབ་གཏོར་དཀྱིལ་འཁོར་གྱི་ལྷར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོའི་ལྟེ་བར་ༀ་ཡིག་དཀར་པོ་ཟླ་ཞུན་དྭངས་མའི་མདོག་ལྟ་བུ། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཿདམར་པོ་མར་མེ་ལྟར་དྭངས་པ། སྙིང་གར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོ་མཐིང་ཤུན་ལྟ་བུ་རྣམས་གསལ་བཏབ་ལ། རང་ཉིད་ཀྱང་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་མདུན་བསྐྱེད་ཀྱི་ལྷ་ཡི་ཐུགས་ཀར་ཕོག །དེ་ཡི་ཐུགས་རྒྱུད་བསྐུལ། གནས་གསུམ་

གྱི་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་ལས་འོད་ཟེར་ཡང་དཀར་དམར་མཐིང་གསུམ་བར་མ་ཆད་པ་བྱུང་སྟེ། རང་གི་གནས་གསུམ་དུ་ཐིམ་པས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པར་བསམ་ལ། ཧཱུྃ་བདེ་གཤེགས་རྒྱལ་བ་༴ སྩལ་དུ་གསོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཀྐི་ནི་ཀཱ་ཡ་ཝཱཀྐ་ཙིཏྟ་ས་མ་ཡ་སིདྡྷི་ཨ་ལ་ལ་ཧོ། ༀ་ཨཱཿཧཱུྃ་བྷོ་དྷི༴ ཧཱུྃ་བྷྱོ་ཧཱུྃ་ས་མ་ཡ་སིདྡྷི༔ ཞེས་སྔགས་ཕྱི་མ་ལ་གྲངས་སུ་བཅད་པ་བཟླ་ཞིང་། སྐབས་སྐབས་ཛ྄བ་བསྐུལ་རེ་ཡང་གཏོང་ཤིང་ནང་པར་ཐོ་རེངས་ཁར་བསྒྲུབ་གཏོར་གནས་གསུམ་དུ་གཏུགས་ནས་དངོས་གྲུབ་ལེན་པ་སོགས་བྱའོ། །ནང་པར་མཆོད་པ་དང་གཏོར་མ་གསར་དུ་བཤམས་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་རྣམས་དགྱེས་པ་སྐོང་བའི་ཚོགས་བསྐང་བཤགས་རྒྱས་པར་གཏོང་། དེ་ཡི་ནང་བར་ལས་མི་འགྱང་བར་ཁ་སྐོང་བཅུ་ཆའི་སྦྱིན་སྲེག་ཀྱང་སྨིན་རྒྱས་སུ་ལེགས་པར་འགྲུབ་པར་བྱའོ། །རྗེས་སུ་ཐོ་ལ་གཏང་རག་གི་མཆོད་གཏོར་སྔར་བཞིན་འབུལ་ཞིང་སླར་གཤེགས་ནས་གྲོལ་ལོ། །དཀྱིལ་འཁོར་བསྡུ་བ་སོགས་ལས་ཀྱི་རྗེས་མི་མངོན་པར་བྱ་ཞིང་ཐོག་མར་དམ་ཚིག་གཅིག་པའི་མི་རེ་གཉིས་དང་འཕྲད་ཅིང་། སླད་ནས་རིམ་གྱིས་བག་བསང་ནས་མཚམས་གྲོལ་བར་བྱའོ། །སྨྲས་པ། ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པའི་ཆོས། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། །བསྙེན་ཡིག་རིག་པའི་སྒོ་འབྱེད་འདི་སྦྱར་བས། །བསོད་ནམས་བླ་མེད་བྱང་ཆུབ་རྒྱུ་རུ་བསྔོ། །ལམ་གྱི་མཐར་ཐུག་རང་བཞིན་རྫོགས་པ་ཆེ། །མྱུར་བདེའི་ཐབས་ཀྱིས་འབྲེལ་ཚད་ཐར་གླིང་དུ། །འདྲེན་པའི་སློབ་དཔོན་རིགས་བརྒྱའི་ཁྱབ་བདག་རྗེ། །ཨ་ཏིའི་བསྟན་པའི་རྒྱལ་མཚན་གཡོ་མེད་ཤོག །བསླུ་མེད་

དཀོན་མཆོག་གསུམ་དང་རྩ་བ་གསུམ། །དམ་ཅན་བཀའ་སྡོད་བསྲུང་མའི་མཐུ་ནུས་པ། །དྲང་སྲོང་རིག་འཛིན་གྲུབ་པའི་ངག་བདེན་པས། །ལྷག་བསམ་སྨོན་པའི་གཏམ་འདི་བསྒྲུབ་ཤིག་ཀྱེ། །དེ་ལྟར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་འདི་ལ་(སྔར་)མེད་ཀྱི་བསྙེན་ཡིག་ཞིག་གྱིས་ཞེས་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་མངོན་དུ་གྱུར་ནའང་། བསྙེན་བསྒྲུབ་སོགས་རྡོ་རྗེ་ཐེག་པའི་ལམ་ལྟ་བ་ཁ་ཁྱེར་ཐོན་པས་ཁྱད་དུ་མི་གསོད་པར་གཅེས་སྤྲས་ཞིབ་ཏིག་མཛད་པ། གསུམ་ལྡན་རྡོ་རྗེ་འཛིན་པ་རྡོ་བླ་མ་བསོད་ནམས་བསྟན་འཛིན་གྱིས་བཀའ་ནན་ལན་དུ་མར་ཕེབས་པ་ལྡོག་མ་ནུས་ནས་ལམ་འདི་རང་གཞུང་གི་བསྙེན་ཡིག་དཔང་པོར་འཇོག་རྒྱུ་ཞིག་མ་རྙེད་ནའང་། རྗེ་གཏེར་བདག་གླིང་པའི་ཟབ་ལམ་བདེ་གཤེགས་ཀུན་འདུས་སུ་བཤད་པའི་བསྙེན་ཡིག །རྗེ་ལོ་ཆེན་དྷརྨ་ཤྲཱྀའི་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྙེན་ཡིག་སོགས། བླ་མ་དགོངས་འདུས་ཀྱི་ཛ྄བ་དགོངས་ཚངས་པའི་ང་རོ་རྣམས་ཀྱིས་ཟབ་གནད་རྣམས་བསྡུས་ཏེ་བསྒྲིགས་པ་རིག་པའི་སྒོ་འབྱེད་ཅེས་བྱ་བ་རྒན་པོ་བཀྲ་ཤིས་རྒྱ་མཚོས་རང་ལོ་དོན་དྲུག་པར་བྲིས་པ་ཛ་ཡནྟུ། གཞན་གཤིན་པོ་རྗེས་འཛིན་ལྟ་བུའི་བདག་བུམ་བཟླས་པའི་གོ་དོན་ཁ་བསྒྱུར་དང་བཅས་པ་དམིགས་སུ་བྲིས་ན་ལེགས་སྙམ་པ་ཤར་རོ། །

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་དྲི་བཟང་ངད་ལྡན་ཀུན་ཏུ་བཟང་པོའི་ཞལ་ངོམ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་དྲི་བཟང་ངད་ལྡན་ཀུན་ཏུ་བཟང་པོའི་ཞལ་ངོམ་བཞུགས།

གདོད་ནས་མངོན་པར་བྱང་ཆུབ་པ། །སྐྱེ་འགགས་གནས་གསུམ་ལས་འདས་ཤིང་། །ནང་གསལ་གཞོན་ནུ་བུམ་པའི་སྐུ། །ཀུན་བཟང་གདོད་མའི་མགོན་པོར་འདུད། །བརྟན་གཡོ་སྣང་སྲིད་ཆོས་ཁམས་མ་ལུས་པར། །གཟུང་འཛིན་གཉིས་མེད་ཕྱག་རྒྱས་ལེགས་ཐེབས་པ། །ཆོས་ཉིད་འགྱུར་བ་མེད་པའི་བདག་ཉིད་ཅན། །གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔར་འདུད། །གང་གི་རང་བཞིན་སྤྲོས་ཀུན་བྲལ་ཡང་ལྷུན་གྲུབ་གདངས་ལས་སྙིང་རྗེའི་རྩལ། །རོལ་པ་འགགས་མེད་སྒྱུ་མའི་ཆོ་འཕྲུལ་ཇི་བཞིན་གདུལ་བྱའི་ངོར་སྣང་བཞིན། །མི་དགེས་བསྐྲུན་པའི་དམྱལ་སོགས་རིགས་དྲུག་འགྲོ་བའི་སྡུག་བསྔལ་གཞོམ་མཛད་པ། །གང་ལ་གང་འདུལ་ཞི་ཆགས་ཁྲོ་བོའི་སྐུར་སྟོན་དམ་པ་རིགས་བརྒྱར་འདུད། །མཁྱེན་པའི་ཡེ་ཤེས་མཁའ་ལྟར་རྒྱ་ཆེ་ཞིང་། །བྱམས་བརྩེའི་རོལ་རྩལ་འོད་བརྒྱ་འབར་བའི་དལ། །མཐུ་སྟོབས་ནུས་པའི་ཚ་ཟེར་འབུམ་འཕྲོ་བ། །ཨོ་རྒྱན་འཇིགས་མེད་གླིང་པས་དགེ་ལེགས་སྩོལ། །དུས་གསུམ་ཀུན་མཁྱེན་པདྨ་སཾ་བྷ་ཝས། །ཟབ་གཏེར་བདག་པོར་མངའ་གསོལ་དབང་བསྐུར་ཞིང་། །སྨོན་ལམ་གཏད་རྒྱ་དུས་ལ་བབ་པའི་ཚེ། །ཟབ་གཏེར་སྒོ་འབྱེད་ཀརྨ་གླིང་པ་རྒྱལ། །གྲངས་མེད་གསུམ་གྱི་དམ་བཅའ་ཕྱིར་བསྙིལ་ཏེ། །ཚེ་གཅིག་སངས་རྒྱས་འགྲུབ་ངེས་རྡོ་རྗེའི་ཐེག །དེ་ལས་ཁྱད་འཕགས་མཐོང་ཐོས་

དྲན་རེག་ཀུན། །གྲོལ་ངེས་དགོངས་པ་རང་གྲོལ་རྨད་དུ་བྱུང་། །དེ་ལྟའི་གདམས་པའི་སྨིན་གྲོལ་བདུད་རྩིའི་རྒྱུན། །སེལ་མེད་དད་པའི་ཡུར་བས་ལེགས་དྲངས་ནས། །སྐལ་བཟང་གདུལ་བྱའི་ཞིང་སར་བརླན་མཛད་པའི། །རྩ་རྒྱུད་བླ་མའི་ཚོགས་ཀྱི་བཀའ་དྲིན་དྲན། །འདི་ལྟའི་གཞུང་བཟང་ཆུ་སྐྱེས་ཚལ། །དད་གསུམ་འོད་བརྒྱས་ལེགས་ཕྱེས་ནས། །བསྙེན་ཡིག་དྲི་བཟང་ངད་སྤྲོས་ན། །དོན་གཉེར་རྐང་དྲུག་ཚོགས་དགྱེས་མཛོད། །དེ་ཡང་འདིར་ཨོ་རྒྱན་སངས་རྒྱས་གཉིས་པའི་དངོས་སློབ་སྤྲུལ་པའི་ལོ་ཙ་བ་ཆེན་པོ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྤྲུལ་པའི་ཟློས་གར་གླིང་པ་ལྔ་ལས་ཀརྨ་གླིང་པ་དེ་ཉིད་ཀྱིས་དྭགས་ལྷ་དཔལ་གྱི་སྒམ་པོ་བྲག་རི་ལྷ་བུའི་གར་བྱེད་པ་འདྲ་བའི་མགུལ་ནས་གདན་དྲངས་ཤིང་ཡབ་ཉི་ཟླ་སངས་རྒྱས་ལ་གནང་ཆེད་གཏེར་སྟོན་ཉིད་གཞན་དོན་དུ་གཤེགས་སྔ་བ་དང་། ཡབ་དགུང་གྲངས་བརྒྱ་དང་ཉི་ཤུར་བཞུགས་པ་སོགས་ཀྱིས་ཞི་ཁྲོའི་ཆོས་སྐོར་འདི་ཉིད་ཡབ་ཀྱིས་སྤེལ་བའི་རྟེན་འབྲེལ་འགྲིགས་པ་དང་། དེ་ལ་ཡང་ཡབ་བརྒྱུད་དང་སློབ་བརྒྱུད་གཉིས་སུ་དབྱེ་བ་ལ། ཡབ་བརྒྱུད་ནི་ཡབ་ཉིད་གཏེར་སློབ་དུ་གྱུར་ཚེ་མཚན་བསྒྱུར་ནས་ཉི་ཟླ་ཆོས་རྗེ་ཞེས་གསོལ་ཞིང་དེ་ནས་བརྒྱུད་པ་དང་། ཡབ་སྲས་གཉིས་ཀ་ནས་གཏེར་སློབ་ཉི་ཟླ་འོད་ཟེར་ལ་བརྒྱུད་པ་ལ་སློབ་བརྒྱུད་དེ། དེ་ལའང་དབུས་བརྒྱུད་དང་གཙང་བརྒྱུད་ཁམས་བརྒྱུད་གསུམ་དུ་གྲགས་པའང་ཁོ་བོས་ཐོབ་པ་ལགས་ཤིང་། དེའང་སྨིན་གྲོལ་གྱི་གདམས་པ་ཐོབ་ཡུལ་ནི། ཞེ་ཆེན་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་གྱི་ཟློས་གར་འགྱུར་མེད་ཀུན་བཟང་རྣམ་རྒྱལ་ཞབས་དང་། གཙང་པ་སྒྲུབ་ཆེན་པདྨ་བཤེས་གཉེན། དཔོན་སློབ་ཡང་སྲིད་པདྨ་གསང་སྔགས་བསྟན་འཛིན་

འགྱུར་མེད་བཀྲ་ཤིས་རྒྱ་མཚོ་སྟེ་རྣམ་འདྲེན་དམ་པ་ཟུང་གཉིས་ནས་ལེགས་པར་ནོད་ཅིང་། དེ་ཡང་བྱིན་རླབས་ཀྱི་སྤྲིན་དཔུང་དམ་སེལ་གྱི་རླུང་གིས་མ་གཏོར་ཞིང་། དངོས་གྲུབ་གྱི་སྦྲང་ཆར་དུས་ལས་མི་ཡོལ་བར་ལས་སྐལ་ལྡན་པ་དག་གི་ཞིང་སར་ཕབ་པས་སྐུ་གསུམ་གྱི་འབྲས་བུ་སྨིན་པར་གདོན་མི་ཟ་བས་ཐེ་ཚོམ་མེད་པ་ནི་གལ་ཤིན་ཏུ་ཆེའོ། །དེ་ལྟ་བུའི་ལོ་རྒྱུས་ཅུང་ཟད་སྔོན་དུ་བཏང་ནས་ད་ནི་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་བསྒྲུབ་ལ་འཇུག་པའི་ཚུལ་ནི། ཐོག་མར་ཆོས་སྤྱི་དང་བྱེ་བྲག་ལ་ཐོས་བསམ་དང་། ཁྱད་པར་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུ་གསུམ་ལས་སྨིན་བྱེད་དང་གྲོལ་བྱེད་སྔོན་དུ་སོང་བཞིན་བསྐྱེད་རྫོགས་ལ་གོམས་འདྲེས་ཡོད་པ་ཞིག་གལ་ཆེ་སྟེ། རིག་པ་རང་ཤར་ལས། གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་པ་ཐམས་ཅད་བྱེད། །ཅེས་དང་། སྒྱུ་འཕྲུལ་ལས། ཐོས་བསམ་བསྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུངས། །ཞེས་གསུངས་པ་ལྟར་ཉམས་འོག་ཏུ་ཚུད་པ་དག་བསྐྱེད་རྫོགས་བཟླས་བསྒོམ་ལ་བརྩོན་ན་འབྲས་བུ་འབྱིན་སླ་བ་ཡིན་ནོ། །དེ་ལའང་སྦྱོར་བ་སྔོན་འགྲོའི་རིམ་པ་དང་། དངོས་གཞིའི་ཆོ་གའི་རིམ་པ་དང་། རྗེས་ཀྱི་བྱ་བ་གསུམ་མོ། །དང་པོ་ལའང་བྱེ་བྲག་བསྙེན་བསྒྲུབ་ཀྱི་སྔོན་དུ་ས་བརྟགས་བསླང་སྦྱངས་བཟུང་སོགས་སྤྱི་ལྟར་ལས་མི་དགོས་ཤིང་། གང་དུ་བྱ་བའི་གནས་དེར་བྱི་དོར་སོགས་ལེགས་པར་བྱས་ནས་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ་དང་། ཁྱད་པར་ཞི་ཁྲོའི་སྐུ་རྟེན་སོགས་ཡོད་ན་བཤམས་ཤིང་མེད་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །དཀྱིལ་འཁོར་ཡང་རྒྱས་བསྡུས་འཚམས་ཤིང་ལག་ཏུ་ལེན་བདེ་བའི་ཐབས་ལ་རས་བྲིས་ཀྱི་དལ་ཡོད་ན་བཀྲམས་ཤིང་མེད་ཚེ་ཚོམ་བུ་ལ་

བརྟེན་པས་ཀྱང་མི་རུང་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ན་སྔགས་གསར་རྙིང་གཉིས་ཀ་ན་རབ་རྡུལ་ཚོན་འབྲིང་རས་བྲིས་ཐ་མ་ཚོམ་བུ་བླ་མའི་ལུས་དཀྱིལ་སྤྲུལ་པའི་དཀྱིལ་འཁོར་སྟེ་གྲངས་ངེས་པ་དང་། མ་ངེས་པར་ཡང་གསུངས་པས་མཐའ་གཅིག་ཏུ་མི་བཟུང་ངོ་། །དེ་དག་གང་ཡང་རུང་སྟེ་དངོས་པོ་དང་མཚན་མར་འཛིན་པའི་ཞེན་པ་སྟོང་པར་སྦྱངས་ནས་སླར་རྟེན་གཞལ་ཡས་ཁང་དང་བརྟེན་པའི་ལྷ་ཚོགས་བསྐྱེད་དགོས་པའོ། །ཇི་ལྟར་ཡང་དལ་གྱི་སྟེང་དུ་བུམ་པ་ལྔའམ་གཅིག་ཉེར་ལྔའམ་སོ་ལྔའི་བཅུད་ལྡན། རྨ་བྱའི་མདངས། མེ་ལོང་། ཚོགས་དྲུག་གི་རྫས་ཀྱང་སྤྲོ་ན་བཤམས། གོང་དུ་རྩ་བ་གསུམ་དང་ཆོས་སྐྱོང་སྡེ་བདུན་གྱི་གཏོར་མ་གཞུང་ལྟར་དང་། དེ་ཡང་བླ་མའི་གཏོར་མ་རིན་ཆེན་འབར་བ་སྟེ་གཏོར་དབང་རེག་པ་དོན་ལྡན་ལྟར། ཡི་དམ་ལ་གདན་གྲུ་བཞི་བཞི་བརྩེགས་ཀྱི་ཁར་ཟླུམ་པོ་པདྨ་འདབ་བཞིའི་བསྐོར་བ་ཞིག་ལ་ཟླུམ་བཤོས་ཞེ་གཉིས་ཀྱིས་བསྐོར་བ་དང་། ཁྲོ་བོ་ལའང་སྣོད་གཞན་གཅིག་ཏུ་གདན་གོང་མཚུངས་ཀྱི་ཁར་དཔལ་གཏོར་ལྔ་ནི་ཁྲག་འཐུང་རིགས་ལྔ་ཡབ་ཡུམ། དེའི་ཕྱི་གྲུ་གསུམ་ཉི་ཤུ་ནི་ཀཽ་རི་བརྒྱད་དང་། སེང་ཧ་བརྒྱད་སྒོ་མ་བཞིའོ། །དེའི་ཕྱི་རོལ་མདུན་དུ་ཟླུམ་པོ། གཡས་སུ་གྲུ་བཞི། རྒྱབ་ཏུ་ཟླ་གམ། གཡོན་དུ་གྲུ་གསུམ་བདུན་རེས་བསྐོར་བ་དབང་ཕྱུག་ཉེར་བརྒྱད། ཞི་ཁྲོ་གཉིས་ཀའི་གཏོར་མའི་མཐར་མཐེབ་ཀྱུ་གྲངས་ངེས་མེད་པས་བསྐོར་ཞིང་དཀར་རྒྱན་དང་། ཤ་མར་ཟས་སྣ་སོགས་ཀྱིས་ཀྱང་གཏམས་ལ་བཞག །གཞན་ཡང་རང་གི་རྒྱུན་གསོལ་གྱི་གཏོར་མ་ཡང་རྒྱས་བསྡུས་འོས་བབས་དང་བསྟུན་ཏེ་བཤམས། རྒྱས་པར་སྤྲོ་ན་བསྐང་གཏོར་སོགས་བཤམས་པར་གསུངས་ཀྱང་བསྙེན་བསྒྲུབ་ལ་དེ་ཙམ་མོ། །དེ་དག་གི་གཡས་གཡོན་དུ་སྨན་རཀ་སོ་སོའི་རྒྱུ་རྩི་བཏབ་པ་དང་། དལ་

གྱི་མདུན་ནས་ཕྱི་ནང་གི་མཆོད་པ་ཉིས་རིམ་མམ། ཕྱི་མཆོད་སྣ་བདུན་ཕྲེང་ཚར་དུ་བཤམས། གཞན་ཡང་མཁོ་བའི་ཡོ་བྱད་རྒྱན་བཀོད་ལྟར་རམ་མིན་ཀྱང་ཡུངས་ཐུན་དང་འདྲེ་འཇིགས། རྡོལ་དྲིལ་སྤོས་སྣ་སོགས་ཡོད་བཞིན་དུ་མི་བཤམས་པ་དང་། མེད་ལ་ཕུག་བཅོལ་ནས་མཚམས་བསྒྲུབ་གཤོལ་བ་སོགས་གཉིས་སུ་མ་ལྷུང་བ་གཅེས་སོ། །རང་ཉིད་ཀྱང་དཀྱིལ་འཁོར་ལ་ཞལ་ཕྱོགས་པར་གདན་ནང་ཚང་ཅན་ནམ་གང་ཡང་རུང་བ་བཏིང་བའི་འོག་ཏུ་འབྲས་སམ་ས་དཀར་གྱིས་གཡུང་དྲུང་བྲིས་ན་ལེགས་པ་ལས་རྒྱ་གྲམ་བྲིས་ན་ཕྱག་མཚན་འགོང་བའི་ཉེས་པ་འགོ་ཕྱིར་མི་རུང་བར་བཤད་དོ། །ཕྱི་སྒོའི་ལོག་ཅི་བདེར་རྒྱལ་ཆེན་ཐོ་འཛུག་གི་ཆེད་དུ་ཐོ་དཀར་པོ་བརྩིགས་ནས་མི་འགྱེལ་ཐབས་ཀྱང་གནད་ཅིག་ཡིན་ཞིང་། ཐོ་བྱང་ལ་རྒྱལ་ཆེན་བཞིའི་སྔགས་འདོད་གསོལ་བཅས་བྲིས་པའང་སྟ་གོན་བྱ་བ་སོགས་མདོར་ན་མཚམས་ལ་མ་ཞུགས་གོང་ནས་རྟོག་འཇུག་ཞིབ་མོས་ཕྱིར་འདོན་ནང་སྐྱེལ་གྱི་ཀ་ཅ་ནོར་རྫས་སོགས་འབྱིན་འཇུག་དང་། དེ་དག་གི་སྔོན་དུ་ཚོགས་བསག་གི་རིམ་པ་སྤྱི་དང་། ཁྱད་པར་སྲོག་བླུ་ཉེའུ་འདོན་ཆུ་གཏོར། འཁོར་འདས་མཆོད་པ་གང་ནུས་སོགས་ཡར་མཆོད་མར་སྦྱིན་བཅས་རང་འབྱོར་དང་བསྟུན་ཏེ་ནན་ཏན་བྱ་བ་ལ་གལ་ཤིན་ཏུ་ཆེའོ། །དེ་དག་ནི་སྦྱོར་བ་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ལའང་གཉིས་ཏེ་དང་པོ་མཚམས་ལ་སྡོད་ཉིན་གྱི་སྔ་དྲོ་ནས་རིག་འཛིན་འདུས་པ་སོགས་ཞི་དྲག་གང་རུང་གི་ཆོ་ག་འཚམས་པ་ཞིག་བཏང་ནས་ཛ྄བ་བཟླས་བསྟོད་པ་བཅས་རྫོགས་ནས་སྤྲོ་ན་ཚོགས་མཆོད་ཀྱང་བཏང་ཞིང་། ཕྱི་སྒོའི་ཐོ་རྩར་ཕྱིན་ལ་རྒྱལ་ཆེན་ཐོ་འཛུག་རྒྱས་བསྡུས་ཅི་རིགས་ཀྱིས་ཐོ་བྱང་མི་འགུལ་བར་བསྡམས། སྡེ་བརྒྱད་མཆོད་པ་ཡང་ནན་ཏུ་བཏང་ལ་ཕྱི་ནང་འགྲུལ་

བགྲོད་རྒྱུན་གཅོད། ནང་དུ་ལོག་ནས་ཆོ་གའི་མཇུག་བསྡུས་ནས་རེ་ཞིག་དལ་བར་བསྡད་ཅིང་། དགུང་མོའི་ཐུན་ལ་བབ་ཚེ་མཚམས་བསྒྲུབ་ལ་འཇུག་པར་བྱའོ། །གཉིས་པ་ནི་སྤྲོས་པ་བསྐྱུངས་ན། སྔ་དྲོ་ཞི་བའི་ཆོ་ག་བཞག་ཅིང་སྐབས་འདིར་ཞི་ཁྲོའི་ཆོ་ག་ལ་འཇུག་པའི་སྔོན་དུ་ཐར་ལམ་དཀར་པོའམ། འདི་ཉིད་ཀྱི་རང་གཞུང་གི་སྔོན་འགྲོའམ། ཀློང་སྙིང་གི་སྔོན་འགྲོ་གང་རང་ཞིག་དང་འདི་ཉིད་ཀྱི་བརྒྱུད་འདེབས་ཡང་སྔོན་དུ་བཏང་ནས། སྡེ་བརྒྱད་མཆོད་པ་ཚར་ཁ་ཤས་ལྡབ་ཅིང་མཐར་ཕྲིན་བཅོལ་ཡང་ནན་ཏན་བྱ། བགེགས་གཏོར་ཡང་འདི་ཉིད་ལ་འོས་པའི་མཚམས་ལྷ། རང་ཉིད་སྐད་ཅིག་གིས་ཐ་མལ་གྱི་ལུས་སེམས་གནས་འགྱུར་གྱི་ཚུལ་དུ་བཅོམ་ལྡན་འདས་དཔལ་ཆེན་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་ལྔ་པ་མེ་རབ་ཏུ་འབར་བ་དང་། གཡོན་བསྡིགས་མཛུབ་ལས་ཀྱང་མེ་རི་དང་མེ་དཔུང་འབར་བ་ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད་ཅིང་འབར་བའི་གར་དགུ་དང་དཔལ་གྱི་ཆས་བརྒྱད་ཀྱིས་འཇིགས་པར་སྤྲས་ཤིང་ཚམ་རྔམས་གཟི་བརྗིད་སོགས་བཟོད་པར་དཀའ་བའི་སྐུ་ལས་ཁྲོ་མཚོན་མེ་དཔུང་གི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་བསྐྲད་ཅིང་ཚར་བཅད་པའི་བདག་ཉིད་ཅན་དུ་གྱུར་ཞེས་བསམ། བགེགས་གཏོར་བྱིན་རླབས་དང་བསྔོ་ཚིག་གང་རུང་གིས་བསྔོས་མཐར། ལས་བྱང་རྩར་ཕྲེང་གི །ཧཱུྃ་ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ སོགས་ཀྱིས་བགེགས་བསྐྲད་ཅིང་མཚམས་བཅད་པ་ནས་བཟུང་ཛ྄བ་བཟླས་བར་དཀྱུས་ལྟར་བྱ་བ་ལས་མེད་མོད། འོན་ཀྱང་ལས་བྱང་ཆུང་བ་འདོན་པར་སྤྲོ་ནའང་དེ་ལྟར་བྱས་པས་ཆོག་པར་མངོན་ཞིང་། ཉི་མ་སྔ་ཕྱི་ལས་བྱང་གཉིས་རེས་

མོས་སམ། ཡང་ན་སྔ་ཆོག་ཀུན་ལ་རྒྱས་པ་ཚར་རེ་དང་། གཞན་མ་ཀུན་ལ་ཆུང་བ་གཅིག་པོས་ཆོག་ཅིང་། ཚིག་ཚོགས་ལས་བྱང་ཆེ་བ་རྒྱས་ཀྱང་ལས་བྱང་ཆུང་བ་འཇུག་པ་བདེ་ཕྱིར་ཐུན་ཐམས་ཅད་ལ་དེ་ཁོ་ནས་ཀྱང་ཆོག་པར་ངེས་སོ། །གང་ལྟར་ཡང་ཛ྄བ་ལ་བབས་ཚེ། བསྙེན་པ་དང་བསྒྲུབ་པ་དང་བསྒྲུབ་ཆེན་དང་ལས་སྦྱོར་བཞི་ལས་དང་པོ་ནི། སྤྱིར་ཆོ་གའི་བྱ་བ་ཐམས་ཅད་བསྙེན་པར་འདུ་ཞིང་། ཁྱད་པར་ཞི་ཁྲོའི་ཆོ་ག་གང་ཡིན་ཀྱང་འདྲ་སྟེ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་སྒྲུབ་དགོས་པ་ལ་བདག་མདུན་བུམ་གསུམ་དུ་འཛིན་པའི་ཕྱོགས་རིས་ལྟར་མ་ཡིན་ཏེ། བདག་གཞན་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་གཅིག་ཏུ་བསྒྲུབ་པ་ལ་སྣོད་ཀྱི་འཇིག་རྟེན་མ་ལུས་པ་རྟེན་ཞི་ཁྲོའི་དལ་དུ་བསྒོམས་པས་སྦྱང་གཞི་སྣོད་ཀྱི་བག་ཆགས་དག་པར་བྱེད་ལ། དེའི་ནང་དུ་བརྟེན་པའི་ལྷ་ནི་ཀུན་གཞི་སོགས་ཚོགས་བརྒྱད་ཀྱི་སེམས་རིགས་བརྒྱའི་ལྷ་ཚོགས་སུ་འཆར་བའི་དག་བྱ་ཕུང་ཁམས་སྐྱེ་མཆེད་ཀྱི་དྲི་མ་དག་བྱེད་ཞི་ཁྲོའི་ལྷ་ཚོགས་སྟེ་རྣམ་པ་ལམ་བྱེད་ཀུན་གཞི་རྣམ་དག་ཀུན་ཏུ་བཟང་པོའི་ཐུགས་ཀར་ཀུན་གཞིའི་རྣམ་ཤེས་བདེ་སྟོང་གཉིས་སུ་མེད་པའི་རྩལ་སྣང་གི་རྟོག་ཚོགས། སེམས་དང་སེམས་བྱུང་གི་རྣམ་པར་ཤར་བ་མཐའ་དག་གཟུགས་ཕུང་རྣམ་པར་སྣང་མཛད་དུ་དག་པས་མཚོན་ཡུལ་དང་དབང་པོའི་འདུ་འཕྲོད་ཐམས་ཅད་ཀྱི་དག་བྱ་དག་འབྲས་ལས་རིགས་བརྒྱའི་ལྷ་སྐུར་གྲུབ་ཚུལ་མ་ཤེས་པའི་བསྐྱེད་རིམ་རང་རྒྱུད་པ་ནི་རི་མོའི་མར་མེ་དང་མཚུངས་སོ། །དེའི་ཕྱིར་ན་ལས་བྱང་ཚོར་གྲོལ་གྱི་བསྐྱེད་རིམ་སྐབས་སུ། བདག་ཉིད་ཐ་མལ་རང་སེམས་འདི༔ རྟོག་མེད་སྐད་ཅིག་དྲན་རྫོགས་སུ༔ ཀུན་ཏུ་བཟང་པོ་སྐུ་མདོག་

མཐིང་༔ ཞེས་པ་བྱ་བྱེད་དང་ཡིད་ཆོས་སུ་འཛིན་པ་རྣམ་པར་དག་པའི་གདངས་ཀྱི་ཀུན་ཏུ་བཟང་པོ་སྣང་སྟོང་མཚོན་པའི་ཡབ་ཡུམ་ལྟར་བསྟན་ནས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་འཆར་གཞིར་གྱུར་པ་སྟེ། དེ་ཡང་དབྱིངས་ལས་ཤར་བཞིན་ཀུན་གྱི་བདག་ཉིད་དུ་མཚོན་ཕྱིར་གཞལ་ཡས་ཁང་ཡོངས་ལ་སྒྲིབ་མེད་དུ་ཁྱབ་པའི་ཐུགས་ཀའི་ཁྱམས་ལ་རིགས་ལྔ་ཡབ་ཡུམ་དང་སེམས་དཔའ་སེམས་མ་བཅུ་དྲུག་རྣམས་བཞུགས་ཤིང་རྟེན་དང་བརྟེན་པ་ཐམས་ཅད་སྣོད་ལ་སྣོད་བཅུགས་པ་ལྟ་བུའི་སྒྲིབ་གཡོགས་ཅན་མ་ཡིན་པས་ཕྱི་གསལ་ནང་གསལ་ཞེས་བཤད་ལ། ཁྲག་འཐུང་གི་ལྷ་ཚོགས་ཀྱང་ཀླད་པ་དུང་ཁང་ཕུང་ཁམས་སྐྱེ་མཆེད་ལ་དག་པ་སྦྱར་བའི་ལུས་དཀྱིལ་དངོས་བསྟན་དུ་མི་བཟུང་སྟེ། འདི་ནི་འབྲས་དུས་ཀྱི་གདན་གསུམ་ཚང་བའི་ལྷ་གདོད་ནས་ཡོད་པའི་གསལ་འདེབས་ཙམ་མོ། །དེའང་ཞི་ཁྲོའི་དཀྱིལ་འཁོར་གཉིས་ལས་དང་པོ་ནི། གཙོ་བོ་ཀུན་ཏུ་བཟང་པོའི་ཐུགས་རིག་པ་རང་སྣང་གི་ངོ་བོ་ཉིད་རྣམ་སྣང་སྟེ། རྔམ་གློག་ལས། དབུས་སུ་རྣམ་པར་སྣང་མཛད་གཙོ། །ཞེས་གསུངས་པའི་ཕྱིར་རོ། །རྣམ་སྣང་གི་མདུན་ནས་བརྩམས་ཏེ་གཡས་བསྐོར་གྱིས། ཕྱོགས་བཞིར་ཡེ་ཤེས་བཞིའི་བདག་ཉིད་ཕུང་ཁམས་ཀྱི་རང་བཞིན་གདོད་ནས་དག་པའི་ངོ་བོ་རིགས་བཞིའི་གཤེགས་པ་གཤེགས་མ་ལ་འཁོར་རང་རང་གི་སེམས་དཔའ་དང་སེམས་མ་རྣམས་ཀྱིས་བསྐོར་ཞིང་། སྒོར་བཞིར་སྒོ་བ་ཡབ་ཡུམ། རང་གཞུང་དུ་གསལ་བའི་གནས་དྲུག་ཏུ་ཐུབ་པ་དྲུག་རྣམས་གསལ་ཞིང་། ཁྲག་འཐུང་གི་ལྷ་ཚོགས་ཀྱང་གོང་གསལ་བཞིན་ལུས་ཀྱི་ལྷའི་བཞུགས་ཚུལ་དང་དོན་མཐུན་པར་རང་བཞིན་སྤྲུལ་པའི་ཞིང་ཁམས་ལྔའམ་བཅུར་བཤད་པའི་སྟེང་ཕྱོགས་དུར་ཁྲོད་མེ་རི་འབར་བའི་ཞིང་གི་རྟེན་དང་བརྟེན་པར་བཅས་པའི་བཀོད་པ་དང་

དོན་མཐུན་གྱི་ཞི་བའི་སྐབས་སུ་དཀྱུས་བཞིན་དང་། ཁྲོ་བོའི་རྟེན་དང་བརྟེན་པར་བཅས་པའང་གོང་གི་མེ་རི་འབར་བའི་བཀོད་པ་དང་མཚུངས་པར་གསལ་གདབ་པ་ཙམ་ཡིན་ལ། དེ་ལྟར་བསྐྱེད་པ་ཡང་རིམ་པ་དང་པོའི་ལམ་རིམ་གྱིས་བགྲོད་པ་ལྟར་མ་ཡིན་ཞིིང་འདི་ནི་སྒྲུབ་པ་པོའི་སྒོ་གསུམ་སྐུ་གསུམ་རྒྱལ་བའི་ལྷ་ཚོགས་སུ་བསྒྱུར་བའི་ཐབས་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་ལུགས་ཡིན་པས་འདི་མན་གྱི་ལམ་རིམ་དག་དང་མཚུངས་པར་མི་བལྟའོ། །དེ་ཡང་ཛ྄བ་དངོས་ལ། དང་པོ་བསྙེན་པ་ནི། ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་བསྙེན་ཡིག་ལྟར་འགོད་པ་ལ། རྣམ་སྣང་གི་ཐུགས་ཉི་ཟླའི་དཀྱིལ་ན་ཀུན་ཏུ་བཟང་པོ་ཡབ་ཡུམ་མཐིང་ཀ་ཕྱག་གཉིས་མཉམ་བཞག་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པ་ཚོན་གང་འོད་ཀྱི་གོང་བུ་འབར་བར་འོད་འཕྲོས་སྣང་སྲིད་སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོའི་གཞལ་ཡས་ཁང་ཆེན་པོ་གཅིག་ཏུ་གྱུར་ཏེ་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཞིང་འོག་མིན་སྡུག་པོ་བཀོད་པའི་རང་བཞིན་དུ་གྱུར་པའི་ངང་ལ་མཉམ་པར་བཞག་གོ །དེ་ལྟར་སྒོམ་དགོས་པ་ཡང་། རྔམ་གློག་ལས། གཙོ་བོའི་ཐུགས་ཀར་གཞི་ཡི་ཀུན་ཏུ་བཟང་། །ཚོན་གང་འོད་ཀྱི་གོང་བུ་གསལ་བར་བསྒོམ། །ཞེས་གསུངས་པ་ལྟར་རོ། །བར་འདིར་ཛ྄བ་དབྱངས་ཁྲི་འབུམ་བཟླས། ཉམས་སྐྱོང་ཤེས་པ་འུར་ཆོད་བཏང་། ཞེས་གསུངས་པས། ཀུན་ཏུ་བཟང་པོའི་ཐུགས་ཀར་ཟླ་ཉིའི་གདན་ལ་ཏིང་འཛིན་སེམས་དཔའ་ཡི་གེ་ཨ་མཐིང་གའི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བ་ཞལ་ནང་དུ་བསྟན་པ། བཀོད་ཚུལ་གཡས་སུ་བཀོད་པ་ཡིག་འབྲུ་རྣམས་རང་མལ་དུ་མི་གཡོ་བར་སྡོད་བཞིན་འོད་ཟེར་སྣ་ལྔའི་ཟེར་ཐག་སྐར་མའི་ཕྲེང་བ་ལྟར་འཕྲོས་པས་བདེ་བར་གཤེགས་པ་ཡོངས་ཀྱི་ཐུགས་རྒྱུད་བསྐུལ།

སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་མ་ལུས་པ་སྦྱངས། སླར་ཡང་འོད་ཟེར་ཚུར་འདུས་ཞི་ཁྲོའི་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ། སེམས་ཅན་ཐམས་ཅད་ཞི་ཁྲོའི་གོ་འཕང་ལ་བཀོད། ཚུར་འདུས་འོད་ཟེར་དང་བདུད་རྩི་ཁ་དོག་ལྔ་ལྡན་གྱིས་རྩ་ཁམས་ཀྱི་ལྷ་ཚོགས་རྣམས་ཐུགས་བརྒྱུད་བདེ་བས་མཉེས། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་དམ་ཚིག་ཉམས་ཆགས་འགལ་འཁྲུལ་ཉེས་བྱས་སོགས་སྒྲིབ་པ་མ་ལུས་དག །མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྱུར། །ཞེས་བསམ་ལ། ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨ། ཞེས་ཞི་བ་སྤྱི་དྲིལ་ཅི་ནུས་བཟླ་ཞིང་། དུང་ཁང་ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་སྟེང་དུ་ཧཱུྃ་ཡིག་མཐིང་ནག་ལ་རུ་ལུའི་སྔགས་ཕྲེང་གིིས་གོང་བཞིན་བསྐོར་བ་ལས་ཀྱང་འོད་ཟེར་སྤྲོ་བསྡུ་བྱ་ཞིང་རུ་ལུ་ཅི་ནུས་བཟླའོ། །དེ་ལྟར་ཞི་ཁྲོ་གཉིས་ཀའི་སྔགས་ཕྲེང་འཁོར་ལུགས་བློ་ཡུལ་དུ་ངེས་པར་བྱས་ནས། གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་རྣམས་ལྷ་ཚོགས་གསལ་འདེབས་ཀྱི་ཚུལ་དུ་བཟླ་སྐབས་ཀྱི་དམིགས་པ་ནི། ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་སྟེང་དུ་ཨཿཡིག་མཐིང་ནག་དང་། ཁྲོ་བོ་རྣམས་ཀྱིས་ཐུགས་ཀར་ཉི་གདན་ལ་ཧཱུྃ་མཐིང་ལ་ཞི་ཁྲོ་སོ་སོའི་སྔགས་ཀྱིས་བསྐོར་བ་དང་། འཁོར་གྱི་ཚོགས་དང་བཅས་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ཕྱོགས་བཅུའི་ཞིང་རབ་འབྱམས་རྒྱ་མཚོར་འཕྲོས་པས་ནམ་མཁས་གར་ཁྱབ་ཆོས་སྐུ་དང་ལོངས་སྐུས་ཁྱབ་པ་དང་སེམས་ཅན་གྱིས་གར་ཁྱབ་སྤྲུལ་སྐུས་ཁྱབ་པའི་ཞི་ཆགས་ཁྲོ་བོའི་དཀྱིལ་འཁོར་གཙོ་འཁོར་དང་འདོད་དགུར་བསྒྱུར་བའི་མངོན་རྟོགས་ལྟར་སྣང་བ་ཀུན་ལ་སྔགས་ཕྲེང་གི་འོད་ཟེར་ལས་སྤྲུལ་པས་བླ་ན་མེད་པའི་མཆོད་པ་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་འཆད་པའི་རང་

བཞིན་དུ་སྤྲུལ་ནས་ཕུལ་བས་ཟག་མེད་ཀྱི་བདེ་སྟོང་གི་མཆོད་པས་མཉེས་ནས། སྐུའི་ཆ་རྣམས་ནས་ཞི་ཁྲོ་དམ་པ་རིགས་བརྒྱ་སྐུ་ཆེ་ཆུང་དཔག་གིས་མི་ལང་བ། གསུང་ལས་བཏགས་གྲོལ་གྱི་སྔགས་རྣམས་གསེར་བཙོ་མའི་མདང་ལྡན་གྱི་ཡིག་འབྲུ་ཁ་ཆར་བུ་ཡུག་འཚུབ་པ་ལྟ་བུ། ཐུགས་ལས་འོད་ཁ་དོག་སྣ་ལྔ་ལས་གྲུབ་པའི་མཆོད་རྟེན་དང་། རིང་བསྲེལ་བསམ་གྱིས་མི་ཁྱབ་པ་དང་། རྒྱལ་བ་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་ནུས་བཅུད་དུ་དྲིལ་བ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་གི་རྣམ་པ་འཇའ་ཚོན་ཐིག་ལེ་ཐིག་ཕྲན་དང་བཅས་པ་སྔགས་ཀྱི་རང་སྒྲས་བསྐྱོད་དེ་རྒྱ་མཚོ་ཆེན་པོར་ཁ་ཆར་འབབ་པ་བཞིན་དུ་རང་ཉིད་ཀྱི་སྒོ་གསུམ་ལ་ཐིམ་པའི་མོད་ལ་འོད་ཟེར་འགྲོ་བ་རིགས་དྲུག་གི་གནས་རྣམས་སུ་འཕྲོས་པས་སོ་སོའི་སྡིག་སྒྲིབ་བག་ཆགས་ཉེས་ལྟུང་ཐམས་ཅད་བ་མོར་ཉི་ཟེར་ཕོག་པ་བཞིན་དུ་དག་ནས་སྐུ་གསུམ་རྒྱལ་བའི་གོ་སར་དབུགས་དབྱུང་བར་གྱུར་ཞེས་བསམ་ལ། ལྟ་སྒོམ་གྱི་ངང་ནས་ཧཱུྃ་བཛྲ་ཙིཏྟ་ཨ༔ སོགས་རང་གཞུང་ལྟར་དལ་བྲེལ་དང་བསྟུན་ཏེ་ཚར་བཅུ་ཕྲག་གམ། བདུན་ལྔ་གསུམ་སོགས་དལ་བུས་གཏོང་མཐར་སྤྱི་དྲིལ་གྱི་དམིགས་པ་ཡང་བསྐྱར་པདྨ་ཀུན་གྲོལ་རྣམ་རྒྱལ་གྱི་དགོངས་བཞེད་བཞིན་ལ་འཇུག་དགོས་པའོ། །ལྷ་ཚོགས་ཞི་བ་རྣམས་ཀྱི་སོགས། ཡང་ན་ཞི་ཁྲོ་སྤྱི་དྲིལ་དུ་བྱེད་ན་ཞི་ཁྲོའི་སྔགས་སྦྲེལ་ཏེ་བཟླས་སོ། །ཡང་ན་ཞི་བ་དང་ཁྲོ་བོའི་སྦྲེལ་ཛ྄བ་ཅེས་སོ་སོའི་གཙོ་འཁོར་སྦྲེལ་ཏེ་བཟླ་ལུགས་དང་བཏགས་གྲོལ་ཕུང་པོ་རང་གྲོལ་ལྟར་བཟླ་ལུགས་དང་། དེ་དག་སོ་སོའི་དམིགས་རིམ་ཀྱང་ཟུར་ཆེན་པས་མཛད་པའི་བསྙེན་ཡིག་དེར་བཤད་མོད། འོན་ཀྱང་འཇུག་པ་ཅུང་ཟད་དཀའ་བ་ལ་བསམ་ཏེ་ཟོར་ཡངས་

པའི་དབང་དུ་བྱས་ན་བཤད་མ་ཐག་པའི་དམིགས་པ་ལའང་བསྙེན་པ་དང་། བསྒྲུབ་པ་དང་བསྒྲུབ་པ་ཆེན་པོ་དང་ལས་སྦྱོར་ཀྱང་ཚང་བར་སེམས་སོ། །ཅིའི་ཕྱིར་ན་ཡབ་བསྐྱེད་བསྙེན་པ་དང་། ཡབ་ཡུམ་གཉིས་བསྐྱེད་བསྒྲུབ་པ། འཁོར་བསྐྱེད་བསྒྲུབ་པ་ཆེན་པོ་ལྟར་གསུངས་པ་ཡང་ཡོད་ལ། ཐུགས་ཀར་སྔགས་ཕྲེང་བཀོད་པ་བསྙེན་པ་དང་། འོད་ཟེར་སྤྲོ་བསྡུས་ཀྱིས་བྱིན་ནུས་བསྡུ་བ་སྒྲུབ་པ། སྣོད་ལྷའི་གཞལ་ཡས་ཁང་དང་བཅུད་ཞི་ཁྲོའི་ལྷ་ཚོགས། སྒྲར་གྲགས་སྔགས། དྲན་རྟོག་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར་བ་བསྒྲུབ་ཆེན། འགྲོ་བ་རིགས་དྲུག་གི་སྡུག་བསྔལ་རྒྱུ་དང་འབྲས་བུར་བཅས་པ་སྦྱངས་ནས་ཞི་ཁྲོའི་གོ་འཕང་ལ་བཞག་པ་ལས་སྦྱོར་དུ་དབྱེའོ། །དེ་ལའང་ལས་བཞིའི་ཆོ་ག་དང་ལྔ་ལས་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཀར་སེར་དམར་ལྗང་མཐིང་སོགས་འཕྲོས་པས་ཞི་རྒྱས་དབང་དྲག་གི་ལས་བཞི་དང་ཟུང་འཇུག་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ་སོགས་བསྡུ་བ་དང་ཐོབ་པའི་དམིགས་འདུན་ཡང་ཤེས་པར་བྱའོ། །དེ་ལ་སྒྲུབ་ཆེན་དང་འབྲེལ་ན་དཀྱིལ་འཁོར་བསྐོར་ཞིང་ཛ྄བ་དབྱངས་བྱ་བར་གསུངས་སོ། །མདོར་ན་དུས་དང་གནས་སྐབས་ཐམས་ཅད་དུ་འཁྱེར་སོ་གསུམ་དང་མི་བྲལ་བ་ཡང་ལུས་སྣང་སྟོང་ལྷར་སྐུར་ལམ་མེ། ངག་གྲགས་སྟོང་སྔགས་སུ་ལྡིར་རེ། སེམས་རིག་སྟོང་རྒྱལ་བའི་ཐུགས་སུ་ལྷང་ངེ་བའི་ངང་ནས་བཟླས་པ་ལ་བརྩོན་པར་བསྐྱེད་དོ། །འདི་ལྟར་བདག་མདུན་བུམ་གསུམ་སོགས་མེད་པ་ལ་ཡོད་པར་གྱི་སྒྲོ་བཏགས་ཀྱང་ཀུན་བརྟགས་ཀྱི་བསྐྱེད་རིམ་དང་མི་འདྲ་ཞིང་འདི་ནི་འབྲས་བུ་རྒྱལ་བ་སྐུ་གསུམ་གྱི་བཞུགས་ཚུལ་དང་མཐུན་པའི་ཡོངས་གྲུབ་ཆེན་པོའི་བསྐྱེད་རིམ་ཕྱི་ནང་སྣོད་བཅུད་ཐམས་ཅད་ཡེ་ནས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་སུ་

རྣམ་པར་དག་པའི་རང་བཞིན་ཡིན་པ་ལ་ཡིན་པར་གསལ་གདབ་པ་ཙམ་ལས་གཞན་མེད་པས་ཛ྄བ་ཁང་དབྱེ་བ་སོགས་མ་བྱས་ཀྱང་འགལ་བ་མི་འདུག་སྙམ་མོ། །དེའང་ཉིན་མཚན་ཟུང་ལ་ཐུན་གཉིས་བྱེད་པའི་ཚུལ་ཡང་སྣང་མོད། འོན་ཀྱང་སྔ་ཐུན་དང་། དགུང་ཐུན་གཉིས། སྲོད་ཐུན་དང་ཐོར་ཐུན་གཉིས་སྟེ་བཞི་པོ་ནི་ལག་ཏུ་བླང་བ་བདེའོ། །ཟླ་བ་གཅིག་ལ་མཚོན་ན་ཉིན་དང་པོའི་དགུང་ཐུན་ནས་འགོ་བཟུང་བའི་ཞག་སྔ་མ་བཅུ་པོར་ཐུན་སྒང་ཅུང་ཟད་ཐུང་བ་དང་། ཐུན་བར་རིང་ཙམ་བྱེད་ཅིང་། དེ་ནས་བཟུང་རིམ་གྱིས་ཐུན་སྒང་རིང་བ་དང་ཐུན་མཚམས་ཐུང་བ་ལ་བསླབ་པོ། །དེའང་སྔགས་ཀྱི་གྲངས་ཚད་ཀྱང་རིམ་གྱིས་ཇེ་མང་ལ་སློབ་པ་ལས་ཇེ་ཉུང་མི་རུང་བ་དང་། ཐུན་སྒང་གི་སྔགས་གྲངས་ཀྱང་མ་ཚང་བཞིན་དུ་ཐུན་གྲོལ་མི་རུང་བར་ཡང་གསུངས་པ་ཐོས་སོ། །ཐུན་གྲོལ་སྐབས་ལ་སླེབས་ཚེ་འདི་ལྟར་རོ། །བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་ནས་ཡར་འཕེལ་བར་གྱུར་ཅིག །ༀ་ཨ་ཨཱ་ཨི་ཨཱི་སོགས། ཀ་ཁ་ག་གྷ་ང་སོགས། ཤ་ཥ་ས་ཧ་ཀྵ༔ ཡེ་དྷརྨ་བཅས་ལན་གསུམ་ལྡབ་ལ། བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ན་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མཆོག་གི་དངོས་གྲུབ་རྒྱལ་བ་ཞི་ཁྲོའི་གོ་འཕང་མངོན་སུམ་དུ་ཐོབ་པ་དང་། ཐུན་མོང་དངོས་གྲུབ་ཕྲིན་ལས་རྣམ་པ་བཞི་འགྲུབ་པ་དང་། གྲུབ་པ་ཆེན་པོ་བརྒྱད་ཐོབ་པ་སོགས་མཆོག་

ཐུན་མོང་གཉིས་ཀྱི་དངོས་གྲུབ་དམ་པ་རྩོལ་བར་མཛད་དུ་གསོལ། ཞེས་བརྗོད་ལ། མཆོད་ཅིང་བསྟོད་མཐར་བཤགས་ཚིག་གང་རུང་གི་རྗེས་སུ་ཡིག་བརྒྱ་ལན་གསུམ་བརྗོད་ཅིང་དགེ་བསྔོ་ཡང་བྱ། དེ་ཡང་སྡེ་བདུན་ནི་ཉིན་ལྟར་གྱི་དགོང་མོའི་ཐུན་མཚམས་སུ་གཏོང་རྒྱུ་ཆགས་མེད་དང་། བརྒྱ་ཀློང་གཉིས་མཚམས་ཀྱི་ཐོག་མཐའ་བར་གསུམ་ཙམ་ལས་བསྙེན་པ་གཙོ་བོར་འདོན་པ་ཡང་གལ་ཆེ་མོད། ཉིན་ལྟར་འདོན་པར་སྤྲོ་ན་མི་ཆོག་པ་ཡང་མ་ཡིན་ནོ། །བསྐང་བ་ཚོགས་མཆོད་ཀྱང་དེ་མཚུངས་ལས་མི་དགོས་སོ། །ཐུན་ལས་ལངས་སྐབས་ཀྱང་འཁྱེར་སོ་གསུམ་དང་མ་བྲལ་བར་བྱ་ཞིང་བཟའ་བཏུང་ཚོགས་འཁོར་གྱི་ཚུལ་དུ་རོལ་པ་དང་དེ་ལས་གཞན་རྣམ་ཀུན་ཏུ་འཆག་མི་རུང་བའི་རྒྱུན་ཁྱེར་རྣམས་མི་ལུས་ཙམ་རེ་བྱེད་པ་ལས་དོན་རྩ་བསྙེན་བསྒྲུབ་ཁོ་ན་ལ་དྲིལ་བ་ཤིན་ཏུ་གལ་ཆེ། དེའང་སྤྱིར་བསྙེན་ཡིག་རྣམས་ལས་གསུངས་པ་ལྟར་རི་སྒོག་ཀླུང་སྒོག་སྔགས་ཀྱི་ནུས་པ་འཕྲོག་པའི་ཁ་ཟས་གང་ཡང་རུང་སྟེ་བྱིན་གྱིས་མ་བརླབས་པར་བཟའ་མི་རུང་བར་གསུང་པ་དང་། སྐུ་མཚམས་གཞན་པ་ཕར་མཐོང་དང་རང་ཚུར་མཐོང་བ་གཉིས། གསུང་མཚམས་གཞན་དང་ངག་བསྲེས་པ། ཐུགས་མཚམས་རྣམ་རྟོག་ཁ་ཡན་དུ་ཤོར་བ་གསུམ་ལ་ཕྱི་མ་ཐུ་བ་གསུངས་པས་སྤོང་དགོས། ཐུན་མཚམས་ཀུན་དང་སྲོད་ཐུན་བསྡུ་བའི་ཚེ་སྣོད་བཅུད་ཞི་ཁྲོའི་དཀྱིལ་འཁོར་དུ་གསལ་བ་མཐའ་ནས་འཇའ་ཚོན་ཡལ་བ་བཞིན་བསྡུས་ཏེ་ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང་པོ་དང་ཏིང་ངེ་འཛིན་སེམས་དཔའ་ས་བོན་གཉིས་བཅས་ལ་ཐིམ་པས་གནས་ལུགས་བརྗོད་དུ་མེད་པའི་ངང་ལ་མཉམ་པར་བཞག །ཐུན་མཚམས་གཞན་དུ་ལྷ་སྐུ་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད་ལམ་བྱ་བ་ནི། གཉིད་ཚེ་སྣང་བ་སྟོང་པར་བསྡུས་པ་ཕྱང་ཆད་དུ་མི་བཟུང་བར་འོད་

གསལ་སྦུབ་འཇུག་གམ། ཡང་ན་ཐིམ་ལ་མ་སྨུག་པའི་ཡེ་ཤེས་དྲན་པར་བྱས་ཏེ་གཟུང་འཛིན་དང་བྲལ་བའི་ངང་ལ་གཉིད་ལོག་ཅིང་། ནམ་སད་སྐབས་སུའང་འཁྲུལ་པ་རྒྱ་འབྱམས་སུ་མི་ཤོར་བར་ཡེངས་མེད་འཛིན་མེད་ལ་སློབ་པ་དང་ཐོར་ཐུན་ལ་བབ་ཚེ་བཟླས་བརྗོད་ནུས་པ་སྟོབས་འབྱིན་སོགས་སྔོན་དུ་འགྲོ་བའི་དལ་འབྱོར་རྙེད་དཀའ་ནས་བཟུང་བླ་མའི་རྣལ་འབྱོར་བར་བཏང་ནས། བླ་མའི་རྣལ་འབྱོར་གྱི་སྐབས་རྒྱལ་བ་ཞི་ཁྲོ་རབ་འབྱམས་འདུས་པའི་ངོ་བོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སོགས་འཕགས་བོད་ཀྱི་གྲུབ་ཆེན་རྣམས་དང་གཞན་ཡང་རྩ་གསུམ་དམ་ཅན་དང་བཅས་པ་ལ་གསོལ་བ་བཏབ་མཐར་བཛྲ་གུ་རུ་བརྒྱ་སྐོར་གྱི་མཇུག་ཏུ་ཞི་ཁྲོ་སྤྱི་དྲིལ་ཁོ་ནས་ཐུན་བཟུང་ཀྱང་ཆོག་པར་སེམས་སོ། །ཅིའི་ཕྱིར་ན་ཞི་ཁྲོ་ཡང་བླ་མའི་རྣམ་རོལ་ལས་མ་འདས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་མཆོག །དེ་ལྟར་ཡང་སྒྲུབ་པ་པོ་རང་ཉིད་ཀྱིས་ཐེ་ཚོམ་མ་ཆོད་ན་ལས་བྱང་ཆུང་བའམ། རྒྱུན་ཁྱེར་བསྡུས་པ་འདྲ་བཏང་དགོས་སམ་སྙམ་ནའང་དེ་ལྟར་བྱའོ། །ཐུན་མཚམས་ཀྱི་བྱ་བ་རྣམས་སྤྱི་ལྟར་ཤེས་པར་བྱས་ལ་ཐུན་སྒང་རྣམས་སུ་སྒོ་གསུམ་གཅུད་ལ་བོར་ནས་ལུས་ལྷའི་བསྐྱེད་རིམ་དང་ངག་བཟླས་པ་ཚད་མེད་དང་། སེམས་ཡེངས་མེད་འཛིན་མེད་ཁོ་ན་ལ་མ་བརྩོན་ན་བསམ་སྤྱོད་གཉིས་ཀ་ངན་པ་ལང་ཤོར་གྱི་དབང་དུ་བཏང་ནས་ལོ་མཚམས་ཟླ་མཚམས་ཀྱི་གྲངས་ཁོ་ན་གཙིགས་སུ་བྱས་པས་འབྲས་བུ་གང་ཡང་འབྱིན་མི་ནུས་པས་རྒྱུ་འབྲས་བསླུ་བ་མེད་པར་བསམ་ནས་རང་གིས་རང་ལ་མི་ཁྲེལ་བ་ཞིག་གལ་ཆེའོ། །ངག་རྒྱུན་གཅོད་ཐུབ་ན་ལེགས་མོད་ཀྱང་

དེ་ལྟར་མ་བྱུང་ཡང་ཐུན་སྒང་དུ་ཅི་ལ་ཐུག་ཀྱང་གཏོང་མི་རུང་། དེ་ལྟར་ཡང་ཕུག་རོན་གྱི་ལད་མོ་དང་སོ་དབྲག་ནས་བཤད་པ་ཅི་བྱས་ཀྱང་སྔགས་རྒྱུན་གཅོད་པས་སྤང་དགོས་སོ། །ཉིན་མཚན་ཐུན་བཞི་བྱེད་ན་ཐུན་སྒང་དུ་ཇ་སོགས་བཏུང་བ་རུང་ཀྱང་བཟའ་བ་མ་ཡིན་ནོ། །ཐུན་གཉིས་ལྟར་ན་ཉི་དྲོས་སྐབས་སུ་བཟའ་བ་ཅི་དགོས་ཟ་བ་ལས་ཕྱི་དྲོ་ཟོས་ན་གཉིད་རྨུགས་སོགས་ཀྱི་སྐྱོན་ཡོད། བཏུང་བ་ནི་གོང་བཞིན་ནོ། །འོན་ཀྱང་མཐའ་གཅིག་ཏུ་བཟུང་བའི་གུ་དོགས་མི་དགོས་སོ། །གང་ལྟར་ཡང་སྦྱོར་བ་སེམས་བསྐྱེད་དང་། དངོས་གཞི་དམིགས་མེད། རྗེས་ལ་བསྔོ་སྨོན་གྱི་རྒྱས་འདེབས་སོགས་ཀྱང་གལ་ཆེའོ། །མཚམས་ཀྱི་ཞག་གྲངས་དུམ་བུ་གསུམ་དུ་བསྒོས་པའི་སྔོན་མར་བསྙེན་དམིགས་བྱིན་ནུས་བསྡུ་བ་ཁོ་ན་གལ་ཆེ་ཞིང་། བར་བ་ལམ་ཁྱེར་གསུམ་དང་རྗེས་མའི་སྔོན་མའི་དུམ་བུ་གཉིས་རིགས་དྲུག་གི་སྡུག་བསྔལ་སྦྱོང་བ། རྗེས་མའི་དུམ་གཅིག་ལས་བཞིའི་དམིགས་པ་ཁ་བསྒྱུར་སོགས་བྱ་བའོ། །དེ་ནས་མཚམས་གྲོལ་རྒྱུའི་ཉིན་གཉིས་པ་ཐུག་པའི་དགུང་མོའི་ཐུན་ལ་བབས་ཚེ་བསྙེན་པའི་སྐབས་བསྙེན་བསྒྲུབ་ལས་སྦྱོར་བཞིའི་གཤམ་དུ་དངོས་གྲུབ་བསྡུ་བའི་དམིགས་པ་ནི་སྣང་སྲིད་འཁོར་འདས་ཀྱི་ཚེ་དཔལ་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འོད་ཁ་དོག་སྣ་ལྔའི་རྣམ་པས་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་ནས་སྤྱི་དྲིལ་ལ་ཤམས་འདོགས་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་མང་དུ་བཟླ། དེ་བཞིན་དུ་ཐུན་ཀུན་ལ་དེ་ལྟར་བྱེད་ཅིང་ཐོར་ཐུན་ཐ་མའི་བྱ་བ་རྣམས་གྲུབ་རྗེས་དངོས་གྲུབ་བསྡུ་བའི་དམིགས་པའི་འཕྲོ་འདུ་གསལ་བཞིན་དངོས་གྲུབ་བླང་ཚིག་ཅི་རིགས་ཀྱིས་བླང་ཆོག་ཤིང་། འཇུག་པ་བདེ་ཕྱིར། ཧཱུྃ་བདེ་གཤེགས་རྒྱལ་བ་ཞི་ཁྲོ་ལྷ་ཚོགས་ཀྱིས། །འགྱུར་མེད་སྐུ་ཡི་༴ ༴ ༴ སརྦ་སིདྡྷི་

ཕ་ལ་ཧཱུྃ་ཨ། ཞེས་པས་བླང་བར་བྱའོ། །དེ་ལ་དངོས་གྲུབ་བླང་བ་འདིའི་འོག་བརྩམས་ནས་ཐུན་འོག་ཐམས་ཅད་དུ་མཆོད་པ་གསར་བཤམས་དང་། དངོས་གྲུབ་ཀྱི་རྫས་དཀར་གསུམ་མངར་གསུམ་ལ་གཞི་བྱས་པའི་ལས་བཞིའི་གཏོར་མ་དང་དེ་དག་གི་མཐར་རིལ་བུ་ཡང་ཟླུམ་པོ་གྲུ་བཞི་གོང་མཚུངས་ཀྱིས་བསྐོར་ཞིང་གཞན་ཡང་ཤིང་ཏོག་སོགས་ཟས་སྣ་འབྱོར་ཚད་བཤམས་ལ་གུ་གུལ་བདུག །ཨ་མྲྀ་ཏས་བསངས། བྱིན་འབེབས་བྱ་བ་སོགས་གལ་ཆེའོ། །དེ་ལྟར་གྱི་རྫས་གསར་པ་དང་སྒྲུབ་རྫས་རྙིང་པ་ནས་ཤ་མར་དང་། ཚོགས་རྫས་ཅུང་ཟད་བླངས་པ་རྫས་གསར་པའི་སྟེང་དུ་སྤུང་ཏེ་མཉམ་དུ་བླང་བར་བྱའོ། །གཞན་མཚམས་སྒང་སོགས་སུའང་དངོས་གྲུབ་ཀྱི་རྨི་ལྟས་བཟང་པོ་རྨིས་ན་ཡིད་གྱིས་དངོས་གྲུབ་ཡང་ཡང་བླང་བ་ཡང་གལ་ཆེ་བར་གསུངས་སོ། །ཚུལ་འདི་ནི་ཞི་ཁྲོའི་རང་གཞུང་གི་དགོངས་པ་འཁོར་འདས་སྣང་སྲིད་དཀྱིལ་འཁོར་གཅིག་ཏུ་བསྒྲུབ་པའི་ལུགས་སུ་བྱས་པ་ཡིན་ལ། དེ་ལས་གཞན་མ་རྙིང་མའི་རང་ལུགས་ཀྱི་བདག་མདུན་བུམ་གསུམ་ཐ་དད་དུ་ཆོ་ག་གཅིག་གིས་བསྒྲུབ་ཚུལ་དང་། ཛ྄བ་ལ་མ་ཐུག་བར་དེ་ལྟར་བསྒྲུབ་ནས་གདོད་ཛ྄བ་ཁང་དབྱེ་བ་བདག་བསྐྱེད་དམ་ཚིག་པ་དང་དེ་ལས་མདུན་དུ་ཡེ་ཤེས་པའི་དལ་སོ་སོར་ཕྱེ་སྟེ་མེ་རི་འདབ་འབྱར་དུ་བཞུགས་པའི་བསྐྱེད་ཚུལ་དང་། བསྙེན་བསྒྲུབ་ཡན་ལག་བཞིའི་རྣམ་དབྱེ་སོ་སོར་ཡོད་མོད། དེ་ལས་ཀྱང་བདག་ཉིད་དལ་དུ་འཇུག་གམ་གསོན་གཤིན་རྗེས་འཛིན་གྱི་སྐབས་རྣམ་བུམ་དང་། ལས་བུམ་སོགས་སྐབས་ཐོབ་ལྟར་ཤེས་དགོས་སོ། །འདིར་སྨྲས་པ། རྒྱལ་རྣམས་དགོངས་པ་མཁའ་ལྟར་རྒྱ་ཆེ་ཞིང་། །བསྟན་པ་རྒྱ་མཚོ་ཇི་བཞིན་དཔག་དཀའ་ཡང་། །མདོ་དོན་འགྲོར་ཕན་སེམས་བསྐྱེད་གཙོར་

གསུངས་བཞིན། །བདག་གིས་བརྩམས་འདི་དེ་རྗེས་ཅིས་མི་འབྲངས། །ལ་ལ་བཞེད་ཀྱིས་བརྩམས་པ་གང་ལ་ཡང་། །སྡེབ་སྦྱོར་སྙན་ཚིག་མཛེས་ཆ་མི་ལྡན་ན། །རྩོམ་པའི་ཡན་ལག་མ་ཚང་སྐྱོན་ཡིན་ཞེས། །སྨྲ་མོད་དེ་ཡང་ཡིད་ཆེས་གནས་མ་ཡིན། །ཅི་ཕྱིར་ཞེ་ན་ཕྱི་པའི་བསྟན་བཅོས་འགར། །དེ་ལྟའི་ཡོན་ཏན་ལྡན་ཡང་ཐར་པ་དང་། །རྣམ་མཁྱེན་ལམ་དུ་དཀྲི་བར་ནུས་མིན་དོགས། །དེ་ཕྱིར་ཕན་སེམས་ཁོ་ན་གལ་ཆེ་སྙམ། །སྦྱོར་བ་སེམས་བསྐྱེད་དམ་པས་ཟིན་པ་དང་། །དངོས་གཞི་དམིགས་མཚན་ཞེན་པས་མ་བཅིངས་ཤིང་། །རྗེས་སུ་བསྔོ་སྨོན་དམ་པས་རྒྱས་ཐེབས་ཕྱིན། །འདི་སོགས་གང་ཡང་བྱང་ཆུབ་ལམ་དུ་འགྲོ། །དེ་ཕྱིར་འདི་བརྩམས་དགེ་བས་མཚོན་བྱས་ཏེ། །བདག་གིས་དུས་གསུམ་བསགས་པའི་དགེ་བའི་ཚོགས། །བསྡུས་ཤིང་བཟླུམ་སྟེ་མཐའ་ཡས་འགྲོ་བའི་ཚོགས། །ཞི་ཁྲོ་རབ་འབྱམས་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གཞུང་བཟང་པད་ཚལ་འབྱེད་པའི་བསྙེན་ཡིག་དྲི་བཟང་ངད་ལྡན་ཀུན་ཏུ་བཟང་པོའི་ཞལ་ངོམ་ཞེས་བྱ་བ་འདི་ཉིད་བླ་མ་དམ་པ་སངས་རྒྱས་ཆོས་འཕེལ་གྱིས་བསྐུལ་ངོར། ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱིས་མཛད་པའི་བསྙེན་ཡིག་གཞིར་བཞག་ཏེ་རིགས་མཐུན་འགའ་ལས་ཀྱང་བསྡུར་བཞིན་སྤེལ་བའི་བྱེད་པོ་བྱ་བྲལ་ཀུན་བཟང་གཞན་ཕན་དང་ཡི་གེར་འདུ་བྱེད་དམ་ཚིག་གི་ནོར་བུ་སྤྱི་བོའི་རྒྱན་དུ་འཆང་བ་ཀུན་བཟང་འཆི་མེད་ཀྱིས་བགྱིས་པའི་དགེ་བས་འགྲོ་རྣམས་སྐུ་གསུམ་རྒྱལ་བའི་གོ་འཕང་ཐོབ་པར་གྱུར་ཅིག་གུ། །བཀྲ་ཤིས། དགེའོ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་མདོར་བསྡུས་རྣམ་གྲོལ་དོན་གསལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་མདོར་བསྡུས་རྣམ་གྲོལ་དོན་གསལ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་ཛི་ན་མཎྜལ་ཡ། །མཚན་གྱི་ཡི་གེས་ངན་འགྲོའི་འཇིགས་པ་འཇོམས། །དད་པས་བསྙེན་ན་འཁོར་བའི་རྒྱུན་ཐག་གཅོད། །རིགས་བརྒྱའི་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ནས། །གཞན་དོན་མཛད་རྣམས་ངལ་བསོའི་འབབས་སྟེགས་དགོད། །ཞི་ཁྲོ་དགོངས་པ་རང་གྲོལ་འདི་ཉིད་མཁས་གྲུབ་ཀ༵རྨ༵་ཆ༵གས་མེ༵ད་ཡན་ཆད་དུ་ནི་བསྐྱེད་རྫོགས་གྱི་ཉམས་ལེན་དང་ཕྱག་བཞེས་སྤྲོས་བཅས་ཚུལ་ལྡན་དུ་བྱུང་བར་སྣང་ཡང་། ཕྱིས་སུ་ནི་ཆོ་ག་ཚར་གྲངས་ཁོ་ན་བསྐྱར་བའི་གྲོང་ཆོག་གི་འགྲོ་དོན་ཙམ་ལས་ཉམས་ཁྲིད་སྐྱོང་བ་ལྟ་ཞོག །བསྙེན་བསྒྲུབ་ཚད་ལྡན་མཛད་མཁན་ཤིན་ཏུ་དཀོན་པར་མཐོང་ལ། བསྙེན་པ་ལས་རུང་མེད་པར་དབང་བསྐུར་གནས་འདྲེན་གྱིས་མི་ཚེ་འཕུལ་བ་ནི། དཔེར་ན་རི་ཆོས་ནས། དེང་སང་བླ་མ་ཆེ་ཕྲ་ཐམས་ཅད་ཀུན། ཞི་ཁྲོའི་སྒོ་ནས་གདུལ་བྱ་སྡུད་དགོས་པས། །ཞི་ཁྲོའི་བསྙེན་པ་ཐེམ་པ་གལ་ཆེ་གདའ། །བསྙེན་པ་མ་ཐེམ་དབང་དང་བྱང་བུ་དང་། རོ་བསྲེགས་ལ་སོགས་ཉེས་པ་ཆེ་བ་སྟེ། །བསྙེན་སོགས་དག་པར་མ་བྱས་ཞེས་བྱ་བ། །ཡན་ལག་ལྟུང་བ་བརྒྱད་ཀྱི་ཡ་གྱལ་བ། །ལྟུང་བ་སྦོམ་པོ་ཞེས་ནི་བྱ་བའོ། །ཞེས་གསུངས་པ་ལྟར་གཞན་ལ་ཕན་ཐོག་པ་དཀའ་ཞིང་རང་ལ་བཀའ་འདས་ཀྱི་ཉེས་པ་ལྕི་བས་ཐ་ན་གྲངས་བསྙེན་རྒྱས་བསྡུས་གང་རུང་རེ་ཙམ་འགྲུབ་ན། རང་གཞན་གཉིས་ཀའི་

གཏན་འདུན་ཆེན་པོར་འགྱུར་བར་མཐོང་ལ། དེའང་སྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ལ་བརྟེན་ཏེ་ཐོག་མར་ཞི་བ་དང་། དེ་ནས་ཁྲོ་བོའི་བསྙེན་པ་སོ་སོར་འགྲུབ་པར་བྱས་ན། འདུས་མདོ་དང་བཀའ་བརྒྱད་བདེར་འདུས་སོགས་ཀྱི་ཕྱག་བཞེས་དང་མཐུན་པར་ཆེས་ལེགས་པས་དེའི་ཚུལ་ནི་དཔལ་ཀཿཐོག་པ་ཀུན་གཟིགས་ཚེ༵་དབ༵ང་མཆོ༵ག་གྲུ༵བ་ཀྱི་གསུང་ལས་ཤེས་པར་བྱ། འདིར་བློ་དམན་ལས་དང་པོ་པས་ལུས་དཀྱིལ་གྱི་ལྷ་དང་སྔགས་འཁོར་གསལ་ཐེབ་པར་དཀའ་ཞིང་རང་བཞིན་ཡོངས་ཤེས་ཀྱི་ལྟ་སྒོམ་ནི་དེ་ལས་ཀྱང་མེད་པས་ཡིན་སྙམ་ཙམ་གྱིས་བྱས་ལ་མ་བསགས་པའི་ལས་སུ་འགྱུར་བའང་མཐོང་ནས་ཆགས་མེད་རིན་པོ་ཆེའི་བཞེད་པ་ལྟར་ཕྱི་དཀྱིལ་ལས་བྱང་ཆུང་བ་ལ་བསྟེན་པའི་བསྙེན་ཐབས་ཕྱོགས་མཚོན་འཆད་པར་བྱ་སྟེ། དེ་ལའང་རྗེ་དེའི་བཞེད་པར་རིགས་ལྔ་གཙོ་བོ་གོ་འཕོ་ཞིང་། རང་སྔགས་བཟླ་བའི་ཞི་ཁྲོ་དང་། ཡིག་བརྒྱ་རིགས་ལྔ་བཟླ་བའི་དོང་སྤྲུགས་ཀྱིས་མཚོན་དཀྱིལ་འཁོར་ཞེ་གཉིས་སུ་འགྱུར་བའི་ཚུལ་ནི་དེ་ཉིད་ཀྱི་གསུང་ལས་གསལ་བ་ལྟར་ཉམས་སུ་བླང་བར་བྱ་བ་ཡིན་ལ། ཞི་ཁྲོ་རང་རྐང་གི་བསྙེན་པ་ཁོ་ནའི་སྐབས་འདིར་ཐོག་མར་བར་ཆད་མི་འབྱུང་ཞིང་དངོས་གྲུབ་འགྲུབ་པའི་དགེ་བའི་དཔུང་བསྐྱེད་སྔོན་འགྲོའི་རིམ་པ་སྤྱི་ལྟར་ཅི་ནུས་བྱ། བསྙེན་པ་ཚུགས་ལ་ཉེ་བ་ནས་ཕྱི་མཚམས་བཅད་དེ། རང་ཉིད་རྡོར་སེམས་ལུས་དཀྱིལ་འཁོར་ཞི་ཁྲོ་བཅས་སྐད་ཅིག་གིས་གསལ་བཏབ་ལ་སྙིང་པོ་བརྒྱ་རྩ་བཟླ། དཀར་གཏོར་གསེར་སྐྱེམས་ཕུལ། རྒྱལ་ཐོ་གཟུགས་༼བཙུགས་༽ལ་བསྐྱེད་བསྟིམ་གཏོར་འབུལ་ཕྲིན་ལས་བཅོལ། རྣམ་འཇོམས་སོགས་བཟླས་པའི་གཟུང་ཆུས་ཁྲུས་བྱ། དེ་ནས་ཞག་བདུན་ནམ་ཐ་ན་གསུམ་ཙམ་དུ་སྔོན་འགྲོ་རང་རྒྱུད་སྦྱོང་བྱེད་འདོན་སྒོམ་སྦྲགས་མའི་ཐུན་དུ་བཅད་ལ། ངེས་འབྱུང་སྐྱབས་སེམས་

བསགས་སྦྱང་མོས་གུས་གསོལ་འདེབས་རྣམས་རྒྱུད་ལ་འདྲེས་ངེས་པ་བྱ། །དེ་ནས་བསྙེན་པ་དངོས་ཚུགས་པའི་ཉིན། གནས་ཁང་ཕྱག་དར་བྱ། འཛོམས་ན་ཞི་ཁྲོའི་སྐུ་བརྙན་བྲིས་འབུར་སོགས་རྟེན་བཀོད་པའི་མདུན་དུ་སྟེགས་བུ་གཙང་མར་གཏོར་མ་རིན་ཆེན་འབར་བ། གཡས་གཡོན་དུ་སྨན་རཀམདུན་དུ་ཕྱི་མཆོད་ཕྲེང་ཚར་དུ་བཤམས། བཀའ་སྲུང་གཏོར་འབུལ་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱས་ལ། དགུང་ཐུན་ལ་དབུ་བཙུགས་ཏེ་གསོལ་འདེབས་སྔོན་དུ་འགྲོ་བས་སྐྱབས་སེམས་ལན་གསུམ། ༀ་ཨཱཿཧཱུྃ༔ ནམ་མཁའི་མཐར་ཐུག༴ སོགས་རང་གཞུང་ཡན་ལག་བཅུ་པ་བརྗོད། བགེགས་གཏོར་བཏང་ལ་ལས་བྱང་ཆུང་བ་ལྟར་བཀའ་བསྒོ་དྲག་སྔགས་ཡུངས་ཐུན་གུ་གུལ་བདུག་པ་སོགས་ཚམས་རྔམས་བཅས་ནང་མཚམས་བཅད་ལ་སྲུང་འཁོར་བརྟན་པོར་བསྒོམ། མཆོད་པ་བྱིན་རླབས་ཏིང་འཛིན་རྣམ་གསུམ་ནས་བརྩམས་ཏེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད། སྐབས་འདིར་ལྷ་བསྐྱེད་པའི་ཚུལ་ལ་སྔ་རབས་པ་ཁ་ཅིག་གིས་ལུས་དཀྱིལ་དང་མཐུན་པར་ཕོ་བྲང་གི་གདན་ལ་ཞི་བ། དེའི་རང་རྩལ་དུ་ནམ་མཁར་ཁྲོ་བོ་བསྐྱེད་པར་བཞེད་པ་དང་། སྨིན་གླིང་ལོ་ཆེན་ནས་དོང་སྤྲུགས་བཀའ་མ་ཁྲོམ་དཀྲུགས་དང་མཐུན་པར་ཞི་ཁྲོ་སྦྲགས་མར་འགོད་པར་གསུངས་པ་དང་། ཆགས་མེད་ཞབས་ཀྱིས་ཐོག་མར་ཞི་བའི་དཀྱིལ་འཁོར་གསལ་བཏབ་ལ། དེ་ནམ་མཁར་བཏེག་ནས་སླར་ཕོ་བྲང་གི་གདན་དངོས་ལ་ཁྲོ་བོ་བསྒོམ་པ་ལས། སྔ་རབས་པའི་ལུགས་སྲོལ་འདིར་མི་འཐད་པར་གསུངས་ཤིང་དེ་ལ་ཡང་མཁས་པ་ཁ་ཅིག་གིས་མི་འཐད་པའི་སྒྲུབ་བྱེད་བཅས་བཀོད་པར་སྣང་མོད། ཕྱིས་མཁས་པ་རྒྱུད་དོན་མཁྱེན་པ་དག་ཕོ་བྲང་ཞི་ཁྲོ་སྦྲགས་མ་ཐོག་ཕུབ་མཆོད་རྟེན་ལུགས་སུ་བྱས་པའི་སྟེང་ཁང་བུམ་པའི་ནང་དུ་འཁོར་ལོ་

རྩིབས་བཞིའི་གདན་ལ་ཞི་བ་རིགས་ལྔའི་ཚོམ་བུའི་སྟེང་འོག་དང་མཚམས་བཞིར་ཐུབ་པ་དྲུག །བུམ་པའི་སྒོ་བཞིར་སྒོ་བ་ཡབ་ཡུམ། འོག་ཁང་དཀྱིལ་འཁོར་དངོས་ལ་ཁྲག་འཐུང་རྣམས་གསལ་གདབ་པར་གསུངས་པ་ནི་རྒྱུད་ལུང་དང་མི་འགལ་ཞིང་རང་གཞུང་དངོས་བསྟན་ཉིད་ཡིན་པས་ཤིན་ཏུ་ལེགས་ཕྱིར་དེ་ལྟར་གསལ་བཏབ། གནས་གསུམ་བྱིན་རླབས་དོན་གྱིས་ཐོབ་ཅིང་གཉིས་འཛིན་གྱི་རྟོག་པ་ཡོད་སྐབས་ཡེ་ཤེས་པ་དབྱིངས་ནས་སྤྱན་འདྲེན་པ་སོགས་སྔགས་ཀྱི་ཐབས་མཁས་ཡིན་པས་མངོན་རྟོགས་གྲུབ་ནས། དེ་ལྟར་གསལ་བའི་ལྷ་ཚོགས་རྣམས་ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་ཏེ་རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། །ཧཱུྃ་དཔེ་མེད་བསམ་བརྗོད་བྲལ༴ སོགས་ནས་བཤགས་པ་དང་ཡིག་བརྒྱ་བརྗོད་པ་ཡན་ཆོད་ཆོ་ག་རྣམས་ཚིག་ཤར་ཙམ་མིན་པའི་འདོན་བསྒོམ་འདྲེས་ངེས་བྱ། འཕྲེང་བ་བྱིན་རླབས་ལ་བཟླས་དམིགས་ཆགས་མེད་གསུངས་རྣམས་སྐབས་སོ་སོར་སྦྱར་བ་ལེགས་ཀྱང་། དཔེ་མ་འཛོམ་པའམ་སྤྱི་ཙམ་དུ། གཙོ་བོ་ཀུན་ཏུ་བཟང་པོའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃཿཡིག་གི་མཐར་རང་གི་རྩ་བའི་སྔགས་ཀྱིས་བསྐོར་བ་འཁོར་གྱི་ལྷ་ཚོགས་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང་སྒོ་བ་ཡབ་ཡུམ་དང་ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་རང་རང་གི་ས་བོན་སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ་བཏབ་ཅིང་གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཞིང་སོ་སོའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་མཆོད། འགྲོ་དྲུག་གི་གནས་སུ་ཕོག །དེའི་བྱིན་རླབས་ཀྱིས་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས།

མི་སྐྱེེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་འཕོ་ལྟུང་གི་སྡུག་བསྔལ་ཞི་ཞིང་། སྡིག་སྒྲིབ་མ་ལུས་པ་བྱང་ནས་རང་བཞིན་ལྷ་སྔགས་འོད་གསལ་གྱི་འཁོར་ལོ་མངོན་དུ་བྱས། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར། འོད་ཟེར་དེ་རྣམས་སླར་འདུས་རང་ལ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ། ཁམས་གསུམ་ལྷའི་དཀྱིལ་འཁོར་དུ་སད་པར་བྱས་ནས་གསང་སྔགས་ཀྱི་སྒྲ་དི་རི་རི་སྒྲོགས་པར་བསམས་ལ། ལྷའི་གསལ་སྣང་དང་ང་རྒྱལ་མ་བྲལ་བའི་ངང་ནས་སྒོས་འཛབ་རྣམས་བཟླ། ཡང་གདན་དང་ས་བོན་སྔར་ལྟར་ལས་ཞི་བ་རྣམས་ལ་བྷོ་དྷི་ཙིཏྟ་དང་ཁྲོ་བོ་རྣམས་ལ་རུ་ལུའི་སྔགས་འཕྲེང་གིས་བསྐོར་བར་བསམ་ལ་བཟླས་པའི་རྐྱེན་གྱིིས་ཐུགས་རྒྱུད་བསྐུལ་ཏེ། དེ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། མཐུ་དབང་དངོས་གྲུབ་འོད་ཟེར་གྱི་རྣམ་པར་བསྡུས། སེམས་ཅན་རྣམས་གྱི་ལས་སྒྲིབ་སྦྱངས་སངས་རྒྱས་ཀྱི་ས་ལ་བཀོད་པ་སོགས་དོན་གཉིས་བྱས་ནས་འཁོར་འདས་བརྟན་གཡོའི་༼སྣོད་༽བཅུད་ཀྱི་དྭངས་མ་ཐམས་ཅད་འོད་ཟེར་གྱི་རྣམ་པར་མཚོ་ནང་དུ་ཁ་བ་བབ་པ་བཞིན་སྙིང་གི་ས་བོན་ལ་ཐིམས་པས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་དབྱིག་ཏུ་གྱུར་པར་བསམ་ཞིང་། སྣོད་བཅུད་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དུ་ཤར་བ་ལས་སྣང་བ་ཐམས་ཅད་སྐུའི་རོལ་བ། གྲགས་པ་ཐམས་ཅད་གསུང་གི་སྒྲ་གདངས། དྲན་རྟོག་ཐམས་ཅད་ཐུགས་ཀྱི་རང་བཞིན་དུ་གྱུར་པར་མོས་ལ། སྤྱི་སྔགས་ཉིད་བཟླ། ཐུན་མཐར་ཁ་སྐོང་དང་མཆོད་བསྟོད་བྱ། ཉེར་བསྡུ་ནི་གཟུགས་སྣང་ཐམས་ཅད༴ སོགས་ནས་ཨ༔ ལྷར་ལྡང་ནི། སྐད་ཅིག་སྟོང་གསལ༴ སོགས་ངང་ནས་སྤྱོད། ཅེས་ཐུན་

མཚམས་ཀྱི་སྤྱོད་ལམ་བྱ། དེ་ནས་སྲོད་ཐུན་ལ་སྔོན་འགྲོ་སྐྱབས་སེམས་སོགས་མདོར་བསྡུས་ཙམ་དང་། དངོས་གཞི་བཟླས་པའི་བར་སྔར་བཞིན་བྱས་ལ། གྲུབ་ན་གཏོར་བསྔོ་བཀའ་བསྲུང་སྡེ་བདུན་རང་གཞུང་ལྟར་དང་། ལས་བྱང་ཆུང་བའི་ཚོགས་མཆོད་རྒྱས་པར་བྱེད། དེ་རྗེས་ལྷག་གཏོར་སོགས་དང་ཉལ་བའི་རྣལ་འབྱོར་གྱིས་ཉལ། དེའི་སང་ཞོགས་ཐོར་ཐུན་ལ་བབ་པ་ན། གཏི་མུག་གཉིད་དཀྲོག་གི་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ཤིང་། ལས་བྱང་གི་སྐྱབས་སེམས་ནས་བཟུང་བཟླས་པ་དང་ཐུན་མཚམས་ཀྱི་བར་སྔར་བཞིན་ནོ། །ཐུན་མཚམས་འདིར་དགེ་སྦྱོར་ཆག་མེད་ཀྱི་རིགས་ཡོད་ན་བྱེད། དེ་ནས་སྔ་ཐུན་ལ་སྐྱབས་སེམས་ཡན་ལག་བཅུ་པ་སྔོན་དུ་འགྲོ་བས་ལས་བྱང་གི་བཟླས་པའི་བར་སྔར་དང་ཁྱད་མེད། ཐུན་མཐར་མཆོད་བསྟོད་ཉེར་བསྡུ་ལྷར་ལྡང་སྔར་བཞིན་དང་། ཐུན་མཚམས་གུང་ཚིགས་སོགས་བྱེད། དེ་ནས་དགོངས་ཐུན་ནི་སྔར་གྱི་ཐུན་དང་ཁྱད་པར་མེད། སྲོད་ཐུན་ཡང་སྔར་བཞིན་ལས་བཟླས་པའི་རྗེས་སུ་ཚོགས་མཆོད་གཏོར་བསྔོ་བྱེད། དེ་ཡང་སྔོན་འགྲོ་རྣམས་ཐོར་ཐུན་གྱི་མགོར་རྒྱས་པ་དང་། རྗེས་ཆོག་རྣམས་སྲོད་ཐུན་གྱི་མཐར་རྒྱས་པར་བྱེད། ཐུན་བར་མ་རྣམས་ལ་སྔོན་འགྲོ་སྐྱབས་སེམས་ཙམ་གྱིས་ཆོག་གོ །བསྙེན་ཚད་རབ་རྟགས་མཚན་མཐོང་བ། འབྲིང་དུས་བསྙེན་ཟླ་བ་དྲུག །ཐ་མ་གྲངས་བསྙེན་ཏེ། དེ་ལའང་རབ་འབྲིང་ཐ་གསུམ་ལས། རབ་ནི་ཀུན་བཟང་ཡབ་ཡུམ་འབུམ་ཕྲག་དྲུག །རིགས་ལྔ་ཡབ་ཡུམ་ཁྲི་ཕྲག་རེ། སེམས་དཔའ་ཡབ་ཡུམ་ནས་སྒོ་བཞིའི་བར་སྟོང་ཕྲག་ལྔ་རེ། ཁྲག་འཐུང་གཙོ་བོ་ཡབ་ཡུམ་འབུམ་ཕྲག་བཅུ་གཅིག །ཁྲག་འཐུང་རིགས་ལྔ་ལ་ཁྲི་ཕྲག་རེ། གནས་ཡུལ་མན་ཆད་ལ་སྟོང་ཕྲག་ལྔ་རེ། སྤྱི་འཛབ་

འབུམ་ཕྲག་གསུམ་གྱི་མཐའ་བརྟེན་པའོ། །འབྲིང་པོ་ནི། ཀུན་བཟང་དང་ཆེ་མཆོག་ཡབ་ཡུམ་འབུམ་ཕྲག་རེ། གཞན་རྣམས་ཞོར་བཟླས། སྤྱི་འཛབ་འབུམ་ཕྲག་བཞི་ནས་ཉེར་བརྒྱད་བར་ཅི་འགྲོ། ཐ་མ་ནི་སྤྱི་འཛབ་ཁོ་ན་འབུམ་ཕྲག་བཞི་ལ་མ་མཐའ་བྱས་པའོ། །དེ་ལྟ་བུའི་གྲངས་བསྙེན་རྒྱས་པའི་སྐབས་སྒོས་བསྙེན་རྣམས་ཐུན་རེ་རེ་བཞིན་ཆ་བགོ་ན། ཐོར་ཐུན་ལ་རྒྱུན་གྱི་ཡི་དམ་ཆག་མེད་གང་ཡོད་བཏང་། ཐུན་གཞན་གསུམ་པོ་ལ་ཐུན་རེའི་ནང་དུ་གཙོ་བོ་ཡབ་ཡུམ་སྟོང་ཕྲག་བཞི་དང་སུམ་བརྒྱ་བཞི་བཅུ་ཐམ་པ་རེ། རིགས་ལྔ་ཡབ་ཡུམ་སྦྲེལ་བ་ཐུན་རེའི་ནང་བདུན་ཅུ་རེ། སེམས་དཔའ་ཡབ་ཡུམ་ནས་བཟུང་སྒོ་བ་ཡན་ཆད་ལ་སོ་ལྔ་རེ། དེ་ལྟར་བྱས་པས་ཞག་ལྔ་བཅུ་ཐམ་པས་སྒོས་བསྙེན་འགྲུབ། ཁྲོ་བོ་ཐུན་རེའི་ནང་དུ་གཙོ་བོ་ཡབ་ཡུམ་སྟོང་ཕྲག་དྲུག་དང་བརྒྱ་ཚོ་གཅིག་བཅུ་གསུམ་རེ། ཁྲག་འཐུང་ཡབ་ཡུམ་ལྔ་སྦྲེལ་བ་རེ་རེ་ལ་ལྔ་བཅུ་ང་བདུན་རེ། འཁོར་ཀོའུ་རི་མན་ཆད་ལ་ཉེར་བརྒྱད་རེ་བྱས་པས་ཞག་དྲུག་ཅུས་ཁྲོ་བོའི་སྒོས་འཛབ་འགྲུབ། དེ་རྗེས་སྤྱི་འཛབ་གཉིས་ཉིན་རེ་ཁྲི་གཉིས་རེ་བཟླས་པས་ཞག་བཅོ་ལྔས་འགྲུབ་བོ། དེའང་ཞི་བསྙེན་མ་སོང་བར་དེ་ཉིད་གཙོ་བོར་བཟླ། ཐུན་མཇུག་ཏུ་ཁྲོ་བོ་རྣམས་ཚར་གསུམ་རེ་ཙམ། ཞི་བསྙེན་ཐེམས་ནས་ཁྲོ་བསྙེན་གཙོ་བོར་བྱེད་སྐབས་ཐུན་མགོར་ཞི་བསྙེན་ཚར་གསུམ་རེ་ཙམ་བཟླ། ཐུན་རེ་བཞིན་བཟླས་གྲངས་ཁྲིགས་མ་མི་ནུས་ན། ཐོག་མར་ཀུན་བཟང་ཡབ་ཡུམ་གྲངས་ལ་ཐེམ་པར་བཟླ། གཞན་རྣམས་ཐུན་མཐར་གསུམ་ཙམ་རེ་བཟླས་པས་མཚོན། བཟླ་བྱ་དེ་ཉིད་གྲངས་བསོགས། གཞན་རྣམས་ཞར་བྱུང་ཅི་འགྲུབ་རེ་བྱས་ཀྱང་ཆོག་གོ །ཐུན་མཚམས་རྣམས་སུ་ཡིག་བརྒྱ་དབྱངས་གསལ་སྤེལ་ཚིག་ཅི་ནུས་

དང་། སྤྱི་དྲིལ་ཉིད་གྲངས་སུ་མི་བརྩི་བར་ཅི་འགྲུབ་བཟླས་པ་ཁ་སྐོང་དུ་འགྱུར་རོ། །དེ་ལྟ་བུའི་བསྙེན་པ་རབ་འབྲིང་ཐ་མ་གང་རུང་ཐེམ་ནས་བསྒྲུབ་པའི་ས་བཅད་ཙམ་བྱ་བ་གོང་མ་འགའ་ཞིག་གིས་བཞེད་པས། མདུན་རྟེན་དཀྱིལ་འཁོར་བུམ་པ་གཏོར་མ་སོགས་བཤམས། གཏོར་མཆོད་ཚོགས་ཀྱི་ཡོ་སྤྱད་སོགས་གང་འབྱོར་རྒྱས་པར་བྱས་ལ། ལས་གཞུང་བསྲངས་ཏེ་བདག་མདུན་དབྱེར་མེད་དུ་བསྒོམ། བཟླས་པའི་མགོར་སླེབས་པ་དང་། མདུན་རྟེན་གྱི་གོ་སར་འཛབ་ཁ་ཕྱེས་ཏེ་བདག་མདུན་གཉིས་ཀར་དམིགས་པའི་སྤྲོ་བསྡུ་བཅས་སྒོས་འཛབ་ཅི་འགྲུབ་བཟླ། སྤྱི་འཛབ་ཐུན་གྱི་དངོས་གཞི་བྱས་ལ་བཟླ། ཉིན་རེ་རེ་བཞིན་བཀའ་སྲུང་གཏོར་འབུལ་ཚོགས་བསྐང་རྒྱས་པར་བྱ་བ་ཞག་བདུན་ནམ་གསུམ་གྱི་མཐའ་བརྟེེན་པ་ཅི་འགྲུབ་བྱ། དེ་ལྟར་བསྙེན་བསྒྲུབ་གྲུབ་ནས་རྗེས་ཀྱི་བྱ་བ་ནི། སང་ཉིན་གྲོལ་རྒྱུའི་དགོང་ཐུན་ནས་བཟུང་མཆོད་གཏོར་གསར་དུ་བཤམ། བཟླས་པའི་སྐབས་མདུན་རྟེན་ལ་དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་སྤྱི་འཛབ། ཞི་བ་ལ་བྷོ་དྷི་ཙིཏྟ་དང་། ཁྲོ་བོ་ལ་རུ་ལུའི་མཐར་མ་མ་སརྦ་སིདྡྷི་ཧཱུྃ་ཕཊཿཅེས་བཏགས་པ་ཅི་ནུས་སུ་བཟླ་ཞིང་། དེ་ལྟ་བུའི་ཚུལ་གྱིས་གྲོལ་རྒྱུའི་སྔ་ཐུན་ལ་སླར་ཡང་མཆོད་གཏོར་རྒྱ་ཆེར་བཤམ། ལས་བྱང་རྒྱས་པར་བཏང་ནས་དངོས་གྲུབ་ལ་དམིགས་པས་བཟླས་པ་ཅི་ནུས་བྱ། ཆོས་སྐྱོང་སོགས་གཏོར་བསྔོ་དང་ཚོགས་མཆོད་བརྟན་སྐྱོང་གི་བར་དུ་སོང་ནས། མདུན་བསྐྱེད་ལ་མཆོད་བསྟོད་རྒྱས་པར་བྱ། ཡིག་བརྒྱ་མང་དུ་བཟླས་པས་ནོངས་པ་བཤགས། པད་གླིང་ལུགས་ཀྱི་ཧཱུྃ་རིག་རྩལ་ལྷུན་གྲུབ་སོགས་སམ། ཧཱུྃ་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས། །འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འགགས་མེད་གསུང་གི་དངོས་གྲུབ་སྩལ་དུ་གསོལ། །འཁྲུལ་

མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །འཕྲིན་ལས་འགྲོ་འདུལ་དངོས་གྲུབ་དངོས་གྲུབ་སྩལ་དུ་གསོལ། །སོགས་དངོས་གྲུབ་སྐུལ་ཚིག་གང་རུང་མཐར་རྩ་སྔགས་སྤྱི་འཛབ་ལ་ཀ་ཡ་སིིདྡྷི་ༀ་སོགས་བཏགས་པ་བརྗོད་ལ། མདུན་བསྐྱེད་དཀྱིལ་འཁོར་གྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་། བུམ་པ་གཏོར་མ་གནས་གསུམ་དུ་གཏུག །གཏོར་མའི་ལྷ་ཡང་འོད་དུ་ལྟེམ་གྱིས་ཞི་ནས་རང་ལ་ཐིམ་པར་བསམ། གཏོར་ཟན་དང་བུམ་ཆུ་མྱང་བས། བྱང་ཆུབ་སེམས་ཀྱི་དྭངས་མ་ལུས་ཀྱི་རྩ་ཁམས་ཐམས་ཅད་དུ་ཁྱབ་ཅིང་བདེ་ཆེན་གྱི་ཡེ་ཤེས་བཟོད་མེད་དུ་འབར་བར་བསམས་ལ། སྟོང་ཉིད་ཁྱབ་བརྡལ་ཆེན་པོར་མཉམ་བཞག་བྱ། རྗེས་ཆོག་ཤིས་བརྗོད་སྨོན་ལམ། མདུན་བསྐྱེད་རས་བྲིས་དང་རྟེན་ཡོད་ན་བརྟན་བཞུགས་བྱ། ཚོམ་བུ་ཡིན་ན་གཤེགས། བསྡུ་ལྡང་ཡན་གཞུང་ལྟར་ལ། ཞལ་ནས་གསུངས་པས་ཐོག་དྲངས་པའི་ཤིས་བརྗོད་ཐུན་མོང་མ་ཡིན་པའི་སྨོན་ལམ་མང་དུ་གདབ་ལ་མཐའ་རྒྱས་བྱ། ཁ་སྐོང་ཞི་བའི་སྦྱིན་བསྲེགས་སྤྱི་འཛབ་ཅི་ཙམ་བཟླས་པའི་བཅུ་ཆ་བླུགས། རྒྱལ་ཆེན་དང་ཕྱིའི་གཙང་རིས་ལ་གཏང་རག་མཆོད་གཏོར་ཕུལ་ནས་རང་གནས་སུ་གཤེགས། རྒྱལ་ཐོ་བཀྲོལ། གཏང་རག་ཚོགས་ཀྱི་དགའ་སྟོན་དང་གནས་བསྲུང་སོགས་མཚམས་གྱི་བྱ་བ་སྤྱི་ལྟར་ཤེས་པར་བྱའོ། །ལྷུན་གྲུབ་ཞི་ཁྲོ་ཡེ་ཤེས་ཕྱག་རྒྱ་ཡིས། །གཉིས་སྣང་འཁོར་ལོ་ཀུན་ལ་བཏབ་ནས་ཀྱང་། །གཞི་རྫོགས་དག་པ་རབ་འབྱམས་ཀློང་ཆེན་པོར། །འཁོར་འདས་གཉིས་མེད་ཐིག་ལེ་གཅིག་གྱུར་ཤོག །ཚུལ་འདིའང་བློ་ཆོས་སུ་ཅུང་ཟད་སོང་བའི་ཉམ་ཆུང་བློ་དམན་ཁ་ཅིག་རྒྱས་པ་ལག་ལེན་ཏུ་མི་

ཐེབས། བསྡུས་ཆེས་པས་བློ་ཁ་མ་ཚིམས་ཀྱང་འདི་བྱ་ངེས་པ་མ་རྙེད་པ་དག་མཐོང་བས་དེ་འདྲའི་རིགས་ལ་ངེས་པ་སྟེར་བྱེད་ཙམ་དུ་སངས་རྒྱས་གཉིས་པ་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྔགས་རིག་འཛིན་པ་པདྨ་ཀར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་ཞི་ཁྲོ་བདེ་གཤེགས་ཀུན་འདུས་ཀྱི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ། དགེའོ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་ནོར་བུའི་བང་མཛོད།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་ཡིག་ནོར་བུའི་བང་མཛོད་ཞེས་བྱ་བ་བཞུགས་སོ། །

བླ་མ་ལ་ཕྱག་འཚལ་ལོ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་མཚམས་བྱེད་པ་ལ་སྤྱིར་ཞི་བར་བསྙེན་ཅིང་ཁྲོ་བོར་བསྒྲུབ་པ་ཡོངས་ལ་གྲགས་ཆེ་ཞིང་། དོང་སྤྲུག་དང་སྒྱུ་འཕྲུལ་སོགས་ཀྱི་བསྙེན་པ་ཡང་དེ་ལྟར་བྱེད་པ་བརྒྱུད་པ་གོང་མའི་ཕྱག་བཞེས་དང་འབྱོར་ཆེ་བས་དེ་ལྟར་ཕྱག་བཞེས་ལ་ཡོད་འདུག་པ་ལྟར་འདིར་ཡང་ཞི་ཁྲོ་ཐ་དད་དུ་བསྙེན་པ་དོན་ལ་གནས་རྒྱུ་ུཡིན་འདུག་རུང་། ལས་བྱང་ཆེ་ཆུང་དང་ད་ལྟར་རང་རེའི་ཚོགས་འདོན་གྱི་ཕྱག་ལེན་བཞིན་ཞི་ཁྲོ་ཟུང་འཇུག་དུ་སྒྲུབ་ཀྱང་འགལ་བ་མེད་པར་མ་ཟད། ཡོ་ག་གོང་མའི་དགོངས་པ་དང་འབྱོར་ཆེ་བས་དེ་ལྟར་བསྙེན་པ་བྱེད་རྒྱུའི་གོ་དོན་ཅུང་ཟད་བཤད་ན། སྤྱིར་བསྙེན་སྒྲུབ་སོགས་ཉམས་ལེན་གང་བྱེད་ཐུན་དུ་གཅོད་པ་ནི། ཉམས་ལེན་དགེ་སྦྱོར་གནད་དུ་འགྲོ་བའི་ཐབས་ཁྱད་པར་ཅན་ཡིན་ཞིང་། དེ་ཡང་ཐུན་བཞི་བྱེད་པ་ཕྱག་ལེན་ལ་བདེ་བས་ཐོར་ཐུན་དང་སྔ་ཐུན། ཕྱི་ཐུན་དང་སྲོད་ཐུན་བཞི་ལས། ཐོ་རེངས་དུས་གཏི་མུག་གཉིད་སྐྲོག་ནས་སྔོན་འགྲོ་རང་རྒྱུད་སྦྱོང་བའི་སྐོར་རྒྱས་པར་གཏོང་ཞིང་། སྔོན་གཏོར་གཉིས་ཡོད་དམ་མེད་ཀྱང་རུང་སྟེ། མཚམས་གཅོད་ནས་བཟུང་ལས་བྱང་ཆེ་ཆུང་གང་བྱེད་གཞུང་ལྟར་ལ་བསྐྱེད་རིམ་གྱི་སྐབས་ཚོགས་གྲལ་གྱི་འདོན་པ་ལྟར་ཧྲུག་འདོན་ཁོ་ན་བྱས་པ་གནད་དུ་མི་འགྲོ་བས་མཆོད་པ་བྱིན་རླབས་ཚར་

འཕྲོ་ལ། རང་སེམས་ཁོང་ཀློད་དེ་ཆགས་སྡང་རྨོངས་གསུམ་ལ་སོགས་པའི་རྟོག་པའི་རྗེས་སུ་མི་འབྲང་བར་རང་གི་ཉམས་ལེན་གང་ཤེས་དེ་གའི་ངང་དུ་ཡུན་རིང་ཙམ་མཉམ་པར་བཞག །འདི་སྐབས་རྣམ་རྟོག་འོག་འགྱུའི་འབྲེལ་ཆོད་ངེས་ཤིག་མ་བྱས་ན་ཆོ་གའི་དངོས་གཞི་ཚང་མ་འཁྲུལ་འབྱམས་ཀྱི་དབང་དུ་འགྲོ་བས་རིག་པ་ཧུར་བསྐྱེད། འཁྲུལ་རྟོག་རྦད་ཆོད་དུ་བཏང་། སེམས་བཟོ་མེད་ཀྱི་ངང་དུ་མཉམ་པར་བཞག་པ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ཡིན། དེའི་ངང་ལ་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་དམིགས་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཅུང་ཟད་ཅིག་བསྒོམ་པ་ཀུན་སྣང་གི་ཏིང་ངེ་འཛིན་ཡིན། རྟོག་མེད་ཀྱི་ངང་ལས་སྙིང་རྗེ་དེས་འཕེན་བྱེད་བྱས་ནས། རང་གི་སེམས་ཀྱི་ངོ་བོ་ཡི་གེ་ཨཱཿམཐིང་ནག་གསལ་འཚེར་འོད་དུ་འབར་བ་རྟེན་མེད་པའི་ནམ་མཁའ་སྟོང་པའི་དབྱིངས་ན་ལིང་ངེར་གནས་པ་ལ་སེམས་བཟུང་བ་རྒྱུའི་ཏིང་ངེ་འཛིན་ཡིན། ཏིང་ངེ་འཛིན་རྣམ་པ་གསུམ་འདི་བསྐྱེད་རིམ་ཐམས་ཅད་ཀྱི་གཞི་མ་གནད་ཆེ་ཤོས་ཤིག་ཡིན་པས་འདོན་ཞོར་ལ་གཤར་སྒོམ་ཙམ་བྱས་པས་མི་འཐུས་པས་དང་པོའི་རིང་ཡུན་རིང་རེར་མཉམ་པར་བཞག་ནས་བསྒོམ་པ་གལ་ཆེའོ། །སྒོམ་ནུས་ན་ཡི་གེ་ཨའི་ཏིང་ངེ་འཛིན་འདི་ཁོ་ནས་ཀྱང་ཐུན་མོང་གི་གྲུབ་པ་བརྒྱད་སྒྲུབ་ནུས་པ་ཡིན་པས། ཕྲ་བ་ཡིག་འབྲུ་ལ་བསླབ་པ་འདི་གལ་ཆེའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་པོ་འདིའི་དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་འདི་འཆི་བའི་བག་ཆགས་སྦྱོང་བྱེད་ཡིན། སངས་རྒྱས་ཆོས་སྐུའི་གོ་འཕང་ཐོབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན། གཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་འདི་བར་དོའི་སྲིད་པ་སྦྱོང་བྱེད་ཡིན། ལོངས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན། གསུམ་པ་ཨའི་

ཏིང་ངེ་འཛིན་འདི་སྐྱེ་བ་ལེན་པའི་སྲིད་པ་སྦྱོང་བྱེད་ཡིན། སྤྲུལ་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན། བསྐྱེད་རིམ་དངོས་གཞི་སྒོམ་སྐབས་ཀྱང་དེ་བཞིན་ཉིད་ཏིང་ཉམས་ལེན་གྱི་ངང་དང་། ཀུན་སྣང་སྙིང་རྗེའི་འཕེན་བྱེད་གཉིས་པོ་མ་བྲལ་བའི་དེའི་ངང་ལས་བསྐྱེད་རིམ་ལྷའི་གསལ་སྣང་ཅི་ཐོན་དགོས་རྒྱུ་ལས། དེ་ཏིང་དང་ཀུན་སྣང་གཉིས་པོ་སྔ་སོར་བསྒོམ་ཙམ་བྱས་ནས་བསྐྱུར་བས་ནི་མི་ཆོག་གི་དེ་ཏིང་དང་ད་ལྟའི་གསལ་སྣང་མ་བྲལ་བ་དེ་གསལ་སྟོང་ཟུང་འཇུག་གམ། ཟབ་གསལ་དབྱེར་མེད་དམ་བསྐྱེད་རྫོགས་ཟུང་འཇུག་ཡིན། དེའི་སྙིང་རྗེའི་འཕེན་བྱེད་མ་བྲལ་བ་དེ་ཐེག་ཆེན་གྱི་ལམ་གྱི་དངོས་གཞི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཟེར་བ་དེ་ཡིན་པས། དེ་ཏིང་ཀུན་སྣང་གཉིས་པོ་འདི་ལས་གལ་ཆེ་བ་མེད་ངེས་ཅན་ཡིན་པས་བརྗེད་མི་ཉན། དེ་ནས་རྟོག་བྲལ་སྒོམ་མེད་དེ་བཞིན་ཉིད༔ སོགས་བསྐྱེད་རིམ་གསལ་འདེབས་ཀྱི་ཚིག་རྣམས་རིམ་པར་འདོན་སྐབས་སུ་དལ་བུས་འདོན་སྒོམ་སྦྲགས་ཤིང་གཙོ་བོར་སེམས་ཀྱི་དམིགས་པ་ལ་སེམས་གཏོད་པ་ལས་འདོན་རྟ་སོགས་ལ་བསམ་བློ་མི་གཏོང་བར། བསྐྱེད་རིམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ་ཟེར་བ་དེ་ཡིན་པས་བྲེལ་འདོན་མི་བྱེད་པར་སེམས་ལྷོད་ཕབ་ནས་ཚིག་རེ་རེ་བཞིན་དམིགས་འདོན་ཡ་མ་བྲལ་བར་བྱ། སྐབས་སུ་ཡེངས་ཤོར་ན་ཡང་བསྐྱར་མགོ་ནས་བཟུང་ཕྱིར་ལོག་བརྒྱབ། དེ་ལྟར་བྱས་ན་ཕྱིན་ཆད་ཡེངས་མི་འཆོར་བ་ལའང་ཕན་ནོ། །ལྷ་སྒོམ་དངོས་གཞི་ལས་བྱང་ཆེ་བ་ལྟར་ན་ཡི་གེ་སྤྲོས་ཏེ་བསྐྱེད་པ་འབྲུ་བསྐྱེད་དང་། ཆུང་བ་ལྟར་ན་ས་བོན་མེད་པར་ཐོལ་བསྐྱེད་དེ་གང་ལྟར་ཡང་འདྲ་བར་འབྱུང་བ་རིམ་བརྩེགས་དང་། གཞལ་ཡས་ཁང་བསྐྱེད་པ་གཞུང་ལྟར་ལ། གདན་རྣམས་ཀྱང་གཞལ་ཡས་ཁང་དང་མཉམ་དུ་བསྐྱེད་དེ་འཕྲལ་རང་སེམས་

ཨཱཿཡིག་ཕོ་བྲང་དབུས་ཀྱི་གདན་སྟེང་དུ་བབས་པ་སྐད་ཅིག་གིས་ཀུན་བཟང་ཡབ་ཡུམ་དུ་བསྐྱེད། དེ་ནས་རིམ་བཞིན་རིགས་ལྔ་སེམས་དཔའ་ཐུབ་དྲུག་སྒོ་བ་རྣམས་གསལ་བཏབ། རྣམ་སྣང་ཡབ་ཡུམ་ཀུན་བཟང་ཡབ་ཡུམ་ཐོད་བརྩེགས་སུ་བསྒོམ་པ་མཆན་བུ་ལ་ཡོད་པ་ལྟར་རམ། ཡང་ན་རྣམ་སྣང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པ་གང་ལྟར་བྱས་ཀྱང་མི་འགལ་ལ། བདག་པོ་ཀུན་བཟང་འཁོར་ལོས་བསྒྱུར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །ཞེས་པ་ལྟར། ཀུན་བཟང་གི་མདུན་དུ་རྣམ་སྣང་བསྒོམ་ཀྱང་ཆོག་པར་སེམས། གང་ལྟར་ཡང་རིགས་ལྔ་རྣམས་དང་སེམས་དཔའ་ཡབ་ཡུམ་བཅས་ཚོམ་བུ་སོ་སོའི་ལྷ་རྣམས་ཕྱོགས་ཕྱོགས་ནས་གཙོ་བོ་ལ་ཞལ་ཕྱོགས་པ་དང་། སྒོ་བ་རྣམས་སྒོ་ནང་ནས་ཞལ་ཕྱིར་ཕྱོགས་པ་ལྟར་བཞུགས་པར་སྒོམ། ཁྲོ་བོའི་ལྷ་ཚོགས་རྣམས་སྟེང་ཁང་ན་བཞུགས་པ་དང་ཞི་བ་དང་ཁྲོ་བོ་བསྲེ་ནས་བསྒོམ་པ་སོགས་སྣ་ཚོགས་མཛད་འདུག་པ་གང་ལྟར་བྱས་ཀྱང་ཆོག་མོད་ཀྱི་གཞལ་ཡས་ཁང་གཅིག་པོ་དེར་སྟེང་འོག་བྱས་ནས་སྒོམ་པ་རང་ལུགས། ངན་སོང་སྦྱོང་བ་སོགས་དང་མཚུངས་ཤིང་རྗོགས་ཆེན་སྐབས་གཞི་གནས་ཀྱི་དཀྱིལ་འཁོར་བཤད་པ་དང་མཚུངས་པས། དེ་ལྟར་བྱེད་ཚེ་ཞི་བའི་ལྷ་ཚོགས་ཀྱི་དབུའི་སྟེང་གཞལ་ཡས་ཁང་གི་ནང་གི་བར་སྣང་ལ། རང་བྱུང་རང་ཤར་གྱི་དཀྱིལ་འཁོར་གྱི་སྒྲས་བསྟན་པ་ལྟར་གྱི་དབུས་དང་ཕྱོགས་སོ་སོར་ཁྲོ་བོ་བསྐྱེད་པ་ཡིན། དེ་ཡང་ལས་བྱང་ཆེ་བ་ལྟར་ན་དབུས་སུ་ཆེ་མཆོག་དང་། བུདྡྷ་ཧ ེ་རུ་ཀ་གཉིས་ཀ་དང་། ཆུང་བ་ལྟར་ན་བུདྡྷ་ཧེ་རུ་ཀ་ཁོ་ན་དང་། རྒྱལ་བ་རིགས་བཞིའི་དབུའི་སྟེང་གི་བར་སྣང་ལ་ཁྲག་འཐུང་རིགས་ལྔ་དང་། དེའི་ཕྱི་རོལ་ཀཽ་སེང་སྒོ་མ་སོགས་བསྐྱེད།

དེའི་ཕྱིར་དབང་ཕྱུག་རྣམས་ཀྱང་ཕྱོགས་བཞིར་བདུན་རེ་བསྐྱེད་དེེ་འདི་ཞི་བ་རྣམས་དང་ཐོ་བརྩེག་མར་བྱས་ནས་མི་བསྒོམ་པར། སྟེང་གི་བར་སྣང་ལ་ཡར་བཀྱེད་ནས་མེ་རི་དང་མེ་དཔུང་གི་ཀློང་ན་བཞུགས་པར་བསྒོམ་པ་ཡིན། །མདུན་བསྐྱེད་བུམ་བསྐྱེད་གཉིས་དང་པོ་བསྙེན་པའི་ཚེ་མི་དགོས་པས་བདག་བསྐྱེད་ཁོ་ན་དང་། དེ་ལས་ཀྱང་དང་པོ་གཙོ་བོ་ཡབ་ཡུམ་ལ་སེམས་འཛིན་པ་གལ་ཆེ། བསྐྱེད་རིམ་གྱི་དོན་པོ་ལྷ་ལ་སེམས་འཛིན་པ་ཞི་གནས་སྒྲུབ་པའི་ཐབས་ཁྱད་པར་ཅན་ཡིན་པས་རྟོགས་པ་ཀློང་དུ་གྱུར་པའི་ཆོས་སྐད་ཀྱིས་མཐོ་གཏམ་མི་བྱེད་པར་རྣམ་པ་གསལ་བ་ལ་རིག་པ་གཅུན་ནས་བསྒོམ་པ་གལ་ཆེ། ཚོགས་བསགས་སྐོང་ཆོག་དང་འབྲེལ་སྐབས་དང་། སྒྲུབ་པ་དང་སྒྲུབ་ཆེན་གྱི་ཚེ་མདུན་བསྐྱེད་དགོས་ཀྱང་། ཆོ་ག་གཅིག་པོ་དེའི་ཁོང་ནས་བདག་མདུན་མཉམ་བསྐྱེད་བྱེད་པ་ཡིན། གཞན་དོན་དབང་བསྐུར་གནས་འདྲེན་སོགས་དང་བདག་འཇུག་སོགས་ཀྱི་ཚེ་བུམ་བསྐྱེད་ཀྱང་དགོས་པས་གསུམ་པོ་ཆོ་ག་གཅིག་པོ་དེའི་ཁོང་ནས་བསྐྱེད་པ་ཡིན་ཏེ། བསྐྱེད་ཚུལ་ཁྱད་པར་མེད་པས། །བདག་བསྐྱེད་མདུན་བསྐྱེད་ཐོལ་བསྐྱེད་དང་། །འབྲུ་བསྐྱེད་བུམ་བསྐྱེད་གང་བྱེད་ཀྱང་། །བསྒོམ་ཁོག་བློ་ལ་བྱང་བ་གཅེས། །གསུངས་པ་ཡིན། དེ་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་འདོན་སྒོམ་སྦྲགས་ནས་བྱེད། ཕྱག་དང་མཆོད་པ་སོགས་ཀྱི་སྐབས་འཕྲུལ་དགའི་ལྷ་རྣམས་རང་གི་སྤྲུལ་པའི་ལོངས་སྤྱོད་ལ་ལོངས་སྤྱོད་པ་ལྟར་ལས་ཕྱག་འཚལ་མཁན་དང་འཚལ་ཡུལ་ཐ་དད་དུ་མི་དགོས། ཕྱག་ཅེས་པ་ཡང་ལུས་ངག་ཡིད་གསུམ་གུས་པར་འདུད་པའི་དོན་ཡིན་པས་འཚལ་མཁན་དམིགས་བསལ་མི་དགོས། མཆོད་པ་རྣམས་ཀྱང་དཀྱིལ་འཁོར་

གྱི་འདོད་སྣམ་ལ་འཁོད་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་མོས་པ་ཡིན། བསྟོད་པ་འདི་རྣམ་དག་དྲན་པའི་དོན་པོ་ཡིན་པས་ཚིག་དོན་ལ་སེམས་གཞོལ་ནས་ལྷར་སྣང་གི་རྣམ་པ་དེ་དག་ཀྱང་དོན་ལ་ཡེ་ཤེས་ལྔ་ལ་སོགས་པའི་རྣམ་རོལ་ལམ་མཚོན་པའི་བརྡར་ཤར་བ་ཙམ་ལས། འཇིག་རྟེན་གྱི་སྣོད་བཅུད་རང་མཚན་པ་ལྟ་བུ་མེད་པའི་དོན་ལ་ངེས་ཤེས་འདྲོང་པར་བྱ། བཟླས་པའི་ཚེ་ལྷ་ཚོགས་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང་། ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་སྲན་མ་ཁ་བཀས་པ་ཙམ་ཀྱི་ཆུང་ངུ་རེའི་སྟེང་དུ་རང་སྲོག་གི་ས་བོན་སྤུས་བྲིས་པ་ལྟ་བུ་ཕྲ་མོ་རེ་སྔགས་ཕྲེང་གིས་བསྐོར་བར་བསྒོམ་པ་ཡིན། འདི་རྣམས་ཅི་ཙམ་ཕྲ་ན་སེམས་ཟིན་པ་ལ་ཕན་པ་ཡིན། བདག་བསྐྱེད་ཁོ་ན་ལས་མེད་ཚེ་མདུན་བསྐྱེད་ཀྱི་ལྷ་ལ་ཕོག་ཅེས་པའི་ཚིག་བསྒྱུར་ནས་བདག་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྤྲོ་བསྡུ་བྱེད་པ་ཡིན་ཀྱང་། དང་པོ་སྔགས་ཕྲེང་རང་ལ་སེམས་འཛིན་པ་ལས་སྤྲོ་བསྡུ་མང་པོ་མ་བྱས་ཀྱང་ཆོག་པ་ཡིན། སྔགས་བཟླས་པའི་ཚེ་སྔགས་འབྲུ་རྣམས་ཀྱང་རང་སྒྲ་ཏི་རི་རི་སྒྲོགས་པ་དང་། ལྷ་ཚོགས་ཐམས་ཅད་ཀྱིས་ཀྱང་ཞལ་ནས་སྔགས་ཀྱི་སྒྲ་འུར་དིར་རེ་གསུང་ཤིང་སྐྱེ་འགྲོ་རྩི་ཤིང་ལ་སོགས་པ་ཐམས་ཅད་ཀྱང་ལྷའི་རང་བཞིན་དུ་གྱུར་ནས་སྔགས་ཀྱི་སྒྲ་འུར་དིར་རེ་སྒྲོག་པར་བསམ་པ་ཕན་ཡོན་དང་ནུས་པ་ཆེ་བ་ཡིན། དེ་དག་ཐམས་ཅད་ཀྱི་སྐབས་སུ་བསྐྱེད་རིམ་ལ་བརྟེན་ནས་ཐ་མལ་ཀྱི་སྣང་ཞེན་སྦྱོང་བ་ལམ་སྒོམ་པའི་དོན་འབྲས་ཡིན་པས། དེ་ལ་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་དང་གསུམ་ཡོད། དེ་ཡང་དང་པོ་སྣང་ཞེན་ཞེས་པ་དེ་ལ་སྣང་བ་དང་ཞེན་པ་གཉིས་ཡོད་པས། དང་པོ་སྣང་བ་ནི། རང་གི་དབང་པོ་ལྔ་ཡི་ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་ཡིད་ཡུལ་དུ་ཆོས་

ཁམས་ཀྱི་རྣམ་རྟོག་སྣང་བ་ཡིན་པས། དེ་སྦྱོང་བྱེད་དུ་རྣམ་པ་གསལ་བ་གསུང་སྟེ། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། སྒྲ་གྲགས་སྔགས་ཀྱི་རང་བཞིན་དུ་གསལ་ནས་སེམས་ཡུལ་ལ་མི་འཕྲོ་བ་དེ་ཡིན། ཞེན་པ་ཞེས་པ་ལ་ཡང་། བདག་ཏུ་ཞེན་པ་དང་། དངོས་པོར་ཞེན་པ་གཉིས་ཡོད་པས། དང་པོ་བདག་ཏུ་ཞེན་པ་ནི་ཐོག་མ་མེད་པའི་དུས་ནས་ངའོ་སྙམ་པའི་ངར་འཛིན་འདི་ཡིན་པས། དེའི་གཉེན་པོ་ང་རྒྱལ་བརྟན་པ་གསུངས་ཏེ་ང་བདག་ཐ་མལ་དུ་འཛིན་པ་དོར་ནས། ཡི་དམ་གྱི་ལྷ་ཡིན་ནོ་སྙམ་པའི་ངེས་ཤེས་བརྟན་པོ་བྱེད་པ་དེ་ཡིན། རྣམ་པ་གསལ་བ་དང་ང་རྒྱལ་བརྟན་པ་འདི་གཉིས་ལས་ང་རྒྱལ་བརྟན་པ་འདི་གལ་ཆེ་སྟེ། རང་ལྷ་ཡིན་པའི་ངེས་ཤེས་མེད་ན་རྣམ་པ་གསལ་བ་ཡང་རྒྱུད་ཐ་མལ་བ་ཡིན་པས་དོན་མེད། རང་ངེས་པར་ལྷ་ཡིན་པའི་ང་རྒྱལ་ཡོད་ན། བདག་འཛིན་འཇིག་ཅིང་རྣམ་པའང་ཤུགས་ཀྱིས་གསལ་འོང་བ་ཡིན། དངོས་པོར་ཞེན་པ་ཞེས་པ་དེ་སྣོད་བཅུད་དུ་སྣང་བའི་བདེན་བདེན་རྟག་རྟག་ཏུ་ཡོད་པར་ཞེན་པའི་ཨ་འཐས་ཆོས་ཀྱི་བདག་ཟེར་བ་དེ་ཡིན་པས། དེའི་གཉེན་པོར་རྣམ་དག་དྲན་པ་གསུངས་ཏེ་སྣོད་བཅུད་ལྷ་དང་གཞལ་ཡས་སུ་སྣང་བ་དེ་ཡང་དོན་ལ་དེ་ལྟ་བུའི་ལྷ་དང་གཞལ་ཡས་ཁང་དུ་གྲུབ་པ་མེད་དེ། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་ཡོན་ཏན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་རང་བཞིན་གཞལ་ཡས་ཁང་དང་། ཡེ་ཤེས་ལྔ་མཚོན་པའི་རིགས་ལྔ་དེ་ཡང་ཆོས་སྐུ་སྐྱེ་བ་མེད་པ་མཚོན་ཕྱིར་ཞལ་གཅིག །ཐབས་ཤེས་མཚོན་པའི་ཕྱག་གཉིས་ལ་སོགས་པའི་བརྡ་ཙམ་མམ་རྣམ་པ་ཙམ་ཡིན་པས། དོན་ལ་ལྷ་དང་ཞལ་ཕྱག་སྐུ་མདོག་ཕྱག་མཚན་སོགས་བདེན་གྲུབ་ཏུ་འཛིན་པའི་ཞེན་པ་སྦྱོང་བ་ཡིན་པས། འདི་གསུམ་

གལ་ཆེ་བས་རེས་མོས་ཀྱིས་བློ་སྦྱོང་། འདི་རྣམས་མཚན་ཉིད་ཀྱི་ཐེག་པ་ལྟར་སྣང་བའི་གཉེན་པོ་རྡུལ་ཕྲན་དུ་བསིལ་བ་སོགས་དང་བདག་གི་གཉེན་པོ་བདག་མེད་བསྒོམ་པ་སོགས་སྤང་གཉེན་འགལ་བར་སྤྱོད་པ་མ་ཡིན་ཏེ། གསང་སྔགས་ཐབས་ལ་མཁས་པའི་ཁྱད་པར་གྱིས། དཔེར་ན་རྣ་བར་ཆུ་སོང་ཚེ་ཆུ་བླུགས་ནས་འདོན་པ་དང་། མེས་ཚིག་པའི་ཟུག་ངུ་སླར་མེ་ལ་སྲོ་བ་ལྟར། འཁྲུལ་སྣང་གི་གཉེན་པོ་ལྷར་སྣང་བ་དང་། བདག་ཏུ་ང་རྒྱལ་བའི་གཉེན་པོར་ལྷའི་ང་རྒྱལ་བསྐྱེད་པ་སོགས། རྣམ་རྟོག་གི་གཉེན་པོར་རྣམ་རྟོག་བསྒོམས་པས་མ་དག་པའི་རྣམ་རྟོག་མེད་པར་བྱེད་པ་སྔགས་གྱི་ཐབས་མཁས་ཡིན་པས་ཐབས་བསྐྱེད་པའི་རིམ་པ་ཟེར་དོན་ཡང་དེ་ཡིན་ནོ། །རྣམ་རྟོག་དང་ཉོན་མོངས་པ་མི་སྤོང་ཟེར་བ་འདི་ལྟ་བུ་ལ་ཟེར་བ་ཡིན་གྱི། རང་བཞིན་ཐ་མལ་བའི་རྣམ་རྟོག་དང་ཉོན་མོངས་མི་སྤོང་ཟེར་བ་མིན་པ་ཤེས་དགོས། དེ་ལྟར་བསྒོམ་པའི་ཚེ་ཤེས་པ་མི་གསལ་བ་དང་། བྱིང་ཞིང་འཐིབ་པ་དང་། སྒོམ་སྙིང་མི་འདོད་པ་སོགས་བྱུང་ན་ཤེས་པ་ཧུར་བཏོན། བློ་ཤོང་ཡངས་བསྐྱེད། ལྷའི་རྣམ་པ་སྐུ་མདོག་ཕྱག་མཚན་ལྟ་བུའི་ཕྱོགས་སུ་ཤེས་པ་གུད་དུ་མི་གཅོད་པར་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་འོད་དང་འོད་ཟེར་གྱི་རང་བཞིན་བཀྲ་ལམ་ལམ། གཡོ་འགུལ་ཤིག་ཤིག །སྒྲ་གྲགས་སྔགས་གྱི་རང་བཞིན་དུ་འུར་དིར་དིར། དྲན་རྟོག་ཆོས་ཉིད་ཀྱི་རང་བཞིན་དུ་ཕྱ་ལ་ལ་བཏང་སྟེ་ཧཱུྃ་གླུ་ལེན་ཞིང་ཤེས་པ་རྒྱ་བསྐྱེད་དཔང་བསྟོད། རྟོག་ཚོགས་དུམ་བུར་རྦད་རྦད་བཅད། ཧ་ཅང་གནས་ན་མི་གནས་ན། གསལ་ན་མི་གསལ་ན་སྙམ་པའི་གུ་དོག་སྤངས་ཏེ་ཁྲོ་ལེར་བསྒོམ། ཡང་ཤེས་པ་ཧ་ཅང་རྒོད་པ་དང་འཕྲོ་བ་རྒྱ་འབྱམས་ན་བསྙེན་པ་སོགས་བཟླས་པ་ཅུང་ཟད་མཚམས་བཅད། རླུང་རོ་བུས། ཤེས་པ་ལྷོད་ཀྱིས་ཀློད་ནས་རང་ངོ་ཅེར་

གྱིས་བལྟས། དེའི་ངང་ནས་ཐུགས་སྲོག་ས་བོན་ལ་དམིགས་པ་གཅུར་ཏེ་སེམས་གཏད་དེ་བསྒོམ། ཧ་ཅང་དམིགས་པ་སོགས་ཨེ་གསལ་རེ་དོགས་ཆེ་བའི་གུ་དོག་དང་གསལ་མ་གསལ་མེད་པ་ཁ་ཁྲལ་འཇལ་བ་ལྟ་བུའི་གུ་ཡངས་གཉིས་ཀ་མི་བྱ་བར་གུ་ཡངས་དོག་ཚོད་ཟིན་པར་བྱ། སྐབས་སྐབས་སུ་དེ་ལྟར་ལྷ་སྒོམ་པ་དང་། རྣམ་པ་གསལ་མི་གསལ་སོགས་ཀྱི་བྱེད་པོ་ཁོ་རང་གི་ངོ་ལ་ཁ་ཚུར་ལོག་ནས་བལྟ། དེ་ཡང་བལྟ་བྱ་དང་ལྟ་མཁན་ལ་སོགས་པའི་རྟོག་པ་ཕྲ་མོ་རྒྱ་ཁྲོལ་ལེ་བཏང་ནས་གང་ཡིན་དང་འདི་ཡིན་མེད་པས་ཤེས་པ་ཧ་གད་དེ་བ་དེའི་ངང་བསྐྱང་། དེ་ལྟར་དགོངས་པ་མི་འགྱུར་བ་ཆོས་ཉིད་ཀྱི་གཟེར་དང་། ཏིང་ངེ་འཛིན་ལྷའི་གཟེར་གཉིས་རེས་མོས་ཟུང་འཇུག་བློས་གང་འཆུན་བྱེད་ཅིང་། དེ་དག་ཀུན་གྱི་དུས་སུ་བཟླས་པ་སྔགས་ཀྱི་གཟེར་རྩ་བསྙེན་རྒྱུན་ཆད་མེད་པར་བཟླ། ཐུན་འཇོག་ཁ་དང་བསྙེན་མཚམས་གྲོལ་སྐབས་རྣམས་སུ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་འོད་ཟེར་སྤྲོ་བསྡུ་སོགས་བསྙེན་ཡིག་རྣམས་ནས་བཤད་པ་ལྟར་བྱེད་པ་ནི་སྲོག་སྡོམ་གཟེར་བཞི་ཞེས་སྔ་འགྱུར་རྙིང་མའི་ཆོས་སྐད་ཨོ་རྒྱན་སངས་རྒྱས་གཉིས་པའི་མན་ངག་ཐུན་མོང་མ་ཡིན་པ་ཡིན་པས་ཅིས་ཀྱང་གལ་ཆེ། ལྷ་བསྒོམ་པའི་དུས་སུ་བརྗེད་རྐྱེན་པ། རྟོག་པ་སྔར་ལས་མང་བ་ལྟ་བུ་དང་། སྤྱིར་བསྙེན་མཚམས་སོགས་ལ་བསྡད་ནས་ལུས་ངག་ཡིད་གསུམ་ལ་མི་བདེ་བ་འཚུབ་ཟིང་ངེ་བ་ལངས་འོངས་བ་ལྟ་བུ་{ཞིག་ཡོད་པ་དེའི་སྐྱོ་སུན་ཡིད་མུག་བྱེད་མི་ཉན། བསྐྱེད་རིམ་སྒོམ་རིམ་སྒོམ་པའི་ཚེ་རྣམ་རྟོག་སྔར་བས་མང་བ་འཆར་བ་ལྟ་བུ་}གཡོ་བའི་ཉམས་རི་གཟར་ཀྱི་འབབ་ཆུ་ལྟ་བུ་ཟེར་བ་ཡོན་ཏན་མགོ་མ་སྐྱེས་པ་ཡིན་པས་སྐྱོན་དུ་མི་བལྟ། ཐུན་མཚམས་རྣམས་སུ་ཐུན་འཇོག་ཁར་ལྷར་སྣང་རྣམས་མཐའ་ནས་རིམ་པར་བསྡུ་བ་རིམ་བསྡུ་དང་། འཇའ་ཚོན་ནམ་མཁའ་རུ་ཡལ་བ་ལྟ་

བུར་བསྡུ་བ་འཇའ་ཡལ་ལམ། ཡང་ན་སྔ་མ་རྗེས་གཞིག་དང་ཕྱི་མ་རིལ་འཛིན་ཟེར་བ་ཡིན་པས་གང་ལྟར་བསྡུས་ཀྱང་འདྲ། ཡང་ལས་དང་པོ་པའི་ཚེ། རྗེས་གཞིག་བྱེད་པ་གལ་ཆེ་བས་ཕྱི་སྣོད་གཞལ་ཡས། གཞལ་ཡས་འཁོར། འཁོར་རྣམས་གཙོ་བོ། གཙོ་བོ་ཡང་རིམ་གྱིས་སྔགས་ཕྲེང་། དེ་ཐུགས་སྲོག །ཐུགས་སྲོག་དེ་ཡང་ཇེ་ཕྲར་མི་དམིགས་པའི་ངང་ལ་ཅུང་ཟད་མཉམ་པར་བཞག །དེ་ལས་སླར་ཡང་རྒྱུན་སྤྱོད་ཀྱི་ལྷ་གཙོ་བོ་ཡབ་ཡུམ་གསང་ཆེན་རིགས་གཅིག་ཡིན་ལ་རིགས་བརྒྱ་འདུས་པའི་ངོ་བོར་ངེས་ཤེས་བསྐྱེད། བསྡུ་རིམ་འདི་ཡང་འཆི་ཁའི་ཉམས་ལེན་ཁྱད་པར་ཅན་ཡིན་པས་ཐུན་ཐམས་ཅད་ཀྱི་མཇུག་ཏུ་བྱེད་དགོས། ལྷའི་གསལ་སྣང་ལ་ཞེན་པ་ཡོད་ན་ཅིས་ཀྱང་བསྡུ་རིམ་བྱེད་དགོས། ཡོ་ག་གོང་མ་པ་རྣམས་གཤེགས་གསོལ་མི་བྱེད་པ་ལྟར་བསྡུ་རིམ་ཡང་མི་བྱེད་པ་ནི་གནད་མ་གོ་བའི་རྟགས་ཡིན། བསྡུ་རིམ་རིམ་བསྡུ་བྱས་ནས་སྙིང་དབུས་ཀྱི་ཐུགས་སྲོག་ལ་སེམས་བཟུང་ནས། དེ་ཡང་མི་དམིགས་པའི་ངང་ལ་འཇོག་པས་འཆི་དུས་ཀྱི་འབྱུང་བ་ཐིམས་རིམ་སོགས་དང་ཆོས་མཐུན་ཞིང་། གོམས་པ་བརྟན་ན་སྣང་མཆེད་ཐོབ་གསུམ་ཀྱང་ངེས་པར་འདྲེན་ནུས་པ་ཡིན་པས་རྫོགས་རིམ་གྱི་དོན་པོ་ཞིག་འདི་ཡིན་པས་འདི་ཡང་མི་དྲན་པའམ་གལ་ཆུང་དུ་མི་བསམ། ཐུན་བར་རྣམས་སུ་སྤྱོད་ལམ་ཀྱི་ལྷ་གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའི་ང་རྒྱལ་དང་མ་བྲལ་བའི་ངང་ནས་བཟའ་བཏུང་ཚོགས་འཁོར་དུ་རོལ་པ་དང་། རྗེས་ཆགས་ཀྱིས་དཀྱིལ་འཁོར་མཆོད་པ་དང་། གཉིད་འོད་གསལ་དུ་སྦ་བ་དང་། བྱེད་སྤྱོད་ཕྱག་རྒྱར་སྤྱོད་པ་ཡིན་ཀྱང་། གཉིས་པ་དགེ་སློང་རྡོར་འཛིན་པ་ལ་མི་མཁོ་བས་ལྷག་རྣམས་ཉམས་བཞེས་བྱ། དེ་དག་གི་སྐབས་ཐམས་ཅད་དུ་རང་གིས་རང་ལ་བརྙས་ནས། དེ་ལྟ་བུ་ངས་ག་ལ་ནུས་ག་ལ་

ཤེས་སྙམ་ནས། གཅོམ་བསྐྱུངས་ཏེེ། སྙོམ་ཆུང་བཟང་མདོག་ལྟ་བུ་ཁོ་ན་ལ་སྐྱབས་བཅོལ་བ་ནི་སྒྱིད་ལུག་པ་དང་། བདག་ཉིད་བརྙས་པའི་ལེ་ལོ་ཟེར་བ་དེ་ཡིན་པས་ཐེག་ཆེན་པ་ཡིན་ན་ཕོ་ཚོད་གནམ་སྔོན་པོ་ཙམ་བསྐྱེད་ནས་སྙིང་རུས་བྱེད་དགོས་པ་ཡིན་པས་དང་པོ་ནས་ཤེས་མཁན་དང་ནུས་མཁན་ཞིག་ཡིན་ན་སློབ་དང་སྒྲུབ་ཀྱང་ཅི་དགོས་པས་ཐུགས་གུ་མི་དོག་ངོས་ནས་དུས་དང་གནས་སྐབས་ཐམས་ཅད་དུ་ངེས་འབྱུང་སྐྱོ་ཤས། བྱམས་སྙིང་རྗེ་ལ་སོགས་རྩ་བའི་བླ་མའི་ཞལ་གདམས་རྣམས་ལ་ཐུགས་བསམ་གཏོང་བ་ནི་གལ་ཆེ་སྟེེ་ཐུན་མཚམས་རྣམས་སུ་རྟོག་པ་རྒྱ་འབྱམས་ཤོར་ན་ཐུན་ཡང་ལད་འགྲོ་ཞིང་ཐུན་མཚམས་སུ་ངེས་འབྱུང་སྐྱོ་ཤས་སོགས་བསྐྱེད་ནས་ཐུན་ལ་འཇུག་ཁར་ཤེས་པ་སྐྱོ་ཆད་དེ་ཡོད་ན་ཐུན་དེ་ཡང་གོ་ཆོད་ངེས་ཤིག་འོང་ཞིང་། དེས་སྤྲོ་བ་བསྐྱེད་ནས་ཐུན་རྗེས་མ་རྣམས་ཀྱང་དེ་ལྷག་ཙམ་རེ་འོང་ཞིང་། དེས་མཚོན་སྒྲུབ་པ་བྱས་ཚད་ཇེ་བཟང་ཇེ་བཟང་ལ་སོང་ནས་མཐར་གྲུབ་པ་ཡང་ཐོབ་འགྲོ་བ་ལགས་ཤིང་། ཐུན་མཚམས་སུ་རྟོག་པ་ཡུལ་ལ་གཡེངས་ནས་འབྱམས་ཤོར་ན་ཐུན་དེའི་མུར་འཁྲུལ་འབྱམས་སུ་འགྲོ། དེ་ནས་ཐུན་ཕྱི་མ་རྣམས་ཀྱང་བསྡུ་རྒྱུ་བདག་རྒྱུ་མེད་པ་ཇེ་འཁྲུལ་ཇེ་ངན་ལ་སོང་ནས་བསྒྲུབ་པ་བྱས་ཚད་ལ་སྙིང་པོ་སྤུ་ཙམ་མེད་པའི་ཆོས་དྲེད་ང་རང་ལྟ་བུ་ཞིག་རེད་འགྲོ་བ་ཡིན་པས། དུས་ཐམས་ཅད་དུ་མི་རྟག་སྐྱོ་ཤས་ཀྱིས་ལྕགས་བྲབ་སྟེ། བསྐྱེད་རྫོགས་ལ་བརྩོན་འགྲུས་བྱས་ནས་དཔལ་མགོན་རྩ་བའི་བླ་མའི་དགོངས་པ་ཟིན་པ་ཞིག་དགོས་པ་ལགས་སོ། །ཆོས་དང་འཇིག་རྟེན་བྱ་བ་གང་ལ་ཡང་། །ཉམས་མྱོང་མེད་ཀྱང་ཁ་བཤད་བདེན་བདེན་མོ། །ཉམས་མྱོང་ཡོད་པ་ལྟར་དུ་བཅོས་པ་འདི། །ཨ་བུ་སྨྱོན་པའི་མཚན་

ཉིད་མ་ལགས་སམ། །ལས་ངན་རླུང་འཚུབ་ལངས་པའི་དབུས་ཤིག་ན། །སྤྱོད་ངན་རྒྱན་དུ་ཐོགས་པའི་རྣམ་འགྱུར་བཅས། །གཤིས་ངན་སྤྲེའུ་སྨྱོན་པའི་གར་བྱེད་པ། །གྲོགས་ངན་བདག་འདྲའི་རྗེས་སུ་མི་འབྲང་བར། །བསོད་ནམས་དཔལ་གྱི་ལྷུན་པོ་རྟག་བཅའ་ཞིང་། །བག་ཡོད་བསླབ་གསུམ་དགེ་བའི་མཛད་སྤྱོད་ཅན། །ཚངས་སྤྱོད་ཚངས་པར་སྤྱོད་པའི་རྗེས་བསླབ་སྟེ། །ཁྱོད་བློ་དམ་པའི་ཆོས་དང་འདྲེས་པར་ཤོག །སརྦ་མངྒ་ལཾ། །སྭ་སྟི་ཏིཥྛ་ལྷན། །བཛྲ་ཡེ་སྭ་ཧཱ། །

ཀརྨ་གླིང་པའི་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་སྒྲུབ་དམིགས་རིམ་ཡེ་ཤེས་གསལ་བའི་སྒྲོན་མེ།

ཀརྨ་གླིང་པའི་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་སྒྲུབ་དམིགས་རིམ་ཡེ་ཤེས་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

རིགས་ལྔ་ཡེ་ཤེས་ལྔ་ཡི་སྒྱུ་འཕྲུལ་གར། །ཞི་དང་ཁྲོ་བོའི་དཀྱིལ་འཁོར་མ་ལུས་པའི། །བདག་ཉིད་ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ། །མི་ཕྱེད་དད་པའི་ཡིད་ཀྱིས་ཕྱག་འཚལ་འདུད། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། །བསྙེན་སྒྲུབ་དམིགས་ཁྲིད་རབ་ཏུ་གསལ་བ་ཞིག །མཆོག་དམན་སྤྱི་ལ་ཕན་ཕྱིར་འབྲི་བ་ལ། །བླ་མ་ལྷ་དང་མཁའ་འགྲོས་ཤིས་པ་སྩོལ། །དེ་ལ་འདིར་གཏེར་ཆེན་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་ནས་གདན་དྲངས་པའི་ཞི་ཁྲོ་གཉིས་འདུས་ཀྱི་ལས་བྱང་ཚོར་བ་རང་གྲོལ་གྱི་བསྙེན་བསྒྲུབ་ཇི་ལྟར་བྱ་བའི་ཚུལ་ལ། སྦྱོར་བ། དངོས་གཞི། རྗེས་དང་གསུམ་ལས། དང་པོ་ནི་སྟེགས་བུ་ཁོད་སྙོམས་པ་ལ་གོང་དུ་རྩ་བ་གསུམ་གྱི་གཏོར་མ་དེ་དག་གི་མདུན་དུ་རས་བྲིས་ཡོད་ན་དེ་དང་། མེད་ན་མཎྜལ་ཚོམ་བུ་ལྔ་པའི་སྟེང་དུ་མཉྫི་རྐང་རིང་ལ་རྟེན་གཏོར་རིན་ཆེན་འབར་བ། དེའི་མདུན་དུ་སྨན་རཀ་གཏོར་གསུམ་དང་ཕྱི་ནང་གསང་བའི་མཆོད་པ་ཇི་འབྱོར་བཤམས། དེ་དག་གི་གཡས་གཡོན་གང་བདེར་རྒྱུན་བཞག་གི་ཆད་ཐོ་དང་བསྟན་མ། ཡུལ་གྱི་གཞི་བདག་གཏོར་མ་བཤམས། གཞན་ཡང་སྤྲོ་ན་ཚོགས་དང་ཉིན་རེར་འབུལ་རྒྱུའི་ཆད་བརྟན་དང་ཉིན་དང་པོར་དཀར་བགེགས་སོགས་མཁོ་བའི་ཡོ་སྤྱད་ཐམས་ཅད་ཚོགས་པར་བྱའོ། །

གཉིས་པ་དངོས་གཞི་ལ་ཐོག་མར་སྔོན་འགྲོའི་རིམ་པ་རྣམས་ལས་དང་པོར། ཧྲཱི་སྔོན་མས། ཨོ་རྒྱན་གྱི་ཡུལ་ནས་སློབ་དཔོན་རིན་པོ་ཆེ་ལ་རྩ་བ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པས་བསྐོར་ནས་སྤྱན་དྲངས་ཏེ་གོང་གི་གཏོར་མ་རྣམས་དང་དབྱེར་མེད་པའི་ཚུལ་དུ་བཞུགས་པར་མོས། དེ་ནས་སྐྱབས་འགྲོ་ནི། རང་གི་མདུན་གྱི་ནམ་མཁར་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པས་བསྐོར་བ་དེ་དག་གི་མཐའ་སྐོར་དུ་མཁའ་འགྲོ་ཆོས་སྐྱོང་དཔག་ཏུ་མེད་པས་བསྐོར་བ་རྣམས་བདག་ཅག་རྣམས་ལ་ཐུགས་བརྩེ་བའི་སྤྱན་གྱིས་གཟིགས་པ་གསལ་བཏབ། སྐྱབས་ཡུལ་རྣམས་ཀྱི་མདུན་དུ་བདག་གཞན་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྐྱབས་ཞུ་བ་ལ་འཁོད་པར་མོས་ཏེ། བདག་གཞན་སེམས་ཅན་ཐམས་ཅད་སྲིད་པ་དང་ཞི་བའི་འཇིགས་པ་བརྒྱ་ཕྲག་གིས་ཐོག་མེད་ནས་མནར་ཞིང་སྡུག་བསྔལ་གྱིས་ཉམ་ཐག་པ་འདི་སུ་ཞིག་གིས་བཟོད་ནུས་སྙམ་དུ་འཇིགས་སྐྲག་གི་བློ་བསྐྱེད། དེ་ནས་འཁོར་བ་ཕྲ་རགས་ཀྱི་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་སྒྲོལ་བའི་ནུས་པ་ནི་མདུན་གྱི་སྐྱབས་ཡུལ་རྣམས་ཁོ་ན་ལ་ཡོད། དུས་འདི་ནས་བཟུང་སྟེ་བླ་མེད་བྱང་ཆུབ་ཀྱི་བར་དུ་བདག་གཞན་ཐམས་ཅད་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་སུ། སྐྱབས་ཡུལ་ཁྱེད་རྣམས་བསྟེན་ནོ། །ཁྱེད་རྣམས་ལ་སྐྱབས་ཞུའོ་སྙམ་དུ། ན་མོ། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་ནི། བདག་གིས་འགྲོ་ཀུན་

འཁོར་བའི་རྒྱ་མཚོ་ལས། །སྒྲོལ་བའི་དོན་དུ་ཚེ་འདིར་རྡོ་རྗེ་འཆང་། །ཐོབ་ཕྱིར་ཞི་ཁྲོ་དམ་པ་རིགས་བརྒྱ་ཡི། །རྣལ་འབྱོར་ཟབ་མོ་ཉམས་སུ་བླངས་བར་བགྱི། །ལན་གསུམ། དེ་ནས་ཉིན་དང་པོ་ལ་དཀར་བགེགས་བཏང་བའི་རྗེས་དང་། ཉིན་ཕྱི་མ་རྣམས་ལ་སྐྱབས་སེམས་ཀྱི་རྗེས་སུ། རང་ཉིད་སྐད་ཅིག་གིས་རིགས་ལྔའི་ལྷ་ཚོགས་རབ་འབྱམས་འདུས་པའི་བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པའི་སྐུར་གྱུར་པར་བསམས་ལ་བསྒྲུབ་པ་ལ་བར་ཆད་བྱེད་པའི་བགེགས་ལ་བཀའ་བགོ་ཞིང་བསྐྲད་པ་ནི། ཧཱུྃ་ང་ཉིད་ལྷ་ཡི༴ སོགས་བརྗོད་ཅིང་། རང་ཉིད་རྡོ་རྗེ་སེམས་དཔའི་ང་རྒྱལ་གསལ་བའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པའི་རྩེ་རྣམས་སུ་ཀུན་ཏུ་བཟང་པོ་ལ་སོགས་པ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རབ་འབྱམས་འཕྲོས་པས་ཕྱོགས་བཅུའི་ནམ་མཁའི་དབྱིངས་ཐམས་ཅད་གང་། དེ་དག་གི་སྐུ་ལས་མེ་དཔུང་མཚོན་ཆ་ཁྲོ་ཆུང་གི་ཚོགས་སྤྲོས་ཏེ། དེ་ནས་བགེགས་ཚོགས་ཁྱེད་རྣམས་མེ་དཔུང་ལ་སོགས་པ་དེ་དག་གིས་བརླག་པར་འགྱུར་བས་ན་བདག་ཅག་གི་ལུས་ངག་ཡིད་གསུམ་ལ་གནོད་པ་དང་། མཆོད་པའི་མདངས་ཕྲོག་ཅིང་དཀྱིལ་འཁོར་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་མ་རིག་པའི་རྒྱུ་ལས་བྱུང་བ་ཁྱེད་རྣམས་ད་ཕྱིན་ཆད་གཞན་ལ་གནོད་པ་བྱས་པའི་ལས་ཀྱིས་རིགས་དྲུག་ཏུ་སྐྱེ་བའི་ལམ་བཀག་པའི་ཕྱིར་དུ་ཁྱེད་རྣམས་བདག་གིས་གཞན་དུ་བསྐྲད་པ་ཡིན་པས་འདིར་མ་འདུག་པར་གཞན་དུ་དེངས་ཤིག །ཧཱུྃ་ཧཱུྃ་གིས་ལྷའི་ང་རྒྱལ་གྱིས་འཇིགས་པའི་སྒྲ་བསྒྲགས། ཨུ་ཙ་སོགས་བྱེར་ཞིང་ཞེས་བརྗོད་པས་བགེགས་

ཐམས་ཅད་མཐའི་ལྕགས་རིའི་རྒྱབ་དུ་བྲོས། མི་འགྲོ་བ་ཐམས་ཅད་མེ་དཔུང་དང་ཁྲོ་ཆུང་མཚོན་ཆའི་ཚོགས་སྤྲོས་པ་ཐམས་ཅད་ཀྱིས་ཚར་བཅད་པར་བསམ། དེ་ནས་མཚམས་གཅོད་པ་ནི། ཧཱུྃ་རང་རིག་རྡོ་རྗེ༴ སོགས་བརྗོད་བཞིན་འདི་ལྟར་མོས་ཏེ་རང་ཉིད་རིགས་ཀུན་འདུས་པ་རྡོ་རྗེ་སེམས་དཔའི་ང་རྒྱལ་ལྷག་པར་ཡང་བསྐྱེད་དེ་རང་གི་ཐུགས་ཀར་གསང་བདག་ཕྱག་ན་རྡོ་རྗེ་བསྒོམ་ལ་ཐུགས་ཀའི་ཕྱག་རྡོར་གྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྔོན་པོ་འཕྲོས་པ་ཤར་དུ་སོང་བ་རྡོ་རྗེར་གྱུར་པ་དེ་ལས་རྡོ་རྗེ་སྔོན་པོ་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་མཆེད་པའི་འོག་ཏུ་རྡོ་རྗེའི་ས་གཞི། ཕྱོགས་མཚམས་སུ་རྡོ་རྗེའི་རྭ་བ། སྟེང་དུ་རྡོ་རྗེའི་གུར་བླ་བྲེ་དང་བཅས་པའི་རྡོ་རྗེའི་གུར་ཁང་། ཕྱག་རྡོར་ཀྱི་ལྟེ་བ་ནས་ཏྲཾ་སེར་པོ་འཕྲོས་པ་རྡོ་རྗེའི་གུར་གྱི་ཕྱི་རོལ་གྱི་ལྷོར་སོང་བ་རིན་པོ་ཆེ་སེར་པོར་གྱུར་པ་ལས་རིན་པོ་ཆེ་དཔག་ཏུ་མེད་པ་རྡོ་རྗེའི་རྭ་གུར་གྱི་སྟེང་དང་ཕྱོགས་མཚམས་བརྒྱད་དང་རྡོ་རྗེའི་ས་གཞིའི་འོག་ཏུ་མཆེད་པ་ལས་རྡོ་རྗེའི་རྭ་གུར་གྱི་ཕྱི་རོལ་དུ་རིན་པོ་ཆེའི་རྭ་གུར་དང་། རྡོ་རྗེའི་ས་གཞིའི་འོག་ཏུ་རིན་པོ་ཆེའི་ས་གཞི་སྟེ་རིན་པོ་ཆེའི་གུར་ཁང་། དེའི་རིགས་འགྲེས་ཏེ་ཕྱག་རྡོར་གྱི་མགྲིན་པ་ནས་ཧྲཱིཿདམར་པོ་རིན་པོ་ཆེའི་གུར་གྱི་ཕྱི་རོལ་གྱི་ནུབ་ཏུ་འཕྲོས་པས་པདྨ་དམར་པོར་གྱུར་པ་ལས་མཆེད་པའི་པདྨའི་གུར་ཁང་། གསང་བ་ནས་ཨཱ་ལྗང་གུ་པདྨའི་གུར་གྱི་ཕྱི་རོལ་གྱི་བྱང་དུ་འཕྲོས་པས་རྒྱ་གྲམ་ལྗང་གུར་གྱུར་བ་ལས་མཆེད་པས་རྒྱ་གྲམ་གྱི་གུར་ཁང་། གསང་བདག་གི་དཔྲལ་བ་ནས་ༀ་དཀར་པོ་རྒྱ་གྲམ་གྱི་གུར་གྱི་ཕྱི་རོལ་གྱི་སྟེང་དུ་འཕྲོས་པ་འཁོར་ལོ་དཀར་པོར་གྱུར་པ་ལས་མཆེད་པས་འཁོར་ལོའི་གུར་ཁང་། སྐུ་ལས་རཾ་ཡིག་འཕྲོས་པ་

འཁོར་ལོའི་གུར་གྱི་ཕྱི་རོལ་གྱི་ཤར་དུ་སོང་བ་མེ་དཔུང་དུ་གྱུར་པ་ལས་མཆེད་པའི་འཁོར་ལོའི་གུར་གྱི་ཕྱི་རོལ་ཏུ་མེ་དཔུང་རབ་ཏུ་འབར་བས་ཁྱབ་པ། རྭ་གུར་རྣམས་ཀྱི་ཕྱི་ནང་ཐམས་ཅད་སྤྲུལ་པའི་ཁྲོ་ཚོགས་དཔག་ཏུ་མེད་པས་གང་བའི་བསྲུང་བའི་འཁོར་ལོར་གྲུབ་སྟེ་བགེགས་འཇུག་པའི་གོ་སྐབས་མེད་པར་མོས་ལ། ༀ་ཧཱུྃ་ཏྲཾ༴ སོགས་ཀྱིས་བསྲུང་འཁོར་དེ་རྣམས་ནམ་ཡང་གཞོམ་གཞིག་མེད་ཅིང་མི་འཇིག་པའི་རང་བཞིན་དུ་གྱུར་པར་མོས། དེ་ནས་རྡོར་དྲིལ་གྱི་ཕྱག་རྒྱ་སྟེ་དམ་ཚིག་བསྟེན་པ་ནི་རྡོར་དྲིལ་ཐོགས་དེ། ཧཱུྃ་ཆོས་ཉིད༴ སོགས་བརྗོད་བཞིན་ཆོས་ཐམས་ཅད་རང་བཞིན་གྱིི་སྐྱེ་བ་མེད་པའི་ངང་ལས། ཐབས་མི་འགྱུར་བའི་བདེ་བ་ཆེན་པོ་དང་། ཤེས་རབ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཟུང་དུ་འཇུག་པ་འདི་འབྱུང་སྟེ། རྡོ་རྗེ་ནི་དེ་འདྲའི་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་དང་། དྲིལ་བུ་ནི་ཤེས་རབ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའོ་སྙམ་དུ་རྡོ་རྗེ་བསོར་ཞིང་དྲིལ་བུ་འཁྲོལ། བདག་གིས་རྡོར་དྲིལ་ལ་བརྟེན་ནས་ཐབས་ཤེས་ཀྱི་དོན་རྟག་པར་དྲན་ཏེ་སངས་རྒྱས་ཐོབ་པར་བྱ་བའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཐབས་ཤེས་ཀྱི་དོན་བསྟན་པས་རིགས་སད་པར་བྱས་ཏེ་སངས་རྒྱས་ཀྱི་སར་འཇུག་པར་བྱེད་པའི་ཆེད་དུ་རྡོར་དྲིལ་གྱི་བརྡའ་ལ་བརྟེན་ནས་ཐབས་ཤེས་དབྱེར་མེད་པའི་ཡེ་ཤེས་རྒྱུན་དུ་བསྒོམ་པར་བྱའོ་སྙམ་དུ་བསམས། དེ་ནས་ཡན་ལག་བཅུ་པའི་ཚོགས་བསགས་པ་ལ་གོང་གི་སྐྱབས་ཡུལ་རྣམས་སླར་ཡང་གསལ་བཏབ་སྟེེ། ༀ་ཨཱཿཧཱུྃ་ནམ་མཁའི༴ སོགས་ཀྱིས་གོང་བཞིན་སྐྱབས་འགྲོ་བྱ། ཆོས་ཉིད་དབྱིངས་ཀྱི༴ སོགས་ནས་རང་བཞིན་ཆོས་ཀྱི་དབྱིངས་ནས་འགྲོ་བ་རྣམས་ལ་ཐུགས་རྗེའི་སྒོ་ནས་ཐབས་ཤེས་ཀྱི་ཡེ་ཤེས་ལས་གྲུབ་པའི་སྐུར་སྤྲུལ་པའི་

ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། སྣང་སྲིད་རྣམ་དག༴ སོགས་ཀྱིས་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་གོང་གི་སྐྱབས་ཡུལ་རྣམས་ལ་ཐིམ་ནས་གདན་ཁྲི་པད་ཟླ་ཉི་མའི་གདན་རེ་རེ་འབུལ་བ་ལ་བཞུགས་པར་མོས། ཀུན་ཏུ་བཟང་མོ༴ སོགས་ཀྱིས་ཀུན་ཏུ་བཟང་མོ་ཆོས་ཉིད་སྟོང་པ་ཉིད་ལ་རོ་གཅིག་ཏུ་མཉམ་པར་བཞག་པ་ཀུན་ཏུ་བཟང་པོ་མི་འགྱུར་བའི་{སོར་ཆུད་པའི་}བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྣམ་རོལ་ལས་ཤར་བའི་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ལ་ཡོན་ཏན་དྲན་དེ་གུས་འདུད་བྱའོ། །བདེ་གཤེགས་ཞི་ཁྲོ༴ སོགས་ཀྱིས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ལ་ཕྱི་མཆོད་མེ་ཏོག་བདུག་སྤོས་སོགས་དང་། ནང་མཆོད་ཤ་ལྔ་བདུད་རྩི་ལྔ་ལས་གྲུབ་པའི་སྨན་རཀ་གཏོར་གསུམ་སོགས་དང་། གསང་མཆོད་རིག་མ་སྣ་ཚོགས་དང་སྙོམས་འཇུག་གི་བདེ་བའི་མཆོད་པ་དཔག་ཏུ་མེད་པས་མཆོད་པར་མོས་ལ། ཐོག་མེད་དུས་ནས༴ སོགས་ཀྱིས་ཐོག་མེད་ནས་ད་ལྟའི་བར་གྱི་དུག་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་འགྱོད་སེམས་སྡོམ་སེམས་གཉིས་ཀྱི་སྒོ་ནས་བཤགས། ཆོས་དབྱིངས་ཀུན༴ སོགས་ཀྱིས་སངས་རྒྱས་བྱང་སེམས་ཀྱིས་འགྲོ་བའི་དོན་མཛད་པ་དང་། ཚོགས་གཉིས་བསགས་པའི་དགེ་བ་ཐམས་ཅད་ལ་རང་གི་སེམས་ཀྱིས་དགའ་བ་བསྒོམ། ཕྱོགས་བཅུའི་ཞིང་གི༴ སོགས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བར་མཛད་དུ་གསོལ་སྙམ་དུ་བསམ། ཇི་སྲིད་འཁོར་བའི༴ སོགས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཁྱེད་རྣམས་འཁོར་བ་འདི་མ་སྟོངས་བར་དུ་སེམས་ཅན་གྱི་དོན་བསྒྲུབ་པའི་ཆེད་དུ་མྱ་ངན་ལས་མི་འདའ་བར་

འཁོར་བའི་གནས་འདིར་བཞུགས་པར་བདག་གི་གསོལ་བ་འདེབས་སོ་སྙམ་དུ་བསམ། བདག་གིས་དུས་གསུམ༴ སོགས་ཀྱིས་དེ་ལྟར་སྐྱབས་འགྲོ་བྱས་པ་ལ་སོགས་པ་བདག་གིས་དུས་གསུམ་དུ་བསགས་པའི་དགེ་བའི་མཐུ་ལས་སེམས་ཅན་ཐམས་ཅད་གསང་སྔགས་གྱི་ལམ་དུ་ཞུགས་ནས་རྒྱལ་བ་ཞི་ཁྲོའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག་སྙམ་དུ་བསམ། །དེ་ནས་མཆོད་པ་ཐམས་ཅད་བྱིན་གྱིས་བརླབས་པ་ནི། ཧཱུྃ་བསམ་བརྗོད༴ སོགས་ཀྱིས་སྨན་རཀ་གཏོར་མ་ལ་སོགས་པ་མཆོད་པ་ཐམས་ཅད་དང་ཆོས་ཐམས་ཅད། རང་བཞིན་གྱིས་སྟོང་པ་སྒྱུ་མ་ལྟ་བུར་གསལ་བའི་ངང་ནས། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་གསུམ་འཕྲོས་པས་མཆོད་རྫས་ཐམས་ཅད་ལ་ཕོག་རཾ་ལས་མེ་བྱུང་བས་སྨན་རཀ་ལ་སོགས་པའི་མཆོད་རྫས་ཀྱི་དྲི་མ་དངོས་འཛིན་དང་སེར་སྣས་བཅིངས་པ་དང་འབག་རྩོག་ཐམས་ཅད་བསྲེག །ཡཾ་ལས་རླུང་བྱུང་བས་བསྲེགས་པའི་རོ་རྣམས་གཏོར། ཁཾ་ལས་ཆུ་བྱུང་བས་མཆོད་རྫས་ཐམས་ཅད་བཀྲུས་པས་ཤིན་ཏུ་དག་པར་བྱས། མེ་ཆུ་རླུང་གསུམ་ཡང་སྨན་རཀ་སོགས་མཆོད་རྫས་ཐམས་ཅད་ལ་ཐིམ་པས་མཆོད་རྫས་ཐམས་ཅད་འདོད་ཡོན་དཔག་མེད་འབྱུང་བའི་རང་བཞིན་དུ་གྱུར་པར་མོས་ལ། དེ་ནས་ཐོག་མར་བདུད་རྩིི་བྱིན་གྱིས་བརླབས་པ་ནི། རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དབུས་དང་ཤར་ནས་གཡས་བསྐོར་གྱིས་རིགས་ལྔ་དང་ཡུམ་ལྔའི་ངོ་བོ། ༀ་མུཾ། ཧཱུྃ་ལཾ། ཏྲཱཾ་མཱཾ། ཧྲཱི་པྱཾ། ཨཱ་ཏཾ་རྣམས་ཞུ་བ་ལས་ཐབས་ཀྱི་ངོ་བོ་ཤ་ལྔ་དང་། ཤེས་རབ་ཀྱི་རང་བཞིན་བདུད་རྩིར་ལྔར་གྱུར། རླུང་གིས་མེ་སྦར་ནས་ཐོད་པའི་ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་འདྲེས་པའི་སྟེང་དུ་ༀ་ཨཱཿཧཱུྃ་གསུམ་གནས་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་རྣམས་

ཀྱི་གནས་གསུམ་ནས་ཡེ་ཤེས་ཀྱི་བདུད་རྩི་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཡིག་འབྲུ་གསུམ་དང་བཅས་པ་བདུད་རྩི་ལ་ཐིམ་པས། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་གྱི་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྣམ་པར་གྱུར་པར་མོས་བཞིན་ༀ་ཨཿཧཱུྃ་སརྦ་པཉྩ་སོགས་སྔགས་བརྗོད། རཀྟ་བྱིན་གྱིས་བརླབས་པ་ནི། ཧཱུྃ་འདོད་ཆགས༴ སོགས་བརྗོད་པས་བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་དུག་གསུམ་གྱི་ངོ་བོ་ར་དམར་པོ་འོད་དུ་ཞུ་བ་ལས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་འདོད་ཆགས་ལ་སོགས་པའི་དུག་གསུམ་པོ་ཐམས་ཅད་ཆགས་མེད་བདེ་སྟོང་གི་ཡེ་ཤེས་སུ་དག་པའི་ངོ་བོ་རྒྱུ་རྐྱེན་རྣམ་པར་དག་པ་དང་ལྡན་པའི་རཀྟའི་རྒྱ་མཚོ་ཆེན་པོར་གྱུར་པར་མོས་ལ་ༀ་ཨཱཿཧཱུྃ་མ་ཧཱ་ཱརཀྟ་སོགས་བརྗོད། གཏོར་མ་བྱིན་གྱིས་བརླབས་པ་ནི། རླུང་མེ་ཐོད་སྒྱེད་གྱི་སྟེང་དུ་ཀ་པཱ་ལའི་ནང་དུ་དབུས་སུ་ༀ་ལས་སེངྒེའི་ཤཤར་དུ་ཧཱུྃ་ལས་གླང་ཆེན། ལྷོར་ཏྲཾ་ལས་རྟ། ནུབ་ཏུ་ཧྲིཿལས་རྨ་བྱ། བྱང་དུ་ཨཱ་ལས་ཤང་ཤང་གི་ཤཤ་ལྔ་སོ་སོའི་སྟེང་དུ་སླར་ཡང་ཡི་གེ་དེ་དག་གིས་མཚན་པ་རླུང་གིས་མེ་སྦར་ཐོད་པ་དྲོས་ཏེ་ཤ་ལྔ་པོ་ཡི་གེ་དང་བཅས་པ་ཞུ་ཞིང་འདྲེས་པས་དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་དག་པའི་རང་བཞིན་གྱི་རྣམ་པ་ཤ་ལྔའི་གཏོར་མ་འདོད་པའི་ཡོན་ཏན་དཔག་ཏུ་མེད་པ་འཕྲོ་བའི་རང་བཞིན་དུ་གྱུར་པར་མོས་ལ། །ༀ་ཨཱཿཧཱུྃ་མ་ཧཱ་བྷ་ལི་ཾཏ༴ སོགས་བརྗོད། དེ་ནས་ཉེར་སྤྱོད་བྱིན་གྱིས་བརླབས་པ་ནི། ༀ་ཨཱཿཧཱུྃ་གཟུགས་སྒྲ༴ སོགས་བརྗོད་ཅིང་ཐོད་པའི་སྣོད་རེ་རེའི་ནང་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ༀ་ཨཱཿཧཱུྃ་གསུམ་རེ་རེ་འོད་དུ་ཞུ་བ་ལས་གཟུགས་སོགས་ཡུལ་དྲུག་མཆོད་ཡོན་སོགས་ཡེ་ཤེས་གསེར་བུམ་གྱི་རྣམ་པ་དེ་བུམ་པའི་དབྱིབས་སུ་གྲུབ་ཀྱང་གྲུབ་རྫས་གསེར་ཡིན་པ་བཞིན་མཆོད་རྫས་རྣམས་མཆོད་རྫས་སུ་གྲུབ་ཀྱང་སྐུ་ཡེ་ཤེས་

ལས་གྲུབ་པའོ། མཆན། ལས་གྲུབ་པའི་མཆོད་པའི་ངོ་བོར་གྱུར་པར་མོས་ལ་ༀ་བཛྲ་པུཥྤེེ༴ སོགས་ཀྱིས་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ལ་མཆོད་རྫས་སོ་སོའི་རྣམ་པ་ལ་ངོ་བོ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་སོ། །དེ་ཡན་ཆད་ནི་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ལ། ཐོག་མར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ༀ་རྣམ་པར་རྟོག་གསུམ༴ སོགས་བརྗོད་ཅིང་དངོས་པོ་རྣམས་རྒྱུ་འབྲས་ངོ་བོ་གསུམ་ལ་བདེན་པར་ཞེན་པའི་རྣམ་རྟོག་བྲལ་བའི་ངང་ནས་བརྗོད་བྲལ་དེ་བཞིན་ཉིད་ལ་མཉམ་པར་བཞག་སྟེ། དེ་ནས་མ་ཧཱ་ཤུ་ནྱ༴ སོགས་བརྗོད་ཅིང་དཔལ་ཀུན་ཏུ་བཟང་པོ་ཆོས་སྐུ་དེ་བཞིན་ཉིད་དང་དེ་རྟོགས་པའི་ཡེ་ཤེས་གཉིས་ཟུང་དུ་འཇུག་པའི་བདག་ཉིད་ངའོ་སྙམ་དུ་ང་རྒྱལ་འཛིན། གཉིས་པ་ཀུན་སྣང་གི་ཏིང་ངེ་འཛིན་ནི། ཨ་རྟོག་བྲལ༴ སོགས་ཏེ་གནས་ལུགས་སྟོང་པ་ཉིད་ཀྱི་དོན་དྲན་བཞིན་པའི་ངང་ནས་གནས་ལུགས་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱའོ་སྙམ་དུ་སྙིང་རྗེ་བསྒོམས་ལ། བཛྲ་མ་ཧཱ་ཀ༴ སོགས་དཔལ་ཀུན་ཏུ་བཟང་པོ་ལོངས་སྐུའི་ངོ་བོ་དམིགས་མེད་སྙིང་རྗེ་ཆེན་པོའི་བདག་ཉིད་ངའོ་སྙམ་དུ་བསམ། གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་དང་པོ་གཉིས་ཀྱི་དུས་སུ་རང་ཉིད་སྟོང་པ་ཉིད་དང་ཡེ་ཤེས་ཟུང་དུ་འཇུག་པའི་ངོ་བོ་ཙམ་དུ་ཡོད་པ་དེ་ཧཱུྃ་གསལ་སྟོང༴ སོགས་ཏེ། རང་ཉིད་གསལ་སྟོང་ཟུང་འཇུག་དེ་ཉིད་དང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཀུན་ཏིང་གི་རྣམ་པར་གནས་པ་དེ་ལས་རང་ཉིད་ཀྱི་རིག་པའི་རྩལ་མ་འགགས་པ་དེ་ཉིད་ཀུན་ཏུ་བཟང་པོ་སྤྲུལ་སྐུའི་ཐུགས་ཀྱི་ངོ་བོ་ཨ་མཐིང་གར་གྱུར་

པ་དེ་ནམ་མཁར་གནས་པར་བསམ། འདི་དུས་སུ་རང་ཉིད་ཨ་ཡིག་སྔོན་པོའི་རྣམ་པར་གནས་པར་མོས་པ་ཡིན་ནོ། །དེ་ནས་རྟེན་གྱི་གཞལ་ཡས་ཁང་བསྒོམས་པ་ནི། སྟོང་གསལ་རང་བབས༴ སོགས་བརྗོད་བཞིན་དུ་རྒྱུའི་ཡི་གེ་ཨ་ཡིག་ལས་འཕྲོས་པའི་འབྱུང་བའི་ས་བོན་རྣམས་དང་། དེ་ལས་བྱུང་བའི་འབྱུང་ལྔ་རི་རབ་གཞལ་ཡས་ཁང་ལ་སོགས་པ་ནི། བེམ་རྫས་གདོས་བཅས་མ་ཡིན་པར་བདེ་སྟོང་གི་ཡེ་ཤེས་ལས་གྲུབ་པར་མོས་པའི་ངང་ནས་རང་ཉིད་རྒྱུའི་ཡི་གེ་ཨ་ཡིག་སྔོན་པོའི་རྣམ་པར་ནམ་མཁར་གནས་པ་དེ་ལས་ཨེ་ཡིག་སྔོན་པོ་འོག་ཕྱོགས་སུ་ཆད་དེ་ཡོངས་སུ་གྱུར་པ་ལས་ཀུན་ཏུ་བཟང་པོའི་ཐུགས་རྒྱུད་ཀྱི་མཁའ་ཁམས་དག་པ་རྡོར་དབྱིངས་མའི་ངོ་བོ་ནམ་མཁའ་སྟོང་པའི་དཀྱིལ་འཁོར་ཆོས་འབྱུང་ཟུར་དྲུག་པ་ཁ་རྒྱ་ཤིན་ཏུ་ཡངས་པ་རྩ་བ་ཕྲ་བ་བསྲུང་འཁོར་གྱི་རྡོ་རྗེའི་ས་གཞི་ལ་ཐུག་པ། དེ་བཞིན་དུ་ཆོས་འབྱུང་གི་ནང་དུ་ཨ་ལས་ཡཾ་འཕྲོས་པ་ལས་དམ་ཚིག་སྒྲོལ་མའི་ངོ་བོ་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་རྒྱ་གྲམ་གྱིས་མཚན་པ་ཟླུམ་པོ་ཡེ་ཤེས་ལྔའི་རང་འོད་འཕྲོ་བ། དེའི་སྟེང་དུ་བཾ་ཆད་པ་ལས་མཱ་མ་ཀཱའི་ངོ་བོ་ཡེ་ཤེས་ཀྱི་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་འཕྲོས་པ་ལས་སངས་རྒྱས་སྤྱན་མའི་ངོ་བོ་རིན་པོ་ཆེའི་ས་གཞི་དང་། དེའི་དབུས་སུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རི་རབ་བང་རིམ་བཞི་པ། རི་རབ་ཀྱི་སྟེང་དུ་ཨ་ལས་བྷྲཱུཾ་ཆད་པ་ལས་རི་རབ་ཀྱི་སྟེང་གི་རྡོ་རྗེའི་ས་གཞི་ལ་དུར་ཁྲོད་བརྒྱད་ཀྱི་དབུས་སུ་ཁྲོ་བོའི་གཞལ་ཡས་ཁང་དང་། ཁྲོ་བོའི་གཞལ་ཡས་ཁང་གི་སྟེང་མདའ་ཡབ་ཀྱི་སྟེང་དུ་རྡོ་རྗེའི་ས་གཞི་སྲབ་མོ་ཆགས་པའི་སྟེང་དུ་ཞི་བའི་གཞལ་ཡས་ཁང་སྟེ། གཞལ་ཡས་ཁང་གཉིས་ཀ་རཏྣ་ལྔ་ལས་གྲུབ་པ་ཞེས་སོགས་ཆོ་གའི་ཚིག་གཅིག་གིས་དུས་

མཉམ་དུ་བསྐྱེད་པ་སྟེ་ལྷ་ཆེན་བརྒྱད་ཀྱི་ཀ་གདུང་བྱས་སོགས་ཀྱི་ཁྲོ་བོའི་གཞལ་ཡས་ཁང་གི་ཀ་གདུང་དང་། དེའི་ཚབ་ཏུ་ཞི་བ་ལ་རིན་པོ་ཆེའི་ཀ་གདུང་བྱ་སྟེ། ཞི་ཁྲོ་གཉིས་ཀྱི་གཞལ་ཡས་ཁང་ནི་བདག་གིས་བྱས་པའི་ཞི་ཁྲོའི་དཀྱིལ་འཁོར་བློས་བསླངས་བཞེངས་ཚུལ་མུ་ཏིག་ཆུན་འཕྱངས་ལྟར་གསལ་བར་བསྒོམ་པར་བྱ་སྟེ། འདིར་དེང་སང་ཆོས་འབྱུང་གི་ལུགས་དར་ཆ་ཆེ་ཞིང་དེའི་ལུགས་ལ། ཞི་ཁྲོའི་དཀྱིལ་འཁོར་གཉིས་ཁང་པ་སྟེང་འོག་ཏུ་བསྒོམ་ཚུལ་གསུངས་པ་ལྟར་བཤད་པ་སྟེ། དོན་དངོས་གནས་ལ་ནི་གཞལ་ཡས་ཁང་ཕྱི་རིན་པོ་ཆེ་སྟེ། རྩིགས་པ་རིམ་ལྔ་ནི་ཕྱི་རིན་པོ་ཆེ་ལ་ནང་ངོས་ཐམས་ཅད་ཐོད་པ་སྐམ་རློན་རྙིད་གསུམ་བརྩེགས་པ་ངོས་རྣམས་རཀྟའི་སྤྱིན་གྱིས་སྦྱར་བ་ཕ་གུ་ཡང་ཕྱི་རིན་པོ་ཆེ་དང་ནང་ངོས་ཐོད་སྐམ་བརྩེགས་པ། དྲྭ་ཕྱེད་ཀྱི་ཀ་ཐུང་རྣམས་ཀྱང་ཕྱི་ངོས་རིན་པོ་ཆེ་དང་ནང་ངོས་མི་རྐང་གི་རྣམ་པ། དྲྭ་བ་ཡང་རིན་པོ་ཆེ་དང་རྒྱུས་འཕྲེང་དང་ཐོད་ཚལ་ལ་སོགས་པའི་དྲྭ་བ་དང་དྲྭ་ཕྱེད་སྤེལ་མར་དཔྱངས་པ། གསེར་གདུང་གི་ཕྱི་ངོས་རིན་པོ་ཆེ་ནང་ངོས་ལྷུ་བཞིའི་རུས་པའི་རྣམ་པ། ཤར་བུ་རིན་པོ་ཆེ་དང་རུས་རྐང་སྤེལ་མ། མདའ་ཡབ་རིན་པོ་ཆེ་ལ་སྟེང་དུ་མཆོད་རྟེན་གྱི་རྣམ་པ་དང་སྟེང་འགེབ་ཏོག་དང་བཅས་པ་རིན་པོ་ཆེ་ལས་བྱས་པ་ལ། འགེབ་འོག་རྣམས་མི་ལྤགས་ཀྱིས་བཀབ་པ་དང་། གདུང་ཕྲན་རྣམས་ལྷ་ཕྲན་དང་གདུང་ཆེན་ལྷ་ཆེན་དང་། གཟའ་བརྒྱད་ཀྱི་ཀ་ཞུ། རུས་སྦལ་ཆུ་སྲིན་གྱི་ཀ་གདན་སོགས་བློས་བསླངས་ལས་བཤད་པ་ལྟར་ཏེ། དེ་ཡང་ཕྱི་རིན་པོ་ཆེ་ཞི་བའི་དཀྱིལ་འཁོར་དང་། ནང་དུར་ཁྲོད་འབར་བའི་ཁྲོ་བོའི་དཀྱིལ་འཁོར་གྱི་རྣམ་པ་ཅན་གྱི་གཞལ་མེད་ཁང་གཅིག་གི་ནང་དུ་ཐོག་མར་ཞི་བའི་ལྷ་ཚོགས་ཡོངས་རྫོགས་བསྒོམ། དེ་ནས་ཁྲོ་བོའི་ལྷ་ཚོགས་བསྒོམ་པའི་ཚེ་དབུས་ཀྱི་

རྣམ་སྣང་གི་གོ་སར་ཆེ་མཆོག་དང་བུདྡྷ་ཧེ་རུ་ཀ་དང་གསུམ་པོ་གཅིག་ལ་གཅིག་མ་འདྲེས་པར་བསྒོམ་པ་དང་། དེ་བཞིན་ཏུ་ཤར་གྱི་རྡོར་སེམས་དང་བཛྲ་ཧེ་རུ་ཀ་གཉིས་ཀྱང་གོ་ས་གཅིག་ལ་གཅིག་མ་འདྲེས་པར་མེ་ལོང་ནང་གི་གཟུགས་བརྙན་ལྟར་བསྒོམ་པ་ལ་སོགས་པ། ཞི་བ་ཞེ་གཉིས་ཁྲག་འཐུང་དྲུག་ཅུ་པོ་ཁང་པ་གཅིག་གི་ནང་དུ་གོ་ས་གཅིག་ལ་སོ་སོར་མ་འདྲེས་པར་བསྒོམ་པ་ནི་གཞུང་གི་དགོངས་པ་དངོས་སུ་སྣང་ལ། དེ་ལྟར་སྒོམ་མི་བདེ་ན་ལས་བྱང་ཆེ་བར་རྣམ་སྣང་བསྒོམ་པའི་ཚེ་ཀུན་བཟང་རྣམ་སྣང་གི་སྤྱི་བོར་བཏེགས་པར་གསུངས་པའི་རིགས་པ་ལྟར་ཁྲོ་བོ་རྣམས་སྒོམ་པའི་ཚེ་ཞི་བའི་ལྷ་ཚོགས་རྣམས་དེའི་སྟེང་གི་བར་སྣང་ལ་བཏེགས་པར་བྱ་བ་ཆགས་མེད་ཀྱིས་ཀྱང་གསུངས་པ་ལྟར་ཤིན་ཏུ་ལེགས་སོ། །གང་ལྟར་ཡང་བདག་བསྐྱེད་ཀྱི་གཞལ་ཡས་ཁང་འདིའི། རྡོ་རྗེའི་རྭ་གུར་འོད་ཕྲེང་དང་བཅས་པ་ནས་ནམ་མཁའི་དཀྱིལ་འཁོར་གྱི་བར་གྱི་བརྟེན་པ་ཐམས་ཅད་བསྲུང་འཁོར་གྱི་རྭ་གུར་གྱི་ནང་དུ་ཡོད་པ་ཡིན་ནོ། །གཞལ་ཡས་ཁང་བསྒོམས་ཟིན་པ་ན་བྷྲཱུཾ་བི་ཤ་སོགས་ཀྱིས་ཡེ་ཤེས་ཀྱི་རང་བཞིན་ནམ་དུ་ཡང་མི་འཇིག་པར་བྱིན་གྱིས་བརླབས། །དེ་ནས་བརྟེན་པའི་ལྷ་ཚོགས་བསྒོམ་པ་ལ། ཆོས་འབྱུང་ལྟར་ན་དང་པོ་སྟེང་ཁང་དུ་ཞི་བའི་ལྷ་ཚོགས་བསྒོམ་པའམ། དངོས་པོ་ལ་གཞལ་ཡས་ཁང་གཅིག་གི་ནང་དུ་དང་པོ་ཞི་བའི་ལྷ་ཚོགས་བསྒོམ་པ་ནི། བདག་ཉིད་ཐ་མལ་བའི་ཤེས་པ་འདི་ལ་རྣམ་རྟོག་གཟུང་འཛིན་འཁྲུལ་སྣང་གི་དྲི་མ་ཐམས་ཅད་དང་བྲལ་བའི་སྤྲོས་བྲལ་གྱི་ཡེ་ཤེས་གྱི་ངོ་བོ་ནམ་མཁའི་ཨ་ཡིག་མཐིང་ནག་དཀྱིལ་འཁོར་གྱི་དབུས་སུ་བབས་པ་ལས། རྡོ་རྗེ་མཐིང་ནག་གི་ལྟེ་བར་ཨ་སྔོན་པོས་མཚན་པར་གྱུར། དེ་ལས་འོད་ཟེར་གྱི་ཚོགས་དཔག་

ཏུ་མེད་པ་ཡར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་མཆོད། མར་འཁོར་བའི་གནས་སུ་འཕྲོས་པས་འགྲོ་བ་རིགས་དྲུག་གི་སྒྲིབ་གཉིས་སྦྱངས་ཏེ་འོད་ཟེར་རྣམས་ཚུར་འདུས་ནས་རྡོ་རྗེ་ཨ་དང་བཅས་པ་ལ་ཐིམ་པས་རྡོ་རྗེ་ཨ་དང་བཅས་པ་འོད་དུ་ཞུ་བ་ལས་རིན་པོ་ཆེ་བཞུས་ནས་སངས་རྒྱས་ཀྱི་གཟུགས་སྐུ་བླུགས་པ་ལྟར། བདག་ཉིད་སྐད་ཅིག་གིས་ཀུན་ཏུ་བཟང་པོ་ཡབ་ཡུམ་སྤྲོས་པའི་མཚན་མ་ཐམས་ཅད་སྤངས་པའི་བརྡར་(སྐུ་མདོག་མཐིང་ནག་)རྒྱན་དང་ཕྱག་མཚན་སྤངས་པ་གཞུང་ལྟར་བསྐྱེད་དེ་སྔགས་ཀྱིས་ཡེ་ཤེས་ཀྱི་སྐུར་བྱིན་གྱིས་བརླབས། སྔགས་ཀྱིས་ཡེ་ཤེས་ཀྱི་སྐུར་བྱིན་གྱིས་བརླབས་པ་འདི་འོག་མ་ཐམས་ཅད་ལ་འགྲེས་པར་བྱའོ། །དེ་ནས་འཁོར་བསྐྱེད་པ་ནི། ཐོག་མར་བདག་ཉིད་ཀུན་བཟང་ཡབ་ཡུམ་གཉིས་ཀྱིས་སྙོམས་འཇུག་གི་སྦྱོར་བ་མཛད་པས་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གཉིས་དབུ་མའི་ལམ་ནས་བརྒྱུད་དེ་ཡུམ་གྱི་པདྨར་རོ་གཅིག་ཏུ་འདྲེས། དེ་ལས་ཡབ་ཀྱི་ཐིག་ལེ་གཙོ་བོར་གྱུར་བའི་ཐིག་ལེ་ཆ་གཅིག་ཆད་པ་དེ་ༀ་ཡིག་དཀར་པོ་དང་། ཡུམ་གྱི་ཐིག་ལེ་གཙོ་བོར་གྱུར་བའི་བྱང་སེམས་ཆ་གཅིག་ཆད་པ་དེ་ལཾ་ཡིག་དཀར་པོ་གྱུར། དེ་ནས་ༀ་ཡིག་དེ་རྡོ་རྗེའི་ལམ་ནས་ཀུན་ཏུ་བཟང་པོའི་ཐུགས་ཀར་དྲངས། ལཾ་ཡིག་དེ་ཀུན་ཏུ་བཟང་མོའི་ཐུགས་ཀར་དྲངས། རང་རང་གི་ཐུགས་ཀ་ནས་ཕྱིར་སྤྲོས་ཏེ། དབུས་ཀྱི་གདན་སྟེང་དུ་བབས་ཏེ་ༀ་ལས་རྣམ་སྣང་དང་། ལཾ་ལས་དབང་ཕྱུག་མ་བསྒོམ་པ་སྟེ། ཞི་བའི་ལྷ་ཚོགས་ཡབ་ཡུམ་སྙོམས་འཇུག་ཅན་ལྔ་པོ་རྣམས་ཀྱི་ཡབ་ཀྱི་ས་བོན་ཀུན་ཏུ་བཟང་པོའི་ཐུགས་ཀར་དྲངས་ཏེ་ཕྱིར་སྤྲོས། ཡུམ་གྱི་ས་བོན་རྣམས་ཀུན་ཏུ་བཟང་མོའི་ཐུགས་ཀར་དྲངས་ཏེ་ཕྱིར་སྤྲོས་པ་དང་།

སེམས་དཔའ་སེམས་མ་རྣམས་ནི་རིགས་ལྔ་ཡབ་ཡུམ་སྙོམས་འཇུག་གི་སྦྱོར་བས་བྱང་སེམས་རང་རང་གི་ཡུམ་གྱི་པདྨར་བབས་པས་ཡབ་ཀྱི་བྱང་སེམས་གཙོ་བོར་གྱུར་བའི་ཐིག་ལེ་ལས་སེམས་དཔའ་ཡབ་ཀྱི་ས་བོན་དུ་གྱུར་པ་རིགས་ལྔ་ཡབ་ཀྱི་ཐུགས་ཀར་དྲངས། ཡུམ་གྱི་བྱང་སེམས་གཙོ་བོར་གྱུར་པའི་ཐིག་ལེ་ལས་སེམས་མ་ཡུམ་གྱི་ས་བོན་དུ་གྱུར་པ་རིགས་ལྔའི་ཡུམ་གྱི་ཐུགས་ཀར་དྲངས་ཏེ་སྤྲོས་པ་དང་། ཐུབ་པ་དྲུག་གི་ས་བོན་ཀུན་ཏུ་བཟང་པོའི་ཐུགས་ཀར་དང་། སྒོ་བཞིའི་ཡབ་ཀྱི་ས་བོན་ཡང་ཀུན་ཏུ་བཟང་པོའི་ཐུགས་ཀར་དང་། སྒོ་བཞིའི་ཡུམ་གྱི་ས་བོན་ཀུན་ཏུ་བཟང་མོའི་ཐུགས་ཀར་དྲངས་ནས་སྤྲོས་པ་དང་། ཆེ་མཆོག་ཡབ་ཡུམ་ཀྱི་ས་བོན་ཀུན་བཟང་ཡབ་ཡུམ་ཀྱི་ཐུགས་ཀ་ནས་སྤྲོས་པ་དང་། ཁྲག་འཐུང་ཡབ་ལྔའི་ས་བོན་ཆེ་མཆོག་གི་ཐུགས་ཀར་དྲངས་ཏེ་སྤྲོས་པ་དང་། ཡུམ་ཁྲོ་མོ་ལྔའི་ས་བོན་ཀྲོ་ཏི་ཤྭ་རི་མའི་ཐུགས་ཀར་དྲངས་ཏེ་སྤྲོས་པ་དང་། ཀོའུ་རི་མ་བརྒྱད་སེང་ཧ་མ་བརྒྱད་དབང་ཕྱུག་ཉེར་བརྒྱད་ཀྱི་ས་བོན་ཆེ་མཆོག་གི་ཐུགས་ཀར་དྲངས་ཏེ་སྤྲོ་བ་དང་། སྒོ་མ་བཞིའི་ས་བོན་ཁྲག་འཐུང་རིགས་བཞིའི་ཐུགས་ཀར་དྲངས་ཏེ་སྤྲོ་བ་རྣམས་ཤེས་པར་བྱས་ཏེ། ཐོག་མར་བདག་ཉིད་ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་དབུས་སུ་རང་ཉིད་བཞུགས་པའི་གོ་སར་ༀ་དང་ལཾ་དཀར་པོ་འཕྲོས་མ་ཐག་རང་ཉིད་ཀུན་བཟང་ཡབ་ཡུམ་སྟེང་དུ་འཕགས། དེའི་ཤུལ་དུ་ༀ་ལས་རང་ཉིད་རྣམ་པར་སྣང་མཛད་ལ་ལཾ་ལས་བྱུང་བའི་དབང་ཕྱུག་མས་འཁྱུད་པའི་སྐུར་གསལ་ཏེ་དེའི་ཚེ་དབུས་སུ་རྣམ་སྣང་གི་སྤྱི་བོར་ཀུན་བཟང་ཡབ་ཡུམ་བཞུགས་པའོ། །ཡང་རང་ཉིད་ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་ཧཱུྃ་དང་ཀུན་ཏུ་བཟང་མོའི་ཐུགས་ཀ་ནས་མུཾ་སྔོན་པོ་ཤར་དུ་འཕྲོས་ཏེ། ཧཱུྃ་ལས་རང་ཉིད་རྡོ་རྗེ་སེམས་དཔའ་ལ། མུཾ་ལས་སངས་རྒྱས་

སྤྱན་མས་འཁྱུད་པའི་སྐུར་གྱུར། དེ་ནས་རང་ཉིད་རྡོར་སེམས་ཀྱི་ཐུགས་ཀ་ནས་གཡས་སུ་ཀྵི་དཀར་པོ་དང་གཡོན་དུ་མཻ་དཀར་པོ་འཕྲོས། ཀྵི་ལས་གཡས་སུ་ས་ཡི་སྙིང་པོ། མཻ་ལས་གཡོན་དུ་བྱམས་པ་བསྐྱེད། དེ་ནས་ཡུམ་སངས་རྒྱས་སྤྱན་མའི་ཐུགས་ཀ་ནས་མདུན་དུ་ཧཱུྃ་དཀར་པོ་དང་། རྒྱབ་ཏུ་ཡང་ཧཱུྃ་དཀར་པོ་འཕྲོས་ཏེ་མདུན་དུ་ཧཱུྃ་ལས་ལ་སཻ་དཀར་མོ་དང་། རྒྱབ་ཏུ་ཧཱུྃ་ལས་པུཥྤེ་དཀར་མོ་གསལ་བཏབ་སྟེ་རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག་གི་ཚོམ་བུ་ཤར་དུ་བསྐྱེད། དེའི་འགྲེས་སྦྱར་ཏེ། རིན་འབྱུང་ཡབ་ཡུམ་སོགས་རིགས་ལྔའི་གཙོ་བོ་ཡབ་ཀྱི་ས་བོན་དེ་རང་ཉིད་ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་དང་། ཡུམ་གྱི་ས་བོན་ཀུན་ཏུ་བཟང་མོའི་ཐུགས་ཀ་ནས་སྤྲོ་བ་དང་། རིགས་ལྔའི་འཁོར་གྱི་བྱང་སེམས་གཉིས་ཀྱི་ས་བོན་རིགས་ལྔའི་གཙོ་བོ་ཡབ་དང་སེམས་མ་གཉིས་ཀྱི་ས་བོན་རིགས་ལྔའི་ཡུམ་གྱི་ཐུགས་ཀ་ནས་སྤྲོ་བ་ཡིན་པར་ཤེས་པར་བྱས་ནས་རིན་འབྱུང་དང་སྣང་མཐའ་དོན་གྲུབ་གཙོ་འཁོར་དྲུག་དྲུག་རྣམས་ལྷོ་དང་ནུབ་དང་བྱང་དང་གསུམ་དུ་བསྐྱེད་པར་བྱ་སྟེ། དེ་ལ་རིགས་ལྔའི་གཙོ་བོ་རྣམས་རང་ཉིད་ཡིན་པར་བསྒོམ་པར་མ་ཟད་ཞི་ཁྲོའི་ལྷ་ཡོངས་རྫོགས་ལ་རང་ཉིད་ཡིན་པའི་འདུ་ཤེས་དང་ང་རྒྱལ་ཐོབ་པར་བྱེད་པ་ནི་གནད་ཆེ་ཤོས་ཡིན། དེ་ལ་རིགས་ལྔའི་གཙོ་བོ་རྣམས་རང་རང་གི་གདན་ལ་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་རང་རང་གི་ཕྱག་མཚན་ཐུགས་ཀར་བསྟོད་དེ་འཛིན་པ། གཡོན་པ་ཕྱག་མཚན་དང་བཅས་པས་ཡུམ་གྱིས་སྐུ་རྒྱབ་ནས་འཁྱུད་པ། རིགས་ལྔའི་ཡུམ་རྣམས་ཀྱིས་ཞབས་གཉིས་ཡབ་ཀྱི་སྐེད་པ་ནས་འཁྲིལ་ཏེ། སྐུ་རྒྱབ་ཏུ་རྐང་མཐིལ་གཉིས་སྤྲད་པ་པདྨའི་སྐྱིལ་ཀྲུངས་ཀྱིས་འཁྱུད་པ་དང་། ཕྱག་གཡས་པས་རང་རང་གི་ཕྱག་མཚན་དང་བཅས་པས་ཡབ་ཀྱི་

མགུལ་བ་གཡོན་པ་ནས་འཁྱུད་པ། གཡོན་པས་རང་རང་གི་ཕྱག་མཚན་ཡབ་ཀྱི་དཔུང་པ་གཡས་པའི་ཐད་དུ་འཛིན་པ། རིགས་ལྔ་ཡབ་ཡུམ་གཉིས་ཕྱག་མཚན་གཅིག་པ་ཡིན་ནོ། །སེམས་དཔའ་རྣམས་ཀྱི་སྐྱིལ་ཀྲུང་ནི་འཇིག་རྟེན་པའི་མི་རྣམས་ཀྱི་སྐྱིལ་ཀྲུང་དང་འདྲ། སེམས་མ་རྣམས་ཀྱི་ཕྱེད་སྐྱིལ་ནི་ཞབས་གཡོན་པ་སེམས་དཔའི་སྐྱིལ་ཀྲུང་ལ་ཞབས་གཡས་ཕྱེད་བརྐྱང་བྱས་པ་སྟེ། ཞི་བའི་ལྷ་ཚོགས་རིགས་ལྔ་ཡབ་ཡུམ་བཅུ་དང་། སེམས་དཔའ་ཡབ་ཡུམ་བཅུ་དྲུག་ནི། རིན་པོ་ཆེའི་དབུ་རྒྱན་དང་། སྙན་རྒྱན། མགུལ་རྒྱན། སྐ་རགས་དང་། དཔུང་གདུབ། ཕྱག་གདུབ། སོར་གདུབ། རྐང་གདུབ། དོ་ཤལ། སེ་མོ་དོ་རྣམས་དང་། དར་དམར་པོའི་སྨད་དཀྲིས། སྔོན་པོའི་སྟོད་གཡོགས། དཀར་པོའི་ཕུ་དུང་། སེར་པོའི་དབུ་རྒྱན་གྱི་རྩ་བའི་ཅོད་པཎ། ལྗང་གུའི་སྐྲ་ཆིངས་ཏེ་དར་དང་རིན་པོ་ཆེས་བརྒྱན་པ་སྐུ་ལ་རུས་པ་དང་རྒྱུས་པ་སོགས་མེད་པས་སྐུའི་ཆ་གང་ནས་ཀྱང་དགུག་ཏུ་རུང་བས་མཉེན་པ། སྐུའི་ཆ་གང་ཡིན་ཀྱང་རང་ཚད་དང་མཐུན་པའི་ཁོ་ལག་ཡངས་ཤིང་མཉེན་ཆ་མེད་པའི་འཁྲོག་པོ་མ་ཡིན་པས་ལྕུགས་པ། སྐུ་ཤ་ལྷོད་པ་མ་ཡིན་པར་འཚམས་པར་དམ་ཧྲིལ་ལེ་བའི་འཁྲུལ་བག་ཆགས་པ། འཁྲི་ཤིང་ལྟར་ལྡེམ་ལ་དྲང་བ། གཉེར་མ་སོགས་རྒས་པའི་སྐྱོན་དང་བྲལ་བས་གཞོན་པའི་ཚུལ་ཅན། རང་རང་གི་ཁ་དོག་ལྟར་ཁ་དོག་དྭངས་ཤིང་གསལ་བ། ཟླ་འོད་བཞིན་རང་མདངས་ཀྱི་འོད་ལྷང་ལྷང་འཚེར་བ། མཛེས་ཤིང་ཅི་ཙམ་བལྟས་ཀྱང་ངོམས་པ་མེད་པས་ལྷུན་སྡུག་པ། གཞན་གྱིས་ཟིལ་གྱིས་གནོན་པར་མི་ནུས་པར་མ་ཟད་གཞན་དག་ཟིལ་གྱིས་གནོན་པའི་གཟི་བརྗིད་འབར་བའི་སྐུ་ཅན་དང་། སྐུའི་སྣང་ཆ་ཤིན་ཏུ་མངོན་པར་བཀྲ་ཡང་རང་བཞིན་གྱིས་སྟོང་པའི་སྣང་སྟོང་ཟུང་འཇུག་གམ། ཟབ་གསལ་ཟབ་པ་

སྟོང་ཉིད་རྟོགས་པའི་ཤེས་རབ་དང་གསལ་བ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་གཟུང་ཆ་ལྷར་ཤར་བའི་ལྷའི་རྣལ་འབྱོར་གཉིས་ངོ་བོ་དབྱེར་མེད་དུ་གྱུར་པ་མཆན། གཉིས་མེད་ཀྱི་སྐུར་འཛིན་མེད་མ་བཅོས་པའི་ལྟ་བ་དྲན་པའི་སྒོ་ནས་བསྒོམ་པར་བྱའོ། །ལྷ་སྐུ་སྣང་སྟོང་དུ་བསྒོམ་པ་འདི་ཞི་ཁྲོའི་ལྷ་ཐམས་ཅད་ལ་འགྲེས་པར་བྱའོ། །ཡང་རིགས་ལྔའི་ཕྱི་རོལ་དུ་ཐུབ་པ་དྲུག་བསྒོམ་པ་ནི། ཨ་བདག་ཉིད་ཀུན་བཟང་ཐུགས་ཀ་ནས༔ ཀྲེཾཿབྲེཾཿ༴ སོགས་ཏེ་རང་ཉིད་ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་སྟེང་དུ་སྟེ་ཤར་དུ་ཀྲེཾ་དཀར་པོ། འོག་ཏུ་སྟེ་ནུབ་དུ་བྲེཾ་ནག་པོ། ཤར་ལྷོར་ཏྲུཾ་ལྗང་ནག །ལྷོ་ནུབ་ཏུ་ཀྵི་ཾསེར་པོ། ནུབ་བྱང་དུ་སྲུཾ་མཐིང་ཀབྱང་ཤར་དུ་ཡེ་དམར་པོ་འཕྲོས་པ་ལས་ཐུབ་པ་དྲུག་ཆོས་གོས་རྣམ་གསུམ་གསོལ་བ་དབུ་གཙུག་ཏོར་དང་ལྡན་པ་སྤྲུལ་སྐུའི་ཆ་ལུགས་ཅན་བཞེངས་སྟབས་སུ་པདྨའི་གདན་ལ་བཞུགས་པ་ཕྱག་གཉིས་རང་རང་གི་ཕྱག་མཚན་འཛིན་པ་གསལ་འདེབས། དེ་ནས་སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད་བསྒོམ་པ་ནི། ཨ་བདག་ཉིད་ཀུན་བཟང་ཡབ་ཡུམ་གྱི༔ ཐུགས་ནས༴ སོགས་ཏེ་འདིར་ནི་ཚིག་ཟིན་ལས་གསུངས་པ་ལྟར་ཀུན་བཟང་ཡབ་ཀྱི་ཐུགས་ཀ་ནས་སྒོ་བ་ཡབ་རྣམས་དང་ཡུམ་གྱི་ཐུགས་ཀ་ནས་ཡུམ་རྣམས་ཀྱི་ས་བོན་སྤྲོ་བ་སྟེ། ཡབ་ཀྱི་ཐུགས་ནས་ཧཱུྃ་དང་ཡུམ་གྱི་ཐུགས་ནས་ཛཿདཀར་པོ་ཤར་སྒོ་དང་། དེ་བཞིན་ཏུ་ལྷོ་སྒོར་ཧཱུྃ་ཧཱུྃ་སེར་པོ། ནུབ་སྒོར་ཧཱུྃ་བཾ་དམར་པོ། བྱང་སྒོར་ཧཱུྃ་ཧོ་ལྗང་གུ་རྣམས་འཕྲོས་པ་ལས་ཤར་སྒོར་རྣམ་རྒྱལ་དཀར་པོ་ལ་ལྕགས་ཀྱུ་མ་༼ཞགས་པ་མ་༽དཀར་མོས་འཁྱུད་པ་སོགས་སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད་བསྒོམ་པ་སྟེ། ཡབ་རྣམས་ཞབས་གཡས་བསྐུམ་གཡོན་བརྐྱངས་ཀྱི་འདོར་ཐབས་སུ་བཞུགས་པ། ཕྱག་གཡས་པས་རང་རང་གི་ཕྱག་མཚན་ནམ་མཁར་ཕྱར་བ། གཡོན་པས་ཕྱག་མཚན་

དང་བཅས་པ་ཐུར་དུ་བསྡིགས་པ། ཡུམ་རྣམས་ཞབས་གཡས་བསྐུམ་པས་ཡབ་ཀྱི་སྐེད་པར་འཁྲིལ་ཞིང་གཡོན་བརྐྱངས་པ། ཕྱག་གཡས་ཕྱག་མཚན་དང་བཅས་ཡབ་ཀྱི་སྐེད་ནས་འཁྲིལ་བ། གཡོན་པ་ཕྱག་མཚན་བཅས་ཡབ་ཀྱི་དཔུང་པ་གཡས་ཐད་དུ་བརྐྱངས་པ་སྟེ་ཡབ་ཡུམ་གཉིས་ཀ་གཞུང་ལྟར་ཕྱག་མཚན་འདྲ་བའོ། །སྒོ་བ་ཡབ་ཡུམ་བརྒྱད་པོ་ནི་ཐམས་ཅད་མཚུངས་པར་དབུ་སྐྲ་གྱེན་དུ་བརྫེས་པ། དབུ་ལ་ཐོད་པ་སྐམ་པོའི་སྟེང་དུ་རིན་པོ་ཆེའི་རྒྱན་ལྔའི་བརྒྱན་པ། ཐོད་པ་དར་གྱིས་དཀྲིས་པའི་སྣེ་ཅོད་པཎ་དུ་བྱས་པ། རུས་པའི་སྙན་ཆ། མགུལ་རྒྱན། གདུ་བུ། ཐོད་པ་སྐམ་རློན་རྙིད་གསུམ་གྱི་ཕྲེང་བ་གསུམ་དང་། སྦྲུལ་གྱི་ཞགས་པ་སྐེ་ནས་ཐུར་དུ་དཔྱངས་པ། གླང་ལྤགས་འོག་དང་མི་ལྤགས་སྟེང་དུ་སྦྱར་ནས་གཉིས་ཀའི་སྤུ་ཕྱིར་བསྟན་མགོ་གཡས་སུ་བསྟན་པ་སྐུ་ཡི་སྟོད་དུ་གསོལ་བ། སྙིང་གར་རོ་ཐལ་གྱི་ཚོམ་བུ། མཁུར་ཚོས་ལ་ཁྲག་གི་ཐིག་ལེ། ཨོལ་སྐོ་ལ་ཞག་གི་ཟོ་རིས་སྐུ་སྨད་ལ་སྟག་ཤམས་གསོལ་བ་དང་། སྐུ་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་སོགས་ལས་སྐུ་ཤིན་ཏུ་འཕྱོར་སྒེག་དང་ལྡན་པའི་ཉམས་དང་ལྡན་པ། སྐུ་རབ་ཏུ་གཏུམ་ཞིང་རྒྱས་པ་སོགས་ལས་འཇིག་རྟེན་འདི་ན་ཤིན་ཏུ་དཔའ་བའི་སྙིང་སྟོབས་དང་ལྡན་པའི་ཉམས་དང་། ཞལ་བསྒྲད་པ་སོགས་ལས་བལྟ་བ་ཙམ་ཡང་མི་བཟོད་པའི་འཇིགས་སུ་རུང་བ་སྟེ་སྐྲག་ཐུབ་པའི་ཉམས་དང་ལྡན་པ་སྟེ་སྐུའི་གར་གསུམ་དང་། སྐུ་སྦོམ་པ་དང་མགྲིན་པ་རྒྱས་པ་སོགས་ལས་སྟོང་གསུམ་གང་བའི་རྒོད་པའི་ཧ་སྒྲ་ཆེན་མོ་འབྱུང་བས་རྒོད་པའི་ཉམས་དང་། སྐུ་ཁྲོས་ཤིང་འབར་བ་སོགས་ལས་གདུག་པ་ཅན་ཐམས་ཅད་ལ་གཤེ་ཞིང་གཞོམ་པའི་སོད་སོད་རྒྱོབ་རྒྱོབ་ལ་སོགས་པའི་གསུང་སྒྲ་དྲག་པོ་འབྱུང་བའི་ཉམས་དང་། སྐུ་ཁྲོ་གཏུམ་སོགས་ལས་གསུང་གི་སྒྲ་དེ་དག་

ཀྱང་བདུད་སྡེའི་སྙིང་འགས་པར་བྱེད་པའི་ཤིན་ཏུ་རྩུབ་པའི་སྒྲ་མི་བཟད་པ་འབྱུང་བའི་རྔམ་པའི་ཉམས་ཏེ་གསུང་གི་གར་གསུམ་དང་། མཛད་སྤྱོད་གཞན་དོན་མཛད་པ་སོགས་ལས་སེམས་ཅན་ལ་སྙིང་རྗེའི་ཐུགས་དང་ལྡན་པའི་ཉམས་དང་། རབ་ཏུ་ཁྲོས་པ་སོགས་ལས་གདུག་པ་ཅན་ལ་སྡང་བའི་ཐུགས་དང་ལྡན་པའི་ཉམས་དང་། གཞན་གྱིས་བལྟར་མི་བཟོད་པའི་གཏུམ་རྔམ་སོགས་ལས་གདུག་ཅན་སྒྲོལ་བ་སོགས་ལ་དྲག་ཏུ་རྔམ་པའི་ཐུགས་དང་ལྡན་པའི་ཉམས་སྟེ་ཐུགས་ཀྱི་ཉམས་གསུམ་དང་(བཅས་)འབར་བའི་གར་དགུ་དང་ལྡན་པ་སྣང་ལ་རང་བཞིན་མེད་པ་སྣང་སྟོང་གཉིས་ཚོགས་ཀྱི་སྐུར་བསྒོམ། གར་དགུ་འདི་འོག་གི་ཁྲག་འཐུང་ཡབ་ཡུམ་ཐམས་ཅད་ལ་སྦྱར་ཏེ་བསྒོམ། དེ་ལྟར་ཞི་བའི་ལྷ་ཚོགས་ཞེ་གཉིས་དང་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་རང་དང་རྒྱུད་ཐ་དད་མ་ཡིན་པར་ཐམས་ཅད་རང་རང་གི་སེམས་ཀྱི་སྣང་ཆ་ལས་གྲུབ་པ་དང་རང་སེམས་ཀྱི་སྣང་ཆ་ལ་གང་སྣང་ཐམས་ཅད་ཡེ་གདོད་མ་ནས་ཞི་བའི་རྟེན་དང་བརྟེན་པའི་ལྷ་ཚོགས་ཀྱི་རྣམ་པར་གྲུབ་པ་དང་། སྣོད་བཅུད་ཐམས་ཅད་བདག་གིས་བསྒོམ་པའི་ཞི་བའི་དཀྱིལ་འཁོར་རྟེན་དང་བརྟེན་པའི་རྣམ་པར་ཤར་བ་འདི་ལས་གཞན་དུ་མེད་པར་འདི་ཁོ་ནའོ་སྙམ་དུ་སྣང་སྲིད་ཞི་བའི་དཀྱིལ་འཁོར་དག་པ་རབ་འབྱམས་སུ་མཐོང་བར་བྱས་ཏེ་སེམས་མ་ཡེང་བར་ཡིད་ཀྱི་ཡུལ་དུ་གསལ་སང་ངེ་བསྒོམ་པར་བྱས་ཏེ་ༀ་ཨཱཿཧཱུྃ་གསུམ་གྱིས་ཞི་བའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ནི་ཐུགས་ཡེ་ཤེས་ལས་གྲུབ་པའི་དབྱིབས་དང་ཁ་དོག་གི་རྣམ་པ་ཐམས་ཅད་དུ་མི་ཤིགས་པ་རྡོ་རྗེའི་སྐུ་དང་། གསུང་ནི་སྒྲ་སྐད་མཐའ་ཡས་པའི་སྐད་ཀྱིས་ཆོས་སྒོ་མཐའ་དག་ཅིག་ཆར་དུ་སྟོན་པའི་རྡོ་རྗེའི་གསུང་དང་། ཐུགས་ནི་ཤེས་བྱ་

མཐའ་དག་ཅིག་ཆར་དུ་གཟིགས་པའི་རྡོ་རྗེའི་ཐུགས་སུ་བསྒོམ་སྟེ། དེ་ཐམས་ཅད་རང་ཉིད་ཡིན་ནོ་སྙམ་དུ་ང་རྒྱལ་འཛིན་ནོ། །དེ་ནས་ཆོས་འབྱུང་ལྟར་ན། འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ནང་དུ་ཁྲོ་བོའི་ལྷ་ཚོགས་རྣམས་བསྒོམ་པའམ། དངོས་གནས་ལ་ཞི་བའི་ལྷ་ཚོགས་རྣམས་དང་གོ་ས་གཅིག་ཏུ་ཞི་ཁྲོའི་ལྷ་ཚོགས་བསྒོམ་པར་བྱ་སྟེ། མི་བདེ་ན་ཁྲོ་བོའི་ལྷ་ཚོགས་རྣམས་བསྒོམ་པའི་ཚེ་ཞི་བ་ཞེ་གཉིས་གཞལ་ཡས་ཁང་གི་བར་སྣང་ལ་བཏེག་ནས་དེའི་ཤུལ་དུ་ཁྲག་འཐུང་དྲུག་ཅུ་བསྒོམ་པར་བྱ་སྟེ། ཧཱུྃ་རང་བྱུང་རང་ཤར༴ སོགས་ཏེ་སུས་ཀྱང་བཟོས་པ་མ་ཡིན་པར་རང་བྱུང་དུ་བྱུང་ཞིང་ཡེ་ཤེས་ཀྱི་རང་སྣང་ལས་ཤར་བའི་རང་གི་འོག་ཏུ་དཀྱིལ་འཁོར་གྱི་དབུས་སུ་རང་ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་ཧཱུྃ་སྨུག་ནག་དང་། ཀུན་ཏུ་བཟང་མོའི་ཐུགས་ཀ་ནས་་ཕྱིར་ལོག་སྨུག་ནག་འཕྲོས་པ་ལས་དབུས་སུ་མཁའ་ལྡིང་བརྒྱད་ཀྱི་སྟེང་དུ་རིན་པོ་ཆེ་ཟུར་བརྒྱད་དང་པདྨ་ཉི་མའི་སྟེང་དུ་ཆེ་མཆོག་ཡབ་ཡུམ་གཉིས་ཡེ་ཤེས་ཀྱི་རང་སྣང་དུ་ཤར་བར་བསྒོམ། དེ་ནས་དབུས་ཀྱི་ཆེ་མཆོག་ཡབ་ཀྱི་ཐུགས་ཀ་ནས་ཧཱུྃ་སྨུག་ནག་དང་ཡུམ་གྱི་ཐུགས་ཀ་ནས་ཡབ་ལ་འཁྱུད་ཚུལ་མཚོན་པའི་་ཕྱིར་བལྟས་སྨུག་ནག་གཉིས་དབུས་ཀྱི་ཆེ་མཆོག་གི་གདན་ཐོག་ཏུ་སྤྲོས་པ་དང་། ཆེ་མཆོག་ཡབ་ཡུམ་སྟེང་དུ་འཕགས་པ་དུས་མཉམ་དུ་མོས། དེའི་ཤུལ་དུ་ཧཱུྃ་ཧཱུྃ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྒྲིབ་པ་སྦྱངས་བའི་དོན་བྱས། ཚུར་འདུས་པ་ལས་རང་ཉིད་དབུས་སུ་བྷུདྡྷ་ཧེ་རུ་ཀ་ཡབ་ཡུམ་དུ་བསྒོམ། ཆེ་མཆོག་བྷུདྡྷ་ཧེ་རུ་ཀའི་སྤྱི་བོར་བཞུགས། དེ་བཞིན་དུ་ཁྲག་འཐུང་ཡབ་རྣམས་ཀྱི་ས་བོན་རང་ཉིད་ཆེ་མཆོག་དང་། ཡུམ་རྣམས་ཀྱི་ས་བོན་ཡུམ་ཀྲོ་ཏི་ཤྭ་རི་མའི་ཐུགས་ཀ་ནས་སྤྲོས་ཏེ།

ཁྲག་འཐུང་ལྷག་མ་བཞི་བསྒོམ། ཆེ་མཆོག་ཡབ་ཡུམ་དང་ཁྲག་འཐུང་ཡབ་ཡུམ་ལྔ་ནི་ཞལ་གསུམ་ཕྱག་དྲུག་ཞབས་བཞི་གཡས་བསྐུམ་གཡོན་བརྐྱངས་པ་ཕྱག་བར་བ་གཉིས་ཀྱིས་ཕྱག་མཚན་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་ལྷག་མ་བཞི་གཡས་གཡོན་དུ་བརྐྱངས་པ་རྡོ་རྗེ་དང་རིན་པོ་ཆེའི་གཤོགས་པ་བརྐྱངས་པའོ། །ཡུམ་རྣམས་སྐུ་མདོག་རང་རང་གི་ཡབ་དང་མཚུངས་ཤིང་ཞལ་གཅིག་ཕྱག་གཉིས་མ། ཞབས་གཡས་པ་ཡབ་ཀྱི་རྐེད་ལ་འཁྲིལ་ཞིང་གཡོན་བརྐྱངས་པ། གཡས་ཀྱི་ཕྱག་མཚན་རང་གི་ཡབ་ཀྱི་ཕྱག་དང་པོའི་ཕྱག་མཚན་དང་གཡོན་པ་ཐམས་ཅད་བྷནྡྷ་འཛིན་པ། ཆེ་མཆོག་དང་ཁྲག་འཐུང་ཡབ་ཡུམ་ཐམས་ཅད་ཞལ་ཁྲོ་གཉེར་ཅན་སྤྱན་གསུམ་དམར་བ་སྡང་མིག་གིས་ལྟ་བ་དབུ་སྐྲ་གྱེན་དུ་བརྫེས་པ། སྨ་ར་དང་ཨག་ཚོམ་ལས་མེའི་ཚྭ་ཚྭ་འཕྲོ་བ་དང་ཐོད་སྐམ་གྱི་དབུ་རྒྱན་ནས་ཞབས་གདུབ་ཀྱི་བར་ཞི་བའི་སྒོ་བ་དང་འདྲ་ཞིང་ཡབ་རྣམས་སྟག་ཤམ་དང་ཡུམ་རྣམས་གཟིག་ཤམ་མནབ་པ་རཱུ་ཏྲའི་ལུས་ཀྱི་སྐ་རེགས་བྱས་པའོ། །སྒེག་པ་སོགས་གར་དགུ་ནི་གོང་ལྟར་རོ། །དེ་ནས་ཁྲག་འཐུང་རིགས་བཞིའི་ཕྱི་རོལ་དུ་བདག་ཉིད་ཆེ་མཆོག་གི་ཐུགས་ཀ་ནས་ལྷ་སོ་སོའི་རང་མདོག་གི་ཧ་བརྒྱད་ཕྱོགས་མཚམས་བརྒྱད་དུ་འཕྲོས་པ་ལས་ཀཽ་རི་མ་བརྒྱད་དང་། དེའི་ཕྱི་རོལ་ཏུ་ཆེ་མཆོག་གི་ཐུགས་ཀ་ནས་ཧེ་བརྒྱད་འཕྲོས་པ་ལས་སེང་ཧ་མ་བརྒྱད་བསྒོམ། དེ་ནས་ཤར་གྱི་བཛྲ་ཧེ་རུ་ཀའི་ཐུགས་ཀ་ནས་ཛ་དཀར་པོ་དང་རཏྣ་ཧེ་རུ་ཀའི་ཐུགས་ཀ་ནས་ཧཱུྃ་སེར་པོ་སོགས་འཕྲོས་པ་ལས། སྒོ་བཞིར་སྒོ་མ་བཞི་དང་། བདག་ཉིད་ཆེ་མཆོག་གི་ཐུགས་ཀ་ནས་ལྷ་སོ་སོའི་རང་མདོག་གི་བྷྱོཿཉེར་བརྒྱད་དཀྱིལ་འཁོར་གྱི་ཕྱི་ཁྱམས་རྟ་བབས་ཀྱི་གཡས་གཡོན་གྱི་

གནས་གསུམ་གསུམ་དང་སྒོ་ཁང་བཞིར་འཕྲོས་པ་ལས་དབང་ཕྱུག་ཉེར་བརྒྱད་བསྐྱེད་པར་བྱ་སྟེ། ཀཽ་རི་མ་བརྒྱད་མན་ཆད་ཞིང་གི་སྟོད་གཡོགས་ཅན་དང་སྲིན་མོའི་གཟུགས་ཅན་ནོ། །འདི་དག་ལ་རུས་རྒྱན་དང་གཟིག་ཤམ་སོགས་ཕྱག་ལེན་ལ་ཡོད་ཀྱང་གཞུང་དུ་ནི་མ་བཤད་དོ། །དེ་དག་གི་སྐུ་མདོག་ཕྱག་མཚན་བཞུགས་སྟངས་སོགས་ནི་གཞུང་དུ་གསལ་བ་ལྟར་བསྒོམ་སྟེ། རང་གི་སེམས་ཀྱི་སྣང་བ་ལ་ཤར་བའི་ཕྱི་སྣོད་ནི་བདག་གིས་བསྒོམ་པའི་ཁྲོ་བོའི་རྟེན་གྱི་དཀྱིལ་འཁོར་དང་། རང་སྣང་ལ་སྣང་བའི་བཅུད་ཀྱི་སེམས་ཅན་རྣམས་ནི་བདག་གིས་བསྒོམ་པའི་ཁྲོ་བོའི་ལྷ་ཚོགས་ཏེ། དེ་འདྲའི་རྟེན་དང་བརྟེན་པ་ཐམས་ཅད་རང་སེམས་ཀྱི་སྣང་ཆ་ལས་གྲུབ་པ་དང་སྣང་ཡང་བདེན་གྲུབ་ཀྱིས་སྟོང་པའི་ཆུ་ཟླ་ལྟ་བུར་བསྒོམ་མོ། །བསྙེན་བཟླས་ཙམ་ལ་བདག་བསྐྱེེད་རྐྱང་བ་ལས་མ་བསྒོམ་ཀྱང་ཆོག་མོད། ཚོགས་དང་མཆོད་པ་འབུལ་བའི་རྟེན་དང་བསྒྲུབ་པ་མ་གྲོལ་བར་བརྟན་པར་བཞུགས་ནས་བརྟེན་པའི་ཆེད་དུ་མདུན་བསྐྱེད་བསྒོམས་ན་འདིར་བདག་བསྐྱེད་གཙོ་བོར་བྱས་པའི་སྐབས་ཡིན་པས་བདག་བསྐྱེད་ཀྱི་གཞལ་ཡས་ཁང་གི་མདུན་ཕྱོགས་གྱི་དུར་ཁྲོད་གནས་པའི་རྡོ་རྗེ་རྭ་བའི་ནང་དུ་། མདུན་བསྐྱེད་ཀྱི་འོག་གི་ནམ་མཁའི་ཆོས་འབྱུང་ཟུར་དྲུག་ནས་མདུན་བསྐྱེད་ཀྱི་རྭ་གུར་གཞལ་ཡས་ཁང་དང་བཅས་པ་བསྒོམ་པ་སྟེ། ནུས་ན་གོང་གི་ཆོ་ག་གཅིག་གིས་བདག་མདུན་གཉིས་ཀ་དུས་གཅིག་ཏུ་བསྒོམ། མི་ནུས་ན་བདག་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་བསྒོམ་ཟིན་པའི་སྐབས་འདིར་བྷྲཱུཾ་ནི་གཞལ་ཡས་ཁང་དང་། ཧཱུྃ་ནི་བརྟེན་པ་ལྷ་དང་། པྲ་ཝེ་ཤ་སོ་སོར་དབྱེ་བའི་དོན་ཅན་ཡིན་པས་བྷྲཱུཾ་ཧཱུྃ་པྲ་ཝེ་ཤ་ཡ་ཕཊ་ཅེས་པས་བདག་བསྐྱེད་ཀྱི་རྟེན་དང་བརྟེན་པའི་

དཀྱིལ་འཁོར་ལས་མདུན་བསྐྱེད་ཀྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སོ་སོར་ཆད་ནས་གོང་གི་གནས་སུ་རྟེན་གཏོར་དང་དབྱེར་མེད་དུ་འཁོད་པར་བསམས་ལ། ༈ དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི། སངས་རྒྱས་རྣམས་ཀྱི་ལོངས་སྐུ་ནི་རང་སྣང་ལས་གྲུབ་པའི་འོག་མིན་དག་པའི་ཞིང་ན་བཞུགས་པ་སྟེ། དེ་ཡང་རྟེན་གཞལ་ཡས་ཁང་དང་བརྟེན་པ་དམ་པ་རིགས་བརྒྱ་སོགས་གདུལ་བྱ་གང་འདུལ་གྱི་ལྷ་ཚོགས་དང་སྤྱོད་ལམ་མཐའ་ཡས་པའི་བདག་ཉིད་ཅན་དུ་བཞུགས་པ་ཡིན་ཞིང་དེ་ཡང་ཐུགས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ལ་རོ་གཅིག་དབྱེར་མེད་དུ་སོང་བའི་སྒོ་ནས་མཉམ་པར་བཞག་པ་ལས་དོན་དམ་པར་ཤར་ཕྱོགས་ཀྱི་སྣང་བ་སོགས་སྤྲོས་པ་ཐམས་ཅད་དང་བྲལ་ཀྱང་རྩལ་སྣང་དུ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་། དག་པའི་ཡུལ་གྱི་མཐའ་དབུས་ལ་སོགས་པའི་སྣང་ཆ་མ་འགགས་པར་ཡོད་པར་ཤེས་པར་བྱས་ཏེ། ཐོག་མར་རང་ཉིད་ཀུན་བཟང་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། འོག་མིན་རང་སྣང་དག་པའི་གནས་སུ་བཞུགས་པའི་ཞི་ཁྲོའི་ལྷ་ཚོགས་རབ་འབྱམས་ཀྱི་ཐུགས་ཀར་ཕོག་པས་གདུལ་བྱས་སྤྱན་དྲངས་པ་ལ་འབྱོན་པར་དགོངས་པར་མོས་ལ། ཚིག་གི་སྒོ་ནས་སྤྱན་དྲངས་པ་ནི། ཧཱུྃ་དཔེ་མེད་བསམ་བརྗོད༴ སོགས་ཏེ། རྫོགས་པའི་སངས་རྒྱས་རྣམས་གང་ལ་མཉམ་པར་བཞག་ནས་བཞུགས་པའི་གནས་ནི་འཇིག་རྟེན་འདིའི་དཔེ་མེད་པ་སྒྲ་རྟོག་གིས་མངོན་སུམ་དུ་མཐོང་བ་དང་བརྗོད་པའི་ཡུལ་དང་བྲལ་བའི་རང་བཞིན་ཆོས་ཀྱི་དབྱིངས་སུ་རྩལ་སྣང་ལ་རྟེན་དང་བརྟེན་པའི་ལྷར་ཤར་བའི་དབུས་ཕྱོགས་སུ། ཆོས་སྐུ་ཀུན་ཏུ་བཟང་པོ་སྤྲོས་བྲལ་ཉག་གཅིག་གི་ཡེ་ཤེས་རང་གསལ་བ་དྲི་མ་ཐམས་ཅད་དག་པ་ལྷུན་གྲུབ་ཏུ་ཡེ་ཤེས་ལྔ་དང་ལྡན་པ་ཉོན་མོངས་པ་ལྔ་དག་པའི་

བདག་ཉིད་བདེ་གཤེགས་རིགས་ལྔ་དང་འདུ་འབྲལ་མེད་པའི་བདག་ཉིད་ཅན་ཁྱེད་ནི་འགྲོ་བ་མ་ལུས་པའི་དོན་སྒྲུབ་པའི་ཕྱིར་དུ། བདག་གི་ཡིད་སྣང་དག་པ་ལས་ཤར་བའི་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་གནས་འདིར་བྱོན་པར་མཛོད་ཅིག །དེ་བཞིན་དུ་དཔེ་མེད་བསམ་བརྗོད་བྲལ་བའི་དབྱིངས་ནས་ཤར་བའི་ཕྱོགས་ལྔ་ནས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་འཆང་བའི་གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་དང་ལྡན་པའི་གཟུགས་ཕུང་དག་པ་རྣམ་པར་སྣང་མཛད་ལ་སོགས་པ་རྒྱལ་བ་རིགས་ལྔ་ཡུམ་ལྔ་དང་སྙོམས་པར་འཇུག་པའི་སྐུ་ཅན་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྲངས་མེད་པ་འགག་མེད་དུ་གྲུབ་པ་རྣམས་དང་། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་ངོ་བོ་བྱང་ཆུབ་སེམས་དཔའ་བརྒྱད་དང་། རྣམ་ཤེས་བརྒྱད་ཀྱི་ཡུལ་བརྒྱད་དག་པའི་ངོ་བོ་སེམས་མ་བརྒྱད་དེ་རིགས་ལྔ་གཙོ་འཁོར་ཐམས་ཅད་འགྲོ་བ་མ་ལུས་པའི༴ སོགས། གོང་ལྟར་ལྷག་མ་རྣམས་ཤེས་སླ། དེ་ནས་ཁྲོ་བོའི་ལྷ་ཚོགས་རྣམས་གདུང་བའི་དབྱིངས་ཀྱིས་སྤྱན་དྲངས་པ་ནི། ཧཱུྃ་སངས་རྒྱས་ཀུན་གྱི༴ སོགས་ཏེ། ཁྲག་འཐུང་ཧེ་རུ་ཀ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཕྱོགས་གཅིག་ཏུ་ཡོངས་སུ་རྫོགས་པའི་དཔལ་དང་ལྡན་པ་སྟེ། དེ་འདྲའི་ཡོན་ཏན་མངའ་བ་ཁྲག་འཐུང་ཧེ་རུ་ཀ་ཡབ་ཡུམ་དང་། སེམས་ཅན་གྱི་ཉོན་མོངས་པ་འཇོམས་པའི་ཕྱིར་དུ་ཁྲག་འཐུང་རིགས་ལྔ་ལ་སོགས་པའི་སྐུར་སྤྲུལ་བའི་འཁོར་ཚོགས་དུ་མ་དང་བཅས་པ་འགྲོ་བ་སོགས་ཏེ་ཕྱི་མ་རྣམས་དེའི་འགྲོས་ཀྱིས་ཤེས་ནུས་པ་ལྟར་དམིགས་ནས་ཚིག་བརྗོད་ཅིང་། སྔགས་བརྗོད་པའི་ཚེ་ཡེ་ཤེས་པའི་ཞི་ཁྲོའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་རང་བཞིན་འོག་

མིན་ནས་བྱོན་ཏེ། དམ་ཚིག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་སྟེང་དུ་ཐོ་བརྩེགས་སུ་བཞུགས་པར་མོས། དེ་ནས་ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་དབྱེར་མེད་དུ་བཞུགས་གསོལ་བྱ་བ་ནི། ཧཱུྃ་སྒྱུ་མ་གཟུགས་བརྙན༴ སོགས་དཔེར་ན་སྒྱུ་མའི་རྟ་གླང་དུ་སྣང་ཡང་རྟ་གླང་གིས་སྟོང་པའི་སྣང་སྟོང་གཉིས་ཚོགས་ཡིན་པ་ལྟར་གཞལ་ཡས་ཁང་དུ་སྣང་ཡང་རང་བཞིན་གྱིས་སྟོང་པའི་ཡེ་ཤེས་ལྔའི་རང་འོད་འཕྲོ་བའི་གཞལ་ཡས་ཁང་གི་དབུས་སུ་སེང་གེ་ལ་སོགས་པའི་གདན་ལྔའི་སྟེང་དུ་པད་ཟླ་ཉི་མའི་སྟེང་དུ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་དེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྩལ་སྣང་དུ་ཤར་བའི་རིགས་ལྔ་ཡབ་ཡུམ་བཅུ་དང་། སེམས་དཔའ་སེམས་མ་ཡབ་ཡུམ་བཅུ་དྲུག་སོགས་ཁྱེད་རྣམས་རང་སྣང་དག་པ་ལས་ཤར་བའི་ལྷའི་གདན་འདི་རྣམས་ཀྱི་གནས་སུ་དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་གསོལ། ཚིག་དོན་ལྷག་མ་རྣམ་དེས་འགྲེས། ཡཾ་བཾ་སོགས་ཀྱིས་ཡེ་ཤེས་པ་རྣམས་ལ་སྔར་བསྒོམ་པའི་རླུང་ཆུ་སའི་དཀྱིལ་འཁོར་རི་རབ་གཞལ་ཡས་ཁང་དང་པད་ཟླ་ཉི་མའི་གདན་རྣམས་བཞུགས་པའི་གནས་སུ་ཕུལ་ཏེ། ཧཱུྃ་སངས་རྒྱས་ཞི་བའི༴ སོགས་ཀྱིས་ཁྱེད་རྣམས་རང་རང་ལ་ཕུལ་བའི་གདན་འདི་ལ་དམ་ཚིག་པ་དང་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་བཞུགས་ཤིག །རིགས་ལྔ་སོགས་ལྷ་ཐམས་ཅད་ཀྱང་དུ་མ་སོ་སོར་སྣང་ཡང་ཐམས་ཅད་ཀུན་ཏུ་བཟང་པོའི་ཡེ་ཤེས་གཅིག་གི་རང་བཞིན་ལས་གྲུབ་པའི་ངོ་བོ་གཅིག་ཡིན་པས། ཐམས་ཅད་ངོ་བོ་གཅིག་པའི་ངང་དུ་རང་རང་གི་དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་མཛོད་ཅིག་ཅེས་བྱ་སྟེ། ༀ་ཨཱཿཧཱུྃ་སོགས་ཀྱིས་ཡེ་ཤེས་པའི་ཞི་བའི་རྟེན་གཞལ་ཡས་ཁང་དང་། དམ་ཚིག་པའི་རྟེན་གཞལ་

ཡས་ཁང་དང་ཡེ་ཤེས་པའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་དམ་ཚིག་པའི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་ནས་ཐུགས་དགྱེས་བཞིན་དུ་བཞུགས་པར་བསྒོམ། དེ་ནས་ཁྲོ་བོའི་དཀྱིལ་འཁོར་བཞུགས་གསོལ་བྱ་བ་ནི། ཧཱུྃ་ཞི་བ་ལོངས་སྐུའི༴ སོགས་ཏེ། དེ་ལ་ཞི་བ་ལོངས་སྐུའི་རིག་རྩལ་ཆོ་འཕྲུལ་ཞེས་པ་ནི། ཆེ་མཆོག་ནི་ཀུན་ཏུ་བཟང་པོ་དྲག་པོའི་སྐུར་བསྟན་པ། བྷུདྡྷ་ཁྲག་འཐུང་རྣམ་པར་སྣང་མཛད་དྲག་པོའི་སྐུར་བསྟན་པ་ལ་སོགས་པའི་དོན་དེ་ལྷག་མ་རྣམས་ཤེས་སླ། བྷྲཱུཾ་ཨེ་ཡཾ་སོགས་ཀྱིས་འོག་གི་འབྱུང་བ་ལྔ་ནས་གཞལ་ཡས་ཁང་གི་བར་དང་། རཏྣ་ཙཀྲ་སོགས་ཀྱིས་བྱོལ་སོང་གི་གདན་དང་བྲག་རི་པད་ཟླ་ཉི་གདན་ཕུལ་ཏེ་ༀ་ཨཱཿཧཱུྃ་སོགས་ཀྱིས་གོང་བཞིན་དམ་ཡེ་བསྲེ། དེ་ནས་ལྷ་ཚོགས་རྣམས་ལ་རང་རང་གི་སྐུ་ལས་ལྷ་མོ་དཔག་མེད་དང་འཇམ་དབྱངས་ཕྱག་རྡོར་སོགས་གྲངས་མེད་པ་སྤྲུལ་ནས་བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ལ་གུས་པས་ཕྱག་འཚལ་བ་ནི། ཧཱུྃ་ཡིད་ཤེས་རྣམ་དག༴ སོགས་ཏེ། དེ་ཡང་ལྷ་དེ་དང་དེ་ལ་རང་རང་གི་དག་པའི་སྒོ་ནས་ཕྱག་འཚལ་བ་སྟེ། མ་དག་པའི་ཡིད་ཀྱི་ཤེས་པ་འཁྲུལ་བའི་དྲི་མའི་ཆ་ཐམས་ཅད་རྣམ་པར་དག་པའི་ཟག་མེད་ཀྱི་ཡིད་ཀྱི་ཤེས་པའི་ངོ་བོ་ནི་ཡབ་ཀུན་ཏུ་བཟང་པོ་ཁྱེད་ཡིན་ལ། ཡིད་ཡུལ་དུ་སྣང་བའི་ཆོས་ཁམས་ཐམས་ཅད་དྲི་མས་དག་པའི་ཟག་མེད་ཡེ་ཤེས་ཀྱི་སྣང་ཆའི་ཆོས་ཁམས་ནི་ཡུམ་ཀུན་ཏུ་བཟང་མོ་ཡིན་སྙམ་པ་དང་། ཀུན་བཟང་ཡབ་ཡུམ་གཉིས་ནི་དུས་གསུམ་གྱི་སངས་རྒྱས་གྱི་སྔོན་ནས་སངས་རྒྱས་ཤིང་། སངས་རྒྱས་ཐམས་ཅད་བསྐྱེད་པ་ཡིན་པས་སངས་རྒྱས་སྤྱིའི་མེས་པོ་ལྟ་བུ་སྟེ། དེ་འདྲའི་ཀུན་བཟང་ཡབ་

ཡུམ་གཉིས་ལ་གུས་པའི་འདུད་དོ་སྙམ་དུ་བསམ། ལྷག་མ་ཐམས་ཅད་དེས་འགྲེས་པས་ཤེས་སོ། །རང༷་སྣང༷་གནས༷་ཡུལ༷་དག༷་པ༷་ཞེས་པ་རྣམས་ནི་རང་སྣང་ལ་གནས་ཡུལ་ཐམས་ཅད་དག་པ་ཡེ་ཤེས་ཀྱི་ལྷར་ཤར་བའི་སྒོ་ནས་ཕྱག༷་འཚལ༷་ལོ༷། ཞེས་པ་སྟེ། ཕྱག་འཚལ་བའི་ཡུལ་ཐམས་ཅད་དག་སྣང་དུ་ཤར་དགོས་པའི་དོན་ནོ། །ཁྲོ་བོའི་ཕྱག་འཚལ་སྐབས། མ་རིག་རྩད་གཅོད་དང་ཞེ་སྡང་རྩད་གཅོད་དང་ང་རྒྱལ་རྩད་གཅོད་སོགས་ནི་ལྷ་དེ་དང་དེས་སེམས་ཅན་ལ་ཞེ་སྡང་བཅོམ་པ་ལ་སོགས་པའི་འཕྲིན་ལས་ཀྱི་ཡོན་ཏན་དང་གཉིས༷་སུ༷་མེད༷་པའི༷་ཚུལ༷་གྱི༷ས་ཞེས་པ་རྣམས་ནི་ལྷ་དེ་རང་ཉིད་ངོ་བོ་དབྱེར་མེད་ཡིན་པར་མོས་པའི་སྒོ་ནས་ཕྱག༷་འཚལ༷་བ་སྟེ་དངོས་སུ་ན་གཉིས་མེད་དུ་མཐོང་བ་དགོས་སོ། །ཧཱུྃ་ཆོས་སྐུ༴ སོགས་ནི་རྒྱལ་བ་ཞི་ཁྲོ་རྣམས་ཀྱི་ཐུགས་ཆོས་ཀྱི་སྐུ་ནི་ཤེས་བྱ་ཐམས་ཅད་ལ་དེ་དག་མཁྱེན་པའི་སྒོ་ནས་ནམ་མཁའ་ལྟར་ཁྱབ་པ་དང་། དེ་དག་གི་ལོངས་སྐུ་ནི་ཉི་མ་ལས་འོད་བཞིན་ཐུགས་ཆོས་སྐུའི་སྣང་ཆ་ལས་གྲུབ་པ་དང་། སྤྲུལ་སྐུ་ནི་མཁའ་ལ་འཇའ་ཚོན་སྣ་ཚོགས་ཤར་བ་ལྟར་ལོངས་སྐུའི་གང་འདུལ་གྱི་སྐུ་རགས་པ་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་བསྟན་པ་སྟེ། དེ་ལྟ་བུའི་སྐུ་གསུམ་དང་ལྡན་པའི་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པའོ། །དེ་ནས་མཆོད་པ་འབུལ་བ་ལ། དང་པོ་ཕྱི་མཆོད་ནི། ཧཱུྃ་སྲིད་པར་གཏོགས་པའི་མེ་ཏོག༴ ནམ་མཁའི་ཁམས་འདིར་སྲིད་པ་འཇིག་རྟེན་གྱི་ཁམས་སུ་གཏོགས་པ་ཇི་སྙེད་མཆིས་པ་དག་ན་ཡོད་པའི་མེ་ཏོག་གི་རིགས་དཀར་སེར་དམར་ལྗང་སྔོན་པོ་མ་ལུས་པ་དང་། བདག་གིས་དངོས་སུ་བཤམས་པ་འདི་དང་ཡིད་ཀྱིས་ཀྱང་མེ་ཏོག་

དཔག་མེད་སྤྲུལ་ཏེ་འཁོར་འདས་གཉིས་ཀྱི་འབྱོར་བའི་མེ་ཏོག་ཀུན་བླ་མ་དང་ཞི་ཁྲོའི་ཚོགས་ལ་འབུལ་ལོ། མེ་ཏོག་རྣམས་སྤྱན་ལ། སྣང་ཡང་རང་བཞིན་གྱིས་སྟོང་པའི་མེ་ཏོག་འདི་རྣམས་འགྲོ་བ་མ་ལུས་པའི་ཚོགས་བསགས་པའི་ཆེད་དུ་བཞེས་སུ་གསོལ་ཅིག་ཅེས་མོས་ཏེ། སྔགས་བརྗོད་པ་ན་ལྷ་མོ་དཔག་ཏུ་མེད་པས་ལྷ་རྣམས་ཀྱི་དབུའི་རྒྱན་དུ་མེ་ཏོག་ཕུལ་བས་ཐུགས་ཟག་མེད་ཀྱི་བདེ་བས་མཉེས་པར་བསམ། ལྷག་མ་ཐམས་ཅད་དེས་འགྲེས་ཚོར་སྟོང་སོགས་ནི་སྣའི་ཚོར་ཡང་རང་བཞིན་སྟོང་པའི་དྲི། མར་མེ་ལ་གསལ་བའི་ངོ་བོར་སྣང་ཡང་དང་། དྲི་ཆབ་ལ་ལུས་ལ་བདེ་ཉམས་སུ་སྣང་ཡང་དང་། ཞལ་ཟས་ལ་ལྗགས་ལ་རོ་མྱོང་ཅན་དུ་སྣང་ཡང་དང་། རོལ་མོ་རྣམས་ལ་སྒྲ་གྲགས་པའི་རྣམ་པར་སྣང་ཡང་རང་བཞིན་གྱིས་སྟོང་པའི་རོལ་མོ་འདི་འགྲོ་བ་སོགས་སོ། །དེ་ནས་ནང་གི་མཆོད་པ་ནི། །ཧཱུྃ་བླ་མ་ཀུན་བཟང༴ སོགས་ཏེ་སྣོད་དང་བཅུད་ཀྱི་དབྱིབས་དང་ཁ་དོག་གི་གཟུགས་ཇི་སྙེད་མཆིས་པ་ཐམས་ཅད་སྤྱན་ལ་མཛེས་པའི་གཟུགས་མཛེས་པ་མི་འདྲ་བ་སྣ་ཚོགས་པ་འཛིན་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་ནས་ལྷ་རྣམས་ཀྱི་སྤྱན་ལ་གཟུགས་ཀྱི་མཆོད་པ་ཕུལ་ནས་ཐུགས་དགྱེས་པ་སོགས་འོག་མ་རྣམས་ལ་དེ་ལྟར་མོས་སོ། །གསང་མཆོད་ནི། ཧཱུྃ་གསང་མཆོག་སྐུ༴ སོགས་ཏེ། ལྷ་རྣམས་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་ཁྱད་པར་སྙོམས་འཇུག་གི་རེག་བྱའི་ཟག་མེད་ཀྱི་བདེ་བ་བསྐྱེད་པའི་གསང་བའི་རིག་མ་སྐུའི་རིགས་ཀྱི་རིག་མ་སོགས་རིག་མ་ལྔ་པོ་གྲངས་མེད་པ་སྤྲུལ་ཏེ་ཕུལ་བས་ཐུགས་བདེ་སྟོང་གིས་ཚིམ་པར་མོས། དེ་ནས་ནང་གི་མཆོད་པ་སྨན་རཀ་གཏོར་གསུམ་འབུལ་བ་ནི། དང་པོ་བདག་མདུན་ཐམས་ཅད་ལ་སྔར་བྱིན་གྱིས་བརླབས་པའི་སྨན་གྱི་བདུད་རྩི་འཐོར། ངག་ཏུ་

ཧཱུྃ་རིགས་ལྔ༴ སོགས་བརྗོད་ཅིང་བདུད་རྩི་འདི་རིགས་ལྔ་དང་ཡུམ་ལྔའི་ས་བོན་ལས་ཤ་ལྔ་དང་བདུད་རྩི་ལྔའི་རྣམ་པར་གྲུབ་པའི་རྒྱུ་བྱས་ཡེ་ཤེས་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་པའི་རྐྱེན་ལས་བྱུང་བའི་ཐབས་དང་ཤེས་རབ་ཀྱི་ངོ་བོར་བྱུང་བ་ཡིན་ལ། རིགས་ལྔ་ཡབ་ཡུམ་གཉིས་སུ་མེད་པའི་ཐབས་ཤེས་ཀྱི་ནང་དུ་དམ་པ་རིགས་བརྒྱའི་ལྷ་ཚོགས་ཐམས་ཅད་འདུས་པས་ན་ཞི་ཁྲོ་དམ་པ་རིགས་བརྒྱའི་སྐུ་གསུང་ཐུགས་ལས་གྲུབ་པའི་བདུད་རྩི་འདི་བླ་མ་དང་། ཀུན་ཏུ་བཟང་པོ་དང་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ལ་འབུལ་ལོ། ཁྱེད་རྣམས་ཀྱིས་བདག་ཅག་འགྲོ་བ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་བཞེས་ནས་བདག་ལ་དབང་བསྐུར་བ་དང་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོོལ་ཅིག་སྙམ་དུ་བསམས་ལ། སྔགས་བརྗོད་ཚེ་བདུད་རྩི་འཐོར་བའི་ཟེགས་མ་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཐིམས་པས་བདེ་བ་ཆེན་པོས་ཐུགས་རྒྱུད་ཡོངས་སུ་གང་བར་མོས། དེ་ནས་བདུད་རྩི་ལས་དངོས་གྲུབ་ལེན་པ་ནི། ཧཱུྃ་རིགས་ལྔ་ཡབ་ཡུམ༴ སོགས་ཏེ་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་གྱི་དམ་རྫས་སྦྱར་བ་ལས་བྱུང་བའི་བདུད་རྩི་རིགས་ལྔ་དང་ཡེ་ཤེས་ལྔའི་ངོ་བོར་གྱུར་པའི་བདུད་རྩི། མཚན་ལྡན་ཀ་པཱ་ལའི་ནང་དུ་འཁྱིལ་བ་རང་བཞིན་གྱིས་གྲུབ་པའི་དངོས་གྲུབ་ཀྱི་སྙིང་པོ་ལེན་པ་འདི་ལས་སྣང་བའི་གོ་མ་འགགས་ཙམ་དུ་ཡོད་པའི་དམ་པ་རིགས་བརྒྱའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་སྙིང་པོ་ལེན་པར་བྱའོ་སྙམ་དུ་བསམས་ལ། མཐེབ་སྲིན་གྱིས་བདུད་རྩི་བཅུས་ཏེ་སྔགས་བརྗོད་ཅིང་རང་གི་གནས་གསུམ་དུ་གཏུགས་ཤིང་རང་གི་ལུས་ལ་དམ་པ་རིགས་བརྒྱའི་སྐུའི་དངོས་གྲུབ་ཐོབ་པས་ལུས་སྐུ་རྡོ་རྗེར་གྱུར་པ་སོགས་སུ་བསམ།

གཉིས་པ་རཀྟ་འབུལ་བ་ནི། ཧཱུྃ་དུག་ལྔ༴ སོགས་བརྗོད་ཅིང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་དུག་ལྔ་ཡེ་ཤེས་ལྔར་གནས་གྱུར་པའི་སྒོ་ནས་བསྒྲལ་བའི་ཡེ་ཤེས་ཁྲག་གི་རྣམ་པར་ཤར་བའི་ཁྲག་འདི་ནི་གནས་ལུགས་ཀྱི་ངོ་བོ་རིག་པའི་སྣང་ཆ་གོ་མ་འགགས་པར་ཤར་ཡང་། སྣང་བ་དེ་ལ་འཛིན་ཞེན་གྱིས་སྟོང་བའི་སྣང་སྟོང་ཟུང་འཇུག་དང་། གསལ་རིག་ཏུ་ཤར་ཡང་གསལ་བ་ཞེན་འཛིན་གྱིས་སྟོང་པའི་གསལ་སྟོང་ཟུང་འཇུག་དང་། ཉམས་བདེ་བའི་ངོ་བོར་སྣང་ཡང་བདེ་བ་ལ་ཞེན་པས་སྟོང་པའི་བདེ་སྟོང་ཟུང་འཇུག །གནས་ལུགས་ཀྱི་ངོ་བོ་དྲན་བཞིན་དུ་ཡོད་ཀྱང་ཞེན་གཏད་ཀྱི་དྲན་པས་སྟོང་པའི་དྲན་སྟོང་ཟུང་འཇུག་སྟེ། དེ་འདྲའི་འཁྲུལ་བའི་གཟུང་འཛིན་གཉིས་སུ་མེད་པའི་འཛིན་བྲལ་གྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་ཏེ། དེ་འདྲའི་གསང་བའི་ཁྲག་ཆེན་པོ་འདི་བླ་མ་དང་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ་ལོ་སྙམ་དུ་སྔགས་བརྗོད་ཅིང་རཀྟ་ལྗགས་ལ་ཕུལ་བས་ཁམས་གསུམ་གྱི་ཉོན་མོངས་པ་དུག་ལྔ་གསོལ་བས་ཡེ་ཤེས་ལྔར་བསྒྱུར་ཏེ་འཁོར་བའི་རྒྱ་མཚོ་སྟོང་པར་བསམ། གསུམ་པ་གཏོར་མ་འབུལ་བ་ནི། ༀ་ཨཱཿཧཱུྃ་གཟུགས་ཕུང༴ སོགས་ཏེ། རང་གི་གཟུགས་ཕུང་རྣམ་དག་རྣམ་པར་སྣང་མཛད་དང་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་རིགས་གཞན་གྱི་རྟེན་ཡིན་པས་བྷནྡྷ་ལྟ་བུ། ཚོར་བའི་ཕུང་པོ་རིན་འབྱུང་དང་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོར་དག་པ་ནི་སངས་རྒྱས་རྣམས་ཀྱིས་ལོངས་སྤྱོད་བྱའི་གཙོ་བོ་ཡིན་པས་གཏོར་མ་བཤམས་པ་ལྟ་བུ། འདུ་ཤེས་ཀྱི་ཕུང་པོ་སྣང་མཐའ་དང་སོར་རྟོག་ཡེ་ཤེས་ཀྱི་ངོ་བོར་དག་པ་ནི་ཤེས་བྱ་སོ་སོ་བ་དག་ལ་སོ་སོར་སྤྱོད་པའི་ཡེ་ཤེས་ཀྱི་ཆ་དུ་མ་ཡོད་པས་མཐེབ་ཀྱུ་དུ་མས་བསྐོར་བ་ལྟ་བུ། འདུ་བྱེད་

ཀྱི་ཕུང་པོ་དོན་གྲུབ་དང་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོར་དག་པ་ནི་སངས་རྒྱས་རྣམས་འཇིག་རྟེན་ན་ཆེ་བའི་རྒྱན་དང་གང་འདུལ་གྱི་ཕྲིན་ལས་སྣ་ཚོགས་འཇུག་པའི་རྒྱུ་ཡིན་པས་གཏོར་མའི་རྒྱན་ལྟ་བུ། རྣམ་ཤེས་ཀྱི་ཕུང་པོ་མི་བསྐྱོད་པ་དང་མེ་ལོང་ཡེ་ཤེས་ཀྱི་ངོ་བོར་དག་པ་ནི་རིགས་གཞན་དང་ཡེ་ཤེས་གཞན་བཞི་ལ་ཁྱབ་བྱེད་ཡིན་པས་སྣོད་རྒྱན་སོགས་དང་བཅས་པའི་གཏོར་མ་སྤྱི་ལྟ་བུ་སྟེ་དེ་ལྟར་དམིགས་ནས་འབུལ་བའོ། །མདོར་ན་རང་གི་ཕུང་པོ་ལྔ་པོ་འདི་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་མོས་ནས་མཆོད་ཡུལ་རྣམས་ཀྱི་ཆོས་སྐུ་ལ་འབུལ་བར་མོས་པའོ། །དེ་ནས་ལོངས་སྐུ་ལ་གནས་ལུགས་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་གཏོར་མ་འབུལ་བ་ནི། ཨེ་སྟོང་པ་འགག་མེད༴ སོགས་བརྗོད་བཞིན་འདི་ལྟར་མོས་ཏེ་གནས་ལུགས་རྟོགས་པའི་ངོ་བོ་ལ་བདེན་གྲུབ་དང་བདེན་ཞེན་ལ་སོགས་པའི་སྤྲོས་པ་ཐམས་ཅད་སྟོང་སེང་ངེ་བར་མཐོང་བའི་སྟོང་པ་འདི་ནི་གསལ་བ་དང་བདེ་བ་སོགས་ཀྱི་རྟེན་ཡིན་པས་བྷནྡྷ་ལྟ་བུ་དང་། སྟོང་པ་དེའི་ངང་ནས་སྟོང་པའི་ངོ་བོ་དེ་རབ་ཏུ་གསལ་ཞིང་སྣང་བའི་གསལ་རིག་གི་ཡེ་ཤེས་གོ་མ་འགགས་པ་ནི་རྣལ་འབྱོར་བའི་མྱོང་བྱ་དང་། རྟོགས་བྱའི་གཙོ་བོ་ཡིན་པས་གཏོར་མ་ལྟ་བུ་དང་། གསལ་རིག་གི་ཡེ་ཤེས་བདེ་བ་ཆེན་པོ་དེའི་རྩལ་ལམ་རང་བཞིན་དུ་སེམས་ཅན་ལ་སྙིང་རྗེ་དང་ཤེས་བྱ་སོ་སོ་བ་རྣམས་མཁྱེན་པའི་ཐུགས་རྗེ་དང་ཡེ་ཤེས་ཀྱི་ཆ་མཐའ་ཡས་པ་གསལ་རིག་དེ་ལ་ལུ་གུ་རྒྱུད་དུ་འབྲེལ་ཞིང་རྫོགས་པར་ཡོད་པ་ནི་གསལ་བ་དེའི་རྒྱན་ཡིན་པས་གཏོར་མའི་རྒྱན་ལྟ་བུ་སྟེ། དེ་འདྲའི་གནས་ལུགས་ཀྱི་ཡེ་ཤེས་གསལ་སྟོང་ཐུགས་རྗེ་གསུམ་དབྱེར་མེད་པ་མཆོད་ཡུལ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ་བར་བགྱིའོ་སྙམ་དུ་བསམ། དེ་ནས་སྤྲུལ་སྐུ་ལ་སྣོད་བཅུད་ཀྱི་གཏོར་མ་འབུལ་བ་

ནི། །ༀ་ཨཱཿཧཱུྃ་ཕྱི་སྣོད་འཇིག་རྟེན༴ སོགས་ཏེ་སྣོད་ཀྱི་འཇིག་རྟེན་ནི་རྟེན་ཡིན་པས་གཏོར་གཞོང་ལྟ་བུ། བཅུད་ཀྱི་སེམས་ཅན་ཐམས་ཅད་ནི་བརྟེན་པ་པོ་དང་དགོས་པའི་གཙོ་བོ་ཡིན་པས་གཏོར་མ་ལྟ་བུ། འཇིག་རྟེན་ཁམས་ཀྱི་འབྲུ་མར་ལ་སོགས་པའི་རྩི་བཅུད་དང་། ནས་འབྲས་ལ་སོགས་པའི་འབྲས་བུ་དང་། ཨ་རུ་ར་ལ་སོགས་པའི་སྨན་རྣམས་ནི་གསོལ་བའི་རྒྱན་ཡིན་པས་གཏོར་རྒྱན་ལྟ་བུ་སྟེ། དེ་འདྲའི་སྣོད་བཅུད་འབྲུ་སྨན་ལ་སོགས་པའི་གཏོར་མ་འདི་མཆོད་ཡུལ་རྣམས་ཀྱི་སྤྲུལ་སྐུ་ལ་ཕུལ་བར་མོས། དེ་ནས་སྔགས་ཀྱིས་ཤ་ལྔ་ལས་གྲུབ་པའི་གཏོར་མ་རིགས་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་དམ་རྫས་མཆོད་པ་འདི་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཕུལ་ནས་ཐུགས་ལ་དགྱེས་པ་བསྐྱེད་པར་བསམ་མོ། །དེ་ཡང་གུ་རུ༴ སོགས་ཀྱི་རྩ་བ་གསུམ་དང་། བྷོ་དྷི་ཙིཏྟ༴ སོགས་ཀྱིས་ཞི་བའི་ལྷ་ཚོགས་རྣམས་དང་། རུ་ལུ༴ སོགས་ཀྱིས་ཁྲོ་བོའི་ལྷ་ཚོགས་རྣམས་ལ་འབུལ་བ་ཡིན་པས་བསྡུ་ན་དེ་ཙམ་གྱི་ཆོག །རྒྱས་པར་ན་དེའི་རྗེས་སུ་ལྷ་སོ་སོའི་མཚན་སྔགས་ཀྱིས་ལྷ་སོ་སོ་ལ་འབུལ་ལོ། །དེ་ནས་བདག་མདུན་གྱི་ལྷ་ཚོགས་རྣམས་ལ་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ནི། སྔར་སྤྲུལ་པའི་ལྷ་མོ་རྣམས་དང་འཇམ་དཔལ་སོགས་ཀྱིས་ཀྱང་བསྟོད་པར་མོས་པ་ཡིན་ལ། གཙོ་བོ་རང་ཉིད་ཀྱིས་ཀུན་ཏུ་བཟང་པོ་སོགས་བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་བསྟོད་པ་འབུལ་བ་སྟེ། དེ་ལ་ཐོག་མར་བདག་མདུན་གྱི་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་ལ་དམིགས་ཏེ། དེའི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ་ལ་བསྟོད་པ་སྟེ། ༀ༷༔ བླ༷་མ༷་ཀུན༷་བཟང༷༴ སོགས་ཏེ། ཀུན་ཏུ་བཟང་པོ་ནི་གནས་ལུགས་སྟོང་པ་ཉིད་ལ་རོ་གཅིག་ཏུ་མཉམ་པར་བཞག་

པའི་ཡེ་ཤེས་ཆོས་ཀྱི་སྐུ་དེེ་གཟུགས་ཅན་གྱི་སྐུའི་རྣམ་པར་བཞེང་པ་ཡིན་པས། ཆོས་ཀྱི་སྐུའི་ངོ་བོ་ཡིན་ཞིང་སྐུ་དེ་ནི་ཡེ་ཤེས་ལས་གྲུབ་པ་ཡིན་པས་གདོས་བཅས་ལ་སོགས་པའི་མཚན་མ་དང་བློས་བྱས་གཟུང་བའི་མཚན་མ་སོགས་དང་བྲལ་བ་དང་། སྐུའི་གནས་ཚུལ་ཇི་ལྟ་བ་བཞིན་དུ་ཚིག་ཙམ་གྱིས་རྟོགས་པ་དང་བྲལ་བ་འོག་མིན་ན་བཞུགས་པའི་སྐུ་དེ་ཉིད་གནས་ཚུལ་ལས་ཅུང་ཟད་ཀྱང་གཡོ་མི་དགོས་པར་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་རེ་རེ་བྱོན་པ་ལྟ་བུ་གར་ཡང་ཐོགས་པ་མེད་པ་ཟང་ཐལ་གྱི་སྐུ་ཡིན་ལ། ཀུན་ཏུ་བཟང་མོ་ནི་སྒྲ་རྟོག་གི་ཇི་བཞིན་པར་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་ལ། ཡབ་ཡུམ་གཉིས་ཀ་དུག་ལྔ་རང་གྲོལ་ཞེས་པ་ཉོན་མོངས་པ་ལྔ་པོ་ཉོན་མོངས་པ་ལྔའི་རང་བཞིན་སྟོང་པ་ཉིད་ཀྱི་དབྱིངས་སུ་རང་ཐིམ་པའི་ཚུལ་གྱིས་སྤངས་པའི་ཡེ་ཤེས་ལས་གྲུབ་པའི་སྐུ་སྟེ། སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཡེ་ཤེས་ཀྱི་སྐུ་ཡབ་ཀུན་ཏུ་བཟང་པོ་དང་། དེ་ཡང་གང་ལ་མཉམ་པར་བཞག་པའི་སྒོ་ནས་སྙོམས་པར་འཇུག་པའི་ཡུལ་རྟག་ཆད་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་ཀྱི་ངོ་བོ་ཡུམ་ཀུན་ཏུ་བཟང་མོ་གཉིས་ནི་ལུ་གུ་རྒྱུད་དུ་ཟུང་དུ་འཇུག་པའི་བདག་ཉིད་ཅན་ཏེ། དེ་འདྲའི་ཀུན་བཟང་ཡབ་ཡུམ་ཀྱི་སྐུ་ལ་གུས་པས་ཕྱག་འཚལ་བསྟོད། ཨཱཿཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་གསུང་ནི་འཇིག་རྟེན་གྱི་ཁམས་རབ་འབྱམས་སུ་གང་འདུལ་གྱི་ཐབས་སྟོན་པའི་སྒྲ་སྐད་མཐའ་ཡས་པའི་སྒྲར་གྲགས་པ་སྐད་ཅིག་ཀྱང་རྒྱུན་ཆད་པ་མེད་ཀྱང་རང་བཞིན་གྱིས་གྲུབ་པ་མ་ཡིན་པར་རང་བཞིན་གྱིས་སྟོང་པའི་གྲགས་སྟོང་ཟུང་དུ་འཇུག་པ་ཡིན་ལ། དེ་འདྲའི་གསུང་སྒྲ་དེ་ནི་རྩོལ་བས་བསྐྱེད་པ་མ་ཡིན་པར་ལྷུན་གྲུབ་རང་བྱུང་དུ་ཆོས་སྒོ་མཐའ་དག་ཅིག་ཆར་དུ་སྟོན་

པའི་གསུང་ཡིན་ཏེ། དེ་འདྲའི་སྒྲ་སྐད་ཐམས་ཅད་པའི་གསུང་གི་སྒྲ་གྲགས་སྟོང་ཟུང་དུ་འཇུག་པ་དེ་རྒྱུན་མི་འཆད་པར་གསུང་ཡང་དེ་ལ་རྩོལ་བའི་རྟོག་པས་ཅིར་ཡང་མི་དགོངས་པར་སྒྲ་སྐད་སྣ་ཚོགས་པའི་སྒོ་ནས་ཆོས་སྒོ་སྣ་ཚོགས་པ་སྟོན་པའི་གསུང་གི་སྒྲ་ནི་རང་གྲགས་པ་སྟེ། ལྷུན་གྲུབ་ཏུ་གྲགས་པ་ཡིན་གྱི་གསུང་དེ་ལ་རྟོག་པས་དམིགས་གཏད་བྱེད་པ་དང་བྲལ་ཞིང་རྗེས་སུ་འཛིན་པའི་རྩོལ་བཅས་ཀྱི་དངོས་པོ་སྟོང་པ་ཡིན་ཀྱང་རྩོལ་བ་མེད་པར་གདུལ་བྱ་གང་འདུལ་གྱི་ཆོས་སྒོ་མཐའ་ཡས་པ་སྟོན་པའི་གསུང་གི་སྒྲ་དབྱངས་ནི་རྣམ་པ་སྣ་ཚོགས་པ་ཅིར་ཡང་སྟོན་པར་མཛད་དེ། དེ་འདྲའི་ཀུན་བཟང་ཡབ་ཡུམ་གྱི་གསུང་ལ་གུས་པས་བསྟོད་དོ། །ཧཱུྃ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིི་ཐུགས་སོ་སོ་རང་རིག་པའི་ཡེ་ཤེས་ནི་འཛིན་ཞེན་ཅན་གྱི་དྲན་པ་སྟོང་ཞིང་གདོས་བཅས་ཏེ་བདེན་འཛིན་གྱི་ཞེན་པ་དང་བྲལ་ཞིང་ཤེས་བྱ་སྣ་ཚོགས་པའི་སྣང་བ་གང་ཤར་བ་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཤར་བ་དང་དུས་མཉམ་དུ་འཇུག་པས་དེ་དག་ལ་འཛིན་ཞེན་རང་ཤུགས་ཀྱིས་གྲོལ་བའི་ཡེ་ཤེས་ནི་འགག་པ་མེད་པ་ཡིན་ཏེ། དེ་ལྟར་དངོས་པོར་འཛིན་པ་མེད་པར་དངོས་འཛིན་ཐམས་ཅད་དང་བྲལ་བས་གཟུང་འཛིན་འཁྲུལ་བའི་ཡིད་དང་བྲལ་ཞིང་། དེ་འདྲའི་ཐུགས་དགོངས་ནི་གནས་ལུགས་ཀྱི་ངོ་བོ་རང་ས་དེ་གར་འཁྲུལ་པ་ཐམས་ཅད་རང་གྲོལ་དུ་སོང་བའི་དབྱིངས་སྟོང་པ་དང་དེ་རྟོགས་པའི་ཡེ་ཤེས་གཉིས་ནམ་ཡང་དབྱེར་མེད་པའི་ཐུགས་ཏེ། དེ་འདྲའི་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཐུགས་ལ་གུས་པས་བསྟོད་པ་འབུལ་ལོ། །ཧྲཱིཿཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཐུགས་ཀྱི་ཡོན་ཏན་ཤེས་བྱ་ཐམས་ཅད་ཅིག་ཆར་མཁྱེན་པ་དང་། སྟོབས་བཅུ་ལ་སོགས་པ་དང་གསུང་གི་ཡོན་ཏན་སྒྲ་སྐད་ཐམས་ཅད་པ་དང་། གསུང་དབྱངས་

ཡན་ལག་དྲུག་ཅུ་དང་། སྐུའི་ཡོན་ཏན་དབྱིབས་དང་ཁ་དོག་སོགས་རྣམ་པ་ཐམས་ཅད་པ་དང་། མཚན་བཟང་པོ་སོ་གཉིས་ལ་སོགས་པ་ནི་རྩོལ་བས་གཞན་དུ་བཙལ་ནས་གསར་དུ་འབྱུང་དགོས་པ་མ་ཡིན་པར་གཞི་ཡེ་ཤེས་གཅིག་གི་ངོ་བོར་རམ་སྐུ་གསུང་ཐུགས་ཀྱི་གཞི་ལ་རང་ཤུགས་ཀྱིས་རྫོགས་ཤིང་ལྷུན་གྲུབ་ཏུ་གནས་པ་དང་། འོད་གསལ་བ་སྟེ་ཡོན་ཏན་གྱི་ཆ་ཐམས་ཅད་མ་འདྲེས་པར་མངོན་པར་བཀྲ་ཞིང་གསལ་བ་དེ་ཡང་འོད་དཔག་ཏུ་མེད་པ་སྟེ་ཡོན་ཏན་གྱི་ཆ་དཔག་ཏུ་མེད་པ་དང་ལྡན་ཞིང་དེ་དག་ཀྱང་སེམས་ཅན་གྱི་ཚུལ་བཞིན་དུ་བསམ་བརྗོད་གྱི་ཡུལ་ལས་འདས་ཤིང་མཚོན་པའི་དཔེ་དང་བྲལ་བའི་ཡོན་ཏན་གྱི་ཆ་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། དེ་འདྲའི་ཀུན་བཟང་ཡབ་ཡུམ་གྱི་ཡོན་ཏན་ལ་གུས་པས་འདུད་དོ། །ཧ༔ ཀུན་ཏུ་བཟང་པོ་ཡབ་ཡུམ་ཀྱི་ཕྲིན་ལས་ནི་སེམས་ཅན་ཐམས་ཅད་སྲིད་ཞི་ལས་སྒྲོལ་འདོད་ཀྱི་ཐུགས་བརྩེ་བའི་སྙིང་རྗེ་དེ་དང་དེའི་རང་འོད་ལྟ་བུ་དེ་དང་རང་བཞིན་གཅིག་པའི་གདུལ་བྱ་གང་འདུལ་གྱི་ཐབས་མཐའ་ཡས་པ་ཐམས་ཅད་སོ་སོར་མཁྱེན་པའི་ཡེ་ཤེས་ཀྱི་ཆ་ཐམས་ཅད་ཡོངས་སུ་རྒྱས་ཤིང་རྫོགས་པ་ནི་བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་ཏེ། དེ་ནི་གདུལ་བྱ་འདུལ་བའི་དུས་ལ་བབ་ཚེ་གསར་དུ་བཙལ་བ་སྟེ་བསྐྱེད་དགོས་པ་མ་ཡིན་པར་ཐུགས་རྒྱུད་ལ་ལྷུན་གྲུབ་ཏུ་རྫོགས་པར་ལྡན་ཞིང་ཕྲིན་ལས་ཡོངས་འདུས་ཀྱིི་ཐིག་ལེའི་སྐུ་དཔག་ཏུ་མེད་པའི་མཛད་ཕྲིན་ཐམས་ཅད་རང་ལ་ཚང་ཞིང་རྫོགས་པ་ཡིན་ཏེ། དེ་འདྲའི་ཀུན་བཟང་ཡབ་ཡུམ་ཀྱི་ཕྲིན་ལས་ལ་གུས་པས་བསྟོད་དོ་སྙམ་དུ་བསམ། དེ་ནས་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཡེ་ཤེས་ལྔ་ལ་བསྟོད་པ་འབུལ་བ་ནི། ཧཱུྃ་ཧཱུྃ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཐུགས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་

རིག་པའི་ཡེ་ཤེས་ནི་བདེན་གྲུབ་གང་ཡང་མ་བཟུང་བའི་སྒོ་ནས་བདེན་གྲུབ་ལ་ཐོགས་པ་མེད་པ་དང་། ཤེས་བྱ་མཐའ་དག་མི་མཁྱེན་པའི་ཐོགས་པ་མེད་པའི་ཟང་ཐལ་ཅན་འོད་ལྟ་བུའི་ཆོས་ཀྱི་སྐུ་ུསྟེ་དེ་ནི་སྤྲོས་བྲལ་ཉག་གཅིག་གི་ཡེ་ཤེས་ཤེས་བྱ་ཐམས་ཅད་ཅིག་ཆར་གསལ་ཞིང་འོད་འཚེར་བ་སྟེ་རབ་ཏུ་གསལ་ཞིང་མཐོང་བ། གསལ་བའི་ཡེ་ཤེས་གཅིག་པུ་དེ་ལ་ཤེས་བྱ་མཐའ་དག་མ་འདྲེས་པར་སོ་སོར་མཁྱེན་པའི་ཡེ་ཤེས་ཀྱི་ཆ་ཤས་ཐམས་ཅད་ལུ་གུ་རྒྱུད་ལྟར་འབྲེལ་ཞིང་ཡོངས་སུ་རྫོགས་པ་ཡེ་ཤེས་དེའི་ངོར་འགྱུ་འཕྲིག་གཟུང་འཛིན་འཁྲུལ་བའི་དངོས་པོ་ཐམས་ཅད་ཡེ་ནས་ཟད་དེ་མེད་ཅིང་འཁྲུལ་བའི་ངོ་བོས་སྟོང་པ་དྲི་མ་ཐམས་ཅད་སྟོང་པའི་རང་བཞིན་དག་པ་གཉིས་ལྡན་གྱི་ཆོས་སྐུ་རང་བཞིན་གྱི་འོད་གསལ་བ་དེ་མངོན་སུམ་དུ་གཟིགས་ཤིང་གསལ་བའི་ཐུགས་རྗེ་ནམ་ཡང་འགག་པ་དང་རྒྱུན་ཆད་པ་མེད་པའི་ཡེ་ཤེས་དེ་ལ་ཞེ་སྡང་རང་སར་གྲོལ་ནས་དཀར་གསལ་ཞེས་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ཡང་རང་བཞིན་གྱིས་མ་གྲུབ་པའི་སྣང་སྟོང་ཟུང་འཇུག་རྟོགས་པའི་ཡེ་ཤེས་ཀྱི་ཆ་ཡོད་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ལ་བདག་གིས་ཡུལ་གཟུང་བ་དང་ཡུལ་ཅན་འཛིན་པ་གཉིས་བདེན་པའི་ཐ་དད་དུ་ཞེན་པ་མེད་པའི་ངང་ནས་གུས་པས་བསྟོད་དོ་སྙམ་དུ་བསམ། དེས་འགྲེས་ཏེ། ཧཱུྃ་སྭཿཆོས་སྐུ་ཀུན་ཏུ་སོགས་ནས་རྒྱུན་ཆད་མེད་པའི་ཡེ་ཤེས་དེ་ལ་ང་རྒྱལ་རང་སར་གྲོལ་བའི་སེར་གསལ་ཞེས་པ་རིན་འབྱུང་གི་སྐུའི་རང་བཞིན་འཁོར་འདས་ཐམས་ཅད་དོན་དམ་པར་རོ་མཉམ་མམ་བདེན་སྟོང་དུ་མཉམ་པར་རྟོགས་པའི་ཡེ་ཤེས་ཀྱི་ཆ་གཅིག་ཡོད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་དེ་ལ་

སོགས་སོ། །ཧཱུྃ་ཨཾཿཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་པ་ནས་རྒྱུན་ཆད་མེད་པའི་ཡེ་ཤེས་དེ་ལ་འདོད་ཆགས་རང་སར་གྲོལ་བའི་དམར་གསལ་ཏེ་སྣང་མཐའི་རང་བཞིན་ཤེས་བྱ་མ་ལུས་པ་ཐམས་ཅད་སོ་སོར་མ་འདྲེས་པར་གཟིགས་པའི་ཡེ་ཤེས་ཀྱི་ཆ་གཅིག་ཡོད་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་དེ་ལ་སོགས་སོ། །ཧཱུྃ་ཧཿཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་པ་ནས་རྒྱུན་ཆད་མེད་པའི་ཡེ་ཤེས་དེ་ལ་ཕྲག་དོག་རང་སར་དག་པའི་ལྗང་གསལ་ཞེས་པ་དོན་གྲུབ་ཀྱི་རང་བཞིན་ཅན་སྙིང་རྗེ་དང་དེའི་སྒོ་ནས་ཐེག་པ་གསུམ་གྱི་ལམ་ལ་སོགས་པ་གདུལ་བྱ་འདུལ་བའི་ཐབས་མཐའ་ཡས་པ་ཐམས་ཅད་རྫོགས་པར་མཁྱེན་པའི་ཡེ་ཤེས་ཀྱི་ཆ་གཅིག་ཡོད་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་དེ་ལ་སོགས་སོ། །ཧཱུྃ་ༀཿཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་པ་ནས་རྒྱུན་ཆད་མེད་པའི་ཡེ་ཤེས་དེ་ལ་གཏི་མུག་རང་སར་གྲོལ་བའི་མཐིང་གསལ་ཞེས་པ་རྣམ་སྣང་གི་རང་བཞིན་ཆོས་ཉིད་མངོན་སུམ་དུ་གཟིགས་ནས་དེ་ལས་ནམ་ཡང་མི་གཡོ་བའི་ཡེ་ཤེས་ཀྱི་ཆ་གཅིག་ཡོད་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་དེ་ལ་སོགས་སོ། །དེ་ནས་ཞི་བའི་འཁོར་རྣམས་ལ་བསྟོད་པ་ནི། ༀ་གདོད་ནས་མ་སྐྱེས༴ སོགས་གདོད་ནས་རྒྱུ་ལས་མ་སྐྱེས་ཤིང་རང་གི་གཤིས་དྲི་མས་ཡེ་ནས་རྣམ་པར་དག་པ་ལ་འཕྲལ་དུ་གློ་བུར་བའི་དྲི་མ་ཡང་དག་པའི་དག་པ་གཉིས་ལྡན་གྱི་ཆོས་སྐུ་དང་། དེ་མངོན་སུམ་དུ་གཟིགས་པའི་གསལ་བའི་ཡེ་ཤེས་གཉིས་ཟུང་དུ་འཇུག་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་སྟེ། དེའི་རིག་པ་ཡེ་ཤེས་ཀྱི་རྩལ་ཞེས་པ་རང་བཞིན་ལ་མ་དག་པའི་ཕུང་པོ་ལྔ་དང་ཁམས་ལྔ་དང་རྣམ་ཤེས་ཚོགས་བརྒྱད་དེ་དག་གི་ཡུལ་གྱི་སྣང་བ་བརྒྱད་དང་དུག་ལྔ་དང་ཉོན་མོངས་པ་དྲུག་དང་བདུད་བཞི་ལ་སོགས་པ་དྲི་མ་

མཐའ་ཡས་པ་དག་པའི་ཡེ་ཤེས་ཀྱི་ཆ་རེ་རེ་ཡོད་ཅིང་ཀྱང་ཡེ་ཤེས་ཀྱི་ཆ་དེ་དག་ཀྱང་དཔེར་ན་ཞེ་སྡང་དག་ཆ་རྡོ་རྗེ་སེམས་དཔའ་དང་བྷུདྡྷ་ཧེ་རུ་ཀའི་རང་བཞིན་དུ་གྲུབ་པ་ལ་སོགས་པ་ཞི་ཁྲོ་རབ་འབྱམས་ཀྱི་ལྷའི་ངོ་བོར་རྫོགས་པ་སྟེ་གྲུབ་པ་ཡིན་པས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀུན་ཏུ་བཟང་པོའི་ཡེ་ཤེས་གཅིག་གི་ཆ་ཤས་རྣམས་ལྷ་སོ་སོའི་རང་བཞིན་དུ་གྲུབ་པ་དེ་ཉིད་ལྷ་སོ་སོའི་དབྱིབས་དང་ཁ་དོག་སོགས་ཀྱི་ཆོ་འཕྲུལ་དུ་ཤར་བ་ཡིན་པས་ན། དེ་འདྲའི་ཡེ་ཤེས་ཀྱི་ཞེ་སྡང་དག་པའི་ཆ་ཤས་ཀྱི་ཆོ་འཕྲུལ་ལས་ཤར་བའི་ཞེ་སྡང་དང་རྣམ་ཤེས་ཀྱི་ཕུང་པོ་རང་སར་དག་པའི་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་ཅན་མཐིང་གསལ་མདངས་ལྡན་ལོངས་སྤྱོད་རྫོགས་སྐུའི་རྣམ་པ་ཅན་རྡོ་རྗེ་སེམས་དཔར་ཤར་བ་ཡིན་ནོ། །དེ་ཡང་ཐབས་ཤེས་དབྱེར་མེད་པ་ཡིན་པས་ས་ཁམས་དག་པ་སངས་རྒྱས་སྤྱན་མ་དང་འཁྲིལ་ཏེ། གླང་ཆེན་ལ་སོགས་པའི་གདན་སྟེང་དུ་ཉོན་མོངས་པ་དུག་ལྔ་རང་ངོས་ནས་གྲུབ་པར་བཟུང་སྟེ་རྒྱུད་ལ་བསམ་བཞིན་སྐྱེར་མ་བཅུག་པའི་སྒོ་ནས་ནམ་ཡང་སྤོང་མི་ནུས་པས་དེ་ལྟར་སྤང་པ་མ་ཡིན་པར་དུག་ལྔའི་འཁོར་གསུམ་རང་བཞིན་གྱིས་སྟོང་པར་རྟོགས་པའི་སྒོ་ནས་གནས་སུ་དག་པ་སྟེ་རང་ཞིར་འགྲོ་བའི་སྒོ་ནས་སྤངས་པའི་ཚུལ་སྟོན་པར་མཛད་པ་དང་། སྐུ་ནི་གོང་བཞིན་མཉེན་པ་ཞེས་སོགས་ནས་གཟི་བརྗིད་འབར་བར་བཞུགས་པའོ་སྙམ་དུ་བསམ། དེའི་འཁོར་དུ་ཡབ་ཀྱི་ཆ་འཛིན་ཞེས་སོགས་ནས་པུཥྤེ་མ་དང་བཅས་གཙོ་འཁོར་དྲུག་ནི་རྣམ་རྟོག་གི་བཅོས་ནས་བསྐྱེད་པ་མ་ཡིན་པར་དཔལ་ཀུན་ཏུ་བཟང་པོའི་རྒྱུད་ཀྱི་ཞེ་སྡང་རྣམ་ཤེས་དང་བཅས་པ་དང་ས་ཁམས་དག་པའི་ཆ་དེ་ཡེ་ཤེས་ཀྱི་རང་བཞིན་དུ་མ་བཅོས་པར་ལྷུན་གྲུབ་ཏུ་ཡོད་པའི་གཙོ་འཁོར་དྲུག་ཡིན་ནོ། །དེ་འདྲའི་རྡོར་སེམས་ཡབ་ཡུམ་ནི་ཀུན་ཏུ་

བཟང་པོ་དངོས་ཀྱི་སྤྲུལ་པ་དང་། བྱང་སེམས་ཡབ་ཡུམ་བཞི་ནི་ཀུན་ཏུ་བཟང་པོས་བརྒྱུད་ནས་སྤྲུལ་བ་དང་། དངོས་ཀྱི་སྤྲུལ་བ་རྡོར་སེམས་ཡབ་ཡུམ་གྱིས་དངོས་སུ་སྤྲུལ་བ་དང་། སྤྲུལ་དང་ཡང་སྤྲུལ་སོགས་ནི་འདི་ལྟར་ཤེས་པར་བྱའོ། །དེའི་འགྲེས་སྦྱར་ནས་ལྷག་མའི་བསྟོད་པ་རྣམས་ཀྱི་དམིགས་ཚུལ་ཤེས་པར་བྱའོ། །དེ་ནས་ཁྲོ་བོའི་བསྟོད་པ་ནི། ཆེ་མཆོག་ཧེ་རུ་ཀ་ཀུན་ཏུ་བཟང་པོའི་སྐུའི་ཆ་ལས་ཤར་བ་ལ་སོགས་པ་རིམ་པ་བཞིན་དུ་ཁྲག་འཐུང་རྣམས་ནི། གསུང་ལ་ལོངས་སྐུར་བཏགས་པའི་ལོངས་སྐུ་དང་། ཐུགས་དང་། ཡོན་ཏན་དང་། གསུང་དང་། ཕྲིན་ལས་སྤྲུལ་པ་དང་། ཀུན་ཏུ་བཟང་པོའི་རྒྱུད་ཀྱི་རྣམ་ཤེས་བརྒྱད་དག་པའི་ཡེ་ཤེས་ལས། ཀཽ་རི་བརྒྱད་དང་། དེ་བཞིན་དུ་ཡུལ་བརྒྱད་དག་པ་ལ་སེང་ཧ་བརྒྱད་དང་། བདུད་བཞི་དག་པ་ལས་སྒོ་བ་དང་། སྒལ་ཚིག་ཉེར་བརྒྱད་དག་པའི་ཡེ་ཤེས་ཉེར་བརྒྱད་ཀྱི་རྩལ་ལས་དབང་ཕྱུག་ཉེར་བརྒྱད་ཤར་བ་མོས་དགོས་པ་ཤེས་པར་བྱས་ཏེ། ཧཱུྃ་སྣོད་བཅུད་སྣང་སྲིད་ཐམས་ཅད་ཀྱི་གཞི་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བཞེངས་པ་སྟེ་གྲུབ་པའི་ལྷུན་གྲུབ་རྩོལ་མེད་དུ་རང་བྱུང་བའི་རྟེན་གྱི་དཀྱིལ་འཁོར་གྱི་དབུས་སུ་དཔལ་ཀུན་ཏུ་བཟང་པོའི་སྐུ་དང་ཐུགས་རིག་པའི་ཡེ་ཤེས་དབྱེར་མེད་པའི་རྩལ་གྱི་ཆོ་འཕྲུལ་ལས་ཤར་བ། ཉོན་མོངས་པ་ཐམས་ཅད་འཇོམས་པར་མཛད་ཅིང་ཉོན་མོངས་དང་གཉིས་སྣང་འཁྲུལ་བའི་ཁྲག་འཐུང་བའི་ཧེ་རུ་ཀ་ཆེན་པོ། བདུད་བགེགས་གཞོམ་པ་སོགས་ལ་མཐུ་རྩལ་ཐོགས་པ་མེད་པ། སྐུ་ལ་དུག་གསུམ་དག་པའི་བརྡར་མི་ལྤགས་དང་གླང་ལྤགས་སྟག་ཤམ་སྟེ་བགོ་བའི་གོས་གསུམ། སྐུ་གསུམ་ལྡན་པའི་བརྡར་ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་སྟེ་བྱུག་པའི་རྫས་གསུམ། རིགས་ལྔའི་བདག་ཉིད་ཡིན་པའི་

བརྡར་ཐོད་སྐམ་གྱི་དབུ་རྒྱན། འདུ་བྱེད་ལྔ་བཅུ་དག་པ་དང་གདུལ་བྱ་ལ་འདུས་བྱས་མི་རྟག་པ་སྟོན་ཕྱིར་ཐོད་རློན་གྱི་ཕྲེང་བ་སྟེ་ཐོད་རྒྱན་དང་། ཀླུ་རྣམས་འཇོམས་པ་དང་འཇིགས་པ་ཐམས་ཅད་བྲལ་བའི་བརྡར་སྦྲུལ་རྒྱན་དང་གདགས་པའི་རྒྱན་གཉིས་ཏེ་དུར་ཁྲོད་ཀྱི་ཆས་བརྒྱད་ཡོངས་སུ་རྫོགས་པས་སྐུ་ལ་བརྒྱན་པ། ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་གཉིས་ནམ་ཡང་དབྱེར་མི་ཕྱེད་པའི་བརྡར་ཐབས་ཀྱི་ངོ་བོ་ཡབ་ཀྱི་སྐུ་ལ་ཤེས་རབ་ཀྱི་ངོ་བོ་ཡུམ་གྱིས་འཁྲིལ་ཏེ། རཱུ་ཏྲ་ཕོ་མོ་སོགས་བརྩེགས་པའི་གདན་སྟེང་དུ་ཐེག་པ་རིམ་དགུ་ཡོངས་སུ་རྫོགས་པའི་རྩེ་མོར་ཕྱིན་པ་ཅན་གྱི་སྐུའི་ཆ་ལུགས་བསྟན་ནས་བཞུགས་ཤིང་། སྐུ་ནི་གོང་བཞིན་སྒེག་པ་དང་སོགས་ནས། ཞི་བ་ལ་སོགས་པའི་གར་དགུ་དང་ལྡན་པའི་སྐུ་ཅན་ཏེ། དེ་འདྲའི་བཅོམ་ལྡན་འདས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་སྤྲུལ་པའི་འཁོར་ཚོགས་རྒྱ་མཚོ་རང་ཤུགས་ཀྱིས་རྫོགས་པ་དེ་ལ་གུས་པས་བསྟོད་དོ། །དེས་འགྲེས་པས་ལྷག་མ་ཤེས་པར་འགྱུར་རོ། །དེ་ནས་ཉེས་ལྟུང་བཤགས་པ་ནི། ༀ་ཨཱཿཧཱུྃ་བླ་མ་ཀུན་བཟང་སོགས་ཏེ། ཚིག་དོན་ཤེས་སླ་བ་ལྟར་དམིགས་ནས་ཉེས་ལྟུང་ཐམས་ཅད་འགྱོད་སེམས་ཀྱིས་བཤགས་པར་བྱའོ། །དེ་ནས་ཕྱག་འཚལ་མཆོད་བསྟོད་བྱེད་པའི་ལྷ་མོ་ལ་སོགས་པ་རྣམས་རང་གི་ཐུགས་ཀར་ཐིམ་པར་བསམ། དེ་ནས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་བདག་རྒྱུད་ལ་འགྲུབ་བྱེད་སྔགས་བཟླ་བའི་ཛབ་ཀྱི་བཟླས་པ་བྱ་བ་ལ་ཐོག་མར་གསོལ་འདེབས་འདོན་ལ་ཡི་དམ་གྱི་ལྷ་རྣམས་བདག་རྒྱུད་ལ་འགྲུབ་པར་གསོལ་བ་དྲག་ཏུ་བཏབ་སྟེ། ཛབ་ལ་འཇུག་པ་ལ་ཛབ་ཁ་དབྱེ་བ་དང་། ཛབ་བཟླ་བ་དངོས་དང་གཉིས། དང་པོ་ནི། བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་མདོག་ཕྱག་

མཚན་རྒྱན་ཆ་ལུགས་བཞུགས་སྟངས་སོགས་གསལ་བར་དྲན་པའི་ངང་ནས། ཨཱཿརྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བདག་ལ་དགོངས། །ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ། །བདག་གི་རྒྱུད་ལ་འཇུག་པར་ཛབ་ཀྱིས་བསྐུལ། །ཐུགས་དམ་དགོངས་ལ་འགྲུབ་པར་མཛད་དུ་གསོལ། །ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི། །གཞོམ་མེད་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ། །བདག་གི་ལུས་ངག་སེམས་སུ་མ་གྲུབ་པར། །ཛབ་བཟླས་སྔགས་ཀྱི་རྣལ་འབྱོར་མི་གཏོང་ངོ་། །ཞེས་བསྐུལ་བས་སྔགས་བཟླས་པས་ལྷ་ཚོགས་ཐམས་ཅད་བདག་རྒྱུད་ལ་འཇུག་ཅིང་རྒྱུད་བྱིན་གྱིས་བརླབས་པའི་དགོངས་པ་རྩེ་གཅིག་ཏུ་གཏད་ཅིང་བརྩེ་བའི་སྒོ་ནས་བཞུགས་པར་མོས། གཉིས་པ་ཛ྄བ་བཟླ་བ་དངོས་ནི། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལ་ཞི་ཁྲོའི་ལྷ་ཚོགས་ཀུན་འདུས་ཀྱི་སྔགས་བཟླ་བ་གཙོ་བོར་བྱེད་པས་དེ་ལྟར་ལག་ལེན་འཚམས་པ་དང་གནད་དོན་ཡང་ལེགས་པས་འདིར་ཡང་དེ་བཞིན་དུ་བཤད་པར་བྱ་སྟེ། རང་ཉིད་ཀུན་ཏུ་བཟང་པོ་ཡབ་ཡུམ་ལ་སོགས་པ་སྟེང་གི་ཞི་བའི་ལྷ་ཚོགས་ཞེ་གཉིས་ཀྱི་ཐུགས་ཀར་ཟླ་བའི་གདན་རེ་རེའི་སྟེང་དུ་རང་རང་གི་ཐུགས་སྲོག་ས་བོན་ལྷ་རང་མདོག་ཅན་གྱི་མཐར། ༀ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷར་ཏུ་ཨ་ཞེས་པ་ཞི་བ་ཀུན་འདུས་ཀྱི་སྔགས་ལྷ་རང་རང་གི་ཁ་དོག་ཅན་{གྱི་}ཡབ་རྣམས་ལ་ཡིག་ངོ་ནང་བསྟན་གཡས་བསྐོར་དང་། ཡུམ་རྣམས་གཡོན་བསྐོར་དུ་འཁོད་པ་དང་། རང་ཉིད་ཆེ་མཆོག་ཡབ་ཡུམ་ལ་སོགས་པ་འོག་ཏུ་ཁྲོ་བོའི་ལྷ་ཚོགས་དྲུག་ཅུའི་ཐུགས་ཀར་ཉི་མའི་གདན་རེ་རེའི་སྟེང་དུ་རང་རང་གི་ཐུགས་སྲོག་ས་བོན་ལྷ་རང་མདོག་ཅན་གྱི་མཐར། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཞེས་པ་ཁྲོ་བོ་ཀུན་འདུས་ཀྱི་

སྔགས་ལྷ་རང་རང་གི་ཁ་དོག་ཅན་གྱི་ཡབ་རྣམས་ལ་ཡིག་ངོ་ནང་བསྟན་གཡས་བསྐོར་དང་། ཡུམ་རྣམས་ལ་ཡིག་ངོ་ཕྱིར་བསྟན་གཡོན་བསྐོར་དུ་འཁོད་པ། ས་བོན་སྔགས་ཕྲེང་དང་བཅས་པ་རང་འོད་འཚེར་ཞིང་འོད་ཟེར་སྣ་ལྔས་གཅིག་ལ་གཅིག་སྦྲེལ་བའི་ཚུལ་དུ་གནས་པར་གྱུར་པར་བསམ་ལ། ཐོག་མར་ཞི་ཁྲོའི་ལྷ་ཚོགས་ཡོངས་རྫོགས་ཀྱི་ཐུགས་ས་བོན་སྔགས་འཁོར་དང་བཅས་པ་ལ་སྤྱིར་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བོ་དྷི་ཙིཏྟ་ཅི་རིགས་བཟླ། དེ་ནས་འདི་ལྟར་དུས་གཅིག་ལ་དམིགས་པ་གསལ་ཐེབས་དཀའ་བས་ཀུན་ཏུ་བཟང་པོ་ཞི་བ་ཀུན་འདུས་ཡིན་པས་རང་ཀུན་ཏུ་བཟང་པོའི་ཐུགས་ཀར་ཟླ་བ་ལ་ཨཱཿསྔོན་པོའི་མཐར་བོ་དྷི་ཙིཏྟ་ཁ་དོག་སྔོན་པོས་བསྐོར་བ་ཙམ་ལ་དམིགས་པ་གཏད་ནས་བོ་དྷི་ཙིཏྟ་སོགས་ཞི་ཁྲོའི་སྔགས་ཅི་རིགས་བཟླ། དེ་ནས་ཆེ་མཆོག་ཁྲོ་བོ་ཀུན་འདུས་ཡིན་པས་དེའི་ཐུགས་ཀར་ཉི་མ་ལ་ཧཱུྃ་སྨུག་ནག་གི་མཐར་རུ་ལུའི་སྔགས་སྨུག་ནག་གིས་བསྐོར་བ་ལ་དམིགས་པ་གཏད་ནས་བོ་དྷི་ཙིཏྟ་ཅི་རིགས་བཟླ། གཞན་རྣམས་ལ་ཐོག་མར་སྤྱིར་དམིགས་པ་དེས་ཆོག་པར་བྱ་སྟེ། འདི་དག་ལ་བཀོད་པའི་བཟླས་པ་ཟེར། ཡི་དམ་གྱི་ལྷ་རྣམས་རང་རྒྱུད་ལ་འཇུག་པའི་གནད་ཡིན་ནོ། །དེ་ནས་དོ་ལའི་བཟླས་པ་ལ། ཐོག་མར་ཡེ་ཤེས་ཀྱི་ལྷའི་བྱིན་རླབས་མྱུར་དུ་འཇུག་པའི་བཟླས་པ་ནི། རང་ཉིད་ཀུན་ཏུ་བཟང་པོའི་ཐུགས་ཀའི་ས་བོན་ཨཱ་སྔོན་པོ་ལ་སྔགས་ཀྱི་ཕྲེང་བ་ཡིག་འབྲུ་རྣམས་གཅིག་འོག་དུ་གཅིག་ཆུག་པ་ཁ་དོག་སྔོན་པོ་འོད་ཟེར་སྣ་ལྔའི་ཐག་པ་ལ་བརྒྱུས་པ་བ་ཐག་གཟེང་བ་ལྟ་བུ་བྱུང་རང་གི་ཞལ་ནས་ཐོན། མདུན་བསྐྱེད་ཀུན་ཏུ་བཟང་པོའི་ཞལ་དུ་ཞུགས། དེའི་ཐུགས་ཀར་ཡང་སྔགས་ཕྲེང་ས་བོན་དང་བཅས་པ་འཁོད་པ་དེ་ལ་ཐིམ་པས་ཐུགས་ལ་དགྱེས་

པ་དང་མཐུ་སྟོབས་བསྐྱེད། སླར་བྱུང་མདུན་བསྐྱེད་ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་བྱུང་སྟེ། རང་གི་ཐུགས་ཀར་ཞུགས་ཏེ་སྙིང་གའི་ཐུགས་སྲོག་ལ་ཐིམ་པས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་གསུམ་བདག་གི་སེམས་རྒྱུད་ལ་ཞུགས་པར་གྱུར་པ་རྒྱུན་མ་ཆད་པར་འཁོར་བར་བསམ་བཞིན་བོ་དྷི་ཙིཏྟ་ཅི་ནུས་བཟླ། འདི་ཞི་ཁྲོའི་གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་དུས་གཅིག་ཏུ་བཟླ་བ་ཡིན་པས་བདག་བསྐྱེད་ཀྱི་ཞི་བའི་ལྷ་ཐམས་ཅད་ཀྱི་སྙིང་གའི་ས་བོན་ལས་བོ་དྷི་དང་། ཁྲོ་བོ་རྣམས་ཀྱི་ས་བོན་ལས་རུ་ལུའི་སྔགས་ཕྲེང་འོད་ཟེར་ལྔ་ལྡན་རྣམས་དུས་གཅིག་ཏུ་བྱུང་སྟེ། མདུན་བསྐྱེད་ཞི་ཁྲོའི་ལྷ་དེ་དང་དེའི་ཞལ་དུ་ཞུགས་ནས་སོ་སོའི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་མཐུ་སྟོབས་བསྐྱེད་ཅིང་ཐུགས་མཉེས། སླར་ཐམས་ཅད་དུས་གཅིག་ཏུ་ལྷ་རང་རང་གི་ཐུགས་ནས་བྱུང་སྟེ། བདག་བསྐྱེད་ཀྱི་ལྷ་དེ་དང་དེའི་ཐུགས་ཀ་ནས་ཞུགས། ཐུགས་སྲོག་ལ་ཐིམ་པས་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་གསུང་ཐུགས་གསུམ་བདག་རྒྱུད་ལ་ཞུགས་པར་སྒོམ་པ་ཡིན་པར་སྣང་ཡང་དམིགས་པ་འཆར་དཀའ་ལ། ཀུན་ཏུ་བཟང་པོ་ཉིད་ཞི་ཁྲོ་ཀུན་འདུས་ཡིན་པས་སྔ་མ་གཅིག་པུས་ཆོག་ཅིང་དེའི་ཐུགས་ཀ་ནས་ཞི་ཁྲོ་གཉིས་ཀའི་སྔགས་ཀྱང་འཕྲོ་འདུ་བྱེད་ཆོག་གོ །དེ་ནས་བདེ་སྟོང་འདྲེན་པའི་དོ་ལའི་བཟླས་པ་བྱ་སྟེ། རང་ཉིད་ཀུན་ཏུ་བཟང་པོའི་ཐུགས་སྲོག་ཨ་ལས་སྔགས་ཕྲེང་འོད་ལྔའི་ཐག་པ་ལ་བརྒྱུས་པ་བྱུང་། རང་གི་ཞལ་ནས་ཐོན། ཡུམ་ཀུན་ཏུ་བཟང་མོའི་ཞལ་དུ་ཞུགས། ཡུམ་གྱི་རྩ་དབུ་མའི་ནང་བརྒྱུད་དེ་བདེ་བ་ཆེན་པོའི་གནས་ཡུམ་གྱི་གསང་བའི་ཆུ་སྐྱེས་ནས། རང་གི་རྡོ་རྗེའི་བུ་གར་བདེ་ཁྲིལ་གྱིས་ཞུགས་སྟེ། བདེ་དྲོད་ཆས་ཆེར་འབར་བཞིན་རྩ་དབུ་མའི་ནང་བརྒྱུད་དེ་སྙིང་གའི་ཐུགས་སྲོག་ལ་ཐིམ་པས་བདེ་ཆེན་གྱི་ཡེ་ཤེས་

ཆེས་ཆེར་རྒྱས། དེ་ལྟར་རྒྱུན་མི་འཆད་པར་འཁོར་བར་གྱུར་པར་མོས་བཞིན་བོ་དྷི་ཙིཏྟ་བཟླའོ། །དེ་ནས་རང་དོན་བྱིན་རླབས་བསྡུ་བའི་དམིགས་པ་བྱ་བ་ནི། བདག་བསྐྱེད་ཀྱི་ཞི་ཁྲོའི་ལྷ་ཚོགས་ཡབ་ཡུམ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་དང་སྔགས་ཕྲེང་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ཀྱི་སངས་རྒྱས་ཀྱི་ཞིང་རབ་འབྱམས་མ་ལུས་པ་ཐམས་ཅད་དུ་འཕྲོས། འོད་ཟེར་གྱིས་སངས་རྒྱས་སྲས་དང་བཅས་པ་མཆོད་པས་ཐུགས་མཉེས། བདག་གི་ཚོགས་རྫོགས། དེ་ནས་འོད་ཟེར་རྣམས་སླར་འདུས་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་གནས་གསུམ་ནས་སྐུའི་བྱིན་རླབས་ཐམས་ཅད་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་དཔག་ཏུ་མེད་པ། གསུང་གི་བྱིན་རླབས་ཐམས་ཅད་ཞི་ཁྲོའི་སྔགས་ཀྱི་ཡིག་འབྲུ། ཐུགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེ་འཁོར་ལོ་ལ་སོགས་པ་ཞི་ཁྲོའི་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་ཕྱོགས་བཅུའི་ནམ་མཁའི་ཁམས་གང་བ་སྤྱན་དྲངས་ཏེ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་། ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བྱིན་རླབས་ཞུགས། ནུས་མཐུ་ཤིན་ཏུ་རྒྱས། བདག་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པར་མོས་ལ་བོ་དྷི་ཙིཏྟ་ཅི་ནུས་བཟླ། དེ་ནས་གཞན་སྣོད་བཅུད་ཞིང་སྦྱོང་གི་བཟླས་དམིགས་བྱ་བ་ནི། བདག་བསྐྱེད་ཀྱི་ཞི་ཁྲོའི་ལྷ་ཚོགས་ཡབ་ཡུམ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་དང་། སྔགས་ཕྲེང་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ཀྱི་འཁོར་བ་སྲིད་པའི་གནས་རབ་འབྱམས་མ་ལུས་པ་ཐམས་ཅད་དུ་འཕྲོས། བ་མོར་

ཉི་མ་ཕོག་པ་བཞིན་སྣོད་ཀྱི་མ་དག་པ་དང་། བཅུད་ཀྱི་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ་ལ་སོགས་པ་འཁོར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་དང་། ཟག་བཅས་ཀྱི་དངོས་པོ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་འོད་ཟེར་གྱིས་རེག་པས་ཕྱི་སྣོད་ཐམས་ཅད་ཞི་ཁྲོའི་རྟེན་གྱི་དཀྱིལ་འཁོར་ཡེ་ཤེས་ལས་གྲུབ་པ། ནང་བཅུད་ཐམས་ཅད་རྒྱལ་བ་ཞི་ཁྲོའི་སྐུ་ཤ་སྟག་ཏུ་གྱུར་པར་བསམ་བཞིན་བོ་དྷི་ཙིཏྟ་བཟླ། ཚེ་འདས་ལ་དབང་བསྐུར་བ་སོགས་ཀྱི་ཚེ། ཚེ་འདས་ལ་གཙོ་བོར་དམིགས་ནས་བཟླས་དམིགས་འདི་ལ་གཙོ་ཆེར་བྱའོ། །དེ་ནས་འགྱུར་བཟླས་ཀྱི་དམིགས་པ་བྱ་བ་ནི། བདག་མདུན་གྱི་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་དང་། སངས་རྒྱས་བྱང་སེམས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཞི་ཁྲོའི་སྐུར་གྱུར་པ་རྣམས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དབྱངས་སྒྲོག་ཅིང་། ལྷ་ཐམས་ཅད་གྱི་བ་སྤུའི་བུ་ག་དང་། སྐུའི་རྡུལ་ཕྲ་རབ་རྣམས་དང་། དག་པའི་ཕྱི་སྣོད་ཀྱི་རྡུལ་ཕྲ་རབ་རེ་རེ་ལས་ཀྱང་སྔགས་ཀྱི་སྒྲ་རྒྱུན་མི་འཆད་པར་འབྱུང་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བོ་དྷི་ཙིཏྟ་ཅི་ནུས་བཟླའོ། །དེ་ལྟར་བཟླས་པས་བསྙེན་ཚད་ཀྱི་གྲངས་སུ་བརྩི་མི་རུང་ཡང་གྲངས་དེ་ཙམ་གྱི་སྔགས་བཟླས་པའི་ཕན་ཡོན་ཐོབ་པར་གསུངས་ཏེ། ཕན་ཡོན་ནི་འབྲས་བུའོ། །དེས་བཟླས་དམིགས་རྣམས་སོང་ཟིན་ལ་འདིར་བསྙེན་སྒྲུབ་ཙམ་ལ་ཡིག་བརྒྱ་མ་བཟླས་ཀྱང་ཆོག་མོད། ཉམས་ཆགས་བཤགས་པའི་ཆེད་དུ་ཅི་འཛོམས་ཞིག་བཟླས་ན་ཤིན་ཏུ་བཟང་བས་དེ་ལྟར་ན། ཀུན་བཟང་ཡབ་ཡུམ་གྱི་གདན་འོག་ཏུ་བཞུགས་པའི་རྣམ་སྣང་ཡབ་ཡུམ་ཤར་གྱི་གནས་སུ་འཁོད། རྡོར་སེམས་ཡབ་ཡུམ་དེ་རྣམ་སྣང་གི་ཤུལ་

གྱི་དབུས་སུ་བཀོད་ཏེ། རང་ཉིད་གཙོ་བོར་དབུས་ཀྱི་རྡོ་རྗེ་སེམས་དཔའ་མཐིང་ག་ཡབ་ཡུམ་གྱི་ང་རྒྱལ་བསྐྱེད་ནས་དེའི་ཐུགས་ཀར་ཟླ་གདན་ལ་ཧཱུྃ་སྔོན་པོའི་མཐར་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཁ་དོག་སྔོན་པོས་བསྐོར་བ་ལ་དམིགས་པ་དང་སྤྲོ་བསྡུས་ཀྱི་སྒོ་ནས་ཡིག་བརྒྱ་བཟླ་བ་སྟེ། ༈ དེ་ཉིད་ཚིག་གི་གསལ་འདེབས་པར་འདོད་ན། དཀྱིལ་འཁོར་དབུས་ཀྱི་རྣམ་སྣང་ཡབ་ཡུམ་གཉིས། །ཤར་གྱི་རྡོ་རྗེ་སེམས་དཔའི་གནས་སུ་འཁོད། །རྡོར་སེམས་ཡབ་ཡུམ་དབུས་ཀྱི་གདན་དུ་བྱོན། །དེ་ཡི་ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར། །ཡི་གེ་བརྒྱ་པས་གཡས་སུ་བསྐོར་བར་གྱུར། །{བར་}ཅེས་བརྗོད་ཅིང་དམིགས་ལ་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླ་བཞིན་དུ། ས་བོན་སྔགས་ཕྲེང་ལས་འོད་ཟེར་སྔོན་པོ་འཕྲོས། རང་ཉིད་རྡོར་སེམས་ཀྱི་ལུས་གང་། ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག །འོད་ཟེར་རྣམས་བ་སྤུའི་བུ་ག་ནས་སྤྲོས་ཏེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཉེས་ལྟུང་སྡིག་སྒྲིབ་ཐམས་ཅད་བ་མོར་ཉི་ཟེར་ཕོག་པ་བཞིན་དག་པར་བྱས་པར་མོས་སོ། །འདིར་དེ་ཙམ་ལས་རིགས་ལྔ་གཞན་དང་། ཁྲག་འཐུང་ཡིག་བརྒྱ་སོགས་བཟླ་མི་དགོས་ཏེ། དེ་དག་ནི་ལས་སྦྱོར་གྱི་སྐབས་སུ་ཡིན་པས་སོ། །དེ་ནས་བཟླས་པའི་མཐར་ལས་བཞིའི་སྔགས་བཟླ་བ་ནི། ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་གྱུར་པར་མོས་བཞིན། བོ་དྷི་ཙིཏྟའི་མཐར་ཤིནྟཾ་ཀུ་རུ་ན་མཿཞེས་བཏགས་པ་གསུམ་སོགས་དང་། ཡང་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་སེར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་

བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཤིན་ཏུ་རྒྱས་པར་གྱུར་པར་བསམ་ཞིང་། བོ་དྷི་ཙིཏྟའི་མཐར་པུཥྚཾ་ཀུ་རུ་སྭ་ཞེས་བཏགས་པ་དང་། ཡང་ཁྲོ་བོའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་རང་དང་སེམས་ཅན་ཐམས་ཅད་ལ་ཕོག་ནས་མོས་པ་རྣམ་བཞི་དང་རླུང་སེམས་ཐམས་ཅད་རང་རང་གི་ཅི་འདོད་བཞིན་དབང་དུ་འདུས་པར་གྱུར་པར་བསམ་ཞིང་། བོ་དྷི་ཙིཏྟའི་མཐར་ཝ་ཤཾ་ཀུ་རུ་ཧོཿབཏགས་པ་དང་། ཡང་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་སྔོན་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་རང་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་རང་དང་སེམས་ཅན་རྣམས་ལ་གནོད་པའི་དགྲ་བགེགས་ལོག་འདྲེན་རྣམ་རྟོག་དང་བཅས་པ་ཚར་བཅད་པར་བསམ་ཞིང་། བོ་དྷི་ཙིཏྟའི་མཐར་མ་ར་ཡ་ཕཊཿཅེས་བཏགས་པ་རྣམས་ཀྱང་གསུམ་རེ་སོགས་བཟླ། དེ་ནས་བཟླས་སྒོམ་གྱི་ལྷག་ཆད་ཐམས་ཅད་དག་ཅིང་རིག་སྔགས་བཟླས་ཤིང་བསྒོམ་གྱི་བྱིན་རླབས་ཐམས་ཅད་བདག་གི་སེམས་རྒྱུད་ལ་རབ་ཏུ་བརྟན་པར་བྱས་པར་གྱུར་པར་མོས་བཞིན་དུ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བརྗོད། འདི་ལ་ཡིག་བརྒྱ་ཙམ་གྱིས་ཀྱང་ཆོག་གོ །དེ་ནས་ཛ྄བ་ཀྱི་མཆོད་བསྟོད་བྱ་བ་ནི། ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ལ་ལས་བྱང་ལས་བྱུང་བ་བཞིན་ཕྱི་ནང་གསང་བའི་མཆོད་པ་སྨན་རཀ་གཏོར་གསུམ་དང་བཅས་དཔག་ཏུ་མེད་པ་འབུལ་བ་དང་། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་བསྟོད་པ་འབུལ་བར་མོས་ཏེ། ཧཱུྃ་ཡེ་ཤེས་ལྷ་ཚོགས་སོགས་ནས། ཅི་མཆིས་མཐོལ་ལོ་བཤགས། ཞེས་བརྗོད། དེ་ནས་བོ་དྷི་ཙིཏྟ་དང་ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཕ་

ལ་ཧཱུྃ། ཞེས་པས་རྒྱལ་བ་ཞི་ཁྲོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བདག་ལ་ཐོབ་པར་བསམ་མོ། །དེ་ནས་ཐུན་རེ་རེ་ལ་ལས་བྱང་རེ་འདོན་ན་ཐུན་སྔ་མ་རྣམས་ལ་འདི་ལས་འོག་ཏུ་འཆད་པའི་བདག་བསྐྱེད་བསྡུ་རིམ་དང་། རྗེས་ཐོབ་ཀྱི་ལྷར་ལྡང་བ་བྱས་ནས་དགེ་བ་བསྔོས་ཏེ། ཐུན་མཚམས་ལ་འཇུག་སྟེ་ཐུན་རྗེས་མ་རྣམས་ལ་མཆོད་པ་བྱིན་རླབས་ནས་འཇུག་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ལས་བྱང་ཚར་རེ་ལས་མི་བྱེད་པ་དང་བྱེད་ཀྱང་ཐུན་ཐ་མའི་དུས་སུ་འདི་ནས་སྡེ་བདུན་མདོར་བསྡུས་ཙམ་འདོན་ནས་ཚོགས་ལ་འཇུག་པ་ཡིན། བརྒྱ་ཕྱག་དང་ཀློང་བཤགས་སོགས་ནི་བྱས་ནའང་ལེགས་མོད་བསྙེན་སྒྲུབ་ལ་ངེས་པར་དགོས་པའང་མིན། སྤྱིར་གཏེར་གཞུང་གི་སྔོན་འགྲོ་ལས་གཞན་པའི་ཐུན་མོང་གི་སྔོན་འགྲོ་དང་། གསོལ་འདེབས་དང་ཛབ་བསྐུལ་རྒྱས་པ་དང་། ཚོགས་བསྐང་རྒྱས་པ་སོགས་འདོན་ཚོགས་ཤིན་ཏུ་མང་བ་ཙམ་ལས་བསྙེན་སྒྲུབ་ཀྱི་སྐབས་འདིར་སྙིང་པོ་ཆེར་མེད། དེ་བས་ནི་ལས་བྱང་ཆེ་བ་ལ་བརྟེན་ན་དམིགས་པ་གསལ་འདེབས་སླ་བས་འདོན་ཚོགས་གཞན་རྣམས་རྒྱས་པར་བྱེད་པའི་སྤྲོས་པ་བསྐྱུངས་ནས་རྒྱུན་དུ་ལས་བྱང་ཆེ་བ་བཏང་ནས་སྐྱབས་སེམས་དང་བགེགས་ལ་བཀའ་བསྒོ་བ་ནས་བསྟོད་པ་དང་བཟླས་པའི་བར་གྱི་དམིགས་པ་ཐམས་ཅད་དལ་བའི་སྒོ་ནས་མ་ཆད་པར་གསལ་ཅི་ཐེབས་བྱེད་པ་ནི་བསྙེན་སྒྲུབ་ཀྱི་རྣལ་འབྱོར་དངོས་ཡིན་པས་ཤིན་ཏུ་གནད་ཆེ་བ་ཡིན་ནོ། །གལ་ཏེ་རྒྱུན་དུ་ལས་བྱང་ཆེ་བ་མི་ལྕོགས་པའམ་དམིགས་པ་གསལ་ཐེབ་པ་ལ་བྱང་ཆ་ཐོན་པ་དག་གིས་ལས་བྱང་ཆུང་བ་གཏོང་ན་ཡང་། ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་སོ་སོའི་ས་བོན་ལས་བསྐྱེད་

པ་མི་དགོས་པར་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་དང་། བསྐྱེད་པ་ན་སྔགས་ཀྱིས་བྱིན་རླབས་མི་དགོས་པ་ཙམ་ལས་གཞལ་ཡས་ཁང་དང་ལྷ་རྣམས་ཀྱི་གདན་དང་སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་། ཕྱི་ནང་གསང་བའི་མཆོད་པ་སྨན་རཀ་གཏོར་གསུམ་སོགས་དམིགས་པ་དང་བཅས་པ་དང་། བཟླས་དམིགས་ལ་སོགས་པ་ཡོངས་རྫོགས་དགོས་པ་ནི་ལས་བྱང་ཆེ་བ་དང་ཁྱད་པར་མེད་དོ། །གང་ལྟར་ཡང་སྡེ་བདུན་གྱི་མཇུག་ཏུ་ཚོགས་བྱ་བ་ནི། ལས་བྱང་ཆེ་ཆུང་གང་ལྟར་བྱས་ཀྱང་ཆོག་སྟེ། ལས་བྱང་ཆེ་བ་སོང་ཡང་ཚོགས་དང་གཏོར་མ་སོགས་ནི་ལས་བྱང་ཆུང་བ་ལྟར་བྱས་ཀྱང་འགལ་བ་མེད་པ་མ་ཟད་ལག་ལེན་ཀྱང་བདེའོ། །གང་ལྟར་ཡང་རང་ཉིད་རྡོར་སེམས་ཀྱི་ང་རྒྱལ་གྱིས་ཚོགས་ལ་འཁུ་བའི་བགེགས་རྣམས་ལ་བཀའ་བསྒོས་ཏེ་གཞན་དུ་བསྐྲད། དེ་ནས་རང་ཉིད་རྡོར་སེམས་ཀྱི་ཐུགས་ཀ་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་ངོ་བོ་ༀ་དཀར་པོ། གསུང་གི་ངོ་བོ་ཨཱཿདམར་པོ། ཐུགས་ཀྱི་ངོ་བོ་ཧཱུྃ་སྔོན་པོ་གསུམ་སྤྲོས་པས་ཚོགས་རྫས་རྣམས་ལ་ཕོག་པས་ཚོགས་རྫས་ཐམས་ཅད་རྡོ་རྗེ་གསུམ་གྱི་ངོ་བོ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་བརྩེགས་པའི་རྣམ་པར་གྱུར། ཡི་གེ་དེ་གསུམ་ལས་མེ་ཆུ་རླུང་གསུམ་འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་དྲི་མ་མ་དག་པ་ཐམས་ཅད་མེས་བསྲེག །རླུང་གིས་གཏོར། ཆུས་བཀྲུས་པས་ཤིན་ཏུ་དག་པར་བྱས་ཏེ་མེ་ཆུ་རླུང་གསུམ་ཡི་གེ་གསུམ་དང་བཅས་པ་ཐོད་པའི་ནང་དུ་འོད་དུ་ཞུ་བ་ལས་ཚོགས་རྫས་དཔག་མེད་དཀར་དམར་མཐིང་གསུམ་གྱི་ཁ་དོག་ཅན་རྣམ་པ་ཤ་ལྔའི་རྫས་དང་བདུད་རྩི་ལྔའི་རྣམ་པ། ངོ་བོ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྲུབ་པ། བྱེད་ལས་ནད་གདོན་ཞི་བ་དང་ཉམས་རྟོགས་རྒྱས་བྱེད་ཀྱི་བདུད་རྩིར་

གྱུར་པར་མོས། བར་འདིར་བསྐང་བ་བྱས་ན་ཤིན་ཏུ་བསྡུས་པ་ཙམ་བྱ། དེ་ནས་ཚོགས་ཀྱི་སྤྱན་འདྲེན་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མ་ལུས་པ་འཁོར་སངས་རྒྱས་བྱང་སེམས་མཐའ་ཡས་པ་དང་བཅས་པ་སྤྱན་དྲངས་མདུན་བསྐྱེད་ཡོད་ན་དེ་ལ་བསྟིམ། མེད་ན་མདུན་གྱི་ནམ་མཁར་བཞུགས་པར་མོས། དེ་ནས་ལྷ་མོ་དཔག་ཏུ་མེད་པ་རྣམས་ཀྱིས་ཚོགས་རྫས་ལས་ཐོད་པས་བཅུས་ཏེ་ཤ་ལྔའི་བཟའ་བ་དང་། བདུད་རྩི་ལྔའི་བཏུང་བ་རྣམས་ཚོགས་ཞིང་དང་བདག་བསྐྱེད་ལྷ་ཚོགས་ཐམས་ཅད་ལ་ཕུལ་བ་རྣམས་ཚིམ་པར་གསོལ་བས་ཐམས་ཅད་ཀྱི་རྒྱུད་ཟག་མེད་བདེ་སྟོང་གི་ཡེ་ཤེས་ཀྱིས་གང་བར་མོས། དེ་ནས་ཚོགས་བར་བ་ཡང་དེ་བཞིན་དུ་ཕུལ་བ་གསོལ་བས་དགྱེས་ཤིང་ཚིམ་པའི་མཐུ་སྟོབས་ཀྱིས་བདག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མོས། དེ་ནས་ཚོགས་ཐ་མ་རང་ཉིད་ཆེ་མཆོག་གི་ང་རྒྱལ་གྱིས་བསྟན་དགྲ་དམ་ཉམས་དང་ཁམས་གསུམ་སེམས་ཅན་གྱི་རྒྱུད་ཀྱི་བདག་འཛིན་ཐམས་ཅད་རཱུ་ཏྲའི་གཟུགས་ཀྱི་རྣམ་པར་སྒོ་མ་བཞི་ལ་སོགས་པས་བཀུག་ནས་ཚོགས་ཐ་མ་ལ་བཅུག་བཅིངས་མྱོས་པར་བྱས་ཏེ། རང་བཞིན་གྱི་དབྱིངས་ན་བཞུགས་པའི་ཁྲོ་བོའི་ལྷ་ཚོགས་དཔག་ཏུ་མེད་པ་སྒྲོལ་བའི་ལས་ལ་སྤྱན་དྲངས་ཏེ། ཁྲོ་བོ་རྣམས་དང་སྒྲོལ་གིང་ཀིང་ཀ་ར་ལ་སོགས་པའི་མཚོན་ཆ་སྣ་ཚོགས་ཀྱིས་བསྒྲལ། ཤ་ཁྲག་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་བྱིན་གྱིས་བརླབས་ཏེ། བདག་མདུན་གྱི་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་ཐམས་ཅད་ལ་ལྷ་མོ་རྣམས་ཀྱིས་ཕུལ་ཏེ་གསོལ་བས་ཁམས་གསུམ་གྱི་བདག་འཛིན་དང་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་གཏན་ནས་དག་པར་བསམ་མོ། །

དེ་ནས་ཚོགས་ཀྱི་རྫས་བཟའ་བ་རྣམས་ཐབས་རིགས་ལྔའི་ངོ་བོ་ཤ་ལྔ་དང་། བཏུང་བ་རྣམས་ཤེས་རབ་ཡུམ་ལྔའི་ངོ་བོ་བདུད་རྩི་ལྔར་མོས་ནས་ཟོས་པས་རྒྱུད་ལ་དགའ་བཞིའི་བདེ་སྟོང་གི་ཡེ་ཤེས་སྐྱེས་པ་དང་། ཡེ་ཤེས་ཀྱི་རིག་མ་དང་སྙོམས་པར་ཞུགས་པ་ལས་དགའ་བཞིའི་ཡེ་ཤེས་དང་ཁྱད་པར་ལྷན་སྐྱེས་ཀྱི་བདེ་བ་སྐྱེས་པར་མོས་ལ་ཟ་ཞིང་གནས་ལུགས་ལ་མཉམ་པར་བཞག །དེ་ནས་ཚོགས་ཀྱི་ལྷག་མ་རྣམས་བྷནྡྷའི་སྣོད་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་ལས་གྲུབ་པའི་ཟག་མེད་ཀྱི་བདུད་རྩི་མི་ཟད་པའི་གཏེར་དུ་གྱུར་པར་མོས་ཏེ། དབང་མོ་ཉེར་བརྒྱད་ལ་སོགས་པ་ལྷག་མ་ལ་དབང་བ་རྣམས་ལ་སྦྱིན་པས་ཐམས་ཅད་ཚིམ་པར་བསམས་ལ། དེ་ནས་དེ་ཁོ་ན་ཉིད་ཀྱི་བསྐང་བ་བྱ་བ་ནི། དངོས་པོའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དང་། རང་སེམས་མ་བཅོས་པའི་སྣང་བ་འགག་མེད་འདི་ཐབས་ཀྱི་ཡེ་ཤེས་དང་། དེའི་རང་བཞིན་གསལ་བ་ནི་ཤེས་རབ་དང་། སྡུག་བསྔལ་གྱི་ཚོགས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་ཅིར་ཡང་མེད་བཞིན་དུ་སྣང་བ་ཙམ་དང་། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་དོན་དམ་པ་དང་། ཕུང་ཁམས་སྐྱེ་མཆེད་རྣམས་ཀྱི་རང་བཞིན་ནི་ཡེ་ནས་ཞི་བའི་ལྷ་ཚོགས་ཀྱི་བདག་ཉིད་དང་། ཉོན་མོངས་པའི་རྟོག་ཚོགས་རྣམས་ཀྱི་རང་བཞིན་ནི་ཁྲོ་བོའི་ལྷ་ཚོགས་ཀྱི་བདག་ཉིད། ལྷ་རྣམས་ལ་མཆོད་པ་འབུལ་བ་ཡང་དོན་དམ་པར་མཆོད་བྱ་མཆོད་བྱེད་གཉིས་སུ་མེད་པའི་ངང་ནས་མཆོད་པ། ཐུགས་དམ་བསྐང་བ་ཡང་དོན་དམ་པར་བསྐང་བྱ་སྐོང་བྱེད་ཀྱི་ཆོས་སྐྱེ་བ་མེད་པའི་ངང་ནས་སྐོང་བ་དང་། ཡབ་ཡུམ་ཟུང་འཇུག་སྦྱོར་བ་ཐམས་ཅད་དོན་དམ་པར་སྦྱོར་བྱ་སྦྱོར་བྱེད་གཉིས་སུ་མེད་པའི་ངང་ནས་མཆོད་པར་རྟོགས་པའི་སྒོ་ནས་སྦྱོར་བ་ཟུང་འཇུག་ཆེན་པོའི་སྦྱོར་བ་

དང་། བསྒྲལ་བ་ཡང་དེ་ལྟར་མོས་པས་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་དམ་བསྐང་བར་བསམས་ཏེ། ཨ་ལ་ལ་ཧོ་སོགས་བརྗོད་ཅིང་དོན་བསམས་ལ་དགེ་བ་བསྔོ། དེ་ནས་གནམ་ཆོས་གཏོར་མ་འབུལ། རྒྱུན་དུ་གཏོར་འགུགས་རྒྱས་པ་མ་ལྕོགས་ན། ན་མོ་མཆོག་གསུམ་རྩ་གསུམ་བདེན་པས་དགྲ་བགེགས་དམ་སྲི་ཐམས་ཅད་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག་ཛཿཧཱུྃ་བཾ་ཧོཿཞེས་པས་དགྲ་བགེགས་དམ་སྲི་ཐམས་ཅད་གཏོར་མ་དང་གཉིས་སུ་མེད་པར་མོས་ལ། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ། ལས་བྱང་ཆུང་བའི། ཧཱུྃ་སྔོན་ཚེ་སོགས་ཀྱིས་ཀཽ་རི་དང་སེང་ཧ་བརྒྱད་དང་། དབང་ཕྱུག་ཉེར་བརྒྱད་དང་། ཟབ་ཆོས་གཏེར་གྱི་སྲུང་མ་ལ་སོགས་པ། སྔོན་ཚེ་ཨོ་རྒྱན་རིན་པོ་ཆེས། བདག་གི་བརྒྱུད་འཛིན་རྣམས་ཀྱིས་གཏོར་མ་འབུལ་བ་བཀའི་ཆད་བྱས་པའི་དམ་ཅན་གྱི་ཚོགས་ཐམས་ཅད་ལ་དམིགས་ནས་ཕུལ་བས་བདག་གིས་ཅི་འདོད་ཀྱི་ལས་བཅོལ། དེ་ནས་བརྟན་མའི་གཏོར་མ་ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ། ཧཱུྃ་བྷྱོ་སོགས་ཀྱིས་དབང་ཕྱུག་མ་དང་བརྟན་མ་བཅུ་གཉིས་ལ་ཕུལ་ཏེ་འདོད་པའི་ཕྲིན་ལས་སྒྲུབ་པའི་ལས་བཅོལ། དེ་ནས་གཏོར་གཞོང་གི་འོག་ཏུ་ས་རིམ་པ་དགུའི་འོག་རོལ་ལས་ཀྱིི་གཤིན་རྗེ་ཁ་གདངས་པའི་ནང་དུ་སྒྲུབ་པའི་འགབ་འདྲེ་ལ་སོགས་པ་གནོད་བྱེད་ཐམས་ཅད་བཀུག་ནས་བཅིངས་མྱོས་བྱས་ཏེ། ཧཱུྃ་ཕྱོགས་མེད་སོགས་ཀྱིས་དེའི་སྟེང་དུ་དབུས་སུ་བདེ་གཤེགས་རིགས་ཀྱི་ལྷ་ཚོགས་རྣམས་དང་། ཤར་དུ་རྡོ་རྗེའི་རིགས་ཀྱི་ལྷ་དང་ལྷ་མོའི་ཚོགས་ཀྱིས་བྲོ་བརྡུང་བ་སོགས་དབུས་དང་ཕྱོགས་བཞིར་དེ་དང་མཐུན་པའི་རིགས་ཀྱི་ལྷ་དང་ལྷ་མོ་དཔག་ཏུ་མེད་པས་རང་རང་གི་རིགས་ཀྱི་ཡེ་ཤེས་ལྔའི་གླུ་ལེན། རང་རང་གི་དབྱིབས་ཀྱི་བྲོ་ར་ཟླ་གམ་གྲུ་བཞི་སོགས་སུ་བྲོ་

བརྡུང་། དུག་ལྔ་འཇོམས་པའི་དགོངས་པ་གཏད་པས་དགྲ་བགེགས་དམ་སྲི་ཐམས་ཅད་ཆོས་ཀྱི་སྣོད་དུ་མ་གྱུར་བར་ལྡང་མི་ནུས་པར་བསམ། དེ་ལྟར་རྒྱུན་དུ་ཚོགས་དང་ཆད་བརྟན་བྲོ་མནན་ཐམས་ཅད་ལས་བྱང་ཆུང་བ་ལྟར་བྱ། ཉིན་ཐ་མར་སྤྲོ་ན་དེ་དག་ལས་བྱང་ཆེ་བ་ལྟར་བྱའོ། །ཚོགས་བསྐང་སོགས་བྱེད་པར་མི་སྤྲོ་ན་བཟླས་པའི་བསྙེན་བསྟོད་ཀྱི་འཕྲོར་བདག་མདུན་ལ་རྗེས་ཆོག་གི་མཆོད་བསྟོད་མདོར་བསྡུས་བྱས་ཏེ། ཡིག་བརྒྱ་དང་དབྱངས་གསལ་བཟླས་པས་ཆོ་ག་ལྷག་ཆད་ནོར་འཁྲུལ་གྱི་ཉེས་པ་ཐམས་ཅད་དག་པར་མོས། སྤྲོ་ན་དེ་ལྟར་མོས་པའི་སྒོ་ནས་ལས་བྱང་ཆེ་བའི་བདག་ཉིད་སྤྱི་གཙུག་སོགས་ཀྱང་བྱ། མ་བྱས་ཀྱང་ཆོག །དེ་ནས་ལྷ་ཚོགས་ཐམས་ཅད་ལ་ཉེས་བྱས་བཟོད་པར་གསོལ་བ་ནི། ལས་བྱང་ཆེ་བའི། གང་ཡང་བདག་བློ་སོགས་ཚིག་རྐང་དྲུག་བརྗོད། དེ་ནས་ཤིས་པ་བརྗོད་པ་ནི། བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་དང་ནམ་མཁའ་གང་བའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། དཀྱིལ་འཁོར་གྱི་ཕྱི་ཁྱམས་སུ་འཁོད་པའི་བསྟན་སྲུང་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱིས་ཞལ་ནས་བཀྲ་ཤིས་པའི་གླུ་དབྱངས་བརྗོད། ཕྱག་ནས་མེ་ཏོག་འཐོར། ཕྱོགས་ཐམས་ཅད་དུ་བཀྲ་ཤིས་བརྗོད་པའི་ཡུལ་སེམས་ཅན་མ་ལུས་པ་ཐམས་ཅད་འཁོད་པར་མོས་ཏེ། ཆོས་སྐུའི་བཀྲ་ཤིས་དྲི་མ་ཐམས་ཅད་ཟད་པའི་དབྱིངས་སྟོང་པ་ཉིད་དང་ཡེ་ཤེས་ཟུང་དུ་འཇུག་པ་དེ་སེམས་ཅན་ཐམས་ཅད་ལ་འགྲུབ་པར་ཤོག་ཅིག །ལོངས་སྐུའི་བཀྲ་ཤིས་གསལ་སྟོང་འཛིན་མེད་ཀྱི་སྣང་བ་ལས་གྲུབ་པའི་ཡེ་ཤེས་ཀྱི་རྩལ་སྐུ་རྣམ་པ་ཐམས་ཅད་འགྲུབ་པ་དང་། སྤྲུལ་སྐུའི་བཀྲ་ཤིས་ཐུགས་རྗེའི་ཕྲིན་ལས་རྒྱུན་མི་ཆད་

དུ་འཇུག་པར་དང་། གཞི་ཡི་བཀྲ་ཤིས་རང་རྒྱུད་ཀྱི་ཉོན་མོངས་ཞི་ཞིང་དུལ་བ་སོགས་འགྲུབ་པར་ཤོག་ཅིག་ཅེས་ཤིས་བརྗོད་མཛད་པས་བདག་དང་སེམས་ཅན་ཐམས་ཅད་ལ་དེ་ལྟར་འགྲུབ་པར་བསམ། ཡང་ན་ལས་བྱང་ཆེ་བའི་བཀྲ་ཤིས་བརྗོད། དེ་ནས་བདག་གིས་ཞི་ཁྲོའི་དཀྱིལ་འཁོར་སྒྲུབ་ཅིང་བཟླས་སྒོམ་ལ་སོགས་པའི་དགེ་བ་འཁོར་གསུམ་ཡོངས་སུ་དག་པ་འདིས་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་དུ་ཀུན་ཏུ་བཟང་པོའི་གཞི་ཐོག་ཏུ་གྲོལ་ནས་གང་འདུལ་གྱི་མཛད་པས་ཁམས་གསུམ་འཁོར་བའི་སེམས་ཅན་མ་ལུས་པ་ཐམས་ཅད་སྲིད་ཞིའི་སྡུག་བསྔལ་ཕྲ་རགས་ལས་བསྒྲལ་ནས་སྐུ་གསུམ་འབྲས་བུ་མྱུར་དུ་ཐོབ་པར་བྱེད་པར་ཤོག་ཅིག །བདག་འགྲོ་བ་ཡོངས་ཀྱི་དཔལ་དུ་གྱུར་པར་ཤོག་ཅིག་སྙམ། བསྔོ་བ་བྱ་བ་ནི། ན་མོ་འཁོར་གསུམ་སོགས་བརྗོད། འདིར་གཞན་དོན་ཁུར་དུ་ཁྱེར་བའི་ཐེག་ཆེན་གྱི་བསྔོ་བ་བྱེད་པའི་ཆེད་དུ་གཞུང་གི་ཚིག་ལས་དམིགས་པ་བྱེད་ཚུལ་ལོགས་སུ་བྱེད་པའོ། །དེ་ནས་ཉིན་དང་པོ་རྣམས་ལ། འདིར་ནི་རྟེན་དང་སོགས་ཀྱིས་མདུན་བསྐྱེད་བརྟན་བཞུགས་བྱ། ཉིན་ཐ་མར་རྟེན་ཡོད་ན་གོང་བཞིན་མདུན་བསྐྱེད་ཀྱི་ཡེ་ཤེས་པ་བརྟན་བཞུགས་དང་། དམ་ཚིག་པ་རང་ལ་བསྟིམ། ཆོས་སྐྱོང་འཇིག་རྟེན་པ་ཡོད་ན་གཤེགས་གསོལ་བྱ། རྟེན་མེད་ན་ༀ་ཁྱེད་ཀྱིས་སོགས་ཀྱིས་མདུན་བསྐྱེད་ཡེ་ཤེས་པ་དང་། ཆོས་སྐྱོང་འཇིག་རྟེན་པ་གཉིས་ཀ་གཤེགས། དམ་ཚིག་པ་རང་ལ་བསྟིམ། གང་ལྟར་ཡང་ཆོ་ག་རེ་རེའི་མཐར་བདག་བསྐྱེད་ནི་བསྡུ་རིམ་དགོས་ཏེ། གཟུགས་སྣང་ཐམས་ཅད་སོགས་བརྗོད་ཅིང་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ཐམས་ཅད་རྟེན་སྲུང་འཁོར་འོག་གཞི་གཞལ་ཡས་ཁང་དང་བཅས་པ་འཇའ་ཡལ་

བ་ལྟར་དང་། གསུང་ཐམས་ཅད་འབྲུག་སྒྲ་ཡལ་བ་ལྟར་དང་། ཐུགས་ཐམས་ཅད་མཁའ་ལ་སྤྲིན་དེངས་པ་ལྟར་སྟོང་སེང་ངེ་བར་སོང་བར་བསམ་ལ། དེའི་ངང་ནས་གནས་ལུགས་ལ་ཅི་འདོད་ཀྱི་བར་དུ་མཉམ་པར་འཇོག །དེ་ནས་སྐད་ཅིག་སྟོང་གསལ་སོགས་ཀྱིས་སླར་ཡང་རང་ཉིད་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་འདུས་པའི་བདག་ཉིད་ཁྱབ་བདག་རྡོ་རྗེ་སེམས་དཔའི་སྐུ་སྣང་ལ་རང་བཞིན་གྱིས་སྟོང་པའི་སྣང་སྟོང་ཡེ་ཤེས་སྒྱུ་མའི་སྐུར་གྱུར་བར་མོས་ལ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ །དེ་ལྟར་ཉམས་སུ་བླངས་ན་གནད་ཚང་ཞིང་གཞུང་དང་མི་འགལ་ལ་འཇུག་པ་བདེ་བ་ཡིན་ནོ། །གཞན་ཡང་ལས་བྱང་གཞུང་ལས་གསུངས་[པའི་]སོ་སོའི་སྔགས་བཟླ་བར་འདོད་ན་ནི། ཀུན་བཟང་ཡབ་ཡུམ་གྱི་སྔགས་མཉམ་དུ་སྦྲེལ་བ་ལ་ཚད་ཀྱི་གྲངས་བསྙེན་བསྐྱལ་ཞིང་གོང་གི་བསྙེན་དམིགས་ཚང་བར་བྱ། རིགས་ལྔ་ཡབ་ཡུམ་ལ་དེའི་བཅུ་ཆ་ཙམ་བཟླ་བ་དང་། བཀོད་པའི་བཟླས་པ་དང་ཡབ་ཡུམ་ལ་དོ་ལིའི་བཟླས་པ་ཙམ་མམ་བྱིན་རླབས་བསྡུ་བ་དང་གཞན་དོན་བྱེད་པའི་བཟླས་དམིགས་རྣམས་སྦྱར། སེམས་དཔའ་བརྒྱད་དང་སེམས་མ་བརྒྱད་དང་། ཐུབ་དྲུག་དང་། སྒོ་བ་ཡབ་ཡུམ་རྣམས་ལ་རིགས་ལྔའི་སྔགས་ཀྱི་བཅུ་ཆ་ཙམ་བཟླ་ཞིང་བཀོད་པའི་བཟླས་པ་ཙམ་བྱ། དེ་ནས་ཆེ་མཆོག་ལ་ཀུན་ཏུ་བཟང་པོའི་སྔགས་གྲངས་དང་མཉམ་པའམ་དེའི་ཕྱེད་ཆ་ཙམ་དང་བཟླས་དམིགས་ཐམས་ཅད་དང་། ལས་བྱང་ཆུང་བ་ཡིན་ན་ཆེ་མཆོག་དང་བུདྡྷ་ཧེ་རུ་ཀ་ངོ་བོ་གཅིག་ཏུ་བསྒོམ་ནས་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་གྱི་སྔགས་དེ། དེ་ཙམ་བཟླ་ཞིང་བཟླས་དམིགས་ཐམས་ཅད་འགྱུར་བཟླས་ཀྱི་བར་སྦྱར། རིགས་ལྔ་ལ་ཆེ་མཆོག་གི་བཅུ་ཆའམ་རིགས་བཞི་ལ་བུདྡྷ་ཧེ་རུ་ཀའི་བཅུ་ཆ་དང་། བཀོད་

པ་དང་བྱིན་རླབས་བསྡུ་བ། གཞན་དོན་བྱེད་པ་སྦྱར། ཀཽ་རི་བརྒྱད་དང་སེང་ཧ་བརྒྱད་དང་དབང་ཕྱུག་ཉེར་བརྒྱད་དང་སྒོ་མ་བཞི་ལ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་གྱི་སྔགས་བཅུ་ཆ་ཙམ་དང་། བཀོད་པའི་བཟླས་པ་ཙམ་བྱའོ། །དེ་ཡང་ཀུན་བཟང་ཡབ་ཡུམ་གྱི་སྔགས་གྲངས་མ་སོང་བར་དུ་དེ་གཙོ་བོར་བཟླ་ཞིང་མཐར་ཞི་ཁྲོའི་ལྷ་རྣམས་ཀྱི་སྔགས་བཀོད་བཟླས་ཙམ་གྱིས་ཅུང་ཟད་རེ་བཟླས་ཏེ་ཐུན་བཀྲོལ། དེའི་གྲངས་བསྙེན་སོང་བ་ན་ཐོག་མར་ཀུན་བཟང་ཡབ་ཡུམ་གྱི་སྔགས་ཅུང་ཟད་བཟླས་ཏེ་རྣམ་སྣང་གི་སྔགས་བཟླས་དམིགས་པ་དང་བཅས་ཏེ་གཙོ་བོར་བཟླ། མཐར་གཞན་རྣམས་ཀྱི་སྔགས་རྣམས་བཀོད་བཟླས་ཙམ་གྱིས་ཅུང་ཟད་རེ་བཟླ། དེ་བཞིན་དུ་རྣམ་སྣང་གི་སྔགས་གྲངས་སོང་བ་རྡོར་སེམས་གཙོ་བོ་དང་། དེ་སོང་བ་ན་རྡོར་སེམས་ཀྱི་འཁོར་རྣམས་ཀྱི་སྔགས་གྲངས་རིམ་བཞིན་བཟླ་བ་སོགས་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་བར་དུ་བཟླས་ཀྱང་ཆོག །ཐུན་རེ་ལ་ཀུན་བཟང་ཡབ་ཡུམ་ལ་གཙོ་བོར་བཟླས་ལ། རིགས་ལྔ་ལ་དེའི་བཅུ་ཆ་སོགས་བཟླས་ནས་གྲངས་བསོགས་ཀྱང་ཆོག །དེ་ལྟར་མི་ནུས་ན་ཐུན་རེ་ལ་ཀུན་བཟང་ཡབ་ཡུམ་གྱི་སྔགས་ཅི་ཐུབ་དང་། རྣམ་སྣང་སོགས་རིགས་ལྔ་ཡབ་ཡུམ་ལ་བདུན་ནམ་ཉེར་གཅིག་རེ། གཞན་ཐམས་ཅད་གསུམ་གསུམ། ཆེ་མཆོག་ལ་བརྒྱ། ཁྲག་འཐུང་ལྔ་ལ་བདུན་ནམ་ཉེར་གཅིག་སྟེ། གཞན་ཐམས་ཅད་ལ་གསུམ་རེ་བཟླ་བའི་སྒོ་ནས་ཐུན་བཅད་དེ་ཀུན་བཟང་ཡབ་ཡུམ་གྱི་སྔགས་གྲངས་སོང་བ་ན་ཐམས་ཅད་ཀྱི་གྲངས་བསྙེན་སོང་བར་བྱས་ཀྱང་ཆོག་པ་ཕྱག་ལེན་ལྟར་རོ། །གང་ལྟར་ཡང་དེའི་ཚུལ་ནི་དང་པོ་སྐྱབས་སེམས་ནས་ཛ྄བ་ཁ་དབྱེ་བའི་བར་གོང་བཞིན་སོང་བ་ན། རང་ཉིད་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཐུགས་ཀར་ཟླ་བའི་གདན་རེ་རེའི་སྟེང་དུ་ཡབ་ཀྱི་ཐུགས་

ཀར་ཐུགས་སྲོག་ཨ་སྔོན་པོའི་མཐར་ཧཱུྃ་བཛྲ་ཙིཏྟ་ཨཿཁ་དོག་སྔོན་པོས་གཡས་སུ་བསྐོར། ཡུམ་གྱི་ཐུགས་ཀར་ཨ་དཀར་པོའི་མཐར་བཛྲ་ས་མནྟ་བྷ་ཏྲ་ༀ་ཁ་དོག་དཀར་པོས་གཡོན་དུ་བསྐོར་བར་གྱུར་པ་དང་གཉིས་ཀ་ལ་སེམས་ཅིག་ཆར་གཏད་དེ་ཐབས་ཤེས་ཡ་མ་བྲལ་བའི་ཕྱིར་དུ་ཡབ་ཡུམ་གཉིས་ཀྱི་སྔགས་སྦྲེལ་ཏེ་ཅི་རིགས་བཟླ། དེ་ནས་གོང་གི་བཟླས་དམིགས་ཐམས་ཅད་བྱེད་བཞིན་དུ་ཅི་ནུས་བཟླའོ། །དེ་ནས་ས་བོན་དང་སྔགས་ཀྱི་ཁ་དོག་ལྷ་རང་རང་གི་མདོག་ཏུ་ཤེས་པར་བྱས་ཏེ། རང་ཉིད་དབུས་ཀྱི་རྣམ་སྣང་ཡབ་ཡུམ་གྱི་ཐུགས་ཀར་ཟླ་བ་ལ་ཡབ་ཀྱི་ཐུགས་ཀར་ༀ་དཀར་པོའི་མཐར་རང་སྔགས་གཡས་དང་། ཡུམ་གྱི་ཐུགས་ཀར་ལཱཾ་དཀར་དམར་གྱི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར་པར་མོས་ལ། ༀ་ཛི་ན་ཛིཀ྄་སོགས་བཟླ། དེ་ནས་རང་ཉིད་ཤར་གྱི་རྡོར་སེམས་ཡབ་ཡུམ་གྱི་ཐུགས་ཀར་ཟླ་བ་ལ་ཧཱུྃ་སྔོན་པོ་ལ་སྔགས་གཡས་དང་། ཡུམ་ལ་མུཾ་མཐིང་སྐྱ་ལ་སྔགས་གཡོན་དུ་བསྐོར་བར་གྱུར། ཧཱུྃ་བཛྲ་ཌྷྲྀཀ྄་སོགས། རྡོར་སེམས་ཡབ་ཡུམ་ཀྱི་གཡས་ཀྱི་ས་སྙིང་གི་ཐུགས་ཀར་ཟླ་བ་ལ་ཀྵི་དཀར་པོའི་མཐར་སྔགས་ཀྱིས་གཡས་སུ་བསྐོར་བར་གྱུར། ཀྵི་ཧི་སོགས། གཡོན་གྱི་བྱམས་པའི་ཐུགས་ཀར་ཟླ་བ་ལ་མཻ་དཀར་པོའི་མཐར་སྔགས་ཀྱིས་གཡས་སུ་བསྐོར་བར་གྱུར། མཻ་ཏྲི་སོགས། མདུན་གྱི་ལ་སྱེ་མའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་དཀར་པོའི་མཐར་རང་སྔགས་ཀྱིས་གཡོན་དུ་བསྐོར་བར་གྱུར། ཧཱུྃ་ལ་སྱེ་སོགས། རྒྱབ་ཀྱི་པུཥྤེ་མའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་དཀར་པོའི་མཐར་རང་སྔགས་ཀྱིས་གཡོན་དུ་བསྐོར་བར་གྱུར། ཧཱུྃ་པུཥྤེ་སོགས། དེ་ནས་རང་ཉིད་ལྷོའི་རིན་འབྱུང་ཡབ་ཡུམ་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཡབ་ལ་སྭཱ་སེར་པོ་ལ་རང་སྔགས་གཡས་

དང་། ཡུམ་ལ་མཾ་སེར་སྐྱ་ལ་རང་སྔགས་གཡོན་དུ་བསྐོར་བར་གྱུར། སྭཱ་རཏྣ་སོགས། རིན་འབྱུང་ཡབ་ཡུམ་གྱི་གཡས་ཀྱི་ཀུན་བཟང་གི་ཐུགས་ཀར་ཟླ་བ་ལ་ཧཱུྃ་དམར་སེར་གྱི་མཐར་རང་སྔགས་གཡས་སུ་བསྐོར་བར་གྱུར། ཧཱུྃ་སྭཱ་སོགས། གཡོན་གྱི་ནམ་སྙིང་གི་ཐུགས་ཀར་ཟླ་བ་ལ་ཏྲཾ་སེར་པོའི་མཐར་རང་སྔགས་གཡས་སུ་བསྐོར་བར་གྱུར། ཏྲཾ་ཨ་གརྦྷ་སོགས། མདུན་གྱི་མ་ལེ་མའི་ཐུགས་ཀར་ཟླ་བ་ལ་ཏྲཾ་སེར་པོའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ཏྲཾ་མ་ལེ་སོགས། རྒྱབ་ཀྱི་དྷུཔྤེ་མའི་ཐུགས་ཀར་ཟླ་བ་ལ་ཛཿསེར་པོའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ཛཿདྷུཔྤེ་སོགས། དེ་ནས་རང་ཉིད་ནུབ་ཀྱི་སྣང་མཐའ་ཡབ་ཡུམ་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཡབ་ལ་ཨཾ་དམར་པོའི་མཐར་རང་སྔགས་གཡས་དང་། ཡུམ་ལ་པྱཾ་དམར་སྐྱའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ཨཾ་ཨ་རོ་སོགས། སྣང་མཐའ་ཡབ་ཡུམ་གྱི་གཡས་ཀྱི་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཟླ་བ་ལ་ཧྲཱིཿདཀར་དམར་གྱི་མཐར་རང་སྔགས་གཡས་སུ་བསྐོར་བར་གྱུར། ཧྲཱིཿཧ་སོགས། གཡོན་གྱི་འཇམ་དཔལ་གྱི་ཐུགས་ཀར་ཟླ་བ་ལ་མུཾ་དམར་སེར་གྱི་[མཐར་]རང་སྔགས་གཡས་སུ་བསྐོར་བར་གྱུར། མུཾ་ཤྲི་སོགས། མདུན་གྱི་གིརྟི་མའི་ཐུགས་ཀར་ཟླ་བ་ལ་ཧྲཱིཿདམར་སྐྱའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ཧྲཱི་གིརྟི་སོགས། རྒྱབ་ཀྱི་ཨ་ལོ་མའི་ཐུགས་ཀར་ཟླ་བ་ལ་བཾ་དམར་པོའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། བཾ་དྷི་བཾ་སོགས། དེ་ནས་རང་ཉིད་བྱང་གི་དོན་གྲུབ་ཡབ་ཡུམ་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཡབ་ལ་ཧ་ལྗང་ཁུའི་མཐར་རང་སྔགས་གཡས་དང་། ཡུམ་ལ་ཏཾ་ལྗང་སྐྱའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ཧ་པྲ་ཛྙ་སོགས། དོན་གྲུབ་ཡབ་ཡུམ་གྱི་

གཡས་ཀྱི་སྒྲིབ་སེལ་གྱི་ཐུགས་ཀར་ཟླ་བ་ལ་ཐླྷིཾ་ལྗང་གུའི་མཐར་རང་སྔགས་གཡས་སུ་བསྐོར་བར་གྱུར། ཐླྷིཾ་ས་རམ་སོགས། གཡོན་གྱི་ཕྱག་རྡོར་གྱི་ཐུགས་ཀར་ཟླ་བ་ལ་ཛྷིཾ་ལྗང་གུའི་མཐར་རང་སྔགས་ཀྱིས་གཡས་སུ་བསྐོར་བར་གྱུར། ཛྷིཾ་ཀུ་རུ་སོགས། མདུན་གྱི་གནྡྷེ་མའི་ཐུགས་ཀར་ཟླ་བ་ལ་ཧོ་ལྗང་གུའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ཧོ་གནྡྷེ་སོགས། རྒྱབ་ཀྱི་ནིརྟི་མའི་ཐུགས་ཀར་ཟླ་བ་ལ་ཨ་ལྗང་གུའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ཨ་ནིརྟི་སོགས། དེ་ནས་རིགས་ལྔ་གཙོ་འཁོར་གྱི་ཕྱི་རོལ་གྱི་ཤར་གྱི་ལྷའི་ཐུབ་པའི་ཐུགས་ཀར་ཟླ་བ་ལ་ཀྲེཾ་དཀར་པོའི་མཐར་རང་སྔགས་གཡས་བསྐོར་དུ་འཁོད་པར་གྱུར། ༀ་མུ་ནེ་སོགས། ནུབ་ཀྱི་དམྱལ་བའི་ཐུབ་པའི་ཐུགས་ཀར་ཟླ་བ་ལ་བྲེཾ་ནག་པོའི་མཐར་རང་སྔགས་གཡས་སུ་བསྐོར་བར་གྱུར། ༀ་མུ་ནེ་སོགས། ཤར་ལྷོར་ལྷ་མིན་ཐུབ་པའི་ཐུགས་ཀར་ཟླ་བ་ལ་ཏྲུཾ་ལྗང་གུའི་མཐར་རང་སྔགས་གཡས་སུ་བསྐོར་བར་གྱུར། ༀ་མུ་ནེ་སོགས། ལྷོ་ནུབ་ཏུ་མིའི་ཐུབ་པའི་ཐུགས་ཀར་ཟླ་བ་ལ་ཀྵཾ་སེར་པོའི་མཐར་རང་སྔགས་གཡས་སུ་བསྐོར་བར་གྱུར། ༀ་མུ་སོགས། ནུབ་བྱང་བྱོལ་སོང་ཐུབ་པའི་ཐུགས་ཀར་ཟླ་བ་ལ་སྲུཾ་མཐིང་གའི་མཐར་རང་སྔགས་གཡས་སུ་བསྐོར་བར། ༀ་མུ་སོགས། བྱང་ཤར་ཡི་དྭགས་ཐུབ་པའི་ཐུགས་ཀར་ཟླ་བ་ལ་ཡེ་དམར་པོའི་མཐར་རང་སྔགས་གཡོན་དུ་བསྐོར་བ་གྱུར། ༀ་མུ་སོགས། དེ་ནས་ཤར་སྒོའི་རྣམ་རྒྱལ་ཡབ་ཡུམ་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཡབ་ལ་ཧཱུྃ་དཀར་པོའི་མཐར་རང་སྔགས་གཡས་དང་། ཡུམ་ལྕགས་ཀྱུ་མ་ལ་ཛཿདཀར་པོའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་ཀྲོ་དྷ་བི་ཛ་སོགས། ལྷོ་སྒོར་གཤིན་རྗེ་ཡབ་ཡུམ་གྱི་ཐུགས་ཀར་ཟླ་བ་ལ་ཧཱུྃ་སེར་པོའི་མཐར་རང་སྔགས་གཡས་དང་། ཡུམ་ལ་ཧཱུྃ་སེར་

པོའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་ཀྲོ་དྷ་ཡ་མནྟ་སོགས། ནུབ་སྒོའི་རྟ་མགྲིན་ཡབ་ཡུམ་གྱི་ཐུགས་ཀར་ཟླ་བ་ལ་ཡབ་ལ་ཧཱུྃ་དམར་པོའི་མཐར་རང་སྔགས་གཡས་དང་། ཡུམ་ལ་བཾ་དམར་པོའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་པདྨ་ཀྲོ་དྷ་སོགས། བྱང་སྒོའི་བདུད་རྩི་འཁྱིལ་བ་ཡབ་ཡུམ་གྱི་ཐུགས་ཀར་ཟླ་བ་ལ་ཡབ་ལ་ཧཱུྃ་ལྗང་གུའི་མཐར་རང་སྔགས་གཡས་དང་། ཡུམ་ལ་ཧོཿལྗང་གུའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་སོགས། དེ་ལ་ༀ་བཛྲ་བི་ཛ་ཡ་ཧཱུྃ་ནི་ཡབ་དང་། བཛྲ་ཨཾ་ཀུ་ཤ་ཛཿཡུམ་གྱི་སྔགས་ཡིན་པ་སོགས་སོ། །དེ་ནས་ཁྲོ་བོའི་སྔགས་བཟླ་བ་ནི། དཀྱིལ་འཁོར་གྱི་དབུས་སུ་བུདྡྷ་ཧེ་རུ་ཀདེའི་དབུ་ཐོག་ཏུ་ཆེ་མཆོག །དེའི་དབུ་ཐོག་ཏུ་རྣམ་སྣང་། དེའི་དབུ་ཐོག་ཏུ་ཀུན་བཟང་ཡབ་ཡུམ་རྣམས་ཡོད་པ་ལས། དབུས་ཀྱི་ཆེ་མཆོག་ཡབ་ཡུམ་གྱི་ཐུགས་ཀར་ཉི་མའི་གདན་ལ་ཡབ་ལ་ཧཱུྃ་སྨུག་ནག་གི་མཐར་རང་སྔགས་གཡས་དང་། ཡུམ་ལ་ཧཱུྃ་ཡུམ་སྔགས་རྣམས་ཧཱུྃ་ཕྱིར་ལོག་ཡིན་མཆན། སྨུག་ནག་གི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་མ་ཧཱ་ཀྲོ་དྷ་སོགས། དབུས་ཀྱི་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་གྱི་ཐུགས་ཀར་ཉི་མ་ལ་ཡབ་ལ་ཧཱུྃ་སྨུག་ནག་གི་མཐར་རང་སྔགས་གཡས་དང་། ཡུམ་ལ་་སྨུག་ནག་གི་མཐར་རང་སྔགས་གཡོན་དུ་བཀོད་པར་གྱུར། ༀ་བུདྡྷ་ཀྲོ་དྷ་སོགས། དེ་ནས་རང་ཉིད་ཤར་གྱི་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་ཐུགས་ཀར་ཉི་མ་ལ་ཡབ་ལ་ཧཱུྃ་མཐིང་ནག་གི་མཐར་རང་སྔགས་གཡས་དང་། ཡུམ་ལ་་མཐིང་ནག་ལ་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་ཀྲོ་དྷ་སོགས། རང་ཉིད་ལྷོའི་རཏྣ་ཧེ་རུ་ཀ་ཡབ་ཡུམ་གྱི་ཐུགས་ཀར་ཉི་མ་ལ་

ཡབ་ལ་ཧཱུྃ་སེར་ནག་གི་མཐར་རང་སྔགས་གཡས་དང་། ཡུམ་ལ་་སེར་ནག་གི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་རཏྣ་ཀྲོ་དྷ་སོགས། རང་ཉིད་ནུབ་ཀྱི་པདྨ་ཧེ་རུ་ཀ་ཡབ་ཡུམ་ཀྱི་ཐུགས་ཀར་ཉི་མ་ལ་ཡབ་ལ་ཧཱུྃ་དམར་ནག་གི་མཐར་རང་སྔགས་གཡས་དང་། ཡུམ་ལ་་དམར་ནག་གི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་པདྨ་ཀྲོ་དྷ་སོགས། རང་ཉིད་བྱང་གི་ཀརྨ་ཧེ་རུ་ཀ་ཡབ་ཡུམ་གྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་ལྗང་ནག་གི་མཐར་རང་སྔགས་གཡས་དང་། ཡུམ་ལ་་ལྗང་ནག་གི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་ཀརྨ་ཀྲོ་དྷ་སོགས། དེ་ནས་ཁྲག་འཐུང་རིགས་བཞིའི་ཕྱི་རོལ་གྱི་ཀཽ་རི་མ་བརྒྱད་ཀྱི་ཤར་གྱི་ཀཽ་རི་མའི་ཐུགས་ཀར་ཉི་མ་ལ་ཧ་དཀར་པོ་ལ་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་ཀཽ་རི་སོགས། ལྷོའི་ཙཽ་རི་མའི་ཐུགས་ཀར་ཉི་མ་ལ་ཧ་སེར་པོ་ལ་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་ཙཽ་རི་སོགས། ནུབ་ཀྱི་པྲ་མོའི་ཐུགས་ཀར་ཉི་མ་ལ་ཧ་དམར་པོའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་པྲ་མོ་ཧ༔ བྱང་གི་བཻ་ཏའི་ཐུགས་ཀར་ཉི་མ་ལ་ཧ་ལྗང་གུ་ལ་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་བཻ་སོགས། ཤར་ལྷོའི་པུསྐ་སིའི་ཐུགས་ཀར་ཉི་མ་ལ་ཧ་སེར་པོ་ལ་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་པུཥྐ་སོགས། ལྷོ་ནུབ་ཀསྨ་རིའི་ཐུགས་ཀར་ཧ་ལྗང་གུའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་ཀསྨ་སོགས། ནུབ་བྱང་ཙནྜའི་ཐུགས་ཀར་ཉི་མ་ལ་ཧ་སེར་པོའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་ཙནྜ་སོགས། བྱང་ཤར་སྨ་ཤ་མའི་ཐུགས་ཀར་ཉི་མ་ལ་ཧ་མཐིང་གའི་མཐར་རང་སྔགས་གཡོན་དུ་བསྐོར་བར་གྱུར། ༀ་བཛྲ་སྨ་ཤ་ནི་ཧ། དེ་ནས་ཀཽ་རི་བརྒྱད་ཀྱི་ཕྱི་རོལ་དུ་སེང་ཧ་མ་བརྒྱད་དེ། སྔ་མ་བཞིན་དུ་སེང་

ཧ་བརྒྱད་ཀྱི་ཐུགས་ཀར་ཉི་མའི་གདན་རེ་རེ་ལ་ཤར་གྱི་སེང་གདོང་མའི་ཐུགས་ཀར་ཧེ་སྨུག་ནག་ལ་ༀ་བཛྲ་སེང་ཧ་མུ་ཁ་སོགས། ལྷོར་སྟག་གདོང་མའི་ཐུགས་ཀར་ཧེ་དམར་པོ་ལ་གཡོན་བསྐོར་དུ་ༀ་བཛྲ་བྱ་ཀྲི་སོགས། ནུབ་ཀྱི་སྲི་ལའི་ཐུགས་ཀར་ཧེ་ནག་པོ་ལ་ༀ་བཛྲ་སྲི་ལ་སོགས། བྱང་གི་སྤྱང་གདོང་མའི་ཐུགས་ཀར་ཧེ་མཐིང་ནག་ལ་ༀ་བཛྲ་ཤྭ་ན་སོགས། ཤར་ལྷོའི་ཀྲི་ཏིའི་ཐུགས་ཀར་ཧེ་སེར་པོ་ལ་ༀ་བཛྲ་ཀྲི་ཏ་སོགས། ལྷོ་ནུབ་ཀང་ཀའི་ཐུགས་ཀར་ཧེ་དམར་པོ་ལ་ༀ་བཛྲ་ཀང་ཀ་སོགས། ནུབ་བྱང་ཁ་ཁའི་ཐུགས་ཀར་ཧེ་ནག་པོ་ལ་ༀ་བཛྲ་ཁ་ཁ་སོགས། བྱང་ཤར་འུག་གདོང་མའི་ཐུགས་ཀར་ཧེ་མཐིང་ནག་ལ་ༀ་བཛྲ་ཧུ་ལུ་སོགས། དེ་ནས་སྒོ་མ་བཞིའི་ཐུགས་ཀར་ཉི་མའི་གདན་རེ་རེའི་སྟེང་དུ་ཤར་གྱི་རྟ་གདོང་མའི་ཐུགས་ཀར་ཛཿདཀར་པོ་ལ་གཡོན་བསྐོར་དུ་ༀ་བཛྲ་ཨཾ་ཀུ་ཤ་ཛཿལྷོར་ཕག་གདོང་མར་ཧཱུྃ་སེར་པོ་ལ་ༀ་བཛྲ་པ་ཤ་ཧཱུྃ། ནུབ་སེང་གདོང་མར་བཾ་དམར་པོ་ལ་ༀ་བཛྲ་སྤོ་ཊ་བཾ། བྱང་སྦྲུལ་གདོང་མར་ཧོ་ལྗང་གུ་ལ་གཡོན་བསྐོར་དུ་ༀ་བཛྲ་གནྚེ་ཧོཿདེ་ནས་དཀྱིལ་འཁོར་གྱི་ཕྱི་ཁྱམས་ལ་སྒོ་བཞིའི་གཡས་གཡོན་དུ་དབང་ཕྱུག་མ་གསུམ་རེ་དང་། སྒོ་ཁང་དུ་རེ་རེ་སྟེ་དབང་ཕྱུག་ཉེར་བརྒྱད་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་རེ་རེའི་སྟེང་དུ་བྷྱོ་རང་མདོག་གི་མཐར་རང་སྔགས་རང་མདོག་གིས་གཡོན་དུ་བསྐོར་བ་བཀོད་པ་ཐམས་ཅད་ལ་འདྲ་བར་ཤེས་པར་བྱས་ཏེ། བྱང་ཤར་ནས་བརྩམས་ཏེ་ཐམས་ཅད་གཡས་བསྐོར་གྱི་སྒོ་ནས་ཤར་སྒོའི་གཡོན་གྱི་སྲིན་མོ་སྨུག་ནག་ལ་བྷྱོ་སྨུག་ནག་མཐར་ༀ་བཛྲ་མ་ནུ་རཀྵ་སི་བྷྱོ། ཚངས་པ་ལ་བྷྱོ་སེར་ༀ་པྲ་མ་ནི་བྷྱོ། ལྷ་ཆེན་ལ་བྷྱོ་ལྗང་གུ་ༀ་རེ་ཏྲི་མ་བྷྱོ། ཤར་སྒོའི་གཡས་སུ་གཏོགས་འདོད་ལ་བྷྱོ་སྔོན་པོ་ༀ་བྷ་ན་བྷ་བྷྱོ། གཞོན་ནུ་ལ་བྷྱོ་དམར་པོ་ༀ་ཀཽ་རི་མ་བྷྱོ། བརྒྱ་བྱིན་ལ་བྷྱོ་དཀར་

པོ་ༀ་ཨིན་ཏྲ་ཡ་ནི་བྷྱོ། ལྷོ་སྒོའི་གཡོན་གྱི་རྡོ་རྗེ་ཕ་ཝཾ་མར་བྷྱོ་སེར་པོ་ༀ་སེངྷ་ཀ་མ་ནི་བྷྱོ། ཞི་བ་ཆུ་སྲིན་ལ་བྷྱོ་དམར་པོ་ༀ་ཨ་མྲྀ་ཏ་བྷྱོ། བདུད་རྩི་སྡིག་གདོང་མར་བྷྱོ་དམར་པོ་ༀ་སོའུ་ནི་བྷྱོ། ལྷོ་སྒོའི་གཡས་ཀྱི་ཟླ་བ་ཁྲ་མགོ་མར་བྷྱོ་དཀར་པོ་ༀ་ཏ་ན་ཧཾ་བྷྱོ། བེ་ཅོན་ཝ་གདོང་མར་བྷྱོ་ལྗང་གུ་ༀ་རཀྴ་སི་བྷྱོ། སྲིན་མོ་སྟག་གདོང་མར་བྷྱོ་ནག་པོ་ༀ་བཀྴ་སི་བྷྱོ། ནུབ་སྒོའི་གཡོན་གྱི་ཟ་བ་བྱ་རྒོད་མར་བྷྱོ་ལྗང་གུ་ༀ་ར་ཏྲི་མ་བྷྱོ། དགའ་བ་རྟ་གདོང་མར་བྷྱོ་དམར་པོ་ༀ་རེ་ཏྲི་རེ་མ་ཏི་བྷྱོ། སྟོབས་ཆེན་ཁྱུང་གདོང་མར་བྷྱོ་དཀར་མོ་ༀ་ཨེ་ཀ་ཙ་ར་མ་བྷྱོ། ནུབ་སྒོའི་གཡས་སུ་སྲིན་མོ་ཁྱི་གདོང་མར་བྷྱོ་དམར་པོ་ༀ་མ་ནུ་ཧ་ར་མ་བྷྱོ། འདོད་པ་པུ་ཤུད་མར་བྷྱོ་དམར་པོ་ༀ་སི་ཏི་ཀ་མ་བྷྱོ། ནོར་སྲུང་ཤ་མགོ་མར་བྷྱོ་ལྗང་གུ་ༀ་བྷ་ཡ་བྷྱ་བྷྱོ། བྱང་སྒོའི་གཡོན་དུ་རླུང་ལྷ་སྤྱང་གདོང་མར་བྷྱོ་ལྗང་གུ་ༀ་མ་ཧཱ་མ་ར་ན་བྷྱོ། མི་མོ་སྐྱིན་གདོང་མར་བྷྱོ་དམར་མོ་ༀ་ཨགྣེ་ཡེ་བྷྱོ། ཕག་མོ་ཕག་གདོང་མར་བྷྱོ་ནག་པོ་ༀ་བ་ར་ཧཾ་བྷྱོ། བྱང་སྒོའི་གཡས་སུ་རྡོ་རྗེ་ཁྭ་གདོང་མར་བྷྱོ་དམར་མོ་ༀ་ཙ་མུཎྜི་བྷྱོ། སྣ་ཆེན་གླང་ཆེན་མར་བྷྱོ་ལྗང་གུ་ༀ་བྷུ་ཏ་ན་བྷྱོ། ཆུ་ལྷ་སྦྲུལ་གདོང་མར་བྷྱོ་ལྗང་གུ་ༀ་པ་ཎི་བཛྲ་བྷྱོ། ཤར་གྱི་སྒོ་ཁང་གི་རྡོ་རྗེ་ཁུ་བྱུག་མར་བྷྱོ་དཀར་པོ་ༀ་མ་ཧཱ་ཀ་ལ་བྷྱོཿལྷོའི་སྒོ་ཁང་གི་རྡོ་རྗེ་ར་གདོང་མར་བྷྱོ་སེར་པོ་ༀ་ཙ་ཀ་ལ་བཛྲ་བྷྱོ། ནུབ་ཀྱི་སྒོ་ཁང་གི་རྡོ་རྗེ་སེང་གདོང་མར་བྷྱོ་དམར་མོ་ༀ་བཛྲ་བུམ་པ་ཀ་ར་ན་བྷྱོ། བྱང་གི་སྒོ་ཁང་གི་སྦྲུལ་གདོང་མའི་ཐུགས་ཀར་ཉི་མ་ལ་བྷྱོ་ལྗང་གུའི་མཐར་རང་སྔགས་གཡོན་བསྐོར་དུ་གྱུར་པ་ལ་དམིགས་ནས་ༀ་ལམ་པོ་དྷ་ར་ན་བྷྱོ། ལན་གསུམ་མམ་བདུན་སོགས་བཟླའོ། །བཟླས་དམིགས་འདི་ནི་ཤིན་ཏུ་རྙོག་ཆེས་པ་ཡིན་ཀྱང་བློ་དམན་རྣམས་ཀྱིས་ལྷ་སོ་སོའི་ས་བོན་དང་རང་རང་གི་སྔགས་དང་། སྔགས་འཁོར་གྱི་གདན་དང་གཡས་

བསྐོར་དང་གཡོན་བསྐོར་གྱི་སྔགས་ཀྱི་རིམ་པ་སོགས་མ་འདྲེས་པར་ཤེས་པའི་ཆེད་དུ་དེ་ལྟར་བཀོད་པ་ཡིན་པས་བསྙེན་མཚམས་པ་རྣམས་ཀྱིས་འདི་ལ་གཟིགས་བཞིན་བཟླས་པ་བྱས་ན་གོ་མ་འཁྲུགས་ཤིང་གསལ་བ་ཞིག་འོང་། ཡང་ཕྱག་ལེན་སེམས་དཔའ་སེམས་མ་བཞི་བཞིའི་སྔགས་ཚན་དུ་བཅད་ནས་བཟླ་བ་སོགས་ཀྱང་དམིགས་པ་འཆར་དཀའ་ན་འདི་ལྟར་སོ་སོར་བཟླས་ན་ལེགས། སྤྱིར་དམིགས་པ་གསལ་ཐེབས་ན་ནི་ལྷ་ཚོགས་ཞི་བ་ཞེ་གཉིས་ཀྱི་ཐུགས་ཀར་ཟླ་བའི་གདན་རེ་རེ་དང་ཁྲོ་བོའི་ལྷ་ཚོགས་དྲུག་ཅུའི་ཐུགས་ཀར་ཉི་མའི་གདན་རེ་རེའི་སྟེང་དུ་རང་རང་གི་ས་བོན་རང་མདོག་གི་མཐར་སྔགས་ཀྱིས་ཡབ་རྣམས་ལ་གཡས་བསྐོར་དང་ཡུམ་རྣམས་གཡོན་བསྐོར་དུ་གྱུར། ཞེས་པ་ཙམ་གྱིས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་སྔགས་འཁོར་རྣམས་དུས་གཅིག་ཏུ་གསལ་བཏབས་ལ། དེ་ནས་ཐོག་མར་ཀུན་བཟང་ཡབ་ཡུམ་གྱིི་ཐུགས་ཀའི་སྔགས་འཁོར་ལ་དམིགས་ནས་བཀོད་པའི་བཟླས་པ་དང་། དོ་ལིའི་བཟླས་པ་སོགས་བྱ། དེ་ནས་རྣམ་སྣང་ཡབ་ཡུམ་གྱི་ཐུགས་ཀའི་སྔགས་འཁོར་ལ་དམིགས་ནས་བཀོད་པའི་བཟླས་པ་བྱ་བ་སོགས་དབང་ཕྱུག་ཉེར་བརྒྱད་ཀྱི་སྔགས་ཀྱི་བར་རྣམས་རིམ་པ་བཞིན་དུ་བཟླའོ། །གང་ལྟར་ཡང་གོང་དུ་བཤད་པ་བཞིན་རྣམ་སྣང་དང་རྡོར་སེམས་ཡབ་ཡུམ་གོ་བརྗེས་ནས་ཡིག་བརྒྱ་བཟླ་བ་དང་། ལས་བཞིའི་བཟླས་དམིགས། བསྙེན་བསྟོད་སོགས་བྱའོ།། །།ཚེ་གཅིག་སངས་རྒྱས་ཐོབ་པར་འདོད་པ་རྣམས། །རྒྱལ་བ་ཞི་ཁྲོའི་བསྐྱེད་རྫོགས་རྣལ་འབྱོར་ལ། །

ནམ་ཡང་ལྷོད་པར་མེད་པར་འཇུག་བྱས་ན། །སངས་རྒྱས་མྱུར་དུ་ཐོབ་ལ་སོམ་ཉི་མེད། །དེ་ཕྱིར་དལ་འབྱོར་དོན་ཡོད་བྱ་བའི་ཕྱིར། །ཟབ་ཆོས་འདི་ཡི་བསྙེན་སྒྲུབ་རྣལ་འབྱོར་ལ། །རྟག་པར་རྒྱུན་དུ་བརྩོན་པ་ལྷུར་བླངས་ཏེ། །ཚུལ་བཞིན་སྒྲུབ་ཅིང་ཉམས་སུ་ལེན་པར་འཚལ། །ཞེས་ཀརྨ་གླིང་པའི་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་སྒྲུབ་ཀྱི་དམིགས་རིམ་ཡེ་ཤེས་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི་སང་སང་སྐུ་དབོན་དམ་པ་རྟོགས་ལྡན་སྟོན་པའི་གསུང་གནང་བ་བཞིན། བཙུན་པ་མཆོག་དགའ། རྟོགས་ལྡན། ཀར་ཆོས། ཚོགས་འཕེལ། དཔལ་ལི། བསྟན་རྒྱམ་དང་། དུང་དཀར་དགོན་གྱི་གྲྭ་སྡེ་དྲུག་གི་བསྐུལ་ངོར། ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྦྱར་བའོ།། །།

ཞི་ཁྲོ་བསྙེན་ཚུལ་དང་འབྲེལ་བའི་རྣམ་བཞག་གི་ངེས་པ་མདོར་བསྡུས་ཀུན་གཟིགས་བླ་མའི་དགྱེས་མཆོད་ཡེ་ཤེས་སྣང་གསལ།

ཞི་ཁྲོ་བསྙེན་ཚུལ་དང་འབྲེལ་བའི་རྣམ་བཞག་གི་ངེས་པ་མདོར་བསྡུས་ཀུན་གཟིགས་བླ་མའི་དགྱེས་མཆོད་ཡེ་ཤེས་སྣང་གསལ་བཞུགས་སོ། །

ན་མོ་གུ་རུ་ས་མནྟ་བྷ་ཏྲ་ཡེ། སེམས་དང་ཡེ་ཤེས་རང་སྣང་འཁོར་འདས་ཀུན། །དབྱེར་མེད་དཀྱིལ་འཁོར་གཅིག་ཏུ་ཡོངས་རྫོགས་པའི། །དགོངས་པ་རང་གྲོལ་གཅེར་མཐོང་ངོ་སྤྲོད་པའི། །སངས་རྒྱས་ཉག་གཅིག་བླ་མར་གུས་ཕྱག་འཚལ། །སེམས་ཅན་ཕ་མར་མཐོང་བའི་སྙིང་རྗེ་དང་། །སེམས་ཉིད་ཆོས་སྐུར་རྟོགས་པའི་ཤེས་རབ་ཀྱིས། །སེམས་སྣང་དཀྱིལ་འཁོར་རོལ་པ་ཡོངས་ཤེས་པའི། །སེམས་དཔའི་དགོངས་སྤྱོད་ཐབས་མཁས་རླབས་ཆེན་གྱིས། །སྨིན་གྲོལ་ལྟ་ཅི་ཚིག་ཙམ་ཐོས་པས་ཀྱང་། །འཁྲུལ་སྣང་སྡིག་སྒྲིབ་ཉམས་ཆགས་རང་གྲོལ་ནས། །འབྲེལ་ཚད་བླ་མེད་སྐུ་བཞིའི་སར་འགོད་པ། །ཟབ་ལམ་གཞུང་འདིའི་བརྗོད་བྱ་དེ་འདྲ་ལགས། །ཚུལ་འདིར་རྣམ་པར་བཞག་པ་མང་པོར་སྣང་། །ཚད་ལྡན་དམ་པའི་བཞེད་པའང་ཡོད་མོད་དེ། །ཡིད་ལ་ངེས་པ་ཐོབ་པའི་ལེགས་བཤད་ནི། །རྣམ་གཉིས་བླ་མའི་གདམས་སྲོལ་བསྡུས་ཏེ་བྲི། །ཚུལ་འདི་ལ་གཉིས། བསྙེན་པ་དང་འབྲེལ་བ་ལྷ་ཡི་བསྐྱེད་རིམ་གྱི་ཁྱད་པར་དང་། དཀྱིལ་འཁོར་གྱི་བྱ་བ་དང་འབྲེལ་བའི་ཆོ་གའི་ཡན་ལག་རྣམས་ཀྱི་རིམ་པ་མདོར་བསྡུས་ཏེ་ལུང་འདྲེན་དང་སྡེབ་སྦྱོར་སྤང་སྟེ་གོ་སླའི་ངག་གིས་དམར་ཁྲིད་དུ་འགོད་དོ། །དང་པོ་ལ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ།

དེ་ཡང་སྒྲུབ་པ་པོ་རྟེན་གྱི་ཁྱད་པར་ཐུན་མོང་གི་ལམ་གྱིས་རྒྱུད་ལེགས་པར་འབྱོངས་ཤིང་ཐེག་ཆེན་དུ་སེམས་བསྐྱེད་པ་དབང་གིས་སྨིན་ཅིང་དམ་ཚིག་དང་ལྡན་པས་ཆེད་དུ་བྱ་བའི་ཁྱད་པར་སྙིང་རྗེ་ཚད་མེད་པའི་བློས་སེམས་ཅན་གྱི་དོན། དམིགས་ཡུལ་དངོས་གྲུབ་ཀྱི་ཁྱད་པར་ནི་གཞན་དོན་ལ་ཐོགས་མེད་ཀྱི་མཁྱེན་བརྩེ་ནུས་པ་ཡོངས་སུ་རྗོགས་པའི་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་དུས་ཀྱི་ཁྱད་པར་ཚེ་འདི་ཉིད་ལ་མངོན་དུ་བྱ་བ། ཐབས་ཀྱི་ཁྱད་པར་དེ་ལྟ་བུའི་གོ་འཕང་དེ་བསྒྲུབ་ནུས་པའི་ཡན་ལག་བསྐྱེད་རྫོགས་རྫོགས་པ་ཆེན་པོ་རྣམས་ཆ་ཚང་བའི་གདམས་པ་འདིར་རིམ་པར་འཇུག་པའི་བསམ་སྦྱོར་གྱིས་ཐོག་མར་བསྙེན་པ་ལ་འཇུག་པར་བྱའོ། །བསྙེན་པའི་དུས་གནས་ཡོ་བྱད་སོགས་སྤྱི་ལྟར་དང་། རྒྱབ་དཔུང་དགེ་བའི་ཚོགས་དང་ཁྱད་པར་གྱི་སྔོན་འགྲོ་གནད་དུ་འགྲོ་བར་བསྒྲུབ་བོ། །རུང་བའི་གནས་ཁང་དུ་རྟེན་ཡོད་ན་བཀྲམ་པའི་མདུན་སྟེགས་བུ་ཁེབ་ལྡན་གྱི་ཁར་འབྲུ་ཚོམ་བཀོད་པའི་སྟེང་ཞི་ཁྲོའི་མཆོད་གཏོར་དང་། སྡེ་བདུན་སོགས་ཀྱི་གཏོར་མ། གཡས་གཡོན་དུ་སྨན་རཀ་མདུན་དུ་ཉེར་སྤྱོད་ལྔ་བཤམས། གཞི་བདག་དང་བགེགས་ཀྱི་གཏོར་མ་ཚོགས་རྫས་སོགས་ཐམས་ཅད་མ་ཚང་བ་མེད་པར་བཤམས། གཉིས་པ་ལ་སྔོན་འགྲོ་དང་། དངོས་གཞིའི་བསྒོམ་རིམ་གཉིས། དང་པོ་ནི། སྟན་བདེ་བར་སྐྱིལ་ཀྲུང་གིས་འཁོད་ནས། རང་གི་སྤྱི་བོའི་ཐད་ཀྱི་མདུན་གྱི་ནམ་མཁར་པད་ཟླའི་གདན་ལ། དཀོན་མཆོག་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་བསྒོམ་ཞིང་། སྐུ་གསུམ་བླ་མའི་གསོལ་འདེབས་ཀྱིས་ཚིག་རྗེས་དོན་དྲན། དེ་ཡང་བླ་མ་ལ་སངས་རྒྱས་སུ་ཐག་ཆོད་པའི་མོས་གུས་ཀྱི་གདུང་ཤུགས་ཡིད་འགྱུར་བ་།

རང་གི་སེམས་ཉིད་སྐུ་གསུམ་གྱི་ངོ་བོར་ཐག་ཆོད་པའི་ངོ་སྤྲོད་ལ་ཐེ་ཚོམ་མེད་པའི་ངེས་ཤེས་ཐོབ་པར་བཅོས་མེད་རང་བབས་སུ་བཞག་པའི་ངང་རྗེན་ནེ་བ། མ་རྟོགས་སྡུག་བསྔལ་གྱིས་གཟིར་བའི་ཕ་མ་སེམས་ཅན་ཐམས་ཅད་ལ་ཤས་མི་བཟོད་པ་ལྟ་བུའི་སྙིང་རྗེ་ཡིད་དུང་ངེ་བའི་ངང་ནས་གསོལ་བ་བཏབ་པའི་མཐར་བླ་མ་འོད་དུ་ཞུ་སྟེ་རང་ལ་ཐིམ་པས་རང་སེམས་དང་བླ་མའི་ཐུགས་དབྱེར་མེད་དུ་གྱུར་པའི་ངང་ལ་མཉམ་པར་བཞག །དེ་ནས་ༀ་བཛྲ་ས་ཏྭ་ཧཱུྃ་ཞེས་བརྗོད་པས་སྐད་ཅིག་གིས་རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད་ལ། རྡོ་རྗེ་དྲིལ་བུ་བརླབས་པ་ཐབས་ཤེས་ཀྱི་དེ་ཁོ་ན་ཉིད་དྲན་པས་དམ་ཚིག་གསུམ་བཟུང་། བསང་ཆུ་བདུད་རྩི་འཁྱིལ་པ་བསྒྲུབ་སྟེ་བདག་གནས་ཡོ་བྱད་ཐམས་ཅད་ལ་གཏོར་བས་བགེགས་བསལ། ཕྱོགས་སྐྱོང་དང་གཞི་བདག་ལ་གཏོར་མ་ཕུལ་ཞིང་བར་ཆད་མི་འབྱུང་བར་བསྙེན་སྒྲུབ་མཐར་ཕྱིན་པའི་ཕྲིན་ལས་བཅོལ། བགེགས་ལ་གཏོར་མ་བསྔོས་ཏེ། བཀའ་བསྒོས་ཤིང་བགེགས་བསྐྲད་པ་ནི། ཧཱུྃ་རང་ཉིད་ལྷ་ཡི་སོགས་བརྗོད། རྒྱལ་པོ་ཆེན་པོ་བཞིའི་ཐོ་འཛུགས་པའང་འདིར་བྱ། ཧཱུྃ་རང་ཉིད་ལྷ་ཡི་ཐུགས་ཀ་ནས་སོགས་ཀྱིས་བསྐྲད་པའི་བགེགས་རྣམས་སླར་མི་འཇུག་པ་སོགས་ཀྱི་ཆེད་དུ་བསྲུང་འཁོར་འགོད་པ་ནི། རང་ཉིད་རྡོར་སེམས་སུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་མཐིང་གའི་ཚོགས་དཔག་ཏུ་མེད་པ་སྤྲོས་པ་ཡོངས་སུ་གྱུར་པ་ལས་རང་སྣང་གི་གར་ཁྱབ་ཚུན་ཆད་ཀྱི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་སྔོན་པོའི་གུར་ཁང་ཟླུམ་པོ། ཏྲཾ་ལས་དེའི་ཕྱི་རོལ་ཏུ་རིན་པོ་ཆེ་སེར་པོའི་གུར། དེའི་ཕྱི་ཧྲཱི་ལས་པདྨ་དམར་པོ། དེའི་ཕྱི་ཨ་ལས་རྒྱ་གྲམ་ལྗང་གུ། ༀ་ལས་འཁོར་ལོ་དཀར་པོ། རཾ་ལས་མེ་དཔུང་ཁ་དོག་ལྔ་ལྡན་རེ་རིམ་པ་དྲུག་པོ་ཐམས་ཅད་མ་འདྲེས་ཤིང་རང་མདོག་གི་འོད་ཀྱིས་

གང་བའི་སོ་སོའི་བར་སྟོང་དང་བཅས་པ། ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་དྲུག་གི་རང་བཞིན་ཅན། རྣམ་པ་ཕྱག་མཚན་རྣམས་ཀྱི་བར་སྟོང་གི་ཆ་རྣམས་ཀྱང་རང་རང་གི་རྒྱུ་ལས་གྲུབ་པའི་ཕྱག་མཚན་ཕྲ་མོའི་རྡུལ་ཕྲ་རབ་ཀྱིས་བར་མཚམས་མེད་པར་གཏམས་ནས་རླུང་ཡང་རྒྱུ་བའི་སྐབས་དང་བྲལ་བ་བྱེད་ལས་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ལས་སྲུང་ཞིང་དེ་དག་གིས་གླགས་མི་རྙེད་པར་བསྒོམ་པའོ། །བསྲུང་འཁོར་འདི་བསྙེན་པ་གྲུབ་ཀྱི་བར་མི་བསྡུ་ཞིང་ཐུན་ཐམས་ཅད་ཀྱི་མགོར་གསལ་འདེབས་རེ་བྱ་བས་བརྟན་པར་བྱའོ། །དེ་ནས་རང་རང་གི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས་ཚོགས་ཞིང་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པའི་རྣམ་པས་མདུན་དུ་སྤྱན་དྲངས་ལ། ཚོགས་བསགས་ཡན་ལག་བཅུ་པ་རང་རང་གི་ཚིག་དོན་ལས་གཞན་དུ་མ་ཡེངས་པའི་སྒོ་ནས་ལན་གསུམ་བྱ། མཐར་རང་ལ་བསྟིམ། མཆོད་པ་བྱིན་རླབས་ནི་ཧཱུྃ་དམིགས་བསམ་བརྗོད་བྲལ་སོགས། ནང་གི་མཆོད་པ་སྨན་རཀ་གཏོར་གསུམ་དང་། ཕྱིའི་མཆོད་པ་རྡོ་རྗེ་ལྷ་མོ་བཅུ་དྲུག་གི་རོལ་པར་རང་རང་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་དམིགས་ཕྱེད་པར་བྱིན་གྱིས་རླབས་སོ། །དེ་ལྟར་སྔོན་དུ་འགྲོ་བའི་རིམ་པ་རྣམས་ནི། དཔེར་ན་ཁམས་དྲུག་ལྡན་པའི་ལུས་རྟེན་ལེན་པ་ལ་དེའི་སྔོན་དུ་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བའི་ལས་ཁྱད་པར་ཅན་བསགས་དགོས་པ་བཞིན་དུ་འདིར་ཡང་སེམས་བསྐྱེད་དང་ལྡན་པས་ཚོགས་བསགས་པ་སོགས་ཀྱིས་དངོས་གཞི་ལྷའི་དཀྱིལ་འཁོར་བསྒོམ་པའི་འགལ་རྐྱེན་མཐའ་དག་སྦྱོངས་ཤིང་མཐུན་རྐྱེན་མ་ཚང་བ་མེད་པར་བྱས་པས་སྲིད་པའི་ས་

བོན་དུ་གྱུར་པའི་ལས་རྣམས་སྦྱོངས་ཤིང་། ཚོགས་གཉིས་ཀྱི་རྒྱུ་ལས་སྐུ་གཉིས་འགྲུབ་པའི་རྟེན་འབྲེལ་དངོས་གཞི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བར་གྱི་སྦྱོར་བ་ཡིན་པས་དེའི་གཞི་འདེངས། རྫོགས་རིམ་གྱི་དགེ་རྩ་རྣམས་སྨིན་བྱེད་ཀྱི་བརྒྱུད་རྒྱུ་ཁྱད་པར་ཅན་ཡིན་པའི་གནད་ཤེས་པར་བྱའོ། །གཉིས་པ་དངོས་གཞི་བསྒོམ་པའི་རིམ་པ་ལ་གསུམ། དམ་ཚིག་པ་བསྐྱེད་ཚུལ་གྱི་ཁྱད་པར་བརྗོད་པ། ཡེ་ཤེས་སྤྱན་འདྲེན་སོགས་ལས་ཀྱི་རིམ་པ། སྐབས་དོན་བསྙེན་པ་བྱ་ཚུལ་དངོས་སོ། །དང་པོ་ལ་གཉིས། གཞུང་དོན་རྩ་རྒྱུད་དང་མཐུན་པར་བཀྲལ་ནས་བསྒོམ་པའི་རིམ་པ་རྗེ་བཙུན་བླ་མའི་བཞེད་ཚུལ་དང་། ལུང་{ལུང་}ཁྲོམས་དཀྲུགས་དང་མཐུན་པར་བཀྲལ་ཏེ་བསྒོམ་པ་ཤིང་རྟ་ཆེན་པོ་དྷརྨ་ཤྲཱིས་བཞེད་པ་མདོ་ཙམ་བསྟན་པའོ། །དང་པོ་ནི། གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །ཞེས་སོགས་གསུངས་པ་ལྟར། ཐ་མལ་གྱི་འཆི་བར་སྐྱེ་གསུམ་དང་མཐུན་པར་བསྒོམ་པས་དེ་གསུམ་གྱི་བག་ཆགས་སྦྱོངས་ཤིང་། སངས་རྒྱས་སྐུ་གསུམ་དང་རྣམ་པ་མཚུངས་པར་བསྒོམ་པས་དེ་ཐོབ་པའི་གཞི་རང་རྒྱུད་ལ་གནས་པའི་རིགས་ཁམས་ལ་གསོས་འདེབས་ཤིང་རྫོགས་པའི་རྒྱུར་བྱས། རྫོགས་རིམ་གྱི་འོད་གསལ། སྒྱུ་ལུས། ཟུང་འཇུག་དང་རྣམ་པ་མཐུན་པར་བསྒོམ་པས་དེའི་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར་བས་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི། ཧཱུྃ་རྟོག་བྲལ་བསྒོམ་མེད་སོགས་ཀྱིས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་སྤྲོས་པ་དང་བྲལ་བའི་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངང་ལ་བཅོས་མེད་དུ་འཇོག་པ་དང་། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྐྱེད་ཅིང་། དེ་ལྟ་བུའི་

རིག་སྟོང་སྙིང་རྗེ་ཟུང་དུ་འཇུག་པའི་སེམས་ཉིད་ཨ་ཡིག་མཐིང་ནག་ཡེ་ཤེས་ལྔའི་རང་འོད་འབར་བའི་རྣམ་པར་བསྒོམ་པའོ། །དེ་ནས་སྣོད་ཀྱི་འཇིག་རྟེན་འདི་མས་ནས་ཡར་ཆགས་པ་དང་། རྫོགས་རིམ་གྱི་འབྱུང་ལྔའི་ཁམས་ཀྱི་རླུང་རྣམས་དབུ་མའི་དབྱིངས་སུ་ཞུགས་གནས་ཐིམ་པའི་རྟགས་སྣང་དང་། ཡར་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་གནས་རྣམ་པར་དག་པའི་ཞིང་ཁམས་འོག་མིན་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་རྟགས་ཀྱི་ཕྱག་རྒྱའི་ཡོན་ཏན་ཡོངས་སུ་རྫོགས་པ་རྣམས་ཀྱི་དག་རྫོགས་སྨིན་གསུམ་ཚང་བའི་འབྱུང་རིམ་གཞལ་ཡས་ཁང་གདན་བཅས་བསྐྱེད་པ་ནི། ཨ་ལས་ཨེ་ཡཾ་སོགས་ཀྱིས་རྒྱུའི་ས་བོན་ལས་ཨེ་ཡཾ་སོགས་ཀྱི་ཡི་གེ་འཕྲོས་པས། ཡོངས་སུ་གྱུར་པ་ལས་འབྱུང་བཞི་རི་རབ་དང་བཅས་པ། དེའི་སྟེང་གི་གཞིར་རྡོ་རྗེའི་དྲྭ་བ་ཡེ་ཤེས་ཀྱི་མེ་འབར་བའི་ཕྲེང་བས་བསྐོར་བའི་ནང་གི་ཕྱོགས་མཚམས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་བཀོད་པས་འཇིགས་ཤིང་རྔམས་པར་བྱས་པའི་གཞི་ལ་བརྟེན་པའི་པདྨ་འདབ་མ་སོ་གཉིས་ཀྱི་ཟེའུ་འབྲུར་ཉི་མ། དེ་སྟེང་སྣ་ཚོགས་རྡོ་རྗེ་རྭ་ཕྱོགས་མདོག་ལྟེ་བ་མཐིང་ག་ལེབ་ཆགས་ཀྱི་རྣམ་པ། དེའི་སྟེང་སེམས་ཅན་རྣམས་གང་དུ་བརྟེན་པའི་སྣོད་ཀྱིས་དང་། རྫོགས་རིམ་གྱི་དུས་ཡེ་ཤེས་སྣང་བ་སྣ་ཚོགས་པ་དང་། སངས་རྒྱས་རྣམས་གང་དུ་བཞུགས་པའི་གནས་རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་གི་ཡོན་ཏན་རྣམས་དག་རྫོགས་སྨིན་གསུམ་གྱི་བྱེད་ལས་ཅན་རྒྱུའི་ས་བོན་ལས་བྷྲཱུཾ་ཆད་པ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་ཕྱི་ནང་གི་རིམ་པ་གཉིས་དང་ལྡན་པའི་ཕྱི་མ་ནི་རྒྱུ་རིན་པོ་ཆེ་ནང་ནས་རིམ་པས་མཐིང་དཀར་སེར་དམར་ལྗང་བའི་རྩིགས་པ་ལྔ་དང་ལྡན་པའི་སྟེང་རིན་པོ་ཆེའི་ཕྲས་མཛེས་པའི་ཕ་གུའི་མཐར་མུ་ཏིག་མགུལ་འཁོར་འཕྱང་བ། ནང་དུ་ཁྱམས་ཕྱི་

མ་བཅད་པའི་གྲུ་ཆད་ཐོད་རྩིག་གི་ཟར་བུས་སྤག་པའི་སྟེང་དུ་གཞལ་ཡས་ཁང་ནང་མ་བྷནྡྷ་སྐམ་རློན་རྙིད་པའི་རྩིགས་པ་སུམ་རིམ་རཀྟས་སྤྱིན་ཐབས་སུ་སྦྱར་བ་ལ་གནམ་ལྕགས་ཀྱི་གཟེར་བུས་བསྡམས་པ། དེའི་སྟེང་ཐོད་པའི་ཕ་གུའི་མཐར་རྒྱུ་མ་དང་དོན་སྙིང་གི་མགུལ་འཁོར་ཅན། ཕྱི་ནང་གཉིས་ཀའི་ཕ་གུའི་སྟེང་ནས་རིམ་པས་རིན་པོ་ཆེ་དང་རུས་པའི་རྒྱུ་ལས་གྲུབ་པའི་དྲ་བ་དང་དྲྭ་ཕྱེད་ཤར་བུ་མདའ་ཡབ་སོགས་ཞི་དྲག་གི་རྒྱན་ཐམས་ཅད་དང་། རྩིགས་པའི་འགྲམས་སྟེང་འདོད་སྣམ་དམར་པོ་ལ་ལྷ་མོ་རྣམས་མཆོད་པའི་སྤྲིན་སྤྲོ་བས་གང་བ། གཞལ་ཡས་ཁང་སྟེང་མའི་དབུས་ཀྱི་མཐོང་ག་མ་གཏོགས་པའི་ཐོག་བཀབ་པའི་དབུས་སུ་བུམ་རྟེན་བུམ་པ་ནས་བཟུང་མཆོད་རྟེན་གྱི་ཐིག་ཁོང་ནས་བྱུང་བ་ལྟ་བུའི་བུམ་པ་ཀུན་ནས་ཟླུམ་པོའི་ཕྱོགས་བཞིར་བུམ་སྒོ་རྒྱན་ལྡན་བཞི་དང་བཅས་པ་ཆོས་འཁོར་རིམ་པ་བཅུ་གསུམ་གདུགས་ཏོག་སོགས་ཀྱིས་མཛེས་པ། ཕྱི་མའི་སྒོ་བཞིར་ཀ་བ་བཞི་བཞ ིས་བཏེགས་པའི་རྟ་བབ་སྣམ་བུ་བརྒྱད་མའི་སྟེང་པདྨ་ལ་གནས་པའི་ཆོས་འཁོར་བཅུ་གསུམ་གདུགས་ཏོག་དང་བཅས་པའི་གཡས་གཡོན་དུ་རི་དྭགས་ཕོ་མོས་མཚན་པའོ། །གཞལ་ཡས་ཁང་སྟེང་མའི་གསེར་ཁྱམས་ཀྱི་ནང་གི་གྲུ་ཆད་ལ་ཕྱོགས་བཞིར་བརྩིགས་པའི་གློ་འབུར་བཞི། དབུས་སུ་འཁོར་ལོ་རྩིབ་བཞི་ལྟེ་བ་མུ་ཁྱུད་དང་བཅས་པ་སྤག་པ། བུམ་པའི་ནང་དུ་འཁོར་ལོ་རྩིབ་བཞི་ལྟེ་བ་མུ་ཁྱུད་དང་ལྡན་པ་གདན་ཐབས། ལྷ་གནས་རྣམས་སུ་གདན་ནི། བུམ་ནང་གི་འཁོར་ལོའི་ལྟེ་བ་དང་རྩིབ་བཞིར། སེངྒེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་རྣམས་བརྒྱད་རེས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལྔ་བརྩེགས་རེ། དབུས་གདན་གྱི་དྲང་

ཐད་ནམ་མཁའ་ལ་ཀུན་བཟང་གི་གདན་རིན་ཆེན་པད་ཉི་ཟླ་བ་བཞི་བརྩེགས། སྟེང་འོག་དང་རྩིབ་མཆན་བཞིའི་བར་སྟོང་ལ་པད་གདན་རེ་རེ་སྟེ་ཁྱོན་དྲུག །བུམ་སྒོ་བཞིར་པད་ཟླ་ཉི་མ་སྟེ་སུམ་བརྩེགས་རེ། ཁྲོ་དཀྱིལ་གྱི་ཆེ་མཆོག་བསྐྱེད་ན་འཁོར་ལོའི་ལྟེ་བར་ལྷ་ཆེན་ཕོ་མོ་བརྫིས་པའི་མཁར་ལྡིང་སྟེ་ཁྱུང་རིན་ཆེན་པད་ཟླ་ཉི་མ་ལྔ་བརྩེགས་དང་། མདུན་དུ་བུདྡྷ་ཁྲག་འཐུང་གི་གདན་ནོ། །འོན་ཀྱང་བསྙེན་པའི་སྐབས་འདིར་ལས་བྱང་ཆུང་བ་ལྟར་བྱེད་པ་ཡིན་པས་འཁོར་ལོའི་ལྟེ་བ་དང་རྩིབ་བཞིར་དྲེགས་པ་ཕོ་མོ་བརྫིས་པའི་དབུས་སུ་དོམ། ཤར་དུ་ཁྱུ་མཆོག །ལྷོར་མ་ཧེ། ནུབ་ཏུ་གཟིག །བྱང་དུ་སྟག་རྣམས་ཀྱིས་བཏེགས་པའི་རིན་ཆེན་པད་ཟླ་ཉི་མ་རྣམས་བརྩེགས་པ། གློ་འབུར་བཞི་དང་གྲུ་ཆད་ཀྱི་གྲྭ་བཞི། གསེར་ཁྱམས་ཀྱི་ཕྱོགས་མཚམས་བརྒྱད། ནང་སྒོ་བཞིའི་སྒོ་ཁྱུད་རྣམས་སུ་ཞིང་ཆེན་ཕོ་མོ་བསྣོལ་བའི་གདན་རེ་རེ་ཁྱོན་ཉི་ཤུ། ཕྱི་མའི་ཁྲག་ཁྱམས་ཀྱི་ཕྱོགས་རེ་རེར་ཞིང་སྐམ་པོའི་གདན་དྲུག་རེ་དང་། སྒོ་ཕྱི་མའི་སྒོ་ཁྱུད་བཞིར་ཡང་རེ་རེ་སྟེ་ཁྱོན་ཉེར་བརྒྱད་དོ། །དེ་ལྟར་སྒོ་རྣམ་པར་དག་པ་འོག་མིན་གྱི་ཞིང་ཁམས་རྟེན་གཞལ་ཡས་ཁང་གདན་བཅས་བསྐྱེད་ནས། བརྟེན་པའི་ལྷ་ཚོགས་བསྐྱེད་ཚུལ་ནི། སེམས་ཅན་རྣམས་གཟུགས་མེད་ནས་མར་ཆད་དེ་རིམ་པར་ཆགས་པ་སྤྱི་དང་། བྱེ་བྲག་ཏུ་ཁམས་དྲུག་ལྡན་པའི་མིའི་ལུས་རྟེན་ལེན་པའི་ཚེ། ཕ་མའི་ཁུ་རྡུལ་དང་དྲི་ཟའི་སེམས་སྣ་ཚོགས་པས་རིམ་བཞིན་སྒོ་གསུམ་རགས་པ་འགྲུབ་པ་དང་། ལམ་དང་འབྲས་བུའི་སློབ་པ་དང་མི་སློབ་པའི་འོད་གསལ་ལས་ཡེ་ཤེས་རྡོ་རྗེ་ལྟ་བུའི་སྐུ་འགྲུབ་པ་དང་། ཀློང་གསལ་ལས་མངལ་ཞུགས་བྱང་ཆུབ་རྣམ་ལྔ་དང་སོགས་ལྟར་འབྲས་བུ་མཐར་ཐུག་སངས་རྒྱས་ཀྱི་རགས་པའི་སྤྲུལ་སྐུ་བཟུང་ནས་ལྷུམས་སུ་

ཞུགས་པ་དང་། བལྟམས་པ་དང་། བཟོ་བོའི་གནས་ལ་མཁས་པ་སོགས་དེ་རྣམས་དང་མཐུན་པར་བསྒོམ་པས་དེ་དག་གི་དག་སྨིན་རྫོགས་པའི་བྱེད་ལས་ཅན་ནི། ཧཱུྃ་བདག་ཉིད་ཐ་མལ་རང་སེམས་འདི༔ སོགས་ཀྱིས་རྒྱུའི་ཨ་ཡིག་བུམ་ནང་གི་ནམ་མཁའི་གདན་ལ་བབ་པ་ནི་གསུང་ཡིག་འབྲུ། དེ་རྡོ་རྗེ་མཐིང་ག་རྩེ་ལྔ་པ་ཨས་མཚན་པར་གྱུར་པ་ནི་ཐུགས་ཕྱག་མཚན། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། དེ་བཞིན་གཤེགས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་རྣམ་པས་སྤྱན་དྲངས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་སྐུར་གྱུར་པ་ནི་སྐུ་རྫོགས་པའི་ཆོ་གའོ། །ཡེ་ཤེས་རིན་ཆེན་སྣ་ཚོགས་དང་༔ ཞེས་པས་ལོངས་སྐུའི་ཆས་ཅན་ནོ། །གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་རིགས་ལྔ་ཡབ་ཡུམ་བཅུའི་ས་བོན་དུས་གཅིག་ཏུ་འཕྲོས་པ་ལས་ཆོ་ག་གསུམ་མམ་ས་བོན་ཙམ་ལས་དུས་གཅིག་ཏུ་བསྐྱེད་ལ་རྣམ་པ་གསལ་འདེབས་པ་ནི་གཞུང་གི་ཚིག་རེ་རེ་བཞིན་རིམ་གྱིས་བྱེད་དོ། །དེ་ཡང་བུམ་ནང་གི་འཁོར་ལོའི་ལྟེ་བ་ལ་ༀ་ལཾ་ལས་རྣམ་པར་སྣང་མཛད་དང་། ཡུམ་རྣམ་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་སངས་རྒྱས་སྤྱན་མ་ཡིན་ཏེ། ས་བོན་ལཾ་དང་། སྔགས་ཏེ་ཤྭ་ར་ཏེ་སྟྭཾ་འབྱུང་བའི་ཕྱིར་རོ། །ངོ་བོ་ནི་འདིར་རིགས་ཀྱི་དབང་གིས་རྡོར་སེམས་ཀྱི་དཀྱིལ་འཁོར་ཡིན་ཞིང་། དེ་ཡང་རྡོར་སེམས་སྐུའི་དཀྱིལ་འཁོར་ཡིན་པས་གཙོ་བོ་གོ་འཕོས་ཀྱང་གཙོ་མོ་གོ་མི་འཕོ་ཕྱིར་དབང་ཕྱུག་མ་ཡིན་ཏེ། རྣམ་སྣང་དབྱིངས་ཕྱུག་སྐུ་མདོག་དཀར༔ ཞེས་གསུངས་སོ། །གཙོ་བོ་རྣམ་སྣང་མཛད་པའི་དཀྱིལ་འཁོར་བྱེད་པའི་རྒྱུ་མཚན་ཡང་། འདིར་ངན་སོང་དང་ངན་འགྲོའི་སྡུག་བསྔལ་མི་བཟད་ཤུགས་དྲག་ཏུ་མྱོང་བ་མྱུར་དུ་སྦྱང་བའི་ཐབས་དག་

གཙོ་བོ་བསྟན་པ་ཡིན་ཞིང་། དེ་ནི་དངོས་སུ་སྐུའི་སྣང་བ་བསྟན་ནས་བཙན་ཐབས་སུ་གྲོལ་ཞིང་སྨིན་པར་མཛད་པ་བྲམ་ཟེ་དུང་ཕྲེང་གི་ལོ་རྒྱུས་བཞིན་ལ། དེའི་སྐབས་སུ་བསྟན་པ་ལྟར་གྱི་སྒྲུབ་ཐབས་འདི་ཉིད་ཡིན་པས་ན་རྒྱུ་ཀུན་འབྱུང་འགོག་པ་ལ་གོམས་པ་སྔོན་དུ་སོང་ནས་འབྲས་བུ་སྡུག་བསྔལ་ཕྱིས་སྤོང་བ་ཁོ་ན་ཙམ་མ་ཡིན་པར། སྡུག་བསྔལ་དྲག་པོས་གཟིར་བའི་འགྲོ་བ་གང་གིས་དཀྱིལ་འཁོར་ཆེན་པོ་འདི་མཐོང་བ་དང་ཚིག་ཐོས་པས་ཀྱང་སྡུག་བསྔལ་ལས་ཐར་ནས་རིག་འཛིན་གྱི་ས་ལ་སྦྱོར་བའི་ཕྱིར། ཐོས་གྲོལ་འདི་ནི་མ་བསྒོམ་པ་སངས་རྒྱས་པའི་ཆོས་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ཆོས། ཞེས་དང་། མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་། །ན་རཀ་གནས་ཀྱང་དོང་སྤྲུག་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པ་ལྟར་རོ། །རྣམ་པར་སྣང་མཛད་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བདག་ཉིད་ཡིན་པས་ན་དེ་གཙོ་བོར་མཛད་དགོས་པའི་ཕྱིར། དེ་བཞིན་དུ་ཤར་དུ་རྡོ་རྗེ་སེམས་དཔའ་དང་། ཡུམ་ངོ་བོ་སྤྱན་མ་ལ་རྣམ་པ་དབྱིངས་ཕྱུག་མ་ཡིན་པའི་རྒྱུ་མཚན་གོང་གིས་ཤེས། སྐུ་མདོག་མཐིང་ག །ལྷོར་རིན་ཆེན་འབྱུང་ལྡན་དང་མ་ཀི་ཡབ་ཡུམ་སེར། ནུབ་ཏུ་སྣང་མཐའ་དང་གོས་དཀར་ཡབ་ཡུམ་དམར་པོ། བྱང་དུ་དོན་གྲུབ་དང་སྒྲོལ་མ་ཡབ་ཡུམ་ལྗང་གུའི་ཡབ་རྣམས་ཞལ་གཙོ་བོ་ལ་ཕྱོགས་པ་རྩིབ་ཀྱི་རིགས་བཞིའི་ཐུགས་ཀ་ནས་སེམས་དཔའ་དང་སེམས་མ་རྣམས་ཀྱི་ས་བོན་རང་རང་གི་གཡས་གཡོན་མདུན་རྒྱབ་རྣམས་སུ་དུས་གཅིག་ཏུ་འཕྲོས་པ་ལས་སྐུར་གྱུར་ཏེ། རྡོར་སེམས་ཀྱི་གཡས་སུ་ས་སྙིང་། གཡོན་དུ་བྱམས་པ། མདུན་དུ་ལ་སྱེ། རྒྱབ་ཏུ་མེ་ཏོག་མ་རྣམས་དཀར། རིན་འབྱུང་གི་གཡས་སུ་ཀུན་བཟང་ནས་ནམ་སྙིང་། མཱ་ལྱེ། བདུག་སྤོས་མ་བཞི་སེར། སྣང་མཐའི་གཡས་སུ་སྤྱན་

གཟིགས་ནས་འཇམ་དཔལ། གླུ་མ། སྣང་གསལ་མ་བཞི་དམར། དོན་གྲུབ་ཀྱི་གཡས་སུ་སྒྲིབ་སེལ་ནས་ཕྱག་རྡོར། གྷནྡྷེ་གར་མ་བཞི་ལྗང་ཞལ་རྣམས་རང་རང་གི་གཙོ་བོ་ལ་ཕྱོགས་པ་ཚོམ་བུའི་ཚུལ་ལོ། །རིགས་ལྔ་ཡབ་རྣམས་རྫོགས་པའི་སྐྱིལ་ཀྲུང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་ཀྲུང་། ཀུན་བཟང་ཡབ་ཡུམ་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བ། སེམས་དཔའ་རྣམས་གཡས་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ། སེམས་མ་རྣམས་གཡོན་བརྐྱང་བའི་ཕྱེད་སྐྱིལ་ཅན་ལྷ་ཉེར་བརྒྱད་པོ་ཐམས་ཅད་ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་སངས་རྒྱས་རང་སྣང་གི་ལོངས་སྤྱོད་ཆེན་པོ་ལ་དགྱེས་དགུར་རོལ་པའི་མཚོན་བྱེད། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཀུན་བཟང་གི་ཐུགས་ཀ་ནས་ཀྲེཾ་བྲེཾ་སོགས་ས་བོན་དྲུག་པད་གདན་རྣམས་ཀྱི་སྟེང་དུ་འཕྲོས་པ་ལས་ཀུན་བཟང་གཙུག་གི་ནམ་མཁར་ལྷའི་ཐུབ་པ་དཀར་པོ། འཁོར་ལོའི་འོག་ཁྲོ་དཀྱིལ་གྱི་སྟེང་མཁའ་དམྱལ་བའི་ཐུབ་པ་ནག་པོ། རྩིབ་མཆན་གྱི་ཤར་ལྷོར་ལྷ་མིན་གྱི་ཐུབ་པ་ལྗང་གུ། ལྷོ་ནུབ་ཏུ་མིའི་ཐུབ་པ་སེར་པོ། ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་མཐིང་ག །བྱང་ཤར་དུ་ཡི་དྭགས་ཀྱི་ཐུབ་པ་དམར་པོ། དྲུག་གའང་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆས་ཅན་བཞེངས་སྟབས་ཀྱིས་འགྲོ་དོན་ལ་གཤེགས་པའི་ཚུལ་ཅན། ཞི་བའི་ལྷ་ཚོགས་འདི་དག་ཐམས་ཅད་ཀྱི་སྐུ་ལས་གསལ་ཞིང་དག་པའི་འོད་ཟེར་འཕྲོ་བའི་ཁྱད་པར་ནི། སྐུའི་གནས་དྲུག་གི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་གསལ་ལ་རྣོ་བའི་འོད་ཟེར་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། སྔོན་པོ་དང་། བཙོད་ཁ་དང་། ཤེལ་ལམ་དངུལ་མདོག་དང་དྲུག་པོ་རེ་རེ་ལའང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་བའི་འཇིག་རྟེན་གསུམ་འགེང་པར་མཛད་དོ། །ཀུན་བཟང་གི་

ཐུགས་ཀ་ནས་ས་བོན་འབྲུ་བརྒྱད་པོ་བུམ་སྒོ་བཞིའི་གདན་སྟེང་དུ་འཕྲོས་པ་ལས་སྒོ་བ་ཡབ་ཡུམ་བརྒྱད་ནི་ཤར་སྒོར་རྣམ་རྒྱལ་དང་ལྕགས་ཀྱུ་མ་དཀར། ལྷོར་གཤིན་རྗེ་གཤེད་དང་ཞགས་པ་མ་སེར། ནུབ་ཏུ་རྟ་མགྲིན་དང་ལྕགས་སྒྲོག་མ་དམར་མོ། བྱང་དུ་འཁྱིལ་པ་དང་དྲིལ་བུ་མ་ལྗང་གུ་སྟེ་བརྒྱད་པོ་ཐམས་ཅད་ཀྱང་ཤིན་ཏུ་ཁྲོས་པ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ། སྐུ་ལས་སྐྱེས་པའི་མེ་དཔུང་གི་ཀློང་ན་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཕྱིར་ཡབ་རྣམས་གཡས་བརྐྱང་བའི་དོར་སྟབས་ཀྱིས་འགྱེང་ཞིང་ཞལ་ཕྱིར་བསྟན་པ། སྒོ་བ་འདི་བཞིའི་མཚན་བསྐང་བ་ལས་སྒྱུ་འཕྲུལ་ལྟར་ཡང་མཛད་མོད་དེ། ལས་བྱང་ཆེ་ཆུང་དུ་ཁྲོ་བོ་བཅུའི་ཕྱོགས་ཀྱི་ཁྲོ་བོ་བཞི་ལྟར་མཛད་པར་བཤད་པ་ནི། སྒྱུ་འཕྲུལ་རྩ་རྒྱུད་དངོས་བསྟན་ལས་འདི་མན་ངག་གི་དཀྱིལ་འཁོར་ཡིན་པའི་ཕྱིར་ཕྱི་ནང་ལྟར་མཛད་པ་འགལ་བ་མིན་ནོ། །སྒྱུ་འཕྲུལ་གྱི་རྡོ་རྗེ་རྒྱལ་པོའི་དབང་གི་དུས་ལུས་དཀྱིལ་སྐབས་ཁྲོ་འཕྲེང་འགོད་པའི་ཚེ། སྙིང་གར་རྣམ་རྒྱལ། དཔུང་གཡས་གཤིན་རྗེ་གཤེད། སོག་ཕྲག་རྟ་མགྲིན། དཔུང་གཡོན་འཁྱིལ་བ་རྣམས་བཀོད་པ་ལྟར་འདིའི་ཞི་དཀྱིལ་གྱི་སྒོ་བའང་དེ་ལྟར་མཛད། དེ་ལྟར་ན་དཔུང་གཡས་ཀྱི་ཁྲོ་བོ་ལྷོའི་སྒོར་འགོད་པས་ལྷོའི་ལྷ་རྣམས་རིན་ཆེན་གྱི་རིགས་ཡིན་པས་སྐབས་འདིར་གཤིན་རྗེ་གཤེད་རིན་པོ་ཆེའི་རིགས་སོ། །དེ་གཞུང་གི་སྐོར་འདིའི་ཚིག་ཟིན་ནི་ཆོས་སྤྱོད་ལས། ཙིཏྟ་སྙིང་གི་ལྷོ་སྒོའི་རྩ་འདབ་ལ། །གཤིན་རྗེ་ཞགས་པ་འཁྲིལ་སྦྱོར་དོར་སྟབས་སེར། །ཞེས་གསུངས་པ་ལྟར་རོ། །དེ་ནས་ཀུན་བཟང་གི་ཐུགས་ཀ་ནས་ཧཱུྃ་ཡིག་སྨུག་ནག་ཞལ་སྦྱོར་གྱི་རྣམ་པ་ཅན། འོག་གཞིའི་ཁྲོ་དཀྱིལ་གྱི་གདན་ལ་བབས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་

བཅོམ་ལྡན་འདས་དཔལ་ཆེན་པོ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་ཀྱི་སྐུ་ཡོངས་སུ་རྫོགས་པར་གྱུར་པར་བསྒོམ་མོ། །ཁྲག་འཐུང་གཙོ་བོ་ཡབ་ཡུམ་ཀྱི་ཐུགས་ཀ་ནས་ཧཱུྃ་ཡིག་ཞལ་སྦྱོར་མཐིང་སེར་དམར་ལྗང་རྣམས་རྩིབ་བཞིའི་གདན་སྟེང་དུ་འཕྲོས་པ་ལས། ཤར་ནས་རིམ་བཞིན་བཛྲ་རཏྣ་པདྨ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་རྣམས་སུ་གྱུར་པ་སྟེ་ཐམས་ཅད་ཀྱང་དབུ་གསུམ་ཕྱག་དྲུག་གར་གྱི་ཉམས་ཆེན་པོ་དགུ་དང་ལྡན་ཞིང་དུར་ཁྲོད་རོལ་པའི་ཆས་བརྒྱད་ཀྱིས་སྤྲས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཁྲུགས་པའི་ཀློང་ན་རང་རིགས་ཀྱི་ཡུམ་དང་འཁྲིལ་ཞིང་ཞབས་གཡས་བརྐྱང་གཡོན་བསྐུམ་པའི་གྱད་ཆེན་པོའི་སྟབས་ཀྱི་གདན་ལ་རོལ་པ། སྐུ་མདོག་ཕྱག་མཚན་བསྐྱེད་ཚིག་ལྟར་ལ། གཞུང་འདི་ལས་དཔལ་ཆས་ཡོད་མེད་མི་གསལ་ཡང་རྒྱུད་འགྲེལ་རྣམས་ལས་དཔལ་གྱི་ཆས་བརྒྱད་ཡོད་པར་གསུངས། གཙོ་བོའི་ཐུགས་ཀ་ནས་ཧ་བརྒྱད་འཕྲོས་པ་ལས། ཤར་གྱི་གློ་འབུར་གྱི་གདན་ལ་ཀཽ་རི་མ་དཀར་མོ། ལྷོར་ཙོའུ་རི་མ་སེར་མོ། ནུབ་ཏུ་པྲ་མོ་ཧ་དམར་མོ། བྱང་དུ་བཻ་ཏ་ལི་ལྗང་མོ། ཤར་ལྷོའི་གྲུ་ཆད་ཀྱི་གདན་ལ་པུསྐ་སི་དམར་སེར། ལྷོ་ནུབ་ཏུ་ཀསྨ་རི་ལྗང་གུ། ནུབ་བྱང་དུ་ཙནྜ་ལི་སེར་སྐྱ། བྱང་ཤར་དུ་སྨེ་ཤ་ནི་མཐིང་ཀ་སྟེ་མ་མོ་བརྒྱད་དང་། ཧེ་བརྒྱད་ལས་གསེར་ཁྱམས་ཀྱི་ཤར་དུ་སེང་གདོང་མ་སྨུག་ནག །ལྷོར་སྟག་གདོང་མ་དམར་མོ། ནུབ་ཏུ་ཝ་གདོང་མ་ནག་མོ། བྱང་དུ་སྤྱང་གདོང་མ་མཐིང་ག་སྟེ། མཆེ་བ་ཅན་བཞི། ཤར་ལྷོར་རྒོད་གདོང་མ་སེར་མོ། ལྷོ་ནུབ་ཏུ་དུར་བྱ་གདོང་དམར་མོ། ནུབ་བྱང་དུ་བྱ་རོག་གདོང་ནག་མོ། བྱང་ཤར་དུ་འུག་གདོང་མ་མཐིང་ག་སྟེ་གཤོག་པ་ཅན་བཞི་དང་ཕྲ་མེན་བརྒྱད། རིགས་བཞིའི་ཁྲག་འཐུང་གི་ཐུགས་

ཀ་ནས་འབྲུ་བཞི་འཕྲོས་པ་ལས། ཤར་སྒོར་རྟ་གདོང་མ། ལྷོ་སྒོར་ཕག་གདོང་མ། ནུབ་ཏུ་སེང་གདོང་མ། བྱང་དུ་སྦྲུལ་གདོང་མ་སྟེ་སྒོ་སྐྱོང་གདོང་ཅན་བཞི་སྟེ་སྲས་མོ་ཉི་ཤུ་པོ་ཐམས་ཅད་ཀྱང་དྲག་མོ་དུར་ཁྲོད་ཀྱི་ཆས་ཅན་གཡས་ཅུང་ཟད་བསྐུམ་ཞིང་གཡོན་བརྐྱང་བའི་རྡོ་རྗེའི་གར་སྟབས་ཅན། ཀོ་སེང་བཅུ་དྲུག་ཞལ་ནང་བསྟན་སྒྱུ་འཕྲུལ་ལས་འདི་ཡན་གྱི་ལྷ་ལ་ངོ་མཚར་ཚོགས་ཀྱི་ལྷ་སུམ་ཅུ་ཞེས་བཤད་དོ། །གཙོ་བོའི་ཐུགས་ཀ་ནས་བྷྱོ་ཡིག་ཕྱོགས་ཀྱི་མདོག་ཅན་ཉེར་བརྒྱད་འཕྲོས་པ་ལས་ཁྱམས་ཕྱི་མ་ཁྲག་འཁྱམས་ཀྱི་གདན་ལ་ཤར་ནས་བརྩམས་ཏེ་ཞི་རྒྱས་དབང་དྲག་གི་མ་མོ་དྲུག་རེ་དང་། སྒོ་བཞིར་སྒོ་སྐྱོང་གདོང་ཅན་བཞི་སྟེ་ཉེར་བརྒྱད་པོ་ཐམས་ཅད་ཀྱང་སྲིན་མོ་དྲག་ཏུ་ཁྲོས་པའི་གཟུགས་མགོ་བརྙན་ཅན་དུར་ཁྲོད་ཀྱི་ཆས་ཅན་ཞབས་གཡས་བསྐུམ་པའི་རྟིང་པ་གསང་བར་གཏད་ཅིང་གཡོན་བརྐྱང་བའི་གར་སྟབས་ཅན་ནོ། །འདི་རྣམས་བཀའ་ཉན་པའི་མཚོན་བྱེད་ཞལ་ནང་བསྟན་ནམ། བསྒོ་བའི་ལས་མཛད་པའི་མཚོན་བྱེད་ཕྱིར་བསྟན་ཀྱང་རུང་ངོ་། །གཉིས་པ་ནི་ལོ་ཆེན་རིན་པོ་ཆེ་དྷརྨ་ཤྲཱིས་ལྗགས་བསྒྲིག་མ་སྡིག་སྒྲིབ་རྣམ་པར་སྦྱོང་བའི་ཆོ་ག་འདི་ནི་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་དང་བརྩེ་བའི་དབང་པོས་གསལ་བར་མཛད་ནས་ཨ་ནུ་ཡོ་གའི་རིམ་པ་ལྟར་གཙོ་བོར་མཛད་ནས་བཀའ་དྲིན་དུ་སྩལ་བ་ལུགས་འདིའི་ཤིང་རྟ་ཆེན་པོའི་བཀའ་སྲོལ་ཕྱོགས་གཅིག་མཁས་པས་བསྔགས་པའི་གནས་སུ་འདུག་ཅིང་ཡང་དག་པར་ཡིད་ཆེས་པས། དེའི་ཚུལ་ནི་སྔོན་འགྲོ་ཏིང་འཛིན་རྣམ་གསུམ་སོགས་ནས་དཀྱིལ་འཁོར་གྱི་ཁྱད་པར་ནི་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པ་རྟ་བབ་བང་རིམ་བཞི་ལྡན་ཆོས་འཁོར་རྩིབ་བརྒྱད་གདུགས་

གཡས་གཡོན་རི་དྭགས་དང་བཅས་པ། གཞལ་ཡས་ཀྱི་ནང་བར་ཁྱམས་གྲུ་བཞི་པ་ལ་ལྷ་སྣམ་རིམ་པ་གཉིས་སུ་ཕྱེ་བའི་ནང་དུ་གྲུ་ཆད་དང་། འཁོར་ལོ་ཉིས་རིམ་གྱི་ནང་མ་རྩིབ་བཞི། ཕྱི་མ་རྩིབ་བརྒྱད་འཁོར་ལོའི་ལྟེ་བར་ཐིག་ལེ་ལྔ་ཕྲ་ཚོམ་གྱི་དབུས་སུ་མཐིང་གསལ་ཐིག་ལེ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་ཀྱི་ཐིག་ལེའི་ནང་སེང་ཁྲི་པད་ཉི་ཟླ་གདན་ལ་ཆོ་ག་གསུམ་གྱིས་ཀུན་ཏུ་བཟང་པོ་ཡབ་ཡུམ་བསྐྱེད། དེའི་ཐུགས་ཀ་ནས་ས་བོན་འཕྲོས་པ་ལས། གཙོ་བོའི་མདུན་དུ་རྣམ་སྣང་ཡབ་ཡུམ། ཕྱོགས་བཞིའི་ཐིག་ལེ་ལ་རིགས་བཞི་ཡབ་ཡུམ། རིགས་བཞིའི་ཐུགས་ཀའི་ས་བོན་ལས་རང་རང་གི་གཡས་གཡོན་མདུན་རྒྱབ་ཏུ་སེམས་དཔའ་ཡབ་ཡུམ་བཅུ་དྲུག །སྟེང་འོག་དང་གྲུ་ཆད་བཞིར་ཐུབ་པ་དྲུག །སྒོ་ཕུབ་བཞིར་མཐར་བྱེད་ཡབ་ཡུམ་སྟེ་ཞི་བའི་ལྷ་ཚོགས་དང་གཙོ་བོའི་ཐུགས་ཀ་ནས་ས་བོན་འཕྲོས་པ་ལས་མདུན་དུ་ཆེ་མཆོག་ཡབ་ཡུམ། དེའི་ཐུགས་ཀ་ནས་ཧཱུྃ་ཧཱ་ཧེ་ཕཊ་བྷྱོ་རྣམས་ལྷའི་གྲངས་དང་མཉམ་པར་འཕྲོས་པ་ལས། ཀུན་བཟང་གི་གཡོན་དུ་བུདྡྷ་ཧེ་རུ་ཀརྩིབ་བཞིར་རིགས་བཞིའི་ཁྲག་འཐུང་ཡབ་ཡུམ། རྩིབ་བརྒྱད་ཀོའུ་རི་མ་བརྒྱད། ལྷ་སྣམ་ནང་མར་ཕྲ་མེན་བརྒྱད། ལྷ་སྣམ་ཕྱི་མའི་ཕྱོགས་བཞིར་དབང་མོ་དྲུག་རེ། སྒོའི་མཐར་ཕྱེད་བཞིའི་ཕྱི་རོལ་དུ་སྒོ་མ་བཞི། སྒོ་གཡབ་བཞིར་སྒོ་སྐྱོང་དབང་མོ་བཞི་རྣམས་བསྐྱེད་པར་མཛད་ལ། ཡང་གཞུང་དེ་ལས། འདིར་བླ་མ་གོང་མ་འགའ་ཞིག་གིས་འོག་ཁང་ཞི་བ་དང་སྟེང་ཁང་ཁྲོ་དཀྱིལ་དུ་མཛད་པ་ནི་ཆོས་སྤྱོད་དང་བསྟུན་པར་སྣང་བས་འགལ་བ་མེད་མོད། འོན་ཀྱང་ལས་བྱང་དུ་སྟེང་འོག་འགྲོས་མེད་པས་ཁྲོམས་དཀྲུགས་ཀྱི་ལུགས་འདི་གཞུང་དང་འབྱོར་བར་སྣང་བས་བཀོད་པ་སྟེ། འདི་ལའང་རྣམ་སྣང་དབུས་སུ་བཀོད་པའི་སྟེང་བར་སྣང་

ལ་ཀུན་བཟང་ཡབ་ཡུམ་འགོད་པའི་ལུགས་དཔེ་ལ་ལས་མཆན་དུ་བཤད་སྣང་ཞིང་། གཞན་དུ་དཀྱིལ་འཁོར་ནང་ནས་པད་འདབ་བཞི་འཁོར་ལོ་རྩིབ་བཞི། པད་འདབ་བཅུ་དྲུག་དང་། པད་འདབ་བཅུ་དང་། འཁོར་ལོ་རྩིབ་བཅུ་དྲུག་རྣམས་འགོད་པའི་ལག་ལེན་སྣང་བ་ནི་ལས་བྱང་ཆེ་ཆུང་། ཆོས་སྤྱོད། ཆོས་ཉིད་བར་དོའི་ངོ་སྤྲོད་སོགས་འདིའི་རྩ་བའི་ཡི་གེ་གང་དང་ཡང་མི་མཐུན་པའི་གཟུ་ལུམ་རང་བཟོ་འོ། །ཞེས་དགག་པར་མཛད་ནས། མཇུག་ཏུའང་ཆོ་གའི་འགྲོས་ཕལ་ཆེ་བ་ཞིག་ཞི་ཁྲོ་བཀའ་མ་དོང་སྤྲུགས་དང་མཐུན་པར་སྦྱར་བ་ལའང་སོམ་ཉི་མི་འཚལ་ཏེ་མཁས་ཤིང་གྲུབ་པར་གྲགས་པ་ཁ་ཅིག་གིས་གསར་རྙིང་གི་ཆོ་ག་བསྲེས་པའི་བསྒྲིགས་ཚོམ་མང་དུ་མཛད་མོད། དེ་ནི་རྒྱུད་སྡེའི་འགྱུར་སྔ་ཕྱིའི་བབ་མི་འདྲ་བས་ཉ་དང་ཉུང་མར་བསྲེ་བ་རྟོགས་ལ། འདིར་བཀའ་གཏེར་གྱི་ཆོ་ག་ཕན་ཚུན་ལྟོ་སྦྱར་བ་ནི། སྔ་འགྱུར་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀའ་མས་གཞུང་བསྲངས། གཏེར་མའི་མན་ངག་གིས་ཟུར་བརྒྱན་ཞེས་རླུང་ལྟར་གྲགས་པ་ཉིད་ཕྱག་ལེན་དུ་བཏབ་པ་སྟེ། བཀའ་མ་དོང་སྤྲུགས་ཀྱི་ཆོ་གའི་ཁོག་ཕུབ་ཀྱི་ས་བཅད་གཞིར་བཞག་པ་ལ་ཟབ་གཏེར་འདི་ཉིད་རྡོ་རྗེའི་ཚིག་གོང་འོག་འབྲེལ་བསྡེབས་ཏེ་གྱེར་བསྒོམ་བསྒྲགས་མའི་ཚུལ་དུ་སྦྱར་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །བཞེད་པ་སྔ་མའི་རང་ལུགས་ནི། སྤྱིར་ལུས་དཀྱིལ་བསྒོམ་པའི་ཚེ་འདིའི་ཆོས་སྤྱོད་ལྟར་གཞི་ལུས་རྡོར་སེམས་ཀྱི་སྙིང་ག་ལ་ཞི་བ་དང་། སྤྱི་བོར་ཁྲོ་བོའི་ལྷ་སྒོམ་པར་གསུངས་པར་ལྟར་ཡིན་མོད། དབང་བསྙེན་བསྒྲུབ་པ་སོགས་དང་འབྲེལ་བའི་ལས་བྱང་ཆེ་ཆུང་ལྟར་རྩ་བའི་དཀྱིལ་འཁོར་བསྒོམ་ཚེ། སྤྲུལ་གཞི་ཞི་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟེང་དང་། སྤྲུལ་པ་ཁྲོ་བོའི་དཀྱིལ་འཁོར་འབར་བའི་བར་ཁྱམས་

གཉིས་དང་ལྡན་པ་འོག་ཏུ་བསྐྱེད་པ་འདི་ལས་བྱང་ཆེ་བའི་དཀྱིལ་འཁོར་བསྐྱེད་སྔགས་དང་དངོས་སུ་འབྱོར་བར་མ་ཟད་ཞིབ་ཏུ་དཔྱད་ན་རྩ་བའི་ཚིག་གིས་ཀྱང་མ་ཟིན་རྒྱུ་མི་འདུག་པས་གཞུང་གི་དགོངས་པ་རྫོགས་པར་བཀྲལ་བའི་ལེགས་བཤད་གྲུབ་པའི་མན་ངག་ཁྱད་པར་ཅན་དུ་འདུག་སྟེ་གསལ་བྱེད་སྐྱ་རེངས་ལས། ནང་གི་གློ་འབུར་དགོས་པའི་གསལ་ཁ་ཆེར་མི་སྣང་ཡང་། ཕྲ་མེན་བརྒྱད་ཀྱི་གནས་ལ་དཀྱིལ་འཁོར་ཁྱམས་ཀྱི་ཞེས་གསལ་ཁ་བཏོད་པའི་རྣམ་བཅད་ཀྱིས་ཀོའུ་རིའི་གནས་ཁྱམས་མ་ཡིན་པ་ཞིག་བསྟན་པར་སོང་བ་འདིའི་གློ་འབུར་བཞི་དང་གྲུ་ཆད་ཀྱི་གྲྭ་བཞི་བསྟན་པ་ཞེས་དང་། དཀྱིལ་འཁོར་ཁྱམས་ཀྱི་ཤར་ཕྱོགས་སུ༔ སོགས་ཀྱིས་ཁྱམས་ནང་མ་གསེར་ཁྱམས་དང་། དཀྱིལ་འཁོར་ཕྱི་རིམ་ཤར་སྒོ་རུ༔ རྡོ་རྗེ་ཁུ་བྱུག་ལྕགས་ཀྱུ་དཀར༔ ཞེས་དང་། སྤྱན་འདྲེན་གྱི་སྐབས་སུ་ཡང་། དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱད༔ ཞེས་དང་། བཞུགས་གསོལ་གྱི་སྐབས་སུ་ཡང་དཀྱིལ་འཁོར་མུ་རན་སོགས་དྲངས་ནས་ཁྱམས་ཕྱི་མ་དབང་མོའི་གནས་ཁྲག་ཁྱམས་ཡོད་པར་བཤད་ཅིང་། དེ་ཡང་ཕྱི་རིམ་གྱི་སྒྲས་ནང་རིམ་ཡོད་པའང་བསྟན་པའི་ཕྱིར་རོ། །ཞེས་གསུངས་ལ། དེ་བཞིན་དུ་གནས་འདྲེན་ཀྱི་སྐབས་སུ། བྱམས་པའི་སྒོ་མ་རྟ་གདོང་མ༔ སྒོ་བ་ཁྲོ་བོ་རྣམ་པར་རྒྱལ༔ སོགས་ཀྱིས་དང་པོ་ཁྲོ་བོའི་སྒོ་མ་བཞི་དང་། དེ་ནས་ཞི་བའི་སྒོ་བ་ཡབ་ཡུམ་གསུངས་པ་དང་། གཞན་ལས་བྱང་ཆེ་བའི་སྤྱི་བསྐུལ་དུ། ཞི་བ་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས༔ རྒྱལ་བ་ཀུན་གྱི་སྤྱི་མྱེས་ཀུན་ཏུ་བཟང་༔ ཞེས་ཞི་བའི་དཀྱིལ་འཁོར་སྔོན་དུ་དང་། ཆོས་སྐུ་ཞི་བའི་རིགས་རྩལ་ཆོ་འཕྲུལ་ལས༔ ཉོན་མོངས་གདུག་པ་འདུལ་བའི་ཁྲག་འཐུང་འཕྲོས༔ ཞེས་དེ་ལས་ཁྲོ་བོའི་དཀྱིལ་འཁོར་སྤྲོས་པ་དང་། ཁྲག་འཐུང་རོལ་པའི་དུར་ཁྲོད་

ཆེན་པོ་ནས༔ ཞེས་ཁྲོ་དཀྱིལ་དེའི་རྒྱུ་དུར་ཁྲོད་ཀྱི་མཚན་ཉིད་དུ་རྫོགས་པར་བསྟན་པ་ཡིན་ཏེ། དཔེར་ན་ཚོགས་ཆེན་འདུས་པའི་སྐབས། སྟེང་ཁང་ཞི་བ་བྱང་ཆུབ་སྙིང་པོ་ལ། འོག་ཁང་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ནི། ཞེས་སོགས་གསུངས་པ་དང་རྣམ་པ་མཚུངས་པའོ། །ཡང་གང་དག་ལུས་ཀྱི་དཀྱིལ་འཁོར་ལ་རྩ་གནས་འཁོར་ལོའི་དབང་གིས་སྙིང་གར་ཞི་བ་དང་། སྤྱི་བོར་ཁྲོ་བོ་མཛད་པ་དང་མཐུན་པར་ཕྱི་དཀྱིལ་ལའང་དེ་ལྟར་བྱེད་དོ་སྙམ་ན། འདིར་མ་ཧཱ་ཡོ་གའི་བསྐྱེད་རིམ་རྒྱུད་ཀྱི་གླེང་གཞི་ལྟར་ཞི་བ་ནས་རིམ་གྱིས་བསྐྱེད་པའི་སྐབས་ལྷ་ཆེན་རྣམས་ཀྱི་ཆུང་མ་སྲིན་མོའི་གཟུགས་སོགས་ལྟར་དབང་མོ་རྣམས་ཀྱིས་སྔོན་དཔལ་ཆེན་པོའི་སྤྱན་སྔར། དབུས་ནས་མི་འཚལ་དཀྱིལ་འཁོར་མུ་རན་སྐྱོང་༔ ཞེས་པ་ལྟར་དཀྱིལ་འཁོར་གྱི་མཐར་བཀོད་པ་བཤད་པས་ན། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ཡང་སྟེང་གི་ནམ་མཁར་ཇི་ལྟར་འཁོད། འདི་སྒོམ་པའི་དུས་ཡིན་པས་རྟོག་ཚོགས་དག་པ་ལྷ་སྣང་གཅིག་གི་རོལ་པ་གྱང་ལོག་གཅིག་གི་རི་མོ་ལ་རྒྱུད་ཐ་དད་པའི་མཐོ་དམན་མེད་པ་བཞིན་ཡིན་པས་སྐྱོན་དེ་མེད་ཅེ་ན། ལར་བསྐྱེད་རིམ་བསྒོམ་པའི་དགོས་པ་ནི་སྦྱངས་བྱ་འཁོར་བའི་བག་ཆགས་ལ་ལྟོས་ནས་དེ་སྦྱངས་པ་སོགས་དག་རྫོགས་སྨིན་པའི་བྱེད་ལས་ཅན་ཡིན་པས་གོ་རིམས་དང་གཙོ་འཁོར་འཁྲུགས་པ་སོགས་མི་རུང་ལ། རྒྱུད་མཐོ་དམན་མེད་པས་དེ་ལྟར་བྱེད་ན་གཙོ་བོ་ཀུན་བཟང་ཡང་སྒོ་སྐྱོང་དུ་བྱེད་རིགས་པ་སོགས་གཙོ་འཁོར་གྱི་རྣམ་བཞག་ཐམས་ཅད་ནུབ་པས་ཧ་ཅང་ཐལ་ལོ། །གྱང་ལོག་གི་རི་མོ་དང་བཟོ་དབྱིབས་དང་བཀོད་པ་གཙོ་འཁོར་མཐོ་དམན་ཆེ་ཆུང་ལྟར་ཡོད་པས་དཔེ་ཡང་གྲུབ་བོ། །ཡང་གང་དག་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔའི་སྟེང་མེ་རི་འབར་བའི་དཀྱིལ་འཁོར་

བསྟན་ཅིང་ལུགས་འདིའི་འཚང་རྒྱ་བའི་ཞིང་ཡང་དེར་བཤད་དགོས་པས་ན་ཁྲོ་དཀྱིལ་སྟེང་དུ་བྱེད་རིགས་སོ་ཞེས་པ་དང་། དེའི་རྣམ་པ་ལམ་བྱེད་ཀྱི་དཀྱིལ་འཁོར་མ་ཧཱ་ལྟར་གྱི་ཕྱི་དཀྱིལ་འདི་མིན་པ་ལས་གཞན་དུ་འདིའི་གཞུང་གི་ལམ་བསྟན་གྱི་དུས་ཞིང་ལྔ་ལས་མེ་རི་འབར་བ་མ་བསྟན་པས་ཤེས་སོ། །ཡང་ལམ་བསྟན་གྱི་དུས་རྡོར་སེམས་དབུས་སྡུག་པོ་བཀོད་ཞིང་དུ་བཞུགས་པར་གསུངས་པས་ན་རྡོར་སེམས་གཙོ་བོར་བྱེད་ཅིང་རྣམ་སྣང་ཤར་དུ་བསྐྱེད་དགོས་ཟེར་བའང་། གནས་སྤར་སྐབས་འདིར་བསྟན་པའི་དཀྱིལ་འཁོར་གྱི་ནང་སོགས་བྱེད་པ་མིན་པ་དང་། ཨོ་རྒྱན་ཆེན་པོའི་མཛད་པའི་མཁའ་འགྲོ་སྙིང་ཐིག་སོགས་ཞི་ཁྲོའི་སྐོར་ཐམས་ཅད་ལས་གཙོ་བོ་རྣམ་སྣང་དུ་མཛད་པས་ན་སྨྲས་པ་ཙམ་དུ་ཟད་དོ། །མཚན་བྱང་མདའི་རྩེར་བཏགས་པ་དང་། དཀྱིལ་འཁོར་གྱི་སྟེང་དུ་འཕེན་པ་སོགས་བཤད་པའི་ཡིག་ཆུང་སྒྲས་ཟིན་ལ་བཤད་པ་ནི་འབྲེལ་མེད་ཅིང་འདོན་ཆོག་ལྟར་ཐབས་ཤེས་ལ་གོ་བའི་དྲང་ངེས་ཀྱི་བཤད་པའི་དོན་རྟོགས་དགོས་པས་མཁས་པར་བྱའོ། །ཡང་ཞི་བའི་ལྷ་བསྐྱེད་ཟིན་པ་དང་། འབྲུ་གསུམ་བརྗོད་པས་ནམ་མཁར་བཏེགས་ལ་དེའི་ཤུལ་དུ་ཁྲོ་བོ་རྣམས་བསྐྱེད་ནས་ཞི་བ་དབུ་རྒྱན་རིགས་བདག་གི་ཚུལ་དུ་བསྐྱེད་པར་བཞེད་པའང་། ལྷ་ཡབ་ཡུམ་སོ་སོར་མ་ཕྲལ་ན་གྲངས་ཉུང་ནས་འདིར་རིགས་བདག་གི་དོན་མེད་པས་སྐབས་འདི་བཞིན་ཤུགས་ཀྱིས་འགྲོ་ལ། ཕྲལ་ནའང་སེམས་དཔའ་དང་སྒོ་བ་སོགས་ཀྱིས་དབུ་བརྒྱན་པའི་ལྷ་འབྱུང་བ་མཐོང་ངོ་། །སྐབས་འདིར་དགག་སྒྲུབ་བྱ་བ་མིན་ཀྱང་སྒོམ་ཡིག་དུ་མ་འདིར་བྱུང་བའི་དོགས་པ་བསལ་བའོ། །དེ་ལྟར་འཁོར་བའི་དུས། བྱིས་པ་ཕྱིར་བཙས་ནས་དབང་

པོ་རིམ་པར་རྒྱས་ཤིང་འདོད་པའི་ཡུལ་ལ་ལོངས་སྤྱོད། བུ་དང་འཁོར་འབང་རྒྱས་པ་སོགས་དང་། རྫོགས་རིམ་གྱི་དུས་སུ་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་རིག་འཛིན་གྱི་སྐུར་གྲུབ་ཟུང་འཇུག་གི་དཀྱིལ་འཁོར་མངོན་དུ་སྤྲོ་ནུས་པ་དང་། སངས་རྒྱས་ཀྱིས་གང་འདུལ་སྤྲུལ་པ་དཔག་མེད་སྤྲོས་པ་དང་རྣམ་པ་མཐུན་པ་སོགས་དག་རྫོགས་སྨིན་པའི་བྱེད་ལས་ཅན་གྱི་གོང་བཤད་ལྟར་གཙོ་བོ་ཡབ་ཡུམ་གཉིས་སུ་མེད་པའི་བདེ་སྟོང་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཡིག་འབྲུའི་མཚན་པ་ཐུགས་ཀ་ནས་སྤྲོས་ཏེ་རང་རང་གི་གདན་ལ་བབས་པ་ལས་རྟོག་ཚོགས་དག་པ་ཞི་ཁྲོའི་འཁོར་གྱི་རྣམ་པར་འགོད་པ་ནི་བཅུད་རྣམ་པར་དག་པ་བརྟེན་པའི་ལྷ་བསྐྱེད་པའི་ཚུལ་ལོ། །དེ་ནས་བྱིན་རླབས་སོགས་སྐྱབས་རྗེས་ལས་བྱང་ཆེ་བའི་ཞི་བ་བསྐྱེད་ཟིན་པས་ༀ་ཨཱཿཧཱུྃ་ཚར་གསུམ་བརྗོད་པའི་དང་པོའི་དུས་ལྷ་ཐམས་ཅད་གྱི་གནས་གསུམ་དུ། ཟླ་བ། པདྨ། ཉི་མ་ལ་འབྲུ་གསུམ་དང་། གཉིས་པའི་ཚེ་དེ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་དྲངས་ཏེ་བསྟིམ་པ་དང་། གསུམ་པའི་དུས་སུ། སྤྱི་བོར་རྣམ་སྣང་། མགྲིན་པར་སྣང་མཐའ། ཐུགས་གར་མི་བསྐྱོད་པ་གསུམ་གྱི་སྐུར་གྱུར་པས་རྒྱས་གདབ་པར་བསྒོམ་ཞིང་གནས་གསུམ་དུ་རྡོ་རྗེའི་ཕྱག་རྒྱ་འཇོག་པར་གསུངས། དབང་བསྐུར་ནི་བྱེད་དགོས་པའི་གསལ་ཁ་མ་བྱུང་བས་མ་བྱས་ཀྱང་ཆོག་པར་མངོན་གསུངས། ལོ་ཆེན་རིན་པོ་ཆེས་ནི་ལྷ་ཡོངས་རྫོགས་བསྐྱེད་གྲུབ་རྗེས་སུ་ཞི་ཁྲོ་བཀའ་མའི་འགྲོས་ལྟར་ལ་བྱིན་རླབས་ནི་ཡི་གེ་བསྒོམས་པ་ཙམ་དང་། དབང་བསྐུར་ནི་རྒྱས་པར་གསུངས་སོ། །གནད་ཀྱི་འགངས་ཆེ་བ་འདི་ལྟ་བུ་བཀའ་མའི་གཞུང་གིས་ཁ་བསྐང་བ་ནི། བཀའ་བརྒྱད་དབང་གི་ཆོ་གའི་སྡོམ་ལས། རྒྱུད་

འདི་ཏནྟྲ་བཅོ་བརྒྱད་ཀྱི། །རྩ་བ་ཡིན་པས་ཟབ་པར་འདུག །གང་ཟག་སྤྲོས་ལ་དགའ་བ་རྣམས། །དབང་དང་ཆོ་ག་ཁ་བསྐངས་སོགས། །རྒྱས་པར་འདོད་ན་རིགས་མཐུན་པའི། །ཆོ་ག་གཞན་དང་གཞན་ནས་བླང་། །ལེན་དུ་རུང་བ་ང་ཡི་བཀའ། །ཀུན་ཏུ་བཟང་པོའི་གནང་བ་སྟེ། །ཞེས་པ་ལྟར་བཀའ་གཏེར་མན་ངག་ཟུང་དུ་འཇུག་པ་ཡན་ལག་བཞི་རྫོགས་ཀྱི་ལྷ་བསྐྱེད་ཚང་བའི་གནད་བླ་ན་མེད་པ་སྐལ་བཟང་གི་སྐྱེ་བོ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྤྱི་བོར་ལེན་པའི་འོས་ཡིན་ནོ། །རིགས་བདག་གི་རྒྱས་འདེབས་ཚུལ་རྒྱུད་འགྲེལ་ལྟར། །ཀུན་བཟང་རྡོར་སེམས་ཆེ་མཆོག་བསྐྱེད་ན་དེ་དང་། བཛྲ་ཧེ་རུ་ཀ་རྣམས་ཡབ་ཡུམ་ཐུབ་པ་དྲུག་དང་བཅས་པ་རྣམས་ལ་མི་བསྐྱོད་པ། རྣམ་སྣང་བུདྡྷ་ཁྲག་འཐུང་ས་སྙིང་བྱམས་པ་རྣམ་པར་རྒྱལ་བ་རྣམས་ཡབ་ཡུམ་དང་བཅས་པ་ལ་རྣམ་སྣང་། རིན་འབྱུང་རཏྣ་ཧེ་རུ་ཀ་ཀུན་བཟང་ནམ་སྙིང་གཤིན་རྗེ་གཤེད་པོ་རྣམས་ཡུམ་དང་བཅས་པར་རིན་འབྱུང་། སྣང་མཐའ་པདྨ་ཧེ་རུ་ཀ་སྤྱན་གཟིགས་འཇམ་དཔལ་རྟ་མགྲིན་རྣམས་ཡུམ་དང་བཅས་པ་ལ་སྣང་མཐའ། དོན་གྲུབ་ཀརྨ་ཧེ་རུ་ཀ་སྒྲིབ་སེལ་ཕྱག་རྡོར་བདུད་རྩི་འཁྱིལ་པ་རྣམས་ཡུམ་དང་བཅས་པར་དོན་གྲུབ་གཙོ་བོར་གྱུར་པའི་རིགས་ལྔ་རེ་དང་། གནས་ཡུལ་སྒོ་སྐྱོང་གི་ཁྲོ་མོ་ཉི་ཤུ་ལ་ཡེ་ཤེས་ལྔ་དང་ལྡན་པའི་དབང་རྟགས་སུ་རྡོ་རྗེ་རྩེ་ལྔ་པ་རེ་དང་། དབང་མོ་རྣམས་ལ་རྡོ་རྗེ་རྩེ་གསུམ་པ་རེ་རེས་དབུ་བརྒྱན་ནོ་གསུངས། འདི་གཉིས་ནི་འཁོར་བའི་དུས་སྒོ་གསུམ་གྱི་ནུས་པ་རྒྱས་ནས་རང་རིགས་ཀྱི་ཆོས་ལ་འཇོག་པ་དང་། སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་དང་ཡེ་ཤེས་ལྔས་རང་དབང་བསྒྱུར་བ་དང་རྫོགས་རིམ་རིག་འཛིན་གྱི་གནས་རྣམས་གོང་ནས་གོང་དུ་རྒྱས་པ་སོགས་དང་མཐུན་པའི་དག་རྫོགས་སྨིན་པའི་གནད་རྣམས་ཀྱང་

ཤེས་པར་བྱའོ། །གཉིས་པ་ནི། འཁོར་བའི་དུས་རང་རིགས་ཀྱི་གོ་ས་ནོན་པ། སངས་རྒྱས་ཀྱི་དུས་དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེར་མེད་པའི་ཡོན་ཏན་རྫོགས་པ། རྫོགས་རིམ་གྱི་དུས་ཟུང་འཇུག་གི་གནས་ཡང་དག་པར་སོན་པ་སོགས་ཀྱི་དག་རྫོགས་སྨིན་པའི་བྱེད་ལས་ཅན་ནོ། །གཉིས་པ་ནི་རྒྱུད་རྣམ་པར་དག་པ་ཡེ་ཤེས་སེམས་དཔའི་ངོ་བོར་སྒྲུབ་པའི་ཕྱིར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པ་ནི། ཧཱུྃ་དཔེ་མེད་བསམ་བརྗོད་སོགས་ཀྱིས་དམ་ཚིག་གི་འཁོར་ལོའི་མདུན་གྱི་ནམ་མཁར་སྤྱན་དྲངས། བརྟན་པར་བཞུགས་གསོལ་ནི། ཧཱུྃ་སྒྱུ་མ་གཟུགས་བརྙན་སོགས་ཀྱིས་དམ་ཚིག་པའི་དཀྱིལ་འཁོར་དང་དབྱེར་མེད་དུ་བསྟིམ། ཕྱག་འཚལ་བ་ནི། ཧཱུྃ་ཡིད་ཆོས་གནས་དག་སོགས། མཆོད་པ་འབུལ་བ་ལ་སྤྱི་དང་ཁྱད་པར་གཉིས་ལས་དང་པོ་ནི། རྡོ་རྗེ་ལྷ་མོ་བཅུ་དྲུག་གི་ཕྱི་ཉེར་སྤྱོད་ཀྱི་མཆོད་པ་སྤྲོ་བའི་ལྷ་མོ་ལྔ་ནི། ཧཱུྃ་བླ་མ་ཀུན་བཟང་རྒྱལ་བ་སོགས་འདིའི་རོལ་མོ་ནི་སྤྱི་ཡིན་ནོ། །ནང་འདོད་ཡོན་གྱི་ལྷ་མོ་དྲུག་གི་གཟུགས་རྣམས་སྒེག་མོ། སྒྲ་གླུ་མ། དྲི་བདུག་སྤོས་སམ་དྲི་ཆབ་མ། རོ་ཞལ་ཟས་མ། རེག་བྱ་ཆོས་ཀྱི་ལྷ་མོ་གཉིས་ཏེ་དྲུག་གིས་མཆོད་པ་ནི། ཧཱུྃ་བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ སོགས་འདི་རྣམས་ཀྱི་མཚན་མ་རྡོ་རྗེ་གཟུགས་མ་སོགས་གསུངས་སོ། །གསང་བ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིག་མ་ལྔ་འབུལ་བ་ནི། ཧཱུྃ་སྣང་བ་ཡབ་ལ་སོགས། ཁྱད་པར་གྱི་མཆོད་པ་ལ་གསུམ་གྱི་བདུད་རྩི་མཆོད་པ་ནི། ཧཱུྃ་རིགས་ལྔ་ཡབ་ཡུམ་སོགས། རཀྟ་ནི་ཧཱུྃ་དུག་ལྔ་ཡེ་ཤེས་སོགས། གསུམ་པ་ནི། ཧཱུྃ་ཕྱི་སྣོད་འཇིག་རྟེན་སོགས། ཆེ་བའི་ཡོན་ཏན་ལ་བསྟོད་པའི་མཆོད་པ་ནི། ཧཱུྃ་སྐུ་ནི་མི་འགྱུར་སོགས། བཤགས་པ་ནི། ཧཱུྃ་བླ་མ་ཀུན་བཟང་སོགས། དེ་ལྟར་འཁོར་བའི་

དུས་ཡུལ་གྱི་ལོངས་སྤྱོད་ལ་རོལ་བ་དང་། ཡོན་ཏན་ལ་བསྟོད་བསྔགས་དང་། སངས་རྒྱས་ཀྱི་དུས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་བསྟོད་དང་། རྫོགས་རིམ་ཟུང་འཇུག་གི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་སྤྱོད་པ་ཆེན་པོ་དང་། རྒྱལ་བའི་ཞིང་ཁམས་སུ་རིག་འཛིན་གྱི་གྲགས་པས་བསྟོད་པ་རྣམས་ཀྱིས་དག་རྫོགས་སྨིན་པའི་བྱེད་ལས་ཅན་ནོ། །ཇི་སྐད་དུ། བསྐྱེད་དང་སྤྱན་འདྲེན་ཕྱག་འཚལ་དང་། །མཆོད་བསྟོད་ཆོ་ག་གཞུང་བཞིན་ལ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །དེ་ལས་ལྡོག་མེད་མ་ཡེངས་བྱ། །དངོས་གྲུབ་མྱུར་དུ་ཐོབ་པར་ངེས། །གསུངས་པ་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་གི་ཡོན་ཏན་རྫོགས་པའི་ཕྱག་འཚལ་མཆོད་པ་སོགས་ཐམས་ཅད་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་རོལ་སྒྱུ་མ་དང་རྨི་ལམ་གྱི་རྩེ་འཇོ་བཞིན། ལྷ་ལ་ལྷས་མཆོད་པ་དང་། ཡེ་ཤེས་ལ་ཡེ་ཤེས་རོལ་པའི་ཚུལ་གྱིས་བྱས་པས་མཐའ་ཡས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་མཆོད་པར་འགྱུར་ཏེ། རྒྱལ་བ་རྣམས་ནི་རྒྱུད་ཐ་དད་པའི་དངོས་བྱས་ཀྱི་དབྱེ་བ་མེད་པར་ཆོས་ཀྱི་དབྱིངས་སུ་ཚུལ་གཅིག་པར་བཞུགས་པ་དང་། འགྲོ་བའི་དོན་ལ་དགོངས་པ་རྒྱུན་མི་འཆད་པར་མཉམ་པ་ཡིན་པའི་ཕྱིར་ཏེ། སྒྲུབ་ཐབས་ཀུན་བཟང་ལས། ཕྱིན་ཅི་ལོག་གི་རྟོག་པ་སྤང་བ་ཡིས། །བྱ་བ་མ་ལུས་པ་ནི་རྫོགས་པར་བྱ། །དེ་ཡིས་ཐུབ་པའི་འཁོར་ལོ་མ་ལུས་པ། །མཆོད་པ་འདི་ནི་ཀུན་ཏུ་མཆོག་ཡིན་ནོ། །ཞེས་སོ། །གསུམ་པ་སྐབས་དོན་བསྙེན་པའི་ཚུལ་དངོས་ལ་གསུམ། སྐུ་ཕྱག་རྒྱ་ཆེན་པོ་ལྷའི་རྣལ་འབྱོར་དང་། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་དང་། ཐུགས་འོད་གསལ་ཆོས་སྐུའི་རྣལ་འབྱོར་རོ། །དང་པོ་ནི། སྤྱིར་སྤང་བྱའི་རིགས་སུ་གྱུར་པའི་

སྒྲིབ་པ་ཐམས་ཅད་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་གཉིས་སུ་འདུ་བ་ལ་རྣལ་འབྱོར་ཆེན་པོའི་ལུགས་འདིར་དེ་ལས་ཐ་མལ་གྱི་སྣང་ཞེན་ཞེས་གྲགས་པས་སྤང་བྱའི་རིགས་ཐམས་ཅད་དེར་འདུ་བར་ཟད་དོ། །དེ་ཡང་ཐོག་མ་མེད་པ་ནས་ཞུགས་པའི་མ་རིག་པའི་བག་ཆགས་ཀྱི་དབང་གིས་རང་གི་ཡིད་ངོར་སྣོད་བཅུད་ཀྱི་དངོས་པོ་མ་དག་རང་ག་མར་དབང་མེད་དུ་འཆར་བ་འདི་ཐ་མལ་གྱི་སྣང་བ་དང་། དེ་ལ་སྣང་བ་ལྟར་བདེན་པར་གྲུབ་བོ་སྙམ་དུ་འཛིན་ཅིང་བདག་དང་བདག་གིར་ཞེན་པའི་ལོག་རྟོག་གིས་སྒྲོ་བཏགས་ནས་རྟག་ཏུ་འཁྲུལ་ཞིང་ལས་སྣ་ཚོགས་བསགས་པས་སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་འདིར་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་ཞིང་རྒྱུན་མི་འཆད་པར་འཁོར་རོ། །དེ་ཡང་ཐ་མལ་གྱི་སྣང་བས་བསྡུས་པ་ནི་ཤེས་བསྒྲིབ་དང་ཞེན་པས་བསྡུས་པ་ནི་ཉོན་སྒྲིབ་ཏུ་གཙོ་བོར་བཞག་པའོ། །དེ་ལྟ་བུའི་སྒྲིབ་པ་གཉིས་ཀྱི་གཉེན་པོའི་ཕྱོགས་སུ་གྱུར་པའི་ལམ་ལ་རིམ་པ་གཉིས་ཀྱི་དང་པོ་བསྐྱེད་རིམ་ནི། ཐ་མལ་གྱི་སྣང་བའི་གཉེན་པོར་ཆོ་གའི་ཡན་ལག་ཚང་བའི་སྒོ་ནས་བསྐྱེད་པའི་རྟེན་དང་བརྟེན་པའི་ལྷའི་གསལ་སྣང་ལ་སྤྱི་དང་བྱེ་བྲག་གི་ཚུལ་དུ་བསླབ་པ་དང་། ཐ་མལ་གྱི་ཞེན་པའི་ངའོ་སོགས་ཀྱི་གཉེན་པོར་དཔལ་ཀུན་ཏུ་བཟང་པོ་ངའོ་སོགས་དང་། དེ་སྤང་རྟོགས་ཀྱི་ཡོན་ཏན་རྫོགས་པའི་སངས་རྒྱས་དངོས་ཡིན་ནོ་སྙམ་པའི་ང་རྒྱལ་དང་པོ་ནས་བཅོས་ནས་ཡང་དང་ཡང་དུ་བསྐྱེད་པས་ཅི་ཞིག་ན་དེའི་རྒྱུན་ལས་བཅོས་མིན་གྱི་གསལ་སྣང་དང་ང་རྒྱལ་བརྟན་པར་འགྱུར་རོ། །ལར་ཐུན་མོང་གི་ཕྲ་བ་སོགས་སྒྲུབ་པ་ལ་དེ་ཙམ་གྱི་སྟེང་ནས་སྒྲུབ་ན་ཆོག་མོད་དེ། མཆོག་གི་དངོས་གྲུབ་གྱི་རྒྱུར་གྱུར་པའི་བསྐྱེད་རིམ་ཁྱད་པར་ཅན་ལ་ནི་དེ་ཙམ་དུ་མ་ཟད། བདག་ཏུ་

འཛིན་པའི་ལོག་རྟོག་དང་རྣམ་པ་དངོས་སུ་འགལ་བའི་ཤེས་རབ་ཀྱིས་ཟིན་པར་བྱས་ནས་ཆོས་ཉིད་ཀྱི་རང་བཞིན་དུ་གཞི་འབྲས་འབྲེལ་བའི་དག་པ་སྤྱོར་ཚུལ། སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔ བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས༔ གསང་ཆེན་རབ་དགྱེས་གཟུངས་ཆེན་བདག་ཉིད་མས༔ མཁའ་དབྱིངས་ཀློང་ཡངས་པདྨོར་འཁྱིལ་བ་དེར༔ གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་བ༔ ཞེས་སོགས་གསུངས་པ་ལྟར་རང་བཞིན་ཡོངས་ཤེས་ཀྱི་ལྟ་བ་ཡང་ཡང་གོམ་པར་བྱས་ནས་ལྷ་རང་རྒྱུད་དུ་འཛིན་པ་ལས་ལྡོག་སྟེ་ཟབ་དང་རྒྱ་ཆེ་བ་གཉིས་སུ་མེད་པའི་སྣང་སྟོང་ཟུང་འཇུག་གི་བསྐྱེད་རིམ། སྒྱུ་མ་གཟུགས་བརྙན་ཆུ་ཟླ་འཇའ་ཚོན་ལྟར༔ རང་ལས་བྱུང་ཞིང་རང་བྱུང་རང་ཐིམ་བཞིན༔ གཉིས་མེད་ཟུང་འཇུག་དབྱེར་མེད་ཆེན་པོ་རུ༔ ཞེས་པ་ལྟར་སྤྱིར་ཆོས་ཐམས་ཅད་ནི་ཕན་ཚུན་ལྟོས་ནས་བཞག་པའི་རྟེན་འབྲེལ་ཙམ་ཡིན་པས་ན་རང་བཞིན་གྱིས་གྲུབ་པའི་བདེན་པ་ནི་མེད་པ་ལྟར་ལྷའི་དཀྱིལ་འཁོར་ཀྱང་དེ་ལྟར་ཤེས་པར་བྱས་ནས་བསྒོམ་པའི་ཚེ་ན་སྣང་བཞིན་དུ་སྟོང་ཞིང་སྟོང་བཞིན་དུ་རྣམ་པར་སྣང་བ་ལ་བསླབ་ཅིང་ཁྱད་པར་དུ། རྣམ་པར་རྟོག་གསུམ་བྲལ་བ་ཡི༔ དམིགས་མེད་བརྗོད་བྲལ་དེ་བཞིན་ཉིད༔ ཅེས་དང་། རྟོག་བྲལ་ངང་ལས་རང་བྱུང་རྩལ༔ སྟོང་ཉིད་སྙིང་རྗེ་ཀུན་ཏུ་སྣང་༔ ཞེས་གསུངས་པ་ལྟར་གཉུག་མའི་རྩ་རླུང་ཐིག་ལེ་ལ་བརྟེན་པའི་གཞི་དུས་ཀྱི་སྐུ་གསུམ་བླ་མའི་མན་ངག་གི་ངོ་རང་ཐོག་ཏུ་འཕྲོད་པ་ན། རིག་སྟོང་སྤྲོས་བྲལ་བྱང་ཆུབ་སེམས་ཀྱི་རང་རྩལ་ཡུལ་གང་ཤར་སྟོང་ཉིད་ཀྱི་གཤིས་སུ་ལམ་ལམ་གྲོལ་བའི་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་མ་རིག་པ་གཞི་ནས་སངས་ཏེ་རིག་པའི་ཡེ་ཤེས་སུ་གནས་འགྱུར་བའི་རྩལ་སྣང་འགགས་མེད་དུ་ཤར་བའི་སྣོད་བཅུད་དག་པ་

རབ་འབྱམས་ཀྱི་དཀྱིལ་འཁོར་དུ་མ་བཙལ་ལྷུན་གྱིས་གྲུབ་པའི་ཚུལ་ལ་ངེས་ཤེས་འདྲོངས་པ་ནི་སྤྱིར་རྣམ་དག་སྦྱོར་ཚུལ་གྱི་གནད་དམ་པའོ། །བྱེ་བྲག་ཏུ་ལྷ་སོ་སོའི་དག་པ་སྦྱོར་ཚུལ་ནི། ནམ་མཁའི་ཁམས་དང་གཏི་མུག་གཟུགས་ཕུང་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་རྣམ་སྣང་ཡབ་ཡུམ་ངའོ། །ཞེས་དག་པའི་བདག་ཉིད་ལ་ངེས་ཤེས་བསྐྱེད་དོ། །དེ་བཞིན་དུ་ས་ཁམས་ཞེ་སྡང་རྣམ་ཤེས་ཀྱི་ཕུང་པོ་དག་པ་མེ་ལོང་ཡེ་ཤེས་ཐུགས་གྱི་བདག་ཉིད་རྡོ་རྗེ་སེམས་དཔའ་ཡབ་ཡུམ། ཆུ་ཁམས་ང་རྒྱལ་ཚོར་ཕུང་དག་པ་མཉམ་ཉིད་ཡེ་ཤེས་ཡོན་ཏན་གྱི་བདག་ཉིད་རིན་ཆེན་འབྱུང་ལྡན་ཡབ་ཡུམ། མེ་ཁམས་འདོད་ཆགས་འདུ་ཤེས་ཀྱི་ཕུང་པོ་དག་པ་སོར་རྟོགས་ཡེ་ཤེས། གསུང་གི་བདག་ཉིད་སྣང་བ་མཐའ་ཡས་ཡབ་ཡུམ། རླུང་ཁམས་ཕྲག་དོག་འདུ་བྱེད་ཀྱི་ཕུང་པོ་དག་པ་བྱ་གྲུབ་ཡེ་ཤེས་ཕྲིན་ལས་ཀྱི་བདག་ཉིད་དོན་ཡོད་གྲུབ་པ་ཡབ་ཡུམ། ཡིད་ཀྱི་སྐྱེ་མཆེད་དག་པ་ཀུན་ཏུ་བཟང་པོ་དང་། དེའི་ཡུལ་ཆོས་ཁམས་དག་པ་ཀུན་ཏུ་བཟང་མོའོ། །མིག་གི་རྣམ་ཤེས་དག་པ་ས་སྙིང་། རྣ་བ་ནམ་མཁའི་སྙིང་པོ། སྣ་སྤྱན་རས་གཟིགས། ལྕེ་ཕྱག་རྡོར་དག་པའོ། །དེ་རྣམས་ཀྱི་ཡུལ་གཟུགས་དག་པ་སྒེགས་མོ་དང་། སྒྲ་ཕྲེང་བ་མ། དྲི་གླུ་མ། རོ་གར་མའོ། །མིག་གི་དབང་པོ་དག་པ་བྱམས་པ། རྣ་བ་སྒྲིབ་སེལ། སྣ་ཀུན་བཟང་། ལྕེའི་དབང་པོ་དག་པ་འཇམ་དཔལ། དབང་པོའི་ཡུལ་དུས་བཞིའི་འདས་དུས་སྤོས་མ། ད་ལྟ་མེ་ཏོག་མ། མ་འོངས་སྣང་གསལ་མ། མ་ངེས་དག་པ་དྲི་ཆབ་མའོ། །ཉོན་མོངས་པ་ང་རྒྱལ་དག་པ་ལྷའི་ཐུབ་པ། ཕྲག་དོག་ལྷ་མིན་ཐུབ་པ། འདོད་ཆགས་མིའི་ཐུབ་པ། གཏི་མུག་བྱོལ་སོང་གི་ཐུབ་པ། སེར་སྣ་ཡི་དྭགས་ཐུབ་པ། ཞེ་སྡང་དག་པ་དམྱལ་བའི་ཐུབ་པ། ལུས་ཀྱི་

ཆོས་བཞིའི་ལུས་ཀྱི་རྣམ་ཤེས་དག་པ་རྣམ་རྒྱལ། ལུས་དབང་གཤིན་རྗེའི་གཤེད། ལུས་ཀྱི་རེག་བྱ་རྟ་མགྲིན། རེག་ཤེས་བདུད་རྩི་འཁྱིལ་པར་དག་པའོ། །ཕྱིན་ཅི་ལོག་གི་ལྟ་བ་བཞིའི་རྟག་པ་དག་པ་ལྕགས་ཀྱུ་མ། ཆད་ལྟ་དག་པ་ཞགས་པ་མ། བདག་ལྟ་དག་པ་ལྕགས་སྒྲོགས་མ། མཚན་མར་ལྟ་བ་དག་པ་དྲིལ་བུ་མ། དེ་ཡང་ཞི་ཁྲོ་གཉིས་ལ་དག་སྦྱོར་ཐ་དད་དུ་གསུངས་པ་ནི་མེད་དེ། ཞི་བ་གནས་གྱུར་ཁྲོ་བོ་ཡིན་པའི་ཕྱིར། ཞི་བ་རིགས་ལྔའི་སྒྲུབ་གཞི་གང་ཡིན་པ་དེ་ནི་ཁྲག་འཐུང་རིགས་ལྔའི་སྒྲུབ་གཞིའང་ཡིན་ལ་སོགས་གསུངས། གཞུང་འདིར་དབང་གི་དག་སྦྱོར་གྱི་སྐབས། ངོ་སྤྲོད་ཀྱང་གོང་ལྟར་བྱ་བ་གསུངས་པ་ལྟར། ཁྲོ་བོའི་དག་སྦྱོར་ཀྱང་རྣམ་པ་ལམ་བྱེད་བསྒོམ་པའི་སྐབས་འདིར་སྦྱར་ན་སྣང་བ་འགྱུར་བའི་ངེས་ཤེས་བསྐྱེད་པ་ལ་ཁྱད་ཆེ་བས། ཇི་སྐད་དུ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དག །ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར། །སོགས་ལྟར། གཏི་མུག་ཤས་ཆེ་བའི་གདུལ་བྱ་མ་རུང་བ་ཞི་བས་གདུལ་དཀའ་བ་རྣམས་ཚར་གཅོད་པའི་ཕྱིར། གཏི་མུག་ཆེན་པོའི་ཚུལ་གྱིས་རྔམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་བཅོམ་ལྡན་འདས་དཔལ་ཆེན་བུདྡྷ་ཧེ་རུ་ཀ་ངའོ། །དེ་བཞིན་དུ་ཞེ་སྡང་ཆེན་པོའི་ཚུལ་གྱིས་ཞེ་སྡང་འཇོམས་མཛད་ཐུགས་ཀྱི་བདག་ཉིད་བཛྲ་ཧེ་རུ་ཀ་དང་ང་རྒྱལ་ཆེན་པོའི་ཚུལ་གྱིས་ང་རྒྱལ་འཇོམས་མཛད་ཡོན་ཏན་གྱི་བདག་ཉིད་རཏྣ་ཧེ་རུ་ཀའདོད་ཆགས་ཆེན་པོའི་ཚུལ་གྱིས་འདོད་ཆགས་འཇོམས་མཛད་གསུང་གི་བདག་ཉིད་པདྨ་ཧེ་རུ་ཀཕྲག་དོག་ཆེན་པོའི་ཚུལ་གྱིས་ཕྲག་དོག་འཇོམས་མཛད་ཕྲིན་ལས་ཀྱི་བདག་ཉིད་ཀརྨ་ཧེ་རུ་ཀ དེ་དག་གི་རིགས་བསྐྱེད་པའི་ཡུམ་འབྱུང་བ་ཆེན་པོ་ལྔའི་དག་པ་གནས་འགྱུར་ཆོས་ཉིད་ཀྱི་རང་མདོག་ཀྲོ་ཏི་

ཤྭ་རི་ལྔ། དེ་བཞིན་དུ་མིག་སོགས་རྣམ་ཤེས་བཞི་དང་དབང་པོའི་དག་པ་གནས་འགྱུར་རྣམ་ཀུན་མཆོག་ལྡན་སྟོང་པའི་རང་གཟུགས་མ་མོ་བརྒྱད། ཡུལ་དུས་དག་པའི་གནས་འགྱུར་དབྱིངས་དང་ཡེ་ཤེས་འདྲེས་པའི་རྟགས་ཀྱི་ཕྱག་རྒྱའི་གཟུགས་འཆང་བའི་ཕྲ་མེན་བརྒྱད། ཕྱིན་ཅི་ལོག་གི་རྟོག་པ་བཞི་དག་པ་གནས་འགྱུར་ཚད་མེད་བཞིའི་རང་བཞིན་སྒོ་སྐྱོང་གདོང་ཅན་བཞི། དཔལ་གྱི་ཆོ་འཕྲུལ་ཆེན་པོའི་རང་གཟུགས་ཕྲིན་ལས་བཞི་ལ་མངའ་བརྙེས་པའི་དབང་མོ་ཉེར་བརྒྱད་དང་། གཞན་ཡང་ལྷ་དེ་དག་གི་སྐུ་མདོག་དང་ཕྱག་མཚན་ཞལ་དང་ཕྱག །རྒྱན་དང་ཆས་སོགས་ཀྱི་དག་པ་དང་རྟེན་གཞལ་ཡས་ཁང་འབྱུང་བ་རིམ་བརྩེགས་གཞལ་ཡས་དང་བཅས་པ་ཐམས་ཅད་ཀྱང་འདུས་བསགས་རྡུལ་གྱི་ཆོས་ཅན་མ་ཡིན་པར་མི་སློབ་རྒྱལ་བའི་ཡོན་ཏན་ཐམས་ཅད་བརྡ་དང་རྟགས་ཀྱི་རོལ་པར་ཤར་བ། དེ་ཡང་ཆོས་དབྱིངས་སྤྲོས་བྲལ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོར་ཡོངས་སུ་རྫོགས་ཤིང་ལྷུན་གྱིས་གྲུབ་པའི་ཚུལ་ཤེས་པར་བྱ། དག་སྦྱོར་འདི་རྒྱུད་འགྲེལ་སོགས་ལས་བསྟན་པའི་དོན་ལྟར་ཡིན་ལ་བསྙེན་པའི་དུས་འདིར་ཡན་ལག་གི་ལྷ་དང་ཚོམ་བུ་སྤྲོ་བ་སོགས་མི་འཁྱོངས་ན་བཞག་ལ་དེ་ཙམ་དུ་འཐུས་པར་བྱས་ནས་བསྒོམ་པས་ཆོག་པར་མངོན་ཞིང་གསལ་སྣང་འདོན་ཚུལ་ཀྱང་ཆ་མཉམ་པ་ལ་བསླབ་ནས་ཅུང་ཟད་གོམས་པ་ན། ཐུན་དུ་བཅད་ནས་འདི་ལྟ་བུ་ཞིག་གི་བར་དུ་ཡུལ་གཞན་ལ་ཡེངས་བར་མི་བྱའོ་ཞེས་ཞེ་དམ་བཅད་ནས་བསྒོམ་རྒྱུན་བསྲེང་ན་སྐབས་ཞིག་ནས་འཕེན་པའི་ཚད་ཀྱིས་ཐུན་རིང་ཐུང་གང་ཡང་མ་ཡེངས་པས་འཁྱོངས་ཤིང་། དང་པོ་ཡིད་ཀྱི་ཡུལ་དུ་གསལ་བར་འཆར་བ་དང་། རིམ་པས་དབང་པོའི་ཡུལ་དུ་སྣང་སྙམ་བྱེད་པ་དང་། མཐར་ལུས་ཀྱི་ཡུལ་དུ་རེག་མཐོང་ལྟ་བུའི་མཚན་མ་རྙེད་དེ་ཡུལ་གསུམ་

དུ་ཆོས་ཉིད་ཀྱི་ལྷ་སྣང་ཐོབ་པ་ལ་ཐ་མལ་སྣང་ཞེན་གྱིས་བརྫི་མི་ནུས་པར་གྱད་དུ་གྱུར་པའི་མཐུས་རང་བཞིན་རྣམ་དག་གཞིའི་དཀྱིལ་འཁོར་ལ་རྟོགས་ཤིང་གོམས་པའི་ལམ་གྱི་དཀྱིལ་འཁོར་རྣལ་དུ་འབྱོར་ཞིང་། སྣང་སྲིད་གཞིར་བཞེང་རང་བྱུང་དཀྱིལ་འཁོར་དུ། ཞེས་པ་ལྟར་བློས་བཏགས་བཅོས་མའི་བག་ཆགས་བལྟས་པ་ཙམ་མ་ཡིན་པའི་ཡོངས་གྲུབ་ཆེན་པོའི་བསྐྱེད་རིམ་སྣང་སྟོང་སྒྱུ་མ་ལྟ་བུ་ལ་བློ་རང་ཤུགས་ཀྱིས་འབྱོངས་པ་ན། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཆེན་པོའི་དོན་རང་གི་རྒྱུད་ཐོག་ནས་སློང་སྟེ་སྲིད་པའི་རྒྱུ་ཉོན་མོངས་པའི་ཀུན་འབྱུང་མ་རིག་པ་དང་མཚུངས་ལྡན་དུ་འཇུག་པའི་ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་མཐའ་བཞིར་མི་གནས་པའི་བདག་མེད་རྟོགས་པའི་ཤེས་རབ་ཟབ་མོའི་རང་བཞིན་ཅན་ལམ་གྱི་ངོ་བོར་གནས་འགྱུར་བས། འབྲས་བུ་སྡུག་བསྔལ་བདེན་པར་གྱུར་པའི་ཡུལ་སྣང་ཐམས་ཅད་རྒྱ་ཆེ་བ་ལྷའི་དཀྱིལ་འཁོར་འགོག་བདེན་ཆོས་སྐུའི་ངོ་བོར་རང་གྲོལ་བ་ཡིན་ཏེ། ཇི་སྐད་དུ། ཐ་མལ་རྣམ་རྟོག་རྒྱུད་ལས་གཞན་པ་ཡི། །སྲིད་པའི་སྡུག་བསྔལ་ཅི་ཡང་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་པའི་སེམས། །འདི་ནི་མངོན་སུམ་དུ་ནི་རྟོགས་པར་འགྱུར། །ཟབ་དང་རྒྱ་ཆེ་བ་ཡི་བདག་ཉིད་ཅན། །གང་ཡིན་དེ་ནི་ཀུན་རྟོག་སྣང་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །ཚུལ་འདི་ལ་སྔ་འགྱུར་རང་སྐད་དུ། བསྐྱེད་རྫོགས་ཟུང་འཇུག་གམ་བསྐྱེད་རྫོགས་དབྱེར་མེད་ཅེས་གྲགས་ཏེ་རང་གནས་ཀྱི་ཡེ་ཤེས་ངོས་ཟིན་པའི་སྟོབས་ཀྱིས་བསྒོམས་པ་ན་རྫོགས་རིམ་རྩ་རླུང་ལ་གནད་དུ་བསྣུན་པའི་དུས་ཀྱི་རྟགས་སྣང་ཕྲ་རགས་རྣམས་ཀྱང་འབྱུང་ཞིང་འོད་གསལ་བའི་ཡེ་ཤེས་རྟེན་དྭངས་མ་ལྔ་ལྡན་འོད་ཀྱི་ཐིག་ལེ་དང་བཅས་པ་ལས་ཡེ་ཤེས་སེམས་དཔའ་སྐུ་ཞལ་ཕྱག་རྫོགས་པར་ལྡང་

བའི་རྣམ་པར་སྨིན་པའི་རིག་འཛིན་ཐོབ་ནུས་པའོ། །ཚུལ་འདི་ནི་ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུགས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པའི་དོན་ལམ་གྱི་གཞུང་གྲོལ་ལམ་གྱི་སྟེང་ནས་ཉམས་སུ་ལེན་པའི་ཚུལ་ལྟར་བསྟན་པ་ཡིན་ལ། གང་ཟག་ཁྱད་པར་ཅན་ལ་མྱུར་ལམ་རང་ལུས་ཐབས་ལྡན་དང་གཞན་ལུས་ཕྱག་རྒྱའི་ལམ་གྱི་དུས་རིང་མིན་མྱུར་བར་འབྲས་བུ་ལ་སྦྱོར་བའི་ཚུལ་གཞུང་འདིར་མ་བསྟན་པ་མིན་ཏེ། འདི་སྐོར་གྱི་རྫོགས་རིམ་ཟབ་མོ་རྣམས་ལྟར་རོ། །གཉིས་པ་ལ་གསུམ། ཇི་ལྟར་བཟླ་བའི་ཚུལ། བཟླ་བྱའི་སྔགས། དེའི་གྲངས་ཚད་དང་བཅས་པའོ། །དང་པོ་ནི། སེམས་ཅན་གྱི་དུས་ལས་རླུང་གི་བྱེད་རྩོལ་ངག་གི་སྨྲ་བརྗོད་རྣམས་དང་། རྫོགས་རིམ་གྱི་དུས་རྩ་བ་དང་ཡན་ལག་གི་རླུང་རྣམས་དབུ་མར་ཞུགས་གནས་ཐིམ་ཏེ་འོད་གསལ་གྱི་བཞོན་པར་དག་པ་དང་། སངས་རྒྱས་ཀྱི་དུས་གཞོམས་མེད་རྡོ་རྗེའི་གསུངས་དབྱངས་ཡན་ལག་དྲུག་བཅུ་དང་ལྡན་པས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བ་རྣམས་དང་རྣམ་པ་མཐུན་པས་དེ་དག་གི་དག་རྫོགས་སྨིན་པའི་ལས་ཅན་གྱི་བཟླས་པའི་རིམ་པ་ལ། དང་པོ་བཟླ་གཞི་ཛ྄བ་ཁང་དབྱེ་བ་ནི། བྷྲཱུཾ་བྷི་ཤྭ་བྷི་ཤུདྡྷེ་ཕཊ་ཛཿབདག་དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལོགས་སུ་ཕྱེས་ནས་མདུན་གྱི་ནམ་མཁར་མེ་རི་འདབ་འབྱར་གྱི་ཚུལ་དུ་བཞུགས་པར་གྱུར་པར་མོས་ལ། དེ་ལ་ལུས་ཀྱི་བཟླས་པ་ནི། མཚན་ཉིད་དང་ལྡན་པའི་བགྲང་ཕྲེང་གྲངས་ཚང་བ་བྱིན་གྱིས་བརླབས་ཏེ་གཡོན་པའི་མཐེབ་འཛུབ་ཀྱིས་སྙིང་གི་ཐད་དུ་བཟུང་ནས་སྔགས་རེ་དང་ཕྲེང་རྡོག་རེ་ལྷག་ཆད་མེད་པར་འདྲེན་ཞིང་། ཕྲེང་ཐག་དབུགས་ཀྱི་རྟ་ཉིད་དེ་སོགས་ལྟར་

ཕྲེང་ཐག་ཕར་འགྲོ་བ་དང་བདག་དམ་ཚིག་པའི་ལྷ་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་མདུན་གྱི་ཡེ་ཤེས་འཁོར་ལོའི་ལྷའི་ཐུགས་རྒྱུད་བསྐུལ་བ་དང་། དེ་ལས་འོད་ཟེར་དཔག་མེད་འཕྲོས་ཏེ་དོན་གཉིས་མཛད། ཕྲེང་རྡོག་རྣམས་ཚུར་འོང་བ་རེ་དང་མཉམ་དུ་ལྷའི་འཁོར་ལོ་ཆ་ཚང་བ་རེ་རང་གི་ཐུགས་ཀར་ཐིམ་པའི་མོས་པ་བརྟན་པར་བྱའོ། །ངག་གི་བཟླས་པ་ནི། སྒྲ་ཧ་ཅང་ཆེ་བ་དང་། ཆུང་བ། ཤུགས་དྲག་པ་དང་། ཞན་པ། མགྱོགས་པ་དང་བུལ་བ་སོགས་སྐྱོན་དང་བྲལ་བར་བསྙེན་པའི་གྲངས་རྫོགས་ཀྱི་བར་ཐུན་དུ་བཅད་དེ་བཟླའོ། །ཡིད་ཀྱི་བཟླས་པ་ནི། ཛ྄བ་དབྱངས་འཁོར་འདས་རང་གྲོལ་ལྟར། བདག་དམ་ཚིག་པའི་ལྷ་ཚོགས་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང་། ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་ལ་རང་སྲོག་ས་བོན་ནམ་ཧཱུྃ་ཡིག་རང་མདོག་གི་མཐར་ཞི་བ་ལ་བྷོ་དྷི་བཅུ་དྲུག་པ་དང་། ཁྲོ་བོ་ལ་རུ་ལུ་འབྲུ་བརྒྱད་ཀྱི་སྔགས་ཀྱི་ཁ་དོག་ལྷ་མདོག་ལྟར་བྱ་བའང་ཡོད། གསུང་རྡོ་རྗེ་མཚོན་བྱེད་དང་ལྷ་དབང་དུ་བྱ་བའི་ཕྱིར་རྟེན་འབྲེལ་དུ་དམར་པོ་བྱེད་པའང་ཡོད་ལ། དམ་ཡེ་འཕྲོ་འདུ་སྟེ་གསལ་བ་གསུམ་ལྡན་གྱི་ངང་ནས་བཟླའོ། །ཡང་ཛ྄བ་ཁང་མི་དབྱེ་ན། དམ་ཡེ་དབྱེར་མེད་ཀྱི་ལྷ་ཚོགས་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང་། ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་ལ་རང་སྲོག་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་སོགས་འཕྲོ་འདུའི་དམིགས་པ་གཞུང་བཞིན་སྐྱོང་བ་ཡིན་ནོ། །གཉིས་པ་ནི་བཟླ་བྱའི་སྔགས་གཙོ་བོ་སྤྱི་དྲིལ་ལ་མཛད་པས། དེ་ཡང་ཇི་

སྐད་དུ། ཞི་བ་ཞེ་གཉིས་སྙིང་པོ་ནི། །བྷོ་དྷི་བཅུ་བཞི་པ་ལ་ཐུག །ཞེས་དང་། ཁྲག་འཐུང་ང་བརྒྱད་སྙིང་པོ་ནི། །རུ་ལུ་འབྲུ་བརྒྱད་པ་ལ་ཐུག །ཞེས་དང་། བཏགས་གྲོལ་ཕུང་པོ་རང་གྲོལ་ལས་ཞི་སྔགས་ལ། ཡིག་འབྲུ་བཅུ་དྲུག་པོ་རྡོ་རྗེའི་སྒྲ་ཞེས་པའི་ཁྱད་པར་ཙམ་ལས། ཞི་བ་ཞེ་གཉིས་དང་ཁྲོ་བོའི་ལྷ་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་དྲིལ་བའི་སྙིང་པོ་ཡིན་པར་གསུངས་པས་ན་བསྙེན་པའི་སྔགས་ལ་འདི་གཉིས་འཇོག་པར་མཛད་པ་ནི་དགོངས་དོན་མ་འཁྲུལ་བའོ། །བཟླ་བའི་ཚེ་ནའང་ཞི་ཁྲོ་སོ་སོར་ཕྱེས་ནས་བཟླ་བར་མི་མཛད་ཅིང་སྔགས་གཉིས་སྦྲེལ་ཏེ་བཟླ་བའང་དྲིལ་སྒྲུབ་ཀྱི་བཟླ་ཚུལ་ལེགས་པའོ། །ཐུན་འཇོག་ཁར་ཕྲེང་སྔགས་རྣམས་ཚར་འགའ་བཟླ་བའམ། །ཡང་ན་སྔགས་མཆོད་ཀྱི་ཚུལ་དུ་ཚར་རེས་ཆོག་པར་ཐོས་སོ། །ཡང་རྒྱུད་ཆོག་ལྟར་གཙོ་འཁོར་འགྲོས་སྦྱར་ཏེ་བཟླ་བའི་ཕྱག་ལེན་ཡོངས་གྲགས་སུ་འདུག་པ་ནི་བསྙེན་ཡིག་བསྡུས་པར་བཀོད་ཡོད། འདིའི་ཚུལ་ལའང་ལུགས་གཉིས་སྣང་སྟེ། དང་པོ་ནི། ཀུན་བཟང་ཡབ་ཡུམ་གྱི་སྔགས་ཅི་འགྲོ་ལྟར་བཟླས་ནས་ཐུན་བསྡུ་ཁར་ཕྲེང་སྔགས་རྣམས་ཚར་རེ་བྱས་ཏེ་འཇོག་པ་ནི། ཐུན་འགོར་ཀུན་བཟང་ཡབ་ཡུམ་ཀྱི་སྔགས་བག་ཙམ་རེ་བྱས་ཏེ་རྣམ་སྣང་ཡབ་ཡུམ་ཀྱི་སྔགས་བཟླས་ནས་སྔར་བཞིན་མཇུག་རིམ་གྱིས་རྫོགས་པར་མཛད་པའོ། །གཉིས་པ་ནི། དང་པོ་ནས། སྔགས་ཐམས་ཅད་མང་ཉུང་གི་རིམ་པ་བཞིན་བགོས་ཏེ་ཐུན་རེའི་ནང་དུ་སྔགས་ཐམས་ཅད་བགོས་ཐོབ་བཞིན་བཟླས་ནས་བསྙེན་པ་གྲུབ་པ་དུས་མཉམ་དུ་མཛད་པའི་ལུགས་ཏེ་གཉིས་སོ། །ཡི་གེ་བརྒྱ་པའི་སྔགས་བཟླས་ཀྱང་རུང་སྟེ། མ་ཡེངས་དམ་པ་རིགས་བརྒྱའི་ཡང་སྙིང་འདི༔ སྒྲིབ་གཉིས་སྦྱོངས་ཕྱིར་ཅི་ནུས་བཟླ་བར་བྱ༔ ཞེས་དང་། དམ་པ་རིགས་བརྒྱའི་ཡང་སྙིང་ནི༔

གསང་སྔགས་ཡི་གེ་འབྲུ་བརྒྱ་ཤར༔ ཞེས་སོ། །འདི་དོང་སྤྲུགས་ལུགས་ལྟར་ལ་འབྱོར་རོ། །ཡང་ན་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་ཧཱུྃ་ཡིག་གསལ་བའི་འོད་ཟེར་འཕྲོ་འདུ་ལ་དམིགས་དེ་ཧཱུྃ་གི་བཟླས་པ་བྱ་བ་རང་གཞུང་གི་དགོངས་པ་ཡིན་པས་གང་འོས་བཟླའོ། །ཞེས་གསུངས་སོ། །གསུམ་པ་ཅི་ཙམ་དུ་བཟླ་བའི་གྲངས་ཚད་ནི་ཞི་ཁྲོའི་སྤྱི་སྔགས་གཉིས་གཅིག་ཏུ་བརྩིས་པ་འབྲུ་འབུམ་ཕྲག་བཅུ་ཐ་མ་ཡིན་པ་ཞལ་རྒྱུན་ཡིན་པས་ལས་རུང་ངོ་། །དེས་གྲངས་དུས་མཚན་མའི་བསྙེན་པ་རྣམས་ཀྱང་ཤེས་པར་བྱའོ། །གཙོ་འཁོར་གྱི་འགྲོས་སྦྱར་ཏེ་བཟླ་ན། གཙོ་བོ་ཀུན་བཟང་ཡབ་ཡུམ། ཆེ་མཆོག་བསྐྱེད་ན་དེ་གཉིས་ཀྱི་སྔགས་ཆིག་འབུམ་རེ། ཞི་བ་རིགས་ལྔ་ཁྲོ་བོ་རིགས་ལྔ་རྣམས་ཡུམ་བཅས་ལ་ཆིག་ཁྲི་རེ། དེ་མན་གྱི་ཞི་ཁྲོའི་འཁོར་ཐམས་ཅད་ལ་ལྔ་སྟོང་རེ། སྤྱི་དྲིལ་བཞི་འབུམ་རེའོ། །བསྙེན་པའི་སྨད་ལ་སླེབ་ནས། ཐུན་མཇུག་རྣམས་སུ་ལས་བཞིའི་སྔགས་ཀྱི་ཤམ་བུར་བསྒྱུར་བའི་ཕྱག་ལེན་ཀྱང་ཡོད་དོ། །ནུབ་ཐུན་ཀུན་ཀྱི་མཇུག་ཏུ་ཚོགས་མཆོད་བྱ་བའང་ཡོད། དེ་ཙམ་མི་ནུས་ན། ཐུན་ཚུགས་པའི་ནུབ་དང་། ཕྱེད་ལ་སླེབ་དུས་དང་། མཇུག་རྫོགས་པའི་དུས་ཚོགས་མཆོད་རེ་མཛད་པའང་སྣང་། རྒྱུན་དུ་ནུབ་ཐུན་གྱི་མཇུག་ཏུ་སྡེ་བདུན་ལ་གཏོར་མ་གཏོང་བ་སོགས་གཏོར་ཆོག་རྣམས་ཀྱང་བྱའོ། །ཐུན་མཚམས་སུ་འཇུག་པ་ན་དབྱངས་གསལ་ཡིག་བརྒྱ་རྣམས་གསུམ་རེ་བཟླས་པས་ལྷག་ཆད་ཁ་སྐོང་། རྟེན་འབྲེལ་སྙིང་པོས་སྔགས་ཀྱིས་བྱིན་རླབས་རང་རྒྱུད་ལ་བརྟན་པར་བྱེད་གསུངས་པས་དེ་ལྟར་བྱ། མཆོད་བསྟོད་ཀྱི་རྗེས་སུ། ཛ྄བ་ཁང་དབྱེར་ཡོད་ན་རིག་པའི་མེ་ཏོག་དོར་བའམ་ཡང་ན་ཧཱུྃ་བརྗོད་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་ཚིག་པའི་འཁོར་ལོ་ལ་ཆུ་ལ་ཆུ་བཞག་པ་ལྟར་

བསྟིམ། ཡིག་བརྒྱ་བཟླས་པས་བཟོད་པར་གསོལ། གསུམ་པ་ཐུགས་འོད་གསལ་གྱི་རྣལ་འབྱོར་ནི། གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་ལ་སོགས་ཀྱིས་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་བསྡུ་རིམ་བྱ་བ་ཡིན། འདི་ལའང་དཔེར་ན་དྭངས་བའི་ཆུ་ལ། ཆུ་བུར་ཡལ་ཚེ་སྐད་ཅིག་གིས་ཆུ་རིལ་པོར་གྱུར་པ་ལས་གཞན་མི་སྣང་བ་ལྟར། སྣོད་བཅུད་དཀྱིལ་འཁོར་དུ་གསལ་བ་ཐམས་ཅད་གཙོ་བོའི་སྙོམས་འཇུག་གི་བདེ་བའི་འོད་གསལ་ལ་སེམས་ཞུགས་པ་ཙམ་གྱིས་སྐད་ཅིག་གིས་མེར་གྱིས་ཞུ་ནས་གཉིས་སྣང་ཐམས་ཅད་དང་བྲལ་བའི་འོད་གསལ་སྟོང་ཉིད་ལ་མཉམ་པར་འཇོག་པའོ། །སྐད་ཅིག་གིས་སྟོང་ཉིད་རིལ་པོར་འཛིན་པས་འདི་ལ་རིལ་འཛིན་གྱིས་བསྡུ་རིམ་ཞེས་བྱའོ། །ཡང་དཔེར་ན་མེ་ལོང་ལ་ཧ་བཏབ་ཚེ་ཁ་རླང་གི་ངད་མཐའ་ནས་དབུས་སུ་རིམ་པས་ཡལ་བ་བཞིན་དག་པའི་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། དེ་འཁོར་རྣམས་ལ། དེ་རྣམས་རིམ་པས་ཡུམ། དེ་ཡབ། དེ་ཐུགས་ཀའི་ཧཱུྃ། དེ་ཞབས་ཀྱུ་ནས་བསྡུས་ཏེ་སྒྲའི་རྒྱུན་ཙམ། དེ་ཡང་ཇེ་ཕྲར་གྱུར་ནས་སྒྲའི་རྒྱུན་ནམ་མཐའ་ཆོས་དབྱིངས་སྟོང་གསལ་བདེ་བ་ཆེན་པོར་འཇོག་པ་ལ་རྗེས་གཞིག་གི་བསྡུ་རིམ་ཞེས་བྱའོ། །དེ་ནས་སྐད་ཅིག་སྟོང་གསལ་སོགས་ཀྱིས། དཔེར་ན་དྭངས་བའི་ཆུ་རང་ལས་བྱུང་བའི་གཡོ་བའི་རྐྱེན་གྱིས་ཆུ་བུར་ཐོལ་གྱིས་གྲུབ་པ་ལྟར། འོད་གསལ་བདེ་སྟོང་གི་དབྱིངས་ལས་ཕྲ་བའི་རླུང་སེམས་ཉིད་སླར་ཡང་དཔལ་རྡོ་རྗེ་སེམས་དཔའ་ཞལ་ཕྱག་ཡོངས་སུ་རྫོགས་པའི་སྐུ་ལམ་གྱིས་བཞེངས་པའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ་ཡིག་བརྒྱ་བརྗོད་པས་བརྟན་པར་བྱ་ཞིང་བསྔོ་སྨོན་ཤེས་

བརྗོད་སོགས་བྱ། བཟའ་བཏུང་ཁྲུས་སོགས་སྤྱོད་ལམ་ཐམས་ཅད་རྡོ་རྗེ་སེམས་དཔའི་ང་རྒྱལ་དང་མ་བྲལ་བར་བྱ་སྟེ། ཐུན་གྱི་དངོས་གཞི་མི་ཡེངས་བ་ཙམ་ཡོད་ཀྱང་ཐུན་མཚམས་སུ་ཡེངས་འཁྲུལ་རྒྱ་འབྱམས་སུ་སོང་ན་རྣལ་འབྱོར་ལ་ཡར་སྐྱེད་མི་ཐོན་པས་མཉམ་བཞག་གིས་རྩི་དང་མ་བྲལ་བར་བྱའོ། །ཞེས་གསུངས་སོ། །ལར་ཐུན་རེ་རེ་བཞིན་ཡང་གོམ་ཆ་ཆེ་བ་དང་དེ་མིན་པའི་དབང་གིས། སྔགས་བརྗོད་པ་ཙམ་གྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་རྟེན་བརྟེན་པ་ཐམས་ཅད་བཀྲ་ལམ་གྱིས་གསལ་བར་བྱེད་པ་དང་། ཆོ་ག་ངག་ཏུ་རྒྱས་པར་བརྗོད་ནས་བསྐྱེད་པ་གང་ཡང་། སྔོན་འགྲོ་ནས་བསྡུ་རིམ་གྱི་བར་ཚང་བར་བྱེད་དགོས་ཏེ། འདི་ལྟ་བུའི་ཆོ་ག་ཡན་ལག་ཚང་བ་ལན་གཅིག་གིས་བསྐལ་པ་ཆེན་པོ་ཆགས་གནས་འཇིག་སྟོང་བཞིའི་བར་གྱི་སྡིག་སྒྲིབ་དང་བག་ཆགས་སྦྱོངས་ནུས་པ་ཐམས་ཅད་ཞལ་མཐུན་པ་ཡིན་ཅིང་རིག་པས་ཐོབ་པའང་ཡིན་གསུངས་པས་ན་འདི་ཐམས་ཅད་ལ་སྦྱང་བྱ་དང་སྦྱོང་བྱེད་ཀྱི་གནད་ཆེ་བ་རེ་ཡོད་པས་སླ་ཆོས་སུ་བྱ་མི་རུང་ངོ་། །གསུམ་པ་རྗེས་ཀྱི་རིམ་པ་ལ། སྤྱིར་བསྙེན་པ་གྲུབ་རྗེས་དངོས་གྲུབ་བླང་བའི་དོན་ནི་ལམ་ངེས་རྫོགས་སུ་བསྒོམ་པས་རིམ་གཉིས་ཀྱི་དྲོད་ཅི་རིགས་ཐོབ་ཅིང་བསྙེན་པ་མཐར་འཁྱོལ་ནས་སྒྲུབ་པ་ཆེན་པོ་ལ་བརྟེན་ནས་དངོས་གྲུབ་བླངས་པས་རིག་འཛིན་གྱི་ས་ལ་སྦྱོར་བར་ཚོགས་སྒྲུབ་ཅེས་གྲགས་པ་ཡིན་ནོ། །དེའི་ཕྱག་ལེན་གྱི་རྒྱུན་ཙམ་ཞིག་ནི་དེང་སང་ཡང་མཛད་པར་འདུག །ལར་མཆོག་དམན་དུ་མས་གྲོང་ཆོག་རྐྱེན་བཟློག་ལའང་སྒྲུབ་ཆེན་གྱི་གཟུགས་བརྙན་བྱེད་གིན་འདུག །འདི་ནི་བསྙེན་པའི་མཇུག་ཏུ་དངོས་གྲུབ་ལེན་ཆོག་རྒྱས་བསྡུས་གང་རུང་རེ་བྱེད་སྲོལ་འདུག་སྟེ་རྟེན་འབྲེལ་གྱི་གནད་ཀྱང་ཆེ་བར་སེམས་སོ། །དེའི་ཚུལ་བསྡུས་པ་ནི་

བསྙེན་ཡིག་ཏུ་བྲིས་ཡོད་དོ། །དེ་ལྟར་ཕྱི་དཀྱིལ་དུ་བསྙེན་པ་གྲུབ་ནས་སྤྲོ་ན་ལུས་དཀྱིལ་ཨ་ནུའི་ལུགས་དང་མཐུན་པ་ཆོས་སྤྱོད་བག་ཆགས་རང་གྲོལ་ལྟར་གཞི་ལུས་རྡོ་རྗེ་སེམས་དཔར་གསལ་བའི་སྙིང་གའི་རྩ་འཁོར་དུ་ཞི་བ་ཞེ་གཉིས་དང་། མགྲིན་པར་རིག་འཛིན་དཔའ་བོ་ཡབ་ཡུམ་བཅུ། སྤྱི་བོར་ཁྲག་འཐུང་གི་ལྷ་ཚོགས་གསལ་བའི་ལྷ་ཐམས་ཅད་ཀྱི་ཐུགས་ཀའམ་གཞི་ལུས་ཀྱི་ཐུགས་ཀར་ཟླ་གདན་ལ་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པ་བཀོད་དེ་སྤྲོ་བསྡུའི་སྒོ་ནས་ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་གིས་ཁ་སྐོང་དང་བཅས་པ་བཟླ་བའོ། །དེ་ལྟར་བྱས་ན་ལུགས་འདིའི་གཞུང་དུ་བསྟན་པའི་ལས་རྣམས་སྒྲུབ་རུང་བ་དང་། མཆོག་དབང་གོང་མ་གསུམ་གྱི་མན་ངག་རྫོགས་རིམ་དང་རྫོགས་ཆེན་གྱི་སྨིན་བྱེད་ཁྱད་པར་ཅན་ཡིན་ནོ། །མདོར་ན་དུས་ཐམས་ཅད་དུ་སྐུ་གསུམ་བླ་མའི་གསོལ་འདེབས་ཀྱི་དོན་དེའི་གཞུང་བསྲིངས་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །སོགས་གསུངས་པ་ལྟར་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ནི་རྗེ་བཙུན་བླ་མ་སྟེ་ཡི་དམ་ལྷའི་དཀྱིལ་འཁོར་ཀྱང་བླ་མའི་ཕྲིན་ལས་ཀྱི་རོལ་པར་ཤེས་པའི་མོས་གུས་དང་། ཐེག་ཆེན་ཚུལ་འཇུག་ལས། འདི་སྐད་དུ། བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས། ཀུན་ཏུ་བཟང་མོས་མ་ཟིན་དགེ་བའི་ཆོས་ནི་གང་ཡང་རུང་། །ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ཟད་ཅིང་ཐུག་པར་འགྱུར། །དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པ་གསུངས། །ཞེས་དང་ཇི་སྐད་དུ། ཡང་དག་དོན་གྱི་སྙིང་པོ་ནི། །ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །གང་ནས་བཙལ་ཀྱང་འདི་རྙེད་དོ། །རང་རིག་དྲི་མེད་

དག་པ་ཡིན། །དེ་ལ་རྟག་ཏུ་མོས་པ་ནི། །བསྙེན་པའི་དམ་པ་མཆོག་ཡིན་ནོ། །ཞེས་པ་ལྟར། རིག་སྟོང་ཆོས་སྐུའི་དགོངས་པའི་རྩལ་སྣང་སྒྱུ་མ་ལྟ་བུའི་ལྷ་སྐུ་ལ་མཉམ་ཉིད་རང་བབས་སུ་གནས་པ་དང་། སྲོགས་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབ་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱེད་ནི་ཡོངས་མི་སྤང་། །གསུངས་པ་ལྟར་རང་འདོད་ལ་ཞེ་འཁྲི་མེད་པའི་སྙིང་རྗེ་ཆེན་པོའི་འགྲོ་དོན་ནམ་ཡང་མི་གཏོང་བའི་བློ་སྟེ། ཆོས་ཉིད་ལ་དམིགས་པའི་ལྟ་བ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བླ་མ་ལ་དམིགས་པའི་མོས་གུས། ལྷའི་གསལ་སྣང་དང་ང་རྒྱལ་སོགས་ཀྱིས་རང་རང་གི་མི་མཐུན་ཕྱོགས་ཟིལ་གྱིས་གནོན་པའི་བརྩོན་འགྲུས་ཀྱི་སྟོབས་དང་རྒྱུན་བསྲིང་། གལ་ཏེ་ཁམས་ལ་མི་བདེ་བ་སོགས་བྱུང་ན་བག་ཡང་གིས་སངས་བ་དང་། དེ་ནས་སླར་འཇུག་པ་སོགས་སྤྱོད་ལམ་གྱི་གནད་ལའང་མཁས་པར་བྱས་ན་གེགས་སོགས་ཉུང་བ་དང་། བྱུང་ནའང་མྱུར་དུ་ཞི་བ་ཡིན་ནོ། །འཁྲུལ་བ་ལས་ཀྱང་ཆེས་འཁྲུལ་བས་ན་ཉིང་འཁྲུལ་ཞེས་པ་རྨི་ལམ་བཟང་ངན་ལ་རེ་དྭོགས་བརྟགས་དཔྱད་ཀྱིས་སེམས་འཚུབས་པ་དང་། རྟགས་མཚན་འལ་འོལ་ལའང་རེ་དོགས་ཀྱིས་བཅིང་བ་དང་། བྱས་ཡུས་དང་། མངོན་རློམས་ང་རྒྱལ་སོགས་སྐྱོན་རྣམས་ལ་དྭོགས་ཟོན་བྱས་ནས་དེ་དག་གི་རྗེས་སུ་འབྲངས་བའི་བློ་རྦད་ཀྱིས་བཅད། ལར་བསྙེན་སྒྲུབ་སོགས་གང་བྱས་ཀྱང་རྒྱུད་ལ་བརྟགས་ནས་བྱེད་པ་འདི་དང་པོའི་སློབ་ཚུལ་ཁྱད་པར་ཅན་ཡིན་ནོ། །འཕགས་ཆེན་མཁས་གྲུབ་གཞུང་རྙིང་བདུད་རྩི་ལས། གཞན་ཟེར་ཚིག་སྒྲོས་རྙོགས་མའི་སླད་མེད་པ། །གྲུབ་པའི་དགོངས་བཅུད་སྙིང་ཁུ་མྱོང་བ་འདི། །རྗེ་བཙུན་བླ་མ་རྣམས་ཀྱི་བཀའ་དྲིན་ཡིན། །ཞེས་སོ། །གཉིས་པ་ནི། དེ་

ཡང་སྒྲུབ་པ་ཆེན་པོ་དང་འབྲེལ་བའི་དབང་སོགས་ཀྱི་ཕྱག་བཞེས་རྣམས་འདིར་མི་བྲི་ལ། དེང་སང་ཟབ་ཆོས་འདིའི་ཕྲིན་ལས་རྙིང་མའི་ཕྱོགས་སུ་ཤིན་ཏུ་དར་ཞིང་རྒྱས་ལ་མཆོག་དམན་ཀུན་གྱིས་གསོན་པོའི་སྐུ་རིམ་དང་རྐྱེན་བཟློག་ལའང་འདི་ཕན་ལྷག་པར་ཆེ་བ་དང་། ཁྱད་པར་གཤིན་པོ་རྗེས་འཛིན་གྱི་ཐབས་ལ་མཆོག་ཏུ་འཛིན་པར་བྱེད་པ་དང་། སྐྱབས་རྗེ་དམ་པ་དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས་ཞི་ཁྲོའི་དབང་སོགས་ཐོབ་པ་རྣམས་ཀྱི་ཆོ་ག་གཞན་ལས་གཤིན་ཆོག་འདི་བཞིན་བྱས་ན་ཕན་ཡོན་ཆེ་སྟེ། ལྷ་བསྒོམ་སོགས་མ་ཤེས་ནའང་། དེ་ལྟར་རྒྱལ་བ་ཞི་ཁྲོའི་ལྷ། །གང་གིས་མཚན་ཐོས་ཕྱག་འཚལ་ན། །དམ་ཚིག་ཉམས་ཆགས་ཀུན་བྱང་ནས། །མཚམས་མེད་ལྔའི་སྡིག་པ་འདག །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །སོགས་ལྟར་ཡིན་ཞེས་གསུངས་པ་ཁུང་བཙུན་ལས་ཐོས། འདིའི་ཞལ་རྒྱུན་རྣམས་གྱི་བརྗེད་ཐོ་དང་། རང་དང་སྐལ་མཉམ་གྱི་དབང་བརྟུལ་དག་ལའང་ཕན་ནམ་སྙམས་པས་ཆོ་གའི་ཡན་ལག་རྣམས་འགོད་པ་ལ་དོན་བརྒྱད། བསྒྲུབ་རྟེན་དཀྱིལ་འཁོར། ཇི་ལྟར་སྒྲུབ་ཚུལ། བདག་ཉིད་འཇུག་པ། བཀའ་སྲུང་བསྲུང་མའི་མཆོད་པ། བཤགས་པའི་རྒྱུ་བཞི། བསྐང་བའི་རྒྱུ་བཞི། གཤིན་པོ་རྗེས་འཛིན། དབང་གི་བསྐུར་ཚུལ་རྣམས་ཀྱི་གོ་དོན་མདོར་བསྡུས་ཏེ་སྟོན་ནོ། །དང་པོ་ནི། དེ་ཡང་གཞུང་འདིར་གསོན་གཤིན་གང་གི་དོན་ལ་ཡང་དབང་བསྐུར་བར་གསུངས་ཤིང་། དབང་དེ་ཡང་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བར་ཤིན་ཏུ་གསལ་ཞིང་། དཀྱིལ་འཁོར་ལའང་རས་བྲིས་དང་རྡུལ་ཚོན་གང་རུང་ལས་ཚོམ་བུ་ལ་བརྟེན་ནས་བསྐུར་བ་ཆེར་མི་གསལ་ལོ། །དེང་སང་འདིའི་དབང་བསྐུར་ཚེ།

དཀྱིལ་འཁོར་མི་དགོས་པར་གཞི་ལ་འབྲུ་ཚོམ་ཙམ་བཀྲམ་ནས་དེ་ཚོམ་བུའི་དཀྱིལ་འཁོར་ཡིན་ཟེར་བ་དང་། ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས་ཅེས་པའི་ཚིག་ལ་བརྟེན་ནས་བུམ་པ་བཤམས་ཏེ་དབང་ཐམས་ཅད་བསྐུར་བ་དང་། གཏོར་མ་ཙམ་ལ་བརྟེན་ནས་དབང་བསྐུར་རུང་ཟེར་ཞིང་ཀུན་གྱིས་དེ་ལྟར་བྱེད་པ་ནི། གཞུང་དོན་མ་ཤེས་པར་མ་ཟད། ཉེས་དམིགས་ཆེ་བས་རང་གིས་རང་བསླུས་ཤིང་། གཞན་ལའང་ཕན་པ་ལས་གནོད་པར་འགྱུར་ཏེ། ཆོ་གའི་ཡན་ལག་གི་སྒྲུབ་གཞི་ཆེར་ཉམས་པས་སོ། །རྡུལ་ཚོན་ནི་བསྐང་བཤགས་ཉམས་ཆགས་རང་གྲོལ་ལས། གནས་ཡིད་དང་མཐུན་པར་ཕྱག་དར་དང་རྐྱང་ནུལ་བྱས་ལ། སྟེགས་བུ་ནག་འཇམ་འཁྲེགས་པའི་སྟེང་དུ་ཞི་ཁྲོའི་དཀྱིལ་འཁོར་བྲི་ཞེས་དང་། རས་བྲིས་ནི། འདིའི་དབང་གི་གཞུང་རྒྱས་པ་ལས་སྟ་གོན་གྱི་རྗེས་སུ་སྟེགས་ཁེབ་ལྡན་གྱི་སྟེང་དུ་རས་བྲིས་ཀྱི་དཀྱིལ་འཁོར་འདིངས་ཤིང་ཞེས་སོ། །རྡུལ་ཚོན་ནི་གྲོང་ཆོག་ལྟ་བུ་ལ་རྣམ་དག་འོང་དཀའ་ཞིང་། རས་བྲིས་ལེགས་པས་དེའི་བྲི་ཚུལ་ནི་ལོ་ཆེན་ལྟར་བྱེད་ན་དེའི་གཞུང་ལས་གསལ་ཞིང་། རང་གི་བླ་མའི་བཞེད་པ་ལྟར་བྱ་ན། ཕྱི་དཀྱིལ་སྒྱུ་འཕྲུལ་ཁྲོ་བོའི་དཀྱིལ་འཁོར་གྱི་རྣམ་པ་བཞིན་ལ། དེ་སྟེང་ཞི་བའི་དཀྱིལ་འཁོར་མཚོན་པའི་མུ་ཁྱུད་ཟླུམ་པོའི་བསྐོར་བའི་ཆོས་ཀྱི་འཁོར་ལོའི་ལྟེ་བ་དང་རྩིབ་བཞིར་མཐིང་གསལ་ཐིག་ལེ་སོགས་མཚོན་པའི་རིགས་ལྔའི་མདོག་ཅན་གྱི་ཐིག་ལེ་ལ་ཕྱག་མཚན་ནམ་ས་བོན། ཡང་ན་ཐིག་ལེ་ལྷ་རང་མདོག་དང་། མུ་ཁྱུད་ལ་ཕྱོགས་བཞིར་སྒོ་བ་ཡབ་ཡུམ་བརྒྱད་དང་མཚམས་བཞི་དང་ཤར་ནུབ་ཐུབ་པ་དྲུག་གི་མཚན་པ་བཀོད་པའི་དཀྱིལ་འཁོར་ཐིག་ལྡན་བྲི་བར་བྱའོ། །དེ་ལ་སྦྱངས་ཁྲུས་སོགས་སྔོན་དུ་འགྲོ་བའི་རབ་གནས་ལེགས་པར་བྱས་པ་ནི་སྒྲུབ་རྟེན་དཀྱིལ་འཁོར་

ཞེས་བྱ་སྟེ། རྒྱུད་ལས་ལྟེ་བ་རྩིབ་དང་ལྡན་པ་ཡི། །རྩིབ་བཞི་འཁོར་ལོའི་མུ་ཁྱུད་བཅས། །གྲུ་ཆད་བཞི་དང་གྲུ་བཞི་པའི། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །ཞེས་དང་། མ་མཐོང་རྨོངས་ལ་བསྟན་ཕྱིར་ཚོན་ཁ་དོག་ཉི་ཤུ་རྩ་ལྔའམ་ཞེས་སོགས་གསུངས་པ་ལྟར། རྒྱལ་བའི་བཀས་བཞག་པའི་དཀྱིལ་འཁོར་ལེགས་པར་བཞེངས་ཏེ་ཞུགས་པའི་ཕན་ཡོན་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་མངོན་དུ་མཐོང་བ་ཡིས། །བསོད་ནམས་བསྟན་པ་གང་ཡིན་པ། །ཕྱིས་བྱས་པའང་དེ་བཞིན་ནོ། །ཞེས་གསུངས་པའི་རིགས་པས་དེ་ལ་སྒྲུབ་ཅིང་མཆོད་པའི་ཕན་ཡོན་ཀྱང་བདེ་གཤེགས་དངོས་ལ་བརྟེན་ཅིང་མཆོད་པ་ལྟར་འབྱུང་བར་ངེས་ཏེ། རྣམ་པ་ཀུན་ཏུ་མི་མཚུངས་པར་འཇོག་མི་ནུས་པའི་ཕྱིར་རོ། །འདིའི་གཏོར་དབང་ནི། མཐའ་བརྟེན་གཏོར་མའི་དབང་ཞེས་དང་། བར་དོ་དྲུག་ཁྲིད་ཀྱི་སྐབས་གཏོར་མའི་བྱིན་རླབས་རེ་མཛད་པའི་ཆེད་ཙམ་ཡིན་པས་དབང་དངོས་གཞི་དེ་ལ་བརྟེན་ནས་བསྐུར་མི་རུང་ངོ་། །སྐུ་རྟེན་དབང་གི་ཙཀླི་རྣམས་ཀྱང་དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་བཀོད་པའམ་བསྡོམ་ཏེ་བཞག་ལ་ཆོ་གའི་དུས་ལྷ་དེ་དང་དེའི་ངོ་བོར་བསྐྱེད་བསྟིམ་རྒྱས་གདབ་སོགས་ཀྱིས་རབ་ཏུ་གནས་པར་བྱ་དགོས་ཏེ། དབང་གི་རྒྱུ་གཉིས་ཀྱི་ལྷན་ཅིག་བྱེད་པའི་རྒྱུ་དབང་རྫས་རབ་གནས་ཀྱི་བྱིན་རླབས་ཅན་ལ་གསུངས་པའི་ཕྱིར་རོ། །འགའ་ཞིག་ལ་ཁྲོ་བོའི་ཙཀ་གདུགས་ཅེས་ཞིག་འདུག་པ་ནི་ཕྱག་ལེན་འདི་ལས་འཁྲུལ་བར་མངོན་ནོ། །དེ་བཞིན་དུ་དབང་རྫས་གཞན་རྣམས་དང་། བུམ་པ་ལྔའམ་གཉིས་ལ་སོགས་པ་ཚང་བར་བྱ་སྟེ་རང་རང་ལ་བྱེད་པ་ཁྱད་པར་ཅན་རེ་འདུག་པས་སོ། །འདིར་སྐབས་ཐོབ་དེ་ཙམ་ལས་མི་སྤྲོའོ། །གཉིས་པ་ནི། གཞུང་འདིའི་སྒྲུབ་ཚུལ་ལ། ཆོས་སྤྱོད་བག་ཆགས་

རང་གྲོལ་ལྟར་རྡོར་སེམས་ཞི་ཁྲོའི་ལུས་དཀྱིལ་ཅན་གྱི་བདག་བསྐྱེད་མཛད། མདུན་བསྐྱེད་དང་བུམ་པ་ཆོ་གའི་གཞུང་ལྟར་ཞི་ཁྲོའི་དཀྱིལ་འཁོར་དུ་བསྐྱེད་པའི་ལུགས་དང་། བདག་མདུན་བུམ་པ་དབྱེར་མེད་དུ་གཞུང་གིས་སྒྲུབ་ནས་བུམ་པའི་བཟླས་པའི་སྐབས་ཕཊ་ཛཿས་བུམ་པ་སོ་སོར་ཕྱེས་ཏེ་བསྒྲུབ་པའི་སྲོལ་གཉིས་སྣང་བས་གང་ལྟར་བྱས་ཀྱང་མཁས་གྲུབ་ཀྱི་གཞུང་ཡིན་པས་འགལ་བ་མེད་དེ། སྔ་མ་ནི་གྲུབ་ཐོབ་པདྨ་རིག་འཛིན་གྱིས་ཞལ་རྒྱུན་རྗེ་དབོན་གྱིས་བཞེད་པ་ལ་ཆོ་ག་རང་གི་ལུགས་དང་ཤིན་ཏུ་མཐུན་ཏེ། རང་ཉིད་རྡོ་རྗེ་སེམས་དཔར་གསལ༔ སེམས་དཔའི་སྐུར་གསལ་ཐུགས་ཀ་ནས༔ ཅེས་དང་། བདག་ཉིད་རྡོར་སེམས་ཐུགས་ཀ་ནས༔ ༀ་དཀར་སོགས་དང་གནས་འདྲེན་སྐབས། བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས༔ ཞེས་སོགས་ཀྱིས་གསལ་ལོ། །ཕྱི་མ་ལོ་ཆེན་རིན་པོ་ཆེའི་བཀའ་མ་ཚད་ལྡན་རྙིང་མའི་བསྒྲུབ་ཚུལ་དང་མཐུན་པར་མཛད་པའི་གྲུབ་པའི་ཕྱག་བཞེས་རྩོད་པ་དང་བྲལ་བའོ། །སློབ་དཔོན་རིན་པོ་ཆེའི་རྡོ་རྗེའི་གསུངས་ལས་བྱང་རང་གི་ཡིག་ཆུང་ལས། བདེ་གཤེགས་ཞི་ཁྲོའི་བསྒོམས་ཁོག་འདི༔ བདག་བསྐྱེད་མདུན་བསྐྱེད་ཐོལ་བསྐྱེད་དང་༔ འབྲུ་བསྐྱེད་བུམ་བསྐྱེད་གང་བྱེད་ཀྱང་༔ བསྒོམས་ཁོག་བློ་ལ་བྱང་བ་གཅེས༔ ཅེས་པས། སྒོམ་ཁོག་ནི་ཏིང་འཛིན་རྣམ་གསུམ་ནས། དབང་ཕྱུག་མའི་བར་གྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་ཚུལ་དེ་ཁོ་ན་ལ་བྱ་སྟེ་འདི་ཞེས་ཉེ་ཚིག་སྨྲོས་པའི་ཕྱིར་རོ། །དེས་ན་གོང་བཤད་གཉིས་གང་རུང་ལྟར་རམ། ཡང་ན་བདག་མདུན་གཉིས་ཞལ་སྤྲོད་དུ་བསྒོམ་ཁོག་གིས་བསྐྱེད་ལ། དེ་ནས་བུམ་པ་སྟ་གོན་གྱིས་བསྒྲུབ་མེད་ན་བུམ་པ་གཉིས་པོ་བསྒྲུབ་དགོས་ཤིང་བསྒྲུབ་ཚུལ་ཀྱང་དཀྱིལ་འཁོར་

གྱི་ལྷའི་འཕྲོར་བུམ་ལྷ་བསྐྱེད་པའི་རྗེས་སུ་བྱིན་རླབས་དབང་བསྐུར་རྒྱུད་བཞིན་བྱེད་ན་དང་། མིན་ན་སྤྱན་འདྲེན་ནས་བསྟོད་མཇུག་བཤགས་པའི་བར་བདག་མདུན་བུམ་གསུམ་ཐུན་མོང་དུ་བྱའོ། །ལར་བདག་མདུན་སོགས་དབྱེར་མེད་དུ་བསྒྲུབ་པ་འདི། བླ་མེད་ཀྱི་རྒྱུད་ཐམས་ཅད་ལས་གསུངས་ཀྱང་དེ་ལའང་དབྱེར་མེད་ལུགས་མང་ཞིང་། ལྟ་བསྒོམ་གྱིས་རང་བཞིན་དབྱེར་མེད་དུ་རྟོགས་པ་མ་ཐོབ་པ་རང་རེ་ལྟ་བུས་ནི་ཕྱག་ལེན་མཁས་པའི་སྒོ་ནས་སོ་སོར་ཡིད་ཆེས་པ་རེ་སྒྲུབ་པར་བྱས་ན་རང་ལ་ཉེས་པ་མི་འབྱུང་ཞིང་། གཞན་ལ་ཕན་ཐོགས་པར་འགྱུར་བ་ཡིན་པར་གསུངས་པས་གནད་སྨིན་པར་བྱའོ། །བཟླས་པ་ནི། ཛ྄བ་དབྱངས་འཁོར་འདས་རང་གྲོལ་ལྟར་བྱས་ནས་མཆོད་ཡོན་ཕུལ་ལ་བུམ་ལྷ་འོད་དུ་ཞུ་བར་བྱའོ། །འདིར་འཕྲོས་དོན་ལ་དཀྱིལ་འཁོར་གྱི་བྱ་བ་དང་མ་འབྲེལ་བར་བདག་བསྐྱེད་ཁོ་ན་ལ་བརྟེན་ནས་གཤིན་དོན་དུ་སྒྲིབ་སྦྱངས་ཁྲུས་ཆོག་ཙམ་བྱ་ཚུལ། ཁྲུས་བུམ་རྡོར་སེམས་ཀྱིས་བསྒྲུབ་ཅིང་སྦྱངས་ཆོག་བྱས་ཏེ་དབང་མི་བསྐུར་བར་ལམ་བསྟན་སྤར་ཆོག་བྱེད་པ་མཛད་པ་གཞུང་འདིར་གསལ་ཁ་མེད་མོད་ཆོ་ག་གཞན་ལ་དེ་ལྟར་ཡོད་པས་འགལ་བ་གཏན་ནས་མེད་དོ། །གསུམ་པ་ནི། འདིའི་ཆོ་ག་ལོ་ཆེན་ལྗགས་བསྒྲིགས་ལས་རང་གཞུང་ལྟར་རྒྱས་པར་འཇུག་པ་དང་། རིག་པའི་མེ་ཏོག་དོར་ནས་མདོར་བསྡུས་ཏེ་འཇུག་པའོ། །དང་པོ་ནི། རང་གི་སེམས་ཉིད་རྣམ་པར་དག་པ་དཀྱིལ་འཁོར་གྱི་འཁོར་ལོར་རྟོགས་པ་རྩ་བའི་བླ་མ་དང་དབྱེར་མེད་དུ་བལྟས་པ་དབང་ལེན་ཡུལ་དང་། རྣམ་འགྱུར་གློ་བུར་གྱི་འཁྲུལ་ངོར་རྣམ་སྨིན་བག་ཆགས་ཀྱི་ལུས་སློབ་བུའི་ཚུལ་དུ་བྱས་ལ། དབང་གི་བྱ་བ་རྣམས་གཙོ་བོ་ལ་ཕྱེས་པའི་རྒྱལ་ཐེབ་ཀྱིས་མཛད་པར་མོས་ནས་འཇུག་པ་སྟེ།

ཐོག་མར་ལས་བུམ་གྱི་ཆུས་ཁྲུས་བྱ་སོགས་ནས་གཏང་རག་གི་མཎྜལ་དབུལ་ལོ། །ཞེས་གསུངས་པའི་བར་བྱའོ། །འདིར་གོ་དོན་ལ་གོང་བསྟན་ལྟར་བདག་བསྐྱེད་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ཡོངས་རྫོགས་སུ་བསྒོམ་པ་ལ་སྦྱངས་བྱ་སྦྱོང་བྱེད་ཀྱི་གནད་ཆེ་ཞིང་། མདུན་བསྐྱེད་ཀྱང་དེ་ལྟར་བསྒོམ་པ་ནི། དཀྱིལ་འཁོར་ཡོངས་རྫོགས་བྲི་ཞིང་བསྒྲུབ་པར་བྱས་ནས་དེ་ལ་འཇུག་པ་སོགས་གསུངས་པ་ལྟར་ཡིན་ལ། བདག་འཇུག་གི་དུས་སུ་བདག་བསྐྱེད་ཀྱི་དཀྱིལ་འཁོར་མདུན་དཀྱིལ་དང་དབྱེར་མེད་དུ་གྱུར་པར་བསྒོམ་ལ། ཡི་གེ་བརྒྱ་པའི་སྔགས་ཀྱིས་གསལ་སྣང་དང་ང་རྒྱལ་བྱ་བ་ལ་གནད་ཐུན་མིན་ཞིག་ཡོད་གསུངས། དོན་འདི་དག་ལ་དགོངས་ཏེ། སློབ་དཔོན་རིན་པོ་ཆེས་བདག་བསྐྱེད་མདུན་བསྐྱེད་ཐོལ་བསྐྱེད་དང་༔ སོགས་བསྐྱེད་གཞི་སོ་སོ་ལ་བྱེད་ལས་ཁྱད་པར་ཅན་རེ་ཡོད་པས་བདག་མདུན་བུམ་སོགས་དང་། བསྐྱེད་ཚུལ་ཐོལ་བསྐྱེད་འབྲུ་བསྐྱེད་སོགས་དང་། བསྐྱེད་བྱའི་ལྷ་བསྒོམ་ཁོག་ལྟར་ཞི་ཁྲོའི་དཀྱིལ་འཁོར་ཁོ་ནར་གསུངས་པའི་དོན་ལ་ཞིབ་ཏུ་རྟོགས་པར་བྱ་དགོས་སོ། །དེ་ནས་གཙོ་བོའི་ཐུགས་ཀ་ནས་རང་ཉིད་རྣམ་སྨིན་གྱི་ལུས་འདིའི་རྣམ་པ་ཐོན་ཏེ། དཀྱིལ་འཁོར་ཀྱི་ཤར་སྒོའི་ཐད་ཀྱི་ཕྱི་རུ་འཁོད་དེ་དབང་ཞུ་ཞིང་ལེན་པ་ཡིན་ནོ། །ཐབས་འདི་ནི་གཞིའི་དབང་ཐོབ་པའི་ཆ་གོང་ནས་གོང་དུ་འཕེལ་བྱེད་ཀྱི་ལམ་དབང་ཡང་ཡིན། སྔགས་ལུགས་ཀྱི་གསོ་སྦྱོང་ཀྱང་ཡིན་ཏེ་ཡོན་ཏན་གྱི་ཆ་གོང་དུ་གསོ་ཞིང་། མི་མཐུན་པའི་ཉམས་ཆགས་སྦྱོང་བྱེད་དུ་གྱུར་པས་སོ། །ཁྱད་པར་དབང་ཐོབ་ནས་དམ་ཚིག་ལ་སྐྱོན་བྱུང་བ་རྣམས་ཀྱིས་ནི་རང་གཞན་གང་གི་དོན་བྱེད་ཀྱང་མི་ཕན་པར་མ་ཟད་བསྒོམ་བསྒྲུབ་ཇི་ལྟར་བྱས་ཀྱང་དམྱལ་བ་བསྒྲུབ་པ་ཁོ་ནར་ཟད་པར་གསུངས་ཤིང་། དེ་ཡང་འདས་པ་དང་

རལ་བའི་སྐྱོན་ཤིན་ཏུ་ཆེ་བ་མ་བྱུང་ན་བཤགས་པ་དང་ཕྱིར་བཅོས་བྱས་ཏེ་སླར་དབང་བསྐྱར་ཏེ་བླང་ན་སོར་ཆུད་པར་གསུངས་པས་ཐབས་འདི་ལ་ནན་ཏན་བྱ་བར་རིགས་སོ། །དེ་ལྟར་དབང་ཆོག་འདིའི་གཞུང་བཞིན་སྡོམ་པ་བཟུང་བ་དང་། སྡིག་སྒྲིབ་དག་བྱེད་ཀྱི་དབང་དང་། ཡོན་ཏན་ཡར་འཕེལ་གྱི་དབང་ལ་བསྟེན་ཏེ་རང་རྒྱུད་དག་པར་བྱས་པ་ནི་བཤགས་བསྐང་དང་། སྦྱང་ཆོག་དབང་བསྐུར་སོགས་གང་བྱས་ཀྱང་ཆེས་སྟོབས་དང་ལྡན་པ་ཡིན་མོད་དེ། དཀྱིལ་འཁོར་ལ་བསྟེན་པའི་ལས་འདི་དག་བསྒྲུབ་པ་ལ་སྔོན་དུ་བསྙེན་པ་དགོས་ཤིང་དེ་མེད་པས་ནི་མི་འགྲུབ་པར་མ་ཟད་ཡན་ལག་སྦོམ་པོའི་ལྟུང་བར་བཤད་དོ། །ལར་རྒྱུན་དུའང་ནམ་གྲུབ་པའི་ཚེ་བདག་འཇུག་ལེན་པ་དང་། ཁྱད་པར་མགོན་མེད་གཤིན་པོ་ལ་ཆོ་ག་བགྱིད་པའི་ཚེ་ན་བདག་འཇུག་གིས་རང་རྒྱུད་དག་པར་བྱས་ནས་སྙིང་རྗེ་ཆེན་པོས་སྦྱངས་ཆོག་དང་དབང་བསྐུར་གནས་སྤར་སོགས་ཀྱིས་དེ་ཉིད་འདྲེན་པའི་ཐབས་ལ་བརྩོན་པར་བྱའོ། །མདོར་བསྡུས་ཏེ་འཇུག་པ་ནི་རིག་པའི་མེ་ཏོག་དོར་བའི་ཚུལ་གསུངས་པ་ལྟར་བྱ་ཞིང་། རྒྱས་བསྡུས་གང་ཡིན་ཀྱང་གཞན་རྗེས་འཛིན་དང་འབྲེལ་ན། ༀ་རྡོ་རྗེ་ཡེ་ཤེས་ཐོབ་སོགས་ཀྱིས་གསོལ་བ་བཏབ་པས་གནང་བ་སྦྱིན་པར་བསམ་པའོ། །བཞི་པ་ནི། དེང་སང་བྱང་ཕྱོགས་འདིར་ཞི་ཁྲོ་འདོན་སྲོལ་ཤིན་ཏུ་ཆེ་ཡང་བཀའ་སྲུང་སྡེ་བདུན་གྱི་གཏོར་ཆོག་མི་གཏོང་བར་ཆད་པའི་སྐྱོན་ཡོད་དེ། དཔེར་ན་ཀུན་རིགས་ཀྱི་དུས་ཕྱོགས་སྐྱོང་ལ་གཏོར་མ་བསྔོ་བ་སོགས་གཏོར་མ་འབུལ་བའི་རིམ་པ་རྣམས་ཆད་པར་འགྱུར་བ་བཞིན་ནོ། །དེ་ཡང་བླ་མེད་གསང་བ་ཆེན་པོའི་དཀྱིལ་

འཁོར་གྱི་བཀའ་སྲུང་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་མ་ནིང་སོགས་སྡེ་བདུན་ལ་ཆོ་ག་བཞིན་མཆོད་ཅིང་གཏོར་མ་ཕུལ་ཏེ་ཕྲིན་ལས་བཅོལ་བས་རང་གཞན་གང་གིའང་འདི་དང་ཕྱི་མའི་བར་ཆད་སེལ་ཞིང་ཡོན་ཏན་ཐོབ་ཅིང་མཐུན་རྐྱེན་སྒྲུབ་པ་ལ། སྡོང་གྲོགས་མྱུར་བ་ཡིན་པས་མ་ཆད་པར་བྱའོ། །འདི་དང་རྗེས་འབྲེལ་གྲལ་གཤམ་མམ་ཕྱི་སྒོ་རུ་གཏོར་མ་ཆ་གསུམ་བསྔོ་བའི་ཕྱག་བཞེས་ཀྱང་འགའ་ཞིག་ལ་སྣང་ངོ་། །ལྔ་པ་ནི། དེ་ཡང་བཤགས་པའི་རྒྱུ་བཞིའམ་བཤགས་ཆེན་སྟེ་བཞི་ནི་ཀལྤ་དུམ་བུ་རྒྱུད་ཀྱི་དགོངས་པ་རྣལ་འབྱོར་སྤྱི་ཁྲུས་ངན་སོང་དོངས་སྤྲུགས་ཞེས་པའི་མན་ངག་མཚམས་མེད་པ་ལྔའི་ལས་ཀྱང་ཚེ་འདི་ཉིད་ལ་བྱང་ངེས་པའི་ཕན་ཡོན་ཅན་ཡིན་ཏེ། དེ་ཡང་རྒྱུད་དེ་གསུངས་པའི་ཚུལ་དངོས་ལྟར། དཀྱིལ་འཁོར་འདི་ལ་བརྟེན་ནས་ཞི་ཁྲོའི་ལྷ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་གྱི་རྣམ་པ་ཀུན་དབང་པོའི་མངོན་སུམ་ལྟ་བུར་ཤུགས་དྲག་ཏུ་དམིགས་ཏེ་ཡོན་ཏན་དྲན་པས་ཕྱག་ཁྱད་པར་ཅན་འཚལ་བའི་སྒོ་ནས་བཤགས་པ་དང་། ངག་གི་སྒོ་ནས་གསང་སྔགས་ཀྱི་རྒྱལ་པོ་ཡི་གེ་བརྒྱ་པ་བཟླ་ཐབས་ཀྱི་མན་ངག་ལ་བརྟེན་ནས་བཤགས་པ་དང་། ཡིད་ཀྱི་སྒོ་ནས་ལྟ་བ་ཟབ་མོ་བསྒོམ་པའི་མན་ངག་ལ་བརྟེན་པའི་བཤགས་པ་དང་། སྨྲེ་སྔགས་ཀྱི་སྒོ་ནས་རང་གི་ཉེས་པ་བསྒྲགས་ཏེ་མྱ་ངན་གྱིས་གདུང་སྟེ་བཤགས་པ་དང་བཞི་ཡིན་ནོ། །དེའི་དང་པོ་ནི། བཤགས་རྒྱུད་ལས། དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཆས་རབ་ཏུ་བྱས་ཏེ། སྟོན་པ་ཀུན་ཏུ་བཟང་པོ་ལྟར་མཉན་པ་དང་། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་བསྩལ་བ། ཧོ་ཀློང་ཆེན་པོ་སྟོང་གསུམ་གྱི་སོགས་ཞི་ཁྲོའི་ལྷ་ཐམས་ཅད་ཀྱི་རྣམ་པ་དང་མཚན་སྨྲོས་ཏེ་ཕྱག་

འཚལ་བར་བསྟན་པ་ལྟར། འདིར་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ཕྱག་འཚལ་བའི་ཚིག་བརྒྱ་དང་བཅུར་གསུངས་པ་བཞིན་ཏུ་ལུས་གཅེར་བུར་དབྱུང་སྟེ་རྐྱང་ཕྱག་འཚལ་བའོ། །དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ནས་བརྗོད་དེ་ཕྱག་འཚལ་བའི་ཚུལ་ནི་མདོ་སྡེ་རྣམས་ལས་ཀྱང་ཤིན་ཏུ་མང་པོར་བསྟན་པ་འདི་ཕན་ཡོན་ལྷག་པར་ཆེ་བའི་རྒྱུ་མཚན་ཅི་ཡོད་སྙམ་ན། ལར་སངས་རྒྱས་རྣམས་ནི་སྒྲིབ་གཉིས་ཟད་ཅིང་ཡོན་ཏན་རྫོགས་པར་མཉམ་པས་ན་ཐུགས་རྗེ་ལ་ཉེ་རིང་དང་། ཡོན་ཏན་ལ་ཆེ་ཆུང་མེད་མོད། འོན་ཀྱང་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཁྱད་པར་བ་སོགས་ཀྱིས་དབང་གིས་འདུལ་བྱེད་ཕྲིན་ལས་ཀྱི་འཇུག་པ་སོ་སོར་ཡོད་པ་ལ་འགལ་བ་མེད་དེ། དཔེར་ན་ཐུབ་པའི་དབང་པོའི་སྨོན་ལམ་དང་། འོད་དཔག་མེད་ཀྱི་སྨོན་ལམ་གྱི་ཁྱད་པར་སོ་སོར་གྲུབ་ནས་གདུལ་བྱའི་དོན་མཛད་པ་བཞིན་ནོ། །འདིར་ནི་དམ་ཚིག་ཉམས་པས་མཚོན་ཏེ་ལས་སྒྲིབ་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་རྒྱུ་འབྲས་མྱུར་དུ་སྦྱོང་བ་ལ་ཐུགས་བསྐྱེད་ཀྱི་ཁྱད་པར་བླ་ན་མེད་པ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་བྲམ་ཟེ་དུང་ཕྲེང་དང་། རཱུ་ཏྲ་ལྟ་བུའི་དོན་དུ་གསང་བའི་བདག་པོ་སོགས་ཀྱིས་ཞུས་པ་ལས་བསྟན་པའི་གདམས་པ་ཆེན་པོ་ཡིན་པ་དང་། གསང་ཆེན་བླ་ན་མེད་པའི་རྒྱུད་ཀྱི་དགོངས་པའི་ཟབ་གནད་ལྡན་པ་དང་། སློབ་དཔོན་ཆེན་པོ་སོགས་རིག་འཛིན་ཀྱི་ས་ལ་བཞུགས་པ་རྣམས་ཀྱིས་གཏན་ལ་ཕབ་ཅིང་འབྲས་བུ་མངོན་དུ་མཛད་པའི་རྡོ་རྗེའི་ཚིག་བསླད་མེད་ཡིན་པའི་ཕྱིར་ན་མདོ་དང་རྒྱུད་སྡེ་འོག་མར་བསྟན་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གོང་དུ་ཕྱག་འཚལ་ཁྱད་པར་ཅན་ཞེས་པ་ནི། སྤྱིར་མདོ་སྡེ་རྣམས་ལས་ཕྱག་འཚལ་བར་

གསུངས་པ་དང་། སྔགས་ལུགས་ལའང་སྦྱོང་རྒྱུད་ལས། ལན་བརྒྱ་ཕྲག་སྟོང་དུ་བསྐོར་བར་བྱས་ཏེ་མགོ་བོས་ལན་བརྒྱ་ཕྲག་སྟོང་དུ་ཕྱག་འཚལ་ནས་ཅེས་དང་། ཁྱད་པར་དེང་སང་གསར་རྙིང་ཐམས་ཅད་ཀྱིས་བརྐྱངས་ཕྱག་ཞེས་རྩིས་ཆེར་མཛད་པའི་ལུས་ཀྱི་ཕྱག་འཚལ་ཚུལ་འདིའི་ཁུང་དངོས་ནི། རྒྱུད་འདི་ལས། ཁྱེད་ཅག་རྣམས་ཀྱིས་ལུས་གཅེར་བུར་འབྱུང་སྟེ། ཆས་རབ་ཏུ་གྱིས་ལ་ཡན་ལག་ལྔ་ས་ལ་བརྟེན་༼བརྡབ་༽ཅིང་བརྐྱངས་ཕྱག་འཚོལ་ཅིག་ཅེས་པ་འདི་ཡིན་ནོ། །དེ་བཞིན་དུ་ཕྱག་རྣལ་འབྱོར་གྱི་ལུགས་སུ་བྱས་ཏེ་ཞེས་པའང་རང་གི་བླ་མ་སོགས་ཀྱི་དྲུང་དུ་དད་པས་ཡིད་དབང་མེད་དུ་གཡོས་ཏེ་ལུས་ས་ལ་འགྱེལ་བ་ལྟར་བརྡབ་ཏེ་ཕྱག་འཚལ་བ་ལ་བློ་རྩེ་གཅིག་ཏུ་ཞུགས་པར་གྱུར་པ་དེའོ། །འདི་རབ་ལྟ་བ་མཇལ་བའི་ཕྱག་སོགས་ཡིན་ཟེར་མོད་དེ་ལ་ནི་ལུས་གཅེར་བུར་ཕྱུང་མི་དགོས་སོ། །ལུགས་སྔ་མས་དེ་ཙམ་དུ་མ་ཟད་རྟེན་ལ་སྐོར་བར་བྱེད་པའི་ཁུང་དང་ཚད་ཀྱང་བསྟན་ནོ། །དེ་ཡང་དམ་ཚིག་ཉམས་པ་སོགས་ཀྱི་ཉེས་དམིགས་དྲན་ནས་ཤིན་ཏུ་སྐྲག་ཅིག་འགྱོད་ནས་ལུས་ལྟོས་མེད་དུ་ས་ལ་བརྡབ་ཏེ་ཕྱག་འཚལ་བའོ། །དེ་ལྟར་འཚལ་བའི་ཕན་ཡོན་ཀྱང་རྒྱུད་དེ་ལས་ལུས་ས་ལ་བརྡབ་ཅིང་བརྐྱངས་ཕྱག་ལན་སྟོང་དུ་འཚལ་བས་རྣལ་འབྱོར་རྣམས་ཀྱིས་ཉམས་ཆགས་བསྐང་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་བརྟེན་པར་འགྱུར་རོ། །སོགས་མང་དུ་གསུངས། འདི་ནི་ལུས་ཀྱི་བྱེད་པ་གཙོ་ཆེ་བས་དེའི་སྒོ་ནས་བཤགས་པ་ཞེས་བྱ་ལ་ཚད་ཀྱང་དུས་གཅིག་ལ་སྟོང་ཕྲག་རེ་འཚལ་ལོ། །གཉིས་པ་ནི། རྒྱུད་ལས། དེ་ནས་དུས་དེར་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སོགས་ཀྱིས་འོག་མིན་ནས་མངོན་སུམ་དུ་བྱོན་ཏེ། སྟོན་པའི་སྤྱན་སྔར་འཁོད་དེ་ཡི་

གེ་བརྒྱ་པ་བཟླ་ཚུལ་གྱི་གདམ་པ་གསུངས་པ་བཞིན། རང་གི་སྤྱི་གཙུག་པད་ཟླའི་གདན་གྱི་སྟེང་དུ་འོག་མིན་ནས་དཔལ་རྡོ་རྗེ་སེམས་དཔའ་མངོན་སུམ་དུ་བྱོན་ཏེ་བཞུགས་པར་མོས་ལ། དེའི་རྣམ་པ་གསལ་བཏབ་སྟེ་སྤྱི་གཙུགས་པད་ཉི་སོགས་སྟོབས་བཞི་ཚང་བའི་སྒོ་ནས་ཡིག་བརྒྱ་བཟླ་ཞིང་བདུད་རྩི་འབེབས་སྦྱང་གི་དམིགས་པ་གཞན་དུ་མ་ཡེངས་པར་བྱའོ། །འདི་ལ་ངག་གིས་སྔགས་བཟླ་བའི་བྱེད་པ་གཙོ་ཆེ་བས་དེའི་བཤགས་པ་ཞེས་བྱ་ལ་ཚད་ཀྱང་དུས་ཐོག་གཅིག་ལ་བརྒྱ་རྩ་བརྒྱད་བཟླས་ན། ཉམས་ཆགས་ཐམས་ཅད་བསྐང་ཏེ་ངན་སོང་གསུམ་དུ་ལྟུང་བ་ལས་ཐར་བར་འགྱུར་རོ་སོགས་ཕན་པའི་ཡོན་ཏན་དཔག་ཏུ་མེད་པར་གསུངས་སོ། །གསུམ་པ་ནི། ལྟ་བའི་ཀློང་བཤགས་སྟེ། རྒྱུད་ལས། ཡིད་ཀྱི་སྒོ་ནས་ཉམས་ཆགས་བྱུང་ན་ཐུགས་ཀྱི་ལྟ་བས་བསྐང་སྟེ། རྣལ་འབྱོར་གྱི་གྲལ་འདིར་འཁོད་པ་རྣམས་ཀྱིས་ཡིད་དམ་སེམས་ནི་དོན་དམ་པར་ཐུགས་ཡང་དག་པའི་ཡེ་ཤེས་ཉིད་ཡིན་ལ། ཡང་དག་པའི་ཡེ་ཤེས་ནི་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཀུན་གཞི་མ་བཅོས་པ་ལ་ཡིད་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོར་ཤར་བ་ནི་བསྲུང་དུ་མེད་པའི་དམ་ཚིག་ཆེན་པོ་སྟེ། ཞེས་པའི་གཞུང་འདིའི་སྟེང་ནས་ལྟ་བའི་ངེས་པ་ཐོབ་དགོས་ཏེ། དེ་ནི་སེམས་བདེ་གསལ་མི་རྟོག་པའི་ངང་དུ་ཉམས་གསལ་སྟོང་ཤིགས་སེ། བློ་བདེ་འབོལ་ལེ་གནས་པ་ཙམ་ལ་ནི་ལྟ་བའི་གནད་ཡེ་མེད་པས། སྒྱུ་འཕྲུལ་དྲྭ་བ་ལ་སོགས་པའི་རྒྱུད་ཀྱི་དོན་གྲུབ་པའི་སློབ་དཔོན་སྒེགས་པའི་རྡོ་རྗེ། སངས་རྒྱས་གསང་བ། བཱི་མ་ལ། ཨོ་རྒྱན་ཆེན་པོ་ལ་སོགས་པས་ལུང་རིགས་མན་ངག་གིས་བཀྲལ་བའི་འགྲེལ་རྙིང་རྣམས་བཞིན་དུ་སྒྲོ་འདོགས་ཆོད་པའི་དོན་ལ་འཇོག་

ཚུལ་མཁས་དགོས་ཀྱང་། འདིར་མདོར་བསྡུ་ན་ཀུན་གཞིའི་སྒྲས་བསྟན་པའི་མ་བཅོས་པའི་གནས་ལུགས་ནི་རྣལ་འབྱོར་ཆེན་པོའི་སྐབས་སུ་དགག་བྱའི་སྤྲོས་པ་རྣམ་པར་བཅད་པའི་སྟོང་ཙམ་ཁོ་ན་ལ་མི་འཇོག་སྟེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཞེས་དགག་གཞི་འོད་གསལ་གཉུག་མ་བྱང་ཆུབ་ཀྱི་སེམས་དང་ངོ་བོ་གཅིག་ཏུ་གྱུར་པ་མེ་དང་ཚ་བ་ལྟ་བུ་ཟུང་འཇུག་ཏུ་བཏགས་པའི་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་རུ་ཤར་བ་སྟེ་གྲུབ་པ་ནི་གནས་ལུགས་སམ་གནས་ཚུལ་མཐར་ཐུག་པ་ཡིན་ཅིང་། གཉུག་མའི་སེམས་ཉིད་དེའི་རང་རྩལ་ལམ་རང་གི་ནུས་པ་ལས་སྣང་བ་མིན་པའི་ཆོས་གཞན་མེད་པས་ན་སྲུང་དུ་མེད་པ་ཞེས་བྱ་ལ། ཚུལ་དེ་ལྟར་ལེགས་པར་རྟོགས་པ་ལ་དམ་ཚིག་ཆེན་པོ་ཞེས་གསུངས་སོ། །དེ་ཡང་ཡེ་དོན་གྱི་ཀུན་གཞི་གནས་ལུགས་དེ་ལྟར་ཡིན་པའི་ཚུལ་ལེགས་པར་རྟོགས་ཕན་ཆད་ནི། འཁོར་བའི་ཀུན་གཞི་བག་ཆགས་དང་བཅས་པས་བསྐྱེད་པའི་ཕུང་ཁམས་ཤེས་དབང་ཡུལ་དུས་སུ་གྱུར་པ་དང་། ངག་གི་སྨྲ་བརྗོད་སོགས་ཐམས་ཅད་མཚོ་ལས་རླབས་སྣང་བ་ལྟར་གནས་ལུགས་དེའི་རྩལ་སྣང་ཙམ་ལས་ཡེ་ནས་ཏེ་རང་བཞིན་གྱིས་མ་བྱུང་མ་སྐྱེས་པས་རང་བྱུང་ཆེན་པོ་ཡིན་ནོ། །དམ་ཚིག་ཉམས་ཆགས་སྡིག་སྒྲིབ་སོགས་སྤྱིར་འཁོར་བ་དང་བྱེ་བྲག་ངན་སོང་གི་གནས་རིགས་དམན་པ་སྡུག་བསྔལ་འགྲུབ་བྱེད་ནི་གནས་ལུགས་དེ་དང་མི་མཐུན་པའི་འཛིན་སྟངས་ཕྱིན་ཅི་ལོག་པ་ཙམ་གྱི་རྒྱུས་སྐྱེ་བའོ། །དེ་ལྟར་ལྟ་བ་རྟོགས་པའི་མཐུས་མ་རིག་པ་གཞི་ནས་ལྡོག་ནུས་ཏེ། །དེ་གཉིས་ནི་ཡུལ་གཅིག་ལ་འཛིན་སྟངས་མི་མཐུན་པ་ཙམ་ལས་ངོ་བོ་ཐ་དད་དུ་མེད་དོ། །བློ་གཉིས་ཀྱང་གཅིག་ཡོད་ཚེ་གཅིག་མངོན་དུ་མེད་དེ་མི་མཐུན་པའི་ཕྱིར་རོ། །བླ་ན་མེད་པའི་ཐབས་ཆེན་པོའི་ལམ་འདིས་ནི་མ་རིག་པས་བསླད་པའི་རྟོག་

སྒྲིབ་རགས་པ་ཤུགས་ཀྱིས་ལྡོག་པ་ན་འབྲས་བུ་སྡུག་བདེན་དུ་གྱུར་པའི་ཕུང་པོ་སོགས་ལྷའི་དཀྱིལ་འཁོར་དུ་གནས་པ་ལ་ངེས་པ་རིམ་བཞིན་འདྲེན་ཏེ། གནས་ཚུལ་དང་མཐུན་པའི་སྣང་ཆ་ངང་གིས་གསལ་བའི་རྒྱུ་མཚན་ནི་སྣང་སྟོང་གཉིས་ངོ་བོ་གཅིག་པས་སྣང་བ་སྤང་བའི་སྟོང་པ་དང་། སྟོང་པ་མིན་པའི་སྣང་བ་མི་སྲིད་པའི་ཕྱིར་རོ། །དེ་ལ་གོམ་པ་ཀློང་དུ་གྱུར་པ་ན་དེ་ལྟར་དོན་བྱེད་ནུས་ཏེ་ཡང་དག་པའི་རྟེན་འབྲེལ་ནི་བསླུ་བ་མེད་ཅིང་སྟོབས་དང་ལྡན་ཏེ་རྡོ་རྗེའི་སྐུ་དང་འཇའ་ལུས་གྲུབ་པའི་རིག་འཛིན་གོང་མ་རྣམས་བཞིན་ནོ། །དེ་བཞིན་དུ་རྫོགས་པ་ཆེན་པོའི་གཞུང་ལ་ནི། སེམས་ཀློང་མན་ངག་གི་སྡེ་སོ་སོར་འཇུག་སྒོ་དང་། གཞི་ལམ་འབྲས་གསུམ་གྱི་འཇོག་ཚུལ། དངོས་གཞི་གདམ་དོན་སྐྱོང་བའི་དུས་རྣམས་སུ་ཁྱད་ཆོས་ཟབ་མོ་དུ་མ་ཡོད་ཀྱང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་འཇོག་ཚུལ་སོགས་ལྟ་བའི་གཞི་ནི་འདི་དང་མཐུན་པའི་ཚུལ་ཤེས་པར་བྱས་ནས་འདིའི་ཐུན་མིན་གྱི་རྫོགས་རིམ་བར་དོ་དྲུག་ཁྲིད་ལའང་མན་ངག་སྡེའི་ངོ་རང་ཐོག་ཏུ་སྤྲོད་པ་དང་། ཐག་གཅིག་ཐོག་ཏུ་གཅོད་པ་དང་། གདེང་གྲོལ་ཐོག་ཏུ་འཆའ་བ་ལ་བརྟེན་ནས་ལྟ་བའི་གནད་ཤེས་པ་ན་དེའི་ལུགས་སུ་བྱས་ཏེ་ཀློང་བཤགས་བྱའོ། །ལར་རིག་འཛིན་གོང་མ་རྣམས་ཀྱི་གསུངས་རྒྱུན་ལས། རྒྱུད་ལུང་མན་ངག་གསུམ་པོ་ལྟ་བ་གཏན་ལ་འབེབས་ཚུལ་ཙམ་ལས་དངོས་གཞི་ལྟ་བ་རྟོགས་པ་ན་ཚུལ་གཅིག་པས་ན་ཡོ་ག་རྣམ་གསུམ་ལྟ་བའི་སྐྱེལ་སོ་གཅིག་གོ་ཞེས་གསུངས་སོ། །འདི་ལ་དཔལ་འཛིན་སོགས་ཁ་ཅིག་གིས་རྫོགས་ཆེན་ཧ་ཤང་གི་ལྟ་བ་ཡིན་ཟེར་བ་དང་། ཧ་ཤང་གི་ལྟ་བ་འདྲེས་ཟེར་བ་ནི་ཆོས་ཀྱི་ལོ་རྒྱུས་ཙམ་ཡང་མ་མཐོང་བའི་

ཆགས་སྡང་གི་མུན་གཏམ་གྱིས་ཆོས་སྤང་བའི་ལས་ངན་གསོགས་པ་སྟེ། རྫོགས་པ་ཆེན་པོ་ནི་སྔོན་གྱི་དུས་སུ་སློབ་དཔོན་ཆེན་པོ་དང་། པཎ་ཆེན་བི་མ་མི་ཏྲ་ལ་སོགས་རིག་འཛིན་གྱི་ས་ལ་བཞུགས་པའི་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་གསང་ཆེན་བླ་ན་མེད་པའི་རྒྱུད་སྡེ་མཐར་ཐུག་པ་རྣམས་ཀྱི་མན་ངག །དགའ་རབ་རྡོ་རྗེ་ལ་སོགས་པའི་ཐུགས་བཅུད། བཻ་རོ་ལ་སོགས་པའི་རྗེ་འབངས་དང་། ཉང་ཏིང་འཛིན་བཟང་པོ་སོགས་ལ་གནང་བས་ཐམས་ཅད་འཇའ་ལུས་རིག་འཛིན་གྱི་ས་ལ་གཤེགས་པའི་བརྒྱུད་པ་དེང་སང་གི་བར་དུ་བྱིན་རླབས་དབང་། གྲོལ་བྱེད་ཁྲིད། ཉམས་མྱོང་ཕྱག་བཞེས་རྣམས་མ་ཉམས་པར་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་ཟབ་གཏེར་དག་སྣང་དུ་སྩལ་བ་སོགས་ཁྱད་པར་ཅན་བཞུགས་པའི་ནང་དུ་ཧ་ཤང་འབྱུང་དོན་མེད་དོ། །ལར་རྒྱ་ནག་གི་ཡུལ་དུ་བྱ་རྒྱུད་སོགས་ཕྲན་ཚེགས་རེ་དང་། མདོ་ཕྱོགས་མ་གཏོགས་བླ་མེད་ཀྱི་རྒྱུད་མ་འགྱུར་བར་བཤད་ལ། ཧ་ཤང་ནི་དེ་དག་གི་ཕྱིས་ཞིག་ན་བྱུང་སྟེ་མདོ་སྡེ་དག་གི་ལུང་ལ་བརྟེན་ནས་སྦྱིན་པ་སོགས་རྒྱ་ཆེ་བའི་སྤྱོད་ཕྱོགས་ཐམས་ཅད་མི་དགོས་ཤིང་། ཡིད་ལ་བྱེད་པ་ཐམས་ཅད་བཀག་ནས་ཅི་ཡང་ཡིད་ལ་མི་བྱེད་པའི་སྲོལ་ཚུག་པ་མཁན་པོ་ཞི་བ་འཚོས་མ་འོངས་ལུང་བསྟན་མཛད་པ་བཞིན། སློབ་དཔོན་ཀ་མ་ལ་ཤི་ལས་སུན་བྱུང་བར་བཤད་པ་ལས་ཕྱག་རྫོགས་སོགས་བླ་མེད་ཀྱི་ཆོས་ཧ་ཤངས་གིས་བསྟན་པར་མ་བཤད་དོ། །དེ་དག་ནི་འཕྲོས་དོན་ཡིན་ལ། སྐབས་སུ་བབས་པ་དངོས་ལ་བཤགས་རྒྱུད་ཀྱི་གླེང་གཞིའི་ལེའུ་ལས་གྲངས་གསུངས་པ་ལྟར། ཐེག་པ་ལམ་ཞུགས་ནས་སྐུ་གསུང་ཐུགས་སུ་བྱུང་བའི་བཤགས་པའི་བར་དོན་ཚན་བཅུ་གསུམ་ལས་དབྱེ་སྟེ་ལེའུ་བཅོ་ལྔས་བསྟན་

ཀྱང་། འདིར་ནི་རྩ་བ་ཞི་ཁྲོའི་དཀྱིལ་འཁོར་དང་འབྲེལ་བར་སློབ་དཔོན་ཆེན་པོས་དོན་དྲུག་ཏུ་བསྡུ་བར་མཛད་པ། ཀློང་བཤགས་བརྗོད་པ་རང་གྲོལ་ལས། འདི་ལ་དྲུག་སྟེ་བརྗོད་མེད་དོན་བཤགས་དང་། ཞི་བའི་ཀློང་བཤགས་དང་། ཁྲོ་བོའི་ཀློང་བཤགས་དང་། ལྟ་བའི་ཀློང་བཤགས་དང་། རཱུ་ཏྲའི་སྨྲེ་བཤགས་དང་། བདེ་གཤེགས་སྤྱི་བཤགས་རྣམ་པ་དྲུག་གིས་བསྟན་ཅེས་པ་ལས། ལྔ་པ་ནི་གྲོལ་ལམ་ལྟ་བའི་ཀློང་བཤགས་དངོས་ཏེ། ཧཱུྃ་ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ༔ སོགས་ཀྱི་དོན་དེ་ཡང་ལྷག་པའི་དོན་དམ་བདེན་པ་ནི། མཚན་མའི་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་དང་། སྟོང་ཆེན་དེ་ལ་འཁོར་འདས་བཟང་ངན་མེད་པར་མཉམ་པ་ཉིད་དང་། སྐྱེ་འགགས་ལ་སོགས་པའི་འདུས་བྱས་ཀྱི་མཚན་ཉིད་ཅན་གྱི་རྣམ་པ་དང་བྲལ་བའི་དུས་གསུམ་འགྱུར་མེད་དང་། འཕགས་པའི་ཆོས་ཐམས་ཅད་གང་ལ་བརྟེན་ནས་འབྱུང་བའི་ཆོས་ཀྱི་དབྱིངས་དང་། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བརྟེན་པའི་གཞལ་ཡས་ཁང་དང་། ལོངས་སྤྱོད་ཆེན་པོ་གསང་བའི་སྐུ་མངོན་པར་བྱང་ཆུབ་ཅིང་འདུ་འབྲལ་མེད་པར་བཞུགས་པའི་གནས་རྡོ་རྗེ་བཙུན་མོའི་བྷ་ག་སྟེ་ཡུམ་གྱི་མཁའ་དང་རྣམ་པར་ཐར་པའི་སྒོ་བདག་མེད་པའི་གནས་ལུགས་རང་བཞིན་གྱིས་སྐྱེ་བ་མེད་པའི་དོན་དང་། སྒྱུ་མ་ལྟ་བུའི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་བ་ལ་ཆགས་ཐོགས་དང་བྲལ་བའི་ཆོས་ཉིད་ཆགས་པ་མེད་པ་དང་། མི་དགེ་བའི་ལས་དང་། འཁོར་བའི་ཆོས་ཀྱི་རང་བཞིན་ཏེ་ཆོས་ཉིད་དུ་གྱུར་ཀྱང་དེ་ཡི་དྲི་མས་མ་གོས་པའི་བྱང་ཆུབ་སྐྱོན་བྲལ་དང་། གང་ལ་དམིགས་ཏེ་བསྒོམ་པས་ཡང་དག་པའི་དོན་འབྱུང་བ་ལ་མི་བསླུ་བས་ཆོས་ཉིད་བདེན་པའི་དོན་ཏེ་མིང་གི་རྣམ་གྲངས་བཅུས་བསྟན་པ་དང་། ལྷག་པའི་ཀུན་རྫོབ་བདེན་པ་ཞེས་

དགག་གཞི་དྲི་མ་མེད་པའི་འོད་གསལ་གོང་གི་སྟོང་ཆེན་དང་ངོ་བོ་གཅིག་ཏུ་གྱུར་པའི་དབྱེར་མེད་པ་ནི། རྟོག་པའི་དྲྭ་བས་བཅིང་གྲོལ་གྱིས་བཟང་ངན་མེད་པའི་ཀུན་ཏུ་བཟང་པོ་དང་། རང་བཞིན་གྱིས་འོད་གསལ་བར་མཚན་མའི་རྣམ་རྟོག་གི་གྲྭ་ཟུར་དང་བྲལ་བས་ཀུན་ནས་ཟླུམ་པོའི་ཐིག་ལེ་ཆེན་པོ་དང་། སྐྱེ་འཆི་སོགས་མཚན་མའི་རྐྱེན་གྱིས་རྒྱུན་ཆད་མེད་པ་གཉུག་མའི་བྱང་ཆུབ་ཀྱི་སེམས་དང་། རྒྱུ་འབྲས་སོགས་རྩོལ་སྒྲུབ་ཀྱིས་གསར་དུ་བྱས་པ་མིན་པའི་རང་བྱུང་གི་ཡེ་ཤེས་དང་། རང་གི་ངོ་བོ་མ་རིག་པས་སྒྲིབ་པའི་རྟག་ཆད་སོགས་ཀྱིས་མཐའ་དང་བྲལ་ཞིང་དེ་དག་གི་གཉེན་པོའི་ཕྱོགས་སུ་གྱུར་པའི་རིག་པ་ཡེ་ཤེས་དང་། གང་སྣང་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་རང་གསལ་བའི་ཐབས་བདེ་བ་ཆེན་པོ་ཡབ་དང་། གཟུགས་ལ་སོགས་པའི་ཕྱི་རོལ་གྱི་ཆོས་ཐམས་ཅད་རིག་པའི་རང་སྣང་ཙམ་དུ་ལྷུན་གྱིས་གྲུབ་པ་ལས་གཞན་དུ་མི་དམིགས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་དང་སྟོང་པ་ཆེན་པོ་དང་ཡེ་ནས་ངོ་བོ་ཐ་དད་དུ་མེད་པའི་དབྱེ་བསྲི་མེད་པ་ཞེས་དང་། གཞན་ཡང་འོད་གསལ་དང་མི་ཤིགས་པའི་ཐིག་ལེ་ལ་སོགས་པའི་མིང་གིས་བསྟན་པའི་དོན་རྣམས་དྲན་པར་བྱས་ཏེ་ལྷག་པའི་བདེན་པ་དབྱེར་མེད་ཀྱི་རིག་སྟོང་ཆེན་པོ་བཅོས་བསླད་ཀྱི་རྟོག་སྒྲིབ་ཐམས་ཅད་དང་བྲལ་བ་དེའི་ངང་དུ་འཇོག་པའོ། །དེ་ལྟར་ལེགས་པར་རྟོགས་པ་མ་གྱུར་པ་དང་། མ་ཤེས་པ་དང་། ཤེས་ཀྱང་འདི་ཡིན་ནམ་མ་ཡིན་སྙམ་ཏེ་སེམས་ལ་ཐེ་ཚོམ་གྱིས་སེལ་ཞུགས་པ་ལ་སོགས་པའི་ནོངས་པ་རྣམས་འགྱོད་པས་བཤགས་པའོ། །འདི་ལ་ཡིད་ཀྱི་བྱེད་པ་གཙོ་ཆེ་བས་དེའི་བཤགས་པ་ཞེས་བྱའོ། །འདི་ནི་བཤགས་པ་རྣམས་ཀྱི་གཙོ་བོར་གྱུར་པས་ན་རྒྱལ་པོ་ཞེས་བྱའོ། །བཞི་པ་ནི། དེ་ཡང་དམ་ཚིག་ཉམས་པ་དང་ལས་ངན་མི་དགེ་བ་

གང་བསགས་པ་ཐམས་ཅད་དྲན་པར་བྱས་ཏེ། དེའི་འབྲས་བུ་སྡུག་བསྔལ་མི་བཟོད་པར་མྱོང་དགོས་པར་ཤིན་ཏུ་སྐྲག་ཅིང་འཇིགས་ལ་འགྱོད་པའི་མེ་ལྕེ་དྲག་པོས་ཡིད་ཀྱི་བུད་ཤིང་གདུང་བས། ཉེས་པ་རྣམས་སྨྲེ་སྔགས་ཀྱིས་བསྒྲགས་ཏེ་མྱ་ངན་གྱིས་བཤགས་ཚིག་སྔོན་ཚེ་རཱུ་ཏྲས་བཤགས་པ་བཞིན་བརྗོད་དེ་བཤགས་པ་ནི་དེ་དངོས་དང་། བརྗོད་མེད་ལ་སོགས་པའི་བཤགས་པ་རྣམས་ལས་དམ་ཚིག་ཉམས་པའི་ཉེས་དམིགས་དང་ཉམས་པའི་ཚུལ་གསུངས་པ་རྣམས་སྨྲེ་བཤགས་ཀྱི་ཁོངས་སུ་བསྡུས་ཏེ་བཤགས་པར་བྱའོ། །འདི་ལ་ཉེས་པ་སོགས་སྨྲེ་སྔགས་ཀྱི་སྒོ་ནས་བཤགས་པས་དེའི་བཤགས་པ་ཞེས་བྱའོ། །དེ་ལྟར་འགྱོད་པ་དྲག་པོས་བཤགས་པས་ནི་མདོ་ལམ་ལྟར་མ་ཡིན་པར། ཚེ་འདི་ལའང་སོར་ཆུད་ནས་རིག་འཛིན་གྱི་ས་ལ་སྦྱོར་བར་གསུངས། ཕྱིན་ཆད་ནི་སྲོག་ལ་བབས་ཀྱང་མི་བྱེད་པར་སེམས་པས་སྡོམ་དགོས་པས། དེ་ལའང་ལྟ་བ་དང་། ཏིང་ངེ་འཛིན་དང་། དད་པ་དང་། ཐག་ཆོད་པའི་སྤྱོད་པའི་སྒོ་ནས་བསྡམས་ཏེ་རྒྱུད་དག་སེང་ངེ་བ་ཞིག་མ་བགྱིས་ན་བཤགས་པ་རྣམས་དོན་མེད་པ་ཉིད་དུ་འགྱུར་བས་ན་མི་འཆབ་མི་སྦེད་སླན་ཆད་སྡོམ་པར་བགྱི་གསུངས་པ་ལྟར་རོ། །དེ་ལྟར་བཤགས་ཆེན་བཞི་རྒྱུད་ལས་གསུངས་པ་བཞིན་དུ་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་ཚུལ་བཞིན་དུ་བགྱིས་པས་མཚམས་མེད་པ་ལྔ་ལ་སོགས་པའི་ལས་མཐོང་ཆོས་མྱོང་འགྱུར་རྣམས་ཀྱང་བྱང་བར་གསུངས་པ་སྒྲ་ཇི་བཞིན་ཡིན་པས་འབད་པར་བྱའོ། །དྲུག་པ་ནི་བསྐང་བའི་རྒྱུ་ཞེས་བསྐང་ཆེན་བཞི་ལ་ཆོ་ག་ཕལ་ཆེ་བ་ལས་སྨན་རཀ་གཏོར་མ་མར་མེ་དང་བཞིར་མཛད་པ་ནི་གནད་ཁྱད་པར་ཅན་རེ་ཡོད་པ་ལ་གཙོ་བོར་དགོངས་པའོ། །འདིར་ནི་ཟབ་ཆོས་འདིའི་བཀའ་བབས་རྒྱ་ར་བ་ནམ་མཁའ་ཆོས་

ཀྱི་རྒྱ་མཚོའི་ཆོག་སྒྲིག་བསྐང་བཤགས་ཀྱི་གཞུང་ལས་གསུངས་པ་བཞིན་ཕྱི་ཐུན་མོང་རྫས་ཀྱི་བསྐང་བ། ནང་ཐུན་མིན་རྫས་ཀྱི་བསྐང་བ། གསང་བ་ཚོགས་ཀྱི་མཆོད་པས་བསྐང་བ། དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་བསྐང་བའོ། །འདི་ལ་གོ་དོན། རྩ་ལྟུང་བྱུང་ནས་བཤགས་ཚད་ལས་འདས་པ། ཞག་གཅིག་ཟླ་གཅིག་ལོ་གཅིག་ལོ་གཉིས་འདས་འགལ་ཉམས་འདས་རལ་ཞེས་བརྗོད་སོགས་གསུངས་ལ། དེ་བསྐང་ཐབས་ཀྱང་། འགལ་ན་ཚོགས་འཁོར་ཉམས་ན་བདོག་པས་བསྐང་། འདས་ན་བུ་དང་ཆུང་མ་ནོར་སོགས་དང་། །རལ་ན་རང་གི་སྲོག་གིས་གསོ་བར་བཤད། །ཞེས་པས་དེ་ཡང་བདོག་དགུའི་དངོས་པོ་དཀོན་མཆོག་གི་ཞིང་སར་གཏོང་བའམ། དཀྱིལ་འཁོར་གྱི་སྤྱན་སྔར་ཅི་འབྱོར་མཆོད་པར་སྦྱར་ཏེ། དང་པོ་ནི། ལྷ་གྲངས་དང་མཉམ་པ་སོགས་ཀྱིས་ཉེར་སྤྱོད་བྱིན་གྱིས་བརླབས་ལ། ཧཱུྃ་སྟོང་གསུམ་འདིའམ་གཞན་དག་ན་སོགས་ཀྱི་དོན་བཞིན་འབུལ་བའོ། །གཉིས་པ་ནི། བླ་མ་སོགས་ཀྱི་ཕྱིར་རང་གི་སྲོག་གཏོང་བའང་ཅི་མི་སེམས་པ་དགོས་མོད། དེ་ཡང་མུ་སྟེགས་ལྟར་ཏྲི་ཤུལ་གྱི་རྩེར་མཆོངས་ཏེ་འགུམ་པར་བྱ་བ་དང་། མེ་ལྔ་བསྟེན་ནས་བསྲེགས་པ་ལྟ་བུས་ནི་ཉམས་ཆགས་མི་བསྐོང་བར་མ་ཟད་ཕུང་པོ་ལ་བརྙས་པའི་ལྟུང་བར་འགྱུར་བས། འདིར་བདུད་རྩི་སྨན་སོགས་བཞི་བརྒྱ་རྩ་བརྒྱད་རེ་བཤམས་ལ། ཧཱུྃ། ཀུན་གཞི་ཀློང་ཡངས་བྷནྡྷ་རུ་སོགས་ཀྱིས་རང་གི་ལུས་དཀྱིལ་རྩ་འཁོར་ལྔའི་དབུས་ཀྱི་དྭངས་མའི་དཀར་ཆ་དང་དབྱེར་མེད་པའི་བློས་འབུལ་བ་དང་། ཧཱུྃ་སྤྱི་གཙུག་བདེ་ཆེན་འཁོར་ལོའི་བྷནྡྷ་རུ་སོགས་ཀྱིས་འཁོར་ལོ་ལྔའི་དབུས་ཀྱི་ཁྲག་གི་དྭངས་མ་དམར་ཆའི་ཁམས་དང་དབྱེར་མེད་དུ་བྱས་ནས་འབུལ་བ་དང་། ཧཱུྃ་བྷནྡྷ་འབར་བའི་གཏོར་གཞོང་དུ་སོགས་ཀྱིས་ལུས་ཀྱི་ཤ་ཁྲག་

དྲོད་དབུགས་བཀྲག་མདངས་རྣམས་བཤམས་པའི་གཏོར་མ་དང་དབྱེར་མེད་དུ་བྱས་ཏེ་འབུལ་བའོ། །ཧཱུྃ་བརྡལ་ཁྱབ་པགས་པའི་ཀོང་བུ་རུ་སོགས་ཀྱིས་སྤྱིར་འཁོར་ལོ་ལྔའི་དབུས་ཀྱི་དྭངས་མའི་ཐིག་ལེ་ལ་བརྟེན་པའི་འོད་གསལ་དང་། ལམ་སྣང་ཡེ་ཤེས་འཆར་བའི་དྭངས་མ་རྩ་ཁམས་ལས་ཤར་བའི་བདེ་ཆེན་གྱི་ཡེ་ཤེས་རྣམས་བཤམས་པའི་མར་མེ་དང་དབྱེར་མེད་དུ་བྱས་ལ་འབུལ་ཞིང་། དེ་དང་རྗེས་འབྲེལ་མར་མེའི་སྨོན་ལམ་ཀྱང་བསམ་པ་དག་པས་གདབ་པར་བྱའོ། །འདི་དག་རྣམས་ནི་སྲོག་གི་ཟུང་དང་རྟེན་དུ་གྱུར་པའི་དཀར་དམར་གྱི་ཐིག་ལེ་སོགས་སྨན་རཀ་གཏོར་མ་མར་མེ་རྣམས་དང་དབྱེར་མེད་དུ་དམིགས་པས་འབུལ་བ་ལ་སྲོག་གིས་གསོ་བའི་གནད་ཚང་བའོ། །གསུམ་པ་ནི། ཚོགས་ཀྱི་མཆོད་པ་བྱིན་གྱིས་བརླབས་ཏེ་གཞུང་བཞིན་འབུལ་བའོ། །དེ་དང་རྗེས་འབྲེལ་དུ་ཞི་ཁྲོའི་མདངས་བསྐང་གི་དོན་ནི། ཧཱུྃ་རྣམ་ཤེས་ཕུང་པོ་གནས་དག་པའི། །ཞེས་སོགས་སྲོགས་ཆགས་མདངས་ནི་སྲོག་དང་ལྡན་པ་ལ་གསུངས་པ་སྟེ། ཕུང་ཁམས་སྐྱེ་མཆེད་ཚང་བ་དག་པའི་གཞིར་བཟུང་ནས། དེ་རྣམས་དག་པའི་ཆོས་སོ་སོར་ལྷའི་རྣམ་པར་གནས་པ་ལ་ཞི་བའི་མདངས་བསྐངས་དང་། དེའི་རང་གི་རྣམ་པའི་ཉམས་དང་ལྡན་པའི་གནས་འགྱུར་ཁྲོ་བོའི་ལྷ་ཡིན་ནོ། །བསྐང་རྫས་ལ། ཟ་ལེ་འབྲི་དང་ཤེལ་སྒོང་ལུག །ཙ་ར་མཁའ་ལྡིང་མདངས་ཀྱིས་བསྐང་ཞེས་གསུངས་པའི་སྲོག་ཆགས་གསོན་མའི་བསྐང་རྫས་ཡིན་ནོ། །རྩ་བའི་དཀྱིལ་འཁོར་བསྐྱེད་ཚེ་མ་བྱུང་ཡང་ཚོགས་མཆོད་སོགས་ཀྱི་དུས་མགྲོན་ཐབས་ཀྱི་ལྷ་ལུང་གི་ཁྲོ་བོ་ཡབ་ཡུམ་བརྒྱད་དང་། སྤོར་བྱེད་བརྒྱད། དེ་དང་རྗེས་འབྲེལ་ཕུར་པའི་ལྷ་བསྐང་འདི་སྒྱུ་འཕྲུལ་ལས་བསྲུང་བའི་འཁོར་ལོ་ཁྲོ་བཅུ་ཡབ་

ཡུམ་གསུངས་པ་དང་དོན་གྱི་གནད་གཅིག་ཅེས་མཛད་པ་དང་། གཙོ་བོའི་ཁྱད་པར་མ་གཏོགས་ཡང་དག་གི་ལྷ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཡིན་པས་ཡང་ཕུར་སྦྲགས་མའི་གནད་ཀྱིས་ཡིན་པར་གསུངས་པ་དང་། ཚོགས་ཆེན་འདུས་ཀྱི་དཀྱིལ་འཁོར་གྱི་པདྨའི་ཆུ་བར་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བསྐྱེད་པར་གསུངས་པས་འདིའི་བཤགས་ཆེན་བཞི་སོགས་ལུང་དང་མཐུན་པར་གསུངས་པའི་གནད་ཀྱིས་ཡིན་སོགས་གསུངས་པས་གང་ཡིན་ཀྱང་འདྲ་སྟེ། ཕ་རྒྱུད་མ་རྒྱུད་ཀུན་ལས་བསྟན་པའི་ཕྲིན་ལས་ཀྱི་དཀྱིལ་འཁོར་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །གཞན་ཡང་ཆོས་སྐྱོང་སྡེ་བདུན་གྱི་བསྐང་བ་དང་བཅས་པའོ། །བཞི་པ་ནི། ཧཱུྃ་དངོས་པོ་ཆོས་ཉིད་ཡངས་པའི་ཀློང་དུ་བསྐང་སོགས་ཀྱིས་བདེ་སྟོང་དབྱེར་མེད་ཆེན་པོའི་དགོངས་པའི་ངང་བསྐྱངས་ཏེ་མཉམ་པར་འཇོག་པའོ། །དེ་ལྟར་བསྐང་བཤགས་ཀྱི་རིམ་པ་འདིས་ནི། སྡིག་ལྟུང་ཉམས་ཆགས་སོགས་སྒྲིབ་གཉིས་བྱང་བ་ཙམ་དུ་མ་ཟད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཏེ། དུས་རིང་པོར་མི་ཐོགས་པར་རྒྱལ་བའི་གོ་འཕང་ཆེན་པོ་མངོན་དུ་བྱ་བའི་ཐབས་ཚང་བ་ཡིན་ཏེ། རྒྱུད་ལས། དེ་ནས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཐོས་པ་ཙམ་གྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཏོ། །ཞེས་གསུངས་པས་སོ། །བདུན་པ་ནི། གཤིན་པོ་རྗེས་འཛིན་གནས་འདྲེན་གྱི་ཆོ་ག་སྟེ། འདི་ལ་གཉིས། རྟེན་སྦྱངས་ཆས་ཁྲུས་དཀྱིལ་བྱ་བའི་ཚུལ་དང་། ཆོ་ག་

དངོས་སོ། དང་པོ་ནི། གཤིན་རྗེའི་གནས་ལྷོ་ཕྱོགས་ཡིན་པ་དང་། སྔོན་སྦྱང་རྒྱུད་གསུངས་པའི་ཚེ་ངན་སོང་གསུམ་པོ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བཀུགས་ནས་ངན་འགྲོ་དྲལ་བའི་ཆོ་ག་གསུངས་པ་དང་། རྒྱ་གར་དུ་དུར་གྱི་བྱ་བ་ཐམས་ཅད་གྲོང་སོགས་ཀྱི་ལྷོ་སྒོར་བྱེད་པའི་སྲོལ་ལྟར། དཀྱིལ་འཁོར་གྱི་ལྷོ་ཕྱོགས་དམའ་བར་ཁྲུས་དཀྱིལ་སྟེགས་བུར་རས་དཀར་རམ་དར་དཀར་གྱི་སྟེང་པདྨ་འདབ་བརྒྱད་ཀྱི་གདན་ལ་སྙུག་མདའ་སོགས་ལ་བཏགས་པའི་བྱང་བུ་ནི་ཇི་སྐད་དུ། རྣམ་ཤེས་བརྟེན་པའི་མཁར་ཡིན་པས། །འདྲ་འབགས་པུས་བཙུག་ཐལ་སྦྱར་བ། །ལག་ན་མེ་ཏོག་ཐོགས་པ་བྲིི། །ཞེས་པ་ལྟར་གྱི་སྙིང་གར་ནྲྀའམ་མིང་ཡིག་དང་པོ་ཐིག་ལེས་མཚན་པ་དང་། རྒྱབ་ཏུ་གསེར་མཚལ་གུར་གུམ་སོགས་ཀྱིས་བྲིས་པའི་བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་བདག་མིང་བྲིས་ལ་འདི་ཞིས་བགྱི་བས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྒྲིབ་པ་སྦྱངས་དུ་གསོལ། དབང་བསྐུར་དུ་གསོལ། ལམ་བསྟན་ཏུ་གསོལ། མྱུར་དུ་འཚང་རྒྱ་བར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་བྲིས་པ་དང་། སྟེང་དུ་གདུགས་གཡས་གཡོན་དུ་འཕན་སོགས་འདོན་ཆ་བཞིན་བྲི། ཕྲེང་རྒྱན་ལྟ་བུ་བདག་གིར་བྱེད་པའི་རྫས་གཅིག་ཀྱང་བཏགས། གཟུགས་མ་གྲུབ་ན་མིིང་བྲིས་ཀྱང་རུང་སྟེ། སྦྱོང་རྒྱུད་ལས། དེ་ཡི་གཟུགས་བརྙན་བྲི་བའམ། །གུར་གུམ་གྱིས་ནི་མིང་ཡང་རུང། །ངན་སོང་གསུམ་གྱི་འཇིགས་ཆེན་ལས། །སེམས་ཅན་རྣམས་ནི་གྲོལ་བའི་ཕྱིར། །བློ་ཆེན་གྱིས་ནི་དབང་བསྐུར་བྱ། །ཞེས་སོ། །དེའི་སྔོན་ཕྱོགས་དཀྱིལ་འཁོར་ཕྱོགས་ལ་གྱེན་དུ་བསྒྲིགས་པའི་རིགས་དྲུག་གི་ས་བོན་བྲིས་པ་བཀོད། མིང་བྱང་གི་གཡས་སུ་བཟའ་བ་དང་། གཡོན་དུ་བཏུང་བ་འདོད་ཡོན་

དྲི་གསུར་བསྔོ་བའི་རྫས་དང་། མཐེབ་སྐྱུ། ཆང་བུ། ཏིང་ལོ་གསུམ་གསུམ་དང་། ཡུངས་ཐུན། བྱེ་སྔགས། ཁྲུས་བུམ། མེ་ལོང་། གོས་འབུལ། སྒྲོན་མེ་གསལ་བ། རིགས་དྲུག་གི་སྦྱོང་གཏོར་སོགས་ཚང་བར་བཤམས་མོ། །གཉིས་པ་ནི། དོན་བཅུར་གསུངས་པའི་དང་པོ་གཤེད་དང་ཕྲལ་བར་རྟེན་ལ་རྣམ་ཤེས་འགུགས་པ་དང་དེ་དངོས་སོ། །དང་པོ་ནི། ཧཱུྃ་བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས༔ སོགས་ཀྱིས་དམིགས་པའི་རྟེན་ལ་འགུགས། སྤྱིར་སྦྱོང་བ་ལ་སྦྱང་ཁྲུས་ཀྱི་རིམ་པའི། དང་པོ་བགེགས་སྦྱོང་བའི་དོན་དུ་འདིར། གཉིས་པ་ནི། ཧཱུྃ༔ ཚེ་འདས་ལུས་བརྗེས་སོགས་ནས་ཞི་དྲག་དང་ཕྱེད་མའི་སྦྱངས་བས་བགེགས་བསྐྲད། གཉིས་པ་གནས་ནས་དགུགས་པ་ནི། ཧཱུྃ་ཚེ་འདས་ལུས་བརྗེས་བར་དོའི་རྣམ་ཤེས་ཁྱོད༔ སོགས་ཀྱི་དོན་གཤིན་པོ་དེ་ཉིད་རིགས་དྲུག་གི་གནས་སུ་སྐྱེས་ནས་སྡུག་བསྔལ་མྱོང་བའི་རྒྱུ་ཞེ་སྡང་སེར་སྣ་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་ས་བོན་ཨ་ནྲི་སུ་ཏྲི་པྲེ་དུའི་རྣམ་པར་བཀུགས་ཏེ། སྤྱི་བོ་ལ་སོགས་པའི་གནས་དང་དབྱེར་མེད་པའི་བྲིས་པའི་ས་བོན་དྲུག་ལ་བསྟིམ་ཞིང་གསལ་བར་བྱས་པས་ལྷག་མེད་དུ་སྦྱངས་རུང་བར་བསྒྲུབ་པ་སྟེ། དཔེར་ན་ནད་རྣམས་ཐང་གིས་བསྡུས་ཤིང་སྨིན་པར་བྱས་ན་སླར་གཉེན་པོའི་སྨན་གྱིས་ལྷག་མེད་དུ་གསོད་ནུས་པ་བཞིན་ནོ། །གསུམ་པ་རྟེན་ལ་བསྟིམ་པ་ནི། ཀྱེ་མ་དབང་མེད་ལས་ཀྱི་སོགས་སླའོ། །བཞི་པ་དུག་ཁྲུས་གསོལ་བ་ནི་ཞེས་པ་འདི་ལ་གསུམ། དང་པོ་ཁྲུས་ཀྱིས་སྦྱང་བ་ནི། ལས་བུམ་གྱིས་དཀྱིལ་འཁོར་གྱི་ལྷ་ལ་ཁྲུས་གསོལ་བའི་ཆུ་སླར་བླུགས་པའི་བུམ་པ་ཐོགས་ཏེ་ཧཱུྃ་འདི་ནི་སྦྱིན་པའི་རང་བཞིན་ཆུ༔ སོགས་ཀྱི་དོན་ལ། དེ་ཡང་ཁྲུས་ཀྱིས་སྡིག་པ་དག་པར་འདོད་པ་ནི་མུ་སྟེགས་རིག་བྱེད་པ་སོགས་ཡིན་ཏེ། དེ་དག་

གི་འདོད་པ་ལ་སྤྱིར་ཁྲུས་ཐམས་ཅད་ཀྱིས་དག་སྟེ་ཕྲལ་དུ་སེམས་དྭངས་བར་བྱེད་ཅིང་ལུས་གཙང་བར་བྱེད་པ་ལྟར་ཕུག་གི་སྡིག་པ་ཞི་བར་བྱེད་པའི་ཕྱིར་རོ། །ཁྱད་པར་དུ་ཁྲུས་ཀྱི་སྒོ་གང་གཱ་ལ་སོགས་པའི་ཆུ་བོ་བཅུ་གསུམ་གྱི་མིང་སྨྲོས་ཏེ། དེ་དག་ཏུ་ཁྲུས་བྱས་ན་མཐོ་རིས་དང་ཐར་པ་ཐོབ་པར་འདོད་དེ། དྲང་སྲོང་ལྔ་ལེན་གྱི་ཁྲུས་ཀྱི་སྒོ་ལས། ཁྲུས་པ་འདི་རྣམས་གང་གི་ཕྱིར། །དག་པར་འདོད་ནས་ཁྲུས་བྱེད་པ། །སྡིག་པ་དག་པའི་བདག་ཉིད་དེ། །ངེས་པར་མཐོ་རིས་ཐར་པར་འགྱུར། །ཞེས་ཆུ་དེ་དག་ཁོ་ནའི་སྟོབས་ཀྱིས་སྡིག་པ་དག་པར་འདོད་དོ། །དེ་ནི་སློབ་དཔོན་ཆོས་གྲགས་ཀྱིས། །ཁྲུས་ལས་ཆོས་འདོད་དང་ནི་རིག་སྨྲས་དྲེགས། །སྡིག་པ་གཞོམ་ཕྱིར་གདུང་བ་བརྩོན་བྱེད་པ། །བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན། །ཞེས་གསུངས་པའི་གནད་ཀྱང་ཆུ་ཁོ་ནས་ཁྲུས་བྱས་པ་ནི་གང་གཱ་སོགས་ཡིན་ཀྱང་ལུས་ཕྱིའི་དྲི་མ་ཙམ་དག་པར་བྱེད་པ་ལས་ནང་ཁྲོལ་དང་ཁྲག་སོགས་མེད་པར་བྱ་མི་ནུས་ན། སེམས་རྒྱུད་ཀྱི་ཉོན་མོངས་དང་སྡིག་པ་སྦྱང་བའི་ནུས་པ་ག་ལ་ཡོད་དེ་གཉེན་པོ་མ་ཡིན་པའི་ཕྱིར་རོ། །ལུས་ལ་མཚོན་གྱིས་བཏབ་པའི་རྨ་དང་། མྱ་ངན་དང་ཉོན་མོངས་ཀྱིས་གདུང་བ་ལ་ཆུས་བཀྲུས་ཀྱང་མི་འདག་པ་བཞིན་ནོ། །ནང་པའི་སྔགས་རྒྱུད་སོགས་ལས་ཁྲུས་ཀྱི་ཆོ་ག་བསྟན་པ་རྣམས་ནི་དེ་ལྟར་མིན་ཏེ། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བའི། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདིའི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར་བདེན་པ་སྨྲ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པའི་སྔགས་ཀྱི་ཆོ་གས་སྒྲུབ་

པའི་ཁྲུས་ལ་ནི་སྡིག་པ་ཞི་བ་སོགས་ཀྱི་ནུས་པ་དང་ལྡན་ཏེ། སྔགས་ཀྱི་མཐུ་དང་བདེན་པའི་སྟོབས་ལ་སོགས་པར་མཐུན་པའི་རྒྱུ་རྐྱེན་ལེགས་པར་ཚང་བས་སོ། །དེ་ཡང་འདི་ནི་ཞེས་ཉེ་ཚིག་གིས་སྨྲོས་པའི་སྦྱིན་པ་ཚུལ་ཁྲིམས་སོགས་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་ཆུ་རྒྱུན་དང་མཚུངས་ཏེ། རང་རང་གི་མི་མཐུན་པའི་དྲི་མ་སེར་སྣ་དང་ཚུལ་ཁྲིམས་འཆལ་བ་ལ་སོགས་སེམས་ཀྱི་རྒྱུད་ལ་ཞུགས་པ་རྣམས་དག་པར་བྱེད་པའི་རང་བཞིན་ཅན་ཡིན་ཅིང་། དག་པའི་ཡོན་ཏན་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ལེགས་པར་འགོད་པའི་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་ཅན་རང་གིས་རྣམ་པར་དག་པའི་ཁྲུས་ལེགས་པར་མཛད་ནས། གཞན་གྱི་རྒྱུད་རྣམ་པར་དག་བྱེད་གྱི་ཁྲུས་ལེགས་པར་མཛད་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །དེའི་བདེན་པའི་སྟོབས་ཀྱིས་ཁྱོད་ཀྱི་རྒྱུད་ཀྱི་སེར་སྣ་ལ་སོགས་པའི་སྒྲིབ་པ་དག་པར་གྱུར་ཅིག་ཅེས་ཡོན་ཏན་དྲན་ཅིང་ཕྱག་འཚལ་སྔོན་དུ་འགྲོ་བས་གསང་སྔགས་ཀྱི་ཡི་གེ་བརྒྱ་པ་དང་ཁྲུས་སྔགས་བཟླ་ཞིང་ཁྲུས་བྱས་པས་ནི་སྡིག་པ་སྦྱོང་ནུས་པ་ཡིན་ཏེ། སྔགས་ཀྱིས་སྒྲུབ་པའི་ཁྲུས་ཀྱིས་གདོན་གྱིས་བཏབ་པ་དང་། ནད་ཀྱིས་ཟིན་པ་ཞི་བ་མངོན་སུམ་དང་། ཐུགས་རྗེ་ཆེན་པོའི་ཆོ་གའི་གཟུངས་ཁྲུས་ཀྱིས་སྔོན་ལས་མཛེ་ནད་ཀྱིས་ཟིན་པ་ལས་གྲོལ་ནས་མཆོག་གི་དངོས་གྲུབ་བརྙེས་པ་དགེ་སློང་མ་དཔལ་མོའི་རྣམ་ཐར་ལས་གསུངས་པ་བཞིན་ནོ། །གཉིས་པ་དུག་སྦྱོང་བ་ནི་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྦས་ཀྱིས་ཁ་ཟས་དུག་ཅན་དྲང་པ་བདེན་ཚིག་གིས་བསལ་ཏེ་གསོལ་བའི་ཚིག་གིས་སྣ་དྲངས་པའི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སོགས་ནི་དེ་ཡང་ཡུལ་ལ་ལོག་པར་ཞུགས་པའི་མ་རིག་པས་བསྐྱེད་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་

རྣམས་ནི་འཇིག་རྟེན་ཏེ་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་ཐར་པའི་སྲོག་གཅོད་ཅིང་སྡུག་བསྔལ་གསུམ་གྱིས་གདུང་བར་བྱེད་པའི་དུག་ཡིན་ཅིང་དེ་དག་དང་བྲལ་ཞིང་སླར་མི་ལྡོག་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་རྡོ་རྗེ་སེམས་དཔའ་སོགས་རིགས་ལྔས་བསྡུས་པའི་སངས་རྒྱས་དང་། ཆོས་དང་། འཕགས་པའི་དགེ་འདུན་རྣམས་ཀྱི་བདེན་པ་འཇིག་རྟེན་གསུམ་དུ་བླ་ན་མེད་པའི་སྟོབས་ཀྱིས་ཁྱོད་ཀྱི་ཞེ་སྡང་ལ་སོགས་པའི་དུག་བཅོམ་པར་གྱུར་ཅིག་དང་། གཤིན་གང་སྟེ་དབང་མེད་དུ་འཆི་བའི་འཇིགས་པ་ནི་འདོད་ཆགས་ལ་སོགས་ཀྱི་དུག་ལས་བྱུང་ཀྱང་ཆགས་བྲལ་གྱི་རྒྱལ་བ་རྣམས་སྙིང་རྗེས་ཆགས་པ་དང་། ཁྲོ་བ་དང་། རྨོངས་པར་སྟོན་པ་ནི་དེ་དག་གི་མཆོག་ཡིན་ཏེ་འགྲོ་བའི་དུག་དྲག་པོ་རྣམས་དེས་བཅོམ་པའི་ཕྱིར་ཞེས་བདེན་ཚིག་བརྗོད་ཅིང་ཕྱག་ལེན་ལ་ཀུ་ཤ་དང་རྨ་བྱའི་མདངས་ཅན་གྱིས་བྱབ་ཚུལ་དང་བཅས་ཏེ་དུག་སྦྱོང་བའོ། །དེ་བཞིན་དུ་འབྱུང་བཞིའི་རྫས་ཀྱིས་བྱབ་ཅིང་། ས་ནི་དུག་གི་ཕ་ཡིན་ཏེ་སོགས་ཀྱང་སྒྱུ་མ་ལྟ་བུ་རིས་སུ་མ་ཆད་པ་ལས་སྣང་བཞིན་དུ་འཆར་བའི་ས་ལ་སོགས་པའི་འབྱུང་བ་བཞི་ནི་རང་གི་སེམས་ཉིད་བག་ཆགས་ཀྱི་དབང་གིས་ཕྱི་རོལ་ལྟ་བུར་སྣང་བ་ཙམ་ལས་དོན་དུ་གྲུབ་པ་མེད་ལ། བག་ཆགས་དེ་དག་ལས་ས་བོན་དུ་གྱུར་པ་རྣམས་ནི་དུག་གསུམ་དང་ལྡན་པའི་ཕུང་པོའི་ཐུན་མིན་གྱི་བྱེད་རྒྱུ་ཕ་ལྟ་བུ་དང་། རྣམ་སྨིན་དུ་གྱུར་པའི་འབྱུང་བ་རྣམས་ནི་ཐུན་མོང་གི་བསྐྱེད་རྒྱུ་མ་ལྟ་བུ་ཡིན་ལ། བག་ཆགས་ཐམས་ཅད་གཏན་ནས་ལོག་པའི་སངས་རྒྱས་རྣམས་ཀྱི་བདེན་པའི་སྟོབས་ཀྱིས་བག་ཆགས་ཀྱི་རྒྱུ་ཉོན་མོངས་པའི་དུག་ཐམས་ཅད་ས་ལ་སོགས་པའི་ནང་དུ་སོང་ཤིག །བྱབ་རྫས་ས་སོགས་ཀྱིས་གང་བའི་སྣོད་ས་སོགས་རང་རང་གི་ངང་དུ་དུག་རྣམས་སོང་ལ་ཁྱོད་ཀྱི་རྒྱུད་ན་གནས་པའི་ཉོན་མོངས་པའི་

དུག་རྣམས་ལྷག་མེད་དུ་དག་པར་གྱུར་ཅིག །སངས་རྒྱས་རྣམས་ནི་ཐུགས་རྗེ་ཆེན་པོས་གཞན་རྒྱུད་ཀྱི་དུག་གསུམ་ལ་སོགས་པའི་དྲི་མ་བཅོམ་པའི་ཐབས་ལ་མངའ་བརྙེས་པ་དང་། དེའི་ཐུགས་སུ་ཆུད་པའི་ཆོས་དང་། དེ་ལེགས་པར་རྟོགས་པའི་དགེ་འདུན་རྣམས་དུག་དང་བྲལ་བ་དང་། བྲལ་བར་བྱེད་པ་ཡིན་པས་དེ་དག་ལ་སྐྱབས་སུ་སོངས་ཤིག་དང་། དེའི་བདེན་པའི་སྟོབས་དང་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱིས་བདེན་པའི་མཐུས་ཁྱོད་ཀྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་སོགས་ཀྱི་དུག་རྣམས་སླར་མི་འབྱུང་བར་གཏན་ནས་དག་པར་གྱུར་ཅིག །ཅེས་བདེན་པའི་ཚིག་བརྗོད་པའི་སྒོ་ནས་སྦྱོངས་ཐབས་གསུངས་པའང་བསླུ་བ་མེད་པ་ཡིན་ཏེ། ལྷ་དང་དྲང་སྲོང་གིས་བཤད་པའི། །རིགས་སྔགས་བསླུ་བར་མི་འགྱུར་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །སྔགས་ཀྱི་སྦྱོར་བས་བསླུས་པ་ནི། མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་སོ། །གསུམ་པ་བྲབ་རྫས་ཀྱིས་སྦྱོང་བ་ནི། ཡིག་བརྒྱ་དང་མི་འཁྲུགས་པའི་གཟུངས་དང་ངན་སོང་སྦྱོང་བའི་གཟུངས་སོགས་བཟླ་ཞིང་དེ་དག་གིས་བཏབ་པའི་བྱེ་མ་ཡུངས་དཀར་ལ་སོགས་ཀྱིས་རྟེན་ལ་བྲབ་པ་སྟེ། གཙུག་ཏོར་རྣམ་རྒྱལ་མའི་རྟོགས་པ་ལས་སེམས་ཅན་སྡིག་པ་བྱེད་པ་གང་དག་ཤི་བའི་དུས་བྱས་པ་དེ་དག་གི་དོན་དུ་གཟུངས་འདི་ཡུངས་དཀར་ལ་ལན་ཉི་ཤུ་རྩ་གཅིག་བརྗོད་དེ། དེ་དག་གི་རུས་གོང་རྣམས་ཀྱི་སྟེང་དུ་གཏོར་ན། དེ་དག་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ཡི་དྭགས་སམ། གཞན་ཡང་ངན་འགྲོ་རྣམས་སུ་སྐྱེས་པར་གྱུར་ཀྱང་རུང་སྟེ། དེ་དག་གཟུངས་འདི་ཡི་མཐུས་ངན་འགྲོ་དེ་དག་ལས་ཐར་བར་འགྱུར་རོ། །ཞེས་གསུངས་ལ་གཤིན་རྗེའི་འཇིག་རྟེན་ནི་བར་དོ་

པ་ལ་གསུངས་སོ། །དེས་མཚོན་པའི་རྒྱུད་སྡེ་དང་གཟུངས་ཀྱི་ཆོ་ག་མང་པོ་ལས་འབྱུང་ངོ་། དེ་དག་ནི་སྦྱོང་ཁྲུས་ཀྱི་སྒོ་ནས་སྡིག་པ་ཕྱིར་བཟློག་པའི་ཐབས་ཆོ་ག་སྤྱི་དང་མཐུན་པའོ། །ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་སུ་འགྲོ་ཞིང་༔ ཚེ་འདས་རིགས་དྲུག་གནས་ནས་དྲངས་པ་ནི༔ ཞེས་པ་འདི་ནི་དོང་སྤྲུགས་སོགས་ལྟར་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་བསྐུར་བའི་ཚུལ་ལོ། །དེ་ལ་གསུམ་དང་པོ་གསོལ་བ་འདེབས་པ་ནི། ཚེ་འདས་ཀྱིས་སློབ་དཔོན་ལ་གསོལ་བ་འདེབས་པ། ཀྱཻ་མ་མགོན་པོ་ཐུགས་རྗེས་ཅན༔ སོགས་སོ། །གཉིས་པ་གདམས་ངག་སྦྱིན་པ་ནི། སླར་སློབ་དཔོན་གྱིས་བྲམ་ཟེ་དུང་ཕྲེང་གི་ལོ་རྒྱུས་བཤད་ནས། ཀྱཻ་མ་ཚེ་འཕོས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོད༔ སོགས་སོ། །གསུམ་པ་བསྐུར་ཚུལ་དངོས་ལ་རིགས་དྲུག་པོ་རེ་རེ་བཞིན་དུ་དོན་བརྒྱད་རེས་སྟོན་ཏེ། དང་པོ་ཀྱེ་མ་བདག་འདྲའི་སོགས་ཀྱིས་སློབ་དཔོན་ལ་གསོལ་བ་འདེབས་པ་དང་། གཉིས་པ་ཀྱེ་མ་ཚེ་འཕོས་ལུས་བརྗེས་སོགས་སློབ་དཔོན་གྱིས་གདམས་པ་བཞིན་རང་རང་གི་འདྲེན་པ་ཐུབ་པ་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་འགྲོ་བ་དང་། གསུམ་པ་རང་ཚིག་བཞིན་ཐུབ་པ་རང་རང་གི་ཐུགས་ཕྱག་མཚན་གྱིས་དབང་བསྐུར་བ་དང་། བཞི་པ་ཞེ་སྡང་སྦྱོང་བའི་ལྷ་ཀུན་ཏུ་བཟང་པོ་རྡོ་རྗེའི་རིགས་ཀྱིས་སྒྲུབ་པའི་སྨན་ལྔའི་བུམ་པ་སོགས་རང་རིགས་ཀྱི་ཡིག་བརྒྱའི་ཤམ་བུ་བཅས་བུམ་པའི་དབང་ནི། རྒྱུད་ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་དབུགས་དང་བྲལ་བ་ན། །ཕུང་པོའི་གནས་སུ་བུམ་པ་ཡི། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱང་ན། །དེ་ཡང་ཐེ་ཚོམ་མེད་པའོ། །ཞེས་གསོན་པོ་སྨོས་ཅི་དགོས་ཏེ་དབུགས་དང་བྲལ་བའི་རོའི་གནས་དེ་དང་དེར་རྒྱུད་ལྔའི་ས་བོན་གསལ་བར་བཀོད་དེ་བསྒྲུབ་པའི་བུམ་

ཆུས་སྦྱངས་ན་དེ་གནས་ནས་དྲངས་ནུས་པར་གསུངས་པ་འདི་མན་ངག་ཡིན་པས་གནད་ཤིན་ཏུ་ཆེའོ། །ལྔ་པ་གཏོར་མ་འདོད་ཡོན་ལྔ་དང་ལྡན་སོགས་ཀྱིས་རིགས་དྲུག་སོ་སོའི་ལན་ཆགས་སྦྱངས་ནུས་པར་བྱིན་གྱིས་བརླབས་པའི་གཏོར་མ་སྲོག་གཅོད་དང་རྐུ་འཕྲོག་སོགས་ལན་ཆགས་གཉེར་བའི་གསོན་བདུད་གཤིན་ལྕགས་སོགས་ལ་ཚིམ་པར་བསྔོ་བ་དང་། དྲུག་པ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སོགས་དཀྱིལ་འཁོར་གྱི་ལྷ་རྡོ་རྗེའི་རིགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་རླུང་གི་ཤུགས་དང་ལྡན་པའི་ཡེ་ཤེས་ཀྱི་མེ་འཕྲོས་པས་དམིགས་ཡུལ་གྱི་ཞེ་སྡང་གི་དབང་གིས་དམྱལ་བར་སྐྱེ་བའི་རྒྱུའམ་ས་བོན་རྐང་མཐིལ་དུ་ཡིག་ནག་པོ་རང་བཞིན་མེད་པའི་དབྱིངས་སུ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོར་བསྲེགས་ཤིང་གཏོར་བར་དམིགས་པ་དང་། དེས་མཚོན་ཏེ་ནུབ་པདྨའི་རིགས་རྣམས་ཀྱིས་སེར་སྣ་ཡི་དྭགས་གསང་བའི་པྲེ་དམར་པོ་སོར་རྟོགས་དང་། ཤར་དེ་བཞིན་གཤེགས་པའི་རིགས་རྣམས་ཀྱིས་དུད་འགྲོའི་ལྟེ་བའི་ཏྲི་སྔོན་པོ་མེ་ལོང་ཡེ་ཤེས། བྱང་ལས་ཀྱི་རིགས་ཀྱིས་ཕྲག་དོག་ལྷ་མིན་ལྟག་རྩའི་སུ་སེར་པོ་བྱ་གྲུབ་ཡེ་ཤེས། ལྷོ་རིན་ཆེན་རིགས་ཀྱིས་ང་རྒྱལ་ལྷ་དཔྲལ་བའི་ཨ་དཀར་པོ་མཉམ་ཉིད་ཡེ་ཤེས། འོག་གཞིའི་ཁྲོ་དཀྱིལ་གྱིས་འདོད་ཆགས་མི་ཎི་ལྗང་གུ་ལྷན་སྐྱེས་ཡེ་ཤེས་ཀྱི་ངོ་བོར་སོགས། དམིགས་པ་གནད་ཆེ་ཞིང་བྲིས་པའི་ས་བོན་རེ་རེ་བཞིན་དུ་ལེན་པ་ཕྱག་བཞེས་ཡིན་ནོ། །བདུན་པ་ནི། འདི་ནི་བཟོད་པའི་རང་བཞིན་ཆུ་སོགས་ལས་བུམ་གྱི་ཆུ་དེ་དག་གིས་བག་ཆགས་ཀྱི་དྲི་མ་དག་པར་བཀྲུ་བའི་དམིགས་པ་དང་བཅས་པས་ཁྲུས་བྱའོ། །བརྒྱད་པ་ནི། ཧཱུྃ་ས་འདི་བཅད་པ་མན་ཆད་ནི༔ སོགས་ཀྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པའི་རྟེན་འབྲེལ་བསྒྲིགས་བའོ། །དེ་ནས་ཡོན་ཏན་ཡར་འཕེལ་

གྱི་དབང་ལ། དྲུག་པ་དཀྱིལ་འཁོར་དུ་འཇུག་པ་ནི༔ ཞེས་འདི་ལ་དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་པ་ལ་དབང་བསྐུར་བའི་ཚུལ་གཉིས། དང་པོ་ལའང་དོན་དགུ། དམིགས་ཡུལ་ཉིད་ཀྱིས་དང་པོ་མཎྜལ་ཕུལ་ཏེ་སློབ་དཔོན་ལ། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ སོགས་ཀྱིས་དཀྱིལ་འཁོར་ཏུ་འཇུག་པའི་དོན་དུ་གསོལ་བ་བཏབ་པས། སློབ་དཔོན་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་གྱིས། ཨེ་མ་ཚེ་འདས་བུ་ཁྱོད་སོགས་ཀྱིས་ཚེ་འདི་ཡི་འཇིག་རྟེན་དོན་དུ་གཉེར་བ་ལ་ཐར་པ་སོགས་འབྲས་བུ་ཆེན་པོ་མི་འབྱུང་བས་ཕ་རོལ་ཏེ། འཁོར་བ་ལས་ཐར་འདོད་དང་གཞན་དོན་གཉེར་བར་གྱིས་ཞེས་ཀུན་སློང་བཅོས་ཚུལ་གདམས་པའོ། །གཉིས་པ་དབང་གི་སྒོ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དམ་ཚིག་དང་སྡོམ་པ་རྩོལ་བར་དཀྱིལ་འཁོར་གྱི་ལྷ་ཚོགས་དང་སློབ་དཔོན་ལ་གསོལ་བ་འདེབས་པར་མོས་པས། ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང་༔ སོགས་ཀྱིས་གསོལ་བ་བཏབ་པས་སློབ་དཔོན་གྱིས་རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི༔ སོགས་ཀྱིས་གཞན་དུ་མི་ཡེང་བར་ལྷག་པའི་བསམ་པ་བཟང་པོ་དང་ལྡན་པས་ཉོན་ལ་གདམས་ངག་མི་བརྗེད་པར་གྱིས་ཤིག་ཅེས་གདམས་ཤིང་བསམ་པ་མི་བཟང་བ་དང་གདམས་ངག་བརྗེད་པའི་ཉེས་དམིགས་ཡང་སྟོན་པའོ། །གསུམ་པ་བུ་ཁྱོད་ཤིན་ཏུ་སྐལ་བ་བཟང་༔ སོགས་ཀྱིས་ཕན་ཡོན་བརྗོད་པས་སྤྲོ་བ་བསྐྱེད་ཅིང་དབུགས་དབྱུང་ལ་འདི་དང་རྗེས་འབྲེལ་དུ་ཕྱག་འཚལ་བའི་ཚིག་བརྗོད་དེ་དམིགས་ཡུལ་གྱིས་ཕྱག་འཚལ་བར་མོས་པ་གནས་བསྡུས་སོགས་སུ་མཛད་པ་ནི་ཕན་ཡོན་དང་གནད་ཀྱང་ཆེ་སྟེ་བྱང་སྡོམ་གྱི་སྔོན་དུ་ཚོགས་བསགས་པར་གསུངས་པ་དང་ཡང་མཐུན་ནོ། །བཞི་པ་ནི། དཀྱིལ་འཁོར་གྱི་ལྷའི་སྤྱན་སྔར་སློབ་དཔོན་གྱིས་རྗེས་སུ་བཟློས་ནས་སྐྱབས་འགྲོ་སོགས་སྡོམ་པ་

ཐམས་ཅད་དམིགས་ཡུལ་དེས་བཟུང་བར་མོས་ཤིང་དེ་ལྟར་བྱེད་པའོ། །འདི་དག་གི་སྐབས་སུ་ཁ་ཅིག་གིས་བར་དོ་བ་དབང་གི་རྟེན་དུ་མི་རུང་ཞེས་པ་དང་། དབང་གི་སྔོན་དུ་སྡོམ་པ་འཛིན་པ་རྣམས་དེ་ལྟ་བུའི་རྒྱུད་ལ་མི་སྐྱེ་ཞེས་པ་དང་། བླ་མེད་གྱི་དབང་བསྐུར་མི་རུང་བ་དང་། བསྐུར་ཀྱང་ཐོབ་མི་ནུས་ཟེར་བ་སོགས་ནི་ཤིན་ཏུ་མ་རུང་བའི་དཔྱད་པ་སྟེ་ཆོ་ག་འདིས་མཚོན་གྲུབ་པའི་གཞུང་ཕལ་མོ་ཆེའི་དགོང་དོན་ཡིན་པ་དང་། རྡོ་རྗེ་གུར་ལས། རྡུལ་ཚོན་དཀྱིལ་འཁོར་བྲིས་ནས་ནི། །གཤིན་ལ་གསོན་བཞིན་དབང་བསྐུར་ན། །ངན་སོང་གསུམ་དུ་སྐྱེས་ན་ཡང་། །དེ་ཉིད་ཀྱིས་ནི་ཐར་བར་འགྱུར། །ཞེས་པ་དང་། དེ་མཐུན་སྦྱོང་རྒྱུད་སོགས་མང་པོ་ལས་གསལ་བར་བསྟན་ནོ། །འདི་དག་གི་འདོད་པ་མཐར་གཏུག་ན་སྔགས་ཀྱི་ཆོ་གས་རྗེས་སུ་བཟུང་བའི་གཤིན་པོ་ལ་ཐར་བ་ལྟ་ཅི་ནང་པའི་གྲལ་དུའང་ཚུད་པ་མེད་པ་དང་། བླ་མེད་ཀྱི་ལུགས་སུ་བར་དོ་འཚང་རྒྱ་བའང་མེད་དེ། འབྲས་བུ་དབང་བསྐུར་མི་རུང་ཞིང་། བསྐུར་ཀྱང་མི་ཐོབ་སྟེ་བར་དོ་བ་ཡིན་པའི་ཕྱིར་ཞེས་འདོད་དགོས་པ་དང་། གསང་བ་ཆེན་པོའི་ལམ་ལ་ལོག་པར་ལྟ་བའོ། །དེ་ཡང་སྤྱིར་སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་གསང་སྔགས་ནི་ཐབས་མཁས་པ་དང་། ཐབས་མང་བ་དང་། དཀའ་བ་མེད་པའི་ཕྱིར་དང་། ཡང་དགོས་མཚན་ཐོས་ནས་ཕྱག་འཚལ་བ་ཙམ་གྱིས་རྣམ་པར་གྲོལ་བའི་ཡང་གསང་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོ་འདིའི་ཆོ་གའི་མཐུས། གཤིན་པོ་དེའི་རྒྱུད་ལ་སྔགས་ལས་ཕྱེ་བའི་སྡོམ་པ་དང་དབང་བསྐུར་ལེགས་པར་ཐོབ་ནས་རིག་པ་འཛིན་པའི་རྟེན་ཅན་དུ་གྱུར་ཏེ་སངས་རྒྱས་པ་སྒྲ་ཇི་བཞིན་དུ་བཤད་ན་ཐེ་ཚོམ་གྱིས་བསྐྱེད་པའི་ལོག་ལྟ་ལྡོག་པ་དང་། དད་པས་ཉམས་སུ་བླང་བའི་ཕན་ཡོན་ཐམས་

ཅད་འབྱུང་བ་ཡིན་ནོ། །ལྔ་པ་ཚེ་འདས་ལྷ་རུ་བསྐྱེད་གསུངས་པ་ཕྱོགས་འདིར་དབང་དངོས་ཀྱི་མགོར་བྱེད་པས་ༀ་བཛྲ་ཤྲཱི་ཧེ་རུ་ཀ་སོགས་ཀྱིས་དབང་ལེན་པ་ལ་བར་དུ་གཅོད་པའི་བགེགས་བསྐྲད། དམིགས་ཡུལ་གྱི་སྙིང་གར་ཟླ་དཀྱིལ་ས་བོན་ཡིག་བརྒྱ་བཀོད་ནས་ཡིག་བརྒྱ་བཟླ་ཞིང་བདུད་རྩིའི་རྒྱུན་གྱིས་དབང་མི་ཐོབ་པའི་སྡིག་པ་དག་པར་མོས་པའོ། །དྲུག་པ་དཀྱིལ་འཁོར་གྱི་སྒོ་དབྱེ་བ་ནི། སློབ་དཔོན་རང་ཉིད་རྡོ་རྗེ་སེམས་དཔའི་རྣམ་པས་སློབ་བུ་ཁྲིད་ནས་ཤར་སྒོའི་ཐད་དུ། ཧཱུྃ་དཀྱིལ་འཁོར་ཆེན་པོའི་ཤར་གྱི་སྒོ༔ སོགས་ཀྱིས་དང་པོ་ཕྱི་སྒོ་བསྲུང་བའི་སྒོ་བ་དང་ནང་གི་སྒོ་བ་ཡབ་ཡུམ་རྣམས་ལ་གསོལ་བ་བཏབ་པས་སྒོ་ཕྱེས་ཏེ་ལྷ་རྣམས་ལ་ཕྱག་འཚལ་ནས་གཡས་སྐོར་གྱིས་ལྷོ་དང་ནུབ་དང་བྱང་རྣམས་སུ་དེ་བཞིན་བྱའོ། །བདུན་པ་ནི། ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ཀྱིས་མཚན་པའི་གདན་ལ་འདུག་སྟེ། ཧཱུྃ་བདག་ཅག་རིག་པའི་མེ་ཏོག་འདི༔ སོགས་ཀྱིས་ལས་འབྲེལ་བརྟགས་ཕྱིར་མེ་ཏོག་གི་ཅོད་པཎ་འབུལ་བ་དང་། བརྒྱད་པ་ཀུན་བཟང་རིགས་ལྔ་སོགས་ཀྱིས་སྒྲིབ་པའི་ངོ་བོའི་གདོང་གཡོག་བསལ་བ་དང་། དགུ་པ་ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ སོགས་ཀྱིས་དཀྱིལ་འཁོར་བསྟན་ཏེ་ཡོན་ཏན་བརྗོད་པས་སྤྲོ་བ་བསྐྱེད་དོ། །བདུན་པ་དབང་བཞི་ཡོངས་རྫོགས་བསྐུར་བ་ནི༔ ཞེས་པ་དབང་ཆོག་ལྟར་རོ། །བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ་འདི་ནས་ཤར་གྱི་ཕྱོགས་རོལ་ན༔ སོགས་ཀྱི་དོན་ནི་སྤྱིར་བསྐྱེད་བྱེད་ཀྱི་འབྱུང་ཁམས་རྣམས་དབྱིངས་སྟོང་པ་ཆེན་པོ་ཡུམ་གྱི་ངོ་བོར་རྣམ་པར་དག་པའི་ཞིང་ལྔར་ཡེ་ནས་དག་པ་དང་། བསྐྱེད་བྱའི་ཕུང་པོ་སྐྱེ་མཆེད་སོགས་བདེ་ཆེན་ཡེ་ཤེས་ལྔའི་རྒྱལ་བའི་ངོ་བོར་ཡེ་ནས་དག་པ་ལ། དེ་ལྟར་བསྒྲུབ་པའི་

ཆེད་དུ་། མངོན་པར་དགའ་བའི་ཞིང་ཁམས་ཡོད༔ ཅེས་གསུངས་ལ་ཞིང་དེ་ནི་ས་ཁམས་རྣམ་པར་དག་པའི་རང་བཞིན་གྱི་དབྱིངས་ཡིན་ལ་སྟོང་པ་ཆེན་པོ་དེ་ལ་ཤི་བ་ལ་སོགས་པའི་འདུས་བྱས་ཀྱི་འཕོ་འགྱུར་མེད་དོ། །སེམས་ཅན་སོགས་འཁོར་འདས་ཀྱི་སྲོག་ནི་ཡེ་ཤེས་འོད་གསལ་བའི་རྟེན་འབྱུང་བའི་དྭངས་མ་ལྔ་འདུས་པའི་མི་ཤིག་པའི་ཐིག་ལེ་ཡིན་ཞིང་། དེ་ཉིད་མཚོན་པའི་དབྱིངས་ཀྱི་ས་བོན་ཡི་གེ་སུཾ་ལ་སོགས་པ་ཡིན་པས་རང་བཞིན་དེ་དང་དབྱེར་མེད་པའི་དོན་དམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་ཞིང་མཆོག་དེ་དག་ཏུ་་སྐྱེས་ནས་སངས་རྒྱས་སྤྱན་མ་སོགས་དང་གཉིས་སུ་མེད་པར་སངས་རྒྱས་པར་ཤོག །ཅེས་དེ་བཞིན་དུ་ཞིང་གཞན་བཞི་ལའང་རིགས་འགྲེས་སོ། །འདིས་ནི་སྦྱང་བྱ་ངེས་པར་སྦྱོང་བའི་ངག་སྦྱོར་དང་། དོན་དམ་པའི་སེམས་བསྐྱེད་དང་། ཞིང་སྦྱོང་བ་དང་། སྨོན་ལམ་གདབ་པ་རྣམས་ལྷན་ཅིག་ཏུ་བསྟན་ནོ། །འདི་ལ་རྩོད་སྤོང་གསལ་བྱེད་སྐྱ་རེངས་ལས། ཐམས་ཅད་ས་ཡི་རང་བཞིན་ཏེ༔ ཞེས་སོགས་སྨྲོས་པ་ལའང་སྐྱོན་ཅི་ཞིག་ཡོད་དེ། ས་ཡི་རང་བཞིན་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཀྱང་ཡིན་པའི་ཕྱིར་རོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་རྒྱལ་བའི་ཡུམ་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་རང་བཞིན་དབྱེར་མེད་པར་གསུངས་པའི་དོན། སློབ་དཔོན་འཕགས་པའི་ཞལ་སྔ་ནས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གསུངས། །ཞེས་གསལ་བར་མཛད་པ་ལྟར་ཡིན་ནོ། །དེས་ན་སྟོང་ཉིད་སྐྱེ་ཤི་ལ་སོགས་པ་མེད་པའི་རྒྱུ་མཚན་སྟོང་གཞིའི་སྒྲས་བརྗོད་པ་སྟེ། ཤེས་རབ་སྙིང་པོ་ལས། གཟུགས་ལས་

ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཞེས་སོགས་གསུངས་པའི་དགོངས་པ་དང་མཐུན་ནོ། །ཞེས་སོ། །དགུ་པ་ནད་དང་སྒྲིབ་པ་བསལ་བ་ནི། ཀྱཻ་མ་མུན་པ་ལྟ་བུའི་འཇིག་རྟེན་ཁམས་གསུམ་འཁྱམས༔ སོགས་ཀྱི་ཚིག་འདི་དག་གོ་སླ་ལ་འདིས་ནི་ཟས་གཏད་དུ་གྲགས་པའི་འདོད་ཡོན་ལྔ་བསྔོ་བའི་ཚུལ་ཁྱད་པར་ཅན་ཞིག་བསྟན་ནོ། །ལུགས་འགའ་ཞིག་ལ་འདིའི་ཚིག་ལྟར་འདོད་ཡོན་ལྔ་སོ་སོར་གཏད་པའི་ཚུལ་གྱིས་དེ་ལྟར་བྱེད་པའི་སྲོལ་སྣང་བ་ནི་དོན་ལ་འབྱོར་རོ། །བཅུ་པ་ལམ་བསྟན་གནས་སྤར་བྱ་བ་ནི། འོད་གསལ་ཡེ་ཤེས་ཀྱི་སྣང་བ་མཚོན་པའི་མར་མེ་བསྟན་ནས་སྨོན་ལམ་བཏབ་པ་དང་། རྒྱལ་བ་རིགས་ལྔ་ལ་ཕུང་པོ་ཡོན་དུ་འབུལ་བ་སྔོན་དུ་འགྲོ་བས་སྤར་ཚུལ། དབང་ཆོག་འགའ་ཞིག་ལྟར་མདའ་གཞུ་སྦྱར་བའི་ཚུལ་གྱིས་མཚོན་པར་གསུངས་ཏེ། དཔེར་ན་གཞུ་དང་རྒྱུད་འཛོམས་པར་མདའ་བཀང་སྟེ་སྐྱེས་བུའི་འཐེན་ཤུགས་ཀྱིས་འཕང་པས་དབང་མེད་དུ་འགྲོ་བ་ལྟར། ཐབས་རྟེན་འབྲེལ་ཟབ་མོའི་ཆོ་ག་དང་། སྟོང་ཉིད་རྟོགས་པའི་ཤེས་རབ་སྙིང་རྗེའི་དབང་དུ་གྱུར་པའི་ཤུགས་ཀྱིས་འཕེན་བྱེད་ཕཊ་ཀྱིས་སྦྱོར་བས་བླ་ན་མེད་པའི་ཞིང་དུ་གནས་སྤར་བའོ། །ཞིང་ཁམས་འདི་ནས་ཤར་གྱི་ཕྱོགས་རོལ་ན༔ སོགས་ནི། མེ་ཏོག་བབས་པའི་རིགས་ལྔ་གང་ཡིན་གྱི་གནས་རང་བཞིན་སྤྲུལ་པའི་ཞིང་ལྔའི་ནང་ནས་རིགས་ཀྱི་གཙོ་བོ་དེའི་དྲུང་དུ་དང་པོ་སྤར་ནས་སྟོན་པ་དེའི་ཞལ་མཐོང་དབང་བསྐུར་ཞིང་། ཞིང་གཞན་བཞིར་ཕྱིན་ཏེ་ལམ་སྦྱང་ནས་སླར་གཙོ་བོ་དེའི་རིགས་སུ་སངས་རྒྱས་དགོས་ཕྱིར་གཟུགས་ཕུང་གི་ངོ་བོ་ༀ་དཀར་པོ་སོགས་གསུངས། ལོ་ཆེན་ཕྱོགས་ཀྱི་ལུགས་ནི། དངོས་སུ་ཁྱབ་བྱེད་ཀྱི་ཞིང་སྡུག་པོ་བཀོད་

པར་གནས་སྤར་བས། ཞར་ལ་ཁྱབ་བྱ་ཕྱོགས་བཞིའི་དེ་བཞིན་གཤེགས་པ་བཞིའི་ཞིང་ཁམས་སུ་རིགས་ཀྱི་གཙོ་བོ་རྣམས་ཀྱི་སྤྱན་སྔར་སོང་ནས། ཞལ་མཐོང་། དབང་བསྐུར། ལུང་བསྟན། དབུགས་དབྱུང་སྟེ། དབུས་རྡོ་རྗེ་སེམས་དཔའི་སྲས་སུ་མངོན་པར་བྱང་ཆུབ་པའི་ཡེ་ཤེས་བརྙེས་པར་བསམ་ཞེས་གསུངས་སོ། །སྐབས་འདི་ལ་ཡང་གསལ་བྱེད་སྐྱ་རེངས་ལས། ཅི་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་པའི་གཟུགས་ཀྱི་ཕུང་པོ་དེ་ལ་ཚོར་བ་སོགས་ཕུང་པོ་གཞན་ཡོད་དམ་མེད། གལ་ཏེ་མེད་ན་དེར་འཕངས་པར་དོན་མེད་དུ་ཐལ་ཏེ། བདེ་སྡུག་ལ་སོགས་མྱོང་བ་མེད་པའི་ཕྱིར་དང་། གལ་ཏེ་ཡོད་ན་ཡང་གཟུགས་ཀྱི་ཕུང་པོ་སོགས་དམིགས་ཀྱིས་བསལ་ནས་སྨྲས་པ་དོན་མེད་དུ་ཐལ་ལོ། །ཞེས་ཕྱོགས་སྔ་མ་ངེས་པའི་རྒོལ་བ་བྱེད་པ་དང་། དེ་ལ་གྱ་ཚོམ་དུ་སྨྲས་པ་ཁ་ཅིག་ལན་ཕྱིན་ཅི་ལོག་ཏུ་འདེབས་པ་སོགས་མང་དུ་སྣང་ཡང་། འདི་དག་ཐམས་ཅད་གཞུང་འདི་ཉིད་ཀྱི་དགོངས་པ་ཇི་ལྟ་བུ་ཡིན་མ་རྟོགས་ཤིང་མ་བརྟགས་པར་སྨྲ་བ་ཁོ་ན་སྟེ། འདི་ལྟར་གཞུང་འདིར་ནི་ལམ་དུས་སུ་གང་ཟག་གཅིག་གི་རྒྱུད་ཀྱི་རྟོག་པ་མཐའ་དག་རྒྱལ་བ་རིགས་ལྔའམ། དམ་པ་རིགས་བརྒྱའི་ངོ་བོར་བསྒྲུབ་ནས་རྟོག་པ་མ་ལུས་པ་དག་ནས་འབྲས་བུ་རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི་བདག་ཉིད་མངོན་དུ་བྱེད་པར་འདོད་པ་སྟེ། དེས་ན་ཤར་ལ་སོགས་པ་དེ་དག་སེམས་ཅན་རྣམས་ཀྱི་ཕྱོགས་དང་གནས་ཡུལ་ལ་བདེན་པར་བཟུང་བའི་རྟོག་པ་དེ་དང་དེ་ཉིད་དག་པའི་ཆེད་དུ་གསུངས་པ་ལས། དོན་ལ་དེ་དག་བདེན་པར་གྲུབ་པ་མེད་པའི་ཚུལ། ལས་བྱང་གི་བྲོ་བརྡུང་སྐབས་སུའང་། ཕྱོགས་མེད་ཕྱོགས་དང་བྲལ་བའི་ཤར་ཕྱོགས་སུ༔ སོགས་གསུངས་པས་ཀྱང་བསྟན་པ་ཡིན་ནོ། །དེ་བཞིན་དུ་གཟུགས་ཕུང་ལ་སོགས་

སྦྱང་གཞིའི་རྟོག་པ་དེ་དང་དེ་རང་རང་དག་འབྲས་ཀྱི་ཀློང་དུ་ཏིང་ངེ་འཛིན་ཟབ་མོས་རྒྱས་འདེབས་པ་ལ་གནས་སྤར་གྱི་ཐ་སྙད་སྦྱོར་བ་ལས། ཕྱོགས་ག་ཤེད་ནས་ག་ཤེད་དུ་སོང་བ་ནི་ཅི་ཡང་མེད་དོ། །འདི་ཡང་བཅོམ་ལྡན་འདས་ཀྱིས། མདོ་སྡེ་ནས་སྐྱེ་འཇིག་ལ་སོགས་པའི་རྟེན་འབྲེལ་གྱི་སྐབས་སུ་འཕོ་བ་མེད་པ་ཞེས་རྒྱུ་འགག་པའི་རྐྱེན་གྱིས་འབྲས་བུ་འབྱུང་བ་སྲང་མདའི་མཐོ་དམན་ལྟ་བུ་ལས་རྒྱུ་འབྲས་ལ་འགྲོ་འོང་མེད་པར་གསུངས་པ་དང་གནད་གཅིག་གོ་ཞེས་གསུངས་སོ། །དེ་དག་དང་རྗེས་འབྲེལ་དུ་བྱང་བུ་བསྲེགས་ནས་སཙྪ་འདེབས་ཚུལ་བཅས་ལེགས་པར་གསུངས་སོ། །བརྒྱད་པ་དབང་ནི། ཚུར་ཤོག་ཚུར་ཤོག་རིགས་ཀྱི་བུ༔ སོགས་ནས་དབང་ཆོག་འབྲིང་པོའམ། རྒྱས་པ་ལྟར་རོ། །གཞུང་འདི་ལས། གཤིན་ལ་གསོན་བཞིན་དབང་བསྐུར་ན༔ སོགས་དང་མཚུངས་པར་དང་པོ་སྐུ་གསུང་ཐུགས་དབང་དང་། དབང་བཞི་ཡོངས་རྫོགས་མཐའ་རྟེན་བཅས་བསྐུར་བར་གསུངས་པའི་དང་པོ་ནི། སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས་ཞེས་པའི་ཚིག་ལ་འཐུས་པ་འདྲ་མིན་ན་རྒྱས་པ་ལྟར་མི་འབྱུང་ངོ་། །མཆོག་དབང་གོང་མ་ནི་གཞུང་འདིས་བསྟན་པ་བཞིན་དེང་སང་བསྐུར་བའི་ཕྱག་ལེན་མཛད་པར་མི་འདུག་གོ །།འདིའི་འཕྲོས་དོན་ལ་གསུམ། དང་པོ་ཆོ་གས་ཕན་འདོགས་ཡུལ་བར་དོའི་ཚུལ་ནི། དེ་ཡང་བར་དོ་བཞིའམ་དྲུག་ལ་སོགས་པའི་དབྱེ་བ་གསུངས་པ་ཁྲིད་གཞུང་དང་ཐོས་གྲོལ་ངོ་སྤྲོད་ལྟར་ཡིན་ཀྱང་ལམ་དང་མ་འཕྲད་པའམ། འཕྲད་ཀྱང་འཁྲུལ་དབང་དུ་ཤོར་བས་གཞིའི་དཀྱིལ་འཁོར་ཆོས་དབྱིངས་ཀྱི་རང་སྣང་ཤར་བ་ངོས་མ་ཟིན་ཅིང་བརྟན་པ་མ་ཐོབ་པའི་དབང་གིས་སྲིད་པ་བར་དོར་འཁྱམས་པ་ནི་སྐབས་

འདིར་གཤིན་པོ་ཞེས་ཆོ་གས་རྗེས་སུ་འཛིན་པའི་ཡུལ་ཡིན་ལ། དེ་ནི་སྤྱོད་བསྡུས་ལས། ཡང་དོན་དམ་པའི་བདེན་པའི་དཀྱིལ་འཁོར་ལ་འཇུག་པའི་རིམ་གྱིས་ཕུང་པོ་ཡོངས་སུ་སྤངས་ཏེ་རླུང་གི་ཁམས་ཀྱིས་བླངས་ནས་ཚོར་བ་དང་ལྡན་ཅིང་སྲེད་པས་རྗེས་སུ་བཅིང་པ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་ལས་བྱུང་བའི་དྲན་པས་ཡོངས་སུ་བཟུང་བ། དགེ་བ་དང་མི་དགེ་བའི་རྣམ་པའི་ཡིད་དང་ལྡན་པས་བྱིས་པ་ལོ་ལྔ་དང་མཉམ་པ་ཐམས་ཅད་མཐོང་བ། དབང་པོ་ཐམས་ཅད་ཚང་བ། དྲི་ཟའི་ཟས་ལ་སྤྱོད་པ། རྡོ་རྗེ་ལ་སོགས་པས་མི་ལྡོག་པ། མཚན་ཉིད་ཐམས་ཅད་དང་ལྡན་པ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། ཉི་མ་བདུན་གྱིས་འཕོ་བའི་བར་ལ་གནས་ནས། རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དགེ་བ་དང་མི་དགེ་བས་བསྐྲུན་པར་གྱུར་པའི་རྒྱུ་དང་རྐྱེན་ཐོག་ནས་འགྲོ་བ་ལྔ་རྣམས་སུ་ཟོ་ཆུན་གྱི་འཁྲུལ་འཁོར་གྱི་ཚུལ་གྱིས་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་ཅིང་། འཁོར་བའི་སྡུག་བསྔལ་རྗེས་སུ་མྱོང་བར་འགྱུར་རོ། །ཞེས་གསུངས་པ་མཛོད་དང་སྤྱི་ཁོག་མཐུན་མོད་ཀྱང་ཁྱད་པར་ཆེའོ། །དེ་ལ་དང་པོ་སྔོན་གྱི་བག་ཆགས་ལུས་ཀྱི་སྣང་བ་ཡུད་དེ་བ་འཆར། དེ་ནས་རིམ་གྱིས་ཇེ་མི་གསལ་དུ་སོང་ནས་ཕྱི་མའི་ལུས་སྣང་འཆར་བར། དུས་འཁོར་འགྲེལ་ཆེན་ལས་བཤད། དེ་ནས་ཞག་བདུན་གྱི་ཕྱེད་དང་བཞི་ཚུན་ཆད་ལ་སྔ་མའི་ལུས་སྣང་དང་དེ་ཕན་ཆད་ལ་ཕྱི་མའི་ལུས་སྣང་འཆར་བར་རྒྱུད་ཀྱི་ལུང་དྲངས་ནས་འདིའི་བར་དོའི་ངོ་སྤྲོད་ལས་གསུངས། སྔོན་གྱི་ཉེ་འབྲེལ་དང་གྲོགས་ལ་སོགས་པ་རྨི་ལམ་གྱི་ཚོད་ཙམ་དུ་མཐོང་བར་ཆོས་མངོན་པ་ལས་བཤད་པར་གསུངས། སྐྱེ་གནས་དང་དྲི་འཚོལ་ཕྱིར་ཀུན་ཏུ་རྒྱུ་བ་ལས་ཀྱི་ཁྱད་པར་བཞིན་འཁྲུལ་སྣང་ངེས་མེད་དུ་འཆར་ཞིང་རྒྱུད་མི་བརྟན་ལ། ཚེ་ཚད་རིང་

མཐའ་ཞག་བདུན་ཡིན་ལ་སྐྱེ་སྲིད་དུ་སྐྱེ་མ་ནུས་ན་བརྒྱལ་བ་ལྟ་བུའི་འཆི་ཆུང་རེ་བྱས་ནས་སླར་བར་དོར་སྐྱེས་ནས་ཞག་བདུན་རེའི་ཚུལ་གྱིས་སྐྱེ་སྲིད་འཛིན་ཅིང་། སྐྱེ་བའི་རྐྱེན་གྱི་ཚོགས་པ་མ་རྙེད་ན་ཞག་ཞེ་དགུའི་བར་རིང་ཚད་ཡིན་ཞིང་དེ་ནས་སྐྱེ་གནས་ངེས་པར་རྙེད་དོ། །ཞེས་འབྱུང་ངོ་། །གཉིས་པ་དེ་ལྟ་བུའི་བར་སྲིད་ལ་ཆོ་གས་ཕན་ཐོགས་ཚུལ་ནི། དེ་ཡང་བདེན་པའི་སྟོབས་སོགས་ཀྱིས་ཕུང་པོ་དང་མིང་བྱང་སོགས་རྟེན་ལ་བར་དོ་བ་དེ་འགུགས་པའི་ཐབས་ཀྱིས་ཁུག་ཅིང་དེར་འཇུག་པར་བྱེད་ཀྱང་ནུས་ཏེ། ཆོ་ག་རྣམས་ལས་དེའི་ཚུལ་གསུངས་པ་དང་། བར་དོ་བ་དེ་ཐོགས་མེད་དུ་རྒྱུ་ཞིང་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ་དང་། ཤིན་ཏུ་དྭངས་པའི་ལུས་ཅན་ཡིན་པས་རྡོ་རྗེ་སོགས་སྲ་བ་རྣམས་ལའང་འཇུག་པ་ལ་ཐོགས་པ་མེད་པར་གསུངས་པ་དང་། སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་བཞིན་དུ་སྔགས་དང་ཕྱག་རྒྱའི་མཐུས་ཆོ་ག་རྫོགས་ཀྱི་བར་དུ་བརྟན་པར་ཡང་འགྱུར་ཏེ། དཔེར་ན་དྲི་ཟ་བའི་འབྱུང་པོའི་གདོན་ཁོག་ཏུ་ཞུགས་པ་ལ་སྔགས་སོགས་བཏབ་པའི་སྲད་བུ་བཏགས་པས་དེ་མ་བཀྲོལ་བར་འགྲོ་མི་ནུས་པ་ཡང་འགའ་ཞིག་ལ་མངོན་སུམ་མོ། །བར་དོ་བ་སྔར་རྣམ་ཤེས་དང་བྲལ་བའི་རྙིང་མའི་ལུས་ལ་འཇུག་མི་འདོད་པའང་གསུངས་ལ་ལུས་སྲེད་ཀྱིས་འཇུག་འདོད་པ་ཡང་གསུངས་མོད། ཆོ་ག་དང་སྔགས་ཀྱི་མཐུས་འཇུག་ནུས་ཏེ། སྨན་བླའི་མདོ་ནས་དེའི་ཆོ་གའི་མཐུས་ཞག་བཞི་བཅུ་རྩ་དགུ་ནས་ཀྱང་སླར་ལོག་ཅིང་བར་དོ་སོགས་ཀྱི་འཇིགས་པ་མཐོང་སྟེ་སྔར་ལས་ཀྱང་སྤང་བླང་བྱེད་པར་གསུངས་སོ། །ཞག་སྔ་མའི་དུས་རྣམས་སུ་སྔོན་གྱི་ལུས་སྣང་འཆར་བར་གསུངས་པས་ནི། བར་དོ་ངོ་སྤྲོད་ཀྱི་ཆོས་བཤད་སོགས་གོ་ནུས་པ་རིས་མཐུན་གྱི་བག་

ཆགས་སྔ་མ་སྣང་བའི་དབང་གིས་ཡིན་ཏེ། དེ་ལྟར་མིན་ན་གནས་རིགས་སོ་སོ་བར་གྱུར་ནས་མི་དང་དུད་འགྲོའི་གཏམ་ལབ་པ་བཞིན་འགྱུར་བ་ཁས་ལེན་དགོས་པས་དེ་དག་ཐམས་ཅད་དགོས་པ་མེད་པར་སྨྲ་བས་ལོག་ལྟ་ཆེན་པོའོ། །མཛོད་ལས་མི་ལྡོག་དེ་ནི་དྲི་ཟའོ། །ཞེས་འགྲོ་བ་གང་ཡིན་པའི་བར་དོ་གྲུབ་ན་དེ་ནས་སྐྱེ་བ་གཞན་དུ་བཟློག་ཏུ་མེད་པར་བཤད། ཐེག་ཆེན་གྱི་ལུགས་ལ་ལྡོག་པའང་གསུངས་ཏེ། ས་སྡེ་ལས། ཞག་བདུན་གྱིས་ཤི་འཕོས་པ་དེ་ཡང་ན་ནི་དེ་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ། །ཡང་ན་ནི་སྐལ་བ་མི་མཉམ་པ་གཞན་དུ་སྟེ། གལ་ཏེ་ལས་གཞན་གྱི་བྱ་བ་ཡོངས་སུ་གྱུར་པས་བར་མ་དོའི་སྲིད་པའི་ས་བོན་ཡོངས་སུ་འགྱུར་བར་བྱེད་པའི་ཕྱིར་རོ། །ཞེས་དགེ་བ་སོགས་ལས་གཞན་གྱི་རྐྱེན་དང་འཕྲད་ན་ངན་སོང་དུ་འགྲོ་ངེས་པའི་བར་དོ་ཡང་སྐྱེ་གནས་བཟང་པོ་གཞན་དུ་འགྱུར་བར་བྱེད་ཅེས་པའི་དོན་ཡིན། སྔགས་ལས་ནི། ངན་སོང་དུ་སྐྱེས་ཟིན་ན་ཡང་སྔགས་ཀྱི་མཐུས་མྱུར་དུ་ཐར་བར་གསུངས་ན་བར་དོ་བ་སྨྲོས་ཅི་དགོས། དེའི་ཕྱིར་ན་དེང་སང་ཡོངས་གྲགས་ལ་དགུང་ཞག་ཞེ་དགུ་ཞེས་ཞག་བདུན་ཕྲག་བདུན་དུ་ཆོ་ག་བྱེད་པ་སོགས་དགེ་བ་ལ་འབད་དགོས་པར་དམ་པ་ཐམས་ཅད་གྱིས་བཞེད་པར་མཐུན་ནོ། །དེ་བཞིན་དུ། ཇོ་བོ་ཆེན་པོས། ཆུས་ཁྱེར་ཅོ་འཐེན་ཞེས་དཔེར་ན་ཆུས་ཁྱེར་བའི་མི་ལ་སྐམ་སར་ཡོད་པས་སྐྲའམ་གོས་སོགས་གང་ནས་ཅུང་ཟད་འཐེན་ཀྱང་སྐམ་སར་ནར་གྱིས་དྲངས་པ་ལྟར། ལས་རླུང་དྲག་པོས་དབང་མེད་དུ་དེད་ནས་མགོན་མེད་བར་དོའི་འགྲོ་བ་དེ་ལ། ཤུལ་དུ་འདུག་པའི་ཉེ་དུའི་འབྲེལ་བ་རྣམས་ཀྱིས། དེའི་དོན་དུ་སྡིག་པ་དང་མ་འདྲེས་པའི་དགེ་བ་ལ་འབད་ན། དགེ་རྩ་དེ་དག་དེའི་ཕྱི་

བཞིན་དུ་འབྲངས་ནས་སྡུག་བསྔལ་ལས་ཐར་བར་གསུངས་པ་དང་། དེའི་དོན་དུ་སྲོག་གཅོད་སོགས་བྱས་ན་གཏིང་རྡོ་བཏགས་ནས་རྡོག་པས་འཕུལ་བའི་དཔེས་དེ་ངན་འགྲོར་འཕེན་པ་སོགས་མང་དུ་གསུངས་པས་ན་གཤིན་པོ་དེ་ལ་ཕན་ཞིག་འདོགས་འདོད་ན་ནི་སྲོག་གཅོད་གཏན་ནས་མི་རུང་ངོ་། །དགེ་རྩ་བྱེད་པ་ལ་ཡང་། ཆོས་རྒྱུད་ཀྱི་འབྲེལ་བ། རིགས་རྒྱུད་ཀྱི་འབྲེལ་བ། རྒྱུ་རྫས་ཀྱི་འབྲེལ་བ་དང་གསུམ་གྱི་གང་རུང་ཡོད་དགོས་པར་གསུངས་པའང་ཤེས་པར་བྱ་བ་གནད་དུ་ཆེའོ། །དེ་བཞིན་དུ་ཟས་གཏད་ཅེས་གཤིན་པོ་ལ་འདོད་ཡོན་བསྔོ་བའི་ཚུལ་ལ་དགོས་པ་ཡོད་པ་དང་། མེད་པར་སྨྲ་བའི་ཕྱོགས་མང་ཡང་། འཇིག་རྟེན་རང་ག་མའི་སྲོལ་འགའ་ཞིག་ལས་གཤིན་པོའི་རོའི་དྲུང་ངམ་དུར་ས་སོགས་སུ་དེའི་ཟས་སྐལ་གྱི་བཟའ་བཏུང་རྣམས་བསྒྲིགས་ཏེ་མིང་ནས་འབོད་པ་སོགས་བྱ་ཞིང་། དེ་ལ་སྟེར་ཚུལ་དང་། འགའ་ཞིག་གོས་རྒྱན་རིན་ཆེན་སོགས་རོ་དང་ལྷན་ཅིག་ཏུ་སྦས་ནས་དེ་གཤིན་པོ་དེས་ཐོབ་ཅིང་དེས་ཀྱང་དེ་དག་ལ་སྤྱད་སྙམ་པ་ལ་དེ་ལྟར་མེད་ཅིང་དེ་དོན་ལ་མི་གནས་པར་གསུངས་ཏེ། ཚེ་འཕོས་པ་ཇི་ལྟར་འགྱུར་བ་ལུང་བསྟན་པའི་མདོ་ལས། ཚེ་འཕོས་པ་སྐྱེ་བ་མི་ལེན་པར་གཤིན་པོའི་འཇིག་རྟེན་ན་ཡོད་ན། བཟའ་བཏུང་དང་བཞོན་པ་དང་གོས་རྒྱན་དག་བདོག་པར་བྱེད་པ་ནི་མ་ཡིན་ནོ་ཞེས་དང་། ཀྱེ་རྒྱལ་པོ་ཆེན་པོ་ཚེ་མ་འཕོས་པའི་ཕ་སྤད་དང་སྤུན་གཅིག་ལ་ཉེ་འབྲེལ་འཛིན་པ་ཕན་པར་འདོད་པ་རྣམས་ད་ལྟ་མ་ཤི་བ་ལུས་དང་ལྡན་པ་ཡང་གཅིག་ཡུལ་གཞན་དུ་སོང་ན། དེ་ལ་ཕའམ་མའམ་བུའམ་སྤུན་གང་ཡང་རུང་བས་ཟས་སྐོམ་མང་པོ་སྦྱིན་ནོ་གསོལ་ལོ་ཞེས་བསྔོས་པ་ཡང་། ཡུལ་གཞན་དུ་སོང་བའི་རྨི་ལམ་དུ་ཡང་མི་འབྱུང་ན་དངོས་སུ་ཟ་ཞིང་འཐུང་བ་ལྟ་ག་ལ་ཡོད། ཚེ་འཕོས་

ནས་ལུས་དང་བྲལ་བ་ལ་བསྔོས་ཤིང་གཏད་པ་ཟ་ཞིང་འཐུང་བ་ལྟ་ག་ལ་ཡོད། ཅེས་དཔེ་དང་བཅས་གསལ་བར་གསུངས་སོ། །འདིར་ནི་དེ་ལྟ་མ་ཡིན་ཏེ། གསང་སྔགས་ཀྱི་ལམ་དང་འབྲེལ་བའི་ཆོ་ག་ཟབ་མོའི་ཐབས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཏེ་སྙིང་རྗེས་ཟིན་པའི་སྒོ་ནས་ཡུལ་དེ་ལ་ཕན་གདོགས་པའི་བསམ་པས་འདོད་ཡོན་གསུར་བསྔོས་ཀྱི་ཟས་གཏད་ནི་བསྔོ་ཡུལ་གཤིན་པོ་དེས་ཐོབ་ནས་དེ་ལ་སྔར་བཤད་ལྟར་རྨི་ལམ་རྨིས་པའི་ཚོད་ཙམ་དུ་དྲི་ཁོ་ན་ལས་ཕྱེ་བའི་འདོད་ཡོན་ལྔར་སྣང་བ་ལ་ལོངས་སྤྱོད་དེ། མཛོད་ལས། དྲི་ཟ་སེམས་ཅན་བར་མའོ། །ཞེས་དེ་དྲི་ཟས་སུ་ཟ་བའི་རིགས་ཡིན་པ་དང་། དྲི་ཚོལ་བའི་ཕྱིར་རྒྱུ་བ་དང་། དབང་པོ་ཀུན་ཚང་བར་བཤད་པས་སོ། །ཁྱད་པར་གསང་སྔགས་ཟབ་མོ་འདི་ལས། ཀྱེ་མ་མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ སྡུག་བསྔལ་ཉམས་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེས་ཅན་གྱིས་སྐྱོབས་པར་ཤོག༔ ཅེས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་རྒྱལ་སྲས་ས་སྙིང་ནམ་སྙིང་སྤྱན་གཟིགས་ཕྱག་རྡོར་སྒྲིབ་སེལ་རྣམས་ཀྱི་ཐུགས་རྗེའི་བདེན་སྟོབས་ཀྱིས་བསྔོས་པའི་འདོད་ཡོན་ལྔས་གཤིན་པོའི་བག་ཆགས་ཡིད་ལུས་ཀྱི་མིག་ཤེས་སོགས་ལ་ལོག་པར་མཐོང་བའི་སྐྱོན་ལ་ནད་ཅེས་སྒྲིབ་པ་རྣམས་བསལ་ནས་ཟག་མེད་ཀྱི་ཡུལ་ལྔའི་བདེ་བ་ལ་སྤྱོད་པར་ཤོག་ཅིག །ཅེས་རབ་ལྷག་པའི་བདེ་སྟོང་དབྱེར་མེད་ཆེན་པོའི་ངོ་བོ་དང་། འབྲིང་རྒྱལ་སྲས་སེམས་དཔའ་ཆེན་པོ་ལྔ་ཐུགས་རྗེས་འོད་དུ་ཞུ་བ་ལས་བྱུང་བ་དང་། ཐ་མའང་རྒྱལ་སྲས་སེམས་དཔའ་ལྔའི་བདེན་པ་ལ་ཡིད་ཆེས་པར་བྱས་ནས་བསྔོས་པས་དེའི་ཤེས་རྒྱུད་ངོམས་ཤིང་ཚིམ་པར་གྱུར་ནས་འཁོར་བའི་རྒྱུ་སྲེད་ལེན་གྱི་ཞེན་

པ་ཐམས་ཅད་དང་བྲལ་ནས་རིག་པ་འཛིན་པའི་ཞིང་དུ་སྐྱེ་བའི་དགོས་པ་ཡོད་དོ། །མདོ་རྒྱུད་གང་ནས་ཀྱང་སྔགས་དང་ཕྱག་རྒྱ་སོགས་ཀྱིས་བསྔོས་ཀྱང་མི་ཕན་པར་མ་གསུངས་པ་དང་། དེ་ལྟ་བུའི་ཆོ་ག་ལ་ཕན་ཡོན་དང་ནུས་པ་ཆེ་བར་གསུངས་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་ཞལ་ནས་འཇིག་རྟེན་པ་རྣམས་ཀྱིས་དགེ་རྩ་བགྱིས་པ་བར་དོ་ལ་ཕན་པར་འདུག་གོ་ཞེས་གསུངས་སོ། །ལར་གཤིན་པོའི་དགེ་རྩ་བགྱིད་པའི་ཚེ་སྙིང་རྗེ་ཆེན་པོ་སྟེ་ཤུགས་དྲག་པོས་དེ་ལ་ཕན་འདོགས་པའི་ལྷག་བསམ་དག་པར་དགོས་ཚུལ་དང་ཁྱད་པར་སྔགས་ཀྱི་ཆོ་གས་རྗེས་འཛིན་བྱེད་པ་ལ་མན་ངག་དང་ལྡན་པ་དང་། བསྙེན་པ་གྲུབ་ཅིང་ཆོ་གའི་ཡན་ལག་མ་ཉམས་པ་གལ་ཆེ་བར་གསུངས་པས་ན་འབྲེལ་ཚད་དོན་ལྡན་ཞིག་ཟབ་ཆོས་འདི་ལ་བརྟེན་ནས་བྱས་ན་རང་ཡང་ཆོས་དང་འཕྲད་པ་དོན་ཆེན་པོ་འགྱུར་བ་ཡིན་པས་འབད་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་རྣམས་ནི་ཆོ་ག་བཞིན་དུ་གོ་སླ་བ་ཡིན་མོད་བཟང་སྤྱོད་སོགས་ཀྱི་སྒོ་ནས་བསྔོ་སྨོན་ཟབ་མོས་རྒྱས་འདེབས་པ་གནད་ཆེའོ། །བླ་མའི་ལེགས་གསུངས་ནམ་མཁའི་བླ་རེས་ནི། །ལུང་རིགས་གློག་གི་རོལ་རྩེད་བསྒྱུར་བ་ལས། །དོན་ཟབ་བདུད་རྩིའི་ཟིལ་རྒྱུན་ཆེར་འཕེལ་ནས། །དད་པའི་དགའ་ཚལ་ཉམས་རྟོགས་པདྨོས་མཛེས། །རྡོ་རྗེའི་གཞུང་གི་རྣམ་ངེས་སྣང་གསལ་འདི། །བརྒྱུད་ལྡན་དམ་པའི་གསུང་སྒྲོས་ཤར་རིའི་སྤོར། །ཉེར་འཕགས་འོད་བརྒྱའི་བདག་རྐྱེན་གྱིས་བསྐྲུན་ལས། །རང་བཟོའི་སྲིན་བུའི་བཀྲག་མདངས་ག་ལ་ཡིན། །དེང་སང་སྐྱེ་བོ་ཀུན་གྱི་གཤིན་གསོན་དོན། །འདི་ལ་རེ་ནས་གཅེས་པའི་དངོས་པོ་ཀུན། །འདི་ཕྱོགས་གཏོང་བའི་ཚུལ་ལ་བརྩེར་དགོངས་ཏེ། །ཐུགས་སྐྱེད་ལྡན་པས་

ཡལ་བར་འདོར་མི་རུང་། །བརྗེད་ངས་བློ་མཁའ་རྨོང་མུན་གྱིས་ཟིན་པའི། །ཉེས་བཤད་གང་མཆིས་བླ་མ་ལྷག་པའི་ལྷ། །རྡོ་རྗེའི་བསྲུང་མའི་དབང་པོ་འཁོར་བཅས་ཀྱིས། །སྤྱན་སྔར་བྱས་བསགས་སྡིག་དང་ལྷན་གཅིག་བཤགས། །གལ་ཏེ་རྣམ་པར་དཀར་བའི་ལས་མཆིས་ན། །དེས་ཀྱང་མཐའ་ཡས་འགྲོ་བ་ལམ་བཟང་འདིའི། །གདུལ་བྱར་གྱུར་ནས་རིང་མིན་གདོད་མའི་མགོན། །རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་ཐོབ་ཤོག །ཅེས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྣམ་ངེས་མདོར་བསྡུས་འདི་ནི་༧རིགས་ཀྱི་བདག་པོ་འཇིགས་མེད་ཡེ་ཤེས་རྡོ་རྗེ། ཁྱབ་བདག་རྒྱལ་སྲས་ཆེན་པོ། གྲུབ་དབང་རྫོགས་ཆེན་རིན་པོ་ཆེ། འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོ། ཀུན་བཟང་ཐེག་མཆོག་མཚན་ཅན་རྣམ་པ་ལྔའི་ཞལ་སྔ་ནས་དབང་ལུང་ཡོངས་རྫོགས་བསྩལ་བ་དང་། གསལ་བྱེད་སྐྱ་རེངས་ལྟར་བློས་བསླང་ལག་ཁྲིད་ཡན་ཆད་རྒྱལ་སྲས་ཆེན་པོའི་ཐུགས་སྲས་རྗེ་ནམ་མཁའི་མཚན་ཅན་གྱིས་ཞིབ་ཏུ་གནང་བའི་དོན་སྔ་སོར་དུ་ལག་རྩེ་བླ་མ་ཞེས་རྣལ་འབྱོར་དམ་པའི་བཞེད་སྐོང་དུ་བསྒོམ་རིམ་ཡན་བྲིས་ནས། དེ་ཕྱིན་དད་དམ་ནོར་བུའི་ཅོད་པཎ་འཛིན་པ་འཇིགས་མེད་རྒྱ་མཚོས་ནན་ཏན་བསྐུལ་བ་ལྟར་རྒྱལ་ཁམས་ཉུལ་བའི་རྣལ་འབྱོར་པ་དཔལ་ཆེན་རྡོ་རྗེས་བྲིས་པ་ཛ་ཡནྟུ། དགེའོ། མངྒ་ལཾ།། །།

ཞི་ཁྲོའི་བསྙེན་ཐབས་ཉུང་ངུ་རིག་པ་འཛིན་པའི་ཐུགས་ཀྱི་གཅེས་ནོར།

ཞི་ཁྲོའི་བསྙེན་ཐབས་ཉུང་ངུ་རིག་པ་འཛིན་པའི་ཐུགས་ཀྱི་གཅེས་ནོར་ཞེས་བྱ་བ་བཞུགས། །

ན་མོ་གུ་རུ་བཛྲ་དྷ་ར་ཡེ། ཀུན་ཏུ་བཟང་པོ་བདེ་ཆེན་མཉམ་ཉིད་དབྱིངས། །བྱ་དང་བྱེད་པོ་ཡེ་ནས་རྣམ་དག་པ། །རྡོ་རྗེ་སེམས་དཔའ་དང་པོའི་སངས་རྒྱས་དང་། །དབྱེར་མེད་དྲིན་ཆེན་བླ་མར་གུས་ཕྱག་འཚལ། །ཟབ་མོའི་ཆོས་ཚུལ་བླ་ན་མེད་པ་གང་། །ཞི་ཁྲོའི་སྒྲུབ་ཐབས་ཐོས་པ་ཙམ་གྱིས་ཀྱང་། །གྲོལ་ཞེས་གྲགས་པ་དོན་ལྡན་དེར་བརྟེན་པའི། །བསྙེན་ཐབས་མདོར་བསྡུས་འགོད་ལ་ཡིད་རབ་སྤྲོ། །དེ་ལ་འདིར་ཟབ་ཆོས་ཁྱད་པར་དུ་འཕགས་པ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་པའི་ལས་རིམ་གནད་བསྡུས་སུ་འགོད་པ་ལ། དང་པོ་ཡིད་དང་མཐུན་པའི་གནས་གང་ཡང་རུང་བར། རྟེན་གྱི་གང་ཟག་དབང་བསྐུར་ལེགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པ། དུས་ལོ་ཟླ་གཟའ་ཚེས་དགེ་བར་དབུ་བརྩམས་པར་བྱ་སྟེ། དེའི་སྔོན་དུ་ཚོགས་བསགས་སྒྲིབ་སྦྱངས་ཀྱི་བྱ་བ་ལ། ཞག་གྲངས་ཅི་ཙམ་འཚམས་པར་བརྩོན་དགོས་པ་བསྙེན་ཡིག་སྤྱི་འགྲོའི་ལྟར་ལགས་ཀྱང་། འདིར་ཐོག་མཐའ་ཀུན་ཏུ་ཡུལ་དུས་ཀྱི་དབང་ལས་སྒྲུབ་པོ་འགའ་ཞིག་གི་འདོད་ངོར་བསྟུན་ཏེ་བསྙེན་ཚུལ་བསྡུས་པ་བྱ་སླ་བའི་དབང་དུ་བྱས་ཏེ་འཆད་པ་ཡིན་པས། དེ་སྔོན་འགྲོའི་ཆོས་ཁྲིད་སོགས་ཞུས་པ་ལས་འབུམ་ལྔ་བཏང་བ་སོགས་ཀྱིས་གོ་

ཆོད་པའི་དབང་དུ་བྱེད་ལ། འོན་ཀྱང་ཞག་ཆ་ཤས་ལ་ཡིག་བརྒྱ་བཟླ་བ་སོགས་ཉམས་ཆགས་གསར་བསགས་འདགས་པ་སོགས་ཀྱི་ཆེད་དུ་བསྒྲུབ་དགོས་པ་གལ་ཆེན་དུ་ཡང་ཤེས་དགོས། གང་ལྟར་ཡང་ད་ལྟ་རང་རེའི་བརྒྱུད་པའི་བླ་མའི་མན་ངག་བསྙེན་ཡིག་ཕར་ཆེར་ལྟར་ན། ལྷ་དབང་དུ་བྱེད་པའི་རྟེན་འབྲེལ་གྱིས་དགོངས་མོའི་དུས་ནས་མགོ་བརྩམས་པར་གསུངས་པ་ལྟར་བྱ་སྟེ། དེ་ཡང་ཐོག་མར་སྐྱབས་སེམས་ཀྱི་དམིགས་རྣམས་རྒྱུད་ལ་འདྲེས་ངེས་དང་། རང་གཞུང་གི་སྐུ་གསུམ་བརྒྱུད་པའི་གསོལ་འདེབས། ༀ་ཨཱཿཧཱུྃ༔ རྣམ་དག་ཆོས་དབྱིངས་མ་ཡིད་གཞན་དུ་མི་གཡེང་བར་འདོན། དེ་ནས་ལས་བུམ་བསྒྲུབ་པ་ལ། ༀ་བཛྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་འཛིན་པ་འཇིགས་སུ་རུང་བ་ཁྲོ་བོའི་ཆས་ཅན་རང་འདྲའི་ཡུམ་དང་བཅས་པའི་སྐུར་གྱུར། སྟོང་པའི་ངང་ལས་ལས་བུམ་གྱི་ནང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པར་གྱུར། ༀ་བཛྲ་ཨ་མྲྀཏ་ཀུཎྚ་ལི་ཧཱུྃ། ཞེས་ཉེར་གཅིག་ལས་མི་ཉུང་བར་བཟླ། ལྷ་འོད་དུ་ཞུ་བ་ལས་ཁྲོ་བོའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། འདིས་བསངས་ཆུ་བསྒྲུབ་པར་བྱས་ཀྱང་ཆོག །དེ་ལྟར་ན་བསངས་ཆུའི་སྣོད་དུ་ཧཱུྃ་ལས་ཞེས་སྦྱར་དགོས། དེ་ནས་སྔོན་གཏོར་གཉིས་ལ་ཆུ་དེ་འཐོར་ཞིང་། ཨ་མྲ ྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་པའམ། སྤྲོ་ན་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ཏེ། སྡེ་

བརྒྱད་གསེར་སྐྱེམས་ཡོངས་གྲགས་ལྟར་གཏོང་། མཇུག་ཏུ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་ལ་སོགས་ཀྱིས་འདོད་གསོལ་བྱ། འདི་ཡང་གལ་ཆེ་བར་ཡོད་མོད། བསྡུ་ན་ས་ཐཱ་ཱན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ༴ སོགས་བྷ་ལིང་ཏ་སྭཱ་ཧཱའི་བར་ལན་གསུམ་བརྗོད་པས་བསྔོ་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ལས་བྱང་ཆུང་བ་ལྟར། ཧཱུྃ་རང་ཉིད་ལྷ་ཡི་ང་རྒྱལ་སོགསཨུ་ཙ་ཏ་ཡ་ཕཊཿབགེགས་གཏོར་གཏོང་། འཚམས་བཅད་པ་ནི། ཧཱུྃ་རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ སོགསཛྭ་ལ་རཾ་ཧཱུྃ་ཕཊ། དེ་ནས་རྒྱལ་ཆེན་ལ་ཕྲིན་ལས་བཅོལ་བ་འདིར་བྱས་ཀྱང་མི་འགལ་བས། སྔོན་ནས་སྒོ་དྲུང་དུ་ཐོ་དཀར་པོ་བརྩིགས་པ་རྒྱལ་ཆེན་བཞིར་མོས་ལ། དཀའ་གཏོར་བཤམས་པ། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་གསལ་བར་གྱུར། བཛྲ་ས་མཱ་ཛཿཛ་ཧཱུྃ་བཾ་ཧོཿམ་ཧཱ་རཱ་ཛ་ཨརྒཾ༴ ནས་ཤབྟ་པྲ་ཏི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༴ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་གཏོར་མ་ཕུལ། དྲི་ཟ་གྲུལ་བུམ་ཀླུ་དབང་དང་། །གནོད་སྦྱིན་སྡེ་དཔོན་རྒྱལ་ཆེན་བཞི། །བཙུན་མོ་སྲས་དང་བློན་འཁོར་བཅས། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཕྱོགས་བཞིའི་བགེགས་ཀྱི་འཚམས་ཆོད་ཅིག །ༀ་དྷྲིཥྚ་རཥྚཱ་ཡེ་སྭཱ་ཧཱ། ༀ་བེ་རུ་དྷ་ཀ་ཡེ་སྭཱ་ཧཱ། ༀ་བེ་རུ་བཱཀྵ་ཡེ་སྭཱ་ཧཱ། ༀ་བཻ་ཤ་མ་ཎ་ཡེ་སྭཱ་ཧཱ། ཏིཥྛ་བཛྲ། ཤིས་བརྗོད་ཀྱང་བྱའོ། །བཤད་ཟིན་དེར་མ་འཐུས་པ་བཅའ་གཞིའི་རིམ་པ་སོགས་ནི། རང་གི་གདན་འོག་ཏུ་འབྲུ་དཀར་རམ། ས་དཀར་གྱིས་གཡུང་དྲུང་ཆོས་སྐོར་བྲིས་པའི་སྟེང་དུ་སྟན་ནང་ཚངས་

ཅན་བཏིང་། རང་མདུན་བལྟ་ཕྱོགས་སུ་མཆོད་བཤམས་བྱ་སྟེ། ཡོད་ན་ཞི་ཁྲོ་རྩ་བ་གསུམ་གྱི་སྐུ་བྲིས་འབུར་གང་འཛོམས་བཤམས་པའི་མདུན་དུ། སྟེགས་གཙང་མའི་ཁར་མར་དང་བསྲེས་པའི་ཟན་ལ་གཏོར་མ་རིན་ཆེན་འབར་བའམ་རིགས་བརྒྱའི་གཏོར་མ་ཟླུམ་བརྗིད་འཐེབ་ཀྱུས་བསྐོར་བ་གཡས་གཡོན་དུ་སྨན་རཀ་དང་། ཅི་ལྟར་འཚམས་པར། ཆོས་སྐྱོང་སྤྱི་དང་བྱེ་བྲག་གི་གཏོར་མ། མདུན་དུ་ཉེར་སྤྱོད་སོགས་མཆོད་རྫས་རྣམས་ལག་ལེན་ལྟར་བཤམས། དངོས་གཞི་ལ་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿༀ་ཨཱཿཧཱུྃཿནམ་མཁའི་མཐར་ཐུག་སོགས་ནས་ཞི་ཁྲོ་རབ་འབྱམས་གོ་འཕང་མྱུར་ཐོབ་ཤོག །བར་འདོན་བསྒོམ་བསྒྲགས་། མཆོད་པ་བྱིན་རླབས་ནི། ཧཱུྃ། བསམ་བརྗོད་བྲལ་བའི་སོགས་ཤབྟ་ཨཱ་ཧཱུྃ་བར། དེ་ནས་ལྷ་བསྐྱེད་ལ། ཧཱུྃ། རྟོག་བྲལ་བསྒོམ་མེད་སོགས་ནས་བཤགས་པའི་མཐའི་བར་གཏོང་། དེ་ནས་ཛ྄བ་བཟླས་བྱ་བ་ལ། ལྷ་ཚོགས་ཞི་བ་རྣམས་ཀྱི་ཐུགས་ཀར་ཟླ་བ་དང་ཁྲོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མའི་གདན་ལ་རང་སྲོག་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་མཆོད་ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པས་བདག་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ། སྣང་གྲགས་རིགས་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་སད་པར་གྱུར། སྤྱི་དྲིལ་གྱི་སྔགས་བརྒྱ་རྩ་བཟླ། དེ་ནས་ཕྱག་ལེན་ལྟར་མཆོད་བསྟོད་བྱ། སྐབས་འདིར་ཆོས་སྐྱོང་སྡེ་བདུན་གཏེར་གཞུང་ལྟར་རམ་བསྡུ་ན་སྨིན་གླིང་ཆོག་འགྲིགས་ལྟར་གཏོང་། །དེ་ནས་ཚོགས་

མཆོད་བསྐངས་བསྡུས་བཅས་དང་ལྷག་གཏོར་ཆད་བརྟན་ཉེར་བསྡུ་ལྷ་ལྡང་སོགས་མཇུག་ཆོག་ཚང་བར་གཏོང་། ཉལ་བའི་དུས་སུ་བབས་པ་ན་གཉིད་འོད་གསལ་དུ་སྦ་བ་སོགས་མཚན་མོའི་ཉམས་ལེན་ཚུལ་མཐུན་བྱ། ཕྱི་ཉིན་ཐོ་རང་གི་དུས་སུ་མལ་ནས་བཞེངས། ཐུན་གཅོད་ཚུལ་ལ་བཞི་འམ་གསུམ་ལ་སོགས་པའི་གྲངས་ངེས་མེད་དུ་གསུངས་པ་ལས། སྐབས་འདིར་ཐུན་དང་པོར་ཐུན་མོང་གི་སྔོན་འགྲོའི་ངག་འདོན་བླ་མའི་རྣལ་འབྱོར་དབང་བཞི་བླང་བ་བཅས་སྔོན་དུ་འགྲོ་བའི་རྒྱུན་གྱི་ཡི་དམ་ཆགས་མེད་ཀྱི་རིགས་གཏོང་བ་མི་འགལ་བས། ཉེ་འཕྲལ་གྱི་དོན་གཉེར་བ་དག་གི་བློ་དང་བསྟུན་པར་བྱས་ལ། དེ་རྗེས་ཐུན་གསུམ་གྱི་དང་པོར་ངག་བྱིན་རླབས་སྤྱི་འགྲོ་ལྟར་བྱ། རྒྱུད་ཆོས་ལ་བསྐུར་ཕྱིར། ཀྱེ་མ་ཀྱེ་ཧུད་སྐལ་ལྡན་རིགས་ཀྱི་བུ། །ཞེས་པ་ནས། སྐྱབས་སེམས་ཚད་མེད་བསྒོམ་པ་བཅས་དམིགས་གནད་དང་ལྡན་པ་དང་དེས་འཕྲོས་ཀྱི་རྡོར་སེམས་བསྒོམ་བཟླས་ཀྱང་གཏོང་ངོ་། །དེ་རྗེས་རྒྱལ་ཆེན་འཕྲིན་གཏོར་མ་གཏོགས་སྔར་ཉིན་ལྟར་ལས་དམིགས་བསལ་སྨན་མཆོད་ཀྱི་རྗེས་སུ་བརྒྱུད་པའི་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པའི་ཚུལ། ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་སེམས། །དགའ་རབ་ཤྲཱྀ་སེང་ཧཱ་པདྨ་འབྱུང་། །ཀརྨ་གླིང་པ་ཉི་ཟླ་ཆོས་རྗེ་སོགས། །རྩ་རྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁ་ཧཱི། ཀུན་བཟང་རྡོ་རྗེ་སེམས་དཔའི་གསང་གསུམ་གྱི། །སྒྱུ་འཕྲུལ་རོལ་བ་ཡི་དམ་ཁྲོ་བོའི་ལྷ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁ་ཧཱི། དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས། །ཞིང་སྐྱོང་གཞི་བདག་རིགས་དྲུག་ཕ་མ་

སོགས། །སྲིད་གསུམ་ཀ་དག་རྒྱལ་བའི་དཀྱིལ་འཁོར་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁ་ཧཱི། ཀ་ཡཱ་སིདྡྷི་ༀ། ཝཀྐ་སིདྡྷ་ིཨཱཿཙིཏྟ་སིདྡྷི་ཧཱུྃ། ཞེས་དངོས་གྲུབ་བླངས། དེ་ནས་རཀྟ་གཏོར་མ་ནས་བཤགས་པའི་བར་གཏོང་། ཕྲེང་བ་བྱིན་རླབས་ཇི་ལྟར་རིག་པ་བྱ། བསྙེན་དམིགས་གོང་བཤད་བཞིན་དང་། བཟླ་བྱའི་སྔགས་ལ་ཕྱི་དྲིལ་ཁོ་ན་བཟླ་བ་ཡང་རང་གཞུང་གི་དགོངས་པ་དང་འབྱོར་མོད། འདིར་གསང་སྔགས་སྤྱི་ཡི་གཞུང་ལྟར་ལྷ་རང་རང་གི་སྔགས་བཟླ་བ་རང་ཕྱོགས་ཀྱི་མཁས་པའི་དབང་པོ་འགའ་ཞིག་གི་བཞེད་སྲོལ་ལྟར་བྱེད་ན། བསྙེན་ཚད་ཀྱི་གྲངས་ཀྱང་མཚན་དུས་གྲངས་ཀྱི་རིམ་པ་དང་། གྲངས་བསྙེན་ལའང་རྒྱས་བསྡུས་ཅི་རིགས་ཡོད་པ་ལའང་། འདིར་བསྡུས་པ་ལས་རུང་ཙམ་གྱི་དབང་དུ་བྱས་ན། ཞི་བ་ལ་གཙོ་བོ་ཀུན་བཟང་ཡབ་ཡུམ་གྱི་སྔགས་འབུམ་ཕྲག་གཅིག །རིགས་ལྔ་ཡབ་ཡུམ་ཁྲི་ཚོ་རེ། སེམས་དཔའ་མན་ཆད་ལྔ་སྟོང་། དེས་རིག་འདྲེས་ཀྱི་ཁྲོ་བོ་ལའང་། གཙོ་བོ་འབུམ་ཕྲག །རིགས་བཞི་ཁྲི་ཚོ། གོ་སེང་མན་ཆད་ལྔ་སྟོང་རེ་བཟླ། དེ་རྗེས་ཞི་ཁྲོ་སྤྱི་དྲིལ་གྱི་སྔགས་འབུམ་ཐེར་གཅིག་བཏང་། དེ་ལྟར་ཡང་རྒྱུད་ཁུང་ཐུབ་འགའ་ཞིག་ལས། དཀྱིལ་འཁོར་བདག་པོ་ལ་འབུམ་དང་། འཁོར་ལ་ཁྲི་བཟླ་བར་གསུངས་པ་ཙམ་གྱིས་ཆོག་པར་རང་ཕྱོགས་ཀྱི་མཁས་པ་རྩོད་མེད་ཀཿཐོག་དགེ་རྩེ་པཎྚི་ཏ་ཆེན་པོའི་གསུང་རབ་གསང་སྔགས་བཀའ་ཡི་ཐ་རམ་གྱི་འགྲེལ་ཆེན་ལས་བླ་མའི་མཚན་ཉིད་ཀྱི་སྐབས་བསྙེན་སོགས་དག་པར་བྱེད་པའི་སྐབས་སུ་གསུངས་པ་དང་། འདིར་འཁོར་ལ་ཁྲི་ཚོ་ནས་དེའི་ཕྱེད་སོགས་ཇེ་ཉུང་དུ་གཏོང་བ། སྒྱུ་འཕྲུལ་གྱི་དཀྱིལ་ཆོག་ལས་

བྱུང་བ་ལྟར་ཏེ། གཞུང་འདིའི་ཁུང་ནི་སྒྱུ་འཕྲུལ་གྱི་རྒྱུད་ལ་དྲི་མེད་བཤགས་རྒྱུད་སོགས་ཀྱིས་ཁ་བསྐོང་བཅས་ཞི་ཁྲོ་སྦྲགས་བསྒྲུབ་དུ་བྱས་པ་རྒྱལ་དབང་ཨོ་རྒྱན་ཆེན་པོས་མན་ངག་དུ་གནང་བ་ཡིན་པར་དཔལ་མཁས་པའི་དབང་པོ་རྒྱལ་སྲས་རིག་པའི་རྡོ་རྗེའི་གསུང་ལས་བྱུང་བ་དོན་ལ་གནས་པའི་ཕྱིར་རོ། །དུས་ཚོད་ཀྱི་དབང་གིས་རྩོད་ལྡན་གྱི་དུས་འདིར་བཞི་འགྱུར་དུ་བཟླ་བར་གསུངས་པའང་དངོས་གྲུབ་སྒྲུབ་པའི་སྐབས་ལ་དགོངས་ཀྱི་ལས་རུང་ཙམ་ལ་མི་དགོས་པར་མཁས་པ་འགའ་ཞིག་གིས་གསུངས་པ་ཀཿཐོག་པཎྚི་ཏ་ཆེན་པོས་མ་བཀག་པ་དང་། བོ་དོང་འཇིགས་བྲལ་ཆེན་པོ་དང་ཕྲིན་ལས་ཞབས་སོགས་མཁས་པ་འགའ་ཞིག་གི་གསུང་ལས་སྙིགས་མ་རྩོད་ལྡན་གྱི་དུས་སུ་སྔགས་སྤྱི་དང་ཁྱད་པར་སྔགས་བླ་མེད་ཀྱི་ཡི་དམ་གྱི་ལྷའི་བྱིན་རླབས་ངན་དུ་མི་འགྲོ་བར་མ་ཟད་ཤིན་ཏུ་ལྷག་པར་མྱུར་བ་རྒྱུད་ཀྱི་ལུང་གིས་བསྒྲུབ་ནས་དེའི་ཕྱིར། རྒྱུད་སྡོམ་འབྱུང་ལས། རྫོགས་ལྡན་གྱི་དུས་སུ་གཅིག་བཟླས་པ་རྩོད་ལྡན་གྱི་དུས་སུ་བཞི་འགྱུར་གསུངས་པ་དེ་ཕན་ཡོན་བཞི་འགྱུར་དུ་ཐོབ་པ་ལ་དགོངས་པ་ཡིན་གསུངས་པས་ན། གང་ལྟར་ཡང་ད་ལྟའི་དུས་འདིར་ཡང་འབུ༵མ་ཕྲ༵ག་གཅི༵ག་བཟླས་པས་ཆོག་གོ །འདི་ཡང་བསྡུས་པའི་དབང་དུ་བྱས་པ་ད་ལྟའི་སྐྱེ་བོ་བརྩོན་འགྲུས་ཞན་པ་དག་གི་རྒྱུད་དང་འཚམས་པར་བྱས་ལ། དེ་ཙམ་དུ་མ་ཟད་སྤྱིར་ཡང་བསྙེན་སོགས་དག་པར་མ་བྱས་པར་དབང་བསྐུར་རབ་གནས་སོགས་བྱས་པས་སྦོམ་པོའི་ལྟུང་བ་འབྱུང་བར་གསུངས་པ་ལྷ་གང་ཡིན་ལ་བསྙེན་པ་རྒྱས་པར་གཏོང་བ་ནི་དཀའ་བས་གདུལ་བྱ་སྤྱི་འགྲོ་ལ་ཡང་ཕན་པའི་ཐབས་བླ་ན་མེད་པ་ཡིན་ཏེ། དེ་མི་རུང་བར་ལུང་རིག་གི་གནོད་པ་ནི་ཆོས་མཐུན་དུ་འཇུག་དཀའ་བས། གནས་སྐབས་ཀྱི་ཞེ་

འདོད་ཀྱི་ན་བར་བལྟ་བར་མི་བྱའོ། །འོན་ཀྱང་དགོས་པ་དེ་དག་གི་དབང་དུ་བྱས་གྱིས། སྤྱི་དྲིལ་ལམ་གཙོ་འཁོར་སོ་སོར་བྱས་པའི་གཙོ་བོ་ལ་འབྲུ་འབུམ་བཟླ་བ་སོགས་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་གྱུར་པ་སྨོས་ཅི་དགོས་པས། རྒྱས་པར་མ་འགྲུབ་ན་འདི་ཙམ་གྱིས་ཆོག་པ་ཡིན་གྱི་ཕྱི་མའི་སྲོལ་ཡང་ཉམས་པར་མི་བྱ་བར་ནན་ཏན་གྱིས་གཙོ་བོར་བྱ་དགོས་སོ། །ཐུན་རེའི་སྐབས་བསྙེན་པ་གཏོང་ཚུལ་ཉིན་དུས་ཀྱི་རིང་ཐུང་དང་སྐབས་བསྟུན་ཏེ་ཐོག་མར་གཙོ་བོའི་སྔགས་མ་སོང་བར་དུ་དེ་ཅི་འགྲུབ་དང་སྔགས་ལྷགས་མ་རྣམས་ལན་གསུམ་སོགས་ཅི་རིགས་བཟླ་བར་བྱ་སྟེ། དེ་ནས་སྔོན་དུ་སྔགས་གྲངས་གང་སོང་བ་དེ་ཐུན་མགོར་ཉུང་ཤེས་དང་། སྐབས་གང་འགྲོ་དགོས་ལ་གཙོ་བོར་བྱེད་དགོས་པ་ཡིན། གང་ལྟར་ཡང་ཐུན་འཚམས་རྣམས་སུ་དབྱངས་གསལ་ཡིག་བརྒྱ་སོགས་ལན་གསུམ་བཟླས་པས་ལྷག་ཆད་སྐོང་ཞིང་མཆོད་བསྟོད་མཆོད་པ། དངོས་སུ་འབྱོར་དང༴ ན་མཿསརྦ༴ ཆོས་སྐུ་ནམ་མཁའ༴ སྤྲོ་ན། གསལ་འཚེར་ལྷུན་སྡུག༴ སྒེགས་པ་དཔའ་བ༴ གཟུགས་སྣང་ཐམས་ཅད༴ སྐད་ཅིག་སྟོང་གསལ༴ དགེ་བ་འདི་ཡིས༴ མཆན། བསྡུ་རིམ་གྱི་བར་ཐུན་རེ་བཞིན་དུ་བྱ། ཐུན་རྗེས་མ་གཉིས་སུ་བཀའ་བགེགས་སོགས་གཏོང་མི་དགོས་པར། མདུན་གྱི་ནམ་མཁར་བླ་མ་རིག་འཛིན་སོགས། ནམ་མཁའི་མཐར་ཐུག༴ བྱིན་རླབས་སམ་ཏིང་འཛིན་རྣམ་གསུམ་ནས་འཇུག་པས་ཆོག་ལ་སྨན་མཆོད་འབུལ་བ་ཕྲེང་བ་བྱིན་རླབས་ཀྱང་དོར། ཚོགས་མཆོད་ནི། དུས་ཆེན་རྣམས་སམ་ནམ་འགྲུབ་ལས་མ་འགྲུབ་ཀྱང་ཆོག་ལ། ལྷག་གཏོར་ཡང་ཕྱིར་མི་དོར་བར་དཀྱིལ་འཁོར་བྱང་ཤར་མཚམས་སུ་བསོགས་ནས་མཚམས་གྲོལ་དུས་མཉམ་དུ་ཕྱིར་གཏོང་། རྒྱུན་གྱི་བཟའ་བའི་རྣལ་འབྱོར་ལ། ཚོགས་ཀྱི་ཡོ་བྱད་དང་བཟའ་བཏུང་

ཡང་རུང་། ཀྲོ་དྷི་ཤྭ་རི་སརྦ་བྲ་ཕྱམ་ཤྭ་དྷ་ན་ཧཱུྃ་ཕཊཿཀྱིས་བསངས། རཾ་ཡཾ་ཁཾ། གིས་བསྲེགས་གཏོར་བཀྲུས་ཏེ་སྦྱངས། སྟོང་པའི་ངང་ལས་ཚོགས་གཞོང་བྷནྡྷ་འབར་བའི་སྣོད་དུ་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་རྣམ་པ་མ་ཚང་བ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོས་པས་ལོངས་སྤྱོད་པའི་གཏེར་དུ་གྱུར་པར་བསམ་ཞིང་། ༀ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ། བདག་མཆོད་ཀུན་མཉེས་ཐམས་ཅད་ཚིམ། །ཀུན་ལ་ཕན་པའི་སྨན་ཡིན་ཏེ། །རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས། །ཐམས་ཅད་བཟའ་ཞིང་བརྒྱན་པར་བྱ། །ཨ་ལ་ལ་ཧོ། བཟའ་བ་བཅའ་དང་བཏུང་བ་བགོ །འདོད་པའི་ཡོན་ཏན་ལྔ་ལྡན་པ། །ནམ་མཁའི་སྤྲིན་ལྟར་གཏིབས་སྤུང་ནས། །དཀྱིལ་འཁོར་ཉིད་ལ་དཀྱིལ་འཁོར་ཐིམ། །ཨ་ལ་ལ་ཧོ། ཞེས་ལུས་དཀྱིལ་གྱི་ལྷ་རྣམས་མཆོད་པའི་དོན་དུ་ནང་གི་སྲེག་བླུགས་ཀྱིས་ཚིམ་པར་རོལ་ལ། དབང་བསྐུར་དང་སྦྱིན་བསྲེགས་སོགས་གང་བྱེད་ཀྱང་ཕྱི་དཀྱིལ་ལ་བརྟེན་ནས་བྱེད་པ་དང་། ལུས་དཀྱིལ་ཡོད་རིགས་ལའང་ཕྱི་དཀྱིལ་གྱི་བསྙེན་པ་སྔོན་དུ་བཏང་དགོས་པས་འདིར་ཡང་ཕྱི་དཀྱིལ་དོར་ནས་ལུས་དཀྱིལ་ལ་བསྙེན་པ་གཏོང་བ་དེ་ཙམ་དུ་འབྲེལ་མི་ཆགས་ཤིང་། གལ་ཏེ་གཏོང་ནའང་བསྙེན་སྔགས་སྤྱི་དྲིལ་ལ་བྱ་དགོས་པ་ལུས་དཀྱིལ་བསྡུས་པར་སྔགས་དོན་བཤད་པ་དང་བཅས་དེ་ཁོ་ན་ལས་བཟླ་རྒྱུ་མ་བྱས་པ་སོགས་ཀྱིས་གོ་ནུས་ལ། ཕྱི་དཀྱིལ་ཡང་ལས་བྱང་ཆེ་བ་ཧ་ཅིང་རྒྱས་པའི་ཕྱིར་འཇུག་པ་བདེ་བའི་ཕྱིར་ཆུང་བ་གཏོང་རྒྱུ་བྱས་པ་ཡིན། འོན་ཀྱང་ཕྱི་དཀྱིལ་ལ་བསྙེན་པ་སོང་ཕྱིན་ལུས་དཀྱིལ་ལ་བསྙེན་པ་གཏོང་བ་ནི་ཤིན་ཏུ་ལེགས་པ་ཡིན། དེ་ལྟ་ནའང་གཞུང་འདི་ཞི་ཁྲོ་སྦྲགས་བསྒྲུབ་ཡིན་པས་དེ་གཉིས་སོ་སོར་ནི་བྲལ་མི་

དགོས་སོ། །ཐོག་མ་ནས་མཐུན་རྐྱེན་གྱི་ཡོ་བྱད་དང་འགལ་རྐྱེན་བཟློག་པའི་ཆས་སོགས་མཚམས་ཡུན་དེར་ཅི་དགོས་སྟ་གོན་བྱས་ནས་ཕྱིས་མི་བསྒྲུབ་པ་དང་། ཀ་ཆ་གཏོང་ལེན་མི་བྱ་བ། མཚམས་བུག་རལ་བསྲུང་བ་ཐུན་རྒང་དུ་བཟའ་བཏུང་མི་བྱ་བ་དང་སྨྲ་བཅད་བྱེད་པ་ཁ་དོན་གཞན་དང་ལྷ་གཞན་གྱི་བསྙེན་སྔགས་མི་བཟླ་བ་སོགས་བསྙེན་ཡིག་སྤྱི་འགྲོས་ལས་བྱུང་བ་ལྟར་དང་། གལ་ཏེ་མཚམས་ནང་མི་འོང་ཐབས་མེད་ནད་འདྲ་བྱུང་དོགས་ཀྱིས་སྨན་པ་སོགས་ལ་དམིགས་རྡིལ་འཇོག་པའམ་མིང་བྲི་བ་སོགས་བྱེད་དགོས་བྱུང་ནའང་འགལ་བ་མེད་ལ། དེ་ལས་གཞན་མི་ངོ་གསར་བ་དང་འཕྲད་པར་མི་བྱ། མཚམས་ཡུན་རིང་ནས་ཧ་ཅིང་བསྡོམ་དྲག་ན་ཁམས་འཁྲུགས་པ་སོགས་ཀྱི་ཉེན་ཡོད་པས་རང་གི་ཁམས་དང་བསྟུན་ཏེ་ཅུང་ཟད་བག་ཡངས་སུ་བྱ། ཐུན་མཚམས་དང་ཉལ་བའི་དུས་སུའང་བསྙེན་སྔགས་བཟླ་བ་ལ་བརྩོན་དགོས་ཀྱང་། བསྙེན་གྲངས་སུ་ནི་བརྩི་མི་རུང་། ཐོག་མ་ནས་བསྙེན་གྲངས་རྒྱས་བསྡུས་གང་གཏོང་འདུན་པ་གཏོང་ནས་མཚམས་ཐོག་གཅིག་པོ་དེར་ཚང་བར་འགྲུབ་དགོས་ཀྱི་བར་བཅད་ནས་རྗེས་སུ་ཁ་སྐོང་བས་ནི་མི་ཆོག །ཐུན་བར་ལ་ཆོས་འདིའི་བསྐྱེད་དམིགས་གྱི་ཁྲིད་ཀྱི་དཔེ་ཆ་སོགས་ལ་བལྟ་རུང་ཞིང་དེ་ལས་གཞན་དཔེ་ཀློག་བྱ་བ་སོགས་ཀྱང་མི་བྱ། སྔ་ཐུན་དུ་མ་སོང་བའི་རྒྱུན་གྱི་ཆགས་མེད་ཀྱི་རིགས་ཀྱང་ཐུན་མཚམས་སུ་བྱ་ལ། རྒྱུན་གསོལ་ནི་དགོངས་ཐུན་གྱི་བར་ལ་བྱ། ཇི་ལྟར་ཡང་སེམས་གཞན་གཡེངས་བས་ནི་ནུས་པ་ཆུང་བ་དང་། སྔགས་ཀྱི་སྒྲ་ཡང་ཧ་ཅིང་མྱུར་བ་གུ་འགྲེང་ཞབས་ཀྱུའི་སྒྲ་ཉམས་པ་སོགས་མི་བྱ་ལ། གཞན་ལ་གསང་དགོས་ཕྱིར་དྲག་པོར་མི་བཟླ་བར་གོང་བའི་ཐད་ནས་ཚོར་བའི་ཚད་ཙམ་དལ་ཞིང་ཤུབ་བུར་བཟླ་བ་མན་ངག་ཡིན། རྗེས་ཀྱི་བྱ་བ་ལ། བསྙེན་པ་

གྲོལ་རྒྱུའི་དགོངས་ཐུན་ནས་བཟུང་མཆོད་གཏོར་གསར་བ་རྒྱ་ཆེར་བཤམས། མདུན་གྱི་གཏོར་མ་ཡང་མདུན་བསྐྱེད་ཀྱི་ཚུལ་དུ་དམིགས་ནས་དངོས་གྲུབ་བསྡུ་བའི་དམིགས་པ་དང་བཅས་སྤྱི་ཛ྄བ་ལ་སརྦ་སིདྡྷི་ཧཱུྃ། ཞེས་བཏགས་པ་ཅི་ནུས་སུ་བཟླས། གྲོལ་རྒྱུའི་ཐོ་རངས་སྐྱ་རེངས་ཤར་ཙམ་ལྡང་ནས་ལས་བྱང་ཚང་བར་གཏོང་། བསྙེན་པ་སྐབས་བསྟུན་མཆོད་བསྟོད་བྱ། ཚོགས་ཀྱི་དྲང་བའི་མགོར། བསྒྲུབ་གཏོར་བླང་ནས་དམིགས་པ་དང་བཅས། ཧཱུྃ། བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས༔ འགྱུར་མེད་སྐུ་ཡི༴ སོགས་ཀྱིས་དངོས་གྲུབ་བསྐུལ་ཞིང་། ཧཱུྃ། རིག་རྩལ་ལྷུན་གྲུབ་ལྷ་ཚོགས་ཀྱི༔ སོགས། ཞེས་པས་རིག་པའི་མེ་ཏོག་དོར་བའི་ལྷ་དང་རང་གི་སྒོ་གསུམ་དབྱེར་མེད་རིག་སྟོང་བདེ་བ་ཆེན་པོའི་ཆོས་ཉིད་ཀྱི་ངང་དུ་རོ་གཅིག་པའི་ངེས་ཤེས་ཀྱིས་མཆོག་ཐུན་དངོས་གྲུབ་ཀྱི་གཞི་རང་རྒྱུད་ལ་བརྟན་པར་བྱེད་པའང་མན་ངག་ཁྱད་པར་ཅན་ཡིན་ནོ། །དེ་ནས་དྲང་བ་ནས་བཟུང་རྗེས་ཆོག་མཐར་རྒྱས་ཚུལ་མཐུན་དུ་གཏོང་། དེའི་བྲོ་མནན་མཐར་རྒྱལ་ཆེན་ལ་གཏང་རག་གི་གཏོར་མ་བཤམས་ཏེ། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། གིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་བསྔོས། ཆོས་སྐྱོང་རྒྱལ་ཆེན་སྡེ་བཞི་པོ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཐུགས་དང་འགལ་བའི་ནོངས་པ་བཤགས། །བདག་གི་ཕྲིན་ལས་བསྒྲུབས་ཟིན་གྱིས། །ད་ནི་རང་གི་གནས་སུ་གཤེགས། །ནམ་ཡང་བཀྲ་ཤིས་བདེ་ལེགས་སྩོལ། །ཅེས་བརྗོད། ཁ་སྐོང་གི་སྦྱིན་བསྲེགས་བྱ་བ་མེད་དུ་མི་རུང་བ་ཡིན་པས་རྫས་སྔགས་མ་ཉམས་པར་ཁྲི་ཚོ་ལས་མི་ཉུང་བར་བྱ། འདི་མཚམས་ནང་དེར་མ་འགྲུབ་ཀྱང་དེའི་ཕྱིའི་དབང་བསྐུར་སོགས་ཆོས་འདིའི་སྒོ་ནས་སྔགས་ཀྱི་ལས་མ་བྱས་གོང་དུ་འགྲུབ་པར་བྱས་

ན་ཆོག །འདིར་ཆོ་གའི་ཚིགས་ནི་གསལ་འདེབས་ཙམ་ཡིན་པས་དག་གསལ་ང་རྒྱལ་བརྟན་པའི་བསྐྱེད་རིམ་ནི་བསྙེན་པའི་གཙོ་བོ་ཡིན་པ་དང་ཐ་ནའང་ཡིད་ཆེས་ཀྱི་དད་པ་བརྟན་པོ་ཐེ་ཚོམ་དང་བྲལ་བ་ཞིག་དགོས་ཀྱི་བསྙེན་གྲངས་ཙམ་ལ་གཙོ་བོར་བྱེད་མི་དགོས་པར་བསྡུས་པ་འདིས་ཀྱང་གོ་ཆོད་པ་གོང་སྨོས་བཞིན་ཡིན། མཚམས་གྲོལ་མ་ཐག་ནས་རིམ་གྱིས་ཇེ་ལྷོད་དུ་གཏོང་བ་ལས་གཞན་མང་པོ་དང་འཕྲད་པར་མི་བྱ་ལ། ཁྱད་པར་དུ་དམ་ཚིག་ཉམས་ཆགས་ཅན་ལ་ནམ་ཡང་འཛེམ་པར་བྱ་དགོས། དེ་ལྟར་བསྙེན་པ་སོང་ནས་ཀྱང་བསྐྱེད་ཆོག་རྒྱས་པ་མ་འགྲུབ་ཀྱང་ལུས་དཀྱིལ་ཉུང་ངུའི་སྟེང་ནས་རྒྱུན་ཁྱེར་དུ་ཉིན་རེ་བཞིན་སྔགས་ཅི་ཙམ་འགྲུབ་པ་རེ་མ་ཆགས་པར་བྱས་ན་ཤིན་ཏུ་ལེགས་སོ། །ཟབ་ཆོས་འདི་ནི་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་ཤིང་ཞི་ཁྲོའི་རིགས་འདི་དམ་ཚིག་ཉམས་ཆགས་སྦྱོང་བ་ལ་གཙོ་བོར་བསྔགས་ཤིང་ཁྱད་པར་གཤིན་དོན་དུ་ཡང་ཆོས་འདི་དང་ངན་སོང་སྦྱོངས་རྒྱུད་ལ་བརྟེན་པའི་ཀུན་རིག་གི་ཆོ་ག་ཉིད་ཤིན་ཏུ་བསྔགས་ལ། རང་རེས་མེ་ཏོག་གང་ལ་བབས་པའི་ལྷ་སྐལ་དུ་གྱུར་བ་འདི་ཉིད་འཕྲལ་ཕུག་གི་རང་གཞན་གྱི་དོན་གཉིས་གང་བསྒྲུབ་པ་ལའང་མེད་དུ་མི་རུང་བས་རང་ལ་ནུས་པ་ཅི་ཡོད་ཀྱིས་བགས་ཆགས་ཅི་ཐེབས་སུ་བྱ་བ་གནད་དུ་ཆེའོ། །སླར་ཡང་སྨྲས་པ། གང་གི་མཚན་ཙམ་ཐོས་པའི་ཟེར་ཙམ་གྱིས། །མྱོང་ངེས་སྡིག་པའི་མུན་སྟུག་སེལ་བྱེད་པ། །ཞི་ཁྲོའི་ལྷ་ཡི་ཉིན་བྱེད་འདི་ལགས་ན། །འདི་ལས་གཞན་པའི་ཐར་ལམ་གསལ་བྱེད་ཅི། །རྡོ་རྗེ་འཆང་གསུང་གསང་རྒྱུད་ཟབ་མོའི་དོན། །ཨོ་རྒྱན་སངས་རྒྱས་གཉིས་པའི་མན་ངག་གིས། །བཀྲལ་བ་རྒྱུད་ལྡན་བླ་

མའི་བྱིན་རླབས་དཔུང་། །ཉམས་པ་མེད་འདི་སྐལ་ལྡན་གཅེས་ནོར་ཡིན། །བསྙེན་ཚུལ་འདི་ཡང་རྒྱུད་སྡེའི་ཁུང་དང་ནི། །འབྲེལ་བར་བྱ་སླ་ཚེག་ཆུང་རང་བཟོ་ཡིས། །བསླད་མིན་ལེགས་པར་བཀོལ་ཁུལ་ཡིན་ན་ཡང་། །ནོར་འཁྲུལ་བྱུང་ན་མཁས་རྣམས་སྤྱན་སྔར་འཆགས། །ལྷ་སྔགས་ཡེ་ཤེས་དབྱེར་མེད་ཤེས་པ་ཡིས། །བློ་ཡི་མཐུ་བརྟན་རང་གི་སྒོ་གསུམ་དང་། །ལྷག་པའི་ལྷ་ཡི་གསང་གསུམ་རོ་གཅིག་ཏུ། །སྨིན་ཅིང་གྲོལ་བའི་སྐལ་བ་བཟང་ཐོབ་ཤོག །ཕུང་ཁམས་གདོད་ནས་དག་པ་གཞིའི་ཞི་ཁྲོ། །དེ་ཉིད་མངོན་བྱེད་ལམ་གྱི་དེ་ལགས་སྟེ། །མངོན་གྱུར་སྒྲིབ་པ་བྲལ་བ་འབྲས་བུའི་ཚུལ། །གནས་ཚུལ་ཇི་བཞིན་བྱང་ཆུབ་མཆོག་གྲུབ་ཤོག །ཅེས་པ་འདི་ཡང་བཀའ་དྲིན་མཚུངས་མེད་བླ་མ་དམ་པ་རིགས་གསུམ་རྡོ་རྗེའི་སྒྱུ་འཕྲུལ་ཀཿཐོག་སི་ཏུ་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་བདག་ཅག་འདུས་པ་རྒྱ་མཚོར་ཟབ་ཆོས་འདིའི་དབང་ལུང་དགྱེས་བཞིན་བསྩལ་པའི་སྐབས་བསྙེན་པ་རྒྱས་བསྡུས་ཅི་རིགས་དང་ཁྱད་པར་ཟླ་བ་གཅིག་ཙམ་དུ་བཟླས་པ་གཏོང་བར་ཁས་ལེན་བྱེད་པ་ཤིན་ཏུ་མང་བ་ལས་ཉེ་འཕྲལ་གྱི་དགོས་པའི་དབང་གི་དད་ལྡན་དཀོན་མཆོག་མིང་གིས་སྔ་ནས་ཡང་ཡང་བསྐུལ་བ་དང་ཉེ་བར་ཡང་བསྒྲུབ་བརྩོན་འགྱུར་མེད་རབ་རྒྱས་ནས་ལྷ་རེགས་མགོ་ཊཾ་བཅས་ནན་ཏན་ཆེན་པོ་བྱས་ངོར་བཟློག་ཏུ་མེད་པའི་ལེ་ལོའི་གཞན་དབང་ཅན་སྐྱེས་མིང་བྷུ་སུ་གུ་པས་ཚིག་ཉུང་བ་གཙོ་བོར་བྱས་ཏེ་སྨྲས་པ་ཡི་གེ་པ་ནི་སྐལ་ལྡན་སྙིང་གི་སློབ་བུ་བློ་གྲོས་གསལ་ཞིང་ཞི་དུལ་གྱི་ཡོན་ཏན་མི་དམན་པ་ཡོངས་འཛིན་མིང་གིས་མགྱོགས་བྲིས་བྱས་པ་རྣམ་པ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་ས་བཅད་ཀྱི་ལས་འགྲིགས་བསྟན་པ་དོན་གསུམ་པ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་ས་བཅད་ཀྱི་ལས་འགྲིགས་བསྟན་པ་དོན་གསུམ་པ་བཞུགས་སོ། །

སྐྱེ་མེད་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །འགགས་མེད་ལོངས་སྐུའི་རྩལ་སྣང་རོལ་པ་ལས། །རྩོལ་མེད་སྤྲུལ་སྐུའི་ཆོ་འཕྲུལ་ཅིར་ཡང་སྟོན། །ཚད་མེད་ཐུགས་རྗེས་འགྲོ་ཀུན་ཐབས་གྱིས་འདུལ། །བླ་མེད་སྟོན་པའི་སྟོན་པ་དེ་ལ་འདུད། །དེ་ལ་འདིར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་ས་བཅད་ལས་འགྲིགས་བསྟན་པ་ལ་དོན་གསུམ་ཏེ། སྔོན་འགྲོ་དངོས་གཞི། རྗེས་སོ། །དང་པོ་ནི། ལས་གཞུང་རྒྱས་བསྡུས་གང་ཡིན་ཀྱི་ཚོགས་བསྐང་ཡན་ཆད་རྫོགས་པར་བྱས་ནས། དཀྱིལ་འཁོར་གྱི་ལྷོ་མདུན་དུ་དལ་ནར་མོ་ལ་འགྲོ་བ་རིགས་དྲུག་གི་དལ་བཀྲམས། རོ་དང་རུས་པ་ཡོད་ན་དེ་ཉིད། མེད་ན་མཚན་བྱང་གྲོ་ཤོག་གང་རུང་ཚེ་འདས་ཀྱི་དྲོད་མ་ཡལ་བའི་དུས་སུ་སྙིང་གར་ལྡན་པ་ལ་ཚེ་འདས་ཀྱི་གཟུགས་བྲིས་པའི་མཐར། འཇིག་རྟེན་འདི་ནས་ཕ་རོལ་དུ་དུས་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ། སྐྱབས་གནས་དཀོན་མཆོག་གསུམ་དང་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཚོགས་ལ་སྐྱབས་སུ་མཆིའོ། །འཁོར་བ་ངན་སོང་བར་དོའི་འཇིགས་པ་ཆེན་པོ་ལས་བསྐྱབས་ཏུ་གསོལ། ཅེས་པ་དང་། ཡིག་བརྒྱ་སོགས་སྒྲིབ་སྦྱོང་སྔགས་རྣམས་བྲིས་པ་དང་། མར་ལ་བཟོས་པའི་གཟུགས་ཀྱི་སྙིང་ཁར་རྣམ་

ཤེས་དང་མིང་བྱང་གཞུག །མཚན་བྱང་ཞབས་སུ་ལེབ་ཕྱིང་བཏིང་ལ་སྦ་སྨྱུག་བཏགས། དེ་ལ་འཕན་བཏགས། མེ་ལོང་གསལ་བ་གཅིག་བཞག །གོས་ཟུང་རས་དཀར་པོའམ་འཕྲུག་དཀར་པོས་དགབ། སྟེང་ན་གདུགས་ཕུབ། རོ་ཡོད་ནའང་དེས་མཚོན་པར་པདྨ་འདབ་བརྒྱད་ཀྱི་དལ་བྲིས་པའི་ཁར་ཙོག་པུར་བཞག །མདུན་དུ་ཟས་སྣ་འཚོགས་ཚད་བཤམས། རིགས་དྲུག་གི་དལ་མཚམས་སུ་ཐུབ་པ་དྲུག་གི་སྐུ་བཀྲམས། ཞལ་ཟས་དྲུག་ཐུབ་པ་རྣམས་ལ་འབུལ་ཚུལ་དུ་བཞག །གཡོན་ངོས་སུ་ཏིང་ལོ་ཆང་བུ་མར་མེ་གསུམ་དྲུག་ཚན་དུ་བྱས་ལ་བཀོད། བྲབ་རྫས་བྱེ་མ་གཟུང་སྔགས་བཏབ་པ་དང་། རྡོ་རྗེ་དྲིལ་བུ་སློབ་དཔོན་གྱི་མདུན་དུ་བཞག །སྒྲིབ་སྦྱོང་གི་དཀྱིལ་འཁོར་མ་འབྲེལ་ཞིང་རོལ་སྟེབས་དང་བསྟུན་དགོས་བྱུང་ན། སྟེགས་མཐོ་བ་གཅིག་ལ་ཞི་ཁྲོའི་དལ་བཀྲམས་ལ། དེའི་དབུས་སུ་བུམ་པ་ལྔ་བཤམས། མེད་ན་གཅིག་ལ་བྱ། དེ་ལ་རིགས་ལྔའི་ཕྱག་མཚན་དང་། ཐུབ་པ་དྲུག་གི་ཕྱག་མཚན་གྱིས་བརྒྱན། གཏོར་མ་དང་། ཙཀ་ལི་སོགས་དབང་རྫས་རྣམས་དང་། ལས་བུམ། སྐུ་གསུང་ཐུགས་ཀྱི་རྟེན་གང་འཛོམས། མར་མེ་གསལ་བ་གཅིག་བཞག་གོ །།དེ་ལྟར་བཅས་ཀྱི་རིམ་པ་རྫོགས་ནས། གཉིས་པ་དངོས་གཞི་ལ་སྤྱི་དོན་བཅུ་སྟེ། དང་པོ་ཚེ་འདས་གཤེད་དང་ཕྲལ་བ། གཉིས་པ་རིགས་དྲུག་གནས་ནས་དགུགས་པ། གསུམ་པ་རྣམ་ཤེས་རྟེན་ལ་བསྟིམ་པ། བཞི་པ་སྒྲིབ་སྦྱོང་དུག་ཁྲུས། ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་འགྲོ། དྲུག་པ་དཀྱིལ་འཁོར་དུ་འཇུག་པ། བདུན་པ་དབང་བསྐུར་བ། བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ། དགུ་པ་ནད་སྒྲིབ་སྦྱང་བ། བཅུ་པ་ལམ་བསྟན་གནས་སྤར་བྱ་བའོ། །དང་པོ་ལ་གསུམ་སྟེ། རྟེན་བསྐྱེད་པ། རྣམ་ཤེས་འགུགས་པ། གཤེད་དང་ཕྲལ་བའོ། །

དང་པོ་ནི། ཚེ་འདས་ཚེ་འདས་ཤེས་པའི་སྐབས་ཏེ། ༀ་སྭ་བྷ་ཝས་སྟོང་པར་སྦྱང་པའི་ངང་ལས། རྟེན་སྣང་བ་མི་དམིགས་པའི་ངང་ལས། ཚེ་འདས་ཀྱི་གཟུགས་ཕུང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ། རྒས་ཤིང་རྒུད་པ་མ་ཡིན་པ། ལང་ཚོ་དར་ལ་བབས་པ། མཛེས་ཤིང་ཡིད་དུ་འོང་བ། གོས་དཀར་གྱོན་ནས་ལུས་ངག་ཡིད་གསུམ་ཞི་ཞིང་དུལ་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་མོས་གུས་བཅས་ནས་ཡོད་པར་བསམ། གཉིས་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀར་ཧཱུྃ་དཀར་པོ་ལ་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་ནས་འགྲོ་བ་རིགས་དྲུག་གི་གནས་སུ་ཚེ་འདས་ཀྱི་རྣམ་པར་ཤེས་པ་རྣ྄ིཿ་འཁྱམས་པ་ལ་ཕོག་པ་ཙམ་གྱིས། ཨ་དཀར་པོ་གཅིག་ཏུ་གྱུར་ནས་རྡོ་ཁབ་ལེན་གྱིས་ལྕགས་བླང་པ་ལྟར་མདུན་གྱི་རྟེན་ལ་ཐིམ་པར་བསམ་ཞིང་། ཧཱུྃ་བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས༔ ཅེས་པ་དང་། ཁུག་ཅིག༔ ཡན་ཆད་ལན་བདུན་ནམ་གསུམ་གྱི་བར་དུ་བདེན་སྟོབས་བརྗོད་ཅིང་དམིགས་པ་མ་ཡེངས་པར་ཡང་ཡང་བཀུག་པར་བྱའོ། །གསུམ་པ་ནི། རྟེན་ཀྱི་མདུན་དུ་ཏིང་ལོ་ཆང་བུ་རྣམས་བཤམས་ལ་བྱིན་གྱིས་རླབས་ཤིང་། ཧཱུྃ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ ཅེས་པ་ནས། ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་པ་ཡན་ཆད་བྱ་ཞིང་ཏིང་ལོ་འཆང་བུ་རྟེན་ལ་ལན་གསུམ་བསྐོར་ཞིང་བསྐྱལ་ལོ། །ཀུ་གུལ་དང་ཐུན་གྱིས་བྲབ། རོལ་མོ་བསྒྲགས། རྗེས་སུ། ༀ་བཛྲ་རཀྵ་ཧཱུྃ་བྷྲཱུཾ༔ ཅེས་རྡོ་རྗེ་དང་བཅས་པས་སྤྱི་བོར་རེག་ཅིང་བསྲུང་བའི་འཁོར་ལོ་བསྒོམ། གཉིས་པ་རིགས་དྲུག་གནས་ནས་འགུག་པ་ནི། སློབ་དཔོན་རྡོ་རྗེ་སེམས་

དཔའི་ང་རྒྱལ་གྱིས་ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཧཱུྃ་ཚེ་འདས་ལུས་བརྗེས་བར་དོའི་རྣམ་ཤེས་ཁྱོད༔ ཅེས་པ་ནས། ཨཾ་ཀུ་ཛ་ཛ༔ ཅེས་པའི་བར་རོ། །གསུམ་པ་རྣམ་ཤེས་རྟེན་ལ་བསྟིམ་པ་ནི། ཨེ་མ་དབང་མེད་ལས་ཀྱིས་ཕ་རོལ་ཚེ་འཕོས་ཁྱོད༔ ཅེས་པ་ནས། ཏིཥྛ་བཛྲ་ས་མ་ཡ་ལྷན༔ ཅེས་པའི་བར་རོ། །སྐབས་འདིར་ཆུ་བྱིན་རླབས་སུ་བྱ་བའི་ཕྱིར་སྐུ་གསུང་ཐུགས་ཀྱི་རྟེན་ལ་ཁྲུས་གསོལ་བ་ནི། ཧཱུྃ་ཇི་ལྟར་བལྟམས་པ་ཙམ་གྱིས་ནི་སོགས་ཀྱིས་ཁྲུས་གསོལ་ནས་རྗེས་སུ་ལས་བུམ་དུ་བླུག་གོ །།བཞི་པ་སྒྲིབ་སྦྱངས་དུག་ཁྲུས་བྱ་བ་ནི། མཚན་བྱང་མེ་ལོང་ངོས་ལ་བསྟན་ཅིང་། ལས་བུམ་ཐོགས་ལ། ཧཱུྃ་འདི་ནི་སྦྱིན་པའི་རང་བཞིན་ཆུ༔ ཅེས་པ་ནས། དུག་རྣམས་གཏན་ནས་དག་གྱུར་ཅིག །ཅེས་པ་ཡན་ཆད་ཀྱིས་དུག་ཁྲུས་བྱ་ཞིང་། སངས་རྒྱས་བདེན་པའི་དུག་བཅོམ་མོ༔ ཞེས་པའི་སྐབས་སུ་སྟོན་པའི་སྐུ་བཞག །དམ་ཆོས་བདེན་པས་དུག་བཅོམ་མོ༔ ཞེས་པའི་སྐབས་སུ་པོ་ཏི་བཞག །དགེ་འདུན་བདེན་པས་དུག་བཅོམ་མོ༔ ཞེས་པའི་སྐབས་སུ་ཕྱག་གཡས་པ་བཞག །འབྱུང་བ་བཞིའི་སྐབས་སུ་རང་རང་གིས་བྲབ་བོ། །དེ་ནས་ཡི་གེ་བརྒྱ་པ་དང་ཀཾ་ཀ་ནི་སོགས་གཟུངས་སྔགས་གང་ཤེས་བརྗོད་ལ་དུག་ཁྲུས་བྱའོ། །ལྔ་པ་རྒྱུད་ལྔའི་སྐབས་སུ་འགྲོ་བ་ནི། ཚེ་འདས་ཀྱི་ཉེ་འབྲེལ་གཅིག་གིས་མཚན་བྱང་བཟུང་ཞིང་། ཐམས་ཅད་ཀྱིས་གསོལ་བ་གདབ་རོག་གིས་རྗེས་ཟློས་བྱེད་དུ་བཅུག་ལ། ཚེ་འདས་ཉིད་ཀྱིས་གསོལ་བ་གདབ་པར་བསམ་ལ། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ ཅེས་སོགས་ཞུ་ཞིང་། སློབ་དཔོན་གྱིས་འགྱོད་ཚངས་རྒྱལ་པོའི་བྱུང་ཁུངས་དང་། བྲམ་ཟེ་དུང་ཕྲེང་གི་ལོ་རྒྱུས་དང་། བརྒྱུད་པའི་ལོ་རྒྱུས་རྣམས་ལོངས་སྐབས་དང་སྦྱར་

ཅིང་སླར་ལན་སྦྱིན་པ་ནི། ཀྱེ་མ་ཚེ་འདས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོད། ཅེས་སོགས་ཀྱི་སྦྱིན་ནོ། །དེ་ནས་རིགས་དྲུག་གི་གནས་ནས་རིམ་པ་བཞིན་དུ་དྲངས་པ་ལས། དང་པོ་དམྱལ་བའི་གནས་ནས་དྲངས་པ་ལ་དོན་བརྒྱད་དོ། །ཚེ་འདས་ཀྱི་གསོལ་བ་གདབ་པ། སློབ་དཔོན་གྱི་ལན་སྦྱིན་ནས་སྐྱབས་འགྲོ་འབོགས་པ་ཐུབ་དབང་བསྐུར་བ། བུམ་དབང་བསྐུར་བ། ལན་ཆགས་གཏོར་མ་བསྔོ་བ། རྟེན་བྱེ་མས་བྲབ་པ། ཁྲུས་གསོལ་བྱ་བ། ཕྱི་ལམ་བཅད་པ་དང་བརྒྱད་དོ། །དང་པོ་ཚེ་འདས་ཀྱི་གསོལ་བ་གདབ་པ་ནི། རྗེས་ཟློས་བྱེད་དུ་བཅུག་ལ། ཀྱེ་མ་བདག་འདྲའི་སེམས་ཅན་སོགས་ནས། བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ཅེས་པའི་བར་རོ། །གཉིས་པ་སློབ་དཔོན་གྱིས་ལན་སྦྱིན་པ་ནི། ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཅེས་སོགས་དང་། སྐྱབས་འགྲོ་འདི་ཡང་རྗེས་ཟློས་བྱེད་དུ་བཅུག་ལ། ཞེ་སྡང་གཟུང་འཛིན་ཀུན་སྤང་བདེ་བར་གཤེགས༔ ཅེས་པ་ནས། ཆོས་ཀྱི་རྒྱལ་པོ་ཁྱེད་ལ་སྐྱབས་སུ་མཆི༔ ཅེས་པའི་བར་རོ། །གསུམ་པ་ཐུབ་དབང་བསྐུར་བ་ནི༔ མར་མེ་ཁྲུས་བུམ་ལག་ཏུ་གཏད་ཅིང་། ཧཱུྃ་ཚ་གྲངས་སྐྱོབ་བྱེད་མེ་ཆུ་བསིལ་དྲོད་ལྡན༔ ཅེས་པ་ནས༔ ཧེ་དུན་ཧཱུྃ་ཕཊ༔ ཅེས་པའི་བར་རོ། །བཞི་པ་དབང་བསྐུར་བ་ནི། དང་པོ་སྨན་ལྔའི་བུམ་པ་ཐོགས་ལ། ཧཱུྃ་ཀུན་བཟང་ཡབ་ཡུམ་བུམ་པ་ན༔ ཅེས་པ་ནས་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་པའི་བར་རོ། །ལྔ་པ་ལན་ཆགས་གཏོར་མ་བསྔོ་བ་ནི། ལྷན་ཐབས་ལྟར་བྱིན་གྱིས་བརླབས་ལ། ཧཱུྃ་གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཅེས་པ་ནས། ཐར་པའི་གེགས་མ་བྱེད༔ ཅེས་པའི་བར་རོ། དྲུག་པ་རྟེན་བྱེ་མས་བྲབ་པ་ནི། གཟུངས་སྔགས་བཟླས་པའི་བྱེ་མ་ལག་ཏུ་ཐོགས་ལ། ཧཱུྃ་འདོད་ཆགས་ཞེ་སྡང་གཏི་

མུག་གསུམ༔ ཅེས་པ་ནས། དག་གྱུར་ཅིག༔ ཅེས་པའི་བར་རོ། །དམིགས་པ་ནི། ཚེ་འདས་ཀྱི་སྤྱི་གཙུག་ཏུ་ལྷའི་ས་བོན་ཨཿདཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུཿསེར་པོ། སྙིང་གར་མིའི་ས་བོན་རྣིཿལྗང་ཀུ། ལྟེ་བར་དུད་འགྲོའི་ས་བོན་དྲི༔ སྔོན་པོ། གསང་བར་ཡི་དྭགས་ས་བོན་པྲེཿདམར་ནག །རྐང་མཐིལ་དམྱལ་བའི་ས་བོན་དུཿདུད་ཁ་རྣམས་བསམ་ཏེ། སྤྱི་གཙུག་ཏུ་རྩ་བ་གསུམ་བསྐྱེད་ལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ལས་ༀ་ཨཱཿཧཱུྃ་གསུམ་བྱུང་བས། རྐང་མཐིལ་ཀྱི་དུཿདུད་ཁ་དེ་ཐུལ་གྱིས་བསྲེག་པར་བསམ། བྱེ་མས་བྲབ། བརྒྱད་པ་ཕྱི་ལམ་བཅད་པ་ནི། མཚན་བྱང་ཡི་དྭགས་ཀྱི་གནས་སུ་དྲངས་ལ། ཧཱུྃ་ས་འདི་བཅད་པ་ཡན་ཆད་ནི༔ ཅེས་པ་ནས། ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཅེས་པའི་བར་བརྗོད། ཕྱི་ལམ་རྡོ་རྗེས་བཅད་དོ། །གཞན་ལྔ་པོ་ལ་ཡང་དེ་ཡི་འགྲེས་ཀྱིས་ཤེས་པར་བྱའོ། །དྲུག་པ་དཀྱིལ་འཁོར་དུ་འཇུག་པ་ལ་ནི་བཅུ་དྲུག་སྟེ། དཀྱིལ་འཁོར་དུ་འཇུག་པའི་དོན་དུ་གསོལ་བ་གདབ་པ་གཅིག །སློབ་དཔོན་གྱིས་ལན་སྦྱིན་པ་དང་གཉིས། སྡོམ་པ་ཞུ་བར་གསོལ་བ་བཏབ་པ་དང་གསུམ། སློབ་དཔོན་གྱིས་ལེན་པར་བསྐུལ་བ་དང་བཞི། སྤྲོ་བ་བསྐྱེད་པ་དང་ལྔ། ཐུན་མོང་གི་སྐྱབས་འགྲོ་འབོགས་པ་བདུན། སོ་ཐར་གྱི་སྡོམ་པ་འབོགས་པ་དང་བརྒྱད། སྨོན་སེམས་བླང་བ་དང་དགུ། འཇུག་སེམས་བླང་བ་དང་བཅུ། སྔགས་ཀྱི་དམ་ཚིག་བླངས་བ་དང་བཅུ་གཅིག །ཚེ་འདས་བསྐྱེད་པ་དང་བཅུ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་བཅུ་གསུམ། མེ་ཏོག་ཕུལ་བ་དང་བཅུ་བཞི། མིག་དར་དབྱེ་བ་དང་བཅོ་ལྔ། ལྷ་ངོ་བསྟན་པ་དང་བཅུ་དྲུག་པོ་རྣམས་ནི་དཀྱུས་ལྟར་ལྷག་ཆད་མེད་པར་བྱའོ། །བདུན་པ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བ་ནི། དབང་རྒྱས་བསྡུས་གང་བྱེད་ཀྱང་ཐུན་མོང་

རིག་པའི་དབང་ལྔ་ནས་འཇུག་ཤིང་། མཐའ་རྟེན་གཏོར་དབང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་དང་བཅས་པ་ལྷག་ཆད་ནོར་འཁྲུལ་མེད་པར་བསྐུལ་བར་བྱའོ། །སྐབས་འདིར་ཟས་བསྔོ་བྱ་བ་ནི། ༀ་བཛྲ་ཡཀྵ་ཧཱུྃ་ནས་ལྷན་ཐབས་ལྟར་བྱའོ། །བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ་ནི། མར་གྱི་རུ་པ་གཞུ་མིང་བྱང་ལ་སྡོང་བུ་ཆེ་བ་གཅིག་དང་ལྷན་ཅིག་པར་མར་མེ་སྦྱར་ནས་ཕོ་བྲང་གི་ལྟེ་བར་བཞག །མཚན་བྱང་ལག་ཏུ་བཟུངས་ལ། འདི་ནས་ཤར་གྱི་ཕྱོགས་རོལ་ནས༔ ཅེས་པ་ནས། དབང་ཕྱུག་མ་དང་གཉིས་མེད་ཤོག༔ ཅེས་པའི་བར་རོ། །དགུ་པ་ནད་སྒྲིབ་སྦྱང་བ་ནི། སེམས་དཔའ་ལྔའི་སྐུ་གཟུགས་ལག་ཏུ་ཐོགས་ནས་མཚན་བྱང་མེ་ལོང་ངོས་ལ་བསྟན། ཀྱེ་མ་མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ ཅེས་པ་ནས། ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཅེས་སོགས་ལྔ་རྫོགས་པར་བྱའོ། །བཅུ་པ་ལམ་བསྟན་གནས་སྤར་བྱ་བ་ལ་གསུམ་སྟེ། ལམ་བསྟན་པ་དང་། རྣམ་ཤེས་གནས་ནས་སྤར་པ། ཕུང་པོ་སྦྱང་བ་དང་གསུམ་ལས། དང་པོ་ནི། དཀྱིལ་འཁོར་དང་མཚན་བྱང་བར་ལ་མར་མེ་གཅིག་བཞག་ལ། མར་མེ་ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས་ཤིང་། ཧཱུྃ་རང་བཞིན་ཤུགས་ཀྱིས་དྲང་བའི་དྲན་པའི་ཉོན༔ ཅེས་པ་ནས། འབྲས་བུ་སྐུ་གསུམ་འགྲུབ་པར་ཤོག༔ ཅེས་པའི་བར་རོ། །གཉིས་པ་རྣམ་ཤེས་གནས་སྤར་ནི། མདའ་གཞུ་ལྟོར་སྦྱར་ནས་མདའི་རྩེ་མོར་མཚན་བྱང་བཏགས་ཤིང་། རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད། གཞུ་རྟ་མགྲིན་ཡི་དམ་གང་རུང་བསྐྱེད། མདའ་དེའི་ཐུགས་ཀ་ནས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་དུ་བསམས་ནས་མཚན་བྱང་ཚེ་འདས་དངོས་སུ་བསྐྱེད་ཅིང་། དཀྱིལ་འཁོར་བདེ་བ་ཅན་དུ་མོས་ལ། འོག་

རང་རང་གི་སྐབས་ཀྱི་ཞིང་ཁམས་དང་། ཕུང་པོ་ལྔའི་ངོ་བོ་ཡིག་འབྲུ་རྣམས་རང་རང་གིས་སྐབས་དང་བསྟུན་པ་གསལ་ཞིང་། ཧཱུྃ་ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཅེས་པ་ནས། སེམས་ཅན་གྱི་དོན་ཐོགས་པ་མེད་པར་བྱེད་ནུས་པར་གྱུར་ཅིག །མདའ་དེ་དལ་གྱི་དབུས་སུ་གཏད་དེ་འཕང་ངོ་། །ཅེས་པ་རྣམས་རྒྱས་པར་བྱ་བ་དང་། བསྡུས་ན། ཞིང་ཁམས་འདི་ནས་དབུས་ཀྱི་ཕྱོགས་རོལ་ན༔ ཅེས་པ་མན་ཆད་ཀྱིས་ཆོག་གོ །།གསུམ་པ་ཕུང་པོ་སྦྱིན་སྲེག་བྱ་བ་ནི། མར་མེའི་དབུས་སུ་མེ་ལྷ་བསྐྱེད་ཅིང་སྤྱན་དྲངས་ལ་བསྟིམ། མཚན་བྱང་མར་མེ་ལ་རེག་ཅིང་། ཉོན་མོངས་སྡིག་སྒྲིབ་བསྲེག་པར་བསམ་ལ། ཧཱུྃ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ ཅེས་པ་ནས། འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ ཅེས་པ་ཡན་ཆད་བརྗོད་ཅིང་། ཡིག་བརྒྱ་དང་ཀཾ་ཀ་ནི་སོགས་གཟུངས་སྔགས་གང་ཤེས་བརྗོད། མིང་བྱང་དལ་དབུས་སུ་བསྲེག་ལ་ཚྭ་ཚྭ་གདབ། དེ་རྗེས་བསྔོ་བ་སྨོན་ལམ་བཏབ་ཅིང་འཁོར་གསུམ་མི་དམིགས་པའི་ངང་ལ་བཞག་གོ །།གསུམ་པ་རྗེས་ཀྱི་བྱ་བ་ནི། དང་པོ་གཏང་རག་མཆོད་བསྟོད་བྱ། དེ་ནས་བསྐུལ་པ་ཆད་མདོ་བརྟན་སྐྱོང་དང་། གཏོར་བྲོ་བཤགས་པ་བཟོད་གསོལ་དང་། བཀྲ་ཤིས་བརྗོད་ཅིང་དལ་བསྡུ་དགེ་བ་བསྔོ། ལས་བྱང་ཚོར་བ་རང་གྲོལ་ལྟར་དུ་བྱ། ཨེ་མ་ཧོ། རྒྱལ་བ་ཐབས་མཁས་ཐུགས་རྗེ་ཅན་རྣམས་གྱིས། །གདུལ་བྱ་འགྲོ་བ་ཐབས་ཀྱིས་འདུལ་སླད་དུ། །ཕྱི་ནང་ཆོས་སྒོ་དཔག་མེད་གསུང་ཡོད་ཀྱང་། །གནད་ཀྱི་མདོ་དྲིལ་ཟབ་ལམ་གསང་བ་དོན། །འདི་འདྲའི་གདམས་པ་ཐོས་ཆོག་འཕྲད་གྲོལ་འདི། །རང་འདོད་མེད་ཅིང་གཞན་ཕན་སྙིང་རྗེ་ཡིས། །ཕྱག་ལེན་མན་ངག་དམིགས་པའི་གོ་རིམ་རྣམས། །ལྷག་ཆད་མེད་ཅིང་སྒྲ་དག་གསལ་བརྗོད་ན། །སྡིག་ཅན་

རྣམས་ཀྱང་ཐར་པའི་ལམ་སྣ་ཟིན། །གཞན་རྣམས་གྲོལ་བ་ཐོབ་པ་སྨོས་ཅི་དགོས། །དེ་ཕྱིར་ཡེངས་མེད་སེམས་བསྐྱེད་བསམ་པ་ཡིས། །ལྷག་ཆད་མེད་ཅིང་སྒྲ་དག་གཙང་བ་གཅེས། །གཞན་ཡང་དུས་ངན་བསྐལ་པའི་མར་ཞབས་འདིར། །རྨོངས་པ་མཁས་འདོད་བླ་མ་འགའ་ཞིག་གིས། །ལག་ལེན་ཡིན་ཟེར་རྒྱུད་གཞུང་ཐམས་ཅད་དཀྲུགས། །དེ་དག་རྣམས་ལ་ཞིབ་ཏུ་མཁས་པར་ཞུས། །འདི་ནི་ནམ་མཁའ་ཆོས་ཀྱི་རྒྱ་མཚོའི་ལུགས། །ཇི་བཞིན་མ་ནོར་པདྨ་མ་ཏིས་བྲིས། །ལྕགས་མདུད་ལུགས་ཟེར་བོན་ལུགས་འཆོལ་བར་འདུག །དེ་ལ་མཁས་པས་ཞིབ་ཏུ་བརྟག་པར་བྱ། །བཀྲ་ཤིས་པར་གྱུར་ཅིག །ཨེ་མ་ཧོ། མཐའ་ཡས་སྤྲུལ་པ་པདྨ་ཞེས། །ངོ་མཚར་རྒྱལ་སྲས་པདྨ་རྒྱལ། །བདག་གི་སྐྱབས་གནས་པདྨ་འབྱུང། །སྙིགས་དུས་འགྲོ་ལ་པདྨས་གཟིགས། །ཨེ་མ་ཧོ། དེང་སང་སྙིགས་དུས་བཤེས་གཉེན་རྣམས། །སྤྱིར་སེམས་ཅན་དོན་དུ་སེམས་བསྐྱེད་ན། འགྲོ་རྣམས་མ་ལྟར་ཤེས་པར་གྱིས། །སེམས་བསྐྱེད་ཡེངས་མེད་དྲན་པ་བརྟེན། །ཚེ་འདས་གནས་འདྲེན་དུས་སུ་ཡང་། །རྡོ་རྗེ་རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད། །དེ་ཡང་གདོས་བཅས་མ་ཡིན་པར། །སྣང་ལ་རང་བཞིན་མེད་པར་བསྐྱེད། ཚེ་འདས་ཤེས་པ་བཞི་ལྡན་དགོས། །ཚེ་འདས་ཚེ་འདས་ཤེས་པ་དང་། །སློབ་མར་ཤེས་དང་ལྷ་རུ་ཤེས། །ལྷག་པའི་ལྷ་རུ་ཤེས་པ་དང་། །ཤེས་པ་བཞི་ལྡན་དེ་ལ་ཟེར། །རྣམ་ཤེས་འགུགས་པའི་སྐབས་སུ་ནི། །ཚེ་འདས་སྔོན་གྱི་ལུས་བཞིན་དུ། །རྒན་རྒོན་བཞིན་དུ་མ་ཡིན་བསྐྱེད། །དབང་བསྐུར་དུས་སུ་སློབ་མ་ནི། །དད་གུས་མོས་ཚུལ་བཞིན་དུ་བསྐྱེད། །ཚེ་འདས་ལྷ་རུ་ཤེས་པ་ནི། །རྡོ་རྗེ་སེམས་དཔར་བསྐྱེད་པའི་སྐབས། །ལྷ་བས་ལྷག་པར་ཤེས་པ་ནི། །བདེ་བ་ཅན་དུ་བསྐྱེད་པའི་སྐབས། །

དེ་ལ་མན་ངག་འདི་ལྟར་བྱ། །ཐབས་ཀྱི་གཞུ་ལ་ཤེས་རབ་མདའ། །ཅེས་པའི་དོན་ཡང་འདི་ལྟ་སྟེ། །རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད། །གཞུ་ནི་དཔལ་ཆེན་རྟ་མགྲིན་བསྐྱེད། །མདའ་དེ་རྟ་མགྲིན་ཐུགས་ཀ་ནས། །བྱུང་བའི་འོད་ཟེར་ཡེ་ཤེས་སེམས། །མཚན་བྱང་ཚེ་འདས་དངོས་སུ་བསམ། །དཀྱིལ་འཁོར་བདེ་བ་ཅན་དུ་མོས། །མདའ་དེ་དཀྱིལ་འཁོར་དབུས་སུ་འཕོངས། །ཚེ་འདས་བདེ་བ་ཅན་གྱི་ཞིང་། །སྣང་མཐའི་སྲས་སུ་གྱུར་པར་བསམ། །དར་ཅིག་སྐྱེ་མེད་དོན་ལ་ལྟོས། །ཡང་ན་འདི་ལྟར་ཤེས་པར་བྱ། །དཀྱིལ་འཁོར་ཚེ་འདས་བར་དུ་ནི། །སྣང་གསལ་བཞག་ལ་སྨོན་ལམ་གདབ། །དཀྱིལ་འཁོར་བདེ་བ་ཅན་དུ་ནི། །སྣང་མཐའི་ཐུགས་ནས་འོད་ཟེར་ནི། །དམར་པོ་ཟེར་དང་བཅས་བྱུང་ནས། །ཚེ་འདས་རྣམ་ཤེས་ཨ་ལ་ཕོག །ཁབ་ལེན་རྡོས་ལྕགས་བླང་པ་ལྟར། །སྣང་མཐའི་ཐུགས་ཀར་ཐིམ་པར་བསམ། །སྤྲོས་མེད་རྫོགས་རིམ་ངང་ལ་བཞག །ཁྱད་པར་སྒྲིབ་པ་སྦྱང་སྐབས་སུ། །མན་ངག་འདི་དང་ལྡན་པ་གཅེས། །ཚེ་འདས་སྤྱི་གཙུག་མགྲིན་པ་དང་། །སྙིང་ཁ་ལྟེ་བ་གསང་གནས་དང་། །རྐང་མཐིལ་ལ་སོགས་གནས་དག་ཏུ། །ༀ་ཨཱཿཧཱུྃ་གསུམ་བྱུང་ནས་ཀྱང་། །རྐང་མཐིལ་དུཿཡི་སྟེང་དུ་ཞུགས། །དེ་མཐར་སྒྲིབ་སྦྱང་གཟུངས་སྔགས་ཀྱིས། །བསྐུར་བར་བསམ་ནས་བཟླས་པར་བྱ། །འབྲུ་གསུམ་གཟུངས་སྔགས་དཀྱིལ་འཁོར་གྱིས། དམྱལ་བའི་ས་བོན་དུཿཡིག་ནི། །རང་བཞིན་མེད་པར་བསྲེག་པར་བསམ། །དེ་བཞིན་སྤྱི་གཙུག་ཨ་ཡི་བར། །དེ་འགྲོ་ཀུན་ལ་དེ་ལྟར་བྱ། །མཐར་ཡང་གཟུངས་སྔགས་འབྲུ་གསུམ་ལ། །འབྲུ་གསུམ་གཙོ་བོའི་ས་བོན་ལ། །ཐིམ་པར་དམིགས་ལ་བཟླས་པ་བྱ། །དེ་རྗེས་ཚེ་འདས་རླུང་སེམས་ཀྱིས། །ངོ་བོ་ཧྲཱི་དེ་ཚངས་བུག་ནས། །རྒྱང་ཀྱིས་ཐོན་ནས་སྣང་མཐའ་ཡི། །ཐུགས་ཀར་སོང་བའི་

དམིགས་པ་བྱ། །དེ་རྗེས་དམིགས་མེད་ངང་ལ་བཞག །དེ་ནི་མན་ངག་དམ་པ་ཡིན། །ཚེ་འདས་འགུགས་གཞུག་བྱེད་པའི་སྐབས། །རང་ཉིད་རྡོར་སེམས་ཐུགས་ཀ་ནས། །ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟར། །འཕྲོས་པས་ཚེ་འདས་རྣམ་ཤེས་དེ། །རིགས་དྲུག་གང་ན་ཡོད་ཀྱང་རུང་། །འོད་ཟེར་ཕོག་མ་ཐག་ཏུ་ནི། །རྣ྄ིཿདེ་ཨཿདཀར་གཅིག་ཏུ་གྱུར། །རང་དབང་མེད་པར་བཀུགས་ནས་ཀྱང་། །མདུན་དུ་མཚན་བྱང་རྟེན་ལ་བསྟིམས། །བདེན་སྟོབས་ཉེར་གཅིག་ལ་སོགས་བརྗོད། །དེ་ནས་གཤེད་དང་ཕྲལ་བར་བྱ། །རིགས་དྲུག་གནས་ནས་དྲངས་ལ་སོགས། །ཆོ་ག་གཞུང་བཞིན་ཚང་བར་བྱ། །ཀྱེ་ཧུད་དེང་སང་སྙིགས་དུས་ན། །བཤེས་གཉེན་ཚེ་འདས་འདྲེན་མཁན་རྣམས། །ལྟ་སྒོམ་སྤྱོད་པའི་དོན་མ་རྟོགས། །ལག་ལེན་ཆོ་གའི་གནད་མ་ཤེས། །དཀྱིལ་འཁོར་གཞུང་དང་དམིགས་རིམ་རྣམས། །མི་འབྱོར་གཞུང་དང་འགལ་བ་ཡི། །ཡི་གེ་བསྲེ་བསླད་དཀྲུག་བྱས་ནས། །ལག་ལེན་མཁས་པ་ཡིན་ནོ་ཞེས། །མི་ནག་ཡོངས་ཀྱི་མགོ་བོ་བསྐོར། །ལུས་ཀྱིས་ཚུལ་འཆོས་སྣ་ཚོགས་བྱེད། །ངག་ནི་ཆོས་པ་ཡིན་ཟེར་ཞིང་། །ཡིད་ཀྱིས་ཟས་ནོར་ཅི་འབུལ་རློམ། །དེ་འདྲའི་ཚེ་འདས་འདྲེན་མཁན་ཡང་། །དེང་དུས་སྙིགས་མ་འདི་ལ་མང་། །བཤེས་གཉེན་ཡོན་ཏན་མངའ་རྣམས་ལ། །ཕྲག་དོག་འགྲན་སེམས་དབང་གིས་སྨད། །ཟས་ནོར་ཅི་ལོན་ཁེ་སྤོག་དང་། །ཐབས་ཀྱི་བསོགས་འཇོག་སྣ་ཚོགས་བྱེད། །དེ་འདྲའི་བཤེས་གཉེན་མཚར་བ་ལ། །སྦྱིན་པ་ངོ་ཆེན་རྣམ་སྨིན་རེ་ལ་བཏང་། །ཚུལ་ཁྲིམས་ཟས་ནོར་བསོག་འཇོག་གཉིས་ལ་བསྲུང་། །བཟོད་པ་རང་ལ་བསྟོད་པ་རྣམ་ལ་བསྒོམ། །བརྩོན་འགྲུས་ཚོང་དང་གཡོ་རྒྱུ་རྣམས་ལ་བརྩམས། །བསམ་གཏན་ཟས་ནོར་འབུལ་བ་ཅི་འོང་སྙམས། །ཤེས་རབ་གཞན་བསླུ་ཤེས་རབ་དག་ལ་འབད། །ཕ་རོལ་ཕྱིན་དྲུག་

དེ་ལྟར་སྤྱོད་པ་མཐོང་། །ཨེ་མ་བདག་འདྲ་པདྨ་མ་ཏི་ངས། །འགྲན་སེམས་དབང་གིས་ཞུ་ཕོད་མ་ཡིན་ཏེ། །ཚེ་འདས་རྣམས་ལ་སྙིང་རྗེ་སྐྱེས་པ་ནས། །གཞན་ཀྱི་དཀྱིལ་ཆོག་གཞུང་དང་མཐུན་པ་དང་། །བསྐྱེད་རྫོགས་གཉིས་ལ་གོམ་འདྲིས་ཨི་བྱེད་བསམ། །དེ་འདྲ་བྱས་ན་བདག་ཀྱང་རབ་ཏུ་དགའ། །འོན་ཀྱང་སྙིགས་དུས་སེམས་ཅན་བསོད་ནམས་ཆུང་། །ཧ་ཧ། རྒོད་མི་བྲོད་དེ། དེ་ལས་ཐབས་ཟད། ཤུབྷཾ། ཀྱེ་མ་དེང་སོང་སྙིགས་དུས་ན། །བཤེས་གཉེན་ཚེ་འདས་འདྲེན་མཁན་རྣམས། །ཕལ་ཆེར་དམིགས་པ་མེད་པ་འདྲ། །ཤེས་པ་བཞི་ལྡན་མི་ཤེས་པས། །གཞན་དོན་བྱེད་པའི་སྟོན་པ་རྣམས། །རང་གཞན་གཉིས་ཀ་གཡང་སར་ལྟུང་། །ཐ་མ་རིགས་དྲུག་དུཿཁ་བརྒྱུད། །ཐར་དུས་མེད་པ་རྒྱལ་བས་གསུངས། །མངྒ་ལཾ། བྷཝནྟུ། ཆོ་ག་བ་མ་ཡེངས་པ་གཙོ་ཆེ་བ་ནི། ཐུགས་རྗེ་ཆེན་པོ་གསང་འདུས་ལས། འོན་ཏེ་དགེ་རྩ་ཕ་རོལ་ཕྱིན་པ་དྲུག་གི་སྣ་རེ་ཙམ་གྱི་འབྲེལ་བ་ཡོད་ཀྱང་ཐར་ལམ་མཐོ་རིས་ཐོབ། དགེ་བ་གཏན་མེད་ཀྱི་སྡིག་ཅན་ཡིན་ན། སློབ་དཔོན་དེས་སྒྲིབ་སྦྱངས་ཀྱི་བཟླས་པ་དང་། ན་རཀ་བསྐོང་བཤགས་ལ་ཅི་ཙམ་འགྲུབ་པར་འབད་པ་གལ་ཆེའོ། །མདར་ཆོ་བས། ཆང་དབང་དང་། གཉིད་དབང་དང་། ལེ་ལོ་དང་། བཞད་གད་དང་། འགུལ་འཚེར་དང་། དུག་ལྔ་རང་རྒྱུད་དུ་བསྐོར་བ་དང་། བྲེ་མོའི་གཏམ་ཕྱིར་མི་གཡེང་བར་དམིགས་པ་ཏིང་འཛིན་མ་ཡེངས་པར་སྒྲིབ་སྦྱངས་ལ་འབད་པ་གནད་དུ་ཆེའོ། །

དམ་ཆོས་བདེ་ཆེན་ལམ་མཆོག་ལས་གཤིན་པོར་དགུང་ཞག་བཟུང་ཚུལ་གྱི་རྣམ་བཤད་མ་དག་པའི་རྙོགས་མ་བཀྲུ་བྱེད་ནོར་བུ་ཀེ་ཏ་ཀ

དམ་ཆོས་བདེ་ཆེན་ལམ་མཆོག་ལས་གཤིན་པོར་དགུང་ཞག་བཟུང་ཚུལ་གྱི་རྣམ་བཤད་མ་དག་པའི་རྙོགས་མ་བཀྲུ་བྱེད་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ། །

དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བརྗོད་ཀྱང་། །ཀུན་སྣང་ཏིང་འཛིན་སྟོང་ཉིད་སྙིང་རྗེར་འབྲེལ། །དེ་མཆེད་རྒྱུ་ཡིི་ཏིང་འཛིན་གཤིན་པོ་ལ། །ཕན་བྱེད་དགུང་ཞག་རྣམ་བཤད་འདི་རུ་སྤེལ། །དེ་ཡང་གཤིན་པོའི་ཆེད་དུ་དགུང་ཞག་བཟུང་ཚུལ་གྱི་རྣམ་བཤད་འདི་ལ་གསུམ་སྟེ། དང་པོ་ཁུངས་དང་ལོ་རྒྱུས། གཉིས་པ་ཇི་ལྟར་བཟུང་ཚུལ། གསུམ་པ་རྗེས་སུ་དགོས་ཚུལ་དང་གསུམ་མོ། །དང་པོ་ནི། ངན་སོང་སྦྱོང་བའི་རྒྱུད་ལས་གསུངས་པའི་དོན་མདོར་བསྡུས་ཏེ་འཆད་ན། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་རང་གི་སྟན་ལས་ལངས་ཏེ་སྟོན་པ་ལ་གསོལ་བ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་འདི་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་ཞིག་ཤི་འཕོས་ནས་དགུང་ཞག་བདུན་ལོན་པ་ལགས་ན། བཅོམ་ལྡན་འདས་དེ་གང་དུ་སྐྱེ། བདེའམ་སྡུག་བསྔལ་ཅི་ཞིག་མྱོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ཉིད་འདི་ནས་འཆི་འཕོས་ཏེ་མཚམས་མེད་པའི་དམྱལ་བ་ཆེན་པོ་དེར་སྐྱེས་ནས་ལོ་སྟོང་ཕྲག་བཅུ་གཉིས་ཀྱི་བར་དུ་སྡུག་བསྔལ་མི་

བཟོད་པ་མྱོང་ནས་སེམས་ཅན་དམྱལ་བ་ཆུང་ངུ་རྣམས་སུ་ལོ་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ཞིང་། བྱོལ་སོང་དང་ཡི་དྭགས་ཀྱི་གནས་སུ་ཡང་ལོ་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ཞིང་། ལོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་བར་དུ་ནད་རྣག་ཁྲག་འཛག་པ་དང་མཛེ་དང་ཕོལ་མིག་རྣམས་ཀྱིས་གཟིར་བ་སྐྱེ་བོོ་མང་པོས་སྨད་པ། དེ་ནས་མཐའ་འཁོབ་ཀྱི་མིར་སྐྱེས་ནས་ཀྱང་། འོན་པ་དང་། དིགས་པ་དང་། ལྐུགས་པའི་རང་བཞིན་ཅན་དང་། སྨྲ་བ་མི་གསལ་བ་ལ་སོགས་ལོ་སྟོང་ཕྲག་དྲུག་ཏུ་སྡུག་བསྔལ་མྱོང་ཞིང་། རིགས་དམན་པའི་རིགས་སུ་སྐྱེས་ནས་ཀྱང་སྡུག་བསྔལ་དང་སྡུག་བསྔལ་བརྒྱུད་པ་དང་། ལས་ཀྱི་སྒྲིབ་པ་སྣ་ཚོགས་པ་དང་། གཞན་ཡང་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པ་མང་ཞིང་མྱོང་བར་འགྱུར་རོ། །ཞེས་གསུངས་པ་བརྒྱ་བྱིན་ལ་སོགས་པ་ལྷའི་བུ་ཐམས་ཅད་ཀྱིས་ཐོས་པས་ཤིན་ཏུ་སྔངས་ཤིང་སྐྲག་ཏེ་འགྱེལ་ནས་ཁ་སྦུབ་ཏུ་འགྲེ་ལོག་གོ །དེ་ནས་ཡང་ལངས་ཏེ་འདི་སྐད་ཅེས་གསོལ་ཏེ། སྡུག་བསྔལ་ཆེན་པོ་འདི་ལས། བཅོམ་ལྡན་འདས། ཇི་ལྟར་ཐར་བར་འགྱུར། བདེ་བར་གཤེགས་པ། ཇི་ལྟར་ཐར་བར་འགྱུར། བཅོམ་ལྡན་འདས་ཅི་ནས་ཀྱང་སྡུག་བསྔལ་གྱི་ཕུང་པོ་འདི་ལས་རྣམ་པར་གྲོལ་བར་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་འདི་ལས་བསྐྱབ་ཏུ་གསོལ། ཞེས་བཅོམ་ལྡན་འདས་ལ་མཆོད་ཅིང་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་གི་རྒྱུད་བྱིན་གྱིས་བརླབས་ནས་ཀུན་རིགས་ཀྱི་རྩ་བའི་དཀྱིལ་འཁོར་གསུངས་པ་ལ་བརྟེན་ནས་བརྒྱ་བྱིན་ལ་སོགས་པས་ཆོ་ག་ཇི་ལྟ་བ་བཞིན་བྱས་པས་ལྷའི་བུ་ནོར་བུ་དྲི་མ་མེད་པ་ངན་སོང་ལས་ཐར་ཏེ་དགའ་ལྡན་གྱི་ལྷར་སྐྱེས་ནས། བཅོམ་ལྡན་འདས་ཀྱི་མདུན་དུ་འོང་ཏེ་འདི་སྐད་ཅེས་གསོལ་ཏོ། །ཀྱཻ་མ་ཤཱཀྱ་མགོན་པོ་

ཡིས། །སངས་རྒྱས་མཛད་པ་ཡ་མཚན་ཆེ། །གང་ཕྱིར་ངན་སོང་ལྟུང་བ་ཡི། །སེམས་ཅན་བདག་བཞིན་མྱུར་དུ་སྒྲོལ། །ཞེས་ཆེད་དུ་བརྗོད་པ་དང་བརྒྱ་བྱིན་ལ་སོགས་པའི་འཁོར་གྱི་ལྷ་རྣམས་ཀྱིས་ཀྱང་ནོར་བུ་དྲི་མ་མེད་པའི་འོད་མཐོང་བའི་ཚུལ་རྣམས་རྒྱས་པར་གསུངས་སོ། །གཞན་ཡང་སྦྱོང་རྒྱུད་ལས། ཞག་བདུན་དུ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་ན། གདོན་མི་ཟ་བར་ངན་སོང་གི་སྒྲིབ་པ་ལས་ངེས་པར་གྲོལ་བར་འགྱུར་རོ། །ཞེས་དང་། ལྷའི་བུས་ཞུས་པའི་མདོ་ལས། ཀྱེ་མ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པའི་འགྲོ་བ་གང་ཡང་གོས་སམ་རུས་པའམ་མིང་ལ་ཡང་དབང་བསྐུར་བར་གྱིས་ཤིག །གཟུགས་བརྙན་ལ་ཡང་དབང་བསྐུར་བར་གྱིས་ཤིག །མཆོད་རྟེན་ལ་ཡང་དབང་བསྐུར་བར་གྱིས་ཤིག །ལྷའི་སྐུ་ལ་ཡང་དབང་བསྐུར་བར་གྱིས་ཤིག །ཆུང་ངུ་ནས་དེ་དང་རིགས་མཐུན་པ་དང་དེའི་མིང་འཛིན་པ་ལ་ཡང་དབང་བསྐུར་བར་གྱིས་ཤིག །བྲན་ལ་ཡང་དབང་བསྐུར་བར་གྱིས་ཤིག །ཅེས་པ་དང་། ལས་ཐམས་ཅད་སྦྱོང་བའི་རྒྱུད་ལས། བསྙེན་པ་དང་བཟླས་པ་དང་ཆོ་ག་འདོན་པས་ནི་མཚམས་མེད་པ་ལྔ་བྱང་བར་འགྱུར་ན་སྡིག་པ་ཆུང་ངུ་རྣམས་ལ་ལྟ་ཅི་སྨོས་ཀྱང་ཅི་དགོས་ཞེས་དང་། ལས་ཐམས་ཅད་སྦྱོང་བའི་རྒྱུད་ལས། གང་ཞིག་སྙིང་རྗེས་ཟིན་ཏེ་རི་དྭགས་དང་། ལྷ་དང་མི་དང་མི་མ་ཡིན་དག་ཀྱང་རུང་སྟེ། འཆི་བའི་རྣ་བར་བརྗོད་ན་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །དུས་ལས་འདས་ནས་ཀྱང་ཤི་བའི་མིང་ནས་སྨོས་ཏེ་བྱམས་དང་སྙིང་རྗེའི་ངང་ནས་ལན་བརྒྱའམ་སྟོང་ངམ་འབུམ་བརྗོད་ན། སེམས་ཅན་དེ་དམྱལ་བར་སྐྱེས་ཀྱང་དེའི་མོད་ལ་ཐར་བར་འགྱུར་རོ། །ཞེས་དང་། ཡང་སྦྱོང་རྒྱུད་ལས། སའམ། ཏིལ་ལམ། ཆུའམ། ཡུང་དཀར་རམ།

གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ། རུས་པའམ་ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་ན་ངན་སོང་དུ་སྐྱེས་པ་ཞག་བདུན་གྱིས་ཐར་ཏེ་གདོན་མི་ཟ་བར་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། སྨན་ཆོག་གི་སྐྱབས་གྲོལ་གྱི་སྐབས་སུ། མཛའ་བཤེས་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་ངུ་བ་རྣམས་ཀྱིས་ནི་བསྐོར། ཕྱོགས་རྣམས་ནི་མུན་པར་མཐོང་། གཤིན་རྗེའི་མི་རྣམས་ཀྱིས་ནི་དྲངས་ཏེ། དེའི་ལུས་འདི་ན་ཉལ་ཡང་རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་མདུན་དུ་ཁྲིད་ཅིང་མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སླད་བཞིན་འབྲང་བ་གང་ལགས་པ་དེས་དགེ་བའམ་མི་དགེ་བ་ཇི་ལྟར་བགྱིས་པ་དེ་དག་ཐམས་ཅད་ལེགས་པར་ཡི་གེར་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ཕུལ་བ་དང་། ཆོས་ཀྱི་རྒྱལ་པོ་གཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས་དགེ་བའམ་མི་དགེ་བ་ཇི་ལྟར་བགྱིས་པ་དེ་བཞིན་དུ་བསྒོ་བ་ལ་གང་དག་ནད་པ་དེའི་དོན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུཪྻ་འོད་ཀྱི་རྒྱལ་པོ་དེ་ལ་སྐྱབས་སུ་མཆི་ཞིང་འདི་འདྲ་བའི་སྦྱོར་བས་མཆོད་པར་བགྱི་ན་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱི་འཚལ་བའི་གནས་དེར་མཆིས་ཏེ། ཡང་ན་ནི་གདུགས་བདུན། ཡང་ན་ནི་གདུགས་ཉི་ཤུ་རྩ་གཅིག །ཡང་ན་ནི་གདུགས་སུམ་ཅུ་རྩ་ལྔ། ཡང་ན་ནི་གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་དྲན་པ་རྙེད་ལ་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱི་མངོན་སུམ་དུ་འགྱུར་ཏེ་སྲོག་གི་སླད་དུའང་སྡིག་པའི་ལས་མི་བགྱིད་དོ། །ཞེས་བདུན་ཕྲག་བདུན་དུ་ཆོ་ག་བྱས་པའི་རྣམ་པར་ཤེས་པ་སླར་ཁུག་ནས་གསོན་པོར་འགྱུར་བར་གསུངས་པ་དང་། དུས་ཀྱི་འཁོར་ལོ་ལས། རྣམ་པར་ཤེས་པ་བར་

དོ་སོགས་ན་གནས་པ་ཆོ་གའི་ནུས་པས་མི་ལུས་ཐོབ་པར་བཤད་པ་སོགས་མང་ཞིང་། ཁྱད་པར་དཔལ་ཀུན་ཏུ་བཟང་པོས། གང་ཞིག་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆགས་མ་ལུས་ཀུན་བྱང་ཞིང་། །མཚམས་མེད་ལྔ་ཡི་སྡིག་ཀྱང་དག །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་བྲམ་ཟེ་དུང་ཕྲེང་དཔོན་སློབ་ཀྱི་རྣམ་ཐར་བཞིན་དང་། རྒྱུད་ཆེན་ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་ཕུང་པོ་མེད་པ་ན། །དེ་ཉིད་ཤི་བའི་ཞག་གྲངས་ནི། །ཉི་ཤུ་རྩ་གཅིག་བར་དུའམ། །བདུན་པའི་ཚེ་ན་ཆོ་ག་འབད། །དམིགས་པའི་ཏིང་འཛིན་ལྡན་པ་གཅེས། །ཡང་ན་བདུན་ཕྲག་བདུན་དུ་བྱ། །དེ་ཚེ་དེ་ལ་ལམ་ཡང་བསྟན། །ཆོས་ནི་སྣ་ཚོགས་བཤད་པར་བྱ། །དེ་ལྟར་ཆོ་ག་སུས་ལྡན་པ། །དེ་ཉིད་ལ་ཡང་ཐེ་ཚོམ་མེད། །ངེས་པར་འབྲས་བུ་ཐོབ་པའོ། ཞེས་གསུངས་པ་བཞིན་ཆོ་ག་ཟབ་མོའི་བྱིན་རླབས་ཀྱིས་རེ་ཞིག་གནས་ངན་པར་སྐྱེས་ཟིན་ནའང་། དེའི་ཚེ་ཚད་རྨི་ལམ་རྨིས་པ་བཞིན་ཟད་ནས་བདེ་འགྲོ་ཁྱད་པར་ཅན་ཐོབ་པ་ཡིན་ཏེ། རྒྱུད་གོང་གསལ་ལས། དེ་ལྟར་རྗེས་སུ་བཟུང་བ་ཡིས། །རིམ་པས་གནས་རྣམས་འཕོས་ནས་ནི། །རིམ་པས་ཚེ་ཚད་ཉུང་གྱུར་ནས། །མི་ཡི་གནས་ཀྱི་བདེ་བ་ཐོབ། །ཞེས་སོ། །གཉིས་པ་ཇི་ལྟར་བཟུང་ཚུལ་ནི། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བདུན་ཚིགས་ཀྱི་ཞལ་གདམས་ལས། དེའི་ཕྱིར་ཉེ་བ་ཤུལ་ཡོད་རྣམས་ཀྱིས་ཞག་ཞེ་དགུའི་བར་དུ་བདུན་ཚིགས་ལ་འབད་དགོས་ཏེ། ཚེ་འདས་དེ་ཤིན་ཏུ་སྙིང་རྗེ་སྟེ། ལས་ཀྱིས་རླུང་གིས་ནི་བདས། འཇིགས་པའི་མུན་ནག་གིས་བསུས། ལས་ཀྱི་གཤིན་རྗེས་ཁྲིད། སྡུག་བསྔལ་དཔག་ཏུ་མེད། བྱ་བའི་ཐབས་ནི་རྡུག །སྡུག་བསྔལ་གྱི་སྨྲེེ་སྔགས་ཕྱོགས་བཅུར་བཏོན། ཡང་ར་མདའ་ནི་

མེད། ཉེ་འབྲེལ་ཚོ་དང་སྐབས་སྐབས་སུ་འཕྲད་པ་ལྟར་སྙམ་སྟེ། ཡད་ཡུད་རེ་ལ་ལས་རླུང་གིས་བདས་པས་ག་ཤེད་དུ་སླེབ། དགའ་སྐྱིད་ཀྱི་གཏམ་ནི་ཐོས་པ་མེད། ཤི་བའི་མིང་ནས་བོས་ཤིང་ངུ་། སྨྲེ་སྔགས་བཏོན་ན་ནི་སྙིང་རླུང་བྱུང་བ་ལས་ཀྱང་སྡུག་བསྔལ་ཆེ། གསོན་པོ་བཞིན་བཟའ་རྒྱུ་གང་ཡང་མེད། ཟས་སུ་དྲི་ལས་ཟ་རྒྱུ་མེད། གསོན་པོ་རྣམས་ཀྱིས་ཅི་བྱེད་ཀྱི་ལད་མོ་བྱེད། གསོན་པོ་རྣམས་ཀྱིས་ངོ་ནག་པ་དང་། ཐབ་གྲལ་དང་ཟས་སྐལ་བཅད་ན་སྔུག་བསྔལ་ཤིན་ཏུ་ཆེ། སྙིང་མི་དགའ། མ་ངུ་ཟེར། ང་འདི་ན་ཡོད་ཟེར། སྐེ་ལ་འབྱར་ནས་བློ་གསོས་ཀྱང་གསོན་གཤིན་གཉིས་བརྡ་མི་འཇལ། བདུན་ཚིག་བྱེད་པ། ཆོས་འདོན་པ། ཆོས་བཤད་པ། སྟོན་མོ་དཀར་པོའི་དགེ་བ་བྱེད་པ་མཐོང་ན་དགའ་བ་ཆེན་པོ་བྱེད། ཕྱག་འཚལ། སྐོར་བ་བསྐོར། གསོལ་བ་འདེབས་པ་ལ་སོགས་མཐོང་ན་དགའ་བ་སྐྱེ། ལད་མོ་བྱེད། ཤི་བའི་སྡུག་བསྔལ་སྙིང་མི་དགའ་བ་དེ་བདེ་འབོལ་ལེ་འགྲོ། ལས་དགེ་བ་བྱས་པ་རྣམས་ཀྱང་ལྷན་ཅིག་སྐྱེས་པའི་ལྷས་ཁྲིད་ནས་ཡར་འགྲོ། སྡིག་པ་བྱས་པ་ནི་འདྲེས་ཁྲིད་ནས་མར་འགྲོ། བདུན་ཚིག་སོགས་ལ་དཀོན་མཆོག་ལ་གསོལ་བ་བཏབ་ན་སྡིག་ཅན་མར་འགྲོ་བ་རྣམས་ཀྱང་སྐད་ཅིག་ལ་ཡར་ཐོན། ལར་ནི་བར་དོའི་ཡིད་ལུས་དེ་རྐྱེན་ཁ་ནི་ཡང་བས། ཤི་ཐོན་ནས་ཞེ་དགུའི་བར་ལ་དགེ་བ་བདུན་ཚིགས་རྣམས་བྱས་ན་ལས་ངན་ཡང་ཐབས་རྟེན་འབྲེལ་གྱི་ཆེ་བས་ངེས་པར་མཐོ་རིས་དང་ཐར་བ་ཐོབ་པས་དེས་ན་ཉེ་བ་སྙིང་དུ་སེམས་པ་ཡོད་ན་དགེ་རྩ་ལ་འབད་པ་ནི་ཤིན་ཏུ་གལ་ཆེ། ཚེ་འདས་ཏེ་ཡར་འགྲོ་མར་འགྲོ་དེར་ཐུག་ཡོད་པས། དེ་ཡང་གཤིན་པོ་དེ་གསོན་དུས་དབང་ཆོས་ཞུས་པའམ། སེམས་ངོ་འཕྲོད་ཙམ་ཡིན་ན་ངེས་པར་ཐར་ལམ་དུ་དྲངས་ལ། འོན་ཏེ་དགེ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སྣ་རེ་

ཙམ་གྱི་འབྲེལ་པ་ཡོད་ཀྱང་ཐར་ལམ་དང་མཐོ་རིས་འཐོབ་བོ། །དགེ་བ་གཏན་མེད་ཀྱི་སྡིག་ཆེན་ཡིན་ན། སློབ་དཔོན་དེས་སྒྲིབ་སྦྱངས་ཀྱི་བཟླས་པ་དང་། ན་རཀ་གི་བཤགས་བསྐང་ལ་ཅི་ཙམ་འགྲུབ་པ་གལ་ཆེའོ། །མདོར་ན་ཆོ་ག་བས་ཀྱང་ཆགས་དང་གཉིད་དབང་ལེ་ལོ་བྲེ་མོའི་གཏམ་ཕྱིར་མི་ཡེངས་བར་དམིགས་པ་ཏིང་ངེ་འཛིན་མ་ཡེངས་པ་ནི་གལ་ཆེའོ། །ཞེས་སོ། །སྡོམ་འབྱུང་གི་རྒྱུད་ལས་ཀྱང་། ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་པར་གནས། །ཞེས་གསུངས་པས་ཞག་ཞེ་དགུའི་བར་ཆོ་ག་ལ་འབད་དགོས་པ་ཡིན་ཏེ། ཆོས་རྗེ་ས་སྐྱ་པཎྜི་ཏས། ཞེ་དགུའི་བར་དུ་གཤིན་པོ་ལ། །བདུན་ཚིགས་ཆོ་ག་བཤད་པ་སྟེ། །རྣམ་ཤེས་བཀུག་ནས་མཛད་པར་གདའ། །ཞེས་དང་། ཆོས་རྒྱལ་འཕགས་པ་རིན་པོ་ཆེས། ཡུན་ནི་ཕལ་ཆེར་ཞག་བདུན་རེ། །བདུན་ཕྲག་བདུན་དུའང་ཡོད་ཅེས་གྲགས། །ལོ་དང་བསྐལ་བར་གནས་པའང་ཡོད། །དེས་ན་གཅིག་ཏུ་ངེས་པ་མེད། །ཅེས་གསུངས་ཤིང་། ཆོས་མངོན་པ་ལས། བར་དོའི་གནས་སྐབས་སུ་སྔོན་འབྲེལ་བའི་གནས་གྲོགས་ལ་སོགས་པ་རྨི་ལམ་གྱི་ཚད་ཙམ་དུ་མཐོང་བར་བཤད་པས་ཆོ་ག་སོགས་བྱེད་པ་གལ་ཆེ་བར་སྣང་ངོ་། །དེ་ཡང་སྲིད་པ་བར་དོའི་སྐབས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། མི་ལྡོག་དེ་ནི་དྲི་ཟའོ། །ཞེས་ཚིག་རྗེས་མ་འདི་ལ་ཉན་ཐོས་པས་དམྱལ་བའི་བར་དོ་གྲུབ་ནས་མཐོ་རིས་སོགས་འགྲོ་བ་གཞན་དུ་མི་ལྡོག་པར་འདོད་ཀྱང་། མངོན་པ་གོང་མ་ལས། ཅི་སྟེ་ན་ཟློག །དེ་ན་གནས་པ་ཡང་ལས་གསོག་གོ །ཞེས་དམྱལ་བའི་བར་དོའི་ལུས་གྲུབ་ཟིན་ཀྱང་དགེ་བའི་རྩ་བའི་མཐུས་དམྱལ་བའི་སྐྱེ་སྲིད་ལས་བཟློག་ནས་མཐོ་རིས་སུ་སྐྱེ་བ་ཡོད་པ་དང་། རྣལ་འབྱོར་

བླ་མེད་ཀྱི་རྒྱུད་དང་གདམས་ངག་རྣམས་ལས་བར་དོར་ལམ་བསྒོམས་པས་འཁོར་བ་ལས་གྲོལ་བར་གསུངས་པ་སོགས་དུ་མ་ཡོད་དོ། །དེ་ཡང་གཤིན་པོའི་འདྲེན་སྟོན་དགུང་ཞག་བཟུང་མཁན་ནི། རབ་སྨིན་གྲོལ་གྱི་རྒྱུད་བརླན་ནས་ལྟ་སྒོམ་ལ་དྲོད་ཐོན་ཅིང་བསྐྱེད་རྫོགས་བཟླས་བསྒོམ་སོགས་དང་། ཁྱད་པར་སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་བ། འབྲིང་སྡོམ་པ་དང་དམ་ཚིག་རྣམ་པར་དག་ཅིང་གཤིན་ཆོག་སོགས་ཀྱི་ཕྱག་ལེན་ལ་མཁས་པ། ཐ་མ་དགེ་ཚུལ་སློང་ངམ་དགེ་བསྙེན་བྱང་སེམས་ཀྱི་བསླབ་པ་དང་སྔགས་ཀྱི་དབང་སྐུར་ཐོབ་ཅིིང་སྙིང་རྗེ་ཆེ་བ་ཞིག་གལ་ཆེ་ཞིང་། དེ་ལྟར་མ་ཡིན་པའི་རང་གི་ཉེ་དུ་སོགས་མཛའ་བཤེས་ཀྱི་བན་དྷེེ་ཐོས་བསམ་སྒོམ་གསུམ་གང་ཡང་མེད་པའི་རིགས་འཚོགས་ནས་ཁ་ལན་ལྟ་བུའི་མྱོས་པར་བྱས་ནས་གཤིན་པོར་ཕན་ཐོགས་དཀའ་ཞིང་དགུང་ཞག་གི་ཟས་ནོར་ལ་སྤྱོད་མཁན་ཡང་གང་རུང་གིས་ཆོག་པ་མ་ཡིན་སྟེ། འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། མི་སློབ་པ་ནི་བདག་པོར་སྤྱད། །སློབ་པ་སྦྱིན་པར་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་ལ་ཉེས་པ་མེད། །ལྷག་མ་ལེ་ལོས་བཅོམ་པ་ཡི། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། །ཁྲིམས་འཆལ་རྣམས་ནི་ནམ་དུ་ཡང་། །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཅེས་གསུངས་པས། མི་སློབ་པ་འཕགས་པ་ཉན་རང་དགྲ་བཅོམ་སངས་རྒྱས་རྣམས་རྫས་ལ་རང་ནོར་ལྟར་ལོངས་སྤྱོད། སྤོང་བ་བསམ་གཏན་པ་དང་ཀློག་པ་ཐོས་བསམ་པ་རྣམས་ལ་སངས་རྒྱས་ཀྱི་རྗེས་སུ་གནང་པའི་ཚུལ་གྱིས་ལོངས་སྤྱོད་ཆོག །ཚུལ་ཁྲིམས་དང་མི་ལྡན་པའི་རིགས་དང་། ལྡན་ཡང་ཐོས་བསམ་སྒོམ་གསུམ་ལ་མི་བརྩོན་པ་རྣམས་རྫས་སྤྱད་ཆོག་པ་མ་གསུངས་ཀྱང་། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་

ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་འགྱུར། །ཞེས་གསུངས་པས། མཐའ་གཅིག་ཏུ་མ་ངེས་པ་ལྟར་འདུག །དད་པ་དག་སྣང་ལྡན་པའི་སྦྱིན་བདག་གིས་ཕྱོགས་ལྷུང་དང་རིས་གཅོད་མེད་པ་གལ་ཆེ་སྟེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ང་དང་ང་འདྲས་གང་ཟག་གི་ཚོད་བཟུང་དུ་རུང་གིས་གཞན་དག་གིས་ནི་{ལས་}མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །སྤྱིར་དགེ་སྡིག་འཆོལ་ཉོག་ཏུ་མི་སྤྱོད་པར་མཐའ་གཅིག་ཏུ་དཀར་བ་ལས་དཀར་ལ་རྣམ་སྨིན་དཀར་བའི་ཐབས་ལ་བརྩོན་པ་གལ་ཆེ་ཞིང་། ཁྱད་པར་གཤིན་པོར་དགུང་ཞག་བཟུང་སྐབས་བསྔོས་ཤ་ཅུང་ཟད་ཀྱང་མི་རུང་སྟེ་སྡིག་པ་གང་བྱས་ཀྱི་འབྲས་བུ་ཚེ་འདས་ཀྱི་རྗེས་སུ་འབྲངས་ཤིང་དགེ་འབྲས་སྲོག་གཅོད་ཀྱི་སེམས་ཅན་དེ་ལ་ཐོབ་པར་གསུངས་པས་བླང་དོར་ཞིབ་ཏུ་བྱེད་པ་གལ་ཆེ་སྟེ། རྒོད་ཚངས་སྣ་ཚོགས་རང་གྲོལ་མནལ་ལམ་དུ་བར་དོར་བྱོན་པའི་ཉམས་སྣང་ལ་གཤེད་མ་བན་དྷེའི་གཟུགས་ཅན་འཇིགས་སུ་རུང་བ་ཞིག་ན་རེ། །དེང་སངས་ཁྱེད་ཅག་བླ་མ་མཁན་སློབ་དང་། །དགེ་འདུན་མིང་བཏགས་ཆོས་པའི་གཟུགས་བཟུང་ནས། །ཤི་གསོན་ཀུན་གྱི་སྐྱབས་ཡུལ་བྱེད་མཁན་ཚོ། །ཕ་མར་གྱུར་བའི་སེམས་ཅན་སྲོག་བཅད་པའི། །ཤ་ལ་ལྟོ་ཡི་དངས་མ་བྱེད་ནུས་པའི། །སྙིང་སྟོབས་འདི་འདྲའི་ཆེ་ལུགས་ཨ་ལ་ལ། །གློ་བ་ཁྲག་གི་བརྒྱངས་པའི་ཞིམ་ཤ་དང་། །མཆིན་པ་འཁྱགས་ལ་བོར་བའི་མཚར་ཟས་དང་། །གསོན་ཁྲག་ཚོད་མར་བྱས་པའི་བཞེས་སྤྲོ་སོགས། །ཁྱེད་ཅག་བཙུན་པ་རྣམས་ཀྱིས་ཟ་ལུགས་ལ། ཤ་ཁྲག་ཟས་ལ་གཅན་ཟན་བས་ཀྱང་ཧབ། །ཆང་རག་འཐུང་ལ་སྦུར་གོག་བས་ཀྱང་སྲེད། །དཀོར་ཆས་འཚོལ་ལ་ཡི་དྭགས་བས་ཀྱང་མུག །ད་རུང་དགེ་སློང་ཡིན་པར་

ཁས་ལེན་ནམ། །ལྷུང་བཟེད་ཐོགས་བཞིན་ཤ་ཁྲག་ཟ་ལུགས་དང་། །ཆོས་གོས་ཤམ་ཐབས་ཆང་གི་སྦགས་ལུགས་དང་། །ཚོངས་ཁེ་ནོར་རྫས་བུད་མེད་འཚོལ་ལུགས་ནི། །དཀོན་མཆོག་གསུམ་ལ་ངོ་ཡང་མི་ཚ་འམ། །སྦྱིན་བདག་རྣམས་ཀྱི་དཀོར་ལ་ཟ་དུས་སུ། །ཤ་ཟ་ཆང་འཐུང་བྱེད་པའི་སྐྱིད་བུ་དེ། །ལས་ཀྱིས་ཁྲིམས་ར་འདི་རུ་སླེབས་དུས་སུ། །སྐྱིད་སྡུག་ཅི་འདུག་ལྟོས་དང་དཀོར་ཟན་ཚོ། །མ་གི་ཤ་ཁང་ནག་པོའི་བཙོན་ཁང་ན། །ཁྱེད་རང་རྣམས་ཀྱིས་ཤ་ཡི་ཟ་ལུགས་དང་། །བྱེད་ལུགས་མཐུན་པའི་བཀོད་པ་དུ་མར་བཅས། །ཁྱེད་རང་བཙུན་པ་ཚོ་ལ་བྱེད་ཀྱིན་ཡོད། །ལ་ལ་གཙབས་ཡོད་ལ་ལ་གཏུབ་ཅིང་ཡོད། །ལ་ལ་འཚོད་ཅིང་ལ་ལ་འཁྱགས་ལ་བོར། །ལ་ལ་ཁྲག་ཉག་ཚ་བླུགས་སྲེག་ཅིང་ཡོད། །ཅེས་ཟེར་ཞིང་། དེ་དག་ཇི་ལྟ་བར་གཟིགས་པ་དང་། ཉིད་ཀྱི་ཤུལ་གླ་ལ་ཡང་སྔར་ནས་ཤི་བའི་གཉེར་ལས་བྱེད་དང་གྲྭ་རྒན་གྲོང་ཆོག་འབའ་ཞིག་ལ་འགྲོ་མཁན་མང་བར་འདུག་གསུངས་པ་སོགས་འགྲོ་དོན་དུ་མིང་བཏགས་ཀྱང་རང་ཉིད་ལ་ནོམ་པ་ཅུང་ཟད་གྱི་ཆེད་དང་བསམ་པ་རྣམ་པར་མ་དག་པའི་སྐྱོན་ཁོ་ན་ཡིན་ཕྱིར། དེ་ལྟ་བུའི་མྱོང་འགྱུར་གྱི་འབྲས་བུས། ཇི་སྐད་དུ། ལས་ནི་ས་ལ་མི་སྨིན་རྡོ་ལ་མི་སྨིན་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན། ཞེས་གསུངས་པ་བཞིན་ནོ། །མྱོས་བྱེད་ཀྱང་ཆོ་ག་ལ་བར་ཆད་དུ་འགྲོ་བས་བཏུང་མི་རུང་བ་དང་། དམིགས་བསལ་དུ་བསྔོས་ཤ་མིན་ངེས་ཀྱི་ཤ་འཁྱར་དང་། མི་བཟི་ཙམ་གྱི་ཆང་ཚོགས་འཁོར་ལྟར་བྱིན་གྱིས་བརླབས་ནས་ཐ་མལ་དུ་མ་ཤོར་བའི་ངང་ནས་སྤྱོད་ན་ཆོག་པས་དེ་ལྟར་ངེས་པར་བྱ་ཞིང་། ཆོ་ག་པ་རྣམས་བསམ་སྤྱོད་མཐུན་ཞིང་དམ་ཚིག་དག་པ་དང་། ཆོ་ག་ཆོས་སྤྱོད་རྣམ་༼རྣམས་༽གཡེངས་འཁྲུལ་མེད་པའི་ངང་ནས་སྒྲུབ་

པ་གལ་ཆེ། དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བའི་དགུང་ཞག་གཤིན་པོར་གལ་ཆེ་བར་སྣང་སྟེ། སྡོམ་གསུམ་ཁ་སྐོང་ལས། ཁྱད་པར་གཤིན་པོ་རྗེས་འཛིན་ན། །ངན་སོང་སྦྱོང་རྒྱུད་ལ་སོགས་ལས། །བྱུང་བའི་ཆོ་ག་ཚུལ་བཞིན་དུ། །བྱ་བར་རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར་འདི་ལ་གཟབ་པར་བྱ། །ཞེས་གསུངས་པས། བདུན་ཚིགས་ཀྱི་ཆོ་ག་སྒྲུབ་མཁན་རྣམས་གོང་དུ་བཤད་པ་ལྟར་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་གྱིས་ཡེངས་འཁྲུལ་མེད་པའི་ངང་ནས་སྒྲུབ་པ་གལ་ཆེ་ཞིང་། དེ་ལས་ལྡོག་པའི་དབྱངས་རོལ་ཕྱག་རྒྱ་སོགས་མཛེས་ཆ་སྙན་ཆ་ཁོ་ན་དོན་དུ་གཉེར་བ་ནི་ཚུལ་འཆོས་ཀྱིས་མི་མགོ་བསྐོར་ཐབས་ལས་མ་འདས་པས། དེས་གསོན་གཤིན་སུ་ལ་ཡང་ཕན་ཐོགས་པར་མི་འགྱུར་བ་དང་། རང་གི་ཚེ་ལ་ཡང་གནོད་ཅིང་ལྡན་གྲོལ་གཉིས་པོ་མ་གཏོགས་པའི་གང་ཟག་གཤིན་ཆོག་ལ་རྒྱུན་དུ་རྒྱུག་པ་རྣམས་རབ་གནས་སོགས་བཀྲ་ཤིས་པའི་ལས་ལ་འཛེམ་དགོས་པར་བཤད་པ་དང་། གཤིན་རྫས་བག་མེད་སྤྱོད་ན་ཡོན་ཏན་སྔར་ཡོད་འགྲིབ་བཞིན་ཕྱིས་མི་སྐྱེ་བར་བཤད་པ་སོགས་མང་དུ་ཡོད་ཅིང་། དཀོན་བརྩེགས་ལས། སྟོན་པས་དཀོར་ཀྱི་ཉེས་པ་གསུངས་པས་ཉན་ཐོས་མང་པོ་ཁྲག་བསྐྱུགས་ཏེ་ཤི་ཞིང་གཞན་འགའ་དཀོར་མི་ཟ་བའི་ཆེད་དུ་སྡོམ་པ་ཕུལ་བས་སྟོན་པས་རྗེས་སུ་ཡི་རང་གནང་བ་སོགས་མདོ་སྔགས་གཉིས་ཀར་གསུངས་པ་ཆེས་མང་ཡང་། ཕལ་ཆེར་དྲང་ངེས་དགོངས་ལྡེམ་སྤྱིར་མདོའི་གནས་རྣམས་དྲང་དོན་ངེས་དོན་གཉིས། དགོངས་པ་དང་ལྡེམ་དགོངས་གཉིས་ཏེ་ཚུལ་བཞིས་བཅིངས་ལ། རྒྱུད་སྡེའི་གནས་རྣམས་དེའི་སྟེང་དུ་སྒྲ་ཇི་བཞིན་པ་དང་། ཇི་བཞིན་པ་མ་ཡིན་པ་གཉིས་ཏེ་མཐའ་དྲུག་གིས་བཅིངས་པར་བྱའོ། །དང་། མཐའ་དྲུག་ཚུལ་བཞིའི་ལུགས་སུ་བཤད་ཡོད་པས་རྟོན་པ་རྣམ་པ་བཞི་ལྟར་གོ་བའི་བླངས་ཕྱོགས་མི་འཛོལ་བ་ཞིག་གལ་ཆེའོ། །སྒྲུབ་མཁན་གྱི་སྐྱོན་ཡོན་

རགས་ཙམ་ཞིག་ཤན་འབྱེད་གྲུབ་ནས། རྗེས་ལ་ཚེ་འདས་འདྲེར་སྐྱེས་ནས་གསོན་པོར་གནོད་དོ་ཞེས་པའི་རྫུན་ཕུག་རྡིབ་པ་དང་། རྩོམ་པ་མཐར་ཕྱིན་ཚེ་དེའི་དགོས་ཆེད་སོགས་ཞར་འབྱུང་དུ་བརྗོད་པའོ། །དང་པོ་ཚེ་འཕོས་ཇི་ལྟར་འགྱུར་བའི་མདོ་ལས་ཤཱཀྱ་དགའ་སྐྱེས་ཚེ་འཕོས་དུས། རྒྱལ་པོ་ཟས་གཙང་དང་ཤཱཀྱ་མིང་ཆེན་རྣམས་ཀྱིས་ཞུས་པའི་ལན་རྒྱས་པར་གསུངས་པ་དང་། མོའུ་འགལ་གྱིས་ཞུས་པའི་ལན་དུ་གསུངས་པ་གང་ལ་ཡང་གཤིན་པོ་འདྲེར་སྐྱེ་ཟེར་བ་མེད་ཅིང་། སྔོན་ཆོས་ཀྱི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག་གིས་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ནས་བསམ་ཡས་དབུ་རྩེ་ན་བཞུགས་ཚེ། བློན་ཆེན་ཏ་ར་ཀླུ་གུང་ཚེ་འཕོས་དུས་བོན་བླ་རྣམས་ཀྱིས་མཚན་བྱང་ལ་བཀུག་དུས་བློན་པོ་དངོས་སུ་དེར་འོངས་ཤིང་འདོད་ཡོན་གྱི་བཟའ་བཏུང་སྤྱོད་པ་ལ་བོད་རྣམས་ངོ་མཚར་སྐྱེས་ནས་བསྟོད་བསྔགས་བརྗོད་ཚེ། རྒྱལ་པོས་དེ་ཚུལ་སློབ་དཔོན་ལ་ཞུས་པས། འོ་ན་གསང་མིང་དྲིས་ལ་བཤད་རྒྱུ་མེད་ན་འདི་སྟོན་ཞེས་ཕྱག་མཚན་རྡོ་རྗེ་རྒྱལ་པོ་ལ་བསྐུར་བས་རྒྱལ་པོས་དེ་ལྟར་བྱས་ཚེ་དབང་བསྐུར་གྱི་སྐབས་སློབ་དཔོན་གྱིས་ཁོ་རང་རྒྱ་མཚོའི་ཕར་ཁར་བསྐྲད་ནས་མེད། དེ་མིན་བློན་པོ་དང་འབྲལ་མེད་དུ་ཡོད་དོ་ཟེར་བར་རྒྱལ་པོས་གུ་རུའི་ཕྱག་མཚན་བསྟན་པས་དེ་མ་སྟོན་དེས་ང་རང་བརྡུང་བ་ཡིན་ཟེར་བཞིན་བློན་པོ་རྒད་པོ་སློག་ཧྲུལ་གྱོན་པ་ཞིག་ཏུ་གྱུར་ནས་ང་རང་བློན་པོའི་སྲོག་གཅོད་ཀྱི་འདྲེ་ཡིན་ཟེར་ནས་སླར་སྦྲུལ་ནག་ཞིག་ཏུ་གནས་གྱུར་ནས་རླུང་འཚུབས་དང་བཅས་ཏེ་བསམ་ཡས་ཀྱི་ཕུ་རུ་བྲོས་ཞེས་གྲགས་སོ། །དེ་རྗེས་རྒྱལ་པོས་སློབ་དཔོན་ལ་བློན་པོ་གར་སྐྱེས་ཡོད་ཞུས་པས་བྱང་ཕ་གིར་ཡོད་གསུངས་བཞིན་མཆོད་ཡོན་ཀུན་ཕེབས་ཚེ་དེར་དུད་འགྲོའི་ལྕི་བ་ཆེ་བ་ཞིག་གི་འོག་

ན་ཡོད་ཚུལ་དང་། གསང་མིང་ནས་བོས་གསུངས་བཞིན་བྱས་པས་འབུ་སྦུར་ཞིག་ཐོན་བྱུང་བ་ལ་གནས་སྤར་དང་བསྲེགས་བླུགས་གནང་ཕྲལ་ཐར་བ་ཐོབ་པའི་ལོ་རྒྱུས་ལྟར་རོ། །དེ་བཞིན་ཏུ་མཉམ་མེད་དྭགས་པོ་རིན་པོ་ཆེའི་འདྲེ་བཞི་རྩད་གཅོད་ཀྱི་གདམས་པ་ལས། ལྷུན་གྱིས་གྲུབ་པའི་འདྲེ། སྲིད་པ་ཁུངས་ཀྱི་འདྲེ། རྣམ་པར་རྟོག་པའི་འདྲེ། མི་ལས་གྱུར་བའི་འདྲེ་དང་བཞིར་གསུངས་ནས་དང་པོ་གསུམ་ནི། ལུང་དང་རིགས་པ་ཚད་མས་རྫུན་ཕུག་རྡིབ་པ་བཞིན་དང་། མི་ལས་གྱུར་པའི་འདྲེ་ནི་མོ་མ་ལ་སོགས་པ་ན་རེ་ཤི་བ་ཐམས་ཅད་ཕན་གནོད་བྱེད་པའི་འདྲེ་རུ་སྐྱེས་པ་ཡིན་ཟེར་ཏེ། དེ་ལྟར་ཡིན་ན་ལྷ་ཤི་བའི་འདྲེ་དང་། ཡི་དྭགས་དང་དུད་འགྲོ་ལ་སོགས་ཀྱང་འདྲེར་སྐྱེས་དགོས་ཏེ། དེ་སྐད་ཟེར་བ་མི་འདུག་པ་དང་། ཡང་མི་ཤི་བ་ཐམས་ཅད་འདྲེར་སྐྱེས་ན་འགྲོ་བ་རིགས་དྲུག་གཞན་ཡོད་པར་མི་རིགས་ཏེ། ཐམས་ཅད་འདྲེ་ཡི་རིགས་སུ་འགྲོ་བར་རིགས་ཏེ་མི་བདེན། ངེས་པར་འདྲེ་གཟུགས་སུ་གྲུབ་པ་ཅན་ཞིག་ཡིན་ན། སུས་མཐོང་། གཟུགས་མེད་ཅིག་ཡིན་ན་ནམ་མཁའ་༼འདྲ་བས་༽དེས་སུ་ལ་གནོད། གང་ལ་གནོད། དེ་ལྟར་ན་འདྲེ་བས་སངས་རྒྱས་ཀྱང་མིང་དུ་བཏགས་པ་ཙམ་ལས་དངོས་པོར་གྲུབ་པ་མེད་དོ། །དེ་ཡང་ལུང་ལས། སེམས་ཉིད་ཀུན་ཏུ་བཟང་པོ་ལ། །གནོད་པར་བྱ་བའི་རྒྱུ་ཡང་མེད། །མཐོ་རིས་མེད་ཅིང་ངན་སོང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ལྷ་ཡང་མེད་ཅིང་འདྲེ་ཡང་མེད། །བདུད་ཀྱང་མེད་ཅིང་བགེགས་ཀྱང་མེད། །གལ་ཏེ་དོན་འདི་མ་རྟོགས་ན། །དཔེར་ན་ནམ་མཁའི་སྐར་མ་འདྲ། །ནམ་མཁའ་ཉིད་ལས་མ་གཡོས་ཀྱང་། །ཉི་ཟླ་གཟའ་སྐར་བཀྲམ་པ་འདྲ། །ཆོས་ཀྱི་དབྱིངས་ལ་བཟང་ངན་མེད། །ཀུན་བཟང་གནས་ལ་ཡངས་དོག་མེད། །ཡེ་ཤེས་ཐུགས་ལ་འཕེལ་འགྲིབ་

མེད། །ཅེས་གསུངས་པ་བཞིན། གཤིན་པོ་དེ་བར་དོ་ནས་ཕྱིར་ལོག་སྟེ། གསོན་པོར་གབ་ནས་གནོད་པ་སྐྱེལ་བའི་རང་དབང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་མོད། འོན་ཀྱང་དེང་སྐབས་གཏེར་སྟོན་དང་མངོན་ཤེས་བཤད་མཁན་མང་པོ་ཞིག་འདུག་ཀྱང་བཟང་ངན་གྱི་ཁ་ཚོན་ཆོད་དཀའ་བས་བཏང་སྙོམས་སུ་བཞག་ནས་འདས་ལོག་པ་རེ་ཟུང་བྱུང་བ་ལ་གོ་ཚུལ་གསོང་པོར་བརྗོད་ན་འདི་ལྟ་སྟེ། སྤྱིར་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོའི་མངའ་བདག་དེ་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ཚད་ནི་སུས་ཀྱང་བཟུང་མི་ནུས་ཏེ། བཟང་སྤྱོད་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཅི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱི་གཏམ་བྱ་རིན་ཆེན་འཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་པས། ཕན་སེམས་ལན་གཅིག་སྐྱེས་པ་ཡང་བསམ་ཀྱིས་མི་ཁྱབ་བོ། །དེ་ཡང་ནམ་མཁས་གར་ཁྱབ་ཆོས་སྐུ་དང་ལོངས་སྐུས་ཁྱབ་ཅིང་། སེམས་ཅན་གྱིས་གར་ཁྱབ་སྤྲུལ་སྐུ་དང་འཕྲིན་ལས་ཀྱིས་ཁྱབ་ཅེས་གསུངས་པ་བཞིན། སེམས་ཅན་རྣམས་གང་ལ་གང་འདུལ་གྱི་ཚུལ་དུ་སྤྲུལ་པའི་ཟློས་གར་སྣ་ཚོགས་སྟོན་པ་ཡིན་ཏེ། གང་ལ་གང་འདུལ་དེ་ལ་དེར་སྟོན་པ། ཞེས་གསུངས་པ་བཞིན་ནོ། །བྱེ་བྲག་འདས་ལོག་དངོས་ཀྱི་ལུང་དང་སྒྲུབ་བྱེད་ཡོད་དེ། སྨན་ཆོག་གི་སྐྱབས་གྲོལ་སྐབས་ཆོ་གའི་ནུས་པས་གཤིན་པོ་ཕྱིར་ལྡོག་པར་གསུངས་པ་གོང་དུ་བསྟན་པ་བཞིན་དང་། སྟོན་པའི་ཉན་ཐོས་མཆོག་གཉིས་དམྱལ་བར་གཟིགས་སུ་བྱོན་དུས་མུ་སྟེགས་ཀྱི་སྟོན་པ་འགའ་ཞིག་དམྱལ་

བར་སྐྱེས་ནས་སྡུག་བསྔལ་མྱོང་བ་དང་འཕྲད་ནས་མི་ཡུལ་དུ་ཕྱི་རོལ་བའི་ལུགས་ཀྱིས་ངན་འགྲོར་སྐྱེས་ཚུལ་དང་། ནང་པ་སངས་རྒྱས་ཀྱི་རྗེས་སུ་འཇུག་པར་མཛོད་ཅེས་འཕྲིན་བསྐུར་བ་དང་ཚུལ་མཐུན་ཞིང་། འདུལ་བ་ལུང་ལས། སྔོན་རྒྱ་གར་གྱི་ཡུལ་དུ་གྲོང་ཁྱེར་རྡོ་འཇོག་ཅེས་པར་འཕགས་པ་ཀ་ཏ་ཡ་ན་བྱོན་པ་ལ། ཤན་པ་གཅིག་ལ་སྲོག་གཅོད་སྤང་བར་གདམས་པས་ཤན་པ་དེས་མཚན་མོ་སྲོག་མི་གཅོད་པར་ཁྲིམས་མནོས་པ་ལས། དེ་ཡང་དུས་ལས་འདས་པའི་འོག་ཏུ་སྔར་གྱི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཉེ་ཚེ་བའི་དམྱལ་བར་སྐྱེས་ཏེ་ཉིན་མོ་སྡུག་བསྔལ་ཞིང་མཚན་མོ་ལྷའི་ལོངས་སྤྱོད་དང་ལྡན་པ་གཅིག་ཏུ་སྐྱེས་པ་ལ། ཚེ་དང་ལྡན་པ་གྲོ་ཞུན་སྐྱེས་ཀྱིས་འདི་ལྟར་ཡོང་བའི་རྒྱུ་མཚན་དྲིས་པས་ཤན་པ་དེ་ན་རེ། །ངས་ཉིན་མོ་སྲོག་གཅོད་པས་སྡུག་བསྔལ་ལ། མཚན་མོ་སྡོམ་པ་མནོས་པས་བདེའོ། །ཁྱེད་འཛམ་བུ་གླིང་དུ་འགྲོ་ན་ངའི་བུ་ཀུན་ལ་སྲོག་གཅོད་སྤོངས་ལ་བསྔོ་བ་ཞུས་ཤིག །ཅེས་ཟེར་རོ། །དེ་ནས་ཚེ་དང་ལྡན་པ་གྲོ་ཞུན་སྐྱེས་ཀྱིས་ཤན་པ་དེ་ཡི་བུ་ལ་འཕྲིན་དེ་སྐད་དུ་བཤད་པ་ལས། ཤན་པ་དེའི་བུས་ཀྱང་དེ་བཞིན་ཏུ་ཉན་ཏེ་འཕགས་པ་ཀ་ཏ་ཡ་ན་ལ་ཕ་ཡི་དོན་དུ་བསྔོ་བ་ཞུས་པས་ཉི་ཚེ་བའི་དམྱལ་བ་ལས་ཐར་ཏེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ནས་བདེན་པ་མཐོང་བར་གསུངས་སོ། །དེ་བས་ན་ཚེ་འདས་ཀྱི་དོན་དུ་བསྔོ་བ་བསྒྲུབ་པ་གལ་ཤིན་ཏུ་ཆེའོ། །ཡང་སློབ་དཔོན་པདྨའི་དངོས་སློབ་འབྲེ་རྒྱལ་བའི་བློ་གྲོས་ཀྱི་མ་ཡུམ་ཚེ་དུས་བྱས་ཚེ་བར་དོར་གཤིན་རྗེ་ཆོས་རྒྱལ་གཙོ་འཁོར་གྱི་དྲུང་དུ་གཤིན་རྗེའི་ཕོ་ཉས་ཁྲིད་ཚེ། བུས་ཏིང་འཛིན་གྱིས་མའི་རྣམ་ཤེས་བཀུག་པས་གཤིན་རྗེའི་ཁྲིིམས་ར་ནས་ཕྱིར་བཟློག །དེ་རོ་ལ་ཞུགས་ནས་གསོན་པོར་གྱུར་ཏེ་སྡུག་བསྔལ་མྱོང་ཚུལ་གྱི་ལོ་རྒྱུས་བཤད་པ་

སོགས་བདེན་པའི་ལུང་གིས་གྲུབ་སྟེ། རྗེ་ཆོས་ཀྱི་གྲགས་པས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །འདས་ལོག་པ་རྣམས་ཀྱིས་ལུང་ལ་མཉན་ཏེ་དགེ་སྒྲུབ་སྡིག་སྤོང་བྱེད་པ་གལ་ཆེ་སྟེ། མདོ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་བཞིན་ལགས་མོད། དེ་ཡང་དེང་སྐབས་གཤིན་པོར་གྱུར་ཚད་འདྲེ་ཡིན་ཞེས་གླེངས་སྐུར་འདེབས་པ་འདི་འདྲ་སྔོན་དུས་ཀྱི་འདྲེ་མོ་ཚོས་སྨོན་ལམ་དུས་སུ་སྨིན་འབྲས་ཀྱིས་སྙིགས་དུས་འདིར་བུད་མེད་ཕལ་ཆེར་གསོན་འདྲེར་སྐྱེས་ཏེ་སྨྱོས་འཁྲུལ་གྱིས་ཆོས་དང་གང་ཟག་ལ་ལོག་ལྟ་བསྐྱེད་དུ་བཅུག་པར་གོར་མ་ཆག་པས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ལུང་དང་རིགས་པ་རྣོན་པོས་འདྲེ་མོ་རྣམས་ཀྱི་རྫུན་ཕུག་རྡིབ་པར་མཛད་པ་གལ་ཆེ་ཞིང་། དེ་ཡང་ཚེ་འདས་དང་ཟ་འདྲེ་གཉིས་གཞི་གཅིག་ཏུ་ཁས་ལེན་པ་མགྲིན་བཟང་མི་སྐད་སྨྲ་བའི་ལུགས་སུ་ངེས་པར་བྱས་ནས། སོ་སོར་དབྱེ་ཚུལ་ནི། བཀའ་བརྒྱད་ཀྱི་ལས་ཆེན་ལྔའི་འདུལ་བ་གྲིའི་ལས་ཚོགས་ལས། ཟུག་རྔུའི་མཚོན་དང་ནད་ཀྱིས་སྲོག་གཅོད་པས། །བླ་ནི་གཤེད་མ་འདྲེ་ཡིས་ཁྱེར་ཏེ་མནར། །ལུས་ནི་མཚོན་གྱིས་རྒྱུ་མཐུན་མཚོན་གྲིར་འཆི། །སེམས་ནི་འགྲོ་དྲུག་ལས་ཀྱིས་འབྲས་བུ་སྐྱེས། །ཞེས་གསུངས་པས། སློབ་དཔོན་དུས་གསུམ་མཁྱེན་པའི་གསུང་ཚད་མ་འདིའི་ཕ་རོལ་ན་བདེན་པར་སྨྲ་བ་གཞན་མེད་དོ། །འདིའི་དོན་གཞན་རྣམས་གོ་སླ་ཡང་། བླ་ཟེར་བ་དེ་ལ་འདོད་ཚུལ་མི་གཅིག་པ་སྣ་ཚོགས་འདུག་ཀྱང་། འདིར་རང་གི་གོ་ཚུལ་ཙམ་ཞིག་བརྗོད་ན་གཉིས་ཏེ། ཕྱིར་བླ་གནས་

བརྩི་རྒྱུ་དང་བླ་ཉམས་པ་བཀུག་རྒྱུ་རྣམས་གསོན་དུས་དང་། བླ་གཤེད་མས་ཁྱེར་བ་སོགས་ཤི་དུས་ཀྱི་སྐབས་ཡིན་ཞིང་། ལར་བླ་ཞེས་པ་ལུས་སེམས་མ་བྲལ་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཚོགས་པ་དེ་ལྷན་ཅིག་སྐྱེས་པའི་ལྷ་འདྲེའི་རྟེན་ནམ་གནས་ཡིན་བཞིན། ལྷ་འདིས་འདི་ཕྱི་གཉིས་ཀར་ཕན་པ་བསྒྲུབས་ཅིང་འདྲེས་གནོད་པ་སྐྱེལ་བ་ཡིན་ཕྱིར། ཚེས་གཅིག་རྐང་པའི་མཐིལ་ལམ་མཐེ་བོང་ལ་གནས་ཚུལ་སོགས་གོ་འཕོ་ཚུལ་གྱིས་གསུངས་པ་ལྷ་ཁོ་ན་ཡིན་པས་གཏར་བསྲེགས་སོགས་འཛེམ་པ་ཡང་དེའི་རྟེན་འབྲེལ་གྱིས་ཡིན་ནོ། །བསྒྲལ་ལས་ཀྱི་དུས་ལྷ་དང་དབྱེ་ཞིང་། བླ་བཀུག་བསྒྲལ་བྱེད་རྒྱུ་ལུས་སེམས་མ་བྲལ་དུས་ཀྱི་རྟེན་དེ་ཡིན་ཞིང་། དུར་སར་གནས་རྒྱུ་གཤིན་པོས་ཚུལ་བཟུང་བའི་གཤེད་མའམ་ལྷན་སྐྱེས་ཀྱི་འདྲེས་འཆི་ཁ་དབུགས་འཕྲོག་ཅིང་སེམས་ལ་ཞུགས་འབྲས་གཤིན་པོ་དེའི་ལོ་རྒྱུས་ཇི་བཞིན་བཤད་རྒྱུ་རྙེད་པ་ཡིན་ཏེ། ཨོ་རྒྱན་ཆེན་པོས། དེས་ན་གཤེད་དང་བྲལ་བ་ཁག་ཆེ་སྟེ། དེ་ཡང་དྲི་ཟ་འཆི་ཁ་མའི་ཡིད་ལ་མངོན་པར་རྒྱུག་པ་ཞེས་བྱ་བ་འཆི་ཁར་འོང་སྟེ། དེའི་དབུགས་ལེན་མདངས་སྡུད་ཕུང་པོ་དེ་བདག་ཏུ་འཛིན་པ་ཚེ་འདས་དེའི་གཟུགས་བཟུང་ནས་གསོན་པོ་རྣམས་ལ་གནོད་ཅིང་འཚེ་བ་དང་འདྲེར་སྐྱེས་ཟེར་དུ་འོང་། ལན་ཆགས་ཀྱི་དབང་གིས་ཚེ་འདས་ཉིད་ལ་བར་དོ་དང་ཕྱི་མའི་མལ་དུ་སྐྱེས་ནས་ཀྱང་གནོད་པར་བྱེད། ཡང་ལྷན་ཅིག་སྐྱེས་པའི་ལྷའི་སྟོབས་ཞན་ཏེ་ལྷན་ཅིག་སྐྱེས་པའི་འདྲེ་དེའི་སྟོབས་ཆེ་ན་ཚེ་འདས་ཀྱི་ལུས་སུ་སྤྲུལ་ནས་གསོན་པོ་ལ་གནོད། གཤིན་ལ་ཡང་དེ་ཉིད་ཀྱི་བར་དོར་ཡང་བདེར་མི་སྟེར་བར་འཕྱངས་ནས་ལྕགས་སུ་བྱེད་པས་བདེ་འགྲོ་མི་སྟེར་ངན་སོང་དུ་ཁྲིད་པས་ཚེ་འདས་གཤེད་དང་མ་བྲལ་བའི་༼བར་༽བདུན་ཚིགས་དང་

ཁྲུས་ཆོག་ཡིན་ཟེར་བ་ནི་གང་ཡང་ཕན་པ་མེད་དོ། །དེ་ཡང་ཟ་འདྲེ་ཤི་གཤེད་ཟེར་བ་འདི་སྤྱིར་བགེགས་རིགས་སྟོང་ཕྲག་བརྒྱད་ཅུར་མ་འདུས་པ་མེད་ཅིང་ཁྱད་པར་ཡི་དྭགས་མཁའ་ལ་རྒྱུ་བ་ཕལ་མོ་ཆེས་གཤིན་པོ་༼པོའི་༽སྲོག་གཅོད་དབུགས་ལེན་མདངས་ཕྲོག་སོགས་བྱེད་པ་ཡིན་ཏེ་གསོན་གྱི་དུས་སུ་ཚེ་གནས་པ་ལ་བར་དུ་གཅོད་ཅིང་། གཤིན་གྱིས་དུས་སུ་སྡིག་པ་སྦྱངས་བ་ལ་བར་དུ་གཅོད་པ་ཞེས་གཤིན་ཆོག་རྣམས་ལས་གསུངས་པ་བཞིན་དང་། གཞན་ཡང་ཟ་འདྲེ་ཤི་གཤེད་ཀྱི་འབྱུང་ཁུངས་བཤད་སྐབས་སུ་ལྷན་ཅིག་སྐྱེས་པའི་ལྷ་འདྲེའི་བྱུང་ཚུལ་དང་དེས་ཕན་གནོད་བྱེད་ཚུལ་གསུངས་པ་ལྟར་ལགས་པས་གྲིར་ཤི་བ་སོགས་ཤི་ལུགས་ངན་ན་གཅོད་འདུལ་ལམ་གྲི་འདུལ་ལྕགས་འདུལ་སོགས་སྐབས་ཐོབ་དང་བསྟུན་ཤེས་པར་བྱ་ཞིང་། དེ་ཡང་ལོ་གྲངས་དྲུག་ཅུ་བརྒལ་ནས་ཕུང་ཁམས་སྐྱེ་མཆེད་རྒུད་པས་གཤེད་འཇུག་ཡུལ་གྱི་རྩ་རླུང་ཞན་སྐྱོན་གྱིས་བསྡོང་ཟླ་དམན་པར་གྱུར་བའི་ཕྱིར་གཤེད་འཇུག་རྒྱུའི་དོགས་པ་མི་དགོས་པར་ཡང་གསུངས་སོ། །འདིར་སྨྲས་པ། དུས་གསུམ་བྱོན་དང་འབྱོན་གྱུར་རྒྱལ་རྣམས་ཀྱིས། །མདོ་སྔགས་བཀའ་གཏེར་ཇི་སྙེད་གསུངས་པ་ཀུན། །སེམས་ཅན་དོན་ལས་གཞན་དུ་མ་གྱུར་ན། །བདག་གི་རྩོམ་པ་འདི་ཡང་དེ་རྗེས་འབྲངས། །འོན་ཀྱང་སྙིགས་དུས་སེར་སྐྱ་ཕོ་མོ་ཀུན། །རང་སྐྱོན་སྦེད་ཅིང་གཞན་སྐྱོན་སྒྲོགས་ལ་བརྩོན། །ལོང་བས་མིག་ལྡན་འཕྱ་བཞིན་འོས་མིན་ངོམ། དེ་ཕྱིར་ཁ་རོག་འདུག་ལ་སྤྲོ་ན་ཡང་། །རང་ནུས་ཚོད་ཀྱི་གཞན་ཕན་མི་སྤོང་བ། །བྱང་སེམས་སྔགས་ཀྱི་དམ་བཅའ་ཡིན་པའི་ཕྱིར། །གསོན་གཤིན་ཡོངས་ལ་ཕན་པའི་བྱང་ཆུབ་སེམས། །ཟླ་ལྟར་དཀར་བའི་སེམས་ཀྱིས་འདི་བརྩམས་དགེས། །མ་ལུས་འགྲོ་བ་སྤྱི་དང་ཁྱད་པར་དུ། །འཇིག་རྟེན་ཕྱི་མའི་ལམ་

ཞུགས་གཤིན་པོ་ཀུན། །སྒྲིབ་ཚོགས་ཀུན་དག་ཐར་ལམ་མཆོག་ཐོབ་ཤོག །ཅེས་གཤིན་པོར་དགུང་ཞག་བཟུང་ཚུལ་གྱི་རྣམ་བཤད་མ་དག་རྙོགས་མ་བགྲུངས་བྱེད་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་འདི་ནི་སོ་སྐྱེས་འཕགས་པའི་རིགས་སུ་ལུང་བསྟན་པ་རྡོ་རྒན་བྱ་བྲལ་ཀུན་བཟང་གཞན་ཕན་གྱིས་སྤེལ་བས་ཡི་གེ་པ་ནི་དད་དང་ཐོས་པའི་བག་ཆགས་བཟང་པོ་འཇོག་པ་མགོན་པོ་བསམ་འགྲུབ་ཀྱིས་བགྱིས་པས་དགེ་བའི་སེམས་ཅན་ཡོངས་ལ་ཕན་པའི་རྒྱུར་གྱུར་ཅིག་གུ། །དགེའོ། །དགེའོ། །དགེའོ། །

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གནས་འདྲེན་གྱི་སྤྱི་དོན་རྣམ་དག་ལམ་བཟང་།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གནས་འདྲེན་གྱི་སྤྱི་དོན་རྣམ་དག་ལམ་བཟང་ཞེས་བྱ་བ་བཞུགས་སོ། །

བྱང་ཆུབ་བར་དུ་འབྲལ་མེད་མགོས་ཕྱག་འཚལ། །དོན་གཉིས་ཉམས་སུ་ལེན་པའི་གང་ཟག་གིས། །རིམ་གཉིས་བསྒོམ་པའི་ལམ་མཆོག་ཟབ་མོ་འདི། །བདེན་གཉིས་གར་གྱི་རོལ་རྩེད་ཕ་མཐའ་ཡས། །སྒྲིབ་གཉིས་རྨོངས་པའི་གཡུལ་ལས་འདི་ན་རྒྱལ། །དེ་ལྟར་མཆོད་པར་བརྗོད་པ་ཚུལ་ཙམ་གྱིས་སྤྲོས་ཏེ། འདིར་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་མྱུར་བ་འཁོར་འདས་ཡོངས་ཀྱི་སེམས་ཅན་ལ་མ་ནོར་བའི་ལམ་མཆོག་དམ་པ་རྫོགས་བྱང་དུ་བཀྲི་བའི་ཆེད་དུ་ཆོས་སྒོ་བསམ་གྱིས་མི་ཁྱབ་པར་བསྟན་པའི་ནང་ནས་ཀྱང་ཚེ་འདས་ངན་སོང་གནས་ནས་འདྲེན་པའི་ཆོས་ཟབ་མོ་འདི་ལ་ལམ་ཁྱེར་གྱི་ཆོ་གའི་རིམ་པ་སྤྱི་དོན་མདོ་ཙམ་བསྟན་པ་ནི། དང་པོ་དབང་བསྐུར་བའི་སློབ་དཔོན་གྱི་མཚན་ཉིད་དང་། གཉིས་པ་བསྐུར་བྱ་སློབ་མའི་མཚན་ཉིད་དང་། གསུམ་པ་སྐུར་བྱེད་ཆོ་གའི་ལས་རིམ་སོགས་མདོ་ཙམ་སྨོས་ན་ཡང་། ཐོག་མར་སློབ་དཔོན་མཚན་ཉིད་ནི། བླ་མ་དམ་པའི་མདུན་ནས་དབང་ལུང་ཐོབ་ཅིང་བསྙེན་པ་ཚད་ལ་ཕེབས་པ་རིམ་གཉིས་ཟབ་མོའི་ལམ་ལ་དབང་འབྱོར་བ་ཕྱི་ནང་གི་དེ་ཉིད་སོགས་ཚང་བ་དག་ནི་སངས་རྒྱས་མིའི་གཟུགས་སུ་སྤྲུལ་བ་གོར་མ་ཆག་སྟེ། འཇམ་དཔལ་རྩ་རྒྱུད་ལས། གང་ཕྱིར་སངས་རྒྱས་ཐམས་ཅད་ནི། །འདས་དང་མ་བྱོན་ད་ལྟར་གྱི། །

ཐམས་ཅད་མི་ཡི་གཟུགས་སུ་གནས། །མི་ཡི་ལུས་སུ་ཡང་དག་འབྱུང་། །ཞེས་དང་། གུར་ལས། གང་ཞིག་རྡོ་རྗེ་སེམས་དཔའ་ཞེས། །རྡོ་རྗེ་སློབ་དཔོན་གཟུགས་སུ་གནས། །ཞེས་གསུངས་པ་དེ་ལྟར་ཡིན་མོད་ཀྱང་། སྙིགས་མའི་དུས་འདིར་བླ་མ་ལ་སྐྱོན་ཕྲ་མོ་ཙམ་གྱིས་ཀྱང་མི་འགལ་ཏེ། དཔལ་དོན་དམ་བསྙེན་པ་ལས། སྙིགས་དུས་དབང་གི་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་དང་བྲལ་བ་ཡོད་མ་ཡིན། །གང་གི་ཡོན་ཏན་ལྷག་པར་ཡང་ནི་ལེགས་ཤར་བས། །བུ་རྣམས་ཀྱིས་ནི་བསྟེན་པར་བྱ་བ་འོས་ཉིད་དོ། །ཞེས་གསུངས་པ་{དེ་}བཞིན་སྒྱིད་མི་ལུག་པར། ཆོ་ག་ལ་འཇུག་པའི་དུས་སུ་ཡང་རྣམ་གཡེང་ལེ་ལོའི་དབང་དུ་མ་ཤོར་བ་གལ་ཆེ་སྟེ། སློབ་དཔོན་ཆེན་པོའི་ཞལ་ནས། མདོར་ན་ཆོ་ག་པས་ཀྱང་། ཆགས་དབང་དང་། གཉིད་དབང་དང་། ལེ་ལོ་དང་། བྲེ་མོའི་གཏམ་ཕྱིར་མི་གཡེངས་པར་དམིགས་པ་ཏིང་ངེ་འཛིན་མ་ཡེངས་པ་ནི་གནད་ཆེའོ། ཞེས་གསུངས་པ་དེ་ལྟར་རོ། །གཉིས་པ་བསྐུར་བྱ་སློབ་མའི་མཚན་ཉིད་ནི། རིགས་དྲུག་གནས་འདྲེན་གྱི་ཁྲུས་ཆོག་འདི་གཤིན་པོའི་ཆོ་ག་ཡིན་ཀྱང་གསོན་པོ་ལ་བསྐུར་དུ་རུང་སྟེ། རྒྱུད་སྡེའི་དགོངས་པ་མ་ལོན་པ་ཕལ་གྱིས་གཤིན་ཆོག་འདི་ཀ་གསོན་ལ་བསྐུར་དུ་རུང་བར་མ་སེམས་ཞེས་སྨྲ་བ་ཡོད་དེ། དེ་དག་མ་ཡིན་ཏེ། མདོ་ཁམས་དང་བྱང་འབྲོག་གི་ཕྱོགས་འདིར་མཁས་ཤིང་གྲུབ་པའི་དབང་པོ་དུ་མས་སྦྱིན་བདག་གསོན་པོ་རྣམས་ལ་འཆད་པས། གནས་སྐབས་དང་མཐར་ཐུག་གི་ཕན་པ་ཆེན་པོ་འགྲུབ་པ་དོན་གྱིས་གསལ་མོད། ལར་སྦྱིན་བདག་རྣམས་ལ་འགྲོ་དྲུག་གི་སེམས་ཅན་ལས་འབྲས་ཀྱི་རྗེས་སུ་འབྲང་བ་ལ་གསོན་ལ་ཆགས་སེམས་དང་ལུས་ཀྱི་ལན་ཆགས་ལས་ངན་

གྱི་ལྷག་མ་སོགས་སྦྱང་བྱ་ཡོད་དེ། རྫོགས་པ་རང་བྱུང་གི་གཤིན་ལུང་ལས། གཤིན་གྱི་བརྩེ་གདུང་གསོན་ལ་ཆགས་པའི་འདྲེར་ཆེ་ཞེས་གསུངས་པ་དང་། གསོན་ལ་འཆད་པར་འོས་པ་ནི། ལྷའི་བུའི་ཞུས་པའི་མདོ་ལས། ཀྱེ་མ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པའི་འགྲོ་བ་གང་ཡང་། གོས་སམ་རུས་བུའམ་མིང་ལ་དབང་བསྐུར་བར་བྱོས་ཤིག །གང་དག་གཟུགས་བརྙན་ལ་ཡང་དབང་བསྐུར་བྱོས་ཤིག །མཆོད་རྟེན་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཆུང་ངུ་ནས་དེ་དང་རིགས་མཐུན་པ་དང་། དེའི་བུ་དང་དེའི་རིགས་གཅིག་པ་དང་། བྲན་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཅེས་གསུངས། ལར་གསོན་གཤིན་གང་ལའང་ཁྲུས་ཆོག་འཆད་ཀྱང་ཅི་འགལ། སྦྱང་བྱ་ཉོན་མོངས་པ་མ་དག་པའི་ཆ། སྦྱོང་བྱེད་ཁྲུས་དབང་གི་རིམ་པ་སློབ་མ་སྨིན་ཅིང་གྲོལ་བ། སྦྱངས་འབྲས་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་ལ་འགོད་པ་སྟེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་སུ་བབ་གྱུར་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པས། དེ་བཞིན་སློབ་མ་ལ་ཐོག་མའི་དུས་ནས་ད་ལྟའི་བར་དུ་གསོན་གྱི་དུས་སུ་བདུད་དང་། གཤིན་གྱི་དུས་སུ་ལྕགས་སུ་བཅུག་པའི་མཐོ་རིས་ཐར་བའི་ལམ་ལ་གེགས་བྱེད་པ་རྣམས་ལྷ་སྔགས་ཏིང་ངེ་འཛིན་གྱི་ནུས་པའི་སྒོ་ནས་དགུག་སྟེ་བྱང་བུ་ལ་བསྟིམ། དམ་ཆོས་བསྒྲུབ་པ་ལ་བར་དུ་གཅོད་པའི་ཚོགས་རྣམས་ལ་བརྔན་རྫས་བྱིན་ཏེ་ཕྱིར་བསྐྲད། བྱང་བུ་དང་སྦྱིན་བདག་གཉིས་ཤིན་ཏུ་ཉེ་བའི་མཆེད་ཀྱི་ཚུལ་དུ་བྱས་ནས་ཁྲུས་དབང་གི་སྒོ་ནས་སྨིན་ཅིང་གྲོལ་བར་བྱས་ཏེ། དམ་ཚིག་གཏད་དེ་སྦྱིན་བདག་ལ་ཤིས་པ་སོགས་བརྗོད། བྱང་བུ་ལ་འདོད་ཡོན་བསྔོ་བ་སོགས་བྱས་ཏེ་རྣམ་ཤེས་རང་བཞིན་ཡེ་ཤེས་ཀྱི་གནས་སུ་སྤར་

ཏེ་རྒྱལ་བའི་གོ་འཕང་ལ་བཀོད། བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་པར་བྱ། ལར་ད་ལྟའི་གསར་ཕྱོགས་བླ་མ་ཕལ་ཆེར་གྱིས་འོ་བརྒྱལ་དུ་འདོད་ནས་གཤིན་པོ་ལ་ཁྲུས་ཆོག་ཙམ་མ་གཏོགས་དབང་མཛད་པ་ཆེར་མ་མཐོང་སྟེ། དེ་རྣམས་གྱིས་ཕྱག་བཞེས་ལ་གོ་བ་མ་ཆགས་ཏེ། སྐབས་དང་མཐུན་པའི་གཤིན་པོ་ལ་དབང་རེ་བསྐུར་ན་ཡང་ཤིན་ཏུ་ལེགས་མོད། དུས་འཁོར་རྩ་རྒྱུད་ལས། །རྡུལ་ཚོན་དཀྱིལ་འཁོར་བྲིས་ནས་ནི། །གཤིན་ལ་གསོན་བཞིན་དབང་བསྐུར་ན། །ངན་སོང་གསུམ་དུ་སྐྱེས་ན་ཡང་། །དེ་ཉིད་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པ་དེ་བཞིན་ཡོངས་སུ་གྲགས་པའི་རྒྱུད་ལུང་དང་། མཁས་གྲུབ་རྣམས་ཀྱི་ཞལ་ལུང་སོགས་དུ་མ་བཞུགས་པས་ཐུགས་ལ་འཇོག་པར་འཚལ། གསུམ་པ་དབང་བསྐུར་ཆོ་གའི་ལས་རིམ་ནི། ཞིི་ཁྲོ་དགོངས་པ་རང་གྲོལ་གྱི་ཆ་ལག་ཚེ་འདས་རྣམ་ཤེས་རིགས་དྲུག་གནས་ནས་དྲངས་ཏེ་ལས་སྒྲིབ་སྦྱངས་ནས་དག་པའི་ཞིང་དུ་བགྲོད་པའི་ཆོ་ག་ཟབ་མོ་འདི་ལ་སྤྱི་དོན་རྣམ་པ་བཅུ་སྟེ། དང་པོ་ཚེ་འདས་གཤེད་དང་ཕྲལ་བ། གཉིས་པ་རིགས་དྲུག་གནས་ནས་འགུགས་པ། གསུམ་པ་རྣམ་ཤེས་རྟེན་ལ་བསྟིམ་པ། བཞི་པ་སྒྲིབ་སྦྱང་དུག་ཁྲུས་བྱ་བ། ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་སུ་འགྲོ་བ། དྲུག་པ་དཀྱིལ་འཁོར་དག་དུ་འཇུག་པ། བདུན་པ་དབང་བཞི་ཡོངས་རྫོགས་བསྐུར་བ། བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ། དགུ་པ་ནད་དང་སྒྲིབ་པ་སྦྱང་བ། བཅུ་པ་ལམ་བསྟན་གནས་སྤར་བྱ་བའོ། །དེ་ལ་ཞོར་དུ་བཤད་པ་ནི། བུམ་ཆུའི་ཚིག་ཟིན། བྱ་རྒྱུད་རྡོ་རྗེའི་རྩེ་མོ་ལས། བུམ་རྫས་བསྲེ་བའི་ཆུ་ཡང་། ཆུ་བོ་མགོ་ལྷུམ་གྱི་བསོད་ནམས་ཀློང་རྟ་ལ་གནོད་པ་དང་། མཇུག་ཟད་ཀྱི་ཚེ་སོགས་ལ་གནོད་པར་བཤད་པས། ཆུ་བོ་རྒྱུན་རིང་བ་ཆུ་ཤི་བདུན་ལས་མ་ཡིན་པའོ། །ཅེའི་ཕྱིར་ནའང་། ཆུ་བོ་ཡན་ལག་བརྒྱད་ལྡན་རྒྱུད་གཞུང་རྣམས་སུ་དགོས་པར་བཤད། དེ་ཡང་ཅི་སྐད་དུ། བསིལ་དང་འཇམ་དང་ཞིམ་དང་ཡང་། །དྭངས་ཤིང་དྲི་མ་མེད་པ་དང་། །འཐུང་ན་ལྟོ་ལ་བྱམས་པ་

དང་། །མགྲིན་པ་ལའང་མི་གནོད་པ། །ཡན་ལག་བརྒྱད་ལྡན་ཆུར་བཤད་དོ། །འདིར་བུམ་པ་དང་བུམ་པའི་ཆོས་རྣམས་ཅུང་ཟད་ཙམ་བརྗོད་པ་ནི། བུམ་པའི་ངོ་བོ་དང་། ངེས་ཚིག་དབྱེ་བ་སོགས་བྱས་ན་ཡང་། ངོ་བོ་ནི་སྣང་སྟོང་ཟུང་འཇུག་ཐབས་དང་ཤེས་རབ་དབྱེར་མེད་པའི་སྐུ་གསུམ་རང་ཆས་ཀྱི་ཆ་ལ་བཞག་སྟེ། ཞི་ཁྲོ་དབང་ཆེན་ལས། བུམ་པ་འདི་ནི་ཆོས་ཀྱི་སྐུ། །བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས། །གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ། །ཞེས་གསུངས་པ་དེ་བཞིན་ནོ། །ངེས་ཚིག་ནི་སྒྲ་ལས་གུམ་བྷའི་བུམ་པ་ཞེས་གཞལ་ཡས་ཁང་གི་ནང་དུ་ལྷ་ཚོགས་གསལ་བ། ཆུ་སྙོམས་འཇུག་གི་ཆུ་རྒྱུན། བྱེད་ལས་ཀྱི་སྒོ་ནས་མ་སྨིན་པ་སྨིན་པར་བྱེད་པའོ། །དབྱེ་བ་ནི། རྟེན་བྱེད་དང་། མཚོན་བྱེད་དང་། རང་བཞིན་དང་། རྣམ་རྒྱལ་དང་། ལས་ཐམས་ཅད་ཀྱི་བུམ་པ་ཞེས་མང་དུ་མཆིས་སོ། །དེ་ཡང་ནང་གསེས་སུ་བུམ་པའི་ཚད་དང་མཚན་ཉིད་བསྟན་པ་ནི། དཔལ་དུས་ཀྱི་འཁོར་ལོ་ལས། །བུམ་པའི་ཚད་དང་། རྒྱུ་དང་། ཁ་དོག་དང་དབྱེ་བ་སོགས་བྱས་ན་ཡང་། ཚད་ནི་ཞི་བའི་བུམ་པ་དཔང་དུ་སོར་ཉི་ཤུ། ལྟེ་བའི་ཁྱོན་སོར་བཅུ་དྲུག །མགྲིན་པའི་དཔང་སོར་དྲུག །ཁའི་བུ་གའི་རྒྱ་ལ་སོར་བརྒྱད། དེའི་མཐར་སོར་བཞི་ཐུར་དུ་འཕྱང་བ། རྒྱས་པའི་ཚད་ནི་དཔང་དུ་སོར་བཞི་བཅུ། ལྟེ་བའི་རྒྱ་ལ་སོར་སུམ་ཅུ་རྩ་གཉིས། མགྲིན་པའི་དཔང་ལ་སོར་བཅུ་གཉིས། ཁའི་བུ་གའི་ཚད་ལ་སོར་བརྒྱད། དེའི་མཐར་སོར་བཞི་མཐུར་དུ་འཕྱང་བ་སོར་བཞི། བུམ་པའི་མཐའི་ཚད་ནི། རང་གི་བྲེ་ཕུལ་དགུ་ཤོང་བ་མཐའ་ཚད་ལ་བཞེད་དོ། །དབང་དྲག་གཉིས་ལ་བུམ་པའི་ཚད་མ་མཐོང་སྟེ་བུམ་པའི་རྒྱུ་ནི། ཞི་བ་ལ་དངུལ། རྒྱས་པ་ལ་གསེར། དབང་ལ་ཟངས། དྲག་པོ་ལ་ལྕགས་སོ། བྱ་བའི་རྒྱུད་ལས། ཆུ་ཡི་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །ཞེས་གསུངས་ཀྱང་

འབྱོར་བ་དམན་པའི་རྣམ་པ་ཡང་། རྒྱུད་ལས། ས་ལས་བྱས་པའི་བུམ་པ་ལ་ཞི་བའི་ལས་བྱེད་ན་དཀར་རྩི་བྱུག་ཏེ། བུམ་པ་དཀར་པོ་ལྟོ་བ་ཆེ་བ་ཞེས་དང། རྒྱས་པ་ལ་ཁ་དོག་སེར་པོ་བྱའོ། །དབང་ལ་དམར་པོ། དྲག་པོ་ལ་ནག་པོ་ཞེས་གསུངས་སོ། །བུམ་པའི་མཚན་ཉིད་དག་པ་དང་སྦྱར་བ་ཡང་། །བུམ་པའི་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཉོན་མོངས་པའི་དྲི་མས་མ་གོས་པ། ཞབས་ཞུམ་པ་ནི་འཁོར་བའི་མཐའ་ལ་མི་གནས་པའོ། །ལྟོ་བ་ལྡིར་བ་ནི་ཆོས་ཀྱི་དབྱིངས་ཟབ་ཅིང་རྒྱ་ཆེ་བའོ། །མགྲིན་པ་ཕྲ་བ་ནི་ཆོས་ཀྱི་དབྱིངས་གཏིང་དཔག་དཀའ་བའོ། །མཆུ་འཕྱང་བ་ནི་ཐུགས་རྗེས་སེམས་ཅན་འཁོར་བའི་གནས་ནས་འདྲེན་པའོ། །ཁ་གཡེལ་བ་ནི་སེམས་ཅན་གྱི་དོན་འབད་མེད་དུ་འགྲུབ་པའོ། །པཉྩ་ལི་ཀ་ནི་ཡེ་ཤེས་ལྔ་རུ་མཚོན་པའོ། །དཔག་བསམ་ཤིང་གི་ཁ་རྒྱན་ནི་བྱང་ཆུབ་རྣམ་པ་གསུམ་གྱི་འབྲས་བུ་མཚོན་པའོ། །ཞེས་སོ། ཡང་སྔོན་ཚེ་ཀླུའི་བུ་མོས་མགུལ་ཆིངས་ཁ་དོག་སྣ་ལྔ་ཕུལ་བ་ནི། ཉོན་མོངས་ལྔ་ཡུལ་སྣང་དག་པའི་རྟགས་སོ། །དམུའི་བུ་མོས་གཟུངས་ཐག་རིགས་ལྔ་བུམ་བཅུད་རྒྱན་དང་བཅས་པ་ཕུལ་བ་ནི། རང་རིག་ཆོས་སྐུ་འགྱུར་བ་མེད་པའི་བརྡའོ། དེ་ལྟར་སྤྲོས་ན་ཡང་། བུམ་པ་ལྔ་བྱེད་ན་དབུས་ཀྱི་བུམ་པ་སྨན་ལྔས་བཀང་བ་ནི། སླེ་ཏྲེས། རྒྱ་མཚོའི་སྦུ་བ། ཀཎྜ་ཀ་རི། དབང་ལག །ཤུ་དག་དཀར་པོ་སྟེ་སེམས་ཅན་ཀྱི་ཉོན་མོངས་པ་ལྔའི་ནད་སེལ་བའི་དགོས་པའོ། །ནུབ་ཀྱི་བུམ་པ་དྲི་ལྔས་བཀང་བ་ནི་ཙནྡན། ག་བུར། གུར་གུམ། ཛ་ཏི། གླ་རྩི་རྣམས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་བལྟམས་པའི་དྲི་དང་ལྡན་པའི་དོན་ནོ། །ཤར་གྱི་བུམ་པ་འབྲུ་ལྔས་བཀང་བ་ནི། ནས། གྲོ། འབྲས། ཏིལ། སྲན་མ་རྣམས་སེམས་

ཅན་ཐམས་ཅད་དགེ་བ་བཅུའི་ལོ་ཏོག་འཕེལ་ཞིང་རྒྱས་ནས་མུ་གེའི་བསྐལ་པ་ལས་ཐར་བའི་དོན་ནོ། །བྱང་གི་བུམ་པ་སྙིང་པོ་ལྔས་བཀང་བ་ནི། ལན་ཚྭ། འོ་མ། མར། སྦྲང་རྩི། ཀ་ར་རྣམས་སེམས་ཅན་ཐམས་ཅད་བདེ་བའི་སྙིང་པོ་དང་ལྡན་པའི་དོན་ནོ། །ལྷོ་ཡི་བུམ་པ་རིན་ཆེན་ལྔས་བཀང་བ་ནི། གསེར། དངུལ། ཟངས། ལྕགས། བྱི་རུ་རྣམས་ནི་སངས་རྒྱས་རྟོག་པ་མེད་{པ་}བཞིན་དུ་སེམས་ཅན་གྱི་དོན་བྱེད་པའོ། །དེ་ལྟར་བུམ་བཅུད་རྒྱན་གོས་སོགས་འཚགས་ཏེ་སྔགས་ཀྱིས་བཏབ་ཅིང་ཆས་སུ་བཅུག །ཡང་བུམ་པ་གཅིག་པུ་ཡིན་ནའང་རྫས་ཉེར་ལྔས་བཀང་བར་བྱས་སྟེ་སྔ་མ་ལྟར་རོ། །རྫས་ཉེར་ལྔ་ཙམ་མ་འབྱོར་ནའང་དྲི་བཟང་པོ་བླུགས་པས་ཡོང་ཙམ་ཡིན་པ། བྲག་ནག་པ་བསམ་གཏན་དཔལ་བ་ལ་སོགས་པའི་མཁས་གྲུབ་དུ་མས་དེ་ལྟར་བཞེད། རྒྱུད་ལས། ཐ་ནའང་ཆུ་བོ་ཡན་ལག་བརྒྱད་ལྡན་དགོས་ཀྱི། ཇི་སྐད་དུ། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་མ་མེད་པ་དང་། །འཐུང་ན་ལྟོ་ལ་བྱམས་པ་དང་། །མགྲིན་པ་ལའང་མི་གནོད་པ། །ཆུ་བོ་ཡན་ལག་བརྒྱད་ལྡན་ནོ། །དེ་ཡང་བུམ་ཆུ་ནི། ཆུ་ཤི་མ་ཡིན་པའི་ཆུ་བོ་རྒྱུན་འབབ་སྲོག་ཆགས་མི་གནས་པ་ལ་བྱ་དགོས་ཏེ། རྒྱུད་ལས། ཆུ་ཤི་བདུན་ལས་བུམ་ཆུ་མིན། །ཞེས་གསུངས། དེ་བཞིན་ཆུ་ཤི་བདུན་ནི། སེར་བ། ཁུ་འཕང་། ཁ་བ། ཆར་སོགས། ཁྱམ་ཆུ་མཚོ་དང་། རྫིང་བུར་འཁྱིལ་བ། ཁྲོན་པ་ཀོ་མོག་བོང་མའི་ཆུ། །ཆུ་མིག་ཞབས་ཟད་རྒྱུན་ཆད་དང་། །ཞེས་སོགས་བཤད་པ་ནི། ཁྱམ་ཆུ་མཚོ་དང་ཞེས་པ་ནི། འདབ་རྒྱུན་མི་འབབ་པ། རྫིང་བུ་འཁྱིལ་བ་ནི་བཟོས་པའི་ཆུ་བསྐྱིལ་བ། ཁྲོན་པ་ནི་ས་འོག་གི་དོང་བརྐོས་པའི་ཆུ། ཀོ་མོག་ནི་ན་བའི་ནང་དུ་ཆུ་འཁྱིལ་བ། བོང་མའི་ཆུ་ནི་ཆུ་ཆེན་སྐྱེས་ནས་མར་འགྲིབ་པའི་ས་འོབ་ལ་ཆུ་འཁྱིལ་

པ། ཆུ་མིག་མཇུག་ཟད་རྣམས་སོ། །ཆུ་ཤི་དེ་རྣམས་ཀྱིས་བུམ་ཆུ་མི་བྱེད། གལ་སྲིད་བྱེད་དགོས་བྱུང་ན་ཡང་རྡོ་རྗེའི་ར་བར་ནས་དྲངས་ཏེ་བླུགས་ན་ཉེས་པ་མི་འབྱུང་སྟེ། བུམ་ཆུ་བླུགས་ཚེ་ཡང་སུམ་ཆ་གཉིས་གང་བར་བྱ། བུམ་ཆུ་ཁ་སབ་བྱེད་པའི་དུས་སུ་བུམ་ཆུ་ཚུར་ཆུ་རྒོད་ལ་ཅུང་ཟད་བསྲེས་ནས་མ་བླུགས་ན་བུམ་ཆུའི་ནུས་པ་གཏན་ནས་ཉམས་པ་ཡིན་པས་ལས་སློབ་རྣམས་ཀྱི་ཐུགས་ལ་བཅག་པར་འཚལ། དེ་ལ་ཐོག་མར་དབང་རྫས་བུམ་པ་ལྔའམ་གཅིག་གམ་གང་རྙེད་ལ་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་རྫས་ཉེར་ལྔ་ཡོངས་རྫོགས་གཞུང་བཞིན་བཤམས་ཏེ། ཆོ་ག་ལེགས་པར་བསྒྲུབས་ཏེ། ལས་བུམ་ཚར་རྗེས་སུ། མདུན་དུ་རིགས་དྲུག་གི་སྟེགས་བུ་ས་བཅད་རིམ་དྲུག་བྱས་ལ། རིམ་པ་བཞིན་དུ་ཐུབ་པ་དྲུག་གི་ཙ་ཀ་ལི་བུམ་པ་གང་འཛོམས་བགེགས་གཏོར་དྲུག །རིགས་དྲུག་གི་ས་བོན། བྱང་བུ་འདོད་ཡོན་སོགས་ལས་ཀྱི་སློབ་དཔོན་གྱིས་བཀྲམ། ཡང་བླ་མའི་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ཁྲུས་ཆས་ལས་བུམ་སྦྱང་ཆས་འཐོར་ནས་བྱེ་མ་སོགས་འཚགས་པར་བྱས་ལ། དེ་ནས་དང་པོ་གཤེད་དང་བྲལ་བ་ལ་གཉིས་ཏེ། སློབ་དཔོན་ཀྱིས་ཀུ་ཤས་ལས་གྱི་ཆུས་བྲན་ཏེ། ཧཱུྃ་བདག་ཉིད་རྡོ་རྗེ་སེེམས་དཔའི༴ རྟེན་ལ་བསྟིམས། ཞེས་པའི་བར་བདག་ཉིད་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟིགས་བརྙན་ལྟར་གསལ་བའི་ཐུགས་སྲོག་ཧཱུྃ་ཡིག་ལས་འོད་དཀར་པོ་དྲི་མ་མེད་པ་འཕྲོས་པས་སྲིད་པ་བར་མ་དོ་དང་འཁོར་འདས་ཡོངས་ལ་སྐད་ཅིག་གིས་ཁྱབ་པས། ཚེ་འདས་ཀྱི་རྣམ་ཤེས་ནྲྀཿ་ཡིག་འཁྱམས་པོ་དེ་ལ་ཕོག་པས་ཨ་དཀར་པོར་གནས་འགྱུར་ནས་ཨ་ཡིག་དུ་གནས་འགྱུར་དགོས་པ་ནི་ཚེ་འདས་གར་གནས་གྱི་ཆ་མ་མཆིས་པའི་ཕྱིར་འཁོར་འདས་གཉིས་ཀྱི་སྤྱིའི་ས་བོན་ཨཱཿཡིག་ལ་

བཞག་པ་མཆན། བྱང་བུར་ཐིམ་པར་བསམས་ནས། །ཡིག་བརྒྱ་བཟླས་པའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་{ས་བོན་འཕྲོས་པའི་}ས་བོན་རྟེན་གཞིའི་མ་དག་པའི་ཆ་ཐམས་ཅད་དག་པར་བསམ། སླར་ནྲྀཿཡཾཿཛཿབཛྲ་ཨཾ་ཀུ་ཤ་ཛཿན་མོ་སངས་རྒྱས༴ སོགས་ཁུག་ཅིག་ཅེས་པས་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ངང་ནས་མཆོག་གསུམ་རྩ་གསུམ་རབ་འབྱམས་རྒྱ་མཚོའི་བདེན་པའི་སྟོབས་ཟབ་མོ་བརྗོད་པས་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་དང་གང་ན་གནས་ཀྱང་ལྷ་སྔགས་ཏིང་ངེ་འཛིན་གྱི་ནུས་པས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་སྐད་ཅིག་གིས་དམིགས་དམིགས་རྟེན་དེ་ཉིད་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཅན་དུ་གསལ་བར་མཆན། རྟེན་ལ་བསྟིམས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྒྱས་གདབ་པར་བྱ། དེ་ལྟར་འགུགས་པ་གཅིག་གམ་གསུམ་མམ་གང་འོས་བྱ། གཉིས་པ་གཤེད་དང་ཕྲལ་བ་ནི། ཧཱུྃ་ཚེ་འདས་ལུས་བརྗེས་༴ འདིར་ཁུག་ཅིག །ཅེས་པའི་བར་སྔར་བཞིན་གཤེད་མ་དང་གཤིན་པོ་གཉིས་མཉམ་དུ་བཀུག་ལ་སྦྱོང་ཆས་རྣམས་ལ་བྲན་ཏེ། བཛྲ་ཨ་མྲྀ་ཏ༴ སོགས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། སརྦ་བུདྡྷ་ཨ་ཀརྵྱ་ཡ༴ སོགས་ཀྱིས་བགེགས་འགུགས་ལ། རང་ཉིད་རྡོ་རྗེ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པའི་ངང་ནས་བགེགས་སྦྱང་བ་ནི། དེ་ལ་རྣམ་པ་གསུམ་མོ། །རྫས་ཞི་བ་མཐེབ་ཀྱུ་དང་སྔགས་ནམ་མཁའ་མཛོད་ཀྱིས་ཕོ་གདོན་སྦྱངས། རྫས་ཞི་བ་མེ་ཏིང་སྔགས་དྲག་པོ་ཧཱུྃ་བཞི་ཞི་དྲག་ཕྱེད་{མར་གྱིས་}མས་མོ་གདོན་སྦྱངས། རྫས་སྔགས་ཡོངས་འདུས་དྲག་པོ་མ་ནིང་གིས་ཀླུ་གདོན་སྦྱང་བ་ནི་རྣམ་པ་གསུམ་གྱིས་སྦྱང་བ་སྟེ། ཞི་བ་ལ་གཡས་བསྐོར་ལ་རྗེས་སུ་གཡོན་བསྐོར། ཞི་དྲག་ཕྱེད་མ་

གཡོན་བསྐོར་ལ་རྗེས་སུ་གཡས་བསྐོར་བྱ། ཧཱུྃ་རང་ཉིད་ལྷ་ཡི༴ སོགས་གཞན་དུ་དེངས། ཞེས་པའི་བར་ཚིག་རིས་ལྟར་གྱེར་བསྒོམ་བྱ་ཞིང་། ལྷ་ཡི་ང་རྒྱལ་དང་ལྡན་པའི་ངང་ནས་བདེན་པའི་སྟོབས་ཀྱིས་བགེགས་ལ་རྫས་བརྔན་བྱིན་ཏེ་དྲག་སྔགས་བརྗོད་ཅིང་གུ་གུལ་བདུག་ཡུངས་དཀར་གྱིས་བྲབ་སྟེ། ཧེ་རུ་ཀའི་ཐུགས་ཀའི་ཁྲོ་ཚོགས་དང་མཚོན་ཆ་མེ་དཔུང་གི་ཚོགས་བསམ་གྱིས་མི་ཁྱབ་པར་འཕྲོས་པས་ཚེ་སྲོག་དང་། ས་ལམ་ལ་བར་དུ་གཅོད་པའི་གདོན་བགེགས་ལོག་འདྲེན་ཐམས་ཅད་ཕུར་མ་རླུང་གིས་གཏོར་བ་བཞིན་དུ་མཐར་རྒྱ་མཚོ་ཆེན་པོའི་ཕྱི་རོལ་ཏུ་བསྐྲད་པར་བསམ། དེ་ལྟར་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ལས། བགེགས་རྣམས་ཚིམས་བྱས་བརྔན་ཅིང་གཟིར། །ཤིན་ཏུ་གཟིར་ཞིང་བསྡིགས་ཏེ་བསྐྲད། །ཅེས་གསུངས། མཐར་བགེགས་ཕྱིར་མི་འཇུག་པའི་ཆེད་དུ་གཉིས་འཛིན་རྟོག་པ་དབྱིངས་སུ་བསྒྲལ་ཏེ་སྟོང་ཉིད་མི་འགྱུར་མི་ཤིགས་པའི་གུར་ཁང་རྒྱས་གདབ་པར་བྱ། སྒྱུ་འཕྲུལ་མེ་ལོང་ལས། རྣམ་རྟོག་འདུ་བྱེད་ཀུན་སྤངས་ནས། །བགེགས་ཀྱི་སྦྱོར་བ་ཡོངས་མི་འགྱུར་༼འཇིགས༽། །ཡང་དག་རིག་པ་ཉིད་ཀྱིས་གསུངས། ཞེས་སོ། །གཉིས་པ་རིགས་དྲུག་གི་གནས་ནས་འགུགས་པ་ནི། ཚེ་འདས་ལུས་བརྗེས་བར༴ སོགས་ཚིག་རྐང་ལྔའི་མཚམས་ནས་མིང་བཞིའི་ཕུང་པོ་ཞེས་པ་འདི་ཡང་གཟུགས་ཕུང་དོར་བའི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་དང་བཞི་ལས་མིང་བཞི་འདུ་བའི་ཕུང་པོ་བར་དོའི་ཡིད་ལུས་སྐྱེ་མཆེད་མུ་བཞི་ལྟར་རོ། །དེ་ནས་བཟུང་སྟེ་ཨཿནྲྀཿསུཿཏྲིཿཔྲེཿདུཿམ་མ་ཨཾ་ཀུ་ཤ་ཛཿཞེས་པས་ནི་སྤྲོ་བ་བསྐྱེད་ཅིང་སོ་སོའི་གནས་ནས་སྙིང་རྗེའི་ངང་ནས་འགུགས་པར་བྱ།

གསུམ་པ་རྟེན་ལ་བསྟིམ་པ་ནི། ཀྱེ་མ་དབང་མེད༴ སོགས་ནས། ཚེ་འདས་ཏིཥྛ་བཛྲ་ས་མ་ཡ་ལྷན། ཞེས་པའི་བར་རྟེན་གནས་སོགས་ངོ་སྤྲད་ཅིང་རྟེན་ལ་བསྟིམ་པར་བྱ་ཞེས་ཡང་ནས་ཡང་དུ་འགུགས་པར་བྱེད་པ་ནི་མིང་བཞི་འདུས་པའི་ཕུང་པོ་ལས་རླུང་གིས་བསྐྱོད་པས་གང་ལའང་རང་ས་མི་ཟིན་ཅིང་བྱ་སྒྲོ་རླུང་གིས་བདས་པ་ལྟར་སྐད་ཅིག་ཙམ་དུ་སྡོད་པའི་དབང་མེད་དེ། འཇིགས་པའི་སྒྲ་བཞི། མ་ངེས་པའི་རྟགས་དྲུག །ཡ་ང་བའི་གཡང་ས་གསུམ། འཇིགས་པའི་མུན་ནག་གི་སྔུན་ནས་བསུ་བ་དང་། དབང་མེད་དུ་གཤིན་རྗེའི་ཕོ་ཉས་ཁྲིད་ཅིང་དེད་པ་དང་། སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་ཞིང་ཤིན་ཏུ་མི་བཟོད་པས་མནར་བ་ལ། བྱ་བའི་ཐབས་ནི་ཟད། སྡུག་བསྔལ་གྱི་སྨྲེ་སྔགས་ཕྱོགས་བཅུར་འདོན་ཡང་ར་མདའ་ནི་མཐོང་ཐོས་ཙམ་ཡང་མེད་པ་སྟེ། དེ་ལྟར་ཡིན་པའི་རྣམ་ཤེས་ཡང་ཡང་འགུགས་༼དགུག་༽པར་བྱའོ། །སློབ་དཔོན་ཆེན་པོས། བདག་གི་མདུན་དུ་ཚེ་འདས་ཡང་ཡང་བཀུགས་ཅིང་གསལ་བར་བྱ། ཞེས་གསུངས་པ་དེ་བཞིན་འདྲེན་མཆོག་མཁན་རྣམས་ཀྱིས་ཀྱང་རིམ་གཉིས་ཀྱི་རྣལ་འབྱོར་གནད་དུ་བསྣུན་པ་གལ་ཆེའོ། །ལས་རིམ་གསུམ་པ་ཡན་ཆད་རྣམ་ཤེས་འགུགས་པའི་དགོས་ཆེད་ཡིན་པ་ཚིག་གིས་གསལ། ཞར་བྱུང་མཆོག་ཁྲུས་གོས་ཟུང་འབུལ་བ་སོགས་ནི་ཡེ་ཤེས་ལྷའི་སྐུའི་དྲི་མ་དང་བསིལ་བ་ཡོད་པ་མ་ཡིན་ཏེ་སློབ་མའི་ཚོགས་བསགས་དང་སྒྲིབ་སྦྱོང་གི་ཆེད་ཡིན་ཀྱང་། མཐར་ཁྲུས་ནང་ནས་ཁྲུས་ཆུ་དངོས་གྲུབ་ཚུལ་དུ་བུམ་ནང་དུ་ཚུར་བླུག །བཞི་པ་དུག་ཁྲུས་ནི། བུམ་ཆུ་ལམ་ཁྱེར་དམིགས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐུགས་རྗེ་རྗེས་སུ་ཆགས་པའི་འོ་ཁུ་བདུད་རྩིའི་ཆ་ལུགས་བཞག་པ་ནུས་ལྡན་གྱིས་ཐུག་ཕྲད་གང་གི་དྲི་མ་འཁྲུད་པ་འདོན་པ་ཡིན་ཏེ། ལར་

ཕར་ཕྱིན་དྲུག་གི་ཁྲུས་གསར་རྙིང་ཡོངས་གྲགས་སུ། དག་བྱ་ཉོན་དྲུག་དག་བྱེད་ཕར་ཕྱིན་དྲུག་གི་ཁྲུས་ཀྱི་ནུས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་དང་ལྡན་པར་བཞེད་ཅིང་། འདིར་གཞུང་བཞིན་ཕར་ཕྱིན་བཅུའི་ཁྲུས་ཀྱི་དགོས་པ་བསྟན་པ་ནི། སྦྱང་གཞི་སློབ་མའི་རྒྱུད། སྦྱང་བྱ་རྩ་ཉོན་དྲུག་སོགས་ཉོན་སྒྲིབ་དང་། ཤེས་བྱའི་སྒྲིབ་པ་རྣམས་སྦྱང་། སྦྱོང་བྱེད་ཐབས་ཁྱད་པར་ཅན་གྱི་སྒོ་ནས་བུམ་ཆུ་ནུས་ལྡན་གྱིས་སློབ་མའི་རྣམ་རྟོག་གློ་བུར་གྱི་དྲི་མ་སྦྱོང་། སྦྱངས་འབྲས་ས་བཅུའི་རྟེན་འབྲེལ་དང་བག་ཆགས་རྒྱུད་ལ་བཞག་པ་སྟེ། ཀུན་བྱེད་རྒྱལ་པོ་ལས། དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱི། །སྦྱིན་དང་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བཅུས། །ས་བཅུ་ལམ་ལ་སྦྱངས་དེ་བགྲོད་པ་ཡིན། །ཆོས་ཉིད་མ་མཐོང་སྦྱོང་བའི་ས་ལ་གནས། །ཞེས་གསུངས་པ་ལྟར་རོ། །སློབ་དཔོན་གྱི་བརྗོད་བྱའི་ཚིག །འདི་ནི་སྦྱིན་པའི༴ སོགས་ཡེ་ཤེས་ཀྱི་བར་དུ་གནས་ལུགས་མ་བཅོས་པའི་ངང་ནས་ཆུ་རྒྱུན་སྦྲེང་བས་སློབ་མའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པར་བསམ། མདོ་ཏིང་འཛིན་རྒྱལ་པོ་ལས། སེམས་ཉིད་སྟོང་པ་ཉིད་ལས་མ་གཡོས་ན། །ཕ་རོལ་ཕྱིན་པ་དྲུག་དང་ལྡན། །ཞེས་གསུངས་སོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །ཞེས་པ་འདི་ཀུན་འབྱུང་གི་བདེན་པའི་སེམས་ཅན་ཐམས་ཅད་ལ་ཡེ་ནས་གཞི་ཀ་དག་ཆོས་སྐུའི་དགོངས་པ་ཡོད་དེ། ལྷན་སྐྱེས་ཀྱི་མ་རིག་པའི་རྐྱེན་གྱིས་བསྒྲིབས་ཏེ། དུག་གསུམ་འབྱུང་བའི་རྐྱེན་གྱིས། ཡུལ་མཐུན་པ་ལ་བརྟེན་ནས་འདོད་ཆགས། སྐྱེ་ཡུལ་མི་མཐུན་པ་ལ་བརྟེན་ནས་ཞེ་སྡང་སྐྱེ། ཡུལ་བར་མ་ལ་བརྟེན་ནས་གཏི་མུག་འབྱུང་། དུག་འདོད་ཆགས་ལ་བརྟེན་ནས་འབྱུང་བ་ཆུའི་རྐྱེན་གྱིས་གྲང་ནད་དང་མོ་གདོན་འབྱུང་། དུག་ཞེ་སྡང་ལ་བརྟེན་

ནས་མེའི་རྐྱེན་གྱི་ནད་མཁྲིས་ནད་དང་ཕོ་གདོན་འབྱུང་། དུག་གཏི་མུག་ལས་འབྱུང་བ་ས་ཡི་ནད་བད་ཀན་དང་ས་བདག་གི་གདོན་འབྱུང་། དུག་དེ་གསུམ་ལས་དུག་ལྔ་འབྱུང་། དུག་ལྔ་ལས་ཉེ་བའི་ཉོན་མོངས་པ་ཉི་ཤུ་མཆེད། དེ་ལས་མཆེད་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འབྱུང་སྟེ། རྐྱེན་དེ་ལས་འབྱུང་བ་ནད་རིགས་བཞི་བརྒྱ་རྩ་བཞི་སོགས་འབྱུང་བའི་རྐྱེན་གྱིས་གནས་སྐབས་སུ་བདེ་སྐྱིད་ལ་བར་དུ་གཅོད་ཅིང་མི་འདོད་པ་སྣ་ཚོགས་ཀྱི་འཚེ་བ་དང་། མཐར་ཐུག་རྒྱུ་མཐུན་གྱི་འབྲས་བུ་ཞེ་སྡང་ལས་དམྱལ་བ། འདོད་ཆགས་ལས་ཡི་དྭགས། གཏི་མུག་ལས་དུད་འགྲོ་སོགས་འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་བཟོད་མེད་མྱོང་དགོས་པས། དུག་དེ་རྣམས་བསལ་བའི་ཐབས་ནི། ཀུ་ཤས་དག་བྱེད་ཀྱི་ཆུ་བྲན་ལ། རྡོ་རྗེ་སེམས་དཔའ་དུག་མི་མངའ། ཞེས་སོགས་རང་བཞིན་མེད་པར་དག་གྱུར་ཅིག །ཅེས་པའི་བར་བརྗོད། སྦྱང་བྱ་སློབ་མའི་རྒྱུད་ལ་གནས་པའི་ཉོན་མོངས་པ་ལྔ། སྦྱོང་བྱེད་སངས་རྒྱས་རིགས་ལྔའི་བདེན་སྟོབས་ཀྱིས་དུག་ལྔ་ཆོས་ཉིད་ཀྱི་ཀློང་དུ་གྲོལ་ནས། འབྲས་བུ་ཡེ་ཤེས་ལྔའི་རང་བཞིན་དུ་གྲོལ་བའོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ༴ དྲག་པོའི་དུག་ནི་དུག་བཅོམ་མོ། །ཞེས་པའི་ཚིག་རྐང་ཉེར་དྲུག་བར་མཆོག་གསུམ་གྱི་བདེན་སྟོབས་ཀྱིིས་དུག་གསུམ་བཅོམ་ཞིང་སྦྱང་བ་ནི། དེ་བཞིན་གཤེགས་པས་ཁྱིམ་བདག་དཔལ་སྐྱེས་ཀྱི་ཁ་ཟས་དུག་ཅན་བདེན་སྟོབས་ཀྱིས་བསལ་བ་མདོ་སྡེ་ལས་བྱུང་བའོ། །དེ་དུག་གསུམ་གྱི་རྟོག་པ་དབྱིངས་སུ་དག་པའི་ངང་ལ་མཉམ་པར་བཞག །ལར་སངས་རྒྱས་ཆོས་དགེ་འདུན་གསུམ་རང་ཆས་སུ་ཡོད་ལ། སམ་བུ་ཊ་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །གང་དུ་སེམས་ནི་རྣམ་སྒོམ་པ། །དེ་ནི་སངས་རྒྱས་

དང་ནི་ཆོས། །དགེ་འདུན་ཞེས་སུ་བསྟན་པ་ཡིན། །ཞེས་གསུངས་སོ། །ས་ནི་དུག་གི་ཕ་ཡིན་ཏེ༔ ཞེས་སོགས་འབྱུང་བཞིའི་དུག་སྦྱང་བ་ས་ཆུ་མེ་རླུང་སོགས། ཁྱོད་ཀྱི་དུག་ནི་དུག་མེད་ཤོག །ཅེས་པས་བར་སྦྱང་བ་ནི། དགེ་སློང་པ་རི་ཤིང་རུལ་བའི་གསེང་ནས་སྦྲུལ་ནག་གི་སོ་དུག་བཏབ་པ་ལ་བཅོམ་ལྡན་འདས་ཀྱིས་འབྱུང་བའི་དུག་སྦྱངས་ས་ཆུ་སོགས་བཞེད་དེ་བདེན་ཚིག་བརྗོད་དེ་སྦྱངས་པས་པ་རི་དུག་ནད་ལས་གྲོལ་བའི་གསུངས་ཚིག་ཁྱད་པར་ཅན་ནོ། །དུག་འབྱུང་བའི་གནས་ནི་རྣམ་ཤེས་དྲི་ཟ་ཉེར་ལེན་གྱི་སེམས་ཕ་མའི་ཁུ་རྡུལ་རླུང་གསུམ་ལ་འཇུག་པའི་སྐབས་ས་བོན་འཛིན་པ་ས་ཁམས། བསྐྱེད་པ་ཆུ་ཁམས། སྨིན་པ་མེ་ཁམས། འཕེལ་བ་རླུང་ཁམས། གོ་འབྱེད་ནམ་མཁའི་ཁམས་དང་ལྔར་སློབ་དཔོན་ཆེན་པོས་བསྟན། ཕྱིར་བཙས་པའི་དུས་ནས་ཀྱང་འབྱུང་བཞིས་བསྡུས་པའི་ལུས་ལ་བརྟེན་ནས་དུག་གསུམ་བསྐྱེད་པ༼པས་༽ཕ་མ་ཡིན་ཏེ། དེ་བཞིན་སྦྱང་པ་ནི། ས་ཆུ་སོགས་རྫས་ཀྱིས་བྱབ་ཏེ་གྱེར་ཚིག་ལྟར་ལམ་ཁྱེར་དམིགས་པ་ནི་སས་རྫས་ཀྱིས་བྱབ་པས་གཏི་མུག་ལས་གྱུར་པའི་ཉོན་མོངས་པ་འབྱུང་བ་སའི་ངང་དུ་ཐིམ། ས་ཡང་ཡུམ་སངས་རྒྱས་སྤྱན་མའི་རང་བཞིན་དུ་དག །ཆུའི་རྫས་ཀྱིས་བྱབ་པས་ཞེ་སྡང་ལས་གྱུར་བའི་ཉོན་མོངས་པ་ཆུའི་ངང་དུ་ཐིམ། ཆུ་ཡང་མཱ་མ་ཀཱའི་རང་བཞིན་དུ་དག །མེས་བྱབ་པས་འདོད་ཆགས་ཀྱི་རྟོག་པ་ཉོན་མོངས་པ་མེའི་ངང་དུ་ཐིམ། མེ་ཡང་ཡུམ་གོས་དཀར་མོའི་རང་བཞིན་དུ་དག །རླུང་གིས་བྱབ་པས་ཕྲག་དོག་གི་རྟོག་པ་ཉོན་མོངས་པ་རླུང་གི་ངང་དུ་ཐིམ། རླུང་ཡང་ཡུམ་དམ་ཚིག་སྒྲོལ་མའི་རང་བཞིན་དུ་དག་ནས་དམིགས་མེད་ཀྱི་དོན་ལ་མཉམ་པར་བཞག་གོ །རྫས་སྟོན་པ་ནི། མཚོན་བྱ་དང་མཚོན་བྱེད་ཀྱི་དོན་ཡིན་བཀག་པར་མི་ནུས་ཏེ། མདོ་དགོངས་པ་འདུས་པ་ལས།

དངོས་པོས་དངོས་པོ་འགྲོལ་བ་དང་། །དུག་གིས་དུག་ནད་བསལ་བའི་ཕྱིར། །ཐབས་མཆོག་དཔག་གི་མི་ལང་བའི། །མཛད་པ་གར་གྱི་ཕྱག་རྒྱར་མཛད། །ཅེས་གསུངས་པ་དེ་བཞིན་ནོ། །དེ་ནས། སངས་རྒྱས་རྣམས་ཀྱིས་དུག་བཅོམ༴ སོགས་ནས། དུག་རྣམས་གཏན་ནས་དག་གྱུར་ཅིག །ཞེས་པའི་བར་མཆོག་གསུམ་གྱི་བདེན་སྟོབས་ཀྱིས་དུག་བཅོམ་སྟེ། སངས་རྒྱས་ཆོས་དགེ་འདུན་གསུམ་ལ་ཞེ་ཐག་པ་ནས་སྐྱབས་སུ་སོང་ལ། {རིག་སྔགས་ཀྱིས་སྦྱོང་བ་ནི། }དེ་ནས་སྔགས་ཀྱིས་སྦྱང་བ་ནི། བྱེ་མའམ་ཏིལ་སོགས་ཀྱིས་བྲབས་ཏེ་རྩ་སྔགས་དང་ཡིག་བརྒྱ་ཀཾ་ཀ་ནི༴ སོགས་བདག་ཉིད་ལྷའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ཚེ་འདས་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེག་པ་བཞིན་དུ་སྐད་ཅིག་གིས་དག་པར་བསམ། ངན་སོང་སྦྱོང་རྒྱུད་ལས། སའམ་ཏིལ་ལམ་ཉུང་དཀར་རམ་ཆུའམ་གང་རུང་ལ་བཟླས་བརྗོད་བྱས་ཏེ་རུས་པའམ་ཤི་བའི་ལུས་ལ་གཏོར་རམ་ཁྲུས་བྱས་ན་ངན་སོང་དུ་མི་སྐྱེ་བར་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས། ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་སུ་འགྲོ་བ་ནི། ཀྱཻ་མ་མགོན་པོ་ཐུགས་རྗེ༴ ཞེས་རྐང་པ་བཞིས་ཚེ་འདས་ཞི་ཚུལ་དད་གུས་ཀྱི་ངང་ནས་དགའ་བ་དང་སྤྲོ་བའི་སེམས་ཀྱིས་བུ་ཆུང་མ་ལ་འཕྲད་པ་ལྟ་བུས་ལྷ་དང་སློབ་དཔོན་དབྱེར་མེད་ལ་ཐུགས་རྗེ་འཛིན་པའི་གནང་བ་ཞུ། ཞེས་ལྷ་དང་སློབ་དཔོན་ཡང་རང་གི་སེམས་སློབ་མ་ཡང་རང་གིས་བྱས་པ་ཡིན་ཏེ་སེམས་ཉིད་ཆོས་སྐུ་ཉག་གཅིག་གི་རོལ་རྩལ་ལས་ཤར་བ་ལ་གོར་མ་ཆག་སྟེེ། ཀུན་བྱེད་རྒྱལ་པོ་ལས། བྱང་ཆུབ་སེམས་ནི་ཀློང་ཆེན་ཡུལ་ཆེ་བས། །སངས་རྒྱས་

སེམས་ཅན་སྣོད་བཅུད་ཀུན་ཀྱང་འདུས། །ཞེས་དང་། ཀློང་ཆེན་ལས། རང་སྣང་ཉིད་ལ་རང་གིས་སྤྱོད། །སྟོན་བྱེད་གཙོ་དང་སྡུད་བྱེད་འཁོར། །བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀུན། །རང་ལས་ལོགས་སུ་མ་ཡིན་ཏེ། །ཞེས་གསུངས་པ་དེ་བཞིན་ནོ། །འདིར་ཁྲུས་རྐྱང་ཁོ་ན་ཡིན་ནའང་ངོ་སྤྲོད་དང་ལོ་རྒྱུས་བརྗོད། སློབ་དཔོན་གྱིས། ཀྱེ་མ་ཚེ་འཕོས་ལུས་བརྗེས༴ ཅེས་སོགས་སྔོན་ཆད་མ་རིག་པའི་ལས་ཀྱི་ངན་སོང་གསུམ་དུ་མནར་ཏེ། དེ་ལས་ཐར་བའི་ཕྱིར་དད་པའི་ཤུགས་བསྐྱེད་ལ་གསོལ་བ་གདབ། ཐུབ་པ་དྲུག་གི་ཞེས་ཚིག་གིས་བསྟན་ཀྱང་བདག་ཉིད་རྡོ་རྗེ་སེམས་དཔའ་ཉིད་ལ་གསོལ་བ་བཏབ་པས་ཁྱབ་སྟེ། རྣམ་སྣང་མངོན་བྱང་ལས། རིགས་ཀྱི་བདག་པོ་ཡིན་པའི་ཕྱིར། །རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །ཅེས་གསུངས་པ་ལྟར་རོ། །སློབ་མས་ཀྱང་། ཀྱེ་མ་བདག་འདྲའི་སེམས་ཅན༴ སོགས་རིམ་པ་དྲུག་ལ། ཞེ་སྡང་འདོད་ཆགས་གཏི་མུག་སོགས་ཉོན་མོངས་པ་དྲུག་གི་རྐྱེན་གྱིས་རིགས་དྲུག་གི་སྡུག་བསྔལ་ཚ་གྲང། བཀྲེས་སྐོམ། བཀོལ་སྤྱོད། འཐབ་རྩོད། འཕོ་ལྟུང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྣམས་བརྗོད་ལས་འདས་པ་འདི་ལས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བསྒྲལ་དུ་གསོལ། ཞེས་པའི་བར་དཀྱུས་བཞིན་གནང་བར་ཞུ། དེ་ནས་སློབ་དཔོན་གྱིས། ཀྱེ་མ་ཚེ་འདས་ལུས་བརྗེས་རིག་ཀྱིས་བུ༔ ཞེས་ཉོན་མོངས་པ་དྲུག་{གི་}ཀུན་རྫོགས་ཀྱིིས་རིགས་དྲུག་གནས་སུ་སྐྱེ་སྲིད་པ་ལ། དེ་ལས་སྐྱོབ་ཕྱིར་སློབ་དཔོན་གྱིས་ཐུབ་པ་དྲུག་ལ་བསྐུལ་ཚིག་སྨྲ་བ་འདི་སྔ་མའི་མངོན་བྱང་གི་ལུང་གིས་གྲུབ་པ་ལྟར་རོ། །དེ་ནས་ཕྱག་མཚན་དང་བུམ་པ་སོགས་ནི། ཧཱུྃ་ཚ་གྲང་སྐྱོབ་བྱེད༴ སོགས་ཕྱག་

མཚན་དྲུག་དང་། ཧཱུྃ་ཀུན་བཟང་ཡབ་ཡུམ་བུམ་པ༴ སོགས་བུམ་དབང་དྲུག་གིས་རིགས་དྲུག་སོ་སོའི་སྡུག་བསྔལ་བྲལ་བར་བསམས་ནས་རང་སེམས་ལ་རང་དབང་ཐོབ་པའི་དོན་ལ་མཉམ་པར་བཞག །ཀུན་འདུས་རིག་པའི་མདོ་ལས། ཚིག་དང་རྫས་དང་གང་ཟག་གི །ཀུན་རྫོབ་དབང་ནི་མ་ཐོབ་ཀྱང་། །སེམས་ལ་ཆོས་དབང་ཐོབ་གྱུར་ན། །རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་བྱེད་ཐམས་ཅད་ཀྱིས། །དེ་ལ་དབང་ནི་བསྐུར་བར་བྱ། །ཞེས་པ་ལྟར་རོ། །ལན་ཆགས་བསྔོ་བ་ནི། ཨ་ཀ་རོ༴ སོགས་ཀྱིས་སྦྱངས་ལ་གཏོར་མ་འདོད་པའི་ཡོན་ཏན་ལྔ་ལྡན་ཟད་མི་ཤེས་པའི་གཏེར་དུ་དམིགས་ཏེ། གདོད་མ་ནས་ད་ལྟའི་བར་དུ་སྲོག་བཅད་པ་དང་། མ་བྱིན་ལེན་པ་སོགས་གྱི་ལན་ཆགས་བསྔོས་པས་ཚིམས་ཏེ་ཕྱིན་ཆད་ཀྱང་གསོན་གྱི་བདུད་དང་གཤིན་གྱི་ལྕགས་སུ་མི་བཅུག་ཅིང་གེགས་སུ་མི་འགྱུར་བར་བསམ། ས་བོན་བསྲེག་པ་ནི། ལར་ས་བོན་ནི་བག་ཆགས་ཀྱི་ལུས་འདི་གྲུབ་པ་ཙམ་ནས་རིགས་དྲུག་དུ་འཕེན་བྱེད་ཀྱིས་ས་བོན་ཡི་གེའི་རང་བཞིན་དུ་གནས་ཏེ། འདས་རྗེས་ལས། ལས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །ཞེས་གསུངས་ཏེ། དེ་སྦྱོང་བའི་ཐབས་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ཞེས་བྱེ་མས་བྲབ་ལ་དཀྱུས་བཞིན། བདག་ཉིད་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དུཿཔྲེཿསོགས་ཡི་གེ་དྲུག་ལ་ཕོག་པས་སྐད་ཅིག་གིས་དུག་ཐམས་ཅད་སྟོང་པ་ཆོས་ཉིད་ཀྱི་ཀློང་དུ་དག་པའི་ངང་ལ་མཉམ་པར་བཞག །དྲི་མ་བཀྲུ་བ་ནི། འདི་ནི་བཟོད་པའི༴ སོགས་དྲུག་གི་ནུས་ལྡན་གྱི་ཆུས་དྲི་མ་དྲུག་སྦྱང་བར་བྱ། ཉི་ཟླ་ཁ་སྦྱོར་ལས། དེ་ཉིད་ཤི་བར་གྱུར་བའི་ཚེ། །ཟག་པར་བཅས་པའི་ཕུང་པོ་ལ། །བུམ་པ་སྤྱི་བོར་བཞག་ནས་ནི། །

ཡི་གེ་ཡི་ནི་འབྲུ་ཉིད་དང་། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ནས། །དམྱལ་བའི་གནས་རྣམས་སྟོངས་ནས་ནི། །དེ་ཡི་རྟགས་སུ་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་བྱང་བུ་ཡར་ལ་གནས་སྤར་བ་ནི། ཧཱུྃ་ས་འདི་བཅད་པ་མན་ཆད༴ ཞེས་པ་ནི་བཙོན་རྭ་ནང་ནས་ཤོར་བ་ལྟ་བུར་རིགས་དྲུག་གི་གནས་ལ་ཕྱི་མིག་མི་ལྟ་བར་དག་པའི་ཞིང་ཁམས་ཡིད་ལ་དྲན་ཏེ་བདག་ཉིད་ཀྱི་དགོངས་པའི་ཀློང་དུ་དམིགས་ཡུལ་རྣམ་ཤེས་དབྱེར་མེད་དུ་བསྟེན་༼བསྟིམ་༽ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག །མཚོན་བྱེད་བྱང་བུའི་ཕྱི་ལམ་རྡོ་རྗེས་བཅད། དེ་ནས་དྲུག་པ་དཀྱིལ་འཁོར་དུ་འཇུག་པ་ནི། མཎྜལ་དང་ལོ་རྒྱུས་བཤད་ནས། ཨེ་མ་མགོན་པོ་ཐུགས་རྗེ་ཅན༴ ཞེས་ཚིག་རྐང་བཞི་པ་ཚེ་འདས་ཀྱི་ཉམ་ཐག་ང་རོའི་དབྱངས་ཀྱིས་བདག་ཅག་ལོག་པའི་ལམ་དུ་ཞུགས་པ་ལ་འཁྲུལ་མེད་ཐར་བ་ཆེན་པོའི་ལམ་བསྟན་དུ་གསོལ་ཞེས་ཞུ། འདི་སྐབས་སློབ་དཔོན་ཀྱིས། ཨེ་མ་ཚེ་འདས་བུ་ཁྱོད་ལེགས་པར་ཉོན༴ ཞེས་པ་འཁོར་བ་ལ་ཞེན་པ་ལོག་ལ་མཐར་ཐུག་དོན་གཉིས་འབྲས་བུ་ལ་བརྩོན་དགོས་པར་(གདམས་པ་)གཞུང་བཞིན་ནོ། །ཞེས་སློབ་མའི་གསོལ་བ་འདི་བཞིན། ཀུན་བཟང་ཞི་ཁྲོའི་ལྷ་ཚོགས༴ སོགས་རྐང་པ་བརྒྱད་ལ་ཐུན་མོང་དང་བྱང་སེམས་སྔགས་སྡོམ་སོགས་གནང་བ་ཞུས་ཏེ་དཀྱིལ་འཁོར་ལ་འཇུག་པར་བྱེད། རྟོག་པ་ཐམས་ཅད་ལེགས་པར༴ སོགས་དེ་བཞིན་སྤྲོ་བའི་སེམས་ཀྱིས་ལེགས་པར་ཉོན། ཞེས་པས་དཀྱིལ་འཁོར་གྱི་ཆེ་བ་བརྗོད་ཅིང་སློབ་མ་སྤྲོ་བ་བསྐྱེད། དེ་ནས་ཐོག་མར་ཐུན་མོང་སྐྱབས་སུ་འགྲོ་བའི་སྡོམ་པ་བཟུང་བ་རྗེས་བཟློས་ཚུལ་དུ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས༴ སོགས། ཚེ་འདས་གུས་པས་སྐྱབས་སུ་མཆི། བར། མཆོག་གསུམ་ལ་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བའི་དམ་བཅའོ། །

མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས། བསླབ་བྱ་ནི། སངས་རྒྱས་ཀྱི་སྐུའི་རྟེན་ཆག་དུམ་ཙམ་དང་། ཆོས་ཀྱི་རྟེན་གསུང་རབ་ཀྱི་རས་མ་ཙམ་དང་། དགེ་འདུན་གྱི་གཟུགས་ལྷན་པ་སེར་པོ་བཏབ་པ་ཡན་ཆད་དཀོན་མཆོག་གསུམ་དང་དེའི་འདུ་ཤེས་བཞག་ནས་གུས་པར་བྱའོ། །ཁྱད་པར་སྐྱབས་སུ་འགྲོ་བ་ནི། ཀུན་བཟང་ཞི་ཁྲོའི་ལྷ་ཚོགས༴ ནས། ཚེ་འདས་གུས་པས་སྐྱབས་སུ་མཆི། །ཞེས་པའི་བར་གཞུང་བཞིན་བྱ། དེ་ནས་ཐོག་མར་སོ་ཐར་སྡོམ་བཟུང་ནི་རྗེས་ཟློས་ཚུལ་དུ། བླ་མ་ཀུན་བཟང་སྤྱན་སྔ༴ ནས། སྡོམ་པ་ཡོངས་སུ་བཟུང་བར་བགྱི། ཞེས་སོ་ཐར་སྡོམ་པ་ལ་རྒྱུན་དུ་གནས་པར་བྱ་དགོས་ཏེ་རྩ་བ་བཞི་སོགས་ཉིས་བརྒྱ་ལྔ་བཅུ་བཤད་ཀྱང་རྩ་བ་བཞི་བསྲུང་བ་ཙམ་གྱིས་ཆོག་པར་བཞེད་དོ། །ཇི་སྐད་དུ། རྩ་བཞི་སྡོམ་པ་རྟག་ཏུ་བསྲུང་གྱུར་ན། །འདུལ་བ་སོ་ཐར་སྡོམ་པ་དེ་ཡིས་འཐུས། །ཞེས་གསུངས་པ་དེ་བཞིན་ནོ། །སྨོན་པ་སེམས་བསྐྱེད་ནི། ཧོ་བླ་མ་ཀུན་བཟང་དགོངས་སུ༴ ཞེས་དང་། སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་སྨོན་སེམས་བསྐྱེད། འཇུག་སེམས་ནི། སྔོན་གྱི་རྒྱལ་བ་ཐམས་ཅད༴ ཞེས་སོགས། དབུགས་དབྱུང་མྱ་ངན་འདས་ལ་འགོད། །ཅེས་པའི་བར་བྱ། འདིར་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཚུལ་ཁྲིམས་རྣམ་པ་གསུམ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་མ་དང་བུའི་སེམས་བཟུང་ནས་རང་དོན་དོར་ནས་གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། དེ་ཡང་ཚུལ་ཁྲིམས་རྣམ་

པ་གསུམ་གང་ཞེ་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱིི་ཚུལ་ཁྲིམས་གསུམ་མོ། ༡། དེར་ཉེས་སྤྱོད་སྡོམ་པ་ལ་ཉི་ཤུ་སྟེ། དེ་ཡང་གང་ཞེ་ན་རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ངེས་པ་ལྔ། ཕལ་བ་ལ་ངེས་པ་བརྒྱད་དེ། སྨོན་འཇུག་གི་གཉིས་དང་ཉི་ཤུའོ། ༢། དགེ་བ་ཆོས་སྡུད་ནི་ཕར་ཕྱིན་དྲུག་ལ་བསླབ་པར་བྱ། ༣སེམས་ཅན་དོན་བྱེད་ནི་བསྡུ་དངོས་བཞི་སྟེ། དེ་ཡང་གང་ཞེ་ན། སྡོམ་གསུམ་རྣམ་ངེས་ལས། ཐོག་མར་སྦྱིན་པས་གདུལ་བྱ་རབ་བསྡུས་ནས། །སྙན་པར་སྨྲ་བའི་གཏམ་གྱིས་ཡིིད་རབ་དྲངས། །ཐེག་པ་རིམ་དགུར་དཀྲི་བ་དོན་སྤྱོད་དེ། །དེ་དག་འཇུག་ཕྱིར་རང་ཡང་དོན་དེ་སྤྱོད། །ཅེས་གསུངས་སོ། །བྱང་སྡོམ་ཚུར་བསྡུ་ན་སྨོན་པ་དང་འཇུག་པ་གཉིས་སོ། དེ་ཡང་རྒྱལ་བའི་དབང་པོ་ཀློང་ཆེན་པས། སྨོན་པའི་བསླབ་བྱ་ཚད་མེད་བཞི་བསྒོམ་ཞིང་། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་བསླབ། །ཅེས་གསུངས་པ་བཞིན། སེམས་ཅན་མ་གྲོལ་བ་རྣམས་གྲོལ་བ་དང་། །མ་བསྒྲལ་བ་རྣམས་བསྒྲལ་བར་བྱས་ཏེ་སེམས་ཅན་རྣམས་མྱ་ངན་ལས་འདས་པའི་ས་ལ་འགོད་པའི་ཐབས་ལ་འབད་པར་བྱའོ། །རྗེས་སུ་སྔགས་སྡོམ་རིགས་ལྔའི་དམ་ཚིག་ལ་འཇུག་པ། དཀོན་མཆོག་གསུམ་ནི་མི་སྤོང༴ ཞེས་པ་ནས། མ་ལུས་བདག་གིས་ཡོངས་སུ་བཟུང་། །ཅེས་པའི་བར་སྔགས་སྡོམ་བླངས་ཏེ། སྔགས་སྡོམ་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་ཇི་སྙེད་ཡོད་ཀྱང་ཡི་གེ་མང་ལ་དོགས་ནས་མ་སྤྲོས་ཏེ། སྤྱི་ཙམ་དུ་བཤད་པ་ནི་ལུས་ངག་ཡིད་ཀྱིི་དམ་ཚིག་ལ་འདུས་ཏེ། རིག་འཛིན་ཆེན་པོ་མངའ་རི་པས། མདོར་ན་རང་ལུས་རྡོ་རྗེ་གསུམ་ཤེས་ན། །སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ་འདུས། །ཞེས་གསུངས་སོ། །ཚུལ་བཞིན་བསྲུང་དགོས་པ་ནི། ཧེ་རུ་ཀ་འདུས་པའི་རྒྱུད་ལས། མི་འདའ་དམ་རྫས་

༼པ༽མཆོག་གྱུར་པ། །འདའ་བར་གྱུར་ན་འཚིག་པར་བཤད། །ཅེས་གསུངས་སོ། །སློབ་མ་ལ་དགོས་པ་རྒྱུའི་ཐེག་པ་ཐུན་མོང་དང་། ཁྱད་པར་གཉིས་ཀྱི་སྡོམ་པ་འོག་མ་སོར་བྱང་གཉིས། འདིར་བླ་མེད་དབང་གི་ཡན་ལག་ཏུ་འགྲོ་དགོས་ཏེ། ཕུར་བ་ཞེ་སྡང་ཁྲོས་པའི་རྒྱུད་ལས། སོ་སོར་ཐར་བ་དང་པོ་སྦྱིན། །དེ་ལ་ཉན་ཐོས་ཆོས་རྣམས་བསྟན། །དེ་ནས་བྱང་ཆུབ་སྡོམ་ཆེན་སྦྱིན། །དེ་ལ་དབུ་མའི་ཆོས་རྣམས་བཤད། །མཐར་ནི་འབྲས་བུ་ཐེག་ཆེན་གྱི། །དབང་སྦྱིན་འབྲས་བུའི་རྒྱུད་འདི་བཤད། །ཅེས་དང་། རྣམ་ངེས་ལས། དེ་ལྟར་ཐུན་མོང་སྡོམ་པ་འོག་མ་གཉིས། །འདིར་ནི་བླ་མེད་དབང་གི་ཡན་ལག་ཏུ། །རྒྱུད་སྡེ་རྒྱ་མཚོར་བཤད་ལྟར་འདིར་འཆད་དོ། །ཞེས་གསུངས་པ་བཞིན་ནོ། །དེ་ནས་མིག་རས་དང་མེ་ཏོག་གཏད་ལ་སློབ་མ་ལྷར་བསྐྱེད་པ་ནི། ཤྲཱྀ་ཧེ་རུ་ཀའི༴ ང་རྒྱལ་གྱིས་བགེགས་བསྐྲད་པ་ནི། རྗེས་འབྲང་གི་བགེགས་སོ། །བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། །གང་དུ་བཅོམ་ལྡན་ལྷན་ཅིག་ཏུ། །འོང་བའི་ཕྱོགས་ཀྱི་བདག་པོ་རྣམས། གང་ཡང་རྗེས་སུ་འབྲང་བཅས་འདིར། །ཞེས་བཤད་པས་ཕྱིར་བསྐྲད། དེ་ནས་སློབ་མ་ལྷར་གསལ་ཏེ། རང་བཞིན་ཡེ་ཤེས་ཀྱི་ཞིང་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི། ཧཱུྃ་དཀྱིལ་འཁོར་ཆེན་པོ་ཤར་གྱི་སྒོ༴ སོགས་ཞེས་པ་ནི་ལྷ་དང་སློབ་དཔོན་དབྱེར་མེད་རིག་པ་ཉམས་ཀྱི་དཀྱིལ་འཁོར་གྱི་རྩལ་ལས་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་ལམ་གྱིས་ཤར་ཏེ་དཀྱུས་ཚིག་ལྟར་དལ་དུ་འཇུག་པར་བྱ། དེ་ཡང་རིག་པ་ཉམས་ཀྱི་དཀྱིལ་འཁོར་ནི། རྒྱུད་ལས། རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་༼གྱི་༽ལོའི་ཚུལ། །ཞེས་གསུངས་པ་དེ་བཞིན་ནོ། །རྗེ་ཁྱབ་བདག་འཁོར་ལོའི་མགོན་པོས་ཀྱང་། འཁོར་

འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེ་བ་མེད་པའི་ཀློང་དུ་རོ་གཅིག་པ་ནི་རང་བཞིན་སྐྱེ་མེད་ཀྱི་ངང་ལས་རྣམ་རོལ་འགགས་མེད་ཀྱི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཞེས་གསུངས་པ་དེ་བཞིན་ནོ། །མེ་ཏོག་དོར་བ་ནི། མཚོན་བྱ་ལས་དཀྱིལ་སྟེང་དུ། ཚེ་འདས་རིག་པའི་མེ་ཏོག༴ སོགས་ཞེས་པ་ལ་ལས་དང་ཐུགས་རྗེ་མཐུན་པའི་རྟེན་ཅིང་འབྲེལ་འབྱུང་ལ་བརྟེན་ནས་ཡི་དམ་གྱི་ལྷ་ངོས་འཛིན་པའི་ཆེད་དུ་དཀྱུས་བཞིན་མེ་ཏོག་དབུས་སུ་འཕངས་ལ་ཕོག་པའི་ལྷ་ངོ་སྤྲད་ལ་གསང་མཚན་བཏག་གོ །རྒྱུད་ལས། དེ་ནས་མིག་དར་བཅས་པ་ཡིས། །ཕྱག་འཚལ་ཐལ་མོ་སྙིང་གར་སྦྱར། །མེ་ཏོག་དཀྱིལ་འཁོར་དབུས་སུ་དོར། །རིགས་ཀྱི་མཚན་བཏགས་མིག་དར་དབྱེ། །བླ་མས་གཟེངས་བསྟོད་བསྒྲུབ་ལུང་འབོགས། །ཞེས་གསུངས་པ་ལྟར་བྱ། སློབ་མའི་མིག་དར་ནང་ནས་ཁ་དོག་གི་རིགས་བརྟག །དེ་བཞིན་སློབ་དཔོན་གྱིས་ངོ་སྤྲད། མིག་དར་དབྱེ་བ་ནི། ཧཱུྃ་ཀུན་བཟང་རིགས་ལྔ་རྡོ་རྗེ༴ སོགས་མིག་རས་བསལ་ལ། སྔོན་ཆད་སྒྲིབ་གཉིས་མ་རིག་པའི་ལིང་ཏོག་བསལ་ཏེ་རིག་པའི་ཡེ་ཤེས་བྱ་རྩོལ་བློ་འདས་དང་བྲལ་བའི་ངང་ལ་མཉམ་པར་བཞག །དེ་ནས་སློབ་དཔོན་གྱིས། ཀྱེ་མ་ཚེ་འདས་རིགས་ཀྱི་བུ༴ ཞེས་སློབ་མ་གཟེངས་བསྟོད་ནས་སྤྲོ་བ་བསྐྱེད་ནས་དངོས་གྲུབ་ཐོབ་པར་བཤད། དེ་ནས་རྟེན་དང་བརྟེན་པ་རྣམས། རྣམ་དག་མཐོང་བ་རང་གྲོལ་ལྟར་ངོ་སྤྲད། དེ་ལྟར་སློབ་མ་དབང་པོ་ཡང་རབ་ལ་ཏིང་ངེ་འཛིན་སྤྲུལ་བའི་དཀྱིལ་འཁོར་དུ་ངོ་སྤྲད། སྔོན་སློབ་དཔོན་པདྨས་སྟག་ཚང་ཕུག་ཏུ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པར་བསྟན་ནས་མཚོ་རྒྱལ་ལ་དབང་བསྐུར་བ་ལྟ་བུའོ། །སློབ་མ་དབང་པོ་ཐ་མ་རྫས་ཀྱི་དཀྱིལ་འཁོར་དུ་ངོ་སྤྲད། དེ་ཡང་ཡེ་

ཤེས་རྔམ་པ་གློག་གི་འོད་ཟེར་ལས། མི་ཤེས་པ་ཡི་འགྲོ་བ་ལ། །མཚོན་པར་གསལ་བའི་དོན་སྟོན་ཕྱིར། །གཟུགས་བརྙན་དཀྱིལ་འཁོར་བཤད་པར་བྱ། །ཞེས་གསུངས་པ་བཞིན་ངོ་སྤྲད་དོ། །བདུན་པ་དབང་ལ་འཇུག་པ་ནི། རིགས་དྲུག་གནས་འདྲེན་གྱི་ལས་རིམ་བདུན་པའི་ཡིག་ཆུང་ལས། ཐོག་མར་སྐུ་གསུང་ཐུགས་ཀྱི་དབང་གསུམ་བསྐུར། །དེ་རྗེས་ཆུ་དང་དབུ་རྒྱན་རྡོར་དྲིལ་མིང་། །ཞེས་དང་། དེ་ནས་གསང་དབང་ཤེས་རབ་ཚིག་དབང་བསྐུར། །དེ་ནས་ཞི་ཁྲོ་མངའ་གསོལ་རྟགས་ཀྱི་དབང་། །ཞེས་གསུངས་པ་འདི་དག་གཏེར་ཚིག་འཁྲུལ་མེད་རང་གཞུང་ནས་སློབ་དཔོན་པདྨའི་བཞེད་པར་གསལ་བཞིན་མངོན་སུམ་དུ་ཡོད་པ་འདི་དག་ལ་མི་འཇུག་པར་ཞི་ཁྲོ་དབང་ཆོག་གི་ཐོག་མར་སྐུ་གསུང་ཐུགས་དབང་སོགས་བསྐུར་ཞིང་། དེ་ནས་དབང་ལྔ་རྫོགས་ཏེ་གསང་དབང་སོགས་བཤད་པ་འདི་ལ་དཔྱད་ན་ཡང་། གཏེར་མ་དངོས་ཅིག་ཡོད་པ་འདྲ་སྟེ། རྗེ་གྲུབ་པའི་དབང་པོ་པདྨ་རིག་འཛིན་གྱིས་བཀའ་མ་དེ་དག་མ་གཏོགས་ཕྲན་གྱིས་མ་མཐོང་། ད་ལྟའི་ཕྱག་ལེན་དེ་དང་མི་བསྟུན་པ་འདྲ་བས་ཅུང་ཟད་འཆུག་པས་སྐྱེས་བུ་བློ་ལྡན་རྣམས་ཀྱིས་དཔྱད་པར་ཞུ། ཐུན་མོང་རིག་པའི་དབང་ལྔ་ནི། དེ་ལྟའི་མཁས་དབང་རྣམས་ཀྱིས་རྣམ་རྒྱལ་བུམ་པ་སྟོན་པར་འདུག་ཀྱང་། ཆུའི་དབང་བསྐུར་ཚུལ་དང་། ལུང་གི་འབྱུང་ལ། ལས་བུམ་བསྟན་ཀྱང་འགལ་བར་མ་སེམས་སོ། །མཆན། སྤྲོ་ན་སློབ་དཔོན་མདུན་དུ་གདན་གསུམ་ཚང་བའི་དབང་ལྷ་སྤྱན་དྲངས་ཏེ་བུམ་པ་དབུ་རྒྱན་རྡོར་དྲིལ་སོགས་བཤམས་ཏེ། སྭ་བྷ་ཝ༴ བརྗོད་དེ་བུམ་ཆུ་ཀུ་ཤས་གཏོར་ནས་རང་གི་ཕུང་པོ་ལྔ་དག་པར་སྦྱངས་ནས། དབང་ལྷ་སྤྱན་དྲངས་ནས་མཆོད་ཅིང་བསྟོད་ལ་དབང་རྫས་རྣམས་བྱིན་གྱིས་བརླབས་ནས་རིགས་སོ་སོའི་ངོ་བོར་གྱུར་ནས་རང་རང་གི་དབང་རྫས་རྣམས་

ཐོགས་ནས་སློབ་མ་ལ་རིམ་པ་བཞིན་དུ་དབང་བསྐུར་ནས་རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླང་། བྱང་སེམས་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ་བར་དམིགས་ཏེ། གདན་གསུམ་ཚང་བའི་ལྷ་ནི། ཀློང་ཆེན་ལས། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན། །དབང་ཤེས་དག་པ་སེམས་དཔའ་སེམས་མ་སྟེ། །ལས་ཀྱི་བདག་པོ་ཁྲོ་བོའི་ཁྲོ་མོའི་ཚོགས། །གདན་གསུམ་ཡོངས་རྫོགས་ལྷ་ལ༴ ཞེས་གསུངས་པ་དེ་བཞིན་ནོ། །དེ་ཡང་རྒྱས་བསྡུས་སྐབས་དང་བསྟུན་ལ་མ་བྱས་ཀྱང་འགལ་བར་མ་སེམས་སོ། །དེ་ནས་སློབ་མ་མི་བསྐྱོད་པར་གསལ་ལ། བུམ་པ་གང་མོས་ཐོགས་ཏེ། ཧཱུྃ་སྐུ་གསུམ་དམ་ཚིག༴ སོགས་མི་བསྐྱོད་པ་ཆུའི་དབང་བསྐུར་བས་རྣམ་ཤེས་ཕུང་པོ་དག་ཅིང་ཞེ་སྡང་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག །ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ཆུའི་ཁམས་མཱ་མ་ཀཱིར་སངས་རྒྱས། དབང་ཆེན་རྣམས་སྤྱན་མ་དང་མཱ་མ་ཀཱི་གོ་ས་འཕོ་བ་ནི། མེ་ཁམས་ཞེ་སྡང་དང་། ས་ཁམས་ང་རྒྱལ་གྱི་རྟོག་པ་རང་རང་གི་དག་བྱ་དང་དག་བྱེད་གཉེན་པོ་ལ་འཇུག་པའི་དོན་ནོ། །མཆན། ཞེ་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིགས་ཀྱི་ཐུགས་འཁྲུལ་བ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །སློབ་མ་རིན་འབྱུང་དུ་གསལ་ལ་དབུ་རྒྱན་ཐོག །ས་ནས། ཧཱུྃ་སངས་རྒྱས་ཀུན་གྱི༴ ཞེས་སོགས་ཚོར་བའི་ཕུང་པོ་དག་ཅིང་ང་རྒྱལ་དང་ཤེས་བྱའི་སྒྲིབ་པ་དག །ཡོན་ཏན་གྱི་དབང་ཐོབ། ཚོར་ཕུང་རིན་འབྱུང་དང་ས་ཁམས་སྤྱན་མར་དག །ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་གྲོལ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་རྟོགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །སློབ་མ་སྣང་མཐར་གསལ་ཏེ་རྡོ་རྗེའི་དབང་བསྐུར་བ་ནི། ཧཱུྃ་སངས་རྒྱས་ཀུན་གྱི༴

འདུ་ཤེས་ཕུང་པོ་དག་ཅིང་འདོད་ཆགས་དང་ངག་སྒྲིབ་དག །གསུང་གི་དབང་ཐོབ། འདུ་ཤེས་ཕུང་པོ་སྣང་མཐའ་དང་། མེ་ཁམས་གོས་དཀར་དུ་གྲོལ། འདོད་ཆགས་སོར་རྟོག་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨ་རིགས་ཀྱི་གསུང་འགག་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱི་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་དོན་གྲུབ་ཏུ་གསལ་ཏེ་དྲིལ་བུ་བཟུང་ལ། ཧཱུྃ་ཐབས་དང་ཤེས་རབ༴ འདུ་བྱེད་ཕུང་པོ་དག་ཅིང་ཕྲག་དོག་དང་། ཀུན་གཞིའི་སྒྲིབ་པ་དག །ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཕུང་པོ་དོན་གྲུབ་དང་རླུང་ཁམས་སྒྲོལ་མར་སངས་རྒྱས། ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ་གྲོལ། ལས་ཀྱི་རིགས་ཀྱི་འཕྲིན་ལས་ཐོགས་པ་མེད་པར་འགྲུབ་ནས་འགྲོ་དོན་བྱེད་པར་འགྱུར་རོ། །སློབ་མ་རྣམ་སྣང་དུ་གསལ། ཐབས་ཤེས་དྲིལ་བུ་ཐོགས་ལ། ཧཱུྃ་རྡོ་རྗེ་མིང་གི༴ སོགས་གཟུགས་ཕུང་དག་ཅིང་གཏི་མུག་དང་ལུས་ཀྱི་སྒྲིབ་པ་དག །སྐུའི་དབང་ཐོབ། གཟུགས་ཕུང་རྣམ་སྣང་དང་ནམ་མཁའ་དབྱིངས་ཕྱུག་མར་དག །གཏི་མུག་མེ་ལོང་ཡེ་ཤེས་སུ་གྲོལ། དེ་བཞིན་གཤེགས་པའི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་བཤད། དེ་བཞིན་རིགས་དབང་ལྔའི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ན ི་གར་དབང་འཇིགས་མེད་གླིང་པའི་བཞེད་པ་ལྟར་རོ། །འོ་དེ་ལྟར་ཐུན་མོང་རིག་པའི་དབང་ལྔ༴ སོགས་གོང་དུ་སོང་བས་འཐུས་སོ། །ལུང་གིས་ཀྱང་འགྲུབ་ལ། རྒྱུད་ལས། ཞེ་སྡང་མེ་གསོད་ཆུ་ཡི་དབང་། །ང་རྒྱལ་རི་སྙིལ་དབུ་རྒྱན་དབང་། །འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་། །ཕྲག་དོག་ཞེན་གྲོལ་དྲིལ་བུའི་དབང་། །གཏི་མུག་མུན་སེལ་མིང་གི་དབང་། །ཞེས་གསུངས་པ་དེ་བཞིན་ནོ། །དེ་ནས་བུམ་དབང་ཞུ་བའི་ཆེད་དུ་སློབ་མའི་ཐལ་མོ་སྦྱར་ལ་རྗེས་ཟློས་ཚུལ་གྱིས།

ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ༴ སོགས་ཞུ་བ་ཕུལ་ལ། སློབ་དཔོན་གྱིས་བུམ་པ་ཐོགས་ལ་སེམས་ཉིད་གསལ་སྟོང་འཛིན་མེད་ཀྱི་ངང་ནས། འོ་རིགས་ཀྱི་བུ་རྣམས་བུམ་པ་འདི་སྤྱི་བོར་བཞག་པ༴ སོགས་བརྗོད་ལ། ཧཱུྃ་རིན་ཆེན་བུམ་པ༴ སོགས་ཀྱིས་སློབ་མའི་སྤྱི་བོར་བཞག་པ་ཙམ་གྱིས་རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་འོད་དུ་ཞུ་ནས་སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་ཞུགས་པས་ནང་ཐམས་ཅད་བདུད་རྩིས་གང་། ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་སུ་གྲོལ་ནས་ཚེ་རབས་ཐོག་མ་མེད་པ་ནས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་ནས། ལུས་ལྷ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་ཅིང་། དོན་གཉིས་མཐར་ཕྱིན་ནས་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ངང་ནས་འགྲོ་བ་སེམས་ཅན་ཐམས་ཅད་འདྲེན་པའི་དཔལ་མགོན་དམ་པར་གྱུར་པའི་སྐལ་བ་ཅན་དུ་བྱས་སོ། །དེ་ནི་རང་གཞུང་གི་དགོངས་པའོ། །ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ནི། པར་བུ་སྲེགས་ཤིང་ཐོགས་ལ། ཧཱུྃ་རིན་ཆེན་པར་བུ་ལྷུང་བཟེད་ན༴ ཞེས་ཐབས་ཤེས་ཟུང་འཇུག་གི་དབང་རྒྱུད་ལ་བཞག་པའི་དོན་ལ་མཉམ་པར་བཞག །དེ་ནས་རིགས་ལྔའི་ཕྱག་མཚན་མགོ་ཐོག་ཏུ་བཞག་ལ། ཧཱུྃ་རྡོ་རྗེ་འཁོར་ལོ༴ ཞེས་ཕྱག་མཚན་ལྔའི་དབང་བསྐུར་བས་འཁོར་བ་ལས་ལྡོག་སྟེ་ཡེ་ཤེས་ལྔའི་འཁོར་ལོའི་རང་བཞིན་དུ་གྱུར་པར་བསམ། འོ་རིགས་ཀྱི་བུ་ཐོག་མར་ལུས་སྨིན་པར་བྱེད་པ་བུམ་པ་ལྷའི་དབང་བསྐུར་བས་བུམ་པ་འདིའི་ནང་ན་སྨན་ལྔ་སོགས། ལྔ་ལྔ་བཤད་པ་ནི། སྙིང་རྗེ་ལྔ་ནི། རང་བཞིན་སྐྱེ་བའི་སྙིང་རྗེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ། མི་སྐྱེ་བའི་སྡུག་བསྔལ་ཅན་གྱི་སྙིང་རྗེ་ཡུལ་ཡིན་ནོ། །བཏང་སྙོམས་ལྔ་ནི། མཐོ་དམན་མི་སེམས་

པའི་བཏང་སྙོམས། རང་གཞན་སྲུང་བའི་བཏང་སྙོམས། དུས་དང་དུས་མིན་པའི་བཏང་སྙོམས། དགག་སྒྲུབ་མེད་པའི་བཏང་སྙོམས། ལས་སུ་རུང་བའི་བཏང་སྙོམས་དང་ལྔའོ། །སེམས་ཅན་ལ་ཉེ་རང་མེད་པའི་བཏང་སྙོམས་ཞེས་གསུངས་སོ། །བྱམས་པ་ལྔ་ནི། ཁོང་ཁྲོ་མེད་པའི་བྱམས་པ། འདོད་སྲེད་མེད་པའི་བྱམས་པ། གཏི་མུག་མེད་པའི་བྱམས་པ། ང་རྒྱལ་མེད་པའི་བྱམས་པ། ཕྲག་དོག་མེད་པའི་བྱམས་པ་དང་ལྔའོ། །རིགས་དྲུག་སྡུག་བསྔལ་བདག་ལེན་གྱི་བྱམས་པ་དང་ལྔ་གསུངས། དགའ་བ་ལྔ་ནི། འཕགས་པ་རབ་ཏུ་དགའ་བ། མོས་གུས་དང་བཅས་པའི་དགའ་བ། བཙལ་དཀའ་རྙེད་པའི་དགའ་བ། ཞི་བར་གནས་པའི་དགའ་བ། མི་ཐུབ་པའི་དགའ་བའོ། །བདག་བདེ་གཞན་ལ་ཕན་ན་དགའ་བདེའི་རྒྱུ་གསུངས་སོ། །སྐུ་ལྔ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་ལྔའོ། །སླར་སློབ་མའི་ལྷ་དབང་ཆེན་མོ་ཞུ་བའི་ཆེད་དུ་ཐལ་མོ་སྦྱར་ནས། ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ༴ ཞེས་རྗེས་ཟློས་ཚུལ་དུ་བརྗོད། དེ་ནས་སློབ་དཔོན་གྱིས་སྐུ་ཙག་བཟུང་ལ། ཧཱུྃ་སྐལ་ལྡན་རིགས་ཀྱི༴ རང་སྣང་དག་པ་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་མཉམ་པར་བཞག་སྟེ་དབང་བསྐུར་བར་བྱ། ལུང་ལས། རང་བྱུང་རོལ་བའི་དབྱིངས་ཀློང་ནས། །འཁོར་འདས་ཆོས་རྣམས་དབང་གི་དཀྱིལ། །བདག་འཛིན་བྲལ་བའི་གནས་ཏེ་རུ། །བྱང་ཆུབ་དབང་གི་ཆུ་རྒྱུན་འབེབས། །ཞེས་གསུངས་པ་དེ་ལྟར་དུ་བྱའོ། །འདིར་ལྷ་དབང་གི་བཤད་པ་ངོ་སྤྲོད་སྐབས་གསལ་བས་འགྲེལ་ཞུས་མི་དགོས་སྟེ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །རྒྱལ་བ་རིགས་ལྔ༴ ཞེས་སོགས། སྦྱང་བྱ་ཕུང་

པོ་ལྔ་སྦྱོང་བྱེད་རིགས་ལྔའི་དབང་། སྦྱངས་འབྲས་རིགས་ལྔའི་གོ་འཕང་ལ་འགོད་པར་བཞེད་དོ། །དེ་བཞིན་ཡུམ་ལྔ༴ བྱང་སེམས་བཅུ་དྲུག །ཐུབ་དྲུག །སྒོ་བ་ཡབ་ཡུམ་བརྒྱད་དང་བཅས་པ་རང་གཞུང་ནས་ངོ་སྤྲོད་གསལ་བས་ཁྱབ་སྟེ་མ་སྤྲོས་སོ། །ཡང་ཁྲག་འཐུང་སྐབས་སུ་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་སོགས་ཞི་བའི་སྐབས་དང་མི་མཐུན་པ་ཆེར་མེད་དེ། སེམས་ཅན་རྣམས་ལ་དབང་པོ་ཞི་དྲག་གཉིས་ཀྱི་ཆེད་དུ་བསྟན་པ་ལ་དབང་པོ་དུལ་བ་ཞི་བས་འདུལ་བ། དབང་པོ་རགས་པ་ཁྲོ་བོས་འདུལ་བར་བསྟན་ལ། ཡེ་ཤེས་རོལ་བའི་རྒྱུད་ལས། གཞི་མ་གྲུབ་པའི་སངས་རྒྱས་ནི། །ཞི་དང་ཁྲོ་བོའི་རང་བཞིན་ལས། །མ་རིག་དུག་གསུམ་རྒྱུ་མཐུན་པའི། །དབང་པོ་ཞི་དྲག་གཉིས་སུ་སྣང་། །ཞེས་གསུངས་པ་དེ་བཞིན་ནོ། །གཏོར་དབང་ནི། རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་སྐུ་གསུང་ཐུགས་ལས་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་བས་སློབ་མའི་སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དང་ལྡན་པར་བསམ། མཐའ་རྟེན་རྒྱལ་སྲིད་སྣ་བདུན་དང་རྟགས་བརྒྱད་རྣམས་དཀྱུས་བཞིན་དུ་རྟོགས་སླའོ། །འདོད་ཡོན་བྱིན་རླབས་ལ། བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བའི་འདོད་པའི་ཡོན་ཏན་ལྔས་ནམ་མཁའ་ཁྱབ་པར་སྤྲུལ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཚོགས་བསགས་ཏེ་ཕུང་ལྔ་གནས་སུ་དག་ནས་འདོད་ཡོན་ལྔ་ལ་ལོངས་སྤྱོད་ནས་རིགས་ལྔའི་གོ་འཕང་ལ་སྨོན་པའོ། །བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ་ནི། འདི་ནས་ཤར་གྱི་ཕྱོགས་རོལ༴ སོགས་ཤར་ལྷོ་ནུབ་བྱང་དབུས་དང་ལྔར་ཡུམ་ཆེན་ལྔའི་མཁའ་ཀློང་རྣམ་དག་ཡངས་པ་ཆེན་པོས་མ་ཁྱབ་པ་མེད་པ་གཡོ་མེད་འཕོ་འགྱུར་དང་བྲལ་བའི་ངང་དུ་གནས་པ་དེ་

ལྟར། དམིགས་ཡུལ་གྱི་ཁམས་ལྔ་ཡང་དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ས་བོན་གྱི་ཡི་གེ་སུཾཿབཾཿརཾཿཡཾཿཨེཿརྣམས་རྟེན་བྱེད་དུ་གནས་པ་ལ། དཔེར་ན་ཕྱིའི་ནམ་མཁའ་དང་བུམ་ནང་གི་ནམ་མཁའ་ལྟ་བུ་ཡིན་ཏེ། སྨོན་ལམ་སྟོབས་པོ་ཆེ་བཏབ་པའི་མཐུས་དབྱེར་མེད་དུ་སངས་རྒྱས་པར་འགྱུར་རོ། །དགུ་པ་ནད་དང་སྒྲིབ་པ་སྦྱངས་པ་ནི། མཚོན་བྱེད་སྐུ་གཟུགས་ལྔ་མེ་ལོང་ངོགས་སུ་བསྟན་ཏེ། །ཀྱེ་མ་མུན་པ་ལྟ་བུའི་འཇིག་རྟེན༴ ཞེས་སོགས། དཀྱུས་བཞིན་བརྗོད་དེ། །དམིགས་ཡུལ་གྱི་ཡེ་ནས་ལྷན་སྐྱེས་ཀུན་བཏགས་ལོག་པར་རྟོག་པའི་རྗེས་སུ་འབྲངས་ནས་གཞན་དབང་དུ་གྱུར་པའི་དབང་པོ་ལྔའི་ཡུལ་ལ་བརྟེན་ནས་ནད་ལྔ་འབྱུང་བ་ལ། སློབ་དཔོན་གྱིས་ཡོངས་གྲུབ་མཉམ་ཉིད་རོལ་པ་ཆེན་པོའི་སྐུར་སྤྲུལ་ནས་སློབ་མའི་དབང་པོ་ལྔའི་ནད་རྣམས་དབྱིངས་སུ་དག་ནས་བྱིན་གྱིས་བརླབས་པར་བསམས་ལ། བཅུ་པ་གནས་སྤར་བྱ་བ་ནི། མཚོན་བྱ་འོད་གསལ་གྱི་བརྡ་རྟགས་སུ་མར་མེ་ཐོགས་ལ་བྱིན་རླབས་བྱས་ཏེ། ཧཱུྃ་རང་བཞིན་ཤུགས་ཀྱིས་དྲངས༴ སོགས་བརྗོད་དེ། དམིགས་ཡུལ་དེ་ཉིད་འཁོར་བའི་གནས་སུ་མ་རིག་མུན་པར་དབང་མེད་དུ་འཁྱམས་པའི་རྦ་རླབས་དོས་དྲག་པོ་ཆེ་འདི་ལ་སློབ་དཔོན་གྱི་ཐུགས་རྗེ་ཡེ་ཤེས་འོད་ཟེར་སྣང་བ་ཆེན་པོས་ཁྱབ་པར་བྱས་ཏེ་རང་སྣང་དག་པ་ཆོས་ཀྱི་དབྱིངས་རང་རིག་ཡེ་ཤེས་གྱི་ལྷ་དང་དབྱེར་མེད་དུ་ངོ་སྤྲོད་ནས་སངས་རྒྱས་པ་ལ་བཞེད་དོ། །འདི་ནས་ཤར་ཀྱི་ཕྱོགས་རོལ་ན༴ ཞེས་སོགས་གཞུང་བཞིན་བརྗོད་དེ། རང་བཞིན་ཡེ་ཤེས་ཀྱི་ཞིང་ལྔའི་གནས་སུ་རྫོགས་པའི་སངས་རྒྱས་ལོངས་སྐུ་རིགས་ལྔ་བཞུགས་པའི་མཚན་ནས་བརྗོད་ཅིང་རྗེས་སུ་བཟུང་ནས་ཞིང་དེར་སྨོན་ལམ་བཏབ་སྟེ།

དམིགས་ཡུལ་གྱི་ཕུང་ལྔ་ཚོགས་བསགས་པའི་ཆེད་དུ་འབུལ་ནས། མ་ནོར་བའི་ལམ་བསྟན་ནས་བྱང་ཆུབ་གནས་སུ་འདྲེན་པའི་རྟེན་འབྲེལ་རྒྱུད་ལ་བཞག་གོ །ཐབས་ཀྱི་གཞུ་ལ་ཤེས་རབ༴ སོགས་ཚིག་རྐང་བཞི་དཔེར་ན་མཐེབ་དང་གཞུའི་རྩོལ་བས་མདའ་ཕ་རོལ་དུ་སྐད་ཅིག་གིས་ཕྱིན་པ་ལྟར་བཙན་ཐབས་སུ་མྱུར་ལམ་ཁྱད་པར་ཅན་གྱི་དཔེ་ཡིན་ལ་མཚོན་བྱེད་དུ་བསྟན་ནས། ལམ་ཐབས་མཆོག་སྔགས་ཀྱི་ཆོ་ག་བླ་ན་མེད་པ་འདི་གཞུ་ལྟ་བུ་ལ། ཤེས་རབ་རིག་པས་མ་རིག་སྒོ་ལྔའི་སྦུབ་རྒྱ་འདྲལ་བྱེད་ཀྱི་མདའ་སྦྱར་ཏེ། ཟུང་འཇུག་དམིགས་པའི་འཕྲུལ་འཁོར་གྱིས་ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱིས་དམིགས་ཡུལ་གྱི་སེམས་ཉིད་ཡི་གེ་ལྔར་གྱུར་པ་ཞིང་མཆོག་ཁྱད་པར་ཅན་དུ་འཕེན་པ་ནི་མཚོན་བྱ་སྒོམ་དོན་ནོ། །ཞེས་གསུངས་སོ། །ཞིང་ཁམས་འདི་ནས་ཤར་གྱི་ཕྱོགས་རོལ་ན། །མངོན་པར་དགའ་བའི༴ སོགས་རང་བཞིན་ཡེ་ཤེས་ཀྱི་ཞིང་ཁམས་ལོངས་སྐུ་ངེས་པ་ལྔ་ལྡན་ཏེ། དེ་ཡང་གནས་ངེས་པ་རང་སྣང་རྣམ་པར་དག་པ་ཁྱབ་བརྡལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། སྟོན་པ་ངེས་པ་ལོངས་སྐུ་རྒྱལ་བ་རིགས་ལྔ། འཁོར་ངེས་པ་ཉིད་ལས་མི་གཞན་པ་ས་བཅུའི་སེམས་དཔའ་དང་སེམས་མ། ཆོས་ངེས་པ་འོད་གསལ་རྫོགས་པ་ཆེན་པོ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོའོ། །དེ་ལྟ་བུའི་ཞིང་ཁམས་སོ་སོའི་མཚན་ཉིད་དང་དགའ་བདེའི་ཡོན་ཏན་སོགས་བསྔགས་པ་བརྗོད་ནས་ཁ་ཙམ་ཚིག་ཙམ་མ་ཡིན་པ་ཐེ་ཚོམ་མེད་པར་ཡང་དག་པའི་ངེས་ཤེས་ངང་ནས་དཀྱུས་བཞིན་བློ་ལ་གསལ་ཏེ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ནས་སངས་རྒྱས་རྣམ་པར་སྣང་མཛད་དང་ཡུམ་སངས་རྒྱས་སྤྱན་མ་གཉིས་ཐབས་ཤེས་ཟུང་འཇུག་བདེ་བ་ཆེན་པོའི་ངང་དུ་གནས་པ་ལ་དམིགས་ཡུལ་

རྣམ་ཤེས་བྱང་བུར་གནས་པ་དེ་ཉིད་གཟུགས་ཕུང་ༀ་གྱི་ངོ་བོར་གནས་གྱུར་ནས་སྐྱེས་བུ་རྩལ་ལྡན་གྱིས་མདའ་འཕངས་པ་ལྟར་ཕཊ་ཀྱིི་སྒྲ་ཡིས་ཐོགས་མེད་དུ་སྤར་ནས་སངས་རྒྱས་སྤྱན་མའི་མཁའ་ཀློང་དུ་ཐིམ་པས་རྒྱལ་བའི་གོ་འཕང་ལ་འགོད་པར་བྱ། དེ་ལྟར་ལྷོ་དང་ནུབ་དང་བྱང་དབུས་རྣམས་དེ་བཞིན་རིམ་གྱིས་ཚོར་ཕུང་སོགས་ཡི་གེ་ལ་བརྟེན་སངས་རྒྱས་ཀྱི་ཞིང་དུ་སྤར་བར་བྱའོ། །དེ་ལ་ལམ་ཁྱེར་ནི། གནས་ལུགས་མཉམ་པ་ཉིད་ཀྱི་ངང་ནས། ལམ་རིག་རྩལ་འགག་མེད་དམིགས་རིམས་སུ་ཤར་བའི་ཞིང་ཁམས་དང་སངས་རྒྱས་བྱང་སེམས་རྒྱན་དང་བཀོད་པ་མཚན་ཉིད་སོགས་གཞུང་བཞིན་གསལ་བར་བྱ། དེ་ལྟར་རིམ་གཉིས་ཟུང་འཇུག་གི་ལམ་མཆོག་བླ་ན་མེད་པ་འདི་ཉིད་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་འདི་ལས་ལྷག་པའི་ཆོས་ཤིག་མ་གསུངས་སོ། །སློབ་དཔོན་ན་ག་རྫུ་ནའི་ཞལ་ནས། སངས་རྒྱས་མཆོག་གིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་འདུས། །གཅིག་ནི་བསྐྱེད་པའི་རིམ་པ་དང་། །གཞན་ཕྱིར་རྫོགས་པའི་རིམ་པའོ། །ཞེས་གསུངས་པ་བཞིན་ནོ། །དེའི་དགོངས་དོན་ནི། རྡོ་རྗེ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འདིས་ནི་འཁོར་བའི་ཕ་རོལ་ཏུ། །སྐྱེས་བུ་མདའ་འཕང་ཅི་བཞིན་འགྲོ། །ཞེས་དང་། ཡང་ཟབ་ལེའུ་བརྒྱད་མ་ལས། འཕོ་བ་སྐར་ཁུང་མདའ་འཕངས་ནི། །འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །ཡང་ཡང་སྦྱངས་པའི་རྟགས་མྱུར་ཐོན། །ཞེས་གསུངས་པ་བཞིན་དུ་ལན་མང་དུ་སྤར་བ་དང་། ཞིང་ཁམས་སོ་སོའི་གནས་སུ་ཐ་དད་དུ་སྤར་བ་ལ་མི་འགལ་ཏེ། ཞིང་ཁམས་ཐམས་ཅད་རྣམ་རོལ་ཐ་དད་ཡིན་ཀྱང་། དོན་ལ་ངོ་བོ་གཅིག་དུ་དྲིལ་ནས་དབྱེར་མེད་དུ་གནས་པའོ། །ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །སྔོན་གྱི་རྗེས་སུ་

འབྲངས་བས་ཀྱང་། །དེ་ལ་གདགས་པ་ཐ་དད་མེད། །ཅེས་གསུངས་སོ། །དེ་ལྟར་ཡང་རྒྱལ་བའི་སྲས་སུ་གྱུར་ནས་སངས་རྒྱས། སླར་ཡང་སངས་རྒྱས་ཀྱི་མཛད་པ་ལྟ་བུར་བྱས་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་སྨོན་ནོ། །དེ་ཡང་ཀུན་མཁྱེན་བློ་བཟང་གྲགས་པས། །བདེ་བ་ཅན་དུ་སྐྱེས་ནས་སླར་ཡང་ནི། །མ་དག་ཞིང་གི་འགྲོ་བ་འདྲེན་པར་ཤོག །ཅེས་གསུངས་པ་བཞིན་གསར་རྙིང་གི་དགོངས་པ་མཐུན་ནོ། །དེ་ནས་བྱང་བུ་བསྲེགས་པ་ནི། ཧཱུྃ་ཚེ་འདས་རིགས་ཀྱི༴ སོགས་གཞུང་བཞིན་བརྗོད་པ་ནི། སྦྱང་བྱ་ཚེ་འདས་ཀྱི་གློ་བུར་མ་དག་པའི་ཆ། སྦྱོང་བྱེད་དཀྱིལ་འཁོར་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་བྱུང་བས་དམིགས་ཡུལ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས། འབྲས་བུ་ལྷུན་གྲུབ་གདོད་མའི་བཙན་ས་ལ་འགོད་པའོ། །དེ་ནས་བསྔོ་སྨོན་གྱི་མཐའ་བརྒྱན་ཏེ་རྗེས་ཀྱི་རིམ་པ་རྣམས་བྱའོ། །བསྲུང་བྱ་སློབ་མའི་དམ་ཚིག་ནི་སྤྱི་ལྟར་ཡིན་ཏེ། དེ་ལྟར་བྱས་པས་ཆོ་གའི་ཕན་ཡོན་བསྟན་པ་ནི། སྦྱིན་བདག་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ཐོག་མའི་ཚིག་གིས་འགྲུབ་པར་བསྟན་ལ། གཤིན་པོ་རྣམས་ལ། ལས་ཀྱི་རྣམ་པར་སྨིན་པ་དག་པ་རྣམས་སྨོས་ཅི་དགོས། ཤིན་ཏུ་ལས་ངན་པ་རྣམས་ཀྱང་ངན་སོང་གསུམ་གྱི་གནས་སུ་ཡོད་ཀྱང་ཆོ་ག་ཟབ་མོའི་རྩིས་ཟིན་པའི་བྱིན་རླབས་ཀྱིས་བདེ་འགྲོའི་འབྲས་བུ་ཐོབ་པ་ལ་ཐེ་ཚོམ་མེད་དེ། ཉི་ཟླ་ཁ་སྦྱོར་ལས། དེ་ཉིད་ཤི་ནས་ཞག་གྲངས་ནི། །ཉི་ཤུ་རྩ་གཅིག་བར་དུ་ཡང་། །བདུན་པའི་ཚེ་ན་ཆོ་ག་འབད། །དམིགས་པའི་ཏིང་འཛིན་ལྡན་པ་གཅེས། །ཡང་ན་བདུན་ཕྲག་བདུན་དུ་བྱ། །དེ་ཚེ་དེ་ལ་ལམ་ཡང་བསྟན། །ཆོས་ནི་སྣ་ཚོགས་བཤད་པར་བྱ། །དེ་ལྟར་ཆོ་ག་སུ་ལྡན་པ། །དེ་ཉིད་ལ་ཡང་ཐེ་ཚོམ་མེད། །

ངེས་པར་འབྲས་བུ་ཐོབ་པའོ། །ཞེས་གསུངས་པ་དེ་བཞིན་ཤུལ་མི་རྣམས་ཀྱིིས་རང་གི་ཡོ་བྱད་དང་བསྟུན་པའི་མཆོད་འོས་རྣམས་སྤྱན་དྲངས་ནས་ལོག་ལྟ་དང་སེར་སྣ་སོགས་དུག་ཅན་གྱིས་མ་བསླད་དེ་མོས་གུས་ཁྱད་པར་ཅན་གྱི་སྒོ་ནས་འདྲེན་ཆོག་འདི་དང་འདི་ལྟ་བུ་བསྒྲུབས་ཏེ་ཚོགས་བསགས་པས་ཀྱང་གཤིན་པོ་ལ་ཕན་ཤིན་ཏུ་ཆེ་སྟེ། བར་དོ་དང་སྡུག་བསྔལ་གྱི་གནས་སོགས་གང་དུ་གནས་ཀྱང་། རྒྱལ་བུ་དགེ་མཐོང་དང་ལྷའི་བུ་ནོར་བུ་དྲི་མ་མེད་པ་ལྟར་སྡུག་བསྔལ་གྱི་ཚེ་ཚད་མྱུར་དུ་རྫོགས་ཏེ་རྨི་ལམ་ཟད་པ་ལྟར་བདེ་འགྲོ་མཐོ་རིས་མི་ལུས་མཆོག་ལྡན་ཐོབ་པའོ། །དེ་ཉིད་ལས། དེ་ལྟར་རྗེས་སུ་བཟུང་བ་ཡིས། །རིག་པའི་གནས་རྣམས་འཕོ་བྱས་ནས། །རིམ་པའི་ཚེ་ཚད་ཉུང་གྱུར་ནས། །མི་ཡི་གནས་ཀྱི་བདེ་བ་ཐོབ། ཅེས་དང་། ཁྱད་པར་དུ་གླང་པོ་རབ་འབོག་གི་ཀལྤ་དུམ་བུའི་དྲི་མེད་བཤགས་རྒྱུད་ལས། །གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆགས་ཀུན་ཀྱང་བྱང་གྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་། ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། ཞེས་གསུངས་པ་དེ་བཞིན་གནས་སྐབས་དང་། མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །སྨྲས་པ། (རིམ་གཉིས་ལམ་ལ་དབང་འབྱོར་ཇི་སྙེད་ལ། །བདག་འདྲའི་ངན་ལྐུག་ཚིག་གིས་སུ་ཞིག་སྤྲོ། །འདི་བྲིས་ལས་ལ་འགལ་བ་ཅི་མཆིས་པ། །ཡོངས་འཛིན་མཁས་དབང་རྣམས་ཀྱི་སྤྱན་སྔར་བཤགས། །

འོན་ཀྱང་བཤེས་གཉེན་ཟུང་གི་བཀའ་ཕེབས་ནས། །རྒྱ་བོད་མཁས་གྲུབ་ཡོངས་ཀྱི་རྒྱུད་དང་ལུང་། །གཙོ་བོར་བཟུང་ནས་ཅུང་ཟད་བཀོད་པ་འདི། །རང་བཟོ་མུན་པའི་གླིང་དུ་མདའ་འཕང་མིན། ༡། སྔོན་སྦྱངས་བག་ཆགས་ཕྲ་མོ་ལས་ཀྱི་འཕྲོ། །མ་དོར་བླ་མའི་དྲིན་གྱིས་ལེགས་བསྐྱངས་ནས། །ཐོས་བསམ་བསྒོམ་པའི་འབྲས་བུ་སྲིད་པ་ཙམ། །བསྟན་དང་འགྲོ་ལ་སྨན་པའི་ཆེད་དུ་དམིགས། ༢། ཡོ༷ངས་འདུས་ལེགས་པར་བཀྲ་བའི་ལྷ་ལམ་ངོགས། །ཡོ༷ངས་ཤར་རྟ་བདུན་དབང་པོ་གསར་བསྐྲུན་པས། །ཡོ༷ངས་ཀྱི་བློ་ཡི་པདྨོ་ཁ་འབྱེད་ནས། །ཡོ༷ངས་འཛིན་དམ་པའི་ཚོགས་རྣམས་དགྱེས་གྱུར་ཅིག༣། དེང་དུས་འདྲེན་པ་ཕལ་ཆེར་ཚིག་མི་སྤྲོས། །ཆུ་སྐྱེས་བརྒྱན་དང་ཆོས་བརྒྱད་རོ་ཡིས་མྱོས། །བསྟན་འགྲོའི་དོན་ལ་གྱ་གྱུའི་སྣང་ཚུལ་བཞིན། །འདི་ལ་བསམས་ན་མིག་ནས་མཆི་མ་དཀུ། ༤། མནར་མེད་གནས་སུ་ཤ་ཐང་ཆད་པའི་ཚོགས། །རྣམ་དག་ལམ་བཟང་ཟབ་མོ་འདིར་ཞུགས་ནས། །མཐོ་རིས་གནས་སུ་བདེ་བའི་ངལ་བསོས་ཏེ། །སྐུ་བཞིའི་འབྲས་བུ་མྱུར་དུ་ཐོབ་པར་ཤོག༥། རྣམ༵་འདྲེན་དམ་པ་དུ་མའི་གཞུང་ལུགས་འདིར། །དག༵་པའི་ཞིང་ཁམས་བགྲོད་པ་ཤིང་རྟའི་འཕྲུལ། །ལམ༵་ལྔ་མྱུར་རྫོགས་ས་བཅུ་མཐར་ཕྱིན་ནས། །བཟང༵་པོ་སྤྱོད་པའི་བཀྲ་ཤིས་ཡོངས་ཁྱབ་ཤོག །དགེའོ། །སརྦ་མངྒ་ལམ། ཅེས་པ་འདི་ཟབ་ཆོས་ཞི་ཁྲོའི་གནས་འདྲེན་གྱི་དོན་རྣམ་དག་ལམ་བཟང་ཞེས་བྱ་བ་འདི་ཉིད་བསྟན་པ་དང་སེམས་ཅན་གྱི་དོན་ལ་ཐུགས་བསྐྱེད་ཕུལ་དུ་བྱུང་བ་རྣམ་འདྲེན་དམ་པ་མགོན་པོ་སྲུང་དང་། བླ་མ་དབང་ལྡན་

གཉིས་ཀྱིས་དར་དཀར་གྱི་རྟེན་བྱས་ནས་ཡུན་རིང་མོ་ནས་བཀའ་ཕེབས་གསུངས་མི་ལྡོག་ཙམ་དུ་ཕྲན་བུ་ཀརྨ་ཆོས་དབྱིངས་དུ་འབོད་པས་ཟླ་ཀླུང་ཆུ་བོ་གསེར་ལྡན་དལ་གྱིས་འབབ་པའི་གཡོན་ཕྱོགས། དཔལ་ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་སྤྲུལ་པ་རླངས་སྲོན་༼སྟོན་༽ཨ་མི་བྱང་ཆུབ་འདྲེ་ཁོལ་གྱི་བྱིན་གྱིས་བརླབས་པའི་དབེན་གནས་དྲེའུ་དཀར་གྱིི་རི་ངོགས་གསང་ཆེན་བཤད་སྒྲུབ་གླིང་ནས་བྲིས་པའོ། །

རིགས་དྲུག་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་དགོངས་དོན་ཉུང་གསལ་ལོག་རྟོག་མུན་སེལ།

རིགས་དྲུག་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་དགོངས་དོན་ཉུང་གསལ་ལོག་རྟོག་མུན་སེལ་བཞུགས།

དག་པ་གཉིས་ལྡན་ཆོས་སྐུའི་མཁའ་ཀློང་ཡངས། །གདངས་རྩལ་ལྷུན་གྲུབ་ལོངས་སྐུའི་ཉིན་བྱེད་གདལ། །སྩོལ་མེད་ཐུགས་རྗེའི་ཟེར་གྱིས་རྨོངས་མུན་བསལ། །དགོངས་པ་རང་གྲོལ་བླ་མས་ཤིས་པ་སྩོལ། །དེ་ལ་འདིར་དཔལ་ཀུན་ཏུ་བཟང་པོ་སོགས་སྐུ་གསུམ་སྟོན་པ་རྒྱ་མཚོའི་ཐུགས་བཅུད། བརྒྱུད་གསུམ་རིག་འཛིན་བླ་མའི་དགོངས་ཏིག །པདྨའི་གཏེར་བཅུད་འདུས་པ། དུས་གསུམ་དུ་འབྱུང་བར་དཀའ་བའི་ཟབ་ཆོས་ཁྱད་འཕགས། ཞི་ཁྲོ་དགོངས་པ་རང་གྲོལ་ཉིད་ནང་རྒྱུད་སྡེ་གསུམ་གང་གི་ཕྱོགས་སུ་གཏོགས་ན། ཐུགས་རྗེས་གཞན་སྒྲོལ་ཕྱིར་སྤྲུལ་གཞི་ཞི་བ་ལས་སྤྲུལ་པ་ཁྲོ་བོའི་དཀྱིལ་འཁོར་འཕྲོས་ནས་རུ་ཏྲ་བསྒྲལ་བའི་ཚུལ་ལྟར། རྩ་རྒྱུད་སྒྱུ་འཕྲུལ་སོགས་དང་མཐུན་པར་སྟེང་ཁང་ཞི་བ་དང་འོག་ཁང་ཁྲོ་བོའི་དཀྱིལ་འཁོར་སོགས་ལྷ་བསྐྱེད་ཚུལ་མ་ཧཱ་ཡོ་ག་དང་མཐུན་ལ། དེ་ལས་ཁྱད་པར་དུ་དབྱེ་ན། རྟོགས་པས་བདག་བསྒྲལ་ཕྱིར་སྒོམ་རིམ་ལྷན་སྐྱེས་རང་གྲོལ་ལྟར་གཞི་གནས་དང་མཐུན་པར་སྙིང་གར་ཞི་བ་དང་། དུང་ཁང་དུ་ཁྲོ་བོའི་དཀྱིལ་འཁོར་ལྷན་སྐྱེས་ཀྱི་ཚུལ་དུ་བསྐྱེད་པ་དང་། སྐྱེ་འཆི་བར་དོ་གང་རུང་དུ་གྲོལ་བྱེད་ཀྱི་མན་ངག་གྲོལ་བ་བཞི་ལྡན་ཨ་ཏི་དང་འབྲེལ་བ་མང་དུ་བཞུགས་པས་མ་ཧཱའི་ཨ་ཏི་ཡིན་ཅིང་། ད་ལན་སྐབས་འདིར་བཤད་བྱ་སྲིད་པ་བར་དོའི་འགྲོ་

བ་སྐྱབས་བྲལ་མགོན་མེད་སྡུག་བསྔལ་གསུམ་ལྡན་དག་རྗེས་སུ་བཟུང་བའི་ཕྱིར། ལས་ཉོན་གྱི་རྣམ་སྨིན་སྦྱང་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ལ་བདེ་མྱུར་དུ་འདྲེན་པའི་མན་ངག་ཐབས་མང་དཀའ་བ་མེད་པ། རིགས་དྲུག་གནས་འདྲེན་འགྲོ་དྲུག་རང་གྲོལ་ཉིད་ལྔ་བདོའི་ལོག་རྟོག་གི་འཁྲུལ་མུན་བསལ་ཕྱིར་བསྐྱེད་རྫོགས་ཟུང་འཇུག་ལྟར་ཅུང་ཟད་གསལ་བར་དབྱེ་ན། དེ་ཡང་དབང་ཐོབ་ཅིང་དམ་ཚིག་ལ་གནས་ཤིང་བསྐྱེད་རྫོགས་ཀྱི་དོན་ལ་ངེས་པ་རྙེད་ནས་སྒོམ་རིམ་ལྟར་བསྙེན་པ་སྔོན་དུ་བཏང་བའི་རྣལ་འབྱོར་པས། གཞུང་བཞིན་བསྙེན་བསྒྲུབ་བུམ་བཟླས་སོགས་གྲུབ་ནས་སྐབས་སུ་བབ་པ་ན། མཚན་བྱང་གི་རྟེན་ཚེ་འདས་སུ་གསལ་བ་ལ། བདག་ཉིད་རྡོ་རྗེ་སེམས་དཔའ་གསལ་བའི་ཐུགས་རྗེའི་འོད་ཟེར་དང་། མཆོག་གསུམ་དཀྱིལ་འཁོར་ལྷ་ཚོགས་བདེན་གཉིས་བསླུ་བ་མེད་པའི་བདེན་པ་དང་། དམིགས་མེད་སྙིང་རྗེའི་ལྕགས་ཀྱུས་ཚེ་འདས་ཀྱི་རྣམ་ཤེས་ལས་ཉོན་དབང་གིས་ཁམས་གསུམ་སྲིད་པའི་གྲོང་ཁྱེར་གང་ན་གནས་ཀྱང་དབང་མེད་དུ་བཀུགས་ནས། སྲོག་རྟེན་ནྲྀ་ཡིག་ཉིད་སྐྱེ་འགགས་གནས་མེད་ཨ་ཡིག་དཀར་པོའི་རྣམ་པར་རྟེན་ལ་བསྟིམ་པ་དང་། ཐོག་མེད་ནས་མཐོ་རིས་དང་ཐར་ལམ་ལ་བར་དུ་གཅོད་ཅིང་འཁོར་བ་དང་ངན་སོང་གི་སྣ་འདྲེན་པའི་མཉམ་པོར་འོང་བའི་བདུད་ཚོགས་གཤེད་མའི་རིགས་ལ། ཞི་སྦྱང་གིས་གཏོར་མ་སྦྱིན་ནས་དབང་དུ་སྡུད། ཕྱེད་མས་དྲག་སྔགས་བཅས་ཆང་བུ་དང་ཏིང་ལོ་སྦྱིན་ནས་ཟིལ་གྱིས་གནོན། དྲག་སྦྱང་གིས་ཐུགས་རྗེ་རབ་ཁྲོས་དྲག་པོའི་ཚམས་རྔམ་དང་དྲག་སྔགས་གུལ་ཡུངས་བཅས་པས་བསྡིག་བསྐྲད་བརླག་པར་བྱས་ནས། སྲུང་བའི་འཁོར་ལོས་ཕྱིན་ཆད་མི་ཚུགས་པར་བྱ་བ་དང་། བར་དོའི་ཡིད་ལུས་ཉིད་སྐད་ཅིག་ཙམ་ཡང་མི་བརྟན་པར་

འགྱུར་ཞིང་གཡོ་བའི་མཚན་ཉིད་ཅན་ལ། ལུས་ངག་ཡིད་གསུམ་གྱི་རྟེན་དང་། ཉོན་མོངས་ཚ་གདུང་སྐྱོབ་པའི་ཐུགས་རྗེའི་གདུགས་ཁང་བསིལ་བར་བག་ཕེབས་སྟེ་གནས་པར་བྱ་བ་དང་། སྔོན་ཆད་ཡེ་ཤེས་ལྷ་ལ་དངོས་དང་བརྒྱུད་ནས་འགལ་བའི་ལྷ་འཁོན་སྦྱང་ཕྱིར། རྣམ་བུམ་གྱིས་ཆུས་སྐུ་ཁྲུས་གསོལ་བའི་ཆུ་དེ། ལས་བུམ་དུ་བླུག་ནས་ཕར་ཕྱིན་བཅུ་དང་མི་མཐུན་པའི་ལས་ཉོན་གྱི་དྲི་མ་བཀྲུས་ནས་དག་པའི་སྨོན་ལམ་བཏབ་པ་དང་། སྲིད་རྩ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་དུག་བཅོམ་པ་རྡོ་རྗེ་སེམས་དཔའ་སོགས་རྒྱལ་བ་རིགས་ལྔ་ལ་དུག་མི་མངའ་ཞིང་། ཉོན་མོངས་པ་ལྔ་སངས་ནས་ཡེ་ཤེས་ལྔ་རྒྱས་པའི་བདེན་པས་ཚེ་འདས་ཀྱི་ཉོན་མོངས་པའི་དུག་རྣམས་གདོད་ནས་རང་བཞིན་མེད་པའི་དབྱིངས་སུ་སྦྱངས་ནས་དག་པར་གྱུར་ཅིག །དུག་གསུམ་རྒྱུ་འབྲས་བཅས་བཅོམ་མཛད་བསླུ་མེད་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་དུག་མི་མངའ་བའི་བདེན་པས་ཚེ་འདས་ཀྱི་རྩ་བ་དང་ཉེ་བའི་དུག་ཐམས་ཅད་བཅོམ་ནས་སྟོང་པར་གྱུར་ཅིག །ཟག་བཅས་ཕུང་པོ་ལྔ་དང་འབྲེལ་ནས་ཤིན་ཏུ་གང་བ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སྐྱེད་བྱེད་རྩ་བའི་དུག་གསུམ་ཐར་པའི་སྲོག་གཅོད་པའི་དུག་མཆོག་ཏུ་གྱུར་པ། དྲག་པོའི་དུག་ཉིད་ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱིས་སྟོང་ཆེན་དབྱིངས་ཕྱུག་མའི་མཁའ་ཀློང་དུ་བཅོམ་ནས་ཉོན་མོངས་པའི་རྟེན་གཞི་ཞིག་པར་གྱུར་ཅིག །ཉོན་མོངས་པ་སྐྱེད་པའི་རྒྱུ་རྐྱེན་ཚོགས་པས་བསྡུས་པའི་ལུས་ལ་ལྷན་སྐྱེས་སུ། ཤ་ས། ཁྲག་ཆུ། དྲོད་མེ། དབུགས་རླུང་གིས་གང་བའི་ཕྱི་ནང་གི་འབྱུང་བའི་དུག་རྣམས། སྔོན་དུས་སུ་ཁྱིམ་བདག་དཔལ་སྦས་ཀྱིས་སྟོན་པ་འཁོར་བཅས་ལ། དུག་དང་སྦྱར་བའི་གདུགས་ཚོད་དྲངས་དུས་སུ། བདེན་ཚིག་བརྗོད་ནས་དུག་མེད་པར་མཛད་པའི་

བདེན་པས། དུག་ཐམས་ཅད་འབྱུང་བཞིས་གང་བའི་སྣོད་སོ་སོར་སོང་ལ་རང་བཞིན་མེད་པའི་དབྱིངས་སུ་སྦྱངས་ནས་སྟོང་པར་གྱུར་ཅིག །འབྱུང་བཞི་དག་པ་ཡུམ་བཞིའི་རང་བཞིན་སྟོང་བཞིའི་ཡེ་ཤེས་ཁོང་དུ་ཆུད་ནས། ཚེ་འདས་ཁྱོད་ལ་ཟག་བཅས་སྡུག་བསྔལ་གསུམ་ལྡན་གྱི་ཕུང་ལྔ་བསྐྱེད་པའི་དུག་རྣམས་མེད་ཅིང་མི་འབྱུང་བར་ཤོག་ཅིག །ཅེས་རྣམ་ཤེས་རྟེན་ལ་བཀུགས་ཏེ་གཤེད་དང་ཕྲལ་བ་ནས། དུག་སྦྱང་བ་དང་སྨོན་ལམ་བཏབ་པ་སོགས་ཐེག་པ་གོང་འོག་ཐུན་མོངས་ལྟར་སྔོན་དུ་འགྲོ་བའི་རིམ་པས་རྒྱུད་དག་པར་བྱ་བའོ། །དེ་ནས་ཐུན་མིན་རྡོ་རྗེའི་ཚིག་གི་གབ་སྦས་ཀྱི་དགོངས་དོན། ཚུར་མཐོང་བློས་དཔག་མི་ནུས་ནའང་། དད་གསུམ་མོས་པའི་ཡིད་ངོར་ཤར་བ་དཔྱད་གཞི་ཙམ་སྨྲས་ན། སྤྱིར་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ཕྱོགས་དུས་དང་ཉེ་རིང་མི་མངའ་བས། ཆོས་ལ་ཡིད་ཆེས་ཀྱི་དད་མོས་དང་ལྡན་པའི་ལས་དང་པོ་པ་ཡིན་ནའང་། གང་དུ་དམིགས་ཀྱང་དེར་བཞུགས་པ། མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབས་བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཅེས་གསུངས་པ་དང་། དེ་ཡང་ཆགས་སྡང་རྨོངས་གསུམ་གྱིས་ངན་འགྲོར་སྐྱེ་བའི་རྒྱུ་དང་རྐྱེན་བྱས་ལ། དེ་ལས་ལྡོག་པ་ན་མཐོ་རིས་དང་ཐར་པའི་རྒྱུ་རྐྱེན་བྱས་ཤིང་ཆོས་དང་རྒྱུ་འབྲས་ལ་ཡིད་ཆེས་པའི་གང་ཟག་གིས་དག་པའི་ཞིང་སོགས་གང་ལའང་འདུན་པ་གཏད་པ་དང་། སྨོན་ལམ་བཏབ་པ་སོགས་ངེས་པར་འགྲུབ་པ། འཇམ་དཔལ་ཞིང་གི་ཡོན་ཏན་བསྟན་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་

གསུངས་པ་དེ་ཡང་། མདོ་ལྟར་ན་སྟོང་ཉིད་རྟེན་འབྱུང་དུ་ཤར་བའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་སྒྱུ་མ་ལྟ་བུར་ངེས་ཤིང་། དེ་ཡང་རྟག་ཆད་མཚན་འཛིན་གྱི་སྤྲོས་མཐའ་དང་བྲལ་བ་རང་བཞིན་སྟོང་པ་ཉིད་དང་དབྱེར་མེད་པའི་བདེན་གཉིས་ཟུང་འཇུག་ཏུ་རྟོགས་པའི་བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་གང་ཟག་གིས། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ནས་རྟེན་འབྲེལ་སྒྱུ་མའི་ཤིང་རྟ་དག་པའི་ཞིང་སོགས་གང་དུ་འདུན་པ་གཏད་པ་ལྟར་གདུལ་བྱའི་ཁ་ལོ་བསྒྱུར་བ་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། སྔགས་ལྟར་ན། ཆོས་ཉིད་ཀྱི་བདེན་པ་དང་། གསང་སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་ཅིང་། དབང་ཐོབ་དམ་ཚིག་ལ་གནས་བསྐྱེད་རྫོགས་ཀྱི་དོན་ལ་འདུན་པ་གཏད་དེ་ངེས་པ་རྙེད་པའི་རྣལ་འབྱོར་པས། ལྷ་སྔགས་ཏིང་འཛིན་དང་ལྡན་པས་དབང་བསྐུར་ནས་ལོག་རྟོག་འཁྲུལ་བའི་སྣང་བ་ཡང་དག་ཡེ་ཤེས་ཀྱི་སྣང་བར་ངོ་སྤྲད་ཅིང་། རིགས་དྲུག་གི་གནས་ངན་ལས་དྲངས་ཏེ་དག་པའི་ཞིང་དུ་སྤར་བའི་འདུན་པ་གཏད་པ་སོགས་ལས་གང་ལའང་དམིགས་པའི་མདེའུ་ཁ་བསྒྱུར་བ་བཞིན་ངེས་པར་འགྲུབ་པ་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་འཆང་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གསུངས་པ་བཞིན་དང་། ཁྱད་པར། སྐབས་འདིར། རིག་པ་གཅེར་མཐོང་དུ་བསྟན་པ་དགོངས་པ་རང་གྲོལ་གྱི་ཁྱད་ཆོས་མདོ་སྔགས་འགལ་མེད་ལྟར། དཔེར་ན་ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་དང་བུད་མེད་འདྲ་བའི་བཟོ་བྱས་པ་དེ་ལ་རྟོག་པ་མེད་ཀྱང་བྱ་བ་

ཐམས་ཅད་བྱེད་པ་བཞིན་དུ། བརྒྱུད་པ་གསུམ་ལྡན་གྱི་བླ་མ་ཉིད་སངས་རྒྱས་ཆོས་སྐུར་མཐོང་བའི་དད་མོས་ཀྱིས་ཚུལ་བཞིན་བསྟེན་པའི་མན་ངག་གིས། སེམས་ཉིད་ཀྱི་ངོ་བོ་ཀ་ནས་དག་པའི་རིག་སྟོང་ཟང་ཐལ་ཡུལ་མེད་ངོ་རང་ཐོག་ཏུ་འཕྲོད་དེ། གཉིས་སྣང་རྟོག་པའི་རྒྱ་ལས་གྲོལ་བའི་གཞི་སྣང་རྒྱ་ཆད་ཕྱོགས་ལྷུང་མེད་ཅིང་། བརྡལ་ཁྱབ་སྐྱེ་བ་མེད་པའི་མཁའ་ཀློང་ཡངས་པར། ཚོགས་དྲུག་ཡུལ་དང་འབྲེལ་བའི་འཁྲུལ་རྟོག་གིས་ལས་ཉོན་སྐྱེད་ཅིང་། དེ་ནས་གཞན་དབང་འཁྲུལ་བའི་སྣང་བ་ལ་བདག་དུ་བཟུང་ནས་རེ་དོག་དང་དགག་སྒྲུབ་བྱེད་པའི། སྲིད་རྩ་ང་བདག་གི་མཁན་པོ་མཁའ་ལ་སྤྲིན་དེངས་པ་ལྟར་རང་མལ་དུ་སྟོང་སྟེ། གཟུང་འཛིན་གྱི་རྟོག་ཚོགས་མ་སྤང་རང་སར་གྲོལ་བའི། གཞི་གྲོལ་ཆོས་སྐུའི་རྩལ་མདངས་གཞི་ཡི་ཡོན་ཏན་མཁྱེན་བརྩེ་ནུས་པའི་གོ་སྐབས་ཡངས་ཤིང་། རོལ་པ་སྲིད་ཞིའི་ཆོས་ཀུན་ཡིད་དཔྱོད་དང་བྲལ་བར་མ་འདྲེས་སྒྲིབ་མེད་ཁོང་དུ་ཆུད་པའི་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། ལྟ་བ་རྣམ་པར་མི་རྟོག་སྨྲ་བསམ་བརྗོད་མེད་རིག་སྟོང་ཆོས་སྐུའི་བཙན་ས་ཟིན་ནས། སྒོམ་པ་མ་སྐྱེས་མི་འགགས་གང་ཤར་ཡེ་ཤེས་རང་སྣང་རང་བབས་སུ་ལྷུན་གྱིས་གྲུབ་ཅིང་། སྤྱོད་པ་འབད་རྩོལ་བྲལ་བའི་མ་བཅོས་ཤུགས་འབྱུང་སོ་སོ་རང་རིག་བྱ་བ་ཐམས་ཅད་བྱེད་པ་སྟེ། མདོ་སྡུད་པ་ལས། ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་། །འདྲ་བའི་བཟོ་བྱས་དེས་ཀྱང་བྱ་བ་ཐམས་ཅད་བྱེད། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །གསུངས་པ་ལྟ་བུའི་བྱང་སེམས་སྔགས་ལ་ཞུགས་པའི་རིག་པ་འཛིན་པས། ལས་བརྒྱ་པ་ལས། ལུས་ཅན་ཀུན་གྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་

དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་དང་། ལས་མ་བྱས་པ་དང་མི་འཕྲད། བྱས་པ་ཆུད་མི་ཟ། ཞེས་བདེན་གསུང་གི་བཀའ་ལ་འགྱུར་བ་མེད་པས་ངེས་པར་ལས་སྒྲིབ་སྦྱང་དགོས་པའི་ཕྱིར། ཨོ་རྒྱན་ཆེན་པོས། ང་ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །གསུངས་པ་དང་མཐུན་པར་ལས་སྨོན་གྱིས་བསྡུས་པའི་ཚེ་འདས་ཉིད་རྗེས་སུ་བཟུང་ནས། དངོས་གཞི་དབང་བསྐུར་བ་ལ་གཉིས་སུ་ཡོད་པའི། དང་པོ་སྦྱོར་བ་སྡིག་སྒྲིབ་སྦྱངས་བའི་དབང་གི་ཐོག་མར་བརྒྱུད་པའི་ལོ་རྒྱུས་ཀྱིས་ཆོས་ལ་ཡིད་ཆེས་དང་སྤྲོ་བ་བསྐྱེད་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་དབྱེར་མི་ཕྱེད་པའི་དྲུང་དུ་མཎྜལ་ཕུལ་རྗེས་གནང་བ་ཞུས་ནས། གདུང་བའི་སྨྲེ་སྔགས་ཀྱིས་སྐྱབས་སུ་གསོལ་བ་རྗེས་སུ་བཟུང་སྟེ། བག་ཆགས་སྣ་ཚོགས་ཀྱི་ཀུན་གཞིའམ། ཀུན་བརྟགས་ཀྱི་མ་རིག་པའི་རྒྱུ་ལས་གཞན་དབང་ལས་ཀྱི་རང་གཟུགས། ཉོན་མོངས་པ་སོ་སོའི་དབང་གིས་འབྲས་བུ་ཡུལ་ལ་སྨིན་པའི། འགྲོ་བ་རིགས་དྲུག་གི་ས་བོན་དྲུག་དམིགས་པའི་རྟེན་བྱས་པ་ལ། ཚེ་འདས་ཉིད་སོ་སོའི་ལས་སྣང་དང་མཐུན་པའི་བྱེད་པ་རྒྱུ་མཐུན་དང་། མྱོང་བ་རྒྱུ་མཐུན་སོགས། སྐད་ཅིག་གིས་ལུས་ཐོག་དེར་སྡུག་བསྔལ་རྒྱུ་འབྲས་བཅས་སྨིན་པའི་འདུན་པ་གཏད་ཅིང་། ལས་ངན་གྱི་རྣམ་སྨིན་སྦྱངས་ཕྱིར་སོ་སོའི་སྐྱབས་གནས་ཐུབ་པ་དྲུག་ལ། ཞལ་ཟས་ཕུལ་ནས་སྐྱབས་སུ་གསོལ་བས། ཚོགས་རྫོགས་པ་དང་སྐྱབས་འོག་ཏུ་ཚུད་ནས། ཕྱག་མཚན་དྲུག་དང་ལྔ་ཚན་ལྔ་ཡི་བུམ་པས་དབང་བསྐུར་བས། རིགས་དྲུག་གི་སྐྱེ་སྒོ་བཅད་ནས་ཞིང་ཁམས་དྲུག་ལ་མངའ་དབང་འབྱོར་ཞིང་། ཕྱིར་མི་ལྡོག་པའི་སྨོན་ལམ་བཏབ་སྟེ་ཉོན་མོངས་པ་དྲུག་གི་ཉེས་པ་ལས་གྲོལ་བར་མཛད་པ་དང་། རིགས་དྲུག་སོ་སོའི་

ལན་ཆགས་དང་ཤ་མཁོན་བསྙགས་པའི་རིགས་ལ་གཏོར་མ་བསྔོས་ནས་ཚིམས་པར་བྱ་བ་དང་། ཉོན་མོངས་པ་དྲུག་གི་དུག་སྦྱངས་བ་དང་། གནས་དྲུག་ན་རིགས་དྲུག་གི་ས་བོན་དྲུག་བག་ཆགས་དང་བཅས་ལྷན་སྐྱེས་སུ་ཡོད་པ། བདག་མདུན་གྱི་ཐུགས་རྗེའི་ཡེ་ཤེས་ཀྱིས་མེས་བསྲེགས་ཤུལ། ཕར་ཕྱིན་དྲུག་གི་ཆུས་བཀྲུས་ནས་ལྷག་མེད་དུ་སྦྱང་བ་དང་། ཕྱིན་ཆད་འཁོར་བའི་གནས་སུ་ཆགས་ཞེན་གྱི་ས་མཚམས་བཅད་ནས་ཐར་པའི་ཞིང་དུ་སྤྲོ་བ་བསྐྱེད་ཅིང་ཕྱིར་མི་ལྡོག་པའི་སྨོན་ལམ་གྱིས་རྒྱས་གདབ་པ་སྟེ། འདི་དག་ནི་བཅུད་བླུགས་པའི་སྔོན་དུ་སྣོད་བཀྲུ་བཤལ་བྱེད་པ་དང་འདྲ་སྟེ། སྦྱོར་བའི་རིམ་པས་སྣོད་རུང་དུ་བྱ་བའོ། །དེ་ནས་གཉིས་པ་ཡོན་ཏན་ཡར་འཕེལ་གྱི་དབང་ནི། ཐོག་མར་འཁོར་བ་ལ་ངེས་འབྱུང་གི་བསམ་པས་སྐྱབས་སེམས་དང་སྡོམ་བཟུང་གིས་རྒྱུད་དག་པར་བྱས་ནས། གཞི་དབང་སྨིན་རུང་དུ་ཡོད་པ་ལམ་དབང་གིས་སྨིན་པར་བྱ་ཕྱིར། ཚེ་འདས་ལྷར་གསལ་བ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བརྟན་པར་བྱ་བ་དང་། སྔོན་ཆད་མ་རིག་པའི་དབང་གིས་ཞལ་མ་མཇལ་བའི་གསང་སྒོ་ཕྱེས་ནས་རིགས་བརྟགས་ཤིང་མཐོང་བ་བསྟན་པ་སོགས་སྔོན་དུ་སོང་ནས། དངོས་གཞིའི་དབང་བསྐུར་ཟབ་མོ་ཞུ་ཕྱིར་གསོལ་བ་བཏབ་རྗེས། ཕྱི་སྤྲོས་བཅས་བུམ་པའི་དབང་བསྐུར་བས་ཐ་མལ་ལུས་ཀྱི་དྲི་མ་དག་ནས་འགྱུར་བ་མེད་པ་སྐུ་ཡི་དབང་ཐོབ། ལྷ་དབང་ལུས་ལ་བསྐུར་བས་ལུས་ལྷ་སྐུ་སྒོམ་པ་ལ་དབང་ཞིང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་དང་། སྔགས་དབང་ངག་ལ་བསྐུར་བས་ངག་གི་དྲི་མ་དག་ནས་འགགས་པ་མེད་པ་གསུང་གི་དབང་ཐོབ། ངག་སྙིང་པོ་བཟླ་བ་ལ་དབང་ཞིང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་དང་། ཚིག་དབང་སེམས་ལ་བསྐུར་བས་ཡིད་ཀྱི་

དྲི་མ་དག་ནས་འཁྲུལ་བ་མེད་པ་ཐུགས་ཀྱི་དབང་ཐོབ། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། འབྲས་བུ་ཡོངས་གྲུབ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་ཤིང་། ཕུང་ཁམས་སྐྱེ་མཆེད་རྟོག་ཚོགས་བཅས་པ་མ་བསྐྱེད་ཡེ་རྫོགས་ཀྱི་ལྷ་ཡིན་པ་དང་བར་དོའི་སྣང་ཚུལ་བཅས་ངོ་སྤྲད་ནས། དེ་ཉིད་བརྟན་པར་བྱ་བ་དང་། ཡོན་ཏན་དང་ཕྲིན་ལས་ལ་མངའ་དབང་འབྱོར་ཕྱིར་གཏོར་དབང་སོགས་མཐའ་རྒྱས་སུ་བྱ་བ་དང་། དེ་ལྟར་དབང་ཐོབ་ནས་ལྷ་སྒོམ་པ་ལ་དབང་བའི་ཕྱིར། ཚེ་འདས་རྡོ་རྗེ་སེམས་དཔར་བསྐྱེད་ལ་མཆོད་བསྟོད་ཀྱིས་རྒྱལ་བའི་སྲས་སུ་མངའ་གསོལ་ནས་རིག་འཛིན་གྱི་གྲལ་དུ་བཙུད་པ་སྟེ་དངོས་གཞིའི་རིམ་པའོ། །དེ་ནས་རྗེས་ཀྱི་བྱ་བ་ལ་གསུམ་ཡོད་པའི། དང་པོ་ཐོག་མེད་ནས་སྲིད་པའི་འདོད་ཡོན་ལ་ཞེན་ཅིང་ཆགས་པའི་བག་ཆགས་སྦྱངས་བ་དང་ཚོགས་གཉིས་རྫོགས་ཕྱིར། གཤིན་པོའི་ཟས་སྐལ་ཆ་གསུམ་དུ་བསྒོས་ནས། ཆ་གཅིག་དགེ་འདུན་ལ་ཆོས་སྟོན་དྲངས། ཆ་གཅིག་སྤྲང་པོ་ལ་སྦྱིན་པ་བཏང་། ཆ་གཅིག་གཤིན་པོ་ལ་ཟས་སྐལ་བསྔོ་ཞེས་དགོངས་པ་ཟང་ཐལ་ལས་གསུངས་པ་བཞིན་བྱས་ནས། ཟས་གཏད་ཀྱི་དུས་སུ་དབང་ཐོབ་པའི་ཚེ་འདས་ཀྱི་རྣམ་ཤེས་དང་མེ་ལྷ་རྡོ་རྗེ་སེམས་དཔའ་དབྱེར་མེད་དུ་བསྐྱེད་ལ། སྤྱན་དྲངས་ནས་མཆོད་ཡུལ་ལྟར་མཆོད་བསྟོད་བྱ། སྦྱིན་ཡུལ་ལྟར་བྱིན་གྱིས་བརླབས་པའི་བཟའ་བཏུང་སོགས། ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་མྱོང་གྲོལ་ཚོར་གྲོལ་འདོད་ཡོན་དྲུག་དང་། ཕར་ཕྱིན་དྲུག་གི་རང་བཞིན་ཅན་དུ་བྱིན་གྱིས་བརླབས་ནས་བསྔོས་པས་ངོམས་ཤིང་ཚིམ་ནས། ཕྱིན་ཆད་སྲིད་པའི་འདོད་ཡོན་ལ་ཆགས་ཞེན་མེད་པར་བྱ་བའོ། །གཉིས་པ་སྤར་ཆོག་གི་སྔོན་དུ་ཞིང་དག་པར་སྦྱང་དགོས་ཏེ། སྔོན་ཤ་རིའི་བུས་ཞིང་

འདི་མ་དག་པར་མཐོང་། ཚངས་པ་རལ་པ་ཅན་གྱིས་དག་པར་མཐོང་ནས། སྟོན་པ་ལ་ཞུས་པས་ང་ཡི་ཞིང་ནི་དག་པ་ཡིན་ཀྱང་། སེམས་ཅན་རྣམས་ཀྱིས་མ་མཐོང་བ་ཡིན་གསུངས་ནས། ཐམས་ཅད་ཀྱིས་ཞིང་དག་པར་མཐོང་བར་མཛད་པ་ལྟར། ད་ལྟ་འཁྲུལ་བའི་སྣང་ངོར་ཕྱི་ནང་གི་འབྱུང་བ་ལྔ་མ་དག་པ་ལྟར་སྣང་ནའང་། འབྱུང་ལྔ་དག་པ་ཞིང་ཁམས་ལྔ་ཡི་རང་བཞིན་ལ། ཤི་ཞེས་བྱ་བ་མེད་དེ། སེམས་ཅན་ཐམས་ཅད་ཐོག་མེད་ནས་སྐྱེ་ཤི་ཁ་བརྒྱུད་ཀྱང་། སེམས་ཉིད་ལ་སྐྱེ་ཤི་མེད་པར་བྱེད་པ་འབྱུང་ལྔའི་དབྱིངས་ལྔ་དེ་སེམས་ཅན་གྱི་སྲོག་ཡིན་ཕྱིར། འབྱུང་ལྔའི་སྙིང་པོ་འབྲུ་ལྔ་ལ་བརྟེན་ནས་ཆོས་ཉིད་འདུས་མ་བྱས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། དག་པའི་ཞིང་ཁམས་ལྔ་ལ་མངའ་དབང་འབྱོར་བ་དབྱིངས་ཀྱི་ཡུམ་ཆེན་ལྔ་དང་གཉིས་སུ་མེད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །སྐབས་འདིའི་མདུན་གྱི་དཀྱིལ་འཁོར་གཙོ་དབུས་དང་། ཞལ་གྱིས་གཟིགས་ཕྱོགས་ཤར། གཡས་ལྷོ་རྒྱབ་ནུབ་གཡོན་བྱང་དུ་ངོས་འཛིན་པ་ཡིན་སྟེ། ཕྱོགས་མེད་ཕྱོགས་དང་བྲལ་བའི་ཤར་ཕྱོགས་སོགས་དང་། རང་བྱུང་རང་ཤར་དཀྱིལ་འཁོར་དབུས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་ན་ཡང་སྒོ་ལྔའི་རྣམ་ཤེས་མ་དག་ན་ཞིང་དག་པ་མི་མཐོང་བས། ཡེ་གདོད་མ་ནས་འབྲེལ་བའི་ཡི་དམ་གྱི་ལྷ་མཆོག་དབང་ཡུལ་དག་པ་སེམས་དཔའ་ལྔ་ཡི་ཐུགས་རྗེས། ཚེ་འདས་ཀྱི་སྒོ་ལྔའི་རྣམ་ཤེས་ཀྱིས་ཡུལ་ལྔ་ལ་བདག་ཏུ་འཛིན་པའི་དབང་པོ་ལྔ་ཡི་ནད་དང་། མ་རིག་པའི་མུན་པ་བསལ་ནས་ཡུལ་ལྔ་དག་པར་མཐོང་བར་ཤོག་ཅིག །ཞིང་དག་པ་མཐོང་བའི་ཕྱིར་སྐྱབས་སུ་མཆིའོ། །ཐུགས་རྗེས་བཟུང་དུ་གསོལ། སྐྱོབ་པར་མཛད་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་བཏབ་བོ། །ཁྱད་པར་ཉོན་ཡིད་མ་དག་ན་ཞིང་དག་

པ་ལ་མི་དབང་བས། རྫས་ཀྱི་མར་མེ་ཉིད་ཡེ་ཤེས་ཀྱི་སྣང་བ་གསལ་ཞིང་ཐུགས་རྗེའི་ཟེར་དང་ལྡན་པར་བྱིན་གྱིས་བརླབས་ནས། མ་རིག་རྨོང་པའི་མུན་པ་དང་། མ་ཤེས་འཁྲུལ་པའི་སྣང་བ་དང་། ཐར་ལམ་སྟོར་བའི་འཁྲུལ་འཛིན་བཅས་བསལ་ནས། འོག་མིན་ཀྱི་ཞིང་དང་དག་པ་ཡེ་ཤེས་ཀྱི་སྣང་བ་གསལ་བའི་ལྷ་ཞལ་མཇལ་བར་ཤོག་ཅིག །དག་པའི་ཞིང་ལྔའི་སྟོན་པ་མཚན་ཐོས་ཙམ་གྱིས་ཕྱིར་མི་ལྡོག་པ་སངས་རྒྱས་རྣམ་པར་སྣང་མཛད་སོགས་བདེ་གཤེགས་རིགས་ལྔ་ལ་ཚེ་འདས་ཀྱི་ཉོན་མོངས་ལྔས་བསྐྱེད་པའི་ཕུང་པོ་ལྔ་པོ་ཡོན་དུ་འབུལ་ན། ཐུགས་བརྩེས་བཞེས་ལ་ཉོན་ཡིད་རང་སར་དག་པ་ཟག་མེད་ཡེ་ཤེས་ལྔ་ཡི་ལམ་བསྟན་དུ་གསོལ། གཉིས་སྣང་འཁྲུལ་བའི་སེམས་འདི་མ་སྤང་རང་སར་གྲོལ་བའི་བྱང་ཆུབ་ཀྱི་གནས་སུ་དྲངས་ནས། ས་ལམ་མཐར་ཕྱིན་རང་རྩལ་རྫོགས་པའི་སངས་རྒྱས་གཞན་ནས་མི་འཚོལ་བར་ལྷུན་གྱིས་གྲུབ་པ་རྣམ་པ་ཐམས་ཅད་མཁྱེན་པའི་དོན་རྟོགས་ནས། འབྲས་བུ་དག་པ་གཉིས་ལྡན་སྐུ་གསུམ་དབྱེར་མི་ཕྱེད་ཅིང་དོན་གཉིས་འབད་མེད་དུ་འགྲུབ་པར་ཤོག་ཅིག །ཅེས་སྨོན་ལམ་བཏབ་པ་བཞིན་མ་དག་འཁྲུལ་བའི་སྣང་བ་འཁྲུལ་འཛིན་བཅས་བསལ་ནས་གྲོལ་བར་བྱ་ཕྱིར་རྣམ་ཤེས་སྤར་བར་བྱའོ། །གསུམ་པ་སྤར་ཆོག་ལའང་དབང་པོའི་ཁྱད་པར་གྱིས་གསུམ་དུ་ཡོད་པ་ལས། འདི་ཉིད་འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་ཡིན་ཏེ། དེ་ལའང་འཕོ་བའི་ཡུལ་དང་། འཕོ་བྱ་དང་། འཕོ་བྱེད་གསུམ་དུ་ཡོད་པ་ལས། དང་པོ་གང་དུ་འཕོ་བའི་ཡུལ་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་སྒོ་ངའི་སྦུབ་འབྱེད་པ། །སྲིད་པའི་དྲྭ་བ་འཇོམས་པ་པོ། །ཞེས་དང་། སངས་རྒྱས་ཐོག་མ་

མཐའ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་གསུངས་པ་ལྟར། ཡེ་ཐོག་གདོད་མའི་གཞི་མ་ངེས་པ་ལས་གཞི་སྣང་འཆར་བའི་ཐོག་མར། གསང་རྒྱུད་ལས། གཞི་ཉིད་འབྲས་བུ་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་ཆོས་ཀྱི་སྐུ་རུ་སྨིན། །གསུངས་པ་ལྟར། ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ཅུང་ཟད་གཡོ་བའི་རྐྱེན་གྱིས། ངོ་བོ་ཡེ་དག་འོག་མིན་གྱི་ཞིང་ན་ལུང་ལས་མ་བྱུང་བའི་མན་ངག་རང་ངོར་རྙེད་ནས། རྒྱུ་ལས་མ་བྱུང་བའི་འབྲས་བུ་གཞི་ཐོག་ཏུ་ཁྱད་ཆོས་དྲུག་གི་ཚུལ་དུ་སྨིན་ཏེ། སེམས་ལས་མ་བྱུང་བའི་སངས་རྒྱས་གཞིར་གནས་སྐུ་གསུམ་གྱི་དགོངས་པའི་རྩལ་རྫོགས་གཞིར་གྲོལ་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་མངོན་དུ་གྱུར་པ། གཟུགས་སྐུ་གཉིས་ཀྱི་འཆར་གཞི་དཀྱིལ་འཁོར་གྱི་གཙོ་བོ། གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད། ཕྱོགས་དུས་རྒྱལ་བ་ཡོངས་ཀྱི་སྤྱི་མྱེས། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གམ། འཕྲོ་གཞི་རིགས་ཀུན་འདུས་པའང་ཡིན་ཏེ། རྒྱུད་ལས། སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཁྱབ་བདག་ཐུགས་ཀྱིས་དེ་སྙེད་ཁྱབ། །གསུངས་པ་ལྟར། རྟག་པ་ཁྱབ་པ་ལྷུན་གྱིས་གྲུབ་པའི་བདག་ཉིད་ཆེན་པོ། ཐུགས་རང་བྱུང་མཁྱེན་པའི་ཡེ་ཤེས་ནམ་མཁའ་ལྟར་ཀློང་ཡངས་ཤིང་། དུས་གསུམ་དུས་མེད་དུ་མཁྱེན་པ། དམིགས་མེད་བརྩེ་བའི་ཐུགས་རྗེས་གང་འདུལ་དེར་སྣང་གི་གོ་ཕྱེས་ནས། སྒྱུ་འཕྲུལ་གྱི་རོལ་པ་གདུལ་བྱའི་མཐུན་སྣང་བཞིན་འཆར་ཞིང་། ཐུགས་རྗེའི་ཆོས་ལྔ་དང་ལྡན་པས་ཡིད་བཞིན་ཏུ་རེ་བ་སྐོང་ཞིང་རྗེས་སུ་འཛིན་པ། རྩོལ་མེད་ནུས་པའི་ཕྲིན་ལས་ཀྱིས་ཚར་གཅོད་དང་རྗེས་འཛིན་སོགས་གདུལ་བྱའི་

མཐུན་སྣང་བཞིན་ལས་རབ་འབྱམས་ལ་མངའ་དབང་བསྒྱུར་ནས་འགྲོ་བའི་དོན་མཛད་པ་དང་། མཛད་བཞིན་པ་དང་། མཛད་པ་འགྱུར་བའི། དུས་གསུམ་འཕོ་འགྱུར་མེད་པར་བཞུགས་བཞིན། ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཅིར་ཡང་འཆར་བ་ལས་གདོད་ནས་གདན་གསུམ་དག་པ་ཡེ་ཤེས་རང་སྣང་དུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པ་བཅས། དེང་འདིར་རིམ་གཉིས་ཀྱི་ལམ་ནས་གསལ་དག་བརྟན་གསུམ་དང་ལྡན་པའི་བསྐྱེད་རྫོགས་ཟུང་འཇུག་ལ་ངེས་པ་རྙེད་པའི་རྣལ་འབྱོར་པས་བདག་མདུན་དབྱེར་མེད་དམ་ཚིག་གི་དཀྱིལ་འཁོར་དུ། ཡེ་ཤེས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པ་བཅས་ཆུ་སྣོད་དྭངས་མ་ལ་ཟླ་གཟུགས་འཆར་བཞིན་སྤྱན་དྲངས་ནས། དམ་ཡེ་གཉིས་མེད་ཆུ་ལ་ཆུ་བཞག་པ་ལྟར་བཞུགས་སུ་གསོལ་བ་ཉིད། གང་དུ་འཕོ་བའི་ཡུལ་ཡིན་ཏེ། གཏེར་གཞུང་ལས། དེ་ནས་རྣམ་ཤེས་གནས་སུ་སྤར་བ་ནི༔ མདའ་དང་གཞུ་རྒྱུད་སྦྱར་ནས་མདའ་ཡི་རྩེར༔ མཚན་བྱང་བཏགས་སམ་རོ་ལ་རེག་ནས་སུ༔ ཞེས་དང་། མདེའུ་རྩེ་གྱེན་དུ་མདའ་འཕང་ཚུལ་དུ་བསྟན༔ དལ་གྱིས་དབུས་སུ་གཏད་ལ་འཕང་བར་བྱ༔ རྒྱས་པར་བྱེད་ན་རིགས་ལྔ་ཐམས་ཅད་ལ༔ བསྡུས་པར་བྱེད་ན་དབུས་ཀྱི་གཙོ་བོས་ཆོག༔ གསུངས་པ་བཞིན་ནོ། །གཉིས་པ་འཕོ་བྱ་ཚེ་འདས་ཉིད་ཐོག་མེད་ནས་གོམས་པའི་བདག་ལྟའི་གཉིས་སྣང་གི་འཁྲུལ་བ་བཤིགས་ཕྱིར། སྔོན་དཔལ་ཆེན་པོས་བླ་མ་དང་མཆེད་ལ་འགལ་བས། མཆན། དམ་ཚིག་ཉམས་ནས་ལོག་པར་རྟོག་པའི་སྲིད་རྩའི་རཱུ་ཏྲ་རྣམ་གསུམ་བཙན་ཐབས་སུ་བསྒྲལ་ནས་གྲོལ་བར་མཛད་པ་ལྟར། སྡིག་པོ་ཆེ་ཡིན་ནའང་ཐབས་ཤེས་ཟུང་འཇུག་དྲག་པོའི་ཕྲིན་ལས་ཀྱིས་རྗེས་སུ་བཟུང་ནས་བཙན་ཐབས་སུ་སྤར་ཏེ་སྒྲིབ་

ཚོགས་བཅོམ་པ་དང་ཡེ་ཤེས་རྒྱས་པར་མཛད་པའོ། །གསུམ་པ་ཇི་ལྟར་འཕོ་བའི་ཐབས་ནི། རྟོགས་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་ནུས་པའམ། ལྟ་དགོངས་དང་ལྡན་པའི་རྣལ་འབྱོར་པས། བདག་ཉིད་མཁྱེན་བརྩེ་ནུས་ལྡན་དཀྱིལ་འཁོར་ཀུན་བདག་དཔལ་རྡོ་རྗེ་སེམས་དཔའ་གསལ་ཞིང་། ཐ༵བས་ཀྱི༵་གཞུ༵་སྙིང་རྗེ་ཆེར་ཁྲོས་སྣང་སེམས་དབང་སྡུད་དཔལ་རྟ་མགྲིན་དུ་གསལ་ལ༵། ཤེ༵ས་ར༵བ་ཀྱི་མད༵འ་དབྱིངས་རིག་གཉིས་མེད་ཟུང་འཇུག་གི་རྩལ་མདངས་སྣང་སྲིད་གཞིར་བཞེངས་སུ་བཀ༵ང་སྟེ༵། རང་བྱུང་ཡེ༵་ཤེ༵ས་ཧེ་རུ་ཀ་ཐུ༵གས་རྗེ༵་ཁྲོས་པའི་རྩལ་ཤུ༵གས་ཀྱི༵་རྒྱུད་ད༵ང་ལྡ༵ན་པ། མཚན་བྱང་ཚེ་འདས་སུ་གསལ་བ་ལ་ཕོག་པས། བདག་ལྟའི་གཉིས་སྣང་གི་རཱུ་ཏྲ་བཙན་ཐབས་སུ་བསྒྲལ་ནས། འཁྲུལ་གཞི་སྦྱོར་བ་དོན་གྱི་ཀུན་གཞི་འམ་ལྷན་སྐྱེས་མ་རིག་པ་ཉི་མས་མུན་པ་ལྟར་སངས་ནས། བླ་ན་མེད་པའི་གནས་སྣང་གཉིས་མེད་དོན་གྱི་འོག་མིན། ངོ་བོ་ཡེ་དག་གི་ཞི༵ང་མཆོ༵ག་ད༵མ་པ༵་རུ༵་གཞི་ཉིད་འབྲས་བུར་སྨིན་ཕྱིར། ཚེ༵་འད༵ས་ཀྱི་རྣམ་ཤེས་མྱུར་མགྱོགས་ཤུགས་དྲག་གཏད་སར་ཕོག་ཅིང་སླར་མི་ལྡོག་པ། དཔེར་ན་རྩལ་ཆེན་གྱིས་མད༵འ་འཕ༵ང་བ་བཞི༵ན་དུ༵་གདོད་མའི་གྲོལ་གཞིར་ཐིམ་སྟེ། གཞི་མ་ངེས་པ་སྒྲིབ་བྱེད་ཡེ་དོན་གྱི་ཀུན་གཞི་འམ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་གསེར་གཡའ་དང་བྲལ་བ་ལྟར་སངས་ནས། ནང་གསལ་དག་པ་གཉིས་ལྡན་གཞི་གནས་སྐུ་གསུམ་གྱི་དགོངས་པའི་རྩལ་རྫོགས། སྐྱེ༵་འགགས་གནས་མེད་ཀྱི་ཆོས་ཀྱི་སྐུར་གྲོལ་བར་ཤོག་ཅིག །ཅེས་ཆོས་ཉིད་བདེན་པས་མི་བསླུ་བའི་ཕྱིར་སྨོན་ལམ་བཏབ་བཞིན། གདོད་མའི་མགོན་པོའི་དགོངས་ཀློང་ཐུགས་ཡིད་བསྲེས་པས་ཆོས་ཀྱི་སྐུ་དང་དབྱེར་མེད་དུ་གྲོལ་བར་འགྱུར་ཏེ། བསྟོད་པ་གླུར་བླང་ལས། བྱམས་པའི་གོ་ཆ་

ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོག །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །ཞེས་དང་། སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་སངས། །དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་དང་། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །གསུངས་པ་བཞིན་ནོ། །དེ་ནས་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་རྗེའི་གདངས་རྩལ་ཡེ་ཤེས་རང་སྣང་དུ་ལྷུན་གྱིས་གྲུབ་ཅིང་། ཁ་སྦྱོར་འབྲས་བུའི་ཆོས་ལ་ལོངས་སུ་སྤྱོད་པ་ཕྱི་གསལ་ལོངས་སྐུ་རིགས་ལྔའི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་གྱི་དགོངས་ཀློང་དུ་སྤར་ནས་དོན་གཉིས་མཐར་ཕྱིན་པར་བྱ་བ་ནི། དེ་ཡང་སྒྲིབ་བྱེད་གློ་བུར་བ་སངས་བའི་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་དང་། དབྱེར་མི་ཕྱེད་པར་ལྷུན་གྱིས་གྲུབ་པའི་རྟེན་སྐུ་བརྟེེན་པ་ཡེ་ཤེས་མཛད་པ་ཕྲིན་ལས་བཅས་ནམ་མཁའི་ཁོངས་སུ་སྣོད་བཅུད་འདུ་བ་ལྟར། སྒྲིབ་བྲལ་འདུས་མ་ཡེ་བྱས་ཀྱི་མཁའ་ཀློང་ཡངས་པར་མ་འདྲེས་སྒྲིབ་མེད་དུ་འཆར་ཞིང་། དེ་ཡི་བྱེད་ལས་ས་གཞི་ལ་ལོ་འབྲས་སྨིན་པ་ལྟར་གཞི་སྐྱེ་བ་མེད་པ་ལས་འགགས་པ་མེད་པར་སྲིད་དང་ཞི་བའི་དཔལ་དང་འབྱོར་བ་ཡེ་ཤེས་ཡོན་ཏན་ཐམས་ཅད་གང་འདུལ་དེར་སྣང་རྩོལ་མེད་ལྷུན་གྲུབ་ཏུ་ཤར་ནས་གདུལ་བྱ་སྨིན་པར་མཛད་པ་ལས། དེང་འདིར་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དམ་ཡེ་དབྱེར་མེད་དུ་བསྐྱེད་ཅིང་སྤྱན་དྲངས་བ་སོགས་ཐུགས་དམ་རྒྱུད་བསྐུལ་གྱི་སྒྲུབ་པ་པོ་ལ། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་བརྩེས་དགྱེས་ཞལ་ཕྱོགས་ནས་སྐུ་དང་ཡེ་ཤེས་ཤར་བའི་ཞིང་ཁམས་འདི་ནས། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དང་དཀྱིལ་འཁོར་གྱི་གཙོ་བོ། གཏི་མུག་དང་གཟུགས་ཕུང་

གནས་དག་ཆོས་དབྱིངས་ཡེ་ཤེས་ཀྱི་གདངས་རྩལ་སྐུ་རུ་སྨིན་པ། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཉིད། ཆོས་དབྱིངས་ཡེ་ཤེས་ཀྱི་བྱེད་ལས་འབྱུང་བ་དག་སྦྱོར་ལྟར་མཆན། ས་ཁམས་དག་པའི་ཡུམ་སངས་རྒྱས་སྤྱན་མ་དང་སྣང་སྟོང་གཉིས་སུ་མེད་པར་སྦྱོར་བའི་སྦྱོར་མཚམས་སུ། གཉིས་སྣང་གཏད་མེད་དུ་གཅོད་བྱེད་ཐབས་ཀྱི་ཡི་གེ་ཕ་དང་། སྣང་སེམས་དབང་དུ་བསྡུ་བྱེད་ཤེས་རབ་ཀྱི་ཡི་གེ་ཊ་གཉིས་ཟུང་དུ་འཇུག་པའི་ཕཊཿསྒྲ་དྲག་པོ་སྒྲོགས་པ་དང་མཉམ་དུ། གཏད་མེད་ཟང་ཐལ་གྱི་དགོངས་པས། ཚེ་འདས་ཀྱི་གཟུགས་ཕུང་ༀ་དཀར་པོ་གྱུར་ཏེ། གོང་ལྟར་ཁྱད་ཆོས་ལྔ་ལྡན་མཆན། རྩལ་ཆེན་གྱིས་མདའ་འཕང་ལྟར་ཀ་དག་སྤྲོས་མཐའ་དང་བྲལ་བའི་ལྷུམས་སུ་ཐིམ་སྟེ། ངོ་བོ་སྟོང་པ་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར་ནས། སྐུ་བདེ་གཤེགས་རིགས་ཀྱི་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་ནས། སེམས་ཅན་གྱི་དོན་ཐོག་པ་མེད་པར་འབྱུང་བར་གྱུར་ཅིག་ཅེས་བདེན་ཚིག་གིས་སྨོན་ལམ་བཏབ། དེ་བཞིན་དུ། གནས་སྣང་གཉིས་མེད་དུ་མཉམ་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང་དབྱེར་མི་ཕྱེད་པར་ཡོན་ཏན་ལྷུན་གྱིས་གྲུབ་ཅིང་། ཐུགས་རྗེ་ཀུན་ལ་སྙོམས་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་པ། སྤྲུལ་པའི་སྣང་བསྙན་གདུལ་བྱའི་ཆུ་སྣོད་དང་མཚུངས་པར། ཆུ་ཟླ་ལྟར་གཅིག་ལས་དུ་མར་འཆར་ཞིང་། དེ་ཡི་བྱེད་ལས་ཆུ་བོ་ལྟར་རྒྱུན་མི་འཆད་ཅིང་སྒྲིབ་གཉིས་ཀྱི་དྲི་མ་བཀྲུ་བ་དང་ཉོན་མོངས་པའི་ཚ་གདུང་བསལ་ནས་ལམ་གྱི་ཡོན་ཏན་དང་སྐུ་དང་ཡེ་ཤེས་ཀྱི་ལང་ཚོ་རྒྱས་པར་མཛད་པ། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་དང་དཀྱིལ་འཁོར་གྱི་གཙོ་བོ། ང་རྒྱལ་དང་ཚོར་བའི་ཕུང་པོ་གནས་དག་མཉམ་པ་ཉིད་ཀྱི་ཡེ་ཤེས་གཟུགས་སྐུར་བཞེངས་པ། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཉིད། མཉམ་ཉིད་ཡེ་ཤེས་ཀྱི་

བྱེད་ལས་ཆུ་ཁམས་དག་པའི་ཡུམ་མཱ་མ་ཀི་དང་གཉིས་སུ་མེད་པའི་སྦྱོར་མཚམས་སུ། ཕཊཿསྒྲ་སྒྲོགས་པ་དང་མཉམ་དུ། ཚེ་འདས་ཀྱི་ཚོར་བའི་ཕུང་པོ་སྭཱ་སེར་པོར་གྱུར་ཏེ། ལྷུན་གྲུབ་སྣང་སྲིད་གཞིར་བཞག་གི་ལྷུམས་སུ་ཐིམ་སྟེ། སྣང་སེམས་གཉིས་མེད་མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར་ནས། ཡོན་ཏན་རིན་ཆེན་རིགས་ཀྱི་རྒྱལ་བའི་སྲས་སུ་ཏེ་སོགས་འགྲེའོ། །གཉིས་སྣང་མཚན་མའི་རྟོག་ཚོགས་དབྱིངས་སུ་ནུབ་ནས། ཟག་མེད་བདེ་བ་ཆེན་པོའི་ཉམས་རྒྱས་ཤིང་སྣང་སེམས་ཆོས་ཉིད་ཀྱི་དབང་དུ་འདུ་ཞིང་། ཀུན་ཏུ་རྟོག་པ་མེད་ལས་སོ་སོ༵ར་རྟོ༵ག་པ་བཞིན་ཏུ། རང་བྱུང་རིག་པའི་ཡེ༵་ཤེ༵ས་ཀྱིས་སྲིད་ཞིའི་ཆོས་ཀུན་གསལ་འགྲིབ་མེད་པར་ཁོང་དུ་ཆུད་པ། དེ་ཡི་བྱེད་ལས་གསལ་ཞིང་བསྲེགས་བྱེད་མེ་དང་འདྲ་བས། གདུལ་བྱའི་མ་རིག་པའི་མུན་པ་སངས་བ་དང་། སྒྲིབ་བཞིའི་བུད་ཤིང་བསྲེགས་ནས། ཆོས་ཀུན་ཡེ་ཤེས་རང་སྣང་དུ་གསལ་ཞིང་། བདེ་ཆེན་མི་གཡོ་བའི་ས་ལ་འགོད་མཛད། ནུབ་ཕྱོགས་བདེ་བ་ཅན་ཀྱི་ཞིང་དང་དཀྱིལ་འཁོར་གྱི་གཙོ་བོ། འདོད་ཆགས་དང་འདུ་ཤེས་ཕུང་པོ་གནས་དག་སོ་སོར་རྟོག་པའི་ཡེ་ཤེས་སྐུ་རུ་སྨིན་པ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཉིད་སོར་རྟོག་ཡེ་ཤེས་ཀྱི་བྱེད་ལས་མེ་ཁམས་དག་པའི་ཡུམ་གོས་དཀར་མོ་དང་གཉིས་མེད་དུ་སྦྱོར་བའི་སྦྱོར་མཚམས་སུ། ཕཊཿསྒྲ་སྒྲོགས་པ་དང་མཉམ་དུ་ཚེ་འདས་ཀྱི་འདུ་ཤེས་ཕུང་པོ་ཨཱཿདམར་པོར་གྱུར་ཏེ། བདེ་སྟོང་འདུས་མ་བྱས་པའི་ལྷུམས་སུ་ཐིམ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་སོར་རྟོག་ཡེ་ཤེས་མངོན་དུ་གྱུར་ནས། གསུང་པདྨའི་རིགས་ཀྱི་རྒྱལ་བའི་སྲས་སུ་སོགས་འགྲེའོ། །སྒྲིབ་ཚོགས་དབྱིངས་སུ་བྱང་བའི་ཐུགས་རྗེའི་ཕྲིན་ལས་ཀྱི་བྱ༵་བ་ཐམས་ཅད་ལྷུན་གྱིས་གྲུ༵བ་པ་ལས་རྩོལ་བ་མེད་པའི་ཐུགས་རྗེའི་ཡེ༵་ཤེས་ཀུན་ལ་ཁྱབ་

ཅིང་། གང་འདུལ་དེར་སྣང་གི་ལས་རབ་འབྱམས་ཀྱིས་གདུལ་བྱའི་རེ་བ་བསྐང་བའི་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་ལ་མངའ་དབང་བསྒྱུར་བ། དེ་ཡི་བྱེད་ལས་རླུང་ལྟར་མྱུར་བའི་ཤུགས་ཀྱིས་ངན་སོང་དུ་འགྲོ་བ་རྣམས་མཐོ་རིས་དང་། མཐོ་རིས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དང་འབྲས་བུ་ལ་བདེ་མྱུར་དུ་འདྲེན་པ་དང་འཇིགས་དང་སྡུག་བསྔལ་ཀུན་ལས་སྒྲོལ་བར་མཛད་པ། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་དང་དཀྱིལ་འཁོར་གྱི་གཙོ་བོ། ཕྲག་དོག་དང་འདུ་བྱེད་ཕུང་པོ་གནས་དག །བྱ་བ་གྲུབ་པའི་ཡེ་ཤེས་སྐུ་རུ་སྨིན་པ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཉིད། བྱ་གྲུབ་ཡེ་ཤེས་ཀྱི་བྱེད་ལས་རླུང་ཁམས་དག་པའི་ཡུམ་དམ་ཚིག་སྒྲོལ་མ་དང་གཉིས་མེད་དུ་སྦྱོར་བའི་སྦྱོར་མཚམས་སུ། ཕཊཿསྒྲ་སྒྲོགས་པ་དང་མཉམ་དུ། ཚེ་འདས་ཀྱི་འདུ་བྱེད་ཕུང་པོ་ཧཱ་ལྗང་གུར་གྱུར་ཏེ། ཕྱི་གསལ་སྣང་སྲིད་གཞིར་བཞེངས་ཀྱི་ལྷུམས་སུ་ཐིམ་སྟེ། ཐུགས་རྗེ་ཀུན་ཁྱབ་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར་ནས། ཕྲིན་ལས་ལས་ཀྱི་རིགས་ཀྱི་རྒྱལ་བའི་སྲས་སུ་གྱུར་ཏེ་སོགས་འགྲེའོ། །གཞིར་གྲོལ་དག་པ་གཉིས་ལྡན་སྐུ་གསུམ་དགོངས་པའི་རྩལ་ལས་རོལ་པ་ཤར་བའི་ཚུལ་དུ། དུས་དང་ཕྱོགས་རིས་མེད་པར་སྲིད་ཞིའི་ཆོས་ཀུན་དཔེར་ན་མེ༵་ལོ༵ང་དྭངས་གསལ་ལ་སྣང་བརྙན་ཤར་བ་ལྟར་འཆར་ཞིང་། དེ་དག་གི་རྒྱུ་རྐྱེན་འབྲས་བུ་བཅས་ཅིག་ཆར་དུ་རང་བྱུང་ཡེ༵་ཤེ༵ས་འདུས་མ་ཡེ་བྱས་ཀྱི་ཐུགས་སུ་ཆུད་ནས་མ་འདྲེས་སྒྲིབ་མེད་དུ་མཁྱེན་པ། དེ་ཡི་བྱེད་ལས་དཔེར་ན་ནམ་མཁས་གོ་ཕྱེས་ནས་སྣོད་བཅུད་སྣང་གྲགས་སྒྱུ་མའི་འཁྲུལ་འཁོར་དང་མཐུན་པར་སྐྱེ་འགགས་གནས་པའི་ཆོ་འཕྲུལ་སྣ་ཚོགས་འཆར་བ་ལྟར། བརྡལ་ཁྱབ་སྐྱེ་བ་མེད་པའི་མཁའ་ཀློང་ཡངས་པར། ཐུགས་རྗེའི་བྱིན་རླབས་ཀྱི་སྤྲིན་ཕུང་གཡོ་ཞིང་།

གདུལ་བྱའི་ཞིང་སར་དངོས་གྲུབ་ཀྱི་སྦྲང་ཆར་དུས་ལས་མི་ཡོལ་བ་བསྙིལ་བ་སོགས། ཐབས་ཤེས་ཟུང་འཇུག་གི་འདུ་འཕྲོ་གསང་གསུམ་མི་ཟད་རྒྱན་འཁོར་ལྔ་ལ་མངའ་དབང་རྫོགས་ཕྱིར། དཔེ་མེད་བསམ་བརྗོད་ལས་འདས་ཕྱོགས་མེད་ཕྱོགས་བྲལ། དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་དང་དཀྱིལ་འཁོར་གྱི་གཙོ་བོ། ཡིད་ཤེས་གནས་དག་དཔལ་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ཉིད། ཆོས་ཁམས་སྣ་ཚོགས་གནས་དག་ཆོས་དབྱིངས་ཀུན་ཏུ་བཟང་མོ་དང་དབྱེར་མི་ཕྱེད་པ་སྲིད་ཞིའི་སྤྱི་དཔལ་དང་། སྟོན་འཁོར་དགོངས་པ་དབྱེར་མེད་དུ་བཞུགས་པའི་ཐབས་ཤེས་ཟུང་འཇུག་གི་རོལ་པ་རང་བྱུང་རང་ཤར་གྱི་ཚུལ་དུ། ཞེ་སྡང་དང་རྣམ་པར་ཤེས་པའི་ཕུང་པོ་རང་གནས་སུ་དག་པའི། མེ་ལོང་ལྟ་བུའི་ཡེ་ཤེས་གཟུགས་སྐུར་བཞེངས་པ། བདེ་གཤེགས་རིགས་འདུས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད། མེ་ལོང་ཡེ་ཤེས་ཀྱི་བྱེད་ལས་ནམ་མཁའི་ཁམས་འབྱུང་བ་དག་སྦྱོར་ལྟར་མཆན། དག་པའི་ཡུམ་དབྱིངས་ཕྱུག་མ་དང་དབྱིངས་རིག་གཉིས་མེད་ཟུང་འཇུག་ཏུ་སྦྱོར་བའི་སྦྱོར་མཚམས་སུ། ཐབས་ཤེས་ཟུང་འཇུག་གི་ཕཊཿསྒྲ་སྒྲོགས་པ་དང་མཉམ་དུ་ཚེ་འདས་ཀྱི་རྣམ་པར་ཤེས་པའི་ཕུང་པོ་ཧཱུྃ་མཐིང་ཀར་གྱུར་ཏེ། རྩལ་ཆེན་གྱིས་མདའ་འཕང་བ་བཞིན་དུ། ནང་གསལ་ཐིམ་ལ་མ་རྨོངས་པའི་ལྷུམས་སུ་ཐིམ་སྟེ། རང་བཞིན་གསལ་བ་མེ་ལོང་ཡེ་ཤེས་མངོན་དུ་གྱུར་ནས། ཐུགས་རྡོ་རྗེའི་རིགས་ཀྱི་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་ནས། སེམས་ཅན་གྱི་དོན་ཐོག་པ་མེད་པར་འབྱུང་བར་གྱུར་ཅིག །ཅེས་བདེན་པའི་སྨོན་ལམ་བཏབ་པར་བྱའོ། །དེ་ལྟར་རང་བཞིན་ལོངས་སྐུའི་ཞིང་དང་སྟོན་འཁོར་ལྟར་དཀྱིལ་འཁོར་གཅིག་གི་རྣམ་པར་གདུལ་བྱའི་མོས་ངོར་འཆར་བ་དག །དཀྱིལ་འཁོར་གྱི་གཙོ་བོ་

ཀུན་ཏུ་བཟང་པོའི་གདན་གསུམ་དག་པའི་དཀྱིལ་འཁོར་གཅིག་ལས་དུ་མར་འཆར་བ་ཡང་། དུ་མ་རོ་གཅིག་སྟོན་འཁོར་དགོངས་པ་དབྱེར་མེད་ཡིན་ཕྱིར་ཐ་དད་དུ་འཁྲུལ་བ་མི་བྱ་སྟེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཞེས་མདོ་སྔགས་འགལ་མེད་དུ་གསུངས་པ་བཞིན་ཏེ། སྤྲོས་པ་ལ་དགའ་ན་སྔགས་རྒྱུད་རྣམས་སུ་རྒྱ་ཆེར་གསུངས་པས་དེར་ལྟོས་ཤིག །དེས་ན་ཚེ་འདས་ཀྱི་འཁྲུལ་གཞི་ཕུང་ལྔ་བཅས་དག་པའི་དག་འབྲས་ཆོས་སྐུ་མངོན་གྱུར་ཡེ་ཤེས་ལྔ་ལྡན་སྐུ་ལྔ་ལྷུན་གྲུབ་སངས་རྒྱས་པ་ཉིད། གྲོལ་ས་ཉིད་ནི་ཐོག་མ་ལའོ། །ཞེས་རྒྱུད་ལས་གསུངས་པ་བཞིན། གཞི་འབྲས་དབྱེར་མེད་དག་པ་གཉིས་ལྡན་ཡིན་ཕྱིར་འབྲས་བུ་རྒྱུར་ལྡོག་མི་སྲིད་ཀྱང་། ཐོག་མེད་ནས་གོམས་པའི་བག་ཆགས་ལུས་ཀྱི་ཀུན་གཞི་སྦྱང་དགོས་ཏེ། ཁམས་གསུམ་ན་ཤེས་པ་ཏིང་ངེ་འཛིན་གྱི་ལུས་དང་། དྭངས་མ་འོད་ཀྱི་ལུས་དང་། གདོས་བཅས་ཤ་ཁྲག་གི་ལུས་དང་། རྣམ་སྨིན་སྡུག་བསྔལ་གྱི་ལུས་དང་། ཐ་ན་མེད་བཞིན་ཏུ་བར་དོ་ཡིད་ཀྱི་ལུས་དང་། རྨི་ལམ་བག་ཆགས་ཀྱི་ལུས་ཞིག །ངར་འཛིན་དང་ལྷན་སྐྱེས་སུ་ཡོད་སྣང་འཆར་བའི་བག་ཆགས་དང་ཕྲལ་ནས་འཁྲུལ་བའི་རྟེན་གཞི་བཤིགས་ཕྱིར། རྣམ་ཤེས་སྤར་ཤུལ་གྱི་མཚན་བྱང་དམ་ཡེ་དབྱེར་མེད་རྡོ་རྗེ་སེམས་དཔའི་ཐུགས་རྗེའི་ཡེ་ཤེས་ཀྱི་མེས་བསྲེགས་ནས་འཁོར་བར་ཕྱིར་མི་ལྡོག་པའི་སྨོན་ལམ་གྱིས་རྒྱས་གདབ་པ་དང་། ཆོས་སྐུའི་ཀློང་ནས་གཟུགས་སྐུ་རྣམ་གཉིས་ཀྱིས་སེམས་ཅན་གྱི་དོན་མཛད་ཕྱིར་ཐལ་བས་སཙྪ་བཏབ་ནས་ལས་ཀྱི་རྗེས་མི་མངོན་པར་བྱས་ནས་གཤིན་པོ་བདེ་བ་ལ་བཀོད་པ་དང་། ཤུལ་གྱི་གསོན་པོ་རྣམས་ཀྱང་འདི་དང་ཕྱི་མར་བདེ་བའི་

ཕྱིར་ཤིས་པ་བརྗོད་པ་རྣམས་ནི་རྗེས་ཀྱི་རིམ་པ་སྟེ། དེ་ལྟར་རིགས་དྲུག་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་དགོངས་དོན་ཉུང་གསལ་གཞན་རྐྱེན་གྱིས་བསྐུལ་བའི་ངོར། ཉུང་ངུའི་ངག་གིས་དཔྱད་གཞི་དོན་བསྡུས་ཙམ་སྨྲས་པའོ། །གཞན་ཡང་རྟོགས་པ་མཆོག་ལྡན་གྱི་གྲུབ་པའི་དབང་ཕྱུག་དག་གིས་སྐལ་ལྡན་འགའ་ཞིག །རྡོ་རྗེ་ཐེག་པའི་མྱུར་ལམ་ལྟར་རྗེས་སུ་བཟུང་ནས། རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བས་ཆོས་སྐུའི་དགོངས་ཀློང་དུ་སྤར་ནས་རྟོགས་གྲོལ་དུས་མཉམ་གྱི་ངང་དུ་གནས་པ་ལས་སླར་མི་ལྡོག་པར་རྒྱས་གདབ་པ་དང་། ལམ་མས་འཛེགས་དང་ལམ་ལ་མ་ཞུགས་པའི་སོ་སྐྱེ་ཐ་མལ་པ་ཚེ་རབས་ལས་ཀྱིས་འབྲེལ་བ་དག་ལ། སྤྲུལ་སྐུ་ཚད་མེད་སྙིང་རྗེའི་འཕོ་བའམ། འདུ་ཤེས་གསུམ་ལྡན་གྱི་འཕོ་བས་བདེ་བ་ཅན་སོགས་སྤྲུལ་སྐུའི་ཞིང་ཁམས་སུ་སྤར་ནས་ཐར་བའི་ལམ་ལས་ཕྱིར་མི་ལྡོག་པར་མཛད་པ་སོགས། རྒྱལ་བ་སྐུ་གསུམ་གྱི་བདག་ཉིད་ཅན་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། གདུལ་བྱའི་ཉོན་མོངས་པ་ལ་དགོངས་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་། དབང་པོ་ཁྱད་པར་ལ་དགོངས་ནས་ཐེག་པ་རིམ་པ་དགུར་གསུངས་པ་སྟེ། བསྟོད་པ་གླུར་བླང་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །གསུངས་པ་བཞིན། རྒྱུ་ལམ་བྱེད་མཚན་ཉིད་ཐེག་པ་ལྟར་གྲངས་མེད་མང་པོར་ཚོགས་བསགས་སྒྲིབ་པ་སྦྱང་ནས་ས་ལམ་རིམ་གྱིས་བགྲོད་དགོས་པ་ཉིད། འདིར་ཆོ་ག་གཅིག་གི་ཡུན་ལ་ས་ལམ་མཐར་ཕྱིན་ནས་སངས་རྒྱས་པར་བྱ་བ་ནི། རྒྱལ་བས་སྔགས་ཀྱི་ཐེག་པ་གསུངས་པའི་དགོས་པ་དང་། འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པའི་ཉེ་ལམ་གྱི་ཁྱད་ཆོས་ཡིན་

ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །གསུངས་པ་ལྟར་ཡིན་ཀྱང་། ཚུར་མཐོང་གི་ཡིད་དང་མི་འཐད་ན། རྒྱན་ལས། མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །གསུངས་པ་ལྟར། ད་ལྟ་མདོ་སྔགས་དང་ཐེག་པ་གོང་འོག་གི་དགོངས་དོན་ལ་ལྟ་བའི་ཆོས་མིག་ཟུམ་པ་དག་གིས། ཤེས་འཆལ་མིག་གིས་ཡོན་པོར་བལྟས་ཏེ། གྲུབ་མཐའི་ཆགས་སྡང་གིས་བསྟན་པ་དཀྲུགས་ནས་བཤིགས་མི་རུང་སྟེ། བདག་ཅག་གི་སྟོན་པས། ཀུན་དགའ་བོ་མུར་རྟུགས་་་་་་་་་་་དགུ་བཅུ་སོགས་ཀྱིས་ང་ཡི་བསྟན་པ་འཇིག་མི་ནུས་ཀྱི། མ་འོངས་པ་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་དག་གིས་ང་ཡི་བསྟན་པ་འཇིག་པར་འགྱུར་རོ། །གསུངས་པ་དང་མཐུན་པའི་རྟོག་གེ་བ་དག་གིས་མི་ལུས་ཐོབ་པ་དང་། རྒྱལ་བསྟན་མཇལ་བ་དོན་མེད་དུ་བྱས་ནས། ཆོས་སྤང་ལས་ཀྱི་རྣམ་སྨིན་ངན་སོང་ནས་ཐར་དུས་མེད་པའང་བྱ་མི་རུང་སྟེ། ཆོས་ཆོས་བཞིན་དུ་མ་བྱས་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། གསུངས་པ་དང་། གྲུབ་པའི་དབང་ཕྱུག་ས་ར་ཧས། གཏི་མུག་གསལ་བས་ཡེ་ཤེས་མི་གསལ་ཏེ། གཏི་མུག་གསལ་བས་སྡུག་བསྔལ་གསལ་བར་འགྱུར། །སོགས་རྒྱལ་བ་སྲས་དང་བཅས་པས་གསུངས་པ་ལ་ཡིད་ཆེས་ན་རང་ཉིད་སྲུང་བ་གལ་ཆེ་སྟེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །གསུངས་པ་ལྟར། འཁྲུལ་རྟོག་ལམ་དུ་བྱས་ནས་གྲུབ་མཐའི་ཆགས་སྡང་གིས་ཆོས་སྤངས་ཀྱི་ལས་བསགས་པ་དག་ནི་སྙིང་རྗེའི་ཡུལ་དུ་གྱུར་པས་ན། འཕགས་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་ཐུགས་

བརྩེ་བ་ཆེན་པོས་དགོངས་ནས། ཚད་མ་གསུམ་ལྡན་གསེར་གྱི་ཐུར་མས། རྟོག་གེ་བའི་མ་རིག་པའི་ལིང་ཏོག་བསལ་ནས་མཐོ་རིས་དང་ཐར་བའི་ལམ་བསྟན་པར་ཞུའོ། །དེས་ན་གཟུར་གནས་རྣམས་ཀྱིས་ཡིད་ལ་ངེས་རྒྱུ། བདག་ཅག་གི་སྟོན་པས་གདུལ་བྱའི་དབང་པོའི་ཁྱད་པར་བཞིན་གསུངས་པའི་ཐེག་པ་གོང་འོག་གི་ཆོས་ཐམས་ཅད། ཉོན་མོངས་པ་སྤང་བསྒྱུར་ལམ་དུ་བྱ་པའི་གདམས་པར་ཤེས་ནས་རིམ་གྱིས་ཉམས་སུ་བླང་བས་སེམས་རྒྱུད་ཐུལ་ཏེ། མཐར་ཐུག་ཉོན་མོངས་པ་མ་སྤང་ལ་མི་ལྡན་པར་རྟོགས་པའི་སྤྲོས་བྲལ་དབུ་མ་ཆེན་པོར་ངལ་བསོ་བ་དང་། དེ་ལས་ཆོས་དང་གང་ཟག་གི་བདག་མེད་གཉིས་རྟོགས་པའི་བདེན་གཉིས་ཟུང་འཇུག་གི་ངང་ནས། ལྟ་སྤྱོད་ཟུང་འབྲེལ་དང་སྣང་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོར་རང་བབས་སུ་གནས་པའི་ངང་དུ། འཁྲུལ་བའི་རྟེན་གཞི་ཞིག་ནས་འཁོར་བའི་གཡང་ས་རང་ཤུགས་ཀྱིས་སྲུང་བ་དང་། དོན་ལ་མདོ་སྔགས་ཀྱི་བསྟན་པ་ཐམས་ཅད་ལྟ་བ་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ལས་མི་འདའ་བ་ནང་པ་སངས་རྒྱས་པའི་ལུགས་ཀྱི་ཁྱད་ཆོས་ཡིན་ཕྱིར། འགལ་མེད་དུ་རྟོགས་ཏེ་མཐར་ཐུག་གདོད་མའི་གྲོལ་གཞིར། སྣང་སེམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་ཚུལ་གཅིག་རོ་གཅིག་གཉིས་མེད་དུ་རྫོགས་པའི། མཐའ་གྲོལ་རྫོགས་པ་ཆེན་པོ་རྟོགས་པའི་དབྱིངས་རིག་ཟང་ཐལ་རྗེན་པའི་ངང་དུ་གྲུབ་མཐའི་ཆགས་སྡང་སོགས་གཉིས་སྣང་ཅན་གྱི་འཁྲུལ་བ་ཞིག་པ་སྟེ། འདུལ་བ་ལས་བདག་ཅག་གི་སྟོན་པ་སངས་རྒྱས་པའི་དུས་སུ་རང་གི་རྟོགས་པ་བརྗོད་པ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །ཞེས་ཆོས་ཐམས་ཅད་ཀྱི་སྡོམ་ཚིག་ཏུ་གསུངས་པ་ལྟར། ཐོབ་བྱའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ཕྱིར། ད་ལྟ་ལམ་

གྱི་དུས་སུའང་དེ་དང་མཐུན་པར་ལམ་དུ་བྱས་པས། ལོག་རྟོག་འཁྲུལ་བའི་སྣང་བ་ལུགས་ལྡོག་ཏུ་དག་ནས། ཡང་དག་ཡེ་ཤེས་ཀྱི་སྣང་བ་མངོན་དུ་གྱུར་པའི་མན་ངག་ཟབ་མོ་ལམ་དུ་བྱས་པ་ཡིན་ཀྱང་། དབང་པོ་ཐ་མས་རྟོགས་དཀའ་བའི་ཕྱིར་གོང་གི་འཕྲོར། སུ་ལ་བསྟན་ཀྱང་གོ་བར་མི་འདུག་སྟེ། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །གསུངས་པས་ཅེའི་ཕྱིར་རྟོགས་དཀའ་ཞེ་ན། འཕགས་པ་དཀོན་མཆོག་བརྩེགས་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་ལ་ཏིང་ངེ་འཛིན་གྱི་གནས་མི་འདོར་བ་ནི། དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ། །གསུངས་པ་དང་། བསྟོད་པ་གླུར་བླང་ལས། ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཞེས་དང་། ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་གིས། །ཆོས་ཀུན་ཁོང་དུ་ཆུད་པར་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །གསུངས་པའི་དགོངས་དོན་བློ་བྲལ་སྨྲ་བསམ་བརྗོད་མེད་བརྡལ་ཁྱབ་སྐྱེ་བ་མེད་པའི་ངོ་བོ་སྟོང་པ་ཆོས་སྐུའི་ཡེ་ཤེས་ངོ་རང་ཐོག་ཏུ་འཕྲོད་པའི་ངང་དེར། རང་བབ་མ་སྐྱེས་མི་འགགས་རང་བཞིན་གསལ་བ་ལོངས་སྐུའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་གདངས་ལས་ཤར་བའི་སྣང་སེམས་ཀྱི་གཡོ་བ་མཐའ་དག་ཆུ་དང་རླབ་ལྟར་གཉིས་མེད་ཟུང་འཇུག་ཆེན་པོར་ཐག་གཅིག་ཐོག་ཏུ་ཆོད་ནས། དེ་དང་དབྱེ་བསལ་མེད་ཅིང་གདོད་ནས་མ་འཁྲུལ་བའི་སོ་སོ་རང་རིག་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུའི་ཡེ་ཤེས་ཀྱི་རྩལ་ལས་རོལ་པར་ཤར་བའི། ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་རང་ཤར་རང་གྲོལ་ཤར་གྲོལ་དུས་མཉམ་ཡོངས་གྲོལ་རྟེན་མེད་གཉིས་སྣང་དང་བྲལ་བའི་གདེང་གྲོལ་ཐོག་ཏུ་འཆའ་

བ་སྟེ། དོན་ལ་གློ་བུར་སྒྲིབ་བྱེད་ཀྱི་འཁྲུལ་རྟོག་སངས་ནས་གཞི་གནས་སྐུ་གསུམ་གྱི་དགོངས་པ་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པའི། རྒྱལ་བའི་དགོངས་པ་མཐར་ཐུག་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུ། ཟག་པ་བག་ཆགས་དང་བཅས་པ་སངས་བའམ། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་བཅོམ་ནས། གཞི་ཡི་ཡོན་ཏན་སྐུ་དང་ཡེ་ཤེས་མཛད་པ་ཕྲིན་ལས་སོགས་རྒྱས་པའི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཉི་མ་འཆར་ནུབ་མེད་པར་ཕྱོགས་དུས་ཀུན་ཏུ་གདལ་ཏེ། རྩོལ་མེད་ཐུགས་རྗེའི་ཟེར་གྱིས་དོན་གཉིས་མཐར་ཕྱིན་པར་བྱ་བ་ནི། དགོངས་པ་རང་གྲོལ་གྱི་དགོངས་དོན་ཡིན་ཏེ། གཏེར་གཞུང་བར་དོའི་རྩ་ཚིག་ལས། ཀྱེ་མ་བདག་ལ་སྐྱེ་གནས་བར་དོ་འཆར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤང་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ སྣང་སེམས་ལམ་སློང་སྐུ་གསུམ་མངོན་གྱུར་བྱ༔ མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔ ཡེངས་མ་ལམ་ལ་སྡོད་པའི་དུས་མ་ཡིན༔ གསུངས་པས་ན། བརྒྱུད་ལྡན་རིག་འཛིན་བླ་མ་མཉེས་པ་གསུམ་གྱིས་བརྟེན་ནས། ཚེ་འདིར་གྲོལ་བྱེད་གྱི་མན་ངག་ཐོས་བསམ་སྒོམ་པས་གཏན་ལ་ཕབ་སྟེ། གཞི་གནས་སྐུ་གསུམ་གྱི་དགོངས་པ་མངོན་སུམ་རྟོགས་པ་ནི། བར་དོ་དྲུག་གི་ཉམས་ལེན་གྱི་རྩ་བ་བསྟན་པ་ཐམས་ཅད་གྱི་སྙིང་པོ་ཡིན་པས། ཚེ་འདིར་གྲོལ་འདོད་རྣམས་ཀྱིས་དང་དུ་བླང་བར་བྱའོ། །གསུང་རབ་གདམས་པར་ཤར་ནས་རང་རྒྱུད་ཐུལ། །ལྟ་སྤྱོད་ཟུང་འབྲེལ་འཁོར་བའི་གཡང་ས་སྲུང་། །བསྟན་པ་འགལ་མེད་རྟོགས་ནས་འཁྲུལ་པ་ཞིག །རྒྱལ་པའི་དགོངས་པ་མཐར་ཐུག་རྟོགས་པར་ཤོག །

བསྟན་པ་སྔ་དར་ཉི་མ་འཆར་ཀའི་དུས། །རྟོག་གེའི་སྲིན་བུ་མེ་ཁྱེར་བག་ལ་ཞ། །སྙིགས་མའི་སྨག་རུམ་འཕུར་ལྡིང་གཡོ་བ་ཀུན། །དྲང་སྲོང་བདེན་ཚིག་བ་མོས་བཅོམ་གྱུར་ཅིག །ལྕགས་ཀྱི་ཡོས་བུ་བགྲངས་བྱ་བརྒྱད་ཅུའི་ལོར། །ལྕགས་ཀྱི་ཀི་ཀིའི་མགོ་བོ་མངོན་དུས་བྲིས། །ལྷ་མིའི་སྟོན་པས་ཆོ་འཕྲུལ་ཆེན་པོ་ཡིས། །ལོག་རྟོག་ཚར་གཅོད་དུས་བཞིན་བདེ་གྱུར་ཅིག །ཅེས་སྙིགས་དུས་སྔ་འགྱུར་བརྒྱུད་པའི་གྲལ་མཐར་སྐྱེས་ཀྱང་། དགོངས་དོན་ལ་གོ་བ་ཙམ་ལས་ཇི་བཞིན་མ་རྟོགས་པའི་འདུ་གསུམ་པ། འགྱུར་མེད་བསྟན་འཛིན་ནམ་པདྨ་དབང་ཆེན་ཞེས་པས་གྲུབ་མཐའི་ཆགས་སྡང་མེད་པའི་ཡིད་ངོར་ཤར་བ་བཞིན་བྲིས་པས། བསྟན་པ་ཐམས་ཅད་རང་ངོར་འགལ་མེད་ཀྱི་ངང་ནས་དོན་གཉིས་མཐར་ཕྱིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེ་ལེགས་འཕེལ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་ཟིན་བྲིས་འགྲོ་དོན་རྒྱ་མཚོ་འབྲེལ་ཚད་དོན་ལྡན།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་ཟིན་བྲིས་འགྲོ་དོན་རྒྱ་མཚོ་འབྲེལ་ཚད་དོན་ལྡན་ཡོད།

ན་མོ་ཤྲཱྀ་གུ་རུ་བཛྲ་ས་ཏྭ་ཡ། །རྡོར་སེམས་དམ་པ་རིགས་བརྒྱའི་ཞབས་ལ་འདུད། །དབང་མེད་བར་དོར་འཁྱམས་པའི་ཚེ་འདས་ཀུན། །ཆོ་ག་ལྷ་སྔགས་ཏིང་འཛིན་ཟབ་མོ་ཡིས། །ཚེ་འདས་རིགས་དྲུག་གནས་ནས་དྲངས་བའི་ཐབས། །རྒྱ་གར་རིག་འཛིན་དགའ་རབ་ཤྲཱྀ་སེང་གིས། །རྫོགས་ཆེན་རྒྱུད་སྡེ་འབུམ་ཕྲག་དྲུག་བཅུ་དང་། །རྩ་བཞི་གསུངས་པས་ཁྲི་སྲོང་ཞུས་པའི་ངོར། །སློབ་དཔོན་ཆེན་པོས་སྙིང་པོའི་དོན་བསྡུས་ནས། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས། །ཐོས་ཙམ་ངན་སོང་སྐྱེ་སྒོ་ཆོད་པའི་ཆོས། །སྒམ་པོའི་རི་བོ་མཚོ་ནག་མཎྜལ་ལ། །གཏེར་སྦས་གཏེར་སྟོན་ཉི་ཟླ་སངས་རྒྱས་སྲས། །ཀརྨཱ་གླིང་པས་གཏེར་བཏོན་བརྒྱུད་པ་གསུམ། །བར་དུ་བཀའ་རྒྱ་བསྡམས་ནས་བཀའ་བབ་པ། །ནམ་མཁའ་རྒྱ་མཚོས་སྤེལ་ཚེ་འགྲོ་དོན་ནི། །རྒྱ་ཆེན་འགྲན་ཟླ་མེད་པར་ཤུགས་ལས་བྱུང་། །དེ་ཡི་ཆ་ལགས་ཚེ་འདས་གནས་འདྲེན་གྱི། །དམིགས་རིམ་ཟིན་བྲིས་གསལ་ཁ་མི་སྣང་བས། །འོན་ཀྱང་རྙིང་མ་གྱེར་བསྒོམ་ཡིན་པའི་ཕྱིར། །ངག་གི་འདོན་པ་ཡིད་ཀྱིས་བསྒོམ་རྒྱུ་སྟེ། །བཤད་མི་མང་སྟེ་དྲིས་ན་ཤེས་མི་དཀོན། །བར་མཚམས་ཞལ་གདམས་གབ་འཁྲུགས་སྦས་པ་མང་། །མན་ངག་ཐམས་ཅད་བླ་མའི་ཤེས་་་་་ཤེས་་་དཀའ། །ཀ་ཐོག་འབྲི་གུང་ཟུར་

མང་མཁར་དྲུང་ལུགས། །མཁས་གྲུབ་གསར་རྙིང་གཉིས་ལ་ཞུས་ནས་ཀྱང་། །མང་པོ་མཐོང་སྟེ་གནས་འདྲེན་དམིགས་རིམ་དེ། །ཞལ་ཁྲིད་མ་གཏོག་བརྩམས་པ་མ་རིག་གསུངས། །མ་དག་ཡུལ་ཕྱོགས་འདི་རུ་དར་ཆ་ཆེ། །འདྲེན་ཆོག་བླ་མ་རོ་ཆོག་བྱེད་རྣམས་ཀྱིས། །དབང་ལུང་ཐོབ་ཟེར་ཅི་བྱུང་གང་འཛོམས་འདོན། །རྫོགས་རིམ་མི་བརྟེན་བསྐྱེད་རིམ་གོམ་འདྲེས་མེད། །བསྐྱེད་རྫོགས་གླིང་ན་ཧམ་པ་སྟོང་སྐད་མཐོ། །ཆགས་སྡང་ཟུར་ཟ་ཕྲག་དོག་མེ་ལྟར་འབར། །གཉོམ་ཆུང་ཤེས་རབ་དབུལ་བས་ཤེས་འདོད་ཀྱང་། །དཔེ་ཆ་བྲག་དམར་ཡིག་རྒོད་ནང་དུ་ལུས། །དེ་ལ་ཕན་ཕྱིར་སེམས་བསྐྱེད་མ་གཏོགས་པ། །མཁས་འདོད་གྲགས་འདོད་བཟང་འདོད་བརྩམས་པ་མིན། །བཀའ་ལ་དྲེགས་༼རེགས་༽གཅོད་ཤན་པ་ལག་དམར་མིན། །སེམས་བསྐྱེད་དབང་གིས་ཅི་ཤེས་རྒྱལ་བའི་བཀའ། །བྲིས་པས་བཀའ་ལྟར་མ་ཤེས་མཐོལ་ལོ་བཤགས། །ཀློང་ཆེན་རྣམ་འཕྲུལ་པདྨ་བློ་གྲོས་ཀྱིས། །གསུངས་པའི་ཚེ་འདས་ཤེས་པ་བཞི་ལྡན་དང་། །གཏེར་གཞུང་སོར་བཞག་སྙན་རྒྱུད་ཞལ་གདམས་གསུམ། །གབ་སྦས་འཁྲུགས་སྡེབས་གཞུང་ལྟར་མི་འགལ་བྱ། །དེ་ཕྱིར་ལོག་ལྟ་མ་བྱེད་ཉམས་སུ་ལོངས། །དང་པོ་སློབ་དཔོན་བྱ་བ་བསྙེན་བསྒྲུབ་རྫོགས། །བར་དུ་སེམས་བསྐྱེད་བསྐྱེད་རྫོགས་བརྟན་པ་ཐོབ། །ཐ་མ་འགྲོ་དོན་རྒྱ་ཆེན་དུས་བབ་ཚེ། །་་་་སྔོན་འགྲོ་་་་་་་་་བཞི་སྦྱོར་བདག་མདུན་བུམ་པ་དང་། །ཚོགས་བསྐང་ལས་བུམ་བདག་འཇུག་བླང་བའི་ཚེ། །བདག་ཉིད་དབང་ལྡན་རྒྱལ་པོ་རྡོ་རྗེ་སེམས། །སྐུ་ལ་དམ་པ་རིགས་བརྒྱའི་ལྷ་ཚོགས་དང་། །དཔའ་བོ་དཔའ་མོ་ཏིལ་གོང་ཁ་ཕྱེ་བཞིན། །གངས་རིར་འཇའ་ཚོན་འཁྲུགས་པ་ལྟ་བུ་ཡི། །འོད་ཟེར་ཉི་མ་འབུམ་སྟོང་འོད་འཕྲོས་པས། །

འོག་མིན་ཆོས་དབྱིངས་ཞིང་ཁམས་ཁྱབ་པར་བསྒོམ། །དམིགས་རིམ་དེ་ནི་བློ་བཟོ་མ་ཡིན་ཏེ། །ཀུན་བཟང་དགོངས་པ་ཀུན་འདུས་ནང་ནས་གསུངས། །གཏེར་གཞུང་ཚིག་དོན་[གཉིས་བཀྲལ་]གནད་དོན་ཡིན། །ཚེ་འདས་ལྷོ་ཕྱོགས་གཤིན་རྗེས་ཁྲིད་སོང་བས། །དཀྱིལ་འཁོར་ལྷོ་སྒོར་མཎྜལ་ནར་མོའི་སྟེང་། །རིགས་དྲུག་དལ་བཤམས་དེ་དོན་གནས་འདྲེན་དང་། །ལྷན་ཐབས་ནང་ལྟར་བཅའ་ཆོག་རྫོགས་པའི་རྗེས། །རང་ཉིད་རྒྱན་ལྡན་ཁྲིར་འདུག་གོང་ལྟར་དུ། །ལྷ་བསྒོམ་བྱང་སེམས་གཏོང་ལེན་དམིགས་པ་བྱ། །དེ་དོན་ཨུ་རྒྱན་ཆེན་པོའི་བཀའ་ཐང་ལས། །སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ། །འབྲེལ་ཐོག་ཚེ་འདས་རྣམས་ལ་ཕན་ཐོག་དཀའ། །མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཙ་མཆིས། །རྣམ་ཤེས་ཁྱི་གླེན་བཞིན་དུ་བར་དོར་འཁྱམས། །མཐོ་རིས་འདྲེན་པ་དེ་ལ་དཀའ་ལས་ཡོད། །གསུངས་ཕྱིར་དམིགས་པ་དེ་ཉིད་གལ་ཆེན་ཡིན། །དེ་ནས་ༀ་མ་ཧཱ་ཤུ་ནྱཻ་ཏ་ཛྙ་བརྗོད་པའི་དོན། །དངོས་སྣང་གཟུང་འཛིན་ཡུལ་སྣང་སྟོང་པར་སྦྱངས། །འཁོར་འདས་རིགས་དྲུག་སྒྱུ་མ་ལྟ་བུར་བསྒོམ། །རང་སེམས་སྟོང་ཉིད་སྙིང་རྗེའི་རང་མདངས་ཧཱུྃ། །ཡོངས་གྱུར་རྡོར་སེམས་གོང་ལྟར་ཐུགས་ཀ་རུ། །ཟླ་སྟེང་ཧཱུྃ་ལ་ཡིག་བརྒྱས་བསྐོར་བར་དམིགས། །ཚེ་འདས་ཤེས་པ་བཞི་ལྡན་ཟེར་བ་དེ། །ཚེ་འདས་ཚེ་འདས་དེ་ཉིད་ཤེས་པ་དང་། །སློབ་མར་ཤེས་དང་ལྷ་རུ་ཤེས་པ་གཉིས། །ལྷ་བས་ལྷག་པར་ཤེས་པ་བཞི་ཡོད་པས། །ས་བཅད་བཞི་ལ་གཏེར་གཞུང་སྦྱར་ནས་བཤད། །དང་པོ་ཚེ་འདས་ཚེ་འདས་ཤེས་པ་ལ། །གཤེད་ཕྲལ་གནས་འགུག་རྟེན་བསྟིམ་དུག་ཁྲུས་བྱ། །ཚེ་འདས་སློབ་མར་ཤེས་པའི་དུས་སུ་ཡང་། །སྐྱབས་འགྲོ་དལ་འཇུག་དབང་བཞི་རྫོགས་པར་བསྐུར། །ཚེ་འདས་

ལྷར་ཤེས་ཡེ་ཤེས་དབབ་པ་དང་། །སྤྲོས་བཅས་བུམ་དབང་ཆེན་མོ་རྫོགས་པར་བསྐུར། །ཚེ་འདས་ལྷ་བས་ལྷག་པར་ཤེས་པ་དེ། །ཞིང་ཁམས་སྨོན་ལམ་ནད་སྒྲིབ་སྦྱང་བ་དང་། །ལམ་བསྟན་གནས་སྤར་སྦྱིན་བསྲེགས་གཤིན་སྒབ་བཅད། །དང་པོ་ཚེ་འདས་ཚེ་འདས་ཤེས་པ་ལ། །ངེས་པར་ཚེ་འདས་གཤེད་ཕྲལ་དམིགས་པ་ནི། །མདུན་དུ་ལྷན་ཐབས་ནང་ལྟར་ཚེ་འདས་བསྐྱེད། །དེ་ནི་དམ་ཚིག་སེམས་དཔའི་ཚུལ་ལྟར་ཡིན། །གཞུང་ལྟར་རོའམ་རུས་པ་མཚན་བྱང་ལ། །གཤེད་བྲལ་རྣམ་ཤེས་འགུགས་པའི་དུས་འདི་རུ། །ཕོ་བྲང་དཀྱིལ་འཁོར་འོག་མིན་ཆོས་དབྱིངས་དང་། །བདེ་བ་ཅན་གྱི་ཞིང་ཁམས་དབྱེར་མེད་བསྒོམ། །བག་ཆགས་སྣང་འཁྲུལ་དམྱལ་ཁམས་རིགས་དྲུག་གནས། །མདུན་དུ་བཤམས་པའི་རིགས་དྲུག་དཀྱིལ་འཁོར་དང་། །དབྱེར་མེད་ཐ་དད་གཅིག་པོ་ཉིད་དུ་བསྒོམ། །གཞུང་ལས། བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས། །དེ་དོན་གོང་ལྟར་ཟླ་སྟེང་ཧཱུྃ་ཡིག་མཐར། །ཡིག་བརྒྱ་སྔགས་ཕྲེང་འོད་ཟེར་དཔག་མེད་འཕྲོས། །ཚེ་འདས་རྣམ་ཤེས་དག་པའི་ཞིང་མ་གཏོགས། །འོད་ཟེར་ཛཿདམར་ཁ་བརྒྱད་ལྕགས་ཀྱུའི་མཚན། །རིགས་དྲུག་གར་གནས་འོད་ཟེར་ཕོག་མ་ཐག །ས་འོག་ས་སྟེང་ས་བླ་གར་ཡོད་ཀྱང་། །ཚེ་འདས་དེ་ཡི་ཐོང་ག་ནས་བཟུང་སྟེ། །བྱམས་སེམས་ལྡན་པས་སྐད་ཅིག་མ་འཆུགས་པར། །རྣམ་ཤེས་ནྲྀ་དེ་ཨཿདཀར་གཅིག་ཏུ་གྱུར། །རང་དབང་མེད་པར་མདུན་གྱི་རྟེན་ལ་བསྟིམ། །བདེན་སྟོབས་ཉེར་གཅིག་བདུན་ནམ་གསུམ་སོགས་བརྗོད། །དེ་ནི་ཞི་བའི་ཚུལ་དུ་འགུགས་པ་ཡིན། །གཤེད་བྲལ་ཁྲོ་བོའི་ཚུལ་དུ་འགུགས་པ་ནི། །གཞུང་ལས། ཧཱུྃ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་དོན། །ཚེ་འདས་ཉེ་འབྲེལ་སེམས་མཐུན་མཚན་བྱང་བཟུང་། །སློབ་དཔོན་ཆེ་

མཆོག་སྐུར་གསལ་འོད་ཟེར་གྱིས། །བདེན་སྟོབས་བརྗོད་ཅིང་རྣམ་ཤེས་རྟེན་ལ་བསྟིམ། །སྐུ་ཡི་འོད་ཟེར་འཕྲོས་པས་ཤི་གཤེད་ཀུན། །དབང་བསྡུས་གླུད་བྱིན་རྒྱ་མཚོའི་ཕ་མཐར་བསྐྲད། །དེ་ནས་ཚེ་འདས་ཤི་གཤེད་ཟ་འདྲེ་ལ། །གཏོར་མ་ཆངས་བུ་མཐེབས་ཀྱུ་མར་མེ་བཤམས། །ཨ་མྲྀ་ཏ་དང་སྭ་བྷ་ཝ་ཡིས་སྦྱངས། །ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས། །སྤྱིར་གྱི་སྦྱང་བ་བྱ་ཡུལ་ངོས་བཟུང་ན། །དུས་གསུམ་སངས་རྒྱས་མན་ཆད་སྲིན་བུ་ཡན། །སྲོག་གཅོད་གཤེད་མ་ལས་ཀྱི་གཤིན་རྗེར་གསུངས། །འགྲོ་བ་ཀུན་གྱི་དབུགས་ལེན་སྲོག་གཅོད་དེ། །དཔལ་ལྡན་ལྷ་མོ་ཡིན་པར་རྒྱུད་ལས་གསུངས། །གཞན་ཡང་དྲི་ཟ་ཀུན་ཏུ་ཁྱབ་བྱེད་དང་། །གནོད་སྦྱིན་གཏོགས་འདོད་འབྱུང་པོ་ཝ་ར་ཧི། །གནོད་སྦྱིན་སྨྲ་འདོད་གནོད་སྦྱིན་པི་ཤ་ཙི། །དེ་སོགས་ནག་ཕྱོགས་བདུད་རིགས་མང་པོ་ཡིས། །འཆི་ཁའི་དབུགས་ལེན་ཕུང་པོ་བདག་དུ་བཟུང་། །ཚེ་འདས་གཟུགས་བཟུང་གསོན་པོ་རྣམས་ལ་གནོད། །ཚེ་འདས་ལ་བསྔོས་ཟས་སྐོམ་བར་ན་འཇོམས། །ཚེ་འདས་ཡིན་པར་བརྫུས་ནས་ཆ་འཕྲིན་བཤད། །དེ་འདྲ་དཔག་ཏུ་མེད་པ་ཡོད་པའི་ཚུལ། །ཚེ་འཕོས་ཅི་ལྟར་འགྱུར་བའི་མདོ་ལས་གསུངས། །དེ་དག་རྣམས་དང་ཕྱེ་བར་མ་བྱས་ན། །གསོན་པོ་རྣམས་ལ་གནོད་པའི་གསོན་བདུད་ཟེར། །གཤིན་པོ་ཡར་འགྲོ་མི་འཇུག་ལྕགས་བླུགས་འདྲ། །དེ་ལ་གསོན་བདུད་གཤིན་ལྕགས་ཞེས་བྱ་བའི། །གཏོར་མ་ལམ་བརྒྱག་ཆངས་བུ་ལམ་ཟན་དེ། །ཆངས་རྗེས་ཟུར་ལྔ་འདོད་ཡོན་ལྔ་པོ་མཚོན། །སོར་མོའི་རྗེས་དྲུག་རིགས་དྲུག་ལན་ཆགས་བྱང་། །འབུར་ཆུང་བཅུ་གཉིས་ལོ་བདུད་བཅུ་གཉིས་ཚིམ། །ཏིང་ལོ་མར་མེ་གཟུགས་ཡིན་ལམ་སྒྲོན་ཏེ། །དཔག་ཚད་རྒྱང་གྲགས་མུན་པའི་གླིང་དུ་བསྐྲད། །གང་དག་མི་འགྲོ་ནག་ཕྱོགས་

བདུད་ཀྱི་རིགས། །ས་དང་ལམ་ལ་བར་དུ་གཅོད་པ་རྣམས། །ཁྲོ་ཚོགས་རབ་ཁྲོས་མགོ་བོ་ཚལ་པ་བརྒྱ། །ལུས་ནི་དུམ་བུ་སྟོང་དུ་གཏོང་བ་ཡི། །དཔེར་ན་བྱ་སྤུ་རླུང་གིས་གཏོར་བ་བཞིན། །དབང་མེད་རྒྱ་མཚོའི་ཕ་མཐར་བསྐྲད་བསྒོམ་ལ། །ཧཱུྃ་ང་ཉིད་ལྷ་ཡི་ང་རྒྱལ་གྱེར་བའི་ཚེ། །ཧཱུྃ་བཞི་དྲག་སྔགས་སོ་ལྔས་ཡུང་ཀར་བྲབ། །ཀུན་བཟང་རིགས་ལྔ་རྡོར་སེམས་ཐུགས་ཀ་རུ། །ཕྱག་རྡོར་བསྒོམ་པའི་ཐུགས་ཀའི་འོད་ཟེར་དང་། །ཁྲོ་ཚོགས་མཚོན་ཆ་སྣ་ལྔ་མེ་དཔུང་སྤྲོས། །ཤི་གཤེད་བགེགས་རྣམས་རྒྱ་མཚོའི་ཕར་འགྲམ་བསྐྲད། །འོད་ཟེར་ཁྲོ་ཚོགས་མཚོན་ཆ་མེ་དཔུང་རྣམས། །ཚུར་འདུས་གུར་ཁང་དྲུག་རིམ་བསྒོམ་པའི་ནང་། །ཚེ་འདས་རྒན་རྒུད་ན་ཚ་སྡུག་བསྔལ་བྲལ། །པུས་བཙུག་ཐལ་སྦྱར་གོས་གྱོན་མེ་ཏོག་འཛིན། །བདག་མདུན་ལྷ་ལ་སྐྱབས་སུ་འགྲོ་བར་དམིགས། །གཉིས་པ་རིགས་དྲུག་གནས་འགུགས་སློབ་དཔོན་ནི། །རྡོར་སེམས་སྐུར་གསལ་ལྕགས་ཀྱུའི་ཕྱག་རྒྱ་བྱ། །གཞུང་ལས། ཧཱུྃ་ཚེ་འདས་ལུས་བརྗེས་བར་དོའི་རྣམ་ཤེས་ཁྱོད། །ཟེར་དོན་མཁས་གྲུབ་དམ་པ་ཆགས་མེད་ཀྱིས། །ནས་ལྕགས་བསུར་གྱི་རྣམ་ཤེས་འཕོ་དོག་གསུངས། །སྔར་འདས་ཡིད་ལུས་བར་དོའི་རྣམ་ཤེས་ཏེ། །བག་ཆགས་ལས་རླུང་དྲག་པོ་དབང་ཆེ་བས། །རྟེན་མེད་ཕྱད་ཕྱོད་ཡད་ཡུད་རིགས་དྲུག་ཏུ། །རྡོ་རྗེ་གདན་དང་མ་མངལ་མ་གཏོགས་པ། །རི་བྲག་གར་ཡང་རླུང་ལྟར་ཐོག་མེད་རྒྱུ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེས་གསུངས་པ་དང་། །བླ་མ་ཉི་ཟླ་འོད་ཟེར་ཤ་ཉེ་བ། །རྡོ་རྗེ་རྒྱལ་མཚན་བར་དོའི་རྣམ་ཐར་གསལ། །དེ་ཕྱིར་མིང་ཡིད་ཕུང་པོ་གཟུགས་མེད་གནས། །རྒྱལ་བའི་འོད་ཟེར་ལྕགས་ཀྱུ་རྣོན་པོ་ཡིས། །ཨ་ནྲྀ་སུ་ཏྲི་པྲེ་དུ་ངོ་བོ་རུ། །བཀུག་ནས་དབང་མེད་རྟེན་ལ་བསྟིམ་པར་གསུངས། །གསུམ་པ་རྟེན་

ལ་བསྟིམ་པར་བྱ་བ་ནི། །ཚེ་འདས་ཡིད་མཐུན་བརྩེ་གདུང་ལྡན་པའི་མིས། །མིང་བྱང་ལག་བཟུང་སློབ་དཔོན་ཞལ་གདམས་ཚུལ། །བརྩེ་གདུང་ལྡན་པས་ཀྱེ་མ་དབང་མེད་གྱེར། །ཚེ་འདས་དེ་ཉིད་དངོས་སུ་གསལ་བར་བསྐྱེད། །བཞི་པ་དུག་ཁྲུས་ཚེ་འདས་བྱེད་པའི་དོན། །ཡེ་ཤེས་ལྷ་ལ་དྲི་མ་མི་མངའ་ཡང་། །བདག་གཞན་ཚེ་འདས་སྡིག་སྒྲིབ་སྦྱངས་བའི་ཕྱིར། །སྐུ་གསུང་ཐུགས་རྟེན་བྱིན་རླབས་ལྡན་པ་ལ། །སྐུ་ཁྲུས་བྱས་པའི་ཆུ་དེ་བྱིན་རླབས་ཅན། །ལུས་ཅན་སྡིག་སྒྲིབ་འདག་ཅེས་རྒྱུད་ལས་གསུངས། །སྔགས་དང་ཏིང་འཛིན་མེད་པའི་ཆུ་གཙང་གིས། །ཕ་མའི་རུས་པ་བཀྲུས་ན་ཕན་ནོ་ཞེས། །ཕྱི་རོལ་པ་རྣམས་སྨྲ་བ་དགག་པའི་ཕྱིར། །དེ་ཕྱིར་ཇི་ལྟར་བལྟམས་པས་སྐུ་ཁྲུས་བྱ། །ཁྲུས་ཆུ་ལས་བུམ་བརྩལ་ལ་ལག་ཏུ་ཐོག །དེ་ཡིས་བྱང་བུའམ་རོ་ལ་ཁྲུས་བྱས་ཏེ། །རྣམ་པ་བདུད་རྩིའི་ངོ་བོ་དཀྱིལ་འཁོར་ལྷ། །ཕ་རོལ་ཕྱིན་བཅུ་རྫོགས་པའི་རང་བཞིན་ཆུས། །ཁྲུས་བྱས་ཉོན་མོངས་བཅུ་པོ་དག་པར་བསྒོམ། །རྒྱལ་བ་རིགས་ལྔའི་བདེན་སྟོབས་བརྗོད་པའི་ཚེ། །ཚེ་འདས་རྒྱུད་ཀྱི་དུག་ལྔའི་དུག་རྣམས་ཀུན། །རྒྱལ་བ་རིགས་ལྔའི་ཐུགས་ཀའི་འོད་ཟེར་ནི། །ཁ་དོག་སྣ་ལྔ་འོད་ཕུང་རབ་འཕྲོས་པས། །རྩིག་གསེང་དུ་བ་རླུང་གིས་དེད་པ་ལྟར། །ཕྱི་རུ་བྱུང་དམིགས་སྐུ་གཟུགས་གཡུག་སྲོལ་ཡོད། །དེ་ནས་དཀོན་མཆོག་གསུམ་གྱིས་དུག་བཅོམ་པས། །ཚེ་འདས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ངན་སོང་གནས་སུ་འཕེན་པ་དུག་གསུམ་སྟེ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཡིན་པས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་མདོར་བསྡུས་ན། །དུག་གསུམ་འདི་ལ་མ་འདུས་གཅིག་ཀྱང་མེད། །དཀོན་མཆོག་གསུམ་ལ་སྐྱབས་སོང་དུག་བཅོམ་པས། །ཚེ་འདས་བར་དོའི་སྡུག་བསྔལ་ཀུན་བྲལ་ཏེ། །དཀོན་མཆོག་གསུམ་ལ་དད་པའི་

མོས་པ་བྱ། །དེ་ནས་འབྱུང་བཞི་སྦྱངས་བ་དགོས་པའི་དོན། །ཚེ་འདས་སྔར་ལུས་སྒྱུ་ལུས་ཤ་ཁྲག་དེ། །འབྱུང་བ་བཞི་ལ་བརྟེན་པའི་བག་ཆགས་ལུས། །ནད་རིགས་བཞི་བརྒྱ་རྩ་བཞིའི་རྟེན་ཡིན་པས། །གྲི་ཤི་ལ་སོགས་འཆི་ལུགས་ངན་ན་ནི། །གྲི་སྒྲོལ་ལ་སོགས་གཞན་ནས་སབ་ན་བཟང་། །དེ་ཕྱིར་བར་དོའི་ན་ཚ་སྡུག་བསྔལ་དེ། །ཡིད་ལུས་བག་ཆགས་ཞེན་པའི་སྡུག་བསྔལ་ཡོད། །དེ་དག་སྦྱངས་ཐབས་མཁས་གྲུབ་དམ་པའི་ལུགས། །ཀུ་ཤ་རྨ་བྱའི་སྒྲོ་བཅས་ལག་ཏུ་ཐོགས། །རྨ་བྱ་དུག་རྣམས་འཇོམས་པའི་མཆོག་ཡིན་ཅིང་། །ཁ་དོག་ལྔ་ནི་ཡེ་ཤེས་ལྔ་པོའི་མཚོན། །དེ་དབུས་ཟླ་དཀྱིལ་སྟེང་དུ་ཧཱུྃ་དཀར་པོ། །དེ་མཐར་ཡིག་བརྒྱས་བསྐོར་བའི་འོད་ཟེར་འཕྲོས། །ས་ཆུ་མེ་རླུང་བཞི་ལ་ནད་རྣམས་བསྟིམ། །ཚིགས་བཅད་བརྗོད་ཅིང་བསྐོར་ལ་དོར་བའི་ཚེ། །གང་བའི་སྣོད་དུ་དུག་སོང་ཟེར་བའི་དོན། །ཚེ་འདས་རྒྱུད་ཀྱི་ནད་གདོན་འབྱུང་བཞིའི་དུག །འབྱུང་བཞི་སོ་སོའི་རྫས་ལ་ཐིམ་པར་བསྒོམ། །མཇུག་ཏུ་ཡིག་བརྒྱའི་ཁྲུས་གཅིག་བྱ་བ་དང་། །ཀང་ཀ་ནི་ཡིས་ཁྲུས་གཅིག་བྱའོ་གསུངས། །ཚེ་འདས་ཡིད་ལུས་བག་ཆགས་སྒྲིབ་པ་དེ། །ཉོན་མོངས་བཅུ་པོ་ཕ་རོལ་ཕྱིན་བཅུས་སྦྱངས། །དུག་ལྔ་དུག་གསུམ་རིགས་ལྔ་མཆོག་གསུམ་གྱི། །བདེན་སྟོབས་སྒོ་ནས་སྦྱངས་པའི་ཐུགས་རྗེ་ཡིས། །སྒྲིབ་པ་ལྔ་དག་སྐུ་ལྔའི་ངོ་བོར་གྱུར། །འབྱུང་བཞི་སྦྱངས་པས་ནད་གདོན་ཞེན་དག་ནས། །ཡེ་ཤེས་ལྔ་ཡི་ངོ་བོར་གྱུར་པར་མོས། །ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་འགྲོ་ནི། །ཚེ་འདས་ཉེ་འབྲེལ་ཡིད་མཐུན་མཚན་བྱང་བཟུང་། །དེ་དོན་ཚེ་འདས་བར་དོ་ཡིད་ལུས་དེ། །ལུས་མེད་རྟེན་མེད་ཡིད་ལུས་དབང་མེད་དེ། །ཕྱད་ཕྱོད་ཡད་ཡུད་ཕྱོགས་མེད་ཀུན་ཏུ་རྒྱུ། །ང་ནི་ཤི་འདུག་བསམ་

ནས་སྡུག་བསྔལ་ནི། །ཉ་མོ་བྱེ་ཚན་ནང་དུ་ལྷུང་འདྲ་འོང་། །སྙིང་གྲང་ཚིག་པ་ཟ་ཞིང་ཡིད་སྐྱོ་ནས། །ཉེ་རིང་བརྩེ་བ་རྣམས་ལ་སེམས་ཆགས་ཆེ། །སྔར་གྱི་ཡིད་མཐུན་མི་ལ་སེམས་རིག་བརྟེན། །མཚན་བྱང་བཟུང་དོན་དེ་ལ་ཡིད་ཆགས་ནས། །སློབ་དཔོན་ཆོས་བཤད་ཉན་པའི་དབང་ཡོད་གྱུར། །དེ་ནས་སྡུག་བསྔལ་ཞི་ཞིང་དད་པ་སྐྱེས། །སྐབས་འདིར་མཁས་གྲུབ་སངས་རྒྱས་བཀྲ་ཤིས་ཀྱིས། །གསལ་ཐོས་དམིགས་པ་གལ་ཆེ་དོན་ཆེ་གསུངས། །ཡེ་ཤེས་རྒྱལ་མཚན་ཕྱག་དཔེ་ནང་ན་གདའ། །གསལ་ཐོས་དམིགས་པ་དབྱངས་གསལ་ཧཱུྃ་ཡིག་སྤྲོས། །སྣ་བུག་གཡོན་ནས་དབྱིངས་ཡིག་བཅུ་དྲུག་དང་། །སྣ་བུག་གཡས་ནས་གསལ་བྱེད་སུམ་བཅུ་སྤྲོས། །ཚེ་འདས་སྙིང་ནང་ཟླ་སྟེང་ཐིག་ལེ་ལ། །དབྱངས་ཡིག་གཡས་འཁོར་གསལ་བྱེད་གཡོན་དུ་འཁོར། །རང་གི་སྣ་རྩེ་ཧཱུྃ་སྔོན་ཕྲིལ་གྱིས་སྤྲོས། །ཚེ་འདས་སྣ་སྒོར་གྱེན་ཞུགས་སྙིང་ནང་ཐིམ། །དབྱངས་གསལ་ཧཱུྃ་རྣམས་སྙིང་ནང་ཐིམ་པའི་མཐུས། །བདག་གིས་ཆོས་རྣམས་ཅི་སྨྲས་གོ་བར་བསམ། །དེ་ནས་སྒྲིབ་བྲལ་ཡིད་ལུས་མངོན་ཤེས་ཅན། །ཡིན་ཕྱིར་སྤྲོ་བསྐྱེད་ལོ་རྒྱུས་བརྒྱུད་རིམ་དང་། །བྲམ་ཟེ་དུང་ཕྲེང་རྒྱལ་བུ་དགེ་མཐོང་རྣམས། །ན་རཀ་གནས་ནས་དྲངས་ཚུལ་ཕན་ཡོན་བཤད། །ཚེ་འདས་གསོལ་བ་བཏབ་པའི་མོས་པ་ཡི། །ཡོན་བདག་མཚན་བྱང་བཟུང་མི་རྗེས་ཟློས་བཅུག །ཚིག་མཇུག་གཉིས་པོ་ལན་གསུམ་རྗེས་ཟློས་བྱེད། །མཁས་གྲུབ་ཆགས་མེད་གནས་འདྲེན་ནང་ནས་བཤད། །སྔོན་ཚེ་མོའུ་འགལ་བུ་ཡི་མ་ཉིད་དང་། །རྒྱལ་པོ་དགེ་མཐོང་དུང་ཕྲེང་ལོ་རྒྱུས་དང་། །མཚོ་རྒྱལ་སྡིག་བློན་ཤནྟ་རཀྵ་རྣམས། །སྐད་ཅིག་སྐད་ཅིག་དབང་མེད་བཙན་ཐབས་སུ། །རིགས་དྲུག་གནས་ནས་རིམ་པར་དྲངས་པ་ལྟར། །གསལ་གསུམ་ངང་ནས་གྱེར་བསྒོམ་གསལ་

བྱས་དེ། །སློབ་དཔོན་རྡོར་སེམས་སྐུར་གསལ་འོད་ཟེར་གྱིས། །བར་དོའི་ཡིད་ལུས་འོད་ཀྱི་བཏུམ་ནས་འཁྱུད། །སྐད་ཅིག་འཆུག་དབང་མེད་པའི་ཏིང་འཛིན་གཅེས། །རོ་རྩར་ངུ་འབོད་སེམས་ཅན་སྲོག་གཅོད་སྤང་། །རིགས་དྲུག་དམིགས་རིམ་གཅིག་བྲིས་དེ་ཡིས་འགྲེས། །འོག་མ་ལྔ་པོ་དེ་འགྲེས་ཤེས་པར་མཛོད། །འོ་ཚེ་ལས་འདས་པ་མ་ཡེངས་པར་སོགས། ཞེས་པའི་དོན་གཅིག་གསལ་བར་སྤྲོ་བྱས་ན། །ཞེ་སྡང་དབང་གིས་ཁྱེད་ཉིད་དམྱལ་བར་སྐྱེས། །བདག་གིས་ལྷ་སྔགས་ཏིང་འཛིན་ཟབ་མོ་ཡིས། །དམྱལ་བའི་གནས་དྲངས་རིག་འཛིན་གྲལ་དུ་འཁོད། །བདག་གི་རྗེས་བཟློས་གྱིས་ཟེར་ཡར་ཞུ་དང་། །མར་ཞུ་ཞལ་གདམས་གསོལ་འདེབས་སྐྱབས་འགྲོ་བསླབས། །ཆོས་རྣམས་བསམ་པ་གཙོ་ཆེ་མོས་པས་ཆོག །དེ་ནས་ཚོགས་ཆེན་བསགས་ཐབས་ཞལ་ཟས་དེ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་ཡིས། །འོག་མིན་ཆོས་དབྱིངས་ཞིང་ཁམས་ཁྱབ་པར་སྤྲོས། །རིགས་དྲུག་གཙོ་བོ་ཐུབ་པ་དྲུག་པོ་ཡང་། །དཀྱིལ་འཁོར་ནང་གི་ཐུབ་དྲུག་དབྱེར་མེད་དྲངས། །ཚེ་འདས་ཚོགས་རྫོགས་ཕྱིར་དུ་འབུལ་བར་བྱ། །དེ་ནས་ཕྱག་མཚན་དབང་བསྐུར་ངེས་དོན་ནི། །ཚ་དམྱལ་ཆུས་འཇོམས་གྲང་དམྱལ་མེས་འཇོམས་ཕྱིར། །དུ་ད་ཧ་ད་ཧ་ཞེས་པའི་རྩ་སྔགས་ཏེ། །ན་རཀ་དུང་སྤྲུགས་རྒྱུད་ནས་གསུངས་པའི་ཕྱིར། །བྱིན་རླབས་ཆེ་ཕྱིར་དམྱལ་བའི་སྡུག་བསྔལ་འཇོམས། །ཚ་གྲང་སྡུག་བསྔལ་གྲོལ་བའི་དབང་ཡིན་གསུངས། །དེ་ནས་བུམ་དབང་བྱེད་པའི་དམིགས་རིམ་ནི། །ད་ནང་ཆོ་ག་གཞུང་བསྲངས་མདུན་བསྐྱེད་སྐབས། །བུམ་ལྔ་ཡོད་ན་ལྷ་ཚོགས་བགོས་ནས་བསྒོམ། །མེད་ན་བུམ་པ་གཅིག་ལ་སྐད་ཅིག་སུ། །དྲན་རྫོགས་ལྷ་རྣམས་གནས་འགྱུར་བསྒོམ་པས་ཆོག །ལས་བུམ་

གཅིག་ནི་ཅིས་ཀྱང་ཁ་ཁར་དགོས། །དབུས་ཀྱི་སྨན་ལྔའི་བུམ་པ་གང་བའི་དབུས། །རྡོ་རྗེ་རིགས་ཀྱི་གཙོ་འཁོར་ལྷ་ཚོགས་རྣམས། །འོད་སྐུར་བཞུགས་པའི་སྐུ་ལས་བདུད་རྩི་བབས། །མདུན་གྱི་ནམ་མཁར་ཡེར་གྱིས་བྱོན་ནས་སུ། །ཚེ་འདས་དབང་བསྐུར་ཞེ་སྡང་སྒྲིབ་པ་དག །དམྱལ་བའི་སྐྱེ་སྒོ་ཆོད་པའི་དམིགས་པ་བྱ། །རྡོར་སེམས་ཡིག་བརྒྱ་ལྷ་སྔགས་ཏིང་འཛིན་གྱིས། །ན་རཀ་སྡུག་བསྔལ་བྲལ་བའི་དོན་དང་ལྡན། །དེ་ནས་ལན་ཆགས་གླུད་གཏོར་བསྔོ་བ་ནི། །འདི་ལ་འདོད་བཞེད་མཁས་གྲུབ་མང་པོའི་གསུངས། །ཧཱུྃ་གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི། །ཨོ་རྒྱན་ཆེན་པོའི་གཏེར་གཞུང་གསུངས་པ་དེ། །སྔར་དུས་དམར་གཏོར་ལེན་ཆགས་མཐེབ་ཀྱུ་བྱ། །དེང་སང་ཏིང་ལོ་ཆང་བུ་མཐེབ་ཀྱུ་བྱ། །དེ་གཉིས་གང་བྱས་མི་འགལ་ཅི་འཛོམས་ཆོག །ཚེ་འདས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །སྲོག་གཅོད་ལེན་ཆགས་དབང་གིས་དམྱལ་བར་སྐྱེས། །དྲི་ཟ་རིགས་ལྔ་ལ་སོགས་བདུད་རིགས་ཀྱིས། །གསོན་བདུད་གཤིན་ལྕགས་ཐར་ལམ་གེགས་བྱེད་པ། །རང་ཉིད་ཁྲག་འཐུང་རིགས་ལྔའི་སྐུར་གསལ་བས། །ལན་ཆགས་གཏོར་མ་གཏོང་ལ་བསྐྲད་པར་བྱེད། །སྔར་འདས་རྫོགས་ཆེན་བླ་མ་ཐམས་ཅད་ཀྱིས། །ཆེ་མཆོག་ཁྲག་འཐུང་རིགས་ལྔའི་སྙིང་པོ་དང་། །ཨུ་ཙ་ཏ་ཡིས་ནས་ལྕགས་བྲབ་སྲོལ་ཡོད། །གཞུང་དུ་མ་གསུང་འགལ་བ་མེད་པར་སེམས། །དེ་ནས་བྲབ་རྫས་བྱེ་མ་དགོས་པའི་ཕྱིར། །བྱེ་མ་གཙང་མ་མི་ཡིས་མ་བརྫུས་པ། །སྡིག་སྒྲིབ་བསྲེག་པར་བྱ་བའི་རྟེན་འབྲེལ་གྱིས། །སླ་ངར་བརྔོས་ལ་གྲང་རྗེས་ཡུང་གར་བསྲེ། །སྔར་དུས་བསྙེན་བསྒྲུབ་དུས་སུ་བསྔགས་ན་མཆོག །མིན་ཀྱང་ཆོ་གའི་བསྙེན་སྐབས་ཕུ་འགྲིམ་བྱ། །མ་བསྔགས་

བྱེ་མ་བཏབ་པས་ཕན་གནོད་མེད། །ཚེ་འདས་གནས་དྲུག་རིགས་དྲུག་ས་བོན་དྲུག །དུ་པྲེ་ཏྲི་སུ་ཨ་ཎི་དྲུག་པོ་དེ། །ཡེ་ནས་གནས་པ་དེ་ཡང་གསལ་བཏབ་ཏེ། །ཚེ་འདས་སྤྱི་གཙུགས་འཇའ་འོད་གུར་ཁང་དབུས། །ལྷ་ཚོགས་ཀུན་འདུས་བླ་མ་ཡི་དམ་བསྐྱེད། །གནས་གསུམ་ༀ་ཨཱཿཧཱུྃ་གསུམ་འོད་ཟེར་བཅས། །རྐང་མཐིལ་དུཿཡིག་ནག་པོའི་སྟེང་དུ་ཞུགས། །དེ་མཐར་སྒྲིབ་སྦྱོངས་གཟུངས་སྔགས་བསྐོར་བར་བསམ། །འབྲུ་གསུམ་གཟུངས་སྔགས་མེ་ཡི་འོད་ཟེར་གྱིས། །དམྱལ་བའི་ས་བོན་དུཿཡིག་ནག་པོ་དེ། །རང་བཞིན་མེད་པར་བསྲེགས་པས་དངོས་མེད་གྱུར། །ༀ་བཛྲ་ས་ཏྭ་ཧཱུྃ་གིས་སྟོང་པར་སྦྱངས། །མཐར་ནི་འབྲུ་གསུམ་གཟུངས་སྔགས་འོད་ཟེར་རྣམས། །ཡར་འཕྲོས་བླ་མ་ཡི་དམ་ཐུགས་ཀ་རུ། །ས་བོན་ཉིད་ལ་ཐིམ་པའི་དམིགས་པའི་ངང་། །བཛྲ་ས་ཏྭ་ཨཱཿཞེས་བྱ་བ་བརྗོད། །དེ་རྗེས་ཚེ་འདས་རླུང་སེམས་ངོ་བོ་དེ། །ནྲྀ་ཡིག་ཐིག་ལེ་དཀར་པོ་སྐར་མདའ་བཞིན། །ཚང་བུག་ནས་ཐོན་རྒྱང་གིས་འོག་མིན་གནས། །སྣང་མཐའ་རྡོར་སེམས་དབྱེར་མེད་ཐུགས་ཀ་རུ། །ཐིམ་པས་དར་གཅིག་དམིགས་མེད་ངང་ལ་བཞག །ཀློང་ཆེན་རྣམ་འཕྲུལ་པདྨ་མ་ཏི་ཡིས། །མན་ངག་དམ་པ་འདི་ཉིད་ཡིན་ཞེས་གསུངས། །དེ་རྗེས་དྲི་མ་འཁྲུ་བའི་གནད་དོན་ནི། །རྣམ་རྒྱལ་བུམ་པའི་ལྷ་ཞུ་བདུད་རྩི་དེ། །ལྷ་ཚོགས་སྐུ་ལ་བཀྲུས་པས་བྱིན་རླབས་ཅན། །ཁྲུས་ཆབ་བུམ་པ་གཞན་ཡང་ལས་བུམ་བླུགས། །དེ་ཡིས་བྱང་བུ་ལ་ནི་ཁྲུས་བྱས་ཏེ། །རྣམ་པ་བདུད་རྩི་ངོ་བོ་དཀྱིལ་འཁོར་ལྷ། །ཕ་རོལ་ཕྱིན་དྲུག་རྫོགས་པའི་རང་བཞིན་ཆུས། །ཁྲུས་བྱས་ཉོན་མོངས་དྲུག་པོ་དག་པར་བསྒོམ། །དེ་ནས་མཚན་བྱང་ཡི་དྭགས་གནས་སུ་དྲངས། །ཧཱུྃ་ས་འདི་བཅད་པ་མན་ཆད་ཞེས་པའི་དོན། །བག་ཆགས་དབང་གིས་ཕྱིར་ལ་མི་བཏང་གནད། །

དཔེར་ན་མོའུ་འགལ་བུ་ཡིས་མ་དྲངས་དུས། །མ་ཡིས་ཕྱི་ལྟས་བྱས་ནས་བུ་ཉིད་ལ། །ང་ཉིད་འདུག་སར་སུ་འདུག་མ་བཅུག་ཟེར། །བག་ཆགས་དྲག་པོས་ཕྱིར་ལ་ལྟུང་བའི་དོན། །རྡོ་རྗེས་ཕྱི་ལམ་བཅད་པ་ཨོ་རྒྱན་གསུངས། །རྡོ་རྗེ་འམ་ནི་གསང་བདག་རྡོ་རྗེ་འཛིན། །ཐུགས་ཀྱི་བརྡ་མཚོན་བར་ཆད་སེལ་བའི་མཆོག །སྟེང་འོག་ཕྱོགས་བཞིར་ཐུགས་ཀྱི་འགྲོ་དོན་མཛད། །དུད་འགྲོ་ཆད་པོ་ནད་པ་ཟུང་ཟད་ལྟར། །འདེད་ཁྲིད་བསྐྱོར་ནས་འགྲོ་བའི་དཔེ་བཞིན་དུ། །ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་མཐའ་རྟེན་ཅིག །གསུངས་དེ་དོན་ཡིན་འོག་མ་ལྔ་པོ་ལ། །གོང་ལྟར་རིག་པས་དཔག་སྟེ་ཤེས་པར་མཛོད། །དེ་ནས་མཚན་བྱང་དཀྱིལ་འཁོར་ཤར་སྒོ་རུ། །དབང་སྟེགས་པདྨ་དཀར་པོ་འདབ་བརྒྱད་སྟེང་། །ཞི་ཚུལ་རས་དཀར་གོས་གྱོན་བླ་མ་ལྷར། །པུས་བཙུག་ཐལ་སྦྱར་མེ་ཏོག་ཕུལ་བ་ཡིས། །ཚེ་འདས་སློབ་མར་ཤེས་པའི་དུས་ཡིན་པས། །དད་གུས་གདུང་བས་གསོལ་བ་གདབ་པར་བསྒོམ། །མཎྜལ་ཕུལ་ཞིང་དཀྱིལ་འཁོར་འཇུག་པ་དང་། །སྤྲོ་བསྐྱེད་སྐྱབས་སྡོམ་སོ་ཐར་སེམས་བསྐྱེད་དང་། །བྱང་སྡོམ་གསང་སྔགས་སྡོམ་པ་འབོགས་པ་དེ། །དབུགས་མ་དབྱུང་བའི་རིགས་དྲུག་གནས་ནས་དྲངས། །ད་ནི་དབུགས་དབྱུངས་མྱང་འདས་སར་འཁོད་ནས། །སྐྱེས་དང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །རྫོགས་པའི་བྱང་ཆུབ་བསྒྲུབ་པའི་རྟེན་འབྲེལ་ཡིན། །དེ་ནས་ཚེ་འདས་ལྷ་རུ་ཤེས་པའི་སྐབས། །ༀ་བཛྲ་ཤྲཱྀ་ཧེ་རུ་ཀ་ཨུ་ཙ་ཏ་ཡས་ནི། མ་དག་གསང་བའི་གཉིས་འཛིན་བགེགས་བསྐྲད་ཡིན། །ཡེ་ཤེས་དབབ་པའི་དམིགས་པ་ལྷན་ཐབས་ལས། །གསལ་ཕྱིར་བྲི་མི་དགོས་ཤིང་གདོང་གཡོགས་ཏེ། །མ་རིག་དྲུག་གིས་བསྒྲིབ་པའི་མཚོན་བྱེད་ཡིན། །རིག་པའི་མེ་ཏོག་གཏད་པ་

བརྟགས་པའི་དོན། །ཆོས་རྣམས་ཐམས་ཅད་རྟེན་འབྲེལ་རྒྱུ་ལས་བྱུང་། །གསང་སྔགས་ཆོས་རྣམས་བརྡ་དང་ཚིག་གིས་བསྟན། །གསུངས་པའི་དོན་དེ་གོ་བས་ཤེས་པར་གྱིས། །དེ་ནས་མཚན་བྱང་དཀྱིལ་འཁོར་ཤར་སྒོར་ཁྱེར། །རང་གི་ཐུགས་ལས་སེམས་དཔའ་གཅིག་སྤྲུལ་ནས། །མདུན་བསྐྱེད་དཀྱིལ་འཁོར་ཤར་སྒོར་ཞུ་བའི་ཚུལ། །ཚེ་འདས་ཕྱག་འཚལ་མཇལ་བའི་ཞུ་རོག་ནི། །ངོ་ཆེན་ཚུལ་དུ་བྱས་པས་སྒོ་ཕྱེས་ནས། །རིག་པའི་མེ་དོག་ཡི་དམ་ལྷ་ལ་ཕུལ། །མེ་ཏོག་གང་ལ་ཕོག་པའི་གསང་མཚན་བཏགས། །འདི་ནི་གལ་ཆེ་བར་དོར་འཁྱམས་པའི་སྐབས། །གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན་དྲུང་དུ། །གསང་མཚན་བཤད་ན་འཇིགས་སྐྲག་སྡུག་བསྔལ་དེ། །མི་འབྱུང་ཐོས་གྲོལ་ཆེན་མོའི་ནང་ནས་བཤད། །དེ་ནས་མ་རིག་མུན་བསལ་མིག་དར་ཕྱེ། །དཀྱིལ་འཁོར་ལྷ་ངོ་བསྟན་ཞིང་ངོ་སྤྲོད་བྱ། །བདུན་པ་དབང་བཞི་རྫོགས་པར་བསྐུར་བ་ནི། །དེ་ནས་སྤྲོས་བཅས་བུམ་དབང་ཆེན་མོ་བསྐུར། །གསོལ་གདབ་བཤགས་སྦྱངས་སྐུ་གསུང་ཐུགས་ཀྱི་དབང་། །ཐུན་མོང་རིག་པའི་དབང་ལྔ་བསྐུར་བ་ཡིས། །དུག་ལྔ་གནས་དག་སྐུ་ལྔ་ལྷུན་གྲུབ་ནས། །ཞིང་ཁམས་ལྔ་ལ་དབང་བསྒྱུར་སྤྲུལ་པ་ཡིས། །འགྲོ་དོན་ཐོགས་མེད་འབྱུང་བའི་རྟེན་འབྲེལ་ཡིན། །དེ་ནས་བུམ་དབང་དམིགས་རིམ་བུམ་པའི་ནང་། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འོད་སྐུར་བཞུགས། །དཔུང་ངེ་ཐིབས་སེ་བྱོན་པ་ཙམ་གྱིས་ནི། །མདུན་གྱི་ནམ་མཁར་རྩ་གསུམ་ལྷ་ཚོགས་ཀྱིས། །དབང་བསྐུར་བྱིན་གྱིས་བརླབས་པའི་དགོངས་པ་མཛད། །རིག་མས་རྡོ་རྗེའི་གླུ་ལེན་བཀྲ་ཤིས་བརྗོད། །དཔའ་བོ་མཁའ་འགྲོའི་རོལ་མོ་མེ་ཏོག་ཆར། །ཁྲོ་བོ་ཁྲོ་མོས་བར་ཆད་བགེགས་བསྐྲད་དོ། །ཧཱུྃ་རང་བཞིན་བུམ་པ་གཞུང་ཚིག་ལྟར་དུ་བསྐུར། །དམིགས་རིམ་དེ་ཡང་བློ་བཟོ་མ་

ཡིན་ཏེ། །ཁྱེའུ་ཆུང་ལོ་ཙའི་སྤྲུལ་པ་ཆོས་འབྱུང་གིས། །དབང་བསྐུར་ཁ་འཕང་ལྷན་ཐབས་ནང་ནས་གསུངས། །དེ་ལྟར་ལྷ་དབང་ཡོངས་རྫོགས་བསྐུར་བ་ལ། །མདུན་བསྐྱེད་ལྷ་ཚོགས་སྐུ་ལས་འོད་འཕྲོས་པས། །དཔེར་ན་ཉི་མའི་ཟེར་ལྟར་རབ་འཕྲོས་ནས། །ཚེ་འདས་སྦྱིན་བདག་ལ་སོགས་ལུས་ལྷ་ལ། །ཡེ་ནས་བཞུགས་པའི་ལྷ་དང་དབྱེར་མེད་བསྒོམ། །སྨོན་ལམ་ངོ་སྤྲོད་གཏོར་དབང་མཆོག་དབང་བཞི། །མཐའ་བརྟེན་རྒྱལ་སྲིད་སྣ་བདུན་བསྐུར་བ་དེ། །ངོ་བོ་རྒྱལ་སྲིད་འཕགས་པའི་ནོར་བདུན་མཚོན། །བཀྲ་ཤིས་རྟགས་བརྒྱད་དཔེ་བྱད་བརྒྱད་ཀྱི་མཚོན། །དོན་ལ་ཤིས་བརྗོད་ཚེ་རབས་ཐམས་ཅད་དུ། །མངའ་ཐང་འཁོར་ལོས་བསྒྱུར་རྒྱལ་སྐྱེ་བ་དང་། །དགོས་འདོད་དཔལ་འབྱོར་ཕུན་ཚོགས་རྟེན་འབྲེལ་ཡིན། །དེ་ནས་དམ་ཚིག་བསྲུང་བ་གལ་ཆེ་ཡང་། །དེ་ནི་མི་ནག་ལ་སོགས་ཕལ་ཆེར་གྱིས། །རྒྱུད་ནས་གསུངས་པའི་དམ་ཚིག་ག་ལ་ཐུབ། །དེ་ཕྱིར་ད་ལྟ་ཅི་ཙམ་ནུས་ལྟར་བསྲུང་། །དེ་ནས་རིམ་བཞིན་རྟོགས་པ་ན་འཕར་ཚེ། །རིམ་བཞིན་རྒྱུད་ནས་གསུངས་ལྟར་བསྲུང་སྙམ་པའི། །མོས་པ་མཛོད་ཅེས་གཙོ་བོའི་ཇི་ལྟར་བརྗོད། །གཏང་རག་མཎྜལ་ཕུལ་ཞིང་དེང་བརྩམས་བརྗོད། །དེ་ནས་ཟས་གཏད་གཤིན་ལུང་བྱེད་པའི་དོན། །ཕ་མ་སྔར་དུས་ཤི་བ་ལོ་དུས་བཞིན། །ཟས་བསྔོ་བྱ་ཚུལ་མདོ་གཅིག་མདོ་མང་བཞུགས། །ཀུན་རིགས་མི་འཁྲུགས་རང་རྐང་མདོ་ལུགས་ལ། །ཚེ་འདས་རྒྱུད་སྡེ་འོག་མིན་ལྷར་བསྐྱེད་པས། །འདོད་ཡོན་ཤ་ཆང་བཤམས་པ་མི་འཐད་གསུངས། །པདྨ་མ་ཏིས་ཟས་གཏད་མཛད་པའི་ནང་། །དཀར་གསུམ་མངར་གསུམ་ཟས་སྣ་ཚོགས་ཚད་དང་། །ཤ་བའི་ཤ་སོགས་ཤ་སྣ་ཚོགས་ཚད་བཤམས། །ཞྭ་གོས་ལྷམ་སོགས་ཡོ་བྱད་རིགས་རྣམས་གདའ། །བོན་ལ་དཔེ་བླངས་ཨོ་རྒྱན་པཎྜི་ཏས། །ཟས་གཏད་ཆོ་

ག་དཀར་ཆོག་ཅེས་བྱ་བ། །ཙཀ་ལི་གཏད་རྒྱུ་མཛད་པ་ཧོར་འབྲོག་གིས། །ཀུན་རིགས་ཞི་ཁྲོ་སོགས་ལ་སྦྱར་རོ་སྐད། །དེ་ཡི་ལུགས་ལ་ཤ་ཡང་གཏད་རྒྱུ་ཡོད། །བླ་མེད་གསང་སྔགས་ལུགས་ལ་ཤ་ཆང་གི །།ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བ་བཞིན། །བསྔོས་ཤ་མིན་ན་ཤ་གཙང་བཤམས་པ་དེ། །ཞི་ཁྲོ་འདི་ལ་མི་འཐད་མེད་པར་ངེས། །བསྔོས་པ་མ་གཏོགས་བཤམས་པས་མི་ཐོབ་པས། །འདོད་ཡོན་ལྔ་པོ་ཕྱག་ལེན་བཞིན་དུ་བསྔོ། །བར་དོའི་ཡིད་ལུས་དྲི་ཡིས་ཚིམ་པའི་ཕྱིར། །གསུར་ནི་བྱེད་པའི་རྒྱུ་མཚན་དེ་ལྟར་ཡིན། །སྦྱང་རྒྱུད་འགྲེལ་པར་ཁྱི་སྙིང་ཕྲུ་བ་ལ། །ཆགས་བཞིན་འདོད་ཡོན་མ་བསྔོས་མི་འགྲོ་བར། །དཔེར་ན་གལ་ཆེ་འགྲིལ་པ་ཐག་རིང་དུ། །འགྲོ་ཁར་བཟའ་བཏུང་གྲོ་བརྒྱག་སྤྲད་པ་ལྟར། །བར་དོའི་སྐབས་སུ་བཀྲེས་སྐོམ་ཞི་བ་དང་། །སྐྱེ་བ་གཞན་དུ་འབྱོར་པའི་རྟེན་འབྲེལ་འགྱུར། །ཡུལ་འབྲོག་འགའ་རེས་ཚེ་འདས་རྣམ་ཤེས་ཀྱིས། །རྩོག་ལྟས་བྱེད་འདུག་བསམ་ནས་འདོད་ཡོན་དེ། །ཟ་སྲོལ་སྣང་བས་ཟོས་ཀྱང་མི་རུང་མེད། །བྱ་ཁྱི་སྤྲང་པོ་སོགས་ལ་བྱིན་ན་དགེ། །དེ་ནས་གཤིན་ལུང་ཉེ་འབྲེལ་གདུང་སེམས་ཀྱིས། །ཟས་གཏད་སློབ་དཔོན་ཆོས་བཤད་དབང་བསྐུར་ནས། །གཤིན་གྱི་བརྩེ་གདུང་གནོད་ཆེ་མ་ཆགས་པར། །བདེ་བ་ཅན་དུ་སོང་ཞེས་ལམ་བསྟན་བྱ། །བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ་ནི། །མཚན་བྱང་ལག་བཟུང་ཚེ་འདས་སྒྱུ་ལུས་དེ། །འདི་ནས་ཤར་གྱི་ཕྱོགས་རོལ་ཞེས་པའི་དོན། །ཁམས་འདུས་འབྱུང་བཞིའི་ས་བོན་སུཾ་བཾ་རཾ། །ཡཾ་ཨེ་བརྟེན་ནས་བྱང་ཆུབ་སེམས་བསྐྱེད་དེ། །ཞིང་མཆོག་ལྔ་རུ་སྐྱེས་ནས་ཡུམ་ཆེན་ལྔ། །དབྱེར་མེད་རོ་གཅིག་གྱུར་པའི་སྨོན་ལམ་ཡིན། །དགུ་པ་ནད་སྒྲིབ་སྦྱང་བ་སེམས་དཔའ་ལྔའི། །སྐུ་གཟུགས་ལག་ཐོགས་མེ་ལོང་ངོ་ལ་

བསྟན། །ཀྱཻ་མ་མུན་པ་ཟེར་བའི་ངག་འདོན་ནས། །ཚེ་འདས་བར་དོའི་གཟུགས་སྒྲ་དྲི་རོ་ལ། །སེམས་ནད་ཆེ་བས་ཆགས་ཞེན་ཆོད་ཐབས་ལགས། །གཟུགས་སྒྲ་དྲི་རོ་རེག་བྱ་རྫས་བསྟན་ནས། །སེམས་དཔའ་ལྔ་ཡི་ཐུགས་རྗེའི་འོད་ཟེར་གྱིས། །ཚེ་འདས་སྐྱབས་སེམས་བྱིན་རླབས་མོས་པ་བྱ། །བཅུ་པ་ལམ་བསྟན་གནས་སྤར་མར་མེ་དེ། །ཡེ་ཤེས་ལྔ་ཡི་འོད་ལྔར་བྱིན་བརླབས་ནས། །ཚེ་འདས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །རྫོགས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པར། །གསལ་བའི་སྒྲོན་མེ་ཞེས་ནི་བཤད་པ་ཡིན། །མར་མེ་མདོ་ལས་ཐུབ་པས་གསུངས་པ་དང་། །རྫོགས་ཆེན་རྒྱུད་སྡེ་ཀུན་ནས་རྒྱ་ཆེར་བཤད། །ཧཱུྃ་རང་བཞིན་ཤུགས་ཀྱི་དྲངས་བའི་དོན་ཞེས་ནི། །ཚེ་འདས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཡར་གྱི་ཟང་ཐལ་ས་བཅུ་ཉི་ཤུ་གཅིག །མར་གྱི་ཟང་ཐལ་རིགས་དྲུག་སྐྱེ་སྒོ་གཅོད། །བར་གྱི་ཟང་ཐལ་ལམ་ལོག་ལམ་གོལ་ནས། །འཁོར་བའི་རྦ་རླབས་རླུང་ལྟར་འཁྱམས་པ་ལ། །གསལ་བའི་སྒྲོན་མེ་རྒྱལ་བས་མཆོག་ཏུ་བསྔགས། །དེ་ཕྱིར་མར་མེ་རྒྱ་ཆེན་གལ་ཆེ་ཡིན། །འདི་ནས་ཤར་གྱི་ཕྱོགས་རོལ་ཞེས་པའི་དོན། །དེ་ནས་ཚེ་འདས་ལུས་ཀུན་གཅིག་ཏུ་བསྡུ། །དཀྱིལ་འཁོར་ལྷ་ལ་སྐྱབས་འཚལ་སྨྲེ་སྔགས་ནི། །རང་གི་ངོ་ཆེན་ཞུ་རོག་ཚུལ་དུ་བྱ། །ཚེ་འདས་ལུས་རྙིང་དོར་ནས་ལུས་གསར་ལེན། །ད་ལྟ་བར་དོའི་ཡིད་ལུས་དང་བཅས་པ། །ཅི་མཛད་ཁྱེད་ཤེས་ཕུང་པོ་ལྔ་པོ་ཕུལ། །སངས་རྒྱས་རིགས་ལྔའི་མཚན་བཟུང་ལམ་བསྟན་ནས། །མཚན་ཐོས་ཙམ་གྱིས་ན་རཀ་མི་ལྟུང་གསུངས་། །སེམས་རིག་བྱང་ཆུབ་གནས་དྲངས་ལམ་ལྔ་དང་། །རྫོགས་པའི་སངས་རྒྱས་ལྷུན་གྲུབ་དོན་རྟོགས་ནས། །འབྲས་བུ་སྐུ་གསུམ་འགྲུབ་པའི་སྨོན་ལམ་ཡིན། །དེ་ནས་ཤེས་པ་བཞི་ལྡན་ལས། །ལྷ་

བས་ལྷག་པར་ཤེས་པའི་སྐབས་ཡིན་པས། །རྣམ་ཤེས་བདེ་བ་ཅན་སོགས་ཞིང་ཁམས་ལྔར། །སྤར་བའི་སྐབས་ཡིན་མདའ་གཞུ་ལྟོང་རྩེར་སྦྱར། །མཚན་བྱང་བཏགས་སམ་རོ་ལ་རེག་ནས་སུ། །ཧཱུྃ་ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་དོན། །ལས་འབྲེལ་རྩལ་གྱི་རྣམ་འཕྲུལ་མཁས་གྲུབ་སྐུ། །རྟའུ་བླ་མ་པདྨ་བློ་གྲོས་ཀྱིས། །རང་ཉིད་རྡོར་སེམས་བསྐྱེད་པའི་མདའ་གཞུ་དེ། །གཞུ་དེ་རྟ་མགྲིན་མདའ་ནི་རྟ་མགྲིན་གྱི། །ཐུགས་ནས་བྱུང་བའི་ཡེ་ཤེས་འོད་ཟེར་གྱིས། །ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བསྡུས་པ་ལྟར། །འོག་མིན་དཀྱིལ་འཁོར་བདེ་བ་ཅན་ཏུ་མོས། །རྡོར་སེམས་སྣང་མཐའ་དབྱེར་མེད་ཐུགས་ཀ་རུ། །རྩལ་ཆེན་མདའ་འཕང་སྐར་མདའ་རྒྱུག་པ་ལྟར། །ཐིམ་དམིགས་མདའ་དེ་དཀྱིལ་འཁོར་དབུས་སུ་འཕང་། །སྣང་མཐའི་སྲས་གྱུར་དར་གཅིག་མཉམ་པར་བཞག །ཡང་ན་ཚེ་འདས་དཀྱིལ་འཁོར་བར་དེ་རུ། །སྣང་གསལ་བཞག་པའི་སྣང་མཐའི་འོད་ཟེར་གྱིས། །ཚེ་འདས་རྣམ་ཤེས་ཨ་སོགས་ཡིག་འབྲུ་ལྔ། །ཁབ་ལེན་རྡོ་ཡི་ལྕགས་ཕྱེ་བླངས་པ་ལྟར། །སྐར་མདའ་རྒྱུག་ལྟར་སྐད་ཅིག་དེ་ཉིད་ལ། །སྣང་མཐའི་ཐུགས་ཀར་ཐིམ་པའི་དམིགས་པ་བྱ། །སྤྲོས་མེད་རྫོགས་རིམ་ངང་ལ་དར་ཅིག་བཞག །ཅོག་རོ་ཀླུ་ཡི་རྒྱལ་མཚན་རྣམ་སྤྲུལ་པ། །མཁས་གྲུབ་དམ་པ་ཀརྨ་ཆགས་མེད་ཀྱིས། །གཞུ་མཆོག་སྟོད་སྨད་དར་གྱིས་བརྒྱན་ཞེས་གསུངས། །གཞུ་ནི་ཀུན་བཟང་མདའ་ནི་འོད་ཟེར་བསྒོམ། །འོད་ཟེར་རེག་མ་ཐག་ཏུ་རྣམ་ཤེས་དེ། །ཡིག་འབྲུ་ལྔར་གྱུར་འོད་ཕུང་ཐིག་ལེ་ནི། །འོད་ཟེར་རྣམ་པ་རྩལ་ཆེན་མདའ་འཕང་ལྟར། །སྣང་མཐའ་ཀུན་བཟང་དབྱེར་མེད་ཐུགས་ཀར་བསྟིམས། །ཚེ་འདས་རྣམ་ཤེས་ཀུན་བཟང་ཐུགས་བརྒྱུད་ནས། །རྩིབ་ལོག་གཡོན་དུ་པདྨ་ཟླ་བའི་སྟེང་། །སྲས་གྱུར་བསྒོམ་པ་རྫོགས་ཆེན་ལུགས་སུ་

སྣང་། །འོན་ཀྱང་དེ་གཉིས་གང་བྱས་ཁྱད་མེད་དེ། །འོག་མིན་ཞིང་ཁམས་བདེ་བ་ཅན་དུ་མོས། །སྣང་མཐའ་རྡོར་སེམས་དབྱེར་མེད་དཀྱིལ་འཁོར་གཙོ། །ཕྱོགས་བཞིའི་རིགས་ལྔའི་ཞིང་ཁམས་དཀྱིལ་འཁོར་ལྔ། །གཙོ་འཁོར་དྲུག་དྲུག་ཕྱོགས་བཞི་དབུས་ལྔར་བསྒོམ། །སྟེང་དུ་བཀའ་བརྒྱུད་པཎ་ཆེན་གྲུབ་ཆེན་དང་། །གསར་རྙིང་རྒྱུད་སྡེ་རྒྱ་མཚོའི་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་སེམས་ཀུན། །གདུགས་དང་རྒྱལ་མཚན་བ་དན་རོལ་མོའི་སྒྲ། །མེ་ཏོག་ཆར་འབེབས་སྤོས་དྲི་འཇའ་གུར་འཐིབ། །ཚེ་འདས་རིགས་དྲུག་གནས་དྲངས་དགོངས་པ་མཛད། །འོག་ཏུ་བཀའ་སྲུང་དམ་ཅན་རྒྱ་མཚོ་ཀུན། །ཁྲོམ་ཚོགས་བཞིན་དུ་ཁྲིགས་སེ་གང་བ་ཡིས། །ཚེ་འདས་ས་ལམ་བར་ཆད་བསལ་བ་དང་། །སྔོན་བསུ་རྒྱབ་བརྟེན་དག་པའི་ཞིང་དུ་དྲངས། །མོས་པའི་སྣང་ངོར་འདུ་ཤེས་དེ་ལྟར་བསྒོམ། །ཚེ་འདས་མ་དག་གཟུགས་ཕུང་ལྔ་པོ་དེ། །ས་བོན་ༀ་སྭ་ཨ་ཧ་ཧཱུྃ་ལྔ་པོ། །སྐར་མདའ་རྒྱུག་ལྟར་རྩལ་ཆེན་མདའ་འཕངས་ལྟར། །རིགས་ལྔའི་ཐུགས་ཀར་ཐིམ་པ་ཙམ་གྱིས་ནི། །རྒྱལ་བའི་སྲས་སུ་གྱུར་པའི་མོས་པ་བྱ། །སླར་ཡང་འགྲོ་དོན་འབྱུང་བའི་སྨོན་ལམ་གདབ། །དར་ཅིག་སྐྱེ་མེད་ཉམས་ལེན་ངང་ལ་བཞག །དེ་ནས་རྣམ་ཤེས་སྤར་བའི་ཕུང་པོ་དེ། །མི་སོང་གོས་རུལ་ཤུལ་དུ་བསྐྱུར་བའི་དཔེ། །ཉོན་མོངས་སྡིག་སྒྲིབ་དང་བཅས་ལྷན་ཅིག་ཏུ། །ཡེ་ཤེས་མེ་ཡིས་བསྲེག་དགོས་དམིགས་པ་ནི། །ལྷན་ཐབས་ནང་གསལ་འདི་རུ་བྲི་མི་དགོས། །འོན་ཀྱང་ཆགས་མེད་བཞེད་དགོངས་ཅུང་མི་འདྲ། །རྐོང་བུ་རིན་ཆེན་གཞལ་ཡས་ཁང་དུ་བསྒོམ། །མར་ཁུ་པད་ཟླ་སྡོང་བུ་རྡོ་རྗེ་སེམས། །སྐུ་ལ་ཞི་ཁྲོའི་ལྷར་གསལ་ཡེ་ཤེས་བསྟིམ། །སྐུ་ལས་མེ་འབར་ཚེ་འདས་སྡིག་སྒྲིབ་བསྲེག །གསུངས་པ་སྣང་སྟེ་དེ་གཉིས་གང་

འཛོམས་ཆོག །ཧཱུྃ་ཚེ་འདས་རིགས་ཀྱི་སོགས་ནས་མཇུག་ཏུ་ཡང་། །ཡིག་བརྒྱ་ཀཾ་ཀ་སོགས་བརྗོད་བྱེ་མས་བྲབ། །ཨུ་རྒྱན་མཁྱེན་ནོ་ཀརྨ་པ་མཁྱེན་ནོ། །གཟུགས་མེད་སྒྲ་མེད་དྲི་མེད་ཆོས་མེད་བརྗོད། །དེ་ནས་གཤིན་རྒབ་བཅད་པའི་དམིགས་པ་ནི། །ཧཱུྃ་ཧྲཱི༔ ཕྱོགས་བཅུའི་རྒྱལ་བ་འདོན་པ་བྱེད་པའི་ཚེ། །སྟེང་གི་ནམ་མཁར་བཀའ་བརྒྱུད་བླ་མ་དང་། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་རྣམས། །སྐད་ཅིག་མདུན་གྱི་ནམ་མཁར་བྱོན་ནས་སུ། །གངས་རིར་འཇའ་ཚོན་འཁྲུགས་པ་ལྟ་བུ་སྟེ། །རོལ་མོའི་སྒྲ་དང་སྤོས་དྲི་འཇའ་གུར་འཐིབ། །མེ་ཏོག་ཆར་འབེབས་ས་ཕྱོགས་ཡུལ་ཕྱོགས་དེར། །ན་རྒབ་ཤི་རྒབ་གཅོད་པའི་བཀྲ་ཤིས་དང་། །ས་ཕྱོགས་ཡུལ་དེར་བྱིན་རླབས་དམིགས་པ་བྱ། །དཀོན་མཆོག་གསུམ་གྱི་བདེན་སྟོབས་ལན་གསུམ་བརྗོད། །དམིགས་པ་དེ་ཡང་བདག་གི་བློ་བཟོ་མིན། །པདྨ་མ་ཏིས་ཟས་གཏད་མཐའ་ལས་གསུངས། །སྨྲས་པ། དེ་ལྟར་གནས་འདྲེན་ཟུར་གསལ་ཟིན་བྲིས་འདི། །མཁས་བཟང་ཐོབ་འདོད་བསླུ་ཆོས་བརྩམས་པ་མིན། །པདྨ་བློ་གྲོས་གསུངས་པའི་བཀའ་འབུམ་ལས། །ཚེ་འདས་ཤེས་པ་བཞི་ལྡན་མ་ཤེས་ན། །གཞན་དོན་རོ་ཆོག་བྱེད་པའི་བླ་མ་རྣམས། །རང་གཞན་གཉིས་ཕུང་རིགས་དྲུག་ཁ་བརྒྱུད་ནས། །ཐར་དུས་མེད་ཞེས་རྒྱལ་བས་རྒྱུད་ལས་གསུངས། །གསུངས་ཕྱིར་སེམས་བསྐྱེད་བྱས་ནས་བྲིས་པ་ཡིན། །འོན་ཀྱང་སྤྲེལ་ལོར་ཧོར་ཟླ་བཞི་པ་ཡི། །སྦས་ཡུལ་གསང་བ་རྡོ་རྗེ་རྫོང་གི་ཞིང་། །གཉན་རྩེ་སྐུ་བླ་རི་ཁྲོད་བསྒྲུབ་ཁང་དུ། །ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་དང་། །བདེ་ཆེན་ཞིང་བསྒྲུབ་ཐོས་གྲོལ་ཆོ་ག་ཡིས། །སྙིགས་དུས་སེར་གཟུགས་ཀརྨཱ་མངོན་དགའ་ངས། །ཡོན་ཏན་མེད་ཀྱང་ཡོད་མདོག་སེམས་སེམས་གྱིས། །ཤི་

དགོངས་གསོན་དགོངས་དྲུག་ཙམ་བསྔོ་སྨོན་དུས། །ཉམས་དང་རྨི་ལམ་འཚམས་སུ་དམྱལ་སྣང་ཤར། །འབྲེལ་ཐོག་ཤི་གསོན་འགའ་རེ་རྡོ་རྗེ་གདན། །དམྱལ་བའི་ཡུལ་དུ་འགྲོ་བའི་སྣང་བ་ཤར། །རང་ཡང་ལན་གཅིག་འགྲོ་དགོས་སེམས་ལ་ཤར། །སྙིགས་དུས་མི་ནག་ཕོ་མོ་དུག་ལྔ་རགས། །མི་དགེ་བཅུ་དང་མཚམས་མེད་ལྔ་པོ་ཡི། །ཉེས་ལྟུང་དྲག་པོས་ནོན་པའི་ཕོ་མོ་ཡི། །འགའ་དང་འགའ་ཡི་རྒྱུ་ཟས་འབྲེལ་པ་ཆེ། །དེ་ཡི་དཀོར་སྒྲིབ་རང་ཡང་ལྟུང་དོགས་པས། །ཐབས་ལམ་ཟབ་མོ་གསང་སྔགས་ཉེ་ལམ་འདི། །ཟིན་བྲིས་དམིགས་རིམ་འདི་ཉིད་བྲི་དགོས་དྲན། །འདི་ལྟར་དམིགས་གསལ་གནས་འདྲེན་གཅིག་བྱས་པས། །ཉི་ཟླ་ཤར་སོགས་རྨི་ལྟས་སྔར་ལས་ལེགས། །ཟབ་ཆོས་འདི་ལ་ཡིད་ཆེས་དད་པ་སྐྱེས། །དེ་ཕྱིར་དཀའ་ལས་ཆེ་ཡང་སྙིང་རུས་བྱས། །སྒྱུ་ལུས་ཕུང་པོ་ན་ཡང་འབད་ནས་བྲིས། །རང་འདྲའི་འདྲེན་ཆོག་མཁན་ལ་ཨི་ཕན་བསམ། །མ་ཤེས་བཀའ་འཆལ་གསང་སྔགས་གནད་འཆུག་ན། །བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ་དང་། །དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །མཁས་གྲུབ་ཆོས་ཀྱི་སྤྱན་ལྡན་དྲུང་དུ་བཤགས། །དགེ་བས་འབྲེལ་ཐོག་ཚེ་འདས་ཤི་གསོན་ཀུན། །སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།

ཞི་ཁྲོའི་དབང་བསྐུར་དམིགས་རིམ་མདོར་བསྡུས་བློ་རྨོངས་ཀུན་གསལ་མེ་ལོང་།

ཞི་ཁྲོའི་དབང་བསྐུར་དམིགས་རིམ་མདོར་བསྡུས་བློ་རྨོངས་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །

བླ་མ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཚེ་འདས་ཤེས་པ་བཞི་ལྡན་དང་འབྲེལ་ནས་དབང་བསྐུར་བྱེད་པ་ལ། དང་པོ་ཚེ་འདས་ཚེ་འདས་རུ་ཤེས་པའི་སྐབས། ཀུན་སློང་ནི་འཇིག་རྟེན་འདི་ནས་ཚེ་ཕ་རོལ་ཏུ་འདས་པ་ཆེ་གེ་མོ་ཞེས་བྱ་བ་སྐྱབས་མེད་མགོན་མེད་དུ་གྱུར་པ་དེ་ཉིད་སྐྱབས་གནས་དཀོན་མཆོག་གསུམ་དང་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་དང་འདྲེན་པ་ཐུབ་ཆེན་དྲུག་ལ་སྐྱབས་བཅོལ་ནས། འཁོར་བ་ངན་སོང་སོགས་རིགས་དྲུག་གི་འཇིགས་པ་ཆེན་པོའི་གནས་ནས་འདྲེན་པའི་སྡིག་སྦྱོང་སྡོམ་སྦྱིན་དབང་བསྐུར་གདམས་ངག་ཟབ་མོ་གནང་བའི་སངས་རྒྱས་ཀྱི་ས་ལ་འགོད་པར་བདག་གིས་བྱའོ་སྙམ་པ་ཡིན། རྣམ་ཤེས་རྟེན་དགུག་སྐབས། བདག་ཉིད་རྡོ་རྗེ་སེམས་དཔའ་གསལ་བའི་ཐུགས་ཀ་ནས་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟར་འཕྲོས་ནས་ཚེ་འདས་རིགས་དྲུག་དང་སྲིད་པ་བར་མ་དོ་གར་གནས་ཀྱང་ཉ་མོ་ལྕགས་ཀྱུས་འདྲེན་པ་ལྟར་རང་དབང་མེད་པར་མདུན་དུ་བཀུག་ནས་ཡེ་ཤེས་ལྔའི་འོད་ཀྱི་གུར་ཁང་དུ་དམིགས་རྟེན་མིང་བྱང་ལ་ཡང་ཡང་བསྟིམ་ནས་གསོན་པོའི་གནས་སྐབས་དང་འདྲ་བར་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྗོགས་ཤིང་དད་གུས་ཀྱི་ངང་དུ་གནས་པར་བསམ། སླར་ཡང་བདག་ཉིད་ལྷའི་ཏིང་ངེ་འཛིན་གྱིས་ཡེ་ཤེས་ལྔའི་ག་བུར་༼བུ་གར་༽ཚུད་ནས་ཡར་གྱི་

ཟང་ཐལ་མ་གཏོགས་གང་ལའང་འཆུག་དབང་མེད་པར་ཏིང་ངེ་འཛིན་གྱིས་རྒྱས་གདབ་དགོས། དེ་ལྟར་མ་བྱས་ན་བར་དོའི་རྣམ་ཤེས་རྟེན་མེད་ཡིན་པས་འདུག་པའི་རང་དབང་དང་བྲལ་བའོ། །དེ་ནས་བགེགས་སྦྱོང་སྐབས། ཚེ་འདས་ལ་ཐར་བའི་གེགས་བྱེད་པའི་གདོན་བགེགས་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གཏོར་མ་ཆང་བུ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འདོད་དགུའི་ལོངས་སྤྱོད་དཔག་མེད་སྤྲུལ་ནས་སྦྱིན་པས་རང་གནས་སུ་འགྲོ་བའི་བཀའ་བསྒོ། གལ་ཏེ་མི་འགྲོ་ཞིང་གནོད་འཚེ་བྱེད་ན་བདག་ཉིད་ལྷར་གསལ་བའི་བ་སྤུའི་བུ་ག་དང་གནས་ཐམས་ཅད་ནས་ཁྲོ་ཚོགས་དཔག་མེད་དང་མེ་དཔུང་ཐུན་རྫས་སོགས་འཕྲོས་ནས་བགེགས་ཐམས་ཅད་དཔག་ཚད་རྒྱང་རིང་དུ་བསྐྲད་ཅིང་མཚོན་ཆ་ལྔའི་གུར་ཁང་དང་དེ་བཞིན་ཉིད་ཀྱི་བསྲུང་འཁོར་བསྒོམ་ནས་འཚམས་བཅད་པར་བྱེད་དོ། །དུག་ཁྲུས་བྱེད་སྐབས། ཕྱོགས་བཅུའི་ནམ་མཁའི་ཁམས་གང་བའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་རང་དང་སྟབས་གཅིག་ཏུ་བུམ་པ་ཐོགས་ཏེ་རྒྱལ་བ་སྲས་བཅས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུའི་རང་བཞིན་གྱི་ནུས་སྟོབས་ཐམས་ཅད་ཀུན་རྫོབ་བུམ་ཆུའི་རྣམ་པར་ཤར་བ་དང་བདེན་སྟོབས་ཀྱི་ཚིག་བརྗོད་པ་དང་བཅས་པས་ཚེ་འདས་ཀྱི་རྒྱུད་ན་ཕ་རོལ་ཏུ་ཕྱིན་པ་བཅུའི་མི་མཐུན་པའི་དྲི་མ་ཅི་མངའ་བ་ཐམས་ཅད་ལྷག་ལུས་མེད་པར་བཀྲུས་ཤིང་དག་པར་བྱས་པས་ལུས་ཤེལ་སྒོང་གཡའ་དག་པ་ལྟ་བུར་གྱུར་པར་བསམ། དུག་སྦྱོང་སྐབས། རྨ་བྱའི་མདོངས་ཁ་དོག་ལྔ་ཡོད་པ་ཡེ་ཤེས་ལྔའི་རང་མདངས་ཡིན་པས། དེ་ལ་ཡེ་ཤེས་ལྔའི་རང་བཞིན་ལས་འོད་ཁ་དོག་ལྔ་འཕྲོས་པས། ཚེ་འདས་ཀྱི་རྒྱུད་ལ་དུག་ལྔ་དང་དུག་གསུམ་གྱི་སྒྲིབ་པ་ཅི་ཡོད་པ་ཐམས་ཅད་རྩིག་

གསེབ་ཀྱི་དུ་བ་རླུང་གིས་དེད་པ་ལྟར་ཕྱི་རོལ་ཏུ་སོང་བར་བསམ། འབྱུང་ཁམས་སྦྱོང་སྐབས། ཚེ་འདས་ཀྱི་རྒྱུད་ན་འབྱུང་བ་ས་ཁམས་ཤ་དང་། ཉོན་མོངས་པ་གཏི་མུག་གི་དུག་ཅི་ཡོད་པ་ཐམས་ཅད་ས་ལ་ཐིམ་པར་བསམ་པ་དང་། ཆུ་ཁམས་ཁྲག་དང་ཉོན་མོངས་པ་འདོད་ཆགས་ཀྱི་དུག་ཅི་ཡོད་པ་ཐམས་ཅད་ཆུ་ལ་ཐིམ་པར་བསམ་པ་དང་། མེ་ཁམས་དྲོད་དང་ཉོན་མོངས་པ་ཞེ་སྡང་གི་དུག་ཅི་ཡོད་པ་ཐམས་ཅད་མེ་ལ་ཐིམ་པར་བསམ་པ་དང་། རླུང་ཁམས་དབུགས་དང་ཉོན་མོངས་པ་ཕྲག་དོག་གི་དུག་ཅི་ཡོད་པ་ཐམས་ཅད་རླུང་ལ་ཐིམ་པར་བསམ་པ་དང་། ང་རྒྱལ་འབྱུང་བཞི་སྤྱིའི་ནང་དུ་སོང་བ་ཡིན་པར་བསམ། རིགས་དྲུག་གནས་འདྲེན་སྐབས། ཐོག་མར་ཚེ་འདས་སྐྱབས་བྲལ་མགོན་མེད་དང་བདག་སོགས་སེམས་ཅན་ཐམས་ཅད་རིགས་དྲུག་གི་གནས་ནས་འདྲེན་པའི་གསོལ་བ་འདེབ་པའི་མོས་པ་བྱེད། རྡོ་རྗེ་སློབ་དཔོན་གྱིས་ཆོས་བཤད་བྱེད། འོ་ན་སྔོན་ཚེ་མེའུ་འགལ་མ་དང་རྒྱལ་བུ་དགེ་མཐོང་དང་བྲམ་ཟེ་དུང་ཕྲེང་གི་སློབ་བུ་སོགས་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ལ་མྱོང་བ་རྣམས་ཀྱང་ཐབས་དང་རྟེན་འབྲེལ་ཟབ་མོའི་ཆོ་ག་བྱས་པས་ཐར་བའི་གནས་སུ་དྲངས་པ་ལྟར། ཚེ་འདས་ཁྱོད་རིགས་དྲུག་གི་གནས་ནས་འདྲེན་པའི་ཆོ་ག་བྱེད་པ་ཡིན་པས། ལུས་ངག་ཡིད་གསུམ་གྱི་དད་གུས་གྱིས་ལ་གསོལ་འདེབས་ཀྱི་རྗེས་ཟློས་གྱིས་ཤིག །ཞེས་པའི་བརྡ་སྦྱར་བར་བསམ། དེ་ནས་དང་པོ་ཚེ་འདས་དེ་ཉིད་ཀྱིས་ཞེ་སྡང་གི་སྒོ་ནས་ལས་བསགས་པ་དང་འབྲས་བུ་བསྐལ་བའི་བར་དུ་དམྱལ་བའི་སྡུག་བསྔལ་དཔག་མེད་མྱོང་དགོས་པ་རྣམས་སྐད་ཅིག་ལ་བསྒྱུར་ནས་དམྱལ་བའི་སྣང་བ་ཆོད་པར་བསམ། ཞལ་ཟས་འབུལ་སྐབས། དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་དེ་ལ་དྲི་མེད་དག་པའི་ཞལ་ཟས་མཆོད་སྤྲིན་ནམ་

མཁའ་མཛོད་དུ་སྤྲུལ་ནས་ཕུལ་བས་ཚེ་འདས་དེ་ཉིད་དམྱལ་བའི་གནས་ནས་སྐྱོབས་པར་ཞལ་གྱིས་བཞེས་ནས་བསུ་བསྐྱལ་གྱི་ལས་བྱས་པས་ཕྱིར་མི་ལྡོག་པར་བསམ། གཏོར་མ་འདོད་ཡོན་སྐབས། གླུད་གཏོར་འདོད་དགུར་བསྒྱུར་ནས་དམྱལ་བའི་ཡུལ་ནས་ཐར་བའི་གེགས་བྱེད་པའི་སྔོན་གྱི་བུ་ལོན་ལེན་ཆགས་དང་ཤ་མཁོན་གྱི་བདག་པོ་བདག་མོ་ཐམས་ཅད་ལ་སྦྱིན་ནས་དེ་རྣམས་དགའ་མགུ་ཡི་རངས་ཞིང་དམྱལ་བའི་ཡུལ་ནས་ཐར་བའི་བར་ཆད་མི་བྱེད་པར་བསམ། ས་བོན་བཅོམ་སྐབས། བདག་མདུན་ལྷའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དུས་མཐའི་མེ་ལྟ་བུ་ཞིག་འཕྲོས་ཏེ་ཚེ་འདས་ཀྱི་རྐང་མཐིལ་དུ་དམྱལ་བའི་ས་བོན་དུཿཡིག་ནག་པོ་དེ་ཉིད་དཔེར་ན་སྤུ་ཤད་མེས་བསྲེགས་པ་བཞིན་དུ་གཞོབ་ཐུལ་གྱིས་བསྲེགས་པས་དངོས་མེད་དུ་སོང་བར་བསམ། ཁྲུས་གསོལ་སྐབས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱིས་ཐུགས་རྗེ་བྱིན་རླབས་ཐམས་ཅད་ཕྱིན་དྲུག་བདུད་རྩིའི་ཆུ་རྒྱུན་གྱི་རྣམ་པར་བྱུང་ནས་ཚེ་འདས་ཀྱི་ཞེ་སྡང་གི་རྒྱུ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཁྲུས་གསོལ་བས་ཞེ་སྡང་གི་དྲི་མ་མེ་ལོང་གི་གཡའ་ཕྱེས་པ་དང་ཤེལ་གོང་གི་རྡུལ་ཕྱེས་པ་ལྟར་སངས་ཀྱིས་དག་པར་བསམ། སླར་ཡང་སྐད་ཅིག་གིས་གཉིད་སད་པ་ལྟར་སྣང་བ་གནས་འགྱུར་ནས་ཚེ་འདས་དེ་ཉིད་ཀྱིས་འདོད་ཆགས་གི་སྒོ་ནས་ལས་བསགས་པ་འབྲས་བུ་བསྐལ་པའི་བར་དུ་ཡི་དྭགས་ཀྱི་སྡུག་བསྔལ་དཔག་མེད་མྱོང་དགོས་པ་རྣམས་སྐད་ཅིག་ལ་བསྒྱུར་ནས་ཡི་དྭགས་ཀྱི་སྣང་བ་སྐད་ཅིག་ལ་ཆོད་པར་བསམ། བཅོམ་ལྡན་འདས་ཁ་འབར་རྒྱལ་པོ་སོགས་ཐམས་ཅད་གོང་དང་འདྲའོ། །རིམ་བཞིན་དུད་འགྲོ་དང་། ལྷ་མིན་ལྷ་མི་རྣམས་ཀྱི་གནས་ནས་འདྲེན་པས་ཕྱིར་མི་ལྡོག་པར་བྱེད་པར་བསམ་

མོ། གཉིས་པ་ཚེ་འདས་སློབ་མ་རུ་ཤེས་པའི་ཚེ། མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་རྩ་བ་གསུམ་སྐུ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་མངོན་སུམ་དུ་བཞུགས་པར་དམིགས་ལ་ཐལ་མོ་སྙིང་གར་སྦྱར་ཏེ་དཀྱིལ་འཁོར་དུ་འཇུག་པ་དང་། སྐྱབས་སེམས་སྡོམ་པ་སྦྱིན་ནས་སྡོམ་གསུམ་རིམ་པར་གནང་བའི་གསོལ་བ་བཏབ་པར་བསམ། དེ་ནས་གཞུང་གི་ཚིག་རྗེས་དོན་དྲན་བྱས་ནས་སྔོན་གྱི་རྒྱལ་སྲས་རྣམས་ཀྱིས་སྡོམ་པ་ཇི་ལྟར་བླང་བ་དེ་ལྟར་དུ་སློབ་མ་ཚེ་འདས་ཀྱིས་བླངས་ནས་སྡོམ་པ་ལ་ཡང་ཇི་ལྟར་གནས་པ་དེ་བཞིན་དུ་འདི་བཟུང་བྱང་ཆུབ་མ་ཐོབ་བར་དུ་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ལུས་པ་ཡོངས་སུ་བཟུང་བར་བགྱིའོ་བསམ་པའི་མོས་པ་བསྐྱེད། གསུམ་པ་ཚེ་འདས་ལྷ་རུ་ཤེས་པའི་སྐབས། བཛྲ་ཤྲཱྀ་ཧེ་རུ་ཀས་བགེགས་བསྐྲད་ནས། སྐད་ཅིག་གིས་སློབ་མའི་ཆས་འཛིན་ཚེ་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་ཅིང་། དར་དང་རིན་པོ་ཆེའི་བརྒྱན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པ། ལུས་ལྷ་ཞི་ཁྲོའི་ལྷ་ཚོགས་རྣམས་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་ཡེ་ཤེས་པ་རྣམས་ཆར་བབས་པ་ལྟར་བྱོན་ནས་ལུས་ལྷ་སོ་སོ་ལ་ཐིམ་པར་བསྒོམ་པ་དང་། ཡེ་ཤེས་དབབ་པའང་བརྟན་པར་བྱས་པར་བསམ། དེ་ནས་དཀྱིལ་འཁོར་དུ་འཇུག་པ། དཀྱིལ་འཁོར་གྱི་ཤར་སྒོའི་གྲལ་དུ་པདྨ་འདབ་བརྒྱད་ལ་འཁོད་པར་བསམ་ནས། དཀྱིལ་འཁོར་ཤར་གྱི་སྒོ་མ་ལ་ཕྱག་འཚལ་བསྐོར་བ་བྱས་མཆོད་པ་ཕུལ་སྡིག་པ་བཤགས་ཚོགས་དཔག་ཏུ་མེད་པ་བྱས་ནས་སྒྲིབ་པ་སྦྱང་བར་བསམ། དེ་ནས་ཤར་གྱི་སྒོ་མ་རྟ་

གདོང་མས་ལྕགས་ཀྱུའི་ཕྱག་རྒྱས་མེ་ལོང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཤར་སྒོ་ཕྱེས་ནས་མངོན་པར་དགའ་བའི་ཞིང་ཁམས་སུ་ཕྱིན་ནས་སངས་རྒྱས་རྡོ་རྗེ་མི་བསྐྱོད་པའི་ཞལ་མཇལ། དབང་ཞུས་ལུང་གསུང་མན་ངག་ཐོབ། སངས་རྒྱས་ནས་མིང་ལ་གདོད་མའི་རང་མདངས་སོགས་བཏགས་པར་བསམ། དེ་བཞིན་དུ་དཀྱིལ་འཁོར་ལྷོ་སྒོའི་སྒོ་མ་ཕག་གདོང་མ་སོགས་ནས་ལྷོ་སྒོ་ཕྱེས་ནས་དཔལ་དང་ལྡན་པའི་ཞིང་ཁམས་སུ་ཕྱིན་ནས་སངས་རྒྱས་རིན་ཆེན་འབྱུང་ལྡན་སོགས་ཞལ་མཇལ། མིང་ལ་རིན་ཆེན་རྒྱལ་པོ་བཏགས་པར་བསམ། དཀྱིལ་འཁོར་ནུབ་སྒོ་སོགས་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་ཕྱིན་ནས་སངས་རྒྱས་སྣང་བ་མཐའ་ཡས་སོགས་ཞལ་མཇལ། མིང་ལ་པདྨ་ཀུན་བཟང་སོགས་བཏགས་པར་བསམ། དཀྱིལ་འཁོར་བྱང་སྒོ་སྦྲུལ་གདོང་སོགས་ནས་བྱ་གྲུབ་ཡེ་ཤེས་༴ ལས་རབ་རྫོགས་པའི་ཞིང་ཁམས་སུ་ཕྱིན་ནས་སངས་རྒྱས་དོན་གྲུབ་པའི་ཞལ་མཇལ། མིང་ལ་ཚོགས་དྲུག་རང་གྲོལ་སོགས་བཏགས་པར་བསམ། མཐར་དཀྱིལ་འཁོར་གཙོ་བོའི་ལྷའི་ཞལ་དུ་ཆུ་ཐིག་ཧུབ་ཀྱིས་དྲངས་པ་ལྟར་མཁའ་གསང་བརྒྱུད་ནས་ཡུམ་གྱི་རྩིབ་ལོག་གཡོན་ནས་ཐོན་དེ་གཙོ་བོ་དང་ཚུལ་མཐུན་པ་ཞིག་ཏུ་གྱུར་ནས་སྔར་བཞིན་ཤར་སྒོ་ནས་དབང་གྲལ་དུ་འཁོད་ནས་སློབ་མ་ལྷར་གྱུར་པར་བསམ། དེ་ནས་ཇི་སྐད་དུ། བུམ་པ་སྤྱི་བོར་བཞག་པ་ཕྱི་ཡི་དབང་། །རང་ལུས་ལྷ་སྐུར་སྟོན་པ་ནང་གི་དབང་། །སེམས་ཉིད་རང་ངོ་སྤྲོད་པ་དོན་གྱི་དབང་། །ཞེས་གསུངས་པ་ལྟར། སློབ་མ་ལྷར་ཤེས་པ་དེའི་རྒྱུད་སྨིན་པར་བྱེད་པ་སྐུ་གསུང་ཐུགས་དང་ཐུན་མོང་དབང་ལྔ་ཕྱི་དང་། སྤྲོས་བཅས་བུམ་དབང་ཆེན་མོ་ལྷ་དབང་ཡོངས་རྫོགས་ནང་དབང་། གསང་ཤེར་ཀ་དག་ཚིག་དབང་ཆེན་མོའི་ངོ་སྤྲོད་དོན་དབང་དང་། གཏོར་དབང་དང་མངའ་གསོལ་སྣ་

བདུན་རྟགས་བརྒྱད་མཐའ་རྟེན་བཅས་པས་སློབ་མ་ལྷར་བསྐྱེད་པ་དེའི་རྒྱུད་ལེགས་པར་སྨིན་པར་བྱས་པར་བསམ། གྲོལ་བྱེད་ཀྱི་གདམས་ངག་གི་དབང་དོན་ངོ་སྤྲོད་ནི། སློབ་མ་ལྷར་ཤེས་པ་དེའི་སེམས་ཉིད་སྟོང་པའི་ངོ་བོ་ཀུན་ཏུ་བཟང་མོ། རང་མདངས་ཤེས་རིག་འགགས་མེད་ཀུན་ཏུ་བཟང་པོ། ཟུང་འཇུག་རྩལ་སྣང་རང་གྲོལ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པར་ངོ་སྤྲད། སློབ་མ་ལྷར་ཤེས་པ་དེའི་གཟུགས་ཕུང་ཚོར་ཕུང་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའི་ཕུང་པོ་ལྔ་གནས་དག་རྒྱལ་བ་རིགས་ལྔ་དང་། སྣང་ཡུལ་ས་ཆུ་མེ་རླུང་ནམ་མཁའ་དང་ལྔ་གནས་དག་ཡུམ་ལྔ་ཡིན་པར་ངོ་སྤྲད། སློབ་མ་དེའི་མིག་གི་རྣམ་པར་ཤེས་པ། རྣ་བའི་སྣ་ཡི་ལྕེའི་ལུས་ཀྱི་ཡིད་ཀྱི་ཉོན་མོངས་པའི་ཀུན་གཞིའི་རྣམ་པར་ཤེས་པ་དང་ཚོགས་བརྒྱད་གནས་སུ་དག་པ་སེམས་དཔའ་བརྒྱད་དང་། ཚོགས་བརྒྱད་ཀྱི་ཡུལ་སྣང་བརྒྱད་འགགས་མེད་དུ་ཤར་བ་གནས་སུ་དག་པ་སེམས་མ་བརྒྱད་ཡིན་པར་ངོ་སྤྲད། སློབ་མ་ལྷ་རུ་ཤེས་པ་དེའི་རྒྱུད་ཀྱི་ང་རྒྱལ། ཕྲག་དོག །འདོད་ཆགས། གཏི་མུག །སེར་སྣ། ཞེ་སྡང་གི་རྟོག་པ་དྲུག་རྣམ་པར་དག་པ་ཐུབ་ཆེན་དྲུག་ཡིན་པར་ངོ་སྤྲད། སློབ་མ་དེའི་རྒྱུད་ཀྱི་རྟག་ལྟ། ཆད་ལྟ། བདག་ལྟ། མཚན་མར་ལྟ་བ་བཞི་གནས་སུ་དག་པ་སྒོ་མ་བཞི་ཡིན་པར་ངོ་འཕྲོད་པར་བསམ། དེ་བཞིན་དུ་གནས་འགྱུར་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱང་དེ་ལྟར་ངོ་སྤྲད་པས་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས་སློབ་མ་ལྷ་རུ་ཤེས་པ་དེའི་རང་བྱུང་རིག་པའི་རྩལ་ལས་གུད་ན་མེད་པའི་དབང་དོན་ཡེ་ཤེས་ཀྱི་ངོ་འཕྲོད་པར་བསམ་པ་ཡིན་ནོ། །ཁྱད་པར་དུ་དབང་བཞི་པ་ཚིག་དབང་རིན་པོ་ཆེའི་དབང་དོན་ཡེ་ཤེས་ངོ་སྤྲད་པ་ནི། རང་བྱུང་རིག་པའི་རྩལ་སྣང་ཞི་ཁྲོའི་ལྷ་ཚོགས་ལྷུན་གྲུབ་རང་བྱུང་གི་རོལ་པ་ཐམས་

ཅད་འཁོར་འདས་དག་མཉམ་ཡེ་གྲོལ་ཀ་དག་ཆེན་པོའི་དབྱིངས་སུ་ལ་བཟླ་བའི་ངོ་སྤྲད་དགོས་པ་ཡིན་ནོ། །དེ་ལྟར་ངོ་སྤྲོད་མ་བྱས་ན་གཉིས་བཅས་ཀུན་རྫོབ་ཀྱི་ངོ་སྤྲོད་ཀུན་ལ་ཡོད་ཀྱང་གཉིས་མེད་ཀྱི་ངོ་སྤྲོད་གླེང་ཙམ་ཡང་མེད་དོ། །དེ་ལྟར་ལྷ་དབང་སོགས་དབང་བཞི་ཡོངས་རྫོགས་ངོ་སྤྲོད་བྱས་པ་རྫོགས་རྗེས། ཟས་བསྔོ་བྱེད་སྐབས། ཕ་མ་བུ་ཚ་ཉེ་རིང་བརྩེ་བ་ཐམས་ཅད་ཀྱིས་གདུང་ཤུགས་གུས་པའི་བརྩེ་སེམས་ཀྱིས་རོ་མཆོག་བརྒྱ་དང་ལྡན་པའི་ཟས་མང་ཐོགས་ནས། རྡོ་རྗེ་སློབ་དཔོན་ཀྱིས་ཏིང་འཛིན་སྔགས་ཕྱག་རྒྱས་སྦྱང་སྤེལ་ནམ་མཁའ་མཛོད་དུ་སྤྲུལ་ནས། དམིགས་ཡུལ་དེའི་དབང་པོ་དྲུག་གི་ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སོགས་ལོངས་སྤྱོད་དཔག་མེད་ཚོགས་མཆོད་ཀྱི་ཚུལ་དུ་ཕུལ་ནས། འཇིག་རྟེན་འདི་ནས་ཟག་བཅས་འདོད་ཡོན་གྱི་ཞེན་པའི་མཐའ་རྫོགས་ནས། ཟག་མེད་བདེ་བ་ཆེན་པོའི་འདོད་ཡོན་སྟོང་གསལ་ཡེ་ཤེས་ལྔ་ལྡན་ལ་མངའ་དབང་འབྱོར་བར་བསམ་པས་ལམ་བསྟན་བྱ་ཞིང་སྨོན་ལམ་བཅས་པ་བྱའོ། །བཞི་པ་སློབ་མ་ལྷག་པའི་ལྷ་རུ་ཤེས་པའི་གནས་སྤར་སྐབས། རྡོ་རྗེ་སློབ་དཔོན་གྱིས་ཐུགས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་མཉམ་པར་བཞག་པའི་སྐད་ཅིག་གི་དབྱིངས་དེ་ལས་རྩལ་སྣང་མདུན་བསྐྱེད་ཀུན་བཟང་ཡབ་ཡུམ་འོད་དུ་ཞུ་ནས་ཐབས་ཤེས་མདའ་གཞུའི་གཟུགས་སུ་སྤྲུལ་པའི་རྩེ་སྟོང་སྤྲད་ལ། དམིགས་ཡུལ་གྱི་རྣམ་པར་ཤེས་པའི་ངོ་བོ་ༀ་སོགས་ཧཱུྃ་མཐིང་ག་ཨཱཿདཀར་པོ་གཅིག་ཏུ་གྱུར་པ་སྟེ། མདའི་རྩེར་སྦྱར་ནས་རྩལ་པོ་ཆེས་མདའ་འཕང་བ་བཞིན་དུ་རིགས་ལྔའི་སྦྱོར་མཚམས་སམ། རིགས་གཅིག་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་སྤར་བས་

ཕཊཿདང་པོས་ཞིང་ཁམས་ཀྱི་སྣང་བ་འབྱེད། ཕཊཿགཉིས་པས་གདེང་ཐོབ་པར་བྱེད། ཕཊཿགསུམ་པས་རྩལ་རྫོགས་པར་བྱས་ནས་རྒྱལ་བའི་སྲས་སུ་སངས་རྒྱས་པར་བསམ་མོ། །སླར་ཡང་ཞིང་དེར་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་གཟུགས་ཀྱི་སྐུར་བཞེངས་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཐོག་པ་མེད་པར་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པར་བསམ་པ་ཡིན་ནོ། །མིང་བྱང་བཞུ་སྐབས། བྱང་བུ་ཚེ་འདས་ཀྱི་ལུས་རྙིང་པ་གོས་ཧྲུལ་བསྐྱུར་བ་ལྟ་བུ་ལ་ཚེ་རབས་ཐམས་ཅད་དུ་བསགས་པའི་སྡིག་སྒྲིབ་བག་ཆགས་དང་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷན་གཅིག་ཏུ་གནས་པ་དེ། བདག་མདུན་ལྷའི་དཀྱིལ་འཁོར་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔའི་མེ་ཁ་དོག་ལྔ་འཕྲོས་པས་སྐད་ཅིག་ལ་བསྲེགས་པས་འཁོར་བའི་འཁྲུལ་སྣང་ཀ་དག་གི་དབྱིངས་སུ་བསྡུས་པའི་འཁོར་གསུམ་དམིགས་མེད་ཀྱི་བསྔོ་བས་རྒྱས་གདབ་བོ། །དེ་ལྟ་བུའི་གནས་འདྲེན་གྱི་ཆོ་ག་དེ་ཡང་སྒྱུ་མ་མཁན་གྱིས་སྒྱུ་མའི་འཕྲུལ་ལ་རྩལ་འགྱེད་པ་ལྟ་བུ་ལས་མེད་པར་སྟོང་ཉིད་ལྟ་བའི་རྒྱས་ཐེབས་དགོས་པ་ཡིན་ནི་རེད། འོན་ཀྱང་རྣམ་ཤེས་རྟེན་དགུག་དང་སྤར་ཆོག་གི་སྐབས་སོགས་དམིགས་པ་མི་འདྲ་བ་ཁ་ཤས་ཡོད་པས་དེ་ཡང་ཤེས་ན་བཟང་བར་སྣང་ངོ་། །དེ་ལྟར་ཚེ་འདས་ཤེས་པ་བཞི་ལྡན་དང་འབྲེལ་བའི་ཞི་ཁྲོའི་དབང་བསྐུར་ལྟ་བུ་གལ་ཆེ་ཤོས་འགའ་ཞིག་གི་དམིགས་རིམ་ཅུང་ཟད་གྲོང་ཚིག་གླེན་གཏམ་ནག་འགྲོས་སུ་བྲིས་པ་འདི་བླ་མ་རིན་པོ་ཆེའི་བཀའ་ཕེབས་བྱུང་བས་བཀའ་མ་བཅག་ཙམ་དུ་ཞལ་རྒྱུན་འགའ་ཞིག་དང་དཔེ་ཆ་འགའ་རེ་ལ་བརྟེན་ནས་མཆེད་གྲོགས་ཀུན་དོན་ཐུགས་དམ་གསལ་འདེབས་སུ་ཝཀ་མིང་པས་རང་བཟོ་གཟུ་ལུམ་ཕོ་ཚོད་

ཀྱིས་ཚོད་དཔག་བྱས་པ་ཡིན་པས་ཉེས་འགལ་ཅི་མཆིས་ཞི་ཁྲོའི་ལྷ་ལ་བཤགས། དགེ་བ་མཆིས་ན་མ་རྒན་ཡོངས་ལ་བསྔོའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།

ཞི་ཁྲོའི་དབང་སོགས་ཀྱི་མཚམས་སྦྱོར་པུཎྜ་རི་ཀའི་དོ་ཤལ།

ཞི་ཁྲོའི་དབང་སོགས་ཀྱི་མཚམས་སྦྱོར་པུཎྜ་རི་ཀའི་དོ་ཤལ་བཞུགས་སོ། །

ༀ་བཛྲ་ས་ཏྭ་ཧཱུྃ། །ༀ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཁཾ་ལས་གཤེད་བདུད་ལན་ཆགས་ཀྱི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདུད་རྩིའི་རང་བཞིན་དུ་གྱུར། ༀ་ཨཱཿཧཱུྃ་ཧོ། ལན་གསུམ། ༀ་སརྦ་བྷུ་ཏ་ཨ་ཀར་ཤཱ་ཡ་ཛ། ལན་གསུམ། ཞི་དྲག་སྤེལ་མར་བཅས་བསྔོ་བས་བཏང་། ན་མོ་རྗེ་བཙུན་རྩ་བ་དང་སོགས། ཁྱད་པར་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས། དེང་འདིར་རྡོ་རྗེ་སློབ་མ་འདི་རྣམས་ལ་རིགས་དྲུག་གནས་འདྲེན་གྱི་དབང་དང་ཡོན་ཏན་ཡར་ལྡན་གྱི་དབང་བསྐུར་ཟབ་མོ་བསྐུར་བར་བྱེད་པ་ལ་བར་དུ་གཅོད་པའི་གདོན་བགེགས་འབྱུང་པོ་དམ་སྲི་གནོད་བྱེད་ཀྱི་རིགས་སུ་གྱུར་པ་ཐམས་ཅད། དེང་འདིར་དམིགས་ཡུལ་ཚེ་དུས་ལས་འདས་པ་འདི་གསོན་གྱི་དུས་ན་གནས་བྱེད་ཀྱི་ཚེ་སྲོག་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱངས་པ་དང་ས་ལམ་ལ་བར་དུ་གཅོད་པའི་སྲོག་གཅོད་ཀྱི་གཤེད་མ་འཆི་ཁར་དབུག་སྡུད་ཅིང་ཕུང་པོ་ལ་བདག་ཏུ་འཛིན་པ་གཤིན་པོ་གནས་མི་བདེ་ཞིང་གསོན་པོ་བཀྲ་མི་ཤིས་པར་བྱེད་པ། ཡར་མཐོ་རིས་དང་ཐར་

བའི་གེགས་བྱེད་ཅིང་། མར་འཁོར་བ་དང་ངན་སོང་གི་སྣ་འདྲེན་པ། བར་རིགས་དྲུག་གི་གཡང་ས་ཉམ་ང་བར་བསྐྱུར་བའི་གཏིང་རྡོ་བྱེད་པའི་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཤི་མིག་གསོན་ལ་ལྟ་བར་བྱེད་པ་ཁྱོད་རྣམས་འདིར་མ་གནས་པར་རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས་ཤིག །གལ་ཏེ་མི་འགྲོ་ན་བདག་ཉིད་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཁྲོ་མཚོན་འཇིགས་རུང་བཟོད་པར་དཀའ་བའི་ཚོགས་ཆེན་པོ་འཕྲོས་པས་ཁྱོད་རང་གི་ལྔ་ཕུང་ཉམས་ཉེས་སུ་གྱུར་ཏ་རེ། དྲག་སྔགས་གུ་གུལ་བདུག་ཅིང་ཐུན་གྱིས་གཟིར་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཙཀྲ་ཛྭ་ལ་མཎྜལ་ཕཊཿཧ་ལ་ཧ་ལ་ཧཱུྃ། ༀ་སུམ་བྷ་ནི་སོགས་ཀྱི་རྗེས་སུ། སྲོག་གཅོད་གཤེད་མའི་རིགས་སུ་གྱུར་པ་ཐམས་ཅད་ཕྱིར་བསྐྲད། འོད་ཟེར་དང་ཁྲོ་ཚོགས་རྣམས་ཚུར་འདུས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གུར་ཐབས་སུ་འཁྲིགས་པས་མི་ཕྱེད་རྡོ་རྗེ་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་དེའི་ནང་དུ་ཚེ་དུས་ལས་འདས་པ་མིང་གཟུགས་དྲི་མའི་རྟེན་ལ་རྣམ་པར་ཤེས་པ་བག་ཕེབ་སྟེ་ཆོས་ཉན་པར་གྱུར། འོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་དུས་ལས་འདས་པ་ཁྱོད་ཤི་བ་ཡིན་ནོ། །དེ་ཡང་ཁྱོད་གཅིག་པུ་ཤིའམ་སྙམ་ན་མ་ཡིན་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་གླིང་བཞི་གླིང་ཕྲན་བརྒྱད། ལྷུན་པོ་ཉི་ཟླ་དང་བཅས་པའང་མི་རྟག་ཅིང་འཇིག་དགོས་པ་དང་། ནང་བཅུད་ཀྱི་སེམས་ཅན་སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་རྒྱུ་བ་དེ་ཐམས་ཅད་མི་རྟག་ཅིང་འཆི་དགོས་པ་ནི། མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་༼སྐྱེས་བུ་༽ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་ཤིང་། སྤྱིར་འདུས་བྱས་ཐམས་ཅད་

མི་རྟག་པ་དང་། བྱེ་བྲག་བསོད་ནམས་དང་ཡེ་ཤེས་ལས་གྲུབ་པའི་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པའི་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་དེ་ཡང་མཐར་མི་རྟག་པའི་ཚུལ་སྟོན་པ་དང་། ཁམས་གསུམ་གྱི་འཆིང་བའི་དགྲ་ཐམས་ཅད་བཅོམ་པ་ཉན་ཐོས་དང་རང་རྒྱལ་ཆེན་པོ་རྣམས་ཀྱང་མི་རྟག་པ་དང་། དགེ་བའི་རྩ་བ་ཡོངས་སུ་རྫོགས་པའི་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་མི་རྟག་ན། རང་ཅག་གི་ཆུ་བུར་ལྟ་བུའི་ལུས་འདི་འཇིག་པ་ལ་ལྟ་ཅི་སྨོས། ཇི་ལྟར་མི་རྟག་ན། མཛའ་བའི་བཤེས། བརྩིགས་པའི་མཁར། འབྲེལ་བའི་གཉེན། བསོགས་པའི་ནོར་གང་གིས་ཀྱང་མི་ཕན་པར་འཆི་དགོས། དེ་ལྟ་བུའི་འཆི་བའི་གོ་རིམ་ནི་ཇི་ལྟར་འོང་སྙམ་ན། བདག་ཅག་གི་མི་ཚེའི་ཉི་མ་ནི་ཡུན་ཐུང་། འཆི་བདག་གི་བདུད་པོ་ནི་བང་མགྱོགས། འཆི་བའི་རྐྱེན་ངན་ནི་གྲངས་མང་། མ་ཚོར་ཡེང་མ་ལམ་གྱི་ངང་དུ་འཆི་བ་ཞེས་བྱ་བ་ནམ་མཁའི་ཐོག་མགོ་ལ་བབས་པ་བཞིན་དུ་འབྱུང་ལ། དེ་ཐབས་གང་གིས་ཀྱང་བཟློག་པའི་མཐུ་མེད་དེ། སྲོག་གཅོད་ཀྱི་ནད་དེ་འཚོ་བྱེད་ཀྱི་སྨན་པས་མི་སོས། འཆི་བདག་གི་གཤིན་རྗེ་ནི་གཟའ་ཁྱབ་འཇུག་གི་མདུང་ཐུང་གིས་མི་ཟློག །ལས་ཀྱི་རྣམ་པར་སྨིན་པ་ནི་དཔལ་ཕྱག་ན་རྡོ་རྗེའི་ནུས་པས་མི་ཁོག །དེ་ལྟར་འཆི་བའི་དུས་ལ་བབ་པ་ན། ཟས་ཀྱི་ཟ་འཕྲོ། གོས་ཀྱི་གྱོན་འཕྲོ། ལས་ཀྱི་བྱེད་འཕྲོ། ཉལ་མལ་དུ་གཅེས་པའི་སྒྱུ་ལུས་དང་བཅས་པ་དབང་མེད་དུ་བསྐྱུར། བརྩེ་བའི་ཕ། བྱམས་པའི་མ། སྙིང་སྡུག་གི་བུ། ཚེ་རོགས་ཀྱི་ཆུང་མ། བསགས་པའི་ནོར་ཐམས་ཅད་ལའང་མིག་གིས་ལྟ་བའི་དབང་ཙམ་ཡང་མེད་པར་འཆི་དགོས་པ་ཁྱོད་ཀྱི་ཐོག་ཏུ་བབས་པས་གོ་བར་གྱིས་ཤིག །དེ་ཡང་འཆི་བའི་རྟགས་ཀྱི་འཁྲུལ་སྣང་ནི། འདི་ལྟར་འབྱུང་སྟེ། པཎ་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས། འབྱུང་བ་ལོག་པའི་སྒྲ་

བཞི་འཇིགས་སྣང་གསུམ། །མ་ངེས་རྟགས་རྣམས་སྣ་ཚོགས་འཆར་བའི་ཚེ། །ཞེས་གསུངས་པས། ཕྱི་ལྟར་ས་ཆུ་ལ་ཐིམ་ནས་ནང་གཟུགས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་མི་མཐོང་། ལུས་བསྒུལ་སྤྱོད་༼བསྐྱོད་༽མི་ནུས། ཆུ་མེ་ལ་ཐིམ་པས་ཕྱི་ནང་གི་གཤེར་བའི་ཆ་ཐམས་ཅད་སྐམ། རྣ་བས་སྒྲ་མི་ཐོས། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་ཡལ། སྣས་དྲི་མི་ཚོར། རླུང་རྣམ་ཤེས་ལ་ཐིམ་པས། སྤྱི་བོ་ནས་ཁམས་དཀར་པོ་ཐུར་དུ་བབས་པས་ཕྱི་རྟགས་སུ་ཟླ་བ་ལྟ་བུའི་དཀར་ལམ་པ་དང་། ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་འགགས། ལྟེ་འོག་ནས་རཀྟ་གྱེན་དུ་ཕྱུར་བས་ཉི་མ་ལྟ་བུའི་དམར་ལམ་པ་དང་། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། དཀར་དམར་སྙིང་ཁར་འདྲེས་པས་མུན་ནག་སྟུག་པོ་ལྟ་བུའི་ནག་ལམ་པ་དང་། གཏི་མུག་གི་རྟོག་པ་བདུན་འགགས། དེ་ནས་རྣམ་ཤེས་དབུ་མར་ཐིམ་པས་རྟོག་མེད་དུ་ལྷན་གྱིས་འགྲོ་བ་ལ། འཁྲུལ་རྟོག་མ་སྐྱེས་ཀྱི་བར་གོམས་འདྲིས་ཡོད་མེད་གནས་ཆ་རིང་ཐུང་ལ་རག་ལས་སོ། །དེ་ནས་བརྒྱལ་བ་ལས་སངས་པ་ཙམ་ན་འཁྲུལ་སྣང་གི་མགོ་འཛུགས་པ་ཡིན་ནོ། །དེ་ཡང་རང་ངོ་མ་ཤེས་པས་སླར་ཡང་བར་དོའི་ལུས་བླངས་ཏེ་ཤི་བ་མི་ཤེས། ཉེ་འབྲེལ་ཤུལ་མི་རྣམས་ཀྱི་མྱ་ངན་དང་ངུ་ཆོམ་བྱས་པ་ནི་མི་བཟོད། དེ་དག་གི་དྲུང་དུ་ཕྱིན་ནས་གཏམ་སྨྲས་ཀྱང་མི་མཐོང་མི་ཐོས། སླར་ཡང་སྡུག་བསྔལ་གྱིས་ནི་གདུང་། ཉི་ཟླ་དང་སྐར་མ་ལ་སོགས་པ་རྣམས་ཀྱི་གཟུགས་དང་འོད་མི་མཐོང་། ཕྱོགས་ཐམས་ཅད་བསྐལ་བའི་མུན་ནག་ལྟ་བུས་ཁྱབ་པ་མཐོང་། ལས་ཀྱི་རླུང་དམར་དྲག་པོས་ནི་རྒྱབ་ནས་དེད། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་མདུན་ནས་བསུ། སོད་ཅིག་རྒྱོབ་ཅིག་གི་སྒྲ་དྲག་པོ་ནི་ཐོས། མཚོན་ཆའི་ཆར་བ་ནི་སྐར་མདའ་འཁྲུགས་པ་ལྟར་བབས། འཇིགས་སྐྲག་གི་སྡུག་

བསྔལ་ཆེན་པོ་ནི་མཐོང་། མགོན་སྐྱབས་དང་དཔུང་གཉེན་ནི་མེད། རྟེན་མེད་གནས་མེད་དུ་འཁྱམས། ཟས་ནོར་དང་ཉེ་འབྲེལ་རྣམས་ལ་ཆགས། སྔོན་གྱི་ཁང་ཁྱིམ་ལ་སོགས་པ་རྣམས་སུ་རྨི་ལམ་བཞིན་དུ་འཁྱམས། ཟས་ནོར་རྣམས་གཞན་གྱི་སྤྱོད་པ་མཐོང་ནས་ཞེ་སྡང་དྲག་པོ་མེ་ལྟར་འབར། ཡིད་ཀྱི་ལུས་དང་དྲི་ཙམ་གྱི་ཟས་ལ་བརྟེན་ཅིང་གནས་ངེས་མེད་དུ་འཁྱམས། ཅི་ཞིག་ན་འཇིགས་སྐྲག་གིས་བསྐྱོད་དེ་རང་དབང་མེད་པར་འགྲོ། གཞན་ཡང་རི་རབ་བསྙིལ་བ་དང་རྒྱ་མཚོ་ཆེན་པོ་འཕྱོ་བ་དང་། བསྐལ་པའི་མེ་དཔུང་འབར་བ་ལྟ་བུའི་འུར་སྒྲ་དང་། བསྐལ་པའི་འཐོར་རླུང་དྲག་པོ་གཡོ་བ་ལྟ་བུའི་ཉམས་དང་། བར་བར་དུ་དུག་གསུམ་གྱི་རང་གཟུགས་ལས་གྲུབ་པའི་འཁྲུལ་སྣང་སྐྱ་ཆད་དེ་བ། དམར་ཟེང་ངེ་བ། ནག་ངམ་མེ་བ་སོགས་འཆར་ཡང་། དེ་རྣམས་འཁྲུལ་སྣང་ཁོ་ན་མ་གཏོགས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པ་ནི། རྨི་ལམ་གྱི་སྣང་བ་དང་ཁྱད་པར་མེད་པས་གང་ལའང་མ་འཇིགས་མ་སྐྲགས་པར་ཚེ་འདིའི་ཕ་མ། སྤུན་ཟླ། མཛའ་བཤེས་གཉེན་འདུན། རྒྱུ་ཟས་ལོངས་སྤྱོད་གང་ལའང་ཆགས་ཞེན་གྱིས་འཁྲི་བ་རྦད་ཀྱི་ཆོད་ལ། བསླུ་མེད་དཀོན་མཆོག་གསུམ་དང་། རྩ་བའི་བླ་མ་སོགས་ལ་བློ་རྩེ་གཅིག་ཏུ་གསོལ་བ་ཐོབ་ཅིག །ཁྱོད་རང་གི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཡེ་ཤེས་རང་སྣང་ལས་གྲུབ་པའི་འཇའ་འོད་ཁ་དོག་ལྔ་ལྡན་གྱི་དབུས་ན་སྐུ་མཚན་དཔེ་གསལ་རྫོགས་ཀྱི་རང་བཞིན་ལྷམ་མེ། གསུང་གྲགས་སྟོང་རྡོ་རྗེའི་ཆོས་སྒྲ་ལྷང་ངེ་། ཐུགས་གསལ་སྟོང་ཡེ་ཤེས་རྣམ་མཁྱེན་གྱི་རང་བཞིན་ལྷན་ནེར་ཁྱོད་རང་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་པར་མོས་ལ་གསོལ་བ་རྩེ་གཅིག་ཏུ་ཐོབ་ལ། ཨེ་མ་མགོན་པོ་ཐུགས་རྗེ་ཅན། སོགས།

དེ་ནས། ༀ་བཛྲ་ས་ཏྭ་ཧཱུྃ། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་འདོད་ཡོན་གླུད་ཀྱི་གཏོར་མ་རིགས་དྲུག་སོ་སོའི་གང་ལ་གང་འདོད་ཀྱི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོ་གཅིག་ཏུ་གྱུར། ༀ་ཨཱཿཧཱུྃ། ཧཱུྃ་གཏོར་མ་འདོད་ཡོན་ལྔ་དང་སོགས། བླ་མ་དང་གཙོ་བོ་ཐ་མི་དད་པའི་དྲུང་དུ་ཡི་དམ་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་མཎྜལ་འབུལ་བར་ཞུ། ས་གཞི་སྤོས་སོགས། དེ་ནས་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་སོགས་ནས། ལེགས་པར་ཉོན། དེ་ཡང་ཆོས་ལ་འཇུག་པའི་རྩ་བ་ནི་སྐྱབས་སུ་འགྲོ་བ་ཡིན་པས་མེད་དུ་མི་རུང་ཞིང་ཐོག་མར་བླ་མ་དང་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་སྣང་སྟོང་གཉིས་མེད་ཀྱི་རང་བཞིན་དུ་གསལ་ལ་སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅིར་འགྱུར་ཡང་ཡིད་ཁྱེད་ཤེས་ཀྱི་དད་པས་འདི་བཞིན་དུ་རྗེས་ཟློས་མཛོད། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། སོགས་ནས་སྐྱབས་སུ་མཆི། ཞེས་པ་དང་། དེ་ལྟ་བུས་སྐྱབས་སུ་སོང་བའི་ཕན་ཡོན་ནི། ལུང་ལས། སྐྱབས་སོང་འདི་ལ་གཟུགས་མཆིས་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། ཕུལ་ལ་གཞལ་བས་ཟད་མི་ནུས། །ཞེས་གསུངས་སོ། །དེ་ནས་རྒྱུད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཕྱི་སོ་སོར་ཐར་བའི་སྡོམ་པ་བཟུང་བ་དང་། ནང་བྱང་ཆུབ་སེམས་དཔའི་བསླབ་པ་སྨོན་པ་དང་འཇུག་པའི་རིམ་པ་རྣམས་ཚུལ་བཞིན་དུ་གཟུང་ངོ་སྙམ་དུ་འདིའི་རྗེས་ཟློས་མཛོད། ཧོ་བླ་མ་ཀུན་བཟང་སྤྱན་སྔ་རུ། སོགས། མྱ་ངན་འདས་ལ་འགོད། བར་དང་། དེ་ནས་གསང་བ་རིག་འཛིན་

སྔགས་ཀྱི་དམ་ཚིག་ལ་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་རྣམས་ཚུལ་བཞིན་དུ་བླངས་ལ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ནི་མི་སྤོང་ངོ་། སོགས། ཡོངས་སུ་བཟུང་། དེ་ནས་ༀ་བཛྲ་ཤྲི་ཧེ་རུ་ཀ༴ སློབ་མའི་ཆས་འཛིན་སོགས་ནས་ས་ཏྭ་ཨཱཿབྱིན་དབབ་པ་ནི། ཀྱེ་ཧོ་བླ་མ་འགྲོ་བའི་མགོན། སོགས། ཞེས་གསོལ་བ་བཏབ་པས་ཁ་བསྐང་སྟེ་སྐལ་བ་དང་ལྡན་པ་ཁྱོད་ལ་བོད་དེ་གནང་བ་སྦྱིན་པ་ནི། ཚུར་ཤོག་ཚུར་ཤོག་སོགས། འོ་ཁྱོད་རང་ལ་ཡེ་ཤེས་པ་ཕབ་པའི་དོན་ནི། རྩལ་རྫོགས་ཆེན་པོའི་རྒྱུད་ལས། གསང་སྔགས་སེང་གེའི་འོ་མ་འདྲ། །རིན་ཆེན་གསེར་སྣོད་མ་ལགས་པའི། །སྣོད་གཞན་ཕལ་བར་བླུགས་གྱུར་ན། །སྣོད་ཀྱང་ཆག་ལ་བཅུད་ཀྱང་ཟག །སྣོད་བཅུད་གཉིས་ཀ་མ་རུང་འགྱུར་། །ཞེས་གསུངས་པས་རྒྱུད་ཀྱི་ཉོན་མོངས་པ་མ་སྦྱངས་པར་གསང་སྔགས་ཟབ་མོའི་དབང་བསྐུར་དུ་མི་རུང་ཞིང་བསྐུར་ཡང་མི་འཆགས་པས། ཡེ་གདོད་མ་ནས་སྣོད་གཞལ་ཡས་ཁང་དང་བཅུད་ཡི་དམ་གྱི་ལྷ་ཚོགས་རྟོག་ཚོགས་ཆོས་ཉིད་ཀྱི་རོལ་པར་གནས་པ་ཡིན་ཏེ། དེ་ལྟར་མ་ཤེས་པའི་གང་ཟག་ལ་ཡིན་ཚུལ་ངོ་སྤྲད་པའི་ཕྱིར་དམ་ཚིག་ཡེ་ཤེས་གཉིས་མེད་དུ་རྒྱས་གདབ་པ་ནི་ཡེ་ཤེས་པ་དབབ་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཆུས་བསངས། སྭ་བྷ་ཝས་སྦྱངས། སློབ་དཔོན་ཀུན་བཟང་རྡོར་སེམས་ཞི་ཁྲོ་རབ་འབྱམས་ཀུན་འདུས་ཀྱི་ཐུགས་ཀའི་འོད་ཀྱིས་སློབ་མའི་ལུས་སོགས་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་རིན་ཆེན་ཁྲི་རྐང་པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་རྣམས་རྡོ་རྗེ་སེམས་དཔའ་དཀར་གསལ་ཞལ་གཅིག་འཛུམ་བཅས་བཞད་པ་ཕྱག་གཉིས་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན་ཞིང་གཡོན་སྣང་སྟོང་དྲིལ་བུ་དཀུར་བརྟེན་པ། རིགས་

ལྔའི་དབུ་རྒྱན་སོགས་ལོངས་སྤྱོད་རྫོགས་སྐུ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་རོལ་བའི་སྟབས་ཀྱིས་བཞུགས་པའི། ཐུགས་ཆོས་དབྱིངས་ཁྱབ་བརྡལ་གྱི་ཀློང་དུ། རང་སེམས་ཀ་དག་རིག་མདངས་ཞལ་ཕྱག་གི་རྣམ་པ་ཀུན་བཟང་ཡབ་ཡུམ་ལ་འཁོར་ཡེ་ཤེས་ལྔའི་རང་འོད་རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་བརྒྱད། སེམས་མ་བརྒྱད། ཐུབ་པ་དྲུག །སྒོ་བ་ཡབ་ཡུམ་བརྒྱད་དང་བཅས་པའི་རྩལ་མདངས་ལས། ཀླད་པ་དུང་ཁང་འབར་བའི་གཞལ་ཡས་ཁང་འཇའ་འོད་མེ་དཔུང་ཐིག་ལེའི་ཀློང་དུ་ཆེ་མཆོག་ཡབ་ཡུམ་ལ་ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ། ཀཽ་རི་མ་བརྒྱད། སྒོ་མ་བཞི། སེང་ཧ་མ་བརྒྱད། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་ཞི་ཁྲོ་དམ་པ་རིགས་བརྒྱ་དང་། མགྲིན་པར་རིག་འཛིན་དཔའ་བོ་ཡབ་ཡུམ་བཅུ་རྣམས་གསལ་བའི་སྐུའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གསུམ་དང་རང་རང་གི་ཐུགས་སྲོག་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཐམས་ཅད་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་ཁྱོད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ༀ་ཨཱཿཧཱུྃ། བླ་མ་ཀུན་བཟང་རིགས་ལྔའི་སོགས་བརྗོད། བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གཉིས་མེད་རོ་གཅིག་ཏུ་བརྟན་པར་གྱུར་ཅིག །ༀ་སུ་པྲ་སོགས། དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་རང་འདྲ་གཉིས་པ་ཞིག་ཆད་དེ་ཁྱོད་རང་གི་ལག་པ་ནས་བཟུང་སྟེ་ཁྲིད་ནས་ཤར་སྒོ་ནས་རིམ་པ་བཞིན་དུ་རིགས་སོ་སོ་ལ་མི་ཕྱེད་པའི་དད་པས་ཕྱག་དང་བསྐོར་བ་བྱེད་པའི་མོས་པ་མཛོད་ཅིག །ཧཱུྃ་དཀྱིལ་འཁོར་ཆེན་པོའི་ནས། ཤ་ཡ་ཕཊཿའོ་འདི་ན་བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་

ཚོགས་ཐམས་ཅད་ཡེ་ཤེས་རང་སྣང་ལས་གྲུབ་པས་བཟང་ངན་བླང་དོར་མ་མཆིས་ཀྱང་རང་གི་རིགས་ཀྱི་ལྷ་ལས་འབྲེལ་གང་ལ་ཕོག་པ་དེ་དག་ལ་ཐོགས་མེད་དུ་དབབ་པར་བསམ་མོ། དེའི་དགོས་པ་ནི། སློབ་དཔོན་བི་ཤྭ་མི་ཏྲས། མཉེས་དཀའ་མ་ཡིན་བཀུར་གནས་ཀྱི། །འཇིག་རྟེན་མགོན་པོའི་ཆོས་ལུགས་ཕྱིར། །ཞེས་གསུངས་པས། དེ་ལྟར་ལྷ་ལ་ཕྱག་རྟེན་དུ་རྟེན་འབྲེལ་གྱི་མེ་ཏོག་དོར་ཞིག །ཧཱུྃ་བདག་ཅག་རིག་པའི་མེ་ཏོག༴ ཛ་ཧོཿའོ་དེ་ལྟར་རིགས་གང་ལ་ཕོག་པའི་ལྷ་ལས་དྲངས་པའི་མིང་བཏགས། མེ་ཏོག་དེ་ཉིད་རྒྱལ་བ་རིགས་ལྔའི་རང་བཞིན་ཅོད་པཎ་དུ་གྱུར་ནས་ཁྱོད་ཀྱི་མགོ་ལ་བཅིངས་ཏེ་ཡེ་ཤེས་ལྔས་རྒྱས་བཏབ་སྟེ་རིགས་གང་ཡིན་པ་དེ་དག་གི་ངོ་བོར་སངས་རྒྱ་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། འོ་ཁྱོད་རང་དེ་སྔོན་མ་རིག་གཉིས་འཛིན་གྱི་ལྡོངས་བ་དེ་དག་མཚོན་བྱེད་ཀྱི་མིག་དར་འདི་ཉིད་བསལ་བ་དང་མཉམ་དུ་གཉིས་འཛིན་མ་རིག་པ་སྲོག་ཏུ་གསལ་ནས་༼བསལ་ནས་༽རིག་པ་ཡེ་ཤེས་ལྷའི་ངོ་བོ་ཇི་ལྟ་བར་གསལ་བའི་མོས་པ་མཛོད་ཅིག །ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས། སོགས་བརྗོད་ལ་མིག་དར་བསལ། འོ་འདི་ན་ཡེ་ཤེས་རང་སྣང་ལས་གྲུབ་པའི་འཁོར་ལོ་སྒྱུ་འཕྲུལ་ཞི་ཁྲོ་རོལ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པ་དང་བཅས་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་ཤར་བ་ཡིན་ཏེ། དེ་ཡང་ཅུང་ཟད་དབྱེ་ན་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་མཁའ་ཀློང་རྣམ་པར་དག་པ་འོག་གཞི་འབྱུང་བ་རིིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་ཐར་བ་ཆེན་པོའི་གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་གྲུ་བཞི་སྒོ་བཞི་ལོགས་བརྒྱད་རྩིག་པ་རིམ་པ་ལྔ། འདོད་སྣམ་ཕ་གུ་དྲ་ཕྱེད་ཤར་བུ་མདའ་ཡབ་ཆོས་འཁོར་རི་དྭགས་གདུགས་དང་བཅས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན།

གཞལ་ཡས་ཁང་གི་རྣམ་པར་ཤར་བ་ནང་དྲག་པོའི་གཞལ་ཡས་ཁང་ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་ལ་སོགས་པའི་ཀ་གདུང་དྲལ་ཕྱམ་དང་བཅས་པའི་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་ཡིད་ཆོས་རྣམ་པར་དག་པ་ཀུན་བཟང་ཡབ་ཡུམ་གཉིས། ཤར་དུ་རྡོ་རྗེ་རིགས་ཀྱི་ཚོམ་བུ་དྲུག །ལྷོར་རིན་ཆེན་རིགས་ཀྱི་ཚོམ་བུ། ནུབ་དུ་པདྨ་རིགས་ཀྱི་ཚོམ་བུ། བྱང་དུ་ལས་ཀྱི་རིགས་ཀྱི་ཚོམ་བུ། ཕྱོགས་བཞི་སྟེང་འོག་གཉིས་སུ་འགྲོ་འདུལ་གྱི་ཐུབ་པ་དྲུག་རྣམས་རང་རང་གི་རྟག་དང་མཚན་མས་གཙོ་བོ་ཡབ་ཡུམ་ལ་ཞལ་གཟིགས་ཏེ་བཞུགས་པ། སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད་རྣམས་ཞལ་ཕྱིར་གཟིགས་ཏེ་བར་ཆད་བསྲུང་པའི་ཚུལ་མཛད་པ་སྟེ། དེ་ལྟར་རྡོ་རྗེ་དབྱིངས་ཀྱི་ལྷ་ཞི་བ་བཞི་བཅུ་རྩ་གཉིས་འཇའ་འོད་ཁ་དོག་ལྔ་ལྡན་གྱི་དབུས་ན་བཞུགས་ཤིང་། སྟེང་གི་ནམ་མཁར་ཆོས་དབྱིངས་མེ་རི་འབར་བའི་དབུས་སུ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ལ་སོགས་ཏེ་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས་ཁྲོ་གཏུམ་གར་དགུའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པ་འཇའ་འོད་མེ་དཔུང་འདྲེས་མར་མཆེད་པའི་དབུས་ན་བཞུགས་པ་འདི་དག་ཁྱོད་རང་གི་ཚེ་རབས་ལས་ཀྱི་འབྲེལ་བའི་ལྷ་ཡིན་པས་མ་བསྒོམས་ཀྱང་སྐྱེ་བ་བདུན་ཚུན་ཆད་ལ་ཡི་དམ་ལྷའི་ངོ་བོར་འཚང་རྒྱ་བའི་རྒྱུ་ཡིན་པས་སྤྲོ་བར་གྱིས་ལ་དཀྱིལ་འཁོར་ལ་གཟིགས་ཤིག །ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ། སོགས། སླར་ཡང་བུམ་དབང་དངོས་ཞུ་བའི་དོན་དུ་གསོལ་འདེབས་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་སོགས། འོ་དེ་ཡང་སྤྲོས་བཅས་བུམ་པའི་དབང་ཆེན་པོ་བསྐུར་བ་ལ། བུམ་དབང་གི་བརྡ་དོན་ནི། ལོ་པཎ་བཀའ་ཐང་ལས། བུམ་ནི་སྙིང་པོ་འོད་ཀྱི་བུམ། །པ་ནི་ཆོས་དབྱིངས་སྐྱེ་བ་མེད། །བྱེད་ལས་སེམས་ཅན་དོན་བྱེད་ཅིང་། །མ་འགགས་

སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས། སྤྱིར་བུམ་པ་ལ་ཆོས་དབྱིངས་མི་འགྱུར་བའི་བུམ་པ། ཀུན་རྫོབ་མཚན་མའི་བུམ་པ། འདུས་བྱས་རྟགས་ཀྱི་བུམ་པ། བཏགས་པ་མིང་གི་བུམ་པ་དང་བཞི་ཡོད་པ་ལས། འདིར་འདུས་བྱས་རྟགས་ཀྱི་བུམ་པ་ལ་བརྟེན་ཏེ། དོན་ཆོས་དབྱིངས་མི་འགྱུར་བའི་རྒྱས་འདེབས་པ་ཡིན་པས། དེ་ལྟར་དབུས་ཀྱི་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་སྤྱི་བོར་བཞག་ལ། ཧཱུྃ་བུམ་པ་འདི་ནི༴ འོ་རིགས་ཀྱི་བུ་ཁྱོད་ལ་བུམ་པ་འདིས་སོགས། རིག་པའི་དབང་ལྔ་ནི། དེ་ཡང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁོར་བར་འཁྱམས་པའི་རྒྱུ་རྐྱེན་ཕུང་པོ་ལ་བདག་ཏུ་བཟུང་ཞིང་དུག་ལྔ་རང་གར་ཡན་ཏེ་འཁྲུལ་པ་ལུ་གུ་རྒྱུད་དུ་གྱུར་པ་ལ་བརྟེན་ནས་སྡུག་བསྔལ་གྱི་རྒྱ་མཚོར་འཕྱན་པ་ཡིན་ལ། དེ་དག་པར་བྱེད་པ་རིགས་ལྔའི་ཡེ་ཤེས་ཀྱི་ངོ་བོ་རིག་པའི་དབང་ལྔ་ལ་བརྟེན་དགོས་ཏེ། རྒྱུད་ལས། ཞེ་སྡང་མེ་གསོད་ཆུ་ཡི་དབང་། །ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་། །འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་། །ཕྲག་དོག་ཞགས་བཀྲོལ་དྲིལ་བུའི་དབང་། །གཏི་མུག་མུན་སེལ་མིང་གི་དབང་། །ཞེས་དང། ཆུ་དང་དབུ་རྒྱན་རྡོར་དྲིལ་མིང་། །བུ་ཁྱོད་རྣམས་ལ་སྦྱིན་པར་བྱ། །ཞེས་པས། དང་པོ་མི་བསྐྱོད་པ་ཆུའི་དབང་ནི། ཧཱུྃ་སྐུ་གསུམ་དམ་ཚིག་སོགས། ཞེས་མི་བསྐྱོད་པ་ཆུའི་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་སུ་དག །མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ཐུགས་རྡོ་རྗེ་མི་བསྐྱོད་པའི་སྐུ་ལྷུན་གྱིས་གྲུབ། སངས་རྒྱས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོག་པ་མེད་པ་བྱེད་ནུས་པར་གྱུར། ཧཱུྃ་སངས་རྒྱས་ཀུན་གྱི་རྒྱལ་སྲིད་དེ་སོགས། རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་

དབང་བསྐུར་བས་ཉོན་མོངས་པ་ང་རྒྱལ་སྦྱངས། ཚོར་བའི་ཕུང་པོ་གནས་སུ་ུདག །མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་སྐུ་ལྷུན་གྱིས་གྲུབ། ལྷོ་ཕྱོགས་རིན་ཆེན་རིགས་ཀྱིརིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར། ཧཱུྃ་སངས་རྒྱས་ཀུན་གྱི་རྡོ་རྗེའི༴ དེས་སྣང་བ་མཐའ་ཡས་རྡོ་རྗེའི་དབང་བསྐུར་བས་ཉོན་མོངས་པ་འདོད་ཆགས་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག །སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱས། གསུང་སྣང་བ་མཐའ་ཡས་ཀྱི་སྐུ་ལྷུན་གྱིས་གྲུབ། སངས་རྒྱས་པདྨའི་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོག་པ་མེད་པ་བྱེད་ནུས་པར་གྱུར། ཧཱུྃ་ཐབས་དང་ཤེས་རབ་ལྡན་པ་སོགས། དོན་ཡོད་གྲུབ་པ་དྲིལ་བུའི་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག །བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། ཕྲིན་ལས་དོན་ཡོད་གྲུབ་སྐུ་ལྷུན་གྱིས་གྲུབ། སངས་རྒྱས་ཕྲིན་ལས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོག་པ་མེད་པ་བྱེད་ནུས་པར་གྱུར། ཧཱུྃ་རྡོ་རྗེ་མིང་གི་དབང་བསྐུར་བ་སོགས། དེ་ལྟར་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་སྦྱངས། གཟུགས་ཀྱི་ཕུང་པོ་གནས་སུ་དག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་སྐུ་ལྷུན་གྱིས་གྲུབ། སངས་རྒྱས་བདེ་གཤེགས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོག་པ་མེད་པ་བྱེད་ནུས་པར་གྱུར། འོ་དེ་ལྟར་ཐུན་མོང་སོགས་བརྗོད། འོ་དེ་དག་གི་ཕྱི་མཚན་མའི་བུམ་དབང་ལེ་ལག་དང་བཅས་པ་སོང་ནས། གཉིས་པ་ནང་ཕྱག་རྒྱ་སྐུའི་དབང་ལ་བརྟེན་ནས་མཚན་དཔེའི་དེ་ཁོ་ན་ཉིད་ངོ་སྤྲོད་

ཀྱི་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་རྡོ་རྗེ་སོགས། དེ་ལྟར་གསོལ་བ་བཏབ་པས་ཞི་ཁྲོ་རིགས་བརྒྱའི་ལྷ་དབང་བསྐུར་བ་ལ་བརྟེན་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ལྷ་གཉིས་པ་རེ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན་ནས་སློབ་མའི་ལུས་གནས་སོ་སོ་ལ་ཐིམ་པས་ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་ཐམས་ཅད་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་འཁོར་ལོར་སྨིན་ཅིང་ལྷ་དེ་དང་དེའི་ཡོན་ཏན་དང་ནུས་པ་ཐམས་ཅད་ཐོབ་པར་མོས་ལ། ཧཱུྃ་སྐལ་ལྡན་རིགས༴ ཀུན་བཟང་ཡབ་ཡུམ་སོགས་ནས། ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་། །དེ་ལྟར་ལྷ་ཚོགས་རྣམས་ཁྱེད་རང་གི་གནས་སོ་སོར་ཐིམ་པས་སྣོད་བཅུད་ཀྱི་བསྡུས་པའི་ཆོས་སོ་ཅོག་ཐམས་ཅད་རིགས་བརྒྱ་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོ་ཡོངས་སུ་དག་པར་གྱུར་ནས་ཞི་བ་དང་ཁྲོ་བོའི་སྐུའི་རྣམ་འགྱུར་གང་དང་གང་གིས་འདུལ་བ་དེ་དང་དེའི་རྣམ་རོལ་འགགས་མེད་སྣང་སྟོང་ཆུ་ཟླའི་རོལ་གར་བཞིན་སྤྱོད་པའི་མཐུ་ཐོབ་པར་བྱས་པ་ཡིན་ནོ། །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་སྤྲོས་བཅས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ཡུལ་སྣང་སྟོང་དུ་རྟོགས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཚོགས་ལམ་ནས་ས་བརྒྱད་པ་མན་ཆད་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་སྐུ་རྡོ་རྗེ་སྤྲུལ་བའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །བྷནྡྷ་བདུད་རྩི་ཐོགས་ལ། དེ་ནས་གསུང་རྡོ་རྗེའི་ངོ་བོ་ལོངས་སྤྱོད་རྫོགས་སྐུ་བླ་མ་ཀུན་བཟང་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བཞིས་དྲངས་པའི་སྒྲ་དང་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། སྤྱི་བོ་ནས་ཞུགས། འདོད་ཆགས་ཆེན་པོས་མེས་ཞུ་བ་མཁའ་གསང་ནས་བརྒྱུད་དེ་ཐོད་པའི་བདུད་རྩི་དང་ལྷན་ཅིག་ཏུ་ལྕེ་ལ་བཞག་སྟེ་

མྱང་བས་ཡེ་ཤེས་ཀྱི་བདུད་རྩི་ཤེལ་ལྟར་དྭངས་ཤིང་བདེ་བ་ཁྱད་པར་ཅན་བདེ་སྟོང་དབྱེར་མི་ཕྱེད་པས་ལུས་ཐམས་ཅད་གང་། གསལ་སྟོང་ནམ་མཁའ་དང་མཉམ་པའི་ཏིང་འཛིན་རྒྱུད་ལ་སྐྱེས་པར་མོས་ལ། ཧཱུྃ་གསང་བ་ཡེ་ཤེས་སོགས། དེ་ལྟར་བླ་མ་ཡབ་ཡུམ་དང་ཡི་གེ་ཆོས་འབྱུང་གི་དཀྱིལ་འཁོར་དུ་སྤྲོས་མེད་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །སེམས་གསལ་སྟོང་བརྗོད་བྲལ་དུ་རྟོགས། ལམ་རྩ་རླུང་གི་རྣལ་འབྱོར་བསྒོམ་པ་དང་སྔགས་བཟླ་བ་ལ་དབང་། སྒོམ་ལམ་ས་དགུའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཐུགས་རྡོ་རྗེ་ཆོས་སྐུའི་ངོ་བོ་བླ་མས་ཤེས་རབ་མཚོན་བྱེད་མེ་ཤེལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཅན་སྙིང་གར་བཞག་པ་ལ་བརྟེན་ནས་སོ་སོ་རང་རིག་ཡེ་ཤེས་བདེ་སྟོང་སྤྲོས་དང་བྲལ་བ་ཉིད་ཅིག་ཆར་རྒྱུད་ལ་སྐྱེ་བར་མོས་ཤིང་། དེའི་ངང་ལ་མཉམ་པར་ཞོག་ཅིག །ཧཱུྃ་མེ་ལོང་སྤྲོས་བྲལ་ཆོས་སྐུ༴ དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མཚོན་བྱེད་མེ་ལོང་གི་དཀྱིལ་འཁོར་དུ་ཤེས་རབ་མཚོན་བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག་རང་རིག་བདེ་སྟོང་བརྗོད་བྲལ་དུ་རྟོགས། ལམ་ཐིག་ལེ་དང་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། མཐར་ལམ་རྒྱུན་མཐའི་ཡེ་ཤེས་ཀྱིས་ཐོབ་པའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་རང་བཞིན་ཅན་གྱི་བླ་མས་དབང་བཞི་པ་དཔེས་མཚོན་དུ་མེད་པའི་ཡེ་ཤེས་ཉིད་ཚིག་ཙམ་གྱི་བརྡས་ངོ་སྤྲོད་པ་སྟེ། དེ་ཡང་སེམས་ཀྱི་གཤིས་ལུགས་གང་དུའང་མ་གྲུབ་པའི་སྟོང་ཉིད་སྤྲོས་བྲལ་ཀ་ནས་དག་པ་དེ་ཉིད་རང་གདངས་འགགས་མེད་བདེ་བ་ཆེན་པོ་རྣམ་རོལ་སྐུ་དང་

ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པ་སྣང་སྟོང་དབྱེར་མེད་ཟུང་འཇུག་སོ་སོ་རང་རིག་གདོད་མའི་གནས་ལུགས་ནམ་མཁའ་དང་མཉམ་པའི་རང་བཞིན་གྱི་ངང་བསྐྱང་བ་ནི་དེ་ཁོ་ན་ཉིད་ཀྱི་དབང་ཡིན་པས་རང་བབས་སུ་མ་བཅོས་པར་ཞོག་ཅིག །ཧྲཱི་ངོ་བོ་ཉིད་ནི་ཀ་དག༴ དེ་ལྟར་དོན་དམ་བྱང་ཆུབ་ཀྱི་སེམས་བླ་མའི་ཐུགས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བརྗོད་བྲལ་རྟོགས། ལམ་རང་བཞིན་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། བཅུ་གསུམ་ཡེ་ཤེས་བླ་མའི་ས་ཐོབ་པའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །འཁོར་ལོ་རིན་པོ་ཆེའི་དབང་བསྐུར་བས་འཁོར་བ་ལུ་གུ་རྒྱུད་དུ་འཁྲུལ་བའི་རྒྱུ་བདག་འཛིན་གཉིས་སྣང་གི་བག་ཆགས་རྩད་ནས་བཅད་དེ་བདག་དོན་དུ་དག་པ་གཉིས་ལྡན་གྱི་སྐུ་མངོན་དུ་བྱས། གཞན་དོན་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་འགྲོ་བའི་དོན་བླ་ན་མེད་པར་བྱེད་ནུས་པའི་མོས་པ་མཛོད་ཅིག །ཧཱུྃ་འཁོར་ལོ་རིན་ཆེན༴ ནོར་བུ་རིན་པོ་ཆེའི་དབང་བསྐུར་བས། ཀུན་རྫོབ་ཏུ་ཟང་ཟིང་གི་ངོ་བོ་གྱ་ནོམ་པ་དང་། དོན་དམ་དུ་ཡང་དག་དང་ལྟར་སྣང་འབྱེད་པའི་བློ་གྲོས་ཀྱི་མཐུས་བཀྲེས་ཤིང་ཕོངས་པ་དག་བསལ་ནས་འཕགས་ནོར་བདུན་ལ་སོགས་པའི་འབྱོར་བས་ཕྱུག་སྟེ། ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་འགྲུབ་པའི་མོས་པ་མཛོད་ཅིག །ཧཱུྃ་ནོར་བུ༴ བཙུན་མོ་རིན་པོ་ཆེའི་དབང་བསྐུར་བས། ཐབས་ལ་རྨོངས་པ་མ་རིག་པའི་རྒྱུན་བཅད་དེ་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྟོགས་པས། ཐབས་སྣང་བའི་ཆ་གང་དུ་ཡང་མ་སྤངས་ཤིང་། ཅིར་ཡང་མ་བསྒྱུར་བར་ཤེས་རབ་ཡེ་ཤེས་ཀྱི་

དེ་ཁོ་ན་ཉིད་ལ་དབང་འབྱོར་ནས། སྣང་སེམས་དབྱེར་མེད་དུ་དག །ཕྱི་ཀུན་རྫོབ་ཐབས་ལ་མཉམ་པར་སྦྱར་བས་དགའ་བཞི་ལུགས་འབྱུང་ལྡོག་གི་རྩལ་སྦྱངས། ཨ་ཝ་དྷུ་ཏིའི་རྩ་མདུད་ཉི་ཤུ་རྩ་གཅིག་གྲོལ་ཏེ། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་གྱུར་པའི་མོས་པ་མཛོད་ཅིག །ཧཱུྃ་བཙུན་མོ༴ བློན་པོ་རིན་པོ་ཆེའི་དབང་བསྐུར་བས། ཕྱི་སྐུ་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག །ནང་གསུང་རྒྱུད་ལུང་ཨ་ནུ་ཡོ་ག །གསང་བ་ཐུགས་ཀྱི་རྒྱུད་རྫོགས་ཆེན་ཨ་ཏི་ཡོ་ག་སྟེ། ཐེག་པ་གསུམ་གྱི་དོན་ལ་མ་རྨོངས་ཤིང་། དེ་ཁོ་ན་ཉིད་བློ་བྲལ་བསམ་ལས་འདས་པས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བར་བྱེད་པའི་ཡོན་ཏན་ཅན་དུ་གྱུར་པའི་མོས་པ་མཛོད་ཅིག །ཧཱུྃ་བློན་པོ་རིན་ཆེན༴ གླང་པོ་རིན་པོ་ཆེའི་དབང་བསྐུར་བས། མུ་སྟེགས་ཀྱི་རྟག་ཆད་དང་། ཉན་ཐོས་ཀྱི་དངོས་ཞེན་ལ་སོགས་ཐེག་དམན་གྱི་ལྟ་ངན་རི་དྭགས་ཕལ་བ་ཟིལ་གྱིས་མནན་ནས་བླ་མེད་རྡོ་རྗེ་ཐེག་པའི་གླང་པོ་ལ་ཞོན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་དུ་ཐོགས་པ་མེད་པར་བགྲོད་པའི་མོས་པ་མཛོད་ཅིག །ཧཱུྃ་གླང་པོ་རིན་ཆེན༴ རྟ་མཆོག་རིན་པོ་ཆེའི་དབང་བསྐུར༴ ཚོགས་ལམ་ཆེན་པོའི་རྫུ་འཕྲུལ་གྱི་རྐང་པ་བཞིའི་ཤུགས་ཐོབ་ཅིང་། སྦྱོར་ལམ་དང་མཐོང་ལམ་གྱི་རིམ་པ་རྣམ་པར་མི་རྟོག་པའི་གོམ་སྟབས་ཆེན་པོས་སྐད་ཅིག་ལ་བརྒལ་ནས་བསྒོམ་ལམ་དང་མི་སློབ་པའི་ལམ་མངོན་དུ་གྱུར་ཏེ། མྱུར་དུ་སངས་རྒྱས་ཀྱི་ཞིང་ཁམས་བགྲོད་པའི་མོས་པ་མཛོད་ཅིག །ཧཱུྃ་རྟ་མཆོག༴ དམག་དཔོན་རིན་པོ་ཆེའི་དབང་བསྐུར་བས། རྣམ་རྟོག་ཕལ་བ་ཡེ་ཤེས་ལ་རྒོལ་བའི་དགྲ་བོ་རྩད་ནས་བཅད། བདག་འཛིན་ཉོན་མོངས་པའི་གཡུལ་ལས་རྒྱལ་ཏེ། གང་ལའང་བསྙིངས་འཁྲིགས་དང་བྲལ་བ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་སྟག་མོ་རི་སུལ་འགྲིམ་པ་ལྟ་བུས་འགྲོ་

དོན་ཕྱོགས་མེད་དུ་སྤྱོད་པའི་མོས་པ་མཛོད། ཧཱུྃ་དམག་དཔོན༴ སོགས། འོ་རིགས་ཀྱི་བུ་དངོས་སུ་གཟུགས་བརྙན་ལས་གྲུབ་པའམ། ཡེ་ཤེས་ཀྱི་རྩལ་མདངས་ལས་སྤྲུལ་བའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་འཕུར་ལྡིང་གཡོ་བ་རིན་པོ་ཆེ་ཨིནྟྲ་ནི་ལའི་ཏོག་གིས་མཛེས་པ་དབུའི་སྟེང་དང་། གསེར་ཉ་གཡུའི་གཤོག་པ་ཅན་མཉེན་ཞིང་ལྕུག་པ་སྤྱན་གྱི་ཡུལ། འདབ་སྟོང་རྣམ་པར་གཡོ་ཞིང་དྲི་ངད་དང་ལྡན་པའི་ཆུ་སྐྱེས་ཀྱི་པདྨ་ལྗགས་ལ། བྱང་ཆུབ་སེམས་དཔའ་རྣམས་འགྲོ་བའི་དོན་དུ་སྲིད་པ་བཟུང་བའི་བཀྲ་ཤིས་ཀྱི་ཆོས་དུང་དཀར་པོ་གཡས་འཁྱིལ་ཚེམས་ལ། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་བུམ་པ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་མགུལ་ལ། ཡིད་བཞིན་རིན་པོ་ཆེའི་འབྱུང་ཁུངས་རིན་པོ་ཆེའི་དཔལ་བེའུ་ཐུགས་ལ། བསྟན་པ་མི་ནུབ་པའི་ཆོས་ཀྱི་རྒྱལ་མཚན་མཆོག་རིན་ཐང་དང་བྲལ་བ་སྐུ་ལ། སྲིད་པའི་དྲྭ་བ་ཉོན་མོངས་པའི་རང་བཞིན་ཅན་རྩད་ནས་གཅོད་པའི་འཁོར་ལོ་ཞབས་རྣམས་ལ་དབུལ་ཞིང་དབང་བསྐུར་བས་བཀྲ་ཤིས་རྒྱ་མཚོའི་དཔལ་ལ་སྤྱོད་པར་གྱུར་བའི་མོས་པ་མཛོད་ཅིག །ཧཱུྃ་ཇི་ལྟར་སྔོན་སོགས། ཧཱུྃ་གདུགས་དང་གསེར་སོགས། ཧཱུྃ་སྐྱོབ་པ་གསེར་གདུགས། སོགས་རྣམས་བརྗོད། དེ་ནས་ༀ་བཛྲ་ས་ཏྭ་ཧཱུྃ། སྭ་བྷ་ཝཱ་སྦྱངས། སྟོང་པའི་ངང་ལས་བྷྲཱུཾཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཨཱཿཧཱུྃ་ལས་བྱུང་བའི་འདོད་ཡོན་གྱི་ངོ་བོ་གཟུགས་སྡུག་པ། དབྱངས་སྙན་པ། དྲི་བཟང་བ། རོ་མངར་བ། རེག་བྱ་ཕུན་སུམ་ཚོགས་པ་མི་ཟད་པ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཆེན་པོར་གྱུར། ༀ་ཨཱཿཧཱུྃ། མཁའ་མཉམ་ཞིང་ན་སོགས་བརྗོད། དགེའོ། དགེའོ། དགེའོ། དགེའོ། །།

ཞི་ཁྲོ་ན་རཀ་དོང་སྤྲུག་གི་འདོན་འགྲིགས།

ཞི་ཁྲོ་ན་རཀ་དོང་སྤྲུག་གི་འདོན་འགྲིགས་བཞུགས་སོ། །

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ཞི་ཁྲོའི་བཅའ་ཚོགས་མཐོང་བ་བརྒྱུད་པ་ལྟར། །འདོན་ལུགས་ཕྱག་ལེན་མི་འདྲ་སྣ་ཚོགས་ཏེ། །ཞི་ཁྲོའི་རང་གཞུང་བཀའ་བབ་ཀྱིས་མཛད་ལུགས། །སྐྱབས་སེམས་དཀར་བགེགས་ལ་སོགས་སོང་བའི་རྗེས། །ལས་བྱང་རྒྱས་བསྡུས་གང་འདོད་ཚང་བར་འདོན། །སྐབས་དེར་བོ་དྷི་ཙིདྟ་ཅི་ནུས་བསྙེན། །དེ་ནས་ལོ་རྒྱུས་བཤད་ཅིང་བརྒྱ་ཕྱག་འཚལ། །རྡོར་སེམས་བསྒོམས་བཟླས་ཡིག་བརྒྱ་འུར་འདོན་བྱ། །དེ་ནས་ཀློང་བཤགས་ཚང་བར་བཏོན་པའི་རྗེས། །མཆོད་པ་བཀྱགས་ཤིང་ཛ྄བ་བྲོ་ལ་སོགས་བྱ། །དེ་ནས་ཚོགས་བྱས་དབུས་ནས་བཻ་རོ་༼བཛྲ་༽སོགས། །ཚིགས་བཅད་དེ་ཉིད་འདོན་ཞིང་ཚོགས་བཀྱགས་ལ། །དེ་ནས་ཚོགས་ཚར་ཚོགས་ཕུད་གཏོར་མར་བྲན། །རང་གིས་གཏོར་བསྔོ་རྒྱས་བསྡུས་གང་ཡོད་འདོན། །བར་པ་བཤགས་པ་བསྐང་བ་གསོས་བྱས་ལ། །རྣམ་ཤེས་ཕུང་པོ་ལ་སོགས་བསྐང་བ་འདོན། །དེ་ནས་བསྒྲལ་ལས་བསྟབ་པ་གཞུང་ལྟར་བྱ། །མར་མེ་སྦར་ལ་མར་མེའི་སྨོན་ལམ་གྱེར། །དེ་ནས་ཚོགས་ལ་རོལ་ཏེ་ལྷག་མ་བསྔོ། །སྐབས་འདིར་དབང་དང་ཕྱིར་ལྡོག་དགོས་ན་བྱ། །དེ་ནས་གཞི་བདག་དཀར་གཏོར་བསྔོས་བྱས་ལ། །དམར་གཏོར་བྲན་ལ་དགུག་གཞུག་ཅུང་ཟད་རྗེས། །ལས་བྱང་བསྐུལ་དང་དེ་རྗེས་སྡེ་བདུན་བསྐུལ། །དེ་རྗེས་ཆད་མདོ་བསྟན་སྐྱོང་བྱས་ལ་འབུལ། །རྟ་བྲོ་རྗེས་ཆོག་ལ་སོགས་གཞུང་ལྟར་རོ། །དེ་ནི་བཀའ་བབ་ལུགས་ཀྱིི་

ཕྱག་ལེན་ཡིན། །གུ་རུ་ཀུན་དགའ་བསྟན་འཛིན་ཕྱག་ལེན་དང་། །གོང་མ་རྣམས་ཀྱི་མིག་ལྟོས་ལྟར་བྱེད་ན། །དང་པོ་གུ་རུ་ཞི་བ་འདོན་པར་བྱ། །ཞི་ཁྲོའི་ལས་བྱང་རྗེས་ནས་གུར་དྲག་སོགས། །རང་གིས་གཏོར་མགྲོན་ལས་བྱང་ཤེས་ཚད་འདོན། །ཆོས་བཤད་བྱས་ལ་བརྒྱ་ཕྱག་ཕུལ་བའི་རྗེས། །ཡི་གེ་ཤེས་ཚད་རྣམས་ཀྱིས་སོ་སོ་རུ། །ཀློང་བཤགས་སངས་རྒྱས་སྟོང་གི་མཚན་འབུམ་དང་། །དགོངས་འདུས་ཕྱག་འཚལ་ཁ་བསྐང་བརྒྱ་པའང་འདོན། །བག་ཆགས་རང་གྲོལ་བར་དོའི་རྩ་ཚིག་དང་། །ཞི་དྲག་ལ་སོགས་བསྐང་བ་གང་ཡོད་དང་། །བསྐང་འབུམ་བཤགས་འབུམ་དྲི་མེད་བཤགས་རྒྱུད་སོགས། །ཡི་གེ་ཤེས་ཚད་རྣམས་ལ་འདོན་བཅུག་གོ །མར་མེ་བལྟམས་ནས་མར་མེའི་སྨོན་ལམ་གྱེར། །བསྔོ་བ་བྱས་ནས་དེ་རྗེས་ཚོགས་བྱ་སྟེ། །ཚོགས་དང་ལྷག་མ་ལ་སོགས་བཏོན་ཚར་རྗེས། །ཚོགས་ནི་མ ི་སྤེལ་གཏོར་འབུལ་བྱ་བའི་སྐབས། །དམར་གཏོར་གཉིས་ནི་མཉམ་དུ་བྲན་བྱས་ལ། །གཅིག་ལ་རང་གི་ཆོས་སྐྱོང་ཡོད་ཚད་ཀྱི། །གཏོར་འབུལ་བསྐུལ་ཐུང་ཐམས་ཅད་དེ་ལ་འདོན། །གཅིག་ལ་ཞི་ཁྲོའི་གཞུང་གི་བསྐུལ་པ་དང་། །ཆད་མདོ་བསྟན་སྐྱོང་ལ་སོགས་འདོན་བྱ་སྟེ། །གཞི་བདག་དཀར་གཏོར་དང་བཅས་གཏོར་མ་གསུམ། །མེ་རི་བཙུག་ལ་མཆོད་གཡོག་པ་ཡིས་བཀྱགས། །བཟློག་ཐུང་བཏོན་ལ་གསུམ་པོ་དུས་གཅིག་ཕུལ། །དེ་རྗེས་ཚོགས་སྤེལ་ཚོགས་ལ་རོལ་བའི་རྗེས། །རྟ་བྲོ་མན་ཆད་རྗེས་ཆོག་ལས་བྱང་ལྟར། །དེ་ནི་ཉ་འུད་དགོས་པའི་འདོན་ལུགས་སོ། །འབྲོག་པ་ལ་སོགས་ཉིན་སྐོར་མགྱོགས་དགོས་ན། །སྐྱབས་སེམས་དཀར་བགེགས་ལས་བྱང་ཚར་བའི་རྗེས། །མར་མེ་སྦར་ལ་མར་མེའི་སྨོན་ལམ་འདོན། །དེ་ནས་བསྐང་བ་འདོན་ལ་བརྒྱ་ཕྱག་འཚལ། །དེ་ནས་བསྐང་བ་བཀྱགས་ལ་ཚོགས་བྱའོ། །ཚོགས་

དང་བསྐང་བའི་མཚམས་སུ་བྱང་བུ་དང་། །དབང་བསྐུར་ལ་སོགས་གང་དགོས་སྦྱར་བར་རུང་། །སྔོན་དུ་རྒྱལ་བ་རྒྱ་མཚོ་བཏོན་ན་ནི། །རྙིང་མའི་སྔོན་འགྲོ་དེ་དག་མི་དགོས་སོ། །ལས་བྱང་མགོ་རུ་རྩ་གསུམ་མཆོད་ཕྲེང་ངམ། །པདྨ་འོད་འབར་གང་རུང་བཏོན་ན་ལེགས། །ལས་བྱང་སྨན་མཆོད་སྐབས་སུ་སྨན་མཆོད་དང་། །གཏོར་བསྔོས་སྐབས་དེར་ལྷ་ཚོགས་ཐམས་ཅད་ཀྱི། །སྔགས་ལ་ཁཱ་ཧི་སྦྱར་བ་ཀཿཐོག་ལུགས། །༈ རང་ལུགས་སྨན་མཆོད་བདུད་རྩི་བཀྱགས་པའི་མཇུག །གཏོར་བསྔོས་ལས་བྱང་ཚར་བའི་སྐབས་ཤིག་ཏུ། །རང་གི་རྒྱུན་ཁྱེར་གཏོར་བསྔོས་གང་དགོས་བྱ། །མདོར་ན་སྐྱབས་སེམས་སྔོན་འགྲོ་དཀར་བགེགས་དང་། །ལས་བྱང་བསྟོད་པ་ཡན་ནི་མགོ་ཡིན་ལ། །གཏོར་འབུལ་རྟ་བྲོ་རྗེས་ཆོག་མཇུག་ཡིན་ཏེ། །མགོ་མཇུག་དེ་གཉིས་གོ་རིམ་ངེས་པ་ཡིན། །དེ་གཉིས་བར་དུ་བརྒྱ་ཕྱག་ཀློང་བཤགས་དང་། །བསྐང་བ་བཀྱགས་དང་བསྐང་བ་ཚོགས་ལས་དང་། །དབང་དང་ཕྱིར་ལྡོག་རྣམས་ལ་གོ་རིམ་མེད། །སྐབས་སུ་གང་བབས་ཅི་བདེར་བྱས་པས་ཆོག །བླ་མ་འོད་གསལ་ཞེས་བྱས་བསྐུལ་བྱས་ནས། །ར་ག་ཨ་སྱེས་འཕྲལ་ཏུ་སྨྲས་པ་ལྟར། །པདྨ་ཐབས་མཁས་ཞེས་བྱས་མགྱོགས་པར་བྲིས། །མངྒ་ལཾ།། །།

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་འགྲིགས།

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་འགྲིགས་བཞུགས་སོ། །

ཀུན་བཟང་ཧེ་རུ་ཀ་དཔལ་རིགས་བརྒྱའི་ལྷ། །དབྱེར་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དགོངས་པ་རང་གྲོལ་ཆོ་གའི་ལག་ལེན་འགྲིག །ལས་ཀྱི་རྡོ་རྗེས་ཅི་ལྟར་བྱ་བ་བྲི། །དེ་ལ་དང་པོ། །སྦྱོར་བ་ཡོ་བྱད་ཀྱི་བཤམ་གནས་ཁང་བྱི་དོར་དང་ཆག་ཆག་ལ་སོགས་པ་ལེགས་པར་བྱ་སྟེ། ས་གཞི་བརྟགས་སྦྱངས་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་ས་མདའ་གང་གྲུ་བཞི་ཡ་ཡོ་དང་འབར་འབུར་མེད་པ་རས་བྲིས་སམ་སྟེགས་ཁེབས་ལ་ཚོམ་བུའི་དཀྱིལ་འཁོར་བཀོད། དེའི་དབུས་སུ་རྣམ་རྒྱལ་བུམ་པ་ཆས་ལྡན་གྱི་ནང་དུ་སྨན་ལྔ་དང་དྲི་བཟང་གི་ཆུས་གང་ཞིང་ཀུན་བཟང་དང་རྣམ་སྣང་ཡབ་ཡུམ་ཀྱི་སྐུ་ཙཀ་ཁ་རྒྱན་ལ་དགོད། དེའི་མདུན་དུ་འབྲུ་ལྔའི་བུམ་པ་དང་ཤར་ཕྱོགས་པའི་ལྷ་དྲུག་གི་སྐུ། གཡས་སུ་རིན་འབྱུང་གི་རིན་ཆེན་ལྔའི་བུམ་པ་དང་ལྷོ་ཕྱོགས་གི་ལྷ་དྲུག་གི་སྐུ། རྒྱབ་ཏུ་སྣང་མཐའི་དྲི་ལྔའི་བུམ་པ་དང་ནུབ་ཀྱི་ལྷ་དྲུག་གི་སྐུ། གཡོན་དུ་དོན་གྲུབ་ཀྱི་སྙིང་པོ་ལྔའི་བུམ་པ་དང་བྱང་གི་ལྷ་དྲུག་གི་སྐུ་ཙཀ་ཁ་རྒྱན་ལ་བཀོད་དོ། །དེ་དག་གི་གཡས་སུ་ཤེལ་རྡོ། གཡོན་དུ་བྷནྡྷ། མདུན་དུ་ཐུབ་དྲུག་་གྱི་ལྷ་ཙཀ་ཡོངས་རྫོགས། རྒྱབ་ཏུ་མཐའ་རྟེན་དང་། དེའི་ཕྱིར་ཤར་དུ་ཞི་བའི་གཏོར་མ་ཟླུམ་པོ་པད་འདབ་ཅན་འཁོར་བཞི་པ་དང་། སྨན་རཀ་གཏོར་གསུམ་ལྷ་བཤོས་ཚོགས་རིལ་མཐེབ་ཀྱུ་བཅས་ཉེར་ལྔ་རེ་གྲངས་ཚང་། ལྷོར་རྒྱས་གཏོར་གྲུ་བཞི་པད་འདབ་ཅན་འཁོར་བཞི་པ་དང་སྨན་རཀ་སོགས་

གྲངས་ཚང་། ནུབ་ཏུ་དབང་གཏོར་ཟླ་གམ་པད་འདབ་ཅན་འཁོར་བཞི་པ་དང་སྨན་རཀ་སོགས། བྱང་དུ་དྲག་གཏོར་གྲུ་གསུམ་འཁོར་བཞི་པ་སྨན་རཀ་སོགས་དེ་དག་གྲུ་བཞི་པ་ལེགས་པར་བཀོད་པའི་མདུན་དུ་མཆོད་གཏོར་རིན་ཆེན་འབར་བ་སྤྱི་མཐུན། དེའི་གཡས་སུ་ཞི་བ་ཡོངས་རྫོགས་ཀྱི་བསྐང་གཏོར་ཟླུམ་པོ་འདབ་བཞི་རྒྱན་ལྡན་མཐེབ་ཀྱུ་ཞེ་གཉིས་ཀྱིས་བསྐོར། གཡོན་ཁྲོ་བོའི་བསྐང་གཏོར་རིན་ཆེན་འབར་བ་མཐེབ་ཀྱུ་ལྔ་བཅུ། ཞི་བའི་བསྐང་གཏོར་གྱི་གཡས་སུ་ཆོས་སྐྱོང་སྤྱི་གཏོར་གྲུ་གསུམ་རང་འདྲ་བ་དགུ་དང་མཐེབ་ཀྱུ་གྲངས་མང་། ཁྲོ་བོའི་བསྐང་གཏོར་གྱི་གཡོན་དུ་སྡེ་བདུན་གྱི་གཏོར་མ་གཙོ་བོ་དཔལ་བཤོས་བརྗིད་ལྡན། གཡས་སུ་མོ་རྒྱུད་སྤྱི་གཏོར་སྙིང་གིས་མཚན་པ། གཡོན་དུ་མ་མོའི་སྤྱི་གཏོར་ལིང་གས་མཚན། མདུན་དུ་ལས་བྱེད་སྤྱི་གཏོར་གྲུ་གསུམ། དེ་དག་གི་གཡས་སུ་གཟའ་བཤོས་གཡས་གཅུས། གཡོན་དུ་དམ་ཅན་མཁར་ཐབས་ར་མགོ །གཙོ་བོའི་རྒྱབ་ཏུ་གཞི་བདག་དཀར་གཏོར་དང་། གནོད་སྦྱིན་སྤྱི་གཏོར་གཉིས་བཅས་མཐར་མཐེབ་ཀྱུས་བསྐོར་བ་བཀོད། གཏོར་མ་ལྔ་ཀའི་གཡས་སུ་སྨན་གྱི་ཀ་པ་ལི་སྦྲེང་ཐུར་བཅས་དང་། གཡོན་རཀྟ། དེ་དག་གི་མདུན་དུ་མཆོད་མགོ་གཡས་ནས་བརྩམས་པའི་ཞི་མཆོད་དང་། གཡོན་ནས་བརྩམས་པའི་དྲག་མཆོད་བཤམ་ཞིང་། ནང་མཆོད་ཀྱི་ཟེགས་མ་ཡང་ཕྱི་མཆོད་ལ་མ་འཐོར་བར་བྱའོ། །གཞན་དུ་ཡར་གཞིའི་ཚུལ་དུ་རྩ་གསུམ་བཤམ་པ་ནི་ཡི་དམ་སྤྱི་འདུས་དང་པོ་འདོན་པའི་ལུགས་སུ་བྱས་ཀྱི་འདིར་མེད་ཀྱང་རུང་ལ། བུམ་པ་གཅིག་ལས་མེད་ན་དཀྱིལ་འཁོར་དབུས་སུ་དགོད་ཅིང་བུམ་རྫས་སོ་ལྔར་བྱས་ཏེ་ལྷ་ཙཀ་རྣམས་སྦོམས་ཏེ་འཇོག་ཅིང་གཞན་འདྲའོ། །ལས་བུམ་ནི་སློབ་དཔོན་གྱི་མདུན་དུ་

བཤམ་རྒྱུ་ཡིན་ཀྱང་རྣམ་བུམ་གྱི་གཡོན་ཏུ་བཞག་ཀྱང་འགལ་བ་མེད་དམ་༼སྙམ༽། དཀྱིལ་འཁོར་གྱི་བྱང་ཤར་དུ་ཆད་ཐོའི་གཏོར་མ་གྲུ་གསུམ་དང་ཤར་ལྷོར་བརྟན་མའི་གཏོར་མ་དབུས་སུ་ནག་པོ་གཡས་དམར་གཡོན་དཀར་པོ། མཐེབ་ཀྱུ་གསུམ་རེ་དང་ལྡན་པ་རྒྱན་བཅས་དགོད་ཅིང་། དཀྱིལ་འཁོར་མདུན་སྟེགས་ལ་དཀར་བགེགས་ཇ་ཕུད་སྤོས་མེ་ཚོགས་ཀྱི་ཡོ་བྱད་ལ་སོགས་ཉེ་བར་མཁོ་བ་ཐམས་ཅད་ཚང་བར་བྱ་ཞིང་། ཡོལ་བ་བླ་རེ་འཕན་གདུགས་རྒྱལ་མཚན་དྲྭ་ཕྱེད་མདའ་བཞི་དང་། གྲི་བཞི་སོགས་དཀྱིལ་འཁོར་གྱི་རྒྱན་ཐམས་ཅད་མ་ཚང་བ་མེད་པ་བཀོད་ལེགས་ཤིང་དྭངས་པ་འདྲེན་པར་བྱའོ། །སློབ་དཔོན་གྱི་མདུན་ཏུ་ནང་མཆོད་རྡོར་དྲིལ་ནས་བཟེད་ཌཱ་མ་རུ་ལ་སོགས་ཉེ་བར་མཁོ་བ་མ་ཚང་བར་མེད་པར་བྱའོ། །གཉིས་པ་དངོས་གཞི་ཆོ་གའི་བྱ་བ་ནི། སྔོན་འགྲོ་མཐར་ཆགས་སུ་གཏོང་ཞིང་མཎྜལ་ཀྱང་ཕུལ། ལས་བྱང་མགོར་དཀར་གཏོར་ལ་ལས་བུམ་གྱི་ཆུས་བྲན་ཞིང་བྱིན་གྱིས་བརླབས། ཚངས་པ་བརྒྱ་བྱིན་མ་རྫོགས་མཐར་ཕུད་བཅས་མཆོད། བགེགས་གཏོར་བྱིན་གྱིས་བརླབས་ཤིང་སུམ་བྷ་ནིའི་དུས་ཕྱིར་དོར། དེ་ནས་རྡོལ་དྲིལ་བྱིན་རླབས་དང་ཡན་ལག་བདུན་པ་སོང་ནས། ལས་བུམ་གྱི་ཆུས་ཕྱི་ནང་གི་མཆོད་རྫས་ཐམས་ཅད་ལ་བྲན། སྨན་རཀ་གི་ཁ་ལེབ་བསལ་ཏེ་བྱིན་རླབས་རྫོགས་མཐར་ཡོན་པོར་དགབ། དེ་ནས་བསྐྱེད་རིམ་རྫོགས་ནས་སྤྱན་འདྲེན་སྐབས་སྤོས་རིང་བསྲེགས་ཤིང་དར་སྣ་ཚོགས་ཀྱི་གཡབ་དར་ཀྱང་ཕྱར། བཞུགས་གསོལ་ཕྱག་འཚལ། ཕྱི་མཆོད་རྣམས་སོང་ནས། རིགས་ལྔ་ཡབ་ཡུམ་གྱི་མགོར་སྨན་གྱི་ཀཱ་པ་ལི་ལག་གཡས་དང་སྦྲེང་ཐུར་གཡོན་གྱིས་འཛིན་པའི་ཁ་ཧཱིས་མཚམས་སུ་ཕྱར། ཧཱུྃ་རིགས་ལྔ་ཡབ་ཡུམ་སྦྱོར་བའི་

མགོར་ཀཱ་པ་ལི་ཕར་བཞག་ཅིང་གཡས་མཐིལ་དུ་བདུད་རྩིའི་ཐིགས་པ་བླུགས་ལ་གཡོན་པའི་སྲིན་མཛུབ་གྱིས་སྤྱི་མགྲིན་སྙིང་གར་རེག་ཅིང་ཀ་ཡ་སིདྡྷི་སོགས་བརྗོད། མ་ཧཱ་རཀྟ་ལ་ཁ་ཧཱིའི་ཚེ་རཀྟ་སྦྲེང་ཐུར་གྱིས་གཏོར་མ་ལ་བྲན། དེ་ནས་གཏོར་མཆོད་བསྟོད་བཤགས་འཛབ་བཟླས་རྣམས་སོང་ནས་བུམ་པ་བསྒྲུབ་པའི་ཚེ་ནས་འཐོར་ཞིང་པད་སྐོར་དང་བཅས་པས་གཟུངས་ཐག་སློབ་དཔོན་ལ་ཕུལ། ལས་བུམ་མགོར་གཟུངས་རྡོར་ལས་བུམ་ལ་སྤོར། དབྱངས་གསལ་བཟླ་ཚེ་གཟུངས་ཐག་བསྡུ། མཆོད་བསྟོད་མཐར་དུང་ཆོས་ཀྱི་ཆུ་བུམ་པར་ཕུལ། དངོས་གྲུབ་ལེན་པའི་ཚེ་བུམ་པ་བླ་མའི་ཕྱག་ཏུ་ཕུལ་ཞིང་བདག་འཇུག་ལྟར་བྱའོ། །དེ་ནས་སྡེ་བདུན་རྒྱུན་གཏོར་ལ་ཆབ་བྲན་ཞིང་འཕྲིན་ལས་བཅོལ། ཇ་ཕུད་མཆོད། དེ་ནས་ཚོགས་རྫས་བཟའ་བ་གཡས་བཏུང་བ་གཡོན་བསྒྲལ་བའི་ལིང་ག་དང་བཅས་ལེགས་པར་བཀོད་དེ་ཚོགས་རྫས་ལ་ཆབ་བྲན། བྱིན་གྱིས་བརླབས་ཤིང་ཕྱི་མཆོད་བསྐང་བ་སོང་འཕྲལ་སྔར་གྱི་སྨན་མཆོད་དུས་ལྟར་སྨན་སྦྲེང་བཞིན་ཀུན་གཞི་ཀློང་ཡངས་སོགས་བརྗོད། ལག་གཡོན་རཀྟ་འཛིན་ཅིང་གཡས་པས་ཕྱར་ཏེ་སྤྱི་གཙུག་བདེ་ཆེན། དེ་ནས་གཏོར་མ་དང་མར་མེའི་བསྐང་བ་རྫོགས་ནས་མར་མེ་བྲིམ་ཤིང་སྨོན་ལམ་བྱ། སྤོས་རིང་དང་བཅས་ཚོགས་སྤྱན་འདྲེན། ཚོགས་ཆ་ལྔར་བགོས་ཏེ་དང་པོའི་ཚོགས་མཆོད་ཞི་ཁྲོའི་སྤྱི་གཏོར་ལ་ཕུལ། གཉིས་པ་ཆོས་སྐྱོང་སྡེ་བདུན་ལ། གསུམ་པ་བཤགས་པ་སྤྱི་གཏོར། བཞི་པ་སྡེ་བདུན། ལྔ་པ་ཉ་བོ་དང་བཅས་སློབ་དཔོན་གྱི་མདུན་དུ་བཞག་སྟེ། བསྒྲལ་ལས་བྱ་ཞིང་བསྟབས་པའི་ཚེ་གཏོར་སྐྱོགས་ཀྱིས་གཏོར་མ་ཐམས་ཅད་ལ་ཕུལ། དེ་ནས་ལྷ་ཚོགས་ཡོངས་རྫོགས་སྡེ་བདུན་དང་བཅས་པའི་བསྐང་བ་རྫོགས་ནས་དྲངས་པར་བྱ་བའོ། །

གསུམ་པ་དབང་བསྐུར་གནས་འདྲེན་གྱི་བྱ་བ་ནི། དང་པོ་སྟེགས་བུ་རྒྱབ་ཡོལ་ཅན་ལ་མིའི་ཐུབ་པ་སོགས་ཐུབ་དྲུག་གི་སྐུ་རིམ་པར་བཤམ་ལ་དེ་དག་གི་མདུན་རིགས་དྲུག་གི་ས་བོན་དང་གླུད་གཏོར་དྲུག་རྣམས་དང་དམྱལ་བའི་ས་བོན་གྱི་སྟེང་དུ་མཚན་བྱང་དགོད། གཞན་ཡང་མེ་ལོང་། ཁྲུས་དར་འདོད་ཡོན་ལ་སོགས་ཚང་བར་བྱའོ། །དེ་ནས་རྟེན་བསྐྱེད་དང་འགུགས་པ་སོང་ནས་གཏོར་ཆུང་གསུམ་དང་ཏིང་ལོ་གསུམ་བྱིན་གྱིས་བརླབས་ཤིང་སྔགས་ཚན་དྲུག་གིས་བསྔོས་ཏེ་བཀའ་བསྒོའི་དུས་དོར། མཚམས་བཅད་དང་གཞུག་པ་སོང་ནས་ལག་གཡས་ཁྲུས་བུམ་དང་གཡོན་མེ་ལོང་འཛིན་པས་སྐུ་རྟེན་གྱི་གཟུགས་བརྙན་ཤར་བ་ལ་ཁྲུས་གསོལ་བྱ་ཞིང་ན་བཟའ་ཕུལ། ཁྲུས་ཆུ་བུམ་པར་བླུག །མེ་ལོང་ནས་མཚན་བྱང་ལ་ཁྲུས་སོགས་བྱ་བ་ནས་མེ་ཆུའི་དབང་ཡན་སོང་ནས་དབུས་ཀྱི་བུམ་པའི་དབང་བསྐུར། བགེགས་གཏོར་བྱིན་རླབས་བྱ་ཞིང་དོར། བྲབ་པ་དང་ཁྲུས་སོང་ནས་མཚན་བྱང་ཡི་དྭགས་ཀྱི་ས་བོན་ལ་སྤར། དམྱལ་བའི་ས་བོན་བསྡུ། རིགས་དྲུག་གཞན་ལ་དེ་འགྲེས་སོ། །མིའི་དུས་སུ་ཕྱོགས་བཞིའི་བུམ་ཆུ་གཙོ་བུམ་དུ་བསྡུས་ལ་བྱའོ། །དེ་ནས་དབང་དང་གནས་སྤར་ལ་སོགས་པ་ནི་སློབ་དཔོན་གྱི་བྱ་བ་ཁོ་ན་ཡིན་ཞིང་ལག་ལེན་ཀྱང་གོ་སླའོ། །བཞི་པ་རྗེས་ཀྱི་རིམ་པ་ནི། ཚོགས་ཀྱི་གཙང་ལྷག་དམེ་ལྷག་གཅིག་ཏུ་བསྲེ་ཞིང་སློབ་དཔོན་གྱི་སྨན་ཕུད་ཀྱིས་ཁ་ཕྲུ་བཏབ་སྟེ་ཞིང་ལྤགས་ཀྱི་དཀྱིལ་འཁོར་དུ་གྲལ་མཐའ་བཀོད་ནས་མཐར་ལས་རྡོར་གྱི་ཞྭ་མོ་དང་བཅས་མཚན་མོ་ཡིན་ན་དཔལ་འབར་དང་བཅས་མཁའ་ལྡིང་གི་ཕྱག་རྒྱས་བཏེག་སྟེ་ཕྱིར་དོར། དཔལ་འབར་ཐོགས་ཏེ་ནང་དུ་འོངས་ནས་ཆད་ཐོ་འཕེན། བསྟན་མ་སྐྱོང་། བྲོ་བརྡུང་། བཀྲ་ཤིས་སོགས་བྱའོ། །

བར་དུ་གཉིས་མེད་ལ་གཙང་ལྷག་དམེ་ལྷག་གཉིས་བསྲེ། ཁ་ཕྲུ་ཞུ། པཉྩ་ཨ་མྲྀ་ཏ་སོགས། དཔལ་གྱི་བཀའ་ཉན་གྱི་མཇུག་ལྷག་གཏོར་བཞེས་ལ་ཞེས་པའི་སྐབས་ལྷག་མ་མཆོད་ལ། ན་མོ་དཀོན་མཆོག་གསུམ་ཞེས་པའི་སྐབས་སྨན་རཀ་གཉིས་ཀྱིས་ཆད་བསྟན་གཉིས་བྲན་ལ། རྣམ་དག་ཆོས་དབྱིངས་སོགས། བཀའ་དང་དམ་ཚིག་སོགས་དང་། མ་ནིང་ནག་པོ་ལ། སྡེ་བདུན་རྒྱུན་གཏོར་དང་ཇ་ཕུད་མཆོད། དུས་གསུམ་དུས་མེད་སོགས་ནས། ཤར་ཕྱོགས་སྒོ་མའི་མཇུག་ཏུ་ཆད་ཐོ་གཏོང། བསྟན་མ་སྐྱོང་མཛད་མཇུག་ཏུ་བརྟན་མ་མཆོད། ན་མོ་དཀོན་མཆོག་གསུམ་ཞེས་པའི་སྐབས། གཏོར་གཞོང་སྟེང་དུ་རྡོ་རྗེ་རྒྱ་གྲམ་བྱ། གཏོར་གཞོང་བསོད་ནམས་ཞེས་པའི་སྐབས་གཏོར་གཞོང་ཁ་ཕྱེ། བླ་མ་ཀུན་བཟང་ལ་སྨན་རཀ་དང་མཆོད་པ་ཁ་གསོ། ཧེ་རུ་ཀ་དཔལ་ལྷག་མ་བསྲེ། ཁ་ཕྲུ་ཞུ། པཉྩ་ཨ་མྲྀ་ཏ། ལྷག་ལ་དབང་བ། ལྷག་མ་མཆོད། ཅེས་པ་འདི་ཡང་ཨ་བུས་སྨྲས་པའོ།། །།

ཀར་གླིང་ཞི་ཁྲོའི་འདོན་འགྲིགས་ལ་དོགས་སེལ་ཉུང་བསྡུས།

ༀ་སྭ་སྟི། འདིར་ཀར་གླིང་ཞི་ཁྲོའི་འདོན་འགྲིགས་ལ་དོགས་སེལ་ཉུང་བསྡུས་སྤྲོ་བ་ལ། སྤྱིར་ལུགས་མང་ཡང་ཕྱོགས་འདིར་སྔགས་ཆོག་འདི་རིགས་ཀཿཐོག་པའི་ཕྱག་བཞེས་དར་སྲོལ་ཆེ་ཡང་། བར་སྐབས་ནས་མཁས་གྲུབ་དུ་མས་རང་འདོད་ཕྱོགས་འཐེན་བྱས་པའི་ལུགས་སྣ་ཚོགས་ཀྱིས་དེང་སང་གཞོན་གྲབ་རྣམས་མགོ་འཁོར་འདུག་པས། གནའ་བོའི་བླ་རྒན་རང་དགོན་ངོ་མཐོང་བ་ལས་ཕྱག་ལེན་གྱི་ཁུངས་རྙེད་པ་མ་གཏོགས་སྙན་སྙན་འགྲིགས་འགྲིགས་ཁོ་ན་ལ་བློ་རྩེ་མི་གཏད་པ་རྣམས་ཀྱི་སྲོལ་དེ་ཅུང་ཟད་བརྗོད་ན། ཐོག་མར་བཱི་མའི་ཆོས་སྤྱོད་སོགས་ཆོས་སྤྱོད་ཀྱི་རིགས་རྣམས་སྔོན་དུ་བཏང་ལ། མཆོད་པ་བྱིན་རླབས་སོགས་ཟིན་མཚམས། སྔོན་འགྲོ་གཏི་མུག་གཉིད་དཀྲོག་ལྷན་ཐབས་ཀྱི་སྐྱབས་སེམས་དང་འབྲེལ་བའམ། སོ་སོར་བྱེད་པ་གང་བདེ་འོས་ཤིང་། ལྷན་ཐབས་སྐབས་མཚམས་ལྷ་བསྐྱེད་པ་གཞུང་དུ་གསལ་བ་ལྟར་རྟ་མགྲིན་བསྐྱེད་པ་ལ་ཞི་ཁྲོས་{གླེང་བར་དེ་}རཱུ་ཏྲ་བཏུལ་ཚུལ་དང་འབྲེལ་བའི་གནད་རེ་ཡོད་པར་འདུག་པས། ཕྱག་རྡོར་གྱི་ཁ་འཕངས་ཞིག་ཡོད་པ་རུང་ཙམ་ཡིན་ཡང་ཉ་དང་ཉུང་མ་(མི་)བསྲེ་བར་ཆོས་འབྱུང་རིང་ལུགས་གཞིར་བཞག་བྱས་ན་ལེགས་སོ། །དེ་ནས་བགེགས་གཏོར་སྦྱིན་པ་དང་། བསྲུང་འཁོར་དང་། རྡོར་དྲིལ་བྱིན་རླབས། ཡན་ལག་བདུན་པ། སྨན་རཀ་གཏོར་གསུམ་བྱིན་རླབས་རྣམས་ཌཱ་དྲིལ་དཀྲོལ་འཇོག་སོགས་མཐོང་བརྒྱུད་ལྟར་ལ། ཞི་ཁྲོའི་སྒོམ་ཁོག་གི་བདག་བསྐྱེད་བྱས་ནས། གཞུང་གི་མངོན་རྟོགས་རྣམས་མདུན་བསྐྱེད་དུ་བྱེད་པ་འདྲ་བས་སྒོམ་ཁོག་སྔ་ཕྱི་

ཆད་ལྷག་མེད་པར་གཏོང་ཞིང་། སྐབས་དེ་དག་ཏུ་ཚིགས་བཅད་རྣམས་ཀྱིས་ལྷའི་གསལ་སྣང་དང་། མཚམས་སྔགས་རྣམས་ཀྱིས་ང་རྒྱལ་འཛིན་པ་གསང་སྔགས་རྙིང་མའི་ལུགས་སྲོལ་ཐུན་མོང་མིན་པ་ཞིག་ཏུ་སྣང་ཡང་། དེ་མི་ཤེས་པར་སྔགས་རྣམས་ལྷུག་འདོན་བྱས་ན་ཚིག་མགོ་བསྐུལ་ཏུ་ཁོ་ན་ལ་དགའ་བ་ནི་ཀཿདཔེ་སྔ་མའི་རིག་འཛིན་བརྒྱུད་པའི་ཕྱག་སྲོལ་ལ་མི་བལྟ་བར་ཅོལ་ཆུང་གི་མཛེས་ཆོས་སོ། །བུམ་བསྐྱེད་ལ་ད་ལྟའི་བུམ་བསྐྱེད་འདི་ག་ལྷ་བཀོད་ལུགས་ལ་གཞལ་ན་རྒྱུད་སྡེ་དང་མི་མཐུན་པས་བླུན་པོ་ཞིག་གིས་བཅུག་པ་ལས་ཆོས་འབྱུང་རང་གཞུང་གི་ལྷན་ཐབས་ཞིག་མིན་པར་འདུག་པས་བུམ་བསྐྱེད་ཆུང་ངུ་དེ་ཤིན་ཏུ་འཐད་དེ། མཁས་གྲུབ་དམ་པ་གླིང་སྤྲུལ་བའི་སྐུའི་ཞལ་ནས་གསུངས་པ་དངོས་སློབ་དུ་མས་ཐོས་འདུག་པས་དེ་ལྟར་འཐད་སྙམ་མོ། །དེ་ནས་ཌཱ་དྲིལ་བཅས་སྤྱན་འདྲེན་བཞུགས་གསོལ་དག་འདོན་ཞིང་། ཉེར་སྤྱོད་ཀྱི་རོལ་མོའི་མགོ་ནས་ཌཱ་དྲིལ་སྒྲོག་བཞིན་འདོད་ཡོན་ལྔ་འབུལ་ཞིང་། གསང་མཆོད་རྡོར་གསོར་དྲིལ་འཛིན་གྱིས་གཏོང་བ་དང་། མཇུག་ཏུ་མཆོད་རོལ་བྱེད་པ་གནའ་བོའི་ལུགས་ཡིན་ཞིང་། མཆོད་པ་སོ་སོའི་མཚམས་ཕྱེད་པས་དེ་ལེགས་ལ། གཞུང་གི་ཡིག་ཆུང་དང་མཐུན་པར་སྨན་རཀ་གཏོར་གསུམ་རྒྱས་པར་གཏོང་བ་ཆོས་འབྱུང་རང་གཞུང་ཡིན་པས། དོང་སྤྲུག་གི་ཆ་ལག་ཡིན་སྙམ་པ་ནི་མཐོང་རྒྱ་ཆུང་བ་ཡིན་པས་ཉིན་སྔ་མ་གཉིས་ཙམ་ལ་དེ་བཏགས་ན། གསང་སྔགས་ཐུན་མོང་མིན་པའི་མཆོད་ཕྲེང་ལེགས་པས་བསོད་ནམས་ཀྱི་ཚོགས་ཆེར་གསོག་གོ །དེ་ནས་བསྟོད་པའི་སྐབས་ཁྲོ་བསྟོད་ལ་འུར་མེད་པའི་ཌཱ་དྲིལ་དང་། མཇུག་ཏུ་ཇ་བཏུང་ཚེ་འབོད་ལན་དང་། མིན་ཚེ་བདུན་བརྡུང་བྱའོ། །དེ་ནས་གསོལ་འདེབས་དང་། འཛབ་

དགོངས་རྣམས་བྱས་ལ། རྩ་སྔགས་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་དང་། བུམ་སྔགས་ཤམ་སྦྲེལ་ཡང་བརྒྱ་རྩ་ལས་མི་ཉུང་བ་དང་། ཨ་ལི་ཀ་ལི་དང་སྦྲེལ་བའི་རིགས་ལྔའི་ཡིག་བརྒྱ་དང་། ཁྲོ་བོ་རིགས་ལྔའི་ཡིག་བརྒྱ་ཤམ་སྦྲེལ་རྣམས་བཏགས་ནས་བཟླ་ཞིང་། མཐར་ལྷག་ཆད་སྐོང་ཕྱིར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་དང་། མཆོད་བསྟོད་དགེ་བསྔོ་བཅས་སོང་མཚམས་ཌཱ་དྲིལ་འུར་དང་འབོད་ལན་བྱ་ཞིང་། བུམ་ལྷ་འོད་ཞུའམ་བདུད་རྩིའི་བཅུད་དུ་བཞུགས་པར་མོས་པ་གང་བདེ་བྱའོ། །སྐབས་འདིར་ཌཱ་དྲིལ་འུར་མེད་པར་བཞག་ནས་དགེ་བསྔོ་ཐལ་སྦྱར་གྱིས་འདོན་པ་ནི་སྤྲོས་པ་ལ་དགའ་ཞིང་ཌཱ་རོལ་གྱི་རྣམ་བཞག་བྱ་ཐབས་ཆེ་བ་འབོད་ལན་དུ་གྲགས་པ་བརྡུང་འོས་པའི་ཕྱིར། དེ་ལྟ་བུ་ལ་བཞག་ཐབས་མི་བརྡུང་ན་གཞུང་གི་བར་སྐབས་རྣམས་སུ་གང་ལ་ཡང་བཞག་ཐབས་བརྡུང་ས་མི་རྙེད་པར་འགྱུར་བའི་ཕྱིར་རོ། །དེས་ན་དེ་འདྲ་དེ་རོལ་མོ་གང་ལ་གང་བརྡུང་གི་རྒྱུ་མཚན་མ་ཤེས་པ་ཡིན་པས་དེ་འདྲའི་རྗེས་སུ་འབྲངས་ནས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཉམས་པར་མི་བྱའོ། །དེ་ནས་ཨ་ཀ་རོའི་སྔགས་ཚིག་གིས་བྱིན་རླབས་བྱས་ཏེ། དམ་ཅན་སྡེ་བདུན་གྱི་ལས་བྱང་རང་གཞུང་བསྲངས་ནས་ཌཱ་རོལ་བཞག་ཐབས་བྱའོ། །དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་དམིགས་པའི་ཞི་ཁྲོ་བརྒྱ་ཕྱག་གི་ཐོག་མར་བླ་མ་བརྒྱུད་པའི་ཕྱག་འཚལ་བྱ་དགོས་ལ། དེ་དག་གི་སྐབས་ཤྭ་ལོ་ཀ་རེ་བཞིན་རྡོར་ཐལ་དྲིལ་བསིལ་བྱའོ། །ཉམས་ཆགས་སྡིག་སྒྲིབ་སྦྱོང་བ་ལ་གསང་སྔགས་རྙིང་མའི་ལུགས་འདིར་བཤགས་པ་དང་། བསྐང་བའི་སྒོ་ནས་སྦྱོང་བའི་ཚུལ་ཤིན་ཏུ་རྒྱས་པ་ལས། དང་པོ་ཞི་ཁྲོའི་ཀློང་བཤགས་བྱེད་པ་ལ། ཐོག་མར་སྡིག་སྒྲིབ་སྦྱོང་བའི་ལྷར་བསྔགས་པས་རྡོར་

སེམས་བསྒོམ་བཟླས་བཏང་ནས། མདུན་བསྐྱེད་ཞི་ཁྲོའི་སྤྱན་སྔར་ཀློང་བཤགས་ཀྱི་རྣམ་གྲངས་དམིགས་ཕྱེད་པའི་སྒོ་ནས་ཉམས་ཆགས་སྦྱང་བ་དང་། གཉིས་པ་ཞར་བྱུང་ཚོགས་དང་སྦྲེལ་ཏེ་སྐོང་བཞི་རྒྱས་པར་བྱེད་དགོས་པས། དེ་ལ་བསྐང་རྫས་རྣམས་ཚོགས་རྫས་དང་ལྷན་ཅིག་བགེགས་བསྐྲད་དང་བྱིན་རླབས་བྱས་ལ། ཌཱ་འུར་དང་བཅས་ཏེ་སྐོང་བཞི་མར་མེའི་སྨོན་ལམ་བཅས་བཏང་ནས། ཚོགས་སྤྱན་འདྲེན་བྱས་ལ་ཚོགས་ཕུད་དང་བཤགས་པ་ཕུལ་ནས་བླ་བརྒྱུད་བསྐང་བ་བྱའོ། །དེ་མཐར་ཚོགས་བསྒྲལ་གྱི་འགུགས་པ་ཀཿཐོག་གནའ་ལུགས་ལྟར་ལ། བསྒྲལ་བའི་ཚིག་མཚམས་སུ་འུར་མེད་པར་ཌཱ་རུ་དཀྲོལ་གཅོད་བྱེད་ཅིང་ཕོ་ཉ་བསྐུལ་བ་དང་ཞལ་བསྟབས་ཡན་ཌཱ་རོལ་བཅས་བྱའོ། །དེ་ནས་ཞི་ཁྲོའི་མདངས་བསྐངས་དང་། སྡེ་བདུན་བསྐང་བ་བཅས་གྲུབ་ནས་ཚོགས་ལ་རོལ་ཅིང་ལྷག་མ་བསྔོ་བ་དང་། དེ་ཁོ་ན་ཉིད་ཀྱི་བསྐང་བས་ལྟ་བས་རྒྱས་གདབ་པ་བྱས་ནས་བཞག་ཐབས་བྱ་ལ། ཡང་ན་ཚོགས་ལ་རོལ་བའི་མགོར་དེ་ཁོ་ན་ཉིད་ཀྱི་བསྐང་བ་བྱས་ཀྱང་ཤིན་ཏུ་ལེགས་སོ། །ཚོགས་ཀྱི་སྐབས་སུ་མདུན་བསྐྱེད་ཀྱི་ལྷ་ཚོགས་བརྗོད་ནས་ཚོགས་སྤྱན་འདྲེན་གྱི་མཇུག་ཏུ་གཟོད་བསྐང་བ་བྱེད་པ་ཚོགས་ཀྱི་བསྐང་བ་མ་གཏོགས་བསྐང་བ་ཡོད་པ་མི་ཤེས་པ་དང་། སྤྱིར་འཁྲུལ་མེད་ཕྱག་ལེན་ལ། ཚོགས་ཀྱི་ཡར་གནས་ལ་ཚོགས་དང་པོ་བསྟོད་དེ་འབུལ་བ། ཚོགས་གཉིས་པ་བཤགས་ཏེ་འབུལ་བ། ཚོགས་ཐ་མ་བསྒྲལ་ཏེ་འབུལ་བ་ཞེས་གསུམ་ཡོད་པ་ལས། ཚོགས་ཐ་མས་བླ་མའི་བསྐང་བ་མི་བྱེད་པ་ཡིན་པ་ལ། དེ་མི་ཤེས་པར་བླ་བསྐང་བསྒྲལ་བའི་མཇུག་ཏུ་འདོགས་པ་དང་། བསྒྲལ་བ་ལ་ཁྲག་འཐུང་རིགས་ལྔའི་སྒོ་ནས་འགུགས་དབྱེ་བྱད་བཅུག་སོགས་ཡོད་

པའི་མཚམས་རྣམས་སུ་མཆོད་རོལ་{མོ་}མང་པོ་བྱེད་པ་ནི། ཞི་ཁྲོའི་ལས་བྱང་གཞུང་གི་མཆོད་ཕྲེང་ལ་མཆོད་རོལ་གཅིག་ཀྱང་མེད་པར་བསྒྲལ་བ་ལ་མཆོད་རོལ་མང་པོ་དགོས་པའི་རྒྱུ་མཚན་མེད་པས་ལྷག་སྐྱོན་དང་། ཁྲག་འཐུང་རིགས་ལྔའི་བསྒྲལ་བའི་ཚིག་བཅད་རྣམས་རོལ་མོའི་འཚམས་རྔམས་བཅས་བྱེད་རྒྱུ་ཡིན་པ་ལ་དེ་ཆད་པའི་སྐྱོན་བཅས་ཡོད་པས་ཕྱག་ལེན་རྣམ་དག་ཞིག་བསམ་ཚེ་གནའ་བོའི་ལུགས་དེ་བྱེད་དགོས་པར་མངོན་ཡང་། དེང་སང་ཟ་ཆོག་འུར་འུར་བ་ཞིག་འོང་ཚེ་ཕྱག་ལེན་ལ་རྟོག་དཔྱོད་མི་གཏོང་བ་ནི་ཡོན་བདག་གི་མགོ་བསྐོར་བ་ལ་དགྱེས་པ་ལགས་སོ། །དེ་ནས་ཞི་ཁྲོའི་གནས་འདྲེན་དང་། དབང་བསྐུར་བྱེད་པ་ལ། གནས་འདྲེན་དང་དབང་གཉིས་གཏན་ནས་མི་གཅིག་པ་ཤེས་དགོས་ཤིང་། དབང་དང་གནས་འདྲེན་གཉིས་ཀ་ལ། ཐོག་མར་ལས་བུམ་བསྒྲུབ་དགོས་ལ། དེའི་རྗེས་སུ་དབང་བསྐུར་ཚེ་ཐོག་མར་བདག་དབང་ལེན་པ་མེད་མི་རུང་ཡིན་པས། རིག་རྩལ་ལྷུན་གྲུབ་སོགས་ཀྱིས་བདག་དབང་ལེན་པ་ཀཿདཔེའི་བླ་མ་སྔ་མའི་ཕྱག་བཞེས་ཡིན་པར་ལྡེབ་ཤར་གཏེར་གཞུང་དང་ལྷན་ཐབས་ཀྱི་རང་གཞུང་མིན་ཀྱང་ཤིན་ཏུ་ལེགས་སོ། །དེང་སང་གཞུང་གི་གསོལ་འདེབས་ཆུང་ངུ་ལ་བུམ་དབང་དང་ལྷ་དབང་གི་གསོལ་འདེབས་ཚིག་བཞི་རེ་སྦྱོར་བ་ནི། བདག་དབང་ཟེར་བ་ཅི་ཡིན་མ་ཤེས་པའི་ནང་རྟགས་ཕྱིར་བསྟན་པ་ཡིན་པས་དགོད་བྲོའོ། །གནས་འདྲེན་མ་ཏིའི་ཆོག་བསྒྲིགས་ལྟར་ལ། ལྷ་ཁྲུས་གནས་འདྲེན་གྱི་དུག་ཁྲུས་མགོར་བྱེད་པ་ཕྱག་ལེན་ཡིན་ཞིང་ལས་བུམ་བསྒྲུབ་མ་ཐག་ཏུ་བྱས་ཀྱང་རུང་ཙམ་ཡིན་མོད། སྔ་མ་ལྟར་ལེགས་སོ། །དེ་ནས་རིགས་དྲུག་གནས་འདྲེན་གྱི་མཇུག་ཏུ་མཎྜལ་མདོར་བསྡུས་སྔོན་དུ་འགྲོ་བས། སྐྱབས་འགྲོ་དང་། སྡོམ་གསུམ་སྦྱིན་པ། མིག་རས་མེ་ཏོག་

གཏད་ནས་ཡེ་ཤེས་པ་དབབ་སྟེ་དཀྱིལ་འཁོར་དུ་བཅུག་ནས་ལྷ་ངོ་བསྟན་ལ་དགའ་སྤྲོ་བསྐྱེད་པ་རྣམས་རིམ་བཞིན་སོང་ནས། འགྲོ་དྲུག་རང་གྲོལ་གྱི་བུམ་དབང་དང་། མཐའ་རྟེན་ལྷ་དབང་ངོ་སྤྲོད་བཅས་སྐབས་དང་བསྟུན་ཏེ་རྫོགས་པར་བྱས་ནས། འདོད་ཡོན་བསྔོ་བ་དང་ལམ་བསྟན་གནས་སྤར་སོགས་ཆོས་འབྱུང་རང་གཞུང་མི་དཀྲུག་པར་མཐར་ཆགས་སུ་བཏོན་ནས་བྱང་བུ་བསྲེགས་པའི་བར་བྱའོ། །སྐབས་འདིར་ཡང་མི་ཤེས་ཤེས་མདོག་གི་སེམས་དཔའ་ལྔ་ལ་བརྟེན་ནས་ཚེ་འདས་ཀྱི་དབང་པོ་སྦྱོང་བའི་འདོན་ཚིག །ཀྱེ་མ་མུན་པ་སོགས་འདོད་ཡོན་བསྔོ་བའི་སྐབས་སུ་ཡར་ལེན་པ་ནི་ལག་པས་བསྐོར་རྒྱུ་ལ་ཤིན་ཏུ་དགའ་བ་ཙམ་ཞིག་ཏུ་ཟད་དོ། །སངས་རྒྱས་ལྔ་ལ་བརྟེན་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ཁྱད་པར་ཅན་ལ་སྨོན་པ་དང་། སེམས་དཔའ་ལྔ་ལ་བརྟེན་ནས་ནང་གི་དབང་པོ་ལྔའི་སྐྱོན་སྦྱང་ཏེ་དབང་པོ་དང་ལོངས་སྤྱོད་རྣམ་པར་དག་པ་ལ་སྨོན་པ་འདི་ལ་རྒྱུད་སྡེ་དང་མཐུན་པའི་གནད་ཁྱད་པར་ཅན་ཡོད་ཀྱང་། དེ་བས་ཡོན་བདག་གི་མཐོང་སར་གང་མཛེས་གང་སྒྲོས་ཞིག་དགོངས་ན། འདོད་ཡོན་བསྔོ་བའི་སྐབས་ཨོ་རྒྱན་པད་ཞྭ་ཞིག་ཀྱང་མནབས་ན་ཡོན་བདག་གིས་ཐལ་མོ་རེ་སྦྱར་ཤས་ཆེའོ། །དེ་ནས་ཕྱི་ཆོག་གཏོང་ཚེ་མཆོད་བསྟོད་བྱ་ཞིང་། མིན་ཚེ་མི་དགོས་སོ། །གཏོར་མ་རྒྱས་བསྡུས་སྐབས་སྦྱར་གྱི་ཆད་ཐོ་དང་བསྟན་སྐྱོང་རྟ་བྲོ་ཚེ་འགུགས་བཅས་བྱ་ཞིང་། མཆོད་བསྟོད་བྱ་ལ། དངོས་སུ་འབྱོར་དང་སོགས་ཀྱིས་མཆོད་ཅིང་། ཉིན་ཐ་མ་ལྟ་བུ་ལ་བསྟོད་པ་རྒྱས་པ་བྱ་ཞིང་། མཆོད་བསྟོད་གཉིས་ལ་མཆོད་རོལ་རེ་རེ་བྱའོ། །དེ་ནས་ཆོ་ག་ཆད་ལྷག་གསོ་བའི་ཆེད་དུ་རྡོར་སེམས་བསྒོམ་བཟླས་དང་། ཀུན་གཞི་མ་བཅོས་སོགས་ཀྱིས་ལྟ་བའི་བཤགས་པ་བྱས་མཐར། ཌཱ་དྲིལ་བཅས་གང་ཡང་བདག་བློའི་མཐར་

བཞག་ཐབས་ཆེ་བ་བཅས་བྱས་ནས་བཀྲ་ཤིས་དགེ་བསྔོ་བསྡུ་རིམ་སོགས་འདི་སྐབས་རྟེན་བཞུགས་བྱས་རྗེས་གཤེགས་གསོལ་བྱེད་རྒྱུ་ཡིན་པས་རྟེན་ཡོད་མེད་དང་བསྟུན་ཏེ་གང་བདེར་བྱ་དགོས་སོ། །མཆོད་བསྟོད་སྐབས་བྷོ་དྷི་ཙིཏྟ་འདོན་པ་ནི་མཆོད་ཡུལ་གྱི་ལྷ་གསལ་འདེབས་ཁུལ་བྱེད་པ་ཡིན་ཀྱང་། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བརྗེད་སོང་ན་སྨྱོན་པ་དངོས་གནས་སུ་སོང་བས་དེ་ཡང་རང་བཟོའོ། །ཡིག་བརྒྱའི་མཚམས་སུ་མཆོད་རོལ་བྱེད་པ་སོགས་མདོར་ན་དེང་སང་གི་འདོན་སྟངས་དེ་རྒྱུ་མཚན་མེད་པར་སྣང་བ་གང་དྲན་གྱི་ལག་ལེན་ལས། འདི་ལ་འདི་དགོས་པའི་རྒྱུ་མཚན་འདི་ཡོད་དོ་ཞེས་བཤད་རྒྱུ་སྤུ་ཙམ་མེད་པས། ཀཿདཔེ་སྔ་མའི་ཕྱག་བཞེས་རྣམ་པར་དག་པ་མདོ་རྒྱུད་དང་མཐུན་པའི་ཕྱག་སྲོལ་གཙང་སིང་ངེ་བ་རེ་ཨེ་ཤེས་བལྟས་ན་ལེགས་སོ། །དྷརྨ་སཱ་རས་སོ། །དགེའོ།། །།

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལག་ལེན་ཟིན་བྲིས་བློ་གྲོས་གསལ་བའི་མེ་ལོང་།

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལག་ལེན་ཟིན་བྲིས་བློ་གྲོས་གསལ་བའི་མེ་ལོང་བཞུགས་སོ། །

ན་མོ་གུ་རུ་ཤྲཱི་མནྟ་བྷ་དྲ་ཡེ། གདོད་ནས་སྤྲོས་བྲལ་རང་བྱུང་ནམ་མཁའི་དབྱིངས། །ལྷུན་གྲུབ་འགགས་མེད་སྒྱུ་འཕྲུལ་རིགས་བརྒྱའི་སྤྲིན། །སྤྲོ་བསྡུའི་བྱེད་པོ་རིགས་བརྒྱའི་ཁྱབ་བདག་ཆེ། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སྙིང་དབུས་རོལ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། །བཅའ་བཤམས་ཆོ་གའི་ཕྱག་ལེན་ཁྲིགས་ཆགས་ཞིག །སྔོན་བྱོན་དམ་པའི་ཕྱག་བཞེས་མཐོང་བརྒྱུད་བཞིན། །བློ་གསལ་དྲན་འཛིན་མེ་ལོང་འདི་རུ་སྤེལ། །ཞེས་པས་མདུན་བསུས་ཏེ་འདིར་ཀར་གླིང་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་གྲོང་ཆོག་སྐབས་ཀྱི་ཕྱག་ལེན་གྱི་རིགས་ཇི་ལྟར་བྱ་ཚུལ་མདོར་བསྡུས་བཀོད་པ་ལ། ཐོག་མར་བདག་བསྐྱེད་ནི་མཆོད་སྟེགས་དང་སློབ་དཔོན་མདུན་སྤྲོད་འོང་བའི་བང་རིམ་ཅན་ཁེབ་ལྡན་སྟེང་འབྲུ་ཚོམ་བཀོད་པའི་བང་རིམ་དང་པོའི་དབུས་སུ་ཡི་དམ་སྤྱི་གཏོར་རིན་ཆེན་འབར་བ་རྒྱན་ལྡན་ཅན། དེའི་གཡས་སུ་བཀའ་སྲུང་སྡེ་བདུན་ཟླུམ་གཏོར་གྲི་རིས་ཅན་འཁོར་བདུན་མཚམས་རྣམས་སུ་མཐེབ་རིལ། དེའི་གཡས་སུ་ཆད་ཐོ་དཔུང་རིང་མདུན་དུ་མཐེབ་ཀྱུ་གསུམ། དེ་སྟེང་གྱེན་སློང་གཉིས། དེ་སྟེང་གཅིག །རྒྱབ་གཉིས་སུ་གྱེན་སློང་རེ་བཅས་མཐེབ་ཀྱུ་བརྒྱད། དེའི་གཡས་སུ་སྨན་ཐོད་བཅུད་ལྡན་བྲན་ཐུར་བཅས། རིན་ཆེན་འབར་བའི་གཡོན་དུ་གསོལ་སྤུང་དཔུང་རིང་ལ་འཁོར་བརྒྱད། རྒྱབ་ཏུ་དཀར་གཏོར་མཚམས་རྣམས་སུ་མཐེབ་ཀྱུ་རེ་དང་དེའི་གཡོན་དུ་བསྟན་མ་

དཔུང་རིང་མདུན་དུ་མཐེབ་ཀྱུ་གསུམ། དེ་སྟེང་གཉིས། དེའི་སྟེང་གཅིག །རྒྱབ་ངོས་གཉིས་སུ་མཐེབ་ཀྱུ་ཉིས་གཤིབ་རེའི་སྟེང་གྱེན་སློང་རེ་རེ་བཅས་མཐེབ་ཀྱུ་བཅུ་གཉིས། དེའི་གཡོན་རཀྟ་བཅུད་ལྡན་བྲན་ཐུར་བཅས་བཤམས། བང་རིམ་གཉིས་པར་རཀྟའི་འོག་ནས་བརྩམས་ཏེ་རྣམ་བདུན་བཤམས། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་སྟེགས་ཁེབ་ལྡན་ལ་དཀྱིལ་ཐང་ཡོད་ན་རབ། མེད་ན་དབུས་སུ་འབྲུ་ཚོམ་ལྔ་བཀོད་པའི་སྟེང་མཉྫུའི་ཁར་རྣམ་བུམ་སོ་ལྔའི་བཅུད་ལྡན། དེའི་མདུན་ལྷ་ཙཀགཡས་སུ་གསང་ཡེ་བདུད་རྩི། རྒྱབ་ཏུ་དབང་གཏོར་ལ་བང་རིམ་ཟླུམ་པོ་གསུམ་གྱི་སྟེང་བླ་གཏོར་པད་འདབ་ཕྱི་ནང་པད་ཚབ་ཅན་གྱི་ལྟོ་བར་རྒྱན་ཆེ་བ་གཅིག །གཡས་གཡོན་ལ་ཉི་ཟླའི་རྒྱན་རེ་རེ་དཀྱིལ་དུ་རྒྱན་ཆུང་ངུ་། དེ་སྟེང་རྡོ་རྗེ་ཕྱེད་པ་དཀར་པོ། སྤྲོ་ན་རྒྱན་ལྷག་བཅས་དེ་སྟེང་ཉི་ཟླ་མེ་རིའམ་ནོར་བུ་མེ་འབར་ཅན་བཤམས། གཡོན་དུ་མེ་ལོང་ཤེལ་རྡོ། དེ་རྣམས་ཀྱི་ཕྱོགས་བཞིར་ཕྱོགས་ཆེན་ནས་ནང་ནས་རིམ་བཞིན་སྨན་ཀོང་དཀར་པོ། རཀྟ་ཁྲག་ཀོང་དམར་པོ། དེ་རྒྱབ་གཏོར་ཆུང་ཡང་དམར་པོ། དེ་རྒྱབ་ཞལ་ཟས་དེ་ལས་ཅུང་ཆེ་དཀར་པོ། དེ་མདུན་ཚོགས་{བ་ལིང་}མཐེབ་ཀྱུ་དམར་པོ་རྣམས་ཕྱོགས་རེ་ལ་ཉེར་བདུན་རེ་སྟེ་བརྒྱ་རྩ་བརྒྱད། ལས་བཞི་བཅའ་ན་དེ་སོགས་ཕྱོགས་ཆེན་བཞིའི་དབུས་དེར་བཅའ་སྲོལ་འདུག །དེ་རྒྱབ་རང་གི་གཡས་ནས་བརྩམས་ཏེ་ཕྱོགས་རེ་ལ་རྣམ་བདུན་ཆ་རེ་སྟེ་ཆ་བཞི་བཤམས་དགོས་ངེས་དང་། གཞན་ཡང་རྒྱས་པར་སྤྲོ་ན་རྩ་གསུམ་དང་བསྐང་གཏོར་དཀར་དམར་སོགས་ཀྱང་བཅའ་དགོས། གཞན་ཡང་བླ་མའི་གསོལ་ཚོགས། ཞལ་ཟས་ཆེ་བ་ལྔ། མཆོད་ཁ་གསོ་བྱེད་ཆུང་བ་ཅི་འཛོམ། ཚོགས་ཆེ་བ། དཀར་གཏོར། གནས་བརྒྱ་ཡིན་ན་བགེགས་གཏོར་ཆེ་བ་

གཉིས་དང་། ཆུང་བ་བཅོ་ལྔ། ཟན་ཀོང་། ཟན་ཆང་སོགས་དང་། ཞག་སྦྲེལ་ཡིན་ན་རྒྱུན་མཆོད་བཅས་དགོས། གཞན་ཡང་མཁོ་ཆས་སྤོས་ཆུ་གཙང་ནས་མཚན་བྱང་གུལ་ཡུངས་ཚ་རྐོང་། ཁྲུས་མེ། ཏིང་ཤག །ཁྲུས་དར། བྱང་ཁེབ། གསུར་ཆས་སོགས་དང་། བླ་མའི་མདུན་ཆས་རང་གི་གཡས་ནས་བརྩམས་ཏེ། སྤོས་རྟ། ནང་མཆོད། རྡོར་དྲིལ་བཅས་དང་། དཀྱིལ་མདུན་དུ་དཀར་བགེགས་ཕུད་སྐྱེམས། དུང་ཆོས། གཟུང་རྡོར། གསོན་དང་འབྲེལ་ན། མེ་ཏོག །མིག་དར། གསེར་ཐུར་རྣམས་ཀྱང་འདུ་བྱས་ལ། དེ་ནས་དངོས་གཞི་ཆོ་གའི་ཁྲིག་དངོས་ལ། དེ་ཡང་རྒྱས་འབྲིང་བསྡུས་གསུམ་སོགས་དུ་མ་ཡོད་ཀྱང་། འདིར་གནས་བརྒྱ་འདོན་པའི་ལུགས་ལྟར་ལ། ཐོག་མར། ཇ༽ཇ་མཆོད་སྟོན་པ་བླ་མེད་སོགས། དེ་ནས། ཧྲཱི༔ སྔོན་ཚེ་དེ་བཞིན་གཤེགས་པ་སོགས་ནས་སྔོན་འགྲོ་ཆོས་སྤྱོད་རྒྱས་བསྡུས་གང་རུང་མཐར། ༀ་ཨཱཿཧཱུྃ་ཀུན་བཟང་ཆེ་མཆོག་སོགས་བག་ཆགས་རང་གྲོལ་མཐར། རྒྱལ་བ་ཞི་ཁྲོ་ཁྱེད་སྐུ་སོགས་ཚིག་བཞི། རྣམ་དག་ཆོས་དབྱིངས་སོགས་གསོལ་འདེབས་ཆེ་བ། དཀར་བགེགས་བཏང་། དེ་ནས་སྒར་འདོན་དལ་བུའི་བཞི་དྲིལ་བཅས། ཧཱུྃ་ང་ཉིད་ལྷ་ཡི་སོགས། དེ་ནས་ཆོས་ཉིད་སྐྱེ་བ་མེད་པ་སོགས་ལ་རྡོར་བསོར། དྲིལ་བསིལ་མཐར་འཁྱུད་རྒྱ་བཅས་ཏེ་དྲིལ་པང་། ཡན་ལག་བཅུ་པ་ལྷུབ་འདོན། དམིགས་བསམ་བརྗོད་བྲལ་སོགས་བཞི་དྲིལ། སྨན་རཀ་གཏོར་གསུམ་སྔགས་ལན་གསུམ་རེ། ༀ་ཨཱཿཧཱུྃ་གཟུགས་སྒྲ་སོགས། ཌ་དྲིལ་བཅས་མཐར། དྲིལ་སར་བཞག །ལྷ་བསྐྱེད་མཐར། ཇ༽ཇ་མཆོད་ཀུན་བཟང་རྡོར་སེམས་སོགས། དེ་ནས་སྤོས་སྦར་བ་སློབ་དཔོན་དང་དཀྱིལ་འཁོར་མདུན་དུ་བཙུག །རྡོར་བསོར། དྲིལ་འཛིན། གདངས་ཆེན་བཅས། ཧཱུྃ་དཔེ་མེད་བསམ་བརྗོད། ཚིག་བཞི་འཕྲོར་བཞི་དྲིལ་བཅས་

ཉོན་མོངས་ལྔ་དང་སོགས་ནས་སྤྲོ་ན་ཕྱི་ནང་གསང་མཆོད་དང་། ཡེ་ཤེས་ལྔ་བསྟོད་ལ་གདངས་རྒྱ་བཅས། སྨན་མཆོད་ལ་སློབ་དཔོན་དང་ལས་རྡོར་བཅས་ཀྱིས་སྨན་ཕུད་འཐོར་ཏེ་དངོས་གྲུབ་བླང་བ་བཅས་བསྟོད་པའི་མཐར། རྡོར་དྲིལ་བཞག །ཡིག་བརྒྱ་གཅིག་དང་། ལྷ་ཚོགས་ཞི་བ་སོགས། བསྙེན་པ་ཅི་འགྲུབ་བཟླས་མཐར། ཧཱུྃ་བཛྲ་ཙིཏྟ་སོགས་སྔགས་ཚར་གཅིག་དང་ཡིག་བརྒྱ། རྩ་སྔགས་རེ་དང་ནད་གདོན་བར་ཆད་སོགས། ཕཊ༔ ཧཱུྃ་ཉེར་གཅིག་ཙམ་གྱི་ལྗགས་༼ལས་༽རྡོར་བཞེངས་ཏེ། རང་གི་ཐུགས་ཀ་སོགས། ལས་སློབ་ནས་མེ་ཏོག་འཐོར་བ་སྔོན་དུ་འགྲོ་བས་གཟུངས་ཐག་གཏོད་ལེན་བཅས་སྣེ་གཙོ་བུམ་ཁར་འཇོག་ཅིང་བསྙེན་པ་ཅི་འགྲུབ་མཐར། རྩ་སྔགས་ཚར་གཉིས་འཕྲོར་བདག་གི་ཐུགས་ཀ་སོགས་ནས་རྩ་བསྙེན། ཡིག་བརྒྱ། རྩ་རིག །ཀཾ་ཀ་ནི་སོགས། ཚེ་འདས་སམ་དམིགས་ཡུལ་གྱི་སོགས། ༀ་བཛྲ་ས་ཏྭ་སོགས་ཀྱི་སྐབས་ལས་རྡོར་གྱི་ལག་གཡས་སུ་ཡུངས་བཟེད་གུ་གུལ་བཅས་དང་། གཡོན་བྱེ་སྣོད་ཐོག་ཏེ་གྲལ་མཇུག་ནས་སློབ་དཔོན་བར་ཞལ་བསྐོར་ཞུས་མཐར། ལས་བུམ་དུ་རྡོ་རྗེ་སེམས་དཔའ་སོགས། གཟུངས་ཐག་སྣེ་མོ་བུམ་ཁར་འཇོག་ཡིག་བརྒྱ་བཟླས་མཐར། ༀ་བཛྲ་ས་ཏྭ་བཟླ་སྐབས་གཟུང་ཐག་བསྡུ། དེ་ནས་དྲིལ་བསིལ་བཅས། དབྱངས་གསལ་ཡིག་བརྒྱ། ཡེ་དྷར་བཅས། ལས་རྡོར་གྱིས་མཆོད་ཁ་གསོ་ནས་བཞི་དྲིལ་གྱིས་ༀ་ཨཱཿཧཱུྃ་བླ་མ་ཀུན་བཟང་སོགས་ལས་བྱང་ཆེ་བའི་ནང་ལྟར། ཌ་རུ་བཅས་སྔགས་མཐར་རྩ་གདངས་སྤྱི་ཕྱག་བཅས། བརྗོད་མེད་ཤེས་རབ་སོགས་ཀྱིས་བསྟོད། ལས་རྡོར་གྱིས་གཙོ་བུམ་དང་ལས་བུམ་བཅས་ལ་དུང་ཆུ་ཕུལ། ཀུན་གྱིས་དྲིལ་བཅས་དུང་རྒྱ་བཅའ། ༀ་ཨཱཿཧཱུྃ་ཞེས་དུང་ཆོས་ཀྱི་ཆུ་སོགས། དེ་ནས་རྩ་དྲིལ་གྱི། ཧཱུྃ་བདེ་གཤེགས་རྒྱལ་བ་སོགས་ཀྱི་སྐབས་ལས་རྡོར་

བས་གཙོ་བུམ་འདབས་ནས་བཟུང་སྟེ་བླ་མ་ལ་ཕུལ། བླ་མས་བུམ་པ་དབུར་འཇོག་ཅིང་བུམ་ཆུ་མྱོང་བས་དངོས་གྲུབ་ལེན། སྔགས་བཟླ་དུས་ཀུན་གྱིས་རྡོ་རྗེ་ནང་འདྲེན་བཅས་ཌ་དྲིལ་བྱ། དེ་ནས་ཀུན་གྱིས་འགུགས་རྒྱ་བཅའ། སྤྲོ་ན་ལས་རྡོར་གྱིས་སྨན་རཀ་སྡེ་བདུན་ལ་བྲན་མཐར་དྲིལ་པང་། སྟོང་པའི་ངང་ལས་སོགས་སྤྱན་འདྲེན་མགོར་དྲིལ་བཅས། ཁྲོམ་ལྟར་བསྐྱེད་ཅེས་ཀུན་གྱིས་བསྡུ་རྒྱ་བཞི་དྲིལ། ཧཱུྃ་ཆོས་སྐུ་ནམ་མཁའ་སོགས། ཌ་རུ་བཅས། ཧཱུྃ་བླ་མ་སོགས། ཌ་རུ་བཅས་མཐར་བསྟོད་པའི་སྐབས་ཇ་ཕུད་ཞིག་མཆོད་སྲོལ་སྔ་མོའི་ཕྱག་ལེན་ལ་འདུག །དེ་ནས་བཞི་དྲིལ་བཅས་བརྒྱ་ཕྱག་མཐར་རྡོར་དྲིལ་སར་བཞག །སྤྱི་གཙུག་པད་ཟླའི་སོགས་ལྷུབ་འདོན། ཡིག་བརྒྱ། བདག་ནི་མི་ཤེས་སོགས། རྡོ་རྗེ་སེམས་དཔའ་ཁྱེད་སྐུ་སོགས། སྣང་གྲགས་རིག་གསུམ་སོགས། ཁམས་བསང་། ཇ་གསུམ་པ་རྩམ་ཇ༽ཇ་མཆོད་ཆེ་བ་གཉིས་གང་རུང་། དེ་ནས་ཁྲུས་ཆོག་བཤམས་ཚུལ། སྣོད་རྒྱབ་ཡོལ་ཅན་བླ་མའི་མདུན་ནས་ངོ་རང་ལ་བསྟན་པའི་གྲལ་མགོ་བླ་མའི་ཕྱོགས་སུ་མི་ཡི་ཐུབ་པ་ཤཱཀ་ཐུབ་ནས་བརྩམས་ཏེ་ཐུབ་དྲུག་གི་སྐུ་དང་། དེའི་མདུན་གོ་རིམ་བཞིན་ས་བོན་ནྲྀ་ནས་བཟུང་སྟེ་དྲུག་དང་། དེ་རྒྱབ་ཁ་གྲལ་མཇུག་ཏུ་ཕྱོགས་པར་བགེགས་གཏོར་དྲུག་འོག་མ་ཐེབ་བཅས་དང་། དམྱལ་བའི་ས་བོན་སྟེང་དུ་ཁ་བླ་མའི་ཡར་ཟུར་ཕྱོགས་པར་མཚམས་བྱང་བཞག །བདེ་ལོགས་སུ་གསུར་རྩམ་དང་གསུར་ཇ། ཐེབས་གཉིས་ཀྱི་ནང་ས་རྡོག་ཆུ་ཐིག །དཔལ་འབར། མར་མེ། ཁྲུས་དར། ཁྲུས་མེ། བགེགས་གཏོར། ཏིང་ལོ་བཅས། སྤོས་ཕོར་མེ་བཅས་དང་། ཏིང་ཤག །གསོན་དབང་ཡིན་ན་མེ་ཏོག །མིག་དར་གསེར་ཐུར་བཅས་འདུ་བྱའོ། །དེ་ནས་ལྟུང་བཤགས་ཚར་གཅིག །གསོན་དབང་

སྐབས་བླ་མ་རྒྱ་ཁྲི་སོགས་ལ་བཞུགས་དགོས་ན་ལས་རྡོར་གྱིས་རྡོར་དྲིལ་བསྣོལ་མར་སློབ་དཔོན་ལ་ཕུལ་དགོས། རང་གྲལ་ཡིན་ཚེ་མི་དགོས། གང་ལྟར་ཡང་བླ་མས་དབུ་བསྐུལ་མཛད་དེ། ༀ་མ་ཧཱ་ཤཱུ་ནྱ་སོགས་ཀྱི་སྐབས་ལས་རྡོར་གྱིས་བླ་མ་ལ་ལས་སྒྲོ་ཕུལ་བླ་མས་མཚན་བྱང་ལ་བྲན་ཚར་བ་དང་ཚུར་ཞུ། མདུན་གྱི་རྟེན་སྣང་སོགས་ཡོ་གའི་རྟའམ། ཡང་ན་བཞི་དྲིལ་ཤིན་ཏུ་དལ་བུས་གསུང་། ཡིག་བརྒྱ་གཅིག །འགུགས་རྒྱ་བཅས། ནྲྀ་ཡཾ་ཛ་སོགས་གསུམ། ན་མོ་སངས་རྒྱས་ཀྱི་བཀའ་སོགས་རྒྱ་བཅས་ལན་གསུམ་མཐར་བཞི་དྲིལ་དལ་བུས། ཧཱུྃ་ཚེ་འདས་ལུས་བརྗེས་སོགས་ནས་འདིར་ཁུག་ཅིག །གསོན་དབང་ཡིན་ན། ཧཱུྃ་རྒྱུད་དྲུག་ནད་གདོན་སོགས་ལས་བུམ་ཕུལ། ལས་རྡོར་གྱི་ལག་གཡོན་པས་བགེགས་གཏོར་བཏེགས་བླ་མ་ཁོ་ནས། ༀ་བཛྲ་ས་ཏྭ་སོགས་བྱིན་རླབས་བྱ། སརྦ་བྷུ་ཏ་སོགས་ལྕགས་ཀྱུའི་རྒྱ་བཅས་ལན་གསུམ། ལས་རྡོར་གྱིས་ཏིང་ལོ་ཚུར་བླང་། བགེགས་གཏོར་སློབ་དཔོན་ལ་ཕུལ་ནས་སརྦ་བིགྷ་ནན་སོགས་གཡས་སྐོར་གསུམ་རེའི་མཚམས་གཡོན་པར་བཞག་སྟེ་སེ་གོལ་བཅས་ལན་གསུམ། ལས་རྡོར་གྱིས་ཏིང་ལོ་སྦར་བ་བགེགས་གཏོར་མདུན་དེར་བཞག་ཅིང་སློབ་དཔོན་གྱིས་གཡོན་སྐོར་ལན་གསུམ་རེ་དང་དྲིལ་བསིལ་བཅས་མཐར་གཡོན་པར་བཞག་སྟེ་རྡོ་རྗེ་ནང་འདྲེན་རེ་བཅས་ལན་གསུམ། འདིའི་སྐབས་ལས་རྡོར་གྱིས་གུ་གུལ་བསྲེག །བླ་མས་རྡོ་རྗེ་གདེང་སྟབས་བཅས། ན་མོ་རྗེ་བཙུན་སོགས་གསོན་གཤིན་སྐབས་ཕྱེད་པར་བཏང་ནས། ས་དང་ལམ་ལ་སོགས་ཀྱི་སྐབས་བགེགས་གཏོར་ཞུས་ནས་ཕྱིར་བསྐྱལ། གུ་གུལ་གྱིས་བདུག །ལས་རྡོར་གྱིས་ལག་གཡོན་པས་ཡུངས་བཟེད་བླ་མ་ལ་བཏེགས། གཡས་པས་ཌལ་འཕན་ཉིས་ལྟེབས་ཞབས་སུ་ཐོག་པར་བྱས་ཏེ་ཌལ་ལུང་བླ་མར་

ཕྱོགས་པར་ཕུལ། བླ་མས་ཡུངས་དཀར་ཀྱིས་བྲབ་མཐར་ཀུན་གྱིས་རྡོར་བསྐོར་དྲིལ་བསིལ་བཅས་སྐབས་བླ་མས་ཌ་རུ་དཀྲོལ་མཐར་གཡས་པས་ཚུར་ཞུ་མཐར་མཚམས་གཅོད་གསུངས། དེ་ནས་ཚེ་འདས་ལུས་བརྗེས་སོགས་དང་ཀྱེ་མ་དབང་མེད་མཐར་དྲིལ་པང་། ལས་རྡོར་གྱིས་གཟན་ཕབ་ནས་ཁྲུས་ཆས་ལྟར། གང་འདིར་སོགས། གཡས་ཁྲུས་བུམ་ཁ་འདབས་ནས་བཟུང་གཡོན་མེ་ལོང་སྣོད་རྟེན་བཅས་དཀྱིལ་འཁོར་ལ་ཕྱོགས་པར། བཞི་དྲིལ་ལམ་སྤྲོ་ན་ཡོ་གའི་རྟ་བཅས་ཁྲུས་ཀྱི་ཁང་པ་སོགས་དུ་མའི་སྐུ་ཁྲུས་ལ་བུམ་པ་བསྐོར་ལ་ལས་ཆུ་མི་སྦྲེང་། ཇི་ལྟར་བལྟམས་པ་སོགས། ༀ་སརྦ་ཏ་ཐ་སོགས་སྔགས་ཡོད་རིགས་ལ་ཁྲུས་ཆུ་བསྐོར་ཚུལ་བཅས་བསྒྲེང་བ་ཀུན་ལ་རིགས་འགྲེས། འདི་ནི་ཁྲུས་མཆོག་སོགས་དང་། བླ་མ། ཡི་དམ། སངས་རྒྱས། ཆོས། བྱང་སེམས། མཁའ་འགྲོ། ཉན་རང་། ཆོས་སྐྱོང་། ནོར་ལྷ། གཞི་བདག་སོགས་ཚིག་བཅད་གང་འོས་སྐབས་བསྟུན་མཐར། རྒྱལ་བའི་སྐུ་གསུངས་ཐུགས་སོགས་མཐར་མྱུར་བར་སྦྲེང་ནས་ཁྲུས་ཆུ་ཡོད་རིགས་སླར་བུམ་པར་བླུག །དེ་ནས་ལག་གཡས་ལས་སྒྲོ་དང་། གཡོན་མེ་ལོང་བཟུང་སྟེ། དེ་དག་སྐུ་ལ་སོགས་སྔར་ལས་ཅུང་དལ་འདོན་བཅས་ༀ་ལ་ལས་སྒྲོས་དབུས། ཧཱུྃ་ལ་མདུན་ལག་རྩེའི་ཕྱོགས་དང་། ཏྲཾ་ལ་གཡས་དཔུང་ནང་ཕྱོགས་དང་། ཧྲཱིཿལ་རྒྱབ་ཕྲག་པའི་ཕྱོགས་དང་། ཨཱཿལ་གཡོན་དཔུང་པའི་རྒྱབ་ཕྱོགས་རྣམས་སུ་ཁྲུས་དར་སྟེང་དུ་དྲི་ཡི་ཐིག་ལེ་བཀོད་ནས་སྒྲོ་ཕར་འཇོག་འཕྲལ་ཀ་ཡ་བི་ཤྭ་དྷ་ན་སོགས་ལ་གོས་འབུལ་དེས་མེ་ལོང་གཟུགས་བརྙན་འཆར་བའི་སྐུ་ཕྱི་པའི་ཚུལ་བྱས། དེ་ནས་སྣ་ཚོགས་དབང་པོ་སོགས་ཁྲུས་དར་གྱི་སྣེ་གཉིས་མཐེབ་འཛུབ་ཀྱིས་ཕྱར་ལ་མཐར་སྔགས་དུས་བསྐོར་ཚུལ་བཅས་འབུལ། དེ་ནས་ཁྲུས་སྣོད་ནང་དུ་ཚ་རྐོང་

གྱིས་བསྐྱོར་བས་ནྲྀའི་གོང་ལོགས་སུ་མཚན་བྱང་གི་གཟུགས་བརྙན་ཤར་བར་བྱས་ལ་བཞག །ཁྲུས་བུམ་བླ་མར་ཕུལ་ལ་ཧཱུྃ་འདི་ནི་སྦྱིན་པའི་སོགས་སྔགས་དུས་མེ་ལོང་སྟེང་དུ་ཁྲུས་སྦྲེང་བ་འོག་མ་ཀུན་ལ་འགྲེ། འདི་ནི་ཡེ་ཤེས་སོགས་མཐར་ཁྲུས་བུམ་ཞུ་བར་ལས་སྒྲོ་བླ་མས་བསྣམས། འདོད་ཆགས་ཞེ་སྡང་སོགས་ལ་བླ་མས་ལས་སྒྲོས་སློབ་མའམ་མཚན་བྱང་ལ་བྱབ་ཚུལ་མཐོང་རྒྱུད་བཞིན་མཛད། གཤིན་གང་དུག་སོགས་ཀྱི་སྐབས་ལས་སྒྲོ་ཞུ། དཔལ་འབར་སྦར། བསྐུལ་མཚམས་བཅས། ས་ནི་དུག་གི་སོགས། གཡས་ཀྱིས་ས་དུག་ཕུལ། སློབ་དཔོན་གྱིས་མཚན་བྱང་སློབ་མ་བཅས་ལ་བསྐོར་ཚུལ་མཛད། ཆུ་ནི་སོགས་ལ་གཡོན་པས་ས་སྣོད་ཞུ། སློབ་དཔོན་གྱིས་སྣོད་སྦུབ་སྟེ་བཞག །གཡས་ཆུ་དུག་ཕུལ་མེ་དང་རླུང་གི་དུས་ལས་སྒྲོ་ཕུལ། སླར་ཞུས་མཐར་རྩ་སྔགས་ཡིག་བརྒྱ་རྩ་རིགས་ཀཾ་ཀ་ནི་སོགས་ཀྱི་སྐབས་ལས་རྡོར་གྱིས་བྱེ་མའི་སྣོད་བཏགས་ཏེ་བླ་མས་མཚན་བྱང་སོགས་ལ་བྲབས། དབང་ཞུ་མཁན་ཡོད་ན་བླ་མས་མཚམས་སྦྱོར་བཅས་རྗེས་ཟློས་ཀྱིས། ཀྱེ་མ་མགོན་པོ་སོགས། དབང་ཞུ་མེད་ན་དྲིལ་པང་བཅས་བཞི་ཆོད་ཀྱིས་བཏོན། དེ་ནས་བླ་མས་ཆོས་བཤད་བྲམ་ཟེ་དུང་ཕྲེང་གི་ལོ་རྒྱུས་སོགས་གསོན་གཤིན་སྐབས་ཕྱེད་པར་རྒྱས་བསྡུས་གང་འོས་གསུངས་མཐར་བཞི་དྲིལ་གྱིས། ཀྱེ་མ་ཚེ་འཕོས་སོགས་དང་། ཀྱེ་མ་བདག་འདྲའི་སོགས་མཐར་མཇུག་འཐེན་རིང་བཅས་སྐྱབས་སུ་མཆི་མཇུག་འཐེན་བཅས། ལས་རྡོར་གྱིས་དམྱལ་བའི་ཐུབ་པའམ་ཡང་ན་ཕྱག་མཚན་ཙག་ལི་སློབ་དཔོན་ལ་ཕུལ། ཧཱུྃ་ཚ་གྲང་སྐྱོབས་བྱེད་སོགས་མཚན་བྱང་སོགས་ལ་བསྐུར། མཇུག་འཐེན་བཅས། ཧཱུྃ་ཀུན་བཟང་ཡབ་ཡུམ་གྱི་བུམ་པ་སོགས་ལ་གཙོ་བུམ་ཕུལ། ཡིག་བརྒྱའི་སྐབས་སུ་བུམ་དབང་བསྐུར་ཞིང་དབང་ཞུ་མི་ཡོད་ན་བུམ་ཆུ་

སྦྱིན་ཞིང་མེད་ན་ལས་རྡོར་གྱིས་གསུར་ཇའི་སྣོད་བཟེད་པའི་ནང་དུ་ཐིག་རེ་བླུག་པ་དང་གཙོ་བུམ་ཞུ་བ་བཅས་འོག་མ་ཀུན་ལ་འགྲེས། དེ་ནས་བླ་མའི་ༀ་བཛྲ་ས་ཏྭ་སོགས་ཀྱི་དུས་ལས་སྒྲོ་ཕུལ་བས་བགེགས་གཏོར་རྣམས་ལ་བྲན་ནས་ལས་སྒྲོ་ཞུ། བྱིན་རླབས་གསུང་། འདི་འོག་མ་ཀུན་ལ་བསྡུས་ཙམ་རེ་དགོས། ཧཱུྃ་གཏོར་མ་འདོད་ཡོན་དུས་ལས་རྡོར་གྱིས་བགེགས་གཏོར་འོག་མ་དེ་བསྐོར་ནས་སྣོད་གཞན་དུ་དོར་ཐེབ་ནང་ཡི་དྭགས་བགེགས་གཏོར་བཞག་མཇུག་འཐེན་བཅས་པ་འདི་རིགས་ཐམས་ཅད་ལྔ་དྲིལ་བྱ་དགོས་སོ། །འདོད་ཆགས་ཞེ་སྡང་སོགས་བྱེ་སྣོད་བཏེགས་བླ་མས་མཚན་བྱང་སོགས་ལ་བྲབ། འདི་ནི་བཟོད་པའི་སོགས་ལ་ཁྲུས་བུམ་མམ་ལས་བུམ་ཕུལ་བླ་མས་མེ་ལོང་ངོར་ཁྲུས་བྱ་མཐར་ཞུ། ཧཱུྃ་ས་འདི་སོགས་དུས་མཚན་བྱང་ཡི་དྭགས་ས་བོན་སྟེང་དུ་སྤར། དམྱལ་བའི་ས་བོན་ལེན། སྔར་ཐུབ་དྲུག་གི་ཕྱག་མཚན་ཕུལ་ན་དམྱལ་བའི་ཐུབ་པ་བསྡུ་དགོས་སོགས་ཐམས་ཅད་ལ་རིགས་འགྲེས། མཐར་མི་ཡི་ས་བོན་སྤོ་ཟིན་དུས། དབང་སྟེགས་པདྨ་འདབ་བཞིའམ་མེད་ན་འབྲུ་ཚོམ་བཞི་བཀོད་པའི་སྟེང་མཚན་བྱང་ཞལ་བླ་མ་ལ་ཕྱོགས་པར་བཞག་ནས་གཡས་གཡོན་དུ་གསུར་རྫས་བཟའ་བཏུང་སོགས་བཤམས། སྔར་གྱི་བགེགས་གཏོར་རྣམས་ཀྱང་ཕྱིར་བསྐྱལ། ཕྱིར་མི་ལྡོག་པའི་ས་ཐོབ་ཤོག་བར་བཏང་། དེ་ནས་བླ་མས་མཚམས་སྦྱོར་བཅས་དབུ་མཛད་ཀྱིས་བསྐུལ་ནས་མཎྜལ་ཕུལ། གསོན་དབང་ཡིན་ན་འདིར་བླ་མས་མཚམས་སྦྱོར་བཅས་མིག་དར་དང་། མེ་ཏོག་རྣམས་ལས་རྡོར་གྱིས་རིམ་པར་ཕུལ་ཏེ་སློབ་མ་རྣམས་ལ་སྦྱིན་པ་མཐོང་བརྒྱུད་བཞིན་སྦྱར་ནས། ཨེ་མ་མགོན་པོ་དང་མཚམས་སྦྱོར་བཅས་རྗེས་བཟློས་བཅུག་དགོས། གཤིན་དབང་ལ་མཎྜལ་འཕྲོར་

བཞི་དྲིལ་བཅས། ཨེ་མ་མགོན་པོ་སོགས་བཏང་། བསྐུལ་མཚམས་བཅས། ཀྱེ་མ་ཚེ་འདས་བུ་ཁྱོད་སོགས་མཐར་བསྐུལ་མཚམས་བཅས། ཀུན་བཟང་ཞི་ཁྲོ་སོགས་ནས་སྤྲོ་བའི་སེམས་ཀྱིས་ལེགས་པར་ཉོན། བླ་མས་དེ་ལྟ་བུའི་སོགས། མགོན་པོ་ཐུགས་རྗེ་ཆེ་ལྡན་སོགས་དང་བསྐུལ་མཚམས་བཅས་ཕྱོགས་བཅུའི་སངས་རྒྱས་སོགས་ནས་མཐར་ལས་རྡོར་གྱིས་ཡུངས་བཟེད་བཏེགས་ༀ་བཛྲ་ཤྲཱི་སོགས། བླ་མས་ཡུངས་ཐུན་གྱིས་མཚན་བྱང་སོགས་ལ་བྲབ། སློབ་དཔོན་སོགས་ཀུན་གྱིས་ལྷུབ་འདོན་ནས་སློབ་མའི་ཆས་འཛིན་སོགས་མཐར་ཀུན་གྱིས་རྡོ་རྗེ་ཐུགས་ཀར་དྲིལ་བསིལ་བཅས་ཡིག་བརྒྱ་བརྗོད། དེ་ནས་ལས་རྡོར་གྱིས་ལས་སྒྲོ་ཕུལ་ཚུར་ཤོག་གསུངས་པ་དང་སློབ་དཔོན་གྱིས་ༀ་བཛྲ་ས་ཏྭ་སོགས་མཚན་བྱང་དང་སློབ་མ་རྣམ་ལ་བྲབ། ༀ་སྭ་བྷ་ཝ་སོགས་དང་། སྟོང་པའི་ངང་ལས་སོགས་ཀྱི་སྐབས་ལས་རྡོར་གྱིས་སྤོས་རིང་སྦར་བ་སློབ་དཔོན་གྱི་མདུན་དེར་འཛུག །ལག་གཡས་ཌ་རུ་སྔར་ལྟར་དང་། གཡོན་ནས་བཟེད་བཏེགས་པའི་ནང་དེར་བླ་མས་རྡོ་རྗེ་ནང་བསྐོར་བཅས་འཇོག །ཌ་རུ་བསྣམས་ལ། ཀུན་བཟང་དལ་གདངས་སམ། བཞི་ཆོད་སྒར་འདོན་དལ་ཞིང་སྙན་པས། ཧཱུྃ་ཆོས་དབྱིངས་ཀ་དག་སོགས་མཐར་ཌ་རུ་མྱུར་དཀྲོལ་སྔགས་བཅས། ཚོགས་པས་ཀྱང་རྡོ་རྗེ་ནང་འདྲེན་བཅས་མཐར། གཡས་ནས་བཟེད་རྡོ་རྗེ་བཅས་བཏེགས། གཡོན་པས་ཌ་རུ་ཞུ། ནས་བཟེད་ནང་ནས་བླ་མས་རྡོ་རྗེ་ནས་བཅས་བླང་ལ་སློབ་མ་སོགས་ལ་མེ་ཏོག་འཐོར་བཞིན། དེ་ལྟར་སོགས་མཚམས་སྦྱོར་གསུངས། དེ་ནས་ཧཱུྃ་དཀྱིལ་འཁོར་ཆེན་པོ་སོགས་ཀྱི་མཐར་དབང་ཞུ་ཡོད་ན་སྣོད་དུ་འབྲུ་ཚོམ་ལྔ་བཀོད་པ་སློབ་དཔོན་ལ་ཕུལ། སློབ་དཔོན་གྱིས་མཚམས་སྦྱོར་བཅས་དང་རྗེས་བཟློས་ཀྱིས་བདག་ཅག་རིག་པའི་སོགས་པྲ་ཏི་

ཙ་སོགས་སློབ་མ་རྣམས་ཀྱིས་མེ་ཏོག་དོར། ལས་རྡོར་གྱིས་ཀྱང་མཚན་བྱང་མདུན་གྱི་མེ་ཏོག་དེ་དོར། སློབ་དཔོན་གྱིས་མཚམས་སྦྱོར་བཅས་གསང་མཚན་བཏགས་མཐར་པྲ་ཏི་གྷྲྀ་ཧ་ན་སོགས་སླར་མེ་ཏོག་སྤྱི་བོར་འཐོར། མེ་ཏོག་སྣོད་ཞུ། གསེར་ཐུར་ཕུལ་ཏེ་མཚམས་སྦྱོར་བཅས་ཀུན་བཟང་རིགས་ལྔ་སོགས་དང་ཛྙ་ན་སོགས་ཀྱི་གསེར་ཐུར་གྱིས་མིག་དར་རྣམས་བསལ་ཟིན་པ་དང་། ལས་རྡོར་གྱིས་མིག་དར་རྣམས་ལེན། སློབ་དཔོན་གྱིས་གསེར་ཐུར་བསྣམས་བཞིན་པས་ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ་སོགས་མཐར་མཐོང་བ་བསྟན་པའི་མཚམས་སྦྱོར་གསུངས་མཐར་གསེར་ཐུར་ཞུ། སླར་བུམ་དབང་ལ་མཚམས་སྦྱོར་བཅས་རྗེས་ཟློས་ཀྱིས། ཀྱེ་ཧོ་བླ་མ་རྡོ་རྗེ་སོགས། འདི་རིང་དབང་ཞུ་མི་མེད་ན་བྱིན་འབེབས་མཐོང་བ་བསྟན་འཕྲོར་བཞི་དྲིལ་གྱིས། ཧཱུྃ་དཀྱིལ་འཁོར་ཆེན་པོའི་སོགས་ནས་བུམ་དབང་མགོ་བར་ནར་འདོན་གྱི་ཆོག་པས་མཚམས་སྦྱོར་རྣམས་མི་དགོས། གང་ལྟར་ཡང་ལས་རྡོར་གྱིས་གཙོ་བུམ་མམ་རྣམ་བུམ་བཏེགས་ལ། བླ་མས་དབུ་བསྐུལ་བཅས། ཧཱུྃ་བུམ་པ་འདི་ནི་སོགས་བུམ་གདངས། ཚིག་བཞིའི་མཐར་དྲིལ་བསིལ་བཅས། དེ་ནས་བླ་མའི་གཙོ་བུམ་བསྣམས་ཏེ་སློབ་བུ་ཁྱོད་ལ་སོགས་ཡོ་གའི་རྟ་བཅས་མཐར། ༀ་ཨཱཿཧཱུྃ་སོགས་ལ་དྲིལ་རྒྱུན་ཆགས་བཅས་སྨོན་ལམ་སྐབས་བུམ་དབང་བསྐུར་བུམ་ཆུ་སྦྱིན། དབང་བར་གྱུར་ཅིག་མཚམས་ནས་བུམ་པ་ཞུས་ནས་སྔར་བཞིན་ཌ་རུ་དང་ནས་བཟེད་བཅས་བཏེགས་སློབ་དཔོན་གྱིས་མེ་ཏོག་འཐོར་ནས་རྡོ་རྗེ་ནས་བཟེད་ནང་འཇོག་ཌ་རུ་མྱུར་དཀྲོལ་མཐར། གཡོན་པས་ཌ་རུ་ཞུ། གཡས་རྡོ་རྗེ་ནས་བཟེད་བཅས་བཏེགས། དེ་ནས་སྤྲོ་ན་རང་གདངས་བྱས་ཚེ་ཀུན་གྱིས་དྲིལ་པང་དགོས། མི་མཛད་ན་བཞི་དྲིལ་གྱིས། ཧཱུྃ་སྐུ་གསུམ་དམ་ཚིག་སོགས་

སྐབས་གཙོ་བུམ་བཏེགས་མཐར་སྔགས་དུས་བླ་མས་སྒྲོ་ཆབ་སློབ་མ་སོགས་ལ་འཐོར་མཐར་སྒྲོ་ཞུ། དེ་ནས་ཙཀ་ལི་རྣམས་རེ་རེ་བཞིན་འབུལ། ཧཱུྃ་སངས་རྒྱས་ཀུན་སོགས། བླ་མས་བསྐུལ་བ་ལ་རིགས་འགྲེས་མཐར། འོ་དེ་ལྟར་སོགས་སྨོན་ལམ། དེ་ནས་སློབ་མ་ཡོད་ན་མཚམས་སྦྱོར་བཅས་རྗེས་ཟློས་དང་མེད་ན་སྒར་འདོན་བཅས་པས། ཀྱེ་ཧོ་བླ་མ་སོགས་གསོན་དབང་ལ་མཚམས་སྦྱོར་དང་མིན་ན་མི་དགོས། སླར་ལྷ་ཙཀ་རྣམས་རེ་རེ་བཞིན་ཕུལ་ལ། ཧཱུྃ་སྐལ་ལྡན་རིགས་ཀྱི་བུ་སོགས་མཐར་སྨོན་ལམ་བསྐུལ། བླ་མས་སྐལ་ལྡན་སོགས་ངོ་སྤྲོད་གསུང་པ་ཀུན་ལ་རིགས་འགྲེས་པས་ཞི་ཁྲོའི་ངོ་སྤྲོད་གསུང་མཐར། བདུད་རྩི་མཆོད་ཁགས་བཅས་ཕུལ་ལ། ཧཱུྃ་གསང་བ་ཡེ་ཤེས་སོགས་བླ་མས་བདུད་རྩི་སྦྱིན་ཚར་འཕྲལ་ཞུ། མེ་ལོང་དང་ཤེལ་རྡོ་ཕུལ་ལ། ཧཱུྃ་མེ་ལོང་སྤྲོས་བྲལ་སོགས་མཐར་ཞུ། ཧྲཱི༔ ངོ་བོ་ཉིད་ནི་སོགས་ཚིག་དབང་མཐར་སྣ་བདུན་ཙཀ་ལི་རྣམས་རིམ་བཞིན་ཕུལ། ཧཱུྃ་འཁོར་ལོ་རིན་ཆེན་སོགས་བླ་མས་ཚིག་བསྟུན་གྱིས་བསྐུལ་མཐར་སྨོན་ལམ་འོ་རིགས་ཀྱི་བུ་སོགས་ཀྱི་སྐབས་ཙཀ་ལི་རྣམས་ཞུ། དེ་ནས་ཡེ་དྷར་དང་བཀྲ་ཤིས་བརྗོད་སྐབས་ནས་བཟེད་ཌ་རུ་སྔར་ལྟར་ཞུ། བླ་མས་མེ་ཏོག་འཐོར། ཌ་རུ་དཀྲོལ་མཐར་ཞུ་བ་སོགས་གོང་བཞིན། མཎྜལ་ཕུལ། དབང་ཞུ་ཡོད་ན་མཚམས་སྦྱོར་བཅས་དགེ་བསྔོ་གསུང་། དབང་ཞུ་རྣམས་གྲོལ་། མེད་ན་མི་དགོས། དེ་ནས་སྒྲོ་ཕུལ་བླ་མས་གསུར་རྫས་བྱིན་རླབས་གསུང་མཐར། མཁའ་མཉམ་ཞིང་ན་སོགས་ཀྱི་སྐབས་སྤྲོ་ན་སྔ་རབས་པའི་ཕྱག་བཞེས་ལ་ལས་རྡོར་གྱིས་བླ་མའི་ཚིག་བསྟུན་བཞིན་རིམ་པར་མེ་ལོང་། ཏིང་ཤག །གསུར་ཇ། གསུར་རྩམ། དར་རས་དུམ་བུ་རྣམས་ཕུལ་བ་སྔགས་རྣམས་ཀྱི་སྐབས་ཏིང་བརྡུང་གཞན་རྣམས་འདེགས་བསྐོར་

འབུལ་ཚུལ་རེ་མཛད་ནས་ལས་རྡོར་ལ་སྤྲོད་སྲོལ་ཀྱང་འདུག །གང་ལྟར་ཡང་མེ་གསུར་བཏང་སྟེ། ཀྱེ་ཧོ་ཚེ་འདས་ཐར་བའི་ལམ་སོགས། ནམ་མཁའ་མཛོད་དང་སྨོན་ལམ་བཅས། ཐམས་ཅད་ནམ་མཁའ་སོགས། འདི་ནས་ཤར་གྱི་ཕྱོགས་སོགས་མཐར་བསྐུལ། སེམས་དཔའི་ཙཀ་ལི་མེ་ལོང་དང་མཉམ་སྦྱར་གཟུགས་བརྙན་ཤར་བའི་མེ་ལོང་མཚན་བྱང་ལ་བསྟན་ནས། མཐར་ལག་གཡོན་གྱིས་མེ་ཙཀ་ཞུ། གཡས་ཐེབ་ནང་མར་མེ་སྦར་བ་འཇོག་པ་ཕུལ། བསྐུལ། ཧཱུྃ་རང་བཞིན་ཤུགས་ཀྱི་སོགས་བླ་མས་མཚན་བྱང་ལ་བསྟན་ནས། འཕྲད་པར་ཤོག་བྱས་སྐབས་ཞུ། བསྐུལ། འདི་ནས་ཤར་གྱི་སོགས་ཐོབ་པར་ཤོག་བར་བཏང་། དྲིལ་པང་བསྔོ་སྨོན་གསུང་། དབང་ཆས་རྣམས་རང་གནས་སུ་འགོད། མཚན་བྱང་དཀྱིལ་འཁོར་གྱི་ལྷོ་ངོས་སོགས་གང་བདེར་དཀྱིལ་འཁོར་ལ་ཕྱོགས་པར་བཞག །སློབ་དཔོན་གྱི་མདུན་ཆས་རྣམས་སྔར་བཞིན་བཤམས། བཛྲ་པུཥྤེ་སོགས་ལ་ཌ་དྲིལ་བཅས་ནམ་ཡིན་ཀྱང་མཆོད་བསྟོད་ཡོད་རིགས་ལ་མཆོད་ཁ་གསོ་དགོས། བསྟོད་པར་འོས་པས་བསྟོད་དོ། ཁམས་བསང་། ཇ༽དེ་ནས་གསོལ་འདེབས་ཆུང་བ་ལ་དྲིལ་པང་ལྷུབ་འདོན། ཧཱུྃ་ང་ཉིད་ལྷ་ཡི་སོགས་བཞི་དྲིལ། རྡོ་རྗེ་སློབ་དཔོན་སོགས་ལ་དྲིལ་པང་ཐལ་སྦྱར། བཞི་དྲིལ་གྱིས། ཧཱུྃ་བསམ་བརྗོད་བྲལ་བའི་སོགས་མཐར་ཌ་དྲིལ་བཅས་དྲིལ་སར་བཞག །ཧཱུྃ་རྟོག་བྲལ་སོགས་ནས་ལྷ་བསྐྱེད་མཐར་སྣང་ལ་རང་བཞིན་མེད་པར་གསལ༔ ཀུན་གྱིས་རྡོར་དྲིལ་བཅས་བསྡུ་རྒྱ། བཞི་དྲིལ་གྱིས། ཧཱུྃ་དཔེ་མེད་བསམ་སོགས་མཐར། རྣལ་འབྱོར་བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ ཀུན་གྱིས་རྡོ་རྗེ་ནང་འདྲེན། ཌ་རུ་བཅས་བཞི་དྲིལ་གྱིས། ཧཱུྃ་སྒྱུ་མ་གཟུགས་སོགས་སརྦ་

པཉྩ་ཨ་མིར་ཏ་སོགས་ལ་བླ་མས་གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་འཐོར། བསྐུལ། ཧཱུྃ་དུག་ལྔ་ཡེ་ཤེས་སོགས་བསྐུལ། ཧཱུྃ་ཕྱི་སྣོད་འཇིག་རྟེན་སོགས་མཐར། ཌ་རུ་ཧཱུྃ་སྐུ་ནི་མི་འགྱུར་སོགས་འདི་སྐབས་རྡོར་དྲིལ་བཞག །ཡིག་བརྒྱ། བསྙེན་པ་བྷོ་དྷི་ཙིཏྟ་ཅི་འགྲུབ། རྩ་སྔགས་ཡིག་བརྒྱའི་མཐར་ཌ་དྲིལ་བཅས་བཛྲ་པུཥྤེ་སོགས་ཀྱིས་མཆོད། མི་རྟོགས་རྡོ་རྗེ་སོགས་ཀྱིས་བསྟོད། དྲིལ་སང་། ལྟུང་བཤགས། དེ་ནས་རང་ཉིད་ལྷ་ཡི་སོགས་སྔར་ལྟར་བསྙེན་སྔགས། མཆོད་པ། བསྟོད་པ་ཆོས་སྐུ་ནམ་མཁའ་སོགས་དང་སླར་ཡང་གོང་ལྟར་ཚར་གཅིག །བསྟོད་པ་ཀུན་བཟང་རིགས་ལྔ་སོགས་མཐར་ཌ་རུ་བཅས། རྩ་སྔགས། བྷོ་དྷི་་་་་་་་་་་་་་་་་་་ལ་སོགས་བཏགས་ཀུན་གྱིས་རྡོ་རྗེ་ནང་འདྲེན་བཅས་དངོས་གྲུབ་ལེན། རྡོལ་དྲིལ་སར་བཞག །ༀ་ཡེ་ཤེས་སྐུ་མཆོག་སོགས་ཀློང་བཤགས་བསྐུལ་མཚམས་བཅས་མཐོང་བརྒྱུད་བཞིན་བཏང་། འདི་སྐབས་ལས་རྡོར་གྱིས་བླ་མའི་མདུན་དུ་ས་བོན་བསྡུས་པ་ཡོད་ན་དེ་དང་མེད་ན་མིའི་ས་བོན་སྟེང་མ་བྱས་ཏེ་དྲུག་བརྩེགས་བྱས་པའི་སྟེང་དུ་མཚན་བྱང་བླ་མ་ལ་ཕྱོགས་པར་བཞག །དེའི་མདུན་ཁྲུས་བུམ། མེ་ལོང་། ནས་བཟེད། གཡས་སུ་གསུར་རྩམ་སུམ་བརྩེགས། གཡོན་དུ་གསུར་ཇ་དང་བགེགས་གཏོར་གསུམ། ཏིང་ཤག་ཡང་ཚོགས་པ་ཞིག་ལ་སྤྲད་དགོས། ལྟུང་བཤགས་མཐར་དབང་ཞུ་མི་ཡོད་ན་འདི་སྐབས་སུ་འདུས། ཀུན་གྱིས་རྡོར་དྲིལ་བཅས་ལས་རྡོར་གྱིས་བླ་མ་ལ་བུམ་སྒྲོ་ཕུལ་ཏེ། ༀ་བཛྲ་ས་ཏྭ་སོགས། བདག་ཉིད་རྡོ་རྗེ་སེམས་དཔའ་སོགས་ཡིག་བརྒྱ་དྲིལ་བསིལ། ནྲྀ་ཡཾ་ཛ་སོགས་རྒྱ་བཅས་གསུམ། ན་མོ་དཀོན་མཆོག་གསུམ་སོགས་རྒྱ་བཅས་ལན་གསུམ། དབང་ཞུ་མི་ཡོད་ན་ནས་བཀྲམ་ལས་བུམ་ཕུལ། ཇི་ལྟར་བལྟམས་པ་སོགས། ཡིག་བརྒྱ་བཅས་ཁ་བཤལ་བླུག །ཧཱུྃ་ང་

ཉིད་ལྷ་ཡི་སོགས་ཡུངས་བཟེད་བཏེགས་ལ་བླ་མས་ཡུངས་ཐུན་བྲབ་ཀུན་གྱིས་རྡོར་བསྐོར་ནང་འདྲེན་བཅས། བཛྲ་རཀྵ་སོགས། ཧཱུྃ་ཚེ་འདས་ལུས་བརྗེས་སོགས་ནས་བཅོམ་ལྡན་ཤཱཀྱ་ཐུབ་ལ་སྐྱབས་སུ་མཆི་ནས་ཐུབ་དྲུག་ཕྱག་མཚན་རྣམས་རིམ་པར་ཕུལ་ལ། ཧཱུྃ་ཚ་གྲང་སོགས་བླ་མས་རེ་རེ་བཞིན་བསྐུལ་མཐར་ཞུ། མཐར་ལས་སྒྲོ་ཕུལ། རཾ་ཡཾ་ཁཾ་སོགས་བགེགས་གཏོར་ལ་བྲན། གཏོར་མ་འདོད་ཡོན་སོགས་ལ་ལས་རྡོར་གྱིས་བགེགས་གཏོར་བསྐོར། བླ་མས་ཕྱག་ཕྱིར་བསྐོར་རེ་བཅས་སེ་གོལ་གཏོགས། འདོད་ཆགས་ཞེ་སྡང་སོགས་ལ་བྱེ་སྣོད་བཏེགས་མཐར་རྩ་སྔགས་ཡིག་བརྒྱ་ཀཾ་ཀ་ནི་སོགས་དུས་བྲབས། ཧཱུྃ་འདི་ནི་བཟོད་པའི་སོགས་ལས་བུམ་ཕུལ། བླ་མས་མེ་ལོང་ངོས་ལ་ཁྲུས་མཛད་མཐར་ཞུ། ཧཱུྃ་ས་འདི་བཅད་པ་སོགས་ལ་མཚན་བྱང་སྤོ། ཕྱག་གི་མཐར། ས་གཞི་སྤོས་ཆུས་སོགས། སློབ་མས་མཎྜལ་ཕུལ། ཨེ་མ་སོགས་ནས་བདག་གིས་ཡོངས་སུ་བཟུང་། ལས་སྒྲོ་ཕུལ་བཛྲ་ས་ཏྭ་སོགས་མཚན་བྱང་སོགས་ལ་བྲན། ཧཱུྃ་དཀྱིལ་འཁོར་སྒོ་བ་སོགས་སྔགས་བསྟུན་མེ་ཏོག་དོར། བླ་མས་རྡོ་རྗེ་ནང་འདྲེན་དང་འགྲེང་བཟུང་བཅས། ཀྱེ་ཧོ་སོགས་གཙོ་བུམ་ཕུལ་ལ། ཧཱུྃ་རིན་ཆེན་བུམ་པ་སོགས་བུམ་དབང་བསྐུར་ཞིང་བུམ་ཆུ་སྦྱིན། བུམ་པ་ཞུ། ལས་སྒྲོ་བསྣམས་ཏེ། ཧཱུྃ་སྐུ་གསུམ་དམ་ཚིག་སོགས་སྒྲོ་ཆབ་འཐོར་ཏེ་སྒྲོ་ཞུ། ཙཀ་ལི་རྣམས་དབང་ཕྱུག་ཉེར་བརྒྱད་བར་རིམ་པར་ཕུལ། བསྐུལ་མཚམས་ཤར་འདོན་བཅས་ཆེ་མཆོག་བསྐུལ་མཚམས་ཙཀ་ལི་རྣམས་ཞུ། ཧཱུྃ་གསང་བ་ཡེ་ཤེས་སོགས་བདུད་རྩི་དང་མེ་ཤེལ་སོགས་ཕུལ་བསྐུལ། ཞུ་བ་སོགས་སྔ་ཆོག་ལྟར་མཐར་བཀྲ་ཤིས་ཚིག་བཞི་རེ་དང་། མཎྜལ་ཕུལ། ལས་རྡོར་གྱིས་ལས་སྒྲོ་ཕུལ། ཏིང་ཤག་བརྡུང་ནས། རཾ་ཡཾ་ཁཾ་སོགས་བྲན་སྒྲོ་ཞུ། ཀྱེ་ཧོ་ཚེ་འདས་སོགས་གསུར་བཏང་།

སྨོན་ལམ། ཐམས་ཅད་ནམ་མཁའ་སོགས་བཅས། སླར་ཡང་མཚན་བྱང་ས་བོན་སྟེང་དུ་འཇོག་ལ། ཀྱེ་མ་བདག་འདྲའི་སོགས་ཐམས་ཅད་བླ་སློབ་གཉིས་ཀྱིས་ཕྱག་བཞེས་སྔར་ལྟར་ཚར་གསུམ་རྫོགས་པའི། མཎྜལ་ཕུལ་མཐར། དབང་ཞུ་ཡོད་ན་དགེ་བསྔོ་བཅས་ལ་གྲོལ། གསུར་གྱི་མཐར། འདི་ནས་ཤར་ལྷོ་ནུབ་བྱང་སོགས་མར་མེ་ཕུལ་བ་བསྟན་ལ། ཧཱུྃ་ཐུགས་རྗེའི་ཤུགས་ཀྱིས་སོགས། ཧོ་བཅོམ་ལྡན་འདས་སོགས་མཐར་བསྔོ་སྨོན་གསུང་། དེ་ནས་དབང་ཆས་བསྡུ་བ་སོགས་སྔར་ལྟར་རོ། །སླར་མཆོད་བསྟོད་བྱ། ཇ༽ལྟུང་བཤགས། ཧཱུྃ་ང་ཉིད་ལྷ་ཡི་སོགས་ལས་བྱང་ཚར་གསུམ་འཕྲོར་དངོས་གྲུབ་བསྐུལ་བ་བཅས་སྔར་ལྟར། དྲིལ་སར་བཞག །ཨེ་མ་ཧོ། ཕྱོགས་བཅུ་དུས་སོགས་ལ་ཐལ་སྦྱར་བཅས་དཀྱུས་ལྟར་ནས། བཤགས་བྱེད་གཉིས་མེད་གྲོལ། ཐལ་སྦྱར་བཞག །ཧཱུྃ་ཆོས་ཀྱི་དབྱིངས་ཉིད་སོགས་བགྱིའོ། །དེ་ནས་དྲིལ་བཅས། ཧཱུྃ་མ་བཅོས་རང་བྱུང་སོགས། ཧཱུྃ་བཀའ་གསང་སོགས། ཌ་རུ་བཅས་མཐར་ཡིག་བརྒྱ་སྐབས་ཌ་འུར། དྲིལ་པང་། ཧཱུྃ་དུས་གསུམ་རྒྱལ་བ་སོགས་དང་ནམ་མཁའི་མཐར་ཐུག་སོགས་གསུངས་ནས། ཁམས་བསང་། ལྟུང་བཤགས། གནས་བསྡུས་བཤམས་ནས་སྔར་ལྟར་ཚར་གསུམ་བཏང་བའི་རྗེས་མར། ཧྲཱི༔ ངོ་བོ་ཉིད་ནི་སོགས་མཐར་ལས་རྡོར་གྱིས་རྟགས་བརྒྱད་ཙཀ་ལི་རྣམས་རིམ་བཞིན་ཕུལ་ལ། ཧཱུྃ་ཇི་ལྟར་སྔོན་གྱི་སོགས་སློབ་དཔོན་གྱི་ཚིག་དང་བསྟུན་པའི་བསྐུར་མཐར་ཞུ། སྨོན་ལམ་བཅས། མཎྜལ་སོགས་སྔར་ལྟར་རོ། །དབང་ཆས་རྣམས་བསྡུ། སླར་ཡང་མཆོད་ཅིང་བསྟོད་ནས། ལྟུང་བཤགས། ཇའམ་གསོལ་ཐུག །དེ་ནས་ལས་བྱང་ཚར་གསུམ་གྱི་རྗེས་མའི་རྩ་སྔགས་མཐར།

དབྱངས་གསལ། ཡིག་བརྒྱ། ཡེ་དྷར་མཐར། འདིར་སྐབས་ཚོགས་བཤམས་ཚུལ་ནི། དཀྱིལ་འཁོར་གྱི་གཡས་ཕྱོགས་མདུན་སྟེང་ལ་ཚོགས་རྫས་དང་། གཡོན་ཕྱོགས་སུ་ཚོགས་ཆང་བཞག །དེ་ཡི་བར་མདུན་ནང་དེ་ལ། རང་གི་གཡོན་ཕྱོགས་དཀྱིལ་འཁོར་གྱི་གཡས་ཕྱོགས་ནས་མགོ་བརྩམ་ཏེ་སློབ་དཔོན་གྱི་གསོལ་ཚོགས། དེ་ནས་རིམ་པར་འཛོམས་ན་ཐེབ་དྲུག་གི་ནང་དུ་ཚོགས་ཕུད་གཉིས། བཤགས་པ་གཉིས། བསྒྲལ་བ། ལྷག་མ་བཅས་བཤམས་ཏེ་དེའང་རྩེ་ནས་རིམ་པར་ཐད་དུ་བཅད་དེ་ཚོགས་ཕུད་གཉིས། བཤགས་པ་གཉིས། དེ་ནས་རྒྱབ་ཕྱོགས་ནས་མར་བཅད་དེ་ཁ་གྱེན་དུ་བསྟན་པ་ཚོགས་བསྒྲལ། དེའི་མཐར་ཐད་དུ་ཟླ་གམ་གྱི་རྣམ་པར་བཅད་པ་ལྷག་མ་བཅས་ཐམས་ཅད་ཤ་ཐུད་གྲོ་སོགས་ཚོགས་རྫས་ཡོད་རིགས་སྣ་ཚང་རེ་འཇོག །ཐེབ་དྲུག་འཛོམས་ན། བཞིའི་ནང་དུ་དང་པོ་གཉིས་པ་ཚོགས་རྫས་བཅས་སྣ་ཚང་གཉིས་རེ་ཕུད་བཤགས་བཞིའི་དོད་བཤམས་དགོས། བསྒྲལ་ལྷག་གཉིས་བཅས་བཞི་བཤམས། གཞན་ཡང་མཆོད་གཏོར་སོགས་ལའང་ཚོགས་རྫས་ཀྱིས་གསོ་བྲན་བྱ་སྲོལ་ཡོད། ཚོགས་ལ་ནང་ཆུ་ཆང་གསུམ་བྲན་ཚུལ་ནི། ལག་གཡོན་པས་མཆོད་ཁག་གིས་བླ་མའི་མདུན་ནས་ནང་མཆོད་དང་། གཡས་པས་ལས་བུམ་གྱི་སྒྲོ་ཐོག་ཏེ། དང་པོ་ནང་མཆོད་ཚོགས་ཆང་ནང་ཅུང་ཟད་བླུག་འཕྲལ་ཚོགས་ལ་བྲན། དེ་ནས་ཐམས་ཅད་ལ་ལས་ཆུའི་བྲན་ནས་མཆོད་ཁག་ཚོགས་ཆང་སྟེང་དུ་འཇོག་ལ་ལས་སྒྲོ་བུམ་པར་འཇུག །དེ་ནས་ཐམས་ཅད་ལ་ཚོགས་ཆང་གིས་བྲན་པར་བྱས་པ་ནི་ཚོགས་བཤམས་ཚུལ་ལོ། །དེ་ནས་མཆོད་ཁ་གསོ་ལ། རྩ་གདངས་ཀྱིས། ཧཱུྃ་དངོས་སུ་འབྱོར་དང་སོགས་མཐར། ཌ་རུ་བཅས། ཆོས་སྐུ་ནམ་མཁའ་ལ་རྩ་གདངས་སྤྱི་ཕྱག་བཅས་པས་བསྟོད་མཐར་རྡོ་རྗེ་ཐུགས་

ཀར་དྲིལ་བསིལ་བཅས། ཡིག་བརྒྱ། རྡོ་རྗེ་འགྲེང་བཟུང་བཅས། ཧྲཱི༔ འཇིགས་པ་བརྒྱད་སྐྱོབ་སོགས་ལ་རྩ་གདངས། མཐར་རྡོ་རྗེ་ནང་འདྲེན་ཌ་རུ་བཅས། སྤྲོ་ན་ལས་རྡོར་གྱིས་ཕྱག་གསུམ་སྔོན་འགྲོའི། ཚོགས་ཞུས་བྱ། བཞི་དྲིལ་དལ་ཉམས་ལྡན་པས། ཧཱུྃ་ཉོན་ཅིག་བགེགས་དང་། སོགས། ཧཱུྃ་ཧཱུྃ་སོགས། རྡོར་བསྐོར། ཧཱུྃ་བདག་ཉིད་རྡོ་རྗེ་སོགས་མཐར། ཧཱུྃ་སྟོང་གསུམ་འདིའམ་སོགས། མཐར་ཌ་རུ། འདི་རིགས་ལ་ཕྱག་ལེན་རྒྱས་པར་སྤྲོས་ན། འདི་སྐབས་ལས་རྡོར་གྱིས་གཟན་ཕབ་བཅས་རྒྱ་གཞུང་སོགས་ནང་རྣམ་བདུན་བཤམས་པ་དཀྱིལ་འཁོར་ལ་ཕྱོགས་པར་བཀྱག །བདུད་རྩིའི་བསྐང་བའི་སྐབས་ཚིག་བསྟུན་གྱིས་བདུད་རྩི་ཕྱར། སློབ་དཔོན་གྱིས་ཀྱང་ནང་མཆོད་བསྣམས་ཏེ་འཐོར་བ་བཅས་དང་། རཀྟའི་བསྐང་བའི་སྐབས་ལས་རྡོར་གྱིས་རཀྟ་འཕྱར། གཏོར་མའི་བསྐང་བའི་སྐབས་སྨན་རཀ་གི་བྲན་ཐུར་གཉིས་བསྣོལ་མར་བཟུང་སྟེ་མཐར་མཆོད་གཏོར་ལ་བྲན། མར་མེའི་བསྐང་བའི་སྐབས་གཟན་ཕབ་བཅས་མར་མེ་སྦར་བ་དཀྱིལ་འཁོར་ལ་ཕྱོགས་པར་འབུལ། དེ་ནས་དྲིལ་པང་བཅས། ༀ་ཨཱཿཧཱུྃ༔ དུར་ཁྲོད་གསང་བ་སོགས་ཀྱི་སྐབས་མར་མེ་དང་སྤོས་རིང་སྦར་བ་ཀུན་ལ་བཀྲམ་ནས་མར་མེ་སྨོན་ལམ་གདངས་བཅས་མཐར་མཇུག་ནས་བསྡུ། ཕྱག་ལེན་འདི་རིགས་ནི་ཞི་ཁྲོ་སྒྲུབ་ཆེན་སྐབས་དང་། སྔར་གནས་སྟོང་སྐབས་དང་གནས་བརྒྱ་རྒྱས་སྤྲོས་སོགས་ལ་གནང་སྲོལ་ཡོད་དོ། །དེ་ནས་སྤོས་རིང་སྦར་བ་ཚོགས་ཕུད་སྟེང་དུ་འཛུག་ལ། ཧཱུྃ་འོག་མིན་ཆོས་དབྱིངས་སོགས། ཌ་རུ་བཅས་མཐར་འུར་ཆེམས། དེ་ནས་ལས་རྡོར་བཞེངས། གཡས་ཚོགས་ཕུད་དང་པོ་དང་། གཡོན་ཚོགས་ཆང་མཆོད་ཁག་གིས་བཅུས་པ་ཐོག་ལ། ཧཱུྃ་བླ་མ་ཀུན་བཟང་སོགས་མཐར་བདུད་རྩི་ཅུང་ཟད་བླུག་ལ་བསྐོར་ཚུལ་

བཅས་འཇོག །ཧཱུྃ་བླ་མ་ཡི་དམ་སོགས་སྔར་ལྟར་ཕུད་གཉིས་པ་བཏེགས་ལ་མཐར་ཆང་བྲན་ལ་བསྐོར་ཚུལ་དང་ཌ་རུ་བཅས། ཧཱུྃ་བདག་ཅག་འཁོར་བའི་སོགས། བཤགས་པ་དང་པོ་བཏེགས་འབུལ་སྔར་བཞིན། ཧཱུྃ་བླ་མ་ཡི་དམ་སོགས་ཀྱིས་ཕུལ། ཡིག་བརྒྱའི་སྐབས་རྡོ་རྗེ་ཐུགས་ཀར་བསྟེན། ཕུད་བཤགས་གཉིས་སྣོད་རེ་རེ་ལས་མེད་ན་དང་པོའི་མཐར་ཆང་བྲན། གཉིས་པའི་མཐར་བསྐོར་ཚུལ་བཅས་ཕུལ། དེ་ནས་རྩ་སྔགས་དང་། ཧཱུྃ་དབུས་ནས་བཛྲ་སོགས། ཡིག་བརྒྱའི་མཐར། ལག་གཡས་ཀྱིས་ཚོགས་བསྒྲལ་དང་གཡོན་པས་མཆོད་ཁག་བཅས་ཚོགས་བསྒྲལ་བླ་མའི་མདུན་དུ་འཇོག །ཀུན་གྱིས་འགུགས་རྒྱ་བཅས་ལ། ན་མོ་དཀོན་མཆོག་གསུམ་དང་སོགས། འགུགས་པ་དང་ཛ་ཧཱུྃ་བཾ་ཧོ་སོགས་སྒོ་བཞིའི་རྒྱ་བཅས། ཧཱུྃ་མི་མངོན་དབྱིངས་ནས་སོགས་དང་། ཁྲག་འཐུང་སྐུ་ཡི་སོགས་མཐར་སྔགས་སོགས་ལ་དྲིལ་བསིལ་ཧོ་དཔལ་ཆེན་པོ་སོགས། བླ་མས་དྲིལ་སང་ཕྱག་ནང་སྐོར་བཅས་འགུགས་རྒྱ་ལན་གཉིས། ཁྲག་འཐུང་གསུང་གི་སོགས་མཐར་ཕྱག་ནང་སྐོར་རྡོ་རྗེ་ཐལ་མོ་བསྡམ་པ་མཐེ་བོང་གཉིས་གཤིབ་ཏེ་སྦྲེང་བ་ཐོ་བའི་རྒྱས་བརྡུང་ཚུལ་ལན་གཉིས། ཁྲག་འཐུང་ཐུགས་ཀྱི་སོགས་མཐར་ཕྱག་ཕྱི་སྐོར་གྱིས་དབྱེ་རྒྱ་ལན་གཉིས། ཁྲག་འཐུང་ཡོན་ཏན་སོགས་མཐར་ཕྱག་ཕྱི་སྐོར་བསྡིག་འཛུག་གྱེན་བསྟན་གཡས་ཕྱིར་འཐེན་གཡོན་ནང་འཐེན་དང་། སླར་ནང་སྐོར་བསྡིག་མཛུབ་ཐུར་དུ་སྦུབས་གཡས་ནང་འཐེན་གཡོན་ཕྱིར་འཐེན་མཐར་འདེབས་ཚུལ་བཅས་འཆིང་རྒྱ་བཅའ། ཁྲག་འཐུང་ཕྲིན་ལས་སོགས་མཐར་ཕྱག་ནང་སྐོར་གྱིས་སོར་མོ་རྣམས་བསྒྲེང་མཁྲིག་མ་གཉིས་སྦྱར་བ་མཚོན་ཆའི་འཁོར་ལོ་ལྟར་ལན་གཉིས་སྟེང་འོག་བསྒྱུར་བ་དང་། མཐར་ནང་སྐོར་རྩེ་སོར་མོ་གཟེང་བསྐུམ་གྱིས་འདེབས་ཚུལ་བཅས་མཐར་བསྒྲལ་

ཕུར་ཕུལ་ལ་བླ་མས་རྡོ་རྗེ་པང་དུ་འཇོག་ཏེ་ཕུར་བུ་བསྣམས་ནས། ཧཱུྃ་བྷྱོ་ཕོག་པར་རྒྱོབ་ཅིག་སོགས་ཀྱི་སྐབས་ལས་རྡོར་གྱིས་ནང་མཆོད་བདུད་རྩི་ལེན། སྙིང་ནས་དྲོངས་ཤིག་མཚམས་ནས་བླ་མས་དྲིལ་པང་ཕྱག་ཐལ་སྦྱར་བར་དུ་འདྲིལ་མཐར་ཚེ་ཁྲུས་ཀྱི་དགོངས་གནད་དང་ལྡན་པས་ཚོགས་བསྒྲལ་དགྲ་བགེགས་ཀྱི་དམིགས་རྟེན་གསལ་བ་ལ་ཕུར་བུས་གདབ་ཅིང་། རྩེ་སྙིང་གར་གཏད། སླར་ཡང་གདབ་ཅིང་གཡས་ཁོ་ནས་འདེགས་ཚུལ་བཅས་བསྒྲལ་མཐར་ཕུར་བུ་ཞུ། ཧཱུྃ་དང་པོའི་སངས་རྒྱས་སོགས་སྐབས་ཚོགས་བསྒྲལ་དཀྱིལ་འཁོར་མདུན་དུ་བདུད་རྩི་བཅས་བཀྱག །རོལ་ཅིག་ཁཱ་རཾ་ཁཱ་ཧི༔ སྐབས་བདུད་རྩི་བྲན་ལ་བསྐོར་ཏེ་བཞག་པ་ལྷག་མའི་ནང་དུ་བླུག་སྲོལ་འདུག །དེ་ནས་རྣམ་ཤེས་ཕུང་པོ་སོགས་ནས་ཡིད་ཀྱི་རྣམ་ཤེས། ཌ་རུ་བཅས་འུར་མཐར། ཧཱུྃ་རང་རིག་ཉོན་མོངས་སོགས་ནས་དབང་པོའི་བསྐང་བའི་མཐར་ཌ་རུ་བཅས། ཐོད་པ་ལྟག་སྤྲོད་སོགས་མཐར། ཌ་རུ་བཅད་འུར་མེད། ཧཱུྃ་སྣང་སྲིད་ཕུར་བུས་སོགས། ཧཱུྃ་མ་ཧཱ་ཀ་ལ་སོགས་བསྐུལ་མཚམས་བཅས། ཀྱེ་དགོངས་ཤིག་དམ་ཅན་སོགས། སྙན་གྱི་དབང་པོ་ཚིམ་སོགས་ཌ་རུ་བཅས་མཐར་བཅད། ཧཱུྃ་བླ་མ་ཡི་དམ་སོགས། དེ་ནས་བསྐང་གདངས་སམ་སྒར་འདོན་དལ་བུས། ཌ་རུ་བཅས། ཧཱུྃ་དངོས་པོ་ཆོས་ཉིད་སོགས། ཐུགས་དམ་བསྐང་ལ། ཌ་རུ་རྒྱག །ཨ་ལ་ལ་སོགས་ལ་ཌ་རུ་དལ་དཀྲོལ་ནས་རིམ་པར་མྱུར་དུ་དཀྲོལ་ནས་འུར་མཐར་བཅད། འདི་སྐབས་ལས་རྡོར་གྱིས་གྲལ་མཇུག་ནས་ཕྱག་གསུམ་འཚལ་རྗེས། གསོལ་ཚོགས་གཡས་དང་། ཚོགས་ཆང་གཡོན་གྱིས་བཟུང་ལ། སྔར་ཚོགས་ཞུས་བྱས་པའི། ལས་རྡོར་དང་བླ་མས་བརྡ་དང་བརྡ་ལེན་མཛད། མི་བྱེད་ཚེ་ཀུན་གྱིས། རྣལ་འབྱོར་ཕོ་མོ་སོགས་རང་རྟ་བཅས་ཀྱིས་བླ་མས་པད་སྐོར་དང་ཧོ་

སྐུ་རྡོ་རྗེ་སོགས་ལྷུབ་འདོན་བཅས་པའི་སྐབས་ལས་རྡོར་གྱིས་བསྣོལ་མར་ཕུལ། དེ་ནས་བསམ་ལྷུན་གསུང་སྐབས་ཚོགས་པ་ཀུན་ལ། དང་པོ་གཡོན་པས་བདུད་རྩི་དང་། དེ་ནས་གཡས་ཀྱིས་ཚོགས་རྫས་རྣམས་རིམ་པར་དྲངས། ལེན་པ་པོ་རྣམས་ཀྱིས་ཀྱང་དེ་ལྟར་ལེན། ཚོགས་ཞུས་སོགས་རྒྱས་སྤྲོ་བྱས་ན། ལྷག་མ་བསྡུ། མིན་ན་བླ་མའི་ལྷག་མ་ལེན་ལ་དེའི་སྟེང་སྔར་གྱི་ལྷག་མ་དེ་འཇོག །རྒྱས་སྤྲོས་བྱས་ཚེ་ལྷག་མ་གཉིས་སོ་སོར་བཤམས་དགོས། དེ་ནས་གུང་ཚིག་གི་ཇ་གསོལ། དཀོན་མཆོག་རྗེས་དྲན་གསུང་། ལས་རྡོར་གྱིས་ཞལ་ཕུད་བཅའ། ཟིན་འཕྲལ་ཆབ་དང་། ལྷག་ཟན་བཀྲམ། ལྷག་བསྔོ། ཡོན་སྦྱང་། མདོ་བཟློག་འདི་ནས་ལྟུང་བཤགས་ཚར་བཅུ་འགྲོ་དགོས་ཡོངས་རྫོགས་བཏང་མཐར། ཁམས་བསང་། དེ་ནས་གནས་བསྡུས་བཤམས། ལྟུང་བཤགས་མཇུག་སྡུད་བཅས། དེ་འཕྲོར་ལས་སྒྲོ་ཕུལ། ༀ་སྭ་བྷ་ཝ་སོགས། ༀ་བཛྲ་ས་ཏྭ་སོགས་མཐར་ཞུ། བདག་ཉིད་རྡོ་རྗེ་སོགས་སྔར་ལྟར་ཚར་གཉིས་དང་གསུམ་པ་སྔར་ལས་ཅུང་ཟད་དལ་བར་བཅས་བཏང་བའི་མཐར། རྡོ་རྗེ་སེམས་དཔའ་གསལ་བར་གྱུར། དེ་ནས་སྤྲོ་ན་མཚམས་སྦྱོར་བཅས་དང་། བསྡུ་ན་མཚམས་སྦྱོར་མེད་པས་བཞི་དྲིལ་ཌ་རུ་ཞུ། ནས་བཟེད་བཏེགས། ནང་དེར་རྡོ་རྗེ་འཇོག་ལ། ཌ་བཅས་དལ་བུས། ཨེ་མ་ཧོ་བླ་མ་ཀུན་བཟང་སོགས་མཐར། ཌ་རུ་ཞུ། ནས་བཟེད་བཏེགས་ལ། བླ་མས་ༀ་སུ་པྲ་ཏིཥྛ་སོགས་མེ་ཏོག་འཐོར། དེ་ནས་དཀྱིལ་འཁོར་སྒོ་བས་སོགས་མཐར་གཙོ་བུམ་ཕུལ། ཡོ་གའི་རྟ་ལ་དྲངས་ནས། ཧཱུྃ་བུམ་པ་འདི་ནི་སོགས་མཐར། ཧཱུྃ་སྐུ་གསུམ་དམ་ཚིག་སོགས་ཉེར་བརྒྱད་མཐར། ཡོ་གས། ཧཱུྃ་གསང་བ་ཡེ་ཤེས་སོགས་བདུད་རྩི་དང་། མེ་ལོང་སོགས་གོང་ལྟར་ཚིག་དབང་སྐབས། གཏོར་དབང་ལ་སྤོས་རིང་

སྦར་དེ། བླ་མས་འོ་སྐལ་ལྡན་སོགས་གཏོར་རྒྱན་ལས་རྡོར་ལ་ཕྱོགས་པར་ཕུལ་བ་བསྣམས་ཏེ། ཡོ་གའམ། བསྐང་གདངས། བཞི་དྲིལ་སྒར་འདོན་སྙན་ཅིང་དལ་བུས། ༀ་ཨཱཿཧཱུྃ་སྐྱེ་མེད་དབྱིངས་སོགས་བསྐུར། སྤྲོ་ན་ཨ་བྷི་ཥིཉྩ་ཧཱུྃ་གི་མཐར་བླ་མས་དབང་གཏོར་སླར་ཡང་སློབ་མའི་སྤྱི་བོར་བཞག་ལ། ༀ་ཨཱཿཧཱུྃ་ཆོས་སྐུ་ཀུན་ཏུ་བཟང་པོ་སོགས་བརྒྱུད་པའི་མཚན་ཤར་འཕྲོར་བཀའ་གཏད་གསོན་གཤིན་དམིགས་ཕྱེད་པར་གནང་མཐར། ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་སོགས་ཀུན་གྱིས་དྲིལ་བསིལ་བཅས་ཀ་ཡ་སོགས་མཐར། གཏོར་མ་ཞུ། དབང་ཞུ་ཡོད་ཚེ་རྒྱས་པར་སྤྲོ་ན་བླ་མས་བཀྲ་ཤིས་ཀྱི་མཚམས་སྦྱོར་བཅས་ཡེ་དྷར་སོགས་ཀྱི་སྐབས། ནས་བཟེད་དང་། ཌ་རུ་བཏེགས། བཀྲ་ཤིས་རྒྱས་བསྡུས་གང་འོས་གསུང་མེ་ཏོག་གི་ཆར་དབབ་མཐར། ཌ་རུ་དཀྲོལ། དེ་ནས་གསོན་དབང་སློབ་མ་ཡོད་སྐབས་མཚམས་སྦྱོར་བཅས། གཙོ་བོས་ཇི་ལྟར་སོགས། རྗེས་ཟློས་མཚམས་སྦྱོར་བཅས། ས་གཞི་སྤོས་ཆུས་སོགས་མཎྜལ་འབུལ། སླར་ཡང་སོགས་མཚམས་སྦྱོར་བཅས། དེང་ནས་བརྩམས་ཏེ་སོགས་རྗེས་ཟློས། བསྔོ་བའི་མཚམས་སྦྱོར་བཅས་བསོད་ནམས་འདི་ཡིས་དབང་ཞུ་རྣམས་གྲོལ། དབང་ཞུ་མེད་ན་བཀྲ་ཤིས་མཐར། མཎྜལ་ཕུལ། དེ་ནས་ལས་སྒྲོ་ཕུལ། བླ་མས་ༀ་བཛྲ་ས་ཏྭ་སོགས་གསུར་རྫས་རྣམས་བྱིན་རླབས་བྲན་ཏེ་ཞུ། ཀྱེ་ཧོ་ཚེ་འདས་སོགས་གསུར་རྫས་ཡོད་རིགས་ཀྱིས་མེ་གསུར་བཏང་། སྨོན་ལམ་མཐར། ཐམས་ཅད་ནམ་མཁའ་སོགས། དེ་ནས་དལ་འདོན་གྱིས་འདི་ནས་ཤར་ལྷོ་ནུབ་བྱང་སོགས། མར་མེ་བསྣམས་ལ་ཧཱུྃ་ཐུགས་རྗེའི་ཤུགས་ཀྱིས་སོགས་རྗེས་ལ་ཞུ་སྟེ་བྱང་བུའི་མདུན་དེར་འཇོག །དྲིལ་པང་། གནས་འདྲེན་ཆེ་བའི། ཧཱུྃ་ཐབས་ཀྱི་གཞུ་ལ་ཤེས་རབ་སོགས། ཕྱོགས་བཞིར་གནས་སྤར་དང་། དལ་འདོན་

གྱིས་ཞིང་ཁམས་འདི་ནས་དབུས་ཀྱི་སོགས་མཐར། སྔར་གྱི་བྱང་བུ་པདྨ་འདབས་བརྒྱད་ཅན་དེར་དཔལ་འབར་སྦར་བ་འཛུག་པ་བྱང་ཟུར་དུ་བཞག །བྱང་ཁེབ་བསལ། བླ་མ་ལ་ལས་སྒྲོ་ཕུལ་ཏེ་ཀུན་གྱིས་དྲིལ་བཅས་ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་སོགས་རྩ་སྔགས་སྐབས་ལས་ཆུ་བྱང་བུ་དཔལ་འབར་བཅས་ལ་བྲན་ནས་ཞུ། དཔལ་འབར་བླ་མ་ལ་ཕུལ་ལས་རྡོར་གྱིས་བྱང་བུའི་ཡུ་བ་ནས་བླ་མ་ལ་ཕྱོགས་པར་པད་འདབས་སྟེང་དེར་འཛིན། བླ་མས་མེ་སྦར་ཏེ་གང་ཡོད་ལ་དཔལ་འབར་གྱིས་བསྐོར་ཚུལ་རེ་བཅས་ཡུམ་ཆེན་བཞི་ཡིས་མེ་སྦར་ཏེ་བྱང་བུ་བསྲེགས། རྩ་སྔགས་ཡིག་བརྒྱ། དཔལ་འབར་ཞུ། བྱེ་བཟེད་བཏེགས། རྩ་རིགས་དང་མི་འཁྲུགས་པའི་གཟུངས་སྐབས་བྱེ་མས་བྱང་ཐལ་ལ་བྲབ། ལས་བུམ་ཕུལ་ལ་ལས་ཆུས་མེ་གཞིག །དམིགས་ཡུལ་རེ་ཞིང་ཆགས་པའི་ལས་དང་ཉོན་མོངས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨགྣེ་ཡེ་ཛྭ་ལ་རཾ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཟང་སྤྱོད་སོགས་བསྔོ་སྨོན་སྐབས་བསྟུན་གསུང་། དབང་ཆས་རྣམས་བསྡུ། བྱང་ཚ་འདེབས་བཅོལ་ནས་རྟེན་བཞུགས་བཀྲ་ཤིས་སྐབས་མེ་ཏོག་འཐོར་བར་བྱས་ནས་དབེན་པར་བཞག་བཅོལ། དེ་ནས་ཀུན་གྱིས་དྲིལ་པང་རྩ་གདངས་ཀྱིས། ཧེ་རུ་ཀ་དཔལ་སོགས། ཕྱག་ལེན་རྒྱས་སྤྲོས་སྐབས་ལས་རྡོར་གྱིས་གྲལ་མཇུག་ནས་ཕྱག་གསུམ་འཕྲོར། རྐང་གསུམ་སྟེང་གཙང་ལྷག་དང་། དེ་མདུན་དམེ་གཏོར་བཅས་སོ་སོར་བཤམས། དཔལ་འབར། ཀོང་བུ་སྦར་ས། སྨན་རཀཆང་ཁག་བཅས་འདུ་བྱ། རྒྱས་སྤྲོའི་སྐབས་ཡིན། ཧཱུྃ་ཆོས་དབྱིངས་སྐྱེ་མེད་སོགས་བཞི་དྲིལ། ཧཱུྃ་དང་པོ་གཙང་མའི་སོགས་སྦྲེལ་འདོན་རྒྱས་སྤྲོས་ལ། ཧཱུྃ་བར་དུ་གཉིས་མེད་སོགས་ཤིན་དུ་དལ་བུས་འདོན་སྐབས་ལས་རྡོར་གྱིས་པད་སྐོར་གཅིག་དང་ལག་ནང་བསྐོར། ཧེ་རུ་ཀའི་དམ་རྒྱས་དམེ་

གཏོར་ནང་ལག་གཡས་ཀྱིས་ཅུང་ཟད་བླང་སྟེ་གཙང་ལྷག་ནང་ཡར་བསྲེ། ཆོས་དབྱིངས་རྣམ་དག་ཡེ་ནས་སོགས་དུས་པད་སྐོར་དང་ནང་སྐོར་མེད་པའི་ཧེ་དམ་རྒྱ་བཅས་ལ་གཉིས་ཀས་གཙང་ལྷག་དམེ་གཏོར་ནང་མར་དྲིལ་མཐར་རྐང་ལག་འདུད་རྒྱ་བཅས་ལྷག་ཞུས་བྱས་འཕྲལ། གཡས་ལྷག་གཏོར་དང་། གཡོན་ཚོགས་ཆང་བདུད་རྩི་ཐིག་ཞིག་བླ་མར་ཕུལ་བས་བླ་མའི་ཕྱག་གཡོན་ནང་དུ་བླུག་ཞལ་དུ་བཞེས་ནས་ཕྱག་གཉིས་ནང་སྐོར་མཁའ་དབྱིངས་རྒྱ་མཛད་པའི་ནང་ནས་ལྷག་མར་ཞལ་ཆབ་བྲན་པ་དང་བསྟུན། བྱང་འདྲེན་པས་བསྐུལ་ཏེ། ༀ་ཨཱཿཧཱུྃ་པཉྩ་ཨ་མྲྀར་ཏ་ཧ་ཧོ་ཧྲཱི༔ ཕེམ། ལྷག་མའི་དམ་ཚིག་༼རྫས་༽འདོད་ཡོན་ཀྱི་ཕུང་པོ་ཟད་མི་ཤེས་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨེ་ཨ་ར་ལི་ཧྲིང་ཧྲིང་ཛ་ཛ༔ ཌ་དྲིལ་བཅས། བཛྲ་པུཥྤེ་སོགས་ནས་ཤབྟ་པྲ་ཏི་ཙ་ཡེ་སྭཱ་ཧཱཿལས་རྡོར་གྱིས་ཞལ་ཆབ་བྲན་ཚར་བ་དང་ལྷག་གཏོར་གྲལ་མཇུག་རྐང་གསུམ་སྟེང་དུ་འཇོག །མེ་སྒྲོན་འཛུག །སྨན་རཀ་སྦྲེང་ཐུར་བསྣོལ་མར་བཟུང་། ཧཱུྃ་ཐ་མ་ལྷག་མའི་སོགས་སྦྲེལ་འདོན་གྱིས། བྷྱོ་དཔལ་གྱི་བཀའ་ཉན་སོགས་ནས་བྱང་གི་སྐོམ་བཟང་རཀྟ་སོགས་ཀྱི་སྐབས། དང་པོ་གཡས་ཀྱིས་རཀྟ་དང་། གཡོན་གྱིས་སྨན་བྲན་མཐར། བྲན་ཐུར་གཉིས་ལག་གཡོན་པའི་གུང་སྲིན་གཉིས་ཕྱིར་བསྐྱང་བའི་ནང་དུ་ཁག་མགོ་མཐེ་ཆུང་ལ་ཕྱོགས་པར་བཞག །སློབ་དཔོན་གྱིས་ཀྱང་བྱང་གི་དཔལ་གྱི་བཀའ་ཉན་དུས། ཌ་རུ་བཅས་ཕྲིན་ལས་འགྲུབ་པར་མཛོད་ཀྱི་དུས་མྱུར་བར་དཀྲོལ། ལས་རྡོར་གྱིས་གར་པད་བཅས་ལག་གཉིས་ཀས་ལྷག་མ་བཟུང་སྟེ། དང་པོ་རྐང་གཡོན་ཅུང་ཕྱིར་ནུར། དེ་ནས་འཕྲལ་གཡས་དང་སླར་གཉིས་ཀ་མཉམ་ནུར་ཏེ་རྡོ་རྗེའི་འགྲོས་ཞེས་པས་ཕྱི་རོལ་གཙང་སར་བླུག་ནས་མེ་སྒྲོན་ལེན། ནང་དུ་ཕྱིན་ནས་རྐང་གསུམ་བསྡུ་བ་རྒྱས་

སྤྲོས་སྐབས་ཡིན། སྤྲོས་མེད་ལ་བར་དུ་གཉིས་མེད་སོགས་མཐར། ༀ་ཨཱཿཧཱུྃ་པཉྩ་ཨ་ཨ་མྲྀར་ཏ་སོགས་ལ་ལས་རྡོར་གྱིས་ལྷག་མར་ཚོགས་ཆང་བྲན་ཌ་རུ་སོགས་སྔར་ལྟར། ལྷག་མར་དཔལ་འབར་འཛུག་སྨན་རཀ་བྲན་ཏེ་གྲལ་གཤམ་སོགས་ནས་བཏེགས། ཧཱུྃ་ཐ་མ་སོགས། སློབ་དཔོན་ཌ་རུ་བཅས་བྱང་ནས་དུས་ཕྱིར་མཆོད་མེ་སྒྲོན་ཞུ། དེ་ནས་ཀུན་གྱིས་རྒྱ་བཅས་ན་མོ་དཀོན་མཆོག་སོགས་གཏོར་མ་འདི་ལ་ཁུག་ཅིག །འདིར་སྡེ་བདུན་དང་ཆད་ཐོ་ལ་སྨན། རཾ་ཡཾ་ཁཾ་རཀྟ་ༀ་ཨཱཿཧཱུྃ་ཧཱུྃ་བྷྱོ་རྣམ་དག་ཆོས་དབྱིངས་སོགས་བསྐུལ། ཧཱུྃ་བྷྱོ་བཀའ་དང་དམ་ཚིག་སོགས། གཡས་ཕུད་སྐྱེམས་དང་གཡོན་སྡེ་བདུན་གཏོར་མ་མེ་སྒྲོན་བཅས་བཏེགས་ལ། ཧཱུྃ་བྷྱོ་མ་ནིང་ནག་པོ་སོགས་དམར་གྱི་གཏོར་མ་བརྗོད་དུས་ཕྱིར་འབུལ། མཐར་འདིར་རྙིང་ལུགས་ལྟར་ན་འགའ་རེས་ཌ་རུ་བརྡུང་སྲོལ་ཀྱང་འདུག །དེ་ནས་ཧཱུྃ་དུས་གསུམ་དུས་མེད་སོགས། ལས་རྡོར་གྱིས་གཡས་ཆད་ཐོ་དང་། གཡོན་གུང་སྲིན་ཕྱིར་བརྐྱང་ནས་སྨན་རཀ་བྲན་ཐུར་མགོ་མཐེ་བོང་ལ་ཕྱོགས་པར་བཟུང་བའི་སྟེང་བསྟན་གཏོར་བཅས་གཉིས་ཀར་དཔལ་འབར་འཛུག་ཏེ་བཏེགས་པར་བསྐུལ་མཚམས་བཅས། ཧཱུྃ་ཛ༔ ཤར་ཕྱོགས་སོགས་ནས། ཧཱུྃ་ཕྱོགས་བཞི་མཚམས་བརྒྱད་སྐབས་ཕྱིར་ཁྱེར་ལ་མེ་སྒྲོན་ཞུ། ཆད་ཐོ་མཆོད་ནས། ༀ་ཨཱཿཧཱུྃ་ཧཱུྃ་བྷཱོ་བསྟན་མ་སོགས་བསྟན་གཏོར་ལ་སྨན་རཀ་བྲན་མེ་སྒྲོན་ཞུ། མཐར་མཆོད་ནས་ནང་དུ་ལོག་ནས་གྲལ་གཤམ་དུ་ཆད་བསྟན་སྣོད་སྦུབ་ཏེ་སློབ་དཔོན་ཕྱག་གི་རྡོ་རྗེ་ཞུས་ནས། ན་མོ་དཀོན་མཆོག་གསུམ་དང་སོགས་ཁུག་ཅིག །དུས་གྲལ་མཐའ་ནས་ཁ་ཡར་ཕྱོགས་པར་གཏོར་གཞོང་སྟེང་དུ་དང་པོ་ཤར་ནུབ་དང་ལྷོ་བྱང་གི་རྒྱ་གྲམ་བཀོད་རྡོ་རྗེ་སླར་ཕུལ། ཧཱུྃ་ཕྱོགས་མེད་ཕྱོགས་དང་སོགས་འདི་སྐབས་བླ་མ་ནས་བཟུང་སྟེ་

ཚོགས་པ་ཐམས་ཅད་ལ་ནས་བཀྱེ། ༀ་ལཾ་སོགས་མཐར་གཏོར་གཞོང་ཁ་གྱེན་དུ་བཀྱག་ནས་ནང་དུ་ནས་བླུག །དེ་ནས་གཡས་ཆུ་དང་གཡོན་དུ་ནས་ཐོགས་ཏེ་མཆོད་ཁ་གསོ་ཞིང་། བཛྲ་པུཥྤེ་སོགས་ཌ་རུ་བཅས་སྒར་འདོན་གྱིས་བཀའ་བརྒྱུད་བླ་མ་སོགས་ཀྱིས་བསྟོད་མཐར། བདག་ཉིད་སྤྱི་གཙུག་སོགས་མཐར་རྡོ་རྗེ་ཐུགས་ཀར་དྲིལ་བསིལ་བཅས་ཡིག་བརྒྱ་གཅིག་གམ་གསུམ་གྱི་མཐར། ཨ་ཨཱཿསོགས་དབྱངས་གསལ་གཅིག །ཀུན་གཞི་མ་བཅོས་སོགས་དང་། སྤྲོ་ན་ཐར་སྦྱར་བཅས། ཧོཿགང་ཡང་བདག་བློ་སོགས་ཀྱིས་ནོངས་པ་བཤགས། ༀ་ཡེ་དྷརྨ་སོགས། ༀ་སྟོང་ཞིང་བདག་མེད་སོགས་མེ་ཏོག་གི་ཆར་དབབ་ལ་བཀྲ་ཤིས་བརྗོད་མཐར་ཌ་རུ་བཅས། ན་མོ་འཁོར་གསུམ་ཡོངས་དག་སོགས་བསྔོ་སྨོན་དང་། འདིར་ནི་རྟེན་དང་། ༀ་སུ་པྲ་ཏིཥྛ་སོགས་རྟེན་ཡོད་རིགས་ལ་མེ་ཏོག་གཏོར་ཏེ་རྟེན་བཞུགས་བྱ། གཤེགས་གསོལ་ནི་སྒྲུབ་ཆེན་གྱི་རྡུལ་ཚོན་བསྡུ་སྐབས་སོགས་རེ་འགའ་མ་གཏོགས་མི་བརྗོད་པ་རྫོགས་ཆེན་རང་ལུགས་ཀྱི་ཕྱག་སྲོལ་འཁྲུལ་མེད་ངེས་པའོ། །དེ་ནས་དལ་འདོན་གྱིས། གཟུགས་སྣང་ཐམས་ཅད་སོགས། ཨཱཿཨཱཿཞེས་བསྐྱེད་རིམ་བསྡུ་ལ་མཉམ་པར་བཞག །སླར་ཡང་སྐད་ཅིག་སྟོང་གསལ་སོགས། རྡོར་སེམས་ཀྱི་རྒྱ་བཅས་རྒྱུན་སྤྱོད་ཀྱི་ལྷར་ལྡང་བར་བྱའོ། །དེ་ནས་དྲིལ་པང་ལྷུབ་འདོན་གྱིས་བདག་གཞན་དུས་གསུམ་སོགས་ནས་མྱུར་ཐོབ་ཤོག༔ ཅེས་སྨོན་ལམ་རྣམ་དག་གིས་མཚམས་སྦྱར་བར་བྱའོ། །དེ་ནས་རང་ལུགས་གཏོར་བསྔོ་སྐབས་བསྟུན་དང་བསྡུ་ན་ན་མོ་དཀོན་མཆོག་གསུམ་སོགས་ཁུག་ཅིག །རཾ་ཡཾ་ཁཾ་སོགས་པདྨ་རིག་འཛིན་གྱིས་མཛད་པའི་གཏོར་བསྔོ། ནམ་མཁའ་མཛོད་སྔགས། རྒྱལ་བའི་སྤྱི་བསྐང་། སྡེ་མཆོད་རྒྱས་བསྡུས་

གསོལ་སྤུང་ལ་སྤོས་སྦར། ཧཱུྃ་རང་བྱུང་སོགས་དུས་ཕུད་སྐྱེམས་བཏེགས། ཀུན་བཟང་ཞི་ཁྲོ་སོགས་སྐྱེམས་གཏོར་གཙང་སར་གཤེགས། རྒྱལ་བསྟན་ཉིན་མོར་རྒྱས་པའི་བཀྲ་ཤིས་ཤོག །བར་དང་རྟ་ནག་བཏོན་ན་ཁྲོ་བོ་རྟ་མགྲིན་སོགས་བསྡུ་རིམ་དགོས་དེ་ནས་སྤྱི་འདུས་བསྡུ་རིམ་ནས། ས་ལ་འོག་མིན་བར་བཏང་། དེ་ནས་ཀུན་གྱིས་དྲིལ་པང་། ལྷུབ་འདོན་གྱིས་བླ་མ་ཡི་དམ་སོགས། ཡེ་དྷརྨཱའི་འཕྲོར། དྲིལ་བཅས་ཕུན་སུམ་ཚོགས་པ་སོགས། ཉིན་མོ་བདེ་ལེགས་སོགས། དེང་འདིར་སོགས་ཌ་རུ་བཅས། ཌ་དྲིལ་སོགས་བཞག །དེ་ལྟར་སོགས། རྒྱལ་བ་ཀུན་གྱི་སོགས། སྤྲོ་ན། མཚོ་རྒྱལ་མའམ། ཨོ་རྒྱན་མཁན་པོའི་སོགས་བསྟན་རྒྱས་སྨོན་ལམ་དང་། སྔ་འགྱུར་བསྟན་པ་སོགས། ས་ལ་འོག་མིན་སོགས། ནས་བཅས་ཐལ་སྦྱར་རང་གདངས་ཀྱིས། ཧྲཱི༔ སྔོན་ཚེ་དེ་བཞིན་སོགས། བཀྲ་ཤིས་ཤོག །མེ་ཏོག་འཐོར་བར་བྱའོ། །བཀྲ་ཤིས་གཡང་ཇ། ཇ་མཆོད། ཡུལ་ཕྱོགས་གཞི་བདག་སོགས། ཇ་བཞེས། འདི་སྐབས་དགེ་བསྐོས་སོགས་ཀྱིས་ཕྱག་གསུམ་སྔོན་དུ་འགྲོ་སྟེ་གུས་འདུད་ཀྱིས། ཐོག་མར་ཡོན་གནས་ཀྱི་ཆེ་བ། བར་དུ་སྦྱིན་བདག་གི་ལོ་རྒྱུས་དང་དངོས་པོ་ཟང་ཟིང་གི་རྣམ་བཞག་གསུམ་གྱིས་བསྡུས་པའི་འབེལ་གཏམ་འབྲེལ་ཆགས་པ་བཅས་ཡོན་འབུལ་བཞག་ལ། སློབ་དཔོན་གྱིས་བསྔོ་བའི་སྟོང་ཐུན་བཅས་ལྗགས་བསྔོའི་མཚམས་སྦྱོར་བཅས་གནང་མཐར། སྣང་གྲགས་རིག་གསུམ་སོགས་དང་། རིགས་གསུམ་སེམས་དཔའི་བསྙེན་དབྱངས་བཅས། ཚོགས་པ་རྣམས་གྲོལ་བར་བྱའོ། །ཞེས་གོང་སྨོས་དེ་ནི་ཞི་ཁྲོའི་ཆོ་ག་ཁྲུས་བརྒྱ་གནས་བརྒྱ་དབང་བརྒྱ་ཞེས་གྲགས་ཆེ་ཞིང་དར་ཆ་ཆེ་བ་དེའི་ཕྱག་བཞེས་རག་རིམ་ཙམ་བརྗོད་པ་ལགས་སོ། །ཡང་སྤྱི་

འདུས་མི་འདོན་ན་དཀར་བགེགས་ཞི་ཁྲོའི་གསོལ་འདེབས་འཕྲོར་བཏང་། ཡང་སྔ་ཕྱི་ཆོ་ག་གཉིས་ལས་མ་གསུང་ན་སྔ་ཆོག་ལས་བྱང་ཆེ་བ་སོགས་ཁྲུས་བརྒྱའི་སྐབས་ལྟར་ལ། བརྒྱ་ཕྱག་འཕྲོར། ཀློང་བཤགས་འདོན། དེ་ནས་གནས་འདྲེན་ཆེ་བ་བཏོན་པས་སྣ་བདུན་འཕྲོར་རྟགས་བརྒྱད་དབང་བཅས་གསུང་། གཞན་ཡང་སྔར་ལྟར་དེ་ནས་གསོལ་འདེབས་དང་ལས་བྱང་ཆུང་བ་བསྙེན་བསྟོད་རྒྱས་པར་བྱས་མཐར་ན་རཀ་སྐོང་བཤགས། ཚོགས་བསྐང་གནས་འདྲེན་ཆུང་བ་གཏོར་དབང་སོགས་དང་གནས་སྤར་རྒྱས་པ་བཅས་ལྷག་མ་ཡན་སྔར་ལྟར་རོ། །ཡང་དགོངས་ཞག་སྐབས་ཆོས་སྤྱོད་ཅི་རྒྱས་སྐབས་སུ་ཆུ་གཏོར་བརྒྱ་རྩ་སྤྱི་འདུས་སོང་ནས་ལས་བྱང་རྒྱས་པ་བརྒྱ་ཀློང་འཕྲོར་ཚོགས་བསྐང་རྒྱས་པ་གནས་འདྲེན་བཅས་སྣ་བདུན་རྟགས་བརྒྱད་སྤར་ཆོག་རྒྱས་པ་བཅས་མཐར་སྐབས་ན་སྨོན་ལམ་རྣམ་ལྔ་འདོན། དེ་ནས་ལྷག་མ་བསྡུས་པ། མཆོད་བསྟོད། གསོལ་འདེབས་ཆུང་བ་ལས་བྱང་ཆུང་བ་བསྙེན་བསྟོད་བཅས། ན་རཀ་བསྐང་བཤགས། རུ་བཞིའི་བསྐང་བའི་བར་དང་། དེ་ནས་ཚོགས་ཆུང་བའི་བྱིན་རླབས་འཕྲོར། སྟོང་གསུམ་འདིའམ་སོགས། རུ་བཞིའི་བསྐང་བ་ཧཱུྃ་མ་བཅོས་རང་བྱུང་སོགས་ནས་མར་མེ་སྨོན་ལམ་མཇུག་གི་བར་དང་། ཚོགས་སྤྱན་འདྲེན་སོགས་དཀྱུས་ལྟར་མདངས་བསྐང་རྒྱས་བསྡུས་སྐབས་བསྟུན། སྡེ་བདུན་བསྐང་འཚབ། ཧཱུྃ་བླ་མ་ཡི་དམ་ཞི་ཁྲོ་དང་༔ སོགས། དེ་ནས་དངོས་པོ་ཆོས་ཉིད་སོགས་དང་། ཚོགས་དྲངས། གནས་ཆུང་། གཏོར་དབང་། སྤར་ཆོག་བསྡུས་པ་བཅས། བྱང་བསྲེག་རྒྱས་བསྡུས་གང་འོས་སྐབས་བསྟུན་འདོན་ན། དཔལ་འབར་གྱིས་བསྐོར་ཏེ་དམིགས་རིམ་བཅས་ཉིན་བཞིན་འདོན་ན་ལེགས་ཞེས་མཁན་ཆེན་པདྨ་བཛྲ་གྱིས་གསུངས་སོ། །དེ་ནས་ཆགས་མེད་བདེ་སྨོན་སོགས་

སྨོན་ལམ་ཅི་ལྕོགས་བཏོན། དེ་ནས་ལྷག་མ་ཆེ་བ་སོགས་ནས་དཀྱུས་བཞིན་ནོ། །ཡང་རྒྱལ་སྲས་གཞན་ཕན་མཐའ་ཡས་དང་། དེའི་བརྒྱུད་འཛིན་གླིང་སྤྲུལ་རིན་པོ་ཆེ་སོགས་ཀྱི་ཕྱག་སྲོལ་ལ། ཛ྄བ་བཟླས་མགོར། བྷྲཱུཾ་བི་ཤ་བི་ཤུདྡྷེ་སོགས་བཀའ་མ་ལྟར་ཛ྄བ་ཁང་དབྱེ་ལ། བདག་མདུན་གྱི་ལྷ་ཚོགས་ཞི་བ་རྣམས་སོགས་དཀྱུས་ལྟར་ལ། ཧཱུྃ་བཟླས་མཐར་བུམ་བསྐྱེད། ༀ་སྭ་བྷ་ཝ་སོགས། བཞི་དྲིལ་གྱིས། བུམ་པ་མི་དམིགས་སྟོང་པའི་སོགས། བཛྲ་ས་མ་ཡ་ཛ༔ དྲིལ་བཅས་བསྡུ་རྒྱ་ཛ་ཧཱུྃ་སོགས་ལ་རང་རྒྱ། བཛྲ་པུཥྤེ་སོགས་ལ་རང་རྒྱ་ཌ་རུ་བཅས། རྩ་ཕྱག་གིས། བསྟོད་པར་འོས་པ་སོགས་ཀྱིས་བསྟོད་མཐར། གཟུང་ཐག་ཕུལ་ནས། རང་སྲོག་སྔགས་ཀྱི་སོགས་སྤྱི་ལྟར་ལ། ལས་བུམ་གྱི་ཡིག་བརྒྱའི་སྐབས། ལས་རྡོར་གྱིས་ཀུན་ལ་ནས་བཀྲམ་ནས། མཆོད་བསྟོད་བྱས་མཐར། དུང་ཆུ་ཕུལ་མཐར། ༀ་བཛྲ་ས་མ་ཡ་སོགས། མེ་ཏོག་འཐོར་ཏེ། དྲིལ་བསིལ་བཅས་ཡོ་ག་གདངས་འཐེན་ཅན་གྱི་ༀ་ཡེ་ཤེས་རྒྱལ་པོ་སོགས་ཀྱི་སྔགས་ལ་དྲིལ་བསིལ་བཅད། ཐལ་སྦྱར། ཡོ་གས། ༀ་རྡོ་རྗེ་ཡེ་ཤེས་སོགས་ཀྱིས་གནང་བ་ཞུས་མཐར། རྡོ་རྗེ་ཐུགས་ཀར་དྲིལ་བསིལ་ཡིག་བརྒྱ་བརྗོད་འཛབ་མཇུག་བསྡུ་བ་ཁྱད་པར་དང་། ལས་བྱང་རྗེས་མའི་དངོས་གྲུབ་ལེན་པ་ནི། ཧཱུྃ་བདེ་གཤེགས་རྒྱལ་བ་སོགས་གསུང་སྐབས་གཙོ་བུམ་བླ་མ་ལ་ཕུལ་དགོས། ཡང་ལས་བྱང་ཚར་གཅིག་ལས་མི་འདོན་ན། རྟ་བྲོའི་མཇུག་གཏང་རག་མཆོད་བསྟོད་འཕྲོར། ཧཱུྃ་བདེ་གཤེགས་རྒྱལ་བ་སོགས་ལ་གཙོ་བུམ་ཕུལ་ནས་དངོས་གྲུབ་ལེན་པ་ཕྱག་བཞེས་མཐོང་བརྒྱུད་འཁྲུལ་མེད་ཡིན་ལགས། དེ་ཡི་ཕྱག་སྲོལ་མཛད་དུས་གནས་འདྲེན་སྐབས་ཡེ་ཤེས་དབབ་པ་མཐོང་བ་བསྟན་པའི་མཇུག །བུམ་དབང་གི་མགོར་སྦྱར་སྲོལ་འདུག །གནས་འདྲེན་བཤམས་སྐབས་

དམྱལ་བའི་ས་བོན་མགོ་ཐུར་བསྟན། ཡི་དྭགས་དང་བྱོལ་སོང་འཕྲེད་བསྟན་གྱི་ཐུབ་དྲུག་བཤམ་ཏེ། ཕྱག་མཚན་དྲུག་གི་དབང་མཛད་སྲོལ་སྐུ་ཞབས་གཞན་ཕན་ཆོས་ཀྱི་སྣང་བས་ཞལ་རྒྱུན་འཁྲུལ་མེད་ཡིན་ནོ། །དེ་ལྟར་རྒྱས་བསྡུས་གང་ལྟར་ཡང་ཕྱག་ལེན་ནི་གོང་སྨོས་བཞིན་ལ། གཞན་དུ་ཞི་ཁྲོ་སྒྲུབ་ཆེན་གྱིས་ཕྱག་བཞེས་འབྲུག་ཆོས་དབྱིངས་རོལ་པའི་རྡོ་རྗེས་མཛད་པའི་སྒྲུབ་ཁོག་ཆེན་མོ་ལྟར། དེ་དག་གི་ཕྱག་ལེན་རྒྱས་པ་ནི་འདིར་སྨོས་མ་སྐབས་སོ། །ཡང་འདིར་ཞི་ཁྲོ་སྤྲོས་བཅས་སྐབས་མཁོ་གལ་ཆེ་བའི་མཆོད་རོལ་བྱ་ཚུལ་རྫོགས་ཆེན་རང་ལུགས་སྔར་སྲོལ་འཁྲུལ་མེད་བཀོད་པ་ལ། དཀར་བགེགས་ཞི་ཁྲོའི་མགོར་སྦྱར་དུས། དཀར་གཏོར་འཕྲོར་འཇམ་རོལ། དུང་དཀར། རྒྱ་གླིང། ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡའི་མཐར་བགེགས་བསྐྲད་ལ་འཇམ་རོལ། དུང་ཆེན་ཎི་བཅད། རྐང་གླིང་བཞི་འབུད། མཆོད་པ་བྱིན་རླབས་འཕྲོར་འཇམ་རོལ། དུང་རྒྱག་རྔ་རྐང་གསུམ། ཁྲོ་བོའི་སྤྱན་འདྲེན་མཐར་འཇམ་རོལ། དུང་རྒྱག་རྔ་རྐང་བཞི་བཅད། སྤྱི་མཆོད་བླ་མ་ཀུན་བཟང་མཐར་འཇམ་རོལ། དུང་རྒྱག་རྔ་རྐང་གསུམ། གཏོར་མཆོད་མཐར་འཇམ་རོལ། དུང་རྒྱག་རྔ་རྐང་གསུམ་བཅད། བསྙེན་མཇུག་མཆོད་མཐར་རོལ་དུང་རྒྱག་རྔ་རྐང་གསུམ་བཅད། སྡེ་བདུན་སྤྱན་འདྲེན་མཐར་རོལ་དུང་རྒྱག་རྔ་རྐང་བཞི། མཆོད་པའི་མཐར་རོལ། དུང་རྒྱག་རྔ་རྐང་བཞི་བཅད། དེ་ནས་གནས་འདྲེན་ལ་ཤིན་ཏུ་རྒྱས་སྤྲོའི་སྐབས་འགའ་རེ་ཙམ་མ་གཏོགས་མཆོད་རོལ་མཛད་སྲོལ་མེད། སྤྲོ་ན་བགེགས་བསྐྲད་མཐར་རོལ་ཆེན་ནམ་འཇམ་རོལ། དུང་ཆེན་ཎི་བཅད། རྐང་གླིང་བཞི་བཅད། ཁྲུས་རབ་གནས་སྐབས་ལྟར་ཐོག་མཐའ་ལ་རོལ་མོ་ཆ་ཚང་། དུང་དཀར་རྒྱ་གླིང་། དེ་མིན་ཁྲུས་ཀུན་ལ་ཕྱེད་རོལ། དུང་དཀར་ཁོ་ན། བྱིན་

འབེབས་མཐར་འཇམ་རོལ། དུང་རྒྱག་རྔ་རྐང་བཞི་འབུད། བུམ་དབང་མཐར་འཇམ་རོལ། དུང་རྒྱག་རྔ་རྐང་། དབང་གི་བཀྲ་ཤིས་མཇུག་རོལ། དུང་རྒྱག་རྔ་རྐང་། དེ་ནས་ན་རཀ་བསྐང་བཤགས། ཨ་ལ་ལ་ཏེའི་མཐར་འཇམ་རོལ། དུང་རྒྱག་རྔ་རྐང་། དེ་ནས་ལས་བྱང་ཆུང་བ་ཚར་ནས་རྗེས་མའི་མཐར་བསྙེན་པའི་མཆོད་པ་ལ་འཇམ་རོལ། དུང་རྒྱག་རྔ་རྐང་། དངོས་གྲུབ་ལེན་མཐར་འཇམ་རོལ། དུང་རྒྱག་ཌ་རུ། ཚོགས་ཀྱི་བགེགས་བསྐྲད་མཐར་འཇམ་རོལ། དུང་ཆེན་ཎི་བཅད། རྐང་གླིང་བཞི། སྟོང་གསུམ་འདིའམ་མཐར་འཇམ་རོལ་དུང་རྒྱག་ཌ་རྐང་། ཚོགས་སྤྱན་འདྲེན་མཐར་འཇམ་རོལ། དུང་རྒྱག་ཌ་རྐང་། སྡེ་བདུན་ཚོགས་ཕུད་མཐར་འཇམ་རོལ་དུང་རྒྱག །ཌ་རྐང་། ཚོགས་བསྒྲལ་མཐར་འཇམ་རོལ་དུང་ཆེན་ཎི་བཅད། རྐང་བཞི་བཅད། ཞི་བསྐང་ཡིད་གྱི་རྣམ་ཤེས་མཐར། མཆོད་རོལ་དུང་རྒྱག་ཌ་རྐང་ལྔ་བཅད། དངོས་པོ་ཆོས་ཉིད་མཐར་མཆོད་རོལ་དུང་རྒྱག་ཌ་རྐང་ལྔ་བཅད། ལྷག་མའི་ཁ་ཕྲུའི་པུཥྤེ་སོགས་མཐར་འཇམ་རོལ། དུང་རྒྱག་ཌ་རྐང་སུམ་བཅད། ལྷག་མའི་མཐར་འཇམ་རོལ་དུང་རྒྱག་ཌ་རྐང་བཞི་བཅད། སྡེ་བདུན་བསྐུལ་བའི་མཐར་མཆོད་རོལ་དུང་རྐང་བཞི་བཅད། ཆད་ཐོའི་ཟོར་སྒོ་དབྱེ་བའི་མཐར་འཇམ་རོལ་དུང་རྐང་བཞི་བཅད། བསྟན་མའི་མཐར་འཇམ་རོལ་དུང་དཀར་དམར། རྟ་བྲོའི་མཇུག་གི་མཆོད་བསྟོད་མཐར་འཇམ་རོལ་དུང་རྒྱག་ཌ་རྐང་སུམ་བཅད། བཀྲ་ཤིས་མཐར་འཇམ་རོལ་དུང་རྒྱག་ཌ་རྐང་བཞི་བཅད། མཇུག་གི་བཀྲ་ཤིས་རྒྱས་པའི་མཐར་འཇམ་རོལ་དུང་རྒྱག་ཌ་རུ་རྐང་གླིང་བཞི་བཅད་བཅས། ཐམས་ཅད་ཀུན་ལ་དུང་ཆེན་མི་འབུད་ས་མེད། གཞན་རྒྱ་གླིང་དང་། དུང་དཀར། རྐང་གླིང་། ཌ་རུ་སོགས་སོ་སོར་དམིགས་ཕྱེད་པར་བྱའོ། །འདི་རྣམས་མི་བརྗེད་ཐོ་

བྱང་ཙམ་དུ་བཀོད་པ་ཡིན་གྱི། གཞན་དུ་བཅའ་བཟོ་བཤམས་བཀོད་ཕྱག་ལེན་འབུད་དཀྲོལ་སོགས་རང་བཟོའི་དྲི་མས་མ་བསླད་པར་སྔོན་བྱོན་དམ་པ་གོང་མའི་མཐོང་བརྒྱུད་ཀྱི་ཕྱག་བཞེས་ཉམས་མེད་མཛད་པ་ཅི་ནས་ཀྱང་གལ་ཆེ། སླར་སྨྲས་པ། རྣམ་ཀུ༵ན་ལྷག་བསམ་བཟ༷ང་པོའི་གངས་རི་ལས། །ལེགས་འོང་བསྟན༷་འཛི༷ན་གོང་མའི་ཞལ་ཆབ་འདི། །མི་ཤེས་བློ་ཡི་དྲི་མ་ལེགས་བཀྲུས་ནས། །ཤེས་བྱའི་ཡོན་ཏན་འཕེལ་བའི་རྒྱུར་གྱུར་ཅིག །བསླབ་གསུམ་ཐིག་འཕྲེང་ཅི་མཛེས་སྦྲ་མ་རས། །རྒྱལ་བསྟན་པདྨ་མཛེས་པའི་སྐྱེད་ཚལ་ནས། །ཟབ་དོན་བདུད་རྩིའི་ཟིལ་མངར་ཟབ་གཞིབ་ཏེ། །སྔོ་བསང་བཻཌུར་ཞུན་འཁྱིལ་གསེར་འཛིན་གཞིར། །སྙན་ཅིང་གྲགས་པ་མཐོ་བའི་གླུ་ལེན་ཅིང་། །ཚོགས་གཉིས་ཟུང་གི་གཤོག་རྩལ་རབ་རྫོགས་ནས། །སྐུ་གཉིས་འབྲས་བཟང་སྨིན་པའི་བཀྲ་ཤིས་ཤོག །སརྦ་དཱ་ཀ་ལྱ་ཎཾ་བྷ་ཝནྟུ།། །།

གཉིས་པ་རོ་ལ་སྦྱངས་པ་ནི།

གཉིས་པ་རོ་ལ་སྦྱངས་པ་ནི། རོ་དེའི་མདུན་དུ་མཎྜལ་ཁྲུ་དོ་བ་ལ་སོགས་པ་བྱས་ཏེ་གུརྒུམ་ལ་སོགས་པ་དྲི་བཟང་པོས་ཆགས་ཆགས་བཏབ་ལ་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྲིས་པའི་དབུས་སུ་རིན་པོ་ཆེའམ་རྫ་ཡིན་ན་ས་དཀར་གྱིས་བསྒྱུར་བའི་བུམ་པ་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་བཅས་པའི་ནང་དུ་ཆུ་གཙང་མ་བུམ་རྫས་དང་བཅས་པས་བཀང་བའི་ཕྱོགས་བཞིར་མཚལ་ལམ་ལྡོང་རོས་ཀྱིས་ཨ་བཞི་བྲིས་པ་བཞག་ལ། བུམ་པ་འོད་ལྔའི་གཞལ་ཡས་ཁང་དུ་བསམ་པའི་ནང་དུ་སྟོན་པ་ཀུན་ཏུ་བཟང་པོ་མཐིང་ཀ་མཉམ་བཞག་དང་བཅས་པ་ཡབ་ཡུམ་གྱི་ཕྱོགས་མཚམས་སུ་རིགས་ལྔའི་སངས་རྒྱས་དང་། སྟེང་དུ་བླ་མ་བརྒྱུད་པ་རྣམས་བསམ་ལ་སྐད་ཅིག་གྱིས་སྤྱན་དྲངས་ཏེ་བསྟིམ་ནས། ༀ་ཨཱཿ་ཧཱུྃ་སྭཱ་ཧཱ་དང་། ཨ་འབུམ་ཕྲག་གཅིག་གིས་བསྙེན་པ་བྱས་ལ། བར་བར་དུ། ༀ་ཨ་བྷྱ་རྒྱ་ཏཾ་ཀེཾ་དང་། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་། གཟུངས་ཐག་ནས་བཟུང་སྟེ་རང་ཉིད་རྡོ་རྗེ་སེམས་དཔར་བསམ་པའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བླ་མ་དང་ལྷ་སོ་སོའི་སྐུའི་ཆ་ནས་བདུད་རྩི་བབ་པས་བུམ་པ་ཁེང་བར་བསམ་ལ། མཆོད་པ་དང་བསྟོད་པ་ཅི་ཤེས་པས་བསྟོད་དེ་མཐར། ཨ་ཨ་ཞེས་བརྗོད་པས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ཆུར་ཞུ་བར་བསམ་ལ་བུམ་པ་དེ་རོའི་སྤྱི་བོར་བཞག་སྟེ་ཨ་ལོ་གྲངས་ཙམ་བརྗོད་ནས་བུམ་པའི་ཆུ་དེ་ཡེ་ཤེས་ལྔའི་ཆུ་རྒྱུན་དུ་དམིགས་ལ་ཨ་དང་བཅས་པས་བཀྲུས་པས་སྒྲིབ་པ་དག་པར་བསམ་སྟེ་ཨ་མང་དུ་བརྗོད་པས་དམྱལ་བའི་གནས་ནས་འདྲོངས་བར་ངེས་སོ། །དེ་ནས་མགྲིན་པར་བྷྱ་དང་།

གསང་གནས་སུ་རྒྱ་དང་། མཆན་ཁུང་དུ་ཀེཾ་དང་། སྤྱི་བོར་ཏཾ་བརྗོད་ནས་བཀྲུས་པས་རིམ་པ་ལྟར། ཡི་དྭགས། བྱོལ་སོང་། ལྷ་མིན། ལྷའི་གནས་རྣམས་ནས་འདྲོངས་ངེས་སོ། །དེ་ནས་ༀ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་ཅིང་བུམ་པ་སྙིང་ཀར་བཟུང་ནས་བཀྲུས་པས་མིའི་སྐྱེ་གནས་ངན་པ་སྦྱངས་ཏེ་མི་ལུས་རིན་པོ་ཆེར་དྲངས་ནས་ཚེ་དེས་ཐར་བའི་སྐལ་བ་ཅན་དུ་འདྲོངས་སོ། །དེ་ལྟར་ཞག་གསུམ་མམ་ལྔའམ་བདུན་དུ་བྱས་ན་ཕུང་པོ་བསྲེགས་སམ་བསྐྱལ་ན་ལྷ་མི་ཁྱད་པར་ཅན་ནམ། རྣམ་པར་གྲོལ་བའི་རྟགས་ནམ་མཁའ་ལ་མི་འབྱུང་མི་སྲིད་པའོ། །ཡང་ན་མིང་བྱང་བཀྲུ་བར་གསུངས་སོ། །ཞེས་རྒྱུད་ཉི་ཟླ་ཁ་སྦྱོར་རྒྱུད་ཀྱི་དགོངས་པ་ཐེག་མཆོག་མཛོད་དུ་བཀྲལ་བ་ལྟར་རོ། །སྐྱེ་མེད་ཀྱི་ཡི་གེ་ཨ་ལ་རིང་ཆ་དང་ཚེག་དྲག་མེད་པའོ།། །།

བུམ་བསྐྱེད་ཉུང་བསྡུས་ནི།

༈ བུམ་བསྐྱེད་ཉུང་བསྡུས་ནི། བུམ་པ་མི་དམིགས་སྟོང་པའི་ངང་ཉིད་ལས། །མཚན་ཉིད་ཡོངས་རྫོགས་གཞལ་མེད་ཁང་དབུས་སུ། །ལྷ་ཚོགས་ཀུན་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཡེ་ཤེས་པ་རྣམས་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛ། ཛཿཧཱུྃ་བཾ་ཧོ། །ཨརྒྷཾ་པ་ཏྱཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། རང་སྲོག་སྔགས་ཀྱི་འོད་ཟེར་གཟུང་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་པའང་བཙུན་པ་གཞན་ཕན་པས་སོ། །

ཀར་གླིང་ཞི་ཁྲོའི་ཟིན་བྲིས་ནག་འགྲོས་སུ་བཀོད་པ་རབ་གསལ་སྒྲོན་མེ།

ཀར་གླིང་ཞི་ཁྲོའི་ཟིན་བྲིས་ནག་འགྲོས་སུ་བཀོད་པ་རབ་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། མི༵་འགྱུ༷ར་ཆོས་དབྱིངས་དག་པ་ན༵མ་མཁ༵འི་ཀློང་། །གཞི་གྲོལ་རིག་པ་སེམས་ཀྱི་རྡོ༷་རྗེ༷འི་ཀློང་། །ཅིར་ཡང་བསྒྱུར་མཛད་དཀྱིལ་འཁོར་རྒྱ་མཚོའི་བདག །མཉམ་མེད་དཔལ་ལྡན་བླ་མར་སྙིང་ནས་འདུད། །ཨེ་མ་ཟབ་གསང་མན་ངག་སྙིང་པོའི་བཅུད། །གདན་གསུམ་ལུས་ཀྱི་དཀྱིལ་འཁོར་ཞི་ཁྲོའི་ལྷ། །སྒྲུབ་ན་ཚེ་གཅིག་མངོན་སངས་རྒྱ་བའི་ལམ། །ཚོར་བ་རང་གྲོལ་ཆོ་གའི་ཕྱག་བཞེས་འགོད། །ཅེས་ཚིགས་སུ་བཅད་པ་ཅུང་ཟད་སྔོན་དུ་བཏང་ནས་ཀར་གླིང་ཞི་ཁྲོ་ཉིན་ཆོག་ཇི་ལྟར་འདོན་པའི་ཚུལ་བྲི་བ་ལ། ཐོག་མར་ཆོས་སྤྱོད་སྤྱི་དགོས་སྤྱི་འདུས་བཅས་དགོང་ཞག་སོགས་ཀྱི་སྐབས་ཆོས་སྤྱོད་ཆུ་གཏོར་བཅས་རྒྱས་པ་གྲུབ་ནས་ཆོ་ག་རང་གཞུང་ལ་སྔ་ཕྱི་ཆོ་ག་གཉིས་ལས་སྔ་ཆོག་ལས་བྱང་ཚོགས་གནས་འདྲེན་བཅས་རྒྱས་པ་དང་ཕྱི་ཆོག་བསྡུས་པའི་ཚུལ་ལོ། །སོང་བ་དང་། ༀ་ཨཱཿཧཱུྃ༔ ཀུན་བཟང་ཆེ་མཆོག་༴ ༴ ལྷུབ་འདོན་ཁོ་ནས་བདག་ཉིད་རྡོ་རྗེ་སེམས་དཔའ་མགོ་བསྐུལ་། མཆན། སོགས་ཆོས་སྤྱོད་བག་ཆགས་རང་གྲོལ་མཇུག་ཏུ། རྒྱལ་བ་ཞི་ཁྲོ་ཁྱེད་སྐུ་༴ ༴ སོགས། རྣམ་དག་ཆོས་དབྱིངས་ཁྱབ་བརྡལ་༴ ༴ ལྷུབ་འདོན། གསོལ་འདེབས་དང་། དེ་ནས་དཀར་བགེགས་སོགས་རྩ་གསུམ་སྐབས་སྔོན་ནས་བཏང་མ་ཚར་ན། ཉི་གྲགས་ཀྱི་ཆོ་ག་ལྟར་དཀར་གཏོར་མཆོད། རོལ་མོ། བགེགས་གཏོར་བྱིན་གྱིས་བརླབས་ནས་ཐུགས་རྗེ་ཆེན་པོ་དབང་གི་༴ སོགས། ཆ་ཤས་གྱིས་འདོན་སྲོལ་སྣང་མཆན། ཌ་དྲིལ་བཅས་བཞི་ཆོད་ཀྱིས། ཧཱུྃ་ང་ཉིད་ལྷ་ཡི་༴ ༴ སོགས་རོལ་མོ་བླ་མའི་ཡུངས་ཐུན་གྱིས་བགེགས་གཏོར་བསྔོ། ཌ་དྲིལ་

བཅས། ཧཱུྃ་རང་རིག་རྡོ་རྗེ་སེམས་དཔའ་༴ ༴ སོགས་དྷརྨ་ཧཱུྃ་ཨཱ༔ རྡོར་དྲིལ་བཅས་འཁྱུད་རྒྱ། མཆན། དྲིལ་པང་ལྷུབ་འདོན་གྱིས། ༀ་ཨཱཿཧཱུྃ་ནམ་མཁའི་མཐར་ཐུག་༴ ༴ ་སོགས་ནས། གོ་འཕང་མྱུར་ཐོབ་ཤོག །བར་དྲིལ་འཛིན་བཞི་ཆོད་ཀྱིས། ཧཱུྃ་དམིགས་བསམ་བརྗོད་བྲལ་༴ ༴ སོགས། སྨན་རཀ་གཏོར་གསུམ་སྔགས་རྣམས་ལན་གསུམ་རེ། ཕྱི་མཆོད་བྱིན་རླབས་མཐར། རོལ་མོ། དྲིལ་སར་བཞག །བཞི་ཆོད་ཁོ་ནས། ༀ་རྣམ་པར་རྟོག་གསུམ་༴ ༴ སོགས་ནས། ལྷ་བསྐྱེད་ནར་དེད་ཀྱིས། སྣང་ལ་རང་བཞིན་མེད་པར་བསྒོམ༔ དྲིལ་བུ་བླང་ནས། ཞེས་བསྡུ་རྒྱ། ཧཱུྃ་དཔེ་མེད་བསམ་བརྗོད་༴ ༴ སོགས། གདང་བྱེད་དམ་བཞི་ཆོད་སོགས་གང་མོས་སྔགས་རྣམས་རོལ་འོག་འདྲེན། རོལ་མོ། བཞུགས་སུ་གསོལ་ནས་ཕྱི་མཆོད་མཇུག །རོལ་མོ། སྨན་མཆོད་དུས་ནང་མཆོད། མཆོད་འབུལ་ཚུལ་སྤྱི་ལྟར། དེ་ནས་བསྟོད་པའི་མཇུག་ཏུ་དྲིལ་སར་བཞག །ༀ་ཨཱཿཧཱུྃ་བླ་མ་ཀུན་བཟང་སོགས་ནས། ཡིག་བརྒྱ་ཚར་གཅིག་དང་། ལུགས་གཅིག་ལ་བཤགས་པའི་ཚེ་དྲིལ་པང་། བྷྲཱུཾ་བི་ཤྭ་སོགས་དྲིལ་བཅས་དབྱེ་རྒྱ་བྱེད་ཚུལ་ཀྱང་སྣང་ཡང་གང་ལྟར་ན་ཆོག་པར་བསམ། འཛབ་ཁང་དབྱེ་བ་བུམ་པ་མི་དམིགས་རིག་མེ་དོར་བ་འདི་སོགས་རྒྱལ་སྲས་གཞན་ཕན་པས་བཞེད་པ་ལྟར་རོ། །རྙིང་ལུགས་ལ་དེ་སོགས་གསུང་སྲོལ་མ་མཆིས། མཆན། སྤྲོ་ན་ཛ྄བ་ཁང་དབྱེ་བ་ནི། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཕཊ་ཛ༔ ༀ་ཧཱུྃ་སྭ་ཨཾ་ཧ་ཕཊ་ཛ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་ཕཊ་ཛ༔ དམ་ཚིག་འཁོར་ལོ་ལས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ལོགས་སུ་ཕྱེ་ནས་མདུན་གྱི་ནམ་མཁར་མེ་རི་འདབས་འབྱར་གྱི་ཚུལ་དུ་བཞུགས་པར་བསམ། བདག་མདུན་ལྷ་ཚོགས་ཞི་བ་༴ ༴ སོགས་ནས་སྤྱི་དྲིལ་སྐབས་བསྟུན་བཟླས་མཐར། ཧཱུྃ་བཛྲ་ཙིཏྟ་༴ ༴ སོགས། རང་སྔགས་རྣམས་

བཟླས་ནས་ཡིག་བརྒྱ་ལན་གཅིག་དང་། སྤྱི་དྲིལ་གཤམ་དུ་ལས་བཞིའི་བཟླས་པ་དང་ཧཱུྃ་བསྒྲུབ་བཅས། རང་གི་ཐུགས་ཀ་ནས༴ ༴ སོགས་སྤྲོ་ན་བུམ་པ་ནི། སྭཱ་བྷ་ཝས་སྦྱངས། དྲིལ་འཛིན་རྩ་གདང་གྱིས། བུམ་པ་མི་དམིགས་སྟོང་པའི་ངང་ཉིད་ལས། །མཚན་ཉིད་ཡོངས་རྫོགས་གཞལ་མེད་ཁང་དབུས་སུ། །ལྷ་ཚོགས་ཀུན་གསལ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཡེ་ཤེས་པ་རྣམས་སྤྱན་དྲངས་གྱུར། །དྲིལ་བུ་བསིལ་རྡོ་རྗེ་ནང་འདྲེན། བཛྲ་རྡོར་དྲིལ་བཅས་བསྡུ་རྒྱ་ས་མ་ཡཱ་ཛ༔ རང་རྒྱས། ཛ་ཧཱུྃ་བཾ་ཧོ༔ ས་བསྟིམ། ༀབཛྲ་ཨརྒྷཾ་སོགས་ཀྱིས་མཆོད། རོལ་ཌ། བསྟོད་པར་འོས་པ་༴ སོགས། བརྗོད་མེད་ཤེས་རབ་སོགས་ཀྱི་བསྟོད་ནས། གཟུང་ཐག་གཏོད་ལེན་བཅས། ལས་རྡོར་ནས་འཐོར་ནས་གཟུང་ཐག །རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་༴ སོགས་ཀྱིས་མཐར་སྤྱི་དྲིལ་བཟླ་བ་ཅི་ནུས་དང་རང་སྔགས་རྣམས་ལན་གཉིས་ཀྱི་མཐར་ཡིག་བརྒྱ་ཚར་གཅིག་བརྗོད་མཐར། བདག་གི་ཐུགས་ཀ་ནས་༴ སོགས་རྩ་སྔགས། ཡིག་བརྒྱ། རྣམ་སྣང་། མི་འཁྲུག་པ་རྣམས་གཟུང་དང་། ཚེ་འདས་ཀྱི་ལུས་ངག་ཡིད་གསུམ་གྱི་ལས་ངན་སྡིག་སྒྲིབ་༴ སོགས་ཤམ་བུ་ཅན་བཟླས་ནས་བྲབ་རྫས་ལ་སྔགས་སླར་ཡང་། རྩ་སྔགས་མཐར་མི་འཁྲུག་པའི་གཟུང་དང་། ཚེ་འདས་སོགས་ཤམ་བུ་ཅན་ཁ་ཤས་བཟླས་སྐབས་ལས་རྡོར་པས་བྲབ་རྫས་གྲལ་མཇུག་ནས་རིམ་བཞིན་ཁལ་སྐོར་ཞུ། གཟུང་རྡོར་ལས་བུམ་ཁར། ལས་བུམ་དུ་རྡོ་རྗེ་སེམས་དཔའ་སྐད་ཅིག་སོགས་ཡིག་བརྒྱ་དང་། ༀ་བཛྲ་ས་ཏྭ་ཧཱུྃ་ཞེས་བཟླས་ནས། གཟུང་ཐག་བསྡུ། དེ་ནས་ལས་རྡོར་པས་མཆོད་པ་གསོ་བྲན་བྱས་ཤིང་། དྲིལ་བུ་རྒྱུན་ཆགས་སུ་འཁྲོལ་བཞིན་པས། དབྱངས་གསལ། ཡིག་བརྒྱ། ཡེ་དྷར་བརྗོད་ནས། ཧཱུྃ་བླ་མ་ཀུན་བཟང་སོགས་ཀྱིས་མཆོད་ནས། རོལ། ཀུན་

བཟང་རིགས་ལྔ་སོགས་རྩ་གདང་སྤྱི་ཕྱག །ༀ་ཨཱཿཧཱུྃ་ཞེས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་སོགས་ཀྱིས་བཞུ་བསྡུས་བྱས་ལ། རྙིང་ལུགས་ལ། ཧཱུྃ་བདེ་གཤེགས་རྒྱལ་བ་སོགས་ལ། ལས་རྡོར་གྱིས་རྣམ་རྒྱལ་བུམ་པ་བླ་མའི་ཕྱག་ཏུ་ཕུལ་བས་གནས་གསུམ་རེག་ཅིང་དངོས་གྲུབ་ལེན། ཡང་ན་གོང་གི་འོད་ཞུའི་མཐར་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་རིག་པའི་མེ་ཏོག་དོར་བ་ནི། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་སྤྲུལ་པའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དབྱེར་མེད་དུ་བྱ་བ་ནི། སྔགས་ཚིག་དང་བསྟུན་པའི་དྲིལ་བསིལ་དང་ནས་བཅས། ༀ་བཛྲ་ས་མ་ཡ་ༀ། ཨཱཿ་བཛྲ་ས་མ་ཡ་ཨཱཿཧཱུྃ་བཛྲ་ས་ཡ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧ་བཛྲ་ས་མ་ཡ་ཧ༔ ༀ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །འདི་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །དྲིལ་ༀ་བཛྲ་ས་མ་ཡ་ཧཱུྃ་གིས་དམ་ཚིག་པ་དང་ཡེ་ཤེས་པ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་ཐིམ་པར་དམིགས། དྲིལ། ༀ་བཛྲ་ས་མ་ཡ་སྟྭཾ་གྱིས་རང་ཉིད་ལྷའི་དཀྱིལ་འཁོར་དུ་སངས་རྒྱས་པའི་བར་དེ་སྲིད་དུ་བརྟན་པར་བཞུགས། དྲིལ་ༀ་བཛྲ་ས་མ་ཡ་ཧོས་དབང་དུ་གྱུར་ཞིང་ཐིམ་པར་བསམ། རྡོར་དྲིལ་བཅས་ཐལ་སྦྱར། ༀ་རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་གནང་བ་ཞུས་པ་དང་། དེ་ཉིད་བརྟན་པར་བྱ་ཕྱིར་ཡིག་བརྒྱ་བརྗོད་པས་ཀྱང་ཛ྄བ་ཁང་བསྡུའོ། །དེ་ནས་བཀའ་སྲུང་ལ། ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་བསྲུང་མའི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་

འདི་ལ་མྱུར་དུ་ཁུག་ཅིག །གསུམ་དང་། ཛ་ཧཱུྃ་བཾ་ཧོ། རང་རྒྱ་དང་། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ་གིས་བརླབས་ལ། དྲིལ་པང་བཞི་ཆོད་ཀྱིས། སྟོང་པའི་ངང་ལས་དུར་ཁྲོད་༴ ༴ སོགས་ནས། ཁྲོམ་ལྟར་བསྐྱེད། ཞེས་བསྡུ་རྒྱ་དྲིལ་བཅས། ཧཱུྃ་ཆོས་སྐུ་ནམ་མཁའ་༴ ༴ སོགས་སྤྱན་འདྲེན་མཆོད་པ་གཉིས་རོལ་མོ། སརྦ་པུཙྪ་ཧོ། །ཧཱུྃ་བྱིན་རླབས་དངོས་གྲུབ་༴ ༴ སོགས་ནས། འཁོར་དང་བཅས་ལ་བསྟོད། ཀྱི་བར། དེ་ནས་ཕྱག་འཚལ་ལ་དྲིལ་བཅས་བཞི་ཆོད་ཀྱིས། ན་མོ་དང་པོ་སངས་རྒྱས་འོད་༴ ༴ སོགས། རྡོ་རྗེ་སྦྲུལ་གདོང་མ་ལ་ཕྱག་འཚལ་ལོ། །ཞེས་དྲིལ་སར་བཞག །ལྷུབ་འདོན་གྱིས། ཧཱུྃ་སྤྱི་གཙུག་པད་ཟླའི༴ ༴ སོགས་ཡིག་བརྒྱ་དགོང་ཞག་ཡིན་ན་ཁ་ཤས་བཟླས་པ་སོགས་བྱའོ། །བདག་ནི་མི་ཤེས་༴ ༴ སོགས། དགེ་བ་འདི་༴ ༴ སོགས། རྡོ་རྗེ་སེམས་དཔའ་ཁྱེད་སྐུ་༴ ༴ སོགས་ཤོག །དགོང་ཞག་སྐབས་ཀློང་བཤགས་ན་རཀ་བསྐང་བཤགས་ཚོགས་ཆེ་བ་བསྐང་ཆེན་ནས་བཟུང་ལྷག་མའི་བར་མཆན། སྐབས་སྐབས་སུ་ཕུང་པོ་གསུམ་པའི་མདོ་འདོན་སྲོལ་ཡོད་པས་འདི་སོགས་སྐབས་གང་བདེར་འདོན། དེ་ནས་སྦྱང་ཆས། བྱང་བུ། ཟས་གཏད་སོགས་གནས་འདྲེན་ཆས་རྣམས་མདུན་དུ་བཤམས། སྔར་ལས་ལྷ་གསལ་ཡོད་པ་དེའི་བུམ་པའི་ཆུས་བསངས་ཤིང་། བྱང་འདྲེན་བླ་མས་བྱེད། ལས་སྔགས་ནི། ༀ་བཛྲ་ས་ཏྭ་ཧཱུྃ་དང་། ༀ་སྭཱ་བྷ་ཝས་སྦྱངས། དྲིལ་འཛིན་ཡོ་ག །མདུན་གྱི་རྟེན་སྣང་རང་བཞིན་སོགས་མཐར་སྦྲེལ་བས། ཧཱུྃ་བདག་ཉིད་རྡོ་རྗེ་སེམས་དཔའ་སོགས་ནས་རྟེན་ལ་བསྟིམ། ཡིག་བརྒྱ་དྲིལ་བཅས་ལན་གཅིག་དང་། ལྕགས་ཀྱུའི་རྒྱ་བཅས་ལ། ནྲྀ་ཡཾ་ཛ༔ སོགས་གསུམ། ཀུན་གྱིས་རྒྱ་བཅས་ལ། ན་མོ་སངས་རྒྱས་ཀྱི་སོགས་གསུམ། ཧཱུྃ་ཚེ་འདས་ལུས་བརྗེས་སོགས། དཀོན་མཆོག་གསུམ་གྱི་བདེན་པས་འདིར་ཁུག་ཅིག །

ཚེ་ལྡན་ལ་དབང་བསྐུར་དགོས་པ་ཡིན་ན། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། སློབ་དཔོན་གྱིས་བགེགས་གཏོར་ལ་ལས་ཆུས་བྲན་ནས། ༀ་བཛྲ་ས་ཏྭ་ཧཱུྃ་དང་། ༀ་སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བགེགས་ཀྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ་ཁྱུང་རྒྱ་བཅས། ༀ་སརྦ་བུདྡྷ་ཨ་ཀར་ཥ་ཡ་ཛ༔ ལན་གསུམ་མམ་གཅིག །ༀ་སརྦ་བིགྷ་སོགས་ལ་ཕྱག་གཡོན་དྲིལ་བཅས་ཐལ་མོ་གདེང་ཞིང་གཡས་རྡོ་རྗེ་བསྣམ་པས་གཏོར་མ་གཡས་སུ་ལན་གསུམ་བསྐོར་བ་རེ་རེ་བཞིན་མཐར་ཕྱག་གཡོན་མཉམ་བཞག་ལྟ་བུའི་སྟེང་དུ་གཏོར་མ་བཞག་ཅིང་གཡས་རྡོ་རྗེ་བཅས་ཐལ་བཀན་སེ་གོལ་རེ་སུཾ་བྷ་ནི་གསུམ་ལ་དྲིལ་བུ་རྒྱུན་ཆགས་སུ་དཀྲོལ་ཞིང་གཏོར་མ་གཡོན་དུ་ལན་གསུམ་བསྐོར་ཞིང་བཞག་སྟངས་སྔར་ལྟར་ལས་རྡོར་གསོར་ནང་འདྲེན་བཅས་གསུམ་གྱི་མཐར། ན་མོ་རྗེ་བཙུན་གསོན་གཤིན་གྱི་དབྱེ་བས། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་པ་ལ་བརྟེན་ནས། དེང་འདིར་དམིགས་ཡུལ་འདི་དག་གི་གསོན་གྱི་དུས་སུ་ཚེ་གནས་པ་ལ་བར་དུ་གཅོད་པ་དང་། གཤིན་གྱི་དུས་སུ་ས་དང་ལམ་ལ་བར་དུ་༴ ༴ སོགས་ནས། ཧཱུྃ་ང་ཉིད་ལྷ་ཡི་༴ ༴ སོགས་མཐར་སྔགས་དང་བཅས་པས་བགེགས་བསྐྲད་ལ་རོལ་

མོ་ཌ་ཡུངས་ཐུན། ཡང་ན། ན་མོ་རྗེ་བཙུན་རྩ་བ་དང་༴ ༴ སོགས་ནས། གཤིན་གྱི་དུས་སུ་ཟ་འདྲེ་ཤི་གཤེད་བྱེད་པའི་ལན་ཆགས་གདོན་བགེགས་ཐམས་ཅད་ཀྱིས་གླུད་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་ལྡན་འདི་ཉིད་བསྣམས་ནས་རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས་ཤིག །གལ་ཏེ་མི་འགྲོ་ན་བདག་ཉིད་དཔལ་ཆེན་ཀུན་བཟང་ཆེ་མཆོག་ཧེ་རུ་ཀའི་ཐུགས་ཁྲོས་ནས་བགེགས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ༀ་སུཾ་བྷ་ནི་སུཾ་བྷ་༴ སོགས་ནས། ཕཊ༔ རོལ་མོ་ཡུངས་ཐུན་བྲབ། བཛྲ་རཀྵ་རཀྵ་ཧཱུྃ་ཞེས་བརྗོད་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེའི་རྭ་བ་དྲྭ་བ་ཡེ་ཤེས་ཀྱི་མེ་དཔུང་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་བསྐལ་བའི་བར་དུ་བར་ཆད་གདོན་བགེགས་འབྱུང་པོ་རྣམས་ཀྱིས་ཅིས་ཀྱང་མི་ཆོད་མི་ཤིག་པའི་མོས་པ་མཛོད། ཧཱུྃ་ཚེ་འདས་ལུས་བརྗེས་༴ སོགས་ནས། ཏིཥྛ་བཛྲ་ས་མ་ཡ་ལྷན། ཞེས་པའི་བར། དེ་ནས་ལྷ་ཁྲུས་ལ། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་། དེའི་ཞལ་ནས་གསུངས་པའི་དམ་པའི་ཆོས། བྱང་ཆུབ་སེམས་དཔའ་འཕགས་པའི་དགེ་འདུན་ཡི་དམ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཚེ་ལས་འདས་པའི་སྡིག་སྒྲིབ་སྦྱང་བའི་ཕྱིར་དུ་བདག་ཅག་གིས་ཡོ་བྱད་དང་ལྡན་པའི་སྒོ་ནས་སྐུ་ཁྲུས་དམ་པ་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་༴ སོགས་ལྟར། དེ་བཞིན་གཤེགས་པ་རྣམས་༴ སོགས། ཁྲུས་གསོལ། ཇི་ལྟར་བལྟམ་པ་༴ སོགས། རོལ་མོ་དུང་དཀར་

དམར་རྒྱ་གླིང་། འདི་ནི་ཁྲུས་མཆོག༴ སོགས། ཕྱེད་རོལ་དུང་དཀར། ན་མོ་སྟོན་པ་བླ་མེད་༴ སོགས། ཕྱེད་རོལ་དུང་དཀར། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱྀ་སེང་། །པདྨ་ཀ་ར་རྗེ་འབང་ཉི་ཤུ་ལྔ། །སོ་ཟུར་གནུབས་གཉག་གཏེར་སྟོན་བརྒྱ་རྩ་སོགས། །བཀའ་གཏེར་བླ་མ་རྣམས་ལ་སྐུ་ཁྲུས་གསོལ། །ལྷ་ཁྲུས་ཀྱི་འགྲིགས་རིམ་ནི་བླ་མ་རྣམས་ཀྱིས་བཞེད་པ་རེ་རེ་སྣང་ཞིང་མཐའ་གཅིག་ཏུ་ངེས་པ་མེད་མོད། མཆན། ཞི་ཁྲོ་ཡི་དམ་འདུས་པའི་༴ སོགས། ཡང་དག་འཇམ་དཔལ་གཤིན་རྗེ་པདྨ་དབང་། །རྡོ་རྗེ་གཞོན་ནུ་བླ་མེད་ཧེ་རུ་ཀ། ཆེ་མཆོག་རིག་འཛིན་དྲེགས་འདུལ་དྲགས་སྔགས་སོགས། །བཀའ་བརྒྱད་ལྷ་ཚོགས་རྣམས་ལ་སྐུ་ཁྲུས་གསོལ། །ཕྱི་ནང་གཞན་གསུམ༴ སོགས། དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །སྣང་སྟོང་བདེ་ཆེན་རྡོ་རྗེ་ཕུར་པའི་ལྷ། །སྟོང་ཉིད་འཁོར་ལོ་རྒྱས་འདེབས་ཤེས་རབ་ཡུམ། །སྲས་འཁོར་སྤྲུལ་པར་བཅས་ལ་སྐུ་ཁྲུས་གསོལ། །ཀུན་བཟང་རིགས་ལྔ་སེམས་དཔའ་ཡབ་ཡུམ་དང་། །ཐུབ་དྲུག་སྒོ་བ་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་ཡུལ་མ་མོ་དབང་ཕྱུག་སྒོ་སྐྱོང་སོགས། །དམ་པ་རིགས་བརྒྱའི་ཚོགས་ལ་སྐུ་ཁྲུས་གསོལ། །སངས་རྒྱས་རྣམ་གཟིགས༴ སོགས། ཐབས་མཁས་ཐུགས་རྗེས་ཤཱཀྱའི་༴ སོགས། མཐུན་པའི་དགེ་ཚོགས་༴ སོགས། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་སྐུ་ཁྲུས་གསོལ། །འཇམ་དབྱངས་ཕྱག་ན་༴ སོགས། ཤཱ་རིའི་བུ་དང་མོའུ་གལ་གྱི་བུ། །ཀུན་དགའ་སྒྲ་གཅན་འཛིན་དང་མ་འགགས་པ། །གང་པོ་རབ་འབྱོར་འོད་སྲུང་ཉེ་འཁོར་སོགས། །ཉན་ཐོས་གྲངས་ལས་འདས་ལ་སྐུ་ཁྲུས་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་

རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །དགྲ་བཅོམ་གནས་བརྟན་རྣམས་ལ་སྐུ་ཁྲུས་གསོལ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟར་བྱུང་། །སྐྱེས་རབས་རྒྱས་དང་རྨད་བྱུང་གཏན་ལ་དབབ། །གསུང་རབ་ཡན་ལག་བཅུ་གཉིས་སྐུ་ཁྲུས་གསོལ། །རྡོ་རྗེའི་རང་བཞིན་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་ཐུགས་རྗེ་ཡིས། །སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་སྐྱོང་། །གནས་གསུམ་མཁའ་འགྲོའི་ཚོགས་ལ་སྐུ་ཁྲུས་གསོལ། །གང་གི་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་སྐུ་ཁྲུས་གསོལ། །སྔོན་ཚེ་ཨོ་རྒྱན་ཆེན་པོའི༴ སོགས། ནོར་གྱི་དབང་ཕྱུག་༴ སོགས། གདེངས་ཀ་ནོར་བུ་འབར་བའི་འོད་བཀྱེ་ནས། །ས་འོག་མུན་པ་མ་ལུས་སེལ་མཛད་པ། །བསྟན་ལ་རབ་དགའ་མཐུ་ཆེན་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་སྐུ་ཁྲུས་གསོལ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་ཤིང་། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་སྐུ་ཁྲུས་གསོལ། །ཚངས་པ་བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་སོགས་གཙང་རིས་མགོན་པོ་སྟེ། །བསྟན་པ་བསྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་སྐུ་ཁྲུས་གསོལ། །ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་སྐུ་ཁྲུས་གསོལ། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་རིན་ཆེན་གཏེར་གྱི་

བདག །བོད་ཁམས་སྐྱོང་བའི་ལྷ་རབས་བསྟན་མར་བཅས། །གཞི་བདག་བསྲུང་མ་འཁོར་བཅས་སྐུ་ཁྲུས་གསོལ། །ཕྱེད་རོལ། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་སྦྱངས་སླད་དུ། །གཙང་མའི་ཆབ་ཀྱི་སྐུ་ཁྲུས་གསོལ། །རོལ་མོ། ཁྲུས་གསོལ་བའི་ཆུ་དེ་སླར་བུམ་ནང་དུ་བླུག །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ལས་བུམ་སྒྲོས་འབྲུ་ལྔ་བཀོད་ལ། ༀ་ཧཱུྃ་ཏྲཾ་ཧྲཱི་ཨཱཿཀ་ཡ་བྷི་ཤྭ་དྷ་ན་ཡེ་སྭཱ་ཧཱ། མཐེབ་མཛུབ་གཉིས་ཀྱིས་ཕྱར་ལ། དེ་ནས་དེ་ལ་ཁ་ཏོག་ལགས་བསྒྱུར་བའི། །ནབ་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །སྣ་ཚོགས་དབང་པོ་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱངས་ཕྱིར་འབུལ། །བཟོད་པ་དམ་པའི་གོས་གྱིས་བརྒྱན་པར་ཤོག །ༀ་བཛྲ་ཝཱས་དྲཱ་ཡེ་སྭཱ་ཧཱ། དེ་ནས་ལས་བུམ་བླ་མའི་ཕྱག་ཏུ་ཕུལ་ལ། ཧཱུྃ་འདི་ནི་སྦྱིན་པའི་རང་བཞིན་ཆུ། །སོགས། ཕྱིན་དྲུག་སོ་སོའི་མཚམས་རྣམས་སུ་སྔགས་དང་ཁྲུས་བྱེད། འཐོར་ཡབ་ཀྱིས་བྱབ་ཚུལ་བཅས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །སོགས་ནས། དུག་མེད་ཤོག །བར། འབྱུང་བ་སོ་སོར་བསྐོར་ལ། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་༴ ༴ སོགས་ནས་མཐར་བྱེ་མ་བྲབ་སྔགས་ནི། ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧ་སུ་ཁ་ཛྙཱ་ན་དྷརྟུ་ཨཱ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཡིག་བརྒྱ། ཀཾ་ཀའི་མཐར། ཚེ་འདས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཀྱེ་མ་མགོན་པོ་སོགས་ནས། བཟུང་དུ་གསོལ། ལན་གསུམ། དེ་ནས་བླ་མས་བྲམ་ཟེ་དུང་ཕྲེང་གསོན་གཤིན་དབྱེ་བས་གང་མོས་བརྗོད་པའམ། ཡང་ན་འདི་ལྟར། དེ་ཡང་ཁྱེད་རང་རྣམས་མ་ཡེངས་པར་ལེགས་པར་ཉོན་ཅིག །

སྤྱིར་འདུས་བྱས་ཀྱི་མཚན་ཉིད་ཐམས་ཅད་འཁྲུལ་སྣང་ཉི་ཚེ་བ་བར་མ་དོའི་གནས་སྐབས་ཁོ་ནར་ངེས་པ་ཡིན་ཏེ། ཚེ་འདིའི་གནས་སྐབས་ཀྱི་མཚན་ཉིད་མ་དག་འཁྲུལ་བའི་བར་དོའི་༼མ༽བསམ་གཏན་བར་དོའི་གནས་སྐབས་སུ་འདོད་ནའང་ཚེ་ཡི་འདུ་བྱེད་དོར་ནས་ཕྱི་མའི་སྐྱེ་སྲིད་མ་བླང་བའི་བར་དེར་ཆོས་ཉིད་བར་དོའི་གནས་སྐབས་ཡིན་པའི་ཕྱིར། དེས་ན་སྒྱུ་ལུས་ཀྱི་ཕུང་ཁམས་ཙམ་ལ་བརྟེན་མ་བརྟེན་ཁོ་ནའི་བྱེ་བྲག་ཙམ་མ་གཏོགས་འཁྲུལ་སྣང་གི་རང་བཞིན་ཉིད་ལ་སྤྱོད་པས་ན། དེས་ན་ཚེ་ལས་འདས་ལྡན་ཐམས་ཅད་ཀྱིས་འཁྲུལ་སྣང་མ་དག་པའི་ངོར་ཤར་བའི་བར་དོ་དྲུག་གི་འཇིགས་སྐྲགས་ལས་ཐར་བར་འདོད་པ་དག་གིས་དོན་པོར་བྱ་བ་ནི་དམ་པའི་ཆོས་ཁོ་ན་ཡིན་ཏེ། དེ་ཡང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཏེ། དེ་དག་ཀྱང་རྒྱུ་ལས་ཁྱད་པར་དུ་འཕགས་པ་འབྲས་བུ་གསང་ཆེན་རྡོ་རྗེ་ཐེག་པ་ཡིན་ལ། དེ་དག་ལ་ཡང་གདུལ་བྱའི་བློ་དང་འཚམས་པའི་དབང་གིས་ཐེག་པའི་བྱེ་བྲག་དང་ལམ་གྱི་འཇུག་སྒོ་མཐའ་ཡས་པ་ཞིག་མཆིས་ནའང་། ད་ལམ་གྱི་ཆོས་བཀའ་འདི་ཉིད་ཀྱི་དབང་དུ་བགྱི་ན་སྔོན་འདོད་ཁམས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་མཐའ་དག་ལ་མཁས་པ་ཞིག་ཡོད་པ་ལས་སློབ་མ་རྒྱལ་པོའི་བུ་ཞིག་སློབ་སྦྱོང་རྫོགས་པའི་མཐར་སློབ་བུས་ཕྲག་དོག་བྱས་ཏེ་བསད་པས་སློབ་དཔོན་བྲམ་ཟེས་ཀྱང་སེམས་འཁྲུགས་ནས་དམོད་ངན་བོར་བའི་ཉེར་ལེན་གྱིས་མཚམས་སྦྱར་ཏེ་ངན་འགྲོའི་གནས་སུ་སྡུག་བསྔལ་དཔག་མེད་མྱོང་བ་ལས། ཀུན་ཏུ་བཟང་པོ་དང་རྣམ་པར་སྣང་མཛད་ཀྱིས་ཐུགས་རྗེས་གཟིགས་ཏེ་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་སེམས་དཔའ་གཉིས་སུ་སྤྲུལ་ནས་གདུལ་བྱ་དེ་གཉིས་གྱི་གན་དུ་བྱོན་ནས་འགྱོད་ཚངས་ཀྱི་བཤགས་པ་དང་ཞི་ཁྲོའི་མཚན་སྔགས་སོགས་བསྟན་པས་

ངན་འགྲོའི་གནས་ལས་རིམ་གྱིས་དྲངས་ནས་རིག་འཛིན་གྱི་གྲལ་དུ་འཁོད་པར་མཛད་པའི་ཟབ་ཆོས་འདི་ཉིད་དགོངས་བརྡ་སྙན་ཁུང་རིམ་པར་བརྒྱུད་ནས་པདྨ་འབྱུང་གནས་ལ་བཀའ་བབས་ཏེ། དེ་ཉིད་ཀྱིས་ཅོག་རོ་ཀླུའི་རྒྱལ་མཚན་སོགས་ལ་གནང་སྟེ་ཕྱི་རབས་ཀྱི་འགྲོ་བ་རྣམས་ཀྱི་དོན་དུ་གཏེར་དུ་སྦས་པ་ཉིད་སླད་དུས་འདིར་འགྲོ་འདུལ་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོ་ཀརྨ་གླིང་པས་ཟབ་གཏེར་གྱི་གསང་མཛོད་ཕྱེས་ཏེ་སྙིགས་དུས་ཀྱི་གདུལ་བྱ་རྣམས་ལ་ཆོས་ཀྱི་བདུད་རྩིའི་དགའ་སྟོན་དཔག་ཏུ་མེད་པ་བསྩལ་བའི་ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་རིགས་དྲུག་གི་གནས་ནས་དྲངས་ཏེ་གསང་ཆེན་ལམ་གྱི་རིམ་པ་སྨིན་བྱེད་ཀྱི་དབང་རྣམས་བསྐུར་བའི་སྐབས་སུ་བབས་པ་ཡིན་པས་གཞན་དུ་མ་ཡེངས་པར་འཇུག་པའི་ཆོས་དང་དབང་གི་ཚིག་དོན་ལ་བློ་གཞོལ་བའི་ངང་ནས་རྩེ་གཅིག་པར་ཉོན་ཅིག །ཀྱེ་མ་མགོན་པོ་༴ ༴ སོགས་རང་གཞུང་ལྟར། གཤིན་པོ་སོགས་ལ། འོ་ཚེ་ལས་འདས་པ་ཁྱེད་རང་གི་མིང་བྱང་དྲི་གོས་འདི་རྣམས་ལ་རྟེན་ཆོས་ལ་གཞན་དུ་མ་ཡེངས་པར་དཀོན་མཆོག་གསུམ་ལ་བློ་ཁྱེད་ཤེས་ཀྱིས་དད་པ་དང་མོས་པ་གྱིས་ཤིག །དེ་ཡང་ཁྱོད་ཉིད་ཚེ་འདིའི་སྣང་བ་ལས་ནི་འདས་ཏེ། བར་དོའི་གནས་སུ་འཁྱམས་པའི་སྐབས་ཡིན་ཏེ། ཚེ་འདིའི་ཆགས་ཞེན་གྱི་ཕ་མ་གཉེན་འདུན་གང་ལའང་ཆགས་པ་དང་ཞེན་པ་སྤོང་ལ་ད་ནི་གཏན་བདེ་ཐར་པའི་ལམ་མཆོག་དམ་པ་ཞིག་ཅི་ནས་ཀྱང་ཐོབ་པར་བྱ་སྙམས་པའི་བསམ་པ་དང་འདུན་པ་གྱིས་དང་། ངེད་རྣམས་ཀྱིས་ཁྱོད་རང་གི་བར་དོ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབས་པའི་སླད་དུ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་ཁྱོད་རང་རིགས་དྲུག་གི་གནས་ནས་དྲངས་ཏེ་སྡིག་སྒྲིབ་སྦྱངས་ཕྱིར་ཁྲུས་དང་སྨིན་པར་བྱེད་པའི་དབང་

རྣམས་བསྐུར་བའི་སྐབས་སུ་བབས་པ་ཡིན་ཏེ། འདི་ཉིད་ཀྱི་ལོ་རྒྱུས་མདོ་ཙམ་ཞིག་བརྗོད་ན་སྔོན་འདོད་ཁམས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་མཐའ་དག་ལ་མཁས་པ་ཞིག་ལ་སློབ་མ་རྒྱལ་པོའི་ཕྲུ་གུ་ཞིག་ཡོད་པ་དེ་ལ་སློབ་སྦྱོངས་ཡོངས་རྫོགས་བསླབས་པའི་མཐར། སློབ་བུས་ཕྲག་དོག་ཀྱིས་སློབ་དཔོན་བྲམ་ཟེ་བསད་པ་དང་སློབ་དཔོན་གྱིས་དམོད་པ་བོར་ནས་སེམས་འཁྲུག་པའི་རྣམ་སྨིན་གྱིས་གཉིས་ཀ་ངན་སོང་གི་དུཿཁ་དཔག་ཏུ་མེད་པ་མྱོང་བ་དེ་ཉིད་དཔལ་ཀུན་ཏུ་བཟང་པོ་དང་རྣམ་པར་སྣང་མཛད་སོགས་ཀྱིས་ཐུགས་རྗེས་གཟིགས་ནས་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་གཉིས་སེམས་ཅན་ལས་ངན་དེའི་གནས་སུ་འགྱོད་ཚངས་ཀྱི་བཤགས་པ་དང་ཡིག་བརྒྱའི་གསང་སྔགས་བསྟན་པ་དང་ཕྱི་ནང་གསང་བའི་དབང་བསྐུར་ནས་རིག་འཛིན་གྱི་སར་བཀོད་པའི་ཟབ་ཆོས་འདི་ཉིད་དགོངས་བརྡ་སྙན་ཁུང་རིམ་པར་བརྒྱུད་པ་ལས་སངས་རྒྱས་གསང་བ་ལ་བཀའ་བབས། དེ་ཉིད་ཀྱིས་བཱི་མ་ལ་དང་པདྨ་འབྱུང་གནས་ལ་གནང་ཞིང་། པདྨ་འབྱུང་གནས་ཀྱིས་དོང་སྤྲུགས་ལས་ཁོལ་དུ་ཕྱུང་བ་དགོངས་པ་རང་གྲོལ་འདི་ཉིད་ཀྱི་རྒྱུད་བསྐྱེད་པ་མ་ཧ་ཡོ་ག་ལྟར་ཁོག་ཕུབ་ལྟ་སྒོམ་རྫོགས་པ་ཆེན་པོ་གཙོ་བོར་བཏོན་ཏེ་སྒྲུབ་ཕྲན་གྱི་རིམ་པ་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་རྣམ་པ་དྲུག་གིས་གཏན་ལ་ཕབ་ཏེ་ལམ་རྫོགས་ཆེན་ལྟར་ཉམས་སུ་ལེན་པའི་གདམས་པ་ཟབ་མོ་འདི་ཉིད་མཁའ་འགྲོ་མཚོ་རྒྱལ་དང་ལོ་ཙ་ལྕོག་རོ་ཀླུའི་རྒྱལ་མཚན་སོགས་ལ་སྙན་བརྒྱུད་དུ་གནང་ཞིང་སྙིགས་དུས་ཀྱི་འགྲོ་བ་རྣམས་ཀྱི་དོན་དུ་སྦས་པ་ཉིད་སླད་དུས་འདིར་ཀརྨ་གླིང་པས་གཏེར་ནས་གདན་དྲངས་པའི་ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་ཐབས་ལམ་རྨད་བྱུང་གི་རྗེས་སུ་འཛིན་པའི་སྐབས་སུ་བབས་

པ་ཡིན་ཏེ། ཁྱོད་རང་གཞན་དུ་མ་ཡེངས་པར་སྐྱབས་སུ་འགྲོ་བ་སོགས་ཚིག་རྗེས་དོན་དྲན་པའི་སྒོ་ནས་རམ་བུ་དང་རྗེས་བཟློས་ཀྱི་ཚུལ་དུ་འདི་བཞིན་སླད་དུ་འདོན་པར་གྱིས། དེ་ལྟར་ལོ་རྒྱུས་གང་རུང་བརྗོད་ནས། དྲིལ་པང་། ཀྱེ་མ་ཚེ་འཕོས་ལུས་བརྗེས་༴ སོགས། ཀྱེ་མ་བདག༴ སོགས། ཀྱེ་མ་ཚེ་འདས་༴ སོགས་ནས། སྐྱབས་སུ་མཆི༔ མེ་ཆུ་གཏད་ལ། ཧཱུྃ་ཚ་གྲངས༴ སོགས། གཙོ་བུམ་ཐོགས་ལ། དྲིལ་ཧཱུྃ་ཀུན་བཟང་ཡུམ་གྱི་༴ སོགས་ནས། ཨ་བྷི་ཥིཉྪ་ཨཱ༔ དེ་ནས་སློབ་དཔོན་གྱིས་ལས་བུམ་གྱི་ཆུས་རིགས་དྲུག་གི་བགེགས་དང་པོའི་མགོར་བྱིན་རླབས་ལྷན་གཅིག་བྱ་བ་ནི། ༀ་བཛྲ་ས་ཏྭ་ཧཱུྃ། སྭཱ་བྷ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་དུ་རིགས་དྲུག་སོ་སོའི་གཤིན་འདོད་ལན་ཆགས་ཀྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། །ༀ་ཨཱཿཧཱུྃ་ལན་གསུམ། ཧཱུྃ་གཏོར་མ་འདོད་ཡོན་སོགས། འདོད་ཆགས་ཞེ་སྡང་སོགས་ལ་བྲབ་རྫས་ཀྱིས་བྲབ། འདི་ནི་བཟོད་པའི་སོགས་ཀྱིས་ཁྲུས་བྱེད། ཧཱུྃ་ས་འདི་བཅད་པ་སོགས་བྱང་བུ་སྤར། ཀྱེ་མ་བདག་འདྲའི་སོགས་ནས་མིའི་གནས་སྤར་བའི་བར་སྔར་ལྟར་རིགས་འགྲེའོ། །དེ་ནས་ས་གཞི་སྤོས་སོགས་མཎྜལ་ཕུལ། གསོན་དབང་ལ། དེ་ཡང་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་ཞུགས་པ་ནི། སྔོན་ཆད་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའི་དཀྱིལ་འཁོར་སོ་མ་འདི་ཉིད་ལ་མཇལ་བའི་མཚོན་བྱེད་གདོང་རས་དམར་པོ་རེ་བཅིང་བའི་མོས་པ་མཛོད། །ༀ་ཨ་ཁཾ་ཝི་ར་ཧཱུྃ། གིས་མིག་རས་བཅིང་། དེ་ནས་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་གྱི་སླད་དུ་ཨུ་དུམ་ཝ་ར་ལ་སོགས་པའི་མེ་ཏོག་གི་ཆུན་པོ་ཁ་དོག་ལྔ་པ་རེ་གཏད་པའི་མོས་པ་མཛོད། ༀ་ཨཱཿཧཱུྃ༔ གིས་མེ་ཏོག་གཏད་ལ། དེ་ནས་ཕྱག་སྙིམ་པ་

མེ་ཏོག་དང་བཅས་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཨེ་མ་མགོན་པོ་སོགས་ལན་གསུམ། ཀྱེ་མ་ཚེ་འདས་བུ་ཁྱོད་སོགས་ནས། བདག་གིས་ཡོངས་སུ་བཟུང་། བར་མཚན་བྱང་ལ་ཡུང་དཀར་གྱིས་བྲབ་ལ། ༀ་བཛྲ་ཤྲཱྀ་ཧེ་རུ་ཀ་སོགས་སློབ་མའི་ཆས་འཛིན། སོགས་ཡིག་བརྒྱ། ཧཱུྃ་དཀྱིལ་འཁོར་ཆེན་པོ་སོགས། པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད་པས་སྒོ་བཞི་ཤག་གིས་ཕྱེས་ནས་ཁྱེད་རང་རྣམས་ཤར་སྒོའི་ནང་ཁྱམས་སུ་གནས་པའི་འདུན་པས་རང་སྣང་དག་པ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཡེ་ཤེས་གཅིག་གི་རོལ་པ་ལ་བཟང་ངན་མ་མཆིས་ཀྱང་རང་གི་ལས་འབྲེལ་གང་ལ་ཡོད་པའི་ལྷ་དེ་དག་གིས་རིག་པའི་མེ་ཏོག་འདི་བཞེས་སུ་གསོལ་སྙམ་པ་དང་མེ་ཏོག་དོར་ལ་འདིའི་རྗེས་ཟློས་གྱིས། ཧཱུྃ་བདག་ཅག་རིག་པའི་སོགས། པྲ་ཏིཙྪ་ཧོ། ཞེས་མེ་ཏོག་དོར། དེ་ལྟར་དོར་བས་རིགས་གང་ལ་བབས་པའི་ལྷ་དེ་དག་གིས་སླར་ཡང་མེ་དོག་གི་ཕྲེང་བ་དེ་ཉིད་དབང་རྟགས་ཅོད་པཎ་ཀྱི་ཚུལ་དུ་སྤྱི་བོར་བཅིང་བའི་མོས་པ་མཛོད། ༀ་པྲ་ཏི་གྷྲིཧྣ་ཨི་མཾ་ས་ཏྭ་མ་ཧ་བྷ་ལ། ཅེས་མེ་ཏོག་སྤྱི་བོར་བཀོད། དེ་ནས་ཡེ་ཤེས་ཀྱི་སྤྱན་དབྱེ་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་བས་སློབ་མའི་སྔོན་ཆད་གཉིས་འཛིན་མ་རིག་པའི་ལིང་ཐོག་མིག་རས་ཀྱི་རྣམ་པ་བསལ་ནས་དག་པ་ཡེ་ཤེས་ཀྱི་སྤྱན་མཆོག་ཏུ་ཐོབ་པའི་མོས་པ་གྱིས། ཀུན་བཟང་རིགས་ལྔ་སོགས་ཀྱིས་མིག་དབྱེ། ཀྱེ་མ་ཚེ་འདས་སོགས་ཀྱིས་མཐོང་བ་བསྟན། ཚེ་འདས་ལ་གོང་གི་མེ་དོག་དོར་བ་སོགས་མཚམས་སྦྱོར་དང་རྗེས་ཟློས་བྱེད་མི་དགོས། དེ་ནས་སླར་ཡང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཀྱེ་མ་བླ་མ་འགྲོ་བའི་སོགས་བསྐུར་དུ་གསོལ། །ཞེས་

ལན་གསུམ། ཚེ་འདས་ལ་འདི་ཡང་རྗེས་ཟློས་མི་དགོས། ལས་བུམ་སྒྲོས་འཐོར་ལ། འོ་ཚུར་ཤོག་ཚུར་ཤོག་སོགས་ནས་མཛོད། ཧཱུྃ་ཆོས་དབྱིངས་ཀ་དག་སོགས་ནས་རོལ་ཌ། ཡང་ན་ཨེ་མ་ཧོ། བླ་མ་ཀུན་བཟང་རིགས་ལྔའི་ཚོགས་སོགས། རོལ་ཌ། དེ་ལྟར་གང་མོས་ཀྱིས་བྱིན་དབབ་པའི་མཐར། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་ཁྱེད་རང་རྣམས་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་དབྱེར་མེད་རོ་གཅིག་ཏུ་བརྟན་པར་བྱས་པའི་མོས་པ་གྱིས་ཤིག །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཅེས་མེ་ཏོག་འཐོར་ཞིང་སྐྱབས་རྗེའི་བཞེད་པ་བུམ་དབང་སོགས་ནས་རང་གཞུང་ལྟར་འཇུག་པ་ནི་མཁྱེན་འཚལ། དེ་ནས་བུམ་དབང་དངོས་གཞིའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན། སོགས་ལན་གསུམ། ཧཱུྃ་བུམ་པ་འདི་ནི་སོགས། རྙིང་ལུགས་ལྟར་གོང་གི་ཀྱེ་མ་ཚེ་འདས་བུ་ཁྱོད་སོགས་ནས། མ་ལུས་བདག་གིས་ཡོངས་སུ་བཟུང་། མཚན་བྱང་ལ་ཡུངས་དཀར་གྱིས་བྲབ་ལ། ༀ་བཛྲ་ཤྲྀ་ཧེ་རུ་ཀ་སོགས། སློབ་མའི་ཆས་འཛིན་སོགས་ཡིག་བརྒྱ་ཚར་གཅིག །ལས་བུམ་སྒྲོས། འོ་ཚུར་ཤོག་ཚུར་ཤོག་སོགས་ནས་བྱིན་འབེབས་གཉིས་སྔགས་འགྲོས་ལྟར་གང་རུང་། མཐར། ༀ་སུ་པྲ་སོགས་མེ་ཏོག་འཐོར། གསོན་དབང་ལ་མིག་དར་མེ་ཏོག་སྦྱིན་པ་སྔར་མཎྜལ་འཕྲོ་ལྟར་རམ་ཁ་ཤས་ཀྱིས་འདི་ལྟ་བུ་བཞེད་ཅིང་། སྔོན་བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་ཀྱང་བསྐྱར་ནས་འཇུག་པའི་བརྡར་རས་ཡུག་དམར་པོ་རེས་གདོང་བཅིང་བའི་མོས་པ་མཛོད་ཅིག །ༀ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་ཧཱུྃ། དེ་ནས་མེ་ཏོག་ནི། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་གྱི་སླད་དུ་མེ་ཏོག་གསར་

པའི་ཕྲེང་བ་རེ་སྦྱིན་པའི་མོས་པ་མཛོད་ཅིག །ཨ་ཁཾ་ཝི་ར་སོགས་ཀྱིས་མེ་ཏོག་གཏད། གོང་གི་གནས་སྤར་མཇུག་མཎྜལ་འཕྲོར་མིག་དར་སོགས་བྱིན་ཀྱང་བྱིན་འབེབས་འདིར་བྱའོ། །དེ་ནས། ཧཱུྃ་དཀྱིལ་འཁོར་ཆེན་པོ་ཤར་གྱི་སྒོ་སོགས་ནས། པྲ་ཝེ་ཤ་ཡ་ཕཊ༔ བར། ཞེས་བརྗོད་པས་སྒོ་བཞི་ཤག་གིས་ཕྱེས་ནས་ཁྱེད་རང་རྣམས་ཤར་སྒོའི་ནང་ཁྱམས་སུ་གནས་པའི་འདུན་པས་རང་སྣང་དག་པ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་གྲངས་མེད་པ་རྣམས་ཡེ་ཤེས་གཅིག་གི་རོལ་པ་ལས་བཟང་ངན་མ་མཆིས་ནའང་རང་གི་ལས་འབྲེལ་གང་ལ་ཡོད་པའི་ལྷ་དེ་དག་གིས་རིག་པའི་མེ་ཏོག་འདི་བཞེས་སུ་གསོལ་སྙམས་པས་མེ་དོག་དོར་བ་འདིའི་རྗེས་ཟློས་མཛོད། ཧོ་བདག་ཅག་རིག་པའི་སོགས་ནས་འབབ་པར་ཤོག །པྲ་ཏིཙྪ་ཧོ༔ ཞེས་དཀྱིལ་འཁོར་ལ་དོར་བའི་དབུས་དང་ཕྱོགས་བཞིར་བབ་པ་རྣམས་རིམ་གྱིས་རིགས་མཐུན་གྱི་མཚན། ཆོས་དབྱིངས་རང་གྲོལ། འོད་གསལ་རང་གྲོལ། འདོད་ཡོན་རང་གྲོལ། བདེ་ཆེན་དྲི་མེད། གང་བསམ་ལྷུན་གྲུབ་སོགས་སུ་བཏགས་པ་ཡིན་པས་མ་བརྗེད་པར་གྱིས་དང་བར་དོར་དྲན་པ་ཙམ་གྱིས་གྲོལ་བ་སོགས་འདི་ཕྱིར་ཕན་ཡོན་མངོན་དུ་ཡོད་པས་འཛིན་པར་འཚལ། གོང་དུ་ལྷག་པའི་ལྷར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་སླར་ཁྱེད་རང་རྣམས་ཀྱི་སྤྱི་བོར་དབང་རྟགས་སུ་རིགས་ཀྱི་ལྷ་དེ་དག་གིས་བསྩལ་བའི་མོས་པ་མཛོད། པྲ་ཏི་གྷྲྀཧྞ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ་ཏིཥྛ། ཀུན་བཟང་རིགས་ལྔ་སོགས་ཤ་ཡ་ཕཊ༔ སོགས་ཀྱིས་མིག་རས་དབྱེ་ནས། གཉིས་འཛིན་འཁྲུལ་བའི་ལང་ཐོག་མིག་རས་ཀྱི་རྣམ་པར་བསལ་ནས་དག་པ་ཡེ་ཤེས་ཀྱི་སྤྱན་མཆོག་ཏུ་ཐོབ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ཞལ་མངོན་སུམ་དུ་མཇལ་བའི་མོས་པ་ཞུ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ་སོགས་ཀྱིས་མཐོང་བ་བསྟན།

ཡང་། བུམ་དབང་ཞུ་བའི་ཆེད་ཐལ་མོ་དང་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ཀྱིས། ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ་ཆེ། །བདག་ཅག་༴ རྒྱལ་བ་ཞི་ཁྲོ་༴ བུམ་པའི་དབང་མཆོག་བསྐུར་དུ་གསོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས་བུམ་ལྷ་རྣམས་སྐུ་གཟུགས་སྟོང་དུ་བཞེངས། ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དེ་དག་ཐམས་ཅད་ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་ནམ་མཁར་བྷོ་དྷི་ཙིཏྟའི་སྒྲ་ཏི་རི་རི་བྱོན་ནས་དབང་བསྐུར་རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་ཤེས་པ་བརྗོད་ཅིང་བུམ་ནང་གི་ལྷ་ཚོགས་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐད་ཅིག་ཉིད་ལ་ཐོབ་སྙམ་པའི་མོས་པ་མཛོད། དྲིལ་འཛིན་སློབ་དཔོན་གྱིས་རྣམ་རྒྱལ་བུམ་པ་ཐོགས་ཏེ། ཧཱུྃ་བུམ་པ་འདི་ནི་གཞལ་ཡས་ཁང་། །ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས། །ཕྱི་ནང་གསང་བའི་དཀྱིལ་འཁོར་ནས། །སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས། །སློབ་བུ་ཁྱེད་ལ་དབབ་པ་ཡིས། །ཕུང་ཁམས་ལྷ་དང་ལྷ་མོར་གྱུར། །བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག །ༀ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་སོགས། འོ་རིགས་ཀྱི་བུ་ཁྱེད་རྣམས་ལ་སོགས་ནས། དབྱེར་མེད་དུ་སངས་རྒྱས་པར་གྱུར་ཅིག །མེ་ཏོག་འཐོར། རོལ་མོ་ཌ། དེ་ནས་ཐུན་མོང་རིགས་ལྔའི་དབང་། གདང་དང་ལྷུབ་རེས་མོས་སུ་བྱེད་པའམ་ཡང་ན་བཞི་ཆོད་ནི། ཧཱུྃ་སྐུ་གསུམ་དམ་ཚིག་༴ སོགས་བུམ་ཆུ་སྤྱི་གཙུག་ཏུ་བླུགས་སམ་ཡང་ན་སྒྲོས་འཐོར། དེ་ནས་ལྷ་དབང་ཡོངས་རྫོགས་ཞུ་བའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས། ཀྱེ་ཧོ་བླ་མ་སོགས་ནས། ཡོངས་རྫོགས་བསྐུར་དུ་གསོལ། ཞེས་ལན་གསུམ། གཤིན་པོ་འདི་ལ་དམིགས་ཡུལ་བྱས་པ་དོན་འདྲ་ཡང་འདོན་སྲོལ་མེད། ཡིན་ན་རྗེས་ཟློས་མི་དགོས། ལན་གཅིག་འདོན་སྲོལ་འདུག །དེ་ནས། ཧཱུྃ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་སོགས་གཤིན་

པོ་ཡིན་ན། ཧཱུྃ་ཚེ་འདས་རིགས་ཀྱི་སོགས་ནས་ལྷ་དབང་རྣམས་བསྐུར་ཚིག་སྨོན་ལམ་ངོ་སྤྲོད་བཅས་དཀྱུས་བཞིན་ལྟར་ལས་མཐར། གྲོལ་བ་དུས་མཉམ་དུ་འོང་ངོ་། །ཞེས་པའི་བར་སོང་ནས། གནས་བསྡུས་ལས་དྲིལ། ཧཱུྃ་གསང་བ་ཡེ་ཤེས་སོགས། གསང་དབང་། ཧཱུྃ་མེ་ལོང་སྤྲོས་བྲལ་༴ སོགས་ཤེར་དབང་། ཧྲཱི༔ ངོ་བོ་ཉིད་ནི་༴ སོགས་ཚིག་དབང་རྣམས་བསྐུར། འདིར་དང་པོ་ཚིག་གཅིག་ཙམ་ལས་རེ་རེ་བཞིན་མགོ་བསྐུལ་མེད་སྦྲེལ་འདོན་ཁོ་ནས། ཧཱུྃ་འཁོར་ལོ་རིན་ཆེན་༴ ནས་གྱུར་ཅིག །རྒྱལ་སྲིད་སྣ་བདུན་ནས། ༀ་ཡེ་དྷརྨ༴ ༀ་ཆོས་སྐུའི་བཀྲ་ཤིས་སོགས། མེ་ཏོག་འཐོར། གསོན་དབང་སོགས་ཚར་གྲངས་གསོགས་དགོས་ཚེ། གཤིན་པོ་སོགས་ལ་མཐར་འདོད་ཡོན་བྱིན་རླབས། ས་གཞི་སྤོས་ཆུས༴ སོགས་ནས། ཤོག །དེ་ནས་བསྔོ་སྨོན་བསྡུས་ཙམ་རེས་སློབ་མ་རང་གནས་སུ་བཏང་། དབང་རྗེས་མའི་སྐབས་དམ་ཚིག་ཁས་ལེན་མཎྜལ་ལུས་ལོངས་སྤྱོད་ཕུལ་ཞིང་དགེ་བ་བསྔོ་བ་སོགས་དབང་སྤྱི་ལྟར་རོ། །རཾ་ཡཾ་ཁཾ། ༀ་བཛྲ་ས་ཏྭ་ཧཱུྃ། ཞེས་འདོད་ཡོན་ལ་ལས་ཆུས་བྲན། སྭཱ་བྷ་ཝ་སོགས། སྟོང་པའི་ངང་ལས་ཟབ་ཡངས་རིན་པོ་ཆེའི་སྣོད་དུ་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་འགྱུར། །ༀ་སརྦ་བིད་སོགས་ནམ་མཁའ་མཛོད་གྱི་སྔགས་རྒྱ་ལན་གསུམ་ནས། རང་གཞུང་ལྟར་རོ། །ཡང་ན་བྱིན་རླབས་སྔར་ལྟར་ལ། སྟོང་པའི་ངང་ལས་འདོད་ཡོན་གྱི་དངོས་པོ་རྣམས་གཟུགས་བཟང་བ་སྒྲ་སྙན་པ་དྲི་ཞིིམ་པ་རོ་མངར་བ་རེག་བྱ་འཇམ་པ་སྟོང་གསུམ་རབ་འབྱམས་ནམ་མཁའི་ཁམས་ཐམས་ཅད་གང་བར་འགྱུར། སྔགས་རྣམས་སྔར་ལྟར། མཁའ་མཉམ་ཞིང་ན་གཟུགས་མཆོག་ཅི་མཆིས་པ། །བློ་ཡི་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་གཟུགས་ཀྱི་ལོག་རྟོག་རྣམ་

དག་ནས། །བཅོམ་ལྡན་རྣམ་སྣང་གོ་འཕང་མྱུར་ཐོབ་ཤོག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་རུ་པ་པུ་ཙྪ་ཧོ། མཁའ་མཉམ་ཞིང་ན་སྒྲ་སྙན་ཅི་མཆིས་པ། །བློ་ཡི་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་སྒྲ་ཡི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་མི་བསྐྱོད་གོ་འཕང་མྱུར་ཐོབ་ཤོག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཤབྟ་པུཙྪ་ཧོ༔ མཁའ་མཉམ་ཞིང་ན་དྲི་ཞིམ་ཅི་མཆིས་པ། །བློ་ཡི་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་དྲི་ཡི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་རིན་འབྱུང་གོ་འཕང་མྱུར་ཐོབ་ཤོག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་གྷནྡྷེ་པུཙྪ་ཧོ༔ མཁའ་མཉམ་ཞིང་ན་རོ་མཆོག་ཅི་མཆིས་པ། །བློ་ཡི་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་རོ་ཡི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་སྣང་མཐའི་གོ་འཕང་མྱུར་ཐོབ་ཤོག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ར་ས་པུཙྪ་ཧོ༔ མཁའ་མཉམ་ཞིང་ན་རེག་བྱ་ཅི་མཆིས་པ། བློ་ཡི་བླངས་ནས་དཀྱིལ་འཁོར་ལྷ་ལ་འབུལ། །ཚེ་འདས་རེག་བྱའི་ལོག་རྟོག་རྣམ་དག་ནས། །བཅོམ་ལྡན་དོན་གྲུབ་གོ་འཕང་མྱུར་ཐོབ་ཤོག །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་སྤར་ཤེ་པུཙྪ་ཧོཿཀྱེ་ཧོ། ཚེ་འདས་ཐར་བའི་ལམ་བསྒྲོད་ལ། །བཟའ་བཏུང་གོས་རྒྱན་ལ་སོགས་མཁོ་དགུ་རྣམས། །བརྩེ་སེམས་ཅན་གྱིས་ཁྱོད་ཕྱིར་ཕངས་མེད་བསྔོ། །རྡོ་རྗེ་སློབ་དཔོན་ཟད་མེད་བྱིན་རླབས་གྱིས། །ཁྱོད་ལ་བསྔོས་པས་འདོད་དགུ་ཀུན་ཐོབ་ནས། །ཞེན་མེད་སྤྱོད་ལ་བདེ་ཆེན་ལམ་དུ་གཤེགས། །སོགས་ཀྱིས་བསྔོ་ལ་སླར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བཅས། དམིགས་ཡུལ་ཚེ་ལས་འདས་པ་རྣམས་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ཞེན་པ་མེད་པའི་ཚུལ་གྱིས་ལོངས་སྤྱོད་ནས་མ་ཆགས་མ་ཞེན་པར་ཀུན་བཟང་ཞི་ཁྲོ་རབ་འབྱམས་ཀྱི་ཐུགས་ཀློང་དུ་སངས་

རྒྱས་པར་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་སོགས། འདི་ནས་ཤར་གྱི་ཕྱོགས་༴ ༴ སོགས་དང་། དེ་ནས་མེ་ལོང་དང་སེམས་དཔའ་ལྔའི་སྐུ་གཟུགས་བསྟན་ལ། ཀྱེ་མ་མུན་པ༴ སོགས་མར་མེ་བསྟན་ལ། ཧཱུྃ་རང་བཞིན་ཤུགས་ཀྱིས་༴ སོགས་འཕྲད་པར་ཤོག །བར། འདི་ནས་ཤར་གྱི་༴ སོགས་ནས། སྐུ་གསུམ་འབྲས་བུ་ཐོབ་པར་ཤོག །དྲིལ་པང་སླར་བསྔོ་བ་གང་ཡིན་བརྗོད། གཤིན་པོ་སོགས་ལ་རྩ་ཚིག་སྨོན་ལམ་བླ་མ་ཡི་དམ། འདི་སོགས་རྗེས་སོར་གང་བདེར། དགོང་ཞག་སྐབས་ལྷག་མ་ཆེ་བ་འདིར་བཏང་ངོ་དེ་ནས་མཆོད་དོ། །དེ་ནས་བྱང་འདྲེན་གྱིས། བཛྲ་པུཥྤེ་སོགས་ཀྱིས་མཆོད་བསྟོད་བསྡུས་པ་ཙམ་བྱ། དེ་ནས་ལས་བྱང་ཆུང་བའི་གསོལ་འདེབས། རྣམ་དག་ཆོས་དབྱིངས་ཁྱབ་བརྡལ༴ སོགས། ཧཱུྃ་ང་ཉིད་ལྷ་ཡི་༴ སོགས་ནས། ཏ་ཡ་ཕཊ༔ ཧཱུྃ་རང་ཉིད་ལྷ་ཡི་སོགས། ཧཱུྃ་ཕཊ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་༴ ལན་གསུམ་མམ་གཅིག །བསྔོ། ཧཱུྃ་བསམ་བརྗོད་༴ ༴ གྱུར། སྔགས་རྣམས་རོལ་འོག །དེ་ནས་དྲིལ་སར་བཞག །ཧཱུྃ་རྟོག་བྲལ་བསྒོམ་མེད༴ ནས་སྣང་ལ་རང་བཞིན་མེད་པར་གསལ༔ དྲིལ་བཅས་བསྡུ་རྒྱ། ཧཱུྃ་དཔེ་མེད་བསམ་བརྗོད་༴ སོགས་ནས་གཤེགས་སུ་གསོལ། ཌ་དྲིལ་བྱེད། དེ་ནས་བཞུགས་སུ་གསོལ་ནས་ནར་དེད་ཀྱིས། ཧཱུྃ་རིགས་ལྔ་ཡབ་ཡུམ་གཉིས་༴ ༴ སོགས་ཁ་ཧི། ལས་བྱང་འདི་ཉིད་ཀྱི་ཆོ་ག་གཅིག་ལྟ་བུ་ལ་སྨན་མཆོད་འདིར་བསྐུལ། ཧཱུྃ་དུག་ལྔ་ཡེ་ཤེས་༴ རཀྟ་ལ་ཁ་ཧི། སྦྲེལ། ཧཱུྃ་ཕྱི་སྣོད་སོགས། ཏ་ཁ་རཾ་ཁ་ཧཱི། ཌཱ་འུར་ཆེམས། ཧཱུྃ་སྐུ་ནི་མི་འགྱུར་སོགས། དམ་ཅན་རྒྱ་མཚོ་ཚོགས་ལ་ཕྱག་འཚལ་བསྟོད། །ཀྱིས་དྲིལ་སར་བཞག །ཧཱུྃ་བླ་མ་ཀུན་བཟང་སོགས་ནས་ཡིག་བརྒྱ་ལན་གཅིག །བསྙེན་པ་སྤྱི་དྲིལ། རང་སྔགས་ཡིག་བརྒྱ་བཅས་ཀྱི་མཐར། བཛྲ་པུཥྤེ་སོགས་ཀྱིས་མཆོད། བསྙེན་མཇུག་བསྟོད་པ་ནི་དབུ་མཛད་རེ་ལ་

བཞེད་པ་རེ་སྣང་ཞིང་གང་ལྟར་ཆོག་པར་སེམས། བཀའ་རྒྱུད་བླ་མ༴ ལྟ་བུས་བསྟོད་ནས་སྤྲོ་ན་ལྟུང་བཤགས་ཚར་གཅིག །ཡང་ཧཱུྃ་ང་ཉིད་ལྷ་ཡི་༴ སོགས་ནས་སྔར་ལྟར་བསྙེན་པ། བཛྲ་པུཥྤེ་སོགས་ཀྱིས་མཆོད། བསྟོད་པར་འོས་༴ ལྟ་བུས་བསྟོད་ནས་ལས་བྱང་སྔར་ལྟར་བསྙེན་པ་རང་སྔགས་ཡིག་བརྒྱའི་མཐར། བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུྃ་སྐུ་ནི་མི་འགྱུར་ཀ་དག་༴ སོགས་ཀྱིས་བསྟོད་ནས་རྩ་སྔགས་གཤམ་དུ། ཀ་ཡ་ཝཱཀྐ་སོགས་ཀྱིས་དངོས་གྲུབ་བླང་ལ་དྲིལ་སར་བཞག །ༀ་ཡེ་ཤེས་སྐུ་མཆོག་སོགས་ཀློང་བཤགས་བརྗོད་ནས་ཡིག་བརྒྱ་ལྟུང་བཤགས། དེ་ནས་གནས་བསྡུས། ༀ་བཛྲ་ས་ཏྭ་ཧཱུྃ། ཞེས་ལས་ཆུས་བྲན། བདག་ཉིད་རྡོ་རྗེ་སེམས་དཔའ་སོགས། ཡིག་བརྒྱ་ལན་གཅིག །ཡང་ན་ལས་སྔགས། སྭཱ་བྷ་ཝ་སོགས། སྟོང་པའི་ངང་ལས་སོགས་ཇི་ལྟ་བར་གྱུར། །ༀ་བཛྲ་ས་ཏཱ་ཧཱུྃ། བདག་ཉིད་རྡོ་རྗེ་སེམས་དཔའ་སོགས་སྔར་ལྟར་ཡིག་བརྒྱ། ནྲི་ཡཾ་བཛྲ་སོགས་ལན་གསུམ། ན་མོ་དཀོན་མཆོག་གསུམ་དང་སོགས་ཚེ་ལྡན་རྣམས་ལ་ཁྲུས་བྱ། ཧཱུྃ་ང་ཉིད་ལྷ་ཡི་སོགས་ནས། ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ བགེགས་གཏོར་ལ་ལས་ཆུས། རཾ་ཡཾ་ཁཾ་ༀ་ཨཱཿཧཱུྃ་གིས་བརླབས་ལ། ཧཱུྃ་འདོད་ཡོན་ལོངས་སྤྱོད་ནས། བྷནྷ་ན་ཀ་རོ་མེ། ས་གཞི་སྤོས་༴ སོགས། ཤོག །ཨེ་མ་མགོན་པོ་སོགས་ནས། ཧཱུྃ་རིན་ཆེན་བུམ་པ་སོགས་ཀྱི་མཇུག་ཏུ། ཧཱུྃ་སྐུ་གསུམ་དམ་ཚིག་སོགས། ཧཱུྃ་སྐལ་ལྡན་རིགས་ཀྱི་སོགས། ལྷ་དབང་ཡོངས་རྫོགས་བཅས་བསྐུར་ཚིག་ཁོ་ནས་སྦྲེལ་འདོན། ཧོ་གསང་བ་ཡེ་ཤེས་བདུད་རྩི། ཤེར་དབང་ཚིིག་དབང་བཅས་ཀྱི་མཐར་བཀྲ་ཤིས་ཚིག་བཞི་རེ། མཎྜལ། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ་ཀྱེ་ཧོ་ཚེ་འདས་སོགས་འདོད་ཡོན་བསྔོ། ཐམས་ཅད་ནམ་མཁའ་སོགས་བརྗོད་སླར་ཡང་། ཀྱེ་མ་བདག་འདྲའི་སོགས་ནས། སྔར་ལྟར་ལས་གསུར་

བསྔོས་ཀྱི་བར་ཚར་གསུམ་ཚང་བ་དང་། གསོན་དབང་ལ་མཎྜལ་འཕྲོ་བསྔོ་བ་བསྡུས་ཙམ་བརྗོད་གསུར་བསྔོ་རྗེས་མའི་མཐར། དྲིལ་པང་། འདི་ནས་ཤར་ལྷོ་ནུབ་བྱང་སོགས་ནས། འབྲས་བུ་ཐོབ་པར་ཤོག །བར་བསྔོ་སྨོན་དང་མཆོད་བསྟོད་ཡང་ལས་བྱང་སྔར་ལྟར་ཚར་གསུམ་སྒྲུབ་པ་ལས་བསྙེན་བསྟོད་སྐབས། ཧཱུྃ་ཆོས་སྐུ་ནམ་མཁའ་ལྟ་བུར་སོགས། དང་པོ། གཉིས་པ། ཧཱུྃ་གསལ་འཚེར་ལྷུན་སྡུག་སོགས། གསུམ་པ། ཧཱུྃ་སྒེག་པ་དཔའ་སོགས་རྩ་སྔགས་ལ། ཀ་ཡ་ཝཀྐ་བཏགས་པས་དངོས་གྲུབ་ལེན། དྲིལ་སར་བཞག །ན་རཀ་བསྐང་བཤགས། ཨེ་མ་ཧོ། ཕྱོགས་བཅུ་དུས་བཞི༴ དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི། །དྲིལ་འཛིན། ཧཱུྃ་མ་བཅོས་རང་བྱུང་ཆེན་པོ་སོགས་ནས། ཨ་ལ་ལ་ཏེ་དགྱེས་པར་བཞེས་སུ་གསོལ། །རོལ་ཌ་འོག་ཡིག་བརྒྱ་འདྲེན། དྲིལ་སར། ཧཱུྃ་དུས་གསུམ་རྒྱལ་བ་༴ སོགས་ནས། ཕྱམས་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག །བར་བཏོན། ལྟུང་བཤགས། གནས་བསྡུས་ཚར་གསུམ་གྱི་རྗེས། ཤེར་དབང་གི་འཕྲོར། ཧཱུྃ་ཇི་ལྟར་སྔོན་གྱི༴ སོགས་རྟགས་བརྒྱད་བསྐུར་བ་ཙམ་ལས་སྔར་བཞིན་མཆོད་བསྟོད་བར། མཇུག་བཛྲ་པུཥྤེ་སོགས་ཀྱིས་མཆོད་ཅིང་བསྟོད་པ་ནི། བཀའ་རྒྱུད་བླ་མ༴ བསྟོད་པར་འོས་པ༴ སོགས་གང་རུང་། ཡང་ལས་བྱང་ཚར་གསུམ་བསྙེན་མཇུག་མཆོད་བསྟོད། ཐལ་ཆེན་རཀྟ་དང་། གཉིས་པ་རྒྱལ་བའི་བསྟན་པ་སོགས། སྒྲུབ་པའི་རྗེས་མར། བསྙེན་པའི་མཇུག་དུ་དྲིལ་དབྱངས་གསལ། ཡིག་བརྒྱ། ཡེ་དྷརྨ་བཅས། ཧཱུྃ་དངོས་སུ་འབྱོར་དང་། སོགས་ཀྱིས་མཆོད། རོལ་མོ་ཌ། བརྗོད་མེད་ཤེས་རབ་༴ སོགས་ཚར་རེ། སྤྱི་ཕྱག་གྱིས་བསྟོད་ནས་ཡིག་བརྒྱ། ཧཱུྃ་བདེ་གཤེགས་རྒྱལ་བ་༴ སོགས་ཀྱིས་དབང་ལེན། རོལ་མོ་ཌ། ལས་རྡོར་ཚོགས་ཞུས་བྱ་ན་འདིར། ཧཱུྃ་ཉོན་ཅིག་

བགེགས་དང་སོགས་ནས། ཧ་ཧོ་ཧྲཱི་བར་གྱིས་བྱིན་རླབས་དང་། ཧཱུྃ་སྟོང་གསུམ་འདིའམ་སོགས་མཐར་རོལ་ཌ། ཧཱུྃ་ཀུན་གཞི་ཀློང་ཡངས་༴ ནས་མར་འོག་ཐུགས་དམ་བསྐང་བའི་རྗེས་སུ་རོལ་ཌ་དྲིལ་པང་། ༀ་ཨཱཿཧཱུྃ་དུར་ཁྲོད་གསང་བ་སོགས་ནས། བྱེད་པར་ཤོག །བར། ཧཱུྃ་འོག་མིན་ཆོས་དབྱིངས་སོགས། རོལ་ཌ། ཧཱུྃ་བླ་མ་ཀུན་བཟང་སོགས་ཚོགས་ཕུད་དང་པོ། ཧཱུྃ་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་སོགས་ཚོགས་ཕུད་གཉིས་པའི་མཐར་རོལ་ཌ། ཧཱུྃ་བདག་ཅག་འཁོར་བའི་སོགས། ༀ་བཛྲ་ས་ཏྭ་ཞེས་བཤགས་པ་དང་པོ། ཧཱུྃ་བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་སོགས་མཐར་ཡིག་བརྒྱ་བཤགས་པ་གཉིས་པ། ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་སོགས་དྲིལ་པང་། ཧཱུྃ་དབུས་ན་བཛྲ་ས་ཏྭ་སོགས་དེ་མཐར་གྷ་ན་ཙཀྲའི་ཡིག་བརྒྱ། ལྕགས་ཀྱུའི་རྒྱ། ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་བསྲུང་མའི་བདེན་པའི་གནོད་བྱེད་དགྲ་བགེགས་ཐམས་ཅད་ཚོགས་ཐ་མ་དམིགས་པའི་མཚན་མ་རྫས་ཀྱི་རྟེན་འདི་ལ་མྱུར་དུ་ཁུག་ཅིག །ཛ་ཧཱུྃ་བཾ་ཧོ༔ ཧཱུྃ་བྷྱོ་མི་མངོན་དབྱིངས་ན་སོགས། ཧཱུྃ་ཁྲག་འཐུང་སྐུ་ཡི་ལྷ་ཚོགས་སོགས། ཁུག །བླ་སྲོག་རྟེན་ལ་འགུགས་པ་ནི། ༀ་བྷུདྡྷ་ཀྲོ་ཏ་སོགས། ཧོ་དཔལ་ཆེན་པོ་སོགས་ལ་ལྕགས་ཀྱུའི་རྒྱ་བཅས་ལྷ་དང་བྲལ་བ་ལ། ཧཱུྃ་ཁྲག་འཐུང་ཐུགས་ཀྱི་༴ སོགས། ཧོ་དཔལ་ཆེན་པོ་བཛྲ་ཧེ་རུ་ཀའི༴ སོགས་སློབ་དཔོན་གྱིས། སོར་མོ་རྒྱབ་སྤྲད་ཅིང་དབྱེ་རྒྱས་བྱད་དུ་གཞུགས་པ་ནི། རཏྣ་ཧེ་རུ་ཀའི་༴ སོགས་ལག་གཉིས་ཕྱིར་བསྟན་གྱི་བླང་ཏེ་བསྐོར། སླར་ནང་བསྟན་གྱིས་བསྐོར་ནས་བླང་རྗེས་སྡིག་འཛུབ་ཀྱི་རྣམ་པས་འཆིང་ཚིལ་བྱ། གཏུན་དུ་བརྡུང་བ་ནི། པདྨ་ཧེ་རུ་ཀའི་ཐལ་མོ་ཁ་སྦུབ་གིས་མཐེ་བོང་སྦྲེལ་ཏེ་གདེང་ཚུལ་གྱིས་བསྐོར་རྗེས་སུ་འབེབས་ཚུལ་བྱ། སྨྱོ་རུ་གཞུག་པ་ནི། ཀརྨ་ཧེ་རུ་ཀའི་༴ སོགས། ཐལ་མོ་བསྐྱངས་

ནས་མཁྲིག་མ་སྤྲད་དེ་འཁོར་ལོ་ལྟར་བསྐོར་ཚུལ་བྱ། དེ་ནས་བསྒྲལ་བ་དངོས་ནི་སློབ་དཔོན་གྱིས་མགུལ་ཕུར་ཡོད་ན་དང་མེད་ཚེ་ཕྱག་གྲི་ཕུལ། ཧཱུྃ་བྷྱོ་ཕོག་པར་རྒྱོབ་ཅིག་༴ སོགས། དབང་ཕྱུག་རྣམས། རོལ་འོག་ཏུ་བསྒྲལ། དེ་ནས་ཕུང་པོ་ཞལ་དུ་བསྟབས་ལ། ཧཱུྃ་དང་པོའི་སངས་རྒྱས་༴ སོགས་ནས་བསྟབ་པར་བྱའོ། །ཧཱུྃ་རྣམ་ཤེས་ཕུང་པོ་གནས་༴ སོགས་ཡིད་ཀྱི་རྣམ་ཤེས་མཇུག་རོལ་ཌ། ནར་དེད་ཀྱི་ཕུར་བསྐང་མཇུག་ཏུ་སྡེ་བདུན་བསྐངས་བཤགས་བཅས། དངོས་པོ་ཆོས་ཉིད་༴ བསྐང་གདངས་བྱས་ཤིང་མཐར། རོལ་ཌ། ལས་རྡོར་ཕྱག་བཅས། ཧོ་རྣལ་འབྱོར་ཕོ་མོ་༴ བསམ་ལྷུན། ཚོགས་ལ་རོལ། སྤྲོ་ན་ལྷག་མ་བསྡུ། དེ་ནས་སྔར་བཞིན་ལྟུང་བཤགས་གནས་བསྡུས་ཚར་གསུམ་བསྐུར་རྗེས། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་དད་པ་དམ་ཚིག་ལྡན་པ་༴ སོགས་ནས། མོས་གུས་དྲག་པོ་བསྐྱེད་འཚལ། དྲིལ་ཡོ་ག་མགོ་བསྐུལ་ཀྱིས། ༀ་ཨཱཿཧཱུྃ་སྐྱེ་མེད་དབྱིངས་ཀྱི་༴ སོགས་གཏོར་དབང་བསྐུར། བཀྲ་ཤིས། དམ་ཚིག་ཁས་ལེན་བསྔོ་སྨོན་བཅས་ཀྱིས་སྤྱི་ལྟར་བྱ། སློབ་དཔོན་གྱིས་འདོད་ཡོན་བྱིན་རླབས་བྱ། ཀྱེ་ཧོ་ཚེ་འདས་ཐར་པའི་༴ སོགས་ཀྱི་བསྔོ། འདི་ནས་ཤར་ལྷོ་༴ སོགས་ནས། འབྲས་བུ་ཐོབ་པར་ཤོག །དྲིལ་པང་། ཧཱུྃ་ཐབས་ཀྱི་གཞུ་ལ་༴ སོགས། འཕོ་ལུང་དགོས་ཚེ་འདིར་གནས་སྤར་རྒྱབ། བྱང་བུ་དང་། དགོང་ཞག་ལྟ་བུ་ཉིན་ཐ་མ། མེ་ལ་ཆབ་བྲན། ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་སོགས། ཧཱུྃ་ཚེ་འདས་རིགས་ཀྱི་༴ སོགས་མཐར་བྱང་བུ་བསྲེག །སྡིག་སྒྲིབ་སྦྱང་སྔགས་ཅི་རིགས་ཀྱི་མཐར་ཤམ་བཅས། ཨགྣེ་ཡེ་ཛྭ་ལ་རཾ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སྨོན་ལམ་རྒྱ་ཆེར་བཏབ། དྲིལ་པང་རྩ་གདངས་ཀྱིས། ཧེ་རུ་ཀ་དཔལ་སོགས་དང་། ཧཱུྃ་ཆོས་དབྱིངས་སྐྱེ་མེད་༴ སོགས་ནས་རྒྱུ་འབྲས་གཅིག །འདིར་ལྷག་ཞུ་བྱ། ༀ་ཨཱཿཧཱུྃ་པཉྩ་ཨ་མྲྀཏ་ཧཱུྃ་ཧ་ཧོ་ཧྲཱི༔

ཕེམ་ཕེམ། ཨ་ཀ་རོས་སྦྱངས་སྔགས་ཀྱིས་ཁ་ཕྲུ་བཏབ། རོལ་ཌ། ཧཱུྃ་ཐ་མ་ལྷག་མ་༴ སོགས་ནས། འགྲུབ་པར་མཛོད། རོལ་ཌ། ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་བསྲུང་མའི་བདེན་པས་གནོད་བྱེད་དམ་སྲི་རྒབ་འདྲེ་ལོག་པར་འདྲེན་པ་ཐམས་ཅད་གཏོར་གཞུང་རི་རབ་གསལ་བའི་འོག་རོལ་དུ་ཁུག་ཅིག །དགྲ་བགེགས་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག །སོགས་ཀྱིས་བཀའ་སྲུང་གཏོར་མ། ཛཿཧཱུྃ་བཾ་ཧོ༔ གཏོར་འགུགས་བྱས་ལ། ཧཱུྃ་བྷྱོ་རྣམ་དག་ཆོས་དབྱིངས་༴ སོགས། ཧཱུྃ་བྷྱོ་བཀའ་དང་༴ ནས་བརླག་པར་མཛོད། ཧཱུྃ་བྷྱོ་མ་ནིང་ནག་པོ་༴ སོགས་ཀྱིས་བཀའ་སྲུང་གཏོར་མ་མཆོད། རོལ་ཌ། ཧཱུྃ་དུས་གསུམ་དུས་མེད་༴ སོགས་ནས་འགྲུབ་པར་མཛོད། །ཧཱུྃ་ཛ༔ ཤར་ཕྱོགས་སྒོ་༴ སོགས་ནས་འགྲུབ་པར་མཛོད། བསྟན་མ་འབྲུ་གསུམ་གྱིས་བརླབས་ལ། ཧཱུྃ་བྷྱོ་བསྟན་མ་སྲུང་༴ སོགས་ཀྱིས་བརྟན་མ་མཆོད། རོལ་ཌ། ན་མོ་དཀོན་མཆོག་གསུམ་དང་༴ སློབ་དཔོན་ཕྱག་གི་རྡོ་རྗེ་ཞུས་ནས་ཤར་ནུབ་ལྷོ་བྱང་དུ་རྒྱ་གྲམ་བཀོད། དེ་ནས་རྟ་བྲོ། ཧཱུྃ་ཕྱོགས་མེད་ཕྱོགས་དང་༴ སོགས་སྟྭཾ་བྷ་ཡ་ནན། མཆོད་ཁ་གསོ། བཛྲ་པུཥྤེ་སོགས་ཀྱིས་མཆོད། བཀའ་བརྒྱུད་བླ་མའི་བསྟོད། བདག་ཉིད་སྤྱི་གཙུག་སོགས། ཡིག་བརྒྱ། དབྱངས་གསལ། ཀུན་གཞི་མ་བཅོས༴ སོགས་ནས། ཧོ་གང་ཡང་བདག་བློ་༴ སོགས། ཡེ་དྷརྨ་སོགས། ནས་འཐོར་ལ་ༀ་སྟོང་ཞིང་བདག་མེད་༴ སོགས་དྲིལ་པང་། ན་མོ་འཁོར་གསུམ་ཡང་དག་སོགས། ༀ་འདིར་ནི་གཟུགས་དང་༴ སོགས་མེ་ཏོག་འཐོར། གཟུགས་སྣང་ཐམས་ཅད༴ སོགས། སྐད་ཅིག་སྟོང་གསལ་སོགས་ནས་ངང་ནས་སྤྱོད་བར་བཞི་ཆོད་ཀྱིས་འདོན། དེ་ནས་གཏོར་བསྔོ་རྒྱས་བསྡུས་སྐབས་བསྟུན་བྱ་སྤྱི་འདུས་བསྡུ་རིམ་བཀྲ་ཤིས་བཅས་ཀྱིས་མཐའ་བརྒྱན་

པར་བྱའོ། །ཡང་གནས་བསྡུས་བྱེད་ན། ལས་བྱང་ཆུང་བ་བསྙེན་པའི་སྐབས་ཛ྄བ་རྒྱས་པ་སྡེ་བདུན་མཇུག་ཏུ། ཕྱག་འཚལ་བསྡུས་པ། རྡོར་བཟླས་སྔར་ལྟར། བདེ་གཤེགས་སྤྱི་བཤགས། ཨེ་མ་ཧོ་ཕྱོགས་བཅུ་དུས་བཞི་༴ སོགས་ནས། བཤགས་པར་བགྱི། བར་བཏང་། ཧཱུྃ་ཉོན་ཅིག༴ སོགས་ཚོགས་བྱིན་རླབས་ཀྱི་མཐར་། ཧཱུྃ་སྟོང་གསུམ་༴ དངོས་གྲུབ་སྩོལ། བར། ཧཱུྃ་མ་བཅོས་རང་བྱུང་༴ སོགས་ནས། ས་ལ་ཕྱིན་པར་ཤོག །བར། ཧཱུྃ་མ་བཅོས་ཆོས་དབྱིངས་༴ སོགས་ནས་སྤྱན་འདྲེན་ཚོགས་ཕུད་གཉིས་ཚོགས་བཤགས་གཉིས་མཇུག་ཏུ། ༀ་ཨཱཿཧཱུྃ་བྷོ་དྷི་༴ སོགས། ཧཱུྃ་དབུས་ན་བཛྲ་ས་ཏྭ་སོགས། གྷ་ན་ཙཀྲའི་ཡིག་བརྒྱ། ཧཱུྃ་ཆོས་སྐུ་ཞི་བའི༴ བསྒྲལ་བསྟབ་བྱ། ཤིན་ཏུ་བསྡུ་ན་བསྒྲལ་བའི་འཕྲོར་སྡེ་བདུན་བསྐང་བ་ཀྱཻ་དགོང་ཤིག་དམ་ཅན་སོགས། དངོས་པོ་ཆོས་ཉིད་མ། ཧཱུྃ་ཡིད་ཀྱི་རྣམ་ཤེས་སོགས་ནས། དངོས་གྲུབ་སྩོལ། ཧཱུྃ་རང་རིག་ཉོན་མོངས་གནས་སོགས། ཡུམ་ཆེན་ཀྲོ་ཏིའི་འཕྲོར། ཁྲག་འཐུང་ལྷ་ཚོགས་བདུན་ཅུ་དྲུག༴ ཐུགས་དམ་བསྐངས། ཐུགས་དམ་བསྐངས་བའི་དམ་རྫས་༴ སོགས་ནས་བཟློག །སྡེ་བདུན་བསྐངས་བའི་། ཀྱེ་དགོངས་ཤིག་དམ་ཅན་སོགས་ནས། ཧཱུྃ་དངོས་པོ་ཆོས་ཉིད༴ སོགས་ཀྱི་མཐར་ཚོགས་ལ་རོལ། གནས་འདྲེན་རྒྱས་བསྡུས་གང་རུང་དང་ལས་བྱང་ཆུང་བའི་ལྷག་མ་མན་ཆད་དཀྱུས་བཞིན་བཏང་བ་ཡིན་ནོ། །སྨྲས་པ། དེ་ལྟར་མཐོང་བརྒྱུད་ཕྱག་བཞེས་ཇི་ལྟ་བ། །ལག་ལེན་གོ་བདེ་ནོར་འཁྲུལ་མེད་པར་བཀོད། །འདི་ལས་བྱུང་བའི་དགེ་ཚོགས་གངྒའི་རྒྱུན། །བྱང་ཆེན་རྒྱ་མཚོར་རོ་གཅིག་འདྲེན་གྱུར་ཅིག །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི །བྱིན་རླབས་སྤྲིན་འཁྲིགས་དངོས་གྲུབ་ཆར་དུ་འབེབས། །བར་ཆད་ཀུན་བསལ་རྣམ་

བཞི་འཕྲིན་ལས་ཀྱི། འདོད་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་གནས་སྐབས་ཉེར་མཁོའི་ཆེད་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བྲིས་པ་དགེ་ལེགས་འཕེལ།