cover

བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།

དེབ་དྲུག་པ།

ནམ་མཁའ་ཆོས་ཀྱི་རྒྱ་མཚོ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ཞེ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། གླིང་བླ་ཆོས་རྡོར་རམ་གླིང་རྒྱལ་མཚན། མགོ་ལོག་ལུང་སྔོན་དགོན་གྱི་དཔོན་བླ་བསོད་ནམས་ནོར་བུ། བསོད་ནམས་ནོར་བུ། ཆགས་མེད། སྟག་བླ་པདྨ་མ་ཏི། གློག་ཐ་བླ་མ་ཚུལ་ཁྲིམས་རྒྱ་མཚོ།

བླ་རུང་སྔ་འགྱུར་དཔེ་ཚོགས་རྩོམ་སྒྲིག་ཚོགས་པ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གསལ་བཤད་ཉུང་ངུ་།

༈ དེ་ཡང་བར་དོ་ཐོས་གྲོལ་གྱི་ཆོས་སྐོར་འདི་དག་ནི་འཛམ་གླིང་མཁས་པ་དག་གིས་གདེང་འཇོག་མཐོན་པོར་གནང་བའི་ཆོས་ཚུལ་ཁྱད་པར་ཅན་ཞིག་ཡིན་པ་དང་། འདིའི་དབང་ལུང་དང་ཁྲིད་རྒྱུན་ཆོ་གའི་ཕྱག་བཞེས་སོགས་ད་དུང་རྒྱུན་མ་ཆད་པར་དར་ཁྱབ་ཆེ་བས། ཟབ་ཆོས་འདིའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པའི་ཕྱིར། གསུང་འདི་དག་གལ་ཆེ་བའི་གནས་སུ་བཟུང་ནས་མ་དཔེ་འཚོལ་སྡུད་སོགས་ལ་དཀའ་ངལ་མང་ཙམ་བྱས་ཏེ་དེབ་འདི་དག་བསྐྲུན་པ་ཡིན་ཀྱང་མ་དཔེ་ཇི་བཞིན་མ་ཆོད་པ་སོགས་སྐྱོན་དུ་མ་ཡོད་སྲིད་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དེ་ལུགས་ཐུགས་ངེས་དགོས་ཤིང་། གཞན་ཡང་གཏེར་ཁ་གསར་རྙིང་གི་ཐོས་གྲོལ་གྱི་ཆོ་གའི་སྐོར་གྱི་ཡི་གེ་དག་ནི་དར་ཁྱབ་ཆེ་བས་འདིར་འགྲེལ་བཤད་དག་གི་གཞི་བྱས་པའི་ཆོ་གའི་གཞུང་ཉུང་བསྡུས་ཙམ་ལས་མ་བཀོད་ལ། དེ་མིན་དབང་དང་འགྲེལ་བཤད་ཁྲིད་ཡིག་རྒྱབ་ཆོས་ཀྱི་ཆོས་ཚན་གང་རྙེད་མཐའ་དག་ཕྱོགས་བསྡུས་བྱས་ཡོད་པ་ཡིན་ནོ།། །།

༼༽མི་འདྲ་བ་ཐེ་ཚོམ་ཅན་འདམ་ངའི་རྟགས།

{}ལྷག་མོ་ཡིན་ནམ་སྙམ་པའི་རྟགས།

་་་་་་་་་་་མ་དཔེ་མི་གསལ་བའི་རྟགས།

[]མ་དཔེ་ལས་ཆད་པ་ཡིན་སྙམ་པའི་རྟགས།

()གོ་བ་ལེན་བདེ་བའི་ཆེད་དུ་གསར་དུ་བསྣན་རྟགས།

བླ་རུང་སྔ་འགྱུར་དཔེ་ཚོགས་རྩོམ་སྒྲིག་པས།

འཆི་ཁ་བར་དོའི་ངོ་སྤྲོད་གསལ་བའི་མེ་ལོང་འོད་གསལ་ཉི་མའི་སྙིང་པོ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། འཆི་ཁ་བར་དོའི་ངོ་སྤྲོད་གསལ་བའི་མེ་ལོང་འོད་གསལ་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ། སྣང་བ་ཐིམ་དང་རྟོག་པ་ཐིམ། །རགས་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་ལ་འོད་གསལ་ངང་། །ཟུང་འཇུག་སྐུ་ནི་ངེས་པར་འཆར། །ཟུང་འཇུག་ལ་ཡང་རྣམ་གཉིས་ཏེ། །སློབ་པ་དང་ནི་མི་སློབ་པའོ། །མི་སློབ་པ་རུ་གྱུར་ཙམ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །སྣང་བའམ་རགས་པ་ཐིམ་པ་ལ་གཉིས་ཏེ། ཡུལ་ཐིམ་པ་དང་། འབྱུང་བ་ཐིམ་པའོ། །དང་པོ་ཡུལ་ཐིམ་པ་ནི། གཟུགས་སྒྲ་ལ་ཐིམ་ཙམ་ན། མིག་ཅུང་ཟད་རྟུལ་དུ་འགྲོ་སྟེ། རང་གི་ཚོར་རུང་མ་ཚོར་རུང་རྒྱང་མིག་མི་མཐོང་། སྒྲ་དྲི་ལ་ཐིམ་ཙམ་ན། རྣ་བ་ཅུང་ཟད་འོན་དུ་འགྲོ། དྲི་རོ་ལ་ཐིམ་ཙ་ན་སྣས་ཅུང་ཟད་དྲི་མི་ཚོར། རོ་རེག་བྱ་ལ་ཐིམ་ཙམ་ན་ལྕེས་རོ་མི་ཚོར། རེག་བྱ་འབྱུང་བ་ཆེན་པོ་བཞི་ལ་ཐིམ་པའི་དུས་སུ་ལུས་ཀྱིས་འཇམ་རྩུབ་ལ་སོགས་པ་རེག་བྱ་ཅུང་ཟད་མི་ཚོར་བས་ཡུལ་ཐིམ་པའོ། །འབྱུང་བ་ཐིམ་པ་ནི། ས་ཆུ་ལ་ཐིམ་ཙ་ན་ཆུ་ནང་དུ་རྡོ་བོར་བ་བཞིན་དུ་སོང་ནས་ལུས་དམའ་ཐིམ་ཐིམ་སོང་བ་སྙམ་བྱེད། ང་ཡར་ཁྱོགས་དང་ཟེར་དགོས་པ་འོང་། ཆུ་མེ་ལ་ཐིམ་ཙ་ན་གྲེ་ཕུག་སྐམ་ཆམ་གྱིས་འགྲོ། ནད་གཡོག་པས་བལྟས་ཙ་ན་ཁ་སྣའི་ཆུ་འབྲུག་པ་འམ། ཡང་ན་སྐམ་ཆོམ་ལ་གདོང་པ་ཧོམ་སྐྱ་བོར་འགྲོ། མེ་རླུང་ལ་ཐིམ་ཙ་ན་རྐང་མཐིལ་ལ་སོགས་པའི་དྲོད་འཆོར་རོ། །རླུང་རྣམ་པར་ཤེས་པ་ལ་ཐིམ་ཙ་ན་དབུགས་མི་བདེ་ཁ་ནང་དུ་སྡུད་མི་ཤེས་ཏེ།

ངར་ངར་བ་རྐང་ལག་ཡབ་ཡབ་ལ་ཤི་འཕྲས་བྱེད་པ་འོང་། དེ་དག་ནི་འབྱུང་བ་ཐིམ་པའོ། །དེ་ལྟར་ཡུལ་ཐིམ་པ་དང་། འབྱུང་བ་ཐིམ་པ་གཉིས་སོ། །སྣང་བ་ཐིམ་པ་ཞེས་བྱ་བ་དང་རགས་པ་ཐིམ་པ་ཞེས་བྱ་བ་བསྟན་ཏོ། །ད་ནི་རྟོག་པ་ཐིམ་པའམ་ཕྲ་བ་ཐིམ་པའི་ཐིམ་ལུགས་ནི། རྣམ་ཤེས་སྣང་བ་ལ་ཐིམ་ཙ་ན། ཕྱི་དབུགས་ཆད། ནང་དབུགས་མ་ཆད་པའི་སྐབས་སུ་སྐད་ཅིག་མ་བཞི་ལ་ཕྱི་རྟགས་དང་ནང་རྟགས་འཆར་ཏེ། སྐད་ཅིག་མ་དང་པོ་ལ། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ་སྣང་བ་དཀར་ལམ་པ་ཞིག་འོང་། ནང་རྟགས་སུ་དུ་བ་ལྟ་བུ་ཤེས་པ་བན་བུན་དུ་འོང་། དེ་ལ་སྣང་བ་ཐིམ་པའི་ཡེ་ཤེས་ཞེས་བྱ་སྟེ། ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་སོ་གསུམ་འགགས་པས་སྟོང་པ་ཞེས་བྱའོ། །གཉིས་པ་ལ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ་སྣང་བ་དམར་ལམ་པ་གཅིག་འོང་། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུའི་ཡེ་ཤེས་སྐེམ་པ་ཞིག་འོང་། དེ་ལ་སྣང་བ་མཆེད་པའི་ཡེ་ཤེས་བྱ་སྟེ། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས་པས་སྟོང་པ་ཆེན་པོ་ཞེས་བྱའོ། །གསུམ་པ་ལ། ཕྱི་རྟགས་སུ་མུན་སྲོས་པ་ལྟ་བུ་ནག་ཐིམས་པ་ཞིག་འོང་། ནང་རྟགས་སུ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་གསལ་ལ་རྟོག་པ་མེད་པའི་སེང་ངེ་བ་ཅིག་འོང་། དེ་ལ་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཞེས་བྱ་སྟེ། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས་པས་ཤིན་ཏུ་སྟོང་པ་ཞེས་བྱའོ། །བཞི་པ་ལ། ཕྱི་རྟགས་ཐོ་རེངས་སྐྱ་རེངས་ཤར་བ་ལྟ་བུ་སྐྱ་སེང་ངེ་བ་ཅིག་འོང་། ནང་རྟགས་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་ཆོས་ཉིད་མངོན་དུ་བྱེད་དོ། །དེ་ལ་འོད་གསལ་ཞེས་བྱ། རང་བཞིན་བརྒྱད་ཅུ་ལ་སོགས་པའི་ཕྲ་རགས་ཐམས་ཅད་འགགས་པས་ཐམས་ཅད་སྟོང་པ་ཞེས་བྱའོ། །དེ་ལྟ་བུའི་འོད་གསལ་ཐམས་ཅད་སྟོང་པ་སྟེ།

མཚམས་མེད་པ་ལྔའི་ལས་བྱས་པ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མི་མྱོང་མི་སྲིད་དོ། །དེ་ལྟ་བུའི་འོད་གསལ་དེའི་མིང་གི་རྣམ་གྲངས་ནི། འཆི་བ་འོད་གསལ་ཞེས་བྱ། རང་བཞིན་འོད་གསལ་ཞེས་བྱ། འཆི་བ་ཆོས་སྐུ་ཞེས་བྱ། འཆི་བ་དོན་དམ་པའི་བདེན་པ་ཞེས་བྱ། འཆི་བ་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། རྒྱུད་རྣམས་སུ་གྲགས་པའོ། །སེམས་ཅན་གྱིས་དེ་ཉམས་སུ་མྱོང་མོད་ཀྱི། གདམས་ངག་མེད་པས་ངོ་མ་ཤེས་པའི་སྐྱོན་གྱིས་འཁོར་བར་འཁྱམས་པའོ། །དེ་བས་ན་བར་དོའི་གདམས་ངག་ཤིན་ཏུ་གཅེས་སོ། །དེ་ངོ་མ་ཤེས་པས་ཆུ་ལས་ཉ་འཕར་བ་ལྟར་བར་དོ་ཡིད་ལུས་སུ་གྲོང་གིས་ལྡང་ངོ་། །ལུས་དེ་ཡི་མཚན་ཉིད་ནི། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལུས། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་གསུངས་པས། སྔོན་བྱུང་ཞེས་པ་ནི་བར་དོའི་ལུས་གཉིས་ལ་འགྲོ་སྟེ། སྐྱེ་བ་སྔ་མར་བཞག་པའི་ལུས་དང་། སྐྱེ་བ་ཕྱི་མར་ལེན་པའི་ལུས་སོ། །དེ་ཡང་ཞག་བདུན་ཕྲག་དང་པོའི་དབང་དུ་བྱས་ན། ཞག་ཕྱེད་དང་བཞི་ཡན་ཆད་སྐྱེ་བ་སྔོན་མའི་ལུས་སུ་སྣང་ཞིང་བག་ཆགས་སྔོན་མ་ལ་སྤྱོད་དེ། སྔོན་གྱི་ཡུལ་དང་ཁང་ཁྱིམ་ལ་སོགས་པར་ཕྱིན་པ་དང་། གཉེན་འདུན་ལ་སོགས་པ་དང་འཕྲད་པ་སྙམ་བྱེད། སྣང་བ་སྣ་ཚོགས་ལ་ཕྱད་ཕྱོད་ཡད་ཡུད་འོང་སྟེ་བར་དོ་ཡིན་པར་ངོ་ཤེས་པ་མི་ཡོང་ངོ་། །དེ་ལ་མ་དག་པའི་སྒྱུ་ལུས་ཞེས་བྱའོ། །དེར་ཞག་ཕྱེད་དང་བཞི་ལོན་ནས། སྐྱེ་བ་ཕྱི་མའི་ལུས་སུ་སྣང་བས་བར་དོའི་གདམས་ངག་མེད་པ་རྣམས་ནི། ཨ་བ་ཤི་ནས་འདུག་སྙམ་པ་ཅིག་འོང་སྟེ། སྔར་གྱི་ཡོ་བྱད་དང་དགྲ་ལ་སོགས་པ་ལ་ཆགས་སྡང་དྲག་པོ་དེ་ཉིད་དུ་སྐྱེས་ཏེ། དེས་སྡུག་བསྔལ་གྱི་ཁ་བརྒྱུད་དེ། ཁམས་གསུམ་དུ་འཁོར་རོ། །དེས་ན་བར་དོའི་གདམས་ངག་འདི་མེད་པའི་

ཐབས་མེད་དོ། །དེ་ནས་ཞག་བཞི་བཅུ་རྩ་དགུ་ཚུན་ཆད་དུ་བར་དོའི་སྡུག་བསྔལ་རྣམས་པ་སྣ་ཚོགས་ཉམས་སུ་མྱོང་སྟེ། དེར་སྐྱེ་བ་ལེན་པར་འགྱུར་རོ། །སྐྱེ་བ་ལེན་ལུགས་ནི། བརྫུས་སྐྱེས་དང་། དྲོད་གཤེར་ལ་སོགས་པར་སྐྱེ་བ་ཡིན་ན་ཁང་བཟང་ངམ་བྱ་སྐྱིབས་ལ་སོགས་པར་ཆགས་ཏེ་དེར་གནས་པས་སོ། །མངལ་དུ་སྐྱེ་ན་སྲོག་ཆགས་གང་དུ་སྐྱེ་བ་དེའི་ཕ་མ་ཆགས་པ་སྤྱོད་པ་མཐོང་ནས། ཕོར་སྐྱེས་ན་མ་ལ་འདོད་ཆགས་སྐྱེ། ཕ་ལ་ཞེ་སྡང་སྐྱེས་ནས་མངལ་དུ་ཞུགས་ཏེ་འཁོར་བར་འཁྱམས་སོ། །བར་དོ་ནས་འཁོར་བར་འཁྱམས་ལུགས་སོ། །ད་ནི་བླ་མ་དམ་པའི་མན་ངག་གིས་བར་དོའི་ལམ་ལོག་པ་དེ་མ་ནོར་ཞིང་བླ་ན་མེད་པའི་ལམ་དུ་བཀོད་པ་ནི། དང་པོ་གཟུགས་སྒྲ་ལ་ཐིམ་པའི་དུས་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་ཡན་ཆོད་དུ་དྲན་པས་ཏིང་ངེ་འཛིན་ཟིན་པར་བྱས་ལ། གཟུགས་སྒྲ་ལ་ཐིམ་པ་ལ་སོགས་པའི་རྟགས་རེ་རེ་ནས་གཅིག་ཀྱང་མ་ནོར་བར་བྱས་ལ། རྟགས་རེ་རེ་ནས་བརྗེད་བསྐུལ་བྱས་ཤིང་བླ་མའི་གདམས་ངག་བསྒོམ་མོ། །བླ་མའི་གདམས་ངག་ནི། དང་པོ་གཟུགས་སྒྲ་ལ་ཐིམ་པའི་རྟགས་བྱུང་བའི་དུས་སུ། སྔོན་འགྲོ་གསུམ་དངོས་གཞི་གཅིག་སྟེ། བཞི་ཉམས་སུ་བླང་བར་བྱའོ། །སྔོན་འགྲོ་གསུམ་ནི། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དྲན་པ་དང་། རང་གི་བླ་མ་དྲན་པ་དང་། ཡི་དམ་གྱི་ལྷ་དྲན་པའོ། །དང་པོ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དྲན་པ་ནི། འོ་ད་ནི་ང་འཆི་བར་འདུག་པས་བར་དོའི་གདམས་ངག་དྲན་པར་བྱའོ་སྙམ་དུ་བསམ་མོ། །བར་དོ་དང་པོ་འོད་གསལ་ངོ་ཤེས་པར་བྱས་ལ་དེ་ལ་ཟིན་པར་བྱ། དེ་མ་ཟིན་ན། གཉིས་པ་སྒྱུ་ལུས་ཀྱི་བར་དོ་ངོ་ཤེས་པར་བྱས་ལ། དེར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱས་ལ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་

ཕན་ཐོགས་པ་ཅིག་བྱ་དགོས་སྙམ་དུ་བསམ་མོ། །རང་གི་བླ་མ་དྲན་པ་ནི། བླ་མ་མདུན་དུ་ཡེར་གྱིས་བཞུགས་པར་བསྒོམས་ལ། མོས་གུས་དུང་བ་གཅིག་བྱས་ལ་གསོལ་བ་གདབ་བོ། །ཡི་དམ་གྱི་ལྷ་དྲན་པ་ནི། ལུས་ལྷ་ཡི་སྐུར་ཝལ་གྱིས་བསྒོམ། སྔོན་འགྲོ་གསུམ་མོ། །དངོས་གཞི་གཅིག་པོ་ནི་སེམས་ཕྱག་རྒྱ་ཆེན་པོ་སྟེ། རིག་པ་མ་བཅོས་པའི་ངང་ལ་ལྷོད་ཀྱིས་ཀློད་ལ་ཙན་གྱིས་བཞག་གོ །དེ་ལྟར་གཟུགས་སྒྲ་ལ་ཐིམ་པ་དང་། སྒྲ་དྲི་ལ་ཐིམ་པ་དང་། དྲི་རོ་ལ་ཐིམ་པ་དང་། རོ་རེག་བྱ་ལ་ཐིམ་པ་དང་། རེག་བྱ་འབྱུང་བ་ཆེན་པོ་བཞི་ལ་ཐིམ་པ་དང་། རླུང་རྣམ་པར་ཤེས་པ་ལ་ཐིམ་གྱི་བར་དུ། ཐད་སོ་ཐད་སོའི་རྟགས་རྣམས་མ་ཤོར་བར་དྲན་པས་བསྒྲིམས་ཏེ་ངོས་བཟུང་ལ་རྟགས་ཀྱིས་ཐད་ཀ་ཐད་ཀར་བསྐུལ་ཞིང་། སྔོན་འགྲོ་གསུམ་དངོས་གཞི་གཅིག་སྟེ། བཞི་པོ་ལ་མ་ཡེངས་པར་བྱའོ། །དེའི་རྗེས་ལ་ཕྱི་དབུགས་རྦད་ཀྱིས་ཆད། ནང་དབུགས་མ་ཆད་པའི་སྐབས་སུ་ཡུད་ཙམ་པ་ཞིག་ལ་རྟོག་པ་ཕྲ་བ་ལ་ཐིམ་པ་འབྱུང་སྟེ། སྣང་བའི་ཡེ་ཤེས་ཤར་བའི་རྟགས་དང་། སྣང་བ་མཆེད་པའི་ཡེ་ཤེས་ཤར་བའི་རྟགས་དང་། སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཤར་བའི་རྟགས་དང་། རང་བཞིན་གྱི་འོད་གསལ་ཤར་བའི་རྟགས་འཆར་རོ། །རྟགས་དེ་རྣམས་ཀྱི་དུས་སུ་སྔོན་འགྲོ་གསུམ་པོ་བྱས་ན་བློ་སྤུན་དུ་འགྲོ་བས་སྔོན་འགྲོ་གསུམ་པོ་ལིང་གིས་བཞག་ལ། རྟགས་རེ་རེ་ནས་དྲན་པས་བསྐུལ་ཞིང་སེམས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ཞེས་བྱ་སྟེ། རིག་པ་གཉུག་མའི་ངང་དུ་ལྷང་ལྷང་ལྷོད་ཀྱིས་ཙན་ཙན་བཞག་གོ །དེ་ལྟར་བསྒོམ་པས་རང་བཞིན་གྱི་འོད་གསལ་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་སྔོན་ནས་ཡོད་པ་དེ་དང་། བསྒོམས་པའི་འོད་གསལ་གཉིས་བླ་མ་དམ་པའི་གདམས་ངག་དང་བྱིན་རླབས་ཀྱིས་སྔར་འདྲིས་པའི་མི་དང་འཕྲད་པ་ལྟར་འཕྲད་པ་དང་ངོ་ཤེས་ཏེ། སྐད་

ཅིག་མ་དེ་ཉིད་ལ་བག་ཆགས་དང་བཅས་པའི་རྣམ་པར་རྟོག་པའི་དྲི་མ་མ་ལུས་པའི་དྲུང་ཕྱུང་བ་སྟེ། འོད་གསལ་གྱི་མེས་བསྲེགས་ནས་སྐུ་གསུམ་མངོན་དུ་བྱེད་ཅེས་བྱ་སྟེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། དབང་པོ་རབ་ཚེ་གཅིག་གིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཞེས་བྱའོ། །ན་མོ་གུ་རུ། འོད་གསལ་ལ་མ་ཟིན་ན་བར་དོར་དོན་གྲུབ་པ་བྱ་བ་ནི། སྒྱུ་ལུས་ལ་སློབ་པ་ཡིན་ཏེ། དེ་ཡང་བདུན་ཕྲག་དང་པོའི་དབང་དུ་བྱས་ན། ཞག་ཕྱེད་དང་བཞི་ཚུན་ཆད་ལ་བར་དོར་ངོ་ཤེས་པ་མེད་པས་མ་དག་པའི་སྒྱུ་ལུས་ཞེས་བྱ་སྟེ། དེར་ལམ་བསྒོམ་དུ་མི་བཏུབ། ཞག་ཕྱེད་དང་བཞི་ལོན་ནས། ང་ཤི་བ་ཡིན་ཨཾ་སྙམ་པ་འོང་སྟེ། སྔོན་གྱི་དུས་སུ་བླ་མའི་གདམས་ངག་ལས་བར་དོ་ལ་བར་དོར་ངོ་ཤེས་པར་བྱའོ་གསུངས་པ་དེ་དྲན་ནས་དེ་ཉིད་ལ་བར་དོ་ལ་བར་དོར་ངོ་ཤེས་ཏེ་ད་གདམས་ངག་དགོས་སྙམ་པ་ཅིག་འབྱུང་བས་སྔར་གྱི་སྣང་བ་འམ་རགས་པ་ཐིམ་པའི་དུས་གྱི་གདམས་ངག་སྔོན་འགྲོ་རྣམ་པ་གསུམ་སྟེ། སྙིང་རྗེ་དྲན་པ། བླ་མ་དྲན་པ། ཡི་དམ་གྱི་ལྷ་དྲན་པ་དང་། དངོས་གཞི་གཅིག་སྟེ་བསྒོམ་༼པ་ཕྱག་རྒྱ་ཆེན་པོ་༽མ་མོ་ཆེན་མོ་དྲན་པར་འགྱུར་རོ། །དེ་ནས་ཞག་བཞི་བཅུ་རྩ་དགུའི་བར་དུ་སྔོན་འགྲོ་གསུམ་དང་དངོས་གཞི་གཅིག་པོ་ལ་གོམས་པར་བྱས་པས༔འོད་གསལ་གྱིས་མེས་བག་ཆགས་ཀྱི་རྩ་བ་མ་ལུས་པ་དྲུང་ཕྱུང་བའམ་བསྲེགས་ནས་དག་པའི་སྒྱུ་ལུས་ཞེས་བྱ། སློབ་པའི་ཟུང་འཇུག་ཅེས་བྱའོ། །དེ་ནས་ཞག་བཞི་བཅུ་རྩ་དགུ་ལོན་པའི་སྐད་ཅིག་དེ་ཉིད་ལ་སྐུ་གསུམ་མངོན་དུ་བྱེད་ཅིང་འབད་རྩོལ་དང་བྲལ་བས་དེ་ཉིད་དུ་མཆོག་ཐོབ་པར་འགྱུར་རོ། །དབང་པོ་འབྲིང་བར་མ་དོར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ལམ། ཨཐྎན་མོ་གུ་རུ། དེ་ལ་མ་ཐོབ་ན། གསུམ་པ་མངལ་སྒོ་དགག་པ་ནི། དགག་ཐབས་རྣམ་

པ་ལྔ་སྟེ། བླ་མ་ཡབ་ཡུམ་གྱིས་དགག་པ་དང་། ཡི་དམ་ཀྱི་ལྷས་དགག་པ་དང་། སྒྱུ་ལུས་ཀྱིས་དགག་པ་དང་། འོད་གསལ་གྱིས་དགག་པ་དང་། དྲན་པ་དང་འདུན་པས་དགག་པའོ། །དེ་ལ་དང་པོ་བླ་མ་ཡབ་ཡུམ་གྱིས་དགག་པ་ནི། རང་ཉིད་སྲོག་ཆགས་གང་དུ་སྐྱེ་བའི་ཕ་མ་ཆགས་པ་སྤྱོད་པ་མཐོང་བའི་ཚེ། བླ་མ་ཡབ་ཡུམ་གྱིས་བདག་ལ་གསང་བའི་དབང་བསྐུར་བྱེད་པར་བསམ་སྟེ། དེ་ཉིད་ཀྱིས་མོས་གུས་སྐྱེ་སྟེ་ངེས་པར་ཆགས་སྡང་ལྡོག་པར་འགྱུར་རོ། །དེ་ནས་སྔར་གྱི་སྔོན་འགྲོ་གསུམ་ལ་སོགས་པ་བཞི་པོ་བསྒོམ་པར་བྱའོ། །དེས་མ་ཁེགས་ན། ཡི་དམ་གྱིས་ལྷས་དགག་པ་ནི། ཕ་མ་གཉིས་པོ་དེ་ཡི་དམ་གྱི་ལྷ་ཡབ་ཡུམ་དུ་བསམས་ལ། ཡི་དམ་ལྷའི་སྣང་བ་མངོན་སུམ་དུ་འཆར་རོ། །དེ་ལ་ཕྱག་དང་མཆོད་པ་ལ་སོགས་པ་བྱས་པས་ཆགས་སྡང་ལོག་སྟེ་སྔར་བཞིན་དུ་བསྒོམ་པར་བྱའོ། །དེས་མ་ཁེགས་ན། འོད་གསལ་གྱིས་དགག་པ་ནི། ཕ་མ་ཡབ་ཡུམ་སྟོང་པར་བསྒོམས་པས་ཆགས་སྡང་ལྡོག་སྟེ་སྔར་བཞིན་དུ་བསྒོམ་པར་བྱའོ། །དེས་མ་ཁེགས་ན། སྒྱུ་ལུས་ཀྱིས་དགག་པ་ནི། ཕ་མ་ཡབ་ཡུམ་མཐོང་བའི་ཚེ། འདི་མི་བདེན་ངེས་པར་སྒྱུ་མ་ཡིན། སྒྱུ་མ་ལ་ཆགས་སུ་ཅི་ཡོད་སྙམ་དུ་བསམ་པས། ཆགས་སྡང་ལྡོག་པར་འགྱུར་ཏེ། སྔར་བཞིན་དུ་བསྒོམ་པར་བྱའོ། །དེས་མ་ཁེགས་ན། དྲན་པ་དང་འདུན་པས་དགག་པ་ནི། ཕ་མ་ཡབ་ཡུམ་མཐོང་བའི་ཚེ། ཨ་ཙ་མ་ན་སྐྱུགས་རེ་བྲོ། འདི་འདྲ་བ་ཞིག་ལ་ཆགས་པ་མ་སྤངས་པས་ཐོག་མ་མེད་པ་ནས་ཡུན་རིང་པོ་ཞིག་ཏུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཅི་ཙམ་པ་ཞིག་མྱོང་། ད་ཡུད་ཙམ་པ་འདི་ལ་ཆགས་པའི་དཔེ་ཡོད་དམ་སྙམ་དུ་ལྷག་གིས་བྲོས་པར་བྱའོ། །དེས་ཆགས་སྡང་ལྡོག་སྟེ་སྔར་བཞིན་དུ་བསྒོམ་པར་བྱའོ། །མངལ་སྒོ་དགག་པའི་གདམས་ངག་གོ །དེས་ཀྱང་ཁེགས་

པར་མ་གྱུར་ན། ངེས་པར་མངལ་དུ་སྐྱེ་བར་སྲིད་ན། མངལ་སྒོ་གདམ་པའི་གདམས་ངག་ནི། སྐབས་འདིར་འགྲོ་དྲུག་ཐམས་ཅད་མེ་ལོང་གི་གཟུགས་བརྙན་བཞིན་དུ་དུས་གཅིག་ལ་མཐོང་བ་འོང་། འགྲོ་དྲུག་སྐད་ཅིག་ལ་བསྐོར་ནུས་པ་འོང་། དེ་གང་དང་གང་དུ་ཕ་མ་ཡབ་ཡུམ་མཐོང་བ་དང་དེའི་ཚེ་དུད་འགྲོ་དང་མཛེ་སྤྲང་དང་རིགས་ངན་ལ་སོགས་པའི་མི་འོས་པ་གང་དང་གང་མཐོང་ཀྱང་། འདི་ལ་ང་མི་ཞུགས་འདི་ལ་ཡང་ང་མི་ཞུགས་སྙམ་དུ་བསམ་ཞིང་ཧུར་ཧུར་བྲོས་པར་བྱ་ཞིང་། ཚངས་པའམ་བརྒྱ་བྱིན་ནམ་འཁོར་ལོས་སྒྱུར་བའི་རྒྱལ་པོའམ་ཁྱིམ་བདག་འབྱོར་པ་ཅན་ནམ་གྲུབ་ཐོབ་བམ། པཎྜི་ཏ་ལ་སོགས་པ་གདམ་པར་བྱས་ལ། དེར་འཇུག་པའི་ཚེ་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་དུ་བློ་བསྐྱེད་དེ། བླ་མ་ལ་གསོལ་བ་བཏབ་ལ་རང་ལྷ་ཡི་ང་རྒྱལ་གྱིས་མའི་མངལ་དུ་པད་ཉིའི་སྟེང་དུ་ཡི་དམ་ལྷ་ཡི་ས་བོན་ལས་ཡི་དམ་ལྷར་བསམས་ལ། བདག་གིས་སྐྱེ་བ་ཕྱི་མ་འདི་ལ་བླ་མ་མཚན་ལྡན་བྱིན་རླབས་ཅན་ཅིག་དང་མཇལ་བར་གྱུར་ཅིག །ཡི་དམ་གྱི་ལྷ་འདི་ཉིད་ཀྱི་སྐུར་གྱུར་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པར་བྱེད་པ་ཞིག་ཏུ་གྱུར་ཅིག །ཅེས་སྨོན་ལམ་བཏབ་ལ། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་མའི་མངལ་དུ་འཇུག་པར་བྱའོ། །དེས་མའི་མངལ་དེ་ཡང་སྡུག་བསྔལ་མེད་ཅིང་བདེ་བར་བཙའ་བར་འགྱུར་རོ། །དེར་ཚེ་དེ་ཉིད་ལ་བླ་མ་མཚན་ལྡན་བྱིན་རླབས་ཅན་ཞིག་དང་མཇལ་ཏེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་གཟུགས་སྐུ་རྣམ་པ་གཉིས་ཀྱིས་སེམས་ཅན་གྱི་དོན་མཐར་ཕྱིན་པར་འགྱུར་རོ། །འདི་ནི་བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་མའི་མངལ་དུ་འཇུག་པ་ཞེས་བྱ། སྨོན་ལམ་གྱི་དབང་གིས་སྐྱེ་བ་ལེན་པ་ཞེས་བྱ། སྐྱེ་བ་ལ་རང་དབང་ཐོབ་པ་ཞེས་བྱའོ། །

ཨཐསུ་ལ་ཡང་བསྟན་དུ་མི་རུང་། རང་འཆི་འཆི་འདྲ་ན་ཡི་གེ་འདི་མེ་ལྷའི་ཕྱག་ལ་ཕུལ་ཅིག །སཱུརྱ་རསྨིའི་ཐུགས་དམ་ཡིན།

སཱུརྱ་ཙནྡྲའི་རྨི་ལམ་བར་དོ་ཐོས་གྲོལ་གྱི་ཆེ་བ་སྐྱེད།

རྗེ་བཙུན་སཱུརྱ་ཙནྡྲའི་རྨི་ལམ་བར་དོ་ཐོས་གྲོལ་གྱི་ཆེ་བ་སྐྱེད་བྱེེད་བཞུགས་སོ། །

མཚན་མེད་རྫོགས་རིམ་ལྷན་ཐབས་ཀྱི་སྐོར་བཞི་པའོ། །ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ཕག་ལོའི་དགུན་ཟླ་འབྲིང་པོའི་བྱི་བའི་ཟླ་བ་ལ་ཀླས་ལ་དགོན་པར་གཅིག་པུར་མཚམས་ལ་བསྡད་པའི་ཚེ། དེ་ལོར་རྩི་དཀར་དུ་དམར་བཤལ་གྱི་རིམས་ཆེན་པོ་ཞིག་བྱུང་ནས་མི་ཉི་ཤུ་ཙམ་ཤི་བརྒྱ་ཙམ་ན་ནས་དྲག །དེའི་དུས་སུ་རང་གི་ནུ་བོ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ། ལོ་སུམ་ཅུ་རྩ་གཉིས་ལོན་པ་ཞིག་ཡོད་པ་དེ་ཕ་བུ་གཉིས་ཀྱང་ཤི་ནས་ཟླ་བ་གསུམ་ཙམ་སོང་། དེའི་ཚེ་གཅིག་པུར་སྡོད་དུས་ནུ་བོ་ཤི་བ་དྲན་པ་དང་སྐྱོ་བ་སྐྱེས་ནས། དེ་རྣམས་གར་སྐྱེས་སྙམ་ནས། ཇོ་བོ་རྗེ་ནས་བརྒྱུད་པའི་སྐྱེ་དྲན་གྱི་སྒྲུབ་པ་རྨི་ལམ་སྒྲུབ་པ་ཞིག་ཡོད་པ་དེ་སྔོན་གོང་ནས་བསྙེན་པ་ཐེམས་ནས་ཡོད་པ་དེ་ནུབ་ནུ་བོ་ལ་དམིགས་ནས་གར་སྐྱེས་བལྟས་པས། ཉི་ཤུ་གཉིས་ཀྱི་ཐོ་རངས་ཁར། ཀླས་ལ་དགོན་པར་ཉལ་བའི་རྨི་ལམ་དུ་ཆུ་ཆེན་ལ་བརྒལ་ནས་ཕྱིན་པས། ཆབ་ནག་གི་ནགས་གསེབ་ཅིག་ཏུ་མི་བསམ་གྱིས་མི་ཁྱབ་པ་མང་པོ་འཚོགས་ནས་གྲོས་རུབ་རུབ་བྱེད་པའི་རྩར་ཕྱིན་པ་དང་། ཨ་མ་མོ་སྔར་བས་གཞོན་པར་བྱས་ནས་བྱུང་སྟེ། རྟོགས་ལྡན་དང་། རྡོ་རྗེ་སྲི་ཐར་དང་། ང་རང་དང་གསུམ་ཀ་འདུས་པ་ལ་འབོད་ནས། ཁྱེད་རང་གསུམ་ཀ་ཆབ་ནག་འདི་རུ་མ་བསྡད་པར་ཆབ་དཀར་དུ་ཕྱིན་པ་དྲག །ད་ང་མགྱོགས་པར་རྩི་དཀར་དུ་འགྲོ་དགོས་པ་ཡོད།

ད་ཞག་རྩི་དཀར་དུ་རྐུན་མ་མང་པོ་བྱུང་ནས་ར་ལུག་དང་སེམས་ཅན་ཆེ་ཆུང་ཉི་ཤུ་ཙམ་རྐུ་ཤོར་ཟེར། ཉི་ཟླ་ཁྱེད་དང་རྡོ་རྗེ་སྲི་ཐར་གཉིས་སྔོན་ལ་འདོང་། རྟོགས་ལྡན་ཁྱོད་རང་རྟིང་ནས་ཤོག །ཁྱེད་གསུམ་ཆབ་ནག་ཏུ་ལུས་འདུག་པས། ཨ་མ་བསུ་བ་ལ་ཕྱིན་པ་ཡིན། ཨ་མ་ད་ཞག་རྡོ་རྗེ་རྒྱལ་མཚན་སྡུག་པ་ལ། དགྲ་ཡོད་དོགས་པས་བྱ་ར་ལྟ་བར་ཕྱིན་པ་ཡིན། དེའི་ཤུལ་དུ་ཁྱིམ་དུ་རྐུན་མ་ཡོང་ཀྱིས་དོགས་ད་ཨ་མ་ཐད་ཀར་རབ་འདི་འབོགས་ནས། རྩི་དཀར་དུ་སྔོན་ལ་རྒྱུག་ནས་འགྲོ་རིང་ཡོད༔ཁྱིམ་དུ་བོར་སྟོར་ཨེ་བྱུང་ལྟ་བ་དང་། ཨ་རྟ་ཤུལ་དུ་བསྲུང་ཡོད་པས། གོ་ཆོད་པར་ཨེ་སྣང་ལྟ་འགྲོ། རྡོ་རྗེ་རྒྱལ་མཚན་སྡུག་གེ་ཡང་གནས་ཁང་བཟང་པོ་དཀོན་དྲགས་ནས་ད་རུང་མ་རྙེད་པར་འདུག །སྡིག་ཅན་གྱི་ཁྱིམ་དུ་ནི་ངས་མ་བཏང་། བཤེས་གཉེན་མཁན་པོའི་ཁྱིམ་གཙང་མ་གཅིག་མ་རྙེད་རིང་ལ་སྒུགས་བྱས་ཡོད། ད་ལྟ་ཁྱེད་གཉིས་དང་འཕྲད་པར་ཡོད། འཕྲད་བྱུང་ན་ལབ་ལབ་ཀྱིས། ཁོ་ཡང་སྐད་ངན་འགའ་རེ་བཤད་འདུག་སྟེ། ཨ་མས་སེམས་གསོ་བྱས་ཡོད། ད་ང་ཁྱིམ་དུ་སྔོན་འགྲོ་རིང་། རྐུན་མའང་ཨེ་བྱུང་ཆ་མེད། ཁྱེད་རང་གཉིས་པོ་ཁོ་སྡུག་པ་བྱུང་ན་ཁྲིད་ལ་གྲེ་ཤ་གདོང་ཀྱི་རབ་བརྒལ་རྩི་དཀར་དུ་ཤོག་ཅིག་ཟེར་ནས། ཨ་མ་སྔོན་ལ་སྲིབ་ཆབ་གདོང་འདྲ་བ་གཅིག་ནས་ཆུ་ལ་རབ་ནས་སོང་། དེ་མ་ཐག་ཏུ་ཕྱི་དེ་ཚུར་ལ། རྡོ་རྗེ་རྒྱལ་མཚན་གྱིས་ཤིང་ཁུར་ཆེན་པོ་གཅིག་ཁུར་ནས་ཡུད་དེ་ཡུད་དེ་ལག་པས་འགྲམ་པ་བསྐྱོར་ནས། སྐྱོ་སྐྱོ་འདྲ་བ་གཅིག་བྱས་ནས་གླུ་ུའདྲ་བ་སྐྱོ་ཤས་རིང་པོ་གཅིག་འཐེན་ཞིང་འོང་འདུག །དེ་ལ་ངེད་གཉིས་བསྒུགས་པས་རྩར་བྱུང་བ་དང་། དེར་ངས་ཁྱོད་གར་ཕྱིན། ཁྱོད་ཤི་བ་ཡིན་བསམ་ཙ་མ་ཤི་བ་སླེབ་བྱུང་། ད་ཁྱིམ་དུ་ལོག་འདོང་། ཆབ་དཀར་དུ་འགྲོ་བས་དགའ་བྱས་པས། ད་རུང་ཡིད་མ་ཆེས་པས། སྙིང་

མི་དགའ་ཞིང་ཁོ་ལ་སྙིང་རྗེ་ཚད་མེད་པ་བྱུང་ཞིང་། ངེས་པར་གསོན་པོ་འཕྲད་པ་ནི་ཨེ་ཡིན་བསམ་པ་དང་། ཁོས་ན་རེ། ང་མ་ཕྱིན་ས་ཆ་མེད། ང་ལ་རོགས་འབུམ་ཚོ་བཅུ་བདུན་ཡོད་པ་དེ་རྣམས་ཐམས་ཅད་དོང་ཆེན་པོ་གཅིག་གི་མཐིལ་དུ་ཆ་གཉིས་པོ་སོང་། ཆ་གཅིག་ཤུལ་དུ་ཡོད་པ་དེ། ལ་ལ་ནི་ཆར་རླུང་ལ་ཞེད་ནས་ནགས་གསེབ་ཏུ་སོང་། ལ་ལ་ནི་ས་ཕུག་དང་གད་ཁུང་དུ་གབ་སོང་། ང་དང་གཞན་འགའ་ཁྱེད་ལ་བར་དོ་ཐོས་གྲོལ་གྱི་དབང་ཞུས་པའི་རྩི་དཀར་བ་གྲོང་པ་འགའ་ཞིག་འཛོམ་བྱུང་བ་རྣམས་ནི། ང་རང་གི་ཨ་མས་གོས་ཀྱི་སྐྱོར་བས་སེར་དྲག་དང་། ཆར་རླུང་དང་། རླུང་འཚུབས་བྱུང་ཡང་སྡུག་པོ་མ་བྱུང་། དོང་མོ་ཆེའི་ནང་དུའང་མ་སོང་། ཨ་ཁུ་ཁམས་པ་ལུས་ཁོ་ནི། རྩི་དཀར་བས་ཚོས་ཁུར་རེ་ལ་བཏང་མ་ཉན་བས། དོང་མོ་ཆེར་ཁྲིད་སོང་། ད་ཙམ་གེགས་ལ་ཐུག་ཚོད་ཡོད། དེ་ནས་ཨ་དོར་དང་ཉོས་བཙུན་གཉིས་དང་མཉམ་པོར་བྱུང་པས། ཨ་དོར་ནི་བླ་མ་ཉི་ཟླས་ང་རང་སླེབས་བྱུང་སྟེ། སྡིག་པོ་ཆེའི་ཁྱིམ་དུ་མ་འགྲོ་གྲིབ་འོང་ཟེར་ཀྱང་བཤེས་གཉེན་མཁན་པོའི་ཁྱིམ་གཙང་མ་མི་ཚེ་འདི་ལ་རྙེད་པར་མི་སྣང་། ད་ནི་གཉུག་བུད། འདུག་ཡུན་རིང་ན་དོང་མོ་ཆེའི་མཐིལ་དུ་འཐེན་ཉེན་སྣང་། དེ་སྔོན་ཁྱོད་དང་མཉམ་པོར་ཕྱིན་པས་ཕན་པ་ཡིན། ད་ང་རང་སྡིག་ཅན་ཡིན་ཡང་ཡིན། རྩོག་པ་སྣང་ཡང་མི་གཅིག་གི་ཁྱིམ་དུ་གནས་ཁང་གཡོར་བས་དགའ་ཟེར་ནས་སོང་། དུད་འགྲོ་ཡི་དྭགས་དམྱལ་བ་གསུམ་ལ་མ་སོང་། སྡིག་ཅན་གཅིག་གི་ཁྱིམ་དུ་ད་ཙམ་སླེབ་ཚོད་ཡིན་ཟེར་ནས། ཡང་གཏམ་བཤད་འཕྲོ་ལ་སྐྱོ་ཤས་ལྷང་ལྷང་འཐེན་ཞིང་འགྲོ་ཆས་བྱེད་འདུག་གོ །ཁྱིམ་ཁྱིམ་བཤེས་གཉེན་མཁན་པོའི་ཁྱིམ། །དཀོན་དཀོན་ས་སྟེང་འདི་ན་དཀོན། །རྩོག་རྩོག་སྡིག་ཅན་ཁྱིམ་རེ་རྩོག །ཅེས་སྐྱོ་ཤས་ལྷང་ལྷང་འཐེན་ཞིང་། ལག་པས་འགྲམ་པ་

བསྐྱོར་ནས། ཡང་ཤིང་ཁུར་དེ་ཁུར་ནས་ཡུད་དེ་ཡུད་དེ་འཕྲང་ལ་འགྲོ་ཞིང་འདུག་གོ །ཡང་ངས་བོས་ནས། ཁོ་རེ་སྡོད་དོ་བྱས་ནས་ཡང་དྲིས་པས། འོ་ན་ད་ལོ་རྩི་དཀར་ཤི་བ་རྣམས་དང་འཕྲད་དམ། སུ་དང་འཕྲད། མཉམ་པོར་འགྲོ་རྒྱུ་བྱུང་ངམ། ད་ཁོང་ཚོ་གར་སོང་དྲིས་པས། ཡང་ཁོས་ན་རེ། ད་ལོ་རྩི་དཀར་བ་མང་པོ་དང་འཕྲད་རྒྱུ་བྱུང་སྟེ། ལ་ལ་ནི་ཡུད་ཙམ་ནས་བྲལ་སོང་། ལ་ལ་ནི་ཉིན་རེ་ཙམ་མཉམ་པོར་བྱུང་། ཁྱེད་ལ་དབང་ཞུས་པའི་མི་བཞི་ལྔ་ཞིག་དང་། ཞག་པོ་བཅུ་ཙམ་མཉམ་པོར་བྱུང་། ཉོས་བཙུན་མ་ནི་རི་གཅིག་ལ་འཛེགས་སོང་། སྐྱིད་སྡུག་ནི་ཇི་འདྲ་བྱུང་ཆ་མེད། གཞན་ཐམས་ཅད་ཀྱང་གློ་བུར་དུ་གར་སོང་ཆ་མེད་པར་གཅིག་ཟག་གཉིས་ཟག་ལ་སོང་། ཡིན་ཡང་བར་དོའི་ཆོས་དང་དེའི་ནང་ནས་ཀྱང་བར་དོ་ཐོས་གྲོལ་འདི་གསོན་པོའི་དུས་སུ་རྣ་ཡིད་ལ་ཡོད་དགོས་པར་སྣང་། ངེད་འགའ་ཡར་གཅིག་བར་དོ་ཐོས་གྲོལ་རྣ་བར་ཚོར་བ་རྣམས་གནས་བཟང་ངན་འདམ་ཤེས། བར་དོའི་སྨོན་ལམ་རྣམས་གྲབ་གཅིག་ཏུ་བསྒྲིགས་ནས་འཐེན་པས། མི་འབུམ་ཚོ་མང་པོ་ངུ་སྒྲ་ཏིར་གྱིས་བྱུང་། ཁྱེད་རྣམས་ཅི་ལ་ངུ་བ་ཡིན་བྱས་པས། ཁྱེད་རྣམས་པ་དེ་རེ་དགའ། དེ་འདྲའི་སྨོན་ལམ་གཉན་པོ་ཤེས་པས་གནས་ཁང་བདམ་ཤེས། ཁ་འཆམས་ཤིང་མཉམ་པོར་འགྲོགས་རྒྱུ་འདུག་པས་ཁྱེད་རྣམས་ལ་སྨོན་པ་ཡིན། ངེད་རྣམས་ནི་ཡི་མུག་སྐྱེས་ནས་ངུ་བ་ཡིན། ཁྱེད་ཀྱི་ཆོས་དེ་ངེད་ལ་ཤོད་ཟེར་བས། ངེད་བར་དོ་ཐོས་གྲོལ་མགོ་མཇུག་ཚང་ལ་ཁད་པ་ཙམ་མི་དེ་རྣམས་ལ་བཤད་རྒྱུ་བྱུང་བས། མི་དེ་ཀུན་ན་རེ། ཁྱེད་ཀུན་ཆོས་ཉིད་བར་དོའི་དུས་སུ་འོད་ལམ་ལེགས་པོ་དེ་འདྲ་བ་གཅིག་ལ་མི་འགྲོ་བ། ད་རུང་འདི་ལ་བསྡད་པ་ཅི་ཡིན་ཟེར་ནས། ངས་ཆོས་ཉིད་བར་དོའི་སྒྲ་འོད་ཟེར་གསུམ་ཟིལ་ཆེ་དྲགས་པས་བརྒྱལ་འཁོར་ཡུག་ཏུ་སོང་། འོད་

ལམ་དང་གནས་ལུགས་ཀྱང་མི་སྣང་། ངས་གསོན་པོའི་དུས་སུ་བར་དོའི་ངོ་སྤྲོད་ལན་གཉིས་ཐོབ་པས་ཆོས་ཉིད་བར་དོ་ངོས་ཟིན་ལ་ཁད་ཁད་ལ་ཡང་ཡལ་ནས་འགྲོ་འདུག་ལན་གསུམ་ཐོབ་ན་ངོས་ཟིན་འདུག་སྟེ། ལན་གཉིས་བས་མ་ཐོབ་བས། ད་རུང་ངོས་མ་ཟིན་པ་ཡིན། ལར་ཡང་ད་རུང་བཤེས་གཉེན་མཁན་པོའི་བུ་གཅིག་ཏུ་སྐྱེས་ན་དགའ་བས་གནས་བཟང་པོ་གཅིག་ཏུ་བསྒུགས་པ་ཡིན་ཏེ། དཀོན་དྲགས་པས་མ་རྙེད་ཟེར་ནས་ཡང་ལབ་པའི་འཕྲོ་ལ། ཁྱིམ་ཁྱིམ་བཤེས་གཉེན་མཁན་པོའི་ཁྱིམ། །དཀོན་དཀོན་ས་སྟེང་འདི་ན་དཀོན། །རྩོག་རྩོག་སྡིག་ཅན་ཁྱིམ་རེ་རྩོག །མང་མང་ངན་སོང་མངལ་སྒོ་མང་། །སྐྱོ་སྐྱོ་བར་དོའི་འཕྲང་ལ་སྐྱོ། །ཞེས་ལྷང་ལྷང་འདོན་ཞིང་། ཡང་ཤིང་ཁུར་དེ་ཁུར་ནས་འཕྲང་དེ་ལ་ཡུད་དེ་ཡུད་དེ་འགྲོ་ཞིང་སྣང་བ་དང་། ཡང་ངས་བརྒྱུག་ནས་བོས་ཏེ། བཟུང་ནས་དྲིས་པས། ཁོ་རེ་ཁྱོད་དེ་འདྲ་རང་སྐྱོ་མི་དགོས། ངས་ཁྱོད་སྡུག་བསྔལ་མི་བཅུག་པ་བྱེད། ཁྱོད་ཀྱི་བར་དོའི་མི་ཐམས་ཅད་ལ་འཕྲིན་གྱིས། རྩི་དཀར་ཀླས་ལ་དགོན་པ་ཟེར་བ་གཅིག་ན། དམ་པ་ཉི་ཟླ་འོད་ཟེར་ཟེར་བ་གཅིག་ཡོད་པ་དེས་ནང་གི་རིགས་ལ་བར་དོ་ཐོས་གྲོལ་དང་བཏགས་གྲོལ་འདོན་ཞིང་ཡོད་དོ། །ཉན་པ་ལ་ཨེ་འོང་ཕྲིན་གྱིས་ཁྲིད་ལ་ཤོག །ངས་ནངས་རེ་བཞིན་མ་ཆགས་པར་ཐོས་གྲོལ་དང་བཏགས་གྲོལ་འདོན། བརྒྱ་རྩ་དང་ཆུ་གཏོར་བར་དོ་ཆུ་སྦྱིན་དང་། བསྔོ་བ་སྨོན་ལམ་བཏབ་ཅིང་ཡོད་བྱས་པས། ཁོ་ན་རེ། ངེད་རང་རྩི་དཀར་བའི་མི་ཕལ་ཆེར་ནི། གནས་ཁང་བཟང་པོ་རེ་རྙེད་ཚོད་ཡོད། ཞག་འགའ་ནས་གྱེས་སོང་། མངལ་སྒོ་བདམ་ཤེས་པས་མི་ལུས་རེ་ཐོབ་ཚོད་ཡོད། བར་དོའི་མི་ཐམས་ཅད་ཀྱི་ཁྱེད་རྩི་དཀར་བའི་མི་རྣམས་རེ་དགའ་བ་ལ། བར་དོའི་ལམ་ལ་གྲོལ་ལུགས་ཀྱི་ཆོས་བཤད་མཁན་གཅིག་ཡོད་པར་འདུག་གོ །

མངལ་སྒོ་བདམ་ཤེས་པར་སྣང་། རེ་དགའ་ཟེར་ནས་སྨོན་པ་བྱེད་སྣང་། ངས་རྩི་དཀར་བའི་མི་མང་དུ་ཡོད་པ་དེ་རྣམས་ཁ་ཁ་ནས་གནས་ཁང་མ་རྙེད་ཀྱི་བར་དུ་འགྲོ་མགོན་བྱས་ཤིང་གྲ་སྡེབ་དུ། བར་དོ་སྨོན་ལམ་འཇིགས་སྐྱོབ་མ་དང་། འཕྲང་སྒྲོལ་དང་། མར་མེའི་སྨོན་ལམ་བཏབ། ཁྱེད་ཀྱིས་ནང་པར་བར་དོའི་སྨོན་ལམ་བཏབ་པ་ཚོར་བས་དགའ་ཚོར་ཚད་མེད་པ་བྱུང་སྟེ། ང་རང་གི་མི་ལུས་གཅིག་ལེན་པ་ལ་དགའ་བས་ད་རུང་འདིར་བསྒུགས་པ་ཡིན། ངེད་རྣམས་ཀྱིས་སྨོན་ལམ་དི་རི་རི་བཏབ་པ་དང་། དེའི་ཕན་ཡོན་བར་དོའི་སེམས་ཅན་རྣམས་ཉུང་ཕྱམ་ཕྱམ་འགྲོ་འདུག །མངལ་སྒོ་བཟང་པོ་རེ་རྙེད་པ་འདྲ། བར་དོའི་སྐབས་སུ་མི་རིགས་མི་འདྲ་བ་འབུམ་ཚོ་དུང་ཕྱུར་ཙམ་འཚོགས་ཀྱང་། དེ་རྣམས་ཀྱི་ནང་ནས། ང་དང་བོད་ཀྱི་སྔགས་པ་གསུམ་དབང་ཆེར་བྱུང་། ཁོང་གསུམ་ནི་སྐྱེ་གནས་ཀྱི་དུས་ཞི་ཁྲོའི་ཐོས་གྲོལ་ཡི་དམ་ཡུན་རིང་དུ་བྱས་པ་ཡིན་ཟེར། གསང་སྔགས་ཀྱི་དབང་མང་པོ་ཐོབ་པའི་ཕན་ཡོན་རེད་བསམ་པ་བྱུང་། གནས་ཁང་གཙང་མ་ནི་བར་དོའི་སྐབས་ན་དཔེར་ན་མི་ཡུལ་དུ་ཡིད་བཞིན་ནོར་བུའི་གླིང་དེ་སྨོན་པས་ཀྱང་ས་སྟེང་ན་མི་རྙེད་པ་ཙམ་དུ་དཀོན་པར་འདུག །གནས་ཁང་མི་གཙང་བ་ནི་གྲོག་ཚང་ཁ་ཕྱེས་པ་བཞིན་མོད་པར་སྣང་། ངས་ནི་ད་རུང་གནས་ཁང་མ་རྙེད། ང་ལ་རོགས་འབུམ་ཚོ་བདུན་ཡོད་པ་ཟླ་བ་གཅིག་ནས་གྱེས་སོང་། གོང་གི་མི་ལྔ་བརྒྱ་གྲོས་བྱེད་པ་ཡོད་པ་དེ་ལུས་པ་ཡིན། དེ་ཀུན་ཞག་གསུམ་ལ་གནས་ཁང་རེ་རྙེད་ནས་གྱེས་འགྲོ་བར་སྣང་། ཡང་ཟླ་བ་རེ་ལ། ངོ་ཤེས་མི་ཤེས་མེད་པ་འབུམ་ཚོ་ས་ཡ་དུང་ཕྱུར་ཙམ་བརྗོད་ལས་འདས་པ་འདུག་ནའང་། ཟླ་བ་རེ་ལ་མི་སྔ་མ་རྣམས་གྱེས། ཕྱི་མ་རྣམས་འཚོགས་འདུག །རྩི་དཀར་བའི་མི་རྣམས་ང་མིན་པ། གཞན་ཐམས་ཅད་འགྲོ་ས་རེ་རྙེད་ནས་གྱེས་སོང་། ང་ལ་

ཨ་མས་སྡིག་ཅན་གྱི་ཁྱིམ་ལ་མ་འགྲོ་གྲིབ་འོང་། བཤེས་གཉེན་མཁན་པོའི་ཁྱིམ་གཙང་མ་གཅིག་མ་རྙེད་རིང་ལ་སྒུགས་ཟེར། ངས་ཨ་མ་ཁྱོད་བསམ་བློ་མི་གཏོང་བར་གནས་ཁང་གཙང་མ་སྒུགས་རིང་ལ་དོང་མོ་ཆེའི་མཐིལ་དུ་འཐེན་ན་གང་ཙུགས་བྱེད། ཞག་རེ་ལ་མི་བསམ་གྱིས་མི་ཁྱབ་པ་ཁྲིད་ནས་དོང་མོ་ཆེར་འགྲོ་བར་སྣང་། ང་ཡང་ཁྲིད་བྱེད་བྱུང་ན་ཅི་ཚུག་བྱེད་བྱས་པས། ཨ་མས་གནས་ཁང་གཙང་མ་མ་རྙེད་རིང་ལ་དོང་མོ་ཆེའི་མཐིལ་དུ་མི་གཏོང་བའི་རོག་བྱེད་ཟེར། ཉི་ཟླས་ཀྱང་སྨོན་ལམ་བཏབ་ཡོད་ཁྱོད་རང་ཨའུ་ཙི། ད་རུང་གཉུག་མ་བུད་ཟེར་བྱུང་སྟེ། ད་ནི་གཉུག་བུད་པ་ལ་ཟེར་ནས། ཡང་འཇིགས་འཇིགས་དོང་མོ་ཆེ་རེ་འཇིགས། །སྐྱོ་སྐྱོ་བར་དོའི་འཕྲང་རེ་སྐྱོ། །ལྗི་ལྗི་ཤིང་ཁུར་འདི་རེ་ལྗི། །བུད་བུད་བར་དོར་གཉུག་རེ་བུད། །ཁྱིམ་ཁྱིམ་བཤེས་གཉེན་མཁན་པོའི་ཁྱིམ། །དཀོན་དཀོན་ས་སྟེང་འདི་ན་དཀོན། །ཅེས་སྐྱོ་ཤས་འཐེན་ཞིང་། ལག་པས་འགྲམ་པ་བསྐྱོར་ཞིང་། ཤིན་ཏུ་སྐྱོ་བའི་ཚུལ་གྱི་ཡང་ཤིང་ཁུར་དེ་ཁུར་ནས་ཧུ་ཁྱུ་ཟེར་ནས་སྐྱོ་ཤས་དེ་བླངས་ཤིང་། ཡུད་དེ་ཡུད་དེ་འགྲོ་འདུག་པ་ལ། ང་ཡང་མཆི་མ་ཤོར་ཏེ། མཆི་མ་ཕྱིས་ནས་བལྟས་པས་ཁོ་མ་ཟད་དེ་ན་མར་ཡུད་དེ་སྐྱོ་ཤས་ལྷང་ལྷང་སོང་། ཡང་ངས་བོས་ནས་ཁོ་རེ་མ་འགྲོ་དང་། ངས་ཁྱོད་ལ་བཤད་རྒྱུ་གཅིག་ཡོད་བྱས་པས། ངལ་ཐེམ་གཅིག་གི་སྟེང་དུ་ཤིང་ཁུར་ཕོག་ནས་ཧུ་ཁྱུ་ཟེར་ཞིང་བསྒུགས་པས་ཁོའི་རྩར་ཕྱིན་ནས། ད་ཁྱོད་རང་སྡུག་མི་དགོས། ངས་ཀླས་ལ་ཁར་ཞི་ཁྲོའི་ཕོ་བྲང་གཅིག་བཞེངས་ཡོད། དེའི་དགེ་བའང་ཁྱོད་ལ་བསྔོ། དགེ་བཤེས་བློ་བཟང་ལ་ཟླ་བ་གཅིག་གི་རྒྱགས་དང་རྔན་པ་བྱིན་ནས་མ་ཎི་འདྲེན་དུ་བཅུག་གོ །ཀླས་ལ་ཁའི་མ་ཎི་རྒྱུན་དེ་ཡང་ངས་བཙུགས་ནས་ཁྱོད་ལ་བསྔོའོ། །ང་རང་གིས་དགེ་སྦྱོར་བྱས་ཚད་ཀྱང་ཁྱོད་ལ་བསྔོའོ། །

ཤུལ་གྱི་མ་སྨད་རྣམས་ལའང་མ་ཎི་བགྲངས་བྱས་ཡོད། ཁྱོད་ཀྱི་ཕྱི་ལ་སྡིག་པ་གཅིག་ཀྱང་མ་བྱས་ཕན་ཅི་ཐོགས་བྱས་ཡོད། གཞན་ཡང་ཁྱོད་རང་གཉུག་མ་བུད་ཅིག །བཤེས་གཉེན་མཁན་པོའི་ཁྱིམ་རང་དགའ་བ་ཡིན་ནམ། ད་ལྟ་བར་དོའི་ཡིད་ལུས་ཡིན་པས། འདུན་པ་རྩེ་གཅིག་སེམས་ལ་བཟུང་བ་ཡིན་པས། འདུན་པ་གར་གཏད་འོང་བར་ཐོས་གྲོལ་དུ་བཤད་འདུག །ཁྱོད་རང་ཟངས་མདོག་དཔའ་རིར་ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་འདུན་པ་དྲག་པོ་གཏོད་ལ་སྨོན་ལམ་ཐོབ་དང་དེས་མི་དགའ་འམ་བྱས་པས། ཡང་ཁོས་མི་ཡུལ་དུ་འདུག་ཡུན་ཐུང་བས་ཞེ་མ་ཚིམ། ང་མི་ཡུལ་དུ་དེ་བས་རིང་བ་གཅིག་འདུག་རྒྱུ་ཡིན་པ་ལ། བྱུར་མོ་ཐང་ཆུང་མ་འདི་ལན། ད་ང་སྙིང་སྟོང་ཆེ། ང་རང་མི་ལུས་ཐོབ། བཤེས་གཉེན་མཁན་པོའི་བུ་རུ་སྐྱེ་བ་གསེར་བས་དཀོན་པ་དེ་ཐོབ། ཁྱེད་སྤུན་ཡ་རྣམས་ཀྱི་དྲིན་གྱིས་སྡིག་པའང་ཆུང་། དེ་དུས་ཆོས་གཅིག་བྱེད་མ་དྲན་པས་འགྱོད་པ་ནི་ཤིན་ཏུ་ཆེ། ཕ་མ་སྤུན་ཡ་ཁྱེད་རྣམས་དང་འགྲོགས་ལོང་མ་བྱུང་། འགྲོགས་ཡུན་ཐུང་བས་སྙིང་སྟོང་ཆེ། ད་དེ་འདྲ་གར་བཙལ་ཀྱང་མི་རྙེད། ཡོད་པ་དེ་ལ་རང་དབང་མ་ཐོབ་པས། ད་མེད་པ་གཅིག་རྨང་ནས་བཙལ་དགོས་པར་བསམ་པས་སྡུག་པ་ལས་མ་བྱུང་། ད་དུང་བཤེས་གཉེན་མཁན་པོའི་བུ་གཅིག་སྨོན་དྲག་པས་བསྒུགས་པ་ཡིན་ཟེར་ནས། མཆི་མ་ཤར་ཤར་ཤིན་ཏུ་ཡུས་བྱས་པའི་ཚུལ་གྱིས་སེམས་ཕམ་པར་འདུག །འོ་ན་ཁྱོད་རང་གི་བུ་མོ་ཁྲ་ཧུ་རེ་གར་སོང་འཕྲད་དམ་བྱས་པས། ཟླ་བ་སྔོན་མ་ལ་ཁྲོམ་ཆེན་པོ་གཅིག་གི་དཀྱིལ་དུ་ཡུད་ཙམ་པ་གཅིག་འཕྲད། དེ་ནས་གར་སོང་ཆ་མེད་དུ་སོང་། དེ་རྟིང་མ་འཕྲད་ཟེར་ནས། བུ་མོ་དྲན་ནས་མཆི་མ་བཏོན་ཅིང་། སྐྱོ་ཤས་བླངས་ཤིང་ཤིང་ཁུར་དེ་ཁུར་ནས་འཕྲང་དེའི་མཇུག་ཏུ་ཡུད་དེ་ཡུད་དེ་འགྲོ་ཞིང་། སྐྱིད་སྐྱིད་མི་ཡུལ་

མཐིལ་རེ་སྐྱིད། །སྡུག་སྡུག་བར་དོའི་འཕྲང་རེ་སྡུག །ཐུང་ཐུང་མི་ཚེ་འདི་ལས་ཐུང་། །སྐྱོ་སྐྱོ་འགྲོགས་ལོང་མེད་པ་སྐྱོ། །ཆུང་ཆུང་རང་དབང་འདི་ལས་ཆུང་། །ཟེར་ནས་འགྲོ་ཞིང་འདུག །ཡང་བོས་ཏེ་ཁོ་རེ་དེར་སྒུགས་དང་དྲི་རྒྱུ་གཅིག་ཡོད་བྱས་ནས་ཁྱོད་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕྱིན་ནམ་བྱས་པས། མ་ཕྱིན་དོང་མོ་ཆེའི་ནང་དུ་བབས་ནས་ཕྱིན་ན། མཇལ་ས་ཡོད་པར་སྣང་སྟེ་འགྲོ་ཕོད་པར་མི་སྣང་། དོང་མོ་ཆེའི་ཕྱོགས་སུ་ཉེ་བ་ཙམ་གྱིས་འཇིགས་སྣང་སྙིང་གས་ལ་ཁད་པ་ཙམ་འོང་འདུག །ང་ནི་ཨ་མས་བསྲུང་བ་ཡིན་པས། གཞན་རྣམས་ནི་རང་དབང་མེད་པར་བསྲུང་མཁན་ནི་མི་སྣང་། མི་འགྲོ་བའི་རང་དབང་མེད་པར་འཇིགས་སྣང་གིས་སྙིང་གས་ལ་ཁད། ངོ་སེར་ཏང་ཏང་། བརྒྱལ་ལོག་ལོག །ཐུར་དུ་ཁྲིད་འགྲོར་སྣང་ཟེར་ནས་འགྲོ་གྲབས་བྱེད་ཅིང་། འཇིགས་འཇིགས་དོང་མུན་ནག་པོ་འཇིགས། །མགྱོགས་མགྱོགས་ལས་རླུང་ནག་པོ་མགྱོགས། །ཚ་ཚ་ལས་ཀྱི་མེ་རེ་ཚ། །འཁྱམས་འཁྱམས་གྲོགས་མེད་གཅིག་པུར་འཁྱམས། །ལུས་ལུས་ཐམས་ཅད་ཤུལ་དུ་ལུས། །ལྕི་ལྕི་ལས་ངན་སྡིག་སྒྲིབ་ལྕི། །ཟེར་ནས་ཡང་། ཤིང་ཁུར་དེ་བསིགས་པ་བྱས་ནས། ཧུ་ཁྱུ་ཟེར་ནས་སེམས་ཕམ་པའི་ཚུལ་གྱིས་ཡུད་དེ་ཡུད་དེ་སོང་། ང་ཡང་བརྒྱུགས་ནས། ཁོ་རེ་ཁྱོད་ལ་ངེས་པར་ཅི་ཕན་གང་ཕན་དེ་ངས་བྱེད། དེ་ལྟ་བུའི་སྡུག་བསྔལ་མ་བྱེད། ཁྱོད་མི་ཡུལ་བཟང་པོའི་གནས་རྙེད་པ་དང་། ཕྱི་མ་ཆོས་དང་འཕྲད་པ་དང་། ང་རང་སྤུན་དང་ཡང་ཁྱོད་སྐྱེ་བ་ཕྱི་མ་འཕྲད་པའི་སྨོན་ལམ་རྒྱ་ཆེན་པོ་ངས་བཏབ་བོ། །སྡུག་མི་དགོས། ཁྱོད་གཅིག་པུ་མིན། ངེད་རྣམས་ཀྱང་འདི་འདྲ་རེས་མོས་བྱེད་དགོས་ཡོད། སེམས་ཅན་ཀུན་ལ་འོང་། ཁྱོད་རང་སེམས་ཕམ་མི་དགོས། ལྷོད་ཀྱི་ལྷོད་ལ་ཇོ་བོ་ཐུགས་རྗེ་ཆེན་པོའམ། ཡང་ན་ཨ་མས་རོགས་ལྡན་བྱེད་པ་དེ། ཡི་

དམ་རྡོ་རྗེ་ཕག་མོ་ཡིན་འོང་ཁྱོད་རང་དབང་ཐོབ་པ་དང་། ཁྲོས་མའི་ཕྲིན་ལས་ཤེས་པའི་བྱིན་རླབས་ཀྱིས། ཁྱོད་བར་དོར་བསྲུངས་སྐྱོབས་མཛད་པ་ཡིན་ངེས་པས་ཡུམ་ཆེན་རྡོ་རྗེ་ཕག་མོ་ང་ལ་ཐུགས་རྗེས་ཟུངས་ཤིག་གྱིས་ལ་གསོལ་བ་ཐོབ་དང་ངས་ཀྱང་ཚེས་བཅུ་མ་ཆགས་པར་བྱེད། གསོལ་བ་གདབ་བོ། །བྱས་པས་ཁོས་ན་རེ། རང་བཞིན་བར་དོར་སྡུག་དྲག་པས་དེ་སྐད་སྨྲེ་སྔགས་འདོན་པ་ཡིན། གཞན་དང་བར་དོ་ཕལ་ཆེར་ལས་ང་རང་སྐྱིད་པར་བྱུང་། ཁྱེད་ཀྱི་སྐྱེ་བདུན་རིལ་བུ་སྦྱིན་བསྲེགས་དང་། བཏགས་གྲོལ་སྦྲགས་མ་དེས་ང་རང་ལ་ཤིན་ཏུ་ཕན་པ་བྱུང་། བར་དོའི་སེམས་ཅན་ཀུན་ལའང་ཕན་པ་རྒྱ་ཆེན་པོ་བྱུང་། ད་རུང་ཡང་ངའི་རུས་པ་སྐམ་པོ་ཚོ་ལ་ཚ་ཚ་བཏབ། བཏགས་གྲོལ་དང་སྐྱེ་བདུན་རིལ་བུ་སྦྲགས་ནས་མེ་ལ་བསྲེགས་བཅོལ། དེ་རང་ཕན་པར་བྱུང་། ན་རཀ་བསྐོངས་བཤགས་འདིས་ཕན་པར་སྣང་བས་འབངས་འབུང་ཐོན་ཟེར། ཡང་ལངས་ནས། ཁྲིམས་ཁྲིམས་འདུལ་ཁྲིམས་ཆུ་ལ་བསྐྱུར། །ཅེས་འཐེན་ཅིང་འགྲོ་འདུག །ཁོ་རེ་ཁྱོད་ཀྱི་དེ་ཅི་ལ་ཟེར། ཁ་རོགས་སྡོད། འདུལ་ཁྲིམས་ཆུ་ལ་སུས་བསྐྱུར་སྣང་བྱས་པས། ང་གནས་ཁང་འཚོལ་བ་ལ་ཕྱིན་པས། དེ་ནུབ་བནྡེ་གསུམ་གྱིས་འདུལ་ཁྲིམས་ཆུ་ལ་བསྐྱུར་བ་མཐོང་ཟེར་ནས། ཆུ་དེ་ལ་བསྒྲལ་བ་ཙམ་དུ་འདུག །དེ་ནས་རྡོ་རྗེ་སྲི་ཐར་དང་། རྡོ་རྗེ་རྒྱལ་མཚན་སྡུག་གེ་དང་། ང་རང་དང་གསུམ་ཆབ་ནག་གི་འཕྲང་རིང་པོ་གཅིག་ལ་བརྒལ་ནས་ཐང་གཅིག་གི་མགོར་སླེབ་པ་དང་། མ་ཀི་དེ་ན་སྔགས་པ་མགོ་སེ་གཅིག་གི་རྟ་གཅིག་འཛེག །སྔགས་པ་གཅིག་དང་བནྡེ་གཅིག་གཉིས་ཀྱིས་རྟ་ཁ་ཁྲིད་ནས་བྱུང་བས་མཐོང་མ་ཁད་དུ་རྡོ་རྗེ་རྒྱལ་མཚན་བྲོས་ཆས་བྱེད་འདུག་པས། ངས་ཁོ་རང་བཟུང་ནས་ཁྱོད་གར་འགྲོ་བྱས་པས་སྔགས་པ་དེས་ང་ཟ་འོང་། དེ་མཐོང་བ་དང་ང་ལ་སྔངས་སྐྲག་

ཆེན་པོ་བྱུང་ཟེར། ཁྱོད་ཞེད་མི་དགོས། སྔགས་པ་དེ་སུ་ཡིན་དྲིས་པས། སྤང་ཁུ་ལའི་དགོན་པར་ཡོད་ཟེར། མིང་ཆེན་པོ་སྣང་སྟེ་ངས་ཁར་འདོན་མི་ཕོད་ཟེར་ནས། ཁོ་ཞེད་ནས་འདར་ཡེད་ཡེད་བྱེད་འདུག་པ་དང་། སྔགས་པ་རྟ་བ་དེ་བླ་མའི་ཆ་ལུགས་སུ་མགོ་སེ་བ། བེར་ཐུལ་ཅན་གཅིག་ཏུ་སོང་ནས། བླ་མ་དེས་ན་རེ། བླ་མ་ཉི་ཟླ་ཁྱོད། རྒྱ་མཚོ་ཧུབ་ཀྱིས་འདེབས། རི་བོ་ཁར་བཅུག་པའི་མི་གཅིག་འདུག་ཟེར། ངས་རྒྱ་མཚོ་ཧུབ་ཀྱིས་འདེབས་པ་ཙམ་དུ་སུ་ལ་ཟ་འདོད་མ་བྱས། ངས་ནི་སུ་ལ་གནོད་པ་སྐྱེལ་མ་མྱོང་། རང་ཟས་ཟ་ཞིང་མཚམས་ལ་སྡོད་པ་ཡིན། རི་བོ་ཁར་བཅུག་རྒྱ་མཚོ་ཧུབ་ཀྱིས་འདེབས་མི་དེ་ཁྱོད་ཡིན་མོད། ཁྱོད་འདྲ་བས་ང་ལ་བྱས་ནས་ང་རྒྱལ་གཅིག་བསྐྱེད་པ་དང་། ངའི་རྩ་དེར་ང་རང་གི་སློབ་མ་ཡིན་ཟེར་བའི་སྔགས་ཆུང་བཞི་བྱུང་ནས། བནྡེ་རྟ་པ་དེ་ལ་ངའི་ཁ་རོགས་བྱེད་ནས། ཁོ་ལ་ཁ་བསད་མང་པོ་འབོད་དོ། །ཀུ་ཅོ་ཏིར་གྱིས་བྱུང་། ངོ་ཚ་བཅུག་འདུག །བནྡེ་དཔོན་གཡོག་རྣམས་སྐྱེངས་པ་བཞིན་བྱས་ནས་གྱང་སྲིབ་ཏུ་འགྲོ་ཟེར་ནས་སོང་། ངས་བུ་ཚ་ལ་ང་རང་རྣམས་ཆབ་དཀར་དུ་འགྲོ་བྱས་པས། ཨ་མ་མོ་སྒྲོལ་མ་འདོན་ཞིང་ཆབ་དཀར་གྱི་ཆུ་འགྲམ་དེར། རྡོ་རྗེ་རྒྱལ་མཚན་དང་ངེད་རང་རྣམས་བསུ་བ་ལ་ཕྱིན་པ་ཡིན་ཟེར་ནས། ཆུ་ཁ་དེར་བྱེ་མ་སྐམ་པོ་ལུས་པོ་ལ་འཕུར་ཞིང་འདུག །དེར་ངེད་རྣམས་གྲེ་ཤ་གདོང་འདྲ་བ་གཅིག་ཏུ་ཆུ་ལ་བརྒལ་ནས་ཤི་རི་ཚ་འཇུག་འདྲ་བ་གཅིག་ཏུ་ཆུའི་ཚུ་རིར་སླེབས་ནས། ད་རྩི་དཀར་དུ་འགྲོ་བསམ་པས། གཉིད་སད་པ་དང་། འདར་ཡེད་ཡེད་མཆི་མ་ཙ་རེ་སྐྱོ་ལྷང་ལྷང་འདུག་གོ །དེ་མ་ཐག་ཏུ་ཐོས་གྲོལ་དང་། བཏགས་གྲོལ་བཏོན། སྨོན་ལམ་མང་པོ་བཏབ་བོ། །བསྔོ་བ་བྱས་རྨི་ལམ་འདིའང་ཡི་གེར་བྲིས་སོ། །སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག །རྫོགས་སོ། །

ཡང་ཟླ་བ་དེའི་ཕྱི་མ་དགུན་ཟླ་ཐ་ཆུང་། གླང་ཟླའི་ཚེས་བཅུ་གཅིག་ནུབ་ཐོ་རངས་ཁར་རྨི་ལམ་དུ། མྱོག་དམ་ལུང་པའི་ཕུ་འདྲ་བའི་ཆབ་ནག་གཅིག་གི་ཤུལ་དུ། མི་ཕོ་མོ་ལྔ་བརྒྱ་ཙམ་འཚོགས་འདུག་པ་ལ། དེ་རྣམས་མགྲོན་འགྱེད་ལ་སོགས་དང་། གཏོར་མ་བཏང་དུས་སེར་སྣ་དང་ཕངས་སེམས་མི་ཉན་པ་ལ་སོགས་གཙང་སྦྲ་ཆུང་བ། གཏོར་མ་ཆུང་བ་སེར་སྣ་ཕངས་སེམས་བྱས་པ་དེ་རྣམས་སྤངས་པ་དང་། མཐར་ཆོས་བཤད་ཡིག་དྲུག་བསྐུལ་བ་ལ་སོགས་དེ་རྣམས་ཤིན་ཏུ་ཕན་ཡོན་ཆེ་བའི་རྨི་ལྟས་མང་པོ་བྱུང་འདུག་པས་ཐུགས་ལ་ཞོག་ཅིག །དེ་ནས་མི་ཁྲོམ་རྣམས་གྱེས་ནས་སོང་བ་དང་། བདག་གིས་ལུང་པ་དེའི་ཕུ་ལ་ཁ་གཏད་ནས་ཕྱིན་པས། ཕ་ཀི་ནགས་གསེབ་གཅིག་ཏུ་ཤིང་གསེ་མི་གཅིག་གྲག་པས། ང་ཡང་དེར་ཕྱིན་པ་དང་། རྡོ་རྗེ་རྒྱལ་མཚན་དཔྲལ་བ་རྔུལ་ཆི་ལེ་བ་སྒྲོན་མེ་ཆེན་པོ་གཅིག་གསེ་ཤིང་འདུག །ཁོ་རེ་ཁྱོད་དེ་གསེ་ནས་ཅི་བྱེད། ཁྱོད་ད་ཞག་གནས་ཁང་མ་རྙེད་ཟེར་བ་ད་རྙེད་དམ་དྲིས་པས། ཁོས་ན་རེ། ངས་གནས་ཁང་ཕ་ཟད་ཐག་རིང་གཅིག་ཏུ་བཙལ་ན་རྙེད་ཚོད་སྣང་སྟེ། ངེད་རང་རྩི་དཀར་སྐོར་འདིར་སེམས་ཆགས་པས་གཞན་དུ་འགྲོ་མ་ཕོད། ཐད་ནས་གཡུང་དྲུང་སྐྱིད་མོས་གནས་ཁང་ཡོད་ཟེར་ཏེ། ང་མེ་རྟ་གསེ་བ་ལ་བྲེལ་བས་མ་ཁོམ་ཟེར། ཁྱོད་སྒྲོན་འདིས་ཅི་བྱེད་བྱས་པས། ང་གར་ཕྱིན་ཀྱང་ཉི་ཟླ་མ་མཐོང་བས་མུན་ནག་པར་བྱུང་བས་མེ་རྟའི་རྗེས་སུ་འགྲོ་བསམ་པ་ཡིན་ཟེར། ཁྱོད་ད་རུང་གནས་མ་རྙེད་པས་འདིར་བསྡད་པས་གཉུག་མ་བུད་དམ། བར་དོ་ཐོས་གྲོལ་ནང་ནས་སྲིད་པ་བར་དོ་ངོ་སྤྲོད་ཀྱི་སྐབས་སུ་མངལ་སྒོ་གདམ་པ་ལ་རིགས་མི་གཅིག་པ་དེ་ཙམ་ཡོད་པ་ལ། དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འཕོ་བ་དང་། མ་དག་འཁོར་བའི་མངལ་སྒོ་གདམ་པ་གཉིས་ཡོད་པ་ལ་ཁྱོད་རང་ཡིད་ལ་མེད་དམ། འཁོར་བའི་

མངལ་སྒོ་རང་གི་ཅི་བྱེད་སྡུག་པ་ཡིན་པས། ཁྱོད་རང་ནུབ་ཕྱོགས་བདེ་བ་ཆེན་པོའམ། སངས་རྒྱས་ཀྱི་ཞིང་གང་མོས་པ་གཅིག་ཏུ་འདུན་པ་གཏོད་དང་། ངེས་པར་ཞིང་དེར་སྐྱེ་བར་བཤད་འདུག །ཁྱོད་རང་ལ་གདོས་བཅས་ཀྱི་ལུས་ནི་མེད། བག་ཆགས་ཡིད་ལུས་ཡིན་པས། ཁ་ལོ་བསྒྱུར་སླ་བ་ཡིན། ཁྱོད་ཡིད་མ་ཆེས་ན། ང་རྨི་ལམ་བག་ཆགས་ཀྱི་ལུས་ཡིད་ལུས་སྟོང་པ་ཡིན། ངའི་ལུས་པོ་བེམ་པོ་དེ་ཉལ་མལ་དུ་འོང་རྒྱུ་མེད། ཁྱོད་བར་དོ་སྟོང་ལུས་ཡིན་པས། ངེད་རང་གཉིས་ཀ་སྟོང་གཟུགས་ཡིན། ལག་པས་འཇུ་རྒྱུ་མི་འོང་། ཨེ་བདེན་ལྟོས་ཤིག་བྱས་པས། ཁོའི་ལག་པ་ལ་འཇུ་ནས་བསྡོམས་པས། ལག་པ་དྲོད་ཐང་ཐང་གཟུང་རྒྱུ་བྱུང་བས། ཟང་ཐལ་དུ་འགྲོ་མི་ཉན་པར་གདོས་བཅས་ཀྱི་ལུས་འདྲ་བ་བྱུང་བས། ཁོས་ན་རེ། ང་ཡལ་མ་ཉན་མངོན་སྣང་ཡོད་བྱས་པས་ཟེར་བ་དང་། བདག་གི་བསམ་པ་ལ། ང་ནི་རྨི་ལམ་ཡིན་པ་ཐག་ཆོད། ཁོ་ནི་ཤི་ཚར་བ་ལ་ཤི་གསོན་གཉིས་པོ་ལུང་རིང་འདི་ནས་འཕྲད་པ་ག་ལ་སྲིད་པ་ལ། ལག་པ་ནས་བཟུང་བས་གཟུང་རྒྱུ་འདུག །ངེས་པར་མི་བདེན་ནམ་བསམ་ངེས་པར་ཨེ་བདེན་ནམ་བསམས་ནས། ཁོ་ཡི་གདོང་པ་ལ་ལེགས་པོར་བལྟས་པས། ཁོས་ཀྱང་ཚུར་མིག་འབྲུ་ཚུགས་སུ་བལྟས་ནས། ངེད་རང་གཉིས་ད་ལན་མིན་པ་ཨེ་འཕྲད་མི་ཤེས། འཕྲད་པའི་རྟིང་མ་ཡིན་པས་བལྟ་ཡག་བྱེད་དགོས་ཟེར་ནས། ངས་ཕར་བལྟས། ཁོས་ཚུར་བལྟས་ཡུན་རིང་དུ་ཅི་རེད་བལྟས་ནས་ངའི་བསམ་པ་ལ། ཨ་ཙ་མ་སྣང་བ་ལ་མངོན་ཞེན་གྱི་འཁྲི་བ་མ་ཆོད་པར། བདེན་འཛིན་ཨ་འཐས་འདི་ཐོགས་མེད་ནས་རྒྱུད་ལ་འབྱར་བས། ད་བཤིག་ཐུབ་པར་མི་སྣང་། བར་དོའི་ཡིད་ལུས་སྟོང་པ་དང་རྨི་ལམ་གྱི་ལུས་སྟོང་གཉིས་ཕྲད་པ་ལས། ཡང་ལག་པས་འཇུ་རྒྱུ་ཨེ་བྱུང་ལེགས་པོར་བལྟས་ཀྱང་མ་ཡལ་བར་བལྟ་རྒྱུ་བྱུང་བས།

འཁྲུལ་སྣང་བདེན་འཛིན་འདི་བཤིག་ཐུབ་པར་ནི་མི་སྣང་། བླ་མ་དཀོན་མཆོག་བསམ་པ་གཅིག་བྱུང་བ་དང་། ཡང་ཁོས་ན་རེ། ང་ནི་ད་རུང་སངས་རྒྱས་ཀྱི་ཞིང་དུ་འདུན་པ་གཏད་ནས་འཕོ་བསམས་ཀྱང་། འཚེར་བ་ལ་ཚད་མེད་པ་བྱུང་། ལས་ངན་གྱི་སྒྲིབ་པ་ཡིན་པ་འདྲ། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་ལ་ནི། འགྲོ་བསམ་ཡང་མ་བྱུང་། འགྲོ་མི་དགོས་པ་འདྲ། ད་རུང་མི་ལུས་གཅིག་ཐོབ་ན་མི་ཡུལ་དུ་འདུག་ལོང་མ་བྱུང་བ་སྙིང་སྟོང་ཆེ་དྲགས་པས། སངས་རྒྱས་ཀྱི་ཞིང་ལས་ཀྱང་། མི་ལུས་གཙང་མ་གཅིག་རང་ཡིད་ལ་བྱུང་ཟེར་བས། དེར་ངས་ཁོ་རེ་ཁྱོད་སངས་རྒྱས་ཀྱི་ཞིང་ཡ་མཚན་དང་བདེ་བའི་ཡོན་ཏན་ཚད་མེད་པ་ཡོད་པ་དེར་མི་དགའ་བར། བསྐལ་བ་སྙིགས་མའི་ལུས་ངན་གཅིག་ལ་ཞེན་པ་མ་ཆོད་པ་དེ་སྒྲིབ་པ་རང་ཡིན་པར་ཐག་ཆོད། འོ་ན་ངས་རོགས་བྱའོ། །ངེད་རང་གཉིས་གནས་ཁང་གཙང་མ་འཚོལ་བ་ལ་འདོང་བྱས་ནས། ངས་ཁོ་ཁྲིད་ནས་ལུང་པ་དེའི་མདོར་ཕྱིན་པས། ལུང་པའི་མདའ་དེ་ན་ཁང་པ་སུམ་ཐོག་པ་ཧོ་སོང་གཅིག་འདུག །ཁོ་རེ་ཁྱོད་རང་གནས་ཁང་མ་རྙེད་ཟེར་བ། ཁྱིམ་འདིས་གནས་ཁང་མི་འོང་ངམ། འདིའི་ནང་དུ་འདོང་བྱས་པས། ཁོས་ན་རེ། འདི་འདྲ་བའི་གནས་ཁང་ཚོད་མེད་པ་སྣང་། ང་འདི་འདྲ་བའི་ནང་དུ་འགྲོ་བསམ་ངོམས་པ་མིན་ཟེར། འོ་ན་ཐད་ན་གནས་ཁང་བཏང་ངོ་ཟེར་བ་དེར་མི་འགྲོ་བ་ཅི་ཡིན་བྱས་པས། ཁོས་ན་རེ། ཐད་ལ་གནས་བཏང་ཟེར་ནས་སྒོ་རྩར་ཕྱིན་པས། ནང་དེ་ན་གཙང་མའང་མིན་པ་འདྲ་སྟེ། ནང་དེ་ན་ཨོ་ངལ་ཟེར་མཁན་གཅིག་ཡོད་གྲགས་པས། ཕྱིར་ལོག་ཕྱིན་པ་ཡིན་ཟེར། འོ་ན་ཁྱིམ་འདིའི་ནང་ན་འདུག་ཉན་ཨི་སྣང་ལྟོས། རྒྱབ་དེར་འཛེག་འདོང་བྱས་ནས། ཁང་པའི་རྒྱབ་ནས་རྩིགས་པ་ལ་འཛེག་ནས། ཡང་རྩེ་དེར་གཉིས་ཀ་སླེབ་བྱུང་ནས། རྒྱ་མཐོང་གི་

ནང་དུ་སྐས་གཅིག་བཙུགས་པ་དེར་ང་སྔོན་ལ་བབས། ཁོ་རེ་ཁྱོད་རང་ཡང་ཤོག་དང་། ཅི་འདྲ་སྣང་བལྟའོ་བྱས་པ་དང་། ཁོ་མར་བབས་མི་འོང་བར་སྟེང་ནས་མར་མིག་གཅིག་བལྟས་མ་ངོམ་པ་འདྲ་གཅིག་བྱས་ནས་དགྱེད་དེ་ལང་འདུག །ང་མར་བབས་ནས་བར་ཁང་དེར་ཕྱིན་པས། མི་འདུག་པའི་རྗེས་མེད་པ་ཧང་ལ་རྒོག་པ། གདུང་མ་ཆད་ལ་ཁད་པ། ཀ་བའང་གས་ནས་ཞིག་ལ་ཁད་པ་གཅིག་འདུག །འོག་ཁང་དེར་ཕྱིན་པ་དང་། རྩོག་པ་ཞིག་ལ་ཁད་ནས་འཇིགས་པ། སེམས་ཅན་མང་པོ་བསད་པའི་སློ་དང་འདམ་རྫབ་དང་། རྒྱུ་མ་ཉག་ཉིག་མང་པོ་ཡོད་པ། འོག་གཞི་ཁྲག་རུལ་དང་འདམ་རྫབ་འདྲེས་མས་གང་བ། ལོགས་ཐམས་ཅད་ཕྲུ་མ་རློན་པ་འདྲ་བའི་ཡོལ་བ་བྱས་པས་སྐྱུགས་བྲོ་བ་གཅིག་འདུག །ང་ཡང་སྐྱུགས་བྲོ་བ་དང་གྲིབ་འོང་དོགས་པས། ཕྱིར་སྒོ་ཆུང་གཅིག་འདུག་པ་ལ་འགྲོ་བར་བརྩམས་པ་ནས་ཁོ་སྡུག་པ། ཁྱིམ་རྩོག་པ་ཞིག་ལ་ཁད་པ་འདིར་བཞག་པས་མི་འོང་། ཁང་པ་གཙང་མ་བཟང་པོ་གཅིག་འཚོལ་རོགས་འགྲོ་དགོས་བསམ་པ་དང་། ཁོ་ཡང་རྩ་དེར་སྐྱོ་ཤས་ལྷང་ལྷང་འཐེན་ཞིང་། རྩོག་རྩོག་སྡིག་ཅན་ཁྱིམ་རེ་རྩོག །དཀོན་དཀོན་གནས་ཁང་བཟང་པོ་དཀོན། །སྐྱོ་སྐྱོ་བར་དོའི་འཕྲང་ལ་སྐྱོ། །ཆུང་ཆུང་རང་དབང་འདི་ལས་ཆུང་། །འགྲོ་འགྲོ་འདི་འགྲོ་མེད་པར་འགྲོ། །ཟེར་བའི་རྩིགས་པའི་རྒྱབ་ལོགས་སུ་བབས་ནས་ཕྱི་རོལ་དུ་འགྲོ་གྲགས་པས། ང་ཡང་བརྒྱུགས་ནས་ཁོ་བཟུང་ནས་ལབ་ལབ་བྱེད། བློ་སྤྲོ་གནས་ཁང་ཚོལ་རོགས་བྱེད་དགོས་བསམ་ནས། སྒོ་དོག་མོ་ཞིག་ལ་ཁད་ལ་མ་ཐར་བའི་རིང་ལ། ཁོ་ཕ་ཟད་གཅིག་ནས་སྐྱོ་ཤས་ལྷང་ལྷང་འཐེན་ཞིང་འགྲོ་གྲགས། སྒོ་དེར་ཕྱིན་ནས། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་རྒྱལ་མཚན། ཞེས་སྐད་རིང་པོ་བཏང་ནས་བོས་ཀྱང་། ཅི་ཡང་ཆ་མེད་པར་གར་སོང་ཆ་མེད་དུ་སོང་།

དེ་སྐྱོ་བ་ཚད་མེད་པ་བྱུང་ཞིང་ཁོ་ལ་སྙིང་རྗེ་ཚད་མེད་པ་བྱུང་། ཨ་ཙ་མ། ད་ལན་ཁོ་སྡུག་པ་དང་འཕྲད་ཀྱང་ལབ་ལབ་ཡིད་ཆེས་པ་གཅིག་བྱེད་ལོང་མ་བྱུང་། སྡུག་ཁྱིམ་འདི་ལན་པ་ཡིན། ད་ཅི་ནས་ལག་པ་ལ་མ་ཤོར་བ་གཅིག་བྱས་ནས། ལབ་ལབ་ཡིད་ཚིམ་པ་གཅིག་བྱེད་རྒྱུ་ཡིན་པར་འདུག་པ་ལ། ད་ནི་གར་སོང་ཅི་ཆ། ཕྱིན་ཆད་ནི་ཁོ་དང་མི་འཕྲད། ད་རུང་ཁོ་གར་འདུག་བཙལ་ནས་ལོ་རྒྱུས་ཡིད་ཆེས་པ་གཅིག་དྲི། ཆོས་བཤད་ནས་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འཕོ་བཅུག་པས་དྲགས། དེ་མི་ཉན་ནའང་གནས་ཁང་བཟང་པོ་གཅིག་བཙལ་ནས་མ་བསྐྱལ་ན་འོང་བར་མི་འདུག །ཁོའི་སྐྱོ་ཤས་དེ་ཚོར་བས་རང་གི་སྡུག་པ་སྐྱོ་བ་ལ་ཚད་མེད་པ་འདུག །ཁོ་རང་ཀུན་སྡུག་པ་ལ་ཚད་ཅི་ཡོད། ད་ཁོ་བོ་ལ་འབོད་ཀྱིན་འཚོལ་དགོས་བསམ་པ་དང་། གཉིད་སད་ནས། ནངས་པར་རྨི་ལམ་ཡི་གེར་བྲིས་སོ། །ཕྱིས་ཁོ་དལ་འབྱོར་བཅོ་བརྒྱད་ལྡན་པའི་མི་ལུས་རིན་པོ་ཆེ་གཅིག་ཐོབ་ནས་ཐོས་གྲོལ་གྱི་ཆོས་སྐོར་ཉམས་སུ་ལེན་ཅིང་བརྒྱུད་པ་འཛིན་པ་དེ་ཡིན། ཀྱེ་མ་ཀྱི་ཧུད་བར་དོའི་སེམས་ཅན་རྣམས། །སྡུག་བསྔལ་ཁོ་ན་མིན་པ་བདེ་བ་མེད། །ལྷན་ཅིག་སྐྱེས་པའི་ཤ་རུས་སོ་སོར་བྲལ། །བཤེས་གཉེན་ཉེ་དུ་ཟས་ནོར་རྒྱབ་ཏུ་ལུས། །སྡིག་པ་ཕྲ་མོ་ཡན་ཆད་རང་ལ་འཕྲད། །བར་དོའི་སྡུག་བསྔལ་སེམས་ཅན་ཉོན་རེ་མོངས། །རང་ངོ་རང་གི་མ་ཤེས་སྙིང་རེ་རྗེ། །དེ་འདྲའི་སེམས་ཅན་སྐྱབས་མགོན་མེད་པ་ལ། །ཐུགས་རྗེས་ཟུངས་ཤིག་ཞི་ཁྲོའི་ལྷ་ཚོགས་རྣམས། །བར་དོའི་སེམས་ཅན་ཞི་ཁྲོའི་སྐུ་ཐོབ་ཤོག །དེ་སྐད་རྨི་ལམ་ཚུལ་དུ་བརྗོད་པ་ཡང་། །བར་སྐབས་མཚམས་སུ་བར་དོར་དངོས་སུ་ཕེབས། །བདེན་པར་བཤད་པ་ཡིན་གྱི་ལྡེམ་དགོངས་མིན། །རེ་རེ་ཙམ་ལ་ཕན་བསམ་བྲིས་པ་ཡིན། །སེམས་ཅན་ཐམས་ཅད་རང་ངོ་ཤེས་པར་ཤོག །བར་དོའི་སྡུག་བསྔལ་

ཐམས་ཅད་གྲོལ་གྱུར་ཅིག །ཅེས་པ་འདི་གུ་རུ་ཉི་ཟླ་འོད་ཟེར་གྱིས་བྲིས་པ་རྫོགས་སོ།། །།ཡང་ལྷོ་ནུབ་ཏུ་ཕྱིན་དུས། ཁ་ལྷོ་ལ་བལྟས་པའི་ལུང་པ་གཅིག་གི་མདོར་སླེབས་པ་དང་། བུད་མེད་གཅིག་བྱུང་ནས་འདི་གསུངས། ལུང་པ་འདི་གནས་ངོ་མཚར་ཅན་གཅིག་ཡིན། འདིའི་ནང་དུ་ངོ་མཚར་ཅན་གྱི་སྐུ་མང་པོ་བྱོན་ནས་ཡོད། མཇལ་བ་ལ་འདོང་ཟེར་ནས་ཕྱིན་པས། བྲག་གི་འགགས་ཐམས་ཅད་ཀེང་རུས་མི་གཟུགས་མང་པོ་ཤར་ནས་འཇིགས་འཇིགས་ལྟར་འདུག །བདག་གིས་བུད་མེད་དེ་ལ་སྨྲས་པས། ཀེང་རུས་ཀྱི་མི་གཟུགས་བྲག་ལ་ཤར་བ་ལ་ངོ་མཚར་ཅི་ཡོད། ང་ནི་ཅུང་ཟད་འཇིགས་པའི་སྣང་བའང་བྱུང་སྨྲས་པས། བུ་མོས་ན་རེ། ཀྱེ་ཧོ། འདི་ནི་མི་རྟག་རང་ཁ་བརྡའ་འདི་བསྟན། །རེ་ཞིག་ཁྱོད་ཀྱི་གོ་བར་མ་གྱུར་ན། །སྲ་ཞིང་མཁྲེགས་པའི་བྲག་རི་ཆེན་པོ་འདི། །བདག་འཛིན་བྲག་རིར་ཡུན་དུ་ཞེན་པ་ན། །ཀེང་རུས་སྒྱུ་མའི་ལུས་འདི་ཡང་ནས་ཡང་། །ཞིག་པར་གྱུར་ཀྱང་བདག་འཛིན་བྲག་མ་ཞིག །གང་གིས་ཐོག་མེད་དུས་ནས་བདག་ཏུ་འཛིན། །སྲ་ཞིང་མཁྲེགས་ལ་གཞིག་པར་དཀའ་བའི་བརྡའ། །གང་ཞིག་གཅེས་པར་འཛིན་པས་བསླུ་གྱུར་པའི། །བདག་མེད་འཇིག་ལ་སྙིང་པོ་མེད་པའི་ལུས། །ལྷན་ཅིག་སྐྱེས་པའི་ཤ་རུས་སོ་སོར་གྱེས། །ཁ་ཅིག་རྩ་ཡི་དྲ་བ་ཙམ་དུ་འབྲེལ། །ཁ་ཅིག་རྣམ་པར་བམ་ཅིང་དྲི་ངའི་ཚུལ། །ཁ་ཅིག་བྱ་གཅན་ཁྱི་ཟོས་རྣམ་པར་དམར། །ཁ་ཅིག་འབུ་ཡིས་བཤིག་ཅིང་གཡེངས་བར་སྣང་། །ཁ་ཅིག་རུས་པ་དག་ཀྱང་རྣམ་པར་འཐོར། །ལྷན་ཅིག་སྐྱེས་པའི་ཤ་རུས་བྲལ་གྱུར་ནས། །མཛའ་བཤེས་གཉེན་འདུན་བྲལ་བ་སྨོས་ཅི་དགོས། །དེ་སྐད་བརྡའ་ཡི་ཆོས་རྣམས་གསུངས་གྱུར་ནས། །སྐྱེས་བུ་ཁྱོད་ནི་རྟག་པར་འཛིན་ལགས་

སམ། །ཞེས་ཟེར་བ་དང་། བདག་གི་ཡིད་ལ་ཨ་ཙ་མ། མཛའ་བཤེས་གཉེན་འབྲེལ་ནོར་རྫས་རྣམས་དང་བྲལ་བ་ཨ་ཅང་ཡང་ཆེ་སྟེ། རང་གི་ལུས་འདི་ཡང་ནམ་ཤི། རྣམ་པར་དམར་བ་དང་། རྣམ་པར་བམ་པ་དང་། འབུ་ཅན་དང་། རྣམ་པར་འཐོར་བའི་ཀེང་རུས་འདི་ཁོ་ན་ལས་མ་འདས་སོ། །བདག་འཛིན་གྱི་བྲག་རི་འདི་ནི་ཞིག་པར་དཀའ་འོ། །ཟེར་བའི་བརྡའ་རུ་འདུག་གནས་བཟང་པོ་མཇལ་བ་ཡོན་ཏན་ཡོད་ཟེར་བ་དེ་མི་རྟག་པ་ཁོ་ན་བསྟན་པའི་བརྡར་གོ་ནས། བུ་མོ་དེ་ལ་ད་རུང་གནས་མཇལ་ཡོད་དམ་བྱས་པས། བུ་མོ་དེས་ན་རེ། ད་རུང་འདིའི་ཕུ་ུནའང་ངོ་མཚར་བའི་གནས་ལ་ཟད་པ་མེད་དེ། འདོང་དང་ཟེར་ནས་ཕྱིན་པས་བྲག་རིའི་རྒྱུད་གོང་མ་དེ་མགོན་པོའི་སྐུ། ཁ་དོག་མཐིང་ནག་ལ། མིག་ཚེས་བཅོ་ལྔའི་ཟླ་བ་ཙམ་བསྒྲད་པ། མཆེ་བ་མཁར་ཙམ་གཙིགས་པ། ཤིན་ཏུ་འཇིགས་པ་གཅིག་བྲག་ལ་ཤར་ནས་མཐོང་། དེ་མཐོང་མ་ཁད་དུ་འཇིགས་པའི་སྣང་བ་དཔག་ཏུ་མེད་པ་ཤར་ནས། དེའི་ཕྱོགས་སུ་ཉེ་མ་ནུས་ཤིང་། བདག་འདར་བ་དང་། བུ་མོས་ན་རེ། ཧ་ཧ་བྲག་ལ་ཤར་བའི་སྐུ་ལ་ཡང་། །འདི་ཙམ་འཇིགས་པ་ཁྱོད་སྐྱེས་ན། །བར་དོའི་འཕྲང་ལ་འགྲོ་ཙམ་ན། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནི། །སྐུ་ནི་རི་བོ་མཆོག་རབ་ཙམ། །གསུང་ནི་འབྲུག་སྟོང་ལྡིར་བ་ཙམ། །འོད་ཟེར་ཉི་མ་འབུམ་གྱི་ཟེར། །གཤིན་རྗེའི་འཁོར་ཚོགས་ཐམས་ཅད་ཀྱང་། །རི་བྲན་མང་པོའི་གར་བྱེད་འདྲ། །ཕྱག་མཚན་མཚོན་ཆ་ཐམས་ཅད་ཀྱང་། །ཐོག་སྟོང་དུས་གཅིག་བབས་པ་འདྲ། །དེ་འདྲའི་དྲུང་དུ་འགྲོ་དགོས་པས། །དེ་དུས་ཁྱེད་ཉིད་ཅི་ཚུགས་བྱེད། །གབ་ནས་སྒྲིབ་ས་དེ་ན་མེད། །བྲོས་པས་བཟུར་ས་དེ་ན་མེད། །ཨ་ཆུང་ད་རུང་སྒྱུ་ལུས་སྦྱངས། །ད་རུང་བར་དོ་རྩལ་སྦྱང་གྱིས། །ཟེར་བས། བདག་གི་བསམ་པ་ལ། བུ་མོ་འདི་རེ་བདེན། ད་ལྟ་བྲག་

ལ་ཤར་བའི་སྐུ་གཅིག་ལ་འདི་ཙམ་འཇིགས་པ་འདུག་པ་ལ། ནམ་ཞིག་འཆི་ངེས་པར་ཐག་ཆོད། བར་དོར་ཕྱིན་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་འགྲོ་བར་ཐག་ཆོད། དེ་དུས་ཅི་ཚུགས་བྱེད། བྲོས་ས་ནི་མེད། ཚུར་ལོག་ཀྱུ་ནི་མེད། ང་འདྲ་བ་ལ་ཨ་རྫི། ད་ནི་སྙོམས་ལས་ལ་སྡོད་ཕོད་དམ། ད་ནི་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ནམ་འགྲོ་ཅི་ཆ་སང་ཕོད་ད་ཙམ་སླེབ་ཟིན་ནས་འོང་ཅི་ཆ་ཨ་ཕ་ཨ་མ། འཇིགས་པ་ནི་སྒྱུ་ལུས་ཁོ་ན་ལ་སྦྱང་ནས་བར་དོ་ལ་འཇིགས་པ་ཆུང་དུ་འགྲོ་ཨེ་འོང་ན། གཞན་ནི་བར་དོ་ལ་གྲོལ་ལུགས་ཅི་ཚུགས་བྱེད། ཕ་ང་འདྲ་བ་སྙམ་པ་གཅིག་བྱུང་ནས། ཡང་བུ་མོ་དེ་ལ་སྨྲས་པ། ང་ནི་ད་འདི་ནས་ཡར་འགྲོ་ཕོད་པར་མི་སྣང་མར་ལོག་འགྲོ་སྙིང་འདོད་འཇིགས་སྣང་ཆེན་པོ་ཤར། བར་དོའི་འཇིགས་པ་རྣམས་དྲན་ནས། སྙིང་གས་ལ་ཁད་པ་བྱུང་། ད་ཡར་མི་འགྲོ་བྱས་པས། བུ་མོས་ན་རེ། རེ་སྡུག་སྨྲས་ཀྱང་གོ་རྒྱུ་མེད་པའི་མི་ཁྱོད་ལ། ད་ལྟ་འདི་ལ་འཇིགས་ཀྱང་ལོག་དབང་ཡོད། ད་རེས་ལོག་པས་བར་དོར་གྲོལ་ལམ་ཅི། བར་དོའི་འཇིགས་སྐྲག་བྱུང་དུས་ལོག་གམ་ཅི། ལོག་དབང་ཡོད་དམ་རེ་སྡུག་ཁྱེད་འདྲ་བ། ད་རུང་ཡར་ལ་འདོང་ངོ་མཇལ་རྒྱུ་ཡོད། ཟེར་བ་དང་། ཡང་བུ་མོ་ལ་སྨྲས་པ། བྲག་ལ་ཤར་བའི་མགོན་པོ་ཡི་སྐུ་འདི་ལ་འཇིགས་སྐྲག་པས་ཡར་ལ་འགྲོ་མི་ནུས་པ་འདྲ། འདི་ནི་རང་བྱོན་མིན་པ་འདྲ། སྐུ་འདི་ནི་འཁྲུལ་སྣང་། ང་ཟར་འོང་བྱས་པས་བུ་མོས་ན་རེ། ཀྱེ་ཧོ་གང་ཞིག་གཞན་ལ་སྨྲས་མཁས་རང་ཉིད་གྲོལ་གྲོལ་འདྲ་ན་ཡང་། །རྨི་ལམ་འཇིགས་པ་ཙམ་གཅིག་མ་གྲོལ་ཆོས་བཤད་མཁན་པོ་རྣམས། །གང་ཞིག་གཞན་ལ་བར་དོ་ཐོས་གྲོལ་བཤད་ཟེར་ཁ་བདེ་ཅན། །སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ལ་གླགས་མི་རྙེད་པར་སྐད། །གཞན་ལ་སྨྲ་བའི་ཆོས་དེ་རང་གི་རྒྱུད་ལ་སྦྱོར་མཛོད་དང་། །མགོན་པོའི་སྐུ་འདི་བྲག་

ལ་ཤར་ཡང་རང་བཞིན་ཅིས་མ་གྲུབ། །ཁྱེད་རང་རྨི་ལམ་སྒྱུ་མའི་ལུས་ཡིན་རང་བཞིན་ཡེ་ནས་མེད། །བླ་མས་བསྟན་པའི་གདམས་པ་ད་ལྟ་དྲན་པར་གྱིས་མཛོད་དང་། །འཇིགས་སྣང་ཐམས་ཅད་རང་སེམས་ལས་བྱུང་སེམས་ཉིད་སྟོང་པའོ། །དེ་དོན་བར་དོར་དྲན་ན་འཇིགས་སྣང་ཅི་ལ་ཡོང་གི་ཨཾ། །བར་དོར་འགྲོ་མཁན་རང་རིག་གསལ་སྟོང་འདི་ཉིད་ཁོ་ན་ཡིན། །གཤིན་རྗེའི་འཇིགས་པ་དག་ཀྱང་རང་རིག་ཁོ་རང་རྩལ་ལས་ཤར་བའོ། །ཞེས་ཟེར་བ་དང་བདག་གི་བསམ་པ་ལ། བུ་མོ་འདི་རེ་བདེན། བདག་གིས་གཞན་ལ་བར་དོ་ཐོས་གྲོལ་བཤད་པ་བྱས་ཀྱང་ང་རང་འདི་ཙམ་འཇིགས་ན་ཁ་ཆོས་མཁན་པོ་ནེ་ཙོའི་ཆོས་བཤད་དང་འདྲ་བར་འདུག་ད་ནི་ཕྱི་རོལ་གྱི་འཇིགས་གཟུགས་འདིའི་རང་བཞིན་དུ་གྲུབ་པ་མེད། འདི་བཟོ་བའི་མཁན་པོ་མེད། འཇིག་རྟེན་འདི་ན་རང་རྒྱུད་ཅན་དུ་ཅིས་ཀྱང་གྲུབ་པ་མེད་པ་ལ། འདི་གཅིག་པུ་ལ་ཅི་ལ་འཇིགས། ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་ཡིན་སྙམ་ནས་མ་བཅོས་པའི་ངང་ལ་བཞག་པས་ཐ་མལ་གྱིི་ཤེས་པ་གསལ་སྟོང་དུ་རྗེན་ནེ། ཅེ་རེ་གནས་ཤིང་འདུག་པ་དང་། འཇིགས་པའི་སྣང་བ་མེད་ནས་ཟང་ཐལ་དུ་ཕྱམ་ཕྱམ་དུ་སོང་བ་དང་། བུ་མོ་དེས་ན་རེ། འོ་དེ་ཀ་ལྟར་དུ་བྱས་ན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་འབུམ་ཕྲག་གཅིག་གི་དཀྱིལ་དུ་ཚུད་ཀྱང་འཇིགས་པ་ཅི་ལ་ཡོད། ཐམས་ཅད་སྟོང་པ་ཉིད་དུ་གོ་ན། བར་དོར་ད་ལྟ་ཉིད་དུ་གྲོལ་བ་ཡིན་ནོ། །ཟེར་རོ། །དེ་ནས་ཡར་ལ་ཕྱིན་པ་དང་། བྲག་རི་ཆེན་པོ་ཁ་ལྷོ་ཕྱོགས་སུ་བལྟས་པའི་ལོགས་གཅིག་ལ། ཤཱཀྱ་ཐུབ་པའི་སྐུ་གཅིག་བྱོན་ནས་འདུག་པ་དེ་སྐུ་ཆེ་ཆུང་ནི་རི་བོ་ཆེ་ཤོས་ཙམ་པ་བྱོན་ལེགས་པ། མདངས་ཚོན་གྱི་བཀྲག་མདངས་ཤིན་ཏུ་གསལ་བ་གཅིག་མཐོང་། བདག་གིས་བུ་མོ་དེ་ལ་སྨྲས་པ་གནས་རྣམས་སུ་ལྷ་བྱོན་ཟེར་བ་མང་པོ་ཐོས་ཀྱང་།

འདི་ལྟ་བུའི་གསལ་བ་དང་དོད་མོ་ཡོད་སྐད་མི་སྣང་། འདི་མངོན་སུམ་ཡིན་པ་གཅིག་མིན་ནམ། རྨི་ལམ་ཨེ་ཡིན་བྱས་པ་དང་། བུ་མོས་ན་རེ། ཧ་ཧ། མངོན་སུམ་བྱས་པ་སྟོང་གསུམ་འདི་ན་མེད། །ཐམས་ཅད་རྟག་མི་ཐུབ་པ་རྨི་ལམ་ཡིན། །ཐམས་ཅད་འགྱུར་ཞིང་འགྲོ་བ་སྒྱུ་མ་ཡིན། །གཅིག་ཏུ་ཐེར་ཟུག་གནས་པ་གང་ན་ཡོད། །མངོན་སུམ་འགྱུར་དེ་གནས་པ་གང་ཡང་མེད། །གང་ཞིག་འབྱུང་བ་ལྔ་ལ་གྲུབ་པ་ཡི། །འཇིག་རྟེན་སྟོང་གསུམ་འདི་ཡང་ཞིག་ནས་འགྲོ། །གང་ཞིག་ལྷན་ཅིག་སྐྱེས་པའི་གཟའ་ཚང་ཡང་། །ལོ་དང་ཟླ་བ་ཤོལ་ནི་མ་ཐེམ་པར། །གཅིག་ཏུ་མི་གནས་གྱེས་པའི་ཆོས་ཅན་ཡིན། །གང་ལ་གཅེས་པར་བྱས་པའི་ལུས་འདི་ཡང་། །ནམ་ཞིག་ཐལ་བ་དག་ཀྱང་རླུང་གིས་ཁྱེར། །མངོན་སུམ་སྣང་ནའང་དོན་ལ་སྟོང་པ་ཡིན། །རྨི་ལམ་ཉིད་ཀྱང་གནས་སྐབས་མངོན་སུམ་ཡིན། །ཐམས་ཅད་རྨི་ལམ་སྒྱུ་མའི་རང་བཞིན་ནོ། །ཅེས་ཟེར་བས། བདག་གི་བུ་མོ་དེའི་ཁ་ལ་བལྟས་པའི་རིང་ལ། ཅི་ཚུགས་བྱས་ཆ་མེད་པ་གཅིག་ལ་ཐུབ་པའི་སྐུ་དེ་ཨོ་རྒྱན་གྱི་སྐུ་ཆེན་པོ་གཅིག་ཏུ་སོང་། དེ་ལ་བལྟས་ནས། བདག་གིས་བསམ་པ་ལ། ཨོ་རྒྱན་སྐུ་གཅིག་ཏུ་སོང་འདུག་སྟེ། པད་ཞྭ་དང་། རྡོ་རྗེ། བྷན་དྷ་རྣམས་ནི་འདི་ཀ་ཡིན་ཏེ། ཁ་ཊཱཾ་གའང་མི་འདུག །ཆོས་གོས་གསེར་གྱི་པ་ཏྲ་ཅན་དེའང་མི་འདུག །ཟ་འོག་བེར་སྔོ་བཀྲ་དེའང་མེད་པར་གོས་ཆེན་ལྕགས་ནག་གི་ན་བཟའ་བེར་ནག་རྐྱང་པ་གསོལ་བ་འདི། ཨོ་རྒྱན་མིན་པ་ཨེ་ཡིན། བདག་གི་འདི་རྨི་ལམ་ཡིན་པ་འདྲ། མཐོང་སྣང་འདི་ད་ཅི་ཐུབ་པ་ཡིན་པ་ལ། ད་ཨོ་རྒྱན་དུ་སོང་འདུག །ཨོ་རྒྱན་ཡང་མཐིང་ཀ་འདི་འདྲ་ཆོས་གོས་དང་ཁ་ཊཱཾ་ཡང་མེད་པ་འདི་རྒྱལ་འགོང་གི་ཆོས་འཕྲུལ་གཅིག་རྨི་ལམ་དུ་བསྟན་པ་གཅིག་བྱུང་བསམ་པ་དང་། ཨོ་རྒྱན་གྱི་སྐུ་དེའི་ཞལ་ནས་འདི་སྐད་གསུངས། ཨེ་མ་

ཧོ། ངོ་མཚར་མི་ཆེའམ། གང་གི་རང་སྣང་རྣམ་པར་མ་དག་ན། །སངས་རྒྱས་དངོས་ཀྱང་པེ་ཀར་གཟུགས་སུ་མཐོང་། །གང་གི་རང་སེམས་རྣམ་པར་དག་པའི་ཚེ། །པེ་ཀར་ཉིད་ཀྱང་སངས་རྒྱས་བཅོམ་ལྡན་འདས། །བདུད་དང་སངས་རྒྱས་གཉིས་ཀྱང་སེམས་སྣང་ལས། །སངས་རྒྱས་གུད་ན་རྒྱལ་འགོང་ལོག་ན་མེད། །ངེས་པར་སངས་རྒྱས་བྱ་བ་ཐེར་ཟུག་མེད། །ངེས་པར་བདུད་ཅེས་བྱ་བ་རྟག་བརྟན་མེད། །གང་དག་སངས་རྒྱས་ཉིད་ལ་གཟུགས་སུ་མཐོང་། །དེ་བཞིན་སངས་རྒྱས་ཉིད་ལ་སྒྲར་ཤེས་པ། །དེ་ཉིད་ལོག་པའི་ལམ་ལ་ཞུགས་ཞེས་གསུངས། །གང་གི་སངས་རྒྱས་རྟག་པ་མེད་དེ་སྟོང་། །དེ་བཞིན་ཆད་པ་མ་ཡིན་རིག་ཅིང་གསལ། །རྟག་ཆད་གཉིས་མེད་དེ་ཉིད་སངས་རྒྱས་ལ། །དེ་ལྟར་མ་ཤེས་ན་ཡང་རྒྱལ་འགོང་ཡིན། །རབ་རིབ་ཅན་གྱིས་མཁའ་ལ་སྐྲ་ཤད་འཛག །མཁྲིས་ནད་ཅན་གྱིས་དུང་དཀར་སེར་པོར་མཐོང་། །ཆང་གི་བཟི་བས་ས་ནི་འཁོར་སྙམ་བྱེད། །མངོན་ཞེན་ཅན་གྱིས་སྒྱུ་མ་བདེན་པར་བཟུངས། །ནམ་མཁའ་ལ་ནི་སྐྲ་ཤད་འཛགས་པ་མིན། །དུང་དཀར་ལ་ནི་སེར་པོ་མ་གྲུབ་བོ། །ས་འདི་ལ་ནི་གཡོ་ཞིང་འཁོར་བ་མེད། །སྒྱུ་མ་ལ་ནི་བདེན་པར་ཡེ་མ་གྲུབ། །པདྨ་འབྱུང་གནས་རྒྱལ་འགོང་ཡེ་ནས་མིན། །བཅོམ་ལྡན་འདས་ལ་པེ་ཀར་ཡེ་མ་གྲུབ། །གྲུབ་པ་མེད་པར་ཤེས་ནས་སོང་བ་མིན། །ཡེ་ནས་གནས་ལུགས་ཁོ་རང་རང་གཤིས་ཡིན། །ཧ་ཧ་ཟེར་བ་དང་། བུ་མོ་དེས་ན་རེ། ཐམས་ཅད་རང་གི་སེམས་རྣམ་པར་དག་མ་དག་གི་བྱེད་པ་ཁོ་ན་ལས། ཕྱི་རོལ་ནས་སངས་རྒྱས་བྱ་བ་རྟག་བརྟན་ཐེར་ཟུག་པ་གཅིག་ཡོད་མ་མྱོང་། བདུད་དང་རྒྱལ་འགོང་བྱ་བ་རྟག་བརྟན་ཐེར་ཟུག་གཅིག་དེ་བས་ཀྱང་མེད། རྒྱལ་འགོང་ཡིན་པར་འཛིན་ན་རང་སྣང་མ་དག་པའི་ཉེར་ལེན་དེས་བར་ཆད་འོང་ནས་སངས་རྒྱས་རྒྱལ་འགོང་དུ་འགྲོ།

སངས་རྒྱས་ཡིན་བསམ་ནས་མོས་གུས་བྱས་ན། ནང་གི་ཉེ་བར་ལེན་པ་དེའི་གནད་ཀས་བྱིན་བརླབ་འབྱུང་། བར་ཆད་དང་བྱིན་བརླབ་གཉིས་ཕྱི་ནས་འབྱུང་བ་མིན། ནང་གི་ཉེ་བར་ལེན་པའི་རྒྱུ་དང་། རང་སེམས་དག་མ་དག་གི་བྱེད་པ་ཁོ་ན་ལས་གཞན་དུ་མེད་པར་ཤེས་པར་གྱིས། ད་རུང་འདིའི་ཕུ་ན་ངོ་མཚར་ཆེ་བའི་ལྟས་མང་པོ་ཡོད་དོ། །དེས་ཆོག །ཅེས་པ་རྨིས་སོ། །མངྒ་ལཾ་སརྦ་ཤུ་བྷཾ།

དུར་ཁྲོད་དུ་བམ་རོ་བསྐྱལ་བ་ལ་བརྟེན་ནས་མི་རྟག་པའི་བསྐུལ་མར་ངོ་སྤྲོད་པ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ངོ་སྤྲོད་ཐམས་ཅད་ཀྱི་སྔོན་འགྲོ་དུར་ཁྲོད་དུ་བམ་རོ་བསྐྱལ་བ་ལ་བརྟེན་ནས་མི་རྟག་པའི་བསྐུལ་མར་ངོ་སྤྲོད་པ་བཞུགས་སོ། །

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ལས་དང་པོ་བས་སྐྱོ་ཤས་བསྐྱེད་པ་ལ། དུར་ཁྲོད་དུ་བམ་རོ་བསྐྱལ་བ་ལ་བརྟེན་ནས་མི་རྟག་པའི་བསྐུལ་མར་ངོ་སྤྲད་པ་ནི། ནགས་སམ་དུར་ཁྲོད་ལ་སོགས་པར་ཤིན་ཏུ་དབེན་པ་ལ། ཉིན་མོའམ། དེ་མ་ཡིན་ན་འགོལ་བའི་ས་རུ། ནུབ་མོར་ཁྲིད་ཞུ་རྣམས་ཚོགས་པ་ལ། དབུས་སུ་སྟེགས་བུའི་སྟེང་དུ་བྲ་ཟན་ནམ། ཁམ་ས་ལས་བཟོས་པའི་གཟུགས་བརྙན། རོའི་ཤ་གདན་སྟེང་དུ་བམ་རོ་དང་། རོ་མང་པོ་གཅལ་དུ་བཀྲམ་པའམ། གཅན་ཟན་གྱི་གཟུགས་བརྙན་སྣ་ཚོགས་བས་གང་བ། རོ་ཁུར་ནས་དེར་བསྐྱལ་བའི་གཟུགས་བརྙན་མང་པོ་འགྲོ་བའི་ཚུལ་དང་། བྱ་རྒོད་ལ་སོགས་པ་འདབ་ཆགས་ཀྱི་གཟུགས་བརྙན་མང་པོས་རོ་ལ་ཟ་བའི་ཚུལ་དང་། རོ་བསྐྱལ་བའི་ལམ་གྱི་གཡས་གཡོན་དང་། དུར་ཁྲོད་ཀྱི་མཐའ་སྐོར་དང་། ཟུར་གཅིག་ཏུ་དུར་ཁྲོད་རྙིང་བ་རུལ་བ་བམ་པ་དམ་དུམ་མང་པོ་ཁྲོལ་ལེ་བའི་མཐའ་མ་རྣམས་སུ། འཇག་མའི་སྐྱིལ་ཆུང་བཟོས་པའི་ནང་དུ། སྒོམ་ཆེན་པའི་གཟུགས་བརྙན་བཞུགས་སུ་བཅུག །དེ་ནས་བླ་མས་ཁྲིད་ཞུ་མི་རྣམས་ལ། སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་སྔོན་དུ་བཏང་ལ། དལ་འབྱོར་རྙེད་དཀའ་དང་། ལས་རྒྱུ་འབྲས་དང་། འཁོར་བའི་ཉེས་དམིགས་ལ་སོགས་པ་མང་དུ་

གསུངས༔ད་འཆི་བ་མི་རྟག་པ་བསྒོམ་པ་ལ། ཕྱི་སྣོོད་ཀྱི་འཇིག་རྟེན་མི་རྟག་པ་དང་། ནང་བཅུད་ཀྱི་སེམས་ཅན་མི་རྟག་པའོ། །ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་ནི། མེ་བདུན་ཆུ་གཅིག །ཆུ་བདུན་རླུང་གཅིག་ལ་སོགས་པས་སྣོད་བཅུད་ཐམས་ཅད་མི་རྟག་པར་མྱུར་དུ་སྟོང་པར་འགྲོ་རྒྱུ་ཡིན་ཅིང་། ཁྱད་པར་དུའང་རང་རེ་བོད་དུ་མི་རྟག་པ་བསྒོམས་པ་དང་། རྒྱ་གར་དུ་མི་རྟག་པ་བསྒོམ་པའོ། །བོད་དུ་མི་རྟག་པ་བསྒོམ་པ་ལ། ནམ་ཟླ་དུས་བཞི་འདི་འགྱུར་ལྡོག་ལ་བརྟེན་ནས་མི་རྟག་པ་བསྒོམས་ཏེ། དེ་ཡང་ནམ་ཟླ་དཔྱིད་ཀའི་དུས་སུ། རི་ལུང་ཐམས་ཅད་དྲོ་ཤིག་གིས་འོང་། དེ་ཡང་རྟག་གམ་སྙམ་ན་མི་རྟག་སྟེ། དབྱར་གྱི་དུས་སུ་རི་ལུང་ཐམས་ཅད་སྔོ་ཕྱུར་གྱིས་འགྲོ། དེ་ཡང་རྟག་གམ་སྙམ་ན་མི་རྟག་པར་འགྱུར་ཏེ། སྟོན་གྱི་དུས་སུ་རི་ལུང་ཐམས་ཅད་ཁམ་སྤུང་གིས་འགྲོ། དེ་ཡང་རྟག་གམ་སྙམ་ན་མི་རྟག་པར་འགྱུར་ཏེ། དགུན་གྱི་དུས་སུ་རི་ལུང་ཐམས་ཅད་སྐྱ་ཁྲོག་གིས་འགྲོ་བ་ལ་གཟིགས་ཤིག །ཕྱིའི་ནམ་ཟླ་ཡང་། འདི་ལྟ་བུའི་འགྱུར་ལྡོག་གི་རང་བཞིན་ཅན་ནོ། །ནང་བཅུད་ཀྱི་སེམས་ཅན་ཡང་མི་རྟག་པར་འགྱུར་ཞིང་འགྲོ་སྟེ། རང་ཅག་རྣམས་ཀྱི་ཚེ་ལ་ཡང་སྐད་ཅིག་གིས་མི་རྟག་པར་འགྱུར་ཞིང་འགྲོ་བར་བསྒོམ་པ་དང་། གཞན་ཡང་རང་གི་ཡུལ་གྲོང་། ཁྱིམ་མཚེས། སྤུན་ཟླ། གྲོགས་རྒན་གཞོན། དར་མ། ཕ་མ། བུ་སྲིང་ལ་སོགས་པ་ཐམས་ཅད་འཆི་བ་ལ་བསམ་ཞིང་། སེམས་ཅན་ཐམས་ཅད་ཀྱང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་རང་བཞིན་ཅན། ཆོས་ཉིད་འདི་ལྟ་བུ་ལས་མ་འདས་པ་ཡིན་ཏེ། བདག་རང་ལ་ཡང་ཅིས་ཀྱང་འདི་ལྟ་བུ་ཞིག་འོང་ངེས། དེ་ཙ་ན་དམ་པའི་ཆོས་མ་གཏོགས་པ། བསགས་པའི་ནོར་གྱིས་ཀྱང་ཕན་པར་མི་འདུག །འདུས་པའི་གཉེན་གྱིས་ཀྱང་ཕན་པར་མི་འདུག །མཛའ་བའི་གྲོགས་ཀྱིས་ཀྱང་ཕན་པར་མི་འདུག །གཅེས་པའི་

ལུས་འདིས་ཀྱང་ཕན་པར་མི་འདུག །གཞན་དག་གང་དང་གང་གིས་ཀྱང་ཕན་པ་མི་འདུག །སྐྱོབ་པར་ཡང་མི་འདུག་བསམ་ལ། འཇིགས་པས་སྐྲག་པ་ཡིད་དབྱུང་བའི་གནས་སུ་སྒོམ་པ་ཡིན་ནོ། །རྒྱ་གར་དུ་མི་རྟག་པ་བསྒོམ་པ་ལ་གསུམ་སྟེ། ལྷོ་སྒོ་ལ་བརྟེན་ནས་མི་རྟག་པ་བསྒོམ་པ་དང་། དུར་ཁྲོད་ལ་བརྟེན་ནས་མི་རྟག་པ་བསྒོམ་པ་དང་། ཀེང་རུས་ལ་བརྟེན་ནས་མི་རྟག་པ་བསྒོམ་པའོ། །དང་པོ་ལྷོ་སྒོ་ལ་བརྟེན་ནས་མི་རྟག་པ་བསྒོམ་པ་ནི། འོ་སྐོལ་བོད་ཀྱི་གྲོང་ཁྱེར་ཐོ་རེ་ལང་ངེ་བ་འདི་ལྟ་བུ་མ་ཡིན་པས། རྒྱ་གར་ལ་གྲོང་ཁྱེར་ཆེན་པོ་བསམ་གྱིས་མི་ཁྱབ་པ་འབུམ་ཚོ་སུམ་ཅུ་སོ་དྲུག་ཙམ་ཡོད་པའི་གྲོང་ཁྱེར་ལ་རྒྱུ་སྲང་ཆེན་པོ་བཞི་ཡོད་དེ། ཕྱོགས་བཞིར་སྒོ་བཞི་ཡོད། ཤར་སྒོ་དང་ནུབ་སྒོ་བྱང་སྒོ་གསུམ་ལ་ཚོང་དང་སོ་ནམ་དོན་གཉེར་དང་རྒྱུ་འགྲུལ་བྱེད་པའི་སྒོ་ཡིན་ནོ། །ལྷོ་སྒོ་ལ་ནི། ལྷོ་ཕྱོགས་སུ་གཤིན་རྗེ་གནས་པའི་ས་ཡིན་པས། མི་རོ་བསྐྱལ་བ་མིན་པ། གཞན་གྱི་རྒྱུ་འགྲུལ་མི་བྱེད་པ་ཡིན། གྲོང་ཁྱེར་ཆེ་བ་དང་། ན་ཚ་མོད་པའི་ཤུགས་ཀྱིས་མི་རོ་བསྐྱལ་བ་ལ་དཔེར་ན། གྲོང་མོ་ཆེར་ནམ་ཟླ་དཔྱིད་ཀའི་དུས་སུ་ས་ལུད་བསྐྱལ་བ་བཞིན་དུ། ན་རེ་བྲིང་ངེ་བ་རྒྱུན་མི་ཆད་པར་འོང་བར་འདུག །དེར་ཡང་རོ་བསྐྱལ་བ་ལ་ཤིང་གཉའ་ཤིང་འདྲ་བ་གཉིས་ཀྱི་སྟེང་དུ་རོ་དེ་བཞག་ནས། སྣ་ལ་རྔ་མ་དག་གི་ཐག་པ་གཅིག་བརྒྱུས་ལ། མི་གཉིས་ཀྱིས་བཏེགས་ནས། གང་ཤི་བའི་མིང་ནས་འབོད་ཅིང་། ཀྱེ་ཧུད་ཕ། ཀྱེ་ཧུད་མ། ཅེས་པ་ལ་སོགས་པ་བརྗོད་ཅིང་དུར་ཁྲོད་དུ་རོ་བསྐྱལ་བ་ཡིན་པར་འདུག །དཔེ་དེ་བཞིན་དུ། ལྷོ་སྒོ་ན་རོ་བསྐྱལ་བ་དང་། དུར་ཁྲོད་ཀྱི་ཚོགས་འདི་རྣམས་ལ་ལེགས་པར་གཟིགས་ཤིག །ཅེས་བརྗོད་ཅིང་། ཤིང་ཐུར་རིང་པོས་གཟུགས་བརྙན་རྣམས་ངོས་ལེགས་པར་བསྟན། དེ་ལ་འདིར་ཡང་མི་རྟག་པ་སྒོམ་པའི་སྒོམ་ཆེན་དཔོན་སློབ་འདི་རྣམས།

ལྷོ་སྒོའི་རྒྱ་སྲང་གཡས་གཡོན་རྣམས་སུ། འཇག་མའི་སྐྱིལ་ཆུང་འདི་དག་གི་ནང་དུ་སྒོམ་ཆེན་པ་དཔོན་སློབ་རྣམས་ཀྱིས། མི་རོ་བསྐྱལ་བ་འདི་རྣམས་ལ་གཟིགས་ཤིང་། སེམས་ཅན་ཐམས་ཅད་ཀྱང་འདི་ལྟ་བུའི་རང་བཞིན་ཅན། འདི་ལྟ་བུའི་ཆོས་ཅན། ཆོས་ཉིད་འདི་ལྟ་བུ་ལས་མ་འདས་པ་ཡིན་ཏེ། བདག་ཀྱང་རང་ལ་ཡང་འདི་ལྟ་བུ་ཞིག་ཅིས་ཀྱང་འོང་ངེས་སོ། །དེ་ཙ་ན་དམ་པའི་ཆོས་མ་གཏོགས་པ། བསགས་པའི་ནོར་གྱིས་ཀྱང་ཕན་པར་མི་འདུག །འདུས་པའི་གཉེན་གྱིས་ཀྱང་ཕན་པར་མི་འདུག །མཛའ་བའི་གྲོགས་ཀྱིས་ཀྱང་ཕན་པར་མི་འདུག །གཅེས་པའི་ལུས་འདིས་ཀྱང་ཕན་པར་མི་འདུག །གཞན་དག་གིས་ཀྱང་ཕན་པར་མི་འདུག །སྐྱོབ་པར་མི་འདུག་བསམས་ལ། འཇིགས་ཤིང་སྐྲག་པས་ཡིད་དབྱུང་བའི་གནས་སུ་བསྒོམ་པར་བྱའོ། །དེ་དག་ནི་ལྷོ་སྒོ་ལ་བརྟེན་པའི་མི་རྟག་པ་བསྒོམ་པའོ། །གཉིས་པ་དུར་ཁྲོད་ལ་བརྟེན་ནས་མི་རྟག་པ་བསྒོམ་པ་ནི། རང་ཤར་གྱི་རྒྱུད་ལས། དུར་ཁྲོད་དག་ཏུ་སོང་ནས་ནི། །དང་པོ་རྣམ་པར་བམ་པར་བསྒོམ། །དེ་ན་རྣམ་པར་སྔོ་བར་བསྒོམ། །དེ་ནས་རྣམ་པར་ཟོས་པར་བསྒོམ། །དེ་ནས་རྣམ་པར་འབུ་ཞུགས་བསྒོམ། །ཞེས་གསུངས་པ་ལྟར། མི་རྟག་པ་སྒོམ་པའི་སྒོམ་ཆེན་པ་དཔོན་སློབ་འདི་རྣམས་ཀྱིས་དུར་ཁྲོད་ཆེན་པོ་འདིར་ཕེབས་ནས། འཇག་མའི་སྐྱིལ་ཆུང་འདི་རྣམས་སུ་བཞུགས་ཤིང་། སྐྱིལ་པོའི་སྒོ་རྣམས་དུར་ཁྲོད་ལ་བསྟན་ནས། རོ་འདི་རྣམས་ལ་གཟིགས་ཤིང་། ལ་ལ་ནི་ཤི་མ་ཁད་ཀྱི་རོ། ལ་ལ་ནི་ཞག་གཉིས་གསུམ་ཙམ་སོང་བའི་རོ་རྣམ་པར་བམ་པ་དང་། ལ་ལ་ནི་ཤི་ནས་ཞག་འགའ་ཡང་སོང་བའི་རོ་སྔོ་བམ་དུ་སོང་བ། ལ་ལ་ནི་ཤི་ནས་ཞག་མང་དུ་སོང་ནས་གཅན་གཟན་རྣམས་ཀྱིས་ཟ་འཕྲོ་ལིང་ངེ་བ། ལ་ལ་ནི་ཤི་ནས་ཟླ་བ་གཅིག་ཙམ་སོང་ནས། ཁོག་པར་འབུ་

ཞུགས་ནས་ཕུང་པོ་འབུས་གཡེངས་བ་དང་། འདབ་ཆགས་སྣ་ཚོགས་པ་འདི་དག་དང་། སྟག་གཟིག་ལ་སོགས་པའི་གཅན་གཟན་སྣ་ཚོགས་པ་འདི་དག་གིས། མི་རོ་ཕར་འཐེན་ཚུར་འཐེན་བྱེད་པ་འདི་དག་རྣམས་ལ་གཟིགས་པ་ལགས། སྐབས་འདིར་གཟུགས་བརྙན་རྣམས་ངོ་ལེགས་པར་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱང་འདི་ལྟ་བུའི་རང་བཞིན་ཅན། འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུ་ུལས་མ་འདས་པ་ཡིན་ཏེ། བདག་རང་ལ་ཡང་འདི་ལྟ་བུ་ཞིག་འོང་ངེས། དེ་ཙ་ན། དམ་པའི་ཆོས་མ་གཏོགས་པ་བསགས་པའི་ནོར་གྱིས་ཕན་པར་མི་འདུག །འདུས་པའི་གཉེན་གྱིས་ཕན་པར་མི་འདུག །མཛའ་པའི་གྲོགས་ཀྱིས་ཕན་པར་མི་འདུག །གཅེས་པའི་ལུས་འདིས་ཀྱང་ཕན་པར་མི་འདུག །གཞན་དག་གང་གིས་ཀྱང་ཕན་པར་མི་འདུག །སྐྱོབ་པར་མི་འདུག་བསམ་ལ། འཇིགས་ཤིང་སྐྲག་པས་ཡིད་དབྱུང་བའི་གནས་སུ་བསྒོམ་པ་ཡིན་ནོ། །དེས་དུར་ཁྲོད་ལ་བརྟེན་ནས་མི་རྟག་པ་བསྒོམ་པའོ། །གསུམ་པ་ཀེང་རུས་ལ་བརྟེན་ནས་མི་རྟག་པ་བསྒོམ་པ་ནི། མི་རྟག་པ་སྒོམ་པའི་སྒོམ་ཆེན་པ་དཔོན་སློབ་རྣམས་ཀྱིས། དུར་ཁྲོད་རྙིང་པ་རྣམས་སུ་ཕྱིན་ནས། འཇག་མའི་སྐྱིལ་པོ་དུར་ཁྲོད་ལ་ཁ་བསྟན་ནས་རོའི་རུས་པ་རྣམས་ལ་གཟིགས་ཤིང་། ལ་ལ་ནི་ཤ་ཟོས་མ་ཁད་ཀྱི་རུས་པ་སྣུམ་ཙེ་རེ་བ། ལ་ལ་ཤ་རུས་བྲལ་ནས་ཟླ་བ་མང་དུ་སོང་བའི་རུས་པ་དཀར་སང་སང་བ། ལ་ལ་ནི་ལོ་གཅིག་གཉིས་ཙམ་སོང་བའི་རུས་པ་སྔོ་སང་སང་བ། ལ་ལ་ནི་ལོ་མང་དུ་སོང་བའི། རུས་པ་ཐི་བྱའི་མདོག་ལྟ་བུ་སོང་བ་རྣམས་ལ་གཟིགས་ཤིག །ཅེས་རུས་པ་བསྟན་ཅིང་། སེམས་ཅན་ཐམས་ཅད་ཀྱང་འདི་ལྟ་བུའི་རང་བཞིན་ཅན། འདི་ལྟ་བུའི་ཆོས་ཅན། ཆོས་ཉིད་འདི་ལྟ་བུ་ལས་མ་འདས་པ་ཡིན། བདག་རང་ཡང་འདི་ལྟ་བུ་ཞིག་ཅེས་ཀྱང་འོང་བར་ངེས། དེ་ཙ་ན་དམ་པའི་

ཆོས་མ་གཏོགས་པ། བསགས་པའི་ནོར་གྱིས་ཕན་པར་མི་འདུག །འདུས་པའི་གཉེན་གྱིས་ཀྱང་ཕན་པར་མི་འདུག །མཛའ་བའི་གྲོགས་ཀྱིས་ཀྱང་ཕན་པར་མི་འདུག །གཅེས་པའི་ལུས་འདིས་ཀྱང་ཕན་པར་མི་འདུག །གཞན་དག་གང་གིས་ཀྱང་ཕན་པར་མི་འདུག །སྐྱོབ་པར་མི་འདུག་བསམ་ལ། འཇིགས་ཤིང་སྐྲག་པས་ཡིད་དབྱུང་བའི་གནས་སུ་བསྒོམ་པ་ཡིན་ནོ། །དེ་དག་ནི་ཀེང་རུས་ལ་བརྟེན་ནས་མི་རྟག་པ་སྒོམ་པའོ། །དོ་ནུབ་ཀྱི་སྐབས་སུ། ས་ཕྱོགས་འདི་ཡང་རྒྱ་གར་གྱི་ས་ཕྱོགས། གནས་འདི་ཡང་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཡིན་སྙམ་དུ་བསྒོམ། དུར་ཁྲོད་འདིར་མི་རོ་བསྐྱལ་བ་ལ་ན་རེ་བྲེང་ངེ་བ་རྒྱུན་མི་ཆད་པར་འོང་བ་ལགས་སོ། །དེ་སྐད་བརྗོད་མ་ཐག་ཏུ། ཕྱི་རོལ་ན་མི་གཉིས་སམ་གཅིག་གིས། བམ་རོ་ཁུར་བའི་ཚུལ་དུ་བྱ། མི་ལག་གིས་ལྕོགས་ན། ལ་ལས་གཅོད་པའི་ཚུལ་དང་། ལ་ལས་དུར་བྱའི་ཚུལ་དང་། ལ་ལས་རོལ་མོ་དང་རྐང་གླིང་འབུད་པ་ལ་སོགས་པ་ཤིན་ཏུ་སྐྱི་གཡའ་བའི་ཚུལ་དུ་བྱས་ནས། གསོལ་འདེབས་ཅི་རིགས་པ་བྱ། དེར་རོ་བསྐྱལ་ནས། བསྐོར་བ་ལན་གཅིག་གཉིས་ཙམ་སོང་བ་དང་། ཡང་བླ་མས་འདི་སྐད་གསུང་། འོ་སེམས་ཅན་ཐམས་ཅད་འདི་ལྟ་བུའི་རང་བཞིན་ཅན། འདི་ལྟ་བུའི་ཆོས་ཅན། ཆོས་ཉིད་འདི་ལྟ་བུ་ལས་མ་འདས་པ་ཡིན་ནོ། །འདི་རྣམས་ནི་སྔ་དྲོ་འགྲོ་བའི་ཚོད་ཙམ་ཡིན། རང་ཅག་རྣམས་ནི་ཕྱི་དྲོ་འགྲོ་བའི་ཚོད་ཙམ་ཡིན་ནོ། །ངེད་རང་རྣམས་ལའང་འདི་ལྟ་བུ་ཞིག་ཅིས་ཀྱང་འོང་ངེས། དེ་ཙ་ན་བསགས་པའི་ནོར་གྱིས་ཀྱང་ཕན་པར་མི་འདུག །འདུས་པའི་གཉེན་གྱིས་ཀྱང་ཕན་པར་མི་འདུག །མཛའ་བའི་གྲོགས་ཀྱིས་ཀྱང་ཕན་པར་མི་འདུག །གཅེས་པའི་ལུས་འདིས་ཀྱང་ཕན་པར་མི་འདུག །ཆོས་མ་གཏོགས་པ་གཞན་དག་གང་དང་གང་གིས་ཀྱང་ཕན་པར་མི་འདུག །སྐྱོབ་

པར་མི་འདུག་བསམ་ལ། འཇིགས་ཤིང་སྐྲག་པས་ཡིད་དབྱུང་བའི་གནས་སུ་བསྒོམ་པ་གལ་ཆེ་བ་ཡིན་ཅིང་། དེ་ལྟ་ན་དགེ་བ་ལ་འབད་སྡིག་པ་ལ་འཛེམ། སྙོམ་ལས་དང་ལེ་ལོ་སྤངས་ནས། ཡེངས་མེད་བརྩོན་འགྲུས་ཀྱི་ལྕག་གིས་བྲབ་ནས། ཐར་པ་ཆེན་པོའི་གྲོང་མཆོག་ཏུ་སླེབ་པར་མཛོད་ཅིག །ཅེས་གསུངས་སོ། །དེ་ནས་བམ་རོ་ཕྱིར་བསྐྱལ་གཟུགས་བརྙན་རྣམས་བསྡུ་ཞིང་། བསྔོ་བ་དང་སྨོན་ལམ་རྣམ་དག་བྱའོ། །དེ་དག་ནི་ལས་དང་པོ་པ་སྐྱོ་ཤེས་བསྐྱེད་པ་ལ་དུར་ཁྲོད་དུ་བམ་རོ་བསྐྱལ་བ་ལ་བརྟེན་ནས་མི་རྟག་པའི་བསྐུལ་མར་ངོ་སྤྲད་པའོ། །དུར་ཁྲོད་ངོ་སྤྲོད་ཀྱི་ཡིག་ཆུང་འདི་ཉིད། ལུག་ལོ་ཟླ་བ་དྲུག་པའི་ཉེར་བདུན་ལ། སྨན་མོ་ཡང་དབེན་དུ། རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་བྲིས་པའི་དགེ་བའི་རྩ་བས། སེམས་ཅན་ཐམས་ཅད་ཀྱིས་དམ་པའི་ཆོས་ཡོངས་སུ་རྫོགས་པ་འཛིན་པར་གྱུར་ཅིག །དགེའོ།། །།

དུར་ཁྲོད་ངོ་སྤྲོད་ཀྱི་ལྷན་ཐབས་མི་རྟག་པའི་སྐུལ་འདེབས།

དུར་ཁྲོད་ངོ་སྤྲོད་ཀྱི་ལྷན་ཐབས་མི་རྟག་པའི་སྐུལ་འདེབས་བཞུགས་སོ། །

ངོ་སྤྲོད་ལྷན་ཐབས་སྐོར་གཉིས་པའོ། །ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ། །དུར་ཁྲོད་ངོ་སྤྲོད་ཀྱི་ལྷན་ཐབས་མི་རྟག་པའི་སྐུལ་འདེབས་འདི་ལ། རྡོ་རྗེ་སློབ་དཔོན་གྱིས་མི་རྟག་པའི་ངོ་སྤྲོད་རྣམས་གསུངས་པའི་རྗེས་སུ། དུར་ཁྲོད་ཀྱི་གཟུགས་བརྙན་ཡོད་པའི་སྟེགས་བུའི་ཕྱོགས་གསུམ་ལ་བམ་རོ་གསུམ་བརྩེགས་སམ་གཉིས་བཞག །ཕྱོགས་གཅིག་ལ་བླ་མའི་བཞུགས་གདན་བྱས་ལ་བླ་མ་བཞུགས། རོའི་བདག་པོ་རྒན་མོའི་ཚུལ་དང་། གཅོད་པ་དང་། དུར་ཁྲོད་བྱ་དང་། གང་འོས་པ་རྣམས་སླེེབ་པ་དང་། དེ་ནས་རྒན་མོས་བླ་མ་དེ་ལ་ཕྱག་གསུམ་འཚལ་ནས་ཞུམ་པའི་ཚུལ་དུ་ཞུ་བ་ནི། ཨེ་མ། མཚན་ལྡན་བླ་མ་རིན་པོ་ཆེ། །ཡུད་ཙམ་བདག་ལ་དགོངས་སུ་གསོལ། །རྒན་མོ་སྡུག་རྒན་བདག་ཅག་ལ། །བུ་ཚ་མིང་སྲིང་གསུམ་ཡོད་པ། །སྔོན་ལས་ཡིན་ནམ་ཕྲལ་རྐྱེན་ཡིན། །སྔར་གོང་ན་ཚ་མེད་པ་ལ། །ཁར་སོང་བུ་ཚ་གསུམ་པོ་ཤི། །བདག་ཅག་སྐྱོ་བ་ཤིན་ཏུ་སྐྱེས། །ཕྱི་མར་དགོས་པའི་ཆོས་ནི་མེད། །ཚེ་འདིར་དགོས་པའི་བུ་ནི་མེད། །ཨ་ཙ་མ་ན་བྱ་ཐབས་མེད། །བསམ་ཞིང་བསམ་ཞིང་སྡུག་བསྔལ་ཆེ། །བདག་ལ་ཐུགས་རྗེས་གཟིགས་སུ་གསོལ། །ད་རུང་བླ་མ་རིན་པོ་ཆེ། །ཚེ་འདས་འདི་རྣམས་སྙིང་རྗེ་བས། །རིགས་དྲུག་གནས་ནས་འདྲེན་པ་དང་། །ཐར་པའི་ལམ་ལ་དྲང་དུ་གསོལ། །རྒན་མོ་ཆོས་མེད་བདག་ཅག་ལ། །སེམས་ཀྱི་བཞག་ཐབས་

གསུང་དུ་གསོལ། །ཚེ་འདིར་སྐུ་དྲིན་མ་འཁོར་ཡང་། །ཕྱི་མ་འཁོར་བར་སྨོན་ལམ་འདེབས། །ཞེས་ཞུས་པ་དང་། བླ་མས་གསུངས་པ། ཉོན་ཅིག་རྒན་མོ་དད་སེམས་ཅན། །བུ་ཚ་མིང་སྲིང་གསུམ་པོ་ཡང་། །ལས་ཀྱི་འབྲེལ་བས་བུ་ཚར་སྐྱེས། །རྣམ་སྨིན་ཐམས་ཅད་ལས་ལས་བྱུང་། །ལས་དབང་ཆུ་ཀླུང་ག་ལ་ལྡོག །འདུས་བྱས་ཐམས་ཅད་མི་རྟག་པས། །སྡུག་བསྔལ་བྱས་པས་ཕན་པ་མེད། །བདེ་དང་སྡུག་བསྔལ་ཅི་བྱུང་ཡང་། །རང་གི་སེམས་ལ་ཚུར་ལྟོས་ཤིག །སེམས་ཀྱི་རང་བཞིན་སྤྲོས་དང་བྲལ། །དེ་ཡི་ངང་ལ་མཉམ་པར་ཞོག །གདམས་པ་ཡིན་ནོ་སེམས་ལ་ཞོག །ད་ནི་ཚེ་འདས་ཀྱི་ལམ་སྣ་འདྲེན་པའི་ཐབས་ལ་འབད་པར་བྱའོ། །ཡོ་བྱད་སྟ་གོན་གྱིས་ཤིག །ཅེས་གསུངས་པས། རྡོ་རྗེ་དང་དྲིལ་བུ་སྐུ་མདུན་དུ་བཞག །དེ་ནས་བླ་མས་ཚེ་འདས་ཀྱི་རྣམ་ཤེས་དགུག་གཞུག་བྱ་བ་ནི། ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་རྣམས་ཀྱི་བདེན་པ་ལ་བརྟེན་ནས། ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་འགྲོ་བ་རིགས་དྲུག་སྐྱེ་གནས་བཞི་འཁོར་བའི་གནས་རིས་གང་ན་ཡོད་ཀྱང་སྐད་ཅིག་ལ་འདིར་མཆིས་པར་གྱུར་ཅིག །ཀྱེ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཁྱོད་ཉོན་མོངས་དུག་གསུམ་དབང་ཆེ་བས། །ངན་སོང་སྣང་བ་ཤར་སྲིད་པས། །ངན་སོང་སྣང་བ་ཤར་བ་ན། །བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་ལྷ་ཡི་ཏིང་འཛིན་གྱིས། །ངན་སོང་སྡུག་བསྔལ་ཞི་བྱས་ནས། །ཡི་དམ་ལྷ་ཡི་དྲུང་དུ་ཤོག །ཡང་ཅིག་ཉོན་དང་རིགས་ཀྱི་བུ། །ཁམས་གསུམ་རིགས་དྲུག་བཙོན་ར་ན། །སྡུག་བསྔལ་མི་བཟད་འཇིགས་པ་ཆེ། །འབྱུང་བཞིས་བསྡུས་པའི་སྒྱུ་ལུས་འདི། །བོར་ནས་ཐམས་ཅད་འགྲོ་དགོས་ཤིང་། །

འདུས་བྱས་ཐམས་ཅད་མི་རྟག་པས། །དེ་ལ་སེམས་ནི་མ་ཆགས་ཤིག །ཞང་མཚན་ཉེ་དུ་འཁྲུལ་བའི་གཉེན། །འཁྲུལ་བའི་གཉེན་ལ་མ་ཆགས་ཤིག །ཁྱིམ་ཐབས་བཟའ་ཚོ་མཚན་མའི་གནས། །མཚན་མའི་གནས་ལ་མ་ཆགས་ཤིག །བུ་ཚ་བྲན་ཁོལ་སྡང་བའི་དགྲ། །སྡང་བའི་དགྲ་ལ་མ་ཆགས་ཤིག །ཞིམ་རྒུ་མངར་རྒུ་ནད་ཀྱི་རྐྱེན། །ནད་ཀྱི་རྐྱེན་ལ་མ་ཆགས་ཤིག །ཕྱུགས་མ་བ་གླང་རྟ་དང་ལུག །སེར་སྣས་བསགས་པས་འཁྲུལ་བའི་རྒྱུ། །འཁྲུལ་བའི་རྐྱེན་ལ་མ་ཆགས་ཤིག །གསེར་དངུལ་ཟངས་ལྕགས་སྒྱུ་མའི་ནོར། །སྒྱུ་མའི་ནོར་ལ་མ་ཆགས་ཤིག །རིགས་དྲུག་འདི་ལ་མ་ཆགས་ཤིག །གནས་ངན་འདི་ལ་མ་ཆགས་ཤིག །འཁྲུལ་པ་འདི་ལ་མ་ཆགས་ཤིག །ཨེ་མ། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །ཚེ་འདས་རིགས་ཀྱི་བུ་རྣམས་ཀྱང་། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པར། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །རྒན་མོ། ད་ནི་རིགས་དྲུག་གི་གནས་ནས་དྲངས་ཟིན་གྱིས། བླ་མ་གཅོད་པ་གདན་དྲོངས་ལ། བུ་ཚ་མིང་སྲིང་གསུམ་པོ་འདི་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས་ལ་ཚོགས་བསོག་གི་སྟོན་མོ་གྱིས་ཤིག །ཅེས་བླ་མས་གསུངས། དེ་ནས་རྒན་མོ་གཅོད་པའི་རྩར་འགྲོ་ནས། བླ་མ་གཅོད་པ། བདག་ལ་བུ་ཚ་མིང་སྲིང་གསུམ་ཡོད་པ་ལ། ལས་དབང་གིས་གསུམ་ཀ་ཤི་ནས་སོང་། ད་བླ་མ་གཅོད་པ་ཁྱེད་ཀྱི་ཐུགས་བསྐྱེད་མཛད་ནས། བུ་ཚ་གསུམ་པོའི་ཕུང་པོ་འདི་སྣང་སྲིད་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ལ་ཚོགས་བསོག་གི་སྟོན་མོ་ཅིག་མཛད་པར་ཞུ། ཞེས་ཞུ། དེ་ནས་གཅོད་པ་དེས་ན་རེ། འོ་དེ་ལྟར་བྱེད་པས་ཕུང་པོ་འདི་རྣམས་ཕྱི་རོལ་དུ་སྐྱོལ་ཞིག །མཐོ་སྲིད་པའི་རྩེེ་མོ་མན་ཆད་ནས། དམའ་ན་

རག་དམྱལ་ཁམས་ཡན་དུ་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས་ལ་ཚོགས་བསགས་ཐེམ་པར་བྱེད་དོ། །ཕཊ༔རོ་སྟོད་ཡ་བདུད་རྒྱལ་པོས་ཁྱེར། རོ་སྨད་མ་བདུད་རྒྱལ་མོས་ཁྱེར། ཤ་འདོད་ན་ཤ་ཁྱེར། ཁྲག་འདོད་ན་ཁྲག་ཁྱེར། སོ་སོའི་ཡིད་ལ་གང་འདོད་ཐམས་ཅད་ཁྱེར་ཅིག །ཕཊ༔བམ་རོ་རྣམས་ཕྱིར་ཁུར་རོ། །དེ་ནས་གསོལ་འདེབས་མ་ཎི་དབྱངས་སུ་འདི་ལྟར་བརྗོད་དོ། །ཀྱཻ། འོག་མིན་ཆོས་དབྱིངས་ཕོ་བྲང་དེ་ན། ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས་སོ། །སྟུག་པོ་བཀོད་པའི་ཞིང་ཁམས་དེ་ན། དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་སོ། །མངོན་པར་དགའ་བའི་ཞིང་ཁམས་དེ་ན། སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས་སོ། །རི་རབ་རི་ཡི་རྩེ་མོ་དེ་ན། སྟོན་པ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །བྱང་ཆུབ་འབྱུང་བའི་ཤིང་དྲུང་དེ་ན། མཁས་པ་ཤྲཱི་སིང་ཧ་ལ་གསོལ་བ་འདེབས་སོ། །བྷ་སིང་ཆེན་པོའི་དུར་ཁྲོད་དེ་ན། པཎ་ཆེན་བི་མ་མི་དྲ་ལ་གསོལ་བ་འདེབས་སོ། །བསམ་ཡས་མཆིམས་ཕུའི་དགེ་གོང་དེ་ན། རྗེ་བཙུན་ཏིང་འཛིན་བཟང་པོ་ལ་གསོལ་བ་འདེབས་སོ། །གནས་མཆོག་ཆོས་དབྱིངས་ཕོ་བྲང་དེ་ན། མཚུངས་མེད་སུར་ཡཱ་ཙནྡྲ་ལ་གསོལ་བ་འདེབས་སོ། །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དེ་ན། དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །སྐྱེས་ནས་ཤི་བ་མཐོང་བའི་ཚེ་ན། བྱ་རྒྱུ་ཆོས་ལས་མེད་པ་ཅིག་ཤེས་དགོས་སོ། །བསགས་པ་ཐམས་ཅད་ཟད་པ་ཡིན་ཏེ། ནོར་ལ་སྙིང་པོ་མེད་པ་ཅིག་ཤེས་དགོས་སོ། །འདུས་པ་ཐམས་ཅད་འབྲལ་བ་ཡིན་ཏེ༔གཉེན་ལ་གདུང་སེམས་མེད་པ་ཅིག་ཤེས་དགོས་སོ། །ལེ་ལོ་སྙོམ་ལས་བྱེད་པ་རྣམས་ཀྱིས། བརྩོན་འགྲུས་ཆོས་ལ་བྱེད་པ་ཅིག་ཤེས་དགོས་སོ། །གཅིག་ཤི་གཉིས་ཤི་མཐོང་བའི་ཚེ་ན། མི་འགྱོད་འདུན་མའི་ཅི་བསམ་

ཅིག་ཤེས་དགོས་སོ། །མི་ལུས་ལན་གཅིག་ཐོབ་དུས་འདི་ལ། ཚེ་དང་སྒྲུབ་པ་མཉམ་པ་ཅིག་ཤེས་དགོས་སོ། །རང་དབང་རང་གིས་ཐོབ་པའི་ཚེ་ན། ཕྱི་མའི་ལམ་སྣ་ཟིན་པ་ཅིག་ཤེས་དགོས་སོ། །བར་དོའི་འཕྲང་དེར་འགྲིམས་པའི་དུས་དེར། མཚན་ལྡན་བླ་མ་དྲན་པ་ཅིག་ཤེས་དགོས་སོ། །སྒྲ་འོད་ཟེར་གསུམ་ཤར་བའི་ཚེ་ན། རང་ངོ་རང་གི་ཤེས་པ་ཅིག་ཤེས་དགོས་སོ། །འདིར་འདུས་མཆེད་དང་ལྕམ་དྲལ་ཐམས་ཅད་ལ། ཕྱི་མ་སངས་རྒྱས་ཐོབ་པ་ཅིག་དགོས་སོ། །བསྔོ་བ་དང་སྨོན་ལམ་བྱ། དུར་ཁྲོད་ངོ་སྤྲོད་ཀྱི་ལྷན་ཐབས་མི་རྟག་པའི་བསྐུལ་འདེབས་འདི། མེ་མོ་སྦྲུལ་ལོའི་ཟླ་བ་དང་པོ་ལ་བླ་མའི་གདན་ས་རིན་ཆེན་གླིང་དུ་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་བྲིས་པའི་དགེ་བས། སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་སྤྱོད་པར་གྱུར་ཅིག །ཤུ་བྷཾ།། །།

སྲིད་པ་བར་དོའི་ངོ་སྤྲོད་ཀྱི་ལྷན་ཐབས་དབྱངས་སྙན་ལྷའི་གཎྜཱི།

སྲིད་པ་བར་དོའི་ངོ་སྤྲོད་ཀྱི་ལྷན་ཐབས་དབྱངས་སྙན་ལྷའི་གཎྜཱི་བཞུགས་སོ། །

ཀུན་བཟང་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ། །སྲིད་པ་བར་དོའི་ངོ་སྤྲོད། དགེ་སྡིག་རང་གཟུགས་སྟོན་པའི་སྐབས་སུ། སྡིག་ཅན་དམྱལ་བ་འབུམ་ཞེས་བྱ་བ་དེ་ཉིད། ངན་སོང་དུ་འགྲོ་བའི་ཚུལ་བྱས་ནས། ལས་ཀྱི་གཤིན་རྗེ་རྣམས་ཀྱིས་རྒྱོབ་སོད་ཀྱི་སྒྲ་ཏི་རི་རི་བ་ལ། ལམ་ནག་པོ་ལ་སོང་བའི་རྗེས་སུ། འཚོགས་པ་རྣམས་ལ། ཆོས་ཀྱི་རྒྱལ་པོས་སྡིག་པ་བྱེས་པའི་ཉེས་དམིགས་གསུངས་པ་དང་། དེ་ནས་ལྷན་ཅིག་སྐྱེས་པའི་ལྷ་ཡང་ཡིད་སྐྱོ་བའི་ངང་ནས། ཡི་གེ་དྲུག་པ་བསྐུལ་བ་ནི། ཚེ་ལས་འདས་པ་སྡིག་ཅན་དམྱལ་བ་འབུམ་གྱིས་དོན་དུ་ཡི་གེ་དྲུག་པ་རེ་འདོན་པར་ཞུ། བར་དོ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཡི་གེ་དྲུག་པ་རེ་འདོན་པར་ཞུ། དེར་འཚོགས་རྣམས་ལ་འདི་སྐད་ཅེས་གླེངས་ཏེ། ཀྱཻཿགསོན་ཅིག །བདག་ནི་ལྷན་ཅིག་སྐྱེས་པའི་ལྷ་ཞེས་བྱ་བ་དེ་ཡིན། སྡིག་ཅན་དམྱལ་བ་འབུམ་དེའི་སྡིག་པ་མི་དགེ་བའི་ལས་མང་པོ་བྱས་པ་ལ་བརྟེན་ནས། ད་ལྟ་ངས་འཇིག་རྟེན་གྱི་ཁམས་ཀུན་ཏུ། ཁོའི་དཀར་པོ་དགེ་བའི་ལས་བྱས་ཚད་ཚོལ་ཀྱང་། རྡེའུ་དཀར་པོ་རྡོག་པོ་ཆུང་ཆུང་དྲུག་བས་མ་རྙེད། ལས་མི་དགེ་བ་བྱས་པའི་རྡེའུ་ནི་གྲངས་ལས་འདས་པར་འདུག་པས། ལས་ངན་གྱི་དབང་གིས། ངན་སོང་དམྱལ་བའི་གནས་སུ། ལས་ཀྱི་གཤིན་རྗེ་རྣམས་ཀྱིས་ཁྲིད་ནས་འགྲོ་དགོས་སོ། མཐོ་རིས་སུ་ཁྲིད་བསམ་ཀྱང་། བྱ་ཐབས་ཅི་ཡང་མ་རྙེད་དོ། ད་ངེད་རང་འཛམ་བུ་གླིང་པ་རྣམས། འཇིག་རྟེན་མི་ཡུལ་

བྲང་ང་ཁང་ན་བསྡད་པ་རྣམས་དང་། ཁྱེད་འདིར་འཚོགས་པ་ཐམས་ཅད་ཀྱིས། སྡིག་པ་མི་བྱེད་ཅིང་། དགེ་བ་བསྒྲུབ་དགོས་པའི་འཕྲིན་རྣམས་ངའི་བསྐུལ་བ་འདིའོ། ཨེ་མ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། འཕྲིན་ལས་གཅིག་ཏུ་བསྡུས་པའི་དཔལ། འགྲོ་བའི་དོན་དུ་སྐུར་བཞེངས་པའི་དྲིན་ཆེན་ཆོས་ཀྱི་རྒྱལ་པོ་ལ་གསོལ་བ་འདེབས། ཀྱེ་མ་ཉོན་གཅིག་གསོན་དང་འདིར་ཚོགས་རྣམས། མི་ལུས་ཐོབ་པའི་དཀའ་ལས་ལ། །མི་དགེའི་སྡིག་པ་བྱེད་པ་ཀུན། །སྡུག་བསྔལ་རྒྱ་མཚོར་ཐར་དུས་མི་འོང་ངོ་། །འཇིག་རྟེན་འདིར་གནས་འགྲོ་བ་ཀུན། །ཡུན་དུ་བསྡད་པའི་དབང་མེད་པས། །འཆི་བདག་ཁ་རུ་ཚུད་པའི་ཚེ། །འགྱོད་པས་མི་ཕན་སྐྱོ་ཡང་འགྲོ་དགོས་སོ། །སྔ་རབ་འདས་པའི་མི་རྣམས་ཀུན། །རྟག་ཏུ་རེ་ནས་བུ་ནོར་བསོགས། །མི་རྟག་འཆི་བ་བྱུང་བའི་ཚེ། །སྐྱབས་མེད་མགོན་མེད་རང་ཉིད་གཅིག་པུར་སོང་། །ཚེ་འདིར་འཚོགས་པའི་ཉེ་བཞི་རྣམས། །ཚོང་འདུས་མགྲོན་པོ་འཚོགས་པ་འདྲ། །མཐུན་མཐུན་འདྲ་ཡང་ཡིད་བརྟན་མེད། །ཚོང་ཟིན་འགྲོན་པོ་ཕྱོགས་ཕྱོགས་གྱེས། །སྒྱུ་མ་གཟུགས་ཀྱི་ཕུང་པོ་འདི། །ལ་ཁའི་ཐོ་ཡོར་འགྱེལ་བ་བཞིན། །ཤ་རུས་ཐམས་ཅད་སོ་སོར་བྲལ། །སྒྱུ་མའི་ལུས་ལ་བློ་གཏད་མི་འདུག་གོ །རང་ལུས་རྣག་ཁྲག་ཆུ་སེར་རྒྱུ། །གཅེས་པར་བྱས་ཀྱང་ཐལ་བར་འགྲོ། །ཕངས་པར་བྱས་ཀྱང་བྱ་ཁྱིས་ཟ། །རིམ་གྲོ་འབུངས་ཀྱང་འཆི་བདག་གཤིན་རྗེས་འཕྲོགས། །འབྱུང་བཞིའི་ལུས་པོ་ས་སྟེང་བོར། །རྣམ་ཤེས་འཁྱམས་པོ་བར་དོ་འགྲིམ། །ལས་ནི་གྲིབ་མ་བཞིན་དུ་འབྲངས། །མི་དགེ་སྡིག་པ་བྱེད་པ་སྙིང་རེ་རྗེ། །ལྷན་ཅིག་སྐྱེས་པའི་ལྷ་འདྲེ་ཡིས། །དཀར་ནག་ལས་ཀྱི་རྡེའུ་ཤེར། །ཆོས་ཀྱི་རྒྱལ་པོས་མེ་ལོང་བསྟན། །སྡིག་ཅན་ཚོ་ལ་འོ་བརྒྱལ་འོང་བར་འདུག །སྡིག་པ་ཕྲ་ཡང་མི་བརྗེད་ནས། །

འཛམ་གླིང་མི་རྣམས་སྡིག་པ་སྤངས། །དགེ་བ་བྱས་པས་མཐོ་རིས་འགྲོ། །སྡིག་པ་བྱས་པས་དམྱལ་བར་འགྲོ། །མི་ལུས་ལན་གཅིག་ཐོབ་དུས་འདིར། །སྟོང་ལོག་ཙམ་ཡང་མ་བྱས་པར། །སྡིག་པའི་ཁུར་པོ་ཁུར་བ་རྣམས། །རང་སྡུག་རང་ལ་ཤམ་པ་སྙིང་རེ་རྗེ། །རི་ལ་བརྔོན་པ་བྱེད་པ་དང་། །ཆུ་ལ་ཉ་པ་བྱེད་པ་དང་། །སྒོ་ནོར་སེམས་ཅན་གསོད་པ་རྣམས། །འདི་ནས་ཚེ་འཕོས་དམྱལ་ཁམས་བཅོ་བརྒྱད་སྐྱེ། །བྲེ་ལོག་སྲང་ལོག་བཙུགས་པ་དང་། །གཡོ་རྒྱུ་ཟོལ་སོགས་བྱེད་པ་དང་། །སྐུ་འཕྲོག་ཁྲམ་གསུམ་བྱེད་པ་རྣམས། །ཕྱི་མ་ངན་སོང་གསུམ་དུ་ཡུན་རིང་འཁྱམས། །རང་ནོར་སེར་སྣའི་མདུད་བས་བཅིངས། །གཞན་གྱི་ནོར་ལ་འཕོངས་སེམས་སྐྱེ། །དཀོན་མཆོག་གི་དཀོར་ལ་འབགས་པ་རྣམས། །ཕྱི་མ་དྭགས་གནས་སུ་ཡུན་རིང་འཁྱམས། །མི་དགེ་ལས་ཀྱིས་བདའ་དེད་འདི། །ནམ་མཁའི་ཐོག་ལྟར་ཤུགས་ཆེ་བས། །འགྱོད་ཀྱང་མི་ཕན་བྲོས་མི་ཐར། །སྡིག་པའི་ཆད་པ་གཤིན་རྗེས་བཅད། །ཐམས་ཅད་འགྲིམས་པའི་འཕྲང་འགགས་འདིར། །ལས་ཀྱི་གཤིན་རྗེའི་ཁྲིམ་རལ་ཚུད། །སྡིག་པ་མི་མཛེམས་མི་རྣམས་ནི། །སྙིང་རེ་རྗེ་སྟེ་བྱ་ཐབས་མི་འདུག་གོ །ཆོས་ཀྱི་རྒྱལ་པོ་གདོང་རེ་དྲག །ལྷ་འདྲེ་དཀར་ནག་གྲངས་རྩིས་ཞིབ། །སྡིག་ཅན་རྣམས་ཀྱང་གྱིང་རེ་ཆེ། །དགེ་བ་བྱས་པས་མཐོ་རིས་གནས་སུ་སྐྱེ། །ཀྱེ་མ་ལུས་ནི་ཉི་མ་རེ་རེས་རྒས། །ཚེ་ནི་སྐད་ཅིག་རེ་རེས་ཟད། །གཅིག་ཤི་གཉིས་ཤི་རེ་མོས་བྱེད། །དུས་ངན་མི་ཚེ་ལུག་མཇུག་ལས་ཀྱང་ཐུང་། །བཟའ་མི་ཁྱིམ་བདག་བྱེད་པ་རྣམས། །ལས་ངན་རྩི་ཉོག་མང་དུ་རྡོལ། །གཉེན་དག་ཉེ་བ་དགྲ་རུ་ལྡང་། །དུས་ངན་ཁྱིམ་བཟུང་སྐྱོ་བ་སྐྱེ་བར་འདུག །དལ་འབྱོར་མི་ལུས་ཐོབ་དུས་འདིར། །བསམ་བློ་རང་གིས་སེམས་ལ་ཐོང་། །མདོ་དོན་དམ་པའི་ཆོས་ལ་དྲིལ། །འདིར་

བདེ་ཕྱི་མ་སྐྱིད་པའི་མདུན་མ་ཡིན། །ཅེས་སྐྱོ་ཚུལ་དང་ལྡན་པས་བརྗོད་པར་བྱའོ། །ཡང་ཁྱིམ་བདག་དཔལ་སྐྱེས་མཐོ་རིས་སུ་འགྲོ་བའི་ཚུལ་དུ་བྱས་པའི་སྐབས་སུ། སྤྱན་རས་གཟིགས་ཀྱི་མདུན་དུ་གསོལ་བ་བཏབ་ཅིང་། སྤྱན་རས་གཟིགས་ཀྱི་སྨོན་ལམ་གསུངས་ཚར་ནས། ཁྱིམ་བདག་ལ་རྒྱན་བཟང་པོ་བཏགས་ནས། གདན་ཁྲིའི་སྟེང་དུ་བཞུགས་སུ་བཅུག །མཁའ་འགྲོ་སྡེ་ལྔའི་རྣམ་པ་མང་པོས། རོལ་མོ་གླུ་དབྱངས་དང་བཅས་ནས། བསུ་བ་ལ་མ་སླེབས་པའི་བར་དེར། ལྷན་ཅིག་སྐྱེས་པའི་ལྷ་ཡང་དགའ་བའི་ཚུལ་དུ། སྡིག་པ་སྤངས་ནས། དགེ་བ་བྱས་པའི་ཕན་ཡོན་དང་། གསོལ་བ་འདི་ལྟར་དུ་གདབ་པར་བྱའོ། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །སྟུག་པོ་བཀོད་པའི་ཞིང་ཁམས་ནས། །དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །མངོན་པར་དགའ་བའི་ཞིང་ཁམས་ནས། །སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །འཇའ་འོད་འཁྱིལ་པའི་དཀྱིལ་འཁོར་ནས། །རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །དྷ་ན་ཧེ་ཡི་དུང་ཁང་ནས། །མཁས་པ་ཤྲཱི་སེཾ་ཧ་ལ་གསོལ་བ་འདེབས། །པད་མ་འོད་ཀྱི་གཞལ་ཡས་ནས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དག་པ་མཁའ་སྤྱོད་ཕོ་བྲང་ནས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །སྤྲུལ་པ་སྐུ་ཡི་ཞིང་ཁམས་ནས། །གྲུབ་ཐོབ་ཀརྨ་གླིང་པ་ལ་གསོལ་བ་འདེབས། །གར་བཞུགས་ཆོས་ཀྱི་ཕོ་བྲང་ནས། །ཐུགས་སྲས་ཉི་ཟླ་ཆོས་རྗེ་ལ་གསོལ་བ་འདེབས། །འགྲོ་དོན་ལྷུན་གྲུབ་ཕོ་བྲང་ནས། །མཚུངས་མེད་སུརྱ་ཙནྡྲ་ལ་གསོལ་བ་འདེབས། །སྤྱི་བཙུག་ཉི་ཟླའི་གདན་སྟེང་ནས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །རང་ལུས་རྒྱལ་

བའི་དཀྱིལ་འཁོར་ནས། །ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས། །བཀའ་དང་དམ་ཚིག་ཕོ་བྲང་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །ཨེ་མ་དལ་འབྱོར་མི་ལུས་ཐོབ་དུས་འདིར། །དཀར་པོ་དགེ་བ་བསྒྲུབས་པ་ཡ་མཚན་ཆེ། །དབང་པོ་སྒོ་ལྔ་ཚང་དུས་འདིར། །མོས་པ་ཆོས་ལ་བྱེད་པ་ཡ་མཚན་ཆེ། །སངས་རྒྱས་བསྟན་དང་མཇལ་དུས་འདིར། །མི་དགེ་སྡིག་པ་སྤངས་པ་ཡ་མཚན་ཆེ། །སྒྱུ་མའི་ནོར་རྫས་ཡོད་པའི་དུས། །ཡར་མཆོད་མར་སྦྱིན་བྱས་པ་ངོ་མཚར་ཆེ། །སྡིག་པ་སྤངས་ན་ངན་སོང་མེད་། །ཁྱིམ་བདག་འབྱོར་པ་ཅན་འདི་ཡ་མཚན་ཆེ། །དགེ་བ་བྱས་པས་མཐོ་རིས་ཐོབ། །ཁྱིམ་བདག་དཔལ་སྐྱེས་ཁོ་ཡང་ཡ་མཚན་ཆེ། །བར་དོ་མེད་པར་ཟང་ཐལ་འགྲོ། །ཁྱིམ་བདག་དད་འབྱོར་ཅན་འདི་ཡ་མཚན་ཆེ། །དགེ་བའི་འབྲས་བུ་བདེ་བ་ཐོབ། །དཔལ་སྐྱེས་འདུན་མ་ཡར་གྱི་རྩེ་ལ་སོང་། །ཅེས་བརྗོད་པ་དང་། བསུ་བ་བྱེད་མི་མཁའ་འགྲོའི་ཚོགས་རྣམས་ནི། རུས་པའི་རྒྱན་དྲུག་གིས་སྤྲས་ཤིང་། ཌ་མ་རུ་དང་། དྲིལ་བུའི་སྒྲ་དང་བཅས་པས། གར་སྟབས་བསྒྱུར་ཞིང་། སྒོ་ནང་ནས་ཚུར་དོན་པ་དང་། དབྱངས་སྙན་པོས། མ་ཎི་པདྨེའི་སྒྲས། བསུ་བ་ལ་འོང་བའི་ཚིག་འདི་སྐད་བརྗོད་པར་བྱའོ། ངེད་ཅག་རྣམས་མཁའ་འགྲོའི་ཡུལ་ནས་འོང་། །ཁྱིམ་བདག་དཔལ་སྐྱེས་བསུ་བ་ལ་འོང་། །ངེས་ཅག་རྣམས་ཨོ་རྒྱན་ཡུལ་ནས་འོང་། །ཁྱིམ་བདག་ཆེན་པོ་འདིར་བསུ་བ་ལ་འོང་། །ངེས་ཅག་རྣམས་རྔ་ཡབ་གླིང་ནས་འོང་། །ཁྱིམ་བདག་དད་ལྡན་འདི་བསུ་བ་ལ་འོང་། །ངེད་ཅག་རྣམས་ཟངས་མདོག་དཔལ་རི་ནས་འོང་། །ཁྱིམ་

བདག་དཔལ་སྐྱེས་བསུ་བ་ལ་འོང་། །ངེས་ཅག་རྣམས་རི་བོ་ཏ་ལ་ནས་འོང་། །ཁྱིམ་བདག་དད་ལྡན་འདི་བསུ་བ་ལ་འོང་། །ངེད་ཅག་རྣམས་དག་པ་མཁའ་སྤྱོད་ནས་འོང་། །ཁྱིམ་བདག་དད་ལྡན་འདི་བསུ་བ་ལ་འོང་། །ཁྱིམ་བདག་ཆེན་པོ་དཔལ་སྐྱེས་ཁྱེད་སངས་རྒྱས་ཞིང་དུ་འབྱོན་པར་ཞུ། །ཅེས་བརྗོད་ཅིང་། ཁྱིམ་བདག་བསྐོར་བ་དང་། ཁྱིམ་བདག་ལག་ཏུ། རོལ་མོ་ཁྲོལ་ནས། གར་སྟབས་བསྒྱུར་ཞིང་། མཁའ་འགྲོའི་ཚོགས་དང་ལྷན་ཅིག་ཏུ་བཞུད་དོ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱིས། སྲིད་པ་བར་དོའི་ངོ་སྤྲོད། དགེ་སྡིག་གིས་རང་གཟུགས་སྟོན་པའི་ལྷན་ཐབས། དབྱངས་སྙན་ལྷའི་གཎྜཱི་ཞེས་བྱ་བ་འདི་ཉིད། ལུག་ལོ་ཟླ་བ་དགུ་པའི་ཡར་ཚེ་གསུམ་ལ། སངས་རྒྱས་རིན་པོ་ཆེའི་བསྒྲུབ་གནས་ཀྱི་མདུན་ངོས། ཀླ་ཀློ་འགྱུ་བའི་ས་ཆ། མཁའ་ལ་སྟོང་གི་ཡང་དབེན་ན། དུས་མཐའི་རྒྱ་བཙུན། ནམ་མཁའ་ཆོས་ཀྱི་རྒྱ་མཚོས་བྲིས་པའི། དགེ་བས་འགྲོ་ཀུན། ཀུན་བཟང་གི་གོ་འཕང་ལ་འཁོད་པར་གྱུས་ཅིག །

ངོ་སྤྲོད་མཐོང་བ་རང་གྲོལ་གྱི་གཞིའི་འོད་གསལ་བ་ངོ་སྤྲོད་ཀྱི་ལྷན་ཐབས།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ངོ་སྤྲོད་མཐོང་བ་རང་གྲོལ་གྱི་གཞིའི་འོད་གསལ་བ་ངོ་སྤྲོད་ཀྱི་ལྷན་ཐབས་བཞུགས་སོ། །

ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་ངོ་སྤྲོད་མཐོང་བ་རང་གྲོལ་གྱི་བར་དོ་དང་པོའི་འོད་གསལ་ངོ་སྤྲོད་པ་ལ་གཉིས་ཏེ། འོད་གསལ་དང་པོ་དང་། འོད་གསལ་གཉིས་པ་ལ་ངོ་སྤྲད་པའོ། །དང་པོ་ནི་རང་རེ་རྣམས་སྐྱེ་གནས་བར་དོ་འདིར་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་པ་ལ་བརྟེན་ནས། རང་ཉིད་འཆི་བའི་དུས་སུ་ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་རྣམ་པར་ཤེས་པ་ལ་ཐིམ། རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པའི་དུས་སུ། དཀར་ལམ་དམར་ལམ་ནག་ལམ་གྱི་སྣང་བ་ཤར་བའི་མཐར། གཞིའི་འོད་གསལ་གདོད་མའི་སངས་རྒྱས། ཀ་དག་ཆེན་པོ། དོན་གྱི་ཀུན་ཏུ་བཟང་པོ་དང་ཞལ་མཇལ་ཏེ། རིག་པ་གཞི་ཐོག་ཏུ་རང་སར་གནས་པར་འགྱུར་ཞིང་། དཔེར་ན། ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་འཆར་བ་དུས་མཚུངས་ཏེ་བར་མཚམས་སུ་མུན་པ་མེད་པ་བཞིན་དུ། འདིར་ཡང་དབུགས་ཆད་པ་དང་རང་སྣང་ཆོས་ཉིད་ཀྱི་དཀྱིལ་འཁོར་འོད་གསལ་འཆར་བ་དུས་མཉམ་སྟེ། ཐལ་འགྱུར་ལས། འདིར་ནི་ཆོས་ཉིད་བར་དོ་བཤད། །འཆི་བ་ལས་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །ཅེས་གསུངས་པས། ཕྱིའི་འབྱུང་བཞི་འགགས་ནས་ནང་གི་འབྱུང་བ་འོད་གསལ་དུ་བརྒྱལ་

ལོ། །དེ་ཀ་ལ་དབང་པོ་གནས་སུ་སྡུད་པ་ཞེས་བྱའོ། །ཡང་ཐལ་འགྱུར་ལས། དབང་པོ་ཀུན་ཚང་འོད་ཀྱི་ལུས། །ལུས་ལ་གྲིབ་མ་བཞིན་དུ་འགྱུར། །འདི་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པར་གཟུང་། །ཞེས་གསུངས་པ་ཡང་། འདི་དུས་དབང་པོ་རབ་ཀྱིས་ཡར་གྱི་ཟང་ཐལ་དུ་གྲོལ། སྡིག་ཅན་མཚམས་མེད་ལྔའི་ལས་བསགས་པ་ཀུན་མར་གྱི་ཟང་ཐལ་དུ་འགྲོ་བར་ཡང་གསུངས། དབང་པོ་འབྲིང་ཞག་གསུམ་མམ། ལྔ་འམ། བདུན་དུ་རྣམ་ཤེས་བརྒྱལ་ནས་དྲན་མེད་དུ་འགྲོའོ། །རྣམ་པར་ཤེས་པ་བརྒྱལ་ཟེར་ཡང་། རིག་པའི་ངོ་བོ་ཆོས་སྐུ། སྐུ་ལྔ་ཡེ་ཤེས་ལྔ། ཁ་དོག་ལྔ། བཀྲ་མེར་མེར། རང་བྱུང་དུ་རྫོགས་པའོ། །བར་དོ་དང་པོའི་འོད་གསལ་ཞེས་བྱ་བ་སྔར་བླ་མས་ངོ་སྤྲད་པའི་དོན་དེ། ཕྱི་དབུགས་ཆད་པ་དང་ཆོས་ཉིད་ནམ་མཁའ་ལྟར་སྟོང་རྗེན་ནེ་བ། གསལ་སྟོང་མཐའ་དབུས་མེད་པའི་རིག་པ་དྲི་མ་མེད་པ་རྗེན་པ་གཅིག་འཆར་དུ་འོང་ངོ་། །དེ་ངོ་ཤེས་པར་གྱིས་ལ་དེའི་ངང་ལ་ཞོག་ཅིག །རང་གི་ཤེས་རིག་གི་ངོ་བོ་དྭངས་སང་ངེ་བ་འདི། དངོས་པོ་མཚན་མ་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པར་སྟོང་སང་བ་འདི་ཀ་ཆོས་ཉིད་ཀུན་ཏུ་བཟང་མོ་ཡིན་ནོ། །རང་གི་ཤེས་རིག་སྟོང་བདོ་ཙམ་ན། སྟོང་པ་ཕྱལ་ཆད་དུ་མ་སོང་བར། རང་གི་ཤེས་རིག་མ་འགགས་པར་སལ་ལེ། སིང་ངེ་། ཝལ་ལེ་འདི་ཀ་རིག་པ་ཀུན་ཏུ་བཟང་པོ་ཡིན་ནོ། །རང་གི་རིག་པའི་དངོས་པོ་ཅིར་ཡང་མ་གྲུབ་པའི་ངོ་བོ་སྟོང་པ་དང་། རང་གི་ཤེས་པ་ཝལ་ལེར་གསལ་བར་འདུག་པ་འདི་གཉིས་དབྱེར་མི་ཕྱེད་པར་འདུག་པ་འདི་ཀ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །རང་གི་རིག་པ་གསལ་སྟོང་དབྱེར་མེད་འོད་ཀྱི་ཕུང་པོར་བཞུགས་པ་འདི་ལ་སྐྱེ་འཆི་མེད་པས། སངས་རྒྱས་འོད་མི་འགྱུར་བ་འདི་ཀ་ཡིན་ནོ། །དེ་ངོ་ཤེས་པས་ཆོག་གོ །རང་གི་ཤེས་རིག་གི་ངོ་བོ་སེང་ངེ་བ་

འདི་སངས་རྒྱས་སུ་ངོ་ཤེས་ན། རང་གི་རིག་པ་ལ་རང་བལྟས་པ་དེ་ལྟ་བ། སངས་རྒྱས་ཀྱི་དགོངས་པ་ལ་འཇོག་པ་ཡིན་ནོ། །དེ་ལྟར་གཞི་རང་ཐོག་ཏུ་ངོས་ཟིན་པའི་སྐྱེས་བུ་རྣམས་ནི་ཡར་གྱི་ཟང་ཐལ་དུ་སངས་རྒྱས་པར་འགྱུར་རོ། །དེ་དག་ནི་གཞིའི་ཆོས་ཉིད་བར་དོ་ཞེས་ཀྱང་བྱ། བར་དོ་དང་པོ་ཞེས་ཀྱང་བྱ། འོད་གསལ་དང་པོའི་ངོ་སྤྲོད་དོ། །༈ ད་འོད་གསལ་གཉིས་པ་དག་པའི་སྒྱུ་ལུས་ལ་ངོ་སྤྲད་པ་ནི། ནམ་མཁའ་ཤིན་ཏུ་དྭངས་པ་ལ་སྔ་དྲོ་འམ། ཕྱི་དྲོ་གང་རུང་ལ་མཐོ་བའི་སར་ཡོལ་བ་འཇའ་ཚོན་མ་བྲེས། ལུགས་མའམ། སྐུ་འདེར་སོར་མོ་བརྒྱད་པ་ཙམ་ལས། དཔུང་པའི་རྒྱུད་ནས། མར་ལ་གྲོ་ཟན་དབུ་དང་བཅས་པ་བསྒྲོན་ལ། སོག་མ་ཤིན་ཏུ་དཀར་ལ་འཚེར་བ་རྣམས་འགྲིགས་ཆགས་སུ་བསྒྲིགས་པ་འམ། ཡང་ན་རས་གཞི་འམ། མ་འཛོམ་ན་ཤོག་གུ་ལ། འཇའ་ཚོན་ཁ་དོག་སྣ་ཚོགས་ཟུགས་པའི་དབུས་སུ་འོད་ལུས་ཀྱི་གཟུགས་གཅེར་བུ་བྲིས་པ་བསྟན་ལ། སྐྱབས་འགྲོ་སེམས་བསྐྱེད་ཁྲིད་ཞུ་རྣམས་ཀྱིས་བྱེད་ཅིང་། གསོལ་བ་བཏབ་ནས་རྡོ་རྗེ་སེམས་དཔའི་མེ་ལོང་ལ་བལྟར་བཅུག་ལ་འདི་སྐད་དོ། །འོ། འོད་གསལ་དང་པོ་དེ་ལ་ངོས་མ་ཟིན་ན། ཡང་འོད་གསལ་གཉིས་པ་ཞེས་བྱ་བ་འཆར་ཏེ། དེའི་ཚེ་རྣམ་པར་ཤེས་པ་ཕྱིར་ཐོན་པ་དང་། ཤི་བ་ཡིན་ནམ་མ་ཤི་བ་ཡིན་སྙམ་དུ་ངོ་མི་ཤེས། ཉེ་དུའི་འབྲེལ་བ་རྣམས་ཀྱང་སྔར་བཞིན་དུ་མཐོང་ནས་འོང་། ངུ་སྐད་ཀྱང་ཐོས། ལས་ཀྱི་འཁྲུལ་སྣང་དྲག་པོ་ཡང་མ་ཤར། གཤིན་རྗེའི་འཇིགས་སྐྲག་ཀྱང་མ་སླེབ་པའི་བར་དེར་གདམས་པ་ཟབ་མོ་ཡོད་དེ། དེ་ལ་བསྐྱེད་རིམ་པ་དང་། རྫོགས་རིམ་པ་གཉིས་ཏེ། བསྐྱེད་རིམ་པ་ཡིན་ན་རང་གི་ཡི་དམ་གང་ཡིན་པའི་སྐུ་ལམ་གྱིས་གསལ་བ་ཙམ་གྱིས་ལོངས་སྤྱོད་རྫོགས་པའི་

སྐུར་སངས་རྒྱས་པར་འགྱུར་རོ། །རྫོགས་རིམ་པ་ཡིན་ན། བླ་མས་ངོ་སྤྲད་པའི་དོན་དེ་ཆོས་ཐམས་ཅད་ནམ་མཁའ་ལྟར་སྟོང་རྗེན་ནེ་བ། གསལ་སྟོང་མཐའ་དབུས་མེད་པའི་རིག་པ་དྲི་མ་མེད་པ། རྗེན་པ་ཞིག་འཆར་དུ་འོང་བས། དེ་ངོ་ཤེས་པར་གྱིས་ལ་ཉམས་ལེན་གྱི་ཐོག་ཏུ་ཞོག་ཅིག །དེའི་ཚེ་སྣང་སྲིད་ཐམས་ཅད་འཇའི་འོད་ཟེར་ཁ་དོག་ལྔའི་དཀྱིལ་འཁོར་དུ་འཆར་རོ། །དེ་ཡང་འོད་ཐམས་ཅད་མཆོག་གི་འོད་གསལ་ཆེན་པོ། ཁ་དོག་ལྔ་ལྡན། ཕྲ་ལ་དྭངས་པ། གསལ་ལ་འཚེར་བ། རང་བཞིན་གྱི་བཀྲག་མཉམས་པ། བལྟས་ན་ཉམས་དགའ་བ། ཕྱོགས་མཚམས་དང་སྟེང་འོག་མེད་པ། མནན་ན་ནེམ་ནེམ་བྱེད་པ། བཏེགས་ན་སྤར་སྤར་བྱེད་སྙམ་པ། ཁ་དོག་མ་འདྲེས་པ། གསལ་བ་དང་། འཕྲིགས་པ་དང་། ཕྲ་ལ་དྭངས་བ་འཆར་རོ། །དེའི་ཚེ་རང་གི་དབང་པོ་ལ་ཕར་བལྟས་པས། གདོས་བཅས་ཀྱི་ལུས་ནི་མི་སྣང་སྟེ། དངོས་པོའི་ལུས་ཡོད་སྙམ་པའི་ཤེས་པ་འབྱུང་ངོ་། །དེ་ནི་དབང་པོ་ལྔ་ལྡན་འོད་ཀྱི་ལུས་སུ་གསལ་ལོ། །འཇའ་འོད་དེ་དག་ཐམས་ཅད་ཀྱང་ཕྱི་བལྟས་ནང་དུ་གསལ་བ། ནང་བལྟས་ཕྱི་རུ་གསལ་བ། ཕྱོགས་མཚམས་ཀུན་ཏུ་འོད་ཟེར་མཚོན་ཆའི་རྩེ་མོ་གཟེངས་བ་ལྟ་བུ་དང་། འགུལ་འཕྲིགས་སྣ་ཚོགས་པ་འོང་ངོ་། །དེ་ཁྱོད་རང་གི་སྣང་བ་ཡིན་པས་རང་སྣང་དེ་ལ་མ་འཇིགས་ཤིག །མ་སྐྲགས་ཤིག །མ་སྔངས་ཤིག །རང་གི་རང་སྣང་དུ་ངོ་ཤེས་ན་སངས་རྒྱ་བར་འགྱུར་རོ། །འཇའ་འོད་ཀྱི་གཟུགས་སྐུ་ལ་དེ་ལྟ་བུ་ངོ་སྤྲོད་དོ། །དེ་ནི་གཞི་ཁྲེགས་ཆོད་ཀྱི་གདམས་པ་ཉམས་སུ་བླངས་པ་ལ་བརྟེན་ནས། གཞིའི་འོད་གསལ་ངོ་སྤྲོད་པའི་རིམ་པའོ། །དེ་ནས་བསྔོ་བ་སྨོན་ལམ་གང་འགྲུབ་བྱའོ། །ས་མ་ཡ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ངོ་སྤྲོད་མཐོང་བ་རང་གྲོལ་གྱི་འོད་གསལ་དང་པོའི་ངོ་སྤྲོད་

ཀྱི་ལྷན་ཐབས་འདི་ནི། ལུག་ལོ་ཟླ་བ་དྲུག་པའི་ཉེར་བདུན་ལ། བཀྲ་ཤིས་སྨན་མོའི་ཡང་དབེན་ནས་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་བྲིས་པས། སེམས་ཅན་ཐམས་ཅད་ཀྱིས་རང་རིག་སྐྱེ་མེད་ཀྱི་དོན་རྟོགས་པའི་རྒྱུར་གྱུར་ཅིག །མངྒ་ལཾ་བྷ་ཝནྟུ།

ཆོས་ཉིད་བར་དོའི་ངོ་སྤྲོད་ཀྱི་ལྷན་ཐབས།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་ཉིད་བར་དོའི་ངོ་སྤྲོད་ཀྱི་ལྷན་ཐབས་བཞུགས་སོ། །

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །འོད་གསལ་ཐོད་རྒལ་གྱི་ཉམས་ཁྲིད་ལ་བརྟེན་ནས་ཆོས་ཉིད་བར་དོའི་ངོ་སྤྲོད་ཀྱི་རིམ་པ་ནི། དེ་ཡང་ཞག་དང་པོ་ལ། སྣང་བ་ཐམས་ཅད་འོད་མཐིང་གར་འཆར་པའི་རྟགས་ལ། ནམ་མཁའ་རྐྱེན་བྲལ་ཤིན་ཏུ་དངས་པ་དང་བསྟུན་ཅིང་། དབེན་པའི་སར་ཁྲི་མཐོ་བར་བྱས་ལ། དེའི་སྟེང་དུ་ཡོལ་བ་ཁྲི་གདུགས་སྔོན་པོ་ཤ་སྟག་བྱའོ། །ཁྲིའི་སྟེང་དུ་ཁྱེའུ་གཙང་མ་ལ། རྣམ་པར་སྣང་མཛད་ཀྱི་ཆ་ལུགས་བྱ་སྟེ། འཛོམ་ན་སྐུ་འབག་གམ། མ་འཛོམ་ན་གདོང་ལ་སྣུམ་བྱུགས་ལ། རྡུལ་ཚོན་དཀར་པོ་འགྱེད་ཅིང་། དབུ་རྒྱན་དང་། དར་སྣ་ཚོགས་དང་། རུས་རྒྱན་ལ་སོགས་སྤྲད་ཅིང་། ཕྱག་ན་འཁོར་ལོ་དང་དྲིལ་བུ་བསྣམས་པ། ཞབས་སྐྱིལ་ཀྲུང་། དེའི་མདུན་ནས་མར་ལ་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་ལམ་ནི་དར་ཆེན་ནམ་མཁའི་མདོག་ནང་སྦྲག་ཅན་ལ་མེ་ལོང་ཆེ་བ་ཁྱུད་སྐོར་མ་ཙམ་ལ་ཆུང་བ་སོར་གསུམ་ཙམ་བཞི་ཚོམ་བྱས་ལ། སྣམ་བུ་གང་བར་བསྒྲིགས་པ་སྐྱེས་བུའི་འདོམ་པ་ཕྱེད་དོ་ཙམ། ཞེང་དུ་མཐོ་གང་དང་སོར་བཞི་ཙམ་གང་འོས་གདགས། དེ་དང་དུས་མཉམ་དུ་ལྷའི་འོད་ལམ་སྐྱ་བོ་གཅིག་ཀྱང་གདགས། གཞན་ཕྱག་མཚན་དར་བསྒྲོན། དར་སྣ་ཚོགས་ཀྱི་ཅོད་པན་སོགས་རྒྱན་ཆས་མང་དུ་བཏགས་ཤིང་རབ་ཏུ་བརྗིད་པར་བྱ༔ ཁྲིའི་གཡས་གཡོན་གང་རུང་ཞིག་ཏུ། སློབ་དཔོན་གྱི་

གདན་ཁྲི་བཤམ། དེ་ལྟར་ཆས་སྤྲད་པའི་དུས་སུ་ཡང་མདུན་ངོས་སུ་ཡོལ་བ་བྲིས་ཤིང་། སུས་ཀྱང་མ་མཐོང་བར་བྱས་ནས། སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་སྔོན་དུ་བཏང་ལ། བཅའ་ག་རྣམས་ཚང་པ་དང་། གསོལ་བ་འདེབས་ཤིང་མདུན་ཡོལ་བསལ་ལ། སློབ་མ་རྣམས་འདོམ་གསུམ་གྱི་སར་དམའ་བར་བསྡད་ཅིང་མན་ཤེལ་ལ་བལྟར་བཅུག་གོ །གསན་པར་ཞུ། སྐྱེས་བུ་རྣམས་འཆི་བའི་ཚེ་གཞིའི་འོད་གསལ་ལ་ངོས་མ་ཟིན་ན། ཡང་བར་དོ་གཉིས་པ་ལ། དག་པའི་སྒྱུ་ལུས་ཞེས་ཀྱང་བྱ། གཞིའི་འོད་གསལ་ངོས་མ་ཟིན་ནས་འདིར་འཁྱམས་དགོས་བྱུང་བ་ཡིན་ནོ། །ད་ནི་ཁྱེད་ལ་ཆོས་ཉིད་བར་དོ་ཞེས་ཀྱང་བྱ། བར་དོ་གསུམ་པ་ཡང་ཟེར། ལྷུན་གྲུབ་བར་དོ་ཞེས་བྱ་བ་འཆར་རོ། །ཀྱཻ་རིགས་ཀྱི་བུ་རྣམས་བར་དོ་ངོ་ཤེས་པར་གྱིས་ཤིག །དེའི་ཚེ་འཁོར་བའི་རུ་ལོག་ནསསྣང་བ་ཐམས་ཅད་འོད་དང་སྐུ་རུ་འཆར་རོ། །ནམ་མཁའ་ཐམས་ཅད་འོད་ཁ་དོག་མཐིང་གར་འཆར་རོ། །དེའི་དུས་སུ་དབུས་ཕྱོགས་ཐིག་ལེ་བརྡལ་བའི་ཞིང་ཁམས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་སེང་གེའི་ཁྲི་ལ་བཞུགས་པ། ཕྱག་ན་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། ཡུམ་ནམ་མཁའི་དབྱིངས་ཕྱུག་མ་དང་ཞལ་སྦྱོར་བ་རང་ལ་འཆར་དུ་འོང་ངོ་། །རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་པ། འོད་མཐིང་ག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གསལ་ལ་དྭངས་པ་བཀྲག་ལ་འཚེར་བ་ཞིག །རྣམ་པར་སྣང་མཛད་ཡབ་ཡུམ་ཀྱི་ཐུགས་ཀ་ནས་རང་གི་མདུན་དུ་མིག་གིས་བལྟ་མི་བཟོད་པ་ཙམ་དུ་ཟུགས་ནས་འོང་ངོ་། །དེ་དང་དུས་མཉམ་དུ་ཉོན་མོངས་པ་གཏི་མུག་ལས་གྲུབ་པའི་ལྷའི་འོད་དཀར་པོ་བཀྲག་མེད་པ་གཅིག་ཀྱང་མདུན་དུ་ཟུང་གཤིབས་སུ་ཟུག་ནས་འོང་ངོ་། །དེའི་དུས་སུ་ལས་ངན་གྱི་དབང་གིས། འོད་མཐིང་ག་བཀྲག་

དང་ལྡན་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ལ་འཇིགས་སྐྲག་སྐྱེ་ཞིང་བྲོས་ཏེ། ལྷའི་འོད་དཀར་པོ་བཀྲག་མེད་དེ་ལ་ཁྱེད་དགའ་བའི་འདུ་ཤེས་སྐྱེས་ནས་འོང་ངོ་། །དེ་ཙ་ན་འོད་མཐིང་ག་གསལ་ལ་འཚེར་བ་དྭངས་ལ་བཀྲག་ཆེ་བ་མཆོག་གི་འོད་དེ་ལ་མ་སྔངས་ཤིག །མ་སྐྲག་པར་དེ་བཞིན་གཤེགས་པའི་འོད་ཟེར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་ཡིན་གྱི། དེ་ལ་དད་པ་དང་མོས་གུས་དུང་དུང་གྱིས་ཤིག །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་རྗེའི་འོད་ཟེར་ཡིན་ནོ་སྙམ་པའི་མོས་པ་གྱིས་ལ་གསོལ་བ་ཐོབ་ཅིག །ཡེ་ཤེས་ལྔའི་འོད་འཆར་ཚུལ་ནི། རྫོགས་ཆེན་རིག་པ་རང་ཤར་གྱི་རྒྱུད་ནས་གསུངས་སོ། །ཉི་ཟླ་ཁ་སྦྱོར་ལས། རང་གི་སྙིང་ག་ནས་འོད་ཟེར་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། ཚོམ་བུའི་འོད་ཟེར་དང་། རང་གི་སྙིང་གའི་འོད་ཟེར་གཉིས་འབྲེལ་བའི་ཚེ། སྐུ་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་ཏེ། རང་གི་ཤེས་པས་ཟིན་ནས་ཟེར་ཐག་དེ་ལ་ཐིག་ལེ་གྲངས་མེད་པ་འཆར་རོ། །དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བར་དོའི་འཕྲང་ལ་བསུ་བ་ལ་འོང་བ་ཡིན་ནོ། །ལྷའི་འོད་དཀར་པོ་བཀྲག་མེད་དེ་ལ་དགའ་བར་མ་བྱེད་ཅིག །མ་ཆགས་ཤིག །མ་ཞེན་ཅིག །དེ་ལ་ཆགས་ན་ནི་ལྷའི་གནས་སུ་འཁྱམས་ཏེ། རིགས་དྲུག་ཏུ་འཁྱམས་ནས་ཐར་བའི་ལམ་འགགས་པའི་བར་ཆད་ཡིན་པས། དེ་ལ་མིག་གིས་མ་བལྟ་བར། འོད་མཐིང་ག་བཀྲག་མདངས་ཅན་དེ་ལ་མོས་པ་གྱིས་ལ། རྣམ་པར་སྣང་མཛད་ལ་འདུན་པ་དྲག་པོ་གཏོད་ལ། སྨོན་ལམ་འདི་སྐད་ཀྱང་ཐོབ་ཅིག །དབྱངས་དང་བཅས་པས། ཀྱེ་མ། གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ༔བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས༔ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་

འཕྲང་ལས་བསྒྲལ་དུ་གསོལ༔ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ཞེས་མོས་གུས་དྲག་པོས་སྨོན་ལམ་འདི་སྐད་བཏབ་པས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་སུ་ལོངས་སྤྱོད་རྫོགས་པའི་ཚུལ་དུ་སངས་རྒྱས་པར་འགྱུར་རོ། །དེ་དག་ནི་ཞག་དང་པོའི་ངོ་སྤྲོད་དོ། །༈ ཡང་ཞག་གཉིས་པའི་ངོ་སྤྲོད་ནི། གཞན་གོང་ལྟར་ལས། ཐམས་ཅད་ཁ་དོག་དཀར་པོ་ཤ་སྟག་བྱ། ཁྱད་པར་ཁྲིའི་སྟེང་དུ་ཁྲི་ཆུང་བཤམས་ལ། ཁྱེའུ་གཅིག་རྡོ་རྗེ་སེམས་དཔའི་ཆ་ལུགས་སྔོན་པོ་ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ། གཡས་སུ་སའི་སྙིང་པོ་རིན་པོ་ཆེའི་མྱུ་གུ་དང་དྲིལ་བུ་བསྣམས་པ། གཡོན་དུ་བྱམས་པ་ཀླུ་ཤིང་དང་དྲིལ་བུ་འཛིན་པ་གཉིས་བཞུགས་པ། མདུན་གྱི་གཡས་ཟུར་དུ་ལཱ་སྱེ་མ་དཀར་མོས་མེ་ལོང་འཛིན་པ། མདུན་གྱི་གཡོན་ཟུར་དུ་པུཥྤེ་མས་མེ་ཏོག་འཛིན་པ། གཉིས་ཀ་ཕྱེད་སྐྱིལ་དུ་བཞུགས་པ། བཞི་གའི་གཡོན་དུ་དྲིལ་བུ་འཛིན་པ། ཐམས་ཅད་སྐུ་མདོག་དཀར་པོའོ། །གོང་ལྟར་གཙོ་འཁོར་ལྔ་ལ་དར་དང་རིན་པོ་ཆེ་དང་། རུས་རྒྱན་ལ་སོགས་པས་མཛེས་པར་བརྒྱན། མེ་ལོང་ཡེ་ཤེས་ཀྱི་འོད་ལམ་དཀར་པོ་དང་། དམྱལ་བའི་འོད་ལམ་དུད་ཁ་གཉིས་བརྐྱང་། དེ་ནས་གསོལ་བ་གདབ་ཅིང་། མན་ཤེལ་འགྲིམས་ལ་འདི་སྐད་དོ། །ཡང་གོང་དུ་རང་སྣང་གི་ལྷ་དང་ཡེ་ཤེས་ཀྱི་རང་མདངས་དེ་ལྟ་བུ་ཤར་ཀྱང་ངོས་མ་ཟིན་ནས་འདིར་འཁྱམས་དགོས་བྱུང་བ་ཡིན། ད་ཞག་གཉིས་པ་ལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་དང་། ཉོན་མོངས་པ་ཞེ་སྡང་ལས་གྲུབ་པའི་དམྱལ་བའི་ལས་ངན་གཉིས་ཀྱིས་བསུ་བ་ལ་འོང་སྟེ། ཀྱེ་རིགས་ཀྱི་བུ་རྣམས། མ་ཡེངས་པར་ཉོན་ཅིག །ཞག་གཉིས་པ་ལ་འབྱུང་བ་ས་རྣམ་པར་དག་པའི་འོད་དཀར་

པོ་འཆར་རོ། །དེའི་དུས་སུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་མཐིང་ག་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མི་བསྐྱོད་པ། སྐུ་མདོག་མཐིང་ག་ཕྱག་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གླང་པོ་ཆེའི་གདན་ལ་བཞུགས་པ། ཞེས་རྒྱས་པར་བཀྲོལ་ཞིང་སྨོན་ལམ་གདབ་བོ། །དེ་དག་ནི་ཞག་གཉིས་པའི་ངོ་སྤྲོད་དོ། །༈ ཡང་ཞག་གསུམ་པའི་ངོ་སྤྲོད་ནི། གཞན་ཐམས་ཅད་སྔར་ལྟར་ལས། ཡོལ་བ་ལ་སོགས་པ་ཐམས་ཅད་སེར་པོ་བྱ། ཁྲི་ཆུང་གི་སྟེང་ན་རིན་ཆེན་འབྱུང་ལྡན་གྱི་ཆ་ལུགས་སེར་པོ་བྱ། ཕྱག་ན་རིན་པོ་ཆེ་དང་དྲིལ་བུ་བསྣམས་པ། གཡས་སུ་ཀུན་ཏུ་བཟང་པོ་སྙེ་མ་འཛིན་པ། གཡོན་དུ་ནམ་མཁའི་སྙིང་པོ་རལ་གྲི་འཛིན་པ། མདུན་གྱི་གཡས་ཟུར་དུ་མཱ་ལྱེ་མས་ཕྲེང་བ་འཛིན་པ། གཡོན་ཟུར་དུ་དྷུསྤེ་མས་སྤོས་ཕོར་འཛིན་པ། བཞི་ཀའི་གཡོན་ཐམས་ཅད་ན་དྲིལ་བུ་འཛིན་པ། ཐམས་ཅད་སྐུ་མདོག་སེར་པོ། བཞུགས་ཚུལ་ནི་སྔར་ལྟར་ལས། མཛེས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། མཉམ་ཉིད་ཡེ་ཤེས་ཀྱི་འོད་ལམ་སེར་པོ་དང་མིའི་འོད་ལམ་སྔོན་པོ་གཉིས་བརྐྱངས། དེ་ནས་གསོལ་བ་གདབ་ཅིང་། མན་ཤེལ་འགྲིམས་ལ་འདི་སྐད་དུ་ངོ་སྤྲད་དོ། །ཡང་གོང་དུ་རང་སྣང་གི་ལྷ་དང་དག་པ་ཡེ་ཤེས་ཀྱི་འོད་ལམ་དེ་ལྟ་བུ་ཤར་ཀྱང་ངོས་མ་ཟིན་ནས་འདིར་འཁྱམས་དགོས་བྱུང་ངོ་། །ད་ཞག་གསུམ་པ་ལ། བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱི་ཐུགས་རྗེའི་འོད་ཟེར་དང་ཉོན་མོངས་པ་ང་རྒྱལ་ལས་གྲུབ་པ་མིའི་འོད་ལམ་གཉིས་ཀྱིས་བསུ་བ་ལ་འོང་སྟེ། ཀྱཻ་རིགས་ཀྱི་བུ་རྣམས་མ་ཡེངས་བར་ཉོན་ཅིག །ཞག་གསུམ་པ་ལ་འབྱུང་བ་ཆུ་རྣམ་པར་དག་པའི་འོད་སེར་པོ་འཆར་རོ། །དེའི་དུས་སུ་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སེར་པོ་ནས། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་

ཕྱག་ན་ནོར་བུ་རིན་པོ་ཆེ་བསྣམས་པ། རྟ་མཆོག་གི་གདན་ལ་བཞུགས་པ། ཞེས་གཞུང་ལྟར་རྒྱས་པར་བཀྲོལ་ཞིང་། སྨོན་ལམ་གདབ་བོ། །དེ་ནི་ཞག་གསུམ་པའི་ངོ་སྤྲོད་དོ། །༈ ཡང་ཞག་བཞི་པའི་ངོ་སྤྲོད་ནི། གཞན་ཐམས་ཅད་གོང་ལྟར་ལས། རྒྱན་དང་ཡོལ་བ་ཐམས་ཅད་དམར་པོ་བྱ༔ཁྲི་ཆུང་གི་སྟེང་དུ་སྣང་བ་མཐའ་ཡས་ཆ་ལུགས་དམར་པོ། པདྨ་དང་དྲིལ་བུ་བསྣམས་པ། གཡས་སུ་སྤྱན་རས་གཟིགས་པདྨ་འཛིན་པ། གཡོན་དུ་འཇམ་དཔལ་ཨུཏྤལ་འཛིན་པ། མདུན་གྱི་གཡས་ཟུར་དུ་གཱིརྟི་མས་པི་ཝང་འཛིན་པ། གཡོན་ཟུར་དུ་ཨཱ་ལོ་ཀེ་མས་མར་མེ་འཛིན་པ། བཞི་གའི་གཡོན་དྲིལ་བུའོ། །ཐམས་ཅད་སྐུ་མདོག་དམར་པོ་བྱ། བཞུགས་ཚུལ་ནི་གོང་ལྟར་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་འོད་ལམ་དམར་པོ་དང་ཡི་དྭགས་ཀྱི་འོད་ལམ་སེར་པོ་གཉིས་བརྐྱངས། དེ་ནས་གསོལ་བ་གདབ་ཅིང་། ཤེལ་རྡོ་འགྲིམས་ལ་འདི་སྐད་ངོ་སྤྲད་དོ། །སྔར་གོང་དུ་རང་སྣང་གི་ལྷ་དང་དག་པ་ཡེ་ཤེས་ཀྱི་འོད་ལམ་དེ་ལྟ་བུ་ཤར་ཀྱང་ངོས་མ་ཟིན་ནས་འདིར་འཁྱམས་དགོས་བྱུང་ངོ་། །ད་ཞག་བཞི་པ་ལ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཐུགས་རྗེའི་འོད་ཟེར་དང་། ཉོན་མོངས་འདོད་ཆགས་སེར་སྣ་ལས་གྲུབ་པའི་ཡི་དྭགས་ཀྱི་འོད་ལམ་གཉིས་ཀྱིས་བསུ་བ་ལ་འོང་སྟེ། ཀྱཻ་རིགས་ཀྱི་བུ་རྣམས་ཉོན་ཅིག །ཞག་བཞི་པ་ལ་འབྱུང་བ་མེ་རྣམ་པར་དག་པའི་འོད་དམར་པོ་འཆར་རོ། །དེའི་དུས་སུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དམར་པོ་ནས། བཅོམ་ལྡན་འདས་སངས་རྒྱས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཕྱག་ན་པདྨ་བསྣམས་པ། རྨ་བྱའི་གདན་ལ་བཞུགས་

པ། ཞེས་རྒྱས་པར་བཀྲོལ་ཞིང་སྨོན་ལམ་གདབ་བོ། །དེ་དག་ནི་ཞག་བཞི་པའི་ངོ་སྤྲོད་དོ། །༈ ཡང་ཞག་ལྔ་པའི་ངོ་སྤྲོད་ནི། གཞན་ཐམས་ཅད་གོང་ལྟར་ལས། ཡོལ་བ་རྒྱན་ལ་སོགས་ལྗང་གུ་བྱའོ། །ཁྲི་ཆུང་གི་སྟེང་དུ་དོན་ཡོད་གྲུབ་པའི་ཆ་ལུགས་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ། གཡས་སུ་ཕྱག་རྡོར་རྡོ་རྗེ་འཛིན་པ། གཡོན་དུ་སྒྲིབ་པ་རྣམ་སེལ་པོ་ཏི་འཛིན་པ། མདུན་ཟུར་གཡས་སུ་གྷནྡྷེ་མས་དུང་ཕོར་འཛིན་པ། གཡོན་དུ་ནཱིརྟི་མས་ཞལ་ཟས་འཛིན་པ། བཞི་གའི་གཡོན་པས་དྲིལ་བུ་འཛིན་པ། ཐམས་ཅད་སྐུ་མདོག་ལྗང་གུ། བཞུགས་ཚུལ་ནི་སྔར་ལྟར་རོ། །བྱ་གྲུབ་ཡེ་ཤེས་ཀྱི་འོད་ལམ་ལྗང་གུ་དང་། ལྷ་མ་ཡིན་གྱི་འོད་ལམ་དམར་པོ་བརྐྱངས། དེ་ནས་གསོལ་བ་གདབ་ཅིང་། རྡོ་རྗེ་སེམས་དཔའི་མེ་ལོང་འགྲིམས་ཤིང་འདི་ལྟར་ངོ་སྤྲད་དོ། །ཡང་གོང་དུ་རང་སྣང་གི་ལྷ་དང་དག་པ་ཡེ་ཤེས་ཀྱི་འོད་ལམ་དེ་ལྟ་བུ་ཤར་ཀྱང་། ངོས་མ་ཟིན་ནས་འདིར་འཁྱམས་དགོས་བྱུང་ངོ་། །ད་ཞག་ལྔ་པ་ལ། བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཐུགས་རྗེའི་འོད་ཟེར་དང་ཉོན་མོངས་པ་ཕྲག་དོག་ལས་གྲུབ་པའི། ལྷ་མ་ཡིན་གྱི་འོད་ལམ་གཉིས་ཀྱིས་བསུ་བ་འོང་སྟེ། ཀྱཻ་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག །ཞག་ལྔ་པ་ལ། འབྱུང་བ་རླུང་ཐམས་ཅད་རྣམ་པར་དག་པའི་འོད་ལྗང་གུར་འཆར་རོ། །དེའི་དུས་སུ་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ལྗང་གུ་ནས། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་{གཙོ་འཁོར་}སྐུ་མདོག་ལྗང་གུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་དང་དྲིལ་བུ་བསྣམས་པ། ནམ་མཁའ་ལྡིང་ཤང་ཤང་གི་ཁྲི་ལ་བཞུགས་པ། ཞེས་གཞུང་ལྟར་བཀྲོལ་ཞིང་སྨོན་ལམ་གདབ་བོ། །དེ་དག་ནི་ཞག་ལྔ་པའི་ངོ་སྤྲོད་དོ། །༈ ཡང་ཞག་དྲུག་པའི་ངོ་སྤྲོད་

ནི། གཞན་ཐམས་ཅད་སྔར་ལྟར་ལས། ཡོལ་བ་རྒྱན་སོགས་འཇའ་ཚོན་མ་བྱ། ཁྲིའི་སྟེང་དུ་སྦ་ཕུབ་ཆེ་བ་ཞིག་གི་ངོས་ལ་ཆང་གར་མས་བྱུག་ཅིང་། རྡུལ་ཚོན་གྱི་འཇའ་ཚོན་ལྔ་ཟླུམ་པོ་བྲི། དེའི་སྟེང་དུ་གྲོ་ཟན་ཐབ་ཏུ་བཙོས་པ་དུམ་བུ་རེ་ལྷན་ཅིང་། ཏིང་ཕོར་སྦྱར། དབུས་སུ་ཆེ་བ་གཅིག །ཕྱོགས་རེ་རེ་ནས་རིགས་བཞི་ཡབ་ཡུམ་རེ་རེ་ལ་སེམས་དཔའ་གཉིས་གཉིས་སེམས་མ་གཉིས་གཉིས་ཀྱིས་བསྐོར་བ་དང་བཅས་པ། གཙོ་འཁོར་ལྔ་ལྔའི་ཏིང་ཕོར་སྦྱར། ཕྱོགས་བཞི་མཚམས་བཞི་དང་བརྒྱད་དུ། ཐུབ་པ་དྲུག་དང་། ཀུན་ཏུ་བཟང་པོ་དང་ཀུན་ཏུ་བཟང་མོའི་ཏིང་ཕོར་སྦྱར། ཕྱོགས་བཞིར་སྒོ་བ་བཞིའི་ཏིང་ཕོར་སྦྱར་ཞིང་། ཞི་བ་བཞི་བཅུ་རྩ་གཉིས་ཀྱང་ཚོམ་བུ་སུམ་ཅུ་སོ་གསུམ་ལ་ཚང་བར་བཀོད་ཅིང་ཏིང་ཕོར་གྱི་དབུས་སུ་འཇའ་འོད་འཁྱིལ་བའི་ནང་དུ་ལྷ་རྣམས་ཀྱི་དབུ་དོད་པ་ཙམ་བྲིས་པ་ལྷན། དེའི་མདུན་དུ་བྱ་གྲུབ་ཡེ་ཤེས་ཀྱི་འོད་ལམ་མ་གཏོགས་པའི་འོད་ལམ་བཞི་ཀ་བརྐྱང་། འགྲོ་བ་རིགས་དྲུག་གི་འོད་ལམ་ཡང་བརྐྱང་། དེ་ནས་གསོལ་བ་བཏབ་ཅིང་། མན་ཤེལ་འགྲིམས་ཤིང་འདི་སྐད་ངོ་སྤྲད་དོ། །དེ་ལྟར་ལན་མང་དུ་ངོ་སྤྲད་ཀྱང་། བག་ཆགས་ཚན་ཆེ་ལ་འགྲོགས་ཡུན་རིང་། དག་སྣང་ཡེ་ཤེས་ལ་སྔར་འདྲིས་མེད་པའི་དབང་གིས་ངོ་སྤྲད་ཀྱང་། བག་ཆགས་ངན་པས་ཕྱིར་ལ་ཁྲིད་དེ། ཐུགས་རྗེའི་འོད་ཟེར་གྱི་ལྕགས་ཀྱུས་མི་ཟིན་པར་འོད་ཟེར་ལ་སྔངས་སྐྲག་སྐྱེས་ནས་མར་ལ་འཁོར་བས། ད་ནི་ཞག་དྲུག་པ་ལ། རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་དུས་གཅིག་ལ་འཆར་ནས་འོང་སྟེ། དེའི་ཚེ་རིགས་དྲུག་གི་འོད་དྲུག་ཀྱང་དུས་གཅིག་ལ་འཆར་ནས་འོང་ངོ་། །ཀྱཻ་རིགས་ཀྱི་བུ་རྣམས་གསོན་ཅིག །ཁར་སང་ཕན་ཆད་རིགས་ལྔ་སོ་སོའི་སྣང་བ་ཤར་ཀྱང་རང་སྣང་དུ་ངོ་མ་ཤེས་

ནས། བག་ཆགས་ཀྱི་དབང་གིས་དེ་རྣམས་ལ་སྔངས་སྐྲག་སྐྱེ་ནས། ད་ཕན་ཆད་འདིར་ལུས་པ་ཡིན་ནོ། །གོང་དུ་རིགས་ལྔ་ཡེ་ཤེས་ཀྱི་རང་མདངས་དེ་རྣམས་རང་སྣང་དུ་ངོ་ཤེས་ན། རིགས་ལྔ་སོ་སོའི་སྐུ་ལ་འཇའ་འོད་དུ་ཐིམ་ནས། ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱ་རྒྱུ་ཡིན་པ་ལ། ཞེས་གཞུང་ལྟར་རྒྱས་པར་བཀྲོལ་ཞིང་སྨོན་ལམ་བཏབ་པས། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ། རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ལས་སངས་རྒྱས་པར་འགྱུར་རོ། །

༈ ཡང་ཞག་བདུན་པའི་ངོ་སྤྲོད་ནི། ཡོལ་བ་རྒྱན་བཀོད་པ་རྣམས་སྔར་ལྟར་ལས། སྐྱེས་བུ་ལུས་བདེ་བ་ལྔའི་ལུས་ཁྲུས་བྱས་ཏེ། རྐེད་པར་སྨད་གཡོགས་རེ་དཀྲིས། གཅིག་ནི་ལུས་ལ་ཁ་དོག་སྣ་ཚོགས་བྱ། གཅིག་ནི་དཀར་པོ། གཅིག་ནི་སེར་པོ། གཅིག་ནི་དམར་པོ། གཅིག་ནི་ལྗང་གུ་བྱས་ཏེ། ཁ་དོག་དང་མཐུན་པའི་སྐུ་འབག་ཁྲོ་ཞལ་བཞད་པའི་ཚུལ་ཅན་རེ་རེ་གྱོན། དབུ་རྒྱན། སྙན་ཆ་རྒྱན་ལ་སོགས་པ་དང་། དར་སྣ་ཚོགས་ཀྱིས་བརྒྱན། རུས་པའི་རྒྱན་དྲུག་གིས་སྤྲས། ཕྱག་ན་ཌཱ་དྲིལ་དང་གྲི་གུག་དང་ཐོད་པ་བསྣམས་ནས་གར་སྟབས་འགྱིངས་ཤིང་སྤྱོད། འདིའི་དུས་སུ་ཤ་ཆེན་གྱི་གསུར་དང་། རྔ་དང་། རྐང་གླིང་ལ་སོགས་པའི་རོལ་མོ་རྣམ་པ་སྣ་ཚོགས་པ་འཁྲོལ། ལྷན་སྐྱེས་ཡེ་ཤེས་ཀྱི་འོད་ལམ་ཁྲ་བོ་མདུན་དུ་བརྐྱངས། དུད་འགྲོའི་འོད་ལམ་ཡང་མཉམ་དུ་བརྐྱངས། དེ་ནས་གསོལ་བ་གདབ་ཅིང་། མདུན་གྱི་ཡོལ་བ་བསལ། རིག་འཛིན་རྣམས་ཀྱིས་འཆམས་སྟབས་བྱ། མན་ཤེལ་འགྲིམས་ལ་འདི་སྐད་དུ་ངོ་སྤྲད་དོ། །འཽ། གོང་དུ་རིགས་ལྔ་སོ་སོ་དང་ཡོངས་རྫོགས་ཀྱི་སྣང་བ་ཤར་ཡང་ངོས་མ་ཟིན་ནས་འདི་ནས་མར་ལ་འཁྱམས་དགོས་པས། ཞག་བདུན་པ་ལ། དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་ནས་རིག་འཛིན་གྱི་ལྷ་ཚོགས་རྣམས་དང་། ཉོན་མོངས་པ་གཏི་

མུག་ལས་གྲུབ་པའི་དུད་འགྲོའི་འོད་ལམ་གཉིས་ཀྱིས་བསུ་བ་ལ་འོང་ངོ་། །ཀྱཻ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག །ཞག་བདུན་པ་ལ་བག་ཆགས་དབྱིངས་སུ་དག་པའི་འོད་ཁྲ་བོ་ཤར་དུ་འོང་ངོ་། །དེའི་དུས་སུ་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་ནས་རིག་འཛིན་གྱི་ལྷ་ཚོགས་བསུ་བ་ལ་འོང་སྟེ། འཇའ་དང་འོད་ཀྱིས་འཐིབས་པའི་དཀྱིལ་འཁོར་གྱི་དབུས་སུ། རྣམ་པར་སྨིན་པའི་རིག་འཛིན། བླ་ན་མེད་པ་པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བ། ཞེས་གཞུང་ལྟར་བཀྲོལ་ཞིང་སྨོན་ལམ་གདབ་བོ། །དེ་དག་ནི་ཞག་བདུན་པའི་ངོ་སྤྲོད་དོ། །༈ ཡང་ཞག་བརྒྱད་པའི་ངོ་སྤྲོད་ནི། ཡོལ་བ་བཀོད་པ་ལ་སོགས་སྔར་ལྟར་ལས། སྐྱེས་བུ་གསུམ་གྱི་ལུས་ལ་ཚོན་རྩི་ཁ་དོག་དམར་སྨུག་བྱུགས་ཏེ། དབུས་མའི་ཞལ་སྨུག་པོ། གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ་སྟེ། ཤིན་ཏུ་ཁྲོ་བོའི་སྐུ་འབག་རེ་རེ་གསོལ་བ། རྐེད་དཀྲིས་དར་ཁྲ་བོ་གཅིག་གི་སྟེང་དུ་རྒྱན་དྲུག་གིས་སྤྲས་པ། ཕྱག་དྲུག་ལ། གཡས་ཀྱི་དང་པོ་འཁོར་ལོ། བར་མ་དགྲ་སྟྭ། ཐ་མ་རལ་གྲི། གཡོན་གྱི་དང་པོ་དྲིལ་བུ། བར་མ་ན་ཐོང་གཤོལ། ཐ་མ་ན་བྷན་དྷ་འཛིན་པ། ཤིན་ཏུ་འཇིགས་པའི་ཆ་ལུགས་སུ་བཀོད། གཡས་སུ་ཀཽ་རཱི་དཀར་མོའི་གཟུགས་ཅན་མས་དབྱུག་པ་ཐོགས་པ། གཡོན་སིངྷ་སྨུག་ནག་སེང་གེའི་གདོང་ཅན་གྱི་གཟུགས་བྱས་ལ། བམ་རོ་ཐོགས་པ། འཇིགས་ཤིང་སྐྱི་གཡའ་བའི་ཚུལ་དུ་བཀོད་དོ། །གཞན་ཡང་རོལ་མོ་སྣ་ཚོགས་དང་གསུར་ཆེན་ཀྱི་དུད་པ་ལ་སོགས་པ་བཏང་ནས། གཡས་གཡོན་འགྱིངས་སྟབས་ཀྱིས་འཆམས་པ་ལ་སོགས་པ་བྱའོ། །མན་ཤེལ་བལྟ་རུ་བཅོལ་ལ། གསོལ་བ་གདབ་ཅིང་། དེ་ནས་འདི་སྐད་ངོ་སྤྲད་དོ། །ཀྱཻ་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག །གོང་དུ་ཞི་བའི་བར་དོ་དེ་ཙམ་ཤར་ཀྱང་ངོས་མ་ཟིན་ནས། ད་ཁྲག་འཐུང་ཁྲོ་

བོའི་ལྷ་ཚོགས་འབར་བ་ལྔ་བཅུ་རྩ་བརྒྱད་གོང་གི་ལྷ་ཚོགས་གནས་འགྱུར་ནས་འཆར་དུ་འོང་བས་ད་ནི་གོང་དང་མི་འདྲ་སྟེ། འདི་ནི་ཁྲོ་བོའི་བར་དོ་ཡིན་པས་འཇིགས་སྐྲག་སྔངས་གསུམ་གྱི་དབང་དུ་འགྲོ་སྟེ། ངོ་སྤྲད་པ་ཡང་དཀའ་རུ་འགྲོའོ། །རིག་པ་རང་དབང་མ་ཐོབ་པས་བརྒྱལ་བ་ཁོར་ཡུག་ཏུ་འགྲོ་སྟེ། ཅུང་ཟད་ཙམ་ཞིག་ངོས་ཟིན་ན་གྲོལ་བའང་སླ་སྟེ། ཅིའི་ཕྱིར་ཞེ་ན། སྔངས་སྐྲག་འཇིགས་གསུམ་གྱི་སྣང་བ་ཤར་བས་རིག་པ་ཡེངས་ལོང་མེད་དེ། རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ཡོད་པའི་ཕྱིར་རོ། །ད་ནི་ཞག་བརྒྱད་པ་ལ་ཁྲོ་བོའི་ལྷ་ཚོགས་ཤར་དུ་འོང་ངོ་། །མ་ཡེངས་བར་ངོས་ཟིན་པར་གྱིས་ཤིག །ཀྱཻ་རིགས་ཀྱི་བུ་དཔལ་ཆེན་པོ་བུདྡྷ་ཧེ་རུ་ཀ་ཞེས་བྱ་བ། སྐུ་མདོག་སྨུག་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། ཞེས་གཞུང་ལྟར་རྒྱས་པར་བཀྲོལ་ཞིང་ངོ་སྤྲད་དོ། །༈ ཡང་ཞག་དགུ་པའི་ངོ་སྤྲོད་ནི། གཞན་སོགས་གོང་ལྟར་ལས། ཁྲིའི་སྟེང་དུ་བཛྲ་ཧེ་རུ་ཀའི་གཟུགས་བཀོད་ཅིང་ཤེལ་རྡོ་བསྟན་ལ་འདི་སྐད་དོ། །ཡང་གོང་གི་ལྷ་དེ་ལ་འཇིགས་སྐྲག་སྐྱེས་ནས་བྲོས་པས་ངོ་མ་འཕྲོད་ན་ཁྲག་འཐུང་རྡོ་རྗེའི་རིགས་བསུ་བ་ལ་འོང་ངོ་། །ཀྱཻ་རིགས་ཀྱི་བུ་རྣམས་ཉོན་ཅིག །ཁྲག་འཐུང་རྡོ་རྗེའི་རིགས་ཀྱི་གཙོ་བོ་བཛྲ་ཧེ་རུ་ཀ་ཞེས་བྱ་བ། ཞེས་གཞུང་ལྟར་རྒྱས་པར་བཀྲོལ་ཞིང་ངོ་སྤྲད་དོ། །ཡང་ཞག་བཅུ་པའི་ངོ་སྤྲོད་ནི། ཁྲིའི་སྟེང་དུ་རཏྣ་ཧེ་རུ་ཀའི་སྐུ་བསྟན་ཅིང་། ཤེལ་རྡོ་འགྲིམས་ཤིང་འདི་སྐད་དོ། །ཡང་ལས་སྒྲིབ་ཆེ་བ་རྣམས་ཀྱིས་དེ་ལ་སྔངས་སྐྲག་སྐྱེས་ནས་བྲོས་པས་ངོ་མ་འཕྲོད་པར། ཞག་བཅུ་པ་ལ་ཁྲག་འཐུང་རིན་པོ་ཆེའི་རིགས་བསུ་བ་ལ་འོང་ངོ་། །ཀྱཻ་རིགས་ཀྱི་བུ་རྣམས་གསོན་ཅིག །ཞག་བཅུ་པ་ལ། ཁྲག་འཐུང་རིན་པོ་ཆེའི་རིགས་རཏྣ་ཧེ་རུ་ཀ་ཞེས་བྱ་བ། ཞེས་རྒྱས་པར་ངོ་སྤྲད་དོ། །

༈ ཡང་ཞག་བཅུ་གཅིག་པའི་ངོ་སྤྲོད་ནི། ཁྲིའི་སྟེང་དུ་པདྨ་ཧེ་རུ་ཀའི་སྐུ་གསལ་བར་བསྟན་ཅིང་། མན་ཤེལ་བསྟན་ལ་འདི་སྐད་དོ། །ཡང་བག་ཆགས་ངན་པའི་དབང་གིས་སྔངས་སྐྲག་སྐྱེས་ནས་ཕྱིར་བྲོས་ཏེ། ཡི་དམ་དུ་ངོ་མ་ཤེས་པས་གཤིན་རྗེར་མཐོང་ནས་ངོ་མ་འཕྲོད་ན། ཞག་བཅུ་གཅིག་པ་ལ་ཁྲག་འཐུང་པདྨའི་རིགས་ཀྱིས་བསུ་བ་འོང་ངོ་། །ཀྱཻ་རིགས་ཀྱི་བུ་རྣམས་ཞག་བཅུ་གཅིག་པའི་དུས་སུ་ཁྲག་འཐུང་པདྨའི་རིགས། བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་ཞེས་བྱ་བ། ཞེས་གཞུང་ལྟར་རྒྱས་པར་བཀྲོལ་ཞིང་ངོ་སྤྲད་དོ། །༈ ཡང་ཞག་བཅུ་གཉིས་པའི་ངོ་སྤྲོད་ནི། ཁྲིའི་སྟེང་དུ་ཀརྨ་ཧེ་རུ་ཀའི་སྐུ་བསྟན་ཅིང་འདི་སྐད་དོ། །ཡང་གོང་དུ་ལྷ་དེ་ལྟ་བུའི་སྐུ་ཤར་ཀྱང་། རང་སྣང་དུ་ངོ་མ་ཤེས་པས་འཁྲུལ། ད་ཞག་བཅུ་གཉིས་པ་ལ། ཁྲག་འཐུང་ལས་ཀྱི་རིགས་ཀྱིས་བསུ་བ་ལ་འོང་ངོ་། །ཀྱཻ་རིགས་ཀྱི་བུ་རྣམས་གསོན་ཅིག །ཞག་བཅུ་གཉིས་པའི་དུས་སུ་ཁྲག་འཐུང་ལས་ཀྱི་རིགས་བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀ་ཞེས་བྱ་བ། ཞེས་རྒྱས་པར་ངོ་སྤྲད་དོ། །ཁྱད་པར་ཁྲིའི་སྟེང་དུ། སྦ་ཕུབ་ལ་སྔར་ལྟར་འཇའ་ཚོན་བྲི། དེའི་དབུས་སུ་ཁྲག་འཐུང་རིགས་ལྔ། དེའི་ཕྱི་རོལ་ཀཽ་སེང་བཅུ་དྲུག །སྒོ་མ་བཞི། དེའི་མཐའ་བསྐོར་དུ་དབང་ཕྱུག་ཉེར་བརྒྱད་ཀྱི་ཏིང་ཕོར་སྦྱར་ལ། ཀྱཻ་རིགས་ཀྱི་བུ་རྣམས་གསོན་ཅིག །ད་ནི་ཁྲག་འཐུང་ཡོངས་རྫོགས་ཀྱི་སྣང་བ་འཆར་ཏེ། དབུས་སུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ། ཤར་ཏུ་བཛྲ་ཧེ་རུ་ཀ་ཡབ་ཡུམ། ལྷོར་རཏྣ་ཧེ་རུ་ཀ་ཡབ་ཡུམ། ནུབ་ཏུ་པདྨ་ཧེ་རུ་ཀ་ཡབ་ཡུམ། བྱང་དུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ། རང་གི་ཀླད་པའི་དབུས་སུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་ཐོན་ནས་རང་ལ་འཆར་རོ། །དེ་ལ་མ་སྐྲག་ཅིག །མ་སྔངས་ཤིག །མ་འཇིགས་ཤིག །ཅེས་པ་དང་། ཕྱོགས་བཞི་ཀར་ངོ་སྤྲད་དོ། །ཁྲག་འཐུང་གི་

ལྷ་ཚོགས་འདི་རྣམས་སྐུ་ཆེ་ལ་ཡན་ལག་རགས་པ་ནམ་མཁའ་དང་མཉམ་པར་འཆར་རོ། །དེའི་ཚེ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །ཡི་དམ་གྱི་ལྷ་རུ་ངོ་ཤེས་པར་གྱིས་ཤིག །མ་སྐྲག་ཅིག །མ་སྔངས་ཤིག །མ་འཇིགས་ཤིག །ཀྱཻ་རིགས་ཀྱི་བུ། རང་གི་ཀླད་པའི་ནང་གི་ཕྱི་རོལ་ན། ཀཽ་རཱི་མ་མོ་བརྒྱད་ཐོན་ནས་རང་ལ་འཆར་དུ་འོང་ངོ་། །དེ་ལ་མ་འཇིགས་ཤིག །རང་གི་ཀླད་པའི་ཤར་ནས་ཀཽ་རཱི་དཀར་མོ་གཡས་ན་ཞིང་དབྱུག །གཡོན་པས་བྷནྡྷ་དམར་གྱིས་བཀང་བ་བསྣམས་ནས་རང་ལ་འཆར་རོ། །དེ་ལ་མ་འཇིགས་ཤིག །དེ་ལྟར་གཞུང་ནས་ཀཽ་རཱི་བརྒྱད་དང་། སེང་ཧ་བརྒྱད་དང་། སྒོ་མ་བཞི་དང་། དབང་མོ་ཉེར་བརྒྱད་ལ་སོགས་པ་ཀུན་ལ་ངོ་སྤྲད་དོ། །དེ་ནས་ཞི་ཁྲོའི་སྨོན་ལམ་གདབ་བོ། །བསྔོ་བ་ལ་སོགས་པ་བྱའོ། །ཞི་ཁྲོའི་ངོ་སྤྲོད་དེ་དག་ཐམས་ཅད་ཀྱང་། རབ་ལ་ཆ་ལུགས་ཇི་ལྟ་བ་བཞིན་བྱ། དེ་མ་འཛོམ་ན་སྐུ་འདྲ་ཆེན་པོ་འམ་ཐང་ཀ་ལ་སོགས་ལ་ངོ་སྤྲད་དོ། །འོད་ལམ་ཡང་ཡེ་ཤེས་ལྔ་ལ་ཆོས་གོས་སོ་སོའི་ཁ་དོག་ལ། མེ་ལོང་ཆེ་ཆུང་ལྔ་ཙམ་མང་དུ་བསྒྲིག །ལྷན་སྐྱེས་ཡེ་ཤེས་ཀྱི་འོད་ལམ་ཡང་དར་སྣ་གཤིབས་པ་ལ་མེ་ལོང་གིས་སྤྲས་པ། དེ་མ་འཛོམ་ན་རས་སམ་ཤོག་གུ་ལ་སོ་སོའི་ཚོན་གྱིས་བྱུགས་ཤིང་། ཐིག་ལེ་དང་ཐིག་ཕྲན་གྱིས་སྤྲས་པ། ལྷན་ཅིག་སྐྱེས་པའི་འོད་ལམ་ལ་ཡང་ཚོན་སྐུད་སྦྲེལ་བ་ལྟ་བུ་བྲིས་ལ། ཐིག་ལེ་དང་ཐིག་ཕྲན་གྱིས་སྤྲས་པ་བྱ། དེ་ཡང་ངོ་སྤྲོད་ལ་མེད་ཐབས་མེད་པའི་རྫས། རྡོ་རྗེ་སེམས་དཔའི་གསལ་བྱེད་ཐུགས་ཀྱི་མེ་ལོང་ཞེས་བྱ་བ། མན་ཤེལ་ཟུར་མང་ལ་སྐྱོན་མེད་པ་སྒོ་མ་འགགས་པར་གསལ་བ། རབ་ཁྲུ་གང་། འབྲིང་མཐོ་གང་། ཐ་མ་ཡང་ཚོན་གང་པ་ཡན་ཆད་བཅང་བར་བྱའོ། །གཞན་ཡང་ངོ་སྤྲོད་ལ་དགོས་པའི་རྫས་དང་ཡོད་བྱད་ཆེ་འབྲིང་ཆུང་སོགས་ཐམས་ཅད་ཚང་བར་བསོག་ཅིང་། བླ་མ་ཡི་དམ་

མཁའ་འགྲོ་ཆོས་སྐྱོང་ཡུལ་ལྷ་གཞི་བདག་དང་བཅས་པ་ལ་ཚོགས་དང་གཏོར་མས་དགྱེས་པ་བསྐང་ཞིང་། སློབ་མ་ཡང་ཆོས་ཁྲིད་མ་ཐོབ་པ་རྣམས་ལ་མི་བྱེད་དོ། །སྔར་གོང་ནས་དབང་ཁྲིད་ཐོབ་པ་རྣམས་ལ་རུང་ངོ་། །གནད་ཟབ་མོ་རྣམས་ལ། ལོང་མེད་དང་། བྲེལ་སྟབས་དང་། བསླུ་ཆོས་དང་། ཚོད་ཡོད་ཀྱི་དབང་དུ་མ་སོང་བར། དཔོན་སློབ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དལ་བའི་ངང་ནས་ངོ་སྤྲད་པར་བྱའོ། །དེ་ཡང་དུས་ནི། སྤྲིན་དང་ན་བུན་རླུང་འཚུབས་ལ་སོགས་པ་མེད་ཅིང་། ནམ་མཁའ་རྐྱེན་བྲལ་ཤིན་ཏུ་དངས་པ་དང་སྐབས་བསྟུན་པ་ནི་གནད་ཟབ་མོ་ཡིན་ནོ། །དེ་ཡང་སྔ་དྲོའམ། ཕྱི་དྲོ་གང་རུང་ལ་འབད་པར་བྱའོ། །ནུབ་མོ་མར་མེ་ལ་ངོ་སྤྲད་པ་ནི། སྟེགས་བུའི་ཁར་མར་མེ་ཉི་ཤུ་རྩ་གཞིའི་རྡེའུ་ཉི་ཤུ་རྩ་བརྒྱད་ཅེས་བྱ་མཆན། བརྒྱད་བཤམས་ལ། མན་ཤེལ་ལ་བལྟས་ནས་ངོ་སྤྲོད་པ་ནི། སློབ་དཔོན་གྱིས་འདི་སྐད་དོ། །ཀྱཻ་རིགས་ཀྱི་བུ་རྣམས་འོག་ཞི་བའི་དཀྱིལ་འཁོར་སྟེང་ཁྲོ་བོའི་དཀྱིལ་འཁོར་ཡིན། བརྡའ་མིག་གིས་མཐོང་བ་ཡིན། རང་འཆི་བའི་དུས་སུ་ཆོས་ཉིད་བར་དོར་འོད་གསལ་གྱི་དཀྱིལ་འཁོར་འདི་འདྲ་འཆར་རོ། །དེ་ཡང་ཆེ་བས་ནམ་མཁའ་ཁེབ་པ། འབྲིང་རི་བོ་མཆོག་རབ་ཙམ། ཆུང་བ་ཕུབ་ཙམ་དུ་འཆར་བས་དེ་ཡང་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །མདུན་གྱི་ནམ་མཁར་མར་མེ་ལྔ་བརྩེགས་ལ་སོགས་པ་འཇའ་འོད་ཟེར་དང་བཅས་པ་མཐོང་བ་ལྟར། ད་ལྟར་རང་གི་སྙིང་གར་ཞི་བའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་གནས་ཤིང་སྙིང་ནང་དུ་ཉི་ཤུ་རྩ་བརྒྱད། ཕྱོགས་བཞིའི་སྒོ་བ་ཡབ་ཡུམ་བརྒྱད། ཐུབ་དྲུག་ནི་གནས་དྲུག་ཏུ་བཞུགས་སོ། །ཞི་བ་གནས་འགྱུར་གྱི་ཁྲོ་བོ་ཞེས་བྱ་བ། ཐོད་པའི་འོག་ཀླད་པའི་སྟེང་། ཀླད་རྒྱའི་མཚམས་ན་འབར་བ་ལྔ་བཅུ་རྩ་བརྒྱད་བཞུགས་སོ། །བར་དོའི་སྐབས་སུ་ཡེ་ཤེས་རྣམ་པ་ལྔའི་བདག་

ཉིད་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་འོད་དང་ཟེར་དུ་འཆར་བའི་དུས་སུ་རང་སྣང་ལས་བྱུང་བ་ཡིན་པས། ངོ་ཤེས་པར་གྱིས་ཤིག །མ་འཇིགས་ཤིག །མ་སྔངས་ཤིག །རང་སྣང་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་ངོ་ཤེས་པར་གྱིས་ཤིག །ཅེས་ངོ་སྤྲད་དོ། །རྟགས་ཀྱི་ངོ་སྤྲད། བྲེ་གུ་དང་། ཙཀྵུ་ལ་ངོ་སྤྲད་པ་ནི། ད་ལྟ་ཡང་ཞི་ཁྲོ་རང་ལུས་ལ་གནས་པའི་རྟགས་སུ། མིག་གཉིས་ཀྱི་མགོ་མཇུག་མཛུབ་མོས་མནན་པས། རང་གི་འོད་ཁྲ་ཆིལ་ཆིལ་འཆར་བར་འགྱུར་རོ། །དེ་ཡེ་ཤེས་ཀྱི་རང་འོད་ལྷར་བཅས་ལུས་ལ་གནས་པའི་བརྡའོ། །ཕྱིས་ཆོས་ཉིད་ཀྱི་བར་དོར་འཆར་བར་འགྱུར་རོ། །ཡང་ལག་མཐིལ་གྱིས་མིག་གཉིས་ཤེད་ཆེར་མནན་པས་ཟེར་མཚོན་ཆའི་རྩེ་མོ་གཟེངས་པ་ལྟར་འཆར་རོ། །ཕྱིས་ཆོས་ཉིད་ཀྱི་བར་དོར་འཆར་བའི་རྟགས་སོ། །ཆོས་ཉིད་ཀྱི་རང་སྒྲ་གླང་པོ་ཆེའི་འུར་སྒྲ་ལ་ངོ་སྤྲད་པ་ནི༔རྣ་བའི་བུག་པ་གཉིས་མཛུབ་མོ་གཉིས་ཀྱིས་མནན་པས་སྒྲ་འུ་རུ་རུ་གྲགས་པ་ནི་ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་ཅིག་ད་ལྟར་རང་ལ་གནས་པའི་བརྡའོ། །ཕྱིས་ཆོས་ཉིད་བར་དོར་འཆར་བས་སྒྲ་ཐམས་ཅད་རང་སྒྲར་ངོ་ཤེས་པར་གྱིས་ཤིག །ཅེས་ངོ་སྤྲད་དོ། །མར་མེ་བསྡུ་ཞིང་སྨོན་ལམ་བྱའོ། །དེ་ནས་བར་དོར་གཞི་སྣང་ཡེ་ཤེས་ཀྱི་ངོ་བོར་ངོ་སྤྲད་པ་ནི། གནས་ཁང་ཤིན་ཏུ་ངམ་ནག་པ་ལ། ཉི་ཞུར་འཆར་བའི་བུ་ག་ནི་མདུང་ཤིང་ཙམ་གྱིས་ཕུག་པ་ལ། ཉི་ཟླའི་ཟེར་ཐག་སེང་བ་དེ་ལ་མེ་ལོང་ཟེད་པར་བྱའོ། །ཤེལ་ཀྱང་ཉི་ཟེར་དེ་ལ་བསྒྲིལ། མུན་ཁང་འཇའ་ཡིས་གང་ནས་འོང་ངོ་། །དེའི་དུས་སུ་གཉིད་ལོག་གི་འཕར་རྩ་མནན་པ་དང་། གར་གིང་ཁྲོ་འབག་མང་པོའི་བྱེད་ཚུལ་ཐམས་ཅད་ནི། ཤེལ་རྡོ་ངོ་སྤྲོད་མཐོང་བ་རང་གྲོལ་ལྟར་རྒྱས་པར་བྱའོ། །དེ་ནས་སྐུ་གསུམ་ངོ་སྤྲོད་ཀྱང་ལོང་ཁྱབ་དང་

བསྟུན་ལ་བྱའོ། །དེ་དག་ནི་བར་དོར་གཞི་རང་སྣང་གི་ངོ་སྤྲོད་དོ། །དེ་དག་ཐམས་ཅད་ཀྱིས་ཆོས་ཉིད་བར་དོ་ལ་ངོ་སྤྲད་པ་རྣམས་ཐལ་ལོ། །ད་ནི་ཆོས་ཡིད་ལ་མི་དྲན་ཅིང་། དགེ་སྡིག་འཆོལ་ཉོག་ཏུ་སྤྱོད་པ་རྣམས་ལ་སྲིད་པ་བར་དོ་ལ་ངོ་སྤྲད་པ་ནི། ཁྲིའི་སྟེང་ན་འགྲོ་བ་རིགས་དྲུག་གི་འོད་ལམ་དྲུག་བཀྲམ་ལ། ལོང་སྐབས་བྱུང་ན་ཤེལ་རྡོ་ཡང་དུས་ལ་བབས་པའི་ཚེ་བལྟ་རུ་བཅུག་གོ །སྲིད་པ་བར་དོའི་ཐོས་གྲོལ་ཆེན་མོར་ཇི་ལྟར་གསུངས་བཞིན་དུ་ངོ་རྒྱས་པར་སྤྲད་པར་བྱའོ། །དེའི་ནུབ་མོ་སྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་སྟོན་པའི་གདམས་པ་སྲིད་པ་རང་གྲོལ་གྱི་གཞུང་ལྟར་ངོ་སྤྲོད་རྒྱས་པར་བྱ་བ་ནི་གལ་ཆེའོ། །དེ་དག་ཐམས་ཅད་དྲིལ་བས་ཆོས་ཡིད་ལ་མི་དྲན་ཅིང་། དགེ་སྡིག་འཆོལ་ཉོག་ཏུ་སྤྱོད་པ་རྣམས་ལ་སྲིད་པ་བར་དོའི་སྣང་ཚུལ་ངོ་སྤྲོད་པའོ། །དེ་ལྟར་ངོ་སྤྲོད་ཀྱི་རིམ་པ་རྣམས་ཀྱང་བསླབ་བྱ་དང་ལྡན་པར་བྱ་ཞིང་། སློབ་མ་རྣམས་ཀྱིས་བླ་མ་ལ་མཎྜལ་ཕུལ་ཞིང་བླ་མ་ལ་དགྱེས་པ་བསྒྲུབ། བླ་མས་ཀྱང་དད་ལྡན་དང་བ་འདྲེན་པའི་སྤྱོད་ལམ་དང་ལྡན་པས། སློབ་མ་རྣམས་ཀྱི་ཤེས་རྒྱུད་འབོལ་ཆིལ་གྱིས་མ་སོང་བར་དུ་ཐབས་ཀྱིས་ངོ་སྤྲད་ཅིང་སྲང་ལ་འཇུག་པར་བྱའོ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བར་དོ་ཐོས་གྲོལ་གྱི་ངོ་སྤྲོད་མཐོང་བ་རང་གྲོལ་གྱི་ལག་ལེན་རྣམས། མཚུངས་མེད་གུ་རུ་རཏྣ་སུརྱ་ཙནྡྲ་རསྨིའི་ཞལ་གྱིས་གསུངས་པའི་བདུད་རྩི་ལ་བརྟེན་ཅིང་། ཅུང་ཟད་ཙམ་ཡིད་ལ་མ་དྲན་པ་རྣམས་བར་དོ་གསང་སྐོར་ནས་བཏུས་ཤིང་། རང་བཟོ་ནི་གཅིག་ཀྱང་མི་དམིགས་པའི་ཟིན་བྲིས་འདི་གུ་རུ་པདྨའི་མཚན་ཅན་གྱི་གསུང་ཆོས་ལ་བརྟེན་ནས། བློ་དམན་རྣམས་ཀྱི་དོན་དུ་དུས་མཐའི་བཙུན་པ་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་རྟ་ལོ་ཟླ་བ་ལྔ་པ་ལ། སྨན་མོ་བཀྲ་ཤིས་རྫོང་གི་ཡང་དབེན་དུ་བྲིས་པ་འདིས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཤིང་། སེམས་

ཅན་ཐམས་ཅད་བར་དོ་རང་ངོ་ཤེས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །མངྒ་ལམ། བྷ་ཝནྟུ།

ངོ་སྤྲོད་མཐོང་བ་རང་གྲོལ་གྱི་མར་མེའི་ངོ་སྤྲོད་ཀྱི་ལྷན་ཐབས།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ངོ་སྤྲོད་མཐོང་བ་རང་གྲོལ་གྱི་མར་མེའི་ངོ་སྤྲོད་ཀྱི་ལྷན་ཐབས་བཞུགས་སོ། །

ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། །ངོ་སྤྲོད་མཐོང་བ་རང་གྲོལ་ནང་ནས་ནི། སྣང་གསལ་མར་མེ་གསལ་བའི་ངོ་སྤྲོད་ཀྱིས༔བར་དོ་རྟོག་མེད་གསལ་བའི་ངོ་སྤྲོད་བྱ༔ཞེས་གསུངས་པས། དཀྱིལ་འཁོར་གྱི་མཐའ་ལ་མར་མེ་བརྒྱ་འམ། བཞི་བཅུ་རྩ་གཉིས་སམ་ཉེར་གཅིག་གམ་ཐ་ན་ལྔའམ། ལྷ་གྲངས་དང་མཉམ་པར་བཀོད་ལ། ཤེལ་རྡོ་མིག་ལ་སྦྱར་ཏེ་བལྟས་པས། གསུམ་ཐོག་བཞི་ཐོག་ཙམ་དུ་འཆར་རོ། །ཀྱཻ་རིགས་ཀྱི་བུ་རྣམས་འོག་ཏུ་ཞི་བའི་དཀྱིལ་འཁོར་ཡིན། སྟེང་མ་ཁྲོ་བོའི་དཀྱིལ་འཁོར་ཡིན། བརྡ་མིག་གིས་མཐོང་བ་ཡིན། རང་འཆི་བའི་དུས་སུ་ཆོས་ཉིད་བར་དོར་འོད་གསལ་གྱི་དཀྱིལ་འཁོར་འདི་འདྲ་བ་འཆར་རོ། །དེ་ཡང་ཆེ་བས་ནམ་མཁའ་ཁེངས་པ། འབྲིང་པོ་ནི་རི་བོ་མཆོག་རབ་ཙམ། ཆུང་བ་ལ་སྦ་ཕུབ་ཙམ་དུ་འཆར་བས། དེ་ཡང་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །མདུན་གྱི་ནམ་མཁར་མར་མེ་ལྔ་བརྩེགས་དང་། སུམ་བརྩེགས་ལ་སོགས་ཟེར་དང་བཅས་པ་མཐོང་བ་ལྟར་ད་ལྟ་རང་གི་སྙིང་གར་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་གནས་ཤིང་། ཞི་བ་གནས་འགྱུར་གྱི་ཁྲོ་བོ་ཆེན་པོ་ཞེས་བྱ་བ། ཐོད་པའི་འོག །ཀླད་པའི་སྟེང་། ཀླད་རྒྱའི་མཚམས་ན་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས་པ། བར་དོའི་སྐབས་སུ་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་འོད་དང་ཟེར་

དུ་འཆར་བའི་དུས་སུ། རང་སྣང་ལས་བྱུང་བ་ཡིན་པས། ངོ་ཤེས་པར་གྱིས་ཤིག །དེ་ཡང་ལུས་དང་སེམས་བྲལ་བའི་དུས་སུ། ཆོས་ཉིད་ཀྱི་བར་དོར་ཞི་ཁྲོའི་སྐུ་དང་འཇའ་དང་འོད་ཀྱི་རང་བཞིན་ནམ་མཁའ་ཁྱབ་པར་འཆར་རོ། །མར་མེ་འདི་དག་སྣང་ལ་རང་བཞིན་མེད་པ་བཞིན་དུ། ཞི་ཁྲོའི་སྐུ་དེ་དག་ཀྱང་། སྣང་ལ་རང་བཞིན་མེད་པར་ཤེས་པར་གྱིས་ཤིག །མར་མེ་འདི་དག་འགུལ་ཞིང་འཕྲིགས་པ་བཞིན་ཏུ། ཞི་ཁྲོའི་སྐུ་དེ་དག་ཐམས་ཅད་ནམ་མཁའི་དབྱིངས་སུ་འགུལ་བ། འཕྲིགས་པ། ཡོམ་ཡོམ་པ་འཆར་བས། ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས་པར་གྱིས་ཤིག །ཡང་མེ་ལོང་མཐོ་སྐོར་མ་སྟེང་ནས་མར་ཁ་སྦུབས་ནས་བལྟས་པས། འོད་ཀྱི་དཀྱིལ་འཁོར་ནམ་མཁར་འཆར་རོ། །ཡང་ལྷའི་བུས་ཕྱག་སོར་ལ་ངོ་སྤྲད་པ་ཞེས་བྱ་བ། ཕུག་རོན་གྱི་དང་རུ་མར་མེ་ལ་གཏད་ནས་བལྟས་པས་འཇའ་འོད་སྣ་ལྔ་འགུལ་འཕྲིགས་སུ་འཆར་རོ། །དེ་དག་ཀྱང་བར་དོ་ཡེ་ཤེས་ཀྱི་སྣང་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག །གང་ཤར་ཐམས་ཅད་རང་སྣང་ལས་བྱུང་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག །མ་འཇིགས་ཤིག །མ་སྐྲག་ཅིག །མ་སྔངས་ཤིག །རང་སྣང་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་ངོ་ཤེས་པར་གྱིས་ཤིག །ཅེས་གང་ཤར་ཐམས་ཅད་རང་སྣང་དུ་ངོ་སྤྲད་དོ། །འོད་ཀྱི་ངོ་སྤྲད་རྒྱ་མཚོ་ཨར་གཏད་ནི། མིག་གཉིས་མཛུབ་མོས་མནན་པས། འོད་སྐོར་འོང་སྟེ། ད་ལྟ་སྙིང་གི་ནང་ན་ཞི་བའི་སྐུ་འཇའ་འོད་ཀྱི་རྣམ་པར་བཞུགས་ཤིང་། དེའི་རྩལ་ཀླད་པ་དུང་ཁང་གི་གཞལ་ཡས་སུ་ཁྲོ་བོའི་ལྷ་ཚོགས་བཞུགས་ནས་ཡོད་པའི་བརྡ་ཡིན་ནོ། །ངོ་ཤེས་པར་གྱིས་ཤིག །རྒྱ་མཚོ་རྦ་རླབས་ཞེས་སམ་ཆོས་ཉིད་ཀྱི་རང་སྒྲ་གླང་པོ་ཆེའི་འུར་སྒྲ་ལ་ངོ་སྤྲོད་པ་ནི། རྣ་བ་གཉིས་མཛུབ་མོས་མནན་པས་གཏིང་ནས་འུར་ཏིང་གི་སྒྲ་འོང་སྟེ། ཆོས་ཉིད་བར་དོར་ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་

བ་ཙམ་འོང་བའི་བརྡ་ཡིན་ནོ། །གཞན་ནས་འབྱུང་བ་མ་ཡིན་ཞིང་། དེ་རང་སྣང་གི་སྒྲ་ཡིན་པས་ངོ་ཤེས་པར་གྱིས་ཤིག །ཆོས་ཉིད་ཟེར་གྱི་ངོ་སྤྲོད་ནི། མིག་གཉིས་མཛུབ་མོས་ཡུན་རིང་དུ་མནན་པས་ཟེར་དང་ཐིག་ལེ་ལུག་གུ་རྒྱུད་རྒྱ་ཆེ་བ། འགུལ་འཕྲིགས་ཡོམ་ཞིང་འཕྲོ་སྟེ། ཆོས་ཉིད་བར་དོར་ཟེར་གྱི་སྣང་བ་འཆར་བའི་རྟགས་ཡིན་པས། ངོ་ཤེས་པར་གྱིས་ཤིག །སྒྲ་ཐམས་ཅད་རང་སྒྲ། འོད་ཐམས་ཅད་རང་འོད། ཟེར་ཐམས་ཅད་རང་ཟེར། རང་སྣང་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་ངོ་ཤེས་པར་གྱིས་ཤིག །ཅེས་བརྗོད་དོ། །དེ་ནས་མར་མེ་རྣམས་བསྡུ་ཞིང་སྨོན་ལམ་བྱའོ། །ས་མ་ཡཱ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ངོ་སྤྲོད་མཐོང་བ་རང་གྲོལ་གྱི་མར་མེའི་ངོ་སྤྲོད་ལྷན་ཐབས་འདི་ནི། རང་འདྲ་བློ་དམན་རྣམས་ཀྱི་དོན་དུ། རྒྱ་བཙུན་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་བྲིས་པས། སེམས་ཐམས་ཅད་རང་སྣང་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་ངོ་ཤེས་པར་གྱུར་ཅིག །མངྒ་ལམ། བྷ་ཝནྟུ།

ཁམ་སའི་མི་མོ་ལ་བརྟེན་ནས་རྣམ་ཤེས་འབྱུང་འཇུག་གནས་གསུམ་དུ་ངོ་སྤྲོད་པའི་རིམ་པ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཁམ་སའི་མི་མོ་ལ་བརྟེན་ནས་རྣམ་ཤེས་འབྱུང་འཇུག་གནས་གསུམ་དུ་ངོ་སྤྲོད་པའི་རིམ་པ་བཞུགས་སོ། །

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། འཆི་ཁ་བར་དོའི་དཔེ་ཁམ་སའི་མི་མོ་ལ་བརྟེན་ནས་རྣམ་ཤེས་འབྱུང་འཇུག་གནས་གསུམ་གྱི་ངོ་སྤྲོད་ནི། མཚན་མོ་མུན་ཁང་དུ་མེ་དང་མར་མེའི་ཟེར་ཙམ་ཡང་མེད་པར་བྱས་ལ། ཁམ་ས་ལ་མི་མོའི་གཟུགས་དབང་པོ་ལྔ་གསལ་བ་གཟུགས་བརྙན་དང་བཅས་པ་བཀོད། ནང་དུ་རྣམ་ཤེས་ཀྱི་དཔེ་མར་མེ་དང་བཅས་པ་བཤམ། དེ་ནས་མཆེད་ལྕམ་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་དང་། རྒྱུ་འབྲས་ཀྱི་ཆོས་འཆད་པའམ། སྐབས་ལ་བབ་པའི་ཚེ། མེ་ལྟས་གཟུགས་བརྙན་གསལ་བར་བསྟན་ཏེ། བླ་མས་འདི་སྐད་གསུངས། འོ་འདི་ནི་རང་ཅག་རྣམས་ཀྱི་ལུས་ཀྱི་དཔེ་ཡིན་ཏེ་དེ་ཡང་འབྱུང་བཞིའི་ཐོ་ཡོར་ནམ་བོར་མི་ཤེས་པའི་ཤ་ལུས་ཧྲུལ་པ་ོའདི་ཡིན་ཏེ། ནང་མི་གཙང་བས་གང་བ། བར་དུ་རུས་པ་དུམ་བུ་རྣམས་མཐུད་པ་ལ་རྩ་དང་རྒྱུས་པས་སྦྲེལ་བ། དེ་ལ་ཤ་ངན་གྱིས་ཞ་ལ་བྱས་པ། ཕྱི་ནས་པགས་པས་བསྟུམས་པ། བུག་པ་ནས་མི་གཙང་བའི་རྒྱུན་བབས་པ། སྒྱུ་ལུས་ཕུང་པོ་གོག་པོ་འདི་ལ་ཁྱེད་ཀུན་གྱིས་ལེགས་པར་ལྟོས་ཤིག །ད་འདི་ལ་འབྱུང་འཇུག་གནས་གསུམ་ཅེས་པའི་མཚོན་དཔེ་འཆད་དེ། སྐྱེས་བུ་རྣམས་འཆི་བའི་ཚེ་འབྱུང་བ་རིམ་གྱིས་སྡུད་པ་ནི། ཤའི་ལུས་ས་ལ་ཐིམ་

པས་ལུས་ལྕི། ལུས་ཀྱི་བསྒྱུར་ལོག་མི་ནུས་ཤིང་སུགས་བཞི་ས་ལ་ལྷུང་། མེའི་ལུས་ཆུ་ལ་ཐིམ་པས་ལུས་ཀྱི་མཐའ་ནས་དྲོད་ཆད། དྲོད་རྐང་མཐིལ་ནས་ཆུ་རྡོ་མེ་ལ་བསྲོས་ནས་ལྷན་དགོས་པ་འོང་། ཁྲག་ཆུ་ལ་ཐིམ་པས་ཁ་སྣར་དྲེག་པ་དང་མཆུ་དྲེག་ནག་རྔམ་གྱིས་འབྱུང་། དབུགས་རླུང་ལ་ཐིམ་པས་དབུགས་རྒོད། ཤེས་པ་མི་གསལ། རེས་དྲན་པ་འཚུབས། རེས་མི་དྲན་པ་ཙམ་འོང་། དེའི་དུས་སུ་ནང་རྟགས་སྨྲིག་རྒྱུ་ལྟ་བུ་འམ། ཤེས་པ་དུ་བ་ལྟ་བུ་ལང་ལིང་དང་། ཁ་བ་བབས་པ་ལྟ་བུ་དང་། ས་གཞི་ལ་ཁྲག་གིས་ཆག་ཆག་བཏབ་པ་ལྟ་བུ་འབྱུང་། འདོད་ཆགས་དང་ཞེ་སྡང་ལས་གྱུར་པའི་རྟོག་ཚོགས་རྣམས་འགགས། རྣམ་པར་ཤེས་པའི་རླུང་ནམ་མཁའ་ལ་ཐིམ་པས་དབུགས་རྦད་ཀྱིས་ཆད་དེ། ཕར་ལ་ཧ་ཞེས་ཕྱིར་ལ་སོང་བ་ཧཱུྃ་ཞེས་ནང་དུ་མ་འདུས་ཏེ། མདའ་གང་ཙམ་དུ་ཕྱིར་རིང་དུ་སོང་། དེ་རྗེས་མདའ་གང་ཙམ་གྱིས་རིང་དུ་སོང་། དེ་རྟིང་མདུང་གང་ཙམ་གྱིས་རིང་དུ་སོང་། ཕྱི་དབུགས་ཕྱི་རུ་ཆད་དེ། ཕྱི་འབྱུང་ཉི་མ་ནུབ་པ་བཞིན་དུ་ཤེས་པ་ནག་ཐིབས་ཀྱིས་སོང་། ཕྱི་དབང་པོ་ཚོགས་དྲུག་གི་རྟོག་པ་འགགས་ཏེ། མིག་གིས་གཟུགས་མི་མཐོང་། རྣ་བས་སྒྲ་མི་ཐོས། སྣས་དྲི་མི་ཚོར། ལྕེས་རོ་མི་མྱོང་། ལུས་ཀྱིས་རེག་བྱ་མི་ཚོར། ཕྱི་ནས་ནད་པ་ཤི་ཟེར་ཡང་ནང་དུ་ཤེས་པ་གསལ་བ་སྲིན་བུ་མེ་ཁྱེར་ལྟ་བུ་ཡོད། འདིའི་དུས་སུ་གསལ་གདབ་པའི་དུས་ཡིན། དྭངས་མ་ལྔ་འདུས་ཀྱི་སྐད་ཅིག་མ་རུ་བཞེད་པར་གདའ། དེ་ནས་ནང་དབུགས་ནང་དུ་ཆད་དེ། ནང་འབྱུང་མུན་སྲོད་པ་ལྟ་བུར་སོང་། མུན་པའི་གཡང་ལ་བསྐྱུར་བའི་སྣང་བ་འབྱུང་སྟེ། གཏི་མུག་ལས་གྱུར་པའི་རྟོག་པ་འགགས། ནང་ཡིད་ཀྱི་འགྱུ་བ་འགགས་ནས་རིག་པ་གཞི་ཐོག་ཏུ་ཞག་བཞི་ལྔ་ཙམ་བརྒྱལ་ཏེ། འདིའི་དུས་སུ་གདམས་པ་ཟབ་མོ་ལ་རང་བྱན་ཚུད་པ་རྣམས་ཀྱིས། མ་ཆོས་ཉིད་འོད་

གསལ་གྱི་དཀྱིལ་འཁོར་ལ། བུ་རིག་པ་ཡེ་ཤེས་ཀྱི་རང་ངོ་ཤེས་ནས་མ་བུ་དབྱེར་མེད་དུ་འདྲེས་ནས་སངས་རྒྱས་པའི་དུས་སུ་བཞེད་པར་གདའ་འོ། །དེ་ནས་དྲན་པའི་ཤེས་པ་གཅིག་སད་ཙམ་ན། འོད་གསལ་གྱི་སྣང་བ་ནུབ་ནས་སྔར་གྱི་བག་ཆགས་ཀྱི་འཁྲུལ་པ་ལངས་ཏེ། བར་དོ་ཡིད་ཀྱི་ལུས་ཅན་རྫུས་སྐྱེས་སུ་ཀྲོང་གིས་འབྱུང་ངོ་། །སྔོན་གྱི་བག་ཆགས་ཀྱི་དབང་གིས་ཉེ་འབྲེལ་རྣམས་ཀྱི་དྲུང་དུ་ཕྱིན་ཅིང་། ཁོང་རྣམས་ཀྱིས་ངུ་སྐད་བྱེད་པ་མཐོང་ནས། ཁྱེད་རྣམས་མ་ངུ་དང་ཅི་ལ་ངུ་ུ། ང་འདིར་ཡོད་བྱས་ཀྱང་ཁོང་རྣམས་ཀྱི་མིག་སྔོན་དུ་མ་བྱུང་། གཟུགས་ནི་མ་མཐོང་། སྐད་ནི་མ་ཐོས། ད་རུང་ངུ་ཏུང་ཏུང་བྱས་པས། ད་འོ་ང་ཤི་བ་ཡིན་ནམ་བསམ་སྟེ། དེའི་དུས་སུ་ཤེས་པ་བདུན་འགྱུར་གྱི་གསལ་པ་ཡོད་པས། ཆུ་དང་མེ་ལོང་གི་རྩར་ཕྱིན་ནས་བལྟས་པས་རང་གི་གཟུགས་བརྙན་ཤར་རྒྱུ་མ་བྱུང་ནས། ད་ང་ཤི་བ་ཡིན་པར་འདུག་སྙམ་པ་བྱུང་བས་སྡུག་བསྔལ་དྲག་པོ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུ་འབྱུང་ངོ་། །གདམས་པ་དང་ལྡན་པ་རྣམས་ཀྱིས་འཕྲང་གསུམ་པ་འདི་ནས་སྒྱུ་མ་ལྟ་བུའི་འཁོར་བ་ལ་རུ་ལོག་པར་བྱེད་དོ། །འཁྲུལ་པ་ཅན་རྣམས་ནི་མངལ་སྒོའི་གྲོང་ཁྱེར་ལ་ཞུགས་པའི་དུས་སོ། །དེ་ཡང་རྒྱུད་ལས། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་ཀྱིས་སྤྱོད། །ཅེས་གསུངས་ཏེ། ལུས་ནི་སྔ་མའི་གཟུགས་ལྟར་དབང་པོ་སྐྱེ་མཆེད་ཐམས་ཅད་གསལ་བ་གཅིག་ཏུ་འཆར་ཏེ། རི་དང་ཁང་ཁྱིམ་བྲག་དང་ཆུ་ལ་སོགས་པ་ཐམས་ཅད་ལ་ཐོག་རྡུག་མེད་པ་རྣམ་ཤེས་འཁྱམས་པ་དེ་དཔེ་མེ་ལྟར་ཕྱོགས་ཀུན་ཏུ་རྒྱུག་སྟེ། མའི་མངལ་དང་རྡོ་རྗེ་གདན་མ་གཏོགས་པ་གང་ལའང་ཐོག་རྡུག་མེད་པ། ཕྱོགས་ཀུན་ཏུ་ལུས་ཚོལ་དུ་འགྲོ་བ་ལང་ལང་དུ་རྒྱུག་སྟེ། སྐྱེས་བུའི་ལག་པ་བརྐྱང་བསྐུམ་ཙམ་

ལ། སྟོང་གསུམ་ཐམས་ཅད་བསྐོར་ནུས་པ་དེ་ཡེ་ཤེས་ཀྱི་རྫུ་འཕྲུལ་ནི་མ་ཡིན་ཏེ། དེ་ཡང་ལས་གང་གཙོ་ཆེར་བསགས་པའི་རྗེས་ཕྱིར་འབྲངས་ཏེ། དེ་ཡང་རྫོགས་ལྡན་མུན་པ་ནག་པོའི་རྒྱལ་ཁམས་ཞེས་པ། ཉི་ཟླའི་སྣང་བ་མེད་པ་མུན་པ་ཁོར་ཡུག་ཏུ་གནས་པ་དེར། གནམ་ལྕགས་འོད་ཀྱི་ལམ་ལྔ་ཞེས་བྱ་བ་འོད་ཧད་ཧོད་ཕྱོགས་རེས་སྣ་ཁྲིད་ནས་འོང་སྟེ། རྒྱུ་ང་རྒྱལ་གྱི་དབང་གིས་དགེ་བཅུ་གཙོ་ཆེར་བསགས་པ་རྣམས་ནི་འོད་དཀར་པོ་ཧད་ཧོད་ཀྱིས་སྣ་ཁྲིད་ནས། ལྷ་ཁང་ངམ། མཆོད་ཁང་གསར་པ་འམ། མེ་ཏོག་གི་ཚལ་ལམ། དེ་འདྲ་རྣམས་སུ་ཕྱིན་པ་སྙམ་བྱེད་ཙ་ན། ལྷའི་གནས་སུ་སྐྱེས་ནས་འོང་ངོ་། །རྒྱུ་ཕྲག་དོག་གི་དབང་གིས་དགེ་བ་བཅུ་གཙོ་ཆེར་བསགས་པ་རྣམས་ནི་འོད་དམར་པོ་ཧད་ཧོད་ཀྱིས་སྣ་ཁྲིད་ནས། བྲག་རི་རྩེ་རྣོན་ཟིང་ཟིང་ངམ། ཚེར་དོང་དུ་ཕྱིན་པ་སྙམ་བྱེད་ཙ་ན། ལྷ་མ་ཡིན་གྱི་གནས་སུ་སྐྱེས་ནས་འོང་ངོ་། །རྒྱུ་འདོད་ཆགས་ལ་བརྟེན་ནས་དགེ་བཅུའི་ལས་གཙོ་ཆེར་བསགས་པ་རྣམས་ནི་འོད་སྔོན་པོ་ཧད་ཧོད་ཀྱིས་སྣ་ཁྲིད་ནས་ཡུལ་གྲོང་ངམ། ཁང་ཁྱིམ་གསར་པའི་ནང་དུ་ཕྱིན་པ་སྙམ་བྱེད་ཙ་ན། མིའི་མངལ་དུ་ཚུད་ནས་འོང་ངོ་། །རྒྱུ་གཏི་མུག་གི་དབང་གིས་མི་དགེ་བ་བཅུའི་ལས་གཙོ་ཆེར་བསགས་པ་རྣམས་ནི་འོད་ལྗང་གུ་ཧད་ཧོད་ཀྱིས་སྣ་ཁྲིད་ནས་ས་ཕུག་གམ། གད་ཕུག་གཏིང་རུམ་དུ་ཕྱིན་པ་སྙམ་བྱེད་ཙ་ན། དུད་འགྲོའི་སྐྱེ་གནས་སུ་སྐྱེས་ནས་འོང་ངོ་། །རྒྱུ་སེར་སྣའི་དབང་གིས་མི་དགེ་བ་བཅུ་གཙོ་ཆེར་བསགས་པ་རྣམས་ནི་འོད་སེར་པོ་ཧད་ཧོད་ཀྱིས་སྣ་ཁྲིད་ནས་ཐང་སྟོང་རྩྭ་མེད་ཆུ་མེད་སྐམ་པོའི་གནས་སུ་ཕྱིན་སྙམ་བྱེད་ཙ་ན། ཡི་དྭགས་ཀྱི་གནས་སུ་སྐྱེས་ནས་འོང་ངོ་། །རྒྱུ་ཞེ་སྡང་གི་དབང་གིས་མི་དགེ་བ་བཅུ་གཙོ་ཆེར་བསགས་པའི་རྣམས་ནི་འོད་དུད་ཁ་ཧད་ཧོད་ཀྱིས་སྣ་ཁྲིད་ནས་རྫ་རོང་ངམ། ཆུ་རོང་ངམ། བྲག་

དང་ཆུ་འཐབས་པའི་ས་མཚམས་དེ་འདྲ་ན་ཕྱིན་པ་སྙམ་བྱེད་ཙ་ན། དམྱལ་བའི་གནས་སུ་སྐྱེས་ནས་འོང་ངོ་། །རང་གི་ལས་དང་རྗེས་སུ་མཐུན་པའི་འོད་ཧད་ཧོད་ཕྱོགས་རེས་སྣ་ཁྲིད་ནས་འོང་སྟེ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་ཀྱིས་སྤྱོད་པའོ། །བར་དོའི་དྲི་ཟའི་སེམས་ཅན་དེ་དག་ནི་ཆགས་སེམས་དང་སྲེད་ཞེན་གྱིས་མཚམས་སྦྱར་ནས། མངལ་གྱི་རྒྱར་ཚུད་ནས་ཤ་ཁྲག་གི་གདོས་སུ་འཐུམ་མོ། །འགྲོ་བ་མིའི་ལུས་སུ་སྐྱེ་རྒྱུ་ཡིན་ན་ཕ་མ་གཉིས་འཁྲིགས་པ་སྤྱོད་པ་མཐོང་ནས་ཡོང་སྟེ། དེའི་དུས་སུ་ཆགས་སྡང་གིས་མངལ་དུ་འཇུག་པས་གལ་ཏེ་ཕོར་སྐྱེ་ན་རང་ཉིད་ཕོའི་སྣང་བ་འཆར་ཏེ། ཕོ་ལ་ཞེ་སྡང་དྲག་པོ་སྐྱེ་ཞིང་མོ་ལ་མིག་སེར་དང་ཆགས་པ་སྐྱེ་བའི་སྣང་བ་འོང་ངོ་། །གལ་ཏེ་མོར་སྐྱེ་ན་ནི་རང་ཉིད་མོའི་སྣང་བ་འཆར་སྟེ། མོ་ལ་ཕྲག་དོག་དང་མིག་སེར་དྲག་པོ་སྐྱེ་ཞིང་། ཕོ་ལ་ཆགས་པ་དང་གདུང་བ་དྲག་པོ་སྐྱེ་སྟེ། དེའི་རྐྱེན་བྱས་ནས་ཁའི་ལམ་ནས་ཞུགས་ཏེ། ཐིག་ལེ་དཀར་དམར་འཕྲད་པའི་དུས་སུ། ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་ནས་བདེ་བའི་ཆོས་མཛད་ཀྱི་སྐྱེས་བུ་རྣམས་ལའང་ལམ་ཁྱེར་གྱི་གདམས་པ་ཟབ་མོ་བསྲུང་བྱ་འདུལ་ཁྲིམས་རྣམ་དག་ཡོད་ན་ལྷག་པར་ཡང་མཁོ་བའི་དུས་ཡིན་ནོ། །ངང་དུ་ཤེས་པ་བརྒྱལ་ལོག་གིས་སོང་ནས་མའི་མངལ་དུ་ཚུད་དོ། །སྐབས་འདིར་མི་མོའི་ཁོག་པའི་མེ་སྦར་རོ། །འོད་ནི་འགྲོ་བ་མིའི་ལུས་སུ་སྐྱེ་བའི་དཔེ་ཡིན་ནོ། །གཟུགས་བརྙན་གྱི་ངར་གླུད་འདི་ནི་རང་ཅག་རྣམས་ཀྱི་ལུས་ཀྱི་དཔེ་ཡིན་ནོ། །ནང་འདིར་མར་མེའི་འོད་ཁྱིམ་ཙམ་ཞིག་འདུག་པ་འདི་ནི་རྣམ་པར་ཤེས་པའི་དཔེ་ཡིན་ནོ། །མར་ཁུ་ཐིགས་པ་གཅིག་འདུག་པ་འདི་ནི་ཚེའི་ཚད་ཡིན་ནོ། །མིག་གི་ནང་འདི་ན་འོད་ཁྱིམ་ཙམ་ཞིག་འདུག་པ་ནི་གཟུགས་མཐོང་བྱེད་ཀྱི་ཤེས་པ་མཛེས་མི་

མཛེས་ཀྱི་འཛིན་པ་དང་བཅས་པ་ཡིན་ནོ། །རྣ་བའི་ནང་འདི་ན་འོད་ཅིག་འདུག་པ་ནི་སྒྲ་ཉན་བྱེད་ཀྱི་ཤེས་པ་སྙན་མི་སྙན་གྱི་འཛིན་པ་དང་བཅས་པ་ཡིན་ནོ། །སྣའི་ནང་འདི་ན་འོད་ཅིག་འདུག་པ་ནི་དྲི་སྣོམ་བྱེད་ཀྱི་ཤེས་པ་ཞིམ་མི་ཞིམ་གྱི་འཛིན་པ་དང་བཅས་པ་ཡིན་ནོ། །ཁའི་ནང་འདི་ན་འོད་ཅིག་འདུག་པ་ནི་རོ་མྱོང་བྱེད་ཀྱི་ཤེས་པ་མངར་མི་མངར་གྱི་འཛིན་པ་དང་བཅས་པ་ཡིན་ནོ། །རང་ཅག་རྣམས་འཆི་བའི་དུས་སུ་ཡང་རྣམ་པར་ཤེས་པ་རླུང་དང་བསྡོངས་ནས། ལུས་ཀྱི་བུ་ག་དགུ་པོ་འདི་དག་གང་རུང་ཞིག་ནས་ཐོན་ཏེ། དེ་ཡང་སྤྱི་བོའི་གཙུག་འདི་ན་བུག་པ་གཅིག་ཡོད་པ་སྟེ། ཚངས་པའི་བུ་མཎྜལ་༼མར་མེ་༽སྤྱི་བོའི་བུ་གའི་སྟེང་ཕྱོགས་ལ་སྤྱོན་ཅིང་གསལ་བར་བསྟན་ཏོ། །ག་ཞེས་བྱ་བ་འདི་ནས་རིག་པ་རླུང་དང་བསྡོངས་ཏེ་ཐོན་ན་ནི་བླ་ན་མེད་པ་བྱང་ཆུབ་ཏུ་སངས་རྒྱས་པའམ། དེར་མ་གྲུབ་ན་ལྷ་གནས་ཉི་ཤུ་འམ། སུམ་ཅུ་རྩ་གསུམ་ལྷའི་གནས་རྣམས་སུ་སྐྱེ་བའི་སྒོ་ཡིན་པར་འདུག་གོ །མིག་ནས་རྣམ་ཤེས་ཐོན་ན་མིའི་ལུས་སུ་སྐྱེ་བར་འགྱུར་རོ། །རྣ་བ་ནས་ཐོན་ན་ལྷ་མ་ཡིན་གྱི་གནས་སུ་སྐྱེ་བར་འགྱུར་རོ། །སྣ་འམ་ལྟེ་བ་ནས་ཐོན་ན་དུད་འགྲོའི་གནས་སུ་སྐྱེ་བར་འགྱུར་རོ། །ཁ་ནས་ཐོན་ན་ཡི་དྭགས་ཀྱི་གནས་སུ་སྐྱེ་བར་འགྱུར་རོ། །བུག་པ་ཐུར་བསྟན་པ་འོག་གི་སྒོ་ནས་སྡུག་བསྔལ་དམྱལ་བའི་གནས་སུ་སྐྱེ་བའི་སྒོ་ཡིན་པར་འདུག་གོ །དེ་རྣམས་ནི་འབྱུང་འཇུག་གནས་པའི་རྣམ་པར་བཤད་པའོ། །༈ ཡང་འདི་ཉིད་ལས་མཉམ་བཞག་སྒོམ་པའི་དཔེ་ཡང་བསྟན་ཏེ། རང་ཉིད་མཉམ་པར་བཞག་པའི་ཚེ་ན་འདི་བཞིན་དུ་ཞོག་ཅིག །སྒོ་ལྔ་རྟེན་མེད་ཁམ་སའི་ངར་གླུད་འདི་བཞིན་དུ་ཞོག་ཅིག །གསལ་བྱ་ཡོད་ཀྱང་འཛིན་པ་མེད་པ་འདི་ལྟ་བུར་ཞོག་

ཅིག །ལུས་ཙོག་པུ་འགུལ་མེད་དུ་ཞོག་ཅིག །སེམས་གསལ་སྟོང་འཛིན་མེད་དུ་ཞོག་ཅིག །ལུས་ཡོད་གཅེས་འཛིན་མེད་པར་ཞོག་ཅིག །སེམས་ཡོད་གཟུང་འཛིན་མེད་པར་ཞོག་ཅིག །ཅི་འདྲ་ན་འདི་འདྲ་བར་ཞོག་ཅིག །འདི་ནི་བརྡ་ཆོས་ཟབ་མོའི་སྒོ་ནས་མཉམ་བཞག་གི་དགོངས་པ་ལ་ངོ་སྤྲད་པར་བྱ་སྟེ། དབང་པོ་ལ་རྣོ་རྟུལ་མེད་པར་གོ་བའི་བརྡ་ཆོས་ཟབ་མོའོ། །གཞན་དུ་ཚིག་གི་ལོ་མས་དོན་གྱི་སྡོང་པོ་སྒྲིབ་པར་བྱེད་དོ། །༈ ཡང་འདི་ཉིད་ལས་སྦྱངས་བ་དོན་མེད་ཨ་མ་མདོ་ལེ་མའི་གཏམ་རྒྱུད་ལས་དྲངས་ནས་འཆད་དེ། འདིའི་མིང་ནི་ཨ་མ་མདོ་ལེ་མ་ཞེས་བྱ་བ་ཡིན་ཏེ། འདི་ནི་ཧོར་གྱི་ཡུལ་ན་རྒྱལ་པོ་ཞིག་གི་བཙུན་མོ་ཡིན་པར་འདུག་སྟེ། དེ་ཡང་འཇིག་རྟེན་གྱི་བློ་རྒྱ་ཆེ་བ། དད་པ་ཆུང་ལ་བློ་སྣ་རིང་བ། ཆོས་ལ་མི་མོས་པ། འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ལ་ཤིན་ཏུ་བློ་སྦྱོང་བ་ཞིག་ཡོད་ལ། གཞན་ཡང་རྒྱལ་པོ་དེ་ལ་ནི་དཔོན་མོ་མདོ་ལེ་མས་ཐོག་དྲངས་པའི་བཙུན་མོ་མང་དུ་ཡོད་ཀྱང་། བུ་དང་བུ་མོ་ལ་སོགས་པ་ནི་མེད། དེ་ཡང་དུས་ལན་གཅིག་གི་ཚེ་ན་རྒྱལ་པོ་དེ་འདས་པར་གྱུར་ཏེ། རྒྱལ་ས་དཔོན་མོ་མདོ་ལེ་མས་བཟུང་ནས་འཇིག་རྟེན་ཁེ་གྲགས་ཀྱི་བྱ་བཞག་རྣམས་ནི་དཔོན་པོ་དེ་ཡོད་དུས་བས་ལྷག་པར་བྱུང་ཡོད་པར་གདའོ། །ལ་ལས་དཔོན་མོ་ཟེར། ལ་ལས་ཨ་མ་ཟེར། ལ་ལས་མ་གཅིག་ཟེར། འོ་སྐོལ་གྱི་དཔོན་མོ་འདི་ལྟ་བུ་ནི་ག་ན་སྲིད་ཅེས་སྲིད་སྡེ་རྣམས་ཀྱིས་བསྟོད་པ་ལས། མོས་ཁྲམས་ཀྱི་ཕྱེ་གཏོར་འགམ་ཞིང་རང་མཐོང་ཇེ་ཆེར་སོང་སྟེ། ཁེ་གྲགས་ཀྱི་བྱ་བ་ལ་དོན་མེད་པ་ནི་མ་གོ །ཀུན་རྫོབ་སྒྱུ་མའི་རང་མཚང་མ་རིག །ཚེ་མི་རྟག་ནམ་ཤི་ངེས་མེད་ནི་མ་གོ་བས་འཇིག་རྟེན་འཁྲུལ་བའི་ལས་ལ་ཨ་འཐས་ཏེ་མགོན་པོ་བྱམས་པའི་བསྟན་པ་མ་ཤར་གྱི་བར་དུ་

སྡོད་པའི་ཆས་བྱེད་དེ། ཕོ་བྲང་ཁང་ཁྱིམ་རྣམས་ཀྱི་རྩིག་པ་ཡང་བཤིག་ཅིང་། སླར་རྩིག་རྨིང་ཆེ་རུ་བསྐྱེད། ཟས་ནོར་གྱི་དཀོར་མཛོད་ཀ་ཆ་མང་པོ་བསགས། ཕོ་བྲང་གི་རྩིག་པ་འགྱེལ་འོང་། བསགས་པའི་ནོར་རྫས་ཟད་འོང་སྙམ་པ་མ་གཏོགས་པ། སྒྱུ་ལུས་ཀྱི་ཕུང་པོ་ཞིག་འོང་བ་དང་ལོང་མེད་ལ་མི་ཚེ་ཟད་འོང་སྙམ་པ་མེད་དེ། དགྲའི་ཡུལ་དུ་དམག་འདྲེན། རང་གི་ཡུལ་དུ་ནི་མཁར་བརྩིགས། སྐུ་མཁར་དགུ་ཐོག་ཅིག་ཡོད་ཀྱང་ད་རུང་ལེགས་ཉེན་དང་མཐོ་ཉེན་ཁ་གསོ། ལྕགས་རི་དགུ་རིམ་ཡོད་ཀྱང་ད་རུང་ཡང་བཙན་ཉེན་དང་དམ་ཉེན་འོབས་ཀྱིས་ནི་བསྐོར་ཏེ། ལྕགས་རི་བཙན་པ་དང་སྐུ་མཁར་མཐོ་བས་ཆོག་སྙམ་ནས། གནམ་བརྡིབ་ཀྱང་མགོ་ཅེ་རེ་ཡོད་སྙམ་པ་ལས། འཆི་བདག་བདུད་ཀྱིས་ཁང་པ་ལྕགས་རི་དགུ་རིམ་དང་སྐུ་མཁར་དགུ་ཐོག་གིས་ཀྱང་ཕན་པ་མེད་པ་ནི་མ་གོ །བསགས་པའི་ནོར་རྫས་ལ། ལུང་པ་ལ་ལའི་ནང་དུ་ནི་མོའི་རྟ་ཁྱུ་ཡོད། ལུང་པ་ལ་ལའི་ནང་དུ་ཕྱུགས་ཁྱུ་ཡོད། ལ་ལའི་ནང་དུ་ནི་ལུག་ཁྱུ་ཡོད། དེ་ལ་སོགས་པའི་ནོར་རྫས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་ད་རུང་ཡང་འདོད་པའི་ར་བ་སྐྱ་མོ་དེ་མ་གང་བས། ཉུང་སྙམ་པ་མ་གཏོགས་པ་མང་སྙམས་པ་ནི་མེད། ད་རུང་གཞན་གྱི་ནོར་རྫས་གང་མཐོང་ཐམས་ཅད་ལ་ནི་འདི་ངས་ཐོབ་པ་ཞིག་བྱ་དགོས་སྙམ་ནས་མོའི་དམིགས་པའི་གཏིང་དུ་བཅུག་སྟེ། འདོད་པས་ཚོང་པ་དང་། ཁྲལ་སྡུད་པ་དང་། རྐུ་འཕྲོག་སློང་གསུམ་ལ་སོགས་པ་ངན་ཐབས་རྣམ་པ་སྣ་ཚོགས་བྱེད་པའོ། །རང་ཉིད་དཔོན་དུ་གྱུར་ཀྱང་ད་རུང་དེ་ལས་མཐོ་བར་འདོད། གཞན་དག་འོག་ཏུ་ཚུད་ཀྱང་ད་རུང་དེ་ལས་གུས་པར་འདོད་དེ། སྲིད་འཁོར་རྣམས་ལ་བྱ་བྱེད་དུམ་ཙམ་རེའི་ལེགས་ཉེས་ཚོ་ལ་ཡང་། ཁྲིམས་ལ་གཏུགས་པ་ཡིན། རྐེ་བྲག་པ་དང་མིག་དྲང་བ་ལ་སོགས་པ་བྱེད་པའོ། །

གང་བསགས་དཔག་ཚད་ནོར་གྱིས་གང་ཡང་ཁོང་སེར་སྣའི་ཤི་སྤར་འཐམས་པ་ལས་ཆོས་ཕྱོགས་སུ་སྦྱིན་པ་ནི་སྣ་རེ་ཙམ་ཡང་མི་བཏང་། གཞན་མ་ན་རྒས་འཆི་བའི་སྡུག་བསྔལ་མཐོང་ཡང་ཁོང་དེ་ཙུག་ཏུ་འདུག་སྙམ་པ་ལས། རང་ལ་དེ་འདྲ་འོང་བ་ནི་མ་བསམ་སྟེ། འཇིག་རྟེན་འདིའི་དྲན་པ་གསལ་ཀྱང་ཚེ་ཕྱི་མའི་རྣམ་གཞག་ནི་མ་གོ །ལྷ་དཀོན་མཆོག་གསུམ་ལ་དད་པའི་སེམས་ནི་མེད་དེ། ཆོས་བྱེད་སེར་མོ་བ་རྣམས་ལ་ཞབས་ཏོག་མི་བྱེད་པའི་སྟེང་དུ་མཐོང་བ་ཙམ་གྱིས་སྙིང་དུ་མི་སྡུག་པར་བལྟའོ། །ཟོས་ཚད་ཞིམ་པོར་འོང་ངམ་བསམ་པ་ལས་ལས་ཀྱི་རྣམ་པར་སྨིན་པ་ལ་ནི་མི་བརྩི་སྟེ། ཟླ་ངོ་རེ་ཙམ་གྱི་ནང་དུ་སྲོག་ཆགས་བྱ་ཕག་གི་མཐའ་བརྟེན་པའི་དུད་འགྲོ་ར་བ་གང་ཙམ་མོའི་ཁ་ནང་དུ་ཧྲུག་ཧྲུག་འགྲོ་ཟེར། མོ་དབང་ཆེ་ཡང་ལྷ་ཆོས་ནི་མི་བྱེད། འབྱོར་བ་ཆེ་ཡང་བླ་མ་ནི་མི་བརྟེན། ལོངས་སྤྱོད་ཆེ་ཡང་ཚོགས་སོགས་ནི་མི་བྱེད། སྦྱངས་པ་དོན་མེད་མ། འཁྲུལ་སྣང་ཨ་འཐས་ཅན། དྲེད་མོ་འཆི་བ་མ་དྲན་པ། ཆོས་མེད་མི་ཚེ་སྟོང་ཟད་མཁན་གྱི་ཨ་མ་མདོ་ལེ་མའོ། །མོས་མི་བདེན་པ་ལ་བདེན་པར་འཛིན། མི་རྟག་པ་ལ་རྟག་ཏུ་རེ། སྡུག་བསྔལ་བ་ལ་བདེ་བར་ཞེན། རང་མགོ་རང་གིས་བསྐོར་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་ཁེ་གྲགས་བརྩི་ཞིང་འཁྲུལ་སྣང་ལ་ཡེངས་བའི་དུས་དེར། ཉིན་མཚན་གཉིས་ཀྱིས་རེས་མོས་བྱས་ཤིང་མོའི་ཚེ་ལ་བརྐུས་ཏེ། ཞག་དང་ཟླ་བ་རིམ་གྱིས་འདས་པས་ལོ་ཧྲིལ་ཧྲིལ་སོང་ངོ་། །ལོ་གཅིག་སོང་གཉིས་སོང་བས་ཆོས་མེད་མ་མདོ་ལེ་མའི་མི་ཚེ་རིམ་གྱིས་ཟད་དེ། མོའི་ཡིད་ལ་འོང་སྙམ་མེད་པའི་འབྱུང་བ་རྒུད་པའམ། རྒས་པ་ཞེས་པ་དེས་རིམ་གྱིས་འཇབ་ནས་མོའི་གནས་སུ་ཕེབས་ཏེ། དཔྲལ་བ་ཚེས་བརྒྱད་ཀྱི་ཟླ་བ་འདྲ་བ་དེ་ལ་གཉེར་མས་སྐོང་ལུང་མང་དུ་དོད། ནག་པོར་སྐྱེས་པའི་སྐྲ་ལོ་དེ་ཤི་སྐྲ་དཀར་པོའི་ཚད་ནི་བརྒྱབས།

དུང་སོ་འཁོར་མའི་གྲལ་ཞིག་སྟེ། ལ་ལ་ནི་བུད། ལ་ལ་ནི་དྲལ། དྲང་པོར་སྐྱེས་པའི་ལུས་པོ་ནི་རྒུར། མོ་རང་གི་བསམ་པ་ལ་ལུས་འདི་ལ་ཞིམ་པའི་ཟས་ནི་ཟོས། གོས་ནི་གང་དྲོ་གྱོན། སྤྱོད་པ་ནི་གང་དགའ་བྱས། རྒས་པ་འདི་འདྲ་འོང་མི་ཐང་བ་ལས། ད་སྔར་དང་མི་འདྲ་ལུས་ལྕི་ཞིང་གོག་དགོས་པ་བྱུང་སྟེ། སེམས་མི་དགའ་ཞིང་བློ་མི་བདེ། དེ་ཡང་འོང་བསམ་མེད་པའི་རྒས་པ་དེ་བདག་ལ་ཡང་བྱུང་བསམ་པ་ཙམ་ལས། ད་རུང་དེའི་རྗེས་ལ་ན་བ་དང་འཆི་བ་ལ་སོགས་པ་རྣམས་འོང་རྒྱུ་ཡིན་བསམ་པ་མེད། སླར་ཡང་འཁྲུལ་སྣང་སྒྱུ་མའི་ཆོས་ལ་མངོན་ཞེན་སྤྱོད་ཅིང་ཡོད་པའི་དུས་སུ། རྒས་པའི་རྗེས་ལ་འོང་བསམ་པ་མེད་པའི་ན་བ་དེ་ཡང་གློ་བུར་གྱི་ཚུལ་དུ་འབྱུང་བཞི་འདུས་པའི་སྒྱུ་ལུས་ཀྱི་སྟེང་དུ་བབས་ཏེ། སྟོད་ལ་ཚ་བའི་ནད་ཀྱིས་བཏབ། སྨད་ན་གྲང་བའི་ནད་ཀྱིས་བཏབ། བར་ལ་གཟེར་ཐུང་ནད་ཕོག་སྟེ། དང་ཁར་འོང་བ་ནི་ཆུ་ལས་མེད། དབུགས་ནི་ཁ་སྣ་ནས་མི་ཤོང་། ཨ་ན་ཨ་ཚ་ཧུ་ཆིས་རྒྱུན་མི་ཆད། ཉིན་མཚན་འདས་པའི་དུས་མེད། ཉེ་འབྲེལ་འཁོར་གཡོག་ཀུན་གྱིས་མཐའ་བསྐོར་ཀྱང་མོའི་ལས་ངན་ནད་ལ་བགོ་ནས་མཉམ་པོར་ཁུར་བའི་ཐབས་མེད་དེ། ཤིན་ཏུ་སྡུག་བསྔལ་ཞིང་ཉམ་ཐག་པར་གྱུར་ཏོ། །དེ་ཡང་མོའི་བསམ་པ་ལ་ང་ནད་འདིས་བྱ་བཞག་རྣམས་སྟབས་ཆད་དེ། དེ་རིང་འདི་ལྟ་བུའི་བྱེད་འཕྲོ་སང་འདི་ལྟ་བུའི་བྱེད་རྒྱུ། དེ་འདྲ་བ་རྣམས་ཡོད་པ་ལས། ད་ནམ་ནས་འདི་དྲག་འོང་ན། དེ་དུས་དེ་ལྟ་བུ་རྣམས་བསྒྲུབ་པར་བྱའོ། །ཞེས་རྣམ་པར་སེམས་པ་ལས། ད་རུང་མི་རྟག་པ་འཆི་བ་ཞེས་པ་ནི་འོང་བསམ་དང་དེ་དུས་ཕན་པ་ཆོས་ཡིན་བསམ་པ་ལ་སོགས་ནི་ཀླད་པའི་ཕྱི་རྒྱབ་ལ་ཡང་མེད་དོ། །མོ་ལ་དབང་ནི་ཡོད། འབྱོར་པ་ནི་ཆེ་བས། སྨན་པའི་ཚོགས་རྣམས་ནི་བསགས། མོ་དང་། རྩིས་དང་། རྟེན་འབྲེལ་མཁན་པོ་དང་།

རིམ་གྲོའི་ཚོགས་རྣམས་བསགས་ཏེ། དྲང་སྲོང་ལ་བརྟེན་ནས་སྨན་དཔྱད། འཕགས་པ་ལ་བརྟེན་ནས་རིམ་གྲོ་བྱས་ཏེ། ཅི་ལྟར་བྱས་ཀྱང་ཡར་སྐྱེད་མེད་དེ། མོ་ལ་ནི་བརྒྱབས་པ་བཞིན་དུ་སོང་སྟེ། རྩིས་མཁན་རྣམས་ཀྱིས་ན་རེ། རྩིས་ལུང་ངན་ཏེ། ན་ས་ཤི་ས་དུར་ས་གསུམ་ཡོད་དེ། དུར་ས་རུ་སླེབས་ནས་འདུག་གོ །ད་རེས་ཀྱི་ནད་པ་ལ་འདི་རང་མི་ཐར་ལས་ཆེ་ཞེས་ཟེར་རོ། །ཆོ་ག་པ་རྣམས་དང་། རྟེན་འབྲེལ་མཁན་པོས་ན་རེ། ནད་པ་མང་པོའི་སྔས་སུ་ཕྱིན་ཀྱང་ད་རེས་བས་རྟེན་འབྲེལ་ངན་མ་བྱུང་། ནད་པ་འདི་མི་སོས་པ་ཐག་ཆོད་ཟེར་ཏེ་སོ་སོར་གྱེས་སོ། །ལྷ་རྗེ་ཀུན་གྱིས་ན་རེ། སྨན་ལ་ད་རེས་ངོ་སོ་མ་བྱུང་སྟེ། ཅི་ཙམ་ཅིག་བཏང་ཀྱང་མ་ཐུབ་པར་འདུག །ངེད་ཀྱིས་བྱ་རྒྱུ་མེད་ཟེར་ཏེ་སྨན་པ་རྣམས་ཀྱིས་ཀྱང་བོར། ད་རེས་སྤྱང་མོ་མདོ་ལེ་མ། གྲུང་མོ་རང་མགོ་འཁོར་བའི་ཨ་མ་མདོ་ལེ་མའི་བསམ་པ་ལ། ག་རེ་འོང་བསམ་མེད་པའི་རྒས་པ་འདི་བྱུང་བ་ཡིན་ཀྱང་། ན་བ་འདི་འོང་མི་ཐང་བ་ལ། ད་རེས་འདི་ལྟ་བུའི་ནད་ཀྱིས་ཐེབས། དབང་ནི་ཆེ། ནོར་རྫས་ནི་མང་། ཉེ་འབྲེལ་དང་འཁོར་གཡོག་འདི་ཙམ་ཡོད་ཀྱང་། ངའི་ནད་འདི་ལ་ཕན་ཐབས་ཙམ་ཞིག་མ་བྱུང་ན། ད་རེས་ཀྱི་ལུས་འདི་ཡང་སྔར་དང་མི་འདྲ་བར་སོང་འདུག །བྱ་བའི་ཐབས་ཐམས་ཅད་ཀྱང་རྡུགས། ད་མི་རྟག་པ་འོང་བསམ་མ་བྱས་པ་ཡིན་པ་ལས་འོང་འདོད་པ་འདྲ་ན། ད་ཨ་ཙ་མ་ང་རེ་འཇིགས་བསམ་པའི་འཇིགས་སྐྲག་གི་སྡུག་བསྔལ་ནི་གནམ་རྡིབས་པ་ཙམ་སྙིང་གས་ལ་ཐུག་པ་ཙམ་དུ་སྐྱེས་སོ། །བསམ་བརླག་བློ་རིང་མ་མོས་བསམ་བློ་མང་པོ་དེ་ད་གཟོད་སྐྱེས་ཏེ། ད་ག་རེ་བསགས་པའི་ནོར་རྫས་འདི་རྣམས་ལ་ཅི་ཙམ་པའི་དཀའ་ལས་ཅིག་བྱས་པ་ཡིན་པས་ཟད་ཀྱིས་དོགས་པ་ལས་ལུས་ཡོད་བསམ་པ་མེད་པ་ལ། ད་སྤྱོད་དབང་མེད་པར་ཤུལ་དུ་ལུས་འདོད་པ་འདྲ་ན། བསགས་

པ་ལ་དོན་མགོ་༼སྒོ་༽མི་འོང་འདོར་བ་འདྲ་ན། ཡུལ་དང་ཕོ་བྲང་འདི་རྣམས་ལ་ཅི་ཙམ་པའི་དཀའ་ལས་བྱས་པ་ཡིན་པ་ལ། སྡོད་དབང་མི་ཐོབ་པ་འདྲ་ན། གཉེན་དང་སྲིད་འཁོར་འདི་རྣམས་ལ། ཅི་འདྲ་བའི་སྐྱོང་བྲན་ཅིག་བྱས་པ་ཡིན་པ་ལ། ད་འགྲོགས་དབང་མེད་པར་བྲལ་འདོད་པ་འདྲ་ན། ད་འཇིག་རྟེན་འདི་ནས་ཕ་རོལ་དུ་འགྲོ་བའི་དུས་སུ། ཆོས་དང་བླ་མ་ཞིག་ཡོད་ན་ཕན་ཟེར་ཏེ། དེ་བརྟེན་ན་བསྟེན་དབང་ཞིག་ཡོད་པ་ཡིན་པ་ལ། སྐལ་མེད་ལས་ཟད་མ་བདག་གིས་མ་བརྟེན་ན། དེ་འདྲ་དང་ནི་འདྲིས་བཤེས་མེད་ན། རྒྱུ་བསོད་ནམས་ཀྱི་ཚོགས་ཨམ་དེ་བསགས་ན་རྒྱུ་ཅིག་ཡོད་པ་ཡིན་ཏེ། དེ་ཡང་བདག་གིས་མ་བགྱིས་ན། མི་དགེ་སྡིག་པའི་ལས་ཀྱི་རྣམ་སྨིན་ཨམ་དེ། ད་ངའི་སྟེང་དུ་སྨིན་པ་ཅིག་འོང་རྒྱུ་ཡིན་ན། ཆོས་མེད་སྡིག་རྒྱལ་མ་ངས་བསམ་གྱིས་མི་ཁྱབ་པ་ཞིག་འོང་ན། ད་ཆ་མེད་ཡུལ་དུ་རྒྱུས་མེད་འགྲོ་ཙ་ན། ཆོས་མེད་མགོ་འཐོམས་མ་ངས་ཇི་ལྟར་བགྱི་ན། མུན་ནག་གི་ཡུལ་ལ་དམུས་ལོང་འགྲོ་ཙ་ན། ཆོས་མེད་གཏི་མུག་ཅན་ངས་ཇི་ལྟར་བྱེད་ན། འདྲིས་མེད་ཀྱི་ཡུལ་དུ་བཤེས་མེད་འགྲོ་དགོས་པ་འདྲ་ན། སྐྱབས་མེད་མགོན་མེད་མ་ངས་ཇི་ལྟར་བགྱི། རྒྱགས་མེད་ཀྱི་ཡུལ་དུ་ཁ་སྟོང་འགྲོ་དགོས་པ་འདྲ་ན། བསོད་ནམས་མ་བསགས་པ་ངས་ཅི་ཚུག་བྱེད་ན་བསམ་པ་ན་འགྱོད་པ་དྲག་པོ་བདས་ཀྱིས་མི་སླེབ་པ། གཡུ་མདོག་རྒྱ་མཚོ་ལ་ལྷུང་བ་ལྟ་བུའི་སྡུག་བསྔལ་དེའི་དུས་སུ་སྐྱེས་ཏེ། ཆོས་མེད་པའི་འགྱོད་སེམས་དེ་ཅུང་ཟད་ཕྱིས་པ་འདྲའོ། །དེའི་དུས་སུ་མལ་གྱི་ཐ་མ་ལ་ནི་ཉལ། གཏམ་གྱི་ཐ་མ་ནི་སྨྲ་སྟེ། ཕན་པའི་ཐབས་ནི་ཅི་ཡང་མེད་དེ། ལུས་ཀྱི་ཟུངས་ཟད་སྨན་པ་རྣམས་ཀྱིས་བོར། བྱ་ཐབས་མེད་ཀྱང་ཉེ་འབྲེལ་རྣམས་ཀྱིས་བསྐོར། ཕན་པའི་ཁ་བཤད་སྣ་ཚོགས་སྨྲས། ལ་ལས་ནི་ཨ་མ་ཟེར། ལ་ལས་ནི་ཨ་རྗེ་ཟེར། མོ་ནི་འབྱུང་བ་

རྣམས་རིམ་གྱིས་ཐིམ་སྟེ། འཇིག་རྟེན་ཕྱི་མའི་གནས་སུ་འགྲོ་བར་ཉེ་སྟེ། ཤེས་པ་མྱོག་མྱོག་ཐམ་ཐམས་སུ་སོང་སྟེ། ཡང་ཁོང་རྣམས་ཀྱིས་མོའི་མིང་ནས་འབོད་ཅིང་། ངེད་ཚོ་ལ་ལྟོས་དང་། ངེད་ཚོ་བོར་ཕོད་པ་ཨེ་ཡིན། ངེད་ཚོ་བོར་ནས་ཁྱོད་འགྲོ་བ་ཨེ་ཡིན་ཅེས་ཟེར་ཞིང་། སྨྲེ་སྔགས་དང་སྐད་ངན་དྲག་པོ་བཏོན་པས། ཡང་དབུགས་ཆད་པར་མ་ནུས་ཏེ། མིག་སྐྱ་ལོག་གིས་ཁོང་རྣམས་ཀྱི་གདོང་ལ་བལྟས་པས་སྡུག་བསྔལ་ཤིན་ཏུ་བཟོད་པར་དཀའ་བ་ཙམ་དུ་སྐྱེས་སོ། །ཡང་འབྱུང་བའི་ཟུངས་ཟད་པས། ཚུགས་མ་ཐུབ་སྟེ། ཤེས་པ་ཐམ་ཐོམས་སོང་བ་དང་། ཡང་ཁོང་རྣམས་ཀྱིས་སྐད་ངན་དྲག་པོ་དུག་མདའ་ལྟ་བུ་བཏང་བས། མོའི་སྙིང་དུ་གཟེར་ལྷང་གིས་བྱུང་ནས་ད་རུང་དབུགས་ཆད་ལ་མ་སྟེར་ཏེ། ཆགས་ཞེན་གྱི་དབང་གི་མིག་སྐྱ་ལོག་ལོག་ཚུར་བལྟའོ། །དེ་ཙམ་ན་ལས་དང་སྐལ་བར་ལྡན་པའི་ཚེ་སྔ་མ་ནས་སྨོན་ལམ་རྣམ་པར་དག་པ་བཏབ་པ་ཞིག་ཡིན་ན་ནི། ཚེ་འདི་ལ་ལྷ་ཆོས་མ་བྱས་ཀྱང་དབུགས་ཆད་ཁར། མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ཞིག །སྡིག་ཅན་མོའི་རྩར་སླེབ་སྟེ། མ་བསྒོམ་སངས་རྒྱས་བར་འཕོ་བའི་གདམ་ངག་གི་གནད་བསྟན་ནས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་སྒོ། །ཡི་གེ་ཧིག་གཅིག་ལ་རྟ་བྱས་ཏེ། །མཁའ་སྤྱོད་བདེ་ཆེན་གྱི་གནས་སུ་འཕེན་པར་བྱེད། །ཅེས་གསུངས་ཏེ། དེ་ལྟ་བུ་སྤྱི་བོ་ཚངས་པའི་བུ་ུག་ནས་འཐོན་ཏེ། བདེ་ཆེན་གྱི་གནས་སུ་འགྲོ་བ་ཡིན་པར་འདུག་སྟེ། དེ་ལྟ་བུའི་ལས་དང་སྐལ་བ་ནི་མོ་ལ་མི་ལྡན་ཏེ། དེ་ཡང་རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པ་ལ་ཉེ་བ་ན། མོ་ལ་འཁྲུལ་སྣང་འདི་ལྟར་ཤར་ཏེ། དགེ་བའི་རྣམ་པར་རྟོག་པ་ལ། ཨ་འཐས་པའི་མཐུ་ལས་གྲུབ་པ་ནི། ལྷན་ཅིག་སྐྱེས་པའི་ལྷ་ཞེས་བྱ་བ། མི་དཀར་པོ་མདུང་ཤིང་ཙམ། ཆོས་གོས་དཀར་པོ་གྱོན་པ་ཞིག་བྱུང་ནས།

འོ་འོ་དཔོན་མོ་མདོ་ལེ་མ། ང་ནི་ཁྱོད་དང་ལྷན་ཅིག་སྐྱེས་པའི་ལྷ་ཞེས་བྱ་བ་དེ་ཡིན། ཁྱོད་ཀྱི་དཀར་པོ་དགེ་བའི་ལས་བྱེད་ཚད། ངས་རྡེའུ་དཀར་པོ་འདྲེན་པ་ཡིན་ནོ། །རྡེའུ་དཀར་པོ་འདི་མང་ན་ཁྱོད་མཐོ་རིས་བདེ་བའི་གནས། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷའི་གནས་ལ་སོགས་པ་བདེ་བའི་དཔལ་འབྱོར་ལ་ལོངས་སྤྱོད་དུ་བཅུག་པ་ཡིན་ཟེར་ཏེ། མོའི་སེམས་ལ་དེ་དགའ་སྟེ། དེ་འདྲ་བའི་བསོད་ནམས་མ་བསགས་ན་བསམ་ནས་རྡེའུ་དཀར་པོ་མང་ན་དགའ་སྙམ་པའི་སྨོན་པ་སྐོམ་པ་ཆུ་ལ་གདུང་བ་ལྟ་བུ་བྱུང་སྟེ། གློ་བུར་དུ་ཉོ་སྐྱི་ཚོལ་གསུམ་བྱེད་ཐབས་ནི་མ་རྙེད་ནས་ཡོད་པར་གདའ་འོ། །མོའི་ཉོན་མོངས་པ་མི་དགེ་བའི་ལས་རྣམ་པར་རྟོག་པ་ངོས་མ་ཟིན་ཏེ། ཨ་འཐས་པ་ལ་བརྟེན་ཏེ། ལྷན་ཅིག་སྐྱེས་པའི་འདྲེ་ཞེས་པ་ནི། མོའི་གཞོགས་གཡོན་ཕྱོགས་ནས། མི་ནག་པོ་བུང་རྐེ་རིང་བ། གཟུགས་ཆེ་ཞིང་ཡན་ལག་རགས་པ། སྐྲ་ནག་པོ་སྤྱི་བོར་བཅིངས་པ། མིག་ཤེལ་མིག་ཏུ་ཡོད་པ། ཡ་སོས་མ་མཆུ་གནོན་པ། གོས་ནག་པོ་གྱོན་པ། ལག་ཏུ་མེ་ལོང་དང་ཁྲམ་ཤིང་ཐོགས་པ། ཞགས་པ་ནག་པོ་གཅིག་རྐེད་པ་ལ་ཐོགས་པ་ཞིག་བྱུང་སྟེ། འོ་ང་ནི་ཁྱོད་དང་ལྷན་ཅིག་སྐྱེས་པའི་འདྲེ་ཞེས་བྱ་བ་ཡིན་ནོ། །ཁྱོད་ཀྱི་ལས་མི་དགེ་བའི་སྡིག་པ་བྱས་ཚད། ངས་རྡེའུ་ནག་པོ་འདྲེན་པ་ཡིན་ནོ། །རྡེའུ་ནག་པོ་འདི་མང་བར་བྱུང་ན། ཁྱོད་འདིའི་ནང་ནས་མར་དྲུད་ནས་ངན་སོང་དམྱལ་བའི་གནས་སུ་ཁྲིད་དེ། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཉི་ཚེ་ཉེ་འཁོར་གཉིས་དང་བཅོ་བརྒྱད་དུ། བསྐལ་ཆེན་དུ་མའི་ཡུན་དུ་མནར་བར་བྱའོ། །ཅེས་ཟེར་བ་དང་། མོའི་སེམས་ལ་ཨ་བ་རེ་འཇིགས་ན། འདི་ལྟ་བུ་འོང་བ་ནི་མ་ཤེས། དགེ་བ་བསྒྲུབ་ཏུ་ཡོད་ཀྱང་ངས་མ་བསྒྲུབས། སྡིག་པ་སྤང་དུ་ཡོད་ཀྱང་ངས་མ་སྤང་ངོ་། །རྡེའུ་ནག་པོ་དེ་ཉུང་ན་དགའ་སྟེ། མང་དགོས་ཡོད་བསམ་

ཞིང་འགྱོད་དེ། གློ་བུར་བོར་བ་ནི་མི་ནུས་སོ། །དེར་ལྷན་ཅིག་སྐྱེས་པའི་ལྷ་དེས་ན་རེ། ངས་སྟོང་གསུམ་གྱི་ཁམས་ཀུན་ཏུ་བལྟས་ནས། ཁྱོད་ཀྱི་དཀར་པོ་དགེ་བའི་ལས་བྱས་ཚད་ཐམས་ཅད་བསྒྲངས་ནས། རྡེའུ་དཀར་པོ་ནི་འདི་ལས་མ་བྱུང་ཟེར་ཏེ། རྡེའུ་དཀར་པོ་ཆུང་ཆུང་དེ་ལ་གསུམ་བཞི་ཅིག་བས་མ་མཐོང་ངོ་ཟེར། དེ་ནས་ལྷན་ཅིག་སྐྱེས་པའི་འདྲེ་དེས་ན་རེ། དཔོན་མོ་མདོ་ལེ་མ་ཁྱོད་ཀྱི་མི་དགེ་བའི་སྡིག་པ་བྱས་ཚད་དེ། ངས་ཕྱོགས་གཅིག་ཏུ་བསྒྲངས་པས། རྡེའུ་ནག་པོ་ནི་འདི་ཙམ་ཞིག་བྱུང་ངོ་ཞེས་ཟེར་ཏེ། མདུན་དེར་ཚུར་ལ་རྫ་རི་ཉིལ་བ་ཙམ་དུ་ནག་ཉིལ་གྱིས་བྱུང་ནས་ཡོད་པར་གདའ་འོ། །དེར་མོ་ཤིན་ཏུ་བྲེད་ནས། ངས་དེ་ཙམ་གྱི་སྡིག་པ་མ་བྱས་ཟེར་ནས། རྫུན་བཏང་བས། ཁོས་ན་རེ། ངས་ལས་ཀྱི་མེ་ལོང་ལ་དྲིའོ་ཟེར་ཏེ། ལས་ཀྱི་མེ་ལོང་སྟོང་གསུམ་སྲིད་གསུམ་གསལ་བ་ཙམ་ཞིག་མོའི་མདུན་དུ་ཕྱར་བར་བྱས་པ་དང་། མོའི་སྡིག་པ་བྱེད་ཚུལ་དང་བཅས་པ་དེའི་ནང་དུ་གསལ་གྱིས་བྱུང་སྟེ། རྫུན་བཏང་བས་ཀྱང་མ་ཐུབ་སྟེ། ཞགས་པ་ནག་པོ་དེ་མོའི་རྐེ་ལ་བཏགས་ཏེ། མདུན་དེ་ན་དོང་གྲུ་གསུམ་པ་ནག་ཝང་ངེ་འདུག་པ་དེའི་ནང་ནས་མར་དྲུད་པའི་སྣང་བ་བྱུང་བ་དང་། སྐད་ཅིག་དེ་ཉིད་ལ་འཇིག་རྟེན་འདིའི་སྣང་བ་ཐམས་ཅད་ནག་ཐིབ་ཀྱིས་ནུབ་བོ། །མི་ལུས་ཐོབ་ནས་ཆོས་མེད་པ། གསེར་གླིང་དུ་ཕྱིན་ནས་སྟོང་ལོག་བྱས། འཇངས་མ་ལག་སྟོང་སྤྱང་མོ་མདོ་ལེ་མ། ཨ་མ་མདོ་ལེ་མའི་རྣམ་ཐར་དེ་འདྲ་ལ་བསམས་ལ། བླ་མ་ལ་གསོལ་བ་དུང་དུང་བ་ཅིག་གདབ་པར་ཞུ། འདིར་གསོལ་འདེབས་སྐྱོ་ཤས་མ་གཅིག་ཁྱེར་བ་ལགས། བླ་མ་དམ་པ་དག་གིས་ཡང་ཡང་བསྐུལ་བ་ལ་བརྟེན་ཏེ། གོང་མའི་རྗེ་འཇུག་རྣམ་རྒྱལ་བཟང་པོས་ཟིན་རིས་བྲིས་ནས་བཀོད་པའོ། །དགེའོ།། །།

ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ་གྱི་ངོ་སྤྲོད་ཅར་ཕོག་ཁྱེར་བདེ་བ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ་གྱི་ངོ་སྤྲོད་ཅར་ཕོག་ཁྱེར་བདེ་བ་ཞིག་བཞུགས་སོ། །

ཀུན་ཏུ་བཟང་པོ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །འོ་ན་ཁྱེད་རྣམས་ལ་བཀའ་རྫོགས་པ་ཆེན་པོའི་ཆོས་འབྲེལ་ཅུང་ཟད་བྱེད་ན། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཐེག་པ་རིམ་པ་དགུ་ལ་འདུས་ཏེ། ཨ་ཏི་བཀོད་པའི་རྒྱུད་ལས། ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །གང་ཟག་དབང་པོ་དམན་ལ་དགོངས། །ཀྲི་ཡ་ཨུ་པ་ཡོ་ག་གསུམ། །གང་ཟག་དབང་པོ་འབྲིང་ལ་དགོངས། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །གང་ཟག་དབང་པོ་རབ་ལ་དགོངས། །ཞེས་གསུངས་ཏེ། རང་ཉིད་ངན་སོང་ལ་སྐྲགས་ནས། ཕྱི་མ་ལྷ་མིའི་བདེ་སྐྱིད་ཐོབ་འདོད་ནས་ཆོས་བྱས་ན་གང་འདོད་དེར་སྐྱེ་སྟེ། ལྷ་དང་མི་ཡི་རྒྱལ་པོར་གྱུར་ཀྱང་། བསོད་ནམས་ཟད་ནས་འཆི་སྟེ་ངན་སོང་དུ་ལྟུང་བས་དགོས་པ་ཆུང་། རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ནས། སྡོམ་པ་བསྲུང་ཞིང་ཕར་ཕྱིན་དྲུག་ལ་ཉམས་ལེན་བྱས་ན། བསྐལ་པ་ཉི་ཤུ་དང་བསྐལ་པ་བརྒྱ་ཙམ་ལ་ཉན་ཐོས་དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ་ཐེག་པ་དམན་པ་ཡིན་པས་གཞན་དོན་མི་འབྱུང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་ཉམས་ལེན་རྒྱུན་

མ་ཆད་པར་བྱས་ན། བསྐལ་པ་གྲངས་མེད་གསུམ་ན་རྫོགས་པའི་སངས་རྒྱས་ཐོབ་སྟེ། ལམ་ཧ་ཅང་ཐག་རིང་ཞིང་དཀའ་ཚེགས་ཆེ། དེ་ལྟ་བུའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། གསང་སྔགས་བྱ་རྒྱུད་སྤྱོད་རྒྱུད་ཉམས་སུ་བླངས་ན་སྐྱེ་བ་དྲུག་ཅུས་སངས་རྒྱས། རྣལ་འབྱོར་རྒྱུད་ཉམས་སུ་བླངས་ན་སྐྱེ་བ་བཅུ་དྲུག་གིས་སངས་རྒྱས། བླ་མེད་རྒྱུད་ཉམས་སུ་བླངས་ན། རབ་ཚེ་འདིར། འབྲིང་བར་དོ། ཐ་མ་སྐྱེ་བ་བརྗེས་ནས་སངས་རྒྱས། བླ་མེད་དེ་ལ་གསར་མའི་ལུགས་ཀྱི་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་དང་གསུམ། རྙིང་མའི་ལུགས་ཀྱི་བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དང་གསུམ་སྟེ་དོན་ལ་འདྲ་བར་བཤད། ད ེ་ལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དེ་ལ། ཨ་ཏི་སྤྱི་ཏི་ཡང་ཏི་ཞེས་ཀྱང་བྱ། སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་དང་གསུམ་དུ་ཡོད། རྫོགས་ཆེན་སེམས་སྡེ་ཕྱག་རྒྱ་ཆེན་པོ་དང་དོན་གཅིག །གཞི་ཁྲེགས་ཆོད་ཀྱི་སྐོར་ཞེས་བྱ་བ་ཡིན། ཀློང་སྡེ་དང་མན་ངག་གི་སྡེ་གཉིས་ནི་ཕྱག་ཆེན་ལས་ཀྱང་ལྟ་བ་མཐོ་སྟེ་ཐེག་པ་དགུའི་ཡང་རྩེ་ཡིན། ཕྱག་ཆེན་རྫོགས་ཆེན་སེམས་སྡེ་མན་ངག་བསྒོམ་དགོས། རྒྱ་བོད་ཀྱི་གྲུབ་ཆེན་ཚོ་ཡང་ཕལ་ཆེར་ལོ་བཅུ་གཉིས་ཙམ་བསྒོམས་ནས་གྲུབ་པ་ཐོབ་པ་ཁོ་ན་སོ་སོའི་རྣམ་ཐར་ན་གསལ། དེ་ལ་བཀའ་རྫོགས་པ་ཆེན་པོ་ལ་མ་བསྒོམས་པར་འཚང་རྒྱ་བའི་གདམས་ངག་བཞི་འམ་དྲུག་ཡོད་པར་བཤད་དེ། ཟོས་པས་འཚང་རྒྱ་བ་སྐྱེ་བདུན་ཤའི་རིལ་བུ། བཏགས་པས་འཚང་རྒྱ་བ་རྒྱུད་བཏགས་གྲོལ། ཐོས་པས་འཚང་རྒྱ་བ་བར་དོ་ཐོས་གྲོལ་གྱི་དབང་ཁྲིད་སྦྲགས་མ། བལྟས་པས་འཚང་རྒྱ་བ་ཐོད་རྒལ་གྱི་ཁྲིད་འདི། དྲན་པས་འཚང་རྒྱ་བ་འཕོ་བ་དྲན་པ་རང་གྲོལ། རེག་པས་འཚང་རྒྱ་བ་དྷཱ་ཀི་པདྨ་ཅན་དང་དྲུག་གོ །ཆོས་འདི་ལས་ཟབ་པ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་

ཀྱིས་ཀྱང་ཡང་ཡང་མ་གསུང་མི་གསུང་གསུང་བར་མི་འགྱུར་ཞིང་། ཆོས་སྐུ་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་འཆང་དང་། འོད་མི་འཁྲུགས་པ་ལ་སོགས་སྟོན་པ་བཅུ་གཉིས་ཀྱིས་གསུངས་པའི་བཀའ། རིག་འཛིན་དགའ་རབ་རྡོ་རྗེ། ཤྲཱི་སིཾ་ཧ། ཧཱུྃ་ཆེན་ཀཱ་ར། བི་མ་ལ་མི་ཏྲ། འཇམ་དཔལ་བཤེས་གཉེན་སྔ་ཕྱི་གཉིས་སོགས་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱིས་ཐུགས་དམ་མཛད་ཅིང་། རྒྱ་དཀར་ནག་ཨོ་རྒྱན་ཡུལ་སོགས་སུ་འབུམ་ཕྲག་མང་པོ་འཇའ་ལུས་མཁའ་སྤྱོད་དུ་གཤེགས། བོད་དུ་ཡང་ཨོ་རྒྱན་རིན་པོ་ཆེ་དང་། བི་མ་ལ་མི་ཏྲས་གསུངས་པས། རྗེ་འབང་ཕལ་ཆེར་དང་། ཡེར་པ་ནས་གྲུབ་ཆེན་བརྒྱད་ཅུ་དུས་གཅིག་ལ་མཁའ་སྤྱོད་དུ་གཤེགས། དེ་བཞིན་དུ་ཉང་ཏིང་འཛིན་བཟང་པོ། ལྕོག་རོ་སྒོམ་ཆེན་སྒོམ་ཆུང་། གྲུབ་ཐོབ་གཙང་པ་མི་བདུན་ལ་སོགས་པ་འཇའ་ལུས་མཁའ་སྤྱོད་གྲུབ་པ་ཁྲི་ཕྲག་མང་པོ་བྱུང་བར་སྣང་ལ། རྗེ་དུས་གསུམ་མཁྱེན་པས་བླ་མ་བྲག་དཀར་བ་ལས་རྫོགས་ཆེན་ཨ་རོ་སྙན་བརྒྱུད་ཞུས། རྗེ་ཀརྨ་པཀྴིས་ཀཿཐོག་བྱམས་པ་འབུམ་ལས་རྫོགས་ཆེན་ཞུས་ནས་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་གཉིས་མིང་ལ་ཁྱད་པར་ཡོད། དོན་ལ་ཁྱད་པར་མེད་གསུངས། རྗེ་རང་བྱུང་རྡོ་རྗེས་པདྨ་ལས་འབྲེལ་རྩལ་ལས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་ཞུས་ནས་ཐུགས་དམ་མཛད། སློབ་མ་བཞི་ལ་དབང་ལུང་གནང་ནས། ཆོས་ཟབ་མོ་འདི་འདྲ་ནུབ་པར་ཕངས་གསུངས་ནས། བོད་ཀྱི་ཕྱོགས་བཞི་ནས་དར་བར་གྱིས་གསུངས་ཏེ་སློབ་མ་བཞི་བརྫངས། ཁ་རག་སྒོམ་ཆུང་བཀའ་གདམས་པའི་བྱམས་སྙིང་རྗེ་དང་། རྫོགས་ཆེན་གཉིས་ཁོ་ནས་གྲུབ་པ་ཐོབ་པ་ཡིན། འོན་ཀྱང་གུ་རུ་ཤྲཱི་སིཾ་ཧས་བཻ་རོ་ཙ་ན་ལ། བོད་དུ་དང་པོ་རྫོགས་ཆེན་དར། བར་སྐབས་སུ་རྟོག་གེ་པ་རྣམས་ཀྱིས་ཐལ་བརྒྱབ་པས། མི་རྣམས་ཐེ་ཚོམ་སྐྱེས་ནས་ཅུང་

ཞིག་ནུབ། མཐར་དར་ཞིང་རྒྱས་པར་ལུང་བསྟན་པ་ལྟར་བར་སྐབས་སུ་ཅུང་ཞིག་ཁྲིད་སྟོན་པ་ཉུང་ན་ཡང་། དེང་ནས་བཟུང་སྟེ་ཚེ་ལོ་བཅུ་པའི་བར་དུ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་བསྟན་པའི་དུས་ཡིན་པས་རྫོགས་ཆེན་བསྒོམས་ན་རྟོགས་སླ། ཡུན་རིང་བསྒོམས་མི་དགོས། དུས་ཇི་ཙམ་སྙིགས་བཞིན་དུ། བདུད་དང་ལྷ་སྲིན་སྡེ་བརྒྱད་ཁ་ཕྱུར། དེ་ཇི་ལྟར་ཕྱུར་བ་བཞིན་ཨོ་རྒྱན་རིན་པོ་ཆེ་ཐུགས་རྗེ་ཆེ། བྱིན་རླབས་མྱུར། དེའི་གནད་ཀྱིས་ཆོས་རྙིང་མ་དང་རྫོགས་ཆེན་དེང་སང་ནས་ཇེ་དར་ཇེ་ཟབ་ཏུ་འགྲོ་བར་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་མང་པོ་ལ་ཡོད་པས། དེང་སང་བླ་མ་སུ་ཆེ་ཆེ་ཐམས་ཅད་ཀྱིས་རྙིང་མ་ལ་གཙོ་བོ་མཛད་པ་འདི་དག་ཡིན། དེ་ལ་བཀའ་རྫོགས་པ་ཆེན་པོ་འདི་ལ། དབང་པོ་ཐ་མའི་གང་ཟག་རིམ་གྱིས་ཁྲིད་ལུགས་དང་། དབང་པོ་རབ་དབང་ལ་བརྟེན་ནས་ཅར་ཕོགས་སུ་ངོ་སྤྲད་པའི་ལུགས་གཉིས་ཡོད་དེ། ཤར་ཀཿཐོག་པའི་འཁྲུལ་ཞིག་དབང་དྲག་རྒྱ་མཚོ་སོགས་དང་། ཀོང་པོའི་རྫོགས་ཆེན་པ་བསོད་ནམས་བཟང་པོ་སོགས་ཀྱི་ཕྱག་སྲོལ། བླ་མ་དང་ཁྲིད་ཞུ་བ་རྣམས་སོ་སོར་མཚམས་བསྡམས་ནས་མཚམས་ཁང་ནས་མི་རེ་རེ་ལ་གཅིག་ཁྲིད་དུ་བཤད། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེ་དམིགས། སྐྱབས་འགྲོ། སེམས་བསྐྱེད། བྱམས་སྙིང་རྗེ། རྡོར་སེམས་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར། ཡི་དམ་བསྐྱེད་རིམ། རླུང་འཁྲུལ་འཁོར། གཞི་ཁྲེགས་ཆོད་ཕྱག་རྒྱ་ཆེན་པོ། ལུས་ངག་ཡིད་གསུམ་འཁོར་བ་དང་རུ་ཤན་ཕྱེ་བ་དེ་ཐམས་ཅད་བྱས་ནས་སོ་སོར་རྟགས་ཐོན་ངེས་བྱས་ཏེ། དེ་ནས་ཐོད་རྒལ་ངོ་སྤྲད་ནས་ལོ་གསུམ་བར་ཁྲིད་མི་རྫོགས། དེ་བར་ཁྲིད་ཕྲུག་འགྲོ་དབང་མེད་དེ་མཚམས་ལ་སྡོད་བཅུག །དེ་ནས་རྟོགས་པ་བཟང་པོ་འཁྲུངས་ན་གཞན་ལ་

ཁྲིད་སྟོན་པར་བསྐོ། འབྲིང་ཙམ་ལ་དབང་བཀའ་རྗེས་གནང་ཙམ་བྱེད་ཆོག་པར་ལུང་གནང་། ཐ་མ་ལ་ད་རུང་མཚམས་ལོ་གསུམ་ཡིག་དྲུག་དུང་གི་ཁས་ལེན་འཇུག །ཡང་མཐའ་ལ་ད་རུང་ཁྱོད་རི་ཁྲོད་མི་ཟིན། འགྲོ་དབང་མེད་གསུངས་ནས་སྒོམ་འཇུག་པའི་སྲོལ་ཡོད་པར་གདའ། དེ་ལྟ་བུ་ནི་མཆོག་ཡིན་ཡང་། འདི་ཕྱོགས་སུ་སྲོལ་མེད་ཅིང་། བླ་མ་དང་ཁྲིད་ཕྲུག་སུས་ཀྱང་མི་འཁྱོངས་པ་ཡིན། དེ་ལ་ད་རེས་དབང་ལ་བརྟེན་ནས་ངོ་སྤྲད་པ་ནི་གཞུང་ལས་བཤད་པ་ཡིན་པས་དབང་མ་ཐོབ་བར་ཉན་པ་དང་བཤད་པར་མི་རུང་། དབང་ཡང་ཞི་ཁྲོ་ལ་སོགས་རྫོགས་ཆེན་དང་འབྲེལ་བའི་དབང་ཞིག་དགོས། དབང་གང་རུང་གིས་མི་ཆོག །དེ་ལ་ཡང་སྔོན་འགྲོ་ས་བཅད་མ་སྟོང་ཙམ་ཞིག་མ་བཤད་ན་མི་རུང་། སློབ་མ་ལ་བྱིན་རླབས་མི་འཇུག །སློབ་དཔོན་ལ་ལྟུང་བ་འབྱུང་བ་ཡིན། ༀདེ་ལ་སྔོན་འགྲོ་ཅུང་ཟད་བཤད་ན། ཞི་ཁྲོའི་གཞུང་ཚིག་རྣམས་བྱིན་རླབས་ཆེ་བས་འཆད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། དམྱལ་བ་ནི་ས་གཞི་ཙམ་ཡོད་དོ། །དུད་འགྲོ་ནི་ཆང་གི་སྦང་མ་ཙམ་ཡོད་དོ། །ལྷ་མ་ཡིན་ཁ་བ་བུ་ཡུག་ཙམ་ཡོད་དོ། །ལྷ་མི་གཉིས་ནི་སེན་མོའི་རྡུལ་ཆགས་པ་ཙམ་ཅིག་ཡོད་དོ། །ཞེས་གསུངས་སོ། །དལ་འབྱོར་མི་ལུས་ཐོབ་དཀའ་བ་མིག་གིས་བལྟ་རྒྱུ་ཡོད་དེ། རྒྱལ་པོ་ཆེན་པོའི་དམག་ལ་དུ་ཙམ་ཡོད། གྲོག་ཚང་ཆེ་བ་ལ་འབུམ་ཕྲག་གསུམ། འབྲིང་བ་ལ་ཁྲི་ཚོ་གསུམ། ཆུང་བ་ལ་སྟོང་ཚོ་གསུམ་ཡོད་པར་རྔ་བོ་ཆེའི་མདོ་ནས་གསུངས་སོ། །གྲོང་པའམ་རུ་བ་རེ་ལ་མི་དུ་ཙམ་ཡོད། དེའི་ས་སྐོར་ན་དབྱར་ཁ་འབུ་སྲིན་ཅི་གདའ་ལྟོས་དང་། ད་རེས་ལུས་འདི་ལ་སྙིང་པོ་ཞིག་ལེན་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱེ་ཧུད། མི་ལུས་རིན་ཆེན་ཐོབ་པ་ད་རེས་ཙམ། །

འདི་ལ་ཆོས་ཤིག་ཅིས་ཀྱང་མ་འགྲུབ་ན། །ཕྱིས་ནས་མི་ལུས་ཐོབ་པར་དཀའ་བར་གདའ། །དཀའ་འམ་མི་དཀའ་སེམས་ཅན་གྲངས་ལ་ལྟོས། །ངན་སོང་གསུམ་དུ་སྐྱེས་ན་སྙིང་རེ་རྗེ། །ཞེས་བརྗོད་དོ། །དེ་ཡང་ངེད་རང་རྣམས་འཆི་ངེས་པའི་སྟེང་དུ་ནམ་འཆི་ཆ་མེད། ཚེ་ལ་འདི་ཙམ་ཐུབ་ཀྱི་ངེས་པ་མེད་པས་ནམ་འཆི་ཆ་མེད། ཤི་བའི་རྐྱེན་ཤིན་ཏུ་མང་བས་ནམ་འཆི་ཆ་མེད། ལུས་ལ་སྙིང་པོ་མེད་པས་ཀྱང་ནམ་འཆི་ཆ་མེད། བདག་ཤི་ཙམ་ན་སུས་ཀྱང་བཟུང་དུ་མེད། བསྲུང་དུ་མེད། སུས་ཀྱང་མི་ཕན་ཏེ། བསགས་པའི་ནོར་གྱིས་ཀྱང་འཆི་བ་ལ་མི་ཕན། བུ་དང་ཆུང་མ་འདུས་པའི་གཉེན་གྱིས་ཀྱང་འཆི་བ་ལ་མི་ཕན། རང་གི་ལུས་ཀྱིས་ཀྱང་འཆི་བ་ལ་མི་ཕན་ཏེ་ལུས་ཉིད་ཀྱང་ཤུལ་དུ་བསྐྱུར། མེ་ལ་བསྲེགས་ན་ཐལ་བ་སྤར་གང་དུ་འགྲོ། བསགས་པའི་ནོར་ཤུལ་དུ་ལུས་ཏེ་ཁབ་གཅིག་ཀྱང་འཁྱེར་དབང་མེད། འདུས་པའི་གཉེན་དང་སོ་སོར་བྲལ་ཏེ། དེ་ཕྱིན་ཆད་འཕྲད་པར་མི་འོང་བའི་ས་ཐག་རིང་པོ་ཞིག་ལ་ད་ནས་མགྱོགས་པར་འགྲོ་དགོས། གྲོགས་ཟླ་བོ་གཅིག་ཀྱང་ཁྲིད་དབང་མེད། རང་གཅིག་པུར་འགྲོ་དགོས་པའི་དུས་ལ་སླེབ་ལ་ཁད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད། འདུས་བྱས་ནི་མི་རྟག་པའོ། །ཉིན་མཚན་གཉིས་ཀྱིས་ཚེ་ལ་རྐུའོ། །ནམ་འཆི་ཆ་མེད་དོ། །དེ་སྔ་མ་ཤི་བ་ནི་ཁ་རྗེ་ཆེའོ། །ད་ནི་ཤི་བ་ལ་སླེབ་ལ་ཁད་དོ། །ཞེས་བརྗོད་བཅུག །དེ་ལྟར་ཤི་ནས་རང་གར་འགྲོ་རང་ལ་དབང་མེད། ལས་དགེ་སྡིག་གི་གར་ཁྲིད་ཡིན་ཏེ། དྲན་པ་ཉེར་བཞག་ཆུང་བ་ལས། དགེ་བ་ཡིས་ནི་བདེ་བ་ཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་བསྟན། །ཞེས་དང་། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་

སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས་པས། དགེ་བའི་ལས་སྐྱེ་བ་གཏན་གྱི་སོ་ནམ་ཡིན་པས་ཅི་འགྲུབ་འབད། སྡིག་པ་རང་གིས་རང་ཕུང་བ་ཡིན་པས་སྤང་ཅི་ཐུབ་བྱེད་བསམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། ཐམས་ཅད་འགྲིམ་པའི་འཕྲང་འགགས་དོགས་མོ་དེར། །ལས་ཀྱི་གཤིན་རྗེའི་ཁྲིམས་རར་ཚུད་ཙམ་ན། །ཁས་དྲག་བཙན་ཀྱང་དེ་རུ་བྱ་ཐབས་མེད། །སྡིག་པོ་ཆེ་རྣམས་གློ་སྙིང་གས་ལ་ཁད། །མི་དགེ་སྤྱོད་པའི་ལས་ཀྱི་བརྡ་དེད་དེ། །ནམ་མཁའི་ཐོག་ལས་མགྱོགས་ཤིང་ཤུགས་ཆེ་བ། །དཀར་ནག་ལས་ཀྱི་གྲངས་རྩིས་ཞིབ་ལུགས་དེ། །ཕྲ་ཞིང་ཕྲ་བའི་སྡིག་ཀྱང་མི་བརྗེད་ན། །སྡིག་པ་མི་འཛེམ་མི་རྣམས་ཅི་དྲན་ཨང་། །ཐར་ལམ་དཀར་པོ་ལམ་གྱི་བདེ་ལུགས་དང་། །ངན་སོང་ནག་པོའི་ལམ་གྱི་སྡུག་བསྔལ་དེ། །ལས་ནི་ལུས་དང་གྲིབ་མ་བཞིན་ཏུ་འགྲོགས། །དཀར་པོ་དགེ་བའི་སྟངས་ནི་གཤིན་རྗེས་འཛིན། །ནག་པོའི་སྡིག་པའི་ཆད་པ་གཤིན་རྗེས་གཅོད། །སེམས་ཅན་ལས་ལ་སྤྱོད་པར་རྒྱལ་བས་གསུངས། །ཅེས་བརྗོད། དེ་ནས་སྟབས་འགྲིགས་མི་ཉུང་ན་མྱ་ངན་གྱི་འདུག་སྟངས་བྱེད་བཅུག་ལ། ཨ་ཙ་མ། འཁོར་བ་མེ་ཡི་དོང་ཆེན་པོ། ཚ་བའི་ངར་དང་ལྡན་པ། གཏིང་ཟབ་པ་རྒྱ་ཆེ་བ། འཕང་མཐོ་བ་ལྟ་བུ་། དེའི་ནང་ན་སེམས་ཅན་དམྱལ་བའི་སྡུག་བསྔལ་ཙི་ཏི་རི་རི་ཡོད་པ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ངུ་འབོད་རིང་རིང་པ། དུད་འགྲོ་གླེན་ལྐུགས་གཅིག་གིས་གཅིག་གསོན་པོར་ཟ་བ། ལྷ་དང་མི་དང་ལྷ་མ་ཡིན་གསུམ་ཡང་གནས་སྐབས་ཡུད་ཙམ་སྐྱིད་ཀྱང་། མྱུར་དུ་མི་རྟག་ངན་སོང་དུ་ལྟུང་ལ་ཁད་པ། འདི་ལས་ཐར་པའི་ཐབས་ཤིག་ད་རེས་མི་བྱེད་ན་ནམ་བྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱེ་ཧུད་། འཁོར་བ་འདི་ནི་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ནི་བདེ་བའོ། །ཨ་ཙ་མ།

འཁོར་བའི་སྡུག་བསྔལ་མེའི་དོང་རིང་འདིར་ཚུད་པ་འདི་ནི་འཇིགས་པ་ལ། ཨ་ཙ་མ་འདི་ཡི་ནང་ནས་ད་ལན་འབྲོས་པའི་དུས་ལ་བབ་བོ། །ངན་སོང་གསུམ་གྱི་སྡུག་བསྔལ་ནི་བཟོད་པའི་བླགས་མེད་ཅིང་མཐའ་ལས་འདས་ཏེ། བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མི་འདུག་པས་ད་ནི་མྱུར་དུ་འབྲོས་པའི་གྲབས་བྱ་རན། ཀྱེ་མ་འཁོར་བ་སྐྱིད་མེད་མེ་དོང་འོབ་ལྟ་བུ། །འདི་ལས་བཟློག་དུས་ད་ལན་དུས་གཅིག་ཡིན། །ངན་སོང་གསུམ་གྱི་སྡུག་བསྔལ་མཐའ་ལས་འདས། །བདེ་བའི་གོ་སྐབས་སྐད་ཅིག་མ་མཆིས་སོ། །ད་ནི་མེ་དོང་འོབ་ནས་འབྲོས་རེ་རན། །ཞེས་བརྗོད། དེས་ཐུན་མོང་གི་སྔོན་འགྲོ་བཞི་མཚོན་ཙམ་སོང་། ཨཱཿསྔོན་འགྲོ་གཉིས་པ་ནི། འདིར་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་གཅིག་ཏུ་བསྡོམས་པ་འདི་ལྟར་བསྒོམ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་དཀར་པོ་དང་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་བདེ་གཤེགས་ཞི་བའི་ལྷ་ཚོགས། མགྲིན་པར་ཐུགས་རྗེ་ཆེན་པོ་པདྨ་གར་གྱི་དབང་ཕྱུག་ལ་དག་པ་རིག་འཛིན་ལྷ་ཚོགས། དབུའི་ནང་དུ་ཆེ་མཆོག་ཧེ་རུ་ཀ་ལ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱིས་བསྐོར་བ། དབུ་བཙུག་ན་ཨོ་རྒྱན་རིན་པོ་ཆེ་ལ་རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་འཁྲིགས་པ་ལྟ་བུར་བསྒོམས་ལ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཁ་བ་བུ་ཡུག་ལྟར་བྱོན་ནས་སྤྱི་བོའི་དེ་ལ་ཐིམ་པས་དཀོན་མཆོག་ཀུན་འདུས་སུ་བསྒོམས་ལ། དེའི་དྲུང་དུ་སྐྱབས་འགྲོ་དང་། བྱང་

ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་རྗེས་ཟློས་མཛོད། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ན་མོ་བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ་བྱ། རྡོ་རྗེ་སེམས་དཔའི་སྐུའི་ལྷ་ཚོགས་དམ་པ་རིགས་བརྒྱའི་ཀུན་བཟང་ཐུགས་ཀར་ༀ་ནས་སྒོ་མ་སྦྲུལ་གདོང་མའི་ཐུགས་ཀར་ཨཱཿའི་བར་ཡིག་བརྒྱ་འབྲུ་རེ་རེ་གནས་པ་ལས། བདུད་རྩིའི་རྒྱུན་བབས་པས་སྐུ་གང་། ཞབས་གཡས་པའི་མཐེ་བོང་ནས་ངང་རྒྱང་རྒྱང་བབ། སྤྱི་བོ་ཚང་བུག་ནས་ཞུགས་པས་ལུས་གང་། སྡིག་སྒྲིབ་ཐམས་ཅད་ནག་ནུ་རུ་རུ་འོག་སྒོ་དང་རྐང་མཐིལ་ནས་ཐོན། འོག་གཞི་གསེར་གྱི་ས་གཞིའི་འོག་ཏུ་སོང་། ལུས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར་པར་བསྒོམས་ལ། ཤེས་ན་ཡིག་བརྒྱ་ཐོན། མི་ཤེས་པ་རྣམས་ཀྱིས། ༀ་བཛྲ་ས་ཏྭ་ཧཱུྃ། འདི་ལ་འུར་འདོན་ཡུད་ཙམ་བྱས་ལ་ད་འདིའི་རྗེས་ཟློས་མཛོད། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་རྗེས་ཟློས། ད་རང་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ། གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱར་སྤྲུལ་པ་དང་། འཇིག་རྟེན་ཁམས་ཀྱི་ལྷ་མིའི་ལོངས་སྤྱོད་ཐམས་ཅད་བླ་མ་རྡོ་རྗེ་སེམས་དཔའ་ལ་མཎྜལ་དུ་ཕུལ་བའི་མོས་པས་རྗེས་ཟློས་མཛོད། ༀ་ཨཱཿཧཱུྃ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ། །རི་རབ་གླིང་བཞི་རྡུལ་སྙེད་མཆོད་སྤྲིན་གཏིབས། །ལྷ་

མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་འདི། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་ཤོག །ༀ་ཨཱཿཧཱུྃ། རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་མདངས་རྒྱན་གྱིས་བརྒྱན། །ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ལོངས་སྐུའི་ཞིང་དུ་སྐྱེ་བར་ཤོག །ༀ་ཨཱཿཧཱུྃ། སེམས་ཉིད་ཆོས་སྐུར་དག་པའི་གཞལ་ཡས་སུ། །དམིགས་མེད་སྟོང་གསལ་འཛིན་མེད་ངང་དུ་གནས། །གདོད་ནས་དག་པ་གཉུག་མའི་ཡེ་ཤེས་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ཆོས་སྐུའི་ཞིང་དུ་སྐྱེ་བར་ཤོག །ༀ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད་དོ། །ད་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ལ། དད་གུས་རྩེ་གཅིག་གིས་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སོ། །དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་སོ། །སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས་སོ། །རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །གུ་རུ་ཤྲཱི་སིཾ་ཧ་ལ་ལ་གསོལ་བ་འདེབས་སོ། །རྒྱ་གར་རིག་འཛིན་བརྒྱད་པོ་ལ་གསོལ་བ་འདེབས་སོ། །འཆི་མེད་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །ལྷ་ལྕམ་མནྡཱ་ར་བ་་ལ་གསོལ་བ་འདེབས་སོ། །རྗེ་འབང་ཉི་ཤུ་རྩ་ལྔ་ལ་གསོལ་བ་འདེབས་སོ། །གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་གསོལ་བ་འདེབས་སོ། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས་སོ། །ཞི་བ་བཞི་བཅུ་རྩ་

གཉིས་ལ་གསོལ་བ་འདེབས་སོ། །འབར་བ་ཁྲག་འཐུང་ལྔ་བཅུ་ལ་གསོལ་བ་འདེབས་སོ། །དག་པ་རིག་འཛིན་ལྷ་ཚོགས་ལ་གསོལ་བ་འདེབས་སོ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས་ཤིག །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས་ཤིག །རིག་པ་ཚད་ལ་ཕེབ་པར་བྱིན་གྱིས་རློབས་ཤིག །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས་ཤིག །འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས་ཤིག །ཅེས་དབྱངས་སུ་གྱེར་རམ་རྗེས་ཟློས་བྱས་ནས། དེ་ལྟར་གསོལ་བ་བཏབ་པས། སྤྱི་བོའི་རྡོ་རྗེ་སེམས་དཔའ་རྩ་བརྒྱུད་ཀྱི་བླ་མ་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམས་ལ། སེམས་མ་བཅོས་པར་རང་ལུགས་སུ་ལྷོད་དེ་ཀློད་ལ་ཞོག་ཅིག །དེའི་ཚེ་སེམས་ཀྱིས་སེམས་ལ་བལྟས་པས། ཅིའི་ཡང་ངོ་བོར་མ་གྲུབ་པའི་སྟོང་སང་ངེ་བ་ཞིག་འཆར་ཏེ། ཕ་རོལ་ཏུ་ཕྱིན་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་དང་། རང་གི་ཤེས་རིག་འདི་ཉིད་གསལ་སྟོང་གཉིས་སུ་མེད་པའི་མཚན་ཉིད། འདི་ལ་རང་བཞིན་མེད་པས་སྟོང་པ། སྟོང་པ་དེ་ཉིད་སྟོང་པ་ཕྱལ་ཆད་དུ་མ་སོང་བར། སྟོང་པའི་ངོ་བོ་རིག་པ་རང་བཞིན་གྱིས་གསལ་བས། གསལ་སྟོང་གཉིས་སུ་མེད་པའི་མཚན་ཉིད་ཅན་དེ། ངོ་བོ་སྟོང་པའི་ཆ་ནས་རྟག་པ་མཐར་འཛིན་གྱི་ཕྱོགས་སུ་མ་ལྷུང་། རང་བཞིན་གསལ་བའི་ཆ་ནས་ཆད་པ་མཐར་འཛིན་གྱི་ཕྱོགས་སུ་མ་ལྷུང་སྟེ། མུ་ཏིག་ཕྲེང་རྒྱུད་ལས། སྟོང་གསལ་རིག་ཅིང་འགྱུར་བ་མེད། །ཅེས་སོ། །ཐུགས་རྗེས་ཀུན་ལ་ཁྱབ་ཅིང་མཚན་ཉིད་གཉིས་སུ་མེད་པས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས་པའི་མཚན་ཉིད་ཅན་ཏེ།

སྒྲོན་མ་འབར་བའི་རྒྱུད་ལས། ཐོག་མའི་ཀ་དག་ཆེན་པོ་ལས། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་བ། །ཡེ་ཉིད་ནས་ནི་རང་བཞིན་ནོ། །ཞེས་དང་། ངོ་བོ་དེའི་མཚན་ཉིད་ནི། །རང་ཤར་གྱི་རྒྱུད་ལས། རྟག་ཆད་གཉིས་ཀྱི་རྒྱུ་ལས་འདས། །ཞེས་གསུངས་པ་དང་། རང་གྲོལ་གྱི་རྒྱུད་ལས། མཐའ་བཞིའི་དྲི་མ་རང་སང་ཉིད། །ཅེས་གསུངས་ཏེ། རང་གི་ཤེས་རིག་གི་ངོ་བོ་ཝ་ལེར་གསལ་བ། དང་པོ་རྒྱུ་ལས་མ་བསྐྱེད་པ། བར་དུ་རྐྱེན་གྱིས་མི་འཇིག་པ། མེད་བཞིན་དུ་སྟོང་པའི་རང་རྩལ་སྣ་ཚོགས་སུ་འཕྲོ་བ་འདི་ཁོ་ན་སྒྲོན་མའི་ངོ་བོ་སྟེ། སྒྲོན་མའི་རང་བཞིན་ནི། རང་གི་ཤེས་རིག་གི་ངོ་བོ་འདི་ལ་རང་བཞིན་གྲུབ་པ་མེད་པའི་ཕྱིར་སྟོང་པ་ཉིད་དེ། དེ་ཡང་ཤེས་རིག་ཟེར་བ་ནི་རང་གི་སེམས་ལ་ཟེར་བ་ཡིན་ཏེ། དེ་ཡང་ཕྱོགས་ཀྱིས་སྟོང་པ་ནི། རང་གི་ཤེས་རིག་འདི་ལ་བལྟས་པས་ཤར་ཕྱོགས་སུ་མི་གནས་ཤིང་མ་གྲུབ། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་མཚམས་དང་སྟེང་འོག་དང་། ཕྱོགས་བཞི་ཞེས་བྱ་བར་རང་བཞིན་གྲུབ་པ་མེད་ལ། དབྱིབས་ཀྱིས་སྟོང་པ་ནི། རང་སེམས་རང་གིས་ཤེས་རིག་འདི་ལ་བལྟས་པས། ཟླུམ་པོའི་དབྱིབས་སུ་མ་གྲུབ། གྲུ་བཞི་དང་ཟླ་གམ་དང་གྲུ་གསུམ་ལ་སོགས་པ་གང་གི་ཡང་དབྱིབས་སུ་མ་གྲུབ། མ་མཐོང་བའི་ཕྱིར་སྟོང་པ་ཉིད་དོ། །དེ་བཞིན་དུ་ཁ་དོག་གིས་སྟོང་པ་ནི། རང་སེམས་ད་ལྟའི་ཤེས་རིག་འདི་ལ། ཁ་དོག་དཀར་པོའི་རང་བཞིན་དུ་མི་གནས། དམར་པོ་དང་། སེར་པོ་དང་། མཐིང་ག་དང་། ལྗང་གུ་དང་། ཁྲ་བོ་ལ་སོགས་ཁ་དོག་གང་དུ་ཡང་མ་མཐོང་མ་གྲུབ། གྲུབ་པ་མི་འདུག་པའི་ཕྱིར་སྟོང་པ་ཉིིད་དོ། །དེ་བཞིན་དུ་རང་སེམས་རང་གི་ཤེས་རིག་འདི་ལ་ཆོས་ཅན་མཚན་མར་གྲུབ་པ་སྤུ་ཙམ་ཡང་མི་འདུག་ཅིང་། མ་མཐོང་བས་ན་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་

དོ། །ཤེས་རབ་སྙིང་པོ་ལས། ཕུང་པོ་ལྔ་པོ་དེ་དག་ལ། རང་བཞིན་གྱིས་སྟོང་པ་རྣམ་པར་བལྟའོ། །ཞེས་དང་། རང་ཤར་གྱི་རྒྱུད་ལས། ཆོས་ཉིད་རྟོགས་པར་བྱེད་པ་ནི། །བྱར་མེད་ངང་དུ་ཤེས་པར་བྱ། །དེ་ལྟར་སྐྱེ་མེད་དོན་རྟོགས་ནས། །ཆོས་ཉིད་ལྟ་བའི་ལྟ་བར་འདོད། །ཅེས་གསུངས་པ་དང་། ཡི་གེ་མེད་པའི་རྒྱུད་ལས། ལྟ་བ་མེད་པས་དེ་ལ་བལྟ་རྒྱུ་མེད། །ལྟ་བའི་དོན་ལ་འདི་ཡིིན་ངང་གིས་མེད། །དེ་ཡོད་མ་ཡིན་དེའི་ངང་གནས་པར་བྱ། །ཞེས་གསུངས་པ་དང་། རིག་པ་གཅེར་མཐོང་ལས། སྔར་རྗེས་མི་གཅོད་འདས་པའི་འདུ་ཤེས་དོར། །ཕྱི་མདུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །ད་ལྟ་འཛིན་མེད་ནམ་མཁའི་ངང་ལ་བཞག །བསྒོམ་རྒྱུ་མེད་པས་ཅིར་ཡང་མི་བསྒོམ་ཞིང་། །ཡེངས་སུ་མེད་ཅིང་ཡེངས་མེད་དྲན་པ་བསྟེན། །བསྒོམ་མེད་ཡེངས་མེད་ངང་ལ་ཅེར་གྱིས་ལྟོས། །རང་རིག་ཤེས་པ་རང་གསལ་ལྷང་ངེ་བ། །ཤར་བ་དེ་ཉིད་བྱང་ཆུབ་ཅེས་བྱའོ། །ཞེས་གསུངས་པ་ལྟར། ཡིད་ལ་འདི་བསྒོམ་གྱི་གཏད་སོ་མི་བྱེད། སྔ་ཕྱི་བསམ་བློ་མི་བཏང་། བསྒོམ་སྐྱེ་བའི་རེ་བ་དང་མ་སྐྱེས་ཀྱིས་དོགས་པ་མི་བྱ། འདི་བསྒོམ་ཡིན་ནམ་མིན་ནམ་གྱི་ཐེ་ཚོམ་མི་བྱ། ལུས་པོ་བསྲང་ཞིང་བག་ལྷོད་ལ་སེམས་ཀྱིས་སེམས་ལ་ལྟོས་ལ་སྡོད་དང་། གཟུགས་དང་ཁ་དོག་དང་དངོས་པོ་ཅི་ཡང་མཐོང་རྒྱུ་མེད་ན་ཡང་། ཅི་ཡང་མེད་པའི་སྟོང་པ་མ་ཡིན་པར། ཡིད་ཀྱི་ཡུལ་དུ་རིག་རྒྱུ་དང་མྱོང་རྒྱུ་ཞིག་ཡོད་དེ། དེ་ལ་ལྐུགས་པས་བུ་རམ་མུར་བ་ལྟ་བུ་ཟེར། རང་གི་ཡིད་ཡུལ་དུ་མཐོང་རྒྱུ་ཞིག་ཡོད་དེ། དེ་ཁ་ནས་བརྗོད་མི་ཤེས་པས་སྨྲ་བསམ་བརྗོད་མེད་ཟེར། དེ་ལ་གཟུགས་དང་ཁ་དོག་དང་དངོས་པོ་མེད་པས་སྟོང་པ་ཉིད་ཟེར། དེ་ཤེས་ན་ཤེས་བྱའི་རབ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟེར། སེམས་དེ་ཡོད་པ་དང་མེད་པའི་མཐའ་དང་

བྲལ་བས་དབུ་མ་ཆེན་པོ། འཁོར་འདས་ཐམས་ཅད་དེ་ལས་འདའ་བ་མེད་པས་ཕྱག་རྒྱ་ཆེན་པོ། ཆོས་ཐམས་ཅད་དེ་ལ་མ་འདུས་པ་མེད་པས་རྫོགས་པ་ཆེན་པོ། དེ་རང་ལ་ཡེ་ནས་རང་ཆས་སུ་ཡོད་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ཏེ། རིག་པ་ཅེར་མཐོང་ལས། ཨེ་མ་ཧོཿསེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ། །ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །འབྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་འབྱུང་། །འདོད་ནི་ཐེག་པ་བཅུ་གཅིག་ལྟར་དུ་འདོད། །མིང་ནི་བསམ་གྱིས་མི་ཁྱབ་སོ་སོར་བཏགས། །ལ་ལ་དག་གིས་སེམས་ཉིད་སེམས་ཉིད་ཟེར། །མུ་སྟེགས་ལ་ལས་བདག་ཅེས་མིང་དུ་བཏགས། །ཉན་ཐོས་པས་ནི་གང་ཟག་བདག་མེད་ཟེར། །སེམས་ཙམ་པས་ནི་སེམས་ཞེས་མིང་དུ་བཏགས། །ལ་ལས་དབུ་མ་ཞེས་པའི་མིང་དུ་བཏགས། །ལ་ལས་ཤེས་རབ་ཕ་རོལ་ཕྱིན་པ་ཟེར། །ལ་ལས་བདེ་གཤེགས་སྙིང་པོ་མིང་དུ་བཏགས། །ལ་ལས་ཕྱག་རྒྱ་ཆེན་པོའི་མིང་དུ་བཏགས། །ལ་ལས་ཐ་མལ་ཤེས་པའི་མིང་དུ་བཏགས། །ལ་ལས་ཐིག་ལེ་ཉག་གཅིག་མིང་དུ་བཏགས། །ལ་ལས་ཆོས་ཀྱི་དབྱིངས་ཞེས་མིང་དུ་བཏགས། །ལ་ལས་ཀུན་གཞི་ཞེས་པའི་མིང་དུ་བཏགས། །འདི་ཉིད་མངོན་སུམ་མཛུབ་ཚུགས་ངོ་སྤྲད་ན། །འདས་པའི་རྟོག་པ་རྗེས་མེད་ཡལ་བའི་སྟེང་། །མ་འོངས་རྟོག་པ་མ་སྐྱེས་སོ་མ་ལ། །ད་ལྟ་བཟོ་མེད་རང་ལུགས་གནས་པའི་དུས། །ཐ་མལ་རང་ཁའི་དུས་ཀྱི་ཤེས་པ་ལ། །རང་གིས་རང་ལ་གཅེར་གྱིས་ལྟ་བའི་ཚེ། །བལྟས་པས་མཐོང་རྒྱུ་མེད་པའི་ས་ལེ་བ། །རིག་པ་མངོན་སུམ་རྗེན་པར་ཧྲིག་གེ་བ། །གྲུབ་པ་མེད་པའི་སྟོང་དང་སང་ངེ་བ། །གསལ་སྟོང་གཉིས་སུ་མེད་པར་ཡེ་རེ་བ། །རྟག་པ་མ་ཡིན་ཅིར་ཡང་གྲུབ་པ་མེད། །ཆད་པ་མ་ཡིན་ས་ལེ་ཧྲིག་གེ་བ། །གཅིག་ཏུ་མ་ཡིན་དུ་མར་རིག་ཅིང་གསལ། །དུ་མར་མ་

གྱུར་དབྱེར་མེད་རོ་གཅིག་པས། །གཞན་ན་མེད་དེ་རང་སེམས་འདི་ཉིད་དོ། །དངོས་གཞིར་གནས་ལུགས་དོན་གྱི་ངོ་སྤྲོད་དེ། །འདི་ལ་སྐུ་གསུམ་ངོ་བོ་ཅི་ཡང་ཚང་། །ཅི་ཡང་མ་གྲུབ་སྟོང་པ་ཆོས་ཀྱི་སྐུ། །སྟོང་པའི་རང་མདངས་གསལ་བ་ལོངས་སྐུ་ཡིན། །འགགས་མེད་ཅིར་ཡང་ཤར་བ་སྤྲུལ་སྐུ་ཡིན། །རང་སེམས་གཅིག་ཏུ་ཚང་བ་ངོ་བོ་ཉིད། །འདི་ཉིད་མཛུབ་ཚུགས་བཙན་ཐབས་ངོ་སྤྲད་ན། །ད་ལྟ་རང་གི་ཤེས་པ་འདི་ཀ་ཡིན། །མ་བཅོས་རང་གསལ་འདི་ཀ་ཡིན་པ་ལ། །སེམས་ཉིད་མ་རྟོགས་བྱ་བ་ཅི་ལ་ཟེར། །འདི་ལ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །བསྒོམ་ལ་མ་བྱུང་བྱ་བ་ཅི་ལ་ཟེར། །རིག་པ་མངོན་སུམ་འདི་ཀ་ཡིན་པ་ལ། །རང་སེམས་མ་རྙེད་བྱ་བ་ཅི་ལ་ཟེར། །གསལ་རིག་རྒྱུན་ཆད་མེད་པ་འདི་ཀ་ལ། །སེམས་ངོ་མ་མཐོང་བྱ་བ་ཅི་ལ་ཟེར། །ཡིད་ཀྱིས་བསམ་མཁན་ཁོ་རང་ཡིན་པ་ལ། །བཙལ་བས་མ་རྙེད་བྱ་བ་ཅི་ལ་ཟེར། །འདི་ལ་བྱ་རྒྱུ་ཅི་ཡང་མེད་པ་ལ། །བྱས་པས་མ་བྱུང་བྱ་བ་ཅི་ལ་ཟེར། །མ་བཅོས་རང་སར་བཞག་པས་ཆོག་པ་ལ། །གནས་སུ་མ་བཏུབ་བྱ་བ་ཅི་ལ་ཟེར། །བྱར་མེད་ཅོག་གེར་བཞག་པས་ཆོག་པ་ལ། །དེ་ལ་མ་ནུས་བྱ་བ་ཅི་ལ་ཟེར། །གསར་རིག་སྟོང་གསུམ་ལྷུན་གྲུབ་དབྱེར་མེད་ལ། །གྲུབ་དང་མ་གྲུབ་བྱ་བ་ཅི་ལ་ཟེར། །རྒྱུ་རྐྱེན་མེད་པར་རང་བྱུང་ལྷུན་གྲུབ་ལ། །རྩོལ་བས་མ་ནུས་བྱ་བ་ཅི་ལ་ཟེར། །རྟོག་པ་ཤར་གྲོལ་དུས་མཉམ་ཡིན་པ་ལ། །གཉེན་པོས་མ་བྱུང་བྱ་བ་ཅི་ལ་ཟེར། །ད་ལྟའི་ཤེས་པ་འདི་ཀ་ཡིན་པ་ལ། །འདི་ལ་མི་ཤེས་བྱ་བ་ཅི་ལ་ཟེར། །སེམས་ཉིད་སྟོང་པ་གཞི་མེད་ཡིན་པར་ངེས། །རང་སེམས་དངོས་མེད་ནམ་མཁའ་སྟོང་པ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །སྟོང་པ་ཕྱལ་ཆད་ལྟ་བ་མ་ཡིན་པར། །རང་བྱུང་ཡེ་ཤེས་ཡེ་ནས་གསལ་བར་ངེས། །རང་

བྱུང་རང་གསལ་ཉི་མའི་སྙིང་པོ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །རིག་པ་ཡེ་ཤེས་རྒྱུན་ཆད་མེད་པར་ངེས། །རིག་པ་རྒྱུན་ཆད་མེད་པ་ཆུ་བོའི་གཞུང་དང་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །རྣམ་རྟོག་འགྱུ་དྲན་ངོས་བཟུང་མེད་པར་ངེས། །འགྱུ་བ་དངོས་པོ་མེད་པ་སེར་བུ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །ཞེས་གསུངས་པ་ལྟར་བསྒོམ་རྒྱུ་ུདམིགས་པ་ཅི་ཡང་མེད་པར་སེམས་ཀྱིས་སེམས་ལ་བལྟས་ནས་འདུག་པ་དེ། ཕྱག་རྒྱ་ཆེན་པོའི་ངོ་བོ་སྐྱོང་བ་ཡིན་ལ། རྫོགས་ཆེན་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་ཡིན། དེ་བསྒོམ་ཡུན་ཤི་དང་མཉམ་པར་ནུས་ན། འཆི་དུས་ཕྱི་དབུགས་ཆད་ཙམ་ན། གཞིའི་འོད་གསལ་ངོས་ཟིན་ནས། དེ་ལ་ཞག་བདུན་གནས་ན་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་འཚང་རྒྱ་བར་གསུངས་པས། ཉམས་སུ་ཅི་ལོན་མཛོད་ཅིག །ཧཱུྃ༔དངོས་གཞི་འདི་གཅིག་པུས་ཡང་ཆོག །ལམ་ཐོད་རྒལ་ཞེས་བྱ་བ་སྟོན་པ་ལ། སྒྲ་ཐལ་འགྱུར་རྒྱུད་ལས། སྔོན་དུ་འགྲོ་ལ་རྩལ་ཉིད་སྦྱང་། །ལུས་དང་ངག་དང་ཡིད་གསུམ་པོ། །འཁོར་འདས་རུ་ཤན་འབྱེད་པར་བཤད། །འཁོར་འདས་རུ་ཤན་མ་ཕྱེས་ན། །འཁོར་འདས་ལུས་ངག་ཡིད་གསུམ་གྱི། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་ཕྱེ་བར་བྱ། །ཞེས་གསུངས་པས། རྒྱས་པར་འདིར་མ་ལྕོགས་ན་ཡང་། བརྡ་ཙམ་ཞིག་བྱ་དགོས་པས། ཐལ་འགྱུར་ལས། རྡོ་རྗེའི་སྐྱིལ་ཀྲུང་དྲང་བཅས་པས། །དེ་ལྟར་ལུས་སྦྱངས་སེམས་ལ་ཕན། །ཞེས་དང་། འདས་རྗེས་ལས། སྐྱིལ་ཀྲུང་མཐིལ་སྤྲད་དྲང་པོར་བསྲང་། །སྤྱི་བོར་ཐལ་མོ་སྦྱར་བར་བྱ། །དེ་ལྟར་ལུས་ཀྱིས་སུས་བྱས་པ། །ལུས་དེ་མི་ལྡོག་བར་ཆད་ཞི། །ཞེན་པ་ལོག་ཅིང་སྡིག་པ་དག །ལུས་དེ་སྤྲུལ་པའི་སྐུར་གྲོལ་ནས། །ལྷག་མེད་ཉིད་དུ་བུདྡྷཱའོ། །

ཞེས་གསུངས་པས། རྐང་མཐིལ་གཉིས་སྤྲད་ལ་དྲང་པོར་བསྲང་། ལག་པ་སྤྱི་བོར་ཐལ་མོ་སྦྱར་ལ་ཡུད་ཙམ་ཞིིག་སྡོད་ཅིག །ད་ངག་རུ་ཤན་ཕྱེ་བ་ནི། འདས་རྗེས་ལས། ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་ངག་ལ་སྤྱད། །ཅེས་གསུངས་པས་འདིའི་རྗེས་ཟློས་མཛོད། ན་ར་ཀ། པྲེ་ཏ་ཀ། ཏཱིརྱ་ཀཨ་སུ་ར། མ་ནུ་ཥེ། དྷེ་ཝ་ཨ། ཤཱནྟི་ཀ། ཀྲོ་ཏ་ཀ། ཨེ་ཡྃ་རྃ་བྃ་ལྃ་སུྃ༔ད་སེམས་ལ་ལྟོས་ཤིག །ཡང་ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་ཉིད་སྦྱང་། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །ཅེས་གསུངས་པས། ད་རང་གི་སྙིང་གར་ཧཱུྃ་མཐིང་ནག་གཅིག་སྒོམས། དེ་ལས་ཧཱུྃ་མང་པོ་མཆེད་ནས་ལུས་གང་། བ་སྤུའི་ཁུང་བུ་ནས་ཧཱུྃ་གི་ཐག་པ་འཕྲོས། ཕྱོགས་བཞི་མཚམས་བརྒྱད་དང་འཇིག་རྟེན་ཐམས་ཅད་ཧཱུྃ་སྔོན་པོས་གང་བར་བསྒོམས། དང་པོ་ཧཱུྃ་རིང་དབྱངས་གཅིག་དང་དེ་ནས་ཧཱུྃ་ཐུང་དྲག་ཏུ་བརྗོད་པའི་མཉམ་དུ་རམ་བུ་ཁྱོག །ཧཱུྃ་ཧཱུྃ་ཧཱུྃ༔ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ཧཱུྃ་ཐུང་ལ་དྲག་ཏུ་བརྗོད། ད་མདུན་འདི་ན་ཧཱུྃ་སྔོན་པོ་ཁྲུ་གང་ཙམ་ཞིག་ལ་རིག་པ་ཡུད་ཙམ་གཏོད་ཅིག །འདས་རྗེས་ལས། ཡིད་ཀྱིི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། །རྗེས་ཀྱི་ཤེས་པ་རྩད་བཅད་ཀྱང་། །ཞེས་གསུངས་པས། ཁྱེད་རང་རྣམས་ངན་སོང་གསུམ་དུ་སྐྱེས་ནས་སྡུག་བསྔལ་ཚད་མེད་པར་སྒོམས་ཤིག །ཡང་ཁྱེད་རང་རྣམས་ལྷ་དང་ལྷ་མ་ཡིན་དང་མི་ཡི་རྒྱལ་པོར་སྐྱེས་ནས། བདེ་སྐྱིད་ཚད་མེད་པར་སྒོམས་ཤིག །འོ་དེ་ལྟར་སྐྱིད་བསམ་མཁན་དེ་དང་སྡུག་བསྔལ་བསམ་མཁན་གྱི་སེམས་ལ་ལྟོས་དང་། ངོ་བོ་སྟོང་པ་ལ་ཁྱད་པར་མེད། སེམས་ཀྱི་རྣམ་པར་རྟོག་པ་དེ་དང་པོ་བྱུང་ས་མེད་པས་ཆོས་སྐུ། བར་དུ་

གནས་ས་མེད་པས་ལོངས་སྐུ། ཐ་མ་འགྲོ་ས་མེད་པས་སྤྲུལ་སྐུ། ཞེས་ལུང་ལས་གསུངས་ཏེ། ཐལ་འགྱུར་ལས། དང་པོ་སེམས་ཀྱི་བྱུང་ས་དང་། །བར་དུ་གནས་དང་ཐ་མ་འགྲོ། །གསུམ་ལ་ངེས་པར་བརྟགས་དཔྱད་ནས། །སེམས་སྦྱངས་སེམས་ལ་ཕན་པའོ། །ཞེས་གསུངས་པའི་དོན་ཡིན། འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེས་རྩལ་སྦྱང་རུ་ཤན་དབྱེ། །ཞེས་གསུངས་པས། ཁྱེད་རྣམས་ཀྱི་ལུས་འདི་རྒྱུ་མ་རིག་པ་ལས་གྲུབ་ཅིང་། རིགས་དྲུག་ཏུ་སྐྱེ་བའི་ས་བོན་རྩ་མདུད་ཡི་གེའི་གཟུགས་སུ་ཡོད་དེ་འདི་ལྟར་སྒོམས། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་སེར་པོ། སྙིང་ཁར་མིའི་ས་བོན་ནྲྀ་ལྗང་གུ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་ནག །རྐང་མཐིལ་གཉིས་སུ་ཚ་གྲང་དམྱལ་ཁམས་གཉིས་ཀྱི་ས་བོན་དུ་ནག་པོ་རེ་རེ་སྒོམས་ཤིག །དེ་རྣམས་ལ་རིགས་དྲུག་ཏུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་སིབས་སེ་ཐིམ་པར་སྒོམས་ཤིག །དེ་ནས་དཔྲལ་བར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོ་ༀ་དཀར་པོ། མགྲིན་པར་གསུང་གི་ངོ་བོ་ཨཱཿདམར་པོ། སྙིང་གར་ཐུགས་ཀྱི་ངོ་བོ་ཧཱུྃ་མཐིང་ག་གསུམ་སྒོམས་ཤིག །དེ་གསལ་གདབ་པའི་ཕྱིར་རྗེས་ཟློས་ལན་གསུམ་གྱིས། ༀ་ༀ་ༀ། ཨཱཿཨཱཿཨཱཿཧཱུྃ་ཧཱུྃ་ཧཱུྃ། དེ་ནས་ཡིག་འབྲུ་གསུམ་ལས་ཡེ་ཤེས་ཀྱི་མེ་འབར་བས་རིགས་དྲུག་གི་ས་བོན་ཡི་གེ་དྲུག་བསྲེགས་པས་རིགས་དྲུག་སྐྱེ་སྒོ་ཆོད་པར་བསྒོམས་ལ། བཏགས་གྲོལ་གྱི་སྙིང་པོ་རིགས་དྲུག་གི་སྐྱེ་སྒོ་གཅོད་པའི་སྔགས་འདི་འུར་འདོན་མཛོད། འ་ཨ་ཤ་ས་མ་ཧ། དམིགས་པ་དེ་རྣམས་ཀྱིས་ཁམས་གསུམ་འཁོར་བའི་རུ་ཤན་ཕྱེས་ནས། རིགས་

དྲུག་གི་སྐྱེ་སྒོ་ངེས་པར་ཆོད་པར་གསུངས་སོ། །སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེས་ནས་ནི། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །ཅེས་གསུངས་པས་ཡུད་ཙམ་ཞིག་ལུས་བསྲངས་ལ་བག་ལྷོད། ངག་གིས་ཅིའང་མ་སྨྲ། ཡིད་ལ་བསམ་བློ་མ་བཏང་བར་སེམས་ལ་ལྟོས་ནས་སྡོད་ཅིག །ཀློང་གསལ་ལས། དེ་ལྟར་རྣལ་དུ་སུས་ཕབ་པ། །རླུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ཞེས་པའི་དོན་ནོ། །འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་འཇུག །ཅེས་གསུངས་པས། ད་ལུས་ཀྱི་སྐྱིལ་ཀྲུང་ལག་པ་ས་གནོན་མཉམ་བཞག་གྱིས་ལ། སེམས་གྱིས་སེམས་ལ་ལྟ་ཞིང་། མིག་བར་སྣང་ལ་འདོམ་གང་གི་སར་ལྟོས་ཤིག །དེ་ཉན་ཐོས་ཀྱི་ལྟ་སྟངས་ཡིན། མིག་གྱེན་ལ་ལྡོག་ནས་ནམ་མཁའ་ལ་ལྟོས་། ཕར་ཧྲིག་ཚུར་ཧྲིག་གྱིས། དེ་ཁྲོ་བོའི་ལྟ་སྟངས་ཡིན། མིག་སྣ་རྩེའི་ཐད་དུ་ལྟོས། མིག་སྣ་རྩེ་སེམས་རྩེ་གཅིག་ཏུ་གྱིས་ལ་ལྟོས་ཤིག །དེ་བྱང་ཆུབ་སེམས་དཔའི་ལྟ་སྟངས་ཡིན། ཁྱེད་རང་སེམས་ངོ་ཡོད་པ་རྣམས་ཀྱིས། རྗེས་ནས་ཀྱང་ལྟ་སྟངས་དེ་གསུམ་གང་དགའ་གྱིས་ལ་སེམས་ང ོ་ལྟོས་དང་བོགས་འདོན་གྱི་མཆོག་ཡིན་ནོ། །དེ་རྣམས་ཀྱིས་ནི་ཐོད་རྒལ་ཁྲིད་ཀྱི་སྔོན་འགྲོ་ས་བཅད་མ་བཏང་ཙམ་སོང་བ་ཡིན་ནོ། །ད་ནི་རྫོགས་པ་ཆེན་པོ་མ་བསྒོམས་པར་འཚང་རྒྱ་བའི་གདམས་ངག་དྲུག་གི་ནང་ནས། བལྟས་པས་འཚང་རྒྱ་བ་ཡེ་ཤེས་མངོན་སུམ་དུ་མིག་གི་ལྟ་ཆོག་པ། ཆུ་བུར་མིག་གིས་བལྟས་ན་ཡེ་ཤེས་ཀྱི་སྤྱན་ཤར་བའིི་གདམས་ངག །གསལ་སྟོང་ཐིག་ལེ་ཉག་གཅིག །ཡེ་ཤེས་ལྔ་མངོན་སུམ་དུ་སྟོན་པ་ཞི་ཁྲོའི་ལྷ་ཚོགས་ད་ལྟ་མཇལ་བའི་གདམས་ངག །ངོ་སྤྲོད་པའི་རྒྱུད་ལས། དོན་དང་རང་གི་ལུས་ཀྱི་དཀྱིལ། །སྙིང་ན་

ཡེ་ཤེས་ཆེན་པོར་གནས། ཞེས་དང་། སྙིང་གི་མེ་ལོང་གི་རྒྱུད་ལས། གནས་ནི་སྙིང་གི་དབུས་ན་གསལ། །འོད་ཁ་དོག་ལྔའི་དབུས་ན་ཞི་བའི་སྐུ་ཡུངས་འབྲུ་ཙམ། འོད་ཀྱི་ཚུལ་དུ་གནས་སོ། །ཞེས་དང་། ཐིག་ལེ་འདུས་པའི་རྒྱུད་ལས། སེམས་ཅན་དྲན་བྱེདཙིཏྟའི་དཀྱིལ། །ཆོས་གསུམ་སེམས་ཀྱི་ངོ་བོར་གནས། །ཞེས་དང་། གཞན་ཡང་མན་ངག་སྙིང་དགོངས་ཀྱི་རྒྱུད་ལས་རྒྱས་པར་གསུངས་ཏེ། ཙིཏྟ་ཤའི་སྒྲོན་མ་ཞེས་བྱ་བ་རང་གི་སྙིང་གི་ནང་ན། ཞི་བ་བཞི་བཅུ་རྩ་གཉིས་ལུས་ལྷའི་ཚུལ་དུ་བཞུགས་སོ། །ཐིག་ལེ་འདུས་པའི་རྒྱུད་ལས། རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུ་གུ་ཅན། །ཉི་མ་ཟླ་བའི་ནང་ན་ཟུག་པར་གནས། །ཞེས་དང་། སྒྲོན་མ་འབར་བའི་རྒྱུད་ལས། ཀླད་པ་དུང་ཁང་དཀར་པོ་ན། །གཡས་སུ་འཁྱིལ་པ་གསུམ་ཡོད་པའི། །རྩ་ནི་བ་མེན་རྭ་འདྲའི་དབྱིབས། །འབྱུང་བའི་དྭངས་མ་ཀུན་འདུས་ནས། །དབང་པོ་ཡུལ་ལ་འཆར་བྱེད་པའི། །རྩ་ཡི་ནང་ནས་འདི་ཉིད་མཆོག །ཅེས་གསུངས་པས། སྙིང་དང་མིིིག་གཉིས་འབྲེལ་བའི་རྩ། དེ་ལ་དཀར་འཇམ་རྩ་ཡི་སྒྲོན་མ་ཞེས་བྱའོ། །སྒྲ་ཐལ་འགྱུར་གྱི་རྒྱུད་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵུ༔ཞེས་པའི་སྒོ་ནས་ཐོན། །ཞེས་དང་། སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། ཡེ་ཤེས་ཀྱི་སྐུའམ་ཡེ་ཤེས་ཟང་ཐལ་གྱི་བརྟེན་པ་དེ་རང་གི་མིག་ལ་བརྟེན་ནོ། །གནས་ནི་རང་གི་མིག་གི་འབྲས་བུའི་དཀྱིལ་ན་གནས་སོ། །གསལ་བ་མཐོང་བ་མི་འགགས་པར་གསལ་ལོ། །རང་གི་མིག་གི་འབྲས་བུའི་དཀྱིལ་ན་མ་འགགས་ཟང་ཐལ་བ་འདི། སངས་རྒྱས་ཡེ་ཤེས་ཟང་ཐལ་གྱི་སྐུ་ཡིན་ནོ། །ཞེས་གསུངས་པས། མིག་ཆུའི་དཀྱིལ་འཁོར་ནས། མཐོང་བ་མ་འགགས་པར་གསལ་བ་རང་གི་མིག་འདི་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་ཡིན་ནོ། །མུ་ཏིག་ཕྲེང་བ་

ལས། ལུས་ཀྱི་ལས་ནི་རྣམ་གསུམ་སྟེ། །སེང་གེ་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ཙོག་པུ་གནས་པ་དང་། །ཞེས་བཞུགས་སྟངས་གསུམ་གྱིས་ལྟ་བར་བཤད་ན་ཡང་། གཉིས་པོ་སྟབས་མི་བདེ་བས་དྲང་སྲོང་གི་འདུག་སྟངས་བྱ་སྟེ། ཐལ་འགྱུར་ལས། དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་རྣམས་ལས་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱིས་ལུས་ཙོག་པུར་བྱས་ལ་རྐང་པའི་ལོང་བུ་གཉིས་གཤིབ། རྐང་མཐིལ་གཉིས་ས་ལ་ཕབ། ལུས་པོ་བསྲང་། པུས་མོ་གཉིས་བྲང་ལ་སྦྱར། ལག་པའི་མཁྲིག་མ་གཉིས་བསྣོལ་ལ། པུས་མོ་ལ་འཁྱུད། རྒལ་ཚིག་དྲང་པོར་བསྲང་། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་བར་བསྟེན། །ཅེས་གསུངས་པས་ངག་གིས་མི་སྨྲ། རླུང་མི་བསྡམ་པར་རང་བབས་སུ་ཁ་སྣ་ནས་འགྲོ་བཅུག །མིག་དང་སེམས་རྩེ་གཅིག་ཏུ་ནམ་མཁའི་ཉི་མ་ལ་མིག་ཟིམ་བུས་ལྟོས། དེ་ཡང་སྤྲིན་མེད་པའི་ཉི་མ་ལ་ལྟོས། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཞེས་དང་། འདས་རྗེས་ལས། སྒོ་གནད་བཟློག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པའི་དོན་ཡིན་ནོ། །དེ་ལྟར་ཉི་མ་ལ་བལྟས་པས། རང་ཤར་རྒྱུད་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིགས་པའོ། །ཞེས་དང་། ཞི་ཁྲོའི་ཆོས་ཉིད་བར་དོའི་ངོ་སྤྲོད་མཐོང་བ་རང་གྲོལ་ལས། ལྔ་པ་ཉི་ཟེར་འོད་ཟེར་ངོ་སྤྲོད་ཀྱིས། །སྐུ་གསུམ་དག་པའི་ཞིང་ཁམས་ངོ་སྤྲོད་བྱ། །ཞེས་གསུངས་པ་ནི། སྔ་དྲོའམ་དགོངས་མོ་ནམ་མཁའ་དང་ཉི་ཟེར་གསལ་བའི་དུས་སུ། སློབ་བུ་རྣམས་ཕྱེད་སྙེས་སུ་ཉི་མ་ལ་མིག་ཟིམ་བུས་བལྟས་ནས། རིགས་ཀྱི་བུ་

རྣམས་ཉི་མའི་སྙིང་པོ་འདི་དག་ཅིང་དྲི་མ་མེད་པ་བཞིན་དུ་ཆོས་སྐུ་དག་པ་གཉིས་ལྡན་ཀ་ནས་དག་ཅིང་། དྲི་མ་མེད་པར་ཤེས་པར་གྱིས་ཤིག །ཉི་མའི་མདངས་འཇའ་འོད་ཁ་དོག་ལྔ་དང་ལྡན་པ། སུས་ཀྱང་མ་བྱས་པར་རང་གསལ་བ་བཞིན་དུ། ཆོས་སྐུ་ཀ་ནས་དག་པའི་ངང་ལས། ལོངས་སྐུ་ལྷུན་གྲུབ་ངེས་པ་ལྔ་དང་ལྡན་པ། འཇའ་འོད་ཐིག་ལེ་ལྔ་ལྡན། མ་བྲིས་པ་ཡི་དཀྱིལ་འཁོར། རང་བཞིན་གྱིས་འོད་གསལ་བར་ཤེས་པར་གྱིས་ཤིག །དེ་ཡང་འཇའ་འོད་ཁ་དོག་སྣ་ཚོགས་ལྔ་དང་ལྡན་པ་ནི། སངས་རྒྱས་ཐམས་ཅད་རིགས་ལྔའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེ་ཡང་སྐད་ཅིག་མ་བསྒྲིབས་པར། འགགས་མེད་ཟང་ཐལ་དུ་ནམ་མཁར་གནས་པ་ནི། སངས་རྒྱས་ཡེ་ཤེས་ལུས་ཅན་གྱི་སྐུ་སྣང་ལ་རང་བཞིན་མེད་པ། སྐུ་ལ་མདུན་རྒྱབ་མེད་པ། དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་སྐུར་ཤེས་པར་གྱིས་ཤིག །དེ་དག་ཀྱང་རྨ་བྱའི་མདོངས་ལྟ་བུའམ། ཕུབ་ཀྱི་སྦ་འཁོར་ལྟ་བུའམ། འཇའ་འོད་མུ་ཁྱུད་ལྔ་ལྡན་ནང་ན་བཞུགས་པ་ནི། རྣམ་དག་ཆོས་དབྱིངས་སྒྲོན་མ་དག་པ་རང་གསལ་གྱི་ཞིང་ཁམས་སུ་བཞུགས་པར་ཤེས་པར་གྱིས་ཤིག །དེ་དག་གི་ཟེར་དང་མདངས་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་ཤིང་གསལ་བ་འདི་ནི། ལོངས་སྐུ་ངེས་པ་ལྔ་ལྡན་གྱི་རྩལ་ལས། སྤྲུལ་སྐུ་མ་ངེས་ལྔ་ལྡན་གང་ལ་གང་འདུལ་རྒྱུན་མི་ཆད་པར་ཤེས་པར་གྱིས་ཤིག །ཟེར་དེ་དག་གི་ནང་ན་ཐིག་ཕྲན་བསམ་གྱིས་མི་ཁྱབ་པས་ཉ་མིག་ལྟ་བུ་དང་མུ་ཏིག་གི་དྲྭ་བ་ལྟ་བུའི་བར་དུ། དྲྭ་བ་དང་དྲྭ་ཕྱེད་ལུ་གུ་རྒྱུད་དང་འབྲེལ་ཞིང་འགུལ་བ་དང་འཕྲིགས་པར་སྣང་བ་འདི་ཐུགས་རྗེ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་རྒྱུན་མི་ཆད་པར་ཤེས་པར་གྱིས་ཤིག །དེ་དག་ཀྱང་སྣང་ཚུལ་ཐ་དད་ཀྱང་ཉི་མ་དང་

འཇའ་འོད་ཐིག་ལེ་སྟོང་ཉིད་རང་གསལ་གྱི་ངང་ལ་དབྱེར་མེད་པ་ལྟར། དོན་སྐུ་གསུམ་སྣང་ཚུལ་ཐ་དད་ཀྱང་། ངོ་བོ་ཆོས་ཉིད་ངང་ལ་དབྱེར་མེད་པར་ཤེས་པར་གྱིས་ཤིག །ཅེས་ངོ་སྤྲད་ལ་བལྟར་བཅུག །སྐབས་འདིར་ཡེ་ཤེས་འོད་ལམ་གྱི་སྨོན་ལམ་གདབ་པར་བྱའོ། །ཞེས་གསུངས་པས། ད་ཁྱེད་རང་རྣམས་ཐལ་མོ་སྦྱོར་ལ། ད་རེས་མཐོང་བའི་འོད་དེ་རྣམས་ཡེ་ཤེས་ལྔའི་འོད་ལམ་ཡིན། དོན་རྒྱལ་བ་རིགས་ལྔའི་འོད་ཟེར་ཡིན་པས། བར་དོ་ན་ཡང་འོད་འདི་བས་ཆེ་ཞིང་གསལ་བའི་ནང་ནས་ཞི་ཁྲོའི་ལྷ་ཚོགས་འཆར་དུས་ངོ་ཤེས་པར་བྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །བདག་ནི་འཁྲུལ་པས་འཁོར་བར་འཁྱམས་པའི་ཚེ། །ཐོས་བསམ་སྒོམ་གསུམ་མ་ཡེངས་འོད་ལམ་ལ། བཀའ་བརྒྱུད་བླ་མ་རྣམས་ཀྱིས་ལམ་སྣ་དྲོངས། །ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོད་སྔོན་པོ་དེ་མེ་ལོང་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ། །བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས། །ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །ད་འོད་སེར་པོ་མཐོང་ན་མཉམ་ཉིད་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །མཉམ་ཉིད་ཡེ་ཤེས་གསལ་བའི་

འོད་ལམ་ལ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས། །ཡུམ་མཆོག་མཱ་མ་ཀི་ཡིས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོད་དམར་པོ་མཐོང་ན་དེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་གྱིས། བགས་ཆགས་དྲག་པོས་འཁོར་བར༴། སོར་རྟོག་ཡེ་ཤེས༴། བཅོམ་ལྡན་སྣང་བ་མཐའ་ཡས༴། ཡུམ་མཆོག་གོས་དཀར་མོ་ཡིས༴། བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོད་ལྗང་གུ་མཐོང་ན་བྱ་གྲུབ་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། ཕྲག་དོག༴། བྱ་གྲུབ་ཡེ་ཤེས༴། བཅོམ་ལྡན་དོན་ཡོད་གྲུབ་པས༴། ཡུམ་མཆོག་དམ་ཚིག་སྒྲོལ་མས༴། བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོད་དཀར་པོ་མཐོང་ན་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་སྨོན་ལམ་འདི་ཐོབ། གཏི་མུག་དྲག་པོས༴། ཆོས་དབྱིངས་ཡེ་ཤེས༴། བཅོམ་ལྡན་རྣམ་པར་སྣང་མཛད༴། ཡུམ་མཆོག་དབྱིངས་ཕྱུག་མ༴། བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོ་བར་དོ་ནས་འཇའ་འོད་འདི་འདྲ་བས་འཇིག་རྟེན་ཐམས་ཅད་གང་བའི་ནང་ནས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་འཆར་རོ། །དེ་དུས་ངོ་ཤེས་པར་བྱེད་བསམ་པ་གྱིས་ལ་རྗེས་ཟློས་གྱིས། བག་ཆགས་དྲག་པོས་འཁོར་བར༴སྔངས་སྐྲག་འཇིགས་སྣང་སྤངས་པའི་འོད་ལམ་ལ། །བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས། །དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས༴། བར་དོའི་འཇིགས་པའི་འཕྲང་ལས་བསྒྲལ་དུ་

གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོ་འོད་ཁྲ་ཁྱུག་ཁྱུག་པ་མཐོང་ན་ལྷན་སྐྱེས་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་སྨོན་ལམ་འདི་ལྟར་ཐོབ། འཁྲུལ་སྣང་དྲག་པོས་འཁོར༴། ལྷན་སྐྱེས་ཡེ་ཤེས་གསལ་བའི༴། དཔའ་བོ་རིག་འཛིན་རྣམས་ཀྱིས༴། ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས༴བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོད་ཁ་དོག་ལྔ་ལྡན་མཐོང་ན་ཡེ་ཤེས་བཞི་སྦྱོར་གྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། དུག་ལྔ་དྲག་པོས༴། ཡེ་ཤེས་བཞི་སྦྱོར་གསལ་བའི༴། བཅོམ་ལྡན་རྒྱལ་བ་རིགས་ལྔས༴། ཡུམ་མཆོག་རིགས་ལྔའི་མཁའ་འགྲོས་རྒྱབ་ནས༴། བར་དོའི་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོ་ན་འོད་ཁ་དོག་ལྔ་འདི་མ་དག་ན་འབྱུང་བ་ལྔ། འདི་ལྔ་དགྲ་རུ་ལངས་ན་དུག་ལྔ་སྟེ། འཁོར་བའི་ལམ་རྒྱུད་ལྔར་སྐྱེ་བར་བྱེད། འདི་ངོ་ཤེས་ཤིང་དག་ན། རྒྱལ་བ་རིགས་ལྔའི་ཞིང་ཁམས་ལྔ་ཡིན་པས། སྨོན་ལམ་འདི་ཡི་རྗེས་ཟློས་མཛོད། ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། སངས་རྒྱས་མཐིང་གའི་ཞིང་ཁམས་མཐོང་བར་ཤོག །ཆུ་ཡི་ཁམས༴། སངས་རྒྱས་དཀར་པོའི་ཞིང་ཁམས༴། ས་ཡི་ཁམས་རྣམས༴། སངས་རྒྱས་སེར་པོའི་ཞིང་ཁམས༴། མེ་ཡི་ཁམས༴། སངས་རྒྱས་དམར་པོའི་ཞིང༴། རླུང་གི་ཁམས་རྣམས་དགྲ༴། སངས་རྒྱས་ལྗང་གུའི་ཞིང་ཁམས༴། ཡང་ཞི་ཁྲོའི་ངོ་སྤྲོད་ལས། ཉེར་ལྔ་པ་རྒྱ་མཚོ་ཨར་གཏད་ངོ་སྤྲོད་ནི། མིག་གཉིས་འཛུབ་མོས་མནན་པས་འོད་ཀོར་འབྱུང་སྟེ། ད་ལྟ་སྙིང་གི་དཀྱིལ་ན་ཞི་བའི་སྐུ་འཇའ་འོད་ཀྱི་ར་བ་ན་ཡོད་པའི་རྟགས་ཡིན་པས་ཤེས་པར་གྱིས་ཤིག་བྱས་ལ་

གནོན་བཅུག །ཉེར་དྲུག་རྒྱ་མཚོ་རྦ་རླབས་ངོ་སྤྲོད་ནི། རྣ་བ་གཉིས་མཛུབ་མོས་མནན་པས་གཏིང་ནས་འུར་ཏིང་གི་སྒྲ་བྱུང་སྟེ། ཆོས་ཉིད་བར་དོར་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བའི་རྟགས་ཡིན་ནོ་བྱས་ལ་མཛུབ་བུས་གནོན་བཅུག །ཉེར་བདུན་ཆོས་ཉིད་ཟེར་གྱི་ངོ་སྤྲོད་ནི། མིག་གཉིས་ཡུན་རིང་མཛུབ་མོས་བཙིར་བས། ཟེར་དང་ཐིག་ལེ་ལུ་གུ་རྒྱུད་རྒྱ་ཆེ་བར། འགུལ་འཕྲིགས་ཡམ་ཡམ་ཤིག་ཤིག་འཕྲོ་བ་འོང་སྟེ། ཆོས་ཉིད་བར་དོར་ཟེར་གྱི་སྣང་བ་འཆར་བས་དེའི་རྟགས་ཡིན་པར་ངོ་ཤེས་པར་གྱིས་ཤིག་བྱས་ལ་དེ་བཞིན་བྱེད་བཅུག །ཉེར་བརྒྱད་ཉི་ཟེར་རྩིིབས་ཤར་ངོ་སྤྲོད་ནི། ནམ་མཁའ་དྭངས་ཤིང་ཉི་ཟེར་གསལ་བའི་དུས་སུ། སློབ་མ་རྣམས་ཀྱིས་ཉི་མ་ལ་མིག་ཟིམ་བུས་བལྟས་པས། ཉི་མའི་ཟེར་མཚོན་ཆ་གཤིབས་པ་ལྟ་བུ་དང་། མདུང་རྩེ་གཤིབས་པ་དང་འདྲ་བ་དང་། བ་ཐག་གཟེང་བ་དང་འདྲ་བ་འོང་སྟེ། དེ་ནི་ཆོས་ཉིད་བར་དོར་འོད་ཟེར་མཚོན་ཆའི་ཆར་བབ་པ་འདྲ་བ། རང་གི་ཐོག་ཏུ་ཟུག་ནས་འོང་བའི་སྣང་བ་འཆར་བ་འོང་སྟེ། དེ་ནི་མཚོན་ཆ་མ་ཡིན་ཏེ། ཡེ་ཤེས་གསལ་བའི་ཟེར་ཡིན་ཏེ། དེ་ལ་མ་སྐྲག་པར་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །དེ་ནས་སྨོན་ལམ་འདིའི་རྗེས་ཟློས་མཛོད། སྒྲ་འོད་ཟེར་གསུམ་དགྲ་རུ་མི་ལྡངས་ཤིང་། །ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག །འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡངས་ཤིང་། །སངས་རྒྱས་སྣ་ཚོགས་ཞིང་ཁམས་མཐོང་བར་ཤོག །འོ་ད་ཁྱེད་རང་རྣམས་ནམ་མཁའ་དྭངས་དུས་ཉི་མ་རྩེ་ཤར་དང་ཉི་མ་ནུབ་ཁ་རྒྱུན་ཏུ་ལྟོས་དང་། ངོ་མཚར་ཅན་མཐོང་རྒྱུ་ཡོད་དེ། དབང་དང་ཁྲིད་མ་ཐོབ་པ་ལ་བཤད་མི་རུང་། འདི་གསང་སྔགས་ཟབ་མོ་ཡིན་པས་མཁའ་འགྲོའི་

བཀའ་ཆད་འོང་། ད་རྒྱུན་དུ་བལྟ་བར་མཛོད་ཅིག །དང་པོའི་ངོ་སྤྲོད་རྫོགས་སོ། །དེས་ཀྱང་བསྡུས་པ་ལ་ཆོག །འོ་དེ་ལྟར་རྫོགས་ཆེན་ཐོད་རྒལ་ངོ་སྤྲོད་འཇའ་འོད་དང་ཐིག་ལེ་ཐིག་ཕྲན་མཐོང་བ་དེ། ཉི་མ་རྩེ་ཤར་དང་ཐལ་ཁ་དེ་གཉིས་ལ་སྤྲིན་མེད་དུས་རྒྱུན་དུ་ལྟོས་དང་། ཉམས་སྣང་བཞི་རིམ་པར་འཆར་ཏེ། རང་གི་སྨིན་ཕྲག་ཏུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་འཇའ་ཚོན་ལྟ་བུའམ་རྨ་བྱའི་མདོངས་ལྟ་བུ་འཆར་རོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ཀོ་མོག་ནང་དུ་རྡོ་བསྐྱུར་བའི་ཆུའི་གཉེར་མ་ལྟ་བུའམ། ཕུབ་ཀྱི་སྦ་འཁོར་ལྟ་བུའི་ནང་དུ། ཐིག་ལེ་ཡུངས་འབྲུ་ཙམ་མམ། སྲན་འབྲུ་ཙམ་འཆར་རོ། །དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ། ཕྲ་བ་རྟ་རྔའི་མདུད་པ་ལྟ་བུ་དང་། མུ་ཏིག་ཙར་ལ་བརྒྱུས་པ་ལྟ་བུ་དང་། ལྕགས་ཐག་ལྟ་བུ་དང་། མུ་ཏིག་གི་དྲྭ་བ་རླུང་གིས་བསྐྱོད་པ་ལྟ་བུ་ལ་སོགས་ཏེ་དེ་དག་ཐམས་ཅད་ཀྱང་གཉིས་འབྲེལ་དང་གསུམ་འབྲེལ་ལ་སོགས་པ་འཆར་ཏེ། དེ་ནི་ནང་གི་རིག་པ་ལུ་གུ་རྒྱུད། ཐིག་ལེ་ཉག་གཅིག་བྱ་བ་དེ་ཡིན་ནོ། །དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་ཉི་མ་དང་ཟེར་གྱི་ཚུལ་དུ་གནས་སོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། རིག་པ་སྐུའི་རྟགས་སུ་ལུ་གུ་རྒྱུད། དེ་རྣམས་གནས་ལུགས་ཙིཏྟའི་དཀྱིལ་ན་གནས། ལམ་དབང་པོའི་མིག་ལ་མངོན་སུམ་དུ་འཆར་རོ། །སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ནས་ངེས་པར་ཐོན། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཞེས་དང་། ཀློང་གསལ་རྒྱུད་ལས། རྐྱེན་བྲལ་ནམ་མཁའ་དག་པ་ལ། །གཟིགས་སྟངས་གཅུན་ནས་ངོ་སྤྲོད་པས། །དབང་པོའི་སྒོ་ལ་སྒྲོན་མ་ནི། །མཛེས་པ་རྨ་བྱའི་མདོངས་ལྟ་བུ། །ཐིག་ལེ་ལུ་གུ་རྒྱུད་འབྲེལ་ལ། །འགུལ་

འཕྲིགས་འགྱུ་བའི་རྣམ་པར་འགྱུར། །ཞེས་དང་། རིག་པ་རང་ཤར་རྒྱུད་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འོང་དང་འགྲོ་བ་དང་། །འགུལ་བ་དང་ནི་འཕྲིགས་པའོ། །ཞེས་དང་། སེང་གེ་རྩལ་རྫོགས་ཀྱི་རྒྱུད་ལས། རང་སྣང་རིག་པའི་དངོས་པོ་འདི། །ཡེ་ཤེས་ལུ་གུ་རྒྱུད་དུ་གསལ། །ཅེས་དང་། ནོར་བུ་ཕྲ་བཀོད་རྒྱུད་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མེ་ལས། །ཡང་དག་རྫོགས་པའི་སངས་རྒྱས་ཀྱང་། །རིག་པ་ལུ་གུ་རྒྱུད་ཀྱི་སྐུ། །ཡོངས་སུ་གསལ་བའི་རྣམ་པ་ཅན། །ཞེས་དང་། རྒྱུད་ཀློང་གསལ་ལས། དེ་ཡང་ངོ་བོ་ཀ་དག་ལ། །རང་བཞིན་ལྷུན་གྲུབ་ཉིད་གནས་ཏེ། །ཐུགས་རྗེས་ཀུན་ལ་ཁྱབ་པ་ཉིད། །ཙིཏྟ་དང་ནི་རྩ་ལ་ཤར། །ངོ་བོ་དབང་པོའི་སྒོ་ལ་འཆར། །རིག་པ་མངོན་སུམ་ཞེས་སུ་བརྗོད། །ཡིད་དཔྱོད་རྣམས་དང་བྲལ་བའོ། །ཞེས་དང་། སངས་རྒྱས་འདས་རྗེས་ཞལ་ཆེམས་ཡི་གེ་ནམ་མཁའ་ནས་བབས་པ་ལས། མངོན་སུམ་སྣང་བ་སུས་མཐོང་བ། །ཁམས་གསུམ་ལོག་པ་མ་ཡིན་ནོ། །ཞེས་དང་། རྒྱུད་ཀློང་གསལ་ཀུན་ཏུ་བཟང་པོའི་གསུངས་ལས། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །ཁམས་གསུམ་འཁོར་བར་ལོག་པ་མེད། །ཅེས་གསུངས་ལ། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཆ་ཕྲ་ལ་དྭངས་པ། གསལ་ལ་འཚེར་བ། རང་བཞིན་བཀྲ་བ། མངོན་སུམ་དུ་འཆར་ཏེ། དག་པ་དབྱིངས་ཀྱི་སྒྲོན་མ། གྱེན་འགྲེང་དང་། རྩིབས་ཤར་དང་། མདའ་དང་མདུང་རྩེ་ལྟ་བུ་དང་། ཉ་མིག་ལྟ་བུ་དང་། མིག་ཚགས་ལྟ་བུ་དང་། དྲྭ་མིག་ལྟ་བུ་དང་། རིན་པོ་ཆེ་འབར་བ་ལྟ་བུ་དང་། མཆོད་རྟེན་ལྟ་བུ་དང་། ཐིག་ལེ་དང་ཐིག་ཕྲན་གྱིས་འཕྲིགས་པ། འཇའ་ཚོན་ཁ་དོག་ལྔ་ལྡན་མངོན་སུམ་དུ་འཆར་རོ། །དེ་རྣམས་ཀྱི་ནང་ནས་བར་ཐམས་ཅད་དུ།

རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་གསལ་ལོ། །དེ་ངོས་ཟིན་པར་བྱས་ལ་འགུལ་འཕྲིག་མེད་པར་ཉམས་སུ་བླང་ངོ་། །དེ་ཡང་རྒྱུད་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་དག་པ་ཡེ་དག་པ། །མ་འཁྲུལ་པ་ཡི་སངས་རྒྱས་སོ། །ཞེས་གསུངས་པས། འདི་ཙམ་ངོ་འཕྲོད་སླ་བས། འདི་ཁོ་ནས་ཀྱང་བར་དོ་ངོས་ཟིན་ནས་ཁམས་གསུམ་འཁོར་བའི་སྐྱེ་སྒོ་ཆོད་པར་གོང་གི་རྒྱུད་ཀྱི་ལུང་དེ་རྣམས་ལས་གསལ་བས། ཕན་ཡོན་ཆེན་པོ་བསམ་ལས་འདས་པ། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་པས། ཆོས་ཉིད་བར་དོ་ན་ཡང་འདི་ལྟ་བུའི་འོད་དང་ཐིག་ལེའི་ནང་དུ་ཞི་ཁྲོའི་ལྷ་ཚོགས་འཆར་དུས། སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་ངོ་ཤེས་ཏེ་སྐྲག་འཇིགས་མེད་པས་ཞི་ཁྲོའི་ལྷ་ཚོགས་ཀྱིས་ལམ་སྣ་འདྲེན་ནས་དག་པའི་ཞིང་དུ་སྐྱེ་བར་གསུངས་པས། ཁམས་གསུམ་འཁོར་བར་མི་ལྡོག །ཕྱག་ཆེན་སེམས་ངོ་འཕྲོད་ཙམ་བས་འདི་མཐོང་བ་ལྷག་སྟེ། སེམས་ངོ་མཐོང་ཡང་རིག་རྒྱུ་ནི་མེད་པས་ཡིད་མི་ཆེས་ཏེ། ལྟ་བ་ཡིད་དཔྱོད་འཛིན་པ་ཡིན། འདི་མིག་གིས་དངོས་སུ་མཐོང་ནས་ཡིན་མིན་ཐེ་ཚོམ་མེད་པས། ཡིད་དཔྱོད་འཛིན་པ་ལས་གྲོལ་བ་ཡིན་ནོ། །རྫོགས་ཆེན་ཉམས་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་སྤྲོད་ཡིན་ནོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། སྣང་ཉམས་དང་ཤེས་ཉམས་གཉིས་ལས། ཤེས་ཉམས་ནི་བདེ་ཉམས་གསལ་ཉམས་སྟོང་ཉམས་ལ་སོགས་པ་སྣ་ཚོགས་སུ་འཆར་ཞིང་མི་བརྟན་ལ་འགྱུར་བ་ཡིན་པས་གཙོ་ཆུང་། དེར་མ་ཟད་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ཀྱང་། ཤེས་པའི་ཉམས་ནི་ན་བུན་དང་འདྲ་ཞེས་ཉམས་མཐོ་དམན་ལ་ཡིད་ཆེས་མི་བྱེད་ཅིང་། རྟོགས་པ་མཐོ་དམན་ལ་གཙོ་བོར་

བྱེད་པའི་ཕྱིར་རོ། །འདིར་རྟོགས་པ་མཐོ་དམན་གྱི་ཚད་སྣང་ཉམས་ཀྱིས་བཟུང་ཞིང་སྣང་བ་མི་འགྱུར་བས་སྣང་ཉམས་གཙོ་ཆེའོ། །དེ་ལྟར་སྣང་བ་ཉམས་སུ་བླངས་པས་དབྱིངས་རིག་རེས་གསལ་རེས་མི་གསལ་བ་འབྱུང་ངོ་། །ད་རུང་ཉམས་སུ་བླངས་པས་དབྱིངས་རིག་སྨིན་མཚམས་དང་འབྲེལ་༼བྲལ་༽ཏེ། ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་འཆར་ནས་འོང་ངོ་། །ཐིག་ལེ་རྣམས་སྲན་མ་ཙམ་དུ་འགྲོ། རིག་པ་ནི་འདབ་ཆགས་འཕུར་རྐྱེན་ཙམ་དུ་འགྲོའོ། །ད་རུང་ཉམས་སུ་བླངས་པས། འོད་ལྔའི་སྣང་བ་དུམ་བུར་སྣང་བ་དང་་། གྱེན་འགྲེང་དང་། རྩིབས་ཤར་དང་། མདུང་རྩེ་ལྟ་བུ་དང་། རེ་ལྡེའི་རྣམ་པ་ལྟ་བུ་དང་། གྲུ་ཆད་ཀྱི་རྣམ་པ་ལྟ་བུར་འགྱུར་ཞིང་། འོད་དེ་དག་རང་མདུན་ཙམ་དུ་ཁྱབ་པར་འཆར་། ཐིག་ལེ་ཡང་མེ་ལོང་ཙམ་དུ་འགྱུར་ཞིང་། རིག་པ་ནི་རི་དྭགས་རྒྱུག་པ་ཙམ་དུ་འཆར་རོ། །ད་རུང་ཉམས་སུ་བླངས་པས། དབྱིངས་ཀྱི་སྣང་བ་དེ་ལས་རིན་པོ་ཆེའི་དྲྭ་བ་དང་། འོད་ཀྱི་དྲྭ་བ་དྲྭ་ཕྱེད་དང་། མིག་མང་རིས་ལྟ་བུ་དང་། མིག་ཚགས་དང་། མདུང་རྩེ་ལྟ་བུ་དང་། མཆོད་རྟེན་བརྩེགས་པ་ལྟ་བུ་དང་། པདྨ་སྟོང་ལྡན་དང་། གུར་ཁྱིམ་དང་། ཉི་ཟླ་དང་། རི་དང་། མཁར་ཐབས་རིས་དང་། ཐིག་ལེ་མཁར་ཕོར་ཙམ་དུ་འགྱུར་ཞིང་། རིག་པ་ནི་བུང་བ་བཅུད་ལ་ལྡིང་བ་ལྟ་བུ་ཙམ་དུ་འགྱུར་རོ། །ད་རུང་ཉམས་སུ་བླངས་པས། འོད་ཀྱིས་ཡུལ་ཁམས་ཙམ་དུ་ཁེངས། ཐིག་ལེ་ཡང་བསེ་ཕུབ་ཙམ་དུ་འགྱུར་རོ། །འོད་བལྟས་ཚད་ལ་ཁྱབ། དབྱིངས་རིག་ཉིན་མཚན་མེད་པར་འཆར་རོ། །ཐིག་ལེའི་ནང་དུ་ུལྷ་སྐུ་རྐྱང་པ་རེ་རེ་སྣང་། རིག་པའི་བར་དུ་ཡང་སྐུ་ཕྲ་མོ་རེ་རེ་འབྱུང་ངོ་། །རིག་པ་འགུལ་འཕྲིགས་མེད་པར་སྡོད། དེ་ལྟར་ཤར་བའི་དུས་ན། བར་དོའི་སྣང་བ་ད་ལྟ་གཏན་ལ་ཕེབས་པས། ཕྱིས་བར་དོ་མེད་དོ། །དེས་ན་ཆོས་

ཉིད་བར་དོའི་ཉམས་ལེན་དངོས་གཞི་འདི་ཁོ་ནའོ། །སྒྲ་ཐལ་འགྱུར་རྒྱུད་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་དབྱིབས་འགྱུར་ནས། །གྱེན་འགྲེང་དང་ནི་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་གཉིས་དང་། །རིག་པའི་སྣང་བ་ཡུལ་ལ་གསལ། །ཅེས་དང་། སངས་རྒྱས་འདས་རྗེས་ཞལ་ཆེམས་ཡི་གེ་གནམ་ནས་བབས་པ་ལས། ཉམས་སྣང་གོང་དུ་འཕེལ་བ་ཡིས། །བར་དོའི་ཡེ་ཤེས་མངོན་དུ་བྱས། །ཞེས་དང་། སྒྲ་ཐལ་འགྱུར་ལས། གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །ཅེས་གསུངས་པས་འདི་ཙམ་མཐོང་ན། བར་དོར་འཁྲུལ་སྣང་འཇིགས་སྐྲག་གཅིག་ཀྱང་མི་འབྱུང་བར་གསུངས་སོ། །རྫོགས་ཆེན་ཉམས་གཉིས་པའི་ངོ་སྤྲོད་དོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དེ་ནས་ཡང་ཉམས་སུ་བླངས་པས། གོང་གི་ཐིག་ལེ་རེ་རེའི་ནང་དུ། སྐུ་ཡབ་ཡུམ་ལྔ་ལྔ་འཆར། དེ་དག་ཀྱང་གྲངས་ལས་འདས་པ་ལས་འགྱུར་བ་མེད་པ་བྲེ་ཚད་སྲང་ཚད་འཕེལ་༼ཕེབ་པ་༽བ་ལྟར་ཚད་ཕེབ། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་རྫོགས་པ་དང་། སྟོང་གསུམ་ཐམས་ཅད་ལུ་གུ་རྒྱུད་དུ་ཁྲ་ཤིག་ཤིག་པ་དང་། རང་སྣང་རིག་པའི་འཆར་ཚུལ་ལ་དབང་ཐོབ་པའོ། །སྒྲ་ཐལ་འགྱུར་གྱི་རྒྱུད་ལས། རིག་པ་ཚད་ཕེབ་སྣང་བ་ནི། །ལོངས་སྐུ་མཚན་དཔེའི་སྣང་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལ། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ལས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེ་འབྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་དང་། འདས་རྗེས་ཞལ་ཆེམས་ལས། རིག་པ་ཚད་ཕེབ་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཞེས་དང་། ཐལ་འགྱུར་ལས། རིག་པ་ཚད་ཕེབ་

སྣང་བ་ནི། །སྐུ་གསུམ་རྟོགས་པ་ལམ་སྣང་འགྲུབ། །ཅེས་གསུངས་པས། ད་ནས་མ་བསྒོམས་ན་ཡང་ཆོག་པར་གསུངས་ཏེ། ཕྱི་དབུགས་ཆད་མ་ཐག་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་མིག་ལ་ཟུག །འོད་ཀྱི་སྦུ་གུ་རིག་པ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་ནས་འཚང་རྒྱ་བར་གསུངས་སོ། །དེ་ལྟར་རྫོགས་ཆེན་གྱི་ཉམས་གསུམ་པོ་དེ་ནི་ད་ལྟ་ཡང་འཆར་མཁན་མང་དུ་འོང་བར་གདའ་བས། ཁྱེད་རྣམས་ཞི་ཁྲོའི་ལྷ་ཚོགས་ནམ་མཁར་དངོས་སུ་མ་མཇལ་བར་དུ་མ་བསྐྱུར་བར་ལྟོས་ཤིག །དེ་ནས་མ་བལྟས་ཀྱང་ཆོག །དབུགས་ཆད་མ་ཁད་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་ནས་འཚང་རྒྱ་བ་ནི་ཀུན་ཏུ་བཟང་པོ་དང་། ཨོ་རྒྱན་པདྨའི་བཀའ་ཡིན། སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་གདམས་ངག་ཡིན། དེ་ལ་བེམ་སྒོག་ལུས་ཏེ་འཇའ་ཟུག་པ་དང་རྟེན་རིང་བསྲེལ་འོང་བར་བཤད། ད་རུང་ཡང་བསྒོམས་ན་ཆོས་ཉིད་ཟད་པའི་སྣང་བ་འཆར་ཏེ་ལུས་འཇའ་ལུས་ཆོས་སྐུ་ཐོབ་ནས། ཕུང་པོ་བཞག་མི་དགོས་པར་བཤད་དེ། དེ་འདྲ་སྔར་ནི་མང་པོ་བྱུང་བའི་ལོ་རྒྱུས་ཡོད་དེ། ད་དུས་སྙིགས་པས་འོང་མི་ཐུབ་སྟེ། སྙིང་རུས་དད་པ་དམ་ཚིག་ཅན། རྩེ་གཅིག་ཏུ་བསྒོམས་ན་མི་འོང་བའི་ངེས་པ་ཡང་མེད་དེ། རྗེ་ཞྭ་དམར་དྲུག་པའི་ཆིབས་ཆུང་བ་སྟག་ཚང་ཡང་དག་ཟེར་བ་ཞིག་དང་། ཀརྨ་སྨོན་ལམ་ཟེར་བ་ཆུ་བར་ནས་དགེ་སློང་ཞིག་དང་གཉིས་ནི་དུས་ཕྱིས་འཇའ་ལུས་ཐོབ་ནས་ཕུང་པོ་མ་བཞག་གོ །དེ་ཡན་ཆད་རྫོགས་ཆེན་གྱི་ངོ་སྤྲོད་དངོས་གཞི་རྫོགས་ལ། རྗེས་དམ་ཚིག་གི་བཀའ་རྒྱ་ནི། ཆོས་འདིའི་བཀའ་སྲུང་ནི། མ་མོ་སྲིད་པའི་རྒྱལ་མོ་ཨེ་ཀ་ཛཱ་ཊཱི་དང་། དམ་ཅན་རྡོ་རྗེ་ལེགས་པ་དང་། གཟའ་རཱ་ཧུ་ལ་གསུམ་ཡིན། རྫོགས་ཆེན་འདི་སྒོམ་པ་ལ་ཁ་འཛིན་བྱེད། དམ་ཚིག་མ་བསྲུངས་ན་ཆད་པ་གཅོད་པས། དམ་ཚིག་ནི་

ཆོས་འདི་ལ་ཐེ་ཚོམ་མི་བྱ་དད་པ་བྱ། རང་གི་བླ་མ་དང་ཁྲིད་ཐོབ་མྱོང་བའི་མི་མ་གཏོགས་ལ་བཤད་མི་རུང་། གསང་དགོས། ལྷའི་ཞལ་མཇལ་ན་ཡང་གསང་དགོས། མ་གསང་ན་ཁྱེད་རང་རྣམས་ནད་ཀྱིས་མནར་བ་སོགས་འབྱུང་བས་གསང་ཞིང་ཉམས་སུ་ལོངས་ཤིག །ཅེས་རྫོགས་ཆེན་ལ་མོས་པ་རཱ་ག་ཨ་སྱས་འགྲོ་དོན་བསམ་པ་བཟང་པོས་བྲིས་པ་ལ་ཉེས་པ་གང་མཆིས་བཀའ་སྲུང་རྣམས་ལ་བཟོད་པར་གསོལ། དགེ་བས་འགྲོ་བ་མང་པོ་གྲོལ་བར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །

བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ་ལས་ཉེ་བར་བསྡུས་པ་ཐོས་པ་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ་ལས་ཉེ་བར་བསྡུས་པ་ཐོས་པ་རང་གྲོལ་བཞུགས།

རང་རིག་རྒྱལ་པོ་ཡེ་ཤེས་སྒྱུ་མའི་སྐུ། །རང་སྣང་རོལ་པ་ཞི་ཁྲོ་རབ་འབྱམས་ལྷ། །རང་རྩལ་འགག་མེད་དམ་ཅན་རྒྱ་མཚོ་ལ། །རང་བབས་ལྷུག་པའི་ངང་ནས་ཕྱག་བགྱིའོ། །གང་ཞིག་བར་དོར་གྲོལ་བའི་གདམས་པ་དྲུག །སྐྱེ་གནས་བར་དོ་ཐོས་བསམ་སྒྲོ་འདོག་བཅད། །རྨི་ལམ་བར་དོ་གཉིད་དང་འོད་གསལ་བསྲེ། །བསམ་གཏན་བར་དོ་རང་ངོ་རང་ཐོབ་སྤྲད། །འཆི་ཁ་བར་དོ་འཕོ་བའི་གནད་ལ་བསྣུན། །ཆོས་ཉིད་བར་དོ་རང་སྣང་ཡིད་ཆེས་བྱ། །སྲིད་པ་བར་དོ་རུ་ལོག་དྲན་པར་བྱ། །དེ་ལྟར་དྲུག་ལས་གོང་མ་བཞི་པོ་ལ། །ཐེ་ཚོམ་མ་ཆོད་བརྩོན་འགྲུས་ཞན་པ་དང་། །རང་ངོ་མ་འཕྲོད་གོམས་འདྲིས་ཆུང་བ་དང་། །མཚམས་སྦྱོར་མ་ལེགས་བར་དོར་འཁྱམས་རྣམས་ལ། །ངོ་སྤྲོད་གདམ་ངག་ཐོས་གྲོལ་ཆེན་མོ་ལས། །ཉེ་བར་བསྡུས་པ་ཐོས་པ་རང་གྲོལ་བསྟན། །འདི་ལ་གསུམ་སྟེ་གཞི་ལམ་འོད་གསལ་དང་། །ཆོས་ཉིད་ལྷུན་གྲུབ་ཞི་ཁྲོའི་འཆར་ཚུལ་དང་། །སྲིད་པ་བར་དོའི་གདམས་ངག་རྣམ་གསུམ་ལས། །དང་པོ་ཕྱི་དབུགས་ཆད་པའི་མཚམས་སུ་ནི། །འབྱོར་ན་དཀོན་མཆོག་མཆོད་ཅིང་ལན་ཆགས་སྦྱངས། །སངས་རྒྱས་མཚན་བསྒྲགས་གསོལ་འདེབས་སྐབས་དང་བསྟུན། །འདི་ནས་ངོ་སྤྲོད་འདི་ལྟར་གསལ་བར་

གདབ། ཀྱཻ། རིག་ཀྱི་བུ་ཆེ་གེ་མོ་ད་ནི་འཆི་བ་ཞེས་བྱ་བ་དེ་སླེབ་པ་ཡིན་ནོ། །ཁྱོད་གཅིག་པུ་ནི་མ་ཡིན་ནོ། །ཀུན་ལ་འབྱུང་བས་ཚེ་འདི་ལ་ཆགས་ཞེན་མ་བྱེད། །བྱས་ཀྱང་བསྡད་དབང་ནི་མེད། ཁྱོད་རང་འཁོར་བར་འཁྱམས་པ་ལས་མི་འོང་བས་བླ་མ་དཀོན་མཆོག་དྲན་པར་གྱིས་ལ་གསོལ་བ་ཐོབ། འདི་དུས་ཆོས་མ་གཏོགས་སུ་གང་གིས་ཀྱང་ཕན་པ་མེད་དེ། མདོ་ལས། འཆི་བའི་དུས་ལ་བབ་པ་ན། བུ་རྣམས་སྐྱབས་སུ་མི་འགྱུར་ཏེ། །ཕས་ཀྱང་མ་ཡིན་གཉེན་འདུན་མིན། །སུས་ཀྱང་སྐྱོབས་པའི་ནུས་པ་མེད། །ཅེས་གསུངས་པས། །ཆོས་ནི་རྒྱལ་བས་གདུལ་བྱའི་དོན་དུ་ཆོས་སྒོ་མཐའ་ཡས་པ་གསུངས་པའི་དོན་བར་དོ་རྣམ་པ་དྲུག་ཏུ་གཏན་ལ་ཕབ་ནས་བསྟན་ཏེ། གང་ཞེ་ན། རང་བཞིན་སྐྱེས་གནས་ཀྱི་བར་དོ་དང་། རྨི་ལམ་བར་དོ་དང་། བསམ་གཏན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་བར་དོ་དང་། སྲིད་པའི་བར་དོ་དང་དྲུག་ལས། ཁྱོད་ལ་བར་དོ་གསུམ་འཆར་ཏེ། འཆི་ཁའི་བར་དོ་ལ་འབྱུང་བའི་ཐིམ་རིམ་རྫོགས་ནས། ཕྱི་དབུགས་ཆད་དེ་ཁམ་དཀར་དམར་དང་སྲོག་རླུང་གསུམ་སྙིང་གར་ལྷན་ཅིག་འཛོམ་སྟེ། །ཕལ་པས་རྣམ་ཤེས་བརྒྱལ་ཟེར་ལ། དེ་དུས་རླུང་ཕྱིར་གྱེས། རིག་པ་ནང་དུ་གནས་པས་གཞིའི་འོད་གསལ་ཞེས་བྱ་བ་གསལ་སྟོང་མཐའ་དབུས་མེད་པའི་རང་གསལ་རྗེན་པ་རང་གནས་ཀྱི་བསམ་གཏན་འཆར་བ་དེ་ངོས་ཟིན་ན་ཀ་དག་གི་ས་ལ་གྲོལ་བས་བར་དོ་མེད་དོ། །ངོས་མ་ཟིན་ན་ནང་དབུགས་ཆད་དུས་ཆོས་ཉིད་བར་དོ་འཆར་ཏེ། རྣམ་ཤེས་དབང་བོའི་སྒོ་གང་རུང་ཞིག་ནས་ཐོན་ཏེ། གདོས་བཅས་ཀྱི་ལུས་དང་བྲལ་བས་འོད་ལུས་སུ་གནས་པའི་མདངས་ཕྱིར་འཆར་བས། མ་དག་པའི་འཁྲུལ་སྣང་འགགས་ནས་དག་པ་ཡེ་ཤེས་ཀྱི་སྣང་བ་

སྟེང་འོག་ཕྱོགས་མཚམས་ཐམས་ཅད་འཇའ་ཚོན་གྱི་རང་བཞིན་བཀྲ་ལམ་མེར་འཆར་ཞིང་ཆོས་ཉིད་རང་སྒྲ་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟར་གྲགས་པ་འབྱུང་བས། དེ་ཐམས་ཅད་རང་སྣང་དང་རང་སྒྲར་ཤེས་པར་བྱ་སྟེ། ཨོ་རྒྱན་ཆེན་པོས། ཀྱེ་མ་བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ཀུན་ལ་སྔངས་སྐྲག་འཇིགས་སྣང་སྤང་བྱས་ནས༔གང་ཤར་རང་སྣང་རིག་པ་ངོ་ཤེས་འཇུག༔བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔དོན་ཆེན་འགགས་ལ་ཐུག་པའི་དུས་ཚོད་འདིར༔རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔དེ་སྐད་ངག་ནས་བརྗོད་ལ་དོན་ཡིད་ལ་དྲན་པར་གྱིས་ཤིག་དང་། འཇིགས་སྐྲགས་ཀྱི་སྣང་བ་ཅིར་ཤར་ཡང་། རང་སྣང་དུ་ངོ་ཤེས་ནས་གྲོལ་བའི་གནད་ཡོད་པས་མ་བརྗེད་ཅིག །ཡང་དེ་ཉིད་ལ་ངོ་མ་ཟིན་ན། སྔར་གྱི་སྣང་བ་དེ་ལས་ཁ་དོག་ལྔ་ལྡན་གྱི་ཐིག་ལེ་དང་ཚོམ་བུར་སྣང་ཞིང་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་ཞིག་འཆར་དུ་འོང་ངོ་། །དེའི་དུས་སུ་དབུས་ཕྱོགས་ཐིག་ལེ་གདལ་བའི་ཞིང་ཁམས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་དང་། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང་། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཡབ་ཡུམ་དང་། བྱང་ཕྱོགས་ལས་རབ་གྲུབ་པའི་ཞིང་ཁམས་ནས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཡབ་ཡུམ་སྟེ། རིགས་ལྔ་ཡབ་ཡུམ་དེ་དག་རང་རང་གིས་འཁོར་ཡབ་ཀྱི་ཆ་འཛིན་པའི་རིགས་ཀྱི་སེམས་དཔའ་གཉིས་གཉིས་དང་། ཡུམ་གྱི་ཆ་འཛིན་པའི་རིགས་ཀྱི་སེམས་མ་གཉིས་གཉིས་ཏེ།

འཇའ་འོད་ཟེར་གསུམ་གྱི་ཀློང་ནས་གཙོ་འཁོར་ཐམས་ཅད་ཚོམ་བུའི་ཚུལ་དུ་དྲུག་དྲུག་འཆར་ནས་འོང་ངོ་། །དེའི་ཕྱི་རོལ་དུ་སྒོ་བ་ཡབ་ཡུམ་བརྒྱད་དང་། བཅོམ་ལྡན་འདས་ཐུབ་པ་དྲུག་དང་ཀུན་བཟང་ཡབ་ཡུམ་སྟེ་ཞི་བའི་ལྷ་ཚོགས་ཐམས་ཅད་རང་གི་ལུས་ནས་ཐོན་ཏེ་མངོན་སུམ་དུ་འཆར་དུ་འོང་བས་ངོ་ཤེས་པར་གྱིས་ཤིག །རིག་ལྔ་ཡབ་ཡུམ་དེ་དག་གི་ཐུགས་ཀ་ནས་ཡེ་ལྔའི་རང་མདངས་འོད་ཁ་དོག་ལྔ་ལྡན་བཀྲག་ལ་འཚེར་བ་གསལ་ལ་དངས་བ་ཐིག་ཕྲན་གྱིས་སྤྲས་པ་མིག་གིས་བལྟ་མི་བཟོད་པ་རེ་རེ་རང་གི་སྙིང་ཁར་འབྲེལ་ནས་འོང་ངོ་། །དེ་དག་དང་མཉམ་དུ་མ་དག་པ་རིགས་དྲུག་གི་འོད་བཀྲག་མེད་དྲུག་ཀྱང་དག་པ་ཡེ་ཤེས་ཀྱི་འོད་དང་ཟུང་འབྲེལ་དུ་འཆར་ནས་འོང་བས། དེའི་དུས་ཉོན་མོངས་དུག་ལྔའི་ལས་ངན་གྱི་དབང་གིས། ཡེ་ཤེས་ཀྱི་འོད་བཀྲག་མདངས་ཅན་དེ་ལ་འཇིགས་ཤིང་སྐྲག་ནས། །རིགས་དྲུག་གི་འོད་བཀྲག་མེད་དེ་ལ་དགའ་བའི་འདུ་ཤེས་སྐྱེས་ནས་འོང་གི། དེ་ཁྱོད་ཀྱི་དུག་ལྔ་དྲག་པོས་ཀུན་ནས་བསླང་པའི་སྡིག་སྒྲིབ་བག་ཆགས་ཀྱི་སུན་མའི་ལམ་ཡིན་པས། དེ་ལ་ཆགས་ན་རིགས་དྲུག་གི་གནས་སུ་ུལྷུང་ནས་སྡུག་བསྔལ་བཟོད་བརླག་མེད་པར་མྱོང་དགོས་པས། དེ་ལ་མ་ཆགས་པར་ཡེ་ཤེས་ཀྱི་འོད་བཀྲག་མདངས་ཅན་དེ་རྣམས་ལ་མ་འཇིགས་པར་ཡེ་ཤེས་སུ་ངོ་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་རིགས་ལྔ་བདེ་བར་གཤེགས་པའི་ཐུགས་རྗེའི་འོད་ཟེར་ཡིན་པས་སྐྱབས་སུ་མཆིའོ་སྙམ་པའི་མོས་གུས་དྲག་པོ་གྱིས་ལ་གསོལ་བ་འདི་སྐད་ཐོབ་ཅིག །ཀྱཻ་མ་དུག་ལྔ་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །ཡེ་ཤེས་ལྔ་ལྡན་གསལ་བའི་འོད་ལམ་ལ། །བཅོམ་ལྡན་རྒྱལ་བ་རིགས་ལྔས་ལམ་སྣ་དྲོངས། །དབྱིངས་ཀྱི་

ཡུམ་ཆེན་ལྔ་ཡིས་རྒྱབ་ནས་སྐྱོར། །སེམས་དཔའ་སེམས་མ་རྣམས་ཀྱིས་ཤུལ་མཚོན་ཅིག །སྒོ་བ་ཡབ་ཡུམ་རྣམས་ཀྱིས་མཐའ་ནས་བསྟེན། །སྤྲུལ་སྐུ་ཐུབ་པ་དྲུག་གིས་སྐྱེ་སྒོ་ཆོད། །བར་དོ་འཇིག་པའི༴། ཡང་དག་རྫོགས་པའི༴། དེ་སྐད་གསོལ་བ་གདབ་པས་རིགས་ལྔ་ཡབ་ཡུམ་གྱི་ཐུགས་ཀར་ཐིམ་ནས་ལོངས་སྐུར་གྲོལ་ལོ། ཡང་དེ་ལས་ངོས་མ་ཟིན་ན། དེའི་ཚེ་བགས་ཆགས་དབྱིངས་སུ་དག་པའི་འོད་ཁྲ་བོར་ཤར་བ་ལས། དག་པ་མཁའ་སྤྱོད་ཀྱི་ཞིང་འདི་དག་ནི་བསམ་གཏན་གྱི་ཞག་རེ་རེ་ནས་འཆར་བར་གསུངས་སོ། །ཁམས་ནས་རིག་འཛིན་གྱི་ལྷ་ཚོགས་བསུ་བ་ལ་འོང་སྟེ། དབུས་སུ་རྣམ་པར་སྨིན་པའི་རིག་འཛིན་པདྨ་གར་གྱི་དབང་ཕྱུག །ཤར་ནས་ས་ལ་གནས་པའི་རིག་འཛིན། ལྷོ་ནས་ཚེ་ལ་དབང་བའི་རིག་འཛིན། ནུབ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན། བྱང་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན། དེ་དག་སྐུ་མདོག་དཀར་སེར་དམར་ལྗང་འོད་ལྔའི་མདོག་ཅན། ཁྲོ་འཛུམ་དང་བཅས་པ་རང་རང་གི་ཡུམ་དང་འཁྲིལ་ཞིང་ཕྱག་གཉིས་གྲི་གུག་ཐོད་ཁྲག་གིས་གར་མཛད་ཅིང་ལྟ་སྟངས་ཀྱི་ཕྱག་རྒྱ་ནམ་མཁའ་ལ་བསྒྱུར་བ། དེའི་ཕྱི་རོལ་དུ་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། གིང་དང་དམ་ཅན་ཆོས་སྐྱོང་གི་ཚོགས་རྣམས་ཀྱིས་ཞིང་གི་རྒྱལ་མཚན་བླ་རེ་འཕན་སོགས་དང་། མི་གསུར་དང་རྐང་གླིང་ཐོད་རྔ་སོགས་རོལ་མོའི་བྱེ་བྲག་དཔག་ཏུ་མེད་པ་དང་བཅས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཤིག་ཤིག་ཡམ་ཡམ་འགུལ་བར་སྣང་ངོ་། དམ་ཚིག་ཅན་གྱི་བསུ་ུམ་དང་། དམ་ཉམས་རྣམས་ལ་ཆད་པ་གཅོད་དུ་འོང་ངོ་། །དེའི་ཚེ་རིག་འཛིན་གཙོ་བོ་ལྔའི་ཐུགས་ཀ་ནས། ལྷན་སྐྱེས་ཡེ་ཤེས་ཀྱི་འོད་ཁ་དོག་ལྔ་ལྡན་ཚོན་སྐུད་བསྒྲིལ་བ་ལྟ་བུ་ཁྲ་ཤིག་

ཤིག་བཀྲག་མདངས་དང་ལྡན་པ་ཞིག་རང་གི་མགྲིན་པར་འབྲེལ་ནས་འཆར་རོ། །འོད་ཀྱི་ནང་ན་ཧཱུྃ་སྒྲ་བསྭོ་སྔགས་སྣ་ཚོགས་རྣ་བ་གས་པ་ཙམ་དུ་འོང་ངོ་། དེ་དང་མཉམ་དུ་དུད་འགྲོའི་འོད་བཀྲག་མེད་གཅིག་ཀྱང་འཆར་བ་ལས། བག་ཆགས་འཁྲུལ་པའི་དབང་གིས་འོད་ཁ་དོག་ལྔ་དེ་ལ་སྐྲགས་ཤིང་། འོད་བཀྲག་མེད་དེ་ལ་ཆགས་སུ་འོང་བས་དེ་བག་ཆགས་ཀྱི་བསུ་མའི་ལམ་ཡིན་པས་མ་ཆགས་ཤིག །དེ་ལ་ཆགས་ན་དུད་འགྲོའི་གནས་སུ་ལྟུང་ནས་གླེན་ལྐུགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་བཟོད་དཀའ་བས་མ་ཆགས་ཤིག །འོད་བཀྲག་མདངས་ཅན་དེ་ལ་མ་འཇིགས་པར་རིག་འཛིན་གྱི་ལྷ་ཚོགས་རྣམས་ལ་འདུན་པ་རྩེ་གཅིག་ཏུ་གཏོད་ལ་སྨོན་ལམ་འདི་སྐད་ཐོབ་ཅིག །ཀྱཻ་མ་རིག་འཛིན་ལྷ་ཚོགས་རྣམས་ཀྱང་དགོངས་སུ་གསོལ། །བརྩེ་བ་ཆེན་པོས་ལམ་སྣ་དྲོངས་དུ་གསོལ། །བག་ཆགས་དྲག་པོས་འཁོར་བར་འཁྱམ་པའི་ཚེ། །ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ། །དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངས། །ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར། །བར་དོ་འཇིགས་པའི༴དག་པ་མཁའ་སྤྱོད་ཞིང་ཁམས༴ཞེས་མོས་གུས་དང་བཅས་ཏེ་སྨོན་ལམ་བཏབས་པས་དག་པ་མཁའ་སྤྱོད་དུ་སྐྱེ་བར་འགྱུར་རོ། །དེ་ཡན་ཆད་ཀ་དག་འོད་གསལ་ངོ་སྤྲོད་དང་ལྷུན་གྲུབ་སྣང་བའི་ཆ་ལ་ཞི་བའི་འཆར་ལུགས་ངོ་སྤྲོད་ཐལ་ལོ། །ཡང་དེ་ལས་ངོས་མ་ཟིན་ན། ཁྲོ་བོའི་ལྷ་ཚོག་འཆར་དུ་འོང་ངོ་ཤེས་པར་གྱིས་ཤིག །ཀྱཻ་རིགས་ཀྱི་བུ། དབུས་ནས་དཔལ་ཆེན་བྷུདྡྷ་ཧེ་རུ་ཀ་མདོག་སྨུག་ནག །ཤར་ནས་བཛྲ་ཧེ་རུ་ཀ་མཐིང་ནག །ལྷོ་ནས་རཏྣ་ཧེ་རུ་ཀ་སེར་ནག །ནུབ་ནས་པདྨ་ཧེ་རུ་ཀ་

དམར་ནག །བྱང་ནས་ཀརྨ་ཧེ་རུ་ཀ་ལྗང་ནག་སྟེ། ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་སུ་བསྒྲད་པ། ཕྱག་དྲུག་ན་མཚོན་ཆ་སྣ་ཚོགས་འཛིན་པས་རང་རང་གི་ཡུམ་དང་འཁྲིལ་བ། སྐུ་དཔའ་གཏུམ་གྱི་ཉམ་ཅན་དུར་ཁྲོད་ཀྱི་ཆས་བརྒྱད། འབར་བའི་གར་དགུ། དཔལ་གྱི་ཆས་བཅུས་སྤྲས་པ། འཇའ་འོད་མེ་དཔུང་འཁྲིགས་པའི་་དབུས་སུ་བྱོལ་སོང་རཱུ་ཏྲ་པད་ཉིའི་གདན་ལ་འགྱིངས་བག་དང་བཅས་ནས་བཞུགས་པ། ཨ་ལ་ལ་དང་ཧ་ཧའི་གད་རྒྱངས་སྒྲོགས་པ། དེའི་ཕྱི་རོལ་དུ་ཀོའུ་རི་མ་ལ་སོགས་གནས་ཀྱི་མ་མོ་བརྒྱད་དང་། སིངྷ་མ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད་དང་། རྟ་གདོང་མ་ལ་སོགས་སྒོ་མ་བཞི་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ་མགོ་བརྙན་འཇིགས་གཟུགས་སྣ་ཚོགས་དང་ཕྱག་མཚན་སྣ་ཚོག་རྣམ་འགྱུར་དུ་མ་སྟོན་ཅིང་མི་སྡུག་པའི་ཆ་ལུགས་ཅན་བཤུད་པའི་སྒྲ་དང་བཅས་ནས་རང་གི་དུང་ཁང་ནས་ཐོན་ཏེ། དེ་གར་འཆར་ནས་འོང་བས་མ་འཇིགས་ཤིག །རང་རིག་པའི་སྐུར་ངོ་ཤེས་པར་གྱིས་ཤིག་ཁྱེད་རང་གི་ཡི་དམ་གྱི་ལྷ་ཡིན་པས་ངོ་ཤེས་པར་གྱིས་ཤིག །ཀྱེ་རིག་ཀྱི་བུ་ཆོས་སྐུ་སྟོང་པའི་ཆ་ནས་ཞི་བའི་ལྷ་རུ་ཤར་བ་ཡིན་ནོ། །ཆོས་སྐུ་གསལ་བའི་ཆ་ལས་ཁྲོ་བོའི་ལྷ་རུ་ཤར་བ་ཡིན་ནོ། །སྐུ་དེ་རྣམས་ཀྱང་ཆེ་བ་ནམ་མཁའི་ཁམས་དང་མཉམ་པ། འབྲིང་བ་རི་རབ་ཙམ་པ། ཆུང་བ་རང་ལུས་བཅོ་བརྒྱད་བརྩེགས་པ་ཙམ་འབྱུང་ཞིང་། སྣང་སྲིད་ཐམས་ཅད་ཆོས་སྐུར་འཆར་བའི་མཐོང་སྣང་འཇིགས་སྐྲགས་ཀྱིས་སྣང་བ་གང་བྱུང་ཡང་། རང་སྣང་དུ་ངོ་ཤེས་པར་གྱིས་དང་དེ་མ་ཐག་ཏུ་ལྷ་དང་གཉིས་སུ་མེད་པར་ད་ལྟ་འཚང་རྒྱ་བར་ཐེ་ཚོམ་མེད་དོ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་བྱ་བ་དེ་ད་རེས་འབྱུང་བ་ཡིན་ནོ། །ངོ་མ་ཤེས་

པར་སྐྲགས་ན་ཞི་བའི་སྐུ་ཐམས་ཅད་མགོན་པོ་ནག་པོའི་སྐུར་འཆར་ཞིང་ཁྲོ་བོའི་སྐུ་ཐམས་ཅད་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུར་ཤར་ནས་རང་སྣང་བདུད་དུ་སོང་ནས་འཁོར་བར་འཁྱམས་སོ། །དེ་ལྟ་བུའི་སྣང་བ་ཤར་བའི་ཚེ་འཇིག་ཤིང་སྐྲགས་མི་དགོས་སོ། །ཁྱོད་ཤ་ཁྲག་གི་ལུས་མེད་ཅིང་ཡིད་ལུས་ཡིན་པས་བསད་གཏུབ་བྱས་ཀྱང་འཆི་རྒྱུ་མེད་པས་ཞེད་མི་དགོས་སོ། །གཤིན་རྗེ་རྣམས་ཀྱང་རང་སྣང་འཁྲུལ་བའི་རང་གཟུགས་མ་གཏོགས་གདོས་བཅས་སུ་གྲུབ་པ་མེད་པས་སྟོང་པས་སྟོང་པ་ལ་གླག་མི་རྙེད་དོ། །རང་སྣང་མ་གཏོགས་ཕྱི་རོལ་ནས་གཞན་གང་ཡང་དངོས་སུ་གྲུབ་པ་མེད་པར་ཐག་ཅོད་ཅིག །རང་སྣང་དུ་ངོ་ཤེས་པས་གཉིས་མེད་དུ་ཐིམ་ནས་འཚང་རྒྱའོ། །དེ་ལྟར་མ་ཤེས་ན་ཡི་དམ་གྱི་ལྷ་རྣམས་བར་དོའི་འཕྲང་ལ་བསུ་བ་འབྱོན་པར་འདུག་པས་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་དུང་དུང་མཛོད་ལ་སྨོན་ལམ་འདི་སྐད་ཐོབ་ཅིག །ཀྱེ་མ་འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །སྔངས་སྐྲགས་འཇིགས་སྣང་སྤང་བའི་འོད་ལམ་ལ། །ཁྲག་འཐུང་ཁྲོ་བོའི་ཚོགས་ཀྱིས་ལམ་སྣ་དྲོངས། །དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར། །ཀོའུ་སིང་སྒོ་མའི་ཚོགས་ཀྱིས་མཐའ་ནས་བརྟེན། །སྤོར་བྱེད་ཆེན་མོ་བརྒྱད་ཀྱིས་གནས་ནས་སྤོར། །དབང་ཕྱུག་མགོ་བརྙན་ཚོགས་ཀྱིས་བར་ཆད་སོལ། །སྒོ་མ་ཆེན་མོ་བཞི་ཡིས་སྐྱེ་སྒོ་ཁོག །བར་དོ་འཇིག་པའི༴། ཡང་དག་རྫོགས་པའི༴དགའ་བའི་གྲོགས་དང་སོགས། ཞེས་སྨོན་ལམ་ཐོབ་དང་འཇིགས་སྐྲགས་ཐམས་ཅད་ཡལ་ནས་ལོངས་སྐུར་གྲོལ་བས་གལ་ཆེའོ། །གལ་ཆེའོ། མ་ཡེངས་ཤིག །དེ་ལྟར་ངོ་སྤྲོད་ཀྱང་སྐྱེ་བོ་ཐ་མལ་པ་སྡིག་ཆེན་རྣམས་ལ་ངོ་འཕྲོད་དཀའ་བས་སྲིད་

པའི་བར་དོར་ངོ་སྤྲད་པ་འདི་ཁོ་ན་གལ་ཆེ་བས། ཚེ་འདས་ཀྱིས་མིང་ནས་འབོད་ལ། ཀྱེ་རིག་ཀྱིས་བུ། ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག །དེ་ཡང་ཁྱོད་ཆོས་ཉིད་བར་དོར་རང་སྣང་ངོ་མ་ཤེས་པས་སྲིད་པ་བར་དོར་འཁྱམས་ཏེ་དེའི་རྟགས་ནི། རྒྱུད་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་གསུངས་པའི་དོན་ནི། བར་དོར་ཡུན་ཇི་ཙམ་གནས་ཀྱི་ཕྱེད་ཡན་ཆད་སྔོན་གྱི་སྣང་བ་གཙོ་ཆེར་འཆར་ལ། ཕྱེད་མན་ཆད་ཕྱི་མ་གང་དུ་སྐྱེ་བའི་སྣང་བ་འཆར་བས་ན་སྔོན་འབྱུང་ཞེས་སོ། །འདི་དུས་གདོས་བཅས་ཀྱི་ལུས་མེད་ཀྱང་ཡོད་བའི་སྣང་བ་འབྱུང་བ་སྲིད་བའི་ཤ་གཟུགས་ཅན་ཞེས་བྱ། སྔར་དབང་པོ་མ་ཚང་བ་ཞིག་ཡིན་ནའང་འདི་དུས་དབང་པོ་ཚང་བར་སྣང་བས་དབང་པོ་ཀུན་ཚང་ཞེས་བྱའོ། །དངོས་པོ་ཆེ་བ་རི་རབ་ཙམ། ཆུང་བ་ཁམ་མིག་དང་། རྩ་འཇག་ཙམ་གྱི་ནང་དུའང་ཚུད་ཅིང་ཐོག་པ་མེད་པ་ཟངས་ཐལ་དུ་འགྲོ་ནུས་པ་ཞིག་ཡོད་པས། ཐོག་མེད་རྒྱུ་ཞེས་བྱ་ལ། གང་དུ་བསམ་པའི་ཡུལ་དེར་སྐད་ཅིག་གི་སླེབ་པ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་ཡ་མ་ཟུང་སྣ་ཚོགས་སྟོན་ནུས་པ་ཡོད་པས། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་ཞེས་བྱའོ། །རིགས་མཐུན་ལྷ་མིག་དག་པས་མཐོང་ཞེས་བྱ་བ་ནི། བར་དོར་སྐྱེ་བ་མཐུན་པའི་ནང་ཚན་རྣམས་གཅིག་གིས་གཅིག་མཐོང་བ་ཡིན་ནོ། །དེ་འདྲ་བའི་ལུས་ཅན་དེ་ནི་སྲིད་པ་བར་དོར་འཁྱམས་པའི་རྟགས་ཡིན་ཏེ། འདིའི་དུས་ཉེ་འབྲེལ་རྣམས་དང་རྨི་ལམ་དུ་འཕྲད་པ་ལྟ་བུ་འབྱུང་སྟེ། ཁྱོད་ཀྱི་གཏམ་སྨྲས་ཀྱང་ལེན་མི་འོང་ཞིང་། ཁོང་ཚོ་ངུ་བ་མཐོང་ནས་ད་ནི་ང་ཤི་བར་འདུག་སྙམ་ནས་

སྡུག་བསྔལ་དྲག་པོ་ཉ་བྱེ་ཚན་ལ་འདྲེས་པ་ལྟ་བུ་ཞིག་འབྱུང་བས། སྡུག་བསྔལ་བྱས་ཀྱང་ཕན་པ་མེད་པས་བླ་མ་དཀོན་མཆོག་ལ་གསོལ་བ་ཐོབ་ཅིག །ཁྱོད་ཉེ་འབྲེལ་ལ་ཆགས་ཀྱང་ཕན་པ་མེད་པས་མ་ཆགས་པར་འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག །སྡུག་བསྔལ་དང་སྔངས་སྐྲགས་མི་འབྱུང་ངོ་། །ཁྱོད་ལ་ལས་ཀྱི་རླུང་གིས་རང་དབང་མེད་པར་རིག་པ་རྟེན་མེད་བྱ་སྒྲོ་རླུང་ཁྱེར་ལྟ་བུ་ཕྱ་ཕྱོད་ལིང་ལིང་དུ་འཆར་ཞིང་། ཉིན་མཚན་མེད་པར་སྟོན་ནམ་ལྟ་བུ་སྐྱ་ཐོམ་མེ་བ་ཞིག་རྒྱུན་དུ་ུའོང་ཞིང་། དུས་དེ་ཙམ་ལས་སྡིག་ཆེན་རྣམས་ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་ཕུལ་ཞིང་འཇིགས་པའི་མུན་ནག་གིས་མདུན་ནས་བསུ་ཞིང་ཤ་ཟ་སྲིན་པོ་མཚོན་ཆ་ཐོགས་པ་མང་པོས་རྒྱོབ་སོད་ལ་སོགས་པའི་ཀུ་སྒྲ་ཏིར་ཏིར་ཧབ་ཤ་བྱེད་དུ་འོང་ངོ་། །གཅན་གཟན་འཇིགས་སུ་རུང་བ་སྣ་ཚོགས་དང་། མི་མང་པོས་དེད་པའི་སྣང་བ་འབྱུང་ངོ་། །ཁ་ཆར་བུ་ཡུག་མུན་ནག་དང་། རི་ཉིར་བ། མཚོ་ལུད་པ། མེ་འབར་བ། རླུང་ལང་བའི་འུར་ཆེམ་གྱི་སྒྲ་ཆེན་པོ་འབྱུང་སྟེ། དེ་རྣམས་ལ་ཞེད་ཅིང་སྐྲག་ནས་གར་བྱུང་བྱུང་དུ་བྲོས་པས་གཡང་ས་ཉམ་ང་བ་གསུམ་གྱིས་ཆོད་ནས་བྲུལ་ལ་ཁད་པ་འབྱུང་ངོ་། །ཀྱེ་རིགས་ཀྱི་བུ། དེ་དག་ཁྱོད་རང་གི་འཁྲུལ་སྣང་མ་གཏོགས་པ་གཞན་མ་ཡིན་པས་སྲིད་པ་བར་དོ་ངོ་ཤེས་པར་གྱིས་ལ། བླ་མ་དཀོན་མཆོག་དང་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག །བདག་ངན་སོང་དུ་མ་བཏང་ཅིག་འཁྲུལ་སྣང་རང་སར་དག་ནས་ཞིང་ཁམས་འཆར་བར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་བོས་ཤིག །གཞན་ཆོས་བྱས་པ་རྣམས་ལ་ལོངས་སྤྱོད་དང་བདེ་སྐྱིད་ཕུན་སུམ་ཚོགས་པར་སྣང་བར་འགྱུར་ལ་དགེ་མེད་སྡིག་མེད་རྣམས་ལ་བདེ་སྡུག་གང་ཡང་མེད་པས་གཏི་མུག་བཏང་

སྙོམས་སུ་འབྱུང་བས། བདེ་སྐྱིད་དང་ལོངས་སྤྱོད་ལ་མ་ཆགས་པར་བླ་མ་དཀོན་མཆོག་མཆོད་སྙམ་དུ་གྱིས་ཤིག །བཏང་སྙོམས་ལུང་མ་བསྟན་དུ་མ་སོང་བར་རིག་པ་རྩེ་གཅིག་ཏུ་བསྒྲིམ་ལ་མ་ཡེངས་ཤིག །ཀྱེ་རིགས་ཀྱི་བུ། དུས་དེ་ཙམ་ན་གནས་མ་ངེས་ཏེ་རི་རྩེ་ཐང་སྟོང་སོགས་དང་། རྟེན་མ་ངེས་ཏེ་ཟམ་རྔུར་དང་ལྷ་ཁང་མཆོད་རྟེན་སོགས་ལ་ཡུད་ཙམ་རེ་དེར་བརྟེན་ཀྱང་ལུས་མེད་པའི་དབང་གིས་ཡུན་རིང་མི་ཆགས་པར་བག་གྲང་ཞིང་ཚིག་པ་ཟ། ཤེས་པ་ཡང་ཡད་ཡུད་ཕྱད་ཕྱོད་བན་བུན་བྱེད་ཅིང་། དེ་དུས་ཤི་བར་ཤེས་ནས་སྡུག་བསྔལ་དྲག་པོ་འོང་བས། ཡིད་ཀྱིས་བསམ་མནོ་མང་པོ་མ་བྱེད་པར་ཤེས་པ་རང་མལ་དུ་ཞོག་དང་སྡུག་བསྔལ་མི་འོང་ངོ་། །ཟས་མ་ངེས་ཏེ་ཟས་ཀྱང་བསྔོས་པ་དང་། དྲི་ཟ་བ་མ་གཏོགས་བཟར་མེད་པ། གྲོགས་ལ་ངེས་པ་མེད་དེ། རེས་གསོན་པོ་ཕལ་ཆེར་གཤིན་པོའི་གྲོགས་དང་ལྡེབས་ཏེ། སྔར་གྱི་ཡུལ་འཁོར་ཉེ་དུ་རང་གི་རོ་ལ་སོགས་པ་མཐོང་ནས་ཤི་བར་ཤེས་ནས་ཅི་དྲག་སྙམ་ཏེ། ཡིད་ལུས་དེ་ལ་སྐྱོ་ནས་ལུས་ཚོལ་དུ་འགྲོ་ཞིང་རང་གི་རོ་དེ་ལ་ཡང་ལན་དགུའི་བར་དུ་འཇུག་པར་བྱེད་ཀྱང་ཞུགས་ས་མ་རྙེད་པས་མི་དགའ་ནས། བྲག་བར་ས་རྡོ་གང་བྱུང་གི་གསེབ་ཏུ་ུབརྫོང་བའི་སྣང་བ་འབྱུང་བས་། ལུས་ཚོལ་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་པས་ལུས་ཀྱིི་ཞེན་པ་ཆོད་ལ་བྱར་མེད་ཀྱི་ངང་དུ་ཞོག་ཅིག །ཀྱེ་རིགས་ཀྱི་བུ། དེ་ལྟར་བྱུང་ཡང་ཁྱོད་རང་གི་ལས་ཡིན་པས། བླ་མ་དཀོན་མཆོག་ལ་གསོལ་བ་ཐོབ་དང་སྐྱོབ་པར་འགྱུར་རོ། །གསོལ་བ་མ་བཏབ་ཅིང་ཕྱག་རྒྱ་ཆེན་པོ་བསྒོམ་མ་ཤེས་ཡི་དམ་ཡང་མ་བསྒོམ་ན། ད་ནི་ལྷན་ཅིག་སྐྱེས་པའི་ལྷ་འདྲེས་དགེ་སྡིག་གང་བྱས་ཀྱི་ལྡེའུ་བསགས་ནས་འདྲེན་དུ་འོང་ངོ་། །དེ་དུས་ཁྱོད་ཤིན་ཏུ་བྲེད་ནས་ངས་སྡིག་མ་བྱས་

ཟེར་ནས་རྫུན་སྨྲས་ཀྱང་། གཤིན་རྗེའི་ལས་ཀྱི་མེ་ལོང་བསྟན་པས་དགེ་སྡིག་ཐམས་ཅད་མེ་ལོང་དུ་གསལ་ལམ་གྱི་འཆར་བས་རྫུན་གྱིས་མི་ཕན་པས་གཤིན་རྗེེ་རྣམས་ཀྱི་རྐེ་ནས་ཐག་པ་བཏགས་ནས་དྲུད་དོ། །སྐེ་བྲེག །དོན་སྙིང་ཕྱུང་། ཀླད་པ་ལྡག །ཤ་ཟོས། ཁྲག་འཐུང་། རུས་པ་མུར། ལུས་དུམ་བུར་གཏུབ་ཀྱང་འཆི་མི་བཏུབ་སྟེ་ཡང་སོས་ནས་འོང་ངོ་། །དེ་ལྟར་ཡང་ཡང་བྱས་པས་སྡུག་བསྔལ་ཆེན་པོ་འོང་བས། རྫུན་མ་ཟེར་གཤིན་རྗེ་ལ་མ་འཇིགས་ཤིག །ཁྱོད་ཡིད་ལུས་སྟོང་གཟུགས་ཡིན་ཞིང་གཤིན་རྗེ་རྣམས་སྟོང་གཟུགས་འཁྲུལ་སྣང་ཡིན་པས་ཞེད་མི་དགོས། ཁྱོད་རང་འཇིགས་སྐྲགས་སྐྱེ་མཁན་གྱི་ངོ་བོ་ལ་ལྟོས་དང་ཅིར་ཡང་གྲུབ་པ་མེད་པ་སྟོང་པ་དེ་ཆོས་སྐུ། སྟོང་པའི་རང་མདངས་འཇིགས་སོ་སྙམ་པ་ཧྲིག་གེ་གསལ་ལེ་བ་དེ་ལོངས་སྐུ། དེ་གཉིས་དབྱེར་མེད་པའི་ཟང་ཐལ་རྗེན་པར་བཟོ་མེད་རང་ལུགས་དེ་ངོ་བོ་ཉིད་ཀྱི་སྐུ། རང་རྩལ་མ་འགགས་ཅིར་ཡང་འཆར་བ་ཞིག་ཡོད་པ་སྤྲུལ་སྐུ་སྟེེ། མ་ཡེངས་ལྟོས་དང་རང་ངོ་ཤེས་པ་ཙམ་གྱིས་སྐུ་བཞི་ཡོངས་སུ་རྫོགས་པར་འཚང་རྒྱའོ། །མ་ཡེངས་ཤིག །འཁོར་འདས་གཉིས་ཀྱི་ས་མཚམས་འདི་ནས་ཕྱེད་པ་ཡིན་ནོ། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། ཅེས་པས་དུས་འདིར་ཡེངས་ཤོར་ན་སྡུག་བསྔལ་ལས་ཐོན་པའི་དུས་མི་འབྱུང་། དེ་སྔ་ཕན་ཆད་བར་དོ་དེ་ཙམ་ཤར་ཡང་ཡེངས་ཤོར་ནས་སྡུག་བསྔལ་འབྱུང་བ་ཡིན་ནོ། །ད་ནི་ཡེངས་ཤོར་ན་ཐུགས་རྗེའི་དཔྱང་ཐག་ཆད་ནས་ཐར་མེད་དུ་འགྲོ་བས་གཟོབ་ཅིིག །རིགས་ཀྱི་བུ། དེ་ལྟར་བསྒོམ་མ་ཤེས་ན། དཀོན་མཆོག་གསུམ་དང་བླ་མ་ཐུགས་རྗེ་ཆེན་པོ་རྣམས་དྲན་པར་གྱིས་ལ་གསོལ་བ་ཐོབ་ཅིག །མི་ཡུལ་དུ་དབང་ཞུས་པའི་གསང་མཚན་དྲན་པར་གྱིས་ལ་ཆོས་ཀྱི་རྒྱལ་པོ་ལ་ཤོད་ཅིག །

འཇིགས་སྐྲག་མི་འབྱུང་ངོ་། །རིགས་ཀྱི་བུ། ད་ལྟའི་སྣང་བ་ཡུད་ཙམ་པ་རེས་བདེ་སྡུག་གི་གནས་རྔམ་པོ་ཆེར་འཕེན་པའི་ཆགས་སྡང་གི་སྣང་བ་སྤོངས་ཤིག །ད་ཡང་ཁྱོད་མཐོ་རིས་སུ་སྐྱེ་བའི་ལས་ཅན་ཞིག་ནའང་། ཤུལ་གྱི་ཉེ་འབྲེལ་རྣམས་ཀྱིས་ཁྱོད་ཀྱི་དོན་དུ་སྲོག་གཅོད་ཀྱི་མཆོད་སྦྱིན་བྱས་པས་དེ་ལ་ཁྱོད་མ་དག་པའི་སྣང་བ་ཤར་ནས་སྡང་སེམས་སྐྱེས་པས་དམྱལ་བར་ལྟུང་ཞིང་། ཡང་ཁྱོད་ནོར་རྫས་ལ་ཆགས་ཤིང་ཟས་ནོར་གཞན་གྱི་དབང་བྱས་ཏེ་སྤྱོད་པར་མཐོང་ནས་སེར་སྣ་སྐྱེ་ཞིང་ཆགས་པས། དེས་མཚམས་སྦྱར་ནས་ཡི་དྭགས་སུ་སྐྱེ་ངེས་པས། །དེ་ནས་ཤུལ་དུ་ཇི་ལྟར་བྱས་ཀྱང་སྡང་སེམས་དང་ཆགས་ཞེན་མ་བྱེད་པར་བཏང་སྙོམས་སུ་ཞོག་ཅིག །ནོར་རྫས་ལ་ཆགས་ཀྱང་ཁྱེར་དབང་ནི་མེད། སུས་སྤྱོད་པར་འདུག་ཀྱང་བློས་ཐོངས་བར་གྱིས་ལ་ཁོ་ཐག་ཆོད། བླ་མ་དཀོན་མཆོག་མཆོད་སྙམ་པར་གྱིས་ལ་ལིང་གིས་སྐྱུར། ཆགས་མེད་ཞེན་མེད་དུ་གནས་པར་གྱིས། ཡང་ཁྱོད་ཀྱི་དོན་དུ་བླ་མ་བཤེས་གཉེན་རྣམས་ཀྱི་ཆོ་ག་བྱེད་པ་མ་དག་པ་དང་། གཉིད་ཡེངས་སོགས་བག་མེད་ཀྱི་སྤྱོད་པ་དེ་མངོན་ཤེས་ཕྲ་མོས་མཐོང་བས་མ་དད་ཅིང་འདི་རྣམས་ཀྱིས་བདག་བསླུས་སོ་སྙམ་ནས་དག་སྣང་མ་སྐྱེས་པའི་སྟེང་དུ་ལོག་ལྟ་སྐྱེས་པས་ངན་སོང་དུ་འགྲོ་བས། དེ་ལ་དག་སྣང་མོས་གུས་གྱིས་ཤིག །བདག་རང་སྣང་མ་དག་པ་ཡིན། འདི་རྣམས་ནི་སངས་རྒྱས་ཀྱི་རྗེས་འཇུག་བསྟན་འཛིན་དམ་པ་ཡིན། ཆོ་ག་ནི་སངས་རྒྱས་ཀྱི་གསུང་ཡིན་པས་མ་དག་པ་ག་ལ་སྲིད་སྙམ་པ་ཀྱིས་ལ་ཞེ་ཐག་པ་ནས་དག་སྣང་གྱིས་དང་ཁྱོད་ལ་ཕན་ངེས་པས་མ་བརྗེད་ཅིག །ཡང་ཁྱོད་ངན་སོང་དུ་སྐྱེ་བའི་ལས་ངན་ཞིག་ཡིན་ནའང་ཤུལ་གྱི་ཉེ་འབྲེལ་རྣམས་ཀྱིས་སྡིག་དང་མ་འདྲེས་པའི་དགེ་བ་བསྒྲུབ་ཅིང་། བླ་མ་བཤེས་

གཉེན་དམ་པ་རྣམས་ཀྱི་ལྷག་བསམ་རྣམ་དག་གི་ཆོ་ག་བྱས་པས་དེ་ལ་སྤྲོ་དགའ་སྐྱེས་པ་དེས་མཚམས་སྦྱར་ནས་མཐོ་རིས་སུ་སྐྱེ་བར་འགྱུར་བས། དེ་ལྟ་བུའི་དག་སྣང་སྤྲོ་དགའ་བྱེད་པ་གལ་ཆེ་བས་ཡུད་ལ་ཟུངས་ཤིག །བླ་མ་དང་ཡི་དམ་ཐུགས་རྗེ་ཆེན་པོ་ལ་འདུན་པ་དྲག་པོ་གཏོད་ལ་སྨོན་ལམ་འདི་སྐད་ཐོབ་ཅིག །ཀྱེ་མ་དགའ་བའི་གྲོགས༴ཞེས་སོགས། དེ་སྐད་སྨོན་ལམ་ཐོབ་དང་ལམ་སྣ་འདྲེན་ཞིང་མི་བསླུ་ངེས་པར་ཐག་ཆོད་པ་ཤིན་ཏུ་ུགལ་ཆེའོ། །རིགས་ཀྱི་བུ། དེ་རྣམས་དྲན་པས་མ་ཟིན་ན། ད་ནི་སྔ་མའི་ལུས་དེ་མི་གསལ་ཞིང་ཕྱི་མའི་ལུས་གསལ། རིགས་དྲུག་གང་དུ་སྐྱེ་བའི་འོད་ཀྱང་འཆར་ཏེ། གང་ཞེ་ན། ལྷའི་འོད་དཀར་པོ་བཀྲག་མེད། ལྷ་མ་ཡིན་གྱི་འོད་དམར་པོ་བཀྲག་མེད། མིའིའོད་སྔོན་པོ་བཀྲག་་མེད། དུད་འགྲོའི་འོད་ལྗང་གུ་བཀྲག་མེད། །ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད། དམྱལ་བའི་འོད་དུད་ཁ་བཀྲག་མེད། ལུས་ཀྱང་དེའི་མདོག་ཏུ་འཆར་ཞིང་མགོ་གྱེན་དུ་བསྟན་ན་ལྷ་མི། འཕྲེད་དུ་བསྟན་ན་ལྷ་མིན་དང་དུད་འགྲོ། མཐུར་དུ་བསྟན་ནས་འགྲོ་སྙམ་བྱེད་ན་ཡི་དྭགས་དང་དམྱལ་བར་སྐྱེ་བའི་ལྟས་སོ། །འདི་དུས་མངལ་སྒོ་དགགས་པའི་གདམས་ངག་ཟབ་མོ་ཡོད་དེ། འཇུག་བྱེད་ཀྱི་གང་ཟག་དགགས་པ་ནི། ཁྱོད་རང་ཡི་དམ་གྱི་ལྷ་དང་ཐུགས་རྗེ་ཆེན་པོ་གང་རུང་གི་སྐུ་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུར་བསྒོམས་ཤིག །དེ་ཡང་མཐའ་ནས་ཡལ་ཏེ་མི་དམིགས་པའི་ངང་ལ་ཞོག་དང་། མངལ་སྒོ་ཁོག་པའི་གནད་ཟབ་མོ་ཡིན་ནོ། །དེས་ཀྱང་མ་ཁོག་ན་འཇུག་བྱའི་མངལ་སྒོ་དགགས་པ་ནི། ཨོ་རྒྱན་ཆེན་པོས་འདི་སྐད་གསུངས་པས་ཁྱོད་རང་གི་དེའི་ལེན་མོ་གྱིས་ཤིག །ཀྱེ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་

བཟུང་བྱས་ནས༔བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱི་མཐུད༔ མངལ་སྒོ་དགགས་ནས་རུ་ལོག་དྲན་པར་བྱོས༔ སྙིང་རུས་དག་སྣང་དགོས་པའི་དུས་ཤིག་ཡིན༔ མིག་སེར་སྤོངས་ལ་བླ་མ་ཡབ་ཡུམ་སྒོམས༔ཞེས་གསུངས་པས་ཚིག་ངག་ནས་བརྗོད་ལ་དོན་མ་བརྗེད་པར་ཟུངས་ཤིག །དེའི་དོན་ནི། ཀྱེ་མ། བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ཞེས་པ་ནི། ད་ལྟ་ལས་དང་སྐྱེ་གནས་བདེ་སྡུག་མི་སྲིད་པས་སྲིད་པ། སྐྱེ་བ་སྔ་མ་ནུབ་ནས་ཕྱི་མ་མ་བླང་བའི་བར་ཡིན་པས་བར་དོ། ཅེས་བྱ་བ་དེ་ཡང་ལྷ་དང་ཆོས་མཐུན་པས་འོད་དང་རྫུ་འཕྲུལ་མངོན་ཤེས་ཕྲ་མོ་ཡོད། དམྱལ་བ་དང་ཆོས་མཐུན་པས་སྡུག་བསྔལ་བ་དང་། ཞག་བདུན་ཕྲག་རེ་ལ་སྐྱེ་འཆིའི་སྣང་བ་ཡོད་ལ་གཉིས་ཀ་དང་ཆོས་མཐུན་པས་རྫུས་ཏེ་སྐྱེ་ཞིང་ཡིད་ལུས་ཡིན་པས། ལུས་ཀྱི་གྲིབ་མ་མེད་པས་ཆུ་ནང་དུ་བྱད་མི་མཐོང་ཞིང་རྗེས་མི་འབྱུང་ལ། སྣང་བ་ངེས་མེད་སྣ་ཚོགས་སུ་ཤར་བའི་དུས་འདིར་འདུན་པ་ཁོ་ན་གལ་ཆེ་བས། རྩེ་གཅིག་ཏུ་ཟུངས་ལ་མི་དགེ་བའི་བསམ་པ་ཡིད་ལ་མ་བྱེད་པར་ཡིད་ལ་མི་ཡུལ་དུ་དབང་ཆོས་གདམས་ངག་དགེ་བའི་ལས་གང་ལ་འབྲེལ་ཆེ་བ་དེ་དྲན་པར་གྱིས་ལ་བཟང་པོའི་ལས་ཀྱི་འཕྲོ་དེ་ལ་དག་སྣང་དང་མོས་གུས་མཐུད་པ་གལ་ཆེའོ། །ཡར་འགྲོ་མར་འགྲོའི་ས་མཚམས་འདིར། ལེ་ལོ་དར་གཅིག་ཤོར་ན་གཏན་དུ་སྡུག་བསྔལ་ཞིང་། འདུན་པ་སྐད་ཅིག་བཟུང་བས་གཏན་གྱི་བདེ་བ་རྙེད་པ་དུས་ད་རེས་ཡིན་པས་ཡིད་ལ་ཟུངས་ཤིག །མངལ་སྒོ་དགགས་ནས་རུ་ལོག་དྲན་པར་བྱ༔ཞེས་པ་དེའི་དུས་ལ་བབ་པས་མངལ་སྒོ་དགགས་པའི་གདམས་ངག་འདི་རྣམས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །དེ་ཡང་སྐྱེ་གནས་བཞི་ལ་སྒོང་སྐྱེས་དང་མངལ་སྐྱེས་མཐུན་ཏེ། འདི་དུས་ཕོ་མོ་ཆགས་པ་

སྤྱོད་པ་མཐོང་བས། རང་ཉིད་ཕོར་སྐྱེས་ན་ཕ་ལ་སྡང་ཞིང་མ་ལ་ཆགས། མོར་སྐྱེས་ན་མ་ལ་སྡང་ཞིང་ཕ་ལ་ཆགས་ཏེ་མངལ་དུ་ཞུགས་པས་ལུས་སྨིན་ནས་ཕྱིར་ཐོན་པའི་ཚེ། དུད་འགྲོ་ཁྱི་ཕག་སྦྲུལ་བྱ་སོགས་ཀྱི་ལུས་བླངས་པས། སྡུག་བསྔལ་ཞིང་བརྫུས་སྐྱེས་དང་དྲོད་གཤེར་གཉིས་ཆ་མཐུན་ཏེ། མི་གཙང་བའི་རྫས་ཞིག་ལ་བརྟེན་ཏེ་སྐྱེ་བ་ཡིན་ནོ། །དེ་ལ་དྲི་ཞིམ་པོའི་འདུ་ཤེས་སྐྱེས་ཏེ་ཆགས་པས་འབུ་སྲིན་སོགས་གང་ཡིན་པའི་ལུས་སུ་གྱུར་ནས། སྡུག་བསྔལ་ཞིང་འཁོར་བ་མཐའ་མེད་དུ་འགྲོ་བ་འདི་འདྲའི་ལས་ལ་རེ་འཇིགས་ཨ་ཙ་མ། དེ་བས་ངའི་ཁ་ལ་ཉན་ནས་གདམས་ངག་འདི་ཡིད་ལ་ཟུངས་ཤིག །སྙིང་རུས་དག་སྣང་དགོས་པའི་དུས་ཤིག་ཡིན། །མིག་སེར་སྤོངས་ལ་བླ་མ་ཡབ་ཡུམ་སྒོམས། །ཞེས་གསུངས་པས། དེ་ལྟར་ཕ་མར་ཆགས་སྡང་སྐྱེ་དུས། ཀྱེ་མ་བདག་ལྟ་བུའི་ལས་ངན་པ་དེ་སྔ་ཡང་ཆགས་སྡང་གཉིས་ཀྱིས་འཁོར་བར་འཁྱམས་ནས་སྡུག་བསྔལ་མྱོང་། ད་ནི་ཆགས་སྡང་བྱེད་རེ་ཀན་སྙམ་པར་གྱིས་ལ་སྙིང་རུས་སྐྱེད་ཅིག་དེས་ཁོག་པར་འགྱུར་རོ། །དེས་མ་ཁོག་ན། ཕོ་མོ་གཉིས་བླ་མ་ཡབ་ཡུམ་དུ་བསྒོམ་ལ་ཕྱག་འཚོལ་ལ་ཆོས་ཞུས་པའི་འདུན་པ་གྱིས་དང་ཁོག་པར་འགྱུར་རོ། །དེས་མ་ཁོག་ན། བླ་མ་ཡབ་ཡུམ་ཡི་དམ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་བསྒོམ་ལ་ཡིད་སྤྲུལ་གྱི་མཆོད་ལ་དངོས་གྲུབ་ཞུ་བའི་མོས་པ་གྱིས་དང་ཁོག་པར་འགྱུར་རོ། །དེས་ཀྱང་མ་ཁོག་ན། བདེན་མེད་སྒྱུ་མ་ལྟ་བུར་བསྒོམ་སྟེ། ཀྱེ་མ་ཕ་མ་སོགས་སྣང་སྲིད་ཀྱི་དངོས་པོ་འདི་རྣམས་ནི་མི་བདེན་སྒྱུ་མ་ཡིན་པ་ལ་བདེན་པར་བཟུང་ནས་འཁྲུལ་བར་སྣང་བས། ད་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་གསུངས་པས་དེ་ངེས་པར་བྱའོ་སྙམ་ནས་ཡིད་ལ་བཟུང་ན་མངལ་སྒོ་ཁོག་

པར་འགྱུར་རོ། །དེའི་ཀྱང་མ་ཁོག་ན། ཀྱཻ་མ་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ནི་རང་གི་སེམས་ལ་སྣང་བ་ཡིན་སེམས་འདི་ནི་སྐྱེ་འགགས་གནས་གསུམ་དང་བྲལ་བས། རང་བཞིན་སྟོང་པ་ཉིད་ཡིན་སྙམ་པའི་ངང་དུ་མ་བཅོས་པར་ཞོག་དང་སྐྱེ་བ་རྣམས་བཞིའི་སྒོ་ཁོག་པར་འགྱུར་རོ། །དེས་ཀྱང་མ་ཁོག་ན། ད་ནི་ལུས་བླངས་རན་པའི་དུས་ཡིན་པས་མངལ་སྒོ་བདམས་པའི་གདམ་ངག་ཟབ་མོ་འགའ་ཡོད་པས་ཡིད་ལ་ཟུངས་ཤིག །ད་ནི་གླིང་གང་དུ་སྐྱེ་བ་དང་རིགས་དྲུག་ཏུ་སྐྱེ་བའི་རྟགས་རྣམས་མཐོང་ནས་འོང་བས་གང་ཡིན་དུ་མ་འཇུག་པར་བདམས་པར་བྱའོ། །ཤར་ལུས་འཕགས་པོར་སྐྱེ་ན་ངང་པས་བརྒྱན་པའི་མཚོ་དང་། ནུབ་བ་ལང་སྤྱོད་དུ་སྐྱེ་ན་རྟ་ཕོ་མོས་བརྒྱན་པའི་མཚོ་དང་། བྱང་སྒྲ་མི་སྙན་དུ་སྐྱེ་ན་བ་གླང་དང་ལྗོན་ཤིང་གིས་བརྒྱན་པའི་མཚོ་འདུག་པ་མཐོང་ངོ་། །གླིང་དེ་དག་ཏུ་བདེ་སྐྱིད་ལོངས་སྤྱོད་ཚེ་ཚད་བསོད་ནམས་ཡོད་ཀྱང་། ཆོས་མི་དར་བས་མ་འཇུག་ཅིག །ལྷོ་འཛམ་བུ་གླིང་དུ་སྐྱེས་ན་ཁང་བཟང་ཉམས་དགའ་བ་མཐོང་ངོ་། །ལྷར་སྐྱེས་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྷ་ཁང་བརྩེགས་པ་ཉམ་དགའ་བ་མཐོང་ངོ་། །དེ་གཉིས་ལ་འཇུག་ཀྱང་རུང་བས་འཇུག་པར་གྱིས་ཤིག །ལྷ་མ་ཡིན་དུ་སྐྱེ་ན་མགལ་མའི་འཁོར་ལོ་དང་། དུད་འགྲོར་སྐྱེས་ན་བྲག་ཕུག་དང་གྲོགས་ཕུག་སྐྱིལ་པོ་ན་བུན་གྱི་ཚུལ་དང་། ཡི་དྭགས་སུ་སྐྱེ་ན་སྡོང་དུམ་དང་གྲོགས་པོ་ཕུག་རྡུག་ནག་ལིང་ངེ་བ་དང་། དམྱལ་བར་སྐྱེ་ན་མུན་ནག་གི་གླིང་དང་། ཁང་པ་ནག་པོ། དམར་པོ། ས་དོང་ནག་པོ་ལ་སོགས་ལ་ཕྱིན་པའི་སྣང་བ་འབྱུང་བས་དེ་དག་ཏུ་ཅི་ནས་ཀྱང་མི་འཇུག་པར་གཟབ་པར་བྱའོ། །ཁྱོད་མི་འགྲོ་བའི་དབང་མེད་པར་གཤེད་མས་དེད་ཅིང་ཁྲིད་པའམ། ཁ་ཆར་བུ་ཡུག་ཐོག་སེར་

ཀུ་སྒྲ་ལ་སོགས་པས་སྐྲག་ནས་བྲོས་དགོས་པ་བྱུང་ན་འདྲེ་སྲིན་གྱི་བར་ཆད་ཡིན་པས་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀ་དང་རྟ་མགྲིན་ནམ། ཕྱག་རྡོར་གང་རུང་སྐུ་ཆེ་ལ་ཡན་ལག་རགས་པ་འཇིགས་སུ་རུང་བ་བགེགས་རིགས་ཐམས་ཅད་ཐལ་བར་བརླག་པར་བྱེད་པ་ཞིག་ཏུ་བསྒོམ་དང་། དེའི་བྱིན་རླབས་ཀྱིས་གཤེད་མ་དང་བྲལ་ཏེ་རང་དབང་ཐོབ་པ་ཡིན་ནོ། །ད་ནི་མངལ་སྒོ་བདམས་པར་བྱ་སྟེ། རབ་དག་པ་མཁའ་སྤྱོད་དུ་འཕོ་བར་བྱ་བ་ནི། ཀྱེ་མ་བདག་བསྐལ་པ་གྲངས་མེད་པ་ནས་ད་དུང་འཁོར་བར་འཁྱམས་ནས་སྡུག་བསྔལ་བ་ལ་རེ་སྐྱོ། སྐྱུགས་རེ་ལོག །ཞེ་རེ་ལོག །གཉུག་རེ་བུད། ད་ནི་བདེ་བ་ཅན་དུ་འོད་དཔག་མེད་ཀྱི་དྲུང་དུ་འགྲོ་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་གཏོད་དང་ངེས་པར་དེར་སྐྱེ་བར་འགྱུར་རོ། །གཞན་ཡང་རང་གང་མོས་པའི་ཞིང་ཁམས་མངོན་པར་དགའ་བའམ། དཔལ་ལྡན་ནམ། སྟུག་པོ་བཀོད་པའམ། རི་པོ་ཏ་ལའམ། ལྕང་ལོ་ཅན་ནམ། པདྨ་འོད། དགའ་ལྡན་ལ་སོགས་པ་གང་མོས་སུ་འདུན་པ་རྩེ་གཅིག་ཏུ་གཏད་པས་ཞིང་ཁམས་དེ་དག་ཏུ་སྐྱེ་བར་འགྱུར་རོ། །གལ་ཏེ་དེ་ལྟར་མ་ཐུབ་པར་མངལ་དུ་འཇུག་པར་སྤྲོ་བའམ། གླིང་ཡང་བདམས་ཏེ་ཆོས་དར་བའི་སར་འཇུག་གོ །ཀྱཻ་མ་བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོའམ། གྲུབ་པ་ཐོབ་པའི་སྲས་སམ། ཆོས་རྒྱུད་དྲི་མ་མེད་པའི་རིགས་སམ། ཕ་མ་འབྱོར་ལྡན་དད་པ་ཅན་གྱི་རིགས་སུ་བསོད་ནམས་ཅན་གྱི་ལུས་བླངས་ནས་སེམས་ཅན་གྱི་དོན་བྱའོ་སྙམ་པའི་འདུན་པ་གཏད་དེ་མངལ་དེ་ཡང་གཞལ་ཡས་ཁང་དུ་བསམ་ལ། བླ་མ་དཀོན་མཆོག་རྒྱལ་བ་སྲས་བཅས་ཡི་དམ་ཐུགས་རྗེ་ཆེན་པོ་ལ་

གསོལ་བ་བཏབ་ཅིང་དབང་ཞུ་བའི་འདུན་པས་འཇུག་པར་བྱའོ། །དེ་ཡང་ལས་ངན་གྱི་དབང་གིས་མངལ་སྒོ་བཟང་པོ་ལ་ངན་པར་མཐོང་བ་དང་། ངན་པ་ལ་བཟང་པོར་མཐོང་ནས་ནོར་ཉེན་ཡོད་པས། བཟང་ངན་གང་མཐོང་ཡང་ཆགས་སྡང་གང་ཡང་མ་བྱེད་བཟང་ངན་བླངས་དོར་མེད་པར་བཏང་སྙོམས་ངང་ལ་འཇུག་པར་གལ་ཆེའོ། །དེ་ལྟར་ཆགས་སྡང་གཉིས་དང་བྲལ་མ་ཐུབ་ན། གོང་གི་སྣང་བ་དེ་རྣམས་གང་ཤར་ཡང་དཀོན་མཆོག་གསུམ་གྱི་མཚན་ནས་བརྗོད་ཅིང་སྐྱབས་སུ་འགྲོ་བར་གྱིས་ཤིག །ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག །མགོན་གྱེན་དུ་བསྟན་ནས་འགྲོ་བར་གྱིས་ཤིག །བར་དོ་ངོ་ཤེས་པར་གྱིས་ལ་ཤུལ་གྱི་ཉེ་འབྲེལ་ལ་ཆགས་ཞེན་སྤོངས་ཤིག །འདི་རྣམས་ཀྱིས་ཐར་བའི་གེགས་བྱེད་དོ། །མིའི་འོད་སྔོན་པོ་དང་ལྷའི་འོད་དཀར་པོ་ལ་ཞུགས་ཤིག །རིན་པོ་ཆེའི་ཁང་བཟང་སྐྱེད་མོའི་ཚལ་དུ་ཞུགས་པར་གྱིས་ཤིག །དེ་ལྟར་ལན་བདུན་ལ་སོགས་ཡང་ཡང་བཤད། ར་མདའ་སྦྲན་དང་འཇིགས་སྐྱོབས་འཕྲང་སྒྲོལ་དང་། །བར་དོ་རྩ་ཚིག་བག་ཆགས་རང་གྲོལ་སོགས། །ལྷག་བསམ་དག་པས་སྒྲ་དག་གསལ་བར་བཀླག །དེ་ཡི་ཕན་ཡོན་རབ་རྣམས་འཆི་ཁར་གྲོལ། །འབྲིང་རྣམས་ཆོས་ཉིད་བར་དོར་གྲོལ་གྱུར་ཞིང་། །ཐ་མ་སྲིད་པ་བར་དོར་དབུགས་དབྱུང་ལ། །ཡང་མཐའ་མངལ་སྒོ་བདམས་ཤེས་མི་ལུས་ཐོབ། །ཆོས་དང་འཕྲད་ནས་ཐར་པའི་ལམ་སྣ་ཟིན། །སྡིག་ཆེན་རྣམས་ཀྱང་སྐྱབས་འགྲོའི་ཕན་ཡོན་གྱིས། །ངན་སོང་མི་ལྟུང་མཐོ་རིས་ཐོབ་འགྱུར་ཞིང་། །ཐར་པའི་ས་བོན་འཁོར་བ་མཐའ་ཅན་འགྱུར། །དེ་ཕྱིར་འདི་ལ་འབད་པས་བརྩོན་པར་གཅེས། །འདི་ཡི་དམ་ཚིག་སྲོག་གཅོད་མཆོད་སྦྱིན་དང་། །རོ་རྩར་ངུ་འབོད་མྱ་ངན་སྨྲེ་སྔགས་སྤངས། །དགེ་བ་གང་འགྲུབ་སྡིག་དང་

མ་འདྲེས་གཅེས། །ད་ལྟའི་ཚེ་ནའང་འདི་ཡི་ཚིག་དོན་རྣམས། །ཡིད་ལ་གོམ་ཞིང་བློ་ལ་བྱང་བ་གཅེས། །འདི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཆོས་རྣམས་ཀུན་གྱི་སྙིང་པོའི་བཅུད་ཕྱུངས་བ། །འགྲོ་བའི་དོན་དུ་བསྟན་པའི་ཟབ་ཆོས་ལས། །ཉེ་བར་བསྡུས་པ་འདི་ནི་ཚིགས་ཉུང་བས། །དེང་སེང་དུས་ན་བྲེལ་ཕོངས་ཐོས་པ་དབེན། །མང་པོ་བློ་ལ་མ་ཚུད་དཔེ་ཀླག་ཀྱང་། །བློ་ལ་མ་བྱང་དོན་ལ་མ་འདྲིས་པས། །བརྗོད་པ་མ་དག་ཚིག་དོན་བརྡ་མ་འཕྲོད། །ནོར་འཁྲུལ་སྐྱོན་གྱིས་ཕན་མེད་གནོད་རྒྱུར་སོང་། །དེ་བས་ཚིགས་འདི་བློ་ལ་ཆུད་གྱིས་ལ། །དོན་མ་རྟོགས་ཤིང་འདྲེན་ཆོག་མཁན་རྣམས་ཀྱང་། །ཟ་འདོད་འགུལ་འཚེར་ང་འདྲ་མ་བྱེད་པར། །རོ་ཟས་གསོལ་འདོད་རོ་ཆོག་བྱང་བར་སློབ། །གཞན་དོན་བྱེད་ལ་རང་དོན་ཁྲལ་མ་ཞུགས། །ལྷག་བསམ་བཟང་པོས་འགྲོ་དོན་ཡིན་ན་ཡང་། །འོན་ཀྱང་དེང་སེང་དུས་ཀྱིས་མ་ཐེག་པས། །སྦྱིན་བདག་རྣམས་ཀྱང་འདིར་སྣང་ཁས་ལེན་རེ། །འདྲེན་སྟོན་མཁན་ཀྱང་ནང་རྟགས་ཕྱི་ལ་སྟོན། །གཞན་དོན་སེམས་བསྐྱེད་འདོད་པ་ཁོ་ནས་བསླུས། །ཟས་ལ་འཁུ་ཞིང་ཡོན་ལ་མཁོང་བསྐྱེད་འདོད། །ཚེ་འདས་མི་འདྲེན་ཟ་ཡོན་བཟང་ངན་འདྲེན། །བསྐྱེད་རིམ་མི་བསྒོམ་ཟ་འབུལ་ཅི་འོང་བསྒོམ། །རྫོགས་རིམ་མི་བསྒོམ་རྟ་ནོར་གང་བཟང་བསྒོམ། །ཆོ་ག་མི་བརྗོད་ཡོན་འབུལ་གླེང་མོ་བརྗོད། །རང་དཔེ་མི་ལེན་གཞན་ལ་ཕོད་ཁམ་ཆེ། །ཚེ་འདས་བརྗེད་ཀྱང་ཅི་བྱུང་རྒྱུན་དུ་དྲན། །བསྐྱེད་རིམ་བརྗེད་ཀྱང་ཟ་ཡོན་སེམས་ལ་གསལ། །རྫོགས་རིམ་བརྗེད་ཀྱང་རྟ་ནོར་སེམས་ལ་གནས། །ཚེ་འདས་ལུས་ཀྱང་གཞི་ནས་ལུས་མ་ཤོར། །ཕྱི་མ་བརྗེད་ཀྱང་ཤ་ཐུད་མ་བརྗེད་ཁྱེར། །རོ་མ་ཁྱག་ཀྱང་རོ་དོམ་ཁུར་གྱིས་ཐེག །རོ་ལ་རྩོག་ལྟ་རོ་ཟས་སྐན་སྒྲ་རྡེབས། །རོ་སྔས་

འཇབ་འགྲོས་རོ་ནོར་ཧབ་ཤ་བྱེད། །རོ་ཐོས་དགའ་ཚོར་རོ་མཐོང་བཟུར་འགྲོས་བྱེད། །རོ་ལ་སྣ་བསུམ་རོ་གོས་འཕྲག་ལ་གཟར། །བྱིས་པ་མེ་འདག་འགྲམ་དུ་བཞག་པ་ལྟར། །ཐར་པའི་ས་བོན་ཚིག་པར་འཇིགས་པར་བྱེད། །རོ་ཟས་ཆོ་གས་མི་སྦྱངས་ཆོ་ངེས་སྦྱངས། །གཤིན་ནོར་ཆོས་ཕྱོགས་མི་བཏང་ཆང་ཕྱོགས་བཏང་། །ཧེ་ཧེ་དེ་འདྲའི་སྤྱོད་ཚུལ་མཐོང་བ་ན། །ཤིན་ཏུ་སྐྱོ་བས་འདི་སྐད་ཚིག་ཏུ་ཤོར། །འོན་ཀྱང་བདག་རང་སྣང་བ་མ་དག་གམ། །གཞན་རྒྱུད་མི་ཤེས་མངོན་ཤེས་མི་ལྡན་པས། །ཉེས་སྐྱོན་གྱུར་ན་བཟོད་བཞེས་ཕན་སེམས་ཀྱིས། །སྨྲས་པས་རང་འདོད་ཞེན་པ་དང་བྲལ་ནས། །བདེན་འཛིན་ཞིག་ནས་སྒྱུ་མའིི་རང་བཞིན་དུ། །རྟོགས་ནས་འགྲོ་དོན་འབད་མེད་འགྲུབ་གྱུར་ཅིག །ཞེས་པ་འདི་ནི་བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོའི་ཚིག་རྣམས་རྒྱས་པས་བློར་ཆུད་དཀའ་ཞིང་ཕལ་ཆེར་ཡིི་གེས་འཇིགས་པས། བལྟ་བ་ཡང་དཀོན་པར་མཐོང་བས། དེ་ལས་བསྡུས་ཏེ་དོན་མི་འཆུག་པར་གསལ་བར་བཀོད་པ་འདི་ནི་མཐའ་འཁོབ་ཀྱི་བཙུན་པ་ཀ་མ་ལ་མ་ཏིའི་དབེན་གནས་སྐུ་ལྷ་དཀར་པོའི་མགུལ་དུ་སྦྱར་བ་དགེའོ། །དགེའོ།། །།

བར་དོའི་ངོ་སྤྲོད་བསྡུས་པ།

བར་དོའི་ངོ་སྤྲོད་བསྡུས་པ་བཞུགས་སོ། །

སྤྱིར་ལུས་ཅན་རྣམས་འཆི་བའི་ཚེ་དང་པོ་རགས་པའི་ཐིམ་རིམ་ཉི་ཤུ་ནི། གཟུགས་ཀྱི་ཕུང་པོ་ཐིམ་པས་ཡན་ལག་ཐམས་ཅད་ཕྲ་བ་དང་། ལུས་ཀྱི་ཉམས་ཞན་ཅིང་ནུས་པ་མེད་པར་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་འགྱུར། སའི་ཁམས་ཐིམ་པས་ལུས་ཐམས་ཅད་སྐམ་པར་འགྱུར། མིག་གི་དབང་པོ་ཐིམ་པས་མིག་མི་གསལ་བར་འགྱུར་ཞིང་ཟླུམ་པར་འགྱུར། ཡུལ་གཟུགས་ཐིམ་པས་ལུས་ཀྱི་མདངས་མེད་ཅིང་ཉམས་པར་འགྱུར། ཡང་ཚོར་བའི་ཕུང་པོ་ཐིམ་པས་ཚོར་བ་ཉམས་སུ་མི་མྱོང་། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་དྲན་པར་མི་འགྱུར། ཆུའི་ཁམས་ཐིམ་པས་རང་ལུས་ཀྱི་ཆུ་དང་རྔུལ་དང་གཅིན་དང་ཁུ་ཁྲག་སོགས་སྐམ་པར་འགྱུར། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་ཐོས། ཡུལ་སྒྲ་ཐིམ་པས་རང་ལུས་ཀྱི་སྒྲ་མི་ཐོས། ཡང་འདུ་ཤེས་ཀྱི་ཕུང་པོ་ཐིམ་པས་རྐང་གཉིས་ལ་སོགས་པའི་སེམས་ཅན་རྣམས་མི་དྲན། སོ་སོར་རྟོགས་པའི་ཡེ་ཤེས་ཐིམ་པས་ཕ་མ་བུ་སྲིང་ལ་སོགས་པའི་མིང་མི་དྲན། མེའི་ཁམས་ཐིམ་པས་ཟས་མི་འཇུ། སྣའི་དབང་པོ་ཐིམ་པས་སྟེང་རླུང་དལ་གྱིས་འགྲོ། ཡུལ་གྱི་དྲི་ཐིམ་པས་རང་གི་ལུས་ལ་དྲི་མི་བྲོའོ། །ཡང་འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་ཐིམ་པས་འཇིག་རྟེན་ཀྱི་བྱ་བ་དང་དགོས་པ་མི་དྲན། རླུང་གི་ཁམས་ཐིམ་པས་རླུང་བཅུ་

གནས་ནས་འཕོ། ལྕེའི་དབང་པོ་ཐིམ་པས་ལྕེ་སྦོམ་ཞིང་ཐུང་ལ་རྩ་བ་སྔོན་པོར་འགྲོ། ཡུལ་གྱི་རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་ངོ་། །དེ་ལྟར་རགས་པ་ཉི་ཤུ་ཐིམ་ནས། ཕྲ་བ་ནང་གི་འབྱུང་བའི་ཐིམ་ལུགས་ནི། ས་ཆུ་ལ་ཐིམ་པས་ལུས་བསྒུལ་བསྐྱོད་མི་ནུས་ཤིང་ཟུང་མི་ཐུབ། ལུས་ས་ལ་བྱིང་བ་སྙམ་བྱེད། ནང་རྟགས་སྨིག་རྒྱུ་ལྟ་བུ་སྔོ་མེར་མེར་བ་དང་། ཆར་ཟིམ་དང་ཆུ་གཡོ་བའི་རྣམ་པ་ལྟ་བུ་འབྱུང་། ཆུ་མེ་ལ་ཐིམ་པས། ཁ་སྣ་སྐམ་ཞིང་ལྕེ་རྐན་ཕུག་ཏུ་འགྲོ། ནང་རྟགས་སུ་དུ་བ་འཕྱུར་བ་ལྟ་བུ་དང་། དུ་ཐང་ཆགས་པ་ལྟ་བུ་འབྱུང་། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་མཐའ་ནས་སྡུད་ཅིང་ཕོ་བའི་མེ་དྲོད་ཉམས། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུ་དམར་ཙག་ཙག་དང་། དམར་ཕྲམ་ཕྲོམ་འབྱུང་། རླུང་རྣམ་ཤེས་ལ་ཐིམ་པས། དབུགས་ཕྱིར་རིང་དུ་རྒྱུ་ཞིང་། ནང་དུ་སྡུད་མི་ཤེས་པར་རགས་པའི་རྒྱུ་ུབ་ཆད། ནང་རྟགས་སུ་མར་མེ་འབར་བའི་སྣང་བ་དང་། སྒྲོན་མེའི་ཕྲེང་བ་བསྒྲིགས་པ་ལྟ་བུ་འབྱུང་། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་ནང་རྟགས་སུ་ཤེས་པ་དྭངས་བ་དང་། ཕྱི་རྟགས་སུ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འབྱུང་། དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པས། སྣང་བཞི་རིམ་གྱིས་འཆར་ཏེ། དང་པོ་སྤྱི་བོ་ནས་ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་དེ་ཉིད་ཐུར་དུ་བབས་ནས་སྙིང་ཀར་སོན་པ་ན་སྣང་བ་ཞེས་བྱ་སྟེ། ཕྱི་རྟགས་སུ་སྣང་བ་ཐམས་ཅད་སྤྲིིན་བྲལ་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུ་དཀར་ལམ་པ་འབྱུང་། ནང་རྟགས་སུ་གཟུང་བའི་རྣམ་རྟོག་རགས་པས་སྟོང་པའི་ཤེས་པའི་རང་གདངས་གསལ་བར་སྣང་བ་འཆར། གཉིས་པ་དབུ་མའི་མར་སྣའི་ཁམས་དམར་ཆ་དྭངས་མ་གྱེན་དུ་སོང་པས་སྣང་བའི་ཡེ་ཤེས་མཆེད་པ་ལ་ཐིམ། ཕྱི་རྟགས་སུ་སྤྲིན་མེད་པའི་ནམ་མཁའ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་

དམར་ལམ་པ་འཆར། ནང་རྟགས་སུ་འཛིན་པའི་རྣམ་རྟོག་རགས་པའི་ཆོས་སྟོང་པའི་སེམས་ཤིན་ཏུ་གསལ་བར་སྣང་བ་འཆར། གསུམ་པ་དྭངས་མ་དཀར་དམར་སྙིང་གར་ཕྲད་པའི་དུས་སུ་མཆེད་པའི་ཡེ་ཤེས་ཐོབ་པ་ལ་ཐིམ་པས། ཕྱི་རྟགས་སུ་ནམ་མཁའ་ལ་མུན་ནག་གིས་ཁྱབ་པ་ལྟར་ནག་ཐིབས་ཀྱིས་འགྲོ་བའི་ནག་ལམ་དང་། ནང་རྟགས་སུ་ཤིན་ཏུ་ཕྲ་བའི་གཟུང་འཛིན་གྱི་རྟོག་པའི་ཆོས་ཆེར་སྟོང་པ་སྣང་ཆའི་སྟེང་དུ་ཐ་དད་པའི་མཚན་མ་ཐམས་ཅད་ནུབ་པས་སེམས་འགགས་པ་ལ་ཕྱོགས་པ་སྣང་བ་ཐོབ་པའི་ཡེ་ཤེས་འཆར། བཞི་པ་དེ་ནས་སྙིང་གའི་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་གི་ཁྲག་དབུགས་ཀྱི་དྭངས་མ་ཐིག་ལེ་ཨ་ཧཾ་སོགས་རྫོགས་པར་ཐིམ་པས་འཆི་ཁའི་གཞི་དུས་ཀྱི་འོད་གསལ་འཆར་སྟེ། ཕྱི་རྟགས་སུ་སྤྲིན་དང་བྲལ་བའི་ནམ་མཁའ་གཡའ་དག་པ་ལྟ་བུ་དང་སྟོང་གསལ་མཐའ་དབུས་མེད་པའི་སྣང་བ་དང་། ནང་རྟགས་སུ་རྣམ་པར་མི་རྟོག་པ་ལྷན་ཅིག་སྐྱེས་པ་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ལ་གནས་པ་སྟེ་འདི་ངོས་ཟིན་ནས་ད་ལྟའི་ཉམས་ལེན་གྱི་ངང་དུ་བཞག་ན་འོད་གསལ་མ་བུ་འདྲེས་ཏེ་བར་དོ་དང་པོ་ལ་གྲོལ་བ་ཡིན་ནོ། །འདི་ནི་སྟོང་པའི་འོད་གསལ་རྒྱུད་སྡེ་སྤྱི་དང་མཐུན་པར་བཤད་པ་ཡིན་ལ་འདིའི་སྐབས་སུ་སྣང་བའི་འོད་གསལ་ལྷ་སྐུ་དང་། ཐིག་ལེ་ལ་སོགས་པ་འཆར་ཚུལ་རྫོགས་ཆེན་གྱི་རྒྱུད་སྡེ་རྣམས་ནས་བཤད་པ་ཡོད་ཀྱང་ཇི་ལྟ་བར་གྲོལ་བ་ལོང་ཡོད་དུ་འཆར་དཀའ་བར་སྣང་ངོ་། །དེ་ནས་སྣང་གསུམ་ཐིམ་པའི་འོད་གསལ་དེ་ལས་སླར་ཡང་རིམ་གྱིས་མཆེད་དེ་སྲིད་པ་བར་དོའི་ལུས་སུ་འགྲུབ་པ་ནི། བར་དོར་ཅི་ཙམ་གནས་པའི་ཕྱེད་སྔ་མ་ལ་ཚེ་སྔ་མའི་གཟུགས་དང་། ཕྱི་མ་ལ་ཕྱི་མ་གང་དུ་སྐྱེ་འགྱུར་གྱི་གཟུགས་ཀྱི་རྣམ་པ་ཅན་དབང་པོ་ཐམས་ཅད་ཚང་ཞིང་། མའི་མངལ་མ་གཏོགས་པར་རྫུ་

འཕྲུལ་གྱིས་ཐོག་མེད་དུ་རྒྱུ་བ་བར་དོ་རིགས་མཐུན་པ་རྣམས་དང་ལྷའི་མིག་དག་པ་ཐོབ་པ་རྣམས་མ་གཏོགས་གཞན་གྱིས་མི་མཐོང་བ། དཔེར་ན་རྨི་ལམ་གྱི་ལུས་ལྟ་བུར་སྐད་ཅིག་ལ་སྐྱེས་ནས་སྣང་བའང་མ་ཡིན་མུན་པའང་མ་ཡིན་པའི་སྣང་མུན་འོད་ཀྱི་བར་དོ་ཞེས་བྱ། འདིའི་སྐབས་སུ་ཤི་བ་ངོ་ཤེས་དཀའ་བས། ནམ་མཁར་བལྟས་ན་ཉི་ཟླ་མི་མཐོང་བ་དང་། ས་ལ་རྐང་རྗེས་དང་། གྲིབ་མ་མེད་པ་སོགས་བར་དོ་ཡིན་པའི་རྟགས་སུ་བཤད། འདིའི་ཚེ་ལས་དག་མ་དག་གི་སྣང་བ་བཟང་ངན་སྣ་ཚོགས་དང་། ཁྱད་པར་འཇིགས་པའི་སྒྲ་བཞི་ཞེས་པ་ས་རླུང་ལས་རི་ཉིལ་བ་ལྟ་བུའི་སྒྲ། ཆུ་རླུང་ལས་རྒྱ་མཚོའི་རླབས་འཆོལ་བའི་སྒྲ། མེ་རླུང་ལས་ནགས་ལ་མེ་མཆེད་པའི་སྒྲ། རླུང་གི་རླུང་ལས་འབྲུག་སྒྲ་སྟོང་དུས་གཅིག་ཏུ་ལྡིར་བའི་སྒྲ། ཉམ་ང་བའི་གཡང་ས་གསུམ་ནི། དུག་གསུམ་གྱི་རང་གཟུགས་གཡང་ས་དཀར་དམར་ནག་གསུམ་མཐོང་ནས། དེར་ལྟུང་བ་ན་མངལ་དུ་ཆུད་པ་སོགས་འབྱུང་། འདི་དག་གི་ཚེ་སྐྱེ་གནས་ཚོལ་བ་དང་། གནས་ལུས་ལ་སྲེད་པ་སོགས་རྒྱུན་མར་འབྱུང་བ་ཡིན་ཞིང་། འོད་ཀྱི་འཁོར་ལོ་དང་། ས་ཕུག་དང་། གད་སྟོང་དང་། དུད་འགྲོ་ཕོ་མོ་དང་། མི་ཕོ་མོ་ལ་སོགས་པ་མངལ་སྒོ་དང་སྐྱེ་གནས་ཀྱི་སྣང་བ་མི་འདྲ་བ་སྣ་ཚོགས་འཆར་བ་ཡིན་ནོ། །དེ་དག་གི་ཚེ་ཉམས་ལེན་གྱི་གནད་ནི། དང་པོ་འཆི་ངེས་པར་བློ་ཐག་ཆོད་པའི་ཚེ་ཚེ་འདིའི་ཞེན་པ་དང་འབྲེལ་བ་ཐམས་ཅད་བཅད། དམ་ཚིག་ཉམས་ཆགས་དང་སྡིག་ལྟུང་སོགས་ལ་སྙིང་ཐག་པ་ནས་བཤགས་པ་བྱ། རང་བྱས་ཀྱི་སྡིག་པ་དྲན་ནས་འགྱོད་པ་དང་། འཆི་བ་ལ་འཇིགས་སྐྲག །ཚེ་འདིའི་ཞེན་པ་སོགས་སྐད་ཅིག་ཙམ་ཡང་མི་བྱ་བར། དགའ་ཡལ་ལེ། སྤྲོ་སང་ངེ་། ད་རེས་འཆི་བ་འོད་གསལ་ངོས་ཟིན་

པར་བྱ་བའམ་མིན་ཀྱང་བར་དོར་འོག་མིན་མཁའ་སྤྱོད་ཀྱི་གནས་སམ་ཟངས་མདོག་དཔལ་རི། བདེ་བ་ཅན་ལ་སོགས་པར་ངེས་པར་འགྲོ་ཆོག་པས་རེ་དགའ། དག་པའི་ཞིང་ཁམས་དེ་དག་ཏུ་འགྲོ་བར་བྱའོ་སྙམས་པའི་འདུན་པ་དྲག་པོ་མ་བརྗེད་པར་བྱ། ད་ལྟའི་རང་རྒྱུད་ཀྱི་ཉམས་ལེན་གང་གསལ་དེ་གའི་ངང་དུ་བློ་ལྷོད་ཀྱིས་བཞག་ནས་ཚེའི་འདུ་བྱེད་གཏོང་བ་ལས། ད་ལྟ་གོམ་འདྲིས་མེད་པའི་མན་ངག་གཞན་དེའི་ཚེ་ཉམས་སུ་མི་ལོན་པས་ད་ལྟ་རང་གི་ཉམས་ལེན་གང་གསལ་བ་དེའི་ངང་དུ་འཇོག་པ་དང་། ཟངས་མདོག་དཔལ་རི་སོགས་དག་པའི་ཞིང་དུ་འགྲོ་སྙམས་པའི་འདུན་པ་གཉིས་པོ་འདི་ལས་ལྷག་པ་མེད་དོ། །ཁྱད་པར་རང་ཉིད་གང་ལ་འདུན་པ་གཏད་པའི་དག་པའི་ཞིང་ཁམས་དེར་འགྲོ་བར་བྱའོ་སྙམས་པའི་འདུན་པ་ཡང་དང་ཡང་དུ་ཡིད་ལ་བྱ་བ་ནི་གནད་ཁྱད་པར་ཅན་ཡིན་པས་ད་ལྟའང་ཉིན་མཚན་རྒྱུན་དུ་ཡིད་ལ་མི་འབྲལ་བར་ཤེས་པར་གནད་གལ་པོ་ཆེ་ཡིན་ནོ། །༈ ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་ཡིན་ཏེ། དེ་གང་ཞེ་ན་འདི་ལྟར། དང་པོ་དགེ་བ་ཐབས་ཀྱིས་ཟིན་པའི་སེམས་བསྐྱེད། དངོས་གཞིའི་དགེ་བ་རྐྱེན་གྱིས་མི་བཤིག་པའི་དམིགས་མེད། མཇུག་དགེ་བ་གོང་འཕེལ་དུ་འགྲོ་བའི་བསྔོ་བ་རྣམས་ནི་དམ་པ་གསུམ་ཡིན་ལ། དང་པོ་སྦྱོར་བ་སེམས་བསྐྱེད་དམ་པ་ནི། འདི་ལྟར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡེ་ཐོག་མའི་དུས་ནས་ད་ལྟའི་བར་དུ་རང་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། ཕ་མར་གྱུར་པའི་དུས་སུ་ད་ལྟའི་ཕ་མ་བཞིན་དུ་ཟས་ཀྱི་ཕུད་བྱིན། གོས་ཀྱི་བརྩེས་གཡོག །ཤིན་ཏུ་བྱམས་པའི་བསམ་སྦྱོར་གྱིས་བསྐྱེད་བསྲིངས་པའི་དྲིན་ཆེན་ཤ་སྟག་ཡིན་མོད། དེ་དག་ཐམས་

ཅད་ཀྱིས་འདོད་པ་བདེ་བ་རེ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་བཅུ་པོ་བསྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བཅུ་པོ་འཆོལ་ཉོག་ཏུ་སྤྱོད་ནས་ལམ་ལོག་མགོ་རྨོངས་ལོང་བ་ཐང་དཀྱིལ་དུ་འཁྱམས་པ་ལྟ་བུའི་སྐྱབས་མེད་མགོན་མེད་དུ་གྱུར་པའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། འདི་དག་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བདག་གིས་དམ་པའི་ཆོས་འདི་ཉན་ནས་ཉམས་སུ་བླང་བར་བགྱིའོ། །སྙམ་པ་ཐེག་པ་ཐུན་མོངས་ཀྱི་སེམས་བསྐྱེད་ཡིན། གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་པར་ནི་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་ཀྱང་། རང་ངོ་མ་ཤེས་པས་འཁྲུལ་བས་འཁོར་བའི་ལམ་ལ་ཁ་འཁྱམས་པ་འདི་དག་ཐམས་ཅད་ལ་རང་གནས་ཀྱི་ཡེ་ཤེས་ངོ་སྤྲད་ནས་ཚེ་ལུས་གཅིག་གིས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཕྱིར་བདག་གིས་བསྐྱེད་རྫོགས་ཟབ་མོ་སོགས་ལ་བསླབ་པར་བྱའོ་སྙམ་དུ་སེམས་བསྐྱེད། དངོས་གཞི་དམིགས་མེད་དམ་པ་ནི་སྣོད་བཅུད་དག་མཉམ་ཆེན་པོ་དེ་རང་བཞིན་དུ་ཡེ་ནས་གནས་པ་དེ་ཡིན་པ་ལྟར་གསལ་བཏབ་ནས་ཆོས་བྱེད་པ་པོ་བདག་དང་བྱ་རྒྱུའི་ཆོས་བྱ་བ་དང་བཅས་པ་དམིགས་མེད་ཕྱམ་གདལ་དུ་ཐག་ཆོད་ན་དེ་ཡིན། དེ་མིན་ན་དེ་དང་རྗེས་སུ་མཐུན་པ་རང་གིས་སྔར་བླ་མའི་དྲིན་གྱིས་རྟོགས་པའི་ལྟ་དོན་ཇི་ལྟ་བུ་ཞིག་ཡིན་ཀྱང་། དེའི་ངང་ནས་རྣམ་རྟོག་གྱ་གྱུའི་དབང་དུ་མི་གཏོང་བར་དགེ་སྦྱོར་ལ་འབད་པར་བྱའོ། །རྗེས་སུ་བསྔོ་བ་དམ་པ་ནི། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་བསགས་པའི་དགེ་ཚོགས་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམ་ཏེ་བསྡོམ་ནས་འདས་མ་འོངས་ད་ལྟའི་སངས་རྒྱས་རྣམས་ཀྱི་སེམས་ཅན་གྱི་དོན་དུ་བསྔོ་བ་ཇི་ལྟར་

མཛད་པ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱི་སྙམ་པ་ནི་སངས་རྒྱས་ཀྱི་རྗེས་སུ་བསྔོས་པ་ཡིན། འཇམ་དཔལ་དཔའ་བོ་དང་སྤྱན་རས་གཟིགས་ལ་སོགས་རྒྱལ་སྲས་རྣམས་ཀྱི་བསྔོ་བ་ལྟར་བསྔོས་ན་བྱང་སེམས་རྣམས་ཀྱི་རྗེས་སུ་བསྙེགས་ཏེ་བསྔོས་པ་ཡིན་གང་ལྟར་ན་སེམས་ཅན་རྣམས་ལ་དགེ་རྩ་བསྔོས་པའི་མཐུས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དམིགས་ཏེ་བསྔོ་བ་ཤེས་པར་བྱའོ། །མདོར་ན་དགེ་སྦྱོར་ཐམས་ཅད་ཀྱི་ཐོག་མར་དོན་གཉིས་ལྡན་པའི་སེམས་བསྐྱེད། དངོས་གཞི་བྱ་བྱེད་ལས་གསུམ་གྱི་དམིགས་པ་དང་བྲལ་བ། རྗེས་སངས་རྒྱས་དང་སེམས་དཔའ་རྣམས་ཀྱི་རྗེས་སུ་བསྙེགས་ཏེ་བསྔོས་ན་དམ་པ་གསུམ་གྱིས་ཟིན་པའི་དགེ་བ་ཐར་བ་དང་ཆ་མཐུན་པ་ལགས། ༈ སྤྱིར་དགེ་བ་གང་བྱེད་ཐམས་ཅད་དམ་པ་གསུམ་གྱིས་ཟིན་པ་གལ་ཆེ་སྟེ། དང་པོ་དགེ་བ་གང་བྱེད་ལ་ཐབས་ཀྱིས་ཟིན་པ་སྦྱོར་བ་སེམས་བསྐྱེད། དགེ་བ་རྐྱེན་གྱིས་མི་བཤིག་པར་བྱེད་པ་དངོས་གཞི་དམིགས་མེད། དགེ་བ་གོང་འཕེལ་དུ་འགྲོ་བ་མཇུག་བསྔོ་བའོ། །དང་པོ་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དགེ་བ་སྒྲུབ་སྙམ་པ་དེ་ཡིན། སེམས་བསྐྱེད་འདི་ལ་སེམས་ཅན་གྱི་དོན་དུ་སྙམ་པ་དང་། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ་དེ་གཉིས་ཚང་དགོས། འདི་གཉིས་མ་ཚང་ན་བྱམས་དང་སྙིང་རྗེ་ཙམ་གྱིས་སེམས་བསྐྱེད་ཀྱི་གོ་མི་ཆོད། དངོས་གཞི་དམིགས་མེད་ནི། ཕྱག་རྫོགས་ཀྱི་ཉམས་ལེན་ཤེས་མཁན་ཡིན་ན་རང་རང་གི་ཉམས་ལེན་སྐྱོང་བ་དེས་འཐུས། མཇུག་བསྔོ་བ་ནི། རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་དེ་ལྟར་བསྔོ་སྙམ་པ་དེ་འཁོར་གསུམ་ཡང་དག་གི་བསྔོ་བ་རྗེས་མཐུན་པ་ཡིན་པས་དེ་ལས་

ལྷག་པ་མེད། དུས་རྒྱུན་གསོལ་བ་འདེབས་པའི་ཡུལ་བླ་མ་སངས་རྒྱས་ཀུན་འདུས། དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ཡིན་པས་འདི་གཅིག་པུ་ལ་གསོལ་བ་བཏབ་པས་འཐུས། དེ་ཡང་བླ་མའི་ཐུགས་རིག་པའི་ཡེ་ཤེས་སྣང་སྟོང་དབྱེར་མེད་དེ་ཡེ་སངས་རྒྱས་པའི་ཡེ་ཤེས་ཡིན་པས་། སངས་རྒྱས་སྐུ་གསུམ་འདི་ལ་འདུས། བླ་མའི་ཐུགས་རྒྱུད་ན་བཞུགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་རྣམས་ཆོས་ཡིན་ཏེ། ཐོས་བསམ་ལུང་དང་སྒོམ་པ་རྟོགས་པ་གཙོ་ཆེ། བླ་མའི་ཐུགས་ཡེ་ཤེས་དང་ཐུགས་རྒྱུད་ཀྱི་ཡོན་ཏན་གཉིས་དབྱེར་མི་ཕྱེད་པའི་ཆ་ནི་དགེ་འདུན་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དེས་ན་སངས་རྒྱས་ལ་གསོལ་བ་བཏབ་ཀྱང་འདི་དང་འདྲ་ཞིང་བླ་མ་ཡང་དེར་འདུ། བླ་མ་དང་སངས་རྒྱས་གཉིས་གནས་སྐབས་གདུལ་བྱ་ལ་སྣང་ཚུལ་གྱི་ཁྱད་པར་ལས་ངོ་བོ་གཅིག་སྟེ། ཚེས་གསུམ་གྱི་ཟླ་བ་དང་བཅོོ་ལྔའི་ཟླ་བ་བཞིན་ནོ། །ཡི་དམ་དང་མཁའ་འགྲོ་སོགས་ཀྱང་འདི་གཉིས་ལ་མ་འདུས་པ་མེད་དོ། །ཤེར་ཕྱིན་གྱི་དོན་ནི། མི་གནས་པའི་གནས་པ་ནི་ཕྱི་ཡུལ་གྱི་བཟང་ངན་གཉིས་ཀྱི་ཞེན་པ་བཅད། མི་སྦྱོར་བའི་སྦྱོར་བ་ནི། མི་བསམ། མི་ཡེང་མི་སྒོམ། རང་བབ་འདུག་པའོ། །དགེའོ། །དགེའོ། །དགེའོ། །

བར་དོའི་དྲུག་ཁྲིད་ཀྱི་ཟིན་བྲིས་ཀུན་གསལ་མེ་ལོང་།

ཀར་གླིང་ཞི་ཁྲོའི་བར་དོའི་དྲུག་ཁྲིད་ཀྱི་ཟིན་བྲིས་ཀུན་གསལ་མེ་ལོང་བཞུགས་སོ། །

༈ ན་མཿཤྲཱི་མཱཾ་གུ་ར་ཝེ། འགྲོ་ཁམས་དུག་ལྔའི་བག་ཆགས་སྲ་མཁྲེགས་ལྕགས། །སྨིན་གྲོལ་དངུལ་་ཆུའི་སྦྱོར་བས་ཡེ་ཤེས་ཀྱི། །གསེར་ཁམས་བཟང་པོར་མ་བཅོས་ལྷུན་གྲུབ་ཏུ། །སྟོན་མཛད་ཁྱབ་བདག་བླ་མས་ཤིས་པ་རྩོལ། །གསང་སྔགས་མྱུར་ལམ་ཚེ་གཅིག་གདོད་མའི་སར། །དཀའ་བ་མེད་སྒྲོད་དགོངས་པ་རང་གྲོལ་གྱི། །བར་དོ་དྲུག་ཁྲིད་ཉམས་སུ་ལེན་པའི་ཐབས། །བླ་མའི་ཞལ་གྱི་བདུད་རྩི་འདིར་གསལ་བྱ། །ཞེས་ཤེས་པར་བརྗོད་དེ་བསྟན་པར་བྱ་བ་ལ། ཐོག་མར། ས་བཅད་ལྡེ་མིག་རང་གྲོལ་རྩ་བར་བྱས་པར་གོང་འོག་འཁྲུགས་སྡེབ་བྱེད་རྒྱུར། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་མོ། །དང་པོ་སྔོན་འགྲོ་རང་རྒྱུད་འདུལ་བར་ལྷན་ཐབས་སྦྱར་དགོས་པས་ཆོས་ཐུན་གསུམ་སྟེ། དེ་ཡང་འཁོར་བའི་སྡུག་བསྔལ་མ་བསམ་ན། སོགས་ནས༴ཆོས་ཐུན་གཉིས་པ་དལ་འབྱོར་རྙེད་དཀའ། ཆོས་ཐུན་གསུམ་པ་འཆི་བ་མི་རྟག་པ་རྣམས་ཞག་གྲངས་མང་ཉུང་གང་ལྟར་ནར་འདེད་ཀྱི། འཆི་བ་མི་རྟག་པ་བསྒོམ་པ་སྟེ། ཆོས་ཐུན་གསུམ་པོའོ། །བར་ས་བཅད་ནས་སྔོན་འགྲོ་རང་རྒྱུད་སྦྱོངས་བ་ལ་ཆོས་ཐུན་ལྔ་ཡོད་རྒྱུར། སྔོན་འགྲོ་རང་རྒྱུད་སྦྱོང་བའི་ཁྲིད་རིམ་ཀྱི་འདོན་ཆ་སཱུརྱ་ཙནྟྲ་རསྨིས་མཛད་པ་ལྟར། གཏི་མུག་གཉིད་དཀྲོགས་ནས་སྐྱབས་

འགྲོ་སེམས་བསྐྱེད། རྡོར་སེམས། མཎྜལ། བླ་མའི་རྣལ་འབྱོར་སོགས་ཞག་གྲངས་ཀྱིས་སྦྱང་བྱ་བཅས་ཁྲིད་རིམས་སྤྱི་ལྟར་རྒྱས་སྤྲོས་མཛད་དེ། སྣང་སྲིད་བླ་མའི་རོལ་པར་བལྟ་བར་བྱའོ། །བར་བཏང་། གཉིས་པ་དངོས་གཞིའི་སྤྱི་དོན་ལ། སྐྱེ་གནས་བར་དོ། རྨི་ལམ་བར་དོ། བསམ་གཏན་བར་དོ། འཆི་ཁ་བར་དོ། ཆོས་ཉིད་བར་དོ། སྲིད་པ་བར་དོ་དང་དྲུག་ཡོད་པའི། སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ་གྱིས། ཕྱི་ནང་གི་སྒྲོ་འདོགས་ཆོད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་ནི། དེ་ལས་དང་པོ་སྐྱེ་གནས་བར་དོ་ཉམས་སུ་ལེན་པ་ལ། ཀུན་གཞིའི་གནས་ལུགས་གཏན་ལ་དབབ་པ་ལ་གསུམ། སོགས་ནས༴ལྷག་མཐོང་རིག་པའི་ཡེ་ཤེས་ངོ་སྤྲད་པའི་ཆོས་ཐུན་དང་པོའོ། །བར་ནར་འདེད་ཞག་གྲངས་སོ་སོར་སྦྱང་ཞིང་། ནང་གསེས་རྣམས་ས་བཅད་ལྡེ་མིག་རང་གྲོལ་ལ་དཔྱོད་དགོས། །༈ སྤྱི་དོན་གཉིས་པ་རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་པ་རང་གྲོལ་གྱིས། བག་ཆགས་ཀྱིས་མཚམས་སྦྱར་ཞིང་འོད་གསལ་ལམ་དུ་ཁྱེར་བ་མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟ་བུའི་གདམས་ངག་ནི། རྨི་ལམ་བར་དོའི་ཁྲིད་ཡིག་ལའང་གསུམ་སྟེ། ཉིན་པར་སྒྱུ་ལུས་ཀྱི་ཁྲིད༴སོགས་ནས༴གྱུར་ཏེ་བར་དོར་གྲོལ་བར་ངེས་སོ། །བར་ནར་འདེད་བྱ། ནང་གསེས་ཞག་གྲངས་སོགས་ལྡེ་མིག་རང་གྲོལ་ལྟར་དཔྱད། ༈ སྤྱི་དོན་གསུམ་པ་བསམ་གཏན་བར་དོའི་ཁྲིད་ཡིག་རིག་པ་རང་གྲོལ་གྱིས་ད་ཕྲུག་མ་དང་འཕྲད་པ་ལྟ་བུ་འམ། སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག་ནི། དེ་ཡང་གོང་དུ་རིག་པ་ངོ་སྤྲད་ཅིང་འདི་ཁོ་ནའོ་ཞེས་བསྟན་པས༔སོགས་ནས༴ སངས་རྒྱས་པར་བྱེད་པ་བསམ་གཏན་བར་དོའི་ཁྲིད་ཀྱི་རིམ་པའོ༔ ཞེས་

ཚིག་མཐའ་བསྒྱུར། ནང་གསེས་ཞག་གྲངས་སོགས་ལྡེ་མིག་རང་གྲོལ་ལྟར་དཔྱོད། ༈ སྤྱི་དོན་བཞི་པ་འཆི་ཁ་བར་དོའི་ཁྲིད་ཡིག་འཕོ་བ་རང་གྲོལ་གྱི་གདམས་ངག །མི་གསལ་བ་ལ་གསལ་གདབ་པ་རྒྱལ་པོས་བཀའ་ཐེམ་བསྐུར་བ་ལྟ་བུའི་གདམས་ངག་ནི། དེ་ཡང་གང་གི་ཁྲེགས་ཆོད་ཀྱི་སྐོར་དང་། སོགས་ནས༴ཤི་བ་ལ་མཁས་པ་གཅིག་གལ་ཆེའོ། བར་ནར་འདེད་ལས་ས་བཅད་དམིགས་རྐང་སོགས་ལྡེ་མིག་རང་གྲོལ་ལྟ་བུ་བྱའོ། །༈ སྤྱི་དོན་ལྔ་པ་ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ་གྱིས། རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་ནི། སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི༴སོགས་ནས༴རྒྱས་པར་གཞན་ནས་འབྱུང་ངོ༔བར་ནར་འདེད་བྱ། ས་བཅད་གྲངས་སོགས་ལྡེ་མིག་རང་གྲོལ་དང་བསྟུན། ༈ སྤྱི་དོན་དྲུག་པ་སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ་གྱིས་ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། སྣང་བ་བཞི་མ་མཐོང་བ་དང༔ཆོས་ཉིད་༴སོགས་ནས༴འཕྲོ་མཐུད་ནས་གྲོལ་བར་ཐེ་ཚོམ་མེད་དོ༔བར་ནར་འདེད་། ས་བཅད་དང་ཞགས་གྲངས་སོགས་ལྡེ་མིག་རང་གྲོལ་ལྟར་བྱ། ༈ གསུམ་པ་མཇུག་གི་དོན་ལ། ལྡེ་མིག་ནས། སྤྱི་དོན་གསུམ་པ་མཇུག་གི་དོན་ལ། སོགས་ནས༴རྒྱས་བཏབ་པ་དང་གསུམ་མོ༔བར་བརྗོད། སྐབས་འདིར་ཉིན་ལྟར་བར་དོའི་དབྱིངས་སྒྲོལ་གསོལ་འདེབས་མ་ཆག་པར་བྱའོ། །ཕྱག་ལེན་སྤྲོས་བཅས་གནང་ན་ངོ་སྤྲོད་མཐོང་བ་རང་གྲོལ་གྱི་ལག་ལེན་ཟིན་བྲིས་རྒྱ་ར་བས་མཛད་པ་ལྟར་སྤེལ་བར། སྔར་དབང་མ་ཐོབ་པ་ཡིན་ན་དབང་བསྐུར་དགོས་ཤིང་ཐོབ་ན་མ་བྱས་ཀྱང་རུང་། སྔོན་འགྲོ་རང་རྒྱུད་འདུལ་བ་ལྟར་སྡུག་

བསྔལ་ལ་བསམ་པ་དང་། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ་རྣམས་རྫོགས་ནས་ཟིན་བྲིས་ལྟར་ནས། ལས་དང་པོ་ལ་སྐྱོ་ཤས་བསྐྱེད་པ་ལ། དུར་ཁྲོད་ཀྱི་མི་རོ་བསྐྱལ་བ་ལ་བརྟེན་ནས་མི་རྟག་པར་བསྐུལ་མ་ངོ་སྤྲད་པ་བཏང་། དེ་རྗེས་སྔོན་འགྲོ་རང་རྒྱུད་སྦྱོང་བ། གཏི་མུག་གཉིད་དཀྲོགས་ནས། སྐྱབས་འགྲོ། སེམས་བསྐྱེད། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་། སྐྱེ་གནས། རྨི་ལམ། བསམ་གཏན་བར་དོ་རྣམས་བཏང་རྗེས། འཆི་ཁ་བར་དོའི་ཁྲིད་ཡིག་འཕོ་བ་རང་གྲོལ་ལྟར་སྒོས་ཆོས་མ་ཉམས་པ་ཚར་ནས་སྐབས་འདིར་རང་གཞུང་གི་འཕོ་ཚུལ་གྱི་གདམས་ཁྲིད་དང་། ཆོས་རྒྱུན་གཏེར་གནས་སོགས་བྱིན་རླབས་དོན་བརྒྱུད་མཚུངས་ཕྱིར། ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇའ་ཟུག་མ་ཁྲིད་རྒྱུན་ལྟར་རྒྱུད་སྨིན་རྟགས་ཐོན་པར་གནང་ན་ལགས། སྐབས་འདིར་ཟིན་བྲིས་ལྟར་ཁམ་སའི་མི་མོར་བརྟེན་ནས་རྣམ་ཤེས་འབྱུང་འཇུག་གནས་གསུམ་དང་མཉམ་གཞག་བསྒོམ་པའི་དཔེ་ལ་ངོ་སྤྲོད་བྱ། དཔོན་མོ་འདོ་ལི་མའི་གཏམ་རྒྱུད་གསུངས། སྐབས་འདིར་ཟབ་དབང་གསུམ་བསྐུར་ཞིང་ཤིན་ཏུ་སྤྲོས་མེད་ཤེལ་རྡོ་ངོ་སྤྲོད་ཉི་ཟེར་མ། སྐུ་གསུམ་ངོ་སྤྲོད་དུག་གསུམ་རང་གྲོལ། སྒྲོན་མ་དྲུག་གི་ངོ་སྤྲོད་སོགས་ཀྱང་གནང་ཆོག །ཡང་ཟིན་བྲིས་ལྟར་སྐྱེ་གནས་བར་དོའི་ཁྲིད་ཉམས་སུ་མྱོང་བར་བརྟེན་ནས། གཞིའི་འོད་གསལ་ངོ་སྤྲོད་པ་གཉིས་ཏེ་སྔོན་ནས་དེ་དག་ནི་བར་དོའི་གཞི་སྣང་གི་ངོ་སྤྲོད་དོ། །བར་ཕྱག་ལེན་གནང་། དེ་ནས་ཆོས་ཉིད་བར་དོའི་གཞུང་མཐོང་བ་རང་གྲོལ་སོར་བཞག་མཛད་གསུངས། དེ་རྗེས་ཟིན་བྲིས་ནས་ཆོས་ཉིད་ཡིད་ལ་མི་དྲན་ཞིང་དགེ་སྡིག་འཆོལ་ཉོག་ཏུ་སྤྱོད་པ་རྣམས་སྲིད་པ་བར་དོའི་ངོ་སྤྲོད་པ་ནི། སྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་སྟོན་པའི་གདམས་པ་ལྟར་བྱ། ལྷན་ཐབས་

དབྱངས་སྙན་ལྷའི་གནྚཱི་ཡང་སྦྱར་ནས། ཡིག་དྲུག་བསྐུལ་བ་དང་། རྩི་དཀར་དྲུང་པའི་རྨི་ལམ་བཤད་པ་སོགས་བྱ། དེ་རྗེས་སྲིད་པ་བར་དོའི་ཁྲིད་གཞུང་རྫོགས་པར་བྱས་ལ། བར་དོའི་སྨོན་ལམ་ཐམས་ཅད་འདོན་པ་ཡང་གནང་། དེ་ལྟར་གནང་ན་དམིགས་ཆ་གཞན་རྣམས་ཀྱང་འདིའི་ཁོངས་སུ་ཚང་བར་འཇུག་གོ །སྤྱིར་གོང་སྨོས་བཞིན། བར་དོ་དྲུག་གི་ཁྲིད་དེར་སྦྱོང་པ་ཚད་ལྡན་སོང་ན་ཐམས་ཅད་ཚང་བ་ཡིན་ལ། ཕྱག་ལེན་རྒྱས་པ་འདི་སེམས་རྒྱུད་དང་འདྲེས་ངེས་བྱུང་ན་བྱིན་རླབས་ཆེས་ཆེ་བ་སྨོས་མ་དགོས་རུང་། བྱིས་པའི་རྩེད་མོ་ལྟར་ལས་དུས་ཀྱི་དབང་གིས་དོན་དཀའ་བར་སྣང་ཞེས། ཀཿཐོག་པཎ་ཆེན་གྱིས་གསུངས་སོ། །༈ སྐྱེ་འདིར་སྨིན་གྲོལ་ལམ་སྦྱང་བར་དོ་དྲུག །གོམས་འདྲིས་གདེངས་ལྡན་ཆོས་ཉིད་མ་བུ་འདྲེས། །དོན་གཉིས་ལྷུན་གྲུབ་འགྲོ་ཀུན་ཐབས་བདེའི་སར། །བདེ་བླག་བྱེད་དེ་ལམ་འདིའི་ཁྱད་ཆོས་ཡིན། །ཞེས་པའང་རྒྱལ་དབང་པདྨའི་གདུང་ཚབ་ཁྱབ་བདག་རྡོ་རྗེ་འཆང་གཏེར་ཆེན་གར་དབང་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་ཡི་གནང་བ་ཐོབ་ཅིང་། ཀུན་མཁྱེན་མ་ཧཱ་པཎྜི་ཏ་ཚེ་དབང་མཆོག་གྲུབ་ཀྱི་ཞལ་རྒྱུན་སྔོན་རབས་ཀཿཐོག་པའི་ཁྲིད་རྒྱུན་ཕྱག་ལེན་ཇི་བཞིན་ལེགས་པར་སྩལ་བའི་སྲོལ་མི་ནུབ་པའི་ཆེད་དུ་དང་། མཁྱེན་བརྩེ་ནུས་པའི་མངའ་བདག་གྲུབ་དབང་བླ་མ་ཛཿཀ་བསོད་ནམས་དཔལ་ལྡན་ནས་ཀྱང་བསྐུལ་མ་མཛད་དོན་བཞིན་རྫོགས་ཆེན་རབ་འབྱམས་པའི་བཀའ་འབངས་ཐ་ཤལ་པ་ཤཱཀྱའི་དགེ་སློང་མཐུ་སྟོབས་རྣམ་རྒྱལ་པས་གོང་སྨོས་དམ་པ་མཆོག་གཉིས་ལ་ཡང་། བཀའ་དྲིན་ཞུ་བསྟུན་ཟིན་ཐོར་བགྱིས་པ་ཡོངས་ལ་ཕན་གྱུར་ཅིག །ཅེས་དབེན་རི་བདེ་ཆེན་པདྨ་འོད་གླིང་དུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དལ་ཞལ་ཕྱེ་སྐབས་སུའོ། །ཤྲཱི་

མཱ་གུ་རུ་ཝེ་མ་ཧཱ་ནི་དྷི་པཱཽ་ད་ཏིཥྛནྟུ། །དགེའོ།། །།དག་སྣང་རིན་ཆེན་གཏེར་མཛོད་ལས༔

བར་དོ་དྲུག་གི་ཉམས་ཁྲིད་སྔ་འགྱུར་རྒྱུད་དོན་ཆུ་བོ་གཅིག་འདྲེས།

རྫོགས་པ་ཆེན་པོ་རྟོགས་མཐོང་རང་གྲོལ་ལས་བར་དོ་དྲུག་གི་ཉམས་ཁྲིད་སྔ་འགྱུར་རྒྱུད་དོན་ཆུ་བོ་གཅིག་འདྲེས་ཞེས་བྱ་བ་བཞུགས་སོ། །

ༀ་སྭ་སྟི། ངོ་བོ་ཟག་མེད་ཆོས་དབྱིངས་ནམ་མཁའི་ཀློང་། །ལྷུན་གྲུབ་ཡེ་ཤེས་ཉི་མ་འབུམ་འཆར་བའི། །ཐུགས་རྗེས་འཁོར་འདས་ཡོངས་ཁྱབ་གཟི་འོད་ཀྱིས། །འགྲོ་བློའི་མ་རིག་མུན་སེལ་བླ་མར་འདུད། །དོན་དམ་སྟོང་ཉིད་རྡོ་རྗེའི་མཚོན་གསོར་ཅིང་། །ཀུན་རྫོབ་སྣང་སྲིད་རྣམ་དག་སྐུར་སྟོན་པ། །ལོག་ཤེས་བར་དོ་དྲུག་གི་བགེགས་འཇོམས་ལྷ། །སྐུ་གཉིས་ཟུང་འཇུག་བསྒྲུབ་སྡེ་དགུ་ལ་འདུད། །ལྷན་སྐྱེས་བདེ་ཆེན་གསེར་གྱི་ཐིག་ལེ་ཡིས། །འཁོར་བའི་ས་བོན་གཟུང་འཛིན་སྡུག་བསྔལ་གཞོམས། །མྱང་འདས་བདེ་སྟོང་གྲོགས་བསྐྱེད་ཕྱག་རྒྱའི་མཆོག །ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་རྣམས་ལ་འདུད། །དབྱིངས་ལས་གཡོས་མིན་ཡེ་ཤེས་སྒྱུ་འཕྲུལ་འགྲོས། །འཇིག་རྟེན་ཁམས་ལ་ལེགས་ཉེས་བྱ་རར་སྣང་། །དམ་ལྡན་ཀུན་སྲུང་དམ་ཉམས་གཤེད་མ་མཛད། །བཀའ་གཏེར་ཆོས་སྐྱོང་སྲུང་མ་ཡོངས་ལ་འདུད། །རྨི་ལམ་ཅི་བཞིན་མེད་ལ་ཡོད་སྣང་གི། །བག་ཆགས་རིགས་དྲུག་ལས་སྣང་འཁོར་ལོའི་རྩིབ། །ལས་རླུང་བཙན་པོས་བསྐྱོད་ནས་མནར་བའི་འགྲོ། །སྲིད་ནས་འདོན་ཕྱིར་བར་དོ་དྲུག་ཁྲིད་བཤད། །བློ་གྲོས་རྣམ་དཔྱོད་དམན་པས་ལམ་ངན་པོར། །བདག་འཕྱན་ནོངས་མཐུས་ཚིག་

དོན་རྒྱལ་བའི་བཀའ། །འགལ་སོང་ཉེས་བྱས་རྩ་གསུམ་སྤྱན་སྔ་རུ། །འཆགས་སོ་བདག་ལ་དགྱེས་བཞིན་གནང་བ་སྩོལ། །སྒྲ་དང་སྙན་ངག་ཚིག་གི་་སྡེབ་སྦྱོར་ལ། །མཁས་པའི་ནོར་བུ་བདག་ལ་མ་མཆིས་ཀྱང་། །རིག་པ་དྲིན་ལས་རྙེད་པའི་གསང་སྔགས་སྒྲ། །ལྷང་ལྷང་སྒྲོགས་པའི་དབྱར་རྔ་འདི་ན་ལྡིར། །དད་ལྡན་སྐལ་བཟང་རྨ་བྱ་གཞོན་ནུའི་ཚོགས། །སྲིད་ན་གང་ཡོད་ཆོས་སྟོན་འདིར་འདུས་ལ། །སྒོ་གསུམ་སྤྲོས་བཅས་ཟློས་གར་སྒྱུར་བཞིན་དུ། །ལུང་རྟོགས་ཚིག་དོན་བདེ་བས་ཡིད་ཚིམ་མཛོད། །གནས་སྐབས་བར་དོ་དྲུག་གི་སྣང་ཆའི་འགྲོས། །དཔེར་ན་རང་གཟུགས་མེ་ལོང་ནང་ཤར་བཞིན། །རང་སྣང་ཡིན་པའི་ངེས་ཤེས་ཐག་ཆོད་ནས། །མཐར་ཐུག་འཁྲུལ་མེད་གཤིས་སུ་ངལ་གསོས་མཛོད། །ཁྱེད་རྣམས་དེ་རུ་མངོན་པར་བྱང་ཆུབ་ནས། །མཁའ་ལ་འཇའ་ཚོན་ཤར་བཞིན་གཞི་སྣང་གར། །འགྲོ་བའི་མིག་སྔར་གཟུགས་སྐུ་མཛེས་ངོམ་བཞིན། །གདུལ་བྱའི་དཔལ་ཡོན་བླ་མར་འགྲུབ་པར་ཤོག །འོ་ཞུ་ལེགས་སོ། འདིར་བར་དོ་དྲུག་གི་ཉམས་ཁྲིད། སྔ་འགྱུར་རྒྱུད་དོན་ཆུ་བོ་གཅིག་འདྲེས་ཞེས་བྱ་བའི་ཁྲིད་འཆད་པ་ལ། ཡན་ལག་གི་ཟུར་བརྒྱན་པ། ཁྲིད་ཀྱི་གཞུངས་བཤད་པ། མཇུག་གི་དོན་བསྡུ་བ་དང་གསུམ་ལས། དཀྱུས་དོན་དང་པོ་ཡན་ལག་གི་ཟུར་བརྒྱན་པ་ལ། ཡིད་ཆེས་པའི་ལོ་རྒྱུས། འཆད་ཆོག་པའི་རྒྱུ་མཚན་གཉིས་ལས། དང་པོ་ལོ་རྒྱུས་ལ། སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་མི་ཡི་ཡུལ་དུ་དར་ཚུལ། དགོས་རྒྱུད་སྡེའི་དགོངས་པ་རང་ངོར་སྣང་ཚུལ་དང་གཉིས་ལས། ཐོག་མར་གསང་སྔགས་ཀྱི་རྒྱུད་སྡེ་འདི་དག་མི་ཡུལ་དུ་དར་ཚུལ་ལ། རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་ལས། དང་པོ་རྒྱུད་སྡེ་ལྟར་ན། སྤྱི་མདོ་ལས། ང་ནི་འདི་ནས་མི་སྣང་

ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅནཏེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །སྔོན་དུ་ལྟས་བཟང་སྣང་འགྱུར་ཏེ། །དྲག་ཤུལ་{སྙིང་པོ་}ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལངྐའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་ནས། ལངྐའི་ཡུལ་གྱི་རི་མ་ལ་ཡའི་རྩེ་མོར། རིགས་ཅན་དྲ་མ་ལྔ་སྲིན་པོའི་རིག་འཛིན་བློ་གྲོས་ཐབས་ལྡན། ཀླུའི་རིག་འཛིན་བློ་གྲོས་རྒྱ་མཚོ། ལྷའི་རིག་འཛིན་བློ་གྲོས་མཐའ་ཡས། གནོད་སྦྱིན་གྱི་རིག་འཛིན་བློ་གྲོས་དད་སེལ། མིའི་རིག་འཛིན་གྲགས་པའི་བློ་གྲོས་སོ། །རང་རང་གི་ཐུགས་བསྐྱེད་དང་མངོན་ཤེས་རྫུ་འཕྲུལ་གྱིས་འདུས་ཏེ། གདུང་ཚིག་དྲག་པོས་གསོལ་བ་བཏབ་པས། དཔལ་གསང་བའི་བདག་པོས་མཁྱེན་ཏེ་དངོས་སུ་བྱོན་ནས། འཁོར་རིགས་ཅན་དྲ་མ་ལྔ་ལ་སོགས་པ་ལ། ཆོས་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཐམས་ཅད་གསུངས། རྒྱུད་སྡེ་དེ་རྣམས་ཀྱང་སྲིན་པོའི་རིག་འཛིན་བློ་གྲོས་ཐབས་ལྡན་གྱིས་རྫུ་འཕྲུལ་ལ་བརྟེན་ནས་ནམ་མཁའ་ལ་གཏེར་དུ་སྦས། དེ་ཚེ་ཆོས་དེའི་བྱིན་རླབས་ཀྱིས་རྒྱལ་པོ་ཛཿལ་རྨི་ལྟས་བཟང་པོ་བྱུང་ནས། བསྒྲུབ་པ་མཛད་པས་མིའི་ཡུལ་དུ་གསང་སྔགས་རྡོ་རྗེ་ཐེག་པའི་གླེག་བམ་གྱི་ཆར་བབས། དེ་ཡང་ཀྲི་ཡའི་རྒྱུད་རྣམས་ཝ་ར་སི། ཡོ་གའི་རྒྱུད་རྣམས་མེ་རི་འབར་བའི་རྩེར། མ་ཧཱ་ཡོ་ག་རྣམས་རྒྱལ་པོ་ཛའི་ཁང་སྟེང་། ཨ་ནུ་ཡོ་ག་རྣམས་སེང་ག་ལའི་གླིང་གི་ནགས་ཚལ་རྣམས་སུ་བབ་པ་ཡིན། ཨ་ཏི་ཡོ་ག་ནི་རྡོ་རྗེ་སེམས་དཔའ་

དང་ཕྱག་ན་རྡོ་རྗེ་གཉིས་ཀྱི་དྲུང་ནས་སྤྲུལ་སྐུ་དགའ་རབ་རྡོ་རྗེས་གསན་ནས་རིམ་བཞིན་དར། གཉིས་པ་སྒྲུབ་སྡེ་ལྟར་ནི། སྔོན་ཚེ་འོག་མིན་དུ་སྟོན་པ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས། ཆོས་ཉིད་ཀྱི་རང་སྒྲས་གསུང་པའི་རྒྱུད་རྣམས། གསང་བའི་བདག་པོ་ཉིད་ཡི་དམ་ཚོམ་བུ་དགུའི་དཀྱིལ་འཁོར་དུ་དངོས་སུ་རྫུ་འཕྲུལ་གྱིས་བྱོན་ནས་དང་པོ་གསན། བར་དུ་ངག་དུ་བསྡུས། རྗེས་སུ་གླེག་བམ་ལ་བཀོད་དེ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་རྒྱུད་དང་། བྱེ་བྲག་གི་རྒྱུད་གཉིས་སོ་སོར་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་ཏུ་སྦས་ནས་གཏེར་བདག་ལ་གཉེར་གཏད། ནམ་ཞིག་དུས་སློབ་དཔོན་བརྒྱད་ཀྱིས་གཏེར་སྲུང་ལ་བཀའ་བསྒོས་ནས། བྱེ་བྲག་གི་སྒྲོམ་བུ་བརྒྱད་གྲུབ་ཐོབ་བརྒྱད་ལ་ཕུལ་ནས་གཏེར་ནས་བླང་། དེའང་སློབ་དཔོན་ཧཱུྃཿཆེན་ཀ་རས་ཡང་དག་ཐུགས་ཀྱི་སྒྲོམ་བུ། འཇམ་དཔལ་བཤེས་གཉེན་ཀྱིས་འཇམ་དཔལ་སྐུའི་སྒྲོམ་བུ། དྷ་ན་སཾ་ཀྲི་ཏས་མ་མོ་རྦོད་གཏོང་གི་སྒྲོམ་བུ། བྷི་མ་མི་ཏྲས་༼ཆེ་མཆོག་ཡོན་ཏན་༽བླ་མ་རིག་འཛིན་གྱི་སྒྲོམ་བུ། རོམ་བུ་གུ་ཧས་འཇིག་རྟེན་མཆོད་བསྟོད་ཀྱི་སྒྲོམ་བུ། ན་ག་ཛུ་ནས་པདྨ་གསུང་གི་སྒྲོམ་བུ། པྲ་ཆེན་ཧ་སྟིས་ཕྲིན་ལས་ཕུར་པའི་སྒྲོམ་བུ། ཤནྟིཾ་གར་བྷས་དམོད་པ་དྲག་སྔགས་ཀྱི་སྒྲོམ་བུ་རྣམས་དངོས་གྲུབ་དུ་ཐོབ་ནས་སླར་བསྒྲུབ་པ་མཛད་པས་རང་རང་གི་བཀའ་བབས་པ་ཡིན། སྤྱི་རྒྱུད་ཀྱི་སྒྲོམ་བུ་རྒྱ་མ་གྲོལ་ནས་སླར་གཏེར་དུ་སྦས། ཕྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བྱོན་ནས་གཏེར་ནས་བཏོན་ཏེ། བོད་ཀྱི་རྗེ་འབངས་ཉེར་ལྔ་ལ་དབང་ཁྲིད་ལུང་དང་བཅས་པ་གནང་ནས་རིིམ་བཞིན་དུ་བརྒྱུད་དེ་ད་ལྟའི་བར་དུ་དར་བ་ཡིན་ནོ། །གཉིས་པ་དགོས་སུ་རྒྱུད་སྡེའི་དགོངས་པ་རང་ངོར་ཤར་ཚུལ་ནི། ཨོ་རྒྱན་རིན་པོ་

ཆེའི་ཞལ་ནས། ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་། སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་དང་། །རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད། །གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ། །ཅེས་གསུངས་པ་བཞིན་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་འདིར་མདོ་ཡི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཉིད་རྒྱ་གར་རྡོ་རྗེ་གདན་དུ་བྱོན་ནས། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་ལ་བརྟེན་ཏེ་རྒྱལ་བསྟན་ཉིན་མོར་བྱས། སླར་མངལ་སྐྱེས་ཀྱི་དྲི་མ་སྤངས་ཚུལ་མཛད་བཞིན་དྷ་ན་ཀོ་ཤའི་མཚོ་རུ་བརྫུས་སྐྱེས་ཨོ་རྒྱན་སངས་རྒྱས་གཉིས་པར་བཞེངས་པ་གང་དེས། ཕྱི་ལྟར་ན་ནམ་མཁའ་རི་བྲག་རྒྱ་མཚོ་ལྗོན་ཤིང་མཆོད་རྟེན་གཙུག་ལག་ཁང་ལ་སོགས་པར་ནོར་གཏེར་དང་ཆོས་གཏེར་མང་དུ་སྦས་པ་དང་། ནང་ལྟར་ན་ལས་ལྡན་གདུལ་བྱའི་ཁམས་དང་དབང་པོར་སྨིན་གྲོལ་གྱི་ཟབ་ཆོས་ཁྱད་པར་ཅན་དུ་མ་སོ་སོར་ཐུགས་རྗེས་ཐབས་དང་ཏིང་ངེ་འཛིན་གྱིས་རྒྱས་བཏབ་སྨོན་ལམ་བཏབ་ནས་སྦས་པ་གཉིས་ལས། འདུལ་ཞིང་དུས་ལ་བབ་པའི་ཚེ་ན་ཉིད་ཀྱི་སྐུ་གསུང་ཐུགས་ལས་སྤྲུལ་པའི་གཏེར་ཆེན་བརྒྱ་དང་རྩ་བརྒྱད། ཡོན་ཏན་ལས་སྤྲུལ་པའི་གཏེར་ཕྲན་སྟོང་དང་རྩ་གཉིས། ཕྲིན་ལས་སྤྲུལ་པའི་ཡང་ཕྲན་འབུམ་ཕྲག་བཅུ་ཙམ། ཕྲིན་ལས་རླབས་ལས་སྤྲུལ་པའི་ཡང་གཏེར་གྲངས་ལས་འདས་པ་ཞིག་བྱོན་ནས། གདུལ་བྱ་རང་རང་གི་སྐལ་བར་དབང་བའི་རྫས་གཏེར་དགོངས་གཏེར་ཟབ་མོ་དག་སྣང་རྣམས་ཀྱིས་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་པའི་ནང་གསེས་ནས། རིག་འཛིན་བདུད་འདུལ་རྡོ་རྗེའི་ལུང་བསྟན་ཉི་མའི་རྒྱ་ཅན་ལས། སོག་པོ་ལྷ་དཔལ་སྤྲུལ་པ་ཐུགས་ཀྱི་སྨེ་བ་ཅན། །མདོ་ཁམས་ཤར་ནས་རྒྱལ་གྱི་མིང་ཅན་འབྱུང་། །ཞེས་གསུངས་པ་ལྟར། ཡུལ་ལྗོངས་འདིར་ཡང་སྔོན་གྱི་སྨོན་ལམ་རྣམ་

པར་དག་པའི་མཐུས། ད་ལྟ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་རྗེའི་ཕྲིན་ལས་ཆ་ཤས་ཙམ་ཤར་བའི་ཉི་མའི་འོད་སྟོང་རབ་ཏུ་འབར་ནས་བདག་བློའི་མ་རིག་པའི་མུན་སྨག་རང་གྲོལ་དུ་སངས་ཤིང་ཤེས་བྱའི་ཡོན་ཏན་རྒྱས་པའི་འདབ་ཡང་བཞད་པའི་རིགས་སད་ཀྱི་བཀའ་དྲིན་བསམ་ཀྱིས་མི་ཁྱབ་པ་ལ་བརྟེན་ནས། བདག་གི་ཕུང་ལྔའི་ཚོགས་པ་གདན་གསུམ་རྡོ་རྗེའི་གྲོང་ཁྱེར་དུ་སྣང་། དུག་ལྔའི་ལོག་རྟོག་གི་དགྲ་བོ་ཡེ་ཤེས་ལྔའི་གཉེན་དུ་ཁུག །སེམས་ཉིད་འཁྲུལ་རྟོག་གིས་མྱོས་པ་གྲོལ་ནས་རིག་པ་རྒྱ་ཡན་ཟང་ཀའི་ངོ་བོ་ཟིན། ངག་གྲགས་སྟོང་བྲག་ཆ་ལྟ་བུའི་རྡོ་རྗེའི་ཆོས་ཚིག་གིས་གདུལ་བྱའི་རེ་འབྲས་བསྐང་བར་ནུས། དེ་ལྟ་བུའི་སྐལ་བ་དང་ལྡན་པའི་དུས་སུ། གཏེར་ཀྱི་གནས་ཕུན་སུམ་ཚོགས་པ་འདུས་བྱས་རྣམ་རྟོག་གི་གཞོམ་གཞིག་བྲལ་བ་དོན་དམ་འདུས་མ་བྱས་པ་དབྱིངས་ནམ་མཁའ་ལྟ་བུའི་གནས་སུ། དུས་ཕུན་སུམ་ཚོགས་པ་དག་སྣང་གཏེར་མཛོད་ལ་རང་དབང་བསྒྱུར་བའི་ཐད་ཀའི་ཤེས་པ་སྐད་ཅིག་མའི་ཚེ་ན། གཏེར་དེ་སྟོན་པའི་སྟོན་པ་ཕུན་སུམ་ཚོགས་པ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཆོས་སྐུའི་ངོ་བོ་མངོན་དུ་གྱུར་པའི་ཆ་ནས་རིག་པ་རང་བྱུང་གི་སྟོན་པ་དོན་དམ་ཆོས་སྐུའི་བླ་མ་རྡོ་རྗེ་འཆང་མངོན་སུམ་དེ་ཀས་འཁོར་ཕུན་སུམ་ཚོགས་པ་རང་གི་གཞི་རྩལ་རོལ་པ་ལས་གུད་ན་མེད་པའི་སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་ཚོམ་བུ་ལ། གཏེར་ཆོས་ཕུན་སུམ་ཚོགས་པ་སྣང་སྲིད་བརྡའ་དང་དཔེ་ཆར་ཤར་བའི་ཆོས་ཚིག་འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་རང་རྡོལ་དུ་ཕྱེས་ནས། དགོངས་གཏེར་དག་སྣང་གཉིས་སུ་དབང་འབྱོར་བ་ལས། གདུལ་བྱའི་ཁམས་དང་མཚོན་པའི་ཟབ་ཆོས་དུ་མ་གླེག་བམ་དུ་བཀོད་ནས་སྔ་འགྱུར་བསྟན་པའི་ཕུག་ནོར་དུ་བཞག་པའི་ནང་ཚན་བླ་རྫོགས་ཐུགས་གསུམ་ལས།

འདིར་རྫོགས་པ་ཆེན་པོ་རྟོགས་མཐོང་རང་གྲོལ་གྱི་རྩ་བ་འདི་ཉིད་ཟབ་མོ་དག་སྣང་གི་ཚུལ་དུ་སྣང་བའི་ནང་ནས་ཚིག་རྐང་གཉིས་ཁོལ་དུ་བྱུང་སྟེ་བར་དོ་དྲུག་ཁྲིད་ཀྱི་རྩ་བའི་ཚིག་གིས་གཞི་གཉིས་དག་སྣང་ཡིན། བཟུང་། དེ་ལ་འགྲེལ་བཤད་བཀའ་གཏེར་དུ་མའི་ལུང་གིས་ཡིད་ཆེས་ཀྱི་གནས་སུ་བསྒྲུབ་པས་ཟུར་བརྒྱན་ཏེ་བསྟན་འགྲོ་སྤྱི་དང་། ཁྱད་པར་སྙིགས་དུས་མ་འོངས་བརྒྱུད་འཛིན་རྣམས་ལ་ཕན་ཕྱིར་ཁོ་བོ་དག་སྣང་གཏེར་མཛོད་བདག་པོས་བསྟན་འགྲེལ་བ་བསྟན་བཅོས་ཡིན། བཅོས་སུ་བཤད་པ་ལ་དང་པོ་ལོ་རྒྱུས་བཤད་དགོས་ཚུལ་ནི། ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་པ་ལྟར། གང་གཞན་དོན་བསྒྲུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ཀྱིས། དང་པོ་རྡོ་རྗེའི་ལུང་གིས་གཞན་དོན་མཛད་བྱེད་ཀྱི་ཟབ་ཆོས་བརྒྱུད་པ་ཉེ་ཚུལ་གྱི་ལོ་རྒྱུས་བཤད་ནས། རྗེས་འཇུག་རྣམས་ཀྱི་ཐེ་ཚོམ་མ་བསལ་ན། ཐར་བའི་ལམ་འདིར་དོན་དུ་གཉེར་བ་མི་འབྱུང་བས་སྐྱོན་བསལ་བའི་ལོ་རྒྱུས་གླེང་པ་ཤིན་ཏུ་གལ་ཆེ་སྟེ། ཇི་སྐད་དུ། གང་ཞིག་གཞན་རྗེས་འཛིན་འདོད་འཕགས་ཆེན་ལ། །རྡོ་རྗེའི་ལུང་གིས་ཐེ་ཚོམ་མ་བསལ་ན། །གདུལ་བྱའི་ཐར་ལམ་དོན་འདིར་མི་གཉེར་བས། །ཤིན་ཏུ་གསལ་བའི་ལོ་རྒྱུས་བཤད་པ་གཅེས། །ཞེས་གསུངས་པས། ཆོས་འདིར་ལས་འབྲེལ་ཡོད་པའི་དད་ལྡན་སློབ་མ་ཐམས་ཅད་ཀྱི་བློ་སྐྱོན་ལམ་འདིའི་ཐེ་ཚོམ་སེལ་བ་དང་། ལས་འབྲེལ་མེད་པ་རྣམས་ཀྱིས་ཆོས་སྤང་གི་ལས་མི་བསོགས་པའི་ཕྱིར་དང་། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་འདིར་ཡིད་ཆེས་ནས། དེ་ལ་ཞུགས་པའི་གདུལ་བྱ་ལས་ལྡན་ཐམས་ཅད་མྱུར་དུ་སངས་རྒྱས་པའི་དགོས་ཆེད་ཡོད་དེ། ཇི་སྐད་དུ། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་

ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་ཕྱིར་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཞེས་གསུངས་པས་དགོས་པ་ཡོད་ཅིང་། དེའང་འདིར་གཞི་བདེ་གཤེགས་སྙིང་པོའི་མཐར་ཐུག་དོན་དམ་པའི་སངས་རྒྱས་ཀྱི་རང་ཞལ་མངོན་སུམ་མཇལ་ཕྱིན་ཆད། ཀུན་རྫོབ་མཚན་བཅས་ཀྱི་བླ་མ་ལ་མ་ལྟོས་ཀྱང་དོན་བརྒྱུད་རྐང་ཆད་དུ་མི་འགྱུར་ཏེ། སྔོན་སངས་རྒྱས་ཐུགས་རྗེ་ཅན་ལ་མུ་སྟེག་གི་སྟོན་པས། གོའུ་ཏ་མ་ཁྱོད་ཀྱི་བླ་མ་སུ་ཡིན། རབ་བྱུང་སུའི་མདུན་ནས་ནོད། ཞེས་པས། སྟོན་པས། ང་ལ་མཁན་པོ་ཡོད་མ་ཡིན། །ང་ནི་རང་བྱུང་དགེ་སློང་ཡིན། །ཞེས་དང་། དེ་བཞིན་དུ་དངོས་བརྒྱུད་ཀྱི་དབང་ལུང་ལ་མ་ལྟོས་ན་སྐྱོན་འབྱུང་ངམ་སྙམ་ན། ཀློང་གསལ་སྙིང་ཐིག་ལས། རང་རིག་དོན་གྱི་བླ་མ་ཀུན་ཏུ་བཟང་པོ་དང་མཇལ་བས་ཕྱིའི་བྱིན་རླབས་གཞན་ལ་ལྟོས་པའི་སྐྱོན་དང་བྲལ་བའོ། །ཞེས་དང་། དེ་བཞིན་དུ། རྒྱུད་ལས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །དབང་བསྐུར་ཆོས་བཤད་བྱེད་མཁན་མེད། །བླ་མ་བྱ་བ་ཡོད་མིན་ཏེ། །རང་རིག་ཆོས་སྐུར་རྟོགས་ཙ་ན། །དུས་གསུམ་རྒྱལ་བའི་དབང་ལུང་རྫོགས། །ཞེས་གསུངས་པའི་དོན་དམ་ལྟར་ན་མདོ་རྒྱུད་གཉིས་ཀའི་དགོངས་པ་མཐུན་པར་དྲང་དོན་ལས་ངེས་དོན་གཙོ་ཆེ་བའི་ཕྱིར་རྒྱལ་བ་ཐམས་ཅད་ཡེ་ཤེས་ཀྱི་ཀློང་དུ་ཐ་མི་དད་པར་གསུངས། དེ་ལྟར་བསྟན་པའི་ཆོས་སྐུའི་སངས་རྒྱས་ཉག་གཅིག་དེ་ཉིད་ཡུལ་གཞན་ཞིག་ནས་བྱོན་ཏེ་རང་ལ་དབང་ཁྲིད་མན་ངག་གནང་དགོས་པ་ལྟ་བུ་མ་ཡིན་པར། རང་སེམས་རང་གི་རྟོགས་ན་དེ་ལས་གཞན་པའི་སངས་རྒྱས་མེད་ཅིང་དེ་ཉིད་ནི་ཉེ་རྒྱུད་ཁྱད་པར་ཅན་ཡང་ཡིན་གསུངས་ཏེ། ཞི་བྱེད་ལས། རང་སེམས་རྟོགས་ན་སངས་རྒྱས་དེ་རང་ཉིད། །དེ་ལས་གཞན་དུ་སངས་རྒྱས་མེད་གསུང་པས། །

ཤིན་ཏུ་ཉེ་བརྒྱུད་དེ་ལ་གསོལ་བ་འདེབས། །ཞེས་དང་། སྒྱུ་འཕྲུལ་རྡོ་རྗེ་ལས། ལུས་ཅན་སྙིང་ན་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིག་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། མཐའ་བྲལ་དབུ་མར་མི་གནས་པ། །བསམ་མི་ཁྱབ་དུ་གནས་པ་དེ། །འདི་རྟོགས་ཁོང་དུ་ཆུད་པ་དང་། །མི་འཇིག་སྒྲོ་སྐུར་མི་རྩོམ་པ། །རྒྱལ་བའི་སྲས་ཀྱི་ཐུ་བོ་སྟེ། །རྒྱལ་སྲས་ཀུན་གྱི་ནང་ན་མཆོག །ཞེས་པ་ལྟར་མཐོང་དང་མ་མཐོང་གི་ཁྱད་པར་ཙམ་ལས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དོན་དམ་ཆོས་སྐུའི་བླ་མ་རྡོ་རྗེ་འཆང་མངོན་སུམ་དུ་བཞུགས་པར་གསུང་སྟེ། མཁའ་འགྲོ་མ་གསང་བའི་རྒྱུད་ལས། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །རང་བཞིན་གྱི་ནི་དག་པར་འདོད། །རང་སེམས་རང་གི་རྟོགས་པ་ན། །སེམས་ཅན་གདོད་ནས་སངས་རྒྱས་སོ། །ཞེས་གསུངས་པ་ལྟར་རང་སེམས་མ་གཏོགས་པའི་ཡུལ་གཞན་ན་སངས་རྒྱས་ཞིག་ཐོབ་འོང་རྒྱུ་ཡོད་པ་རྒྱལ་བ་ཐམས་ཅད་མཁྱེན་པས་མ་གསུང་པའི་ཚུལ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལས། སེམས་ལས་མ་གཏོགས་སངས་རྒྱས་དང་། །སེམས་ལས་མ་གཏོགས་ཆོས་གཞན་དག །སངས་རྒྱས་ཉིད་ཀྱིས་མ་གཟིགས་ཤིང་། །མ་གསུང་གསུང་བར་མི་འགྱུར་རོ། །ཞེས་རྒྱལ་བའི་བཀའ་ཚད་མས་ཀྱང་རང་སེམས་ཀྱི་ངོ་བོ་དོན་དམ་ཆོས་སྐུའི་བླ་མ་སངས་རྒྱས་དངོས་སུ་གསུངས། བླ་མའི་མན་ངག་དུའང་རང་སེམས་ཆོས་སྐུ་ཡིན་པའི་རང་ངོ་སྤྲད། རང་གི་རིག་པ་ཚད་མས་ཀྱང་། མདོ་སྔགས་ཀྱི་ཟབ་ཆོས་རྣམས་ཀྱི་ཡང་རྩེ་ལྟར་ན། གཞི་ཁྲེགས་ཆོད་དང་ལམ་ཐོད་རྒལ་ཟུང་འཇུག་གི་རང་ངང་ལ་མཉམ་པར་བཞག་པ་ལས་གཞན་པའི་སངས་རྒྱས་ཀྱི་རང་ཞལ་མཇལ་ཐབས་གཏན་ནས་མེད་པའི་

ཕྱིར། བརྒྱུད་པ་གསུམ་ལྡན་གྱི་བླ་མ་རྣམས་ཀྱི་ངོ་བོ་ནི་རང་རིག་གི་ངོ་བོ་ཡིན་པ་ཐེ་ཚོམ་མི་དགོས་སྟེ། ཀློང་གསལ་སྙིང་ཐིག་ལས། འོ་དེ་ལྟར་གནས་པའི་བློ་བྲལ་གྱི་ཤེས་པ་སྔ་ཕྱིའི་རྟོག་པ་རྒྱུན་ཆད་པའི་རང་བྱུང་གསལ་དྭངས་འཛིན་མེད་གོང་གི་བླ་མ་རྣམས་ཀྱི་ངོ་བོ་ལྟར་གནས་པ་ཡིན་པས། རང་རིག་དོན་གྱི་བླ་མ་དང་ཞལ་མཇལ་བ་ཞེས་བྱའོ། །ཞེས་པ་ལྟར་སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་རང་ལུགས་ལ་སྣང་སྲིད་བླ་མའི་རོལ་པར་ཤར་དགོས་ཤིང་། ཁྱད་པར་འདིར་རང་སེམས་ཀྱི་ངོ་བོ་མཐོང་བ་ལ་དག་སྣང་ལྟར། ཨོ་རྒྱན་རྡོ་རྗེ་འཆང་གི་ཞལ་གཟིགས་པ་ཡིན་གསུངས་ཏེ། རྫོགས་ཆེན་ཡང་ཏིག་ལས། རང་གི་སེམས་ཀྱི་ངོ་བོ་ཡེ་ནས་རྣམ་པར་དག་པ་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཡིན། ཞེས་གསུངས་པ་ལྟར་ཟབ་ལམ་གྱི་ཉེ་བརྒྱུད་བཀྲལ་བ་བཤད་ཟིན་ཏོ། །གཉིས་པ་གསང་སྔགས་འདི་འཆད་ཆོག་པའི་རྒྱུ་མཚན་ནི། སྤྱིར་རྒྱལ་བ་སྲས་དང་བཅས་པའི་བཞེད་སྲོལ། རྒྱ་བོད་གཉིས་སུ་དར་བའི་ཟབ་མོ་ཆོས་ཀྱི་བཅུད་མཆོག་སེང་གེའི་འོ་མ་ལྟ་བུ་འདི་ཉིད་སྣོད་མཆོག་གསེར་བུམ་ལྟ་བུ་ཞིག་མིན་པ་སུ་རུང་རུང་ལ་མི་བཤད་པའི་སྲོལ་ཡོད་པ་ནི། གདུལ་བྱ་གང་ལ་དགོངས་ན་ལས་ཅན་རྣམས་ལ་དགོངས་པ་ཡིན་ཕྱིར་རྒྱུད་སྡེ་རང་རང་གི་སྐབས་ལྟར་ཤིན་ཏུ་ལེགས་ཀྱང་། འདིར་བར་དོ་དྲུག་གི་ཉམས་ཁྲིད་སྔ་འགྱུར་རྒྱུད་དོན་ཆུ་བོ་གཅིག་འདྲེས་འདི་ནི། གདུལ་བྱ་གང་ལ་དམིགས་ན། ལས་ངན་སྡིག་པོ་ཆེ་རྣམས་འདུལ་བའི་ཆེད་དུ་བསྟན་པ་ཡིན། དེའི་ཕྱིར་ད་ལྟ་མི་བཟད་པའི་སྡིག་པ་ཆེན་པོ་བྱས་པ་རྣམས་ཤི་ནས་ངན་སོང་གསུམ་དུ་སྐྱེ་ངེས་པས་དེ་རྣམས་ལྷག་པར་རྗེས་སུ་བཟུང་བའི་ཕྱིར་གསང་བ་ཟབ་མོ་འདི་མི་གསང་བར་བསྟན་པར་གསུངས་ཏེ། དགོངས་པ་ལུང་

བསྟན་པ་ཞེས་བྱ་བའི་རྒྱུད་ལས། མི་བཟད་སྡིག་པ་བྱས་པ་དང་། །ལོག་པར་ལྟ་ལ་མཆོག་ཞོལ་རྣམས། །ངན་སོང་གསུམ་དུ་འགྲོ་བར་འགྱུར། །དེ་རྣམས་རྗེས་སུ་བཟུང་བའི་ཕྱིར། །གསང་བ་འདི་ནི་བསྟན་པ་ཡིན། །ཞེས་དང་། དེའང་གསང་སྔགས་རྡོ་རྗེ་ཐེག་པ་འདི་ཆོས་གཞན་ལས་ཁྱད་དུ་འཕགས་ཕྱིར། བསྒོམ་ན་རྒྱུད་གྲོལ་བར་སྨྲོས་ཅི་དགོས། མ་བསྒོམ་ཀྱང་རྣ་བས་ཐོས་པ་ཙམ་གྱིས་ཀྱང་གྲོལ་བར་གསུངས་ཤིང་། ཕན་ཡོན་ཆེ་བའི་ཕྱིར་མི་མང་འཚོགས་ཁྲོམ་ཆེན་པོའི་ནང་དུའང་རྒྱུད་དོན་བཀླག་སྟེ་བཤད་པ་དང་། གཞན་ལ་རྒྱ་ཆེར་སྤེལ་དགོས་གསུངས་ཏེ། བར་དོ་གསལ་འདེབས་ཐོས་གྲོལ་ཆེན་མོ་ལས། འདི་ནི་ཐོས་གྲོལ་ཆེན་མོ་ཞེས་བྱ་སྟེ། མཚམས་མེད་པ་ལྔ་བསགས་པའི་རྣ་ལམ་དུ་ཐོས་ན་ངེས་པར་གྲོལ་བར་འགྱུར་རོ། །དེའི་ཕྱིར་ཁྲོམ་ཆེན་པོའི་ནང་དུ་ཀླག་པར་བྱའོ། །སྤེལ་བར་བྱའོ། །ཞེས་པ་ནི་ལས་ངན་རྣམས་ལ་ཕན་པར་དགོངས་བཞིན། སྤྱིར་དུས་སྙིགས་བཞིན་བླང་དོར་གྱི་གནས་ལ་རྨོངས་པའི་འགྲོ་བའང་མང་ཞིང་། རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེའང་ལྷག་པར་དེ་ལ་འཇུག་པ་དང་། ཁྱད་པར་དུ་གང་ཟག་སྡིག་པོ་ཆེ་རྣམས་དུས་སྔ་བ་འཁོར་གྱི་ཐོག་མ་ལྟ་བུ་ལ་བསྡུས་ཏེ་རྗེས་སུ་འཛིན་ཏེ། མ་རུང་འདུལ་དཀའ་བའི་དམུ་རྒོད་ཀྱི་སེམས་ཅན་རྣམས་ཀྱི་ཁམས་དབང་དང་མཚོན་པའི་ཐབས་མཁས་པའི་ཆོས་སྒོ་དུ་མ་ལྷག་པར་སྟོན་པ་ནི་བླ་མ་དགེ་བའི་བཤེས་གཉེན་གྱི་ཕྱག་བཞེས་མ་ནོར་བ་ཡིན་ཏེ། ཇི་སྐད་དུ། རྨོངས་པའི་འགྲོ་ལ་ཐུགས་རྗེ་ལྷག་པར་འཇུག །སྡིག་པོ་ཆེ་ལ་རྗེས་སུ་ལྷག་པར་འཛིན། །འདུལ་དཀའི་ཁམས་ལ་ཐབས་མཁས་ལྷག་པར་སྟོན། །མཚུངས་མེད་དྲིན་ཆེན་བླ་མའི་ཞབས་ལ་འདུད། །ཞེས་གསུངས་པ་ལྟར། དགོངས་པ་ཅན་ཡིན་ཕྱིར་སེམས་ཅན་ཐམས་ཅད་སྣོད་

ལྡན་ཤ་སྟག་ཡིན་པར་གསུང་ན། འདིར་འདུས་ལ་སྣོད་མེད་པར་མི་རིགས་ཏེ། ཟླ་བའི་སྒྲོན་མའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འདི་ན་སྣོད་མིན་སེམས་ཅན་གཅིག་ཀྱང་མེད། །ཞེས་པ་ལྟར་རོ། །༈ དཀྱུས་དོན་གཉིས་པ་ཁྲིད་ཀྱི་གཞུང་བཤད་པ་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་ཟུར་གསལ་གཞན་དུ་གྲུབ་ནས། གཉིས་པ་དངོས་གཞི་བར་དོ་དྲུག་གི་ཁྲིད་འཆད་པར་བྱེད་པ་ལ། རྩ་བ་དག་སྣང་གི་གཞི་བཟུང་བ། འགྲེལ་བཤད་ལུང་རིག་གི་ཟུར་བརྒྱན་པ་གཉིས་ལས། དང་པོ་རྩ་བ་ནི་རྫོགས་ཆེན་རྟོགས་མཐོང་རང་གྲོལ་ལས། དེའང་བརྩོན་འགྲུས་དབང་པོ་ལ་ལྟོས་བཞིན༔རིམ་གྱིས་སངས་རྒྱས་གོ་འཕངས་མཆོག་ལ་སྦྱོར༔ཞེས་པའི་དོན་འགྲེལ་བ་ནི། གཉིས་པ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས་ལས། ཐོག་མར་མདོར་བསྟན་ནི་རྩ་བའི་ཚིག་རྐང་གཉིས་ཀྱི་འབྲུ་འགྲེལ་ཡིན་པས། དེའང་ཁུང་གང་ནས་བྱུང་ན་རྫོགས་པ་ཆེན་པོ་རྟོགས་མཐོང་རང་གྲོལ་ནས་ཚིག་རྐང་གཉིས་པོ་འདི་ཁོལ་དུ་བྱུང་བ་ཡིན་པའི་ཕྱིར། འདིར་དཔག་བསམ་གྱི་ཤིང་གི་དཔེ་དང་མཚོན་ནས་བཤད་པས་དང་པོ་ཤིང་གི་ཟུག་པ་རྩ་བའི་གཞི་འདི་དེ་ལ་ཡར་འབྲེལ་སྒྲ་ཡིན་པས་ན་དེའང་ཞེས་དང་། གྱེས་པ་སྡོང་པོ་ལྟ་བུ་འདིར་ཆོས་གང་འཆད་ཞེ་ན། ལུང་རྟོགས་ཀྱི་ཆོས་བཤད་པའི་དང་པོ་ལུང་གི་ཆོས་ནི། བར་དོ་དྲུག་གི་ཉམས་ཁྲིད་སྔ་འགྱུར་རྒྱུད་དོན་ཆུ་བོ་གཅིག་འདྲེས་ཀྱི་ཚིག་གི་སྒྲ་ཀུན་ཏུ་བསྒྲགས་པ་འདི་ཡིན། རྟོགས་པའི་ཆོས་ནི་ལུང་དོན་རང་རྒྱུད་ལ་བརྟེན་ནས་བར་དོ་དྲུག་པོ་གང་རུང་དུ་གྲོལ་བའི་ངོ་བོ་དེ་ཡིན། རྒྱས་པ་ཁོ་ལག་ལྟ་བུའི་ཆོས་དེ་འདུལ་ཞིང་ལ་སོ་སོར་ཇི་ལྟར་སྣང་དུ་འཇུག་ཞེ་ན། གང་ཟག་གདུལ་བྱ་རྗེས་འཛིན་རྣམས་ཀྱི་བརྩོན་འགྲུས་

དང་དབང་པོའི་བཟང་ངན་ལ་ལྟོས་བཞིན་སོ་སོར་བསྟན་དགོས་པའི་ཕྱིར་ན་བརྩོན་འགྲུས་དབང་པོ་ལ་ལྟོས་བཞིན༔ཞེས་པས། གང་ཟག་བརྩོན་འགྲུས་དང་དབང་པོ་རབ་རྣམས་ཚེ་འདིར་གྲོལ་བའི་ཐབས། སྐྱེ་གནས་བར་དོ། བསམ་གཏན་བར་དོ། རྨི་ལམ་བར་དོ་གསུམ་གྱི་ཉམས་ཁྲིད་བསྟན། གང་ཟག་བརྩོན་འགྲུས་དང་དབང་པོ་འབྲིང་རྣམས་འཆི་ཁ་བར་དོ་ཆོས་ཉིད་བར་དོ་གང་རུང་དུ་གྲོལ་བའི་ཕྱིར་དེ་གཉིས་ཀྱི་ཉམས་ཁྲིད་བསྟན། གང་ཟག་བརྩོན་འགྲུས་དང་དབང་པོ་ཐ་མ་རྣམས་ལ། སྲིད་པ་བར་དོར་བྱེ་བྲག་སྤྲུལ་སྐུའི་ཞིང་དུ་དང་པོ་དབུགས་དབྱུངས་ནས་ཐ་མ་དེར་གྲོལ་བའི་གདམས་ངག་བསྟན། གང་ཟག་དེ་རྣམས་ནི་རང་རྒྱུད་གྲོལ་སྔ་ཕྱིའི་གོ་རིམ་གྱིས་མཚོན་པ་དཔེར་ན་ཤིང་དཔྱིད་དུས་ཡར་སྐྱེ་བཞིན་ཁ་འབུས་ཤིང་དབྱར་དུས་ཡར་ཕྲན་ལོ་མ་སྐྱེས་པ་གོ་རིམ་གྱིས་འཁྲུང་བ་ལྟ་བུའི་མཚོན་པས་ན་རིམ་གྱིས་ཞེས་དང་། དེ་ཡང་སྐྱེ་གནས་བར་དོ་འདིའམ་འཆི་ཁ་བར་དོ་གང་རུང་དུ་གཞིའི་འོད་གསལ་ཟིན་ནས་དེར་སངས་རྒྱས་ན་ཆོས་སྐུའི་ཐུགས་ཀློང་དུ་གྲོལ་ལོ། །ཆོས་ཉིད་བར་དོ་རང་སྣང་དུ་ངོ་ཤེས་ན་ལོངས་སྐུའི་ཞིང་ཁམས་སུ་གྲོལ། སྲིད་པ་བར་དོ་ལས་ཀྱི་འཕྲོ་སད་ནས། བྱེ་བྲག་སྤྲུལ་སྐུའི་ཞིང་དུ་སྐྱེས་ནས་སྟེང་ཕྱོགས་མེ་རི་འབར་བར་སྤྲུལ་སྐུ་ཁྲོ་བོའི་ཞིང་དུ་གྲོལ། གྲོལ་བ་དང་མཉམ་དུ་དཔེར་ན་སྟོན་དུས་ལྗོན་ཤིང་ལ་འབྲས་བུ་འཁྲུངས་པ་བཞིན་དུ་ཉོན་ཤེས་གཉིས་ཀ་བྲལ་སྟོབས་ཀྱིས་མཆན། ཉོན་མོངས་པ་སངས་ཤིང་ཡེ་ཤེས་དང་ཡོན་ཏན་མངོན་དུ་གྱུར་ནས་རབ་ཏུ་རྒྱས་པས་ན་སངས་རྒྱས་ཞེས་གསུངས་ཏེ། པདྨ་དཀར་པོའི་མདོ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ནི་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །ཀློང་གསལ་

ལས། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །ཞེས་སོ། །དེའང་དཔེར་ན་རྒྱལ་བུ་རྒྱལ་ས་ལ་བསྐུར་ན་རྒྱལ་པོའི་གོ་འཕང་ཐོབ་པ་ཡིན་པ་ལྟར། རང་མངོན་པར་རྫོགས་པར་ཕུང་པོ་ལྷག་མ་མེད་པར་ནམ་སངས་རྒྱས་ན་དེ་དུས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་པས་ན་གོ་འཕངས་ཞེས་གསུངས་ཏེ། སྙིང་གི་མེ་ལོང་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་སོ། །སངས་རྒྱས་པ་དེ་ཡང་མདོ་ལམ་ལྟར་བསྐལ་ཆེན་མང་པོའི་འབད་རྩོལ་ཆེན་པོ་ལ་ལྟོས་མི་དགོས་པར། སྐྱེ་གནས་བར་དོ་ནས་སྲིད་པ་བར་དོ་ཚུན་ཆད་དུ་གྲོལ་ཆོག་པའི་གསང་སྔགས་རྡོ་རྗེའི་ཐེག་པ་ལམ་གྱི་ཆེ་བའི་མཆོག་ཡིན་ཏེ། སྒྱུ་དྲྭ་ལས། སྐད་ཅིག་གཅིག་གིས་བྱེ་བྲག་བྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། །མངོན་སུམ་སངས་རྒྱས་པའི་ཚེ་ནའང་། མདོ་ལམ་ལྟར་སངས་རྒྱས་ཀྱང་སྐུ་འདས་གྲོང་གི་ཚུལ་འདུས་བྱས་ཀྱི་རང་གཟུགས་ངོམ་དགོས་པ་ལྟ་བུ་མ་ཡིན་པ། སྐུ་འོད་གསལ་འདུས་མ་བྱས་པ་རྡོ་རྗེ་ལྟ་བུའི་སྐུ་འགྲུབ། གསུང་ཆོས་ཉིད་དག་པའི་རང་སྒྲས་རྡོ་རྗེའི་གསུང་ཐོབ། ཐུགས་དག་ཆེན་གདོད་མའི་མགོན་པོ་མངོན་དུ་བྱེད་པ་ནི་འོད་གསལ་རྫོགས་པ་ཆེན་པོ་འབྲས་བུ་ཆེ་བའི་མཆོག་སྟེ། མདོར་ན་ལམ་ཆེ་བའི་མཆོག་ལ་དུས་མྱུར་དུ་སྦྱོར་བས་ན་མཆོག་ལ་སྦྱོར་༔ཞེས་པས། དེ་ལྟ་བུའི་མཆོག་གི་དངོས་གྲུབ་ཐོབ་པའི་ཞོར་ལ་ཐུན་མོང་གི་དངོས་གྲུབ་ཤུགས་འབྱུང་སུ་ཐོབ་དེ། སངས་རྒྱས་ནས་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་ཀྱི་དོན་འབད་མེད་འབྱུང་བ་ནི། དཔེར་ན་དཔག་བསམ་གྱི་ཤིང་གི་འབྲས་བུ་ལྷ་ལ་སོགས་པའི་དཔལ་དུ་སྣང་བ་དང་ཆོས་མཚུངས་སུ་འབྲུ་འགྲེལ་བཤད་པ་ནི་ཤིན་ཏུ་འཐད་དེ།

སྡོམ་གསུམ་འགྲེལ་བཤད་ལས། འབྲས་བུ་ཅན་གྱི་ལྗོན་ཤིང་གོང་འཕེལ་ལྟར་རྐྱེན་སྒྲིབ་པ་བྲལ་སྟོབས་ཀྱིས་རང་ལ་ཡོད་པའི་ཡོན་ཏན་མངོན་དུ་འགྱུར་ངེས་ཞེས་གསུངས་པ་ལྟར་རོ། །ཅེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། ངོ་བོ། ངེས་ཚིག །རང་བཞིན། དབྱེ་བ། ཉམས་ཁྲིད་དང་ལྔ་ལས། དང་པོ་བར་དོའི་ངོ་བོ་ནི། སྤྱིར་བར་དོ་དྲུག་གི་ངོ་བོ་ཐ་དད་པར་མེད་དེ། ད་ལྟ་ཐ་མལ་གྱི་ཤེས་པ་བཟོ་མ་བྱས་པའི་རང་ལུགས་གསལ་སྟོང་དུ་ཧྲིག་གེ་འཆར་བ་འདི་ཁོ་ན་བར་དོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ཏེ། དེའི་ཅིའི་ཕྱིར་ཞེ་ན། འདི་ཁོ་ན་རྟོགས་མ་རྟོགས་ཀྱི་ཁྱད་པར་ལས་བར་དོ་ཐམས་ཅད་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བར་དོ་ཞེས་པའི་ངེས་ཚིག་ནི། ཅིའི་ཕྱིར་བར་དོ་ཞེས་བྱ་ཞེ་ན། སྔ་མའི་བག་ཆགས་ཀྱི་སྣང་བ་ནི་འདས། ཕྱི་མའི་བག་ཆགས་ཀྱི་སྣང་བ་ནི་མ་ཤར། སྔ་ཕྱི་གཉིས་ཀྱི་བར་དེའི་སྣང་བ་ཉམས་སུ་མྱོང་བདོ་བའི་ཕྱིར། བར་དོ་ཞེས་མིང་དུ་བཏགས་པ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་བར་དོའི་རང་བཞིན་ནི། སྤྱིར་བར་དོ་དྲུག་གི་རང་བཞིན་ཅི་ལྟར་ཡིན་ཞེ་ན། བར་དོ་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་ཏེ། བར་དོའི་གནས་སྐབས་སུ་ཡོད་སྣང་ཤར་བ་འདི་ལོག་ཤེས་ཀུན་རྫོབ་ཀྱི་འཁྲུལ་སྣང་མེད་པ་ལ་ཡོད་པར་བཟུང་བ་ཐག་ཁྲ་སྦྲུལ་དུ་མཐོང་བ་ལྟ་བུ་ཡིན་ཞིང་། དོན་དམ་གྱི་ངོ་བོ་ལ་བར་དོ་དྲུག་བདེན་གྲུབ་དུ་ཡེ་ནས་མེད་པ་སྟོང་པ་ཉིད་ཡིན་ཏེ། རྒྱབ་ཆོས་ལྷན་ཐབས་ལས། བར་དོ་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་པ་ཉིད་དོ། །ཞེས་དང་། བར་དོའི་གནས་སྐབས་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཙམ་ལས། དོན་དམ་པར་ནི་བར་དོ་ཞེས་

བྱ་བ་ཡོད་མི་སྲིད་པའི་ཕྱིར། བར་དོའི་རང་བཞིན་ནི་སྟོང་པ་ཉིད་ཡིན་ནོ། །ཞེས་དང་། དེ་བཞིན་དུ་ཧེ་རུ་ཀ་ཀལ་པོའི་རྒྱུད་ལས། འཇིག་རྟེན་ཆེན་པོ་སྟོང་པ་ཉིད། །མྱང་འདས་དོན་དམ་སྟོང་པ་ཉིད། །ཁམས་གསུམ་འདུས་བྱས་སྟོང་པ་ཉིད། །ཞེས་དང་། འཁྲུལ་བ་རང་གྲོལ་ལས། མདོར་བསྡུས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར། བར་དོའི་རང་བཞིན་སྟོང་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །བཞི་པ་དབྱེ་བ་ལ། གཉིས་སུ་དབྱེ་བ་དང་། དྲུག་དུ་དབྱེ་བ་གཉིས་ལས། དང་པོ་ནི་སྤྱིར་བར་དོ་ཞེས་པ་དེ་གཞི་ཀ་དག་གི་ངོ་བོ་ལས། རྟོག་པས་བསྐྱོད་ནས་གཞན་ལྟར་སྣང་བའི་ཆོས་སོ་ཅོག་ཐམས་ཅད་ཡིན། དེའང་གཞི་སྣང་ཡེ་ཤེས་སུ་ཤར་བ་ནི་ཆོས་ཉིད་ཀྱི་བར་དོ་ཡིན། འགྲོ་དྲུག་སྲིད་པའི་བར་དོ་དང་བཅས་པ་རང་གི་འཁྲུལ་སྣང་དུ་ཤར་བ་ནི་མ་དག་པ་ལས་སྣང་གི་བར་དོ་ཡིན། དེའི་ཕྱིར་བར་དོའི་རྣམ་བཞག་ཐམས་ཅད་དག་མ་དག་གཉིས་སུ་འདུས་པ་ཡིན། ཞེས་སོ། །གཉིས་པ་བར་དོ་དྲུག་དུ་དབྱེ་བ་ནི། འཁྲུལ་བ་རང་གྲོལ་ལས། རང་བཞིན་སྐྱེ་གནས་བར་དོ་དང་གཅིག །རྨི་ལམ་འཁྲུལ་བའི་བར་དོ་དང་གཉིས། བསམ་གཏན་ཏིང་ངེ་འཛིན་གྱི་བར་དོ་དང་གསུམ། འཆི་ཁ་སྡུག་བསྔལ་བར་དོ་དང་བཞི། ཆོས་ཉིད་ཞི་ཁྲོའི་བར་དོ་དང་ལྔ། རྣམ་སྨིན་སྲིད་པ་བར་དོ་དང་དྲུག་གོ །ཞེས་གསུངས་སོ། །ལྔ་པ་བར་དོའི་ཉམས་ཁྲིད་དྲུག་ནི། འདིར་བཤད་བྱའི་ཆོས་ཀྱི་གཙོ་བོ། ཉམས་ལེན་ཀྱི་སྙིང་པོ། བཀའ་གཏེར་དུ་མའི་སྙིང་ཐིག །མདོ་རྒྱུད་མཐའ་དག་གི་དགོངས་དོན་ཚད་མ་གསུམ་གྱིས་འགྲེལ་བཤད་སྨྲས་པ་འདི་ལ། སྐྱེ་གནས་བར་དོའི་ཉམས་

ལེན་ཞི་ལྷག་ཟུང་འཇུག་བསམ་གཏན་བར་དོའི་ཉམས་ལེན་མཉམ་རྗེས་ཟུང་འཇུག །རྨི་ལམ་བར་དོའི་ཉམས་ལེན་བདེན་གཉིས་ཟུང་འཇུག །འཆི་ཁ་བར་དོའི་ཉམས་ལེན་འཕོ་བ་ངོ་སྤྲོད་ཟུང་འཇུག །ཆོས་ཉིད་བར་དོའི་ཉམས་ལེན་འོད་གསལ་མ་བུ་ཟུང་འཇུག །སྲིད་པ་བར་དོའི་ཉམས་ལེན་མངལ་སྒོ་འགགས་བསྡམས་ཟུང་འཇུག་དང་དྲུག་ལས། སྤྱི་དོན་དང་པོ་སྐྱེ་གནས་བར་དོའི་གདམས་ངག །ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་ལ་མངའ་དབང་བསྒྱུར་ཆོག་པའི་ཁྲིད་ལ། གང་བཤད་པར་བྱ་བའི་ཡན་ལག །འཆད་བྱའི་གཞུང་དོན། མཇུག་སྐྱོན་ཡོན་བསྟན་པ་གསུམ་ལས། དང་པོ་གང་བཤད་པར་བྱ་བའི་ཡན་ལག་ལ། ངོ་བོ། ངེས་ཚིག །མཚན་ཉིད། ས་མཚམས། དཔེ། རྟགས། ལུས། སྣང་ལུགས། གནས་ལུགས་དང་བརྒྱད་ལས། དང་པོ་སྐྱེ་གནས་བར་དོའི་ངོ་བོ་ངེས་ཚིག་ནི། འདིར་སྐྱེ་གནས་བར་དོའི་ངོ་བོ་ཡང་རང་སེམས་ཀྱི་ངོ་བོ་ལས་གཞན་ན་མེད་ཅིང་། ངེས་ཚིག་ནི། དེ་ཡང་སྐྱེ་གནས་བར་དོ་ཅིའི་ཕྱིར་ཞེ་ན། མངལ་དུ་སྐྱེས་ནས་མ་ཤིའི་བར་དུ་ད་ལྟའི་སྣང་བ་ཡད་ཡུད་བན་བུན་འདི་ལ་གནས་བདོ་བའི་ཕྱིར། དེ་ཡང་སྐྱེ་གནས་བར་དོ་ཞེས་མིང་དུ་བཏགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྐྱེ་གནས་བར་དོའི་མཚན་ཉིད་ནི། རང་ལུས་འདོམ་གང་གྲུ་བཞི་འདི་ཉིད། ཕུང་པོ་ལྔ། ཁམས་ལྔ། སྐྱེ་མཆེད་དྲུག །དབང་པོ་ལྔ། ཡུལ་ཡུལ་ཅན་དང་། ཉོན་མོངས་པའི་རང་བཞིན་ཅན་དུ་གནས་པའི་སྒོ་གསུམ་རྟེན་ཅིང་འབྲེལ་འབྱུང་འདི་རང་རང་གི་མཚན་ཉིད་བདེན་གྲུབ་སྣང་བ་འདི་རང་ཡིན། དེའང་ལོག་ཤེས་ཙམ་མ་གཏོགས་དོན་ལ་གདན་གསུམ་ཞི་ཁྲོའི་དཀྱིལ་འཁོར་དུ་ཤེས་ན་སྣང་གྲགས་རིགས་གསུམ་ཐམས་ཅད་ལྷ་སྔགས་ཆོས་ཉིད་ཀྱི་སྣང་བ་ལ་དབང་བསྒྱུར་ཆོག་གསུངས་ཏེ།

རྒྱུད་ལས་སྐྱེ་གནས་བར་དོའི་མཚན་ཉིད་ནི། །རང་ལུས་འདོམས་གང་གྲུ་བཞི་འདི། །ཁམས་རྣམས་དང་ནི་ཕུང་པོ་དང་། སྐྱེ་མཆེད་དབང་པོ་ཡུལ་ཡུལ་ཅན། ཉོན་མོངས་ཅི་ལྟར་གནས་གཏན་དབབ། །དེ་དག་ཤེས་པའི་རྣལ་འབྱོར་པ། །སྣང་བ་ཀུན་ལ་དབང་བསྒྱུར་ནུས། །ཞེས་སོ། །གསུམ་པ་སྐྱེ་གནས་བར་དོའི་ས་མཚམས་ནི། སྤྱིར་སྐལ་བ་བཟང་པོ་འདིའི་ཐོག་མར་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་མི་རྣམས་ཚེ་ལོ་གྲངས་མེད་དུ་འཚོ། དེ་ནས་གསེར་ཐུབབརྒྱད་ཁྲི། འོད་སྲུང་བཞི་ཁྲི། མར་མེ་མཛད་ཉི་ཁྲི་དང་། ད་ལྟ་ཚེ་ལོ་བརྒྱ་པའི་ཤཱཀ་ཐུབ་དུས་སུ་བཞེད་ཀྱང་། མི་རྣམས་ཚེ་ཚད་རིང་ཐུང་ལ་ངེས་པ་མེད་པས། དོན་ལ་མའི་མངལ་ནས་ཐོན་ཏེ་འཆི་རྐྱེན་ནད་ཀྱིས་བཏབ་ཚུན་ཆད་ཀྱི་སྣང་བ་འདི་ཡིན་གསུང་། བཞི་པ་སྐྱེ་གནས་བར་དོའི་དཔེ་ནི། རྒྱུད་ལས། ཨེ་མ་བདག་འཛིན་སེམས་ཅན་རྣམས། །ལུས་འདི་མི་རྟག་ཐོ་ཡོར་འདྲ། །སེམས་འདི་ཐོ་ཁའི་བྱ་དང་འདྲ། །བྱ་ཡང་ཡུན་རིང་བསྡད་པ་མེད། །ཞེས་དང་། ངག་འདི་བར་སྣང་འབྲུག་དང་འདྲ། །འབྲུག་སྒྲ་ཡུན་རིང་ཅིང་སྡོད་དམ། །ཞེས་གསུངས་པ་ལྟར། དཔེར་ན་རྡེའུ་དང་ཤིང་བུ་ཁ་ཤས་ཀྱིས་ཐོ་ཡོར་བརྩིགས་པ་ཡུན་དུ་མི་གནས་ཞིག་པ་ལྟར། བདག་གི་འབྱུང་འདུས་སྒྱུ་ལུས་ཀྱི་ཕུང་པོ་འདི་ཡང་འཇིག་སླ་བའི་མཚན་ཉིད་ཅན་ཡིན། ཐོ་ཡོར་དེའི་རྩེར་བྱ་ཞིག་བབ་ན་དེ་ཡུན་རིང་མི་སྡོད་པ་ཕྱོགས་གཞན་དུ་འཕུར་འགྲོ་བ་བཞིན། ད་ལྟའི་ལུས་ལ་སེམས་འདི་ཡུད་ཙམ་བརྟེན་ཀྱང་བེམ་རིག་བྲལ་བའི་དུས་སེམས་ལས་ཀྱི་རྗེས་སུ་འབྲངས་བ་ཡིན། དེས་ན་སྐྱེ་གནས་བར་དོའི་དཔེ་ནི་ཐོ་ཁའི་བྱ་དང་འདྲ་གསུངས། ལུས་སེམས་བྲལ་དུས་ངག་ཀྱང་རང་ཡལ་དུ་དེང་བ་ཡིན། རང་གི་སྒོ་གསུམ་མི་རྟག་པ་མ་ཟད་གཉེན་ཉེ་འབྲེལ་རྣམས་

ཀྱང་མི་རྟག་པའི་ཚུལ་རྒྱུད་ལས། གཉེན་འབྲེལ་བྱ་ཚངས་གཟའ་མི་འདྲ། །གཅེས་གསོས་འགྲོགས་ཀྱང་སོ་སོར་གྱེས། །ཞེས་དང་། དེ་བཞིན་དུ་འགྲོགས་པའི་གཟའ་མི་ཡང་མི་རྟག་གསུང་ཏེ། རྒྱུད་ལས། གཟའ་མི་རྨོས་གླང་གཉའ་བསྒྲིལ་འདྲ། །གཉའ་བསྒྲིལ་སོར་སོར་ནམ་གྱེས་སམ། །ཞེས་པ་དང་། ཚེ་ཡང་མི་རྟག་སྟེ། ཇི་སྐད་དུ། ཚེ་འདི་རི་གཟར་རྦབ་དང་འདྲ། །རྦབ་ནི་སྐད་ཅིག་བསྡད་དབང་མེད། །ཞེས་དང་། བསོགས་པའི་ནོར་ཀྱང་མི་རྟག་སྟེ། འཁོར་འདས་རང་གྲོལ་ལས། ནོར་རྫས་སྦྲང་མའི་སྦྲང་རྩི་འདྲ། །རང་གིས་བསོགས་ཀྱང་གཞན་གྱིས་སྤྱོད། །ཞེས་གསུངས་པ་ལྟར་སྐྱེ་གནས་བར་དོའི་སྣང་བ་ཐམས་ཅད་མི་རྟག་འགྱུར་བའི་ངང་ཚུལ་ཅན་ལས་མ་འདས་སོ། །ལྔ་པ་སྐྱེ་གནས་བར་དོའི་རྟགས་ནི། ད་ལྟ་རྒྱུ་ལུས་གདོས་བཅས་ཀྱི་ཤ་ཁྲག་གི་ལུས་རེག་ཅིང་ཐོགས་པ་དང་བཅས་པ་འདི་ཡིན། དེ་ཡང་ཐོགས་བཅས་ཀྱི་རྟགས་སུ། ལུས་ལ་གྲིབ་མ་དང་། ཆུ་དང་མེ་ལོང་གི་ནང་དུ་གཟུགས་བརྙན་གསལ་བ་འདི་དག་ནི་སྐྱེ་གནས་བར་དོར་ཤ་ཁྲག་གི་ལུས་ཡིན་པའི་རྟགས་སོ། །ཞེས་གསུངས་སོ། །དྲུག་པ་སྐྱེ་གནས་བར་དོའི་ལུས་ནི། འབྱུང་བ་ལྔ་ལ་རྟེན་བཅས་དེ། ཕ་མའི་ཁུ་ཁྲག་ལ་རྒྱུ་བྱས་ནས། གདོས་བཅས་ཤ་ཁྲག་གི་ལུས་ཡིན་ནོ། ཞེས་གསུངས་སོ། །བདུན་པ་སྐྱེ་གནས་བར་དོའི་སྣང་ལུགས་ནི། བདེན་འཛིན་དང་བཅས་ཏེ་ཨ་འཐས་ཀྱི་སྣང་བའོ། །ཞེས་གསུངས་སོ། །བརྒྱད་པ་སྐྱེ་གནས་བར་དོའི་གནས་ལུགས་ནི། ཐལ་འགྱུར་ལས། རང་རིག་ཡེ་ཤེས་ལུས་ལ་གནས། །ཏིལ་འབྲུ་ལ་ནི་མར་བཞིན་དུ། །ལུས་ཀྱི་བཀྲགས་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ཞེས་གསུངས་པ་ལྟར་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ་རང་རིག་ཞི་ཁྲོའི་ལྷ་

ཚོགས་ཐམས་ཅད་མ་བསྐྱེད་ལྷུན་གྲུབ་ཏུ་བཞུགས་ཡོད་པའི་ཚུལ། སྙིང་གི་མེ་ལོང་གི་རྒྱུད་ལས། གནས་ནི་སྙིང་གི་ནང་ན་འོད་ཁ་དོག་ལྔའི་དབུས་ན། ཞི་བའི་སྐུ་ཡུང་འབྲུ་ཙམ་འོད་ཁྱིམ་གྱི་ཚུལ་དུ་གནས་སོ། །ཞེས་དང་། དེ་ལས་བྱུང་བའི་ཡེ་ཤེས་ནི། གླད་པ་དུང་ཁང་ནང་ན་གནས་སོ། །དེ་ཡང་ཁྲོ་བོའི་སྐུ་ཡུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་ནི་ཟབ་ཅིང་རྟོགས་པར་དཀའ་བའི་ཆ་ནས་བཞགས་ལ། དེ་ཉམས་ལེན་ཕྲ་མོ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེན་པོ་སྐྱེ་བ་ལ་དགོངས་སོ། །དུ་གནས་སོ། དེའང་དཔེར་ན་གནས་པ་གཞིའི་སྒྲོན་མ་༡རང་ལུས་ཞིང་ཁམས་ལྟ་བུའི་ཀློང་དུ། ཙིཏྟ་ཤའི་སྒྲོན་མ་༢སྙིང་རིན་པོ་ཆེ་གཞལ་ཡས་ཁང་པ་ལྟ་བུའི་དབུས་སུ། ཤེས་རབ་རང་བྱུང་གི་སྒྲོན་མ་ནི། མཁའ་ལྡེང་གཤོག་རླབས་ལས། ཤེས་རབ་རང་བྱུང་སྒྲོན་མ་༣ཞེས་བྱ་བ། །ཀ་དག་ལྷུན་གྲུབ་གཉིས་མེད་ཡེ་ཤེས་ཀྱི། །ཤེས་པ་གསལ་སྟོང་འཛིན་མེད་དེ་ལ་ཟེར། །ཞེས་གསུངས་པ་ལྟར། རང་རིག་གི་ངོ་བོ་སྟོང་ཉིད་མཆོག་ཏུ་མི་འགྱུར་བ་དོན་དམ་པའི་སངས་རྒྱས་རྡོ་རྗེ་འཆང་ལྷར་བཞེང་པ་ལྟ་བུ་དེ། དཀར་འཇམ་རྩའི་སྒྲོན་མ་༤བདག་མདུན་འབྲེལ་བྱེད་གཟུང་ཐག་ལྟ་བུའི་གསང་ལམ་བརྒྱུད་ནས། རྒྱང་ཞག་ཆུའི་སྒྲོན་མ་༥ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེ་བ་ཤར་བའི་སྒོ་ཕྱེས་པ་ལྟ་བུའི་སེང་སྐར་ནས། རིག་པ་ལུ་གུ་རྒྱུད་ཀྱི་སྒྲོན་མ་༦རང་རིག་གི་སྣང་ཆ་འོད་གསལ་རྡོ་རྗེའི་གཟུགས་ཅན་རང་སྣང་རྡོ་རྗེ་མདུན་བསྐྱེད་དུ་ཤར་བ་ལྟ་བུ། ཕྱི་དབྱིངས་རྣམ་དག་གི་སྒྲོན་༧མ་མདུན་བསྐྱེད་ཀྱི་གཞལ་མེད་ཁང་ལྟ་བུ། ནང་དབྱིངས་ཐིག་ལེ་སྟོང་པའི་སྒྲོན་༨མ་མདུན་བསྐྱེད་ཀྱི་རྒྱན་དང་ཆ་ལུགས་ལྟ་བུ། དེ་དག་ད་ལྟ་རང་ཆས་སུ་ཡོད་པ་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བ་སླ་མོ་ཡིན་ཀྱང་། དེ་ཉིད་ཀྱི་རང་ངོ་མ་ཤེས་ནས། ཕུང་པོ་ལྔས་བཅིངས་པ་སྐུ་ལྔའི་སྣང་བ་བསྒྲིབ། ཁམས་དང་

སྐྱེ་མཆེད་ཀྱིས་བཅིང་པའི་འོད་དང་ཁ་དོག་གི་སྣང་བ་རང་འགགས་པ་དང་། ལས་དང་ཉོན་མོངས་པས་བཅིང་པས་ཡེ་ཤེས་དང་ཆོས་ཉིད་ཀྱི་སྣང་བ་རང་འགགས་ཏེ། ད་ལྟ་འཁྲུལ་སྣང་རང་ཀ་མའི་མཐོང་ཡུལ་འདི་ལྟར་གནས་ཏེ། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ཁམས་རྣམས་དང་ནི་ཕུང་པོ་དང་། །སྐྱེ་མཆེད་རྣམས་དང་དབང་པོ་དང་། །ཡུལ་དང་ཡུལ་ཅན་ཤེས་པ་རྣམས། །ཞེས་གསུངས་པ་ལྟར། སྐྱེ་གནས་བར་དོའི་གནས་ལུགས་འདི་རང་གྲུབ་པའོ། །གཉིས་པ་གང་འཆད་པར་བྱ་བའི་གཞུང་དོན་ལ། ཞི་གནས་དང་ལྷག་མཐོང་གཉིས་ལས། དང་པོ་ཞི་གནས་ལ་སྒོ་གསུམ་གྱི་བྱ་བ་གཏོང་བ། ཞི་གནས་དངོས་དང་གཉིས་ལས། དང་པོ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་གསུམ་དགུ་ཕྲུག་གཏོང་། །དང་པོ་ཕྱི་ལུས་ཀྱི་བྱ་བ་སོ་ནམ་ལ་སོགས་པའི་འཇིག་རྟེན་འཁོར་བའི་བྱ་བ་ཐམས་ཅད་བཏང་ནང་ཕྱག་དང་སྐོར་བ་ལ་སོགས་པའི་དམན་པའི་དགེ་སྤྱོད་མཐའ་དག་བཏང་། གསང་བ་ལུས་ཀྱི་འགུལ་བསྐྱོད་གཞན་ཐམས་ཅད་སྤང་ལ། འདིར་ཞི་གནས་འགྲུབ་པའི་ཕྱིར། ལུས་རྣམ་སྣང་ཆོས་བདུན་གྱི་འཁྲུལ་འཁོར་ལ་བསླབས་པར་རིགས་ཏེ། ཇི་སྐད་དུ། ལུས་འཁྲུལ་འཁོར་རྣལ་མར་བཅའ་ཤེས་ན་སྒོམ་རང་བབས་སུ་འོང་ངོ་། །ཞེས་གསུངས་པས་ལུས་རྣམ་སྣང་ཆོས་བདུན་བཅའ་བ་ནི། དང་པོ་གནས་དབེན་པར་གདན་བདེ་བ་ལ་འཁོད་དེ་མི་རྟག་བྱམས་སྙིང་རྗེའི་རྩིས་ཟིན་པའི་ངང་ནས། རྐང་པ་རྡོ་རྗེའི་དཀྱིལ་ཀྲུང་བཅའ༡། ལག་གཉིས་ལྟེ་འོག་ཏུ་མཉམ་པར་བཞག༢རྒལ་ཚིགས་དྲང་པོར་བསྲེངས༣། གསུས་པ་རྒལ་བ་ལ་སྦྱར༤། མགྲིན་པ་ཅུང་ཟད་དགུག༥ལྕེ་ཡ་རྐན་ལ་སྦྱར༦། མིག་སྣ་རྩེའི་ཐད་ཀྱི་བར་

སྣང་ལ་བལྟ༧། དེ་ལྟར་ལུས་གནད་བཅའ་མ་ཤེས་ན། བསྒོམ་མཚན་ཉིད་པ་རྒྱུད་ལ་མི་སྐྱེ། སྐྱེས་ཀྱང་གེགས་སུ་འགྲོ། ལུས་ཀྱི་འདུག་ཚུལ་ལེགས་ན་ཞི་གནས་འང་སྐྱེ་བའི་དགོས་པ་ཡོད། གཉིས་པ་ངག་གི་བྱ་བ་གསུམ་གཏོང་བ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་བཟླས་བརྗོད་མདོ་འདོན། གསང་བ་སྨྲ་བརྗོད་ཇི་སྙེད་པ་བཀགས་ནས་ལྐུགས་པ་ལྟར་བསླབས། གསུམ་པ་ཡིད་ཀྱི་བྱ་བ་གསུམ་གཏོང་བ་ནི། ཕྱི་འཇིག་རྟེན་གྱི་བྱ་བའི་ཆེད་དུ་དམིགས་པའི་སྡིག་སོགས་འཁྲུལ་རྟོག་སྣ་ཚོགས། ནང་བསྐྱེད་རིམ་དང་དགེ་སྤྱོད་ཀྱི་བསམ་བློ་ཇི་སྙེད། གསང་བ་རྣམ་རྟོག་གི་འཕྲོ་འདུ་སྣ་ཚོགས་བཀག་ནས་དྲན་བསམ་རྣམ་རྟོག་དང་བྲལ་བར་གནས་སོ། །དེ་ལྟར་བྱ་བ་བཏང་བའི་ཡོན་ཏན་ནི། ཀློང་གསལ་ལས། ལུས་ངག་འཁྲུལ་བ་རྒྱུན་ཆད་ནས། །ཡེ་ཤེས་རྒྱུད་ལ་གནས་པར་འགྱུར། །ཞེས་སོ། །མ་བཏང་བའི་སྐྱོན་ནི། དེ་ཉིད་ལས། བྱར་མེད་རྒྱུད་ལ་མ་གནས་ན། །རག་པའི་དོན་ལ་རིག་པ་མེད། །༼རིག་པའི་དོན་ལ་རེག་པ་མེད། །༽ཅེས་སོ། །དེ་ལྟར་བྱ་བ་བཏང་བས་གནས་སྐབས་སྒོ་གསུམ་འཁྲུལ་ཕྱིར་མི་འབྲང་ཞིང་། མཐར་ཐུག་ཞི་གནས་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། །གཉིས་པ་ཞི་གནས་དངོས་ལ། མཚན་མ་དང་བཅས་པའི་ཞི་གནས་དང་། མཚན་མ་ལས་འདས་པའི་ཞི་གནས་གཉིས་ལས། དང་པོ་ལའང་གསུམ། མ་དག་པའི་ཤིང་བུ་རྡེའུ་སོགས་དངོས་པོ་དམིགས་རྟེན་ལ་སེམས་འཛིན་པ་དང་། དག་པ་ལྷ་ལ་སེམས་འཛིན་པ། རླུང་སྲོག་རྩོལ་ལ་སེམས་འཛིན་པ་དང་གསུམ་ལས། དང་པོ་མ་དག་པའི་ཤིང་བུ་རྡེའུ་སོགས་ལ་སེམས་འཛིན་པ་དེ་ལ། དམིགས་རྟེན་ལ་སེམས་འཛིན་པ། སྨིན་མཚམས་ཀྱི་ཐིག་ལེ་ལ་སེམས་འཛིན་པ། སྙིང་གའི་ཐིག་ལེ་ལ་སེམས་འཛིན་པ་དང་གསུམ་ལས། དང་པོ་དམིགས་རྟེན་ལ་

སེམས་འཛིན་པ་ནི། ལམ་སྒྲོན་ལས། དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་དགེ་ལ་བཞག་པར་བྱ། །ཞེས་གསུངས་པས། ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། བླ་མའི་རྣལ་འབྱོར་དང་ལྡན་པས་སྒོ་གསུམ་རྣལ་དུ་དབབ། དེ་ནས་རང་གི་མདུན་དུ་དམིགས་རྟེན་འཛུགས་པ་ལ་ཤེས་པ་ཙེན་ནེར་གཏད། སེམས་གཞན་དུ་མ་ཡེངས་པར་འཁྱིལ་ལེར་གནས་པར་བྱ། དེའང་སེམས་གྲིམ་གྱིས་བསྒྲིམ་པ་དམིགས་རྟེན་ལ་ཅེ་རེ་ལྟ་བའི་དུས་ཀྱི་ཤེས་པ་དེ་ལས་མི་ཡེངས། ལྷོད་ཀྱི་ཀློད་པ་དེ་དུས་ཀྱི་སེམས་དེ་ལ་བཅོས་བརྒྱུར་སྤང་བླང་སྤུ་ཙམ་ཡང་མི་བྱ། གནས་བདོ་ལ་ངལ་བསོ། དང་པོ་ཡུན་ཐུང་ལ་གྲངས་མང་བར་བསླབ་དགོས་སྟེ། སྙིང་རྗེ་ལམ་ཁྱེར་ལས། གསལ་བདོར་འཕྲོ་བཅད་ཡུན་ཐུང་གྲངས་མང་བསྒོམ། ཞེས་དང་། སློབ་དཔོན་རིན་པོ་ཆེས། ཡུན་ཐུང་གྲངས་མང་ཁང་སྟོང་ཐིག་པ་བཞིན། །ལུས་སེམས་མ་བསྒྲིམ་ལྷོད་དེ་ཤིག་གེ་ཞོག །ཅེས་གསུངས་པས་ཡུན་ཐུང་བས་བྱིང་རྒོད་ཀྱི་སྐྱོན་མི་འཇུག །གྲངས་མང་བས་སྒོམ་རྒྱུད་ལ་སྐྱེ་སླ། ཐུན་འཇོག་པའི་ཚེའང་ཞི་གནས་དེའི་ངང་མ་ཤོར་བཞིན་སྤྱོད་ལམ་རྣམ་བཞི་དང་བསྲེ། དེ་ལྟར་ཞག་གསུམ་དུ་ཡང་ཡང་སྦྱོང་ངོ་། །དེ་ལས་གཉིས་པ་སྨིན་མཚམས་ཀྱི་ཐིག་ལེ་ལ་སེམས་འཛིན་པ་ནི། གཞན་སྔར་ལྟར་ལ། དམིགས་པ་ནི་དམིགས་རྟེན་དེ་འོད་དུ་ཞུ་ནས་ཐིག་ལེར་གྱུར། དེའང་རང་གི་སྨིན་མཚམས་ཀྱི་མཛོད་སྤུར་ཐིག་ལེ་ཁ་དོག་དཀར་ལ་མདངས་གསལ་བ། ཟང་ཐལ་སྲན་མ་ཙམ་ཞིག་འོད་འཁྱིལ་ལེར་གསལ། དེ་ལ་སེམས་གཞན་དུ་མ་ཡེངས་པར་གཏད། གསལ་བདོ་ལ་ཀློད། རང་བབས་སུ་བཞག །རྟོག་པ་གཞན་གྱིས་བར་མ་ཆོད་པར་ཡང་ཡང་བརྐྱངས། དེ་ཚེ་ཉམས་ཇི་ཙམ་སྐྱེས་རང་གིས་ཤེས་པར་བྱས་ལ་ཞག་གསུམ་དུ་སྦྱངས། དེས་གནས་སྐབས་སུ་མཚན་

འཛིན་གྱི་ཡུལ་རྟོག་བྲེང་ངེ་བ་ཞི་ལ། མཐར་ཐུག་ཡུལ་སྣང་རང་ཟད་དུ་དེངས་པའི་རྟེན་འབྲེལ་འཆར་རོ། །དེ་ལས་གསུམ་པ་སྙིང་ཀའི་ཐིག་ལེ་ལ་སེམས་འཛིན་པ་ནི། གཞན་སྔར་ལྟར་ལ། དམིགས་པ་ནི་རང་ལུས་ཐིག་ལེ་དང་བཅས་པ་མི་དམིགས་པར་སྟོང་པར་གྱུར། སྟོང་པའི་ངང་ལས་རང་གི་ལུས་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ཕྱི་ནང་ཟང་ཐལ་འོད་ཀྱི་རང་བཞིན་ཅན་དུ་གསལ་བའི་སྙིང་ཀའི་དབུས་སུ། རླུང་སེམས་གཉིས་མེད་དུ་འདྲེས་པའི་ངོ་བོ་འོད་ཀྱི་ཐིག་ལེ་ཁ་དོག་སྔོ་ལ་དཀར་བའི་མདངས་ཆགས་པ། ཆེ་ཆུང་མར་མེ་འབྲིང་ཤོས་ཙམ་ལ། དབྱིབས་རྩ་བ་ཟླུམ་པ་རྩེ་མོར་ཕྲ་བ་རེག་བྱ་ཚ་བ་འབར་འཁྱུག་གི་རྣམ་འགྱུར་ཅན་གཅིག་ལུས་ཀྱི་སྟོང་ར་ལ་མ་རེག་པ་བཀྲ་ལམ་མེར་གསལ་བ་སེམས་མ་ཡེངས་པར་གཏད། གསལ་བདོ་ལ་འཕྲོ་བཅད། ཡེངས་ན་གསལ་གདབ། དེའི་ཚེ་དམིགས་པ་མ་ཟིན་ན་རླུང་ཁམས་སྐྱེས་པ་ཡིན་པས་གེགས་དེ་བསལ་བ་ལ་ལུས་ཀྱི་འདུག་སྟངས་ལྷོད། ཡིད་ཀྱི་དམིགས་པ་ལྷོད། ངག་རླུང་ཕྱིར་ལ་ལན་གསུམ་འཕང་། ཡང་ན་སྦྱང་པ་ལ་མི་དགའ་བའི་འདུ་ཤེས་སྐྱེ་བ་དང་། དེ་ལ་དཀའ་སྣང་ཆེར་འཆར་བ་འཚེར་བ་བྱུང་ན། ཤེས་པ་ཀྱོག་པ་བྱ་བའི་གེགས་བྱུང་བ་ཡིན་པས། དེ་བསལ་བ་ལ། བླ་མ་ལ་མོས་གུས་བསྒོམ། བློ་ལྡོག་རྣམ་བཞིས་རང་རྒྱུད་འདུལ། ཤེས་པ་ཁ་ཡན་དུ་མི་བཏང་བར་བརྩོན་འགྲུས་དྲག་པོ་བསྐྱེད་ལ་ཡང་ཡང་སྦྱང་། གཉིས་པ་དག་པ་ལྷ་ལ་སེམས་འཛིན་པ་ལའང་སངས་རྒྱས་ཀྱི་སྐུ་ལ་སེམས་འཛིན་པ། བྱང་ཆུབ་སེམས་དཔའི་གསུང་ལ་མཉམ་པར་བཞག་པ། ཡི་དམ་ལྷའི་ཐུགས་ལ་སེམས་འཛིན་པ་དང་གསུམ་ལས། དང་པོ་སངས་རྒྱས་ཀྱི་སྐུ་ལ་སེམས་འཛིན་པ་ནི། རང་གི་མདུན་མཁར་འཇའ་འོད་ཐིག་ལེའི་ཀློང་། །སེང་ཁྲི་པད་ཟླར་རྒྱལ་ཀུན་འདུས་པའི་སྐུ། །

འདྲེན་མཆོག་ཤཱཀྱ་སེང་གེ་སྤྲུལ་སྐུའི་ཆས། །ཡོངས་རྫོགས་མཚན་དཔེའི་འོད་འབར་གཞོན་ཚུལ་མཛེས། །ཞལ་གཅིག་ཕྱག་གཉིས་གསེར་སྦྱང་བཙོ་མའི་མདངས། གཡས་པས་ས་གནོན་གཡོན་པའི་མཉམ་བཞག་སྟེང་། བདུད་རྩིའི་བཀང་བའི་བཻཌཱུར་ལྷུང་བཟེད་བསྣམས། །ཞབས་གཉིས་རྡོ་རྗེའི་དཀྱིལ་མོ་ཀྲུང་གིས་བཞུགས། །རྗེས་སུ་དྲན་པའི་མོད་ལ་ཏིང་ངེ་འཛིན། །རང་བཞིན་རྒྱུད་ལ་ལྷག་གིས་སྐྱེས་པར་དམིགས་ལ། སངས་རྒྱས་ཀྱི་སྐུ་དེ་ཡིད་ལ་བྱས་པས་སངས་རྒྱས་རྗེས་སུ་དྲན་པའི་ཕན་ཡོན་དང་། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའི་བསོད་ནམས་གཉིས་ཀ་ཐོབ་ཅིང་། ཁྱད་པར་དུ་འདིར་མཉམ་བཞག་གི་དོན་དང་དབྱེར་མི་ཕྱེད་གསུངས་ཏེ། མདོ་ཏིང་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་དེ། །དམིགས་པ་དེ་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་གསུངས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་གསུང་ལ་མཉམ་པར་བཞག་པ་ནི། རང་གི་མདུན་མཁར་པོ་ཊ་ལ་ཞིང་དབུས། །རིན་ཆེན་ཕོ་བྲང་ཚད་མཚན་རྫོགས་པའི་སྟེང་། །པད་ཟླ་ཁྲི་སྙན་ལྤགས་པའི་གདན་སྟེང་དུ། །རྒྱལ་ཀུན་གསུང་གི་ས་བོན་ཧྲཱིཿདམར་ལས། །འཕགས་པ་སྤྱན་རས་གཟིགས་དབང་ལོངས་སྐུའི་ཆས། །ཡོངས་རྫོགས་མཚན་དཔེའི་འོད་འབར་ཞི་འཛུམ་མཛེས། །ཞལ་གཅིག་ཕྱག་གཉིས་སྟོན་ཀའི་ཟླ་བའི་མདངས། །ཕྱག་གཡས་སྐྱབས་སྦྱིན་གཡོན་པས་པད་དཀར་འཆང་། །ཞབས་གཉིས་རྡོ་རྗེ་དཀྱིལ་མོ་ཀྲུང་གིས་བཞུགས། །ཐུགས་ཀར་པདྨ་འདབ་དྲུག་བཞད་པའི་དབུས། །ཟླ་སྟེང་ཧྲཱིཿམཐར་རང་སྔགས་གཡས་འཁོར་ལ། །དམིགས་པ་གཏད་པས་ཏིང་འཛིན་འགྲུབ་པར་འགྱུར་བར་བསམ་པའི་ངང་ནས་ཡིག་དྲུག་བཟླས་པའི་

སྒྲ་དབྱངས་གསུམ་བརྗོད་རྗེས་མདུན་གྱི་ལྷའི་ཐུགས་སྲོག་ལ་སེམས་ཡེ་རེ་གཏད་དེ། མ་ཡེངས་པའི་ངང་སྐྱོང་། གསལ་བདོ་ལ་འཕྲོ་བཅད། ཡང་ཡང་བསྐྱང་། དེ་ཡང་སློབ་དཔོན་བྱང་ཆུབ་བཟང་པོས། གོང་གི་རང་ལུས་ལ་བརྟེན་པའི་ཐིག་ལེ་ལ་དམིགས་པ་ལྟ་བུ་ཁ་ནང་བལྟས་ཀྱི་ཞི་གནས་བསྒྲུབ་ལུགས་དང་། འདི་སྐབས་ཀྱི་སྐུ་དང་གསུངས་དམིགས་པ་ཁ་ཕྱིར་བལྟས་ཀྱི་ཞི་གནས་བསྒྲུབ་རྟེན་དུ་བཞེད་པའི་ཕྱག་བཞེས་ལྟར་ཡིན་ལ། དེའང་སྤྱན་རས་གཟིགས་རྗེས་སུ་དྲན་པས་བྱང་ཆུབ་སེམས་དཔའི་སྟོབས་ཀྱིས་རྒྱུད་ལ་ཏིང་འཛིན་སྐྱེ་བ་དང་། དེ་བཞིན་དུ་གསུང་མཆོག་གི་རྒྱལ་པོ་ཡི་གེ་དྲུག་མ་བཟླ་ཞིང་དེའི་སྙིང་པོ་ལ་ཞི་གནས་བསྒྲུབ་པའི་རྟེན་བྱས་པས་གཟུངས་སྔགས་ཀྱི་བྱིན་རླབས་ལས་ཏིང་ངེ་འཛིན་རང་ཤུགས་ལ་སྐྱེ་བར་འགྱུར་ཏེ། ཇི་སྐད་དུ། གང་འཕགས་པ་སྤྱན་རས་གཟིགས་རྗེས་སུ་དྲན་པ་དེ་ནི་ཀུན་ནས་སེམས་ཉོན་མོངས་པའི་གཡེང་བར་མི་འགྱུར། ཞེས་དང་། གསུང་མཆོག་གི་རྒྱལ་པོ་ཡི་གེ་དྲུག་མ་ལ་བརྟེན་ན་འཁྲུལ་སྣང་ཟད་ནས་ཏིང་ངེ་འཛིན་ལ་རང་དབང་ཐོབ་ཞེས་མདོ་རྒྱུད་ནས་མངོན་པ་བཞིན་ནོ། །གསུམ་པ་ཡི་དམ་ལྷའི་ཐུགས་ལ་སེམས་འཛིན་པ་ནི། རང་གི་མདུན་མཁར་དལ་དབུས་པད་ཟླའི་སྟེངས། ལོངས་སྐུའི་རྒྱན་རྫོགས་རྡོ་རྗེ་སེམས་དཔའ་དཀར། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས། །ཞི་འཛུམ་མཚན་དཔེའི་འོད་འབར་སྐྱིལ་ཀྲུང་བཞུགས། །སྣང་ལ་རང་བཞིན་མེད་པའི་ལྷའི་ཐུགས་ཀར། རང་སེམས་གཏད་པས་ཏིང་འཛིན་འགྲུབ་པར་དམིགས་ལ། དེའི་ངང་ནས་མ་ཡེངས་པར་སྐྱོངས། གསལ་བདོ་ལ་འཕྲོ་བཅད། ཡང་ཡང་བསྐྱངས། དེའང་དུས་གསུམ་བདེ་གཤེགས་འདུས་པའི་ལྷ་ཐམས་ཅད་ཀྱི་ངོ་བོ་དང་རྡོ་རྗེ་སེམས་དཔའ་དབྱེར་

མེད་པའི་ཐུགས་ཀར་རང་སེམས་གཏད་པས་ད་ལྟ་ཞི་གནས་སྐྱེ་ཞིང་། ནམ་ཞིག་རྡོ་རྗེ་སེམས་དཔའི་ཁོང་སེང་དུ་གྲོལ་ལམ་ཕྱེད་སྤྲུལ་མངོན་པར་དགའ་ལ་དབུགས་དབྱུང་ངོ་། །དེའང་ཀུན་མཁྱེན་ཤནྟ་པུ་རི་པས། །བར་དོའི་ལུས་དེ་མའི་མངལ་དུ་ནི། །ཞུགས་ཚུལ་དང་པོ་མགོན་པོ་མི་བསྐྱོད་པའི། །སྐུ་ལས་ཞུགས་པའི་རྡོ་རྗེ་སེམས་བསྐྱེད་ཅིང་། །དེ་ལས་ལུས་དཀྱིལ་བཀོད་ཅིང་སྒོ་གསུམ་དག །བྱིན་གྱིས་བརླབས་ཤིང་སེམས་དཔའ་སུམ་བརྩེགས་སུ། །བྱས་ནས་རིགས་མའི་འདོད་ཡོན་རྣམ་རོལ་ནས། །ཉིན་སྣང་སྐྱེ་ཤི་བར་དོའི་སྒོམ་འདྲེས་ཀྱིས། །སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་བྱེད་ཤོག །ཅེས་གསུངས་པ་ལྟར་རོ། །དེའང་དམིགས་པ་དེ་རྣམས་ཀྱིས་རྟོགས་པ་ཉུང་ཕྱམ་གྱིས་འགྲོ་གསུངས་སོ། །འདི་དུས་རྟོག་པ་སྔར་ལས་རགས་པ་དང་། རྣམ་རྟོག་ཇེ་མངས་ཇེ་རྒོད་དུ་སོང་བ་ལྟར་ཤར་ཡང་། དེ་བསྒོམ་གྱི་སྣ་ཟིན་པ་ཡིན་གསུངས་པ་ལྟར། རང་མི་སུན་པར་དལ་བུས་རྟོག་པ་སྔར་ལས་རགས་པ་ངོས་ཟིན་པར་བྱས་ལ། བཀག་ཀྱང་མི་བཀག །རྗེས་སུ་ཡང་མི་འབྲང་བར་དམིགས་པ་གཏད་པས་རིམ་བཞིན་རྟོག་པ་ཇེ་ཕྲ་ཇེ་ཉུང་དུ་འགྲོ། དེའང་དམིགས་པ་གོང་ལྟར་བསྒོམ་ཀྱང་ཉོན་མོངས་པ་མ་ཁོག་པར་གང་ཤར་ན་དེ་ཀ་ངོས་བཟུང་ལ། དེའི་ཐོག་ཏུ་སེམས་ཀློད་ལ་བཞག །དེ་ལྟར་གང་ཤར་ངོས་བཟུང་ལ། གང་ཤར་གྱི་རྗེས་སུ་མི་འབྲང་བར་ཤར་གྲོལ་དུ་བཏང་། རེས་དམིགས་པ་གཏད། རེས་རྟོག་པ་ཤར་གྲོལ་དུ་བཏང་། རྗེས་སུ་མ་བཅོས་པའི་ངང་ནས་ལྷོད་དེ་བཞག །དེ་རེས་མོས་བྱས་པས་རྣམ་རྟོག་ལུ་གུ་རྒྱུད་དུ་མི་འབྲང་བར་རྟོག་པ་བར་ཆད་ནས་ཞི་གནས་ཀྱི་ཉམས་བཟང་པོ་སྐྱེ། དེ་གསུམ་ལ་ཞག་གསུམ་དུ་སྦྱངས། དེས་ཞི་གནས་མཚན་ཉིད་པ་རྒྱུད་ལ་སྐྱེས་ནས་རིག་པ་རྩད་བཅད་ལ་བསླབ། མ་སྐྱེས་ན་ཐབས་སྣ་

ཚོགས་ཀྱིས་རྣལ་དུ་དབབ་པོ། གསུམ་པ་རླུང་སྲོག་རྩོལ་ལ་སེམས་འཛིན་པ་ལའང་། རླུང་སེམས་གཉིས་མེད་ལ་སེམས་འཛིན་པ། རླུང་བུམ་པ་ཅན་ལ་སེམས་འཛིན་པ། འབྲུ་གསུམ་རྡོ་རྗེའི་བཟླས་པ་ལ་སེམས་འཛིན་པ་དང་གསུམ་ལས། དང་པོ་རླུང་སེམས་གཉིས་མེད་རྣམ་རྟོག་ཁོ་རང་ལ་སེམས་འཛིན་པ་ནི། སྟན་བདེ་བ་ལ་འདུག་སྟེ་རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ལུས་རྡོ་རྗེའི་དཀྱིལ་ཀྲུང་བཅས་དེ་ལྒལ་ཚིག་དྲང་པོར་བསྲང་། ལག་གཉིས་ས་གནོན་ཕྱག་བཅས་དེ་རླུང་སྣ་གཡས་ནས་གཅིག་གཡོན་ནས་གཅིག །དབུས་ནས་གཅིག་དང་གསུམ་སངས་ཀྱིས་འབུད་པ་དང་མཉམ་དུ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་སྡིག་པ་རྭ་ཅན་གྱི་རྣམ་པར་སྣ་སྒོར་ཐོན་ནས། མདུན་གྱི་ནམ་མཁར་རང་བྱུང་ཡེ་ཤེས་མེས་ཐུལ་གྱིས་ཚིག་པར་བསམ་པ་ནི་རླུང་གི་དུག་དབྱུང་བའོ། །དེ་ལྟར་བསམ་པའི་རྣམ་རྟོག་དེའི་ཐོག་ཏུ་ཤེས་པ་རྩེན་ནེར་བཞག་ལ་གནས་ལུགས་བསྐྱངས། གསལ་བདོ་ལ་འཕྲོ་བཅད། གཉིས་པ་རླུང་བུམ་པ་ཅན་ལ་སེམས་འཛིན་པ་ནི། ད་ལྟའི་དུག་དབྱུང་ལན་གཅིག་རྗེས་སུ་རླུང་ཚུར་རྔུབ་པ་དང་མཉམ་དུ་མཆིལ་གཅིག་མིད་པ་དང་ལྟེ་འོག་ཏུ་སྡིག་གི་བསྐྱལ་ལ། དམིགས་པ་ཅི་ཡང་མི་བསམ་པར་ལྷན་ནེར་བཞག །མི་ཐུབ་ཚེ་སང་སང་འབུད་དེ་ལ་ཞག་གཅིག །གསུམ་པ་འབྲུ་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་ལ་སེམས་འཛིན་པ་ནི། གཞན་གོང་ལྟར་ལ་རླུང་ཚུར་རྔུབ་པའི་ཚེ། དུས་གསུམ་སངས་རྒྱས་སྲས་དང་བཅས་པའི་སྐུའི་བྱིན་རླབས་ཐམས་ཅད་ཡི་གེ་ༀ་དཀར་པོའི་རྣམ་པར་ཚུར་འདུས་ནས། རང་གི་ལྟེ་འོག་ཏུ་བསྐྱལ་ལ་སྟེང་རླུང་མནན། འོག་རླུང་འཐེན་དེ་རླུང་གའུ་ཁ་སྦྱོར་གྱི་བར་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་

གི་ངོ་བོ་ཡི་གེ་ཨཱཿདམར་པོ་སྣང་ལ་རང་བཞིན་མེད་པ་གསལ་སྟོང་ཡེ་རེ་བ་ལ་སེམས་གཏད་དེ་མ་ཡེངས་པའི་ངང་བསྐྱངས། རླུང་མི་ཐུབ་པའི་ཚེ་ཕྱིར་འཕང་བ་དང་མཉམ་དུ། དམིགས་པ་དུས་གསུམ་སངས་རྒྱས་སྲས་བཅས་ཀྱི་ཐུགས་ཀྱི་བྱིན་རླབས་ཡི་གེ་ཧཱུྃཿསྔོན་པོའི་རྣམ་པར་འགྲོ་བའི་གྲངས་དང་མཉམ་པར་འཕྲོས་ནས་གང་ལ་གང་འདུལ་གྱིས་སྤྲུལ་པའི་སྐུ་རེ་རེ་གྱུར་ཏེ་སེམས་ཅན་ཐམས་ཅད་ཀྱི་མགོན་དང་དཔུང་གཉེན་མཛད་དེ་སངས་རྒྱས་ཀྱི་ས་ལ་བཀོད་པར་བསམ། དེའི་ངང་ལ་སེམས་རྩེན་ནེར་བཟུང་། གནས་བདོ་ལ་འཕྲོ་བཅད། འདི་ནི་ཞག་རེ་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་རྒྱུ་བ་དེ་ཉིད་ཀྱི་གྲངས་དང་མཉམས་པའི་འབྲུ་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་འགྲུབ་པའི་ཡོན་ཏན་ཚད་མེད་པ་ཐོབ་གསུངས། འདི་ལ་ཞག་གསུམ་སྦྱང་། འདི་རྣམས་གང་གི་དུས་སུ་འང་རང་གི་ཉམས་བསྐྱངས་བ་གལ་ཆེ། དེ་ལྟར་ལྷའི་གསལ་སྣང་སྐུ་གསུང་ཐུགས་གསུམ་ལ་སེམས་བཟུང་བས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི་དམ་ལྷ་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་ནས་ཚེ་འདིའམ་བར་དོ་གང་རུང་དུ་གྲོལ་བར་བྱེད་དོ། །དེ་ཡན་ཆད་ཀྱིས་མཚན་མ་དང་བཅས་པའི་ཞི་གནས་བསྟན་ཟིན་ཏོ། །འདི་རྣམས་ལ་ཕྱི་འཁྲུལ་ཕྱིར་འབྲང་བའི་རྣམ་རྟོག་ཞི་ནས་དེའི་ངང་ལ་གནས་ཀྱང་དེ་འཛིན་པ་ཡིན་པས་འཁོར་བའི་རྩ་བ་མ་ཆོད་པའི་ཕྱིར། མདོ་ཏིང་འཛིན་རྒྱལ་པོ་ལས། ཏིང་ངེ་འཛིན་དེ་བསྒོམ་པར་བྱེད་མོད་ཀྱི། །དེས་ནི་བདག་དུ་འདུ་ཤེས་འཇིག་མི་བྱེད། །དེ་ཡིས་ཉོན་མོངས་ཕྱིར་ཞིང་རབ་འཁྲུགས་ཏེ། །ལྷག་སྤྱོད་འདི་ན་ཏིང་འཛིན་བསྒོམ་པ་བཞིན། །ཞེས་སོ། །འདི་ལ་ཞག་གསུམ་དུ་སྦྱང་། གཉིས་པ་མཚན་མ་མེད་པའི་ཞི་གནས་ཀྱི་ཁྲིད་ལ། བསྒྲིམ་པ། ཀློད་པ། བསྒྲིམ་

ལྷོད་སྤེལ་མ་དང་གསུམ་ལས། དང་པོ་བསྒྲིམ་པ་ནི། གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། མི་རྟག་པས་རྒྱུད་བསྐུལ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ལུས་རྣམ་སྣང་ཆོས་བདུན་འཆོས། མིག་གིས་མདུན་གྱི་ནམ་མཁའ་ལ་ཅེར་གྱིས་བལྟས་ནས་ཅི་ཡང་མི་བསྒོམ་པར། ཡེངས་བ་མེད་པར་ཧྲིག་གེར་བསྒྲིམ། གནས་བདོ་ལ་ངལ་བསོ། སྐབས་སུ་བསྒྲིམ་མཁན་གྱི་ཤེས་པ་ཅི་འདྲ་བ་གཅིག་བརྟགས་པ་དང་། ཡང་མ་ཡེངས་པར་ཧྲིག་གེར་བསྒྲིམ། དེ་གཉིས་རེ་མོས་བྱས་པས་བྱིང་རྨུག་བསལ། གཞན་ཡང་སྤྱོད་ལམ་ཐམས་ཅད་དུ་དྲན་པ་ཡེངས་མེད་དུ་བསྟེན། དེ་ལ་ཞག་གཅིག་གོ །གཉིས་པ་ཀློད་པ་ནི། ལུས་གནད་སྔར་ལྟར་བཅས་ཤིང་། ལུས་སེམས་ཁོང་ནས་ཀློད་ལ་ལྟ་སྟངས་ཐུར་དུ་ཕབ་སྟེ། བསྒོམ་རྒྱུ་ཅི་ཡང་མེད་པར་གཤིས་ལུགས་ཀྱི་ངང་ལ་རེ་དོག་གི་བཅོས་སླད་མེད་པར་བཞག །ལྷན་ནེར་གནས་པ་དང་ཤིག་ཤིག་ཡང་ཡང་ཀློད། རེས་གོང་དུ་བསྒྲིམ་མཁན་དང་། ད་རིས་ཀློད་མཁན་དེ་སེམས་ཡིན་པས་ཅི་འདྲ་བ་གཅིག་འདུག །རང་ལ་རང་གི་ཅི་རེ་ལྟ། ཡང་ཀློད་པར་བྱའོ། །དེས་ཐ་མ་སེམས་གནས་པ་དང་། རབ་རྣམས་རིག་པ་ངོ་འཕྲོད་པའང་ཡོད། དེ་ལ་ཞག་གཅིག་གོ །གསུམ་པ་བསྒྲིམ་ལྷོད་སྤེལ་མ་ནི། ཡང་ལུས་གནད་སྔར་ལྟར་ལ། རེས་ཤེས་པ་གྲིམ་གྱིས་སྒྲིམ་ལ་ཡེངས་མེད་དུ་ཕྲི་ལི་ལི་སྒྲིམ། ཡང་ལྷོད་ཀྱིས་ཀློད་ལ་གུ་ཡངས་སུ་ཕྱལ་ལེ་བཞག །དེ་གཉིས་རེ་མོས་སུ་ཡང་ཡང་གྲིམ་ལྷོད་སྤེལ་ཞིང་བསྒོམ། རེས་ལྟ་སྟངས་གྱེན་གཡས་གཡོན་ཐུར་བཞིར་བསྐོར་དེ་བལྟ། སྐབས་སུ་འདུན་པ་གཏད་མཁན་གྱི་ངོ་བོ་ལ་བལྟ། རེས་སེམས་སྙིང་གི་དཀྱིལ་དུ་ཕབ་ལ་ཕྱམ་མེར་

བཞག །རེས་ནམ་མཁའི་གར་ཁྱབ་ཏུ་ཕྱམས་ཀྱིས་བཏང་ལ་བཞག །དེ་ལྟར་བྱས་པས་སེམས་རྣལ་དུ་ཕེབས་པའི་རྟགས་ལ་སེམས་གར་བཞག་དུ་ལྷན་ནེར་གནས་བྱུང་ན་ཞི་གནས་སྐྱེ་བ་ཡིན། དེ་ཡང་དྲན་པ་མེད་པར་སྟོང་པར་སོང་ན། བྱིང་བའམ་འཐིབ་པའི་སྐྱོན་ཡིན་པས་རིག་པ་གཡོར་སྟོན། གཟིང་བསྟོད། ལྟ་སྟངས་བསྒྱུར་རོ། །ཡེངས་ཞིང་རྒོད་ན་ལྟ་སྟངས་ཐུར་ལ་ཕབ། ལྷོད་པ་གལ་ཆེ། བསྒོམ་པ་འདི་ཡིན། རྟོག་པ་འདི་ཡིན། མེད་པའི་སྣང་བ་བྱུང་ན། སྟོང་པའི་སྐྱོན་ཡིན་པས་བསྒྲིམ་ལྷོད་རེ་མོས་སུ་བསྒོམ། བསྒོམ་མཁན་དང་ཞི་གནས་ཀྱི་སྐྱོན་ངོས་བཟུང་ལ། ཐད་ཀའི་སྐྱོན་རྣམས་བསལ་ལོ། །ཞི་གནས་སྐྱོན་མེད་ནི། མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་སྟེ། རིག་པ་གར་བཞག་དུ་གཡོ་བ་མེད་པར་བརྟན་ལ། བྱིང་རྨུག་འཐིབ་གསུམ་གྱིས་མ་གོས་པའི་རིག་པ་གསལ་ཡེ་རེ་གསལ་བ། རིག་པ་གར་གཏད་དུ་ཧྲིག་གེ་བ་དེ་རྩེ་མོ་རྣོ་བ། གློ་བུར་གྱི་རྟོག་པས་མ་བསྐྱོད་པ་དེ་ལྟ་བུའོ། །དེ་ལྟ་བུ་བསྒོམ་སྐྱོན་མེད་རྒྱུད་ལ་སྐྱེས་པ་ཡིན་དེ། དེ་མ་བྱུང་གི་བར་དུ་སེམས་རྣལ་དུ་ཕབ་པ་གལ་ཆེའོ། །ཞི་གནས་མཚན་ཉིད་པ་རྒྱུད་ལ་མ་སྐྱེས་པར་རིག་པ་ངོ་སྤྲད་ཀྱང་གོ་ཡུལ་ཙམ་དུ་ལུས་ནས་ཁ་ལྟ་ལ་ཤོར་ནས་དྲེད་པོར་འགྲོ་ཉེན་ཡོད་པས། བསྒོམ་ཐམས་ཅད་ཀྱི་རྩ་བ་འདི་ལ་རག་ལས་པ་ཡིན་པས། ངོ་སྤྲོད་མི་སྔ་བར་གནས་པའི་ཉམས་བཟང་པོ་མ་བྱུང་གི་བར་དུ་བསྒྲུབ་པར་བྱའོ། །དེ་ཡན་ཆད་ཀྱིས་མཚན་མ་མེད་པའི་ཞི་གནས་བཤད་ཟིན་ཏོ། །དོན་གཉིས་པ་ལྷག་མཐོང་གི་ཁྲིད་ལ། རིག་པ་ངོ་སྤྲད་པ། སེམས་བཙལ་བ། སེམས་ངོ་སྤྲད་པ་དང་གསུམ་ལས། དང་པོ་རིག་པ་ངོ་སྤྲད་པ་ནི། དཔེར་ན་རྒྱ་མཚོའི་ནང་དུ་གཟུགས་སྣ་ཚོགས་ཤར་བ་ལ་བལྟ་བར་འདོད་ན་རྦ་རླབས་དང་རྙོག་

མ་ལ་སོགས་མེད་པར་བྱས་པའི་ཆུ་དྭངས་བའི་ནང་དུ་གཟུགས་བརྙན་ཤར་བ་ལྟར། སེམས་ཡུལ་གྱི་རླུང་གི་རྟ་ལ་ཞོན་ནས་རྣམ་རྟོག་སྣ་ཚོགས་འཚུབ་པའི་དུས་སུ་རིག་པ་ངོ་མི་འཕྲོད་པས་དང་པོ་སེམས་རྣམ་རྟོག་གི་རྙོག་མ་དང་བྲལ་བའི་ཞི་གནས་བཟང་པོ་སྐྱེས་པའི་དུས་སུ་ངོ་སྤྲད་པ་གནད་ཡིན། ལར་ལྟ་བའི་སྟེང་ནས་སྒོམ་པ་ངོ་འཕྲོད་པ་དཀའ་ལ། འདིར་སྒོམ་པའི་ཐོག་ནས་ལྟ་བ་ངོ་སྤྲད་པ་ངོ་མི་འཕྲོད་མི་སྲིད་གསུངས། དེ་ཡང་ལུས་གནད་ཆོས་བདུན་སྔར་ལྟར་བྱས་ལ། མིག་མདུན་གྱི་ནམ་མཁའ་སྣ་རྩེའི་ཐད་ཀྱི་བར་སྣང་ལ་མི་འགུལ་བར་བལྟ། དེ་ལྟར་བསྒོམ་རྒྱུ་ཅི་ཡང་མེད་པར་རིག་པ་ཡེངས་མེད་དུ་ཧྲིག་གེ་གསལ་རྗེན་ནེ་བཞག །གནས་བདོའི་དུས་སུ་གནས་མཁན་ཀྱི་ཤེས་པ་དེ་ཅི་འདྲ་ཅིག་འདུག་བལྟ། ཡང་ལྷོད་ཡང་བསྒྲིམ་རེས་མོས་སྤེལ། སེམས་ཀྱི་ངོ་བོ་དེ་ཅི་འདྲ་འདུག །རང་གི་རང་ལ་ལྟོས། གསལ་ལམ། སྟོང་ངམ་ངོས་བཟུང་རྒྱུ་གཅིག་འདུག་གམ། ཡང་ནས་ཡང་དུ་ལྟོས་ཉམས་མྱོང་གཅིག་ཁྱེར་ལ་ཤོག་ཅེས་དངོས་ལ་བལྟར་འཇུག་གོ །དེ་ལ་ཞག་གཅིག་གོ །གཉིས་པ་སེམས་བཙལ་བ་ནི། འཇོག་སྒོམ་དང་། དཔྱད་བསྒོམ་གཉིས་ལས། དང་པོ་འཇོག་བསྒོམ་ནི། དེ་ཡང་འཁྲུལ་འཁོར་གོང་ལྟར་ལུས་ཆོས་བདུན། གྱིས་ལ། སེམས་མདུན་གྱི་ནམ་མཁར་ཧྲིག་གེར་ཞོག་བྱས་ནས་ཡོད་པས། དེ་རང་ནས་བཞག་རྒྱུ་རང་གི་དངོས་པོ་ཅི་འདྲ་འདུག་ལེགས་པོར་ལྟོས་ཤིག །གཉིས་པ་དཔྱད་བསྒོམ་ནི། འཇོག་བྱ་འཇོག་བྱེད་གཅིག་ཐ་དད་ཡོད་མེད་དང་། ཕྱི་ནང་གསང་གསུམ་གང་ན་ཡོད་ཅི་འདྲ་ཤིག་བརྟག །དེ་ལྟར་བཞག་མཁན་དང་བསམ་མཁན་དེ་ཅི་འདྲ་འདུག་བལྟ། གཅིག་ལས་མི་འདུག་ན། གཅིག་པུ་དེ་སེམས་ཡིན་པར་འདུག་གོ །སེམས་ཟེར་བ་དེ་དོན་ལ་ཅི་འདྲ་རང་གཅིག་འདུག་ལྟོས། ཐ་དད་ཡིན་

ན་སེམས་གཉིས་ཡོད་པར་ཐལ། སེམས་འདི་ཡོད་པར་འདོད་ན་དབྱིབས་ཁ་དོག་ཆེ་ཆུང་སྟོན་རྒྱུ་ཡོད་དགོས། མེད་པར་འདོད་ན་སེམས་བེམ་པོ་རོ་ལྟ་བུའམ་སྟོང་པ་ཕྱོགས་གཅིག་ཏུ་ཐལ་ལོ། །ཕྱི་འབྱུང་བ་ལྔའི་ཁམས་གང་དུ་བཙལ་ཀྱང་སེམས་མི་རྙེད། ནང་རང་ལུས་ལས་མི་རྙེད། བར་རང་སེམས་རང་ལས་གཞན་ཆོས་མི་རྙེད། ཡོད་མེད་གཉིས་ལས་འདས་སོ་ཟེར་ན། དེ་བསམ་མཁན་དེ་ངར་འཛིན་ཡིན་ལ། རྟོག་པ་དེ་བློ་ཡིན་པས་སེམས་ཀྱི་ངོ་བོ་མཐོང་བ་མ་ཡིན་པར་ཐལ། ཡོད་མེད་གཉིས་ཀའི་མཚམས་སུ་ཅི་ཡང་མ་གྲུབ་ཞེ་ན། མ་རྙེད་མཁན་གྱི་སེམས་དེ་ལ་ལྟོས་ཤིག །ཧྲིག་གེ་གསལ་ལེ། སྟོང་ལྷང་ངེ་བ་གང་ལྟར་འདུག་ལྟོས། མེ་རེ་བ་ཞིག་འདུག་ཟེར་ན་ཞི་གནས་ཡིན་པས་དེས་མི་འོང་། རིག་པ་རྩད་བཅད་ལ་ངོ་བོ་གཅིག་ཁྱེར་ལ་ཤོག་ཅིག་བྱ། སྟོང་པ་གཅིག་འདུག་ཟེར་ན་ཕྱོགས་གཅིག་ཡིན་པས་རིག་པ་ཚོལ་བཅུག་གོ །ཧྲིག་གེ་བ་འདྲ་བ་གསལ་ལེ་བ་འདྲ་བའི་ཤེས་པ་གཅིག་འདུག་སྟེ་སྨྲ་མ་བཏུབ་ཟེར་ན་ཅུང་ཟད་ངོ་འཕྲོད་པས། ཐག་ཆོད་པ་དང་ངོ་སྤྲད་བྱའོ། །དེ་ལ་ཞག་གཅིག་གམ་ཅི་རིག་བྱའོ། །གསུམ་པ་སེམས་ངོ་སྤྲད་པ་ལ། ཚིག་གི་ངོ་སྤྲད་པ་དང་། ལུང་གི་རྒྱབ་སྐྱོར་བ་དང་གཉིས་ལས། དང་པོ་ཚིག་གི་ངོ་སྤྲད་པ་ལ། སྟོང་ཆ་ངོ་སྤྲད་པ། གསལ་ཆ་ངོ་སྤྲད་པ། རིག་པར་ངོ་སྤྲད་པ། དབྱེར་མེད་ངོ་སྤྲད་པ་དང་བཞི་ལས། དང་པོ་ཚིག་གི་མཚོན་དོན་ལ་བརྟེན་ནས་སྟོང་ཆ་ངོ་སྤྲད་པ་ནི། སློབ་མ་ཐམས་ཅད་རྣམ་སྣང་ཆོས་བདུན་དང་ལྡན་པས་གྲལ་དུ་འཁོད་པར་བྱ། འོ་ན་ཁྱེད་རང་རྣམས་རིག་པ་མདུན་གྱི་ནམ་མཁའ་ལ་བཟོ་མེད་དུ་ཅེ་རེ་ཡེངས་མེད་དུ་ཧྲིག་གེ། དམིགས་མེད་དུ་ས་ལེ་བ། འོ་དེ་ཀའི་ངང་དུ་ཞོག་ཅེས་བྱའོ། །དེ་ལྟར་སེམས་མ་བཅོས་པར་ལྷན་ནེར་བཞག་པའི་དུས་ཀྱི་ཤེས་པ་འདི་ལ་ཅེ་རེ་ལྟོས་ཤིག

ཁྱེད་རང་རྣམས་ཀྱི་སེམས་རྣམ་རྟོག་རང་སར་ཞི་ནས། མ་བཅོས་པའི་ངང་ལ་ལྷན་ནེར་གནས་པ་ཞིག་མི་འདུག་གམ། འོ་འདི་ལ་ཞི་གནས་ཞེས་བྱ་བ་ཡིན་ཏེ། སེམས་ཀྱི་ངོ་བོ་མ་ཡིན་ནོ། །ཁྱེད་རང་གི་སེམས་གནས་མཁན་གྱི་ངོ་བོ་ཁོ་རང་ལ་ཅེ་རེ་ལྟོས་དང་། དངོས་པོ་དབྱིབས་དང་ཁ་དོག་ཅིའི་ངོ་བོར་མ་གྲུབ་པའི་སྟོང་སེང་ངེ་བ་ཅིག་མི་འདུག་གམ། དེ་ལ་ངོ་བོ་སྟོང་པ་ཞེས་བྱ་བ་ཡིན་ནོ། །སྟོང་ལུགས་དེའང་ཚིག་གསུམ་པའི་རྒྱུད་ལས། གསང་བའི་བདག་པོ་ཆོས་སྐུ་མཚན་མར་མ་གྲུབ་པ་སྟོང་སེང་ངེ་བར་བཞུགས་པ་ནི། རང་གི་ཤེས་རིག་གི་ངོ་བོ་སེང་ངེ་བ་དེ། དངོས་པོ་དང་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་སེང་ངེ་འདུག་པ་འདི་ཡིན་ནོ། །ཅེས་པ་ལྟར་རོ། །གཉིས་པ་གསལ་ཆ་ངོ་སྤྲད་པ་ནི། འོ་དེ་ལྟར་སེམས་མ་བཅོས་པར་ལྷན་ནེར་བཞག་པའི་དུས་ཀྱི་ངོ་བོ་སྟོང་པ་དེའི་གདངས་མ་འགགས་པར་གསལ་ལེ་བ་འདྲ་བ། སེང་ངེ་འདྲ་བ། འོལ་ལེ་གསལ་བ་ཅིག་མི་འདུག་གམ། འདི་ལ་རང་བཞིན་གསལ་བ་ཞེས་བྱ་བ་ཡིན་ནོ། །མདོར་ན་ད་ལྟ་ཐ་མལ་རང་ཀ་ལ་གནས་པའི་དུས་ཀྱི་ཤེས་པ་གསལ་ལེ་ཧྲིག་གེ་བ་འདི་ཁོ་ན་ཡིན་ནོ། །འདི་ལ་དབྱིབས་དང་ཁ་དོག་ཅི་ཡི་ངོ་བོ་ཡང་མ་གྲུབ་པས་རྟག་པའི་མཐའ་དང་བྲལ། ༡མེད་བཞིན་ཧྲིག་གེར་གསལ་བས་ཆད་པའི་མཐའ་དང་བྲལ། ༢དུས་འདི་ཙམ་དང་རྒྱུ་རྐྱེན་ལ་མ་ལྟོས་པར་སྐྱེ་བའི་མཐའ་དང་བྲལ། ༣དུས་འདི་ཙམ་ནས་སེམས་ཤིའམ་འགགས་པར་བྱ་བ་མེད་པས་འགགས་པའི་མཐའ་དང་བྲལ། ༤དེ་བཞིན་དུ་འགགས་མེད་ཀྱི་རྩལ་ཅི་ཡང་འཆར་བས་གཅིག་པའི་མཐའ་དང་བྲལ། ༥སྣ་ཚོགས་སུ་འཆར་ཡང་རང་བཞིན་མེད་པར་གྲོལ་བས་དུ་མའི་མཐའ་དང་བྲལ། ༦ད་ལྟ་རིག་པ་འདི་ཡུལ་

གཞན་ནས་འོང་མ་མྱོང་བས་འོང་བའི་མཐའ་དང་བྲལ། ༧ད་རང་ལས་གཞན་པའི་ཡུལ་དུ་མི་འགྲོ་བས་འགྲོ་བའི་མཐའ་དང་བྲལ། ༨དེ་བས་ན་མཐའ་བྲལ་གྱི་ལྟ་བ་ཞེས་བྱ་སྟེ། འདི་ཁོ་ན་སངས་རྒྱས་ཀྱི་ཐུགས་ཞེས་བྱ་བ་ཡིན་ནོ། །གསལ་ལུང་དེའང་རྒྱུད་ལས། རང་གི་ཤེས་རིག་ངོ་བོ་སྟོང་པ་དེ་ཙམ་ན། སྟོང་པ་ཕྱལ་ཆད་དུ་མ་སོང་བར། རང་གི་ཤེས་རིག་མ་འགགས་པར་ཝ་ལེ་གསལ་བ་འདི་ཀ་སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་ནོ། །གསུམ་པ་རིག་པ་ངོ་སྤྲད་པ་ནི། འོ་དེ་ལྟར་མ་བཅོས་པར་རིག་པ་རང་ས་ན་གྲྭ་ཟང་ངེ་བ་དེའི་ངོ་བོ་ཅི་ཡང་མ་གྲུབ་པའི་སྟོང་སེང་ངེ་བ་དང་། དེའི་གདངས་མ་འགགས་པར་གསལ་བ་དེ་གཉིས་དབྱེར་མི་ཕྱེད་པར། ཧྲིག་གེ་བ་འདྲ་བ། ལྷང་ངེ་བ་འདྲ་བའི་རིག་པ་ཡོད་རྒྱུ་གཅིག་ཡོད་ལ། ཁར་དངོས་སུ་སྨྲ་རྒྱུ་མ་རྙེད་པའི་ཤེས་པ། ད་ལྟའི་ཧྲིག་གེ་བ་འདི་ལ་རིག་པ་ཞེས་མིང་དུ་བཏགས་པ་ཡིན་ཏེ། གཤོགས་རླབས་ལས། མདོར་ན་གང་གི་དུས་སུའང་རིག་པའི་ཆ། །རྗེན་པར་ཟང་ཐལ་ཤེལ་གོང་འདྲ་བ་དེ། །ཀློང་དུ་མ་གྱུར་བར་དུ་ས་ལེར་སྐྱོངས། །གྱུར་ནས་དེའི་ངང་ལ་འབྲལ་མེད་ཀྱིས། །ཁྲེག་ཆོད་ལྟ་བའི་གནད་འགགས་རིག་པ་ནི། །རྗེན་པ་ཕུད་ལ་ས་ལེར་སྐྱོང་བ་འདི། །ཟེར་བའི་གནད་འདི་ཁོ་ན་གལ་ཆེ་སྟེ། །འདི་ནི་ཚིག་བརྒྱའི་མདོ་འགགས་ཡིན་པས་ན། །སྐལ་ལྡན་སྙིང་གི་བུ་རྣམས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར། མཐོང་རྒྱུ་མེད་བཞིན་དུ་གསལ་ལེ། ཧྲིག་གེ། རྗེན་ནེ། ཅེར་རེ་ལྷག་གིས་མཐོང་བས་ན་ལྷག་མཐོང་ཞེས་མིང་དུ་བཏགས་པ་ཡིན། དེའང་རྒྱུད་ལས། རང་གི་རིག་པ་གསལ་སྟོང་དབྱེར་མེད་འོད་ཀྱི་ཕུང་པོར་བཞུགས་པ་འདི་ལ་སྐྱེ་འཆི་མེད་པས་སངས་རྒྱས་འོད་མི་འགྱུར་བ་འདི་ཡིན་ནོ། །དེ་ལྟར་རིག་པ་ཧྲིག་

གེ་བ་འདི་ཡོད་པས་འདོད་ཡོན་ལྔ་ལ་ལོངས་སྤྱོད་མཁན་ཡང་འདི་ཡིན་པས་ན་ཆོས་སྐུ་ཡང་རིག་པ་ལས་གཞན་ན་མེད་པར་བསྟན་ཏེ། མིག་གི་གཟུགས་མཐོང་མཁན་གྱི་རིག་པ་དེ་ཆོས་ཀྱི་སྐུ་ཡིན་ནོ། །རྣ་བའི་སྒྲ་ཐོས་མཁན་གྱི་རིག་པ་དེ་ཀ་ཆོས་ཀྱི་སྐུ་ཡིན་ནོ། །ལྕེའི་རོ་མྱོང་མཁན་གྱི་ཤེས་པ་དེ་ཀ་རང་ཆོས་ཀྱི་སྐུ་ཡིན་ནོ། །སྣའི་དྲི་ཚོར་མཁན་གྱི་རིག་པ་དེ་ཡང་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རེག་བྱ་མྱོང་མཁན་གྱི་རིག་པ་དེ་ཡང་ཆོས་ཀྱི་སྐུ་ཡིན་པར་ཐལ་བས་དེ་ལྟར་ངོ་ཤེས་པར་གྱིས་ཤིག །བཞི་པ་དབྱེར་མེད་དུ་ངོ་སྤྲད་པ་ནི། འོ་དེ་ལྟར་ཐད་ཀའི་རིག་པ་འདི་ཀའི་དངོས་པོ་ཅི་ཡང་མ་གྲུབ་པས་ངོ་བོ་སྟོང་པ་དང་། རང་གི་ཤེས་རིག་ཝ་ལེ་གསལ་བ་འདི་གཉིས་དབྱེར་མི་ཕྱེད་པར་འདུག་པས་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །དེའང་རྒྱུད་ལས། གསང་བའི་བདག་པོ་ལྷུན་གྱིས་གྲུབ་པ་ནི། །རང་གི་སྙིང་གི་དཀྱིལ་ན་རང་གི་རིག་པ་འོད་གསལ་ཀྱི་ཕུང་པོར་བཞུགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལུང་གི་རྒྱབ་སྐྱོར་བ་ནི། རིག་པ་སངས་རྒྱས་རང་ལ་བཞུགས་ཚུལ། དེའང་སྐུ་གསུམ་ལྷུན་གྲུབ་ཏུ་བཞུགས་ཚུལ། ཕུང་ལྔ་དགེ་སྡིག་བག་ཆགས་ཀྱིས་མ་གོས་པར་རིག་པ་ཟང་ཐལ་དུ་བཞུགས་ཚུལ་དང་གསུམ་ལས། དང་པོ་རིག་པ་སངས་རྒྱས་རང་ལ་བཞུགས་ཚུལ་ནི། འདི་ལྟར་གཞི་བདེ་བར་གཤེགས་པས་ཁྱབ་སོ་ཅོག་ལ་སངས་རྒྱས་ཆོས་ཀྱི་སྐུ་མངོན་སུམ་དུ་བཞུགས་གསུང་སྟེ། ལུང་ཡེ་ཤེས་མར་མེའི་རྒྱུད་ལས། ཀྱེ་གསང་བའི་བདག་པོ་ཉོན་ཅིག །རང་གི་སྙིང་གི་དཀྱིལ་ན་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་གསལ་ལ་མ་འགགས་པར་ཆོས་ཀྱི་སྐུ། ལྷུན་གྲུབ་ཡེ་ཤེས་ཀྱི་ཁ་མིག་ཅན་དུ་བཞུགས་སོ། །ཞེས་དང་། གཉིས་པ་སྐུ་

གསུམ་ལྷུན་གྲུབ་ཏུ་བཞུགས་ཚུལ་ནི། གསང་བའི་བདག་པོ་རང་གི་སྙིང་གི་དཀྱིལ་ན་ཆོས་ཀྱི་སྐུ་མཚན་མ་མ་གྲུབ་པས་སྟོང་པར་བཞུགས་སོ། །རིག་པ་མ་འགགས་པར་གསལ་བར་བཞུགས་སོ། །སྒྲིབ་པ་མེད་པར་ཟང་ཐལ་དུ་བཞུགས་སོ། །ལྷུན་གྱིས་གྲུབ་པ་ཕྱོགས་མེད་དུ་འཆར་གཞི་མ་འགགས་པར་བཞུགས་སོ། །ཅེས་དང་། གསུམ་པ་ཕུང་ལྔ་དགེ་སྡིག་བག་ཆགས་ཀྱིས་མ་གོས་པར་རིག་པ་ཟང་ཐལ་དུ་བཞུགས་ཚུལ་ནི། གསང་བའི་བདག་པོ་ཆོས་ཀྱི་སྐུ་བརྟེན་པ་རང་གི་ལུས་ལ་བརྟེན་པ་ཡོད་དོ། །བཞུགས་པ་རང་གི་སྙིང་ན་བཞུགས་སོ། །གསལ་བ་རང་གི་མིག་ནས་ཕར་གསལ་ལོ། །སངས་རྒྱས་རང་གི་སྙིང་གི་དཀྱིལ་ན་བཞུགས་ནས། ཤ་ཁྲག་གི་ལུས་ཀྱིས་བཏུམ་ཀྱང་མ་ཐུམ་པར། ལུས་ཀྱིས་མ་བསྒྲིབ་པ་དུས་གསུམ་ཟང་ཐལ་དུ་བཞུགས་སོ། །རང་གི་རིག་པ་ལ་སྐྱེ་འཆི་མེད་པའི་ཡོན་ཏན་ཡིན། མཚན་མའི་ལུས་ལྔས་མ་བསྒྲིབ་པ་ཟང་ཐལ་དུ་བཞུགས། སངས་རྒྱས་ཀྱི་སྐུ་ལ་མདུན་རྒྱབ་མེད་པའི་ཡོན་ཏན་ཡིན། ལས་ལ་དགེ་སྡིག་གི་བག་ཆགས་ཀྱིས་མ་བསྒྲིབ་པར་ཟང་ཐལ་དུ་བཞུགས། ཡེ་ཤེས་ཀྱི་མདངས་ཕྱི་ནང་མེད་པས་ཡུལ་དང་ཡེ་ཤེས་གཉིས་སུ་མེད་པའི་ཡོན་ཏན་ཡིན། ཞེས་དང་། རང་གི་རིག་པ་ཝ་ལེར་གསལ་བ་འདི་སངས་རྒྱས་ཡིན་པར་རང་གི་ཤེས་པས་ཆོག་གོ །ཅེས་དང་། རང་གི་རིག་པ་འགགས་པ་མེད་པར་གསལ་བ་འདི་དང་འབྲལ་མ་མྱོང་བས་སངས་རྒྱས་ཆོས་ཀྱི་སྐུ་བསྒོམ་དུ་མེད་དོ། །ཅེས་གསུངས་སོ། །གསུམ་པ་མཇུག་དོན་སྐྱོན་ཡོན་བསྟན་པ་ལ། དང་པོ་སྐྱེ་གནས་བར་དོར་ཐོས་བསམ་སྒོམ་གསུམ་གྱིས་སྒྲོ་འདོགས་མ་ཆོད་པའི་སྐྱོན་ནི། སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་ད་ལྟ་ཆོས་དར་བའི་ཡུལ་དུ་སྐྱེས་ནས་མི་ལུས་རིིན་པོ་ཆེ་རྙེད་

ཀྱང་། དང་པོ་ཐོས་པའི་ཤེས་རབ་མ་གསན་ན། དགེ་སྡིག་གི་ངོ་ཙམ་ཡང་མི་ཤེས་ན་སྐྱེ་གནས་བར་དོ་ཅིའི་ཕྱིར་སྦྱངས་ཤེས། བར་དུ་བསམ་བྱུང་གི་ཤེས་རབ་མེད་ན་རྒྱལ་བའི་བཀའ་བླ་མའི་མན་ངག་རང་གི་རིག་པ་གསུམ་གང་ལའང་འཇུག་མི་ནུས། ཚད་མ་གསུམ་ལ་མ་བརྟེན་པར་ཐར་ལམ་མི་རྙེད་པའི་སྐྱོན་དུ་འགྱུར། ཐ་མ་བསྒོམ་བྱུང་གི་ཤེས་རབ་མེད་ན་འཁོར་བ་ལས་གཏན་ནས་མི་ཐར་བའི་སྐྱོན་དུ་འགྱུར་བར་རིགས་སྟེ། རྒྱབ་ཆོས་ལས། དང་པོ་སྐྱེ་གནས་བར་དོར་ཐོས་བསམ་སྒོམ་གསུམ་གྱིས་ཤེས་བྱའི་སྒྲོ་འདོགས་མ་ཆོད་ན། ཆོས་ཐམས་ཅད་ཀྱི་ཉམས་ལེན་གྱི་གནད་མེད་པས། འཁོར་བ་ལས་མཐའ་མེད་པའི་ཉེས་པ་ཡོད་དོ། །ཅེས་གསུངས་སོ། །གཉིས་པ་སྐྱེ་གནས་བར་དོར་ཐོས་བསམ་སྒོམ་གསུམ་གྱིས་སྒྲོ་འདོགས་ཆོད་པའི་ཡོན་ཏན་ནི། ད་ལྟ་སྔོན་ཆོས་ལ་སྦྱངས་གོམ་མེད་པའི་གང་ཟག་ཞིག་ཡིན་ཀྱང་། གང་བླ་མ་དགེ་བའི་བཤེས་གཉེན་ལ་བརྟེན་ནས། དང་པོ་ཐོས་པའི་ཤེས་རབ་དམ་པའི་ཆོས་ཟབ་མོ་གསན་ན། དེའི་དྲིན་ལས་དགེ་སྡིག་གི་ངོ་ཤེས་ནས་སྤང་བླང་བྱེད། དེ་ལ་བརྟེན་ནས་ཐར་བའི་ལམ་རྙེད། བར་དུ་བསམ་པའི་ཤེས་རབ་ཀྱིས་མདོ་སྔགས་ཀྱི་ཆོས་དོན་ཁུང་དུ་ཆུད་ནས་བྱང་ཆུབ་འགྲུབ་པའི་རྨིང་གཞི་ཐེང་། ཐ་མ་བསྒོམ་བྱུང་གི་ཤེས་རབ་རྡོལ་བས་གང་བྱས་ཆོས་སུ་སོང་ནས་སངས་རྒྱས་པར་བྱེད་དེ། དེ་ཉིད་ལས། དང་པོ་སྐྱེ་གནས་བར་དོར་ཐོས་བསམ་སྒོམ་གསུམ་གྱིས་ཤེས་བྱའི་སྒྲོ་འདོགས་ཆོད་པས། ཐར་བའི་ལམ་སྣ་ཟིན། བྱང་ཆུབ་ཀྱི་རྨིང་ལེགས་པ་ཅི་བྱས་ལམ་དུ་འགྲོ་བའི་ཡོན་ཏན་ཡོད་དོ། །ཅེས་གསུངས་སོ། །དེ་ལྟ་ནའང་ད་ལྟའི་སྐབས་སུ་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་འདི་ཁོ་ནས་གནས་སྐབས་ཉོན་མོངས་པའི་གཉེན་པོ་ལ་འགྲོ་ཞིང་མཐར་ཐུག་འཁོར་བ་ལས་ཐར་བར་འགྱུར་རམ་

ཞེ་ན། དགོངས་འགྲེལ་ལས། སྐྱེ་བ་པོ་ཡིས་ལྷག་མཐོང་དང་། །ཞི་གནས་བསྒོམ་པར་བྱས་ན་ནི། །གནས་ངན་ལེན་པའི་འཆིང་བ་དང་། །མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར། །ཞེས་གསུངས་སོ། །དེ་ལའང་ཐེག་གསུམ་ཆོས་ཀྱི་སྙིང་ཁུ་ཞི་ལྷག་གཉིས་སུ་མ་འདུས་པ་མེད་དེ། ལམ་རིམ་ལས། ཐེག་པ་གསུམ་གྱི་ཏིང་ངེ་འཛིན་མིང་གི་འདོགས་ཕྱོགས་རྣམ་གྲངས་མང་བ་མཐའ་དག་དོན་ཞི་ལྷག་གཉིས་སུ་མ་འདུས་པ་མེད། ཅེས་གསུངས་པ་དང་། སློབ་དཔོན་རིན་པོ་ཆེས་ཀྱང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག །ང་སྒོམ་ཆེན་པདྨ་འབྱུང་གནས་ཡིན། །ཞེས་གསུངས་པའི་གསར་རྙིང་རིས་མེད་ཀྱི་འདྲེན་པ་ཐམས་ཅད་ཀྱི་བགྲོད་ལམ་ཡིན་པས། ཡོན་ཏན་མཐའ་ཡས་པར་རིགས་སོ། །དེ་ལྟར་སྐྱེ་གནས་བར་དོའི་གདམས་ངག་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་ལ་མངའ་དབང་བསྒྱུར་ཆོག་པའི་ཁྲིད་བཤད་བྱས་པ་ལགས་སོ། །སྤྱི་དོན་གཉིས་པ་བསམ་གཏན་བར་དོའི་གདམས་ངག །གཞི་ཁྲེག་ཆོད་ཀྱི་དགོངས་པ་འཁྲུལ་བ་རང་སར་གྲོལ་ཆོག་པའི་ཁྲིད་ལ། གང་བཤད་པར་བྱ་བའི་ཡན་ལག །བཤད་བྱའི་གཞུང་དོན། མཇུག་སྐྱོན་ཡོན་བསྟན་པ་དང་གསུམ་ལས། དང་པོ་བཤད་བྱའི་ཡན་ལག་ལ། ངོ་བོ། ངེས་ཚིག །མཚན་ཉིད། ས་མཚམས། དཔེ། རྟགས། ལུས། སྣང་ལུགས། གནས་ལུགས་དང་བརྒྱད་ལས། དང་པོ་བསམ་གཏན་བར་དོའི་ངོ་བོ་ངེས་ཚིག་ནི། འདིར་བསམ་གཏན་བར་དོའི་ངོ་བོ་ནི་རང་སེམས་ཀྱི་ངོ་བོ་འདི་ཀ་ཡིན་ལ། དེའི་ངེས་ཚིག་ནི། བསམ་གཏན་བར་དོ་ཅིའི་ཕྱིར་བཏགས་ན། སེམས་རྟོག་འཁྲུལ་བའི་འགྱུ་བ་ཐམས་ཅད་རང་སར་ཞི་ནས། གནས་ལུགས་ཁོ་རང་གི་ཐོག་ཏུ་མ་བཅོས་པར་བསམ་གཏན་ལ་གནས་པའི་ཕྱིར། བསམ་

གཏན་བར་དོ་ཞེས་མིང་དུ་བཏགས་སོ། །གཉིས་པ་བསམ་གཏན་བར་དོའི་མཚན་ཉིད་ནི། སྟོང་པའི་ངང་ལས་བསྐྱེད་རིམ་དང་། རྫོགས་རིམ་དང་། ཞི་གནས་དང་། ལྷག་མཐོང་ལ་སོགས་པ་འཆར་བའོ། །ཞེས་སོ། །གསུམ་པ་བསམ་གཏན་བར་དོའི་ས་མཚམས་ནི། བསམ་གཏན་ལ་མཉམ་པར་བཞག་ནས། དེ་ལས་མ་ལྡང་གི་བར་རམ། རྟོག་པ་སྔ་མ་ནི་འགགས། ཕྱི་མ་ནི་མ་སྐྱེས་པའི་བར་དེར། རིག་པ་ཅི་ཙམ་གནས་ཀྱི་བར་དེའོ། །ཞེས་སོ། །བཞི་པ་བསམ་གཏན་བར་དོའི་དཔེ་ནི། ཐང་ཆད་པ་ལ་ངལ་བསོས་པ་དང་འདྲ་སྟེ། དེ་ཡང་ཐང་ཆད་པའི་མི་དེ་ངལ་བསོས་ཙམ་ན། ངལ་བའི་སྡུག་བསྔལ་ཐམས་ཅད་རང་སར་ཞི་ནས། ལུས་ངག་ཡིད་གསུམ་བདེ་ལྷན་ནེ་འོང་བ་ལྟར། འོ་སྐོལ་ཀྱང་ལུས་ངག་ཡིད་གསུམ་འཁྲུལ་བའི་རྦ་ཀློང་གིས་གཡེངས་ནས་སྡུག་བསྔལ་བ་དེ་ལ། བླ་མས་གདམས་ངག་སྒོ་གསུམ་རྣལ་དུ་ཕབ་ནས། བསམ་གཏན་ལ་མཉམ་པར་བཞག་པས། ལུས་བྱ་བྱེད་ཀྱི་སྡུག་བསྔལ་རང་སར་ཞི་ནས་སོག་ཕོན་ཐག་པ་ཆད་པ་བཞིན་རང་སར་འབོལ་ལེ་ཤིག་གེ་ལྷོད་དེ་བཞག་པའི་བདེ་ལྷན་ནེ་ལུས་ངལ་བསོས་པའོ། །ངག་པི་ཝཾ་གི་རྒྱུན་ཐག་ཆད་པ་དང་འདྲ་སྟེ། དཔེར་ན་པི་ཝཾ་གི་སྒྲ་སྣ་ཚོགས་སུ་འགྱུར་བ་དེ། རྒྱུན་ཐག་ཆད་ནས་སྒྲ་རྒྱུན་ཆད་པ་བཞིན་དུ། ངག་སྨྲ་བའི་ལུང་གཏམ་གྱི་འབྲེལ་རྒྱུན་ཆད་པ་དེ། སྨྲ་བརྗོད་དང་བྲལ་ནས། རང་སར་བཞག་པས་ངག་བདེ་ལྷན་ནེར་ངལ་བསོས་པའོ། །སེམས་ཆུ་བཅད་པའི་རང་འཐག་དང་འདྲ་སྟེ། དཔེར་ན་རང་འཐག་ཆུས་བསྐྱོད་ན་མི་དལ་བ་ལྟར་དྲན་བསམ་སྣ་ཚོགས་ཀྱིས་སེམས་ཐང་ཆད་པ་དེ་ངལ་བསོས་ནས་ལྷོད་ཀྱིས་བདེ་ཆམ་མེ་གནས་པའོ། །དེ་རྣམས་ནི་བསམ་གཏན་བར་དོའི་དཔེ་ཡིན་ནོ། །ལྔ་པ་བསམ་གཏན་བར་དོའི་རྟགས་ནི། རེས་བདེ་ཉམས། རེས་གསལ་

ཉམས། རེས་མི་རྟོག་པའི་ཉམས། རེས་འགའ་ཆགས་སྡང་རྨོང་གསུམ་གང་རུང་སློང་བ། རེས་ལྷ་མཐོང་དང་འདྲེ་མཐོང་སོགས་ཉམས་སྣ་ཚོགས་པ་འོང་གསུངས་སྟེ། ཇི་སྐད་དུ། ཉམས་ཀྱི་སྣང་བ་སྣ་ཚོགས་སུ་འཆར་བའོ། །ཞེས་གསུངས་སོ། །དྲུག་པ་བསམ་གཏན་བར་དོའི་ལུས་ནི། བསྐྱེད་རིམ་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་དེ་དག་པའི་རྒྱུ་ལུས་སོ། རྫོགས་རིམ་ནི་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ལ་གནས་པ་སྟེ། འོད་གསལ་ཏིང་ངེ་འཛིན་གྱི་ལུས་སོ། །ཐབས་ལམ་ནི་བདེ་བ་ཆེན་པོའི་ལུས་སོ། །ཞེས་གསུངས་པའི། བསྐྱེད་རྫོགས་ཐབས་ལམ་གང་ལ་བརྟེན་པ་དེའི་ལུས་ནི་བསམ་གཏན་བར་དོའི་ལུས་ཡིན་ནོ། །བདུན་པ་བསམ་གཏན་བར་དོའི་སྣང་ལུགས་ནི། ཉམས་ནི་མཐོ་དམན་སྣ་ཚོགས་སུ་སྣང་བ་དེ་ཉམས་ཀྱི་སྣང་བའོ། །ཞེས་གསུངས་པས་ཉམས་རྟོགས་མཐོ་བའི་སྣང་བ་ཡེང་བསྒོམ་གཉིས་དང་བྲལ་བའི་ངོ་བོ་སྟོང་ཉིད་མཆོག་ཏུ་མི་འགྱུར་བ་མཉམ་བཞག་ནམ་མཁའ་ལྟ་བུ་ལ། དེའི་ངང་ནས་གང་ཤར་ཀུན་རིག་པའི་རྒྱན་དུ་ཤར་བའི་སྣང་ཆ་མ་འགགས་པ་རྗེས་ཐོབ་སྒྱུ་མ་ལྟ་བུ་གཉིས་མེད་ཆུ་དང་རྦ་རླབས་ལྟ་བུར་རང་ཤར་རང་གྲོལ་གྱི་ངང་དུ་རྒྱུན་མི་ཆད་པར་སྣང་ངོ་། །ཉམས་དམན་པའི་སྣང་ལུགས་ནི། རིག་པ་ཟིན་དུས་མཉམ་བཞག་ཏུ་གནས་པ་ལ། དེ་ལས་ཡེང་ན་རྗེས་ཐོབ་རྒྱ་ཡན་པར་ཤར་བ་ནི་མ་དག་ས་བདུན་ཚུན་ལ་ཡོད་པ་ལྟ་བུ་ཡིན་ནོ། །སྤྱིར་ཉམས་སྣ་ཚོགས་པར་སྣང་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་རྣལ་འབྱོར་པའི་རང་སྣང་སྟོང་པའི་རང་མདངས་འགགས་མེད་ཉམས་ཀྱི་ཤར་ཆ་ཙམ་ལས་གཞན་ངོས་ནས་གྲུབ་པ་སྤུའི་རྩེ་ཙམ་ཡང་མེད་པས་དེ་ལ་ཅིར་ཡང་འཆར་བ་ཉམས་སྣ་ཚོགས་པའོ། །བརྒྱད་པ་བསམ་གཏན་བར་དོའི་གནས་ལུགས་ནི། བསྐྱེད་རིམ་རྫོགས་རིམ་ཐབས་ལམ་གྱི་དུས་

གསུམ་དུ་གནས་ལུགས་སོ་སོར་ཤར་བ་ཡིན་པས། དེའང་བསྐྱེད་རིམ་ལ་སེམས་གནས་པ་ནི། རིག་པ་ལྷ་སྐུར་ལྡང་བ་དེ། སྣང་ལ་རང་བཞིན་མེད་པ་དག་པའི་སྒྱུ་ལུས་ཀྱི་སྐུར་གནས་པའོ། །རྫོགས་རིམ་ལ་སེམས་གནས་པ་ནི། མར་མེ་རླུང་གིས་མ་བསྐྱོད་པ་ལྟར། གསལ་ལ་རྟོག་པ་མེད་པ་འོད་གསལ་སྟོང་པ་ཉིད་ཆོས་ཀྱི་སྐུར་གནས་པའོ། །བདེ་སྟོང་ལ་སེམས་གནས་པ་ནི། ཐིག་ལེ་བབས་ནས་བསྐྱིལ་བའི་ཚེ། །བདེ་ལ་རྟོག་པ་མེད་པ། ཉམས་སུ་མྱོང་རྒྱུ་ཡོད་ལ། ཁར་བརྗོད་རྒྱུ་མེད་པ་ལྐུགས་པས་བུ་རམ་ཟོས་པ་ལྟར། བདེ་སྟོང་གཉིས་སུ་མེད་པ་སྟེ། དགའ་བ་བཞི་ལ་སེམས་གནས་པའོ། །ཞེས་གསུངས་སོ། །གཉིས་པ་གང་བཤད་པར་བྱ་བའི་གཞུང་དོན་དངོས་ལ། མཉམ་བཞག་ནམ་མཁའ་སུམ་སྤྲུག་དང་། རྗེས་ཐོབ་གཅེར་མཐོང་རང་གྲོལ་གཉིས་ལས། དང་པོ་ལ་ཁྲིད་རྐང་འདི་གལ་ཆེ་ལུགས། ཉམས་ལེན་དགོས་ཚུལ། ནམ་མཁའ་ངོ་སྤྲད་ནས་བསྒོམ་ལུགས། དངོས་གཞིར་མཉམ་པར་བཞག་ཚུལ། དེ་ལམ་ཁྱེར་བྱེད་ལུགས་དང་ལྔ་ལས། དང་པོ་ཁྲིད་རྐང་འདི་གལ་ཆེ་ལུགས་ནི། མཁའ་ལྡེང་གཤོགས་རླབས་ལས། གནས་པ་ཙམ་ནི་བསམ་གཏན་ལྷ་དང་འདྲ། །འཆར་བ་ཙམ་ནི་ཐ་མལ་རྟོག་པ་འདྲ། །དེ་ལ་བསྒོམ་ཀྱང་སངས་རྒྱས་ཐོབ་མི་འགྱུར། །ཞེས་པ་ལྟར། སྔར་སྐྱེ་གནས་བར་དོའི་སྐབས་སུ་བསྟན་པའི་ཞི་ལྷག་གིས་བསམ་གཏན་བར་དོའི་ཉམས་ལེན་གྱི་གོ་མི་ཆོད་པ་དང་། དེ་གཉིས་དོན་གཏན་འགལ་ཞིག་མ་ཡིན་ཀྱང་། སྔར་བཤད་པ་ལ་རིག་པ་ཅེར་ཟིན་དུ་ངོ་སྤྲད་པས་གང་ཟག་རེ་ཟུང་ཙམ་མ་གཏོག་འཛིན་པས་བཅིང་ནས། རང་ངོ་ཤེས་དུས་འདི་ཀའོ་སྙམ་པའི་དྲན་རྒྱུན་ལྷང་ངེ་བ་དེ་འདོད་ཅིང་ཆགས་པ་སྐྱེས། ངོ་མ་ཤེས་པར་འཁྲུལ་ཕྱིར་འབྲངས་སོང་བ་ལ་འདི་

མ་ཡིན་ནོ་སྙམ་པས་བསྒོམ་ལ་སྐྱོན་མཐོང་བའི་ཞེ་སྡང་སྐྱེས་ནས་བཟང་ངན་གཉིས་འཛིན་གྱིས་བཅིངས་ནས། གནས་འགྱུ་གཉིས་མེད་དུ་དྲིལ་མི་བཏུབ། དེ་མ་བཏུབ་པས་མཉམ་རྗེས་འདྲེས་པ་ལ་ཡུན་རིང་བའི་ལམ་སྐྱོན་དུ་འགྱུར་ཉེན་ཡོད་པས། དེ་བསལ་ཕྱིར་བསམ་གཏན་བར་དོའི་སྐབས་འདིར། མཉམ་བཞག་གི་ངོ་བོ་དང་རྗེས་ཐོབ་ཀྱི་རྣལ་འབྱོར་གཉིས་ཀ་རང་ཤར་རང་གྲོལ་ཆོས་ཉིད་གཅིག་གི་ངང་དུ་ཉམས་སུ་བླང་བདེ་བ་ལ་དགོངས་ནས་འདིར་བསམ་གཏན་བར་དོ་བཤད་པ་ཡིན་ཏེ། མཁའ་ལྡིང་ལས། སེམས་ནི་གནས་ན་བསྒོམ་ནི་ཡིན་པར་འདོད། །འཕྲོ་ན་བསྒོམ་ནི་མིན་པར་འདོད་པ་ནི། །གནས་འགྱུ་གཉིས་ཀྱི་རང་མཚང་མ་ཤེས་པར། །གནས་འགྱུ་རིག་གསུམ་གཅིག་ཏུ་མ་འདྲེས་རྟགས། །དེ་ཕྱིར་སྐལ་ལྡན་སེམས་ཀྱི་བུ་མཆོག་ཀུན། །གནས་རུང་འགྱུ་རུང་རིག་པའི་ངང་ཡིན་པས། །འདི་རྣམས་སྔོན་ལ་ཐུགས་སུ་ཆུད་ནས་ཀྱང་། །གནས་འགྱུ་རིག་གསུམ་གཅིག་ཏུ་ཉམས་སུ་ལོངས། །ཞེས་དང་། ཇི་སྐད་དུ། དེ་ལ་སེམས་གསལ་རིག་ལ་རིག་པ་ཅེར་ཟིན་དུ་སོང་བས། དེ་ཁོ་ན་འཛིན་པར་སོང་བས་དྲིལ་མི་བཏུབ་པའི་ཕྱིར། འདི་ངོ་འཕྲོད་པ་དེ་འཛིན་མེད་བློ་འདས་སུ་སྐྱོང་ཞིང་། བོག་འདོན་པ་བསམ་གཏན་གྱི་ཁྲིད། རིག་པ་ལ་ཅེར་ཟིན་གྱི་འཛིན་པ་གྲོལ་བར་བྱེད་པའི་རིག་པ་རང་གྲོལ་གྱི་ཁྲིད་ཅེས་བྱའོ། །ཞེས་གསུངས་སོ། །གཉིས་པ་ཉམས་ལེན་དགོས་ཚུལ་ནི། དེ་ཡང་གོང་དུ་ངོ་སྤྲད་ཅིང་རང་ངོ་ཤེས་པ་ཙམ་གྱིས་མི་ཆོག་དེ། ཀུན་མཁྱེན་ཆེན་པོས། རང་ངོ་འཕྲོད་ཀྱང་གོམས་འདྲེས་མ་བྱས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་དང་། དཔེར་ན་རྟ་རྒོད་ལོ་མང་པོར་ཡན་པར་བཞག་པས། བདག་པོས་ངོ་མ་ཤེས་པ་དེ། རྫི་བོས་ངོ་

སྤྲད་ནས་ངོ་ཤེས་པ་ཙམ་གྱིས་མི་ཆོག་སྟེ། རྟ་རྒོད་ཐབས་ཀྱིས་བཟུང་ནས་བཏུལ་ཞིང་ཁོལ་དུ་བཏུབ་པ་ཅིག་དགོས་པ་ལྟར། སེམས་དམུ་རྒོད་འདི་ཡང་ངོ་སྤྲད་པ་ཙམ་གྱིས་མི་ཆོག་པའི་ཚུལ། བར་དོའི་རྩ་ཚིག་ལས། བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར། །རྣམ་གཡེངས་འཁྲུལ་བའི་ཚོགས་རྣམས་སྤང་བྱས་ནས། །ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇུག །ཅེས་གསུངས་པས། ལས་དང་པོ་བས་ཡེངས་མེད་ཀྱི་དྲན་པས་སྐྱོང་ཞིང་བསྒོམ་དགོས་དེ། རྟ་རྒོད་པོ་མ་འདུལ་བའི་དུས་སུ་ཡེངས་མེད་གཅུན་འགྲོས་ཀྱིས་འདུལ་དགོས་ཤིང་། ཡེངས་ན་རྟ་ཤོར་དང་བརྡབ་ནས་ཕུང་བ་ལྟར། འདིར་ཡང་ལས་དང་པོ་བ་ཡེངས་ན་རྟོག་པ་རང་གར་འཆོར་ནས་ངན་སོང་དུ་ལྟུང་ཞིང་ཕོང་པར་འགྱུར་ལ། ཡེངས་བ་མེད་པའི་དྲན་པས་བསྒོམ་འཚོ་བར་བྱའོ། །དེ་ལ་བསྒོམ་ཞེས་བྱ་བ་ནི་ཅི་ཡང་མི་བསྒོམ་པའི་ཚིག་བླ་དྭགས་ཡིན་ལ། ཅེས་པ་ལྟར་རོ། །གསུམ་པ་ནམ་མཁའ་སུམ་སྤྲུག་ངོ་སྤྲད་ནས་བསྒོམ་ལུགས་ནི། བལྟས་པས་གྲོལ་བ་ཚིག་གསུམ་པའི་རྒྱུད་ལས། ཀྱེ་གསང་བའི་བདག་པོ་ཆོས་ཀྱི་སྐུ་ཉམས་སུ་བླང་ན། ནམ་མཁའ་སུམ་སྤྲུག་གི་གདམས་པའོ། །དེའང་། ཕྱིའི་ནམ་མཁའ་བར་སྣང་སྟོང་པ་འདི་ཉིད་ཡིན་ནོ། །ནང་གི་ནམ་མཁའ་མིག་དང་སྙིང་གཉིས་འབྲེལ་བའི་རྩ་སྦུགས་སྟོང་པ་དེ་ཡིན་ནོ། །གསང་བའི་ནམ་མཁའ་རང་གི་སྙིང་རིན་པོ་ཆེའི་གཞལ་ཡས་ཁང་ངོ་། །རང་གི་ཤེས་པ་མིག་ལ་གཏད། མིག་བར་སྣང་ལ་གཏད་ནས་བཞག་པས་ཡེ་ཤེས་ལྷུག་པར་སྐྱེའོ། །རང་གི་ཤེས་པ་མིག་ལམ་ནས་ཕར་བར་སྣང་ལ་གཏད་པའི་དུས་སུ་རྣམ་རྟོག་གང་གིས་ཀྱང་མ་བསྒྲིབ་པར། རྟོག་མེད་རིག་པ་རྐྱང་བར་འཆར་རོ། །ཞེས་གསུངས་སོ། །བཞི་པ་དངོས་གཞིར་མཉམ་པར་བཞག་

ཚུལ་ནི། བསྒོམ་གྱི་དངོས་གཞི་ནི། ལུས་རྣམ་སྣང་གི་ཆོས་བདུན་གྱི་ངང་ནས། ནམ་མཁའ་སུམ་སྤྲུག་གི་བསྒོམ་ཞེས་བྱ་བ། ནང་སེམས་ཉིད་སྟོང་པ་འདི་བར་འགྱུ་བའི་ལམ་རྩ་སྦུགས་སྟོང་པ་ལ་གཏད་དེ། རྒྱང་ཞག་ཆུའི་སྒྲོན་མ་ཞེས་བྱ་བ། རིག་པ་མིག་ལ་གཏད། མིག་ཕྱིའི་ནམ་མཁའ་སྟོང་པ་འདི་ལ་ཅེ་རེ་བལྟས་ལ། རིག་པ་ཡང་མདུན་གྱི་ནམ་མཁའ་ལ་དམིགས་པ་དང་། བསྒོམ་རྒྱུ་ཅི་ཡང་མེད་པར་མ་ཡེངས་ཙམ་དུ། ཧྲིག་གེ། གསལ་ལེ། ཡེར་རེ། ཕྱལ་ལེ་བཞག །འདིར་བླ་མའི་རྣལ་འབྱོར་འདོན། ལྔ་པ་དེ་ལམ་ཁྱེར་བྱེད་ལུགས་ནི། དང་པོ་ཐུན་ཆུང་བ་ལ་བསླབ། གོམ་ནས་ཇེ་རིང་ཇེ་རིང་དུ་བསླབ་ཅིང་འཕྲོ་འཇོག་པའི་ཚེ། ཧར་ལང་དུ་མི་བྱ་བར། བསྒོམ་ཉམས་དེ་མ་ཤོར་བར་དལ་བུས་ལང་ལ་རིག་པའི་ངང་མ་ཤོར་བར་མ་ཡེངས་འཛིན་མེད་ཀྱི་ངང་ལ་འགྲོ། བཟའ་བཏུང་སྨྲ་བརྗོད། བྱ་བ་གང་བྱེད་ཀྱང་། ཡེངས་མེད་ཀྱི་དྲན་པས་མ་ཤོར་བར་བསྐྱང་། མཉམ་བཞག་ལས་བྱུང་ནས། རྗེས་ཐོབ་ལས་མ་བྱུང་ན། ཆོས་སྤྱོད་དང་འགྲོ་འཆག་ཉལ་འདུག །སྤྱོད་ལམ་གང་བྱེད་པ་དེ་དང་བསྲེས་པས། ཅི་བྱེད་བསྒོམ་དུ་འཆར་རོ། །ལུང་ལས། བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་དེ། །ཆོས་ཀྱི་དབྱིངས་ལ་ཅི་ཡང་བསྒོམ་རྒྱུ་མེད། །ཅེས་པ་དང་། ཀྱེ་སྟོན་པ་ཀུན་བྱེད་ང་ཡི་ལུང་བསྟན་ལས། མ་ལུས་སྐྱེ་མེད་རྣམ་དག་ཏིང་འཛིན་ཏེ། །སྒོམ་དང་མི་བསྒོམ་རྐྱེན་ལ་རག་མ་ལས། །བསྒོམ་བྱ་ཅི་ལྟར་སྣང་བའི་ཆོས་རྣམས་ཀུན། །གོང་དུ་ཅི་ལྟར་བཞག་པའི་ཚུལ་མེད་པར། །མ་བཙལ་རང་སར་བཞག་པའི་བསྒོམ་པ་ཡིན། །ཅེས་པ་དང་། ཀྱེ་རྡོ་རྗེ་སེམས་དཔའ་དོན་ལ་བསྒོམ་པར་གྱིས། །བསྒོམ་དོན་གསང་བའི་རིག་པ་མ་ཤར་ནས། །ཚིག་དང་སྒྲ་ལ་འཛིན་ཅིང་གོལ་བ་དག །ཀུན་བྱེད་ངའི་ལུང་དང་འཕྲད་མི་འགྱུར། །ཅེས་དང་། གང་ལ་སེམས་པ་མ་

བྱེད་བསྒོམ་མ་བྱེད། །སྒོ་གསུམ་བཅོས་པར་མི་བྱ་ལྷུག་པར་བཞག །གཟའ་དང་རྒྱུ་སྐར་ཚེས་གྲངས་དུས་ཚོད་མེད། །ཡིད་ལ་མི་བྱེད་སྔགས་དང་ཕྱག་རྒྱ་བྲལ། །ཅེས་གསུངས་སོ། །གཉིས་པ་རྗེས་ཐོབ་གཅེར་མཐོང་རང་གྲོལ་ལ། ཉོན་མོངས་རང་གྲོལ་དུ་ཐག་བཅད་ཅིང་ངོ་སྤྲད་པ། གདེངས་གྲོལ་ཐོག་དུ་བཅའ་ཚུལ་གཉིས་ལས། དང་པོ་ཉོན་རྟོག་རང་གྲོལ་དུ་ཐག་བཅད་ཅིང་ངོ་སྤྲད་པ་ནི། དེ་ལྟར་མཉམ་པར་བཞག་པའི་བསྒོམ་པ་དེ། རྗེས་ཀྱི་དུས་སུ་ཁྲིད་པ་གལ་ཆེ་སྟེ། མཉམ་བཞག་གི་ཉམས་དེ་རྗེས་ལ་ངང་མ་ཤོར་བར་སྐྱོང་ཞིང་། ཁྱད་པར་དུ་རྣམ་རྟོག་ཅི་སྐྱེས་ཤར་གྲོལ་དུ་གྲོལ་ལོ། །རང་གྲོལ་དུ་ཤིག་གེ། འཛིན་མེད་དུ་ཕྱལ་ཕྱལ་བཏང་། རྣམ་རྟོག་གི་རང་གཤིས་ཀྱང་ཡེ་ནས་རང་གྲོལ་དུ་ུགནས་པ་ཡིན་ཏེ། རྟོག་པ་སྔ་མ་ཞེ་སྡང་སྐྱེས་པའི་ཚེ། ཕྱི་མ་ལ་སྙིང་རྗེ་སྐྱེས་ནས། སྔ་མའི་ཞེ་སྡང་དེ་གང་དུ་ཡང་མ་སོང་། སུས་ཀྱང་བཀྲོལ་བ་མེད་པ་རང་གྲོལ་དུ་གྲོལ་ཏེ། ཞེ་སྡང་ཐེར་ཟུག་ཏུ་གནས་མ་མྱོང་། ཞེ་སྡང་སྐྱེ་བ་ཡང་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་ཤར་བས། འདི་ནས་སྐྱེ་བྱ་མེད་པས། ཞེ་སྡང་རང་བཞིན་སྐྱེ་མེད་ཡིན། །བར་དུ་ཞེ་སྡང་འདི་ན་གནས་མེད་དེ། །ཡོད་ན་བསྐལ་བ་ཐོག་མེད་ནས་ད་ཕན་ཆད་དུ་སྐྱེས་པའི་ཞེ་སྡང་ཐམས་ཅད་ཕྱོགས་གཅིག་ཏུ་གནས་ཤིང་། བསགས་སུ་ཡོད་ན། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཀྱི་ཁམས་འདིར་ཡང་ཤོང་མི་སྲིད་དེ། ཞེ་སྡང་སྐྱེ་མེད་གནས་མེད་ཡིན་པས། ཅི་ལྟར་སྐྱེས་ཀྱང་བདེན་པར་གྲུབ་མ་མྱོང་། དེས་ན་ཁར་སང་ཕན་ཆད་སྐྱེས་པའི་ཞེ་སྡང་དེ་རང་གར་སོང་། སང་ཉིན་སྐྱེ་རྒྱུའི་ཞེ་སྡང་དེ་རང་གང་ནས་འོང་ཞིང་ཡོད་དེ། དེ་རིང་སྐྱེས་པའི་ཞེ་སྡང་དེ་ད་ལྟ་གར་གནས། བྱམས་པ་སྐྱེས་པའི་དུས་སུ་ཞེ་སྡང་

གར་སོང་། དེ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རྩལ་ལས་ཤར་བས་སྤང་དུ་མེད་དེ། སྤངས་ཀྱང་མི་སྤངས། ཁོ་རང་གི་གཤིས་རང་གྲོལ་དུ་གནས་པས། གཞན་གྱིས་བཤིག་པའམ། གྲོལ་དུའང་མེད་དེ། ཞེ་སྡང་གཅེར་མཐོང་རང་གྲོལ་དུ་ཡེ་ནས་གནས་ཤིང་། འབད་མེད་རང་སར་གྲོལ་ཞིང་འདུག་པས། ད་གཟོད་གྲོལ་གཞི་བསྐྱལ་དུ་མེད་ཅིང་། ཞེ་སྡང་རང་བྱུང་ཡེ་ཤེས་སུ་ངོ་འཕྲོད་ཅིང་། ཞེ་སྡང་རང་བསྒོམ་གྱི་དངོས་གཞིའི་ལམ་དུ་ཁྱེར་བས། ཅིར་སྣང་བསྒོམ་དུ་འཆར་བས། བསྒོམ་པ་ལོགས་སུ་བཙལ་མི་དགོས། ཞི་གནས་སེམས་འཛིན་གྱི་འཇུར་བུ་རང་སར་གྲོལ་ལོ། །དེ་ལྟར་ཞེ་སྡང་སྐྱེ་མེད་རང་གྲོལ་དུ་ཐག་ཆོད་པ་ལྟར། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་རྣམ་པར་རྟོགས་པའི་མཚན་མ་ཅི་སྐྱེས་པ་ཐམས་ཅད་སྐྱེ་མེད་རང་གྲོལ་དུ་ཤེས་པས། རྣམ་རྟོག་སྤང་ནས་མི་རྟོག་པ་བསྒོམ་དུ་མེད་དེ། འདམ་བུ་གཅིག་ཁོང་སྟོང་ན། འདམ་བུ་ཐམས་ཅད་ཁོང་སྟོང་། ཚལ་བུ་གཅིག་ཁོང་རུབ་ན། ཚལ་བུ་ཐམས་ཅད་ཁོང་རུབ། ཆུ་ཐིག་པ་གཅིག་བརླན་པར་ཤེས་ན་ཆུ་ཇི་རྙེད་པ་བརླན་པར་ཤེས་པ་བཞིན། རྣམ་རྟོག་སྐད་ཅིག་མ་སྐྱེ་མེད་རང་གྲོལ་དུ་ཤེས་པས་རྟོག་པ་ཅི་རྙེད་པ་སྐྱེ་མེད་ཀློང་དུ་རང་གྲོལ་དུ་ཤེས་ཏེ། ཤེས་པ་སྐད་ཅིག་མའི་རྣམ་རྟོག་སྐྱེ་མེད་རང་གྲོལ་དུ་ཐག་ཆོད་པ་ལ་ཐག་གཅིག་ཐོག་ཏུ་བཅད་པ་ཞེས་བྱའོ། །ཤེས་པ་སྐད་ཅིག་མ་དེ་སྤངས་ནས། དེ་མ་ཡིན་པ་གཞན་ཅིག་བཙལ་ནས་ངོ་སྤྲད་རྒྱུ་མེད་དེ། གཤོགས་རླབས་ལས། ཉོན་མོངས་རྟོག་པ་སྤང་བའི་ཕ་རོལ་ན། །སྟོང་ཉིད་ཡེ་ཤེས་ཚོལ་བ་རྒོད་རེ་བྲོ། །ཞེས་དང་། ཉོན་མོངས་རྟོག་པ་མང་ན་ཆོས་སྐུ་མང་། ཞེས་པ་ལྟར། ངོ་རང་ཐོག་ཏུ་སྤྲད་པ་ཞེས་བྱའོ། །དེའི་གཤིས་རང་གྲོལ་དུ་བསྟན་པས། གདེངས་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱའོ། །

གཉིས་པ་གདེངས་གྲོལ་ཐོག་ཏུ་བཅའ་ཚུལ་ལ། གྲོལ་ལུགས་བཞིའི་གདེངས་བསྟན་པ། བཅིང་གྲོལ་སྤངས་བླང་བྲལ་ཚུལ། ངོ་མཚར་གད་མོ་རྣམ་དྲུག །དབང་པོའི་བྱེ་བྲག་གིས་སངས་རྒྱས་ཚུལ་དང་བཞི་ལས། དང་པོ་གྲོལ་ལུགས་བཞིའི་གདེངས་བསྟན་པ་ནི། གདེངས་གྲོལ་ཐོག་ཏུ་བཅའ་བ་ལ་བཅའ་ལུགས་ཆེན་པོ་བཞི་སྟེ། རྟོག་པ་གང་སྐྱེས་ཀྱང་དེའི་གཤིས་ཡེ་གྲོལ། རང་གྲོལ། ཅེར་གྲོལ། ཡོངས་གྲོལ་དུ་གནས་ཏེ། འདོད་ཆགས་ཀྱི་རྟོག་པ་ཅིག་ལྷང་གིས་སྐྱེས་པའི་ཚེ། གཤིས་ཡེ་གྲོལ་ནམ་མཁའ་སྟོང་པ་ལ་འཆོས་མི་དགོས་པ་ལྟ་བུ་དུ་གནས་པས། ད་གྲོལ་གཞི་བསྐྱལ་དུ་མེད། ཁོ་རང་གི་ཁོ་རང་སུས་ཀྱང་མ་གྲོལ་བར། རང་གིས་སྦྲུལ་མདུད་ལྟ་བུ་རང་གྲོལ་བསགཉེན་པོ་གཞན་གྱིས་གྲོལ་དུ་མེད་དེ་རྟོག་པ་ཁོ་རང་གི་ཁོ་རང་ལ་ཅེར་ཉི་མས་མུན་པ་སེལ་བ་ལྟ་བུ་གྱིས་བལྟས་པས། རང་བཞིན་མེད་པས་མཐོང་རྒྱུ་མེད་དེ། ཅེར་གྲོལ་དུ་གྲོལ་བས་ཚུག་མི་ཐུབ། རྟོག་པ་སྐྱེས་པ་རང་བྱུང་དུ་སྐྱེས་པའི་ཕྱིར། གྲོལ་བ་པོ་འདམ་བུ་གཅིག་ཁོང་སྟོང་ན་འདམ་བུ་ཐམས་ཅད་ཁོང་སྟོང་བ་ལྟ་བུ་ཡོངས་གྲོལ་དུ་གྲོལ་བས། ད་འབད་པས་སྐྱེ་མེད་གྲོལ་མི་དགོས་པར། གཅིག་སྐྱེ་ཡེ་གྲོལ། གཉིས་སྐྱེས་རང་གྲོལ། ཅེར་གྲོལ་ཡོངས་གྲོལ་དུ་འདུག་པས། ད་སྔ་ཕན་ཆད་གྲོལ་ཚུལ་གྱི་གནད་འདི་མ་ཐིག་པས། རྟོག་པ་རང་ཁའི་འཛིན་པས་འཁོར་བར་འཁྱམས་ཞིང་གྲོལ་བའི་དུས་མ་བྱུང་། ད་ནི་གྲོལ་གཞིའི་ཚད་རིག་པ་བླ་མའི་ངོ་སྤྲད། གྲོལ་བར་ངེས་ཤེས་སྐྱེས་པས། ད་ནི་ཏིང་ངེ་འཛིན་གཏོད་ཕུར་གྱི་བསྒོམ་གྱིས་ཅི་བྱེད། ཤར་ཚད་རང་གྲོལ་ལ་ཐོང་། མ་བསྒོམ་པར་རྒྱ་ཡན་ལ་ཐོང་། ཕྱལ་ལེར་ཞོག །དེ་ལྟར་གྲོལ་ལུགས་བཞི་པོ་བླ་མས་གདམས་ངག་ཟབ་ནས་བྱུང་བ་མིན། ཁྱེད་རང་རྣམས་ཕོ་རྒོད་བཟང་བས་རྙེད་པ་མིན། ཁ་རྗེ་ཆེ་བས་གློ་བུར་དུ་རྙེད་པ་མིན། ཡེ་

ནས་སེམས་ཅན་ཐམས་ཅད་ཀྱི་གཤིས་གྲོལ་ལུགས་ཆེན་པོ་བཞིར་གནས་ཀྱང་། ད་ལྟ་གྲོལ་བར་མ་ཤེས་འཛིན་པས་བཅིང་ནས་འཁོར་བར་འཁྱམས་པར་འདུག་གོ །འཁོར་བར་འཁྱམས་ཀྱང་གྲོལ་ལུགས་ཆེན་པོ་བཞི་ལས་ནམ་ཡང་འདའ་མ་མྱོང་། འདའ་མི་སྲིད། འདའ་བར་མི་འགྱུར་ཀྱང་། གཤིས་གྲོལ་ལུགས་ཆེན་པོ་བཞི་ལ་གནས་རང་ལ་འཛིན་པས་འཁྲུལ་ནས་སྡུག་བསྔལ་མྱོང་བར་འདུག་མོད། དཔེར་ན་དམྱལ་བ་མནར་མེད་པའི་སྡུག་བསྔལ་མྱོང་བདོ་བའི་ཚེ་ན་ཡང་། གཤིས་གྲོལ་ལུགས་ཆེན་པོ་བཞི་ལ་གནས། རང་ཉིད་དུ་ངོ་མ་ཤེས་པས་སྡུག་བསྔལ་བ་ཡིན་ནོ། །སྡུག་བསྔལ་ཀྱི་རྟོག་པ་དེའི་རང་གཤིས་གྲོལ་བར་ཤེས་ན་སྡུག་བསྔལ་ཡོད་མ་མྱོང་ཏེ་མ་རིག་པ་གསུམ་མ་རིག་པ་གསུམ་ནི་། བདག་ཉིད་གཅིག་པའི་མ་རིག་པ། ལྷན་ཅིག་སྐྱེས་པའི་མ་རིག་པ། ཀུན་ཏུ་བཏགས་པའི་མ་རིག་པ་དང་གསུམ་ཡིན། དང་པོ་བདག་ཉིད་གཅིག་པའི་མ་རིག་པ་ནི། གདོད་མ་ནས་རིག་པའི་གནས་ལུགས་ཇི་ལྟ་བ་བཞིན་མི་ཤེས་པའི་རྨོང་བ་རིག་པ་དང་ངོ་བོ་གཅིག་པ་ལྟ་བུར་གནས་པ་དེ་ཡིན། གཉིས་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་ནི། དེའི་ནུས་པ་ཅུང་ཟད་རྒྱས་ཏེ་ཡུལ་ལ་བློ་ཁ་ཕྱོགས་པའི་ཚུལ་གྱིས་གནས་ལུགས་ལ་རྨོང་པ་དང་། གསུམ་པ་ཀུན་ཏུ་བཏགས་པའི་མ་རིག་པ་ནི། དེ་ལས་ཡུལ་ཡུལ་ཅན་གཟུང་འཛིན་གྱིས་སྣང་བ་གཉིས་སུ་ཤར་བ་ལ་རྟོག་དཔྱོད་ཞུགས་ནས་མངོན་པར་ཞེན་པ་དེ་ཡིན། གནས་ལུགས་མི་ཤེས་པའི་ཆ་ཙམ་ཡིན། གླིང་སྤྲུལ་གསུངས་སོ། །མཆན། གྱིས་བསྒྲིབ་ནས་གྲོལ་ཚུལ་མ་ཤེས་པ་ཡིན་ནོ། །དེ་ལྟར་གྲོལ་ལུགས་ཆེན་པོ་བཞིའི་ལུགས་ནི། སྒྲ་ཐལ་འགྱུར་ཆེན་པོ་རྩ་བའི་རྒྱུད་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་ཆེན་པོ་བཞི་དང་བཅས། །ཡེ་ནས་གྲོལ་བས་བསྐྱལ་གཞི་མེད། །མ་བཅོས་པ་གནད་ཡིན། རང་གིས་གྲོལ་བས་གཉེན་པོ་མེད། །རྟོག་དཔྱོད་མ་བྱས་པ་གནད་ཡིན། ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །རང་སར་བཞག་

པ་གནད་ཡིན། ཡོངས་སུ་གྲོལ་བས་འབད་རྩོལ་མེད། །ངོ་སྤྲད་པ་གནད་ཡིན། ཅེས་དང་། མུ་ཏིག་ཕྲེང་བ་ལས། ཡེ་གྲོལ་ཡིན་པས་གཏན་ནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །ཅེར་གྲོལ་ཡིན་པས་སྣང་བ་དག །མཐའ་གྲོལ་ཡིན་པས་མི་བཞི་འགགས། རྟག །ཆད། བདག །མཚན་མ། ཅིག་གྲོལ་ཡིན་པས་དུ་མ་སྟོང་། །ཅེས་གསུངས་སོ། །གཉིས་པ་བཅིང་གྲོལ་སྤང་བླང་བྲལ་ཚུལ་ནི། དེ་ལྟར་སྣང་གྲགས་ཐམས་ཅད་གྲོལ་ལུགས་བཞིར་གནས་པའི་ཕྱིར། གང་གིས་ཀྱང་མ་བཅིང་། གང་གིས་ཀྱང་མ་གྲོལ་བ་སྟེ། ཐམས་ཅད་རང་ས་ནས་རང་ཤར་རང་གྲོལ། ཅི་ལྟར་སྣང་ཡང་སྐྱེ་འགགས་གནས་གསུམ་དང་བྲལ་བའི་ཆོས་ཉིད་ཀྱི་རང་སྣང་ཡིན་པས། དེ་བླ་མས་ངོ་སྤྲད་པ་ཙམ་གྱིས་ཆོས་ཉིད་རང་སྣང་དུ་ངོ་ཤེས་ནས། སྣང་ཤེས་ཆོས་ཉིད་དུ་རྟོགས་པས། གཅེར་སྣང་རང་སར་གྲོལ་བས། སྣང་བ་དགགས་སྒྲུབ་དང་བྲལ་བ་ནི། ཐལ་འགྱུར་ལས། དེ་ལྟར་ཐམས་ཅད་ཆོས་ཉིད་ལས། །བླང་བར་བྱ་བ་གང་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པས་ཆོས་ཉིད་དོ། །གཅེར་སྣང་རང་གི་ཆོས་ཉིད་ལས། །བཅོས་པའི་ལོག་ན་ཆོས་ཉིད་མེད། །གཅེར་སྣང་བྱས་ཀྱང་མི་རྟོག་སྐྱེ། །སྤངས་དང་བླང་མེད་རང་སྣང་ངོ་། །ཅེས་དང་། ནོར་བུ་ཕྲ་བཀོད་ལས། རྟོག་བྱེད་ཀྱི་ཤེས་པ་ཡུལ་ལ་སྣང་བའི་ཚེ་ན། སྣང་བ་རང་སྣང་དེ། དེ་ཚེ་ཤེས་པ་ཁ་ཡན་དུ་བཏང་བར་བྱའོ། །ཅེས་དང་། རིག་པ་རང་ཤར་ལས། སྒོམ་དུ་མེད་པའི་དོན་ནི་གང་མ་སྤངས། །འཛིན་ཆགས་མེད་ན་བླ་མེད་རྙེད་པ་ཡིན། །སྤང་རྒྱུ་མེད་དེ་སྤང་བའི་ཆོས་དང་བྲལ། །སྤང་བ་པོ་ཡང་མི་དམིགས་སྤང་བྱ་ག་ལ་ཡོད། །ཅེས་སོ། །གསུམ་པ་རྡོ་རྗེའི་གད་མོ་དྲུག་ལས། དང་པོ་གང་སྣང་རྒྱན་དུ་ཤར་བའི་གད་མོ་ནི།

རིན་ཆེན་སྤུང་པ་ལས། ཀྱེ་གསུང་གི་རྡོ་རྗེ། རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང་། གང་ལྟར་སྣང་བ་ཐམས་ཅད་རང་མེ་འབར་བ་ལ་བུད་ཤིང་བསྣན་པ་ལྟ་བུ། གི་གྲོགས་སུ་འཆར་བ་ངོ་མཚར། ཅི་ལྟར་སྣང་ཡང་རང་གི་གཞི་ལས་གཡོས་པ་མེད་པ་ཧ་ཧ། གཉིས་པ་ཉོན་མོངས་རང་གྲོལ་གྱི་གད་མོ་ནི། རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོར་རང་ཆེ་བ་ཆབ་རོམ་ཆུ་རུ་ཞུ་བ་ལྟ་བུ། ངོ་མཚར། ཉོན་མོངས་རྣམས་རང་གིས་རང་གྲོལ་བ་ཧ་ཧ། གསུམ་པ་འཁོར་འདས་རོ་མཉམ་གྱི་གད་མོ་ནི། རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང་། འབད་རྩོལ་མེད་པར་་འབྲས་བུ་རྙེད་པ་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུ། ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ངོ་མཚར་བའི་བཞད་པའི་གནས་སུ་གྱུར་པའི་མན་ངག་དེ་རྣམས་རང་བབས་སུ་བཞག་ལུགས་བརྒྱད་བཤད་པ་ནི། ཡང་རང་ཤར་ལས། སྣང་བ་ལ་མི་ཞེན། མེད་པ་མི་བསྒྲུབ། ཡོད་པ་མི་སྤང་། སངས་རྒྱས་མི་བསྒྲུབ། བསྒོམ་པ་མི་བསྒོམ། ལྟ་བ་མི་བལྟ། འཁྲུལ་བ་མི་འགོག །དག་སྣང་མི་འཚལ་ལོ། །ཞེས་གསུངས་སོ། །བཞི་པ་ལས་ཀྱིས་ཕན་གནོད་བྲལ་བའི་གད་མོ་ནི། ལུང་གོང་མ་ལས། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ནམ་མཁའ་ལ་སྤྲིན་དཀར་ནག་གི་མ་གོས་པ་ལྟ་བུ། ངོ་མཚར། གཞི་མ་བསྐྱོད་པ་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་། ཕན་གནོད་དང་བྲལ་བ་ཧ་ཧ། ལྔ་པ་བདེ་སྡུག་གིས་བསྒྱུར་མི་ནུས་པའི་གད་མོ་ནི། དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ལྟོས་དང་། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་རྒྱ་མཚོ་དང་རྦ་རླབས་དབྱེར་མེད་ཆུ་རུ་མཚུངས་པ་ལྟ་བུ། ངོ་མཚར། བདེ་སྡུག་ཅི་ལྟར་བསམ་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། དྲུག་པ་སྐྱེ་འགགས་མེད་པ་ངོ་

མཚར་བའི་གད་མོ་ནི། སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཤར་བ་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟ་བུ། ངོ་མཚར། ཅི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགགས་མེད་འདི་གྲོལ་བ་ཧ་ཧ། ཅེས་གསུངས་སོ། །ཀུན་བྱེད་ལས། རྟོག་པ་རང་སར་གྲོལ་བའི་ལྟ་བ་ལ། །མ་ཡེངས་རང་བཞིན་བཞག་པས་བྱ་བཙལ་མེད། །ཀུན་ཀྱང་རང་བྱུང་རང་སར་གྲོལ་བ་ཡིན། །ཅེས་སོ། །བཞི་པ་དབང་པོའི་བྱེ་བྲག་གིས་སངས་རྒྱས་ཚུལ་ནི། དེ་ལྟར་སྣང་ཤེས་ཀྱི་ཆོས་ཐམས་ཅད་སུས་ཀྱང་མ་བཅིང་། སུས་ཀྱང་མ་བཀྲོལ། ཡེ་ནས་བཅིང་གྲོལ་དང་བྲལ་བ་ལ། དེ་ཅི་ལྟ་བར་རྟོགས་པའི་ཚེ། གང་ལ་ཡང་སྤང་བླང་མེད་དེ། ཅི་སྣང་ཆོས་ཉིད་ཀྱི་རང་སྣང་དུ་ཤེས་པས། བསྒོམ་བཟང་པོ་ཅིག་ལོག་ན་སྒོམ་རྒྱུ་མེད་ལ། རྣམ་རྟོག་ངན་པ་ཅིག་གུད་དུ་སྤང་རྒྱུ་མེད། ཅི་ལྟར་བྱས་ཀྱང་བཅིང་གྲོལ་དང་བྲལ་བ་དེ། ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་མ་བཅིང་མ་གྲོལ་བའོ། །ཅེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་བཅིང་མ་གྲོལ་བའོ། ཅེས་གསུངས་སོ། །དེ་ལྟར་རྟོགས་ཤིང་གྲོལ་བས། དཔེར་ན་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟར། ཐམས་ཅད་ཆོས་ཉིད་ཀྱི་སྟོང་པ་ཆེན་པོར་གྲོལ་ནས། བསྒོམ་པའི་དམིགས་འཛིན་རང་སར་གྲོལ་དེ། བར་དོ་མེད་པར་སངས་རྒྱས་པ་ཡིན་ནོ། །སངས་རྒྱས་ལུགས་ལའང་གསུམ་དེ། རབ་གྲོལ་ལུགས་ཆེན་པོ་བཞི་ཡི་དོན་རྟོགས་པས། ཚེ་འདི་ཉིད་ལ་ཟག་པ་དང་བཅས་ཏེ། ཕུང་པོ་མི་སྣང་བར་སངས་རྒྱས། འབྲིང་འཕོ་བའི་གདམས་པས། འཆི་ཁར་སངས་རྒྱས་པའོ། །ཆོས་ཉིད་ཀྱི་བར་དོ་ལ་བདེན་པའི་སྟོབས་མངོན་དུ་གྱུར་ནས་སངས་རྒྱས། ཐ་མ་སྲིད་པའི་བར་དོར་སྤྲུལ་སྐུའི་ཞིང་

ཁམས་སུ་དབུག་དབྱུང་སྟེ་སངས་རྒྱས་པའོ། །མངལ་སྒོ་བཟང་པོ་བདམ་ནས་སྐྱེ་བ་གཅིག་བླང་དེ། ཆོས་འདི་དང་འཕྲད་ནས་སངས་རྒྱས་པར་འགྱུར་རོ། །གསུམ་པ་མཇུག་སྐྱོན་ཡོན་བསྟན་པ་ལ། དང་པོ་བསམ་གཏན་བར་དོ་ལ་ཏིང་ངེ་འཛིན་གྱི་རྒྱུན་མ་བསྲིངས་ན། ཆོས་ཁ་ཆོས་སུ་སོང་ནས། ཉམས་མྱོང་རྒྱུད་ལ་མི་སྐྱེ་བའི་ཉེས་པ་ཡོད་དོ། །ཅེས་གསུངས་པས་ད་ལྟ་བསམ་གཏན་ལ་མཉམ་པར་མ་བཞག་ན་འཁྲུལ་བ་མི་འགོགས། དེ་མ་འགོགས་པས་འདི་སྣང་ཚེ་འདིའི་བྱ་བ་ལ་གཡེངས་ནས་ཏིང་ངེ་འཛིན་ལ་མི་གནས། དེར་གཡེང་བས་བར་དོ་མི་ཆོད་པའི་སྐྱོན་ཡང་བསམ་གཏན་བར་དོ་མ་ཟིན་པ་ལས་བྱུང་ངོ་། །གཉིས་པ་བསམ་གཏན་བར་དོར་ཏིང་ངེ་འཛིན་གྱི་རྒྱུན་བསྲིངས་བའི་ཕན་ཡོན་ནི། ད་ལྟ་བསམ་གཏན་བར་དོ་ལ་མ་འཁྲུལ་བའི་མཉམ་བཞག་ནམ་མཁའ་ལྟ་བུ་ངོ་འཕྲོད་ནས། རྣམ་རྟོག་རང་གྲོལ་ཆབ་རོམ་ཆུ་རུ་ཞུ་བ་ལྟ་བུའི་རྗེས་ཐོབ་གྲོལ་ལུགས་བཞིའི་གདེང་སྤོག་པའི་གང་ཤར་ཀུན་རིག་པའི་རྒྱན་དུ་ཤར་ནས་རྟོགས་པ་མངོན་དུ་གྱུར་བའི་ཉམས་ལེན་བཟང་པོ་ཡོད་ན་འབྲས་བུ་ཕྱི་དུས་ལ་རེ་མི་དགོས་པར་དུས་ད་ལྟ་ནས་གཞིའི་འོད་གསལ་མངོན་དུ་གྱུར་དེ་ཚེ་འདིར་གདོད་མའི་ཀློང་དུ་བཙན་ས་ཟིན་པའི་ཡོན་ཏན་འགྲུབ་སྟེ། ཇི་སྐད་དུ། བསམ་གཏན་བར་དོར་ཏིང་ངེ་འཛིན་གྱི་རྒྱུན་བསྲེང་བས། རྟོགས་པ་མངོན་དུ་གྱུར་ནས་འབྲས་བུ་ཕྱི་དུས་ལ་མི་རེ་བའི་ཡོན་ཏན་ཡོད་དོ། །ཅེས་གསུངས་སོ། །དེ་ལྟར་བསམ་གཏན་བར་དོའི་གདམས་ངག་གཞི་ཁྲེགས་ཆོད་ཀྱི་དགོངས་པ་འཁྲུལ་བ་རང་སར་གྲོལ་ཆོག་པའི་ཁྲིད་བཤད་བྱས་ལེགས་སོ། །སྤྱི་དོན་གསུམ་པ་རྨི་ལམ་བར་དོའི་གདམས་ངག །གཏི་མུག་འོད་གསལ་

གྱི་ངང་དུ་ཉལ་ཆོག་པའི་ཁྲིད་ལ་གང་བཤད་པར་བྱ་བའི་ཡན་ལག་དང་། བཤད་བྱའི་དངོས་གཞི་དང་། རྗེས་གསུམ་ལས། དང་པོ་བཤད་བྱའི་ཡན་ལག་ལ། ངོ་བོ། ངེས་ཚིག །མཚན་ཉིད། ས་མཚམས། དཔེ། རྟགས། ལུས། སྣང་ལུགས། གནས་ལུགས་དང་དགུ་ལས། ཐོག་མར་རྨི་ལམ་གྱི་ངོ་བོ་ནི། རང་སེམས་ཀྱི་ངོ་བོ་ཡིན་ལ། དེའང་རྟོགས་པ་མཆོག་ལྡན་རྣམས་ཀྱིས་སེམས་ངོ་རྟོགས་ཟིན་པས་རྨི་ལམ་གྱི་འཁྲུལ་སྣང་ཆོད་པ་ཡིན། སེམས་ངོ་མ་རྟོགས་པ་གང་སུ་ལའང་རྨི་ལམ་ཡོད་པ་ཡིན། དེའི་ཕྱིར་ཚེ་འདིར་བར་དོ་ཆོད་དམ་མི་ཆོད་ཀྱང་རྨི་ལམ་ཡོད་མེད་ཀྱིས་ཚད་བཟུང་དགོས། དེའི་ཕྱིར་རྨི་ལམ་གྱི་འཁྲུལ་སྣང་ཡོད་ཕྱིན་ཆད་མཚན་སྣང་གཏི་མུག་འོད་གསལ་དུ་སྦྱང་བ་གལ་ཆེ། གཉིས་པ་རྨི་ལམ་བར་དོ་ཞེས་བྱ་བའི་ངེས་ཚིག་ནི། ད་ལྟ་གཉིད་མ་སླེབ་པའི་གོང་གི་རྟོག་པ་ནི་འདས་ཟིན། གཉིད་སད་པའི་ཕྱི་མའི་རྟོག་པ་ནི་མ་ཤར་བའི་བར་དོ་དེར་འཁྲུལ་སྣང་བག་ཆགས་སྣ་ཚོགས་ཤར་བ་དེ་ལ་ནི་རྨི་ལམ་བར་དོ་ཞེས་པའི་ངེས་ཚིག་བཏགས་སྟེ། རྒྱབ་ཆོས་ལྷན་ཐབས་ལས། དཔེར་ན་ཁར་སང་གི་སྣང་བ་ནི་ནུབ། ནང་བར་གྱི་ཉིན་སྣང་ནི་མ་ཤར། གཉིད་ཧྲུལ་དུ་སོང་བ་དང་། བག་ཆགས་འཁྲུལ་བའི་ལུས་གཅིག་ལངས་ཏེ་ཤར་ནས་དེའི་བར་དོར་རྨི་ལམ་གྱི་སྣང་བ་འཁྱམས་བདོ་བའི་ཕྱིར། རྨི་ལམ་བར་དོ་ཞེས་མིང་དུ་བཏགས་སོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་རྨི་ལམ་བར་དོའི་མཚན་ཉིད་དེ་ཅི་ལྟར་ན། རྨི་ལམ་འཁྲུལ་བའི་བར་དོ་དེ་ལ་རང་བཞིན་བདེན་གྲུབ་མེད་པའི་སྟོང་པ་ཉིད་ཡིན་ཀྱང་དེའི་ངང་མ་རིག་བཞིན་གཉིད་དུ་སོང་བས་རྟོག་མེད་དུ་ཐོམ་མེ་བ་དང་། དེ་ལས་འཁྲུལ་ནས་རྨི་

ལམ་སྒྱུ་མ་ལྟར་སྣ་ཚོགས་སུ་ཤར་བའི་མཚན་ཉིད་ཅན་ཡིན་ཚུལ། ཇི་སྐད་དུ། གཉིད་འཐུག་པོའི་དུས་ནི་། རྟོག་པ་མེད་པར་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་ཅན་ནོ། །རྨི་ལམ་གྱི་དུས་སུ་སྒྱུ་མ་ལྟ་བུར་མི་གནས་ཤིང་། རྟགས་མི་བཟོད་པའི་མཚན་ཉིད་ཅན་ནོ། །ཞེས་གསུངས་སོ། །བཞི་པ་རྨི་ལམ་བར་དོའི་ས་མཚམས་ནི། གཉིད་ཧྲུལ་དུ་སོང་ནས་གཉིད་མ་སད་ཀྱི་བར་དེའོ། །ཞེས་གསུངས་པ་ལྟར་རོ། །ལྔ་པ་རྨི་ལམ་བར་དོའི་དཔེ་ནི། སྒྱུ་མའི་དཔེ་དང་འདྲ་སྟེ། སྒྱུ་མ་ནི་མེད་བཞིན་དུ་སྣང་བའོ། །དེ་བཞིན་དུ་རྨི་ལམ་ཀྱང་རང་བཞིན་མེད་བཞིན་དུ་ཅིར་ཡང་སྣང་ངོ་ཞེས་དང་། དྲུག་པ་རྨི་ལམ་བར་དོའི་རྟགས་ནི། རྟགས་མི་བཟོད་པ་སྣ་ཚོགས་ཅིར་ཡང་འཆར་བའོ། །ཞེས་དང་། བདུན་པ་རྨི་ལམ་བར་དོའི་ལུས་ནི་བག་ཆགས་ཀྱི་ལུས་སོ། །ཞེས་དང་། བརྒྱད་པ་རྨི་ལམ་བར་དོའི་སྣང་ལུགས་ནི། བག་ཆགས་ཡད་ཡུད་དུ་སྣང་བ་དེ་བག་ཆགས་སྒྱུ་མའི་སྣང་བའོ། །དགུ་པ་རྨི་ལམ་བར་དོའི་གནས་ལུགས་ནི། དང་པོ་གཉིད་སྔ་བར་སླེབས་དུས་རོལ་བ་ཡུལ་སྣང་རྣམ་ལྔ་འདི་རང་རྩལ་ཡིད་ཀྱི་ཤེས་པ་ལ་ཐིམ། དེ་ཉོན་ཡིད་ལ་ཐིམ། དེ་ཀུན་གཞིའི་རྣམ་ཤེས་ལ་ཐིམ། དེའང་ཀུན་གཞི་ལ་ཐིམ་པའི་གཉིད་འཐུག་གཏི་མུག་གི་མཚན་ཉིད་དུ་བརྒྱལ་སོང་བ་ལྟ་བུ་ཡིན། དེ་ངོས་ཟིན་ན་འོད་གསལ་ཤར། མ་ཟིན་པ་ལ་གཉིད་འཐུག་པོར་ཡོར། དེའང་ཡུན་དུ་མི་སྡོད་པར་ཀུན་གཞིའི་རྣམ་ཤེས་ཡིད་ཆོས་ཁམས་དང་བསྡོང་ནས་རྨི་ལམ་གཟིང་གིས་འོང་གསུངས་ཏེ། འཁོར་བ་རང་གྲོལ་ལས། མདོར་ན་རིག་པ་རླུང་གི་རྟ་ལ་ཞོན་ནས། རྩ་བཟང་ངན་དུ་རྒྱུ་བར་བྱེད་པ་ནི། རྨི་ལམ་བར་དོའི་གནས་ལུགས་སོ། །ཞེས་གསུངས་བཞིན། གནས་རང་ལུས་རྩའི་

དྲྭ་མིག་ཐམས་ཅད་དུ་བཀོད་པ་བྱང་ཆུབ་ཀྱི་སེམས་གཉིད་གཏི་མུག་གི་མྱོས་ནས། གཡོ་བ་རླུང་གི་བསྐྱོད་ནས་རྣམ་ཤེས་གནས་དྲུག་ཏུ་འཁྱམས་ཚེ་དེ་དག་གི་རྒྱུ་དུག་ལྔ་སེར་སྣའི་སེམས་ཤར་བ་དང་། རིགས་དྲུག་གི་སྣང་བ་སོ་སོར་རྨི། དེའང་སྙིང་རྩའི་མདུན་ལ་ཤར་དང་། གཡས་སུ་ལྷོ། གཡོན་དུ་བྱང་། རྒྱབ་ཏུ་ནུབ། མཚམས་རྣམས་སུ་མཚམས་བཞི་དང་། སྟེང་འོག་ཏུ་རྒྱུ་བའི་ཚེ་སོ་སོའི་ཕྱོགས་བཅུ་གང་རུང་གི་ཡུལ་དུ་ཕྱིན་པ་རྨི། དེ་བཞིན་མིག་དབང་ལ་འཁྱམས་ན་གཟུང་དང་ཁ་དོག་སྣ་ཚོགས། རྣ་དབང་ལ་སྒྲ་ཅི་རིགས། སྣ་དབང་ལ་དྲི་བཟང་ངན། ལྕེ་དབང་ལ་རོ་སྣ་ཚོགས། ལུས་དབང་ལ་རེག་བྱའི་བྱེ་བྲག །སྙིང་གི་ནང་ཕྱོགས་ལ་ཉེ་དུ་མཛའ་བཤེས་སོགས་གསོན་པོ་ངོ་ཤེས་པ་དང་། སྙིང་གི་རྒྱབ་ཡོལ་ཙ་ན་ངོ་མི་ཤེས་པ་ཅི་རིགས་པ་དང་། ཡང་ན་གཤིན་པོའི་སྣང་བ་ཤར། རྩའི་གཙོ་བོ་དབུ་མར་ཞུགས་ནས་རིག་པ་ཟིན་ནས་འོད་གསལ་གྱི་ངང་ལ་གཟིམ། རྐྱང་མ་དང་དེ་ལས་ཀྱེས་པའི་རྩ་ལ་དཔའ་བོ་ཕོ་ཚོགས་དང་ཁ་དོག་དཀར་པོ་མཐོང་། རོ་མ་དང་དེ་ལས་གྱེས་པའི་རྩ་ལ་དཔའ་མོ་མོ་ཚོགས་དང་ཁ་དོག་དམར་པོ་མཐོང་། སྙིང་ལས་གྱེས་པའི་རྩ་ལ་རང་རང་གི་ལྷ་བསྲུང་དང་རྒྱལ་པོའི་ཆོ་འཕྲུལ་རྨི། རྒྱུ་མའི་རྩ་ལ་ས་དབང་གི་གནས་བདག་དང་། མཆིན་རྩ་ལ་ས་བདག་དང་གྲི་བོ། ཕོ་བའི་རྩ་ལ་བང་མཛོད། མཁལ་རྩ་ལ་ཀླུ་རིགས་སྣ་ཚོགས། གློ་ལོང་རྩ་ལ་བཙན་དང་། མཆིན་རྩ་ལ་གཉན་དང་། མཁྲིས་རྩ་ལ་མ་མོ་དང་མོ་འདྲེ། བསམ་སེའི་རྩ་ལ་ཆགས་ཡུལ་གྲོགས་ཕོ་མོ་དང་འཁྲིགས་པ་སྤྱོད་པ། དེ་ལས་ཀྱང་མཆིན་རྩ་ལ་ནགས་ཚལ་སྙིང་རྩ་ལ་མེ་དཔུང་། མཚེར་རྩ་ལ་རི་བོ་དང་ས་གཞི། གློ་རྩ་ལ་ལྕགས་རིགས། མཁལ་རྩ་དང་བསམ་སེ་ལ་ཆུ་བོ་ཆེ་ཆུང་མ་ངེས་པ། གཞན་རྩ་བཟང་བ་ལ་ལོངས་སྤྱོད་

ཕུན་སུམ་ཚོགས་པ། རྩ་ངན་པ་ལ་དབུལ་པོ་དང་། རྩ་ཕྲ་མོ་ལ་ངམ་གྲོགས་དང་བཙོན་དུ་བཟུང་བ། ས་རོང་དོགས་པ། རྩ་ཕུག་སྡུག་ལ་ཁང་ཞབས་དང་རི་ཞབས་ལྟ་བུ་ལ་སོང་བ། རྩ་ཡངས་པ་ལ་ལུང་བ་ཡངས་པ་དང་། སྙིང་དང་ཉེ་ཕྱོགས་ལ་ཐག་ཉེ་བའི་ས་དང་། སྙིང་དང་རིང་བའི་རྩ་ལ་ཐག་རིང་བ་དང་ཡུལ་གཞན་ལྟ་བུ་སོགས་ཕྱི་རོལ་གྱི་སྣང་བ་ཅི་དང་ཅི་ལྟ་བུ་ཤར་ཀྱང་། དོན་ལ་ནང་རང་ལུས་ཀྱི་རྩ་གནས་སུ་སེམས་སོ་སོར་འཁྱམ་པ་ལས་རྨི་ལམ་གྱི་སྣང་བ་དེ་རྣམས་གཞན་ན་མེད་གསུངས་སྟེ། ཀློང་གསལ་ཉི་མའི་རྒྱུད་ལས། ཅི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་གསུངས་པ་བཞིན་ཕྱི་ནང་གི་རྟེན་འབྲེལ་འཚོགས་པའི་རྨི་ལམ་གྱིས་མ་འོངས་པའི་མཐོང་སྣང་ཡང་ཤེས་པ་ཡིན་ཏེ། རྒྱབ་ཆོས་ལྷན་ཐབས་ལས། ཕྱི་རོལ་གྱི་སྣང་བའི་བྱེ་བྲག་ཐམས་ཅད་ནང་རང་ལུས་ལ་ཚངས་པའི་ཕྱིར། ནང་དུ་རྨི་ལམ་རྨིས་པ་དེའི་རྟེན་འབྲེལ་གྱིས། ཕྱི་རོལ་དུའང་ལྟས་བཟང་ངན་རིམ་པ་བཞིན་འབྱུང་ངོ་། །ཞེས་གསུངས་སོ། །ལར་འདིར་སྣང་སྐྱེ་གནས་བར་དོ་སོགས་བར་དོ་གཞན་རྣམས་ཀྱང་དོན་ལ་ཀུན་རྫོབ་གློ་བུར་གྱི་འཁྲུལ་སྣང་ཙམ་ལས་ཤར་བ་མ་གཏོགས། ཡུལ་གཞན་དུ་སྤུའི་རྩེ་ཙམ་མེད་པས་རྨི་ལམ་གྱི་སྐབས་ལྟར་སྟོང་ཉིད་དུ་ཤེས་དགོས་ཏེ། འཁོར་བ་རང་གྲོལ་ལས། བར་དོ་ཐད་༼ཐམས་ཅད་༽ཀྱི་རང་བཞིན་སྟོང་པ་ཉིད་དོ་ཞེས་སོ། །བར་དོའི་གནས་སྐབས་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ཙམ་ལས། དོན་དམ་པར་ནི་བར་དོ་ཞེས་བྱ་བ་ཡོད་མི་སྲིད་པའི་ཕྱིར། བར་དོའི་རང་བཞིན་སྟོང་པ་ཉིད་དོ། །ཞེས་སོ། །གཉིས་པ་དངོས་གཞི་ལ། དང་པོ་ཉིན་སྣང་སྒྱུ་ལུས་ཀྱི་ཁྲིད་སྣང་བ་རང་གྲོལ་དང་། མཚན་སྣང་གི་ཁྲིད་རྨི་ལམ་འཁྲུལ་བ་རང་གྲོལ་གཉིས་ལས། དང་པོ་སྒྱུ་ལུས་ལ།

མ་དག་པའི་སྒྱུ་ལུས་དང་དག་པའི་རྒྱུ་ལུས་གཉིས་ལས། ཐོག་མར་མ་དག་པའི་སྒྱུ་ལུས་སྦྱངས་བ་ལ། གཏན་དབབས་ལམ་ཁྱེར་གཉིས་ལས། དང་པོ་གཏན་ལ་དབབ་པ་ནི། སྒྱུ་མའི་དཔེ་བཅུའི་སྒོ་ནས་བརྟགས་པས་ཤེས་ཏེ། དེ་ཡང་སྤྱིར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཙམ་ལས་དོན་ལ་གྲུབ་མ་མྱོང་བའི་ཕྱིར་ན་སྒྱུ་མ་ལྟ་བུ༡། སྒོས་སྣང་སྲིད་འཁོར་འདས་ཐམས་ཅད་རང་སྣང་ཡིན་པ་ངོ་ཤེས་ནས་བདག་གཞན་གཉིས་ཀྱི་བག་ཆགས་འཁྲུལ་སྣང་ཙམ་ལས་མེད་པའི་ཕྱིར་རྨི་ལམ་ལྟ་བུ༢། བདག་གཞན་རྫས་གསུམ་གྱི་གཟུགས་མཐོང་ཆོས་སུ་ཡོད་པ་འདྲ་ཡང་། ངར་འཛིན་གྱིས་རང་གཟུགས་གུད་དུ་བཅད་པའི་ལོག་ཤེས་ཙམ་ལས་གཟུགས་སྣང་ཡང་རང་བཞིན་མེད་པའི་ཕྱིར་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ༣། ངག་སྒྲ་ཅི་སྙེད་ཐོས་སྲིད་ཀྱང་རྟེན་འབྲེལ་གྱི་འཚོགས་པ་ཙམ་ལས་གཞན་མེད་པའི་ཕྱིར་གྲགས་སྟོང་བྲག་ཆ་ལྟ་བུ༤། ཡིད་རྟོག་གི་ཤར་ཆ་བན་མ་བུན་འོལ་ལོ་ལོ་འཆར་ཡང་རང་ཡལ་དུ་ཞིག་པའི་ཕྱིར་བར་སྣང་གི་སྨིག་རྒྱུ་ལྟ་བུ༥། འགྲོ་དྲུག་གི་འཁོར་བའི་གྲོང་ཁྱེར་རང་ངོ་ནས་མ་གྲུབ་པའི་ཕྱིར་རྫུན་སྣང་དྲི་ཟའི་གྲོང་ཁྱེར་ལྟ་བུ༦། ཕྱི་འབྱུང་ས་ཆུ་མེ་རླུང་ནང་འབྱུང་ཤ་ཁྲག་དྲོད་དབུག་དང་བཅས་པ་སྣང་ཡང་ངོ་བོ་མ་གྲུབ་ཅིང་རང་བཞིན་ཚིགས་མི་ཐུབ་པའི་ཕྱིར་རྫུན་རིས་ཆུ་ཟླ་ལྟ་བུ༧། བར་དོ་དྲུག་སོགས་དག་མ་དག་གི་སྣང་བ་ཐམས་ཅད་གློ་བུར་གྱི་རྣམ་རྟོག་ཡིན་ཕྱིར་ཆུ་བུར་ལྟ་བུ༨། གཟུང་འཛིན་གཉིས་སྣང་ཐམས་ཅད་གཞི་རྩ་བྲལ་ཡང་ཀུན་རྫོབ་ཅིར་ཡང་ཤར་བའི་ཕྱིར་མིག་ཡོར་ལྟ་བུ༩། ལོག་ཤེས་སྣང་བ་ཡུལ་རྗེས་སུ་མ་འབྲང་བའི་རྒྱུ་གཅིག་ལས་དག་མ་དག་གི་ཆ་བསམ་གྱིས་མི་ཁྱབ་པ་ཤར་ཡང་རང་སྣང་འཁྲུལ་བའི་ལྟད་མོ་ལས་གཞན་བྱུང་མིན་པའི་ཕྱིར་སྤྲུལ་པ་ལྟ་བུ་སྟེ༡༠། སྣ་ཚོགས་སྣང་

བའི་ཆོས་ཐམས་ཅད་སྟོང་གཟུགས་སྒྱུ་མའི་དཔེ་བཅུ་དང་ངེས་པར་མཚུངས་ཏེ། ཨོ་རྒྱན་ཆེན་པོས། སྒྱུ་མ་སྨིག་རྒྱུ་རྨི་ལམ་གཟུགས་བརྙན་དང་། །དྲི་ཟའི་གྲོང་ཁྱེར་བྲག་ཆ་ལྟ་བུར་སྤྱོད། །ཆུ་ཟླ་ཆུ་བུར་མིག་ཡོར་སྤྲུལ་པ་སོགས། །ཤེས་བྱ་སྒྱུ་མའི་དཔེ་བཅུ་དེ་བཞིན་དུ། །འཁོར་འདས་ཆོས་རྣམས་ཁྱོད་ཀྱིས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་ཡར་དག་པ་མྱང་འདས་ཀྱི་ཞིང་དང་མར་མ་དག་པ་ཁམས་གསུམ་གྱི་སེམས་ཅན་གང་ཡང་རང་བཞིན་གྱིས་རྟག་གྲུབ་མེད་དེ། ཧེ་རུ་ཀ་ཀལ་པོའི་རྒྱུད་ལས། མྱང་འདས་དོན་དམ་སྟོང་པ་ཉིད། །ཁམས་གསུམ་འདུས་བྱས་སྟོང་པ་ཉིད། །ཞེས་དང་། གཟུགས་སྒྲ་ལ་སོགས་འཇིག་འགྱུར་ཕྱིར། །དངོས་པོ་མེད་པའི་སྟོང་པ་ཉིད། །དབང་པོ་ལྔ་ནི་ཐེར་ཟུགས་མིན། །ཞེས་གསུངས་སོ། །དེ་ལས་གཉིས་པ་སྒོ་གསུམ་ལམ་འཁྱེར་ལ། ཐོག་མར་ལུས་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལ་སྦྱངས་ནས་ལམ་དུ་ཁྱེར་བ་ལ་གསུམ་ལས། དང་པོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མྱུར་བར་སངས་རྒྱས་པའི་ཆེད་དུ་བདག་གི་རྒྱུ་ལུས་བདེན་མེད་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་ལམ་དུ་ཁྱེར་བར་བྱའོ། །ཞེས་ལན་གསུམ། གཉིས་པ་ནི། བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །ཡི་དམ་རྩ་བ་གསུམ་གྱི་བྱིན་རླབས་དང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་ཀྱིས། །བདག་གིས་སྒྱུ་ལུས་འབྱོངས་བར་བྱིན་གྱིས་རློབས། །ལན་གསུམ། གསུམ་པ་ནི། མེ་ལོང་གཡའ་དང་བྲལ་བའི་ནང་དུ་རང་ལུས་རྒྱན་གྱིས་སྤྲས་པའི་གཟུགས་བརྙན་འཆར་དུ་བཅུག་ནས་སྦྱངས། དེའང་སྐྱིད་སྡུག་བསྟོད་སྨད། རྙེད་མི་རྙེད། སྙན་མི་སྙན། ཆོས་བརྒྱད་ཀྱི་རྟོག་པ་སོགས་གང་ལའང་འཛིན་ཆགས་དང་ཁྲོ་སེམས་ཡོད་པ་དེ་ལྟ་བུ་ཡིད་ལ་བླང་ནས། ཡུལ་གཟུགས་བརྙན་དེ་ལ་རང་ཡིན་པའི་འདུ་ཤེས་

བཞག །རང་མི་གཞན་ཞིག་ཡིན་པའི་འདུ་ཤེས་བཞག་ནས། རེ་རེ་བཞིན་སྦྱང་བའི་གཟུགས་བརྙན་དེ་ལ་དགའ་སྡུག་ཉེར་ལེན་མེད་བཞིན། རང་གིས་ཀྱང་ཆོས་གཟུགས་བརྙན་ལྟ་བུ་ལ་བློས་ཨེ་འབྱོར་བརྟགས། གལ་ཏེ་བློས་འབྱོར་སྙམ་ན་གྲོགས་གཞན་དག་བསྐུལ་ནས་རང་ལ་ཉམས་སད་དུ་བཅུག་ལ་ཨེ་མཉམ་བལྟ། གཞན་ཡང་སྐབས་སུ་ཆོས་བརྒྱད་སྐྱིད་སྡུག་བསྟོད་སྨད་རྙེད་མི་རྙེད། སྙན་མི་སྙན་ལ་སོགས་པའི་བློ་ཤར་ན་མེ་ལོང་ནང་གི་གཟུགས་བརྙན་དང་ཨེ་འདྲ་བརྟགས། འདྲ་ན་དེས་ཀྱང་བར་དོ་ཆོད་ལ། མི་འདྲ་ན་ཁ་ཕོ་མཐོ་བས་མི་ཕན། ཆོས་ཉིད་བར་དོའང་རང་སྣང་བདེན་མེད་ཡིན་ཀྱང་། འཇིགས་པའི་གཟུགས་དང་། སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་དང་། གཞན་ཡང་སྒྲ་འོད་ཟེར་གསུམ་ཤར་བ་རང་སྣང་དུ་མི་གྲོལ། སྲིད་པ་བར་དོ་དེ་དང་འདྲ་བས་གོ་ལམ་དུ་མི་བཞག་པར་ཡང་ཡང་སྦྱངས། ཐུན་གཅིག་གོ །དེ་ལས་གཉིས་པ་ངག་གྲགས་སྟོང་བྲག་ཆའི་སྒྲ་ལ་སྦྱང་ནས་ལམ་དུ་ཁྱེར་བ་ལའང་གསུམ་ལས། ཐོག་མར་རང་གཅིག་པུར་བྲག་ཆ་ཡོད་པའིི་སར་ཕྱིན་ལ། དང་པོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མྱུར་བར་སངས་རྒྱས་པའི་ཆེད་དུ། བདག་གིས་སྒྲ་བཟང་ངན་ཐམས་ཅད་བདེན་མེད་བྲག་ཆ་ལྟ་བུར་མཉམ་པར་བྱའོ། །ལན་གསུམ། གཉིས་པ་ནི། བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། ཡི་དམ་རྩ་བ་གསུམ་གྱི་བྱིན་རླབས་དང་། །མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་བདེན་སྟོབས་ཀྱིས། །བདག་གིས་སྒྲ་སྦྱངས་འབྱོངས་བར་བྱིན་གྱིས་རློབས། །ལན་གསུམ། གསུམ་པ་ནི། སྐད་གསང་མཐོན་པོས། རང་གིས་རང་ལ། བསྟོད་སྨད་སོགས་གང་དྲན་བརྗོད། སྒྲ་དེ་ལ་སྙིང་པོ་ཨེ་འདུག་ལྟོས། དེ་ནས་སྙིང་པོ་མི་འདུག་བསམ་ཙ་ན། གྲོགས་

གཞན་བསྐུལ་ལ་རང་ལ་ཁོས་ཅི་དྲན་སྨྲ་བཅུག་ལ་སྦྱངས། གྲོགས་པོའི་ཚིག་གིས་དགའ་སྡུག་སོགས་བསླང་ན་སྒྲ་བྲག་ཆ་ལྟ་བུར་མ་རྟོགས་པའི་མཚང་རིག་ནས་སྒྲ་ལ་མཉམ་པར་སྦྱོང་ངོ་། །ལར་བར་དོར་འཇིགས་པའི་སྒྲ་བཞི་དང་། ཆོས་ཉིད་རང་སྒྲ་གྲགས་པའང་གྲགས་སྟོང་བྲག་ཆ་ལྟ་བུ་ལས་མེད་ཀྱང་། ད་ལྟ་ཐམས་ཅད་ལ་བཟང་ངན་ཡོད་ན། དེ་དུས་མེད་པར་མི་འགྱུར་བས་ཤེས་དགོས་སོ། །དེའང་ཇི་སྐད་དུ། བྲག་ཆའི་སྒྲ་དེ་གྲགས་སྟོང་འཛིན་པ་མེད་པ་ལྟར་རང་གི་ངག་ཀྱང་བྲག་ཆ་ལྟར་སྦྱང་ངོ་། །ཐུན་གཅིག་གོ །དེ་ལས་གསུམ་པ་ཡིད་དྲན་སྟོང་སྨིག་རྒྱུ་ལ་སྦྱང་ནས་ལམ་དུ་ཁྱེར་བ་ལ་གསུམ་ལས། དང་པོ། ནམ་མཁའ་དང་མཉམ་པའི་སོགས། བདག་གི་སེམས་རྟོག་འཛིན་ཆགས་ཐམས་ཅད་སྣང་ཡང་ཞེན་མེད་བར་སྣང་གི་སྨིག་སྒྱུ་ལྟ་བུ་གང་ཤར་བདེན་མེད་ཀྱི་ལམ་དུ་ཁྱེར་བར་བྱའོ། །ལན་གསུམ། གཉིས་པ་ནི། བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། སོགས། བདག་གི་ཆགས་སྡང་གྲོལ་བར་བྱིན་གྱིས་རློབས། །གསུམ་པ་ནི། སྨིག་སྒྱུ་མཐོང་ན་བལྟ་བའམ་ཡིད་ཐོག་ཏུ་བླང་ལ། དཔེར་ན་ཆགས་སྡང་སོགས་ཡིད་རྟོག་བན་བུན་ཤར་ཡང་རང་བཞིན་མེད་པ་བར་སྣང་དུ་སྨིག་སྒྱུ་རྒྱུག་པ་ལྟར། བཟང་རྟོག་ངན་རྟོག་ཐམས་ཅད་སྟོང་སྐྱེ་སྟོང་ནུབ་རང་ངོ་ལ་ཕན་གནོད་མེད་པར་རྣམ་རྟོག་ཝལ་གྱིས་ཡལ་བ་ལ་ཡང་ཡང་སྦྱངས། དེའི་ཚུལ་ཀྱང་། ཇི་སྐད་དུ། སྨིག་སྒྱུ་ལ་བལྟ་བའམ། བསྒོམ་ཞིང་བཙལ་བའི་མ་རྙེད་པ་ལྟར། ཡིད་གཡོ་བའི་རྟོག་ཚོགས་ཀྱང་སྨིག་སྒྱུ་ལྟར་རང་བཞིན་མེད་པར་སྦྱངས། ཞེས་སོ། །ལར་རྣམ་རྟོག་གིས་ཕན་གནོད་མི་འདུག་སྙམ་ཙ་ན། ད་ལྟ་བཀྲེས་སྐོམ་དང་ཚ་གྲང་གི་རྐྱེན་དང་བསྲེས་ནས་རྐྱེན་དེ་

རྣམས་རྣམ་རྟོག་རང་ཤར་རང་ཞིག་དུ་ཨེ་ཡལ་བརྟགས། དེ་དག་མི་བཟོད་ན། རྣམ་རྟོག་གིས་མི་གནོད་པ་སྨྲ་ཤེས་ཀྱང་དོན་ལ་ཐ་མལ་རང་ཀ་བ་དང་ཁྱད་མེད་པའི་མཚང་རིག་དགོས། ཅིའི་ཕྱིར་ན་དེ་དག་གི་གོ་བ་ཡོད་པའི་གང་ཟག་ཞིག་གསོད་པའི་གཤེད་མ་མང་པོ་བྱུང་ན། དེ་ཡང་ངོ་བོ་སྟོང་ཞིང་བདེན་མེད་ཡིན་ཀྱང་། ཁོས་བདེན་གྲུབ་ཏུ་སྣང་ནས་མི་བཟོད། དེ་བཞིན་དུ་ངག་གི་མི་སྙན་པ་གང་གཅེས་དེ་ཤི་ཞེས་ཐོས་པ་སོགས་མི་འདོད་པའི་སྒྲ་གྲགས་པ་བྱུང་ནའང་མི་བཟོད། དེ་དག་གི་རྩ་བ་ཡིད་ཀྱི་རྣམ་རྟོག་གི་ཉེར་ལེན་གཅིག་ལ་ཐུག་པས་རྟོག་པ་རང་ཞིག་ཏུ་འགྲོ་བ་ལ་བློ་འབྱོངས་ནས་ཆོས་བརྒྱད་རོ་མཉམ་དུ་འབྱོང་ན་དེས་ཆོག་གོ །ཇི་སྐད་དུ། ཆོས་བརྒྱད་སྒྱུ་མའི་དཔེ་བཅུ་དང་འདྲ་བའི་དོན་རྒྱུད་ལ་སྐྱེས་ན་མ་དག་པའི་སྒྱུ་ལུས་འབྱོངས་བའོ། །ཞེས་སོ། །ཐུན་གཅིག་གོ །གཉིས་པ་དག་པའི་སྒྱུ་ལུས་སྦྱང་བ་ལ། ལམ་ཁྱེར་དག་དྲན་གཉིས་ལས། དང་པོ་ལམ་ཁྱེར་ལ་ལྷ་སྣང་སྦྱངས་བ་དང་། སྣང་སྲིད་ལྷ་དང་ལྷ་མོར་སྦྱངས་བ་གཉིས་ལས། དང་པོ་དག་པའི་སྒྱུ་ལུས་ལྷ་སྣང་སྦྱངས་ནས་ལམ་དུ་ཁྱེར་བ་ལ་གསུམ་ལས། ཐོག་མར། ནམ་མཁའ་དང་མཉམ་པའི་སོགས། བདག་གིས་དག་པའི་སྒྱུ་ལུས་རྡོ་རྗེ་སེམས་དཔའི་གསལ་སྣང་བསྒོམ་པར་བྱའོ། །ལན་གསུམ། གཉིས་པ་ནི། བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། སོགས། བདག་གི་ལྷ་སྣང་འབྱོང་བར་བྱིན་གྱིས་རློབས། །གསུམ་པ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ལྔ་ཚོམ་འགྱེང་དང་ཕྱག་གཡས་གཡོན་གྱི་གོ་བརྗེས་ནས་བྲིས་པ་འཇའ་འོད་ལྔའི་རྒྱན་ཅན་མེ་ལོང་བཟང་པོར་བསྟན་པའི་གཟུགས་བརྙན་ལ་ཡང་ཡང་བལྟ་ཞིང་བློ་ཡུལ་དུ་ལོན་ཙ་ན་རང་གི་མདུན་མཁར་སྐུ་དེ་ལྟ་བུ་གསལ་བཏབ། མཐར་གཟུགས་བརྙན་དེ་རང་ལ་

བསྟིམ་ནས་རང་ལུས་སྐུ་དེ་ལྟར་ལམ་ལམ་དུ་ཡང་ཡང་གསལ། གཉིས་པ་སྣང་སྲིད་ལྷ་དང་ལྷ་མོ་རུ་སྦྱང་བ་ནི། གཞན་གོང་དང་འདྲ་ལ། རེས་འགའ་འཁོར་འདས་ཀྱི་དངོས་པོ་ཆེ་འབྲིང་ཆུང་གསུམ་གང་མཐོང་རང་མཚམས་ཀྱིས་དེ་ལྟར་ལམ་མེར་ལྷ་སྐུ་གྲངས་མེད་གསལ། ལྷའི་གསལ་སྣང་ཐོན་ནས་དེ་དག་རང་ལ་བསྟིམ། མཐར་རང་ཡང་མི་དམིགས་པར་བཞག །དེ་ལས་གཉིས་པ་དག་དྲན་ལ་ལྷ་སྣང་གི་དག་དྲན་དང་། སྣང་སྲིད་ལྷ་དང་ལྷ་མོའི་དག་དྲན་གཉིས་ལས། དང་པོ་ལྷ་སྣང་གི་དག་དྲན། རྡོ་རྗེ་སེམས་དཔའི་སྐུའི་གཟུགས་བརྙན་ལ་བལྟ་བ་ནི། ལྷ་ཡེ་ཤེས་པ་རང་སྣང་འོད་གསལ་གྱི་སྟོང་གཟུགས་ཡིན་ཅིང་རང་བཞིན་མེད་པའི་རྟགས་དང་། སྐུ་ཚོམ་བུ་སྣང་བ་ནི་རང་གནས་ཞི་ཁྲོའི་ལྷ་དཔག་ཏུ་མེད་པའི་རྟགས་དང་། འཇའ་འོད་ཟེར་གསུམ་གྱི་ཀློང་ན་བཞུགས་པ་ནི་དབྱིངས་རིག་ཐིག་གསུམ་གྱི་རང་སྣང་ལས་ཤར་བའི་རྟགས་དང་། སྐུ་མདོག་དཀར་ལ་གསལ་བ་ནི་རིག་པ་སྐྱོན་གྱིས་མ་གོས་པའི་རྟགས་དང་། ཞལ་གཅིག་ནི་འཁོར་འདས་རོ་གཅིག་པའི་རྟགས་དང་། སྤྱན་གཉིས་ནི་ཇི་ལྟ་ཇི་སྙེད་མཁྱེན་པའི་རྟགས་དང་། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམ་པ་ནི་སྣང་སྟོང་ཟུང་འཇུག་གི་རྟགས་དང་། དབུ་སྐྲ་ཕྱེད་བཅིང་ལྷག་མ་ཐུར་དུ་འཁྲོལ་བ་ནི་གཉུགས་མའི་གནས་ལུགས་མ་བཅོས་པ་རང་གྲོལ་བའི་རྟགས་དང་། དབུ་ལ་རིགས་ལྔའི་བརྒྱན་པ་ནི་ཡེ་ཤེས་ལྔ་ལྡན་ལྷུན་གྱིས་གྲུབ་པའི་རྟགས་དང་། ལོངས་སྤྱོད་རྫོགས་སྐུའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་ནི་འདོད་ཡོན་ལྔ་སྣང་ཡང་ཞེན་མེད་དུ་ུརང་གྲོལ་བའི་རྟགས་དང་། ཞི་ཚུལ་མཚན་དཔེ་གཟི་འོད་འབར་བ་ནི་རིག་པ་འོད་གསལ་བ་ལ་བཀྲག་དང་གཟི་མདངས་ཁ་དོག་ཐམས་ཅད་ནང་གསལ་དུ་ུཡོད་པའི་རྟགས་དང་། ཡུམ་སྙེམ་མ་དང་འཁྲིལ་བ་

ནི་བདེ་སྟོང་གཉིས་སུ་མེད་པའི་རྟགས་དང་། ཞབས་གཉིས་རྡོ་རྗེ་དཀྱིལ་ཀྲུང་གིས་བཞུགས་པ་ནི་རང་རིག་གཡོ་འགུལ་མེད་པའི་རྟགས་དང་། གདན་པདྨ་དང་ཟླ་བ་ལ་བཞུགས་པ་ནི་ཐབས་ཤེས་ཟུང་འཇུག་གི་ངང་ལ་ཡེ་ནས་བཞུགས་པའི་རྟགས་དང་། མཐར་གཟུགས་བརྙན་རང་ལ་བསྟིམ་ཚུལ་བྱེད་པ་ནི་རྡོ་རྗེ་སེམས་དཔའ་སོགས་ཞི་ཁྲོའི་ལྷ་ཅི་ལྟར་སྣང་བ་ཐམས་ཅད་རང་ལས་ཤར་ཞིང་མཐར་དག་ཆེན་གཞོན་ནུ་བུམ་སྐུའི་ནང་དབྱིངས་སུ་ཚུར་ལ་འཁྱིལ་བའི་རྟགས་སོ། །གཉིས་པ་སྣང་སྲིད་ལྷ་དང་ལྷ་མོའི་དག་དྲན་ནི། དེ་ལྟར་རིག་པ་ཡེ་ཤེས་ཀྱི་སྐུ་དེ་ཉིད་སྤྱིར་འཁོར་འདས་ཀུན་ལ་ཁྱབ་ཅིང་། ཁྱད་པར་དུ་དག་མ་དག་གི་སེམས་ཅན་ནོ་ཅོག་གི་ལུས་ལ་ཡེ་ཤེས་ཀྱི་རླན་དེས་དཔེར་ན་ཏིལ་ལ་མར་བཞིན་དུ་ཁྱབ་ཡོད་གསུངས་སོ། །ཐལ་འགྱུར་ལས། རང་རིག་ཡེ་ཤེས་ལུས་ལ་གནས། །ཏིལ་འབྲུ་ལ་ནི་མར་བཞིན་དུ། །ལུས་ཀྱི་བཀྲག་དང་གཟི་མདངས་ནི། །ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད། །ཅེས་སོ། །འོ་ན་དེ་ལྟར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ། རང་རིག་གི་ངོ་བོ་རྡོ་རྗེ་སེམས་དཔའ་ལ་རང་རྩལ་རོལ་པའི་འཁོར་དང་བཅས་པ་དུས་གསུམ་དུ་བཀྲ་ལམ་མེ་ཡོད་པས་ཐམས་ཅད་རྡོར་སེམས་ཤ་སྟག་ཡིན་ནོ། །དེ་ཙམ་གོ་བས་མི་ཕན་དེ་རང་གསོད་པའི་གཤེད་མ་བྱུང་ན་དེའང་རྡོ་རྗེ་སེམས་དཔའ་དངོས་ཡིན་ཀྱང་རང་གིས་དེ་ལྟར་མཐོང་མི་ནུས། དེས་ན་ད་ལྟ་སྐྱེ་གནས་བར་དོ་མི་ཆོད། དེ་མ་ཆོད་པས་ཆོས་ཉིད་བར་དོ་སོགས་སུའང་ལྷ་རང་སྣང་དུ་གདེང་སྤོག་དཀའ་བས་ཉམས་ལེན་རང་རྒྱུད་ལ་འདྲེས་ངེས་ཀྱིས་ལྷའི་ངེས་ཤེས་དང་གསལ་སྣང་ཐོབ་པར་བྱའོ། །གཉིས་པ་མཚན་སྣང་རྨི་ལམ་སྦྱངས་ཚུལ་ལ། ཀུན་རྫོབ་ལ་བརྟེན་ནས་སྦྱངས་པ། དོན་དམ་ལ་

བརྟེན་ནས་སྦྱངས་པ་གཉིས་ལས། དང་པོ་ཀུན་རྫོབ་དྲང་དོན་ལ་བརྟེན་ནས་སྦྱངས་ཚུལ་ལ། རྨི་ལམ་བཟུང་བ། སྤྲུལ་བསྒྱུར། ཐོག་བརྫིས། གེགས་སེལ་དང་བཞི་ལས། དང་པོ་རྨི་ལམ་བཟུང་བ་ལ། འདུན་པས་བཟུང་བ། བླ་མ་ཡི་དམ་ཡིག་འབྲུ་ཐིག་ལེ་རྣམས་ལ་བཟུང་ཚུལ་དང་ལྔ་ལས། དང་པོ་འདུན་པས་བཟུང་བ་ནི། ལར་རྨི་ལམ་འདི་བག་ཆགས་ཀྱི་སྣང་བ་ཡིན་པས་ཉིན་པར་གྱི་སྣང་བ་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ལས་མེད་པའི་ཚུལ་ཤེས་ནས་ཡང་ཡང་སྦྱང་ངོ་། །དེའང་ཕར་ཕྱིན་ལས། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུའོ། །ཞེས་གསུངས་པ་ལྟར། ཉིན་སྣང་སྒྱུ་ལུས་ལ་གོམ་ཞིང་། ཁྱད་པར་སྐབས་སུ་ཡུལ་དང་ཁང་ཁྱིམ་གྲོགས་དང་ཟས་ནོར་གླེང་བརྗོད་དང་བྱ་བྱེད་ཐམས་ཅད་རྨི་ལམ་ཡིན་ནོ་སྙམ་པའི་འདུན་པ་རྒྱུན་ཆགས་སུ་དམིགས་ཤིང་ངག་ཏུའང་རྨི་ལམ་ཡིན་ནོ་ཞེས་བརྗོད་ཅིང་དེ་ལྟ་བུའི་འདུན་པ་འཐས་པའི་རྨི་ལམ་ཟིན་གསུངས་ཏེ། མ་ཎི་བཀའ་འབུམ་ལས། གཉིད་ལོག་ཁར་རྨི་ལམ་ངོས་ཟིན་པར་བྱའོ། །སྙམས་པས་འདུན་པ་དྲག་པོ་བཏང་བ་གལ་ཆེའོ། །དེ་ལྟར་ཡང་དང་ཡང་དུ་བསམ་པས་རྨི་ལམ་རྨི་ལམ་དུ་ངོ་ཤེས་སོ། །ཞེས་པ་ལྟར་རོ། །གཉིས་པ་བླ་མ་ལ་སེམས་བཟུང་བ་ནི། དང་པོ། ནམ་མཁའ་དང་མཉམ་པའི་སོགས། བདག་གིས་རྨི་ལམ་བཟུང་བ་ལ་བསླབ་པར་བྱའོ། །ལན་གསུམ། གཉིས་པ་ནི། བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། ཡི་དམ་སོགས། མཁའ་འགྲོ་ཆོས་སྐྱོང་༴བདག་གིས་རྨི་ལམ་ཟིན་པར་བྱིན་གྱིས་རློབས། །ལན་གསུམ། གསུམ་པ་ལུས་སེང་གེའི་ཉལ་སྟབས་བྱས་ལ། རང་གི་སྔས་སུ་རྩ་བའི་བླ་མ་བཞུགས་པའི་པང་དུ་མགོ་བཞག་པར་བསམ་ལ་རང་ལུས་ཡི་དམ་གྱི་སྐུར་གསལ་བའི་མགྲིན་

པར། བླ་མ་དང་ཨོ་རྒྱན་དབྱེར་མེད་དུ་ཡེ་རེ་གསལ་བ་ལ་འདུན་པ་གཏད་ནས། རྟོག་པ་གཞན་གྱིས་བར་མ་ཆོད་པར་གཉིད་ཡང་ཡང་སྦྱངས། ནང་བར་གཉིད་སད་པའི་ཚེ། མདངས་རྨི་ལམ་དེ་ཙམ་རྨིས་པ་ད་ནང་གཅིག་ཀྱང་མེད། དཔེ་དེ་བཞིན་དེ་རིང་གི་ཉིན་སྣང་འདིའང་དོ་ནུབ་རྨི་ལམ་ན་མེད། དེའི་ཕྱིར་ཉིན་མཚན་གཉིས་ཀའི་སྣང་བ་སྣ་ཚོགས་ལ་འཁྲུལ་བ་ཙམ་ལས་མེད་པ་ཤེས་པར་བྱས་ལ། ཚེ་འདི་སྣང་གི་བྱ་བ་ཐམས་ཅད་དོན་མེད་དུ་ཤེས་ནས་བློས་བཏང་བ་ལ་ཡང་ཡང་བསླབ། ཐུན་གཅིག་གོ །གསུམ་པ་ཡི་དམ་ལ་སེམས་བཟུང་བ་ནི། དེ་ལྟར་ལན་མང་ཀྱང་མ་ཟིན་ན་གཞན་གོང་དང་འདྲ་ལ། རང་ཡི་དམ་དཔའ་བོ་རྟ་མགྲིན་གཅིག་པར་བསྒོམ་པའི་མགྲིན་པར་རང་གི་རྩ་བའི་ཡི་དམ་ཚོན་གང་བ་གསལ་ཡེ་རེ་བ་ལ་ཤེས་པ་གཏད་ནས་རྨི་ལམ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམས་པའི་འདུན་པས་གཉིད་ལོག་གོ །ཐུན་གཅིིག་གོ །བཞི་པ་དེས་ཀྱང་མ་ཟིན་ན་ཡིག་འབྲུ་ལ་སེམས་བཟུང་བ་ནི་གཞན་གོང་དང་འདྲ་ལ། རང་གི་མགྲིན་པར་པདྨ་དམར་པོ་འདབ་བཞི་གསལ་བའི་དབུས་སུ་ༀ༔མདུན་དུ་ཨཱཿགཡས་སུ་ནུ༔རྒྱབ་ཏུ་ཏཿགཡོན་དུ་རཿདང་བཞི་གསལ་བ་ལས། དང་པོ་དབུས་ཀྱི་ༀ་ལ་འདུན་པ་གཏད་ལ་གཉིད་འཐུམ་འོང་དུས་མདུན་གྱི་ཨཱཿལ་གཏད། གཉིད་ཟ་ཟའི་དུས་གཡས་ཀྱི་ནུ་ལ་གཏད། གཉིད་ཡུར་ཙ་ན་རྒྱབ་ཀྱི་ཏ་ལ་གཏད། གཉིད་འགྲོ་དུས་སུ་གཡོན་གྱི་ར་ལ་གཏད། གཉིད་ཀྱིས་བདོ་ལ་སླར་ཡང་དབུས་ཀྱི་ༀ་ལ་འདུན་པ་གཏད། རྟོག་པས་བར་མ་ཆོད་པར་རྨི་ལམ་རྨི་ལམ་དུ་ཤེས་པར་བྱའོ་སྙམ་པས་གཉིད་ནས་སྦྱངས་སོ། །ཐུན་གཅིག་གོ །ལྔ་པ་དེས་ཀྱང་མ་ཟིན་ན།

ཐིག་ལེ་ལ་སེམས་བཟུང་བ་ནི་གཞན་གོང་དང་འདྲ་ལ། རང་གི་མགྲིན་པར་འོད་ཀྱི་ཐིག་ལེ་ཡེ་རེ་བ་གསལ་ལ་དེར་རྟོག་པས་བར་མ་ཆོད་པར་རྨི་ལམ་རྨི་ལམ་དུ་ཤེས་པར་བྱའོ་སྙམ་པའི་གཉིད་ལོག་པས་ཟིན་ནོ། །ཐུན་གཅིག་གོ །དམིགས་པ་བཞི་ཀ་རེ་མོས་སུ་བསྒྱུར་ཞིང་ཉིན་སྣང་རྨི་ལམ་གྱི་འདུན་པ་དྲག་པོས་སྦྱངས་ན། ཐ་ན་ཡང་ཟླ་གཅིག་ཚུན་ཆད་ལ་ཟིན། དེའང་དང་པོ་རྨི་ལམ་མང་། དེ་ནས་གསལ། དེ་ནས་ཟིན་པར་འགྱུར། རྨི་ལམ་དེ་འཇིགས་སྐྲགས་སྐྱེས་ན་ཟིན་སླ་བས་ཉིན་གར་བསྔགས་པར་བྱ་རང་ཤུགས་སུ་ཟིན་དཀའ། ཟིན་ནས་བསྟན་པ་ཡིན་ནོ། །དེ་དག་མ་ཟིན་ན་དམ་སེལ་སོགས་ཡོད་པས་སྐྱབས་སེམས་བསྐང་བཤགས་ཡིག་བརྒྱ་ཚོགས་འཁོར་སོགས་ཚོགས་བསགས་སྒྲིབ་སྦྱང་དང་སྦྲེལ་ནས་སླར་བསྐྱལ་དེ་ཡང་ཡང་སྦྱང་བས། ཟླ་བ་གཉིས་སམ་གསུམ་ནས་ཟིན་ནོ། །དེ་ཡང་ནམ་བཟུང་ཟིན་དུས་སྤྲུལ་སྒྱུར་སྦྱངས། གཉིས་པ་སྤྲུལ་བསྒྱུར་ནི། དང་པོ། ནམ་མཁའ་དང་མཉམ་པའི་སོགས། བདག་གི་རྨི་ལམ་སྤྲུལ་བསྒྱུར་ལ་བསླབ་པར་བྱའོ། །ལན་གསུམ། གཉིས་པ་ནི། བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །སོགས་ནས་རྨི་ལམ་སྤྲུལ་བསྒྱུར་ནུས་པར་བྱིན་གྱིས་རློབས། །གསུམ་པ་རྨི་ལམ་ཟིན་པའི་དུས་སུ་ད་ལྟ་རང་རྨི་ལམ་གྱི་སྐབས་ཡིན་པས་ལུས་ལ་འཇིགས་རྒྱུ་མེད་ཅིང་སེམས་ལ་སྐྲགས་ཡུལ་མེད་པ་ཤེས་བཞིན། སྤྲེའུ་དང་མི་ཁྱི་ལ་སོགས་པའི་སོ་སོའི་གདོན་གྱི་ཆོ་འཕྲུལ་རྨིས་ན་དེ་རང་གི་ཡི་དམ་དངོས་ཡིན་པར་གསལ་བས་ལྷ་འདྲེའི་ཆོ་འཕྲུལ་ཞི། རང་ཡི་དམ་ཀྱི་ལྷ་ཐ་དད་དང་རོ་གཅིག་ཞི་བ་དང་ཁྲོ་བོ་སོགས་གང་འདོད་ལ་སྤྲུལ་བསྒྱུར་སྦྱང་བས་བསྐྱེད་རིམ་གྱི་བོག་ཐོན། ཐུན་གཅིག་གོ །ཡང་སྐབས་སུ་རྨི་ལམ་ཟིན་ནས་ཕྱོགས་མཚམས་སྟེང་འོག་

གི་སངས་རྒྱས་རྣམས་ཀྱི་དྲུང་དུ་ཆོས་ཞུ་རུ་འགྲོ་བའི་འདུན་པ་ལམ་ལམ་བྱས་པས་ཞིང་གང་རུང་དེར་སོང་ནས་སངས་རྒྱས་དེ་དག་གི་ཞལ་མཇལ། དབང་དང་གདམ་ངག་ཞུ་ཞིང་དེ་ལ་ལྟད་མོ་བལྟས་ནས་སླར་སད་པར་བྱས་ཀྱང་ཆོག་པ་བྱུང་ན་སྤྲུལ་སྒྱུར་འབྱུང་བ་ཡིན་པས་དེ་ཚེ་གདོན་གྱི་ཆོ་འཕྲུལ་ལ་གོང་ལྟར་དུ་ཁྱད་པར་གཉེན་པོ་རྟ་ཕྱག་ཁྱུང་སོགས་སུ་སྤྲུལ་ནས་སྦྱངས་པ་དང་། རང་གཅིག་གིས་མང་པོར་སྤྲུལ། རང་སྣང་མང་པོ་རང་གཅིག་ལ་བསྡུ། དེ་ལ་ཐུན་གཅིག་གོ །གསུམ་པ་ཐོག་བརྫིས་ནི། རྨི་ལམ་ཟིན་ནས། དགྲ་ཇག་ཆོམ་རྐུན་མེ་ཆུ་གཅན་གཟན་ལམ་འཕྲང་ལ་སོགས་པའི་འཇིགས་པ་ལ་ཐོག་བརྫིས་བྱས་པས་ཉམས་རྟོགས་ཡོན་ཏན་གོང་དུ་འཕེལ་ལོ། །དེ་ལྟར་རྨི་ལམ་ཟིན་ཅིང་སྤྲུལ་བསྒྱུར་ཐོག་བརྫིས་ནུས་པའི་གདམས་ངག་ནི། གོང་གི་ཉིན་སྣང་དང་མཚན་སྣང་གཉིས་ལ། རྨི་ལམ་ཡིན་སྙམ་པའི་འདུན་པ་དང་། གཉིད་ཁར་བླ་མ་ཡི་དམ་ཡིག་འབྲུ་ཐིག་ལེ་བཞི་གང་གིས་རྨི་ལམ་ཟིན་པ་དེ་ལ་ཤེས་པ་ནན་དུ་གཏད་ཅིང་། བག་ཆགས་གཞན་རྟོག་གི་བར་མ་ཆོད་པ་མན་ངག་ཡིན་ནོ། །ཐུན་གཅིག་གོ །བཞི་པ་གེགས་ངོས་བཟུང་ཏེ་བསལ་བ་ནི། སད་འབྱམས། བརྗེད་འབྱམས། འཁྲུལ་འབྱམས། སྟོང་འབྱམས། དྲེད་འབྱམས་དང་ལྔ་ལས། ལས་དང་པོ་བས་རྨི་ལམ་རྨི་ལམ་དུ་ངོ་ཤེས་པ་དང་དུས་མཉམ་དུ་སླར་གཉིད་སད་པ་དེ་ལ་སད་འབྱམས་ཟེར། དེ་བསལ་ཐབས་ནི། རང་གི་སྙིང་ག་མན་ཆད་ལ་སེམས་གཏད་ཅིང་དེ་ནས་གཉིད་དུས་རྐང་མཐིལ་གཉིས་སུ་མུན་པའི་ཐིག་ལེ་ནག་པོ་སྲན་མའི་རྡོག་པོ་ཙམ་པ་གསལ་བ་ལ་སེམས་ཡེ་རེ་གཏད་ནས་གཉིད་པས་གེགས་དེ་སེལ་ལོ། །དེ་ལས་གཉིས་པ་བརྗེད་འབྱམས་ནི། རྨི་ལམ་རྨི་ལམ་ཡིན་པར་ཤེས་ནས་རྨི་ལམ་དེ་གཞན་ལ་བཤད་པ་ལྟ་

བུ་རྨིས་ནས་ཐ་མ་འཁྲུལ་བ་རང་གར་འགྲོ་བ་དེ་ལ་ཟེར། དེ་བསལ་བ་ནི། ཉིན་པར་སྒྱུ་ལུས་སྦྱངས་ཤིང་རྨི་ལམ་གྱི་འདུན་པ་ལ་གོམ་པར་བྱའོ། །གཉིད་འགྲོ་ཚེ་རྨི་ལམ་རྨི་ལམ་དུ་ཤེས་པར་བྱ་སྙམ་པའི་རྟོག་པ་བག་ཆགས་གཞན་རྟོག་གིས་མ་ཆོད་པའི་དྲན་པ་བརྟེན་པས་སེལ་ལོ། །དེ་ལས་གསུམ་པ་འཁྲུལ་འབྱམས་ནི། ཇི་ལྟར་སྦྱངས་ཀྱང་རྨི་ལམ་གཏན་ནས་མི་ཟིན་པ་དེ་ཡིན། དེ་བསལ་བ་ནི། ཉིན་པར་རྨི་ལམ་གྱི་འདུན་པ་རྩེ་གཅིག་པ་དང་། སྒྱུ་ལུས་ནན་དུ་སྦྱངས། རླུང་བཟུང་བ་དང་། ཚོགས་བསྐང་བཤགས་ལ་སོགས་ཚོགས་བསགས་སྒྲིབ་སྦྱང་ལ་འབད། ཁྱད་པར་གཉུགས་ཡུན་བསྲིང་བས་སེལ་ལོ། །དེ་ལས་བཞི་པ་སྟོང་འབྱམས་ནི། སྣང་ཚུལ་གྱི་འདུན་པ་ཧ་ཅང་བསྒྲིམ་དྲག་པས་གཉིད་ཡར་བ་ཡིན་ནོ། །དེ་བསལ་བ་ནི། སྙིང་གི་དཀྱིལ་དུ་ཐིག་ལེ་ནག་པོ་གཅིག་བསམ་ནས་དེ་ལ་ཤེས་པ་ལྷོད་ཤས་ཆེ་བར་བཞག་ན་དེས་སེལ་ལོ། །དེ་ལས་ལྔ་པ་དྲེད་འབྱམས་ནི། དང་པོ་སྐྱོ་ཤས་ངེས་འབྱུང་དང་བཅས་པས་རི་ཁྲོད་སོགས་བསྟེན་ནས་ཉམས་ལེན་བྱས་པའི་རྨི་ལམ་ཅུང་ཟད་རེ་ཟིན་ཀྱང་། མཐར་འདོད་ཡོན་ལྔའི་ཞེན་པ་མ་ཆོད་ནས་དཀོར་སོགས་ལ་གཡེངས་བས་ཉམས་མྱོང་བར་ཆད་ནས་སྔར་ཐ་མལ་བ་ལྟར་ཤོར་བའི་དྲེད་པོ་ཆོས་རྒྱུས་མཁན་རང་ཉམས་དང་གཞན་འདྲའོ་སྙམ་པའི་དད་པ་མེད་པ་དེ་དག་ཡིན། དེ་བསལ་བ་ནི། རང་སྐྱོན་རང་གི་རིག་བཞིན་བློ་ལྡོག་རྣམ་བཞི་ནན་དུ་བསྒོམ་ནས་གྲོགས་མེད་གཅིག་པུར་དབེན་པ་བསྟེན་ནས་ཉམས་སུ་བླང་ན། སྔར་གྱི་ཉམས་རྟོགས་སོར་ཆུད་ནས་གེགས་སེལ་ལོ། །ཞོར་ལ་སྤྱིར་རྨི་ལམ་མི་ཟིན་པའི་རྒྱུ་བཞི་ཤེས་ནས་སྤངས་དགོས་ཏེ། དེའང་བླ་མ་ལ་མོས་གུས་མེད་པ། དམ་ཚིག་ལ་ཉམས་ཆག་ཡོད་པ། གོམ་པའི་ཤུགས་ཆུང་བ། བསྒོམ་ཚུལ་མ་ཤེས་པ་དང་བཞི་ཡིན། དེ་

བསལ་བ་ལ། བླ་མ་ནི་ངོ་བོ་སངས་རྒྱས་ཡིན་ཅིང་ཁྱད་པར་རང་ལ་རྒྱལ་བ་སྲས་བཅས་ཀྱི་བཀའ་དྲིན་ལས་བླ་མ་རང་བཀའ་དྲིན་ཆེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནི་ཐུགས་རྗེ་དང་བྱིན་རླབས་ཆེ་ཡང་། ད་ལྟ་རང་ཅག་ལ་མངོན་སུམ་དུ་ཁྲིད་དང་ངོ་སྤྲོད་གཅིག་ཙམ་ཡང་འདེབས་སུ་མི་འབྱོན་མོད། རྩ་བའི་བླ་མ་ཇི་ལྟར་ངན་སེམས་ཀྱང་གསུང་དེ་ནི་བསླུ་མེད་རྒྱལ་བའི་བཀའ་དཔང་པོ་བྱས་ནས་ཡོད་པས། དེའི་གསུང་ལ་རང་གིས་ཉན་ནས་ཉམས་སུ་བླང་ནུས་ན་ཐར་བའི་ལམ་སྣ་ཟིན་ངེས་ཡིན་པས། ཐར་བའི་ལམ་སྟོན་གྱི་བཤེས་གཉེན་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སུ་རེ་བ་བྱའོ། །ཉམས་ཆགས་ཡོད་ན་དེ་བློ་ཐོག་ཏུ་བླང་ལ་དགེ་ཚོགས་ལ་འབད་བཞིན་འགྱོད་སྡོམ་དྲག་པོས་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་བཤགས་པ་ཡང་བྱའོ། །བསྒོམ་པའི་ཤུགས་ཆུང་ན་ཞེ་བཅད་སྙིང་རུས་བྱས་ནས། ཉིན་མཚན་གཉིས་ཀ་ལ་རྣམ་གཡེང་གིས་བར་མ་ཆོད་པར་ལོ་དུས་ཙམ་སྦྱང་ངོ་། །བསྒོམ་ཚུལ་མ་ཤེས་ན་བསྒོམ་དོན་བློ་ལ་བླང་ནས་རྗེས་སུ་ནན་ཆེར་སྦྱང་ངོ་། །དེ་དག་ཐམས་ཅད་བྱས་པས་མི་ཟིན་མི་སྲིད། ལར་རྨི་ལམ་བར་དོར་ཟིན་ན་ཆོས་ཉིད་བར་དོ་དང་སྲིད་པ་བར་དོའང་དེ་དང་འདྲ་བས་ངོས་ཟིན་གསུངས་སོ། །དེའི་ཕྱིར་རྨི་ལམ་འཁྲུལ་བ་རང་གྲོལ་ལས། དེ་ཡང་རྨི་ལམ་ལན་བདུན་ཟིན་ན་བར་དོ་ངོས་ཟིན་པར་གསུངས་ཏེ། ཞབས་དཀར་བས། འབྲིང་གི་རྨི་ལམ་གང་རྨིས་རྨི་ལམ་དུ་ཤེས་པས། བར་དོར་མངོན་པར་སངས་རྒྱས་སོ། །ཞེས་པ་ལྟར་རོ། །དེ་ལྟར་དྲང་དོན་དང་བསྟུན་པའི་རྨི་ལམ་འབྱོང་ནས་ངེས་དོན་འོད་གསལ་ལ་སྦྱང་ངོ་། །གཉིས་པ་དོན་དམ་ངེས་དོན་དང་མཐུན་པ་དོན་གྱི་དངོས་གཞི་མ་ནོར་བ་གཏི་མུག་འོད་གསལ་གྱི་ངང་དུ་རྣལ་འབྱོར་པ་ཉལ་གཟིམ་ཆོག་པའི་ཚུལ་ལ། སྦྱོར་དངོས་

གཉིས་ལས། དང་པོ་ཚེས་གཅིག་ལྟ་བུའི་ཉིན་ཐུན་མཚམས་དམ་པོར་བཅད་ལ་ཟླ་གཅིག་སོང་བའི་གཉིད་ཉིན་ཞག་བཞི་ལ་བཅད་རྗེས་ཚེས་གསུམ་གྱི་ཉིན་ལྟ་བུ་ལ་རང་གི་ཡི་དམ་གྱི་ཚོགས་བསྐང་བྱ། འཛོམ་ན་ཚིལ་ཆེན་མར་མེ་དང་། མི་ཤའི་བརྒྱན་པའི་གཏོར་མ་བཤམས། དེ་མ་འབྱོར་ན་ནུབ་རེ་བཞིན་མཚན་ཐུབ་པའི་མར་མེ་རེ་ཚེས་བཅོ་ལྔའི་བར་ལྟ་བུ་ུལ་སྒྲོན་ནས་བཞག །སྦྱང་ལུགས་བློར་ཡོད་ན་དེས་ཆོག །མེད་ན་ཉམས་མྱོང་ཅན་གྱི་གྲོགས་པོ་དཔེ་ཆ་དང་མི་འབྲལ། ལར་གཉིད་འོད་གསལ་འདི་རིག་པ་མ་ནོར་བ་ངོ་འཕྲོད་ནས་རྗེས་ཐོབ་དུ་རེས་ཟིན་ཤས་ཆེ་བས་དུས་སུ་སྦྱངས། མིན་ཀྱང་རིག་པ་ངོ་མ་འཕྲོད་ན་དྲང་དོན་ལྟར་གོང་མ་སྦྱངས་པ་ཁོ་ན་ལས་འདི་ལ་བརྩོན་པ་དོན་མེད། རིག་པ་ངོ་འཕྲོད་པ་དང་། ངང་སྐྱོང་དུས་དང་། རྗེས་ཐོབ་ཟིན་དུས་སྦྱངས་ནས་ཐ་འབྲིང་རབ་ཀྱི་ཚད་ཡིན་པས་ཤེས་དགོས་སོ། །གཉིས་པ་དངོས་གཞི་ལ། གཉིད་འོད་གསལ། ཁམས་འོད་གསལ། ཉམས་འོད་གསལ། ཟུང་འཇུག་འོད་གསལ་དང་བཞི་ལས། དང་པོ་གཉིད་འོད་གསལ་ལ་སྦྱངས་ཚུལ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གནས་སྐབས་བདེ་ནས་བདེ་བ་ལ་བཀོད་ཅིང་མཐར་རིང་མིན་མྱུར་དུ་སངས་རྒྱས་པའི་ཆེད་དུ་བདག་གིས་ཉལ་ཆོག་གཏི་མུག་འོད་གསལ་ཉམས་སུ་བླང་བར་བྱའོ། །ལན་གསུམ། ཞེས་སེམས་བསྐྱེད། འོ་ན་དེ་ཡང་འདིར། བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། ཡི་དམ་༴མཁའ་འགྲོ་༴ཆོས་སྐྱོང་༴སོགས་བདག་གིས་འོད་གསལ་འབྱོངས་བར་བྱིན་གྱིས་རློབས། །ལན་གསུམ། དེ་ནས་མགོ་བྱང་དུ་གཏད་ལ་ལུས་སེང་གེའི་ཉལ་སྟབས་སུ་འཆོས། མགྲིན་པ་བཀུག །མིག་གྱེན་ལ་བལྟས་བཞིན་སྣ་གཡས་ནས་རླུང་རོ་ལན་གསུམ་འབུད། དེ་ནས་སྣ་གཡོན་ནས་འཇམ་རླུང་དལ་

བུས་རྔུབ་དེ་བར་རླུང་ལྷོད་ཤིག་གེ་བ་ཞིག་བརྟེན། དེ་ནས་གཉིད་ཡོལ་ཙ་ན་རླུང་ལྷོད་ལ་སྙིང་ཀར་ཐིག་ལེ་དཀར་པོ་ཕྱི་གསལ་ནང་གསལ་འོད་ཀྱི་རྣམ་པ་ཅན་གསལ་ནས་དེ་ལ་དམིགས་པ་གཏད་དེ། རིག་པ་ནང་དབྱིངས་སུ་ཟང་ཐལ་ལེ་ཟིན་བཞིན་རྟོགས་པས་བར་མ་ཆོད་པ་ཙེན་ནེ་གཉིད་སོང་བས་ད་ལྟའི་ཐུན་གྱི་འོད་གསལ་དང་། གཉིད་ཀྱི་འོད་གསལ་གཉིས་དབྱེར་མེད་དུ་འདྲེས་ནས་རྨི་ལམ་འཁྲུལ་འབྱམས་དང་། སྤྲུལ་བསྒྱུར་སོགས་འགགས་ནས། གཉིད་འོད་གསལ་ཀྱི་ངང་ལ་རིག་པ་རྗེན་ནེར་གནས་སོ། །དེའང་དང་པོ་ཉིན་སྣང་བཞིན་རིས་ཟིན་རེས་མི་ཟིན་ཀྱང་ཡང་ཡང་སྦྱངས་བས་མཐར་ཉིན་སྣང་མཚན་སྣང་འདྲེས་ན་ཚེ་འདིར་བར་དོ་ཆོད་པ་ཡིན། གལ་ཏེ་ལན་རེ་ཟུང་མ་ཟིན་ཕྱིན་ཆད་ནམ་ཞིག་གཞིའི་འོད་གསལ་ཀྱང་མི་ཟིན་པས་ད་ལྟ་སྦྱང་བ་གནད་ཡིན། དེའི་ཚུལ་ཀྱང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། གཉིད་ལོག་པ་ཐམས་ཅད་བསྒོམ་པའི་ཉམས་དང་མ་བྲལ་བར་གནས་པ་ནི། གཉིད་འོད་གསལ་ངང་ལ་གནས་པའོ། །ཞེས་པ་ལྟར་རོ། །ཐུན་གཅིག་གོ །དེ་ལས་གཉིས་པ་ཁམས་འོད་གསལ་དང་བསྲེ་བ་ནི། གོང་ལྟར་སེམས་བསྐྱེད་གསོལ་བ་བཏབ་ལ། ལུས་སེང་གེའི་ཉལ་སྟབས་སུ་འཆོས་ལ། དང་པོ་ཅུང་ཟད་ངལ་བ་ལྟ་བུའི་དཔྲལ་བ་ནས་དྲོད་ཨེན་ཙམ་བཅས་ཐིབས་ཀྱིས་གཉིད་ལོག་ཙ་ན། ས་ཆུ་ལ་ཐིམ་པའི་རྟགས་ཡིན་དེ་ཚེ་རིག་པ་ཟིན་བཞིན་སྙིང་ཀར་གཏད། དེ་ནས་ཤིས་པ་བྱིང་ཙ་ན། ཆུ་མེ་ལ་ཐིམ་པའི་རྟགས་ཡིན། དེ་དུས་སུ་ཡང་རིག་པའི་ངང་མི་ཤོར། དེ་ནས་ཤེས་པ་ཟ་ཟི་བྱུང་དུས་མེ་རླུང་ལ་ཐིམ་པ་ཡིན། དེ་ཚེ་ཡང་དེའི་ངང་ནས་གནས་ལུགས་མ་ཡེངས་བར་བྱ། དེ་ནས་གཉིད་ཧྲུལ་འགྲོ་ཙ་ན་རླུང་རྣམ་པར་ཤེས་པ་ལ་ཐིམ་པ་ཡིན། དེའི་ངང་དུ་རིག་པ་རྩེན་ནེར་གློད། དེ་ནས་

རྨི་ལམ་མེད་པ་ནང་གསལ་འོད་འཁྱིལ་ལེ་བ་ལྟར་ཝ་ལེ་ཡོད་པ་དེ་ནི་རྣམ་ཤེས་འོད་གསལ་ལ་ཐིམ་པ་ཡིན་ནོ། །དེའི་ངང་ལས་མ་གཡོས་ན་འཆི་བ་དང་པོ་འོད་གསལ་ཆོས་ཀྱི་སྐུར་གྲོལ་བའི་རྟགས་མངོན་དུ་གྱུར་པ་ཡིན་ཏེ། རྨི་ལམ་འཁྲུལ་བ་རང་གྲོལ་ལས། གཉིད་སྐྱེ་མེད་དྲན་མེད་གསལ་སྟོང་དུ་གནས་པར་འགྱུར་ཏེ། དེ་དུས་ཀྱི་གསལ་སྟོང་བློ་བྲལ་དེ་ངོས་ཟིན་ན་འོད་གསལ་ངོས་ཟིན་པ་ཞེས་བྱ་སྟེ། དེ་དང་འཆི་བའི་དུས་ཀྱི་ཚེ་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པའི་ཉམས་འདྲ་བས། བར་དོ་འབྱུང་བ་ཡིན་ཞེས་གསུངས་སོ། །ཐུན་གཅིག་གོ །དེ་ལས་གསུམ་པ་ཉམས་ཀྱི་འོད་གསལ་ལ་བསླབ་པ་ནི། སེམས་བསྐྱེད་གསོལ་འདེབས་ཉལ་ལུགས་དང་གསུམ་སྔར་ལྟར་ལ། རང་གི་སྙིང་དབུས་སུ་པདྨ་འདབ་བཞིའི་ལྟེ་བ་ལ་ངོ་བོ་རྩ་བའི་བླ་མ་ལ་རྣམ་འགྱུར་ཨོ་རྒྱན་པདྨ་འོད་ཕུང་གི་རྣམ་པར་བཀྲ་ལམ་མེར་གསལ་བ་ལ་དམིགས་པའི་འབེན་བྱས་ནས་གཉིད་དུ་སོང་བས་རིག་པའི་ངང་མ་ཤོར་བར་བྱས་པས་དང་པོ་དྲན་མེད་གསལ་སྟོང་དུ་ཡེ་རེ་གནས། དེའི་རྗེས་སུ་རྨི་ལམ་ལ་སྙིང་ཀའི་ཨོ་རྒྱན་དེ་གསལ་ལྷང་ངེར་འཆར། དེ་ནས་རིམ་གྱིས་སྦྱང་སྟོབས་ལ་ལྟོས་བཞིན་རང་ལུས་མལ་ས་ཁྱིམ་ནང་རང་ཡུལ་བཅས་མཐར་གླིང་བཞི་རི་རབ་དང་བཅས་པ་ཉིན་པར་བལྟས་པ་འདྲ་བ་གསལ་ལྷང་ལྷང་ཤར་བ་ཡིན་ཏེ། ཇི་སྐད་དུ། ཉམས་ཀྱི་འོད་གསལ་ནི། གཉིད་དུ་སོང་ཡང་མཐོང་སྣང་ཉིན་པར་མངོན་སུམ་ལྟར། རང་གནས་ལུང་པ་ཡུལ་ཁམས་ལ་སོགས་པ་གསལ་བར་མཐོང་ཞིང་། གཉིད་དུ་མ་སོང་ངམ་སྙམ་ན་ནི་སད་རྒྱུ་ཡོད་པའམ། གཉིད་དུ་སོང་སྙམ་ན་ནི་ཁྱིམ་གྱི་ནང་གི་དངོས་པོ་གསལ་བར་མཐོང་བའོ། །ཞེས་པ་ལྟར་རོ། །ཐུན་གཅིག་གོ །དེ་ལས་བཞི་པ་བསྐྱེད་རྫོགས་ཟུང་འཇུག་གི་འོད་གསལ་ནི།

གཞན་གོང་དང་འདྲ་ལ། རང་ལུས་སྐད་ཅིག་གིས་རྩ་བའི་ཡི་དམ་སུ་ལམ་མེར་གསལ་བའི་སྐུའི་སྟོང་ར་ཤེལ་དཀར་གྱི་ཁང་བཟང་ཕུབ་པ་ལྟ་བུའི་དབུས་སུ། རྩ་དབུ་མ་འོད་ཀྱི་རང་བཞིན་ཕྱི་ནང་ཟང་ཐལ་མར་སྣེ་ལྟེ་འོག་ཏུ་ཟུག་ཅིང་། ཡར་སྣེ་ཚངས་བུག་ཏུ་སླེབ་པ་ཁ་ཕྱེས་པ། རྩ་དེའང་ཤེལ་གྱི་ཀ་བ་བཙུགས་པ་ལྟར་དྲང་ཐལ་ལེ་ཡོད་པའི་སྙིང་གའི་ཐད་ཀྱི་དབུ་མའི་ནང་དུ། འོད་ཀྱི་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་རླུང་གི་དྭངས་མ་ལས་བྱུང་བའི་འཕར་ལིང་ངེ་བ་ཞིག་གསལ་བའི་འོད་ཀྱིས་རྩ་དང་སྐུའི་ནང་ཐམས་ཅད་གསལ་གྱི་ལེར་ཡོད་པར་བསམ་ལ་སྙིང་གའི་འོད་དེ་ལ་དམིགས་པའི་འབེན་བྱས་ནས་གནས་ལུགས་ཟང་ཐལ་ལེ་བསྐྱང་བས་ངང་མ་ཤོར་བས་བར་དོ་ཆོད་པ་ནི་འོད་གསལ་ཀྱི་དགོངས་པ་མ་ནོར་བ་ཡིན། དོན་ལ་བསྒོམ་ཚུལ་ཙམ་རེ་མ་གཏོགས་འོད་གསལ་ཐམས་ཅད་རོ་གཅིག་པ་ཡིན་པས་རང་རང་གི་གང་ཟིན་པ་དེ་སྦྱངས་ན་ཆོག་པ་དང་། འོན་ཀྱང་ཉམས་འོད་གསལ་དེ་རྐྱང་བ་ལ་ཞེན་ན་བར་དོ་དང་པོ་ལ་མི་གྲོལ་ཀྱང་། ཆོས་ཉིད་བར་དོ་རྗེས་དྲན་གྱི་དུས་དང་ཐིམ་ལུགས་རྫོགས་ཚེ་མི་གྲོལ་བའི་སྐྱོན་མི་སྣང་། ཅེས་སོ། །གསུམ་པ་རྗེས་ལ་སྐྱོན་ཡོན་གཉིས་ལས། དང་པོ་རྨི་ལམ་བར་དོ་མ་སྦྱང་བའི་སྐྱོན་ནི། ལར་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་། ཁྱད་པར་བར་དོ་གཞན་ལྔ་པོའང་རང་འཁྲུལ་བའི་ཤུགས་བག་ཆགས་ཀྱི་སྣང་བ་རྨི་ལམ་ཙམ་མ་གཏོགས་མེད་ཅེས་མདོ་རྒྱུད་མཐའ་དག་ནས་གསུངས་པས་ཡིད་ཆེས་ཀྱང་། ད་ལྟ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་ནའང་སྙམ་པའི་གོ་བ་རྐྱང་པས་བར་དོ་མི་ཆོད་དེ། དཔེར་ན་སྐྱེ་གནས་བར་དོའི་རང་ལུས་འདི་བདེན་གྲུབ་ཀྱི་རང་བཞིན་ཅན་མེད་པ་ཤེས་ཀྱང་

འདིའི་གཅེས་འཛིན་མི་ཆོད། དེ་མ་ཆོད་པས་དགྲ་གཉེན་གྱི་ཆགས་སྡང་དང་། འདོད་ཡོན་ལྔའི་ཞེན་པ་མི་ཆོད། དེ་དག་མ་ཆོད་བཞིན་སྐྱེ་གནས་བར་དོར་མི་གྲོལ་མོད། ལར་ཞེན་པ་རགས་པ་དེ་དག་མ་ཆོད་ན་གང་དེ་ལ་བསམ་གཏན་བར་དོ་ཤར་ཀྱང་ཡུན་རིང་མི་ཟིན་ནས་མཉམ་རྗེས་མ་འདྲེས་པའི་རང་སྐྱོན་ཐེལ་ལ་བུད་པ་ཡིན་པས། ད་ལྟ་བདེ་མོར་ཡོད་དུས་གློ་བུར་གྱི་རྐྱེན་ཕྲ་མོ་ཙམ་རེ་ཡང་མི་ཁྱག་ན། ནམ་ཞིག་འཆི་ཁའི་སྡུག་བསྔལ་ཐམས་ཅད་རང་གྲོལ་དུ་ག་ལ་འགྱུར། དེས་ན་ད་ལྟ་རྨི་ལམ་དུ་འོད་གསལ་མ་ཟིན་ན་ཤི་བའི་དུས་ཀྱི་འོད་གསལ་ཀྱང་ཟིན་དཀའ་ཞིང་། ཁྱད་པར་རྨི་ལམ་ཡིན་པའི་ངོ་མི་ཤེས་ན། ཆོས་ཉིད་བར་དོའི་སྒྲ་འོད་ཟེར་གསུམ་རང་སྣང་ཡིན་པ་ཤེས་དོན་མེད། དེ་དུས་རང་སྣང་དུ་མ་ཤེས་པས་སྲིད་པ་བར་དོ་ཁ་འཁྱོལ་ན་ལས་བཟང་ངན་གྱི་རྗེས་སུ་ཡིད་འབྲངས་དགོས་པའི་ཕྱིར། བར་དོ་གོང་མ་ཐམས་ཅད་དུ་མ་གྲོལ་ན་དེར་མི་གྲོལ་བར་ཤེས་ནས། ད་ལྟ་ཉིན་སྣང་གི་རིག་པ་ཟིན་པ་མཚན་སྣང་རྨི་ལམ་དུ་མ་འདྲེས་ན་མཉམ་རྗེས་འདྲེས་པའི་དུས་མི་འོངས། ཉམས་ལེན་འཁྲུལ་བས་བར་བཅད་དེ་བར་དོ་ཐམས་ཅད་མི་ཆོད་པ་ནི། རྨི་ལམ་འོད་གསལ་དུ་མ་གྲོལ་བའི་སྐྱོན་ཡིན་དེ། རྨི་ལམ་འཁྲུལ་བ་རང་གྲོལ་ལས། རྨི་ལམ་བར་དོ་ལ། བག་ཆགས་ཀྱི་མཚམས་སྦྱར་བའི་ཉམས་ལེན་མེད་ན། ཉིན་སྣང་དང་མཚན་སྣང་མི་འདྲེས་ཤིང་། ཉམས་ལེན་ལ་བར་ཆད་པའི་ཉེས་པ་ཡོད་དོ། །ཞེས་པ་ལྟར་རོ། །དེ་ལས་གཉིས་པ་རྨི་ལམ་བར་དོ་སྦྱང་ན་འོད་གསལ་ཟིན་པའི་ཡོན་ཏན་ཕན་ཡོན་ནི། སྔར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ལས་རང་བཞིན་གྲུབ་པ་མེད་པར་གོ་བ་དང་། རང་སྣང་དག་པ་རབ་འབྱམས་ཡིན་ནོ་སེམས་པ་དང་། ཚོགས་བསགས་སྒྲིབ་སྦྱང་གི་དགེ་སྦྱོར་དང་། རྒྱུ་འབྲས་ཡིད་ཆེས་

ཀྱི་དད་པ་དང་། གཞན་ཕན་ཀུན་རྫོབ་ཀྱི་སེམས་བསྐྱེད་གང་གི་ཡོན་ཏན་གྱི་དོ་ཟླ་མེད་དེ། དེ་དག་གང་གིས་ཀྱང་ཚེ་ལུས་འདི་ཉིད་དུ་མཉམ་རྗེས་ཀྱང་མི་འདྲེས། བར་དོ་ཡང་མི་ཆོད། འཁྲུལ་སྣང་ཡང་མི་འགགས་མོད་དེ། རྨི་ལམ་འོད་གསལ་ཟིན་པས་ནི་བར་དོ་ཐམས་ཅད་གྲོལ་ངེས་ཏེ། ཅིའི་ཕྱིར་ན་སྐྱེ་གནས་བར་དོ་ཐོས་བསམ་བསྒོམ་གསུམ་གྱི་སྙིང་པོ་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་ཁོ་ན་ཡིན་དེ་ངོ་འཕྲོད་པས་སྦྱང་སྟོབས་ཀྱིས་ཉིན་སྣང་རིག་པའི་ངང་ལས་མི་གཡོ་བ་དེ་ཙམ་ན། མཚན་སྣང་སྦྱང་བས་རིམ་གྱིས་ཟིན་ནས་རིག་པ་ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ཏུ་ཤར་བའི་ཚེ་བར་དོ་གཞན་འགྲིམ་མི་དགོས་པར་ཚེ་གཅིག་ལུས་གཅིག་གི་སྟེང་ནས་གྲོལ་བ་ཡིན། དེའང་ཞི་གནས་རྐྱང་བ་ལ་མ་ལྟོས་པས་འཁོར་བར་མི་ལྷུང་། ལྷག་མཐོང་དང་འབྲེལ་བས་རྣམ་མཁྱེན་ལ་རེག །ཐེག་པ་ཆེན་པོ་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་པས་གཞན་གྱི་ཕྲིན་ལས་མི་འགགས་པར་འཁོར་བ་མ་སྟོང་བར་དུ་སེམས་ཅན་གྱི་དཔལ་དུ་ཤར། མདོར་ན་ཆོས་ཉིད་ཆུ་བོའི་རྒྱུན་ལ་གནས་པའི་རྣལ་འབྱོར་བར་འགྱུར་བ་ནི་རྨི་ལམ་འོད་གསལ་ཟིན་པའི་ཡོན་ཏན་ནམ་ཕན་ཡོན་ཡིན་ཏེ། རྨི་ལམ་འཁྲུལ་བ་རང་གྲོལ་ལས། རྨི་ལམ་བར་དོ་བག་ཆགས་ཀྱི་མཚམས་སྦྱོར་བས། ཉིན་མཚན་གྱི་ཉམས་ལེན་བར་མི་ཆད་དེ། ཉམས་ལེན་ཆུ་བོའི་རྒྱུན་ལ་ཁེལ་བའི་ཡོན་ཏན་ཡོད་དོ། །དེ་ལྟར་རྨི་ལམ་བར་དོའི་གདམས་ངག་གཏི་མུག་འོད་གསལ་གྱི་ངང་དུ་གཟིམ་ཉལ་ཆོག་པའི་ཁྲིད་བཤད་པ་བྱས་པ་ལེགས་སོ། །སྤྱི་དོན་བཞི་པ་འཆི་ཁ་བར་དོའི་གདམས་ངག །གང་འདོད་དག་པའི་ཞིང་དུ་འགྲོ་ཆོག་པའི་ཁྲིད་ལ། བཤད་བྱའི་ཡན་ལག་དང་། བཤད་པའི་དངོས་གཞི་དང་།

མཇུག་དོན་དང་གསུམ་ལས། དོན་དང་པོ་བཤད་བྱའི་ཡན་ལག་ལ། ངོ་བོ། ངེས་ཚིག །མཚན་ཉིད། ས་མཚམས། དཔེ། ལུས། སྣང་ལུགས། གནས་ལུགས་དང་བརྒྱད་ལས། དང་པོ་ངོ་བོ་ནི། ད་ལྟ་ཐ་མལ་གྱི་ཤེས་པ་བཟོ་མ་བྱས་པའི་ངོ་བོ་འདི་རང་ཡིན་ནོ། །གཉིས་པ་ངེས་ཚིག་ནི། ཅིའི་ཕྱིར་འཆི་ཁ་བར་དོ་ཞེས་བྱ་ཞེ་ན། འཇིག་རྟེན་འདིའི་སྣང་བ་ནི་ནུབ་ལ་ཁད། ཕྱི་མའི་ཡུལ་དུ་ནི་འགྲོ་ལ་ཁད་དེ། དཔེར་ན་མི་གཅིག་ག་ཤེད་ཞིག་ཏུ་འགྲོ་ལ་ཁད་པ་དེ་ལ་འགྲོ་ཁ་མ་ཟེར་བ་བཞིན་དུ། འཆི་བའི་འཇིགས་པ་འོང་ལ་ཁད། འཇིག་རྟེན་ཕ་རོལ་ཏུ་འགྲོ་ལ་ཁད་པའི་ཕྱིར། འཆི་ཁ་ཞེས་བྱ། དེའི་བར་གྱི་སྡུག་བསྔལ་དེ་མྱོང་བདོ་བའི་ཕྱིར། འཆི་ཁ་བར་དོ་ཞེས་མིང་དུ་བཏགས་སོ། །གསུམ་པ་འཆི་ཁ་བར་དོའི་མཚན་ཉིད་ནི། འཆི་ཁའི་ནད་ཀྱིས་འབྱུང་བ་འཁྲུགས་ཏེ། ལུས་ངག་ཡིད་གསུམ་སྡུག་བསྔལ་བའི་མཚན་ཉིད་ཅན་དེ། འཛིན་ཆགས་དང་ཞེན་པའི་མཚོ་རྡོལ་ནས། ལུས་སེམས་བྲལ་གྱི་དོགས་པའི་སྡུག་བསྔལ་དང་། མི་འགྲོ་རང་དབང་མེད་པར་འགྲོ་དགོས་པའི་སྡུག་བསྔལ་དང་། མཛའ་བཤེས་དང་ནོར་རྫས་ཡུལ་འཁོར་ལ་ཆགས་ཀྱང་འགྲོགས་པའི་དབང་མེད་དེ། སེམས་ཞེན་ཅིང་ཆགས་པའི་སྡུག་བསྔལ་དང་། དེ་ལྟ་བུའི་སྡུག་བསྔལ་ཤིན་ཏུ་རགས་པ་དེའི་དབང་གིས་ཤེས་པ་བན་བུན་ལང་ལོང་དུ་སོང་སྟེ། ཤེས་པ་གཅིག་དུ་མི་གནས་པ་ནི་འཆི་ཁའི་བར་དོའི་མཚན་ཉིད་ཡིན་ཏེ། རྒྱུད་འཁོར་འདས་རང་གྲོལ་ལས། འཆི་ཁ་མ་ཡི་ཆོས་ཉིད་ནི། །འཆི་རྐྱེན་ནད་ཀྱི་འབྱུང་བ་འཁྲུགས། །ལུས་ངག་ཡིད་ཀྱི་སྡུག་བསྔལ་ཏེ། །འཛིན་ཆགས་ཞེན་པའི་མཚོ་རྡོལ་ནས། །ལུས་སེམས་བྲལ་གྱིས་དོགས་

པ་ཡིས། །སྡུག་བསྔལ་ཤིན་ཏུ་རགས་པ་སྟེ། །བན་བུན་དང་ནི་ལང་ལོང་དང་། །ཤེས་པ་གཅིག་ཏུ་མི་གནས་སོ། །ཞེས་སོ། །བཞི་པ་འཆི་ཁ་བར་དོའི་ས་མཚམས་ནི། འཆི་རྐྱེན་ནད་ཀྱིས་ཐེབ་ནས་ནང་དབུགས་མ་ཆད་ཀྱི་བར་དེའོ། །ལྔ་པ་འཆི་ཁ་བར་དོའི་དཔེ་ནི། མཚང་ཅན་གྱི་མི་གཅིག་ཡུས་ཅན་གཅིག་གི་ལག་ཏུ་བཙོན་ལ་འགྲོ་བ་དང་འདྲ་སྟེ། དེའང་དཔེར་ན་མཚང་ཅན་གཅིག་ཡུས་ཅན་གྱི་ལག་ཏུ་བཙོན་ལ་འགྲོ་བ་དེ། འགྲོ་བ་ལ་ཤིན་ཏུ་འཚེར། སྡུག་བསྔལ་འོང་བ་ནི་ཤེས། མི་འགྲོ་བའི་དབང་ནི་མེད། འདུག་པར་སྤྲོ་ཡང་འདུག་དབང་ནི་མེད་པ་བཞིན་དུ། འཆི་ཁ་བར་དོ་ཡང་འཆི་བ་འོང་བ་ནི་ཤེས། མི་འཆི་བར་སྡོད་པར་སྤྲོ་ཡང་དབང་ནི་མེད། བསོགས་པའི་ནོར་ནི་ཁྱེར་ས་མེད་པས་ཤུལ་དུ་ལུས། འགྲོགས་པའི་གྲོགས་ནི་འགྲོགས་དབང་མེད་པར་སོ་སོར་བྲལ་ལ་ཁད། བདག་གཅིག་པུ་ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་འཁྱམས་དགོས་པར་ཤེས་ཀྱང་། རང་དབང་མེད་པར་ཤིན་ཏུ་སྡུག་བསྔལ་ལོ། །ཅེས་སོ། །དྲུག་པ་འཆི་ཁ་བར་དོའི་ལུས་ནི། ལུས་སེམས་བྲལ་བའི་ནད་གཅོད་ཀྱིས་གདུང་བའི་སྡུག་བསྔལ་ལོ། །བདུན་པ་འཆི་ཁ་བར་དོའི་སྣང་ལུགས་ནི། སྡུག་བསྔལ་དང་ཞེན་ཆགས་ཀྱི་དབང་དུ་སོང་བས་ཞེན་ཆགས་སྡུག་བསྔལ་གྱི་སྣང་བའོ། །བརྒྱད་པ་འཆི་ཁ་བར་དོའི་གནས་ལུགས་ནི། འཆི་ནད་ཀྱིས་ཐེབ་ནས། བེམ་རིག་མ་བྲལ་གྱི་བར་དུ་ཞེན་པ་དང་། ཆགས་པ་དང་། རང་གཅིག་པུར་འགྲོ་བ་ལ་འཚེར་བ་དང་། ཤུལ་དུ་ལུས་པ་ལ་སེམས་འཕྲེང་བ་ལ་སོགས་པའི་སྡུག་བསྔལ་གྱི་རང་བཞིན་དུ་གནས་པའོ། །གློ་བུར་དུ་ཤི་ན་ཤེས་པ་སྔངས་སྐྲགས་ཀྱི་རང་བཞིན་དུ་གནས་པའོ། །གཉིས་པ་དངོས་གཞི་ལ། འཆི་ཁ་བར་དོའི་གདམས་ངག་དང་། འཕོ་བ་གཉིས་

ལས། དང་པོ་གདམས་ངག་ལ། གདམས་པའི་མཚོན་ཚུལ། འཆི་བའི་ལྟས། ངོ་སྤྲོད་ཚུལ་དང་གསུམ་ལས། དང་པོ་གདམས་པའི་མཚོན་ཚུལ་ནི། རྒྱལ་པོས་བཀའ་འཕྲིན་བསྐུར་བ་ལྟ་བུ་སྟེ། དཔེར་ན་མི་ཞིག་ལ་རྒྱལ་པོས་བཀའ་འཕྲིན་བསྐུར་ན་ཆད་པ་བྱུང་གིས་དོགས་པས་མི་བརྗེད་པ་ལྟར། བར་དོའི་གདམས་པ་གསལ་བཏབ་པས། རང་ཉིད་འཁོར་བར་ལྟུང་གིས་དོགས་ནས་མི་བརྗེད་པ་གལ་ཆེ་སྟེ། དེའང་འཆི་ཁ་བར་དོའི་གདམས་ངག་འདི་དབང་པོ་རབ་འབྲིང་གི་སྤྱོད་ཡུལ་ཡིན་པས། འབྲིང་གི་རབ་ཀྱིས་འཆི་ལྟས་ཚང་བའི་དུས་སུ་ཚེ་འདིའི་ཞེན་འཛིན་མེད་པར། བླ་མའི་གདམས་ངག་འབའ་ཞིག་ཡིད་ལ་གསལ་དུང་དུང་འདུག་པ་དེས་ཆོག་གོ །འབྲིང་གི་འབྲིང་ལ་བླ་མ་སོགས་ཀྱིས་གསལ་བཏབ་པས་གསལ་ལམ་གྱིས་འགྲོ་བ་དེའི་ཆོག་པའོ། །འབྲིང་གི་ཐ་མ་སྐད་ཅིག་ཀྱང་གདམས་པའི་དོན་ལས་མ་ཡེང་པར་བྱེད་པའོ། །གཉིས་པ་འཆི་ལྟས་བརྟགས་པ་ལ་གཉིས་ཏེ། ཀློང་གསལ་ལས། གང་ཞིག་སྐྱེས་ནས་འཆི་བའི་ཚེ། །རྟགས་ནི་རྣམ་པ་གཉིས་སུ་བཤད། །ཅེས་པའི་རིང་ལྟས་ཉེ་ལྟས་གཉིས་ལས། དང་པོ་རིང་ལྟས་ནི། རྨི་ལམ་གྱི་ལྟས་ལོག་པ་མགོ་ལ་བྱ་ཚང་བཅའ་བ། སྙིང་ཀར་ཚེར་མ་སྐྱེས་པ། གཅེར་བུ་གཅིག་པུ་རྒྱུ་བ། བོང་བུའམ་གླང་ལ་ཞོན་པ་ཐུར་རམ་ལྷོར་འགྲོ་བ། འཕྲང་ངན་པར་[གཅིག་པར་]གཅིག་པུར་འགྲིམས་པ། གཅེར་བུ་མང་པོ་གནས་པའི་ཁྲོད་དུ་མེ་ཏོག་དམར་པོའི་རྒྱན་བཏགས་ནས་འདུག་པ། འཇིགས་རུང་གི་དཔུང་མང་པོའི་བསྐོར་བ་གང་རུང་རྨིས་ན་འཆི་ལྟས་ཡིན། ནམ་མཁའི་ཚེ་གཟུགས་ཡལ་བ། གནམ་སའི་ཀ་གདུང་ཆད་པ། ཐོས་བྱེད་སྒྲ་ཉམས་པ། མཐོང་བྱེད་ཀྱི་འོད་ཉམས་པ། ཤེས་རྒྱུད་འགྱུར་བ་རྣམས་

རིང་ལྟས་ཡིན་པས། བརྟགས་ལ་འཆི་བ་བསླུ་བའི་ཐབས་ལ་འབད། མི་བསླུ་བའི་ཚེ་ལོངས་སྤྱོད་ཅི་བདོག་མཆོད་སྦྱིན་བྱས་ལ། རབ་གངས་ཁྲོད་དམ་རི་རྩེ། འབྲིང་རྒྱུས་མེད་པའི་ཡུལ། ཐ་མ་དབེན་པར་ཆོས་གྲོགས་གཅིག་ཙམ་ཉེ་དྲུང་དུ་བཞག་ལ་ཡར་དཀོན་མཆོག་ལ་མཆོད་ཅིང་མར་འབྱུང་པོ་ལ་གཏོར་མ་བསྔོས་ལ། གདམས་པ་གསལ་བར་བྱའོ། །གཉིས་པ་ཉེ་ལྟས་ལ། འབྱུང་བའི་ཐིམ་ཚུལ། རླུང་གི་འབྲོས་ཚུལ། སྣང་བའི་སྡུད་ཚུལ་དང་གསུམ་ལས། དང་པོ་འབྱུང་བའི་ཐིམ་ཚུལ་ནི། ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་རང་ཐིམ་པས། །ལུས་ནི་ལྕི་ཞིང་ལྡང་མི་ནུས། །ལང་ནས་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །ལུས་ཀྱི་བཀྲགས་མདངས་གཟི་མདངས་ཉམས། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་གཡོབ། །མིག་ཀྱང་གྱེན་ལ་ལྡོག་པར་བྱེད། །རྟགས་འདི་སུ་ལ་བྱུང་བ་དེ། །འདི་ལ་མི་གནས་ཕ་རོལ་འགྲོ། །དེ་ཚེ་བླ་མའི་གདམས་ངག་རྣམས། །རང་གི་རྒྱུད་ལ་འདྲེས་པར་བྱ། །ཞེས་གསུངས་པ་དང་། སྔ་འགྱུར་ལྟར་ན། དང་པོ་ས་ཆུ་ལ་ཐིམ་པས་ཕྱི་རྟགས་སུ་ལུས་འགུལ་བསྐྱོད་མི་ནུས་ཤིང་ཟུང་ཟད། ལུས་ས་ལ་བྱིང་སྙམས་བྱེད། ནང་རྟགས་སུ་རྨིག་སྒྱུ་ལྟ་བུ་སྔོ་མེར་མེར་བ་དང་། སྔོ་རིབ་རིབ་པ་དང་ཆར་ཟིལ་དང་ཆུ་གཡོ་བ་ལྟ་བུ་འབྱུང་། ཆུ་མེ་ལ་ཐིམ་པས་ཕྱི་རྟགས་སུ་ཁ་སྣ་སྐམ་ཤིང་ལྕེ་རྐན་ཕུག་ཏུ་འགྲོ། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟར་དམར་ཕྲོམ་ཕྲོམ་བྱུང་། མེ་རླུང་ལ་ཐིམ་པས་ཕྱི་རྟགས་སུ་ལུས་ཀྱི་དྲོད་མཐའ་ནས་ཡལ་ཞིང་ཕོ་བའི་མེ་དྲོད་ཉམས། ནང་རྟགས་སུ་དུ་བ་འཕྱུར་བ་དང་། དུད་ལྡང་ཆག་པ་ལྟ་བུ་འབྱུང་། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་

རྟགས་སུ། དབུགས་ཕྱིར་རིང་དུ་ུརྒྱུ་ཞིང་། ནང་དུ་སྡུད་མི་ཤེས། ནང་རྟགས་སུ་མེ་འབར་བ་དང་། སྒྲོན་མེའི་ཕྲེང་བ་བཏེགས་པ་ལྟ་བུ་འབྱུང་། གཉིས་པ་རླུང་གི་འབྲོས་ཚུལ་ནི། ཀློང་གསལ་ལས། འདེགས་བྱེད་དོན་གྱི་རླུང་བྲོས་པས། །ཤ་ཚ་ཁ་སྐམ་གཤིན་དྲི་བསྣམས། །དྭངས་སྙིགས་འབྱེད་པའི་རླུང་བྲོས་པས། །བཟའ་བཏུང་མི་ལེན་ལུས་སྟོབས་འཆོར། །མེ་དང་མཉམ་པའི་རླུང་འབྲོས་པས། །ལུས་ཀྱི་དྲོད་ནི་མཐའ་ནས་འཆོར། །བསྐལ་བ་ལས་ཀྱི་རླུང་བྲོས་པས། །ལུས་ལ་ཟིང་ཟིང་ཕྱད་ཕྱོད་མང་། །རྩ་ཕྲན་ཁྲག་ནི་སྲོག་རྩར་འདུས། །ཞེས་སོ། །གསུམ་པ་སྣང་བའི་སྡུད་ཚུལ་ལ། ཕྱི་དབུགས་ཆད་ཚུལ། སྣང་མཆེད་ཐོབ་གསུམ། བརྒྱལ་བ་དང་འོད་གསལ་གྱི་ཁྱད་པར། གཉིས་ཀའི་ཡུན་རིང་ཐུང་གི་ཚད་དང་བཞི་ལས། དང་པོ་ཕྱི་དབུགས་ཆད་ཚུལ་ནི། ཀློང་གསལ་ལས། དེ་ཚེ་སྣང་བ་འདི་ལྟར་འདུ། །ཕྱི་ཡི་དབང་པོ་དྲན་བྱེད་རྣམས། མུན་སྲོས་བཞིན་དུ་འུབ་ཀྱིས་འདུས། །རིག་པ་སྙིང་གི་དཀྱིལ་དུ་འདུས། སྨྲ་ཡང་མི་ཤེས་དྲན་པ་ཉམས། དེ་ནས་ལུས་ཀྱི་ཁྲག་འདུས་ནས། །སྲོག་རྩའི་ནང་ནས་སྙིང་དུ་བརྒྱབ། ཁ་དང་མིག་ནི་སྐྱ་ལོག་བྱེད། །དབུགས་ནི་ཁྲུ་གང་ཙམ་དུ་ཆད། །དེ་ནས་ཁྲག་ཐིག་གཉིས་བརྒྱབ་པས། །མགོ་གུག་དབུགས་ནི་མདའ་གང་ཆད། །དེ་ནས་ཁྲག་ཐིག་གསུམ་བརྒྱབ་པས། །ཨིག་ཅེས་དབུགས་ནི་འདོམས་གང་ཆད། །དེ་ནས་ཕྱི་དབུགས་ཆད་པ་དང་། །རིག་པ་སྙིང་དཀྱིལ་བརྒྱལ་ནས་སྡོད། །ཅེས་གསུངས་པ་ལྟར། དཔེར་ན་སེར་འཚོགས་ལྟ་བུ་སྔས་མགོར་ཡོད་ན་དེ་དག་གི་འདོན་པ་གསུང་བའི་སྒྲ་ལ་ཉན་ན་འུར་རུ་རུ་ཙམ་ལས་ཚིག་འབྲུ་ཐོས་རྒྱུ་མེད་ན་རྣ་བའི་རྣམ་པར་ཤེས་པ་འགགས་པ་ཡིན། དེ་བཞིན་དུ་མིག་གིས་གཟུགས་ལ་བལྟས་པས་ཀྱང་ལང་ངེ་ལོང་ངེ་ཞིག་ལས་གཟུགས་འདི་ལྟ་བུ་དེ་སྙམ་

དུ་མི་མཐོང་ཙ་ན་མིག་གི་རྣམ་པར་ཤེས་པ་འགགས་པ་ཡིན། དེ་བཞིན་དུ་སྣའི་དྲི། ལྕེའི་རོ། ལུས་ཀྱི་རེག་བྱ་དང་གསུམ་ཡང་གསལ་བར་མི་མྱོང་བ་ལྟ་བུ་ཞིག་འོང་དུས་དྲི་རོ་རེག་གསུམ་གྱི་དབང་པོ་ཡང་འགགས་པ་ཡིན། དེ་ལྟར་འཆི་ཁ་མའི་སེམས་ཀྱི་མཚན་ཉིད་ནི། ཐལ་འགྱུར་ལས། འཆི་ཁའི་ལིང་ལིང་བན་བུན་དང་། །ཤེས་པ་གཅིག་ཏུ་མི་གནས་པའོ། །དེ་ནས་རིག་པ་སྙིང་གི་དཀྱིལ་དུ་འདུས་ནས་སྨྲ་ཡང་མི་ཤེས་པར་དྲན་པ་ཉམས། དེ་ཚེ་ལུས་ཀྱི་ཁྲག་ཐིག་གཅིག་སྲོག་རྩའི་ལམ་ནས་སྙིང་གི་དཀྱིལ་དུ་བབས་པས་མོད་ལ་ཁ་དང་མིག་སྐྱ་ལོག་གིས་འགྲོ་ཤིང་དབུགས་རིང་གཅིག་ཕྱིར་ལ་འཕང་དུས་སྣང་བའི་ཉམས་ཤར་ཞིང་དབུགས་གྲུ་གང་ཙམ་དུ་ཆད། དེ་བཞིན་ཁྲག་ཐིག་གཉིས་བབས་དུས་དབུགས་གཉིས་ཕྱིར་ལ་འཕང་དུས་མཆེད་པའི་ཉམས་ཤར་ཞིང་དབུགས་མདའ་གང་ཙམ་དུ་ཆད། ཁྲག་ཐིག་གསུམ་བབས་དུས་ཧིག་སྒྲ་ཅན་གྱི་དབུགས་རིང་གསུམ་པ་ཕྱིར་ལ་འཕང་བ་དང་མཉམ་དུ་ཉེར་ཐོབ་ཤར་ཞིང་ཕྱི་དབུགས་ཁྲོག་གིས་ཆད་ནས་བརྒྱལ་འགྲོ་བ་ཡིན། དེའང་ཀློང་ཆེན་རིན་པོ་ཆེའི་ཞལ་ནས། ཐ་མ་སྙིང་ནང་དུ་ཁྲག་ཐིག་གསུམ་གྱིས་འོད་གསལ་གྱི་རྩ་གང་བར་བྱས་དུས་མི་གཅིག་ཟན་ཟ་བའི་རིང་དུ་དྲན་མེད་དུ་བརྒྱལ་བའོ། །གཉིས་པ་སྣང་མཆེད་ཐོབ་གསུམ་ནི། དེ་ནས་ཨཾ་ཧཾ་གཉིས་སྙིང་གར་འཕྲད་ནས་འོད་གསལ་འཆར་རོ། །ཞེས་གསུངས་པས་ཅི་ལྟར་བརྒྱལ་ཞིང་འཆར་ཞེ་ན། དེའི་དུས་སུ་སྤྱི་བོ་ནས་ཕ་ལས་ཐོབ་པའི་དཀར་ཆ་ཐུར་དུ་བབས་སྟེ། ཕྱི་རྟགས་སུ་ནམ་མཁའ་ལ་ཟླ་འོད་ཕོག་པ་ལྟ་བུའི་འོད་དཀར་ལམ་ལམ་འཆར། ནང་རྟགས་སུ་ཞེ་སྡང་གི་རྟོག་པ་སུམ་ཅུ་རྩ་གསུམ་འགགས་གསང་རྟགས་སུ་ཤེས་པ་གསལ་ཉམས་

དང་ལྡན། དེ་ནི་སྣང་བའི་ཉམས་ཡིན་ནོ། །ཡང་ལྟེ་འོག་ནས་མ་ལས་ཐོབ་པའི་ཨ་ཐུང་ལས་དམར་ཆ་གྱེན་དུ་ཡར་བའི་དུས་སུ་ཕྱི་རྟགས་སུ་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཕོག་པ་ལྟ་བུའི་དམར་ལམ་འཆར། ནང་རྟགས་སུ་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། གསང་རྟགས་སུ་ཤེས་པ་བདེ་ཉམས་དང་ལྡན། དེ་ལ་མཆེད་པ་ཞེས་བཏག་གོ །དེ་ནས་དཀར་དམར་གཉིས་སྙིང་དབུས་སུ་འཕྲད་པའི་བར་དུ་རྣམ་ཤེས་ཚུད་ནས་གནམ་ས་ཁ་བརྡབ་པ་ལྟ་བུའི་སྣང་བ་སྐྱེ། ཕྱི་རྟགས་སུ་ནམ་མཁའ་ལ་སྨག་གིས་ཁྱབ་པ་ལྟ་བུའི་ནག་ལམ་འཆར། ནང་རྟགས་སུ་གཏི་མུག་གི་རྟོག་པ་བདུན་འགགས། གསང་རྟགས་སུ་ཤེས་པ་མི་རྟོག་པའི་ཉམས་དང་ལྡན། དེ་ལ་ཉེར་ཐོབ་བཏགས་ཅིང་ལྷན་ཅིག་སྐྱེས་དགའ་ཤར་བ་དང་མཉམ་དུ། མཆན། བརྒྱལ་ལོ། །གསུམ་པ་བརྒྱལ་བ་དང་འོད་གསལ་གྱི་ཁྱད་པར་ནི། དེའང་བརྒྱལ་བ་དང་འོད་གསལ་ཞེས་ངོ་འཕྲོད་མ་འཕྲོད་ཙམ་ལས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། ཀརྨ་གླིང་པས། དེ་ཡང་ཕྱི་དབུག་ཆད་ནང་དབུག་མ་ཆད་པའི་བར་དེར། རླུང་ཨ་ཝ་དྷུ་ཏིར་ཐིམ་པའི་དུས་ཡིན་ཏེ། དེ་ལ་ཕལ་བའི་རྣམ་ཤེས་བརྒྱལ་ཟེར་རོ། །ཞེས་དང་། ཕྱི་དབུག་ཆད་ནས་རླུང་ཡེ་ཤེས་ཀྱི་དྷུ་ཏིར་ཐིམ་སྟེ། ཤེས་པ་འོད་གསལ་སྤྲོས་བྲལ་དུ་ལྷག་གེར་འཆར་རོ། །ཞེས་སོ། །བཞི་པ་ཡུན་རིང་ཐུང་གི་ཚད་ནི། བོད་སྔ་རབས་པས། ཞག་བདུན་ཙམ་དུ་རིག་པ་བརྒྱལ་ནས་བག་ལ་ཞ་བའི་ཚུལ་དུ་གནས། དེའི་དུས་སུ་ཆོས་སྐུའི་སྣང་བ་འཆར་རོ། །རྣལ་འབྱོར་པ་རབ་རྣམས་དེར་གྲོལ་ནས་བར་དོ་གཞན་མི་དགོས་གསུངས་པ་དང་། འཁྲུལ་བ་རང་གྲོལ་ལས། དབུགས་ཕྱི་ནང་གི་རྒྱུ་འགྲུལ་ཆད་ནས། ཕྱིའི་སྣང་བ་ནི་ཉི་ཟླ་ནུབ་པ་ལྟར་ནུབ་བོ། །ནང་གི་སྣང་བ་ནི་མུན་རུབ་པ་ལྟར་དྲན་བྱེད་འགགས།

གསང་བའི་སྣང་བ་ནི་ནམ་ལང་པ་ལྟར། རིག་པ་འོད་གསལ་གྱི་ངང་ལ་གསལ་སྟོང་དུ་ཡེ་རེ་སྙིང་གི་དཀྱིལ་དུ་ཆོས་སྐུའི་དགོངས་པ་ལ་ཞག་ཕྱེད་དང་བཞིར་གནས་སོ། །ཞེས་དང་། སློབ་དཔོན་རིན་པོ་ཆེའི་རྣམ་ཐར་དུ། ཞག་གསུམ་བར་དུ་བརྒྱལ་གསུངས་པ་དང་། ཀར་གླིིང་ཆོས་ཉིད་བར་དོའི་ངོ་སྤྲོད་དུ། ཡུན་ནི་ཕྱི་དབུག་ཆད་ནས་ནང་དབུག་གནས་ཀྱི་བར་དེར། ཟན་གཅིག་ཟ་ཡུན་ཙམ་ཞིག་ཡིན་ནོ། །ཞེས་སོགས་གསུངས་ཀྱང་ངེས་པ་མེད་དེ། རྟེན་བཟང་ངན་དང་རྩ་རླུང་གི་རིམ་པ་ཡིན་ཏེ། ཉམས་ལེན་དུམ་རེ་ཡོད་པ་དང་། ཞི་གནས་བརྟན་པོ་ཡོད་པ་དང་། རྩ་བཟང་བའི་རིགས་རྣམས་ནི་ཡུན་རིང་གནས་པ་ཡང་ཡོད། རྩ་ངན་པའི་རིགས་ལ་ཡུད་ཙམ་ཡུད་ཙམ་ལ་སེ་གོལ་རེའི་ཚེའི་ཟན་ཟ་ཡུན་ཙམ་ལས་མི་གནས། གང་ལྟར་ནའང་འདི་དུས་ངོ་སྤྲོད་འདི་ཞག་བདུན་ནམ་ཕྱེད་ལྔ་ཚུན་ཆད་དུ་གསལ་གདབ་པ་གལ་ཆེ་སྟེ། ཀརྨ་གླིང་པས། ཕལ་ཆེ་བ་ནི་ཞག་ཕྱེད་དང་བཞིར་གནས་པ་འོད་གསལ་ངོ་སྤྲོད་ལ་ནན་ཏན་བྱའོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ངོ་སྤྲོད་ལ། འོད་གསལ་སྔ་ཕྱི་གཉིས་ལས། དང་པོ་གཞིའི་འོད་གསལ་ངོ་སྤྲོད་ཚུལ་ནི། ཉི་ཟླ་ཁ་སྦྱོར་ལས། བླ་མ་མཆེད་དང་རྡོ་རྗེ་སྤུན། ཤེས་པས་གསལ་ཡང་གདབ་པར་བྱ། །ཞེས་པས་དབུགས་ངར་ཆེན་ངར་ཆུང་བརྩེགས་དུས་ཉམས་ལེན་ཅན་རྣམས་ལ་འོད་གསལ། དེ་མི་ཤེས་པ་རྣམས་ལ་འཕོ་བ་གསལ་གདབ་པའི་དུས་ཡིན། དེ་ནས་ཕྱི་དབུག་ཆད་ནས། གློ་གཡས་ས་ལ་ཕབ་ནས་སེང་གེའི་འདུག་སྟངས་བྱས་ལ་རྩ་རྦ་རླབས་ཀྱིས་ཅིར་བ་ཡིན་ཏེ། གཉིད་ལོག་རྩ་གཉིས་འཕར་འཕྲོ་བཅད་ནས་དྲག་ཏུ་མནན་ནོ། །དེ་ནས་རླུང་དྷུ་ཏིར་ཚུད་ནས་ཕྱིར་ལོག་མི་ཤེས་ཏེ། ཚང་བུག་གི་ལམ་དུ་ཐོན་ངེས་སོ། །ངོ་སྤྲོད་ཀྱང་དེའི་དུས་སུ་ཡང་གདབ་བོ། །དེ་ཡང་གང་ཟག་སུ་ལྟ་

བུ་ལ་གདབས། ངོ་སྤྲོད་ལ་དགོས་པ་ཅི་ཡོད་ཅེ་ན། གྲུབ་ཐོབ་ཀརྨ་གླིང་པས། འདིར་གང་ཟག་གོ་བ་བཟང་ཡང་ངོ་མ་འཕྲོད་པ་དང་། འཕྲོད་ཀྱང་གོམ་འདྲེས་ཆུང་བ་རྣམས་དང་། སོ་སོའི་སྐྱེ་བོ་ཉམས་ཁྲིད་ཞུ་མྱོང་བའི་རིགས་ཐམས་ཅད་ལ་འདི་གདབ་པས། གཞིའི་འོད་གསལ་ངོ་འཕྲོད་དེ་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་ཆོས་སྐུ་སྐྱེ་བ་མེད་པ་ཐོབ་པོ་ཞེས་པ་ལྟར་རོ། །དེ་ལྟར་མིན་པའི་འགྲོ་བ་གཞན་ལ་གཞིའི་འོད་གསལ་འཆར་རམ་ཞེ་ན། སློབ་དཔོན་རིན་པོ་ཆེས་བར་དོ་དང་པོ་ཆོས་ཉིད་འོད་གསལ་ཞེས་ཀྱང་བྱ། ཆོས་ཀྱི་སྐུའི་དགོངས་པ་ཕྱིན་ཅི་མ་ལོག་པ་ཅིག་འགྲོ་བ་ཀུན་གྱི་རྒྱུད་ལ་འཆར། ཞེས་གསུངས་པས། ལུས་ཅན་ཐམས་ཅད་ལ་རང་གནས་ཀྱི་འོད་གསལ་འདི་ལྟར་ངོ་སྤྲད་དེ། ཀྱེ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ཉོན་ཅིག །ད་ནི་ཁྱོད་ལམ་བཙལ་བའི་དུས་ལ་བབ་པར་འདུག་པས། ཁྱོད་རང་དབུག་ཆད་མ་ཁད་དུ། ཁྱོད་ལ་བར་དོ་དང་པོ་འོད་གསལ་ཞེས་བྱ་བ། སྔར་བླ་མས་ངོ་སྤྲད་པའི་དོན་དེ་ཕྱི་དབུག་ཆད་པ་དང་། ཆོས་ཉིད་ནམ་མཁའ་ལྟར་སྟོང་རྗེན་ནེ་བ། གསལ་སྟོང་མཐའ་དབུས་མེད་པའི་རིག་པ་དྲི་མེད་རྗེན་པ་ཞིག་འཆར་ནས་འོང་ངོ་། །དེའི་དུས་སུ་ཁྱོད་རང་གི་ངོ་ཤེས་པར་གྱིས་ལ་དེའི་ངང་ལ་ཞོག་ཅིག །ངས་ཀྱང་དེའི་དུས་སུ་ངོ་སྤྲད་དོ། །ཞེས་ཕྱི་དབུག་མ་ཆད་པའི་གོང་དུ་ཡང་ཡང་གསལ་གདབས་སོ། །དེ་ནས་ཕྱི་དབུག་ཆད་ནས་ཀུན་ལ་ངོ་སྤྲད་འདི་གདབས། ཀྱེ་རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ཉོན་ཅིག །ཁྱོད་ལ་ད་ལྟ་ཆོས་ཉིད་དག་པའི་འོད་གསལ་ཤར་ནས་ཡོད་དོ། །དེ་ངོ་ཤེས་པར་གྱིས་ཤིག །ཀྱེ་རིགས་བུ་ཁྱོད་རང་གི་ད་ལྟའི་ཤེས་རིག་གི་ངོ་བོ་སེང་ངེ་བ་འདི། དངོས་པོ་མཚན་མ་ཁ་དོག་ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་སེང་ངེ་བ་འདུག་པ་འདི་ཀ་ཆོས་ཉིད་ཀུན་ཏུ་བཟང་མོ་ཡིན་ནོ། །ཁྱོད་ཀྱི་ཤེས་རིག་འདི་སྟོང་

པ་དེ་ཙམ་ན། སྟོང་པ་ཕྱལ་ཆད་དུ་མ་སོང་བར་རང་གི་ཤེས་རིག་མ་འགགས་པར་གསལ་སེང་ངེ་། ཝ་ལེ་བ། འདི་ཀ་རིག་པ་སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་ནོ། །རང་གི་དངོས་པོ་ཅིར་ཡང་མ་གྲུབ་པའི་ངོ་བོ་སྟོང་པ་དང་། རང་གི་ཤེས་རིག་ཝ་ལེར་གསལ་བ་འདི་གཉིས། དབྱེར་མི་ཕྱེད་པར་འདུག་པ་འདི་ཀ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །རང་གི་རིག་པ་གསལ་སྟོང་དབྱེར་མེད་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་པ་འདི་ལ་སྐྱེ་འཆི་མེད་པས་སངས་རྒྱས་འོད་མི་འགྱུར་བ་འདི་ཀ་ཡིན་ནོ། །དེ་ངོ་ཤེས་པས་ཆོག་གོ །རང་གི་ཤེས་རིག་གི་ངོ་བོ་སང་ངེ་བ་འདི་སངས་རྒྱས་སུ་ངོ་ཤེས་ནས་རང་གི་རིག་པ་ལ་རང་གིས་ལྟ་བ་དེ། སངས་རྒྱས་ཀྱི་དགོངས་པ་ལ་འཇོག་པ་ཡིན་ནོ། །ཞེས་ལན་མང་དུ་བརྗོད། ཞེས་གསུངས་པ་ལྟར་ངོ་སྤྲད་དོ། །གཉིས་པ་འོད་གསལ་ཕྱི་མ་ངོ་སྤྲད་པ་ནི། ཀློང་གསལ་ལས། དེ་ནི་ནང་གི་དབུགས་ཆད་ནས། ཆོས་ཉིད་བར་དོ་ཤར་བ་ཡིན། །ཞེས་གསུངས་པས། གཞི་དང་གཞི་སྣང་གཉིས་ལས། སྔར་ཕྱི་དབུགས་ཆད་ནས་གཞིའི་འོད་གསལ་ཤར། ད་ནང་དབུགས་ཆད་ནས་གཞི་ལས་ཡུད་ཙམ་གཡོས་གཞི་སྣང་མ་མཆེད་པའི་བར་དེ་རུ་འོད་གསལ་ཕྱི་མ་ཤར་བ་ཡིན། དེ་ཡང་ཀློང་ཆེན་རིན་པོ་ཆེས། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནང་དབུགས་ཆད། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་དབུགས་བར་སྣང་ལ་ཡལ། དེའི་ཚེ་རིག་གདང་སྙིང་ཀར་འདུས་པས་ལུས་སེམས་འབྲེལ་ཐག་ཆད། འོད་གསལ་གྱི་སྣང་བ་ཤར་བས་སེམས་དང་ཡེ་ཤེས་རྒྱབ་གྱེས་པས་འཁོར་འདས་རྒྱབ་གྱེས་ཏེ། འཁོར་བ་ཉིད་མྱ་ངན་ལས་འདས། གྲོལ་བ་ཞེས་བྱའོ། །དེའི་ཚེ་ནམ་མཁའ་འོད་གསལ་ལ་ཐིམ་པས་སྐད་ཅིག་དང་པོ་ལ་དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འབྱུང་སྟེ། དེ་ཉིད་ངོས་ཟིན་ན་ཀ་དག་གི་གཞི་ལ་

རང་གྲོལ་བའོ། །ཞེས་གསུངས་སོ། །གྲུབ་ཐོབ་ཀརྨ་གླིང་པའི་ཞལ་ནས། ཡང་འོད་གསལ་གཉིས་པ་ཞེས་པ་འཆར་ཏེ། དེ་ཡང་དུས་ནི་ཟན་གཅིག་ཟ་ཡུན་ལྷག་ཙམ་སོང་ནས་འོང་སྟེ། ལས་བཟང་ངན་གྱིས་རྩ་གཡས་གཡོན་གང་རུང་གཅིག་ཏུ་རླུང་ཤོར་ནས། སྒོ་གང་རུང་ཅིག་ནས་ཐོན་ཏེ་ཤེས་པ་གསལ་ལམ་གྱིས་འོང་ངོ་། །དེ་ཟན་གཅིག་ཟ་ཡུན་ཟེར་ཡང་རྩ་བཟང་ངན་དང་། ཉམས་ལེན་ཡོད་མེད་དང་བསྟུན་ནོ། །དེའི་རྣམ་ཤེས་ཕྱིར་ཐོན་པ་དང་། ཤི་བ་ཡིན་ནམ་མ་ཤི་བ་ཡིན་ནམ་སྙམ་དུ་ངོ་མི་ཤེས། ཉེ་དུའི་འབྲེལ་བ་སྔར་བཞིན་དུ་མཐོང་ནས་འོང་ངུ་སྐད་ཀྱང་ཐོས་སོ། །ལས་ཀྱི་འཁྲུལ་སྣང་དྲག་པོ་ཡང་མ་ཤར། གཤིན་རྗེའི་འཇིགས་སྐྲགས་ཀྱང་མ་སླེབ་པའི་བར་དེར། ཡང་གདམས་ངག་གདབ་སྟེ། དེ་ལ་རྫོགས་རིམ་པ་དང་བསྐྱེད་རིམ་པ་གཉིས་སོ། །རྫོགས་རིམ་པ་ཡིན་ན་མིང་ནས་ལན་གསུམ་འབོད་ལ། གོང་གི་འོད་གསལ་ངོ་སྤྲད་དེ་ཀ་བསྐྱལ་ལ་གདབ་པོ། །བསྐྱེད་རིམ་པ་ཡིན་ན་ཁོ་རང་གི་ལྷ་གང་ཡིན་པ་དེའི་མངོན་རྟོག་ཀླག་སྟེ། ཀྱེ་རིགས་ཀྱི་བུ། ཁྱོད་རང་གི་ཡི་དམ་འདི་བསྒོམ་ཤིག །མ་ཡེངས་ཤིག །འདུན་པ་དྲག་པོས་ཡི་དམ་ལ་གཏོད་ཅིག །སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟར་བསྒོམས་ཤིག །གདོས་བཅས་སུ་མ་བསྒོམ་ཤིག །ཅེས་གསལ་གདབ་བོ། །སྐྱེ་བོ་ཐ་མལ་པ་ཡིན་ན། ཇོ་བོ་ཐུགས་རྗེ་ཆེན་པོ་བསྒོམ་ཤིག །ཅེས་ངོ་སྤྲད་དོ། །དེ་ལྟར་ངོ་སྤྲད་པས་བར་དོ་མི་ཟིན་ངེས་པ་རྣམས་ཀྱང་ཟིན་པ་ཐེ་ཚོམ་མེད་དོ། །དེ་ཡང་གསོན་པོའི་དུས་སུ་བླ་མས་ངོ་སྤྲད་ཀྱང་གོམས་འདྲེས་ཆུང་ན། བར་དོ་རང་གིས་གསལ་མི་ཐུབ་པས། བླ་མའམ་མཆེད་གྲོགས་ཀྱིས་གསལ་གདབ་དགོས་སོ། །ཡང་གོམས་འདྲེས་ཡོད་ཀྱང་འཆི་ཁ་ནད་དྲག་པོས་འཁྲུལ་ནས་དྲན་པ་མི་ཟིན་པའི་རིགས་ལ་གདམས་པ་འདི་ཅི་ནས་

ཀྱང་དགོས་སོ། །སྔར་ལམ་གྱི་གོམ་འདྲེས་ཡོད་ཀྱང་སྡོམ་པ་ཤོར་བ་དང་རྩ་བའི་དམ་ཚིག་ཉམས་ནས་ངན་སོང་དུ་འགྲོ་བའི་རིགས་ལ་འདི་ཤིན་ཏུ་ནས་ཀྱང་དགོས་སོ། །བར་དོ་དང་པོ་ལ་ཐེབ་ན་རབ། དེ་ལ་མ་ཐེབ་ན་བར་དོ་གཉིས་པ་ལ་གསལ་གདབ་པས་རིག་པ་སད་ནས་གྲོལ་བ་ཡིན། ཡང་བར་དོ་གཉིས་པ་དག་པའི་སྒྱུ་ལུས་ཞེས་བྱ་བ་ཤིའམ་མ་ཤི་ངོ་མ་ཤེས་པའི་ཤེས་པ་གསལ་ལམ་མེ་བ་གཅིག་འོང་། དེ་དུས་དེར་གདམས་པ་ཐེབ་ན་ཆོས་ཉིད་མ་བུ་འཕྲད་ནས་ལས་ཀྱིས་ཁ་བསྒྱུར་དུ་མེད་དོ། །དཔེར་ན་ཉི་མའི་འོད་ཀྱིས་མུན་པ་བཅོམ་པ་བཞིན་དུ་ལམ་གྱི་འོད་གསལ་གྱིས་ལས་ཀྱི་ནུས་པ་བཅོམ་ནས་གྲོལ་བ་ཡིན་ནོ། །ཞེས་དང་། གཞིའི་འོད་གསལ་ངོ་མ་འཕྲོད་ཀྱང་། བར་དོ་གཉིས་པའི་འོད་གསལ་ངོ་འཕྲོད་དེ་གྲོལ་ལོ། །ཞེས་གསུངས་སོ། །གཉིས་པ་དངོས་གཞི་འཕོ་བ་ཉམས་སུ་བླང་བ་ལ། འཕོ་བའི་གདམས་ངག་ཟབ་ཚུལ། དབང་པོའི་བྱེ་བྲག་གི་འཕོ་བའི་རིམ་པ་གཉིས་ལས། དང་པོ་གདམས་པ་ཟབ་ཚུལ་ནི། ད་ལྟ་ཟབ་ལམ་འཕོ་བའི་གདམས་པ་འདི་རང་ངམ་གཞན་སྟོབས་གང་རུང་ལ་བརྟེན་ནས་འཕོ་བ་ཐེབས་པའི་གང་ཟག་དེས་ནི་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཅི་ལྟར་བྱས་ཀྱང་མི་གོས་ཤིང་གྲོལ་བ་ལ་ཐེ་ཚོམ་མེད་དོ། །སངས་རྒྱས་རྡོ་རྗེ་འཆང་གི་ཞལ་ནས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །གདམས་པ་འདི་དང་འཕྲད་གྱུར་ན། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་བཞིན་དཔེར་ན་གང་ཟག་ཞིག་གིས་ཉིན་རེ་བཞིན་དུ། མི་རེ་བསད་ཅིང་དེའི་སྟེང་དུ་རང་གི་རྩ་བའི་ཕ་མ་གཉིས་དང་། དགྲ་བཅོམ་པ་ལ་སོགས་པ་བསད་པའི་མཚམས་མེད་པ་ལྔ་པོ་དུས་གཅིག་ཏུ་བྱས་

ཀྱང་འདིར་འཕོ་བའི་ལམ་གཅིག་པུས་གྲོལ་ཏེ། སྡིག་པ་དེ་དག་གིས་ཀྱང་མི་གོས་གསུང་སྟེ། རྒྱུད་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱས་པ་ཡང་། །འདི་ཡི་ལམ་གྱིས་གྲོལ་བར་འགྱུར། །སྡིག་གིས་གོས་པར་མི་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་དག་པའི་ཞིང་གང་རུང་དུ་འཕོ་ནུས་པའི་གདམས་ངག་གི་རིམ་པ་ནི། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས། རྣལ་འབྱོར་རབ་ཀྱི་གསང་ལམ་ནས། །ཆོས་ཀྱི་སྐུ་རུ་འཕོ་བར་བྱ། །དེ་འོག་ལོངས་སྤྱོད་རྫོགས་སྐུར་འཕོ། །དེ་འོག་སྤྲུལ་པའི་སྐུ་རུ་འཕོ། །དེ་འོག་དགའ་ལྡན་གནས་སུ་འཕོ། །གང་འདོད་གནས་སུ་རིམ་འབྱུང་བ། །རྣལ་འབྱོར་པ་ཡི་ལམ་ཡིན་ནོ། །ཞེས་པ་ལྟར་དབང་པོ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ་དང་། ཡང་ཐ་ཐ་མལ་བ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་དང་བཞི་ལས། དང་པོ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་ལ། རང་གཞན་བཙན་ཐབས་སུ་འཕོ་བ་དང་། རྟོགས་པའི་སྒོ་ནས་འཕོ་བ་གཉིས་ལས། དང་པོ་བཙན་ཐབས་སུ་འཕོ་བ་ནི། རང་ངམ་འཆི་ཁ་མའི་སྙིང་གི་དབུས་སུ་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་ཨཱཿདཀར་པོ་གསལ། དེ་འོད་ལྔའི་ཐིག་ལེར་ཞུ་ནས། རྩ་དབུ་མའི་ལམ་བརྒྱུད་དེ། སྤྱི་གཙུག་ཚང་བུག་སྒོ་ནས་རྒྱང་གིས་ཐོན་དེ་ནུབ་ཕྱོགས་བདེ་བ་ཅན་སངས་རྒྱས་འོད་དཔག་མེད་མགོན་བཞུགས་པའི་ཐུགས་ཀར་ཐིམ་པར་དམིགས་བཞིན། འཆི་ཁ་མའི་དབུགས་ཕྱིར་རྒྱུ་བ་དང་བསྟུན་ནས། རང་གི་ཨ་བརྗོད་པས། ཨཿཉི་ཤུ་རྩ་གཅིག་རེ་བརྗོད་མཚམས་དང་ཁྱད་པར་ཐ་མ་དབུགས་རིང་གསུམ་ཕྱིར་ལ་འཕང་བ་དང་ཧིག་གསུམ་སྦྱར་ནས་འཕོས་པའི་གང་ཟག་དེ་རིགས་

དྲུག་འཁོར་བའི་གནས་ནས་དྲངས་གསུང་སྟེ། ཉི་ཟླ་ཁ་སྦྱོར་ལས། མི་དེ་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་ནས་སྦྱོང་། །ཞེས་སོ། །འདི་རང་གི་སྦྱང་བའི་ཚེ་ངག་འདོན་དང་དམིགས་རིམ་ནི། ཨེ་མ་ཧོ། རྒྱལ་བ་ཡོངས་འདུས་སངས་རྒྱས་འོད་དཔག་མེད། །སྤྱན་རས་གཟིགས་དབང་ཕྱག་ན་རྡོ་རྗེ་ལ། །དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །རྣམ་ཤེས་བདེ་བ་ཅན་དུ་འཕོ་བར་ཤོག །ཅེས་བརྗོད་ལ་རླུང་ཐ་མ་ཕྱིར་འགྲོ་དུས་རང་གི་སྙིང་ག་ནས་རིག་པ་ཨཱཿདཀར་པོ་ཞིག་ཏུ་བསམ་ཚང་བུག་ནས་ཡར་རྒྱང་གིས་སོང་བས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་དང་འདྲེས་པར་དམིགས་ལ། ཧིག་ཉི་ཤུ་རྩ་གཅིག་རེ་བརྗོད་བཞིན་མཉམ་བཞག་བསྐྱངས། ཞེས་སོ། །གཉིས་པ་རྟོགས་པའི་སྒོ་ནས་འཕོ་བ་ནི། གོ་དོན་དང་འདོན་ཆ་གཉིས་ལས། དང་པོ་གོ་དོན་ནི། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། བསྒོམ་དེ་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམ་ཆོས་ནི་ང་ལ་ཡོད། །ཅེས་འཕོ་བ་མ་བསྒོམ་སངས་རྒྱས་ཀྱི་གདམས་ངག་ནི། ད་ལྟའི་ཐད་ཀའི་རིག་པ་གྲ་ཟིང་ངེ་བ་འདི་ལ་རྟོག་པས་ལྷད་མ་ཞུགས་པ་བབས་ས་ལེ་ཡེང་བསྒོམ་ལས་འདས་པའི་ངང་མ་ཤོར་བ་འདི་རང་སངས་རྒྱས་ཆོས་ཀྱི་སྐུའི་ཐུགས་མ་ནོར་བ་ཡིན་པའི་ཕྱིར། ནམ་ཞིག་འཆི་བའི་དུས་སུ་གཞིའི་འོད་གསལ་ཤར་བའང་འདི་རང་ལས་ལོགས་སུ་མེད་པས་དེ་ཚེ་རང་ངོ་ཤེས་ན་ཡར་གྱི་ཟང་ཐལ་དུ་གྲོལ་ནས་ཆོས་སྐུའི་རྒྱལ་ས་ཟིན་པ་ཡིན་ནོ། །གཉིས་པ་དེའི་ངག་འདོན་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས། མཆིའོ། །ལན་གསུམ། ཨཱཿརང་བྱུང་རིག་པ་འོད་ཀྱི་ཐིག་ལེ་འདི། །ཕྱི་རུ་ཚོགས་དྲུག་རྗེས་སུ་མ་འབྲང་བར། །མི་དང་ལྷ་མིན་ངན་སོང་གསུམ་སྒོ་ཆོད། །ནང་དུ་དྲན་

འཛིན་གཉེན་པོ་མ་བཅིང་བའི། །འདོད་གཟུགས་ལྷ་ཡི་སྐྱེ་སྒོ་རྩད་ནས་ཆོད། །འོད་གསལ་ངོ་བོ་རྟོག་པས་མ་བསྐྱོད་བཞིན། །ཁྱད་ཆོས་དྲུག་ལྡན་བུམ་སྐུའི་གཞལ་ཡས་སུ། །ཟག་མེད་བདེ་བའི་དཔལ་ལ་ལོངས་སྤྱོད་བཞིན། །རང་གྲོལ་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ཨཿཕཊ༔འོ་དེ་ལྟར་གང་ཟག་དབང་པོ་ཡང་རབ་ཀྱི་འཕོ་ཚུལ་ནི། རིག་འཛིན་ཀློང་གསལ་སྙིང་པོའི་འཕོ་བའི་འགྲེལ་བཤད་ལས། འཕོ་བའི་ཡུལ་དང་། འཕོ་བྱེད་ཀྱི་མཁན་པོ། འཕོ་བྱ་གསུམ་ཀ་འདི་ཡིན་ཀྱི་གཟའ་གཏད་དང་བྲལ་བའི་ངང་། སྟོང་ཉིད་མཆོག་ཏུ་མི་འགྱུར་བའི་གནས་ལུགས་ལྟ་བ་རྟོགས་པ་དེའོ། །ཞེས་དང་། ཞལ་ལུང་ལས། ཚེ་འདིར་གནས་ལུགས་མ་བཅོས་པའི་ལྟ་བ་མ་ནོར་བ་རྒྱུད་ལ་སྐྱེས་ཤིང་གོམས་འདྲེས་བྱེད་པ་རྣམས། འཆི་ཁའི་ཚེ་ཀ་དག་ཁྲེག་ཆོད་ཀྱི་གསང་ལམ་དབྱིངས་དང་རིག་པའི་གནད་ལ་བརྟེན་དེ་ཆོས་སྐུའི་ཀློང་དུ་འཕོ་བ་དེ་ཡིན། ཞེས་གསུངས་པ་ལྟར་རོ། །གཉིས་པ་འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་ནི། རྒྱུད་ལས། ཕུང་པོ་སེང་གེ་ཉལ་སྟབས་འཆོས། །མིག་ལ་རིག་པ་བཅུག་ནས་ཀྱང་། །དབྱིངས་ལ་ས་ལེ་ཧྲིག་གེར་བཞག །སྐད་ཅིག་དེ་ལ་གྲོལ་བར་འགྱུར། །ཅེས་གསུངས་པའི་གོ་དོན་དང་། ངག་འདོན་གཉིས་ལས། དང་པོ་གོ་དོན་ནི། ད་ལྟ་སྐྱེ་གནས་བར་དོའི་སྐབས་སུ་རང་གནས་ཞི་ཁྲོའི་ལྷ་ཚོགས་ཀྱི་ཞལ་མངོན་སུམ་དུ་བཀྲ་ལམ་མེར་མཇལ་ནུས་པ་བཞུགས་གཟིགས་དང་གནད་གསུམ་ལ་བརྟེན་ནས་ཕྱི་དབྱིངས་ནམ་མཁའ་གཡའ་དག་པའི་ཀློང་དུ་། ནང་དབྱིངས་རྣམ་དག་གི་སྒྲོན་མའི་གུར་ཁྱིམ་དུ། ཐིག་ལེ་སྟོང་སྒྲོན་ཤར་བའི་རྭ་བར་དུ་རིག་པ་ལུག་གི་རྒྱུད་ལ་བསླབ་པས་རིམ་གྱིས་ཉམས་སྣང་གོང་དུ་འཕེལ་ནས། རིག་པ་ཚད་ཕེབས་ཀྱི་སྐབས་སུ་བསྐྱེད་

རིམ་ཐམས་ཅད་ཀྱི་སྙིང་པོ་མ་ནོར་བ་ཞི་ཁྲོའི་ལྷ་མངོན་སུམ་ཤར་བ་དེ་ཡིན་ཞིང་། མཐར་ལྷ་སྐུའི་སྣང་བརྙན་ཡང་ཆོས་ཉིད་ཟད་པའི་སར་གནམ་གང་ཟླ་བའི་འོད་བཞིན་ཕྱི་གསལ་དུ་མི་སྣང་ཞིང་ཀ་དག་གི་ངོ་བོར་རང་སྤྱན་ཆུད་པ་ནི་རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་ཡིན་པས། དེ་ལྟ་བུའི་བསྐྱེད་རྫོགས་ཀྱི་འབྲས་བུ་མངོན་གྱུར་ཅུང་ཟད་དཀའ་ཡང་། ད་ལྟ་དེའི་ལམ་ལ་བསླབས་པའི་རང་ཚོད་འོད་གསལ་ཀྱི་ཤར་ཆ་ཕྲན་བུ་དེ། ཕྱི་ནས་ཆོས་ཉིད་བར་དོ་ཤར་དུས་སྔར་གྱི་འོད་གསལ་དེ་སླར་ཤར་བ་ལས་གཞན་མ་ཡིན་པས། རང་ལམ་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་བཞིན་དུ་གྲོལ་བ་ནི། བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་མ་ནོར་བ་འོད་གསལ་སྦུབ་འཇུག་གི་མན་ངག་ཡིན་པས། ཁྱེད་རང་ཆོས་ཉིད་བར་དོའི་ཤར་ཆ་ཐམས་ཅད་རང་སྣང་རིག་པའི་རྩལ་དུ་ཤེས་པར་མཛོད་ལ་ལྔ་ལྡན་ལོངས་སྐུའི་ཞིང་དུ་བདེ་བར་བཞུད་ཅིག །གཉིས་པ་དེའི་ངག་འདོན་ནི། བཅོམ་ལྡན་འདས་དེ་བཞིན་སོགས། མཆིའོ། །ལན་གསུམ། བྷྲཱུཾ༔ཕྱི་དབྱིངས་ནམ་མཁའ་སྟོང་པའི་དཀྱིལ་འཁོར་དུ། །ནང་དབྱིངས་རྣམ་དག་སྒྲོན་མའི་གཞལ་ཡས་དབུས། །ཐིག་ལེ་སྟོང་སྒྲོན་འོད་སྐོར་འཁྲིགས་པའི་ཀློང་། །རིག་པ་ལུག་རྒྱུད་ཞི་དང་ཁྲོ་བོ་ཡི། །ཐུགས་རྗེ་གསང་ལམ་རིག་ལྔའི་ཁོང་སེང་ནས། །ཆེ་གེ་ཆོས་ཉིད་བར་དོའི་འོད་ལུས་འཕོ། །སྣང་སྟོང་ཟུང་འཇུག་ཆེན་པོར་སངས་རྒྱས་ནས། །སྐུ་དང་ཡེ་ཤེས་ཐིག་ལེའི་ཞིང་ཁམས་སུ། །རང་གྲོལ་ལོངས་སྐུའི་རྒྱལ་ས་ཟིན་པར་ཤོག །ཕཊ་ཕཊ་ཕཊ། དེ་ལྟར་གང་ཟག་དབང་པོ་འབྲིང་གི་འཕོ་ཚུལ་ནི། ཞལ་ལུང་ལས། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་ནི། བསྐྱེད་རྫོགས་དབྱེར་མེད་ཀྱི་རྣལ་འབྱོར་ལ་གོམ་འདྲེས་བྱས་ཤིང་སྒྱུ་མ་ལྟ་བུའི་ལྷ་སྐུ་ལ་རྩལ་འབྱོང་བ་དག །འཆི་བའི་ཚེ་

བར་དོའི་འཁྲུལ་བའི་སྣང་བ་ཤར་བ་དང་མཉམ་དུ་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་འཕོ་བ་དེ་ཡིན། ཅེས་པ་ལྟར་རོ། །གསུམ་པ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ་ནི་གོ་དོན་དང་། ངག་འདོན་གཉིས་ལས། དང་པོ་གོ་དོན་ནི། ད་ལྟ་བླ་མ་དགེ་བའི་བཤེས་གཉེན་དམ་པའི་དྲུང་ནས་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་ཟབ་མོ་གསན་ཀྱང་རང་གི་ཆེར་ཉམས་སུ་མ་བླང་བས། བར་དོ་གོང་མ་རྣམས་སུ་མ་གྲོལ་བས། སྲིད་པ་བར་དོ་ལ་ཁ་བརྒྱུད་པའི་ཚེ་སྔར་གྱི་བླ་མ་དང་གདམས་ངག་རྗེས་སུ་དྲན་ནས། དེ་མ་ཐག་དུ་སྦྱང་བའི་ལས་འཕྲོ་སད་དེ། རྨི་ལམ་རྨིས་པ་བཞིན་དུ་ཤར་ལྷོ་ནུབ་བྱང་དབུས་ལྔའི་སངས་རྒྱས་བཞུགས་པའི་དྲུང་དུ་རིམ་པ་བཞིན་ཏུ་བརྫུས་སུ་སྐྱེས་ནས། ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་བཞིན། སྟོན་པ་རེའི་དྲུང་དུ་ལོ་བརྒྱ་དང་ཉེར་ལྔ་རེ་ལ་གནས་སྙམ་ཤར་ནས། མཐར་སྟེང་ཕྱོགས་མེ་རི་འབར་བའི་ཞིང་ཁམས་སུ་སངས་རྒྱས་པ་ཡིན། དེའང་ད་ལྟ་ལྷོ་འཛམ་བུའི་གླིང་འདིར་ཆོས་ཟབ་མོའི་དར་ཆ་ཆེ་བས། དེང་སང་ཕལ་ཆེ་བ་ཞིག་ལ་རྫོགས་པ་ཆེན་པོའི་དབང་ཁྲིད་ཟབ་མོ་རེ་ཐོབ་པ་ཤིན་ཏུ་མང་བས། དེ་རྣམས་ཀྱང་ལས་ཅན་ཕལ་ཆེར་ཆོས་ཟབ་མོ་དང་འཕྲད་པའི་བཀའ་དྲིན་གྱིས་བྱེ་བྲག་སྤྲུལ་སྐུའི་ཞིང་དུ་གྲོལ་བ་ནི་སྙིགས་མ་ལྔ་བདོའི་དུས་སུ་འོང་གསུངས་སྟེ། བཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། གསང་བའི་སྙིང་པོ་འདི་ནི་མི་ཡུལ་དག་ཏུ་སྣང་། །དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་བ་གང་། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མར་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདེངས་སུ་མ་གྱུར་ཀྱང་། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་ཏེ། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང་། །བརྫུས་སྐྱེས་གནས་སུ་

དག་པའི་མངལ་གྱི་རྒྱ་དང་བྲལ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །གཉིས་པ་དེའི་ངག་འདོན་ནི། བཅོམ་ལྡན་འདས་དེ་བཞིན་སོགས། སྐྱབས་སུ་མཆིའོ། །ༀ་སྲིད་པ་བར་དོ་འཆི་བ་དངོས་ཟིན་ཚེ། །བླ་མ་ཡི་དམ་རིགས་ལྔ་རྗེས་དྲན་ནས། །དད་པའི་སྟོབས་ཀྱིས་རིགས་ལྔའི་ཞིང་ཁམས་སུ། །སྐྱེས་ནས་ཐེག་ཆེན་ཆོས་ལ་ལོངས་སྤྱོད་བཞིན། །མཐར་ཐུག་མེ་རི་འབར་བའི་ཕོ་བྲང་དུ། །རང་གྲོལ་སྤྲུལ་སྐུའི་རྒྱལ་ས་ཟིན་པར་ཤོག །ༀ་ཨཱཿཧཱུྃ་སྭཱ་ཧཱ། ཕཊ་ཕཊ་ཕཊ་ཕཊ་ཕཊ། འོ་དེ་ལྟར་གང་ཟག་དབང་པོ་ཐ་མའི་འཕོ་ཚུལ་ནི། ཇི་སྐད་དུ། ཐ་མ་སྤྲུལ་སྐུ་ཚད་མེད་སྙིང་རྗེའི་འཕོ་བ་ནི། ཚད་མེད་སྙིང་རྗེ་ཆེན་པོས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་མངལ་སྒོ་འགེགས་པ་དང་། སྤྲུལ་སྐུ་རྒྱུན་ཆད་མེད་པའི་འགྲོ་བའི་དོན་བྱེད་པ་ཡིན་ནོ། །ཞེས་པ་ལྟར་རོ། །བཞི་པ་ཐ་མལ་བ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་ནི། ཇི་སྐད་དུ། གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །ཕ་མཚན་ལྡན་བླ་མའི་ཞབས་དྲུང་དུ། །རྩ་དར་དཀར་གྱི་ལམ་ནས་འགྲོ་ཤེས་ན། །མཚམས་མེད་ལྔ་པོ་བྱས་ཀྱང་གྲོལ། །ཞེས་གསུངས་པས་འཕོ་ལུགས་ནི། རྩ་དབུ་མ་ལ་ལམ་གྱི་འདུ་ཤེས། སེམས་ཐིག་ལེ་ལ་མགྲོན་པོའི་འདུ་ཤེས། གནས་བདེ་ཆེན་དག་པའི་ཞིང་ལ་འགྲོ་སའི་འདུ་ཤེས་དང་གསུམ་ཡིན། དེའི་དམིགས་པའང་འདི་བཞིན་མཛོད་ཅིག །ༀ་མ་ཧཱ་ཤུ་སོགས། ཧཾ། གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་རེ་ཅག་གནས་པའི་ཡུལ་འདི་ཉིད་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ཡོངས་སུ་རྫོགས་པ་ལྟར་གྱུར་པའི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ལྟ་ན་སྡུག་པ་བརྡ་དོན་རྟགས་གསུམ་ཕུན་

སུམ་ཚོགས་པའི་ཀློང་དུ། ཆེ་གེ་མོའི་ལུས་རྟེན་མི་དམིགས་པའི་ངང་ལས། ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར། དབྱིངས་འབྱུང་ལྔའི་དྭངས་མ་འོད་ལྔ་སྒྲིབ་མེད་ཕྱི་ནང་ཟང་ཐལ་དུ་གསལ་བའི་ཕྱི་ལུས་ཀྱི་སྟོང་ར་ཤེལ་ཀྱི་ཁང་བཟང་ཕུབ་པ་ལྟ་བུའི་དབུས་སུ། རྩ་དབུ་མ་བྱང་ཆུབ་ཀྱི་རྒྱུད་ལམ་དེ་ཉིད་ཕྱི་དཀར་ལ། ནང་དམར་བ། བར་སྔོ་བ། དྭངས་གསལ་སྒྲིབ་གཡོག་མེད་པ། ཁང་སྟོང་དུ་ཤེལ་སྦུབ་ཀྱི་ཀ་བ་འགྲེང་བ་ལྟ་བུ། དེ་ཡང་མཐིང་གི་ཤུན་པ་ལྟར་སྔོ་བ། པདྨའི་འདབ་མ་ལྟར་སྲབ་པ། ཏིལ་མལ་གྱི་མར་མེ་ལྟར་གསལ་བ། ཆུ་ཤིང་གི་ལྡེམ་བུ་ལྟར་དྲང་བ་སྟེ། མཚན་ཉིད་བཞི་དང་ལྡན་པ། ཡར་སྣེ་སྤྱི་གཙུག་བདེ་ཆེན་འཁོར་ལོ་རྒྱ་མཐོང་ཁ་ཕྱེས་པ་ལྟར་གདེངས་པ། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་སྙིགས་མ་ཚིག་གིས་ཆོད་པ་ལྟར་རྩ་ཕུག་ཟླུམ་དུ་འགགས་པ། རྩ་དེའི་དབུས་སུ་སྙིང་ཀའི་ཐད་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་ལྗང་སྐྱ། བྱེད་ལས་དྲག་པོ་གྱེན་དུ་གཡོ་བའི་སྟེང་དུ། ཆེ་གེ་མོ་རྣམས་ཀྱི་རྟེན་འོད་ཀྱི་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་འཕར་ལིང་ངེ་བ་བསྒོམ། དེ་ནས་རང་གི་སྤྱི་གཙུག་གི་ནམ་མཁའ་ལ། འཇའ་འོད་དང་ཐིག་ལེའི་གུར་ཁང་བཀྲག་འཚེར་བའི་ཀློང་ན། ཡེ་ཤེས་ཀྱི་རང་འོད་ལས་གྲུབ་པའི་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཟླ་བས་བརྒྱན་པའི་སྟེང་ན། ངོ་བོ་བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། རྣམ་པ་འོད་དཔག་མེད་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུའི་གཟི་མདངས་འབར་བ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་མཛད་པའི་སྟེང་ན། བཅུད་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། ཞབས་གཉིས་རྡོ་རྗེའི་དཀྱིལ་མོ་ཀྲུང་དུ་བཞུགས་

པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་སྣང་ལ་རང་བཞིན་མེད་པ་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར། བདག་ཅག་ལ་ཐུགས་བརྩེ་བ་ཆེན་པོའི་སྤྱན་གྱིས་མངོན་སུམ་གཟིགས་ནས་བཞུགས་པ། དེའི་གཡས་སུ་སྤྱན་རས་གཟིགས། གཡོན་དུ་ཕྱག་ན་རྡོ་རྗེ། དེའི་མཐའ་སྐོར་དུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད། ཟབ་ལམ་འཕོ་བ་བརྒྱུད་པའི་བླ་མ་རྣམས་དང་དབྱེར་མ་མཆིས་པར། དཔེར་ན་མཚོ་ཆེན་པོ་ལ་གཟའ་སྐར་ཤར་བ་བཞིན་དུ་རང་རེ་ཅག་འདྲེན་པའི་དེད་དཔོན་དུ་བྱོན་ནས་མངོན་སུམ་དུ་བཀྲ་ལམ་མེར་བཞུགས་པར་བསམ་ལ། ༀ་ཨཱ་མི་དྷེ་ཝ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿ་ཛ༔ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་སོགས། གྱུར༔བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས། མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ་མཐར། འོ་དུས་གསུམ་རྒྱལ་བ་ཡོངས་འདུས་ཀྱི་ངོ་བོ་སངས་རྒྱས་འོད་དཔག་མེད་མགོན་ཁྱེད་རང་མ་གཏོགས་བདག་ཅག་བདེ་བ་ཅན་ཏུ་ལམ་སྣ་འདྲེན་པ་ལ་རེ་ས་སྐྱབས་གནས་གཞན་སུ་ཡང་མེད་པས་དུས་ད་ལྟ་ཉིད་དུ་ཐུགས་བརྩེ་བ་ཆེན་པོའི་རྩལ་ཤུགས་མྱུར་དུ་བྱུང་ལ་རྣམ་ཤེས་དབུ་མའི་རྩ་ལམ་ནས་ནུབ་ཕྱོགས་བདེ་བ་ཅན་དུ་འཕོ་བར་མཛོད་ཅིག །ཨེ་མ་ཧོ། རང་ཐ་མལ་ལུས་རྟེན་དམིགས་མེད་ངང་། སོགས། དབང་བསྒྱུར་ཤོག །ཅེས་རླུང་སེམས་ཁ་སྦྱོར་གྱི་དམིགས་པ་རྩེ་གཅིག་གི་ངང་ནས་ཕཊཿཀྱིས་སྒྲས་འཆི་བའི་དུས་སུ་རང་སེམས་འཕོ་ཚུལ་ནི། རྒྱུད་ལས། འདའ་ཀ་འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །ཞེས་དང་ཡང་རྒྱུད་ལས། རྣམ་ཤེས་རླུང་གི་རྟ་བྱས་ནས། །སྟེང་གི་གནས་སུ་ཕྱིན་གྱུར་ན། །སྡིག་ལ་གོམ་པའི་གང་ཟག་ཀྱང་། །མཐོ་རིས་གནས་སུ་སྐྱེ་བ་མང་། །ཞེས་གསུངས་པ་ལྟར་ཉམས་སུ་བླང་བའི་ཚེ་གཤིན་

དོན་ཡིན་ན་དབུགས་ཆད་ལ་ཁད་པ་ལ་བཙན་ཐབས་ཀྱི་འཕོ་བ། དབུག་ཆད་མ་ཐག་ལ་ཆོས་སྐུའི་འཕོ་བ། བདུན་གཅིག་ནས་གསུམ་མ་རྫོགས་པར་ལོངས་སྐུའི་འཕོ་བ། བདུན་བཞི་པ་ནས་བདུན་བདུན་པའི་བར་སྤྲུལ་སྐུའི་འཕོ་བ་དང་ཐ་མལ་བའི་འཕོ་བ་རྣམས་གཙོ་བོར་སྟོན། རང་དོནལ། དབུགས་ཕྱིར་རྒྱུ་དང་བསྟུན་ནས་བཙན་ཐབས་ཀྱི་འཕོ་བ། ཁྲེག་ཆོད་བསྒོམ་པ་ཆོས་སྐུའི་འཕོ་བ། ཐོད་རྒལ་སྦྱང་བ་ལོངས་སྐུའི་འཕོ་བ། ཟུང་འཇུག་ཏུ་བསྒོམ་པ་མཆོག་གི་འཕོ་བ། དེ་རྣམས་རྗེས་ཐོབ་ཏུ་འཁྱེར་བ་སྤྲུལ་སྐུའི་འཕོ་བ། འདུ་ཤེས་གསུམ་ནན་ཏན་ཡང་ཡང་སྦྱང་བ་ཐ་མལ་བའི་འཕོ་བ་ཉམས་སུ་བླང་ལུགས་བགྱིས་པའི་མཐུས། ནམ་ཞིག་འཆི་བའི་ཚེ་ཆོས་ལོངས་སྤྲུལ་ཞིང་གང་རུང་དུ་འགྲོ་ཆོག་པའོ། །ཅེས་སོ། །དོན་གསུམ་པ་འཆི་ཁ་བར་དོའི་གདམས་ངག་མ་ཐེབས་པའི་སྐྱོན་དང་། ཐེབས་པའི་ཕན་ཡོན་གཉིས་ལས། དང་པོ་ནི། འཆི་ཁ་བར་དོར་གདམས་པའི་གསལ་མ་ཐེབས་ན་གང་ཟག་བཟང་པོ་ཡིན་ཀྱང་འཆི་ཁ་སྡུག་བསྔལ་གྱིས་བསྒྱུར་ནས་ཉམས་ལེན་གྱི་ཐོག་ཏུ་མི་གནས། དེ་མ་ཟིན་པས་ཐ་མལ་རང་ཀ་མ་ལྟར་དུ་གྱུར་ནས་རྐྱེན་ངན་ལམ་དུ་མི་སློང་། ཁྱད་པར་དུ་གཞིའི་འོད་གསལ་ཤར་དུས་ངོ་མ་ཟིན་པའི་སྐྱོན་དུ་འགྱུར་ཏེ། འཁྲུལ་པ་རང་གྲོལ་ལས། འཆི་ཁ་བར་དོའི་གདམས་པ་གསལ་མ་ཐེབས་ན། ཆོས་ལམ་དུ་མི་སློང་ཞིང་། ཆོས་ཉིད་ཀྱི་དགོངས་པ་སྟོར་བའི་ཉེས་པ་ཡོད་དོ། །ཅེས་གསུངས་སོ། །གཉིས་པ་གདམས་པའི་གསལ་ཐེབས་པའི་ཕན་ཡོན་ནི། འཆི་ཁ་མའི་གང་ཟག་ཉམས་མྱོང་ཆེན་པོ་མེད་པ་ཞིག་ཡིན་ཀྱང་། གདམས་ངག་ཡང་ཡང་གསལ་བཏབ་ན། གནས་སྐབས་འཆི་ཁ་མའི་འདུ་ཤེས་དགེ་ལམ་དུ་གྱུར་ནས་བློ་ཆོས་ལམ་དུ་འགྲོ་ཞིང་། ལ་ལ་འཕོ་བའི་གདམས་པས་དག་པའི་ཞིང་

དུ་དབུགས་དབྱུང་། ལ་ལ་གཞིའི་འོད་གསལ་ཟིན་པ་སོགས་བྱུང་ནས། འཆི་རྐྱེན་ངན་པ་བྱང་ཆུབ་ཀྱི་ལམ་གྲོགས་སུ་ཤར་བའི་ཡོན་ཏན་ཐོབ་གསུང་སྟེ། ཇི་སྐད་དུ། འཆི་ཁའི་བར་དོར་གདམས་པའི་གསལ་ཐེབས་པས་ཆོས་ལམ་དུ་སོང་ཞིང་། རྐྱེན་ངན་པ་བྱང་ཆུབ་ཀྱི་ལམ་དུ་སློང་བའི་ཡོན་ཏན་ཡོད་དོ། །ཅེས་གསུངས་སོ། །དེ་ལྟར་འཆི་ཁ་བར་དོའི་གདམས་ངག་གང་འདོད་དག་པའི་ཞིང་དུ་འགྲོ་ཆོག་པའི་ཁྲིད་བཤད་བྱས་ལེགས་སོ། །སྤྱི་དོན་ལྔ་པ་ཆོས་ཉིད་བར་དོའི་གདམས་ངག །ལམ་ཐོད་རྒལ་གྱི་དགོངས་པ་འོད་གསལ་མ་བུ་ཟུང་འཇུག་ཏུ་གྲོལ་བའི་ཁྲིད་ལ། གང་བཤད་བྱའི་ཡན་ལག །བཤད་པར་བྱ་བའི་གཞུང་དོན། མཇུག་སྐྱོན་ཡོན་བསྟན་པ་དང་གསུམ་ལས། དང་པོ་བཤད་བྱའི་ཡན་ལག་ལ། ངོ་བོ་ངེས་ཚིག །མཚན་ཉིད། ས་མཚམས། དཔེ། རྟགས། གནས་ལུགས། ལུས། སྣང་ལུགས། ངོ་སྤྲོད་དང་དགུ་ལས། དང་པོ་ཆོས་ཉིད་བར་དོའི་ངོ་བོ་ངེས་ཚིག་ནི། སྤྱིར་ཆོས་ཉིད་བར་དོའི་ངོ་བོའང་ད་ལྟའི་རང་སེམས་ཀྱི་ངོ་བོ་ལས་གཞན་ན་མེད་ཅིང་། ངེས་ཚིག་ནི། ཅིའི་ཕྱིར་ཆོས་ཉིད་བར་དོ་ཞེ་ན། འཇིག་རྟེན་འདིའི་སྣང་བ་ནི་འདས། སྲིད་པ་བར་དོ་དང་ཕྱི་མའི་སྣང་བ་མ་ཤར་བའི་བར་དེར། ཆོས་ཉིད་འོད་གསལ་དང་། ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་ལྷ་ཚོགས་དང་། སྒྲ་འོད་ཟེར་གསུམ་གྱི་སྣང་བ་ཉམས་སུ་མྱོང་བདོ་བའི་ཕྱིར་ཆོས་ཉིད་བར་དོ་ཞེས་མིང་བཏགས་སོ། །ཅེས་གསུངས་སོ། །གཉིས་པ་ཆོས་ཉིད་བར་དོའི་མཚན་ཉིད་ནི། རྒྱུད་འཁོར་འདས་རང་གྲོལ་ལས། ཆོས་ཉིད་བར་དོའི་མཚན་ཉིད་ནི། །ཕུང་པོ་མེད་ཅིང་ཟག་བཅས་བྲལ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །ཡེ་ཤེས་འོད་དང་ཁ་དོག་དང་། །ཐིག་ལེའི་ཆ་དང་འབྱུང་སྣང་དག །

སྣང་བ་ཐམས་ཅད་བདེ་ཆེན་ཞིང་། །རང་སྣང་དག་པ་ཀུན་སྣང་སྟེ། །ཅི་སྣང་ཆོས་ཉིད་རང་བཞིན་ནོ། །ཞེས་གསུངས་པ་བཞིན་ཕུང་པོ་ཤ་ཁྲག་གི་ལུས་དང་བྲལ། ཟག་པ་མེད་པའི་ལུས་སུ་གྱུར་ཏེ། ཞི་བ་དང་། ཁྲོ་བོ་དང་། སྒྲ་འོད་ཟེར་གསུམ་དང་། ཡེ་ཤེས་ཀྱི་གསལ་ཆ་དང་། སྣང་བ་ཐམས་ཅད་བདེ་བ་ཆེན་པོ་དག་པ་རབ་འབྱམས་ཀྱི་སྣང་བ་འཆར་ཏེ། ཅི་སྣང་ཆོས་ཉིད་ཀྱི་ཞིང་ཁམས་སུ་ཤར་བ་ནི། ཆོས་ཉིད་བར་དོའི་མཚན་ཉིད་ཡིན་གསུངས། གསུམ་པ་ཆོས་ཉིད་བར་དོའི་ས་མཚམས་ནི། ནང་དབུགས་ཆད་ནས་ལྷུན་གྲུབ་གྱི་སྣང་བ་ལ་མ་སླེབ་ཚུན་ཆད་དེ། སྲིད་པ་བར་དོ་མ་ཤར་ཚུན་ཆད་ཀྱི། ཆོས་ཉིད་ཞི་ཁྲོའི་སྣང་བ་ཤར་བ་དེའོ། །དེའང་དུས་རིང་ཐུང་གི་ངེས་པ་མེད་དེ། དབང་པོའི་བྱེ་བྲག་གིས་རབ་ལ་ཞག་ཕྱེད་ཉི་ཤུ་རྩ་ལྔ་དང་། དེ་ལས་ཐུང་བ་ལ་ཞག་ལྔ། དེ་ལས་ཐུང་བ་ལ་ཞག་ཕྱེད་དང་བཞི། ཐུང་ཤོས་ལ་སྐྱེས་བུའི་ལག་པ་བསྐྱངས་བསྐུམ་ཙམ་མོ། །དུད་འགྲོ་སོགས་ལས་ཤིན་ཏུ་ངན་པ་རྣམས་ལ་ནམ་མཁའ་ལ་སྐར་མདའ་རྒྱུག་པའི་ཚད་ཙམ་ལས་མི་བརྟན་པའང་ཡོད་གསུངས་སོ། །དེའང་སྤྱི་ཁྱབ་ཙམ་ལ་མཚོན་ན་ཞག་ཉི་ཤུ་རྩ་གཅིག་དུ་གསུངས་སོ། །བཞི་པ་ཆོས་ཉིད་བར་དོའི་དཔེ་ནི། ཡུས་ཅན་གྱི་དམག་སྟོང་གི་དཀྱིལ་དུ། མཚང་ཅན་གྱི་མི་གཅིག་ཆུད་པ་འདྲ་སྟེ། ཕྱོགས་གང་དུ་བལྟས་ཀྱང་སྐུ་དང་སྒྲ་འོད་ཟེར་གསུམ་གྱིས་སྔངས་སྐྲགས་བརྒྱལ། བྲེལ་ཅིང་འཇིགས་སྐྲག་གི་དུས་འདའ་བར་འགྱུར་དེ། བྲོས་པས་ནི་མི་ཐར། རྒོལ་བས་མི་ཐུབ། བརྒྱལ་བ་འཁོར་ཡུག་གི་སྣང་བས་དུས་འདའ་བའོ། །ཞེས་གསུངས་པས་མདོར་ན་རང་སྣང་གཞན་དུ་བཟུང་ནས་ཆོས་ཉིད་ཀྱི་སྒྲ་འོད་ཟེར་གསུམ་ལ་འཇིགས་སྐྲག་གི་རང་བཞིན་ཅན་ཡིན་ནོ། །

ཞེས་སོ། །ལྔ་པ་ཆོས་ཉིད་བར་དོའི་རྟགས་ལ། ད་ལྟ་ངོ་སྤྲད་ཀྱི་རྟགས་དང་། ཕྱིའི་མངོན་སུམ་གྱི་རྟགས་གཉིས་ལས། དང་པོ་ངོ་སྤྲད་ཀྱི་རྟགས་ནི། སྒྲ་འོད་ཟེར་གསུམ་ལས། ཐོག་མར་སྒྲའི་རྟགས་ནི། རྣ་བའི་བུག་པ་མཛུབ་མོས་མནན་པས་གཏིང་ནས་སྒྲ་འུར་དེང་གིས་འོང་སྟེ། དེ་ནི་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བའི་རྟགས་སོ། །གཉིས་པ་འོད་ཀྱི་རྟགས་ནི། མིག་མཛུབ་མོས་མནན་ནས་འཇའ་ཚོན་སྣ་ལྔའི་འོད་འོང་སྟེ། དེ་ནི་ཆོས་ཉིད་ཀྱི་བར་དོར་ཞི་ཁྲོའི་འོད་ཀྱི་སྐུར་འོང་བའི་རྟགས་སོ། །གསུམ་པ་ཟེར་གྱི་རྟགས་ནི། མིག་ལ་ལག་པས་ཡུན་རིང་དུ་མནན་པས། འོད་དང་ཟེར་དང་ཐིག་ལེ་ལུ་གུ་རྒྱུད་དང་། ཟ་འོག་གུར་ཁྱིམ་ལྟ་བུ། ཁྲ་ཤིག་ཤིག་པ། མེར་མེར་བ། འགུལ་བ། འཁྲིགས་པ། ནམ་མཁའི་ཁམས་གང་བ། མངོན་སུམ་འཆར་རོ། །དེ་ནི་ཟེར་གྱི་རྟགས་སོ། །ཅེས་པ་ལྟར་རོ། །གཉིས་པ་ཕྱི་དུས་ཤི་བའི་རྗེས་སུ་ཆོས་ཉིད་བར་དོ་མངོན་སུམ་དུ་ཤར་བའི་རྟགས་ནི། དཔེར་ན་ཉིན་སྣང་ལ་གཉིད་པའི་རྨི་ལམ་མེད་པ་ལྟར། ནང་དབུགས་ཆད་ཚེ་འདི་སྣང་ནུབ་ཏེ་གང་སྣང་ཐམས་ཅད་ཆོས་ཉིད་དག་པའི་སྣང་བ། སྒྲ་འོད་ཟེར་གསུམ་འབའ་ཞིག་ལས་གཞན་པའི་སྣང་བ་གང་ཡང་མི་འཆར་བ་ནི་ཤི་ནས་ཆོས་ཉིད་བར་དོར་འཁྱམས་པའི་རྟགས་ཡིན་གསུངས་སྟེ། རྒྱབ་ཆོས་ལས། ཆོས་ཉིད་བར་དོའི་རྟགས་ནི། སྒྲ་འོད་ཟེར་གསུམ་གྱི་སྣང་བ་འཆར་བའོ། །ཞེས་སོ། །དྲུག་པ་ཆོས་ཉིད་བར་དོའི་གནས་ལུགས་ནི། དབུགས་ཕྱི་ནང་གི་རྒྱུ་བ་ཆད་ནས། ཕྱིའི་སྣང་བ་ནི་ཉི་མ་ནུབ་པ་ལྟར་ནུབ་བོ། །ནང་གི་སྣང་བ་ནི་མུན་རུབ་པ་ལྟར་དྲན་བྱེད་འགགས། གསང་བའི་སྣང་བ་ནི་ནམ་ལང་པ་ལྟར། རིག་པ་འོད་གསལ་ཀྱི་ངང་ལ་གསལ་སྟོང་དུ་ཡེ་རེ་སྙིང་གི་དཀྱིལ་དུ་ཆོས་སྐུའི་དགོངས་པ་ལ་ཞག་ཕྱེད་དང་

བཞིར་གནས་སོ། །དེ་ཀ་ངོས་ཟིན་ནས། ཆོས་ཉིད་འོད་གསལ་མ་བུ་ཐིམ་ནས། ལས་ཀྱིས་ཁ་བསྒྱུར་དུ་མེད་པ་གཞིའི་འོད་གསལ་ཆོས་སྐུའི་ཀློང་དུ་གྲོལ་བའོ། །དེར་ངོས་མ་ཟིན་ན། ཆོས་ཉིད་བར་དོའི་སྣང་བ་འཆར་ཏེ། ཕུང་པོ་ཤ་ཁྲག་གི་ལུས་མེད་པར། ཞི་བ་དང་། ཁྲོ་བོ་དང་། སྐུ་དང་། ཡེ་ཤེས་དང་། འོད་དང་། ཟེར་དང་། ཁ་དོག་དང་། ཅི་སྣང་ཐམས་ཅད་ཆོས་ཉིད་རབ་འབྱམས་ཀྱི་སྣང་བ་ལ་གནས་སོ། །ཞེས་གསུངས་སོ། །བདུན་པ་ཆོས་ཉིད་བར་དོའི་ལུས་ནི། ཤ་ཁྲག་གི་རྟེན་དང་བྲལ། ལས་ཀྱི་སུན་མ་མ་སླེབ་པའི་བར་དུ། དག་པ་ཆོས་ཉིད་ཀྱི་སྣང་བ་ལ་གནས་པས། ཆོས་ཉིད་བར་དོའི་འོད་ཀྱི་ལུས་སོ། །ཅེས་སོ། །བརྒྱད་པ་ཆོས་ཉིད་བར་དོའི་སྣང་ལུགས་ནི། དག་པ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འཆར་བ་དེ། དག་པའི་སྒོ་ཉིད་ཀྱི་སྣང་བའོ། །ཞེས་གསུངས་པས་ཆོས་ཉིད་བར་དོའི་སྐབས་སུ་མ་དག་དངོས་པོ་ཐེར་ཟུག་གི་རྟེན་གནས་དང་། གདོས་བཅས་ཤ་ཁྲག་ལ་སོགས་པའི་ལས་གྲུབ་ཅན་གྱི་འགྲོ་བ་སྣ་ཚོགས་པའི་སྣང་བ་འགགས་ལ། དག་པ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་བཀྲ་ལམ་མེར་ཤར་བ་ཡིན་ནོ། །དགུ་པ་ཆོས་ཉིད་བར་དོའི་ངོ་སྤྲོད་ནི། བསྡུ་ན་ཞི་ཁྲོའི་ལྷ་ཚོགས་དང་སྒྲ་འོད་ཟེར་གསུམ་ངོ་སྤྲད་པའོ། །རྒྱས་པ་དངོས་གཞི་ལས་ཤེས་སོ། །གཉིས་པ་གང་བཤད་པར་བྱ་བའི་གཞུང་དོན་ལ། ཚེ་འདིར་སྦྱང་པ་ལ་གོམས་པ། ཕྱི་མ་ཆོས་ཉིད་བར་དོར་ངོ་སྤྲད་དང་གཉིས་ལས། དང་པོ་ཚེ་འདིར་སྦྱངས་པ་ལ་གོམས་པ་ནི་བཞི་སྟེ། སྒོ་གསུམ་གྱི་གནད་གཟིར་བ། གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ། ཉམས་སུ་བླང་བའི་སྣང་བཞིའི་འཆར་ཚུལ་བསྟན་པ། མཐའ་རྟེན་གྱི་མན་ངག་དང་བཞི་ལས། དང་པོ་གནད་གཟིར་བ་ལ་གསུམ་སྟེ། ལུས་ཀྱི་གནད་དང་། ངག་གི་

གནད་དང་། ཡིད་ཀྱི་གནད་དང་གསུམ་མོ། །དང་པོ་ལུས་གནད་གཟིར་བ་ལ་གསུམ་སྟེ། སྤྲུལ་སྐུའི་བཞུགས་ཚུལ་དྲང་སྲོང་ཙོག་པུ་བྱ་བ་དང་། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟར་བྱ་བ་དང་། ཆོས་སྐུའི་བཞུགས་སྟངས་སེང་གེ་ཁྱི་ཚུག་མོ་ལྟར་བྱ་བ་དང་གསུམ་སྟེ། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་བའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་རྣམས་ལ་ལོངས་སྤྱོད་ནས། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུའི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་རྣམ་པ་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཅེས་པ་དང་། མུ་ཏིག་འཕྲེང་བ་ལས། ལུས་ཀྱི་གནད་ནི་གསུམ་ཡིན་དེ། །སེང་གེའི་ཚུལ་དང་་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཅེས་གསུངས་པ་དང་། སློབ་བུ་བདུན་ནས་མི་མང་བར་བྱས་པས་ནམ་མཁའ་དྭངས་ཤིང་སེར་བུ་མེད་པའི་དུས་སུ། སློབ་བུ་རྣམས་དབེན་པའི་གནས་སུ་ཁྲིད་དེ། དང་པོ་ཆོས་སྐུའི་འདུག་སྟངས་སེང་གེ་ཁྱི་ཚུག་མོ་ལྟ་བུ་ནི། ལུས་ཁྱི་ཚུགས་སུ་འདུག །རྐང་མཐིལ་གཉིས་སར་ཕབ། ལག་པ་རྡོ་རྗེའི་ཁུ་ཚུར་བཅའ་སྟེ། རྐང་པའི་མཐིལ་བོང་རྩར་ལ་བཙུགས་ཏེ། རོ་སྟོད་སེང་གེ་ལྟར་བརྒྱང་སྟེ་གསེང་ལ་བོར། རྩལ་འཇིང་པ་ལ་བསྐུར། དབང་པོ་ཡུལ་ལ་གཏད་པའོ། །གཉིས་པ་ལོངས་སྐུའི་འདུག་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། གླང་ཆེན་ལྟར་ལུས་ཁ་རྦུབ་ཏུ་ཉལ། པུས་མོ་གཉིས་དང་བྲང་སྤྲད་རྐང་སོར་ཕྱིར་ཕུལ། གྲུ་མོ་གཉིས་ས་ལ་སྦྱར། འཇིང་པ་ཡུད་ཙམ་གྱེན་ལ་བཏེགས་པའོ། །གསུམ་པ་སྤྲུལ་སྐུའི་འདུག་སྟངས་དྲང་སྲོང་ཙོག་པུ་ནི། ལུས་ཙོག་པུར་བྱས་ལ།

རྐང་པའི་ལོང་བུ་གཉིས་གཤིབ། རྐང་མཐིལ་ས་ལ་ཕབ། ལུས་ཆ་བསྲེང་། པུས་མོ་གཉིས་བྲང་ལ་སྦྱར། ལག་པའི་མཁྲིག་མ་གཉིས་བསྣོལ་བ་པུས་མོ་ལ་འཁྱུད། སྒལ་ཚིག་དྲང་པོར་བསྲེང་སོ། །དེ་ལྟར་ལུས་ཀྱི་གནད་རྣམ་པ་གསུམ་གཟིར་བས། ལུས་ལ་རིག་པའི་ཡེ་ཤེས་ཡོད་པ་དེ། གནད་གཟིར་བས་མངོན་སུམ་དུ་མཐོང་སྟེ། དཔེར་ན་སྦྲུལ་ལ་རྐང་ལག་ཡོད་ཀྱང་། མ་གཅུས་ན་མི་གསལ་བ་ལྟ་བུའོ། །གཉིས་པ་ངག་གནད་ལ་གསུམ་སྟེ། ངག་བསླབ་པར་བྱ་བ་དང་། གནས་པར་བྱ་བ་དང་། བརྟན་པར་བྱ་བ་དང་གསུམ་མོ། དང་པོ་བསླབ་པ་ནི། ཉི་མ་གཅིག་ལ་ལན་གསུམ་བཞི་ལས་མི་སྨྲ་བར། ངག་ཇེ་ཉུང་བཅད་པར་བྱའོ། །གཉིས་པ་གནས་པ་ནི། གཞན་གྱི་ཚིག་མ་འདྲེས་པར་ངག་ཁྲིག་གེར་བཅད་པར་བྱའོ། །གསུམ་པ་བརྟན་པ་ནི། ཅི་ཡང་མི་སྨྲ་བ་ལྐུགས་པ་ལྟར་བརྟན་པར་བྱའོ། །གསུམ་པ་སེམས་ཀྱི་གནད་ནི། རིག་པ་གཞན་དུ་མ་ཡེངས་བར་གཏད་པས་འབེན་དང་མ་བྲལ་བར་བྱའོ། །གཉིས་པ་གནད་རྣམ་པ་གསུམ་ལ་བརྟེན་ནས། མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ། སྒོའི་གནད་དང་། ཡུལ་གྱི་གནད་དང་། རླུང་གི་གནད་གསུམ་མོ། །དང་པོ་སྒོ་གནད་ནི་མིག་ཡིན་ཏེ། ཐལ་འགྱུར་ལས། སྒོ་ནི་སྒོ་གསུམ་མིག་གིས་བལྟ། །ཅེས་པ་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། སྒོ་ནི་དེ་ཉིད་མ་འགུལ་དང་། །ཅེས་པ་དང་། འདས་རྗེས་ལས། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཅེས་པ་དང་། འདི་ལ་གསུམ། ཆོས་སྐུའི་གཟིགས་སྟངས་གྱེན་ལ་ལྡོག་ནས་བལྟས་པས། འཁྲུལ་བའི་སྣང་བ་དུས་གཅིག་ལ་འགགས་པའི་དགོས་པ་ཡོད་དོ། །ལོངས་སྐུའི་གཟིགས་སྟངས་ཟུར་གྱིས་བལྟས་པས། ཡེ་ཤེས་དག་པའི་སྣང་བ་མཐོང་བའི་དགོས་པ་ཡོད་དོ། །སྤྲུལ་

སྐུའི་གཟིགས་སྟངས་ཐུར་དུ་དབབ་པའི་ཚུལ་གྱིས་བལྟས་པས་རླུང་སེམས་ལ་དབང་ཐོབ་པའི་དགོས་པ་ཡོད་པས། དེ་ལྟར་སྒོ་གནད་གཟིགས་སྟངས་གསུམ་དང་མ་བྲལ་བར་བྱའོ། །གཉིས་པ་ཡུལ་གྱི་གནད་ནི་གཉིས་སྟེ། ཕྱིའི་དབྱིངས་དང་ནང་གི་དབྱིངས་དང་གཉིས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་ནི་སྒྲོན་མ་ལམ་དུའོ། །ཅེས་པ་དང་། སྒྲོན་མ་འབར་བ་ལས། རིག་པ་ཕྱིའི་དབྱིངས་ལ་བཞག་པས། རང་རིག་རང་གསལ་དག་སྟེ་སྣང་། །ཞེས་པ་དང་། རིག་པ་རང་ཤར་ལས། དབྱིངས་ཀྱི་རང་བཞིན་འོད་ཀྱི་ཁྱིམ། །ཅེས་པ་དང་། འདས་རྗེས་ལས། ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ། །ཅེས་པས། ཕྱི་དབྱིངས་ནམ་མཁའ་རྐྱེན་དང་བྲལ་བ་ལས། ནང་གི་དབྱིངས་རྣམ་དག་གི་སྒྲོན་མའོ། །དེ་ཡང་ནམ་མཁའ་སྟོང་པ་ལ། རིག་པ་སྟོང་བར་འཆར་བའི་ཡུལ་ཡིན་པའི་ཕྱིར། ཡུལ་གྱི་གནད་དབྱིངས་ལ་གཏད་པས། ཡེ་ཤེས་ལྷུག་པར་འཆར་རོ། །གསུམ་པ་རླུང་གི་གནད་ནི་གསུམ་སྟེ། བཟུང་བ་དང་། འཕང་བ་དང་། དལ་བར་བརྟེན་པ་དང་གསུམ་མོ། །ཐལ་འགྱུར་ལས། རླུང་གི་བྱེད་ལས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བ། །ཅེས་པ་དང་། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་ལ་བསླབ། །ཅེས་པས། དང་པོ་དལ་བར་བཟུང་། དེ་ནས་རྒྱང་རིང་པོ་མདའ་ལྟར་འཕང་ལ། རྗེས་སུ་རླུང་རང་བབས་སུ་ཤིན་ཏུ་དལ་བར་བྱའོ། །རིག་པའི་གནད་ནི། ལུ་གུ་རྒྱུད་བཙོན་དུ་བཟུང་བར་བྱ་སྟེ། ཡི་གེ་མེད་པ་ལས། ངོ་བོ་ལུ་གུ་རྒྱུད་ལྟར་འབྱུང་། །འཕྲ་དང་འཁྱུགས་དང་འགྱུ་བའོ། །ཅེས་པ་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། ལུ་གུ་རྒྱུད་དུ་རབ་ཏུ་གནས། །དེ་ཡང་འགྲོ་དང་འོང་བ་

དང་། །འགུལ་བ་དང་ནི་འཕྲིགས་པའོ། །ཅེས་པ་དང་། སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཅེས་པ་དང་། འདས་རྗེས་ལས། ལུག་རྒྱུད་རིག་པ་བརྩོན་དུ་བཟུང་། །ཅེས་པས། དེ་ལྟར་གནད་གསུམ་དང་མ་བྲལ་བས་རིག་པ་ལུ་གུ་རྒྱུད་ལ་བལྟའོ། །འདི་སྐབས་བླ་མའི་རྣལ་འབྱོར་འདོན་ཀྱང་རུང་མཆན། དང་པོ་ཐུན་ཆུང་ལ་མང་དུ་བྱ། དེ་ནས་ཐུན་ཇེ་རིང་ཇེ་རིང་དུ་ཡུན་བསྲིང་། དེ་ནས་ཉིན་མཚན་ཁྱད་པར་གྱི་དུས་སུ་ཉམས་སུ་བླང་བར་བྱའོ། །ཟླ་བ་ཕྱེད་དང་གཉིས་ཀྱིས་འབྱུང་བར་འགྱུར་རོ། །དེ་ལྟར་ཉམས་སུ་བླང་བས། གསུམ་པ་སྣང་བ་བཞིའི་འཆར་ཚུལ་ལ་བཞི་སྟེ། ཆོས་ཉིད་མངོན་སུམ་གྱི་སྣང་བ་དང་། ཉམས་གོང་འཕེལ་གྱི་སྣང་བ་དང་། རིག་པ་ཚད་ཕེབ་ཀྱི་སྣང་བ་དང་། ཆོས་ཉིད་ཟད་པའི་སྣང་བ་དང་བཞིའོ། །དེ་ཡང་འདས་རྗེས་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབ། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །བར་དོའི་ཡེ་ཤེས་མངོན་དུ་བྱས། །རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་བཞི་ལ་མཐར་ཕྱིན་ནས། །མྱང་འདས་གཞན་དུ་བཙལ་དུ་མེད། །ཅེས་གསུངས་པས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། བླ་མས་ལུས་གནད་འདི་ལྟར་གྱིས་ལ། ངག་གནད་འདི་ལྟར་བྱ་སྟེ། སེམས་གནད་འདི་ལྟར་གཏོད་ཅིག །ཅེས་ཚིག་གསུམ་གྱིས་བསྟན་པས། སློབ་མས་དེ་ལྟར་ཉམས་སུ་བླང་བས། ཡིད་དཔྱོད་ཚིག་གི་སྒྲོ་འདོག་ལ་རག་མ་ལས་པར། ཡུལ་ནམ་མཁའ་སྟོང་པ་ལ། ཆོས་ཉིད་དག་པའི་སྣང་བ་མངོན་སུམ་དུ། རྣམ་རྟོག་གང་གིས་ཀྱང་མ་བསླད་པར་མཐོང་བས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱའོ། །

ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། དབང་པོའི་སྒོ་ལ་ངེས་ཐོན་ཏེ། །སྤྲིན་མེད་དག་པའི་མཁའ་ལ་གསལ། །ཅེས་པས། དེ་ལྟར་གནད་གསུམ་དང་བསྟུན་དེ་ཉམས་སུ་བླང་བས། རང་གི་སྨིན་ཕྲག་ཏུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ། འཇའ་ཚོན་ལྟ་བུའམ། རྨ་བྱའི་མདོངས་ལྟ་བུ་གཅིག་འཆར་རོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ། གོར་མོའི་ནང་དུ་རྡོ་བསྐྱུར་བས་ཆུའི་གཉེར་མ་ལྟ་བུའམ། ཕུབ་ཀྱི་སྦ་སྐོར་ལྟ་བུའི་ནང་དུ། ཐིག་ལེ་ཉུང་འབྲུ་ཙམ་མམ་སྲན་འབྲུ་ཙམ་དུ་འཆར་རོ། །དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཞེས་བྱ་བ། ཕྲ་ལ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང་། མུ་ཏིག་བལྟར་ལ་བརྒྱུས་པ་ལྟ་བུ་དང་། ལྕགས་ཐག་ལྟ་བུ་དང་། མེ་ཏོག་གི་དྲྭ་བ་རླུང་གིས་བསྐྱོད་པ་ལྟ་བུ་ལ་སོགས་ཏེ། དེ་དག་ཐམས་ཅད་ཀྱང་གཉིས་འབྲེལ་དང་གསུམ་འབྲེལ་ལ་སོགས་པ་འཆར་དེ། དེ་ནི་རང་གི་རིག་པ་ལུ་གུ་རྒྱུད་ཐིག་ལེ་ཉག་གཅིག་ཞེས་པ་ཡིན་ནོ། །དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པ། ཉི་མ་དང་ཟེར་གྱི་ཚུལ་དུ་གནས་སོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། རིག་པ་དང་སྐུའི་རྟགས་སུ་ལུ་གུ་རྒྱུད། དེ་རྣམས་གནས་ལུགས་ཙིཏྟ་སྙིང་གི་དཀྱིལ་ན་གནས་ནས། ལམ་དབང་པོའི་དྭངས་མ་མིག་ལ་མངོན་གསུམ་དུ་འཆར་རོ། །ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལ་ངེས་ཐོན་ཏེ། །སྤྲིན་མེད་དྭངས་བའི་མཁའ་ལ་གསལ། །ཅེས་སོ། །དེས་ཡིད་དཔྱོད་འཛིན་པའི་ལྟ་བ། ཚིག་དང་བློས་བྱས་ཤེས་རབ་ལ་སོགས་རྟོག་དཔྱོད་ཀྱི་ལྟ་བ་བསྣུབས་སོ། །འདས་རྗེས་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབས། །ཅེས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། སྣང་ཉམས་དང་། ཤེས་ཉམས་གཉིས་

ལས། ཤེས་ཉམས་ནི། བདེ་ཉམས་དང་། གསལ་ཉམས་དང་། སྟོང་ཉམས་ལ་སོགས་པ་སྣ་ཚོགས་སུ་འཆར་ཞིང་། མི་བརྟན་ལ་འགྱུར་བ་ཡིན། ཐེག་པ་ཐུན་མོང་བའི་ལུགས་ཡིན་པས་གཙོ་ཆུང་ཞིང་དེར་མ་ཟད། ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ཀྱང་། ཤེས་པའི་ཉམས་ནི་ན་བུན་དང་འདྲ་ཞེས། ཉམས་མཐོ་དམན་ལ་ཡིད་ཆེས་མི་བྱེད་ཅིང་། རྟོགས་པ་མཐོ་དམན་ལ་གཙོ་བོར་བྱེད་པའི་ཕྱིར་རོ། །འདིར་ཡང་རྟོགས་པ་མཐོ་དམན་གྱི་ཚད་ཀྱང་སྣང་ཉམས་ཀྱིས་བཟུང་ཞིང་། སྣང་བ་མི་འགྱུར་བའི་ཉམས་སྣང་གཙོ་ཆེའོ། །དེ་ལྟར་སྣང་ཉམས་ཉམས་སུ་བླང་བ་ལ། དབྱིངས་རིག་རེས་གསལ་རེས་མི་གསལ་བ་འབྱུང་ངོ་། །ད་རུང་ཉམས་སུ་བླང་བས། དབྱིངས་རིག་སྨིན་མཚམས་ལས་བྲལ་ཏེ། ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་ཤར་ནས་འོང་ངོ་། །ཐིག་ལེ་རྣམས་སྲན་མ་ཙམ་དུ་འགྲོ། རིག་པ་ནི་འདབ་ཆགས་འཕུར་རྐྱེན་ཙམ་དུ་འགྲོའོ། །ད་རུང་ཉམས་སུ་བླང་བས། འོད་ལྔའི་སྣང་བ་དུམ་བུར་སྣང་བ་དང་། གྱེན་འགྲེང་དང་། རྩིབ་ཤར་དང་། མདུང་རྩེ་ལྟ་བུ་དང་། རེ་ལྡེའི་རྣམ་པ་ལྟ་བུ་དང་། གྲུ་ཆད་ཀྱི་རྣམ་པ་ལྟ་བུར་འགྱུར་ཞིང་། འོད་དེ་དག་རང་གི་མདུན་ཙམ་ཁྱབ་པར་འཆར། ཐིག་ལེ་ཡང་མེ་ལོང་ཙམ་དུ་འགྱུར་ཞིང་། རིག་པ་ནི་རི་དྭགས་སྤང་ལ་རྒྱུག་པ་ཙམ་དུ་འཆར་རོ། །ད་རུང་ཉམས་སུ་བླང་བས། དབྱིངས་ཀྱི་སྣང་བ་དེ་ལས། རིན་པོ་ཆེའི་དྲྭ་བ་ལྟ་བུ་དང་། འོད་ཀྱི་དྲྭ་བ་དང་། དྲྭ་ཕྱེད་དང་། མིག་མང་རིས་ལྟ་བུ་དང་། མིག་ཚག་དང་། མདུང་རྩེ་དང་། མེ་ཏོག་བརྩེགས་པ་ལྟ་བུ་དང་། པདྨ་སྟོང་ལྡན་དང་། གུར་ཁྱིམ་དང་། ཉི་ཟླ་དང་། མཁར་ཐབས་རིས་དང་། རལ་གྲི་དང་། རྡོ་རྗེ་དང་། འཁོར་ལོ་དང་། ཉ་མིག་གི་རྣམ་པ་ལྟ་བུར་འགྱུར་རོ། །འོད་དེ་ཡང་རང་གནས་པའི་ལུང་པ་དེ་གང་བར་འགྱུར་རོ། །

ཐིག་ལེ་རྣམས་ཁམ་ཕོར་ཙམ་དུ་འགྱུར་ཞིང་། རིག་པ་ནི་བུང་བ་བཅུད་ལ་ལྡང་བ་ཙམ་དུ་འགྱུར་རོ། །ད་རུང་ཉམས་སུ་བླང་བས། འོད་ནི་ཡུལ་ཁམས་ཙམ་དུ་ཁེངས། ཐིག་ལེ་བསེ་ཕུབ་ཙམ་དུ་འཆར་རོ། །འོད་བལྟས་ཚད་ལ་ཁྱབ། དབྱིངས་རིག་ཉིན་མཚན་མེད་པར་འཆར། ཐིག་ལེའི་ནང་དུ་ལྷ་སྐུ་རྐྱང་བ་རེ་སྣང་། རིག་པའི་བར་དུ་ཡང་སྐུ་ཕྲ་མོ་རེ་སྣང་། རིག་པ་འགུལ་འཁྲིགས་མེད་པར་སྡོད། དེ་ལྟར་ཤར་བའི་དུས་ནས་བར་དོའི་སྣང་བ་ད་ལྟར་གཏན་ལ་ཕབ་པས། ཕྱིས་བར་དོ་མེད་དོ། །དེས་ན་ཆོས་ཉིད་བར་དོའི་ཉམས་ལེན་དངོས་གཞི་ཁོ་ནའོ། །ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནས། །ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས། །གྱེན་འགྲེང་བ་དང་རྩིབ་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དང་། །རིག་པར་སྣང་བའི་ཡུལ་ལས་གསལ། །ཅེས་པ་དང་། འདས་རྗེས་ལས། ཉམས་སྣང་གོང་དུ་འཕེལ་བ་ཡིས། །བར་དོའི་ཡེ་ཤེས་མངོན་དུ་བྱས། །ཅེས་སོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དེ་ནས་ཉམས་སུ་བླང་བས། གོང་གི་ཐིག་ལེ་དེ་དག་རེ་རེའི་ནང་དུ་སྐུ་ཡབ་ཡུམ་ལྔ་ལྔ་འཆར། དེ་དག་ཀྱང་གྲངས་ལས་འདས་པ་ལས། འགྱུར་བ་མེད་པ་བྲེ་ཚད་སྲང་ཚད་ལ་འཕེལ་ཏེ། དེ་ནས་མ་བསྒོམ་ཀྱང་ཆོག་པའོ། །དེ་ཙམ་ན་ལུས་འོད་གསལ་དུ་གྲོལ། འབྱུང་བ་རང་དག་ཏུ་སོང་བས། གདོས་བཅས་ཀྱི་ཕུང་པོ་རང་སར་གྲོལ་ཏེ། སྣང་ལ་རང་བཞིན་མ་གྲུབ་པར་ལོངས་སྤྱོད་རྫོགས་པའི་སྐུར་རང་གྲོལ་ཏེ། ལོངས་སྤྱོད་རྫོགས་སྐུར་རྗེན་པར་ངོས་ཟིན་པས། སྐུའི་འཛིན་པ་རང་སར་གྲོལ་བའོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེར་གསལ་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལ། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ནས་ལྔ་ལྔ་ཟུང་དང་བཅས། །

རབ་ཏུ་གསལ་བའི་ཐིག་ལེ་འབྲེལ། །ཡབ་ཡུམ་སྐུ་ུཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཅེས་དང་། འདས་རྗེས་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཅེས་སོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། དེ་ཡང་གོང་གི་ཉམས་དེ་རྣམས་ཀྱི་འཕེལ་བ་ཟད། སྣང་བའི་ཉམས་དེ་དག་ལ་སྣང་དང་མི་སྣང་གི་འཛིན་པའི་ངོ་བོ་མེད་དེ། དེའི་ཚེ། ཆོས་ཉིད་ཟད་པའི་སྣང་བ་ཞེས་ཐ་སྙད་དུ་བཏགས་པའོ། །ཉམས་ཟད། གདོས་བཅས་ཀྱི་ལུས་ཟད། དབང་པོའི་འཛིན་པ་ཟད། འཁྲུལ་བའི་རྟོག་ཚོགས་ཟད། གྲུབ་མཐའ་དང་འཁྲུལ་སྣང་ཐམས་ཅད་ཟད་ནས། ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་སངས་རྒྱས་པ་ཡིན་ཏེ། ཆོས་ཉིད་ཟད་པ་ཞེས། བྱས་ཆོས་དང་། འཁྲུལ་སྣང་དང་། ཉམས་སྣང་གི་འཕེལ་བ་ཟད་པའི་ཕྱིར། ཆོས་ཉིད་ཟད་པ་ཞེས་མིང་བཏགས་པ་ལས། ཅི་ཡང་མེད་པར་ཟད་ནས་ཆད་ལྟ་ལྟ་བུ་མེད་པ་ནི་མ་ཡིན་ཏེ། མཁྱེན་པའི་ཡེ་ཤེས་དང་ཡོན་ཏན་ནི། བརྗོད་ཀྱིས་མི་ལང་བ་མངོན་དུ་འགྱུར་ཏེ། མདོར་ན་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྩལ་རྫོགས་ཟིན་པའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་ནས། ཉམས་སྣང་གོང་འཕེལ་གྱི་སྣང་བ་དབྱིངས་རིག་རྣམས་གོང་ནས་གོང་དུ་འཕེལ་བ་ལ་བརྟེན་ནས། རིག་པ་ཚད་ལ་ཕེབས་དེ། སྐུ་གསུམ་གྱི་ཞིང་ཁམས་ལ་ལོངས་སྤྱོད་ཅིང་། དེ་ཉིད་ཟླ་བ་ཉ་རྫོགས་པའམ། ནང་དུ་སྡུད་ནས་སུ་སྨིན་པ་ལྟར། ཉམས་ཀྱི་འཕེལ་ཟད། བློ་ཟད། ཆོས་ཟད། འཛིན་པ་ཟད་པའི་ཚེ། ཆོས་ཉིད་ཟད་པའི་སྣང་བ་ཞེས་མིང་དུ་བཏགས་པ་ཙམ་མོ། །དེ་ཡང་རྫོགས་ཆེན་གྱི་ཆོས་ཉིད་ཟད་པ་དང་། མདོ་ལུགས་ཀྱི་ལམ་ལྔ་ལས། མཐར་ཕྱིན་པའི་ལམ་དང་ཡོན་ཏན་མཉམ་མོ་སྙམ་ན། གཏན་ནས་མི་མཉམ་སྟེ། མདོ་ལུགས་ཁོ་རང་གི་ས་

བཅུ་ལམ་ལྔའི་ཡོན་ཏན་བརྒྱ་ཕྲག་དྲུག་བཅུ་རྩ་བཞིའི་རྩལ་རྫོགས་ནས། མཐར་ཕྱིན་པ་ཡིན་ཀྱང་ད་རུང་སྔགས་ཀྱི་ཡོན་ཏན་དང་རྩལ་གཏན་ནས་མ་མཐོང་ཞིང་། མ་རྫོགས་པའི་ཕྱིར་རོ། ཆོས་ཉིད་ཟད་པ་དང་མཐར་ཕྱིན་པའི་ལམ་གཉིས་ཤིན་ཏུ་ཁྱད་པར་ཆེའོ། །ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་བ་རང་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཅེས་སོ། །དེ་ལྟར་ལུ་གུ་རྒྱུད་རྒྱུན་ཆད་ནས། ཟག་བཅས་ཕུང་པོ་མི་སྣང་བར། འདི་ལ་མངོན་པར་སངས་རྒྱས་སོ། །ཅེས་པ་དང་། འདས་རྗེས་ལས། ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་གཞི་ལམ་མཐར་ཕྱིན་ནས། །མྱང་འདས་གཞན་དུ་བཙལ་དུ་མེད། །ཅེས་གསུངས་པས། རྫོགས་པ་ཆེན་པོའི་མཐར་ཕྱིན་པའི་ལམ་ཡིན་ཏེ། ད་ནི་མྱ་ངན་ལས་འདས་པའི་ཆོས་དང་། ལམ་གཞན་དུ་བཙལ་རྒྱུ་མེད་དེ། མཐར་ཐུགས་པའོ། །ཐེག་པ་འོག་མའི་མཐར་ཕྱིན་པའི་ལམ་ཐོབ་ཀྱང་། སྔགས་ཀྱི་ཡོན་ཏན་གྱི་སྒོ་མ་མཐོང་ན་དེ་ནས་སྔགས་ལ་འཇུག་ཅིང་། ཐོས་བསམ་ལ་སྦྱང་དགོས་པའི་ཕྱིར། མདོའི་ལམ་མཐར་ཕྱིན་ཀྱང་སྔགས་ཀྱི་ལམ་མཐར་མ་ཕྱིན་པའོ། །འདི་ནི་ལམ་ཐམས་ཅད་མཐར་ཕྱིན་པ་ཡིན་པས། དེ་ལས་ཡར་ཕུལ་ས་མེད་པས། ས་རྫོགས། ལམ་རྫོགས། དེ་ལས་ཡར་ཆེ་བ་གཞན་མེད་པས། རྫོགས་པ་ཆེན་པོ་ཞེས་མིང་དུ་བཏགས་སོ། །དེ་ལྟར་སྣང་བ་བཞིའི་འཆར་ཚུལ་བཤད་ནས། བཞི་པ་མཐའ་བརྟེན་རྗེས་ཀྱི་མན་ངག་ནི། མི་འགུལ་བ་གསུམ་གྱིས་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་བཟུང་། ཐོབ་པ་གསུམ་གྱིས་གཟེར་གདབ། གདེང་བཞིའི་གྲོལ་ཚད་བསྟན་པ་དང་བཞི་ལས། དང་པོ་མི་འགུལ་བ་གསུམ་གྱིས་གཞི་བཅའ་བ་ནི།

ལུས་བཞུགས་སྟངས་གསུམ་གང་རུང་ལས་མི་འགུལ་བས་རྩ་ཐིག་རླུང་གསུམ་ལ་བརྟན་པ་ཐོབ་ནས། འགྱུ་བྱེད་ཀྱི་རྟོག་པའི་རྒྱུན་ཆད་དེ་རིག་པ་གནས་པའི་དགོས་པ་ཡོད་དོ། །མིག་གཟིགས་སྟངས་གསུམ་གང་རུང་ལས་མ་འགུལ་བས་སྒྲོན་མ་བརྟན་པས་སེམས་མི་འགུལ། དེ་མ་འགུལ་བས་རྣམ་རྟོག་མི་འབྱུང་ཞིང་དབྱིངས་རིག་འདུ་འབྲལ་མེད་པར་སྣང་བའི་དགོས་ཆེད་ཡོད་དོ། །རིག་པ་འོད་གསལ་གྱི་སྣང་བ་མཐོང་བ་ལས་མི་འགུལ་བས་ཐོད་རྒལ་གྱི་འཆར་ཆ་གོང་དུ་འཕེལ་བའི་དགོས་ཆེད་ཡོད་དོ། །དེས་གནས་སྐབས་ཉམས་རྟོགས་རྒྱས་ཤིང་མཐར་ཐུག་ཕུང་པོ་ལྷག་མེད་དུ་སངས་རྒྱས་གསུངས། དེ་ཡང་ཐལ་འགྱུར་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་དུ་ཕེབས་པའོ། །ཞེས་སོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། གོང་ལྟར་དབྱིངས་རིག་བསྲེ་བ་ལ་ཡུན་བསྲིང་བའི་སྟོབས་ཀྱིས་ནམ་ཞིག་ན་དབྱིངས་རིག་གཉིས་ཀྱི་སྣང་བ་འགྲོ་འོང་མེད་པར་སྡོད། དེས་དང་པོ་ཕྱི་སྣང་བ་བསྐྱོད་བྱེད་ཀྱི་རླུང་ཟིན་པའི་དགོས་ཆེད་ཡོད་དོ། །ལུས་གཡོ་འགུལ་མེད་པར་སྡོད་དེས་ཕུང་པོ་བསྐྱོད་བྱེད་ཀྱི་རླུང་ཟིན་པའི་དགོས་ཆེད་ཡོད་དོ། །སེམས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པ་ཡིན། དེས་གསང་བ་རྟོག་པ་བསྐྱོད་བྱེད་ཀྱི་རླུང་ཟིན་པའི་དགོས་ཆེད་ཡོད་དོ། །དེ་ཚེ་ཚད་རྨི་ལམ་གྱིས་བཟུང་། རྟགས་སྒོ་གསུམ་ལ་འཆར་བས། དང་པོ་དབང་པོ་དང་བརྩོན་འགྲུས་རབ་ཀྱིས་རྨི་ལམ་ནང་དབྱིངས་སུ་ཐིམ། འབྲིང་གིས་འོད་གསལ་དུ་འཆར། ཐ་མས་ངོས་ཟིན། གཉིས་པ་རྟགས་སྒོ་གསུམ་ལ་ཇི་ལྟར་ཤར་ན། དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགས་ལ། ལུས་འགུལ་མི་འདོད། ངག་སྨྲ་མི་འདོད། སེམས་གར་

གཏད་དེར་གནས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་རྟགས་ནི། ལུས་མཛེས་འདོད་དང་བྲལ། ངག་གཏད་མེད་སྨྲ། སེམས་འཁོར་བ་ལ་ཕྱིར་མི་ལྡོག་པའི་རང་ཐག་ཆོད། གསུམ་པ་རིག་པ་ཚད་ཕེབས་ཀྱི་རྟགས་ནི། ལུས་འབྱུང་བཞི་ལ་རང་དབང་བསྒྱུར། ངག་གང་སྨྲས་གཞན་དོན་དུ་འགྱུར། སེམས་རེ་དོགས་མེད་པའི་དཔའ་གདེང་རྙེད། བཞི་པ་ཆོས་ཉིད་ཟད་པའི་རྟགས་ནི། ལུས་གསོད་པའི་གཤེད་མ་བྱུང་ཡང་ཉམ་མི་ང་། ངག་བྲག་ཆ་ལྟར་ཟློས། སེམས་ན་བུན་ཡལ་བ་ལྟར་ངོས་བཟུང་ཅི་ཡང་མེད། དེ་ཚེ་ཟག་བཅས་ཟད་ནས་འོད་སྐུར་གྲོལ། དེ་དག་ཀྱང་ཐལ་འགྱུར་ལས། སྡོད་པ་གསུམ་གྱིས་ཚད་བཟུང་བ། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངེས་པར་བཟུང་བའོ། །ཞེས་སོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། སྐྱེ་བ་ལ་རང་དབང་ཐོབ་པའི་རྟགས་སུ་རང་གི་ཕུང་པོ་གདོས་བཅས་སུ་མི་སྣང་། འཇུག་པ་ལ་རང་དབང་ཐོབ་པའི་རྟགས་སུ་འཕོ་ཆེན་གྱི་སྐུར་བཞེངས། རླུང་སེམས་ལ་རང་དབང་ཐོབ་པའི་རྟགས་སུ་སེམས་ཅན་ཚེ་འཕོས་པའི་ལུས་ལ་རིག་པ་བཅུག་པས་སངས་རྒྱས་པར་བྱེད་ནུས། འདིའི་ཚེ་མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་ཅིང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འཁྲུལ་མེད་དུ་གྱུར་ཟིན་ཏོ། །དེའང་ཀློང་གསལ་ལས། ཐོབ་པ་གསུམ་གྱིས་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་སོ། །བཞི་པ་གདེང་བཞིའི་གྲོལ་ཚད་བསྟན་པ་ནི། དཀོན་མཆོག་གི་ཡོན་ཏན་དང་། སངས་རྒྱས་ལ་རེ་བ་མེད་པའི་གདེང་དང་གཅིག །འཚང་མི་རྒྱ་བའི་དོགས་པ་མེད་པ་དང་གཉིས་ནི་ཡར་གྱི་གདེང་གཉིས་སོ། །མཐོ་རིས་ཀྱི་བདེ་བ་ལ་མི་རེ་བ་དང་གཅིག །ངན་སོང་གི་སྡུག་བསྔལ་ལ་མི་དོགས་པ་དང་གཉིས་ནི་མར་གྱི་གདེང་

གཉིས་སོ། །དེའང་རིན་ཆེན་སྤུང་བ་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་རྟོགས་ཡེ་ཤེས་ཚད་ཀྱང་བཟུང་། ཞེས་གསུངས་པ་ལྟར་ཡན་མན་དུ་བཤད་པའང་མྱང་འདས་འཁོར་བ་ཙམ་ལས་སྟེང་འོག་ལྟ་བུ་མ་ཡིན་པར་ཤེས་དགོས་སོ། །གཉིས་པ་ཕྱི་མ་ཆོས་ཉིད་བར་དོའི་ངོ་སྤྲོད་ནི། སྤྱིར་དབང་པོའི་བྱེ་བྲག་ལ་དགོངས་ནས་གྲུབ་མཐའ་སོ་སོའི་བཞེད་ཚུལ་མང་ཡང་། འདིར་འཆི་ཁ་བར་དོའི་ཐིམ་རིམ་ལས། དབུགས་ཕྱི་མ་རླུང་ལ་ཐིམ་ནས་ཕྱི་དབུགས་ཆད། དེ་རྗེས་སྣང་མཆེད་ཐོབ་གསུམ་རྗེས་སུ་བརྒྱལ། བརྒྱལ་སངས་པ་དང་མཉམ་དུ་གཞི་ཡི་འོད་གསལ་དང་པོ་ཤར། དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ནང་དབུགས་ཆད། དེ་ནས་རྣམ་ཤེས་ནམ་མཁའ་ལ་ཐིམ་པས་དབུགས་བར་སྣང་ལ་ཡལ། དེ་ཚེ་ནམ་མཁའ་འོད་གསལ་ལ་ཐིམ་པས་འོད་གསལ་ཕྱི་མ་རྒྱུ་ལུས་འོད་གསལ་ཞེས་བྱ་བ་ཤར། དེའང་གྲུབ་ཐོབ་ཀརྨ་གླིང་པས་རྟོག་པའི་སླད་ཞུགས་པར་བཤད། ཀློང་ཆེན་རིན་པོ་ཆེའི་རྟོག་པས་སླད་མ་ཞུགས་པ་འོད་གསལ་སྔ་མ་དང་ཆོས་མཚུངས་པར་བཞེད་དོན་ལ་གང་ལྟར་ཡང་དེ་ཡན་ཆད་སྔར་འཆི་ཁ་བར་དོའི་སྐབས་སུ་བཤད་ཟིན་ནས། ད་ནི་སྐབས་འདིར་ཆོས་ཉིད་བར་དོའི་ཤར་ཚུལ་ནི། རྣམ་ཤེས་འོད་གསལ་ལ་ཐིམ་པ། འོད་གསལ་ཟུང་འཇུག་ལ་ཐིམ་པ། ཟུང་འཇུག་ཡེ་ཤེས་ལ་ཐིམ་པ། ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་ཚུལ་དང་བཞི་ལས། དང་པོ་རྣམ་ཤེས་འོད་གསལ་ལ་ཐིམ་པ་ནི། ཐལ་འགྱུར་ལས། འདི་ནས་ཆོས་ཉིད་བར་དོ་བཤད། །འཆི་ཁ་ལས་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལུས་དང་གྲིབ་མ་བཞིན་དུ་འགྱུར། །དེ་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་

སྣང་བ་མཆེད་པ་བཟུང་། །གཡོ་བ་རླུང་དག་མཆེད་པ་ཡིན། །ཁ་དོག་ལྔ་ཡི་འོད་ཟེར་རྣམས། །མ་ངེས་འཇའ་ཚོན་རིས་སུ་སྣང་། །ཞེས་པ་ལྟར། འདིར་དབུགས་ཕྱི་ནང་གི་རྒྱུ་འགྲུལ་ཆད་པའི་རྗེས་སུ་རྣམ་ཤེས་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། སྔར་ཕྲ་རགས་ཀྱི་སྣང་བ་ཐམས་ཅད་དལ་ཅིག་འགགས་པའི་རྗེས་སུ་དུས་མ་འགྱུར་བ་ལ་སྣང་བ་འགྱུར་ནས། ནང་རང་གི་དབང་པོ་རྣམས་ལ་སྣང་གཟུགས་མེད་ཀྱང་། ཡོད་པའི་འདུ་ཤེས་ཤར་ཞིང་འོད་ལུས་སུ་སྣང་། དེ་དུས་ཕྱི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཉི་མ་ཟླ་བ་ལ་སོགས་པའི་སྣང་བ་རྣམས་ནུབ། གསང་བ་ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་རྣམ་པར་དག་པ་ཡེ་ཤེས་མཐོང་ཞེས་བྱ་བ། འོད་ཁ་དོག་ལྔ་ལྡན་ཚོན་སྣ་ལྔའི་གྲུ་གུ་བསྐྱང་བ་ལྟ་བུ་མིག་ནས་ཟུག་པ། འོད་དེ་རྣམས་ཡང་མ་འདྲེས་པ་ཕྲ་ལ་དྭངས་པ། གསལ་ལ་འཚེར་བ། ཁ་དོག་བལྟར་མི་བཟོད་པ། དཔེར་ན་སོས་ཀའི་ཐང་ལ་སྨིག་སྒྱུ་རྒྱུ་བ་བཞིན་ཏུ་ནམ་མཁའི་ཁམས་གང་བར་མེ་རེ་རེ་འཆར་ནས་འོང་ངོ་། །འོད་དེ་ནི་ཆོས་ཉིད་ཀྱི་རང་འོད་ཡིན་ནོ། །འོད་དེའི་ནང་ནས་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟ་བུའི་སྒྲ་མགོ་འགས་པ་ཙམ་དུ་སྒྲོགས་ནས་འོང་ངོ་། །དེ་ནི་ཆོས་ཉིད་ཀྱི་རང་སྒྲ་ཡིན་ནོ། །དེ་ཚེ་ཟེར་ནི་མིག་གིས་བལྟ་མི་བཟོད་པ་དཔེར་ན་ཉི་མ་བྱེ་བ་འབུམ་གྱི་འོད་ལྷན་དུ་འཆར་བ་ལས་ལྷག་པར་འབར་ནས་སྣང་ངོ་། །དེ་ཡང་རང་རིག་གི་ཟེར་ཡིན་ནོ། །དེ་ལྟར་ངོ་མ་ཤེས་ན་འོད་ཀྱིས་འཇིགས། སྒྲས་བསྔངས། ཟེར་གྱིས་སྐྲག་ནས། རང་སྣང་དགྲར་ལྡང་ནས་འཁོར་བར་འཕེན་པའི་སྐྱོན་ཡོད་པས་ཆོས་ཉིད་བར་དོའི་ཤར་ཆ་ཐམས་ཅད་རང་སྣང་དུ་ཤེས་པར་གྱིས་ཤིག །དེའི་ཚེ་གདམས་ངག་ནི་དེ་ཉིད་རང་ངོ་ཤེས་པས་ཡར་གྱི་ཟང་ཐལ་དུ་གྲོལ་གསུངས་སོ། །གཉིས་པ་འོད་གསལ་ཟུང་འཇུག་ལ་ཐིམ་

པ་ནི། ཐལ་འགྱུར་ལས། འཇུག་ཅིང་སྨིན་པའི་རླུང་ལས་ཀྱང་། །ཕྱོགས་བཞི་མཚམས་དང་སྟེང་འོག་ཀུན། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་མངོན་པར་སྣང་། །མཐིང་ཀ་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུམ་དང་བཅས་པ་སྣང་། །སོ་སོའི་ཚོམ་བུ་རྫོགས་པ་ལས། །ལྔ་ལྡན་བཅུ་ལྡན་བརྒྱ་ལྡན་ལ། །ཚོམ་བུ་སྟོང་དང་འབུམ་ཕྲག་ནི། །བསམ་ངོར་རང་བཞིན་དག་པ་ཡིས། །བརྗོད་ཀྱིས་མི་ལང་གྲངས་མེད་འཆར། །ཞེས་གསུངས་པ་བཞིན་ཆོས་ཉིད་ཀྱི་རང་འོད་ལས་རང་བྱུང་ཕྱོགས་བཞི་དབུས་ལྔར་སྣང་བའི་ཞག་ལྔར་སྣང་སྲིད་ཐམས་ཅད་འོད་དང་སྐུར་འཆར་རོ། །དེ་ཚེ་ཞག་དང་པོ་ལ། འོད་མཐིང་ཀ་ནམ་མཁའི་དབྱིངས་ཡོངས་སུ་གང་བ་འཆར་རོ། །སྣང་བ་འདི་དག་ཤར་བ་དུས་གཅིག་ལ་ཤར་ནས་ངེས་པ་རིམ་གྱིས་རྙེད་པ་སྟེ། ཞེས་ཀློང་ཆེན་པས་སོ། །མཆན། དེའི་དུས་སུ་དབུས་ཕྱོགས་ཐིག་ལེ་བརྡལ་བའི་ཞིང་ཁམས་ནས། རྣམ་སྣང་ཡབ་ཡུམ་ཟུང་འཇུག་ཏུ་ཤར་བའི་ཐུགས་ཀ་ནས། ཆོས་དབྱིངས་ཡེ་ཤེས་ཀྱི་འོད་མཐིང་ཀ་བལྟར་མི་བཟོད་པ་དང་། ལྷའི་འོད་དཀར་པོ་བཀྲགས་མེད་པ་གཉིས་གཤིབ་ནས་ཁྱོད་རང་གི་མིག་ལ་ཟུག་པ་ལྟར་སྣང་ངོ་། །དེ་ཚེ་འོད་དཀར་པོ་བཀྲགས་མེད་པ་དེ་ལྷ་རུ་སྐྱེ་བའི་ལམ་ཡིན་པས་དེ་ལ་མིག་གིས་མ་བལྟ། །འོད་མཐིང་ཀ་དེ་རྣམ་པར་སྣང་མཛད་ཀྱི་ཐུགས་རྗེའི་འོད་ཟེར་ཡིན་པས་དེ་ལ་རིག་པ་གཏད་པས་རྣམ་སྣང་ཡབ་ཡུམ་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས་དབུས་སྟུག་པོ་བཀོད་པར་ལོངས་སྐུའི་ཚུལ་དུ་གྲོལ་བར་འགྱུར་རོ། །ཞག་གཉིས་པ་ན། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས་གཙོ་བོ་རྡོ་རྗེ་སེམས་དཔའ་སངས་རྒྱས་སྤྱན་མ། ཡབ་ཡུམ་ལ་འཁོར་སེམས་དཔའ་སའི་སྙིང་པོ་དང་བྱམས་པ་མེ་ཏྲི་སེམས་མ་ལཱ་སེ་

མ་དང་པུཥྤེ་མ་བཞིས་བསྐོར་བ་འཆར་བའི་གཙོ་བོ་རྡོར་སེམས་ཡབ་ཡུམ་གྱི་ཐུགས་ཀ་ནས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འོད་དཀར་པོ་བལྟར་མི་བཟོད་པ་དང་། དམྱལ་བའི་འོད་དུད་ཁ་བཀྲག་མེད་པ་གཉིས་གཤིབ་ནས་ཁྱོད་རང་གི་མིག་ཏུ་ཟུག་པ་ལྟར་སྣང་ངོ་། །དེ་ཚེ་འོད་དུད་ཁ་བཀྲག་མེད་པ་དེ་དམྱལ་བར་སྐྱེ་བའི་ལམ་ཡིན་པས་དེ་ལ་མིག་གིས་མ་བལྟ། འོད་དཀར་པོ་བལྟར་མི་བཟོད་པ་དེ་རྡོ་རྗེ་སེམས་དཔའི་ཐུགས་རྗེའི་འོད་ཟེར་ཡིན་པས་དེ་རང་སྣང་དུ་ཤེས་བཞིན་རིག་པ་གཏད་པ་ཙམ་གྱིས་རྡོར་སེམས་ཡབ་ཡུམ་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས་ཤར་མངོན་པར་དགའ་བའི་ཞིང་ཁམས་སུ་ལོངས་སྐུའི་ཚུལ་དུ་གྲོལ་བར་འགྱུར་རོ། །ཞག་གསུམ་པ་ལ། ལྷོ་དཔལ་དང་ལྡན་པའི་ཞིང་ཁམས་ནས་གཙོ་བོ་རིན་ཆེན་འབྱུང་ལྡན་མ་མ་ཀི་ཡབ་ཡུམ་ལ་འཁོར་སེམས་དཔའ་ནམ་མཁའི་སྙིང་པོ་དང་། ཀུན་ཏུ་བཟང་པོ། སེམས་མ་མ་ལྱ་མ་དང་། དྷུཔྤེ་མ་བཞིས་བསྐོར་ནས་འཆར་བས། གཙོ་བོ་རིན་འབྱུང་ཡབ་ཡུམ་གྱི་ཐུགས་ཀ་ནས་མཉམ་ཉིད་ཡེ་ཤེས་ཀྱི་འོད་སེར་པོ་བལྟར་མི་བཟོད་པ་དང་། མིའི་འོད་སྔོན་པོ་བཀྲག་མེད་པ་གཉིས་གཤིབ་ནས་ཁྱོད་རང་གི་མདུན་དུ་ཚུར་མིག་ལ་ཟུག་པར་འཆར་རོ། །དེ་ཚེ་འོད་སྔོན་པོ་བཀྲགས་མེད་པ་དེ་མི་རུ་སྐྱེ་བའི་ལམ་ཡིན་པས་དེ་ལ་མིག་གིས་མ་བལྟ། འོད་སེར་པོ་བལྟར་མི་བཟོད་པ་དེ་རིན་ཆེན་འབྱུང་ལྡན་གྱི་ཐུགས་རྗེའི་འོད་ཟེར་ཡིན་པས་དེ་རང་སྣང་དུ་ཤེས་བཞིན་རིག་པ་གཏད་པ་ཙམ་གྱིས་རིན་འབྱུང་ཡབ་ཡུམ་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སུ་ལོངས་སྐུའི་ཚུལ་དུ་གྲོལ་ལོ། །ཞག་བཞི་པ་ལ་ནུབ་བདེ་བ་ཅན་གྱི་ཞིང་ཁམས་ནས། གཙོ་བོ་སྣང་བ་མཐའ་ཡས་

ཡབ་ཡུམ་ལ། འཁོར་སེམས་དཔའ་སྤྱན་རས་གཟིགས་དང་། འཇམ་དཔལ་དང་། སེམས་མ་གིརྟི་མ་དང་། ཨ་ལོ་གེ་བཞིས་བསྐོར་ནས་འཆར་བས། གཙོ་བོ་སྣང་མཐའ་ཡབ་ཡུམ་གྱི་ཐུགས་ཀ་ནས། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་འོད་དམར་པོ་བལྟར་མི་བཟོད་པ་དང་། ཡི་དྭགས་སུ་སྐྱེ་བའི་འོད་སེར་པོ་བཀྲགས་མེད་པ་གཉིས་གཤིབ་ནས་ཁྱོད་རང་གི་མདུན་དུ་ཚུར་མིག་ལ་ཟུག་པར་འཆར་རོ། །དེ་ཚེ་འོད་སེར་པོ་བཀྲགས་མེད་པ་དེ་ཡི་དྭགས་སུ་སྐྱེ་བའི་ལམ་ཡིན་པས་དེ་ལ་མིག་གིས་མ་བལྟ། འོད་དམར་པོ་བཀྲགས་མི་བཟོད་པ་དེ་སྣང་བ་མཐའ་ཡས་ཀྱི་ཐུགས་རྗེའི་འོད་ཟེར་ཡིན་པས་དེ་རང་སྣང་དུ་ཤེས་བཞིན་རིག་པ་གཏད་པ་ཙམ་གྱིས་སྣང་མཐའ་ཡབ་ཡུམ་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་ལོངས་སྐུའི་ཚུལ་དུ་གྲོལ་ལོ། །ཞག་ལྔ་པ་ལ། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས། གཙོ་བོ་དོན་ཡོད་གྲུབ་པ་ཡབ་ཡུམ་ལ་འཁོར་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། སྒྲིབ་པ་རྣམ་སེལ། སེམས་མ་གྷནྡྷེ་མ་དང་། ནིརྟི་མ་བཞིས་བསྐོར་ནས་འཆར་རོ། །གཙོ་བོ་དོན་གྲུབ་ཡབ་ཡུམ་གྱི་ཐུགས་ཀ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་འོད་ལྗང་གུ་བལྟར་མི་བཟོད་པ་དང་། ལྷ་མ་ཡིན་དུ་སྐྱེ་བའི་འོད་དམར་པོ་བཀྲགས་མེད་པ་གཉིས་གཤིབ་ནས་ཁྱོད་རང་གི་མདུན་དུ་ཚུར་མིག་ལ་ཟུག་པར་འཆར་ནས་འོང་ངོ་། །དེ་ཚེ་འོད་དམར་པོ་བཀྲགས་མེད་པ་དེ་ལྷ་མིན་དུ་སྐྱེ་བའི་ལམ་ཡིན་པས་དེ་ལ་མིག་གིས་མ་བལྟ་ཤིག །འོད་ལྗང་གུ་བཀྲགས་བལྟར་མི་བཟོད་པ་དེ་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ཐུགས་རྗེའི་འོད་ཟེར་ཡིན་པས་དེ་རང་ངོ་ཤེས་བཞིན་རིག་པ་གཏད་པ་ཙམ་གྱིས་དོན་གྲུབ་ཡབ་ཡུམ་གྱི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས་བྱང་ཕྱོགས་ལས་

རབ་རྫོགས་པའི་ཞིང་ཁམས་སུ་ལོངས་སྤྱོད་རྫོགས་སྐུའི་ཚུལ་དུ་གྲོལ་ལོ། །གསུམ་པ་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས། ཞག་དྲུག་པ་ལ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ལ། འབྱུང་བཞི་རྣམ་པར་དག་པའི་འོད་ཁ་དོག་བཞི་འཆར་ནས་འོང་ངོ་། །དེའི་ཚེ་ཕྱོགས་བཞི་དབུས་ལྔའི་ཞིང་ཁམས་ནས་གཙོ་བོ་རྒྱལ་བ་རིགས་ལྔ་ཡབ་ཡུམ་འཁོར་རང་རང་གི་སེམས་དཔའ་དང་སེམས་མའི་བསྐོར་བ་དང་། དེའི་ཕྱི་རོལ་དུ་སྒོ་བ་ཡབ་ཡུམ་དང་། ཐུབ་པ་དྲུག་དང་། ཀུན་བཟང་ཡབ་ཡུམ་ཏེ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་ཐམས་ཅད་ཁྲ་ཆེམ་མེར་ཤར་ནས་འོང་ངོ་། །ལོངས་སྐུའི་ཞིང་ཁམས་ལྷ་དང་བཅས་པ་དེ་རྣམས་གཞན་མ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། ཨེ་མ། རིག་པའི་གནས་ལུགས་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །ཡབ་དང་ཡུམ་གྱི་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་དང་རིག་པས་རབ་བརྒྱན་སྟེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །དེ་ནི་ཞི་བའི་བཞུགས་ཚུལ་ལོ། །ཞེས་གསུངས་པ་བཞིན་གསོན་གྱི་དུས་སུ་ཁྱོད་རང་གི་སྙིང་གི་ཕྱོགས་བཞི་དབུས་དང་ལྔ་རུ་གནས་པ་ཡིན། ད་ལྟ་ལུས་སེམས་བྲལ་དུས་རིག་གདངས་སྙིང་གི་ནང་ནས་ཕྱིར་ཐོན་ནས་ཤར་བ་ཡིན་པས་རང་སྣང་ཡིན་པ་ངོ་ཤེས་པར་གྱིས་ཤིག །དེ་ལྟར་ཞི་བའི་དཀྱིལ་འཁོར་དུས་གཅིག་ཏུ་ཤར་བའི་ཚེ་གཙོ་བོ་རིགས་ལྔ་ཡབ་ཡུམ་དེ་དག་གི་ཐུགས་ཀ་ནས། ཡེ་ཤེས་བཞི་སྦྱོར་གྱི་འོད་ཟེར་རྡོ་རྗེ་སེམས་དཔའི་ཁོང་སོང་ཞེས་བྱ་བ་འོད་ཟེར་ཤིན་ཏུ་ཕྲ་ལ་དྭངས་བ། ཉི་མའི་འོད་ཟེར་བ་ཐག་བསྒྲིལ་བ་ལྟ་བུ་རེ་ཁྱོད་ཀྱི་སྙིང་གར་ཟུག་བཞིན་འཆར་རོ། །དེ་ཡང་དང་པོ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་དཀར་གསལ་བལྟར་མི་བཟོད་པ་

འཇའ་འོད་ལྟར་བརྐྱང་ནས་ཁྱོད་རང་གི་སྙིང་ཁར་འབྲེལ་ནས་འཆར་དུ་འོང་ངོ་། །འོད་དེའི་ནང་དུ་མེ་ལོང་ཁ་སྦུབ་པ་ལྟ་བུའི་ཐིག་ལེ་བཀྲགས་འཚེར་བ་ལ། རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པ། དེའི་མཐའ་དབུས་མེད་པར་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་ཤར་ནས་འོང་ངོ་། །རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་མཐིང་ལ་གསལ་བའི་འོད་སྣམ་བུ་ལྟ་བུ་བརྐྱང་ནས་ཁྱོད་རང་གི་སྙིང་གར་ཟུག་པའི་ནང་དུ་ཐིག་ལེ་མཐིང་ག་གཡུའི་ཕོར་བ་ཁ་སྦུབ་པ་ལྟ་བུ་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་ནས་འཆར་རོ། །རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀ་ནས་མཉམ་ཉིད་ཡེ་ཤེས་ཀྱི་འོད་སེར་གསལ་འཇའ་ཚོན་སྐུད་ལྟར་བརྐྱང་བ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་སེར་པོ་གསེར་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ་མཐའ་དབུས་ཐམས་ཅད་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་འཆར་རོ། །སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་སོ་སོར་རྟོགས་པའི་ཡེ་ཤེས་དམར་གསལ་འཇའ་ཚོན་བརྐྱང་པ་རང་གི་སྙིང་ཀར་ཟུག་པའི་སྟེང་དུ་ཐིག་ལེ་དམར་པོ་བྱུ་རུའི་ཕོར་བ་ཁ་སྦུབ་པ་ལྟ་བུ་མཐའ་དབུས་ཐམས་ཅད་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ་འཆར་དུ་འོང་ངོ་། །འདིར་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་འོད་ལྗང་གུ་ཁྱོད་ཀྱི་རིག་པའི་རྩལ་མ་རྫོགས་པས་མི་སྣང་གསུངས་སོ། །འོད་དེ་རྣམས་རང་སྣང་རྡོ་རྗེ་སེམས་དཔའི་ཁོང་གསེང་གི་ལམ་ཡིན་པས་རིག་པ་འོད་དེའི་སྦུབས་སུ་གཏད་པ་ཙམ་གྱིས་རྡོ་རྗེ་སེམས་དཔའི་ཁོང་སེང་ནས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་་པ་ཡིན་ནོ། །འོད་དེ་རྣམས་དང་འགྲོགས་ནས་རིགས་དྲུག་གི་འོད་ཀྱང་འཆར་བ་ཡིན། དེའང་འོད་དཀར་པོ་བཀྲགས་མེད་ལྷའི་ལམ་ཡིན། དམར་པོ་བཀྲགས་མེད་ལྷ་མ་ཡིན་གྱི་ལམ་ཡིན། སྔོན་པོ་བཀྲགས་མེད་མིའི་ལམ་ཡིན། ལྗང་གུ་བཀྲགས་མེད་དུད་

འགྲོའི་ལམ་ཡིན། སེར་པོ་བཀྲགས་མེད་ཡི་དྭགས་ཀྱི་ལམ་ཡིན། དུད་ཁ་བཀྲགས་མེད་དམྱལ་བའི་ལམ་ཡིན། དེས་ན་འོད་བཀྲགས་མེད་རྣམས་རིགས་དྲུག་ཏུ་སྐྱེ་བའི་ལམ་ངན་ཡིན་པས་མིག་གིས་མ་བལྟ། རིག་པ་མ་གཏད། འོད་བཀྲགས་འཚེར་བ་བལྟར་མི་བཟོད་པ་ཡེ་ཤེས་བཞི་སྦྱོར་གྱི་ལམ་ཡིན་པས་དེ་ལ་མིག་གིས་ལྟོས་ལ་རིག་པ་གསལ་ངར་དང་ལྡན་པར་ཞོག་དང་། གཏད་པ་ཙམ་གྱིས་གྲོལ་བ་ནི་གསང་སྔགས་རྙིང་མའི་ལམ་གྱི་ཆེ་ཁྱད་ཡིན་ནོ། །བཞི་པ་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་ཚུལ་ལ། ལྷུན་གྲུབ་སྒོ་བརྒྱད་ཤར་ཚུལ། ལྷུན་གྲུབ་གྱི་སྣང་བ་ཐིམ་ལུགས་གཉིས་ལས། དང་པོ་ལྷུན་གྲུབ་སྒོ་བརྒྱད་ཤར་ཚུལ་དང་། དེ་ལས་སྐུའི་སྒོ་ལྟར་ལོངས་སྐུ་རིག་འཛིན་གྱི་ལྷ་ཚོགས་དང་། སྤྲུལ་སྐུ་ཁྲོ་བོའི་ལྷ་ཚོགས་འཆར་ཚུལ་མངོན་ཤེས་དང་རྗེས་དྲན་འཆར་ཚུལ་ལས། དང་པོ་ལྷུན་གྲུབ་སྒོ་བརྒྱད་ཤར་ཚུལ་ནི། ཀློང་གསལ་ལས། ལྷུན་གྲུབ་རིག་པའི་འཆར་ཚུལ་ནི། །རྣམ་པ་བརྒྱད་དུ་འཆར་བའོ། །ཞེས་གསུངས་པ་ལྟར། རིག་པ་འདི་ཀུན་མཁྱེན་ཆེན་པོས་ལྷུན་གྲུབ་སྒོ་བརྒྱད་ཤར་ལུགས་སྐད་ཅིག་ལ་འབྱུང་སྟེ་གསུངས་སོ། །ཤར་ལུགས་དུས་གཅིག་ཏུ་འབྱུང་ངོ་། །མཆན། ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད་པ་ཐུགས་རྗེ་ཀུན་ཁྱབ་ཀྱི་སྒོ། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་དུ་གསལ་བས་རང་སྣང་འོད་གསལ་གྱི་སྒོ། སྐུ་ལྟར་ཤར་བས་ཤེས་པ་ཁ་ཕྱིར་མ་ཤོར་བ་ལྷ་སྣང་དག་པའི་སྒོ། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ་བ་ཆོས་ཉིད་སྟོང་པའི་སྒོ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་ུགནས་པ་དུ་མ་རོ་གཅིག་གི་སྒོ། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལ་མི་གནས་པར་གཅིག་བྲལ་ཐོག་མེད་ཀྱི་སྒོ། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུང་མི་འགགས་

པ་ལས་འབྲས་བསླུ་མེད་ཀྱི་སྒོདག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུ་འབྲེལ་བ་བར་དོར་རང་ངོ་ཤེས་ན་རྒྱུ་འབྲས་ལ་རེ་ལྟོས་མི་དགོས་པའི་སྒོ་དང་བརྒྱད་དོ། །གཉིས་པ་དེ་དུས་སྐུའི་སྒོ་ལྟར་ལོངས་སྐུ་རིག་འཛིན་གྱི་ལྷ་ཚོགས་དང་སྤྲུལ་སྐུ་ཁྲོ་བོའི་ལྷ་ཚོགས་སྐབས་འདིར་ཤར་ཚུལ་ནི། སྤྱིར་སྔར་གྱི་འོད་གསལ་ཟུང་འཇུག་ལ་ཐིམ་པའི་དུས་སུ་གདངས་ཀྱི་སྐུ་ཐོག་མར་ཁྲོ་བོའི་ལྷ་ཚོགས་ཤར་བར་བཞེད་པའང་ཡོད་ཀྱང་། འདིར་ཡང་ལྷུན་གྲུབ་སྒོ་བརྒྱད་ལྷ་སྣང་དག་པའི་སྒོ་ཤར་བ་དང་དོན་གཅིག་པས་ལྷུན་གྲུབ་ཀྱི་སྣང་བའི་ནང་ནས་ལྷ་སྐུ་འཆར་རྒྱུ་མེད་པ་ཞིག་མ་ཡིན་ཏེ། ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་ལས། ལྷུན་གྲུབ་སྒོ་བརྒྱད་ཤར་བའི་སྐབས་སུ། ཇི་སྐད་དུ། དེའང་སྣང་བ་དེ་ཀུན་གྱི་ནང་ན་ལྷའི་སྐུ་སྣ་ཚོགས་དང་། ཞེས་གསུངས་པ་དང་འདིར་ཡང་ལོངས་སྤྲུལ་གཉིས་ཤར་བའི་ཐོག་མར་ལོངས་སྐུ་རིག་འཛིན་གྱི་ལྷ་ཚོགས་ཤར་ཚུལ་ནི། ཞག་བདུན་པ་ལ་རང་སྣང་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་ནས། རང་གནས་ལོངས་སྐུ་རིག་འཛིན་གྱི་ལྷ་ཚོགས་རྣམས་འཆར་བའི་ཚེ་ཐོག་མར་རང་སྣང་ཐམས་ཅད་སྟོན་ཁའི་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་ཐ་མ་འོད་ལྔ་མུ་ཁྱུད་ཟླུམ་པོས་བསྐོར་བ། དཔེར་ན་ཉི་མ་འཇས་འཁྱིལ་བ་ལྟ་བུ། དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཁ་དོག་ལྔ་ལྡན་ཤིན་ཏུ་གསལ་བ་ཞིག་འཆར་དེའི་ཚེ་སྐུའི་སྒོ་ཤར་བའི་དུས་བག་ཆགས་དབྱིངས་སུ་དག་པའི་འོད་ཁྲ་བོ་ཤར་ནས་འོང་ངོ་། །དེ་དུས་འཇའ་དང་འོད་དུ་ཐིམ་པའི་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་སྨིན་པའི་རིག་འཛིན་པདྨ་ཀར་གྱི་དབང་ཕྱུག །སྐུ་མདོག་འོད་ལྔའི་མདངས་ཅན། ཡུམ་མཁའ་འགྲོ་མ་དམར་གསལ་འཁྲིལ་བ་འཆར་

རོ། །དཀྱིལ་འཁོར་དེའི་ཤར་ནས་ས་ལ་གནས་པའི་རིག་འཛིན་དཀར་གསལ་ཞི་འཛུམ་མཛེས་པའི་ཉམས་ཅན། ཡུམ་མཁའ་འགྲོ་མ་དཀར་མོ་འཁྲིལ་བ་འཆར་རོ། །དཀྱིལ་འཁོར་དེའི་ལྷོ་ནས་ཚེ་ལ་དབང་བའི་རིག་འཛིན་སེར་གསལ་གཟི་བརྗིད་དང་ལྡན་པ། ཡུམ་མཁའ་འགྲོ་མ་སེར་མོ་སྐུ་ལ་འཁྲིལ་བ་འཆར་རོ། །དཀྱིལ་འཁོར་དེ་ཡི་ནུབ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་དམར་གསལ་ཡིད་དུ་འོང་བ། ཡུམ་མཁའ་འགྲོ་མ་དམར་མོ་འཁྲིལ་བ་འཆར་རོ། །དཀྱིལ་འཁོར་དེ་ཡི་བྱང་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་སྐུ་མདོག་ལྗང་གུ་ཁྲོ་འཛུམ་ལྡན་པ། ཡུམ་མཁའ་འགྲོ་མ་ལྗང་མོ་སྐུ་ལ་འཁྲིལ་བ་འཆར་རོ། །ལོངས་སྐུ་རིག་འཛིན་ཡབ་ཡུམ་དེ་རྣམས་ཀྱང་། ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་ལྡན་པ། ཕྱག་རྒྱ་གྲི་གུག་དང་ཐོད་ཁྲག་བསྣམས་པ། སྐུའི་གར་མཛད་པ། ལྟ་སྟངས་ནམ་མཁའ་ལ་གཟིགས་པ་ལྟར་འཆར་རོ། །དེའི་ཕྱི་རོལ་དུ་རིགས་བཞིའི་མཁའ་འགྲོ། དུར་ཁྲོད་དང་གནས་ཡུལ་གྱི་མཁའ་འགྲོ། དཔའ་བོ། དཔའ་མོ། གིང་ཆེན། གིང་ཕྲན་རྣམས་དང་། ཆོས་སྐྱོངས་བའི་སྲུང་མ་དང་བཅས་པ་ཐམས་ཅད་ཀྱང་། འཇིགས་པའི་གཟུགས་ལ་རུས་པའི་རྒྱན་གྱིས་སྤྲས་པ། རྔམ་པའི་ང་རོ་སྒྲོགས་པ། སྤྱན་མིག་གློག་ལྟར་འཁྱུགས་པ། ཞིང་ལྤགས་ཀྱི་རྒྱལ་མཚན་དང་བླ་རེ་འཕན་དར་ཕྱར་བ། མི་གསུར་གྱི་དུད་པ་གཏོང་བ། རྔ་དང་རྐང་དུང་ཐོད་རྔ་ལ་སོགས་པའི་རོལ་མོའི་རིགས་བྱེད་ཀྱི་སྒྲ་མགོ་འགས་པ་ཙམ་དུ་སྒྲོགས་པ། གར་སྣ་ཚོགས་མཛད་ཅིང་དམ་ཚིག་ཅན་རྣམས་བསུ་མ་དང་། དམ་ཉམས་རྣམས་ལ་གཤེད་མ་ཆད་པ་གཅོད་དུ་འོང་བའི་སྣང་བ་འཆར་རོ། །དེ་རྣམས་ཀྱང་གཞན་ནས་འོང་བ་མ་ཡིན་དེ། ཇི་སྐད་དུ། སྐྱེ་གནས་བར་དོ་གནས་པའི་དུས་འདི་རུ། །རིག་འཛིན་དཔའ་བོ་མཁའ་འགྲོའི་

ཚོགས་བཅས་རྣམས། །བདག་ལུས་མགྲིན་པ་ལོངས་སྤྱོད་གཞལ་ཡས་སུ། །འོད་ལྔའི་ཚོམ་བུའི་སྐུ་རུ་གསལ་བར་བཞུགས། །ཞེས་པ་ལྟར། སྐྱེ་གནས་བར་དོར་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་བླ་མ་རིག་འཛིན་གྱི་ལྷ་ཚོགས་རང་བྱུང་དུ་བཞུགས་པ་དེ་ལུས་སེམས་བྲལ་ནས་ཆོས་ཉིད་བར་དོ་ཤར་བའི་ཚེ་དཔེར་ན་མེ་ལོང་དུ་རང་གི་གཟུགས་བརྙན་ཤར་བ་ལྟར་བླ་མ་རིག་འཛིན་གྱི་ལྷ་ཚོགས་ཁྲ་ཤིགས་སེ་སྣང་བ་ཡིན་ནོ། །དེ་ཡང་ཇི་སྐད་དུ། བདག་སོགས་ཚེ་འཕོས་ལུས་བརྗེས་གྱུར་མ་ཐག །རིག་འཛིན་ལྷ་ཚོགས་མགྲིན་པའི་ནང་ནས་ཐོན། །ནམ་མཁའ་གང་བར་མདུན་གྱི་མཁའ་ལ་འཆར། །ཞེས་པ་ལྟར་རོ། །དེ་ཚེའང་རིག་འཛིན་གྱི་གཙོ་བོ་ལྔའི་ཐུགས་ཀ་ནས་བག་ཆགས་དབྱིངས་སུ་དག་པའི་འོད་ཟེར་ཁྲ་བོ་ཚོན་སྐུད་སྦྲེལ་བ་ལྟ་བུ་རེ་རེ་བརྐྱང་ནས་ཁྱོད་རང་གི་སྙིང་ཀར་ཟུག་བཞིན་མིག་གིས་མི་བཟོད་པར་ཤར་ནས་འོང་ངོ་། །འོད་དེ་དང་གཤིབ་ནས་དུད་འགྲོར་སྐྱེ་བའི་ལམ་འོད་ལྗང་གུ་བཀྲགས་མེད་པ་ཞིག་ཀྱང་ཤར་ནས་འོང་ངོ་། །དེ་ཚེ་དུད་འགྲོའི་འོད་དེ་ལ་མིག་གིས་མ་བལྟ། འོད་ཁྲ་བོ་བཀྲགས་མི་བཟོད་པ་དེ་རང་སྣང་ཡིན་པར་ཤེས་བཞིན་མིག་གིས་བལྟས་ནས། རང་རིག་གཏད་པ་ཙམ་གྱིས་རིག་འཛིན་གྱི་ལྷ་ཚོགས་གང་རུང་དེའི་ཐུགས་ཀར་འཇའ་འོད་དུ་ཐིམ་ནས་ཁྱོད་མཁའ་སྤྱོད་དུ་སངས་རྒྱས་པར་འགྱུར་རོ། །གཉིས་པ་སྤྲུལ་སྐུ་ཁྲོ་བོའི་ལྷ་ཚོགས་ཤར་ཚུལ་ནི། ཀློང་གསལ་ལས། དེ་ཚེ་སྒྲ་འོད་ཟེར་དུ་འཁྲིགས། །སྐུ་ཡི་སྣང་བས་སྐྲགས་པར་བྱེད། །ཅེས་གསུངས་པ་ལྟར་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཐམས་ཅད་འཆར་བའི་མགོ་བརྩམས་པས། དང་པོ་ཞག་བརྒྱད་པ་ན། སྒྲ་འོད་ཟེར་གསུམ་གྱི་སྣང་བ་སྔར་ལས་རབ་ཏུ་འཁྲུགས་ཅིང་འབར་

བའི་སྣང་བ་བཟོད་དུ་མེད་པ་སྐྱེ་བའི་ཚེ། དུང་ཁང་གི་དབུས་ཕྱོགས་ནས་ཁྲོ་རྒྱལ་སངས་རྒྱས་རིགས་ཀྱི་ལྷ་བྷུདྡྷ་ཧེ་རུ་ཀ་ཡབ་ཡུམ་འོད་དང་འོད་ཟེར་གྱི་གཟུགས་སུ་འཇིགས་རུང་མི་བཟོད་པ་ཁྲོ་བོ་རབ་ཏུ་འབར་བའི་སྐུར་བཞེངས་ནས་འཆར་དུ་འོང་ངོ་། །ཞག་དགུ་པ་ན་དུང་ཁང་གི་ཤར་ནས་ཁྲག་འཐུང་རྡོ་རྗེ་རིགས་ཀྱི་ལྷ་བཛྲ་ཧེ་རུ་ཀ་ཡབ་ཡུམ་ཁྲོ་བོའི་ཆ་ལུགས་ཅན་དུ་འཆར་ནས་འོང་ངོ་། །ཞག་བཅུ་པ་ན་དུང་ཁང་གི་ལྷོ་ནས་ཁྲག་འཐུང་རིན་ཆེན་རིགས་ཀྱི་ལྷ་རཏྣ་ཧེ་རུ་ཀ་ཡབ་ཡུམ་ཤར་ནས་འོང་ངོ་། །ཞག་བཅུ་གཅིག་པ་ན་དུང་ཁང་གི་ནུབ་ནས་ཁྲག་འཐུང་པདྨ་རིགས་ཀྱི་ལྷ་པདྨ་ཧེ་རུ་ཀ་ཡབ་ཡུམ་ཤར་ནས་འོང་ངོ་། །ཞག་བཅུ་གཉིས་སོང་བའི་དུས་སུ་དུང་ཁང་གི་བྱང་ནས་ཁྲག་འཐུང་ལས་ཀྱིརིགས་ཀྱི་ལྷ་ཁྲོ་རྒྱལ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་ཤར་ནས་འོང་ངོ་། །དེ་དུས་རང་གི་དུང་ཁང་གི་རྩ་འདབས་ནང་མ་བརྒྱད་ནས་གནས་ཀྱི་ཀོའུ་རི་མ་བརྒྱད་དང་། དེའི་ཕྱི་རིམ་གྱི་འདབ་བརྒྱད་ནས་ཡུལ་གྱི་ཕྲ་མེན་སེང་ཧ་བརྒྱད་དེ་ཀཽའུ་སེང་བཅུ་དྲུག་ཀྱང་ཁྲག་འཐུང་ཡབ་ཡུམ་ལ་འཁོར་གྱི་ཚུལ་དུ་བསྐོར་ནས་འཆར་དུ་འོང་ངོ་། །དུང་ཁང་གི་ཕྱོགས་བཞིའི་སྒོ་བཞིའི་རྩ་འདབས་ནས་སྒོ་མ་བཞི་ཡང་ཕྱོགས་མདོག་ཁྲོ་བོའི་སྐུ་སྒོ་སྲུང་གི་ཚུལ་དུ་ཤར་ནས་འོང་ངོ་། །ཧེ་རུ་ཀ་དྲག་པོའི་ལྷ་སུམ་ཅུ་ཐམ་པའི་ཕྱི་རོལ་དུ་གནས་པའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱང་དེའི་དུས་སུ་ཁྲག་འཐུང་གི་ལྷ་རྣམས་ཀྱི་རང་རྩལ་ཡིན་པས་ཉི་མ་དང་ཟེར་བཞིན་ཡང་འཁོར་བྲན་གྱི་ཚུལ་དུ་ཤར་ནས་འོང་ངོ་། །ཁྲག་འཐུང་འབར་བ་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ་ཚོགས་དེ་རྣམས་ཀྱང་གཞན་ནས་འོང་བ་མ་ཡིན་དེ་སྐྱེ་གནས་བར་དོའི་སྐབས་སུ་རང་གི་གླད་པ་དུང་ཁང་གི་དབུས་སུ་ཡེ་ཤེས་ཀྱི་རིག་གདངས་གི་རྩལ་ཁྲག་འཐུང་ཁྲོ་བོའི་ལྷ་རང་བྱུང་དུ་གནས་གསུངས་ཏེ། ནོར་

བུ་འཕྲ་བཀོད་ལས། རང་རང་མགོ་ལ་ཁྲོ་བོ་གནས། །ཡབ་དང་ཡུམ་དུ་མངོན་པར་སྣང་། །ཁྲོ་བོ་ཁྲོ་མོའི་ཚུལ་འཆར་ཞིང་། །ཡེ་ཤེས་ལྔ་ལྔ་དག་དང་ལྡན། །ཞེས་དང་། རྩ་ནང་ཐིག་ལེའི་སྐུ་ལྟར་གནས། །ཞེས་གསུངས་པས་སྤྲུལ་སྐུ་ཁྲག་འཐུང་རིགས་ཀྱི་ལྷ་དེ་རྣམས་ལུས་སེམས་བྲལ་བའི་ཚེ་རིག་གདངས་ཕྱིར་ལ་སྣང་ནས་ཁྲག་འཐུང་ཧེ་རུ་ཀའི་ཕྱག་རྒྱར་མངོན་སུམ་བཀྲ་ལམ་མེ་འཆར་བ་ཡིན་པའི་ཕྱིར་རང་སྣང་མ་ནོར་བ་ཡིན་ནོ། །དེའང་སྤྱིར་ཆོས་སྐུ་སྟོང་པའི་ཆ་ལས་ཞི་བའི་ལྷ་དང་ལོངས་སྐུ་གསལ་བའི་ཆ་ལས་བླ་མ་རིག་འཛིན་གྱི་ཚོགས་དང་། སྤྲུལ་སྐུ་ཐུགས་རྗེའི་ཆ་ལས་ཁྲག་འཐུང་ཁྲོ་བོ་འབར་བའི་ལྷ་ཤར་བ་ཡིན། དེའང་ཆེ་བ་ནམ་མཁའི་མཐའ་དང་མཉམ་པ་འབྲིང་བ་རི་རབ་ཙམ་ཆུང་བ་རང་ལུས་བཅོ་བརྒྱད་བརྩེགས་པ་ཙམ་ལ་ལྷ་ཚོགས་རང་རང་གི་སྐུ་མདོག་ཕྱག་མཚན་གར་སྟབས་དང་བཅས་པ་ཐམས་ཅད་སོ་སོར་སྣང་བ་མངོན་སུམ་དུ་ཤར་ཡང་། རང་འོད་རང་སྣང་ཡེ་ཤེས་འོད་གསལ་གྱི་སྐུ་རང་ལས་གཞན་མ་ཡིན་པར་ཤེས་ན་རང་ས་དེར་གྲོལ་བ་ཐེ་ཚོམ་མེད་དོ། །དེ་ལྟར་ཆོས་ཉིད་བར་དོ་རང་སྣང་ཡིན་པར་ངོ་མ་ཤེས་ན་ཞི་བའི་ལྷ་ཐམས་ཅད་མགོན་པོ་ནག་པོ་དང་། ཁྲོ་བོའི་སྐུ་ཐམས་ཅད་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་ལས་མཁན་སུ་ཤར་ནས། རང་སྣང་བདུད་དུ་སོང་སྟེ་འཇིགས་སྐྲགས་ཀྱི་ངང་ནས་འཁོར་བར་འཕེན་ནོ། །འདི་དུས་མི་སྙན་པ་དང་སོད་རྒྱོབ་ཞེས་པའི་སྒྲ་ལ་སོགས་པ་འབྲུག་སྟོང་ལྟིར་བཞིན་སྒྲོགས་ནས་འོང་ངོ་། །དེ་ཡང་ཆོས་ཉིད་ཀྱི་རང་སྒྲ་ཡིན་པ་ཤེས་པར་གྱིས་ཤིག །དེས་ན་ཆོས་ཉིད་བར་དོའི་ཤར་ཆ་སྒྲ་འོད་ཟེར་གསུམ་ཐམས་ཅད་རང་སྣང་ཡིན་པར་ཤེས་ནས་རིག་པ་དེ་དུས་གང་ཤར་བ་དེ་ཀའི་སྟེང་དུ་གྲ་ཟང་ངེ་ཟིན་པ་

ཙམ་ནས་དེར་གྲོལ་བ་ནི་མདོ་ལམ་སོགས་ན་མེད་པའི་གསང་སྔགས་རྙིང་མའི་མྱུར་ལམ་ཡིན་པ་ངོ་ཤེས་པར་གྱིས་ཤིག །གསུམ་པ་མངོན་ཤེས་དྲུག་འཆར་ཚུལ་ནི། ཀློང་གསལ་ལས། དེ་ཚེ་རིགས་ཀྱི་བུ་དེ་ལ། །མངོན་པར་ཤེས་པ་དྲུག་ཕྲག་དྲུག །ཅེས་གསུངས་པ་ལྟར་སྐབས་སུ་འདིར་མངོན་ཤེས་སུམ་ཅུ་རྩ་དྲུག་ལ་སོགས་པ་འཆར་ཡང་། མདོར་ན་གང་ཟག་སྦྱང་པ་ཅན་མ་གཏོགས་གཞན་ཕལ་བས་འདུན་པ་མ་གཏད་ན་མངོན་ཤེས་མི་ཤར་བས། གཏད་ན་སུ་ལའང་མངོན་ཤེས་ཤར་བས། དེའང་སྔོན་གྱི་སྐྱེ་གནས་ཤེས་པ་དང་གཅིག །འཆི་འཕོ་དང་སྐྱེ་བ་ཤེས་པ་དང་གཉིས། ཕ་རོལ་གྱི་སེམས་ཤེས་པ་དང་གསུམ། སྣང་བ་ལྐོག་ཀློང་ཆེན་རིན་པོ་ཆེའི་རྒྱུད་ནས་སྔོན་ལ་མངོན་ཤེས་གསུང་ཀྱང་། སྐྱེ་ཚུལ་གྱིས་དབང་དུ་བྱས་ནས་སྔོན་ལ་རྗེས་དྲན་དང་། དེ་ནས་མངོན་ཤེས་དྲུག་འཆར་བར་གསུངས་སོ་མཆན། དུ་གྱུར་པ་ཐམས་ཅད་ཤེས་པ་དང་བཞི། རིགས་དྲུག་གི་གནས་མཐོང་ཞིང་ཤེས་པ་དང་ལྔ། དབང་པོ་མངོན་པར་ཤེས་པ་མཐོང་བ་དང་དྲུག་གོ །བཞི་པ་རྗེས་དྲན་བདུན་ཤར་ཚུལ་ནི། རྒྱལ་བ་ཀློང་ཆེན་རིན་པོ་ཆེས། བླ་མ་རྗེས་སུ་དྲན་པས་ཟབ་མོའི་གདམས་པ་ལ་དབང་བསྒྱུར། གདམས་པ་རྗེས་སུ་དྲན་པས་བར་དོ་རང་གི་ཆོས་ཉིད་ལ་དབང་བསྒྱུར། ལྟ་བ་རྗེས་སུ་དྲན་པས་མི་འགྱུར་བའི་གདེང་དུ་ཐག་ཆོད། བསྒོམ་པ་རྗེས་སུ་དྲན་པས་རང་བཞིན་གྱི་བསམ་གཏན་ལ་ཞག་ལྔ་གནས། སྤྱོད་པ་རྗེས་སུ་དྲན་པས་སྔར་འདྲེས་ཀྱི་མི་དང་འཕྲད་པ་བཞིན་དག་པའི་ཡེ་ཤེས་ལ་སྤྱོད། ལྷ་རྗེས་སུ་དྲན་པས་རང་སྣང་དཀྱིལ་འཁོར་དུ་རང་གྲོལ། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པའི་ཞིང་ཁམས་སུ་དབུགས་འབྱིན་པའོ། །ཞེས་གསུངས་སོ། །དེའང་སྐད་ཅིག་མ་དང་པོ་ལ་མངོན་ཤེས། གཉིས་པ་ལ་རྗེས་དྲན། གསུམ་པ་ལ་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེ་དག་ཆེན་

གྱི་དབྱིངས་སུ་ཐིམ་པར་བཞེད་པའང་ཡོད། གཉིས་པ་ལྷུན་གྲུབ་སྒོ་བརྒྱད་དག་ཆེན་གྱི་དབྱིངས་སུ་ཐིམ་ཚུལ་ནི། དཔེར་ན་བཅོ་ལྔའི་ཟླ་བའི་འོད་སྣང་བ་ལྟར་ཆོས་ཉིད་བར་དོ་སྒྲ་འོད་ཟེར་གསུམ་རབ་ཏུ་མཆེད་ནས། གནམ་གང་ཟླ་བའི་འོད་ནང་གསལ་དུ་ནུབ་པ་ལྟར་ལྷུན་གྲུབ་སྒོ་བརྒྱད་དག་ཆེན་གདོད་མ་གཞིའི་ཀློང་དུ་བསྡུ་ཚུལ་མཛད་དེ། དེའང་ཟབ་དོན་ལས། དེའང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་ནས་ཉི་མ་རྒས་པའི་དུས་ཟེར་ཉི་མ་ལ་འདུས་པ་ལྟར། རིགས་དྲུག་གི་སྣང་བ་རང་ལ་འདུས་ནས་མ་དག་པ་འཁྲུལ་བའི་མིང་མེད་དེ་མཐོང་སྣང་ལས་འདས་སོ། །འོད་འོད་ལ་ཐིམ་པ་ནི་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་འོད་དང་ཁ་དོག་མཚན་མའི་རིས་མེད་དེ། སྟོང་པ་ངོས་བཟུང་དང་བྲལ་བའི་དབྱིངས་སུ་རོ་གཅིག་གོ །སྐུ་སྐུ་ལ་ཐིམ་པས་བུམ་པའི་སྐུ་ལྟར་ཤེས་བྱ་ནང་དུ་གསལ་བས། མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་མེད་པའི་རང་ངོ་རྣམ་པར་དག་གོ །ཡེ་ཤེས་ཡེ་ཤེས་ལ་ཐིམ་པས་མ་པང་དུ་བུ་ཞུགས་ཏེ་ཆོས་ཉིད་མ་བུ་གཉིས་མེད་དུ་འདྲེས་སོ། །གཉིས་མེད་གཉིས་མེད་དུ་ཐིམ་པས་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟར་དབྱེར་མེད་སྤྲོས་པ་དང་བྲལ་བའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པས། ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར། སྟོང་པ་ལ་གཏད་པའི་ཡུལ་མེད་དོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པས་སྦྲའི་ཆོན་ཐག་བསྡུས་པ་ལྟར་ཐིག་ལེ་ཉག་གཅིག་ལ་འདུས་སོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཉིད་ལ་ཐིམ་པས་སེང་གེའི་གངས་རི་ཟིན་པ་ལྟར་ཡ་ང་བ་དང་བྲལ་བའོ། །ཞེས་གསུངས་པ་བཞིན་རོལ་པ་ལྷུན་གྲུབ་ཀྱི་སྣང་བ་དག་ཆེན་གྱི་གཞི་ལ་ཐིམ་ནས་ཀ་དག་གི་ངང་ལ་དལ་གཅིག་འདི་སྐབས་སུའང་གནས་པར་བཤད། དེ་ངོས་ཟིན་ན་ཀ་དག་གི་ས་ལ་གྲོལ་ནས་རྣམ་པ་ཐམས་ཅད་མཁྱེན་པ་

སངས་རྒྱས་པར་འགྱུར་རོ། །མ་ཟིན་ན་ནི་ཤར་ཆ་སྣང་ཡང་སླར་ཕན་པ་མེད་པར་སྲིད་པ་བར་དོ་འཆར་བ་ཡིན་ནོ། །ཆོས་ཉིད་བར་དོའི་གྲོལ་ཚད་ཀྱང་། ཉི་ཟླ་ཁ་སྦྱོར་ལས། དབང་པོའི་བྱེ་བྲག་གིས། རབ་ཀྱིས་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་དག་གི་ཞག་ལྔ་ན་བརྟན་པ་ཐོབ་པའང་ཡོད་དོ། །ཐ་མ་ནི་ཞག་ཉི་ཤུ་རྩ་གཅིག་ན་བརྟན་པ་ཐོབ་པར་ངེས་པ་ཡོད་དོ། །ཅེས་གསུངས་སོ། །འདིར་བཤད་པའི་ཆོས་ཉིད་བར་དོའི་ཞག་ཚད་ནི། བོད་སྔ་རབས་པ་དང་། ཀར་གླིང་ཞི་ཁྲོའི་རྫོགས་རིམ་དང་། ཀློང་ཆེན་པས་བཞེད་ཚུལ་གསུམ་མཐུན་པར་ཞག་ཉི་ཤུ་རྩ་གཅིག་གསུངས། དེ་རྣམས་ནི་རྒྱུད་སྡེ་དང་མཐུན་པས་ཤིན་ཏུ་ལེགས་ཏེ། རང་ཤར་ལས། དབང་པོའི་བྱེ་བྲག་གིས་ཆོས་ཉིད་བར་དོ་ནི་ཞག་ཉི་ཤུ་རྩ་གཅིག་ཏུ་བཤད་དེ། ཞེས་གསུངས། དེའང་བདུན་དང་པོ་ལ་བརྒྱལ་ཞིང་ཆོས་སྐུའི་དགོངས་པ་འཆར། ཞེས་པ་དང་ཚུལ་མཚུངས་པར་དབང་པོ་རབ་ལ་འོད་གསལ་སྔ་ཕྱི་གཉིས་ཞག་བདུན་འཆར། དེར་ངོས་ཟིན་ནས་གྲོལ་ལོ། །བདུན་གཉིས་པ་ལ་ལོངས་སྐུའི་སྣང་བ་ཤར་གསུངས་པ་ལྟར། བདུན་དང་པོའི་ཐ་མ་གཉིས་པའི་དབུ་བརྩམས་པ་ན། ཞག་དང་པོ་ནས་ལྔའི་བར་རིམ་གྱིས་ལོངས་སྐུ་རིགས་ལྔ་ཡབ་ཡུམ་ཤར། དེ་ལས་ཞག་དྲུག་པ་ན་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞི་བ་བཞི་བཅུ་རྩ་གཉིས་དུས་མཉམ་དུ་ཤར། ཞག་བདུན་པ་ན་ལོངས་སྐུ་རིག་འཛིན་གྱི་ལྷ་ཚོགས་ཡོངས་རྫོགས་འཆར། དབང་པོ་འབྲིང་གིས་དེའི་ནང་དུ་ངོས་ཟིན་ནས་གྲོལ་ལོ། །བདུན་གསུམ་པ་ལ་སྤྲུལ་སྐུའི་སྣང་བ་ཤར་གསུངས་པས། བདུན་གཉིས་པའི་མཇུག །གསུམ་པའི་དབུ་བརྩམས་པ་ན། ཞག་བརྒྱད་པ་ནས་བཅུ་བཞིའི་བར་ཁྲག་འཐུང་རིགས་ལྔ་སོགས་སྤྲུལ་སྐུ་འབར་བ་ལྔ་བཅུ་རྩ་བརྒྱད་པོ་ཤར།

ལྷགས་མའི་ཞག་གཉིས་ཀའི་ནང་དུ། མངོན་ཤེས་དང་ཤི་བ་ངོས་ཟིན་མཆན། རྗེས་དྲན་མི་བརྗེད་པའི་གཟུང་ཏིང་ངེ་འཛིན་བཅས་ཤར་ཞིང་དེ་ནས་འཇུག་ཐིམ་ལུགས་བརྒྱད་རྫོགས་པར་ཤར། དབང་པོ་ཐ་མ་དེ་ནང་དུ་ངོས་ཟིན་ནས་གྲོལ་གསུངས་སོ། །དེ་རྣམས་ཉམས་ལེན་ཅུང་ཟད་ཡོད་པའི་དབང་དུ་བྱས་ལ། ཉམས་ལེན་མ་མཛད་པ་རྣམས་ལ་ནི་ཞག་ལྔ་སེམས་ཅན་མཆན་སྐར་མདའ་རྒྱུག་པའི་ཚད་ཙམ་ཡུན་ཐུང་བས་གྲོལ་བ་དཀའ་ཡང་། ངོ་སྤྲོད་བཏབ་ནས་གྲོལ་བ་གྲངས་ཀྱིས་མི་ཆོད་པ་ཡོད་གསུངས་སོ། །དེ་ལྟར་རྒྱུད་སྡེའི་དགོངས་པར་གསུང་ཡང་དེང་སང་ཚེ་ལོ་བརྒྱ་པའི་ཚེ་ཚད་མ་ངེས་པ་དང་ངེས་པར་ཆོས་མཚུངས་སོ། །ཞེས་སོ། །གསུམ་པ་མཇུག་སྐྱོན་ཡོན་བསྟན་པ་ལ། དང་པོ་ཆོས་ཉིད་ཀྱི་བར་དོ་ད་ལྟ་ནས་ངོ་ཤེས་དེ་སྦྱང་པ་མེད་ན་ཕྱི་མ་ཆོས་ཉིད་བར་དོ་ཤར་དུས་ངོ་མི་ཤེས། དེ་མ་ཤེས་པས་སྲིད་པ་བར་དོར་ཁ་འཁྱོལ་ནས་ལས་ཀྱི་རྗེས་སུ་འབྲང་དེ་འཁོར་བ་ལ་ལྟུང་བའི་ཉེས་པ་ཡོད་དེ། རྒྱབ་ཆོས་ལས། ཆོས་ཉིད་བར་དོ་ལ། རང་སྣང་གི་ཆོས་ཉིད་ལ་ཡིད་མ་ཆེས་ཤིང་ངོས་མ་ཟིན་ན། རང་སྣང་བདུད་དུ་སོང་ནས་འཁོར་བར་ལྟུང་བའི་ཉེས་པ་ཡོད་དོ། །ཅེས་གསུངས་སོ། །དེའང་འདིར་གང་ཟག་རང་ཀ་བ་རྣམས་ལ་ཆོས་ཉིད་བར་དོ་མི་ཤར་བར་འདོད་ཞེ་ན་དེ་ནི་ཕྱིན་ཅི་ལོག་གི་བློ་སྟེ། འཇག་མའི་སྲིན་འབུ་ཡན་ཆད་ལ་ཆོས་ཉིད་ཀྱི་བར་དོ་ཤར་ཞེས་གསུངས་ན། ཡུན་རིང་ཐུང་ཙམ་མ་གཏོགས་སྦྱང་བ་ཡོད་མེད་ཐམས་ཅད་ལ་ཤར་ངེས་པ་ཡིན་ཀྱང་། མ་ཤར་བས་མ་གྲོལ་བ་མིན། ངོས་མ་ཟིན་པས་མ་གྲོལ་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག །དེ་ལས་གཉིས་པ་ཆོས་ཉིད་ཀྱི་བར་དོ་རང་ངོ་ཤེས་པའི་ཡོན་ཏན་ནི། ད་ལྟའི་སྐྱེ་གནས་བར་དོའི་སྐབས་ལམ་ཐོད་རྒལ་སྦྱང་བའི་མཐུའམ། ནམ་ཞིག་ངོ་

སྤྲོད་བཏབ་པའི་རྟེན་འབྲེལ་གྱི་འཚོགས་པ་གང་རུང་གིས་ཆོས་ཉིད་བར་དོ་ངོས་ཟིན་ན། ད་ལྟ་བསོད་ནམས་བསགས་པ་ལ་སོགས་པའི་རྒྱུས། ཕྱི་ནས་བདེ་བའི་འབྲས་བུ་བསྒྲུབ་པའི་ཐེག་པ་ཐུན་མོང་གི་རྒྱུ་འབྲས་ཙམ་ཁོ་ན་ལ་མི་ལྟོས་པས་སྡིག་པ་སོགས་ཀྱིས་མི་གོས་པར་རང་ངོ་ཤེས་ཙམ་ནས་ལོངས་སྐུའི་ཞིང་དུ་སངས་རྒྱས་པར་གསུངས་སྟེ། རྒྱབ་ཆོས་ལས། ཆོས་ཉིད་བར་དོར་རང་སྣང་ཆོས་ཉིད་དུ་ངོས་ཟིན་པས། འབྲས་བུ་བསྒྲུབ་པ་ལ་རག་མ་ལས་པར། སྐད་ཅིག་གཅིག་ལ་རྫོགས་སངས་རྒྱས་པའི་ཡོན་ཏན་ཡོད་དོ། །ཞེས་གསུངས་སོ། །དེ་ལྟར་ཆོས་ཉིད་བར་དོའི་གདམས་ངག་ཐོད་རྒལ་གྱི་དགོངས་པ། འོད་གསལ་མ་བུ་ཟུང་འཇུག་ཏུ་གྲོལ་ཆོག་པའི་ཁྲིད་བཤད་བྱས་ལེགས་སོ། །སྤྱི་དོན་དྲུག་པ་སྲིད་པ་བར་དོའི་གདམས་ངག །ཕྱི་མ་གར་སྐྱེ་རང་དབང་ཡོད་ཆོག་པའི་ཁྲིད་ལ། གང་བཤད་བྱའི་ཡན་ལག །བཤད་པར་བྱ་བའི་གཞུང་དོན། མཇུག་དགོས་དོན་བསྟན་པ་དང་གསུམ་ལས། དོན་དང་པོ་གང་བཤད་པར་བྱ་བའི་ཡན་ལག་ལ། ངོ་བོ་ངེས་ཚིག །མཚན་ཉིད། ས་མཚམས། དཔེ། རྟགས། ལུས། སྣང་ལུགས། གནས་ལུགས་དང་བརྒྱད་ལས། དང་པོ་ངོ་བོ་ངེས་ཚིག་ནི། སྲིད་པ་བར་དོའི་ངོ་བོ་ཡང་ད་ལྟའི་རང་སེམས་འདི་ལས་ལོགས་ན་མེད་ཅིང་། ངེས་ཚིག་ནི། སྲིད་པ་བར་དོ་ཅིའི་ཕྱིར་ཞེ་ན། སྔར་ཆོས་ཉིད་ཞི་ཁྲོའི་སྣང་བ་ཤར་དུས་ངོས་མ་ཟིན་པས་ཡལ། ཕྱི་མའི་ལུས་མ་བླང་བའི་བར་དེར། ཡར་མཐོ་རིས་ཀྱི་བདེ་སྡུག་ཀྱང་དུས་དེ་ནས་སྲིད་ལ། མར་ངན་སོང་གི་སྡུག་བསྔལ་ཀྱང་དུས་དེ་ནས་སྲིད་དེ། བདེ་སྡུག་འཁོར་བ་རིགས་དྲུག་གི་སྣང་བ་ཐམས་ཅད་དུས་དེ་ནས་སྲིད་པས། དེ་རྣམས་གང་གི་ཐོག་དེར་མ་ཁེལ་བའི། བར་དོར་འཁྱམ་བདོ་བའི་ཕྱིར། སྲིད་པ་བར་དོ་

ཞེས་མིང་དུ་བཏགས་སོ། །ཞེས་གསུངས་སོ། །གཉིས་པ་མཚན་ཉིད་ནི། རྒྱུད་འཁོར་འདས་རང་གྲོལ་ལས། སྲིད་པ་བར་དོའི་མཚན་ཉིད་ནི། །གདོས་བཅས་ཤ་ཁྲག་གཟུགས་དང་བྲལ། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ཏེ། །ཆོས་ཉིད་བདེན་པའི་དོན་མ་མཐོང་། །འོད་སྣང་ཀུན་ལ་བྲེད་སྔངས་ནས། །སྟོང་གསུམ་ཀུན་ཏུ་ཡིད་གྱ་གྱུ། །བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན། །ཕྱད་ཕྱོད་ཡད་ཡུད་སྙམ་ཅིང་འཇུག །བན་བུན་ལང་ལོང་རྨི་ལམ་འདྲ། །ས་གཅིག་མི་ཟུག་ཚིག་པ་ཟ། །དཀར་སྔོ་ལ་སོགས་རིགས་དྲུག་འོད། །སོ་སོའི་དམིགས་པ་སྣང་བའོ། །ཞེས་དང་། རྒྱས་པ་ནི་འདི་འོག་དངོས་གཞིའི་སྐབས་ལྟར་རོ། །གསུམ་པ་ས་མཚམས་ནི། སྲིད་པ་བར་དོའི་ས་མཚམས་གང་ཡིན་ཞེ་ན། ལྷུན་གྲུབ་ཁྲོ་བོའི་སྣང་བ་ཐམས་ཅད་རང་སར་ཐིམ་ནས། མངལ་གྱི་གྲོང་ཁྱེར་དུ་ཚུད་ཚུན་ཆད་སྲིད་པ་བར་དོའི་ས་མཚམས་སོ། །དེའི་ཡུན་རིང་ཐུང་གི་ཚེ་ཚད་ཡང་སྤྱིར་ཞག་བཞི་བཅུ་ཞེ་དགུའི་བར་དུ་གནས་གསུང་ཡང་། ལུས་ལེན་པའི་ལས་མྱུར་དུ་འཛོམས་ན་ཞག་འགའ་དང་། ཡུན་ཐུང་ངུ་ཡང་ཡོད། ལོ་དང་ཟླ་བ་མང་པོའི་བར་དུ་་གནས་དགོས་པ་ཡང་ཡོད་པ་ཡིན་ནོ། །བཞི་པ་སྲིད་པ་བར་དོའི་དཔེ་ནི། བྱིས་པ་བྱང་མཐའ་ལ་ཡལ་བ་ལྟ་བུའི་གར་འགྲོ་དང་འདིར་སྡོད་མེད་པ། དང་པོ་འདི་ནས་ཕྱིན་པའི་གནས་སུ་ལོག་དབང་མེད། སྔར་གྱི་རྒྱུ་ལུས་དེ་མེད་པ་བྱས་སམ་ཡོད་ཀྱང་འཇུག་མི་ཤེས། ད་གང་དུ་འགྲོ་བའི་གནས་གསར་བ་ནི་མེད། སྡོད་ན་ནི་མི་ཚུགས། རྨི་ལམ་ངོས་མ་ཟིན་པ་ལྟར་ཤི་བ་ནི་མི་ཤེས། སྡུག་བསྔལ་གྱིས་ནོན་པས་སྙིང་མི་དགའ་བས་ངུ་བཞིན་ཉིན་མཚན་གྱི་སྣང་བ་མེད་པར་དབུགས་ཀྱི་རྟ་ལ་ཞོན་ནས། སྔར་ལུས་ཡིན་སྙམ་ཤར་དེ། ཕྱད་ཕྱོད་ཡད་ཡུད་འདར་ཁྲི་ལི་ལི་ཕྱོགས་ངེས་མེད་དུ་འཁྱམས་ཚེ། གཅན་གཟན་དང་མི་

མང་པོས་དེད་པའི་སྣང་བ་ཤར། རི་ཆེན་པོ་ཉིལ་བའི་ས་སྒྲ་དང་། མཚོ་ཆེན་པོ་ལུད་པའི་ཆུ་སྒྲ་དང་། མེ་ཆེན་པོ་འབར་བའི་མེའི་འུར་སྒྲ་དང་། རླུང་ཆེན་པོ་གཡོ་བའི་ལྡིར་སྒྲ་དང་། ཁ་ཆར་བུ་ཡུག་མུན་ནག་ཐོག་སེར་དྲག་པོ་སོགས་ཀྱིས་དེད་ནས་བྲོས་པའི་སྣང་བ་ཤར། དེ་ཚེ་གབ་ས་དང་གནས་སའི་ཁུང་མི་རྙེད་བཞིན། རིགས་དྲུག་གང་རུང་དུ་སྐྱེ་བའི་གནས་ལུས་མ་རྙེད་ཀྱི་བར་དུ་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟར་འཁྱམས་དགོས་པ་ནི་སྲིད་པ་བར་དོའི་དཔེར་མཚོན་པ་ཡིན་ནོ། །ལྔ་པ་སྲིད་པ་བར་དོར་འཁྱམས་པའི་རྟགས་ནི། ས་རྡོ་རི་བྲག་སོགས་དངོས་པོ་ལ་ཟང་ཐལ་དུ་རྒྱུ་ནུས་པ་དང་། ལུས་ལ་གྲིབ་མ་མེད་པ་དང་། ས་ལ་རྐང་རྗེས་མེད་པ་དང་། ཆུ་དང་མེ་ལོང་དུ་གཟུགས་བརྙན་མི་ཤར་བ་དང་། ཕར་མི་སུ་ཡང་མཐོང་ཤིང་གཏམ་བཤད་ཀྱང་། ཚུར་སུས་ཀྱང་རང་མི་མཐོང་ཤིང་གཏམ་ལན་མེད་པ་རྣམས་ནི་སྲིད་པ་བར་དོར་འཁྱམས་པའི་རྟགས་སོ། །དྲུག་པ་སྲིད་པ་བར་དོའི་ལུས་ནི། སྔར་ཆོས་ཉིད་ཀྱི་སྣང་བ་ནི་ནུབ། ཕྱི་མའི་མངལ་སོགས་སུ་མ་ཆུད་པའི་བར་དེར་བག་ཆག་ཡིད་ཀྱི་ལུས་སུ་ལམ་གྱིས་ཤར་བས་སྲིད་པ་བར་དོ་ནི་བག་ཆགས་ཡིད་ཀྱི་ལུས་སོ། །བདུན་པ་སྲིད་པ་བར་དོའི་སྣང་ལུགས་ནི། ལས་བཟང་ངན་གྱི་སྣང་བ་སྣ་ཚོགས་སུ་འཆར་བས་ལས་གང་ལ་གོམས་ཆེ་བ་དེ་སྔོན་ལ་སྣང་ངོ་། །བརྒྱད་པ་སྲིད་པ་བར་དོའི་གནས་ལུགས་ནི། སྒྱུ་མ་ཡིད་ཀྱི་གཟུགས་ཅན་དེ། །ཆོས་ཉིད་བར་དོའི་རང་སྣང་ངོ་མ་ཤེས་པས། སྒྲ་འོད་ཟེར་གསུམ་ལ་བྲེད་ཅིང་སྔངས་ནས་སྟོང་གསུམ་ངེས་མེད་དུ་བན་བུན་ལང་ལོང་རྨི་ལམ་གྱི་སྐབས་ལྟར་འཁྲུལ་བའི་རང་ངོ་མི་ཤེས་པར་འཁྲུལ་བཞིན་གནས་སོ། །དོན་གཉིས་པ་བཤད་པར་བྱ་བའི་གཞུང་དོན་ལ། ཚེ་

འདིར་སྦྱང་པ་ལ་གོམས་པ། ཕྱི་མ་སྲིད་པ་བར་དོའི་སྣང་བ་འཆར་ཚུལ་གཉིས་ལས། དང་པོ་སྲིད་པ་བར་དོ་སྦྱང་བའི་རིམ་པ་ནི། འདུན་པ་བསྒྱུར་བ། སོ་ཐར་ལྟར་སྤོང་སེམས་བསྒོམ་པ། བྱང་སེམས་ལྟར་སེམས་བསྐྱེད་པ། སྔགས་ལྟར་བླ་མ་ལ་མོས་གུས་དང་དགའ་བཞི་ལ་བསླབ་པ། བསྐྱེད་རིམ་ལྟར་ཡི་དམ་གསལ་བ། རྫོགས་རིམ་ལྟར་སྟོང་ཉིད་དང་འོད་གསལ་བསྒོམ་པ། ཐ་མལ་བ་ལྟར་སྐྱབས་སུ་འགྲོ་བ་དང་བདུན་ལས། དང་པོ་འདུན་པ་བསྒྱུར་བ་ནི། རྒྱབ་ཆོས་འཁྲུལ་བ་རང་གྲོལ་ལས། བར་དོའི་གནས་སྐབས་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ཙམ་ལས། དོན་དམ་པར་ནི་བར་དོ་ཞེས་བྱ་བ་ཡོད་མི་སྲིད་པའི་ཕྱིར། བར་དོའི་རང་བཞིན་སྟོང་པ་ཉིད་ཡིན་ནོ། །ཞེས་གསུངས་པ་བཞིན་བར་དོ་ཐམས་ཅད་རང་བཞིན་གྱིས་གྲུབ་པ་མེད་ཀྱང་། ཡོད་པར་སེམས་ནས་རང་ལུས་ལ་གཅེས་སྤྲས། རྒྱུ་རྫས་ལ་བདག་འཛིན། ཉེ་རིང་ལ་ཆགས་སྡང་སོགས་རང་གཞན་གཉིས་ཀྱི་བསམ་སྤྱོད་ཐམས་ཅད་འཁྲུལ་སྣང་རྨི་ལམ་ངོས་མ་ཟིན་པ་ལྟར་ཡང་ཡང་སྤྱོད་པ་འདི་ལ་བལྟས་ན། ཚེ་ཕྱི་མ་སྲིད་པ་བར་དོའི་སྐབས་སུ་གར་འགྲོ་རང་དབང་ཡོད་པ་ཞིག་འོང་དཀའ་བས། ད་ནི་རང་ཚོད་རང་གིས་བཟུང་། རང་ཐག་རང་གིས་བཅད་ནས་འཁྲུལ་སྣང་དོན་མེད་འདི་ཟིན་ཐབས་ལ་མི་འབད་དམ། ཞེས་ཞེ་ཐག་པ་ནས་བསམ་དེ། ག་རེ་འདི་ལྟར་སྣང་བ་འདི་བདག་ཤི་ནས་བར་དོར་འཁྱམ་འདུག་པས། གནས་དང་། གྲོགས་དང་། སྣང་བ་ཡད་ཡུད་འདི་སྲིད་པ་བར་དོའི་སྣང་བ་ཡིན་པར་འདུག་པས། ད་སྔ་བར་དོ་ངོས་མ་ཟིན་ནས་འཁྲུལ་བར་འདུག །ད་ནི་བར་དོར་གྲོལ་བའི་གདམས་ངག་སྡོམ་གསུམ་བསྐྱེད་རྫོགས་སྐྱབས་འགྲོ་དང་བཅས་པ་རིམ་པར་ཉམས་སུ་བླང་བར་བྱའོ་སྙམ་པས་བར་དོའི་སྐབས་ཡིན་པའི་བློ་བཞག་ལ། ཕྱི་

སྣོད་ཐམས་ཅད་བདེ་བ་ཅན་ཡིན། ནང་བཅུད་ཐམས་ཅད་སྣང་བ་མཐའ་ཡས། སྒྲ་གྲགས་ཐམས་ཅད་ཨ་མི་དྷེ་ཝའི་རང་སྒྲ་ཡིན་པར་བསྒོམ། རྗེས་སུ་ཐམས་ཅད་མི་དམིགས་པའི་ངང་ལ་མཉམ་པར་བཞག །དེ་ལ་ཡང་ཡང་སྦྱང་པས། སྲིད་པ་བར་དོའི་སྣང་བ་ཤར་བའི་དུས་སུ། ཁ་ཆར་དང་བུ་ཡུག །འཇིགས་པའི་གཅན་གཟན་དང་མི་མང་པོས་དེད་པའི་སྣང་བ་ཤར་བའི་ཚེ། ལྷའི་གསལ་སྣང་དྲན་མ་ཐག་ཏུ་དེ་དག་ཐམས་ཅད་ཡི་དམ་དུ་ཤར་ནས་དེར་དབུགས་དབྱུང་ངོ་། །དེ་ཙམ་མིན་ཀྱང་མངལ་སྒོ་ངེས་པར་ཁེགས་སོ། །གཉིས་པ་སོ་ཐར་ལྟར་སྤོང་སེམས་བསྒོམ་པ་ནི། ཉམས་སུ་ལེན་མཁན་གྱི་གང་ཟག་དེ་སྡོམ་པ་བསྲུང་དགོས་པའི་རྟེན། དགེ་བསྙེན། དགེ་ཚུལ། དགེ་སློང་ལྟ་བུ་ཡིན་ན་བདག་སྲོག་དང་བྲལ་ཡང་ཚུལ་ཁྲིམས་ནི་མི་གཏོང་ངོ་སྙམ་པའི་དམ་བཅའ་ཡང་ཡང་དྲན་པར་བྱ། འདིར་གཞན་གྱིས་ཆགས་པ་སྤྱོད་པ་མཐོང་ངམ། རང་གི་ཆགས་ཡུལ་ཡིད་ལ་དྲན་པའི་ཚེ། བུད་མེད་དེ་ནི་ཆགས་སྡང་གི་གཞི་མ། འཁོར་བའི་ས་བོན། སྡོམ་པ་འཕྲོག་པའི་དམ་སྲི་མོ་ཡིན་པས་འདིའི་ལུས་ནི་མི་གཙང་བའི་རྐྱལ་བ། ངག་ནི་མི་དགེ་བའི་བང་མཛོད། སེམས་ནི་ཉོན་མོངས་པའི་རང་བཞིན། ལས་ངན་འདི་དང་ལྷན་གཅིག་ཏུ་ཉལ་བ་གཅིག་བྱས་ཀྱང་དེ་ནས་བཟུང་སྟེ། དཔེར་ན་སོ་ཐར་གྱི་སྡོམ་པ་དབྱར་གྱི་མེ་ཏོག་གི་མདངས་དང་འདྲ་བ་དེ་ལྕགས་སྲེག་གི་སེར་བས་བསྲེག་པ་ལྟར་གཞོམ་པ་འདི་ལ་ཆགས་ནས་ཅི་བྱེད། བརྟེན་པའི་མི་སྨྱོའམ། བུད་མེད་བརྟེན་པའི་བདེ་བ་ཡུད་ཙམ་ལ་ཆགས་ནས། བསྐལ་པ་མང་པོ་ལ་དམྱལ་བའི་སྡུག་བསྔལ་མྱོང་དགོས་ན་ངས་དེ་ནི་མི་བཟོད་དོ་སྙམ་པས་སྤོང་སེམས་དྲག་པོས་བསླབ་པ་ལ་གཅེས་པར་བྱས་པས་དམ་བཅའ་ཚེ་འདིར་མ་རལ་ན།

ནམ་ཞིག་སྲིད་པ་བར་དོ་ནས་ལུས་འཚོལ་དུ་འཁྱམ་དུས་སྔར་ཚུལ་ཁྲིམས་བསྲུངས་བའི་ལས་བཟང་པོའི་འཕྲོ་མཐུད་ནས་དེར་ཡང་ཆགས་པ་སྤྱོད་པ་མཐོང་མ་ཐག་སྤོང་སེམས་དྲན་ནས། མངལ་དུ་མི་འཇུག་པར་མངལ་སྒོ་ཁེགས། གལ་ཏེ་ཞུགས་ཀྱང་ལྷ་མིའི་ལུས་རྟེན་ཆོས་ལྡན་རྙེད་དོ། །གསུམ་པ་བྱང་སེམས་ལྟར། སེམས་བསྐྱེད་བསྒོམ་པ་ནི། འདི་ལྟར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ནི་རང་གི་སྐྱེ་བ་སྔ་ཕྱི་བརྒྱུད་པའི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། འདི་རྣམས་ཕ་མར་གྱུར་པའི་དུས་སུ་ནི་བདག་བྱམས་བརྩེ་ཁོ་ནས་བསྐྱངས་བའི་དྲིན་ཆེན་ཤ་སྟག་ཡིན་པས། འདི་རྣམས་ལ་ཉེ་རིང་ཆགས་སྡང་ཅིའི་ཕྱིར་བྱ། ཐམས་ཅད་སྙོམ་པའི་སངས་རྒྱས་ཀྱི་ས་ལ་བཀོད་པར་བྱའོ། །ཞེས་སྙིང་ཐག་པ་ནས་བསམ་བཞིན་རང་གི་སྒོ་གསུམ་གྱི་ངལ་སྣང་ཁྱད་དུ་བསད་གཞན་དག་ལ་འཕྲལ་གཏན་གཉིས་སུ་ཕན་བདེ་སྦྱིན་པའི་ཐབས་ལ་མཁས་པར་བྱ་བ་ནི་རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན། དེའང་སངས་རྒྱས་ཐོབ་བློ་ནི། སྨོན་སེམས་དེ་གཞན་གྱི་ཐོབ་ཐབས་བྱེད་པ་ནི་འཇུག་པ་ཡིན་ནོ། །དེ་ལ་ཡང་ཡང་གོམ་པས། ནམ་ཞིག་སྲིད་པ་བར་དོར་ལུས་ཚོལ་དུ་འགྲོ་བའི་ཚེ། ཕོ་མོ་གཉིས་ཆགས་པ་སྤྱོད་པ་མཐོང་ནས་དེའི་མངལ་དུ་ཞུགས་ཚེ། རང་ཕོ་རུ་སྐྱེས་ན་ཕ་ལ་མིག་སེར་དང་མ་ལ་ཆགས་པ་སྐྱེ། མོ་རུ་སྐྱེ་ན་མ་ལ་མིག་སེར་དང་ཕ་ལ་ཆགས་པ་སྐྱེ། ཆགས་སྡང་དེའི་དབང་གིས་མངལ་དུ་ཞུགས་ན། དང་པོ་ལྷ་ཕོ་མོའམ། འཁོར་ལོའི་བསྒྱུར་རྒྱལ་ཕོ་མོ་ལྟ་བུའི་མངལ་དུ་ཞུགས་པ་སྣང་ཡང་། མངལ་ནས་ཐོན་དུས་ཁྱིའམ་སྦལ་སྦྲུལ་སྡོམ་སྡིག་ལ་སོགས་པའི་ལུས་ངན་ཅིག་བླང་འོང་བ་ནི་དུ་མ་ཡོད་པས། སྔར་སེམས་བསྐྱེད་ལ་གོམས་འདྲེས་བྱས་ན་དེའི་

ལས་བཟང་པོའི་འཕྲོ་མཐུད་ནས་ཡང་ཆགས་པ་སྤྱོད་པ་མཐོང་མ་ཐག །བྱང་ཆུབ་མཆོག་དུ་སེམས་བསྐྱེད་པ་དྲན་ནས་མངལ་སྒོ་ཁེགས། གལ་ཏེ་ཞུགས་ཀྱང་བྱང་ཆུབ་སེམས་དཔའི་ལུས་རྟེན་ཕུན་སུམ་ཚོགས་པ་རྙེད་དོ། །བཞི་པ་སྔགས་ལྟར་བླ་མ་དང་ཐབས་ལམ་བརྟེན་ཏེ་བསྒོམ་པ་ལ། དང་པོ་བླ་མ་ཡབ་ཡུམ་བསྒོམ་པ་ནི། གཞན་གྱི་ཆགས་པ་སྤྱོད་པ་མཐོང་ངམ། ཆགས་ཡུལ་དྲན་པ་སོགས་ཀྱིས་རང་གི་སེམས་ལ་ཆགས་པ་དྲག་པོ་སྐྱེ་བའི་ཚེ་ཆགས་ཡུལ་དེ་བླ་མ་ཨོ་རྒྱན་པདྨ་དང་ཡེ་ཤེས་མཚོ་རྒྱལ་ཡབ་ཡུམ་འཁྲིལ་སྦྱོར་དུ་གསལ། དད་མོས་བསྐྱེད་ལ་དབང་བཞི་ཞུ་བའི་འདུན་པ་བྱ། ཁྱད་པར་དུ་བདེ་སྟོང་ཡེ་ཤེས་ཀྱི་དོན་སད་པར་བྱས་ནས་དེའི་ངང་སྐྱོང་། དེའང་། ཨེ་མ་ཧོ། རང་མདུན་མེ་རིའི་གུར་སོགས། ཕ་ལ་ཧཱུྃ། དེ་ལྟར་ཆགས་སེམས་སྐྱེས་མ་ཐག་དོན་ཡང་ཡང་བསྒོམ་པས་ལས་བཟང་གི་འཕྲོ་མཐུད་ནས་སྲིད་པ་བར་དོའི་སྐབས་སུ་ཕོ་མོ་ལྷན་དུ་སྦྱོར་བ་མཐོང་མ་ཐག་བླ་མ་ཨོ་རྒྱན་ཡབ་ཡུམ་གདམས་ངག་དབང་གསུམ་པའི་དོན་དྲན་པས་མངལ་སྒོ་ཁེགས་སམ། ཡང་ན་གྲུབ་པ་ཐོབ་པའི་སྲས་སུ་སྐྱེས་ནས་ཚེ་འདིར་ཐར་ལམ་ཐོབ་བོ། །དེ་ལས་གཉིས་པ་ཐབས་ལམ་པས་བདེ་སྟོང་བསྒོམ་པ་ནི། ཉམས་སུ་ལེན་མཁན་གྱི་གང་ཟག་དེ་ཆགས་ལམ་པ་ལྟ་བུ་ཡིན་ན། དེའི་དངོས་རིག་ལས་ཀྱི་ཕྱག་རྒྱ། ཡིད་རིག་ཆོས་ཀྱི་ཕྱག་རྒྱ། གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་དང་གསུམ་ལ་བརྟེན་ནས་བདེ་སྟོང་དགའ་བཞིིའི་ཡེ་ཤེས་བསྐྱེད་དེ། དེའི་ངང་ལ་མཉམ་པར་བཞག་པ་ནི་དབང་གསུམ་པའི་ཡེ་ཤེས་ཀྱི་དོན་ཡིན་དེ། སྡོམ་གསུམ་ལས། རྟེན་ཤེས་རབ་མ་ལ་བརྟེན་ནས་དགའ་བཞིའི་ཡེ་ཤེས་བསྐྱེད་པས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། །ཞེས་གསུངས་པའི་རྟེན་བུད་མེད་དེ་ཡང་མཚན་ཉིད་དང་ལྡན་པ་ཞིག་

དགོས་གསུངས་སྟེ། ཀརྨ་གླིང་པའི་སྲིད་པ་བར་དོའི་ཁྲིད་ཡིག་ལས། མཚན་དང་ལྡན་པའི་མུ་ཏྲ་བཙལ་ཏེ་གསུངས་པས། དང་པོ་དངོས་རིག་ལས་ཀྱི་ཕྱག་རྒྱ་མོ་འདི་རིགས་ལྔ་སྟེ། རྒྱུད་ལས། པདྨ་ཅན་དང་དུང་ཅན་མོ། །གླང་པོ་ཅན་དང་རི་དྭགས་ཅན། །སྣ་ཚོགས་ཅན་མ་འདི་ལྔ་ནི། །སྔགས་པས་བརྟེན་ན་དངོས་གྲུབ་བརྙེས། ཅེས་གསུངས་པའི་བུད་མེད་བརྟེན་དགོས་པའི་ཚུལ། ཁྲོ་བོ་གཏུམ་ཆེན་གྱི་རྒྱུད་ལས། སེམས་ཅན་ཀུན་ལ་ཕན་འདོད་པས། །མི་མོ་བརྟེན་པས་དངོས་གྲུབ་བོ། །སྐད་ཅིག་ཙམ་གྱིས་སྟེར་བྱེད་པ། །དེའི་ཕྱིར་བུད་མེད་བརྟེན་པར་བྱ། །ཞེས་པ་ལྟར་བརྟེན་ཚུལ་ནི། མར་པས། ཐབས་ལམ་གྱི་དུས་སུ་གཞན་ལུས་བསྒོམ། བདེ་བ་བསྐྱེད་ཅིང་བསྐྱེད་ཅིང་བསྒོམ། ཐ་མལ་དུ་འདུག་ཀྱང་ཉམས་ང་མེད། །ལྷན་སྐྱེས་སུ་ཤེས་པའི་གདེངས་ཤིག་ཡོད། །ཞེས་དང་། ཀརྨ་གླིང་པས་སྲིད་པ་བར་དོའི་ཁྲིད་བཤད་སྲིད་པ་རང་གྲོལ་ལས། དེ་ནས་རང་དང་མུ་ཏྲ་གཉིས་ཀ་ཡི་དམ་ལྷའི་འདུ་ཤེས་ཀྱིས། དང་པོ་གཟུགས་ལ་བསླབ་པ་ནི། ཕར་ཚུར་ཆགས་པའི་མིག་གིས་ཟིམ་བུར་བལྟ། ཞེས་གསུངས་པ་ལྟར་ད་ལྟ་ཡང་སྦྱང་བའི་དུས་ཀྱི་བདེ་སྟོང་བརྗོད་དུ་མེད་པའི་ཡེ་ཤེས་དེ་ནི་གཞོན་ནུ་མའི་བདེ་བ་སྙིང་ལ་ཞུགས་པའི་དཔེ་འདི་ཙམ་གྱིས་བརྡར་མཚོན་པ་ལས་གཞན་པས་སྟོན་མི་ནུས་གསུང་སྟེ། ས་ར་ཧས། ཁ་དོག་ཡོན་ཏན་ཡེ་ཤེས་དཔེ་བྲལ་བ། །སྨྲ་རུ་མི་བཏུབ་དེ་ནི་བདག་གི་གྱི་ནར་མཚོན། །གཞོན་ནུ་མ་ཡི་བདེ་བ་སྙིང་ལ་ཞུགས་པ་བཞིན། །དབང་ཕྱུག་དམ་པ་དེ་ནི་སུ་ལ་བསྟན་ནུས་སམ། །ཞེས་གསུངས་པའི་བདེ་སྟོང་གི་ཡེ་ཤེས་རིག་པ་གཟའ་གཏད་དང་བྲལ་བའི་དབང་གི་ཡེ་ཤེས་ལམ་གྱི་ལྟ་བ་དེ་ནི་སངས་རྒྱས་ཀྱི་ས་དང་ངོ་བོ་ཐ་མི་དད་གསུངས་སྟེ། ཇི་སྐད་དུ། དབང་གི་ཡེ་ཤེས་ལམ་གྱི་ལྟ་བ་ནི། །ཉམས་མྱོང་

སངས་རྒྱས་ས་དང་ངོ་བོ་གཅིག །ཞེས་པའི་བདེ་སྟོང་ལྷན་ཅིག་སྐྱེས་དགའ་ངོ་འཕྲོད་པའི་སྟོང་ཉིད་ཤེས་རབ་ཀྱི་ཡུམ་དེ་ལ་མཉམ་པར་བཞག་པ་ནི་ཡིད་རིག་ཆོས་ཀྱི་ཕྱག་རྒྱ་བསྟེན་ཏེ། དེ་མ་བརྟེན་པར་འཚང་མི་རྒྱ་གསུངས་སྟེ། རྒྱུད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་མ། །སྟོང་ཉིད་ཤེས་རབ་མཛེས་མ་ཉིད། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །འདི་ཉིད་མ་བརྟེན་འཚང་མི་རྒྱ། །ཞེས་སོ། །འདི་ལྟར་རྣལ་འབྱོར་ཕོ་མོ་འདོད་ཆགས་ལ་བརྟེན་ནས་སྟོང་ཉིད་ཀྱི་ཡེ་ཤེས་བདེ་བ་ཆེན་པོའི་དོན་རྙེད་གསུང་སྟེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འདོད་ཆགས་ལས་ཀྱི་དུག་མཚོ་ཁོལ་མའི་ནང་། །སྟོང་ཉིད་ཡེ་ཤེས་བདེ་བ་རྙེད་པར་འགྱུར། །ཞེས་ཉམས་སུ་ལེན་པའི་ཚེ་སྤྲོས་པ་ལ་དགའ་ན་རང་ལ་ལྷའི་འདུ་ཤེས་བཞག །ཡུམ་གྱི་མཁའ་གསང་གཞལ་ཡས་ཁང་དུ་མོས། སྙོམ་འཇུག་ལྷ་དཀྱིལ་འཁོར་དུ་འཁོད་པར་དམིགས་ལ། སྣ་གཡོན་ནས་འཇམ་རླུང་དལ་བུས་རྔུབ་པས་རང་གི་ལྟེ་འོག་དུ་མ་བྲིས་རང་བྱུང་གི་ཨཿཐུང་དམར་པོ་མར་མེ་འབར་བ་ལྟར་ཡོད་པ་ལ་ཕོག་པས་མེ་ཡི་གསོས་བྱས་ནས་ཡེ་ཤེས་ཀྱི་མེ་གྱེན་ལ་འབར་སྤྱི་བོར་མ་བྲིས་པའི་ཧཾ་ཡིག་ཡོད་པ་ལ་ཕོག་ནས་ཐིག་ལེ་ཞུ་བས་ལུས་ཀུན་ཁྱབ་པའི་བདེ་བའི་མཆོད་སྤྲིན་གྱིས་བདག་ཡབ་ཡུམ་ལྷ་གསལ་བ་ལ་མཆོད་པའི་ཚུལ་གྱིས་ཐིག་ལེ་ཡབ་ཡུམ་གྱི་མཁའ་གསང་དུ་ཕྱེད་ཤོར་ཕྱེད་མ་ཤོར་བའི་བར་དེར་བདེ་སྟོང་གི་ཡེ་ཤེས་ལྷང་ལྷང་ངོས་བཟུང་ནས་བུད་མེད་བསྟེན་པ་ལ་ནི་ཞོར་ལ་གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་བསྟེན་པའང་འདུས་ཏེ། རྡོ་རྗེ་ལས། སངས་རྒྱས་རྣམས་ནི་མཉེས་བྱེད་དང་། །དམ་ཚིག་རྣམས་ནི་བསྲུང་བྱ་དང་། །གསང་སྔགས་རིག་པས་བསྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བརྟེན་པར་བྱ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། ལུས་ཀྱི་རྩ་མདུད་

ལས་ཀྱི་ཕྱག་རྒྱས་བཀྲོལ། །ལུས་ཀྱི་བདེ་བ་སེམས་ལ་སྦོར་ཅིག་ཨང་། །ཞེས་གསུངས་སོ། །མདོར་ན་བུད་མེད་བརྟེན་པ་དེ་དངོས་རིག་ལས་ཀྱི་ཕྱག་རྒྱ་ཡིན། དེ་ཚེ་རླུང་བཟུང་ནས་ཐིག་ལེ་འབར་འཛག་དེ་གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་ཡིན། དེ་ནས་བདེ་བ་བསྐྱོད་ཚེ་བདེ་སྟོང་གི་ངང་ལ་མཉམ་པར་བཞག་པ་དེ་ཡི་རིག་ཆོས་ཀྱི་ཕྱག་རྒྱ་ཡིན། དེའང་རང་འདོད་པ་སྤྱོད་པའི་རྣལ་འབྱོར་པ་དང་། འདོད་པ་སྤྱོད་ཡུལ་གྱི་མི་མོ། འདོད་པ་བརྟེན་པའི་ཆོས་གསུམ་ཡེ་ནས་གྲུབ་མ་མྱོང་བ་ལ་ཆགས་རྒྱུ་མེད་པའི་མ་ཆགས་པ་ཆེན་པོའི་དོན་ཉམས་འོག་ཏུ་ཆུད་པའི་མཉམ་པ་ལ་བུད་མེད་འབུམ་ཕྲག་འབུམ་ཡོད་ཀྱང་ཚངས་སྤྱོད་ཀྱི་སྡོམ་པ་མི་ཉམས་ཏེ། གསང་སྙིང་ལས། མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ན་ཆགས་པ་མེད། །དེ་ནས་ཚང་མཆོག་རྒྱལ་པོ་དེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་པ་ལྟར་བསྟེན་པས་རབ་ཚེ་འདིའམ་འཆི་ཁ་བར་དོར། འབྲིང་ཆོས་ཉིད་བར་དོ། ཐ་མ་སྲིད་པ་བར་དོ་གསུམ་གང་རུང་དུ་གྲོལ་བའི་ཆོས་གཅིག་ཆོག་ཡིད་བཞིན་ནོར་བུ་ནི་གསང་སྔགས་པའི་ལས་རྒྱ་བརྟེན་པ་འདི་ལས་འབྱུང་སྟེ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྫོགས་རིམ་ལས་རབ་འཆི་བའི་དུས་སུ་འབྱུང་བ་རིམ་གྱིས་བསྡུས་ནས་ཐིམ་པའི་མཐར། མ་ལས་ཐོབ་པའི་རཀྟ་གྱེན་དུ་འབྱུང་། ཕ་ལས་ཐོབ་པའི་བྱང་སེམས་སྤྱི་བོ་ནས་ཐུར་དུ་བབ་པ་དེ། བྱང་སེམས་དཀར་དམར་དཀར་ལམ་དམར་ལམ་གྱི་སྣང་བའི་རྗེས་སུ་སྙིང་གར་འཕྲད་དེ། ལྷན་ཅིག་སྐྱེས་པའི་དགའ་བ་ཚད་མེད་པ་ཅིག་སྐྱེས་པ་དང་མཉམ་དུ། རྣམ་ཤེས་སྟོང་ནས་བརྒྱལ་ལོག་གིས་འགྲོ་བའི་དུས་ནས་དབུགས་ཆད་པས། དེའི་དུས་སུ་དགའ་བ་བཞི་དང་ཐབས་ལམ་བདེ་སྟོང་དུ་སྦྱང་ཞིང་། དབང་གསུམ་པའི་དུས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་ངོ་འཕྲོད་པའི་གང་

ཟག་དེས། ངེས་པར་ངོས་ཟིན་ནས་སྐད་ཅིག་གིས་ཡར་གྱི་ཟང་ཐལ་དུ་གྲོལ་བར་འགྱུར་བས་དེས་ན་གསང་སྔགས་ཐབས་ལམ་ཕོ་ཉའི་ལམ་ཟབ་པའི་གཏན་ཚིག་དེ་ལྟར་རོ། །དེར་ངོས་མ་ཟིན་ནའང་ཆོས་ཉིད་ཀྱི་བར་དོར་ཁྲོ་བོ་ཡབ་ཡུམ་འཁྲིལ་སྦྱོར་གྱི་སྐུ་མཐོང་མ་ཐག་ཏུ། དབང་གསུམ་པའི་དུས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་དྲན་ནས་ངོས་ཟིན་ཏེ་གྲོལ་བར་འགྱུར་རོ། །དེར་ཡང་ངོས་ཟིན་ན་སྲིད་པའི་བར་དོར་ཕོ་མོ་ཆགས་པ་བྱེད་པ་མཐོང་མ་ཐག །ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ངོས་ཟིན་ནས། མངལ་སྒོ་ཁོག་ནས་ངེས་པར་གྲོལ། །ཞེས་སོ། །ལྔ་པ་སྔགས་ཀྱི་བསྐྱེད་རིམ་ལྟར་བསྒོམ་པ་ལ་གཉིས་ལས། དང་པོ་འཇུག་བྱེད་ཀྱི་གང་ཟག་བཀག་པ་ནི། རང་ལ་ནམ་ཆགས་པ་སྐྱེས་ཙ་ན་བདག་སྲིད་པ་བར་དོར་འཁྱམས་ནས་མངལ་དུ་འཇུག་གྲབ་བྱེད་ཡོད་པ་ལ་དེ་ངོ་མ་ཤེས་པར་འདུག །ད་ནི་མངལ་སྒོ་དགག་པར་བྱ་སྙམས་ལ། རང་ཉིད་སྐད་ཅིག་དྲན་རྫོགས་སུ་ཡི་དམ་གྱི་སྐུ་རུ་ལྷང་ངེ་གསལ། ཧྲཱི་སྐད་ཅིག་དབང་དྲག་རོལ་པའི་སོགས། ཡ་ཕཊ༔དེ་ལྟར་རང་ལ་ཆགས་པ་དང་མིག་སེར་ནམ་སྐྱེ་བའི་ཚེ་དེ་ལྟར་ཡང་ཡང་སྒོམ་སྦྱང་བྱས་པས། ནམ་ཞིག་སྲིད་པ་བར་དོར་བསྐྱེད་རིམ་ལ་གོམ་པའི་ལས་བཟང་གི་འཕྲོ་མཐུད་ནས། བར་དོར་ལུས་ཚོལ་དུ་འགྲོ་བའི་སྐབས་སུ་ཕོ་མོ་ཆགས་པ་སྤྱོད་པ་མཐོང་བའི་ཚེ། ཕ་མ་འགྱུར་རུང་ལ་མིག་སེར་དང་ཆགས་པ་སྐྱེས་པའི་མོད་ལ་ཡི་དམ་ལྷའི་གསལ་སྣང་དྲན་ནས་གྲོལ་ལམ་ཡང་ན་མངལ་སྒོ་ཁེགས་གསུང་སྟེ། ཇི་སྐད་དུ། ད་ལྟར་ཡང་བུད་མེད་ཡིད་དུ་འོང་བའམ་ཆགས་པ་སྐྱེ་བའི་སྒྲ་སྨྲ་བརྗོད་དང་སྤྱོད་ལམ་བྱ། ཆགས་པ་ལྷང་ལྷང་སྐྱེས་པ་དང་དེའི་རྐྱེན་བྱས་ནས། རང་ལུས་ལྷའི་གསལ་སྣངདུ་ལྷང་ལྷང་དྲན་པར་བྱུང་ན། འདོད་ཆགས་མ་སྤངས་གྲོགས་སུ་འགྱུར་ཏེ། འདོད་

ཆགས་ཅི་ལྟར་ཆེ་བ་ལྟར། ཡི་དམ་ལྷའི་བསྐྱེད་རིམ་འབྱུང་བས། བར་དོར་གྲོལ་བ་ལ་ཚེགས་མེད་དོ། །ཞེས་གསུངས་སོ། །གཉིས་པ་འཇུག་བྱའི་མངལ་སྒོ་བཀག་པ་ནི། གཞན་ཕོ་མོ་གང་རུང་གིས་ཆགས་པ་སྤྱོད་པ་མཐོང་མ་ཐག་ཏུ། བདག་སྲིད་པ་བར་དོར་འཁྱམས་པར་འདུག །ཕོ་མོ་འདི་གཉིས་ཀྱང་སྐད་ཅིག་དྲན་རྫོགས་སུ་རང་གི་མདུན་དུ་ཡི་དམ་ཡབ་ཡུམ་གྱི་སྐུར་ལམ་ལམ་ཤར་བ་ཡིན་སྙམ་པས་ལྷའི་གསལ་སྣང་ཐོན་ངེས་བྱས་ལ། དེར་གསོལ་བ་གདབ། མོས་གུས་བྱ། དངོས་གྲུབ་དང་དབང་ཞུ་པའི་འདུན་པ་བཞག །དེ་ལ་ཡང་ཡང་གོམས་པར་བྱ། དེས་ད་ལྟ་བསྐྱེད་རིམ་གྱི་གྲོགས་སུ་འགྱུར་ཞིང་ནམ་ཞིག་སྲིད་པ་བར་དོར་ལས་བཟང་གི་འཕྲོ་མཐུད་ནས་གོང་ལྟར་གྲོལ་བའམ། ཡང་ན་མངལ་སྒོ་ཁེགས་སོ། །དྲུག་པ་རྫོགས་རིམ་ལྟར་བསྒོམ་པ་ལ། སྒྱུ་མའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་གཉིས་ལས། དང་པོ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི། ད་ལྟའི་སྣང་བ་འདི་དག་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུ་ལས་ཆོས་གང་ལའང་རང་བཞིན་གྱིས་གྲུབ་པ་སྤུའི་རྩེ་ཙམ་ཡང་མེད། དེས་ན་ད་ལྟ་དགྲ་གཉེན་གྱི་ཆགས་སྡང་བདེ་སྡུག་གི་སྣང་བ་འདྲ་མི་འདྲ་སྣ་ཚོགས་ཤར་བ་འདི་སྲིད་པ་བར་དོར་འཁྱམས་པའི་འཁྲུལ་སྣང་ཡིན་པར་འདུག་ཀྱང་ངོ་མ་ཤེས་པ་ཡིན། ད་ནི་འཇིགས་སྐྲག་དང་མངལ་སྒོ་སྣང་བ་ཐམས་ཅད་བདེན་མེད་སྟོང་ཉིད་ཀྱི་ངང་དུ་འཁྲུལ་བའི་རང་རྩལ་ཡིན་པ་དེས་ཕན་གནོད་ཅི་ཡང་མེད་སྙམ་པས་རྟོགས་པ་ཤར་ལུགས་སུ་བཞག་པས་གང་སྐྱེས་ཀྱི་རྣམ་རྟོག་ཐམས་ཅད་བདེན་མེད་རང་གྲོལ་དུ་ཁྲོལ་ལེ་ཞིག །དེ་ལ་ད་ལྟ་ཡང་ཡང་སྦྱང་བས་ནམ་ཞིག་སྲིད་པ་བར་དོར་ལུས་ཚོལ་དུ་འགྲོ་བའི་ཚེ་

འཇིགས་སྐྲགས་དང་མངལ་སྒོ་མཐོང་དུས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྔར་སྦྱང་བའི་ལས་བཟང་གི་འཕྲོ་མཐུད་ནས་སྟོང་ཉིད་ཀྱི་མཐུས་ཁ་ཅིག་གྲོལ་ལ་མིན་ཀྱང་མངལ་སྒོ་ཁེག་པའམ་ཡང་ན་མཁས་གྲུབ་ཆེན་པོའི་དལ་རྟེན་ཕུན་སུམ་ཚོགས་པ་རྙེད་དོ། །དེའང་ལུང་ལས། ད་ལྟ་སྒྱུ་ལུས་ཀྱི་སྣང་བ་རང་གྲོལ་ལ་སྦྱང་བས། བར་དོའི་འཇིགས་སྐྲགས་དང་མངལ་སྒོ་ཤར་བའི་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ཏེ་གྲོལ་བར་འགྱུར་རོ། །ཅེས་སོ། །གཉིས་པ་སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་ནི། ད་ལྟ་འཇིགས་སྐྲག་དང་ཆགས་སྡང་གི་རྟོག་པ་ཤར་བའི་ཚེ་དེ་དུས་ཀྱི་རིག་པ་གྲ་ཟེང་ངེ་བ་དེ་ངོས་ཟིན་པར་བྱས་ལ་དེའི་ངང་ནས་ཅི་ཡང་མི་བསྒོམ་མི་ལྟ་བར་བཞགས་པས་ནང་དྲན་འཛིན་ཞིག །ཕྱི་ཚོགས་དྲུག་གི་སྣང་བ་ཅི་ལྟར་ཤར་ཡང་དེ་ལ་མ་ཞེན་པས་འཁྲུལ་རྗེས་སུ་མི་འབྲང་། དེའི་ངང་ཡེངས་སྒོམ་མེད་པར་ལྷན་ནེར་བཞག་པ་ནི་དཔལ་གསང་བ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་ལས། བསྒོམ་པ་ཉིད་ཀྱང་རྟོག་པ་དེ། །མ་བསྒོམ་པ་ཡང་རྟོག་པ་ཉིད། །བསྒོམ་དུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པ་འདི། །ལྟ་བའི་རྒྱལ་པོ་ཡིན་པར་འདོད། །ཅེས་དང་། དཔལ་ཡེ་ཤེས་ཕྲེང་བའི་རྒྱུད་ལས། བསྒོམ་དང་མི་བསྒོམ་གཉིས་ཀ་མེད། །འོད་གསལ་དེ་ལ་སེམས་ཟིན་ན། །གཟུང་འཛིན་དགྲ་ཡི་དཔུང་རྣམས་འཇོམས། །ཞེས་གསུངས་སོ། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་ལ་སྦྱང་གོམས་ཆེ་ན་འཆི་ཁ་བར་དོར་འོད་གསལ་འཆར་བ་དང་དུས་མཉམས་སུ་ཆོས་སྐུའི་ཞིང་དུ་གྲོལ། མིན་ཀྱང་དེ་ལྟ་བུའི་ངོ་འཕྲོད་ནས་སྦྱང་བ་ཆུང་ནའང་སྲིད་པ་བར་དོར་གྲོལ་ཏེ། ཇི་སྐད་དུ། ཐ་ནའང་སྲིད་པ་བར་དོར་ཆགས་པ་སྤྱོད་པ་མཐོང་བ་དང་། སྟོང་ཉིད་འོད་གསལ་གྱི་དོན་རྒྱུད་ལ་ལྷང་ངེར་ཤར་ནས་

གྲོལ་བར་འགྱུར་རོ། །ཞེས་སོ། །བདུན་པ་ཐ་མལ་བ་རྣམས་ཀྱིས་སྐྱབས་འགྲོ་བསྒོམ་པ་ནི། ད་ལྟ་རང་ལ་འཇིགས་སྐྲགས་དང་། རྐྱེན་ངན་ཐོག་ཏུ་བབ་པ་དང་། ཆགས་སྡང་གི་རྒྱུ་འཁྲུགས་པའི་ཚེ་ག་རེ་བདག་ཤི་ནས་སྲིད་པ་བར་དོར་འཁྱམས་ནས་ཡོད་པ་ངོ་མ་ཤེས། ད་ནི་སྲིད་པ་བར་དོའི་སྡུག་བསྔལ་ལས་སྐྱོབ་པའི་ཆེད་དུ། བདག་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །སྙམ་པའི་སྐྱབས་འགྲོ་བཞི་སྐོར་སོགས་ཡང་ཡང་འདོན། བླ་མ་དཀོན་མཆོག་གསུམ་བདག་བར་དོའི་འཇིགས་སྐྲགས་ལས་སྐྱོབས་ཤིག །དག་པའི་ཞིང་དུ་དྲོངས་ཤིག །མངལ་སྒོ་ཁོགས་ཅིག །ཅེས་ད་ལྟ་ཡང་ཡང་བརྗོད་པས། ནམ་ཞིག་སྲིད་པ་བར་དོ་ཤར་དུས་མངལ་སྒོ་བཀག་བསྡམ་སོགས་གདམས་ངག་གཞན་མ་ཤེས་ཀྱང་སྐྱབས་འགྲོ་གཅིག་པུ་འདི་ཁོ་ནས་སྡིག་ཅན་དང་དུད་འགྲོ་ལྟ་བུ་ཡིན་ཀྱང་མངལ་སྒོ་ངན་པ་ཁེག་གསུངས་པ་དང་། གལ་ཏེ་མངལ་དུ་ཞུགས་ཀྱང་ལྷ་དང་མིའི་ལུས་རྟེན་བཟང་པོ་རྙེད་ནས་སྐྱེ་སྲིད་དེར་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་ནས་སངས་རྒྱས་པར་གསུངས་སོ། །འདིར་ཉམས་སུ་ལེན་པའི་རིམ་པ་དེ་དག་གང་ལའང་། གོམས་འདྲེས་གཙོ་ཆེ་བ་ཡིན་ཏེ། ལུང་ལས། བག་ཆགས་གོམས་འདྲེས་སུ་བྱེད་པ་ཡིན་པས། རྒྱུན་དུ་བར་དོ་ཡིན་ནོ་བསམ་ཞིང་། ངག་ནས་ཀྱང་བར་དོ་ཡིན། ཨ་ཙ་མ། བདག་བར་དོར་འཁྱམས་ནས་འདུག་པས། བླ་མ་བླ་མ་ཞེས་བརྗོད། གསུང་བཞིན་ད་ལྟ་ཡང་ཡང་སྦྱང་ནས་རྨི་ལམ་གྱི་དུས་སུའང་དེ་ལྟར་རྨི་མ་ཐུབ་གྱི་བར་དུ་ནན་ཏན་བྱ་དགོས་སོ། །གཉིས་པ་ཕྱི་མ་སྲིད་པ་བར་དོའི་སྣང་བ་འཆར་ཚུལ་ལ་སྣང་ཚུལ། ངོ་སྤྲད་པ། སྐྱེ་གནས་བསྡམ་པ། གཤེད་དང་ཕྲལ་ཚུལ། དག་པའི་ཞིང་ཁམས་སུ་འགྲོ་ལུགས། མ་དག་

པའི་མངལ་སྒོ་བཀག་ཚུལ། ཕན་ཡོན་བསྟན་པ་དང་བདུན་ལས། ཐོག་མར་སྲིད་པ་བར་དོའི་སྣང་ཚུལ་ལ། བག་ཆགས་ཀྱི་སྣང་ཚུལ། ལས་ཀྱི་སྣང་ཚུལ། རྟགས་ཀྱི་སྣང་ཚུལ་དང་གསུམ་ལས། དང་པོ་བག་ཆགས་ཀྱི་སྣང་ཚུལ་ནི། ཀྱེ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག །ཁྱོད་ལ་སྔར་ཆོས་ཉིད་ཀྱི་བར་དོ་ཤར་ན་ཡང་ངོ་མ་ཤེས་ནས། ཞག་ཕྱེད་དང་རྩ་ལྔ་སོང་བ་དང་སྐྲག་པས་བརྒྱལ་ནས་འགྲོ་སྟེ། བརྒྱལ་སང་ཙ་ན་ཤེས་པ་ཇེ་གསལ་དུ་སོང་སྟེ། ལུས་སྔ་མ་ལྟ་བུ་ཞིག་ཀྲོང་ངེ་སྐྱེའོ། །དེ་ཡང་རྒྱུད་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོག་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་གསུངས་པས། ཁྱོད་ཀྱི་སྣང་བ་ལ་ཞག་ཕྱེད་དང་བཞི་ཚུན་ཆད་སྔ་མའི་བག་ཆགས་སྲིད་པའི་ཤ་གཟུགས་ཡོད་སྙམས་བྱེད་ལ། དེའང་བསྐལ་བ་བཟང་པོའི་ལུས་བཞིན་མཚན་དཔེ་ཅུང་ཟད་དང་འོད་ཡོད་པའི་ཡིད་ལུས་སུ་སྣང་བ་ནི་བར་དོའི་ཡིད་ལུས་ཡིན་ནོ། །དེ་ཕྱིན་ཆད་ཕྱི་མའི་གནས་རིགས་དྲུག་གང་དུ་སྐྱེ་བའི་ལུས་དེའི་སྣང་བ་འབྱུང་བས་དེ་ཚེ་གང་སྣང་གི་ལུས་དང་གནས་ལ་མ་ཞེན་ཅིག །གལ་ཏེ་ཞེན་ན་ཁྱོད་འཁོར་བའི་གནས་དེར་སྐྱེས་ནས་སྡུག་བསྔལ་མྱོང་བ་དེས་ན་དེར་ཆགས་སེམས་སྤོངས་ཤིག །ཆགས་མཁན་རང་གི་ངོ་བོ་ལ་ལྟོས་ཡང་ན་ཡི་དམ་གྱི་ལྷ་དང་བླ་མར་སྔར་གྱི་སྦྱང་བ་དྲན་པར་གྱིས། འདི་དུས་སྔར་དབང་པོ་མི་ཚང་ཡང་ད་བར་དོར་དབང་པོ་ཐམས་ཅད་ཚང་བ་དང་། རྫུ་འཕྲུལ་སྟོན་ནུས་པ་དང་། རང་ཕྱི་མ་གང་དུ་སྐྱེ་བའི་གནས་དེའི་རིགས་མཐུན་གྱི་འགྲོ་བ་གཅིག་གིས་གཅིག་མཐོང་བ་དང་། མའི་མངལ་དང་རྡོ་རྗེ་གདན་མ་གཏོགས་པའི་དངོས་པོ་ཐོགས་རེག་ཐམས་ཅད་ལ་ཟང་ཐལ་དུ་འགྲོ་ནུས་པ་དང་། ཕར་ཤུལ་མི་གཟའ་ཚོ་སོགས་རང་

གི་མཐོང་ནས་གཏམ་ཇི་ལྟར་སྨྲས་ཀྱང་རང་ཚུར་མི་མཐོང་ཞིང་གཏམ་མི་ཐོས་པ་རྣམས་ནི་རང་ཤི་ནས་སྲིད་པ་བར་དོ་ལ་འཁྱམས་ཀྱང་དེ་ངོ་མ་ཤེས་པའི་དུས་ཡིན། དེ་ཚེ་རང་དབང་མེད་པར་བྱ་སྤུ་རླུང་གིས་ཁྱེར་བ་བཞིན། གར་འགྲོ་དང་འདིར་སྡོད་ཀྱི་ངེས་པ་མེད་པར་འཁྱམས་བཞིན་ཉིན་མཚན་གྱི་དབྱེ་བ་མེད་པར་སྟོན་ནམ་སྐྱ་འོད་ལྟ་བུའི་འོད་ཐོམ་མེ་བ་ཞིག་གི་ངང་ལ་འདའ་བཞིན་སྲིད་པ་བར་དོ་དེར་ཞག་ཉེར་གཅིག་སོགས་ལས་ཀྱི་དབང་གིས་དུས་རིང་ཐུང་གཅིག་ཏུ་མ་ངེས། གཉིས་པ་ལས་ཀྱི་སྣང་ཚུལ་ནི། འདི་དུས་སྡིག་ཅན་རྣམས་དང་། དགེ་སྦྱོར་ཅན་ཐམས་ཅད་དང་། དགེ་སྡིག་གང་ཡང་ཆེར་མེད་པ་རྣམས་ལ་འཁྲུལ་སྣང་སོ་སོར་ཤར་བས། དང་པོ་སྡིག་ཅན་རྣམས་ཀྱི་སྣང་བ་ལ། ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་དེད། འཇིགས་པའི་མུན་ནག་ཆེན་པོས་སྔོན་ནས་བསུས། རྔམ་པའི་གཅན་གཟན་མང་པོས་ཕྱི་ནས་དེད། ཁྲོས་པའི་དམག་དཔུང་མང་པོས་མཚོན་ཆས་བསྣུན། ཁ་ཆར་མུན་ནག་འཚུབ་མའི་བུ་ཡུག་ཕྱུར། མི་སྙན་སོད་རྒྱོབ་འབྱུང་བཞིའི་ང་རོ་སྒྲོགས་པ་བདུན་བཞི་པའི་ནང་དུ་འཇིགས་པའི་སྒྲ་བརྒྱད་འབྱུང་། མཆན། སོགས་འབྱུང་བས་སྐྲགས་ནས་བྲོས་པས། སྔོན་དུ་ཡ་ང་བའི་གཡང་ས་གསུམ་གྱིས་ཆོད་ནས་བྲོས་པའི་ཡུལ་མི་རྙེད་པར་འཇིགས་སྐྲགས་ཀྱི་གདུང་བས་ཡ་ང་ཡི་མུག་སྡུག་བསྔལ་འབྱུང་ངོ་། །དགེ་སྦྱོར་ཅན་རྣམས་ལ་ནི། ལོངས་སྤྱོད་མང་པོས་མདུན་བསུས་ཤིང་བརྩེ་གྲོགས་མང་པོས་བཀུར་སྟི་བྱས་ནས་བདེ་སྐྱིད་ཉམས་སུ་མྱོང་བའི་སྣང་བ་ཤར། དགེ་སྡིག་གང་ཡང་ཆེར་མ་བྱས་པ་རྣམས་ལ་བདེ་སྡུག་བཏང་སྙོམས་ཀྱི་སྣང་བ་འཆར། དེ་དག་གི་ཚེ་སྡུག་བསྔལ་བདེ་བ་བཏང་སྙོམ་གང་ཤར་ཡང་དེར་འཁྲུལ་སྣང་ཙམ་མ་གཏོགས་དོན་ལ་ཅིར་ཡང་གྲུབ་པ་མེད་པའི་སྡུག་བསྔལ་ལ་མ་སྡང་

བདེ་བ་ལ་མ་ཞེན། བཏང་སྙོམ་ལ་མ་ལུས་པར་ཤི་ནས་སྲིད་པ་བར་དོ་ཤར་བ་ཡིན་པས་ངོ་ཤེས་པར་གྱིས་ཤིག །སྔར་གྱི་སྦྱང་བ་དང་བླ་མ་ཡི་དམ་དང་ཁྱད་པར་དུ་སངས་རྒྱས་འོད་དཔག་མེད་དྲན་པར་མཛོད་ལ། ནུབ་བདེ་བ་ཅན་དུ་འགྲོ་བའི་འདུན་པ་དྲག་པོ་ཞོག་དང་ཕྱེད་སྤྲུལ་གྱི་ཞིང་དུ་སྐྱེ་ངེས་སོ། །གསུམ་པ་རྟགས་ཀྱི་སྣང་ཚུལ་ནི། སྲིད་པ་བར་དོར་འཁྱམས་པའི་དུས་འདི་སྐབས་སུ། ཟམ་མདུར། ལྷ་ཁང་། མཆོད་རྟེན། གཙུག་ལག་ཁང་། རྩ་སྐྱིལ་སོགས་སུ་ཡུད་ཙམ་རེ་བསྟེན་ཀྱང་། ཡིད་ལུས་ཡིན་པས་དལ་ཙམ་ལས་སྡོད་མི་ཚུག །བག་གྲང་ཤེས་པ་ཟང་ཚིག་པ་ཟ། སྐྱི་ཟིང་བྱེད་པའི་ཤེས་པ་བན་བུན་ཡད་ཡུད་བྱེད་དུ་འོང་། ཟས་སྐོམ་ཀྱང་བསྔོས་ན་ཐོབ། མ་བསྔོས་ན་མི་ཐོབ། གྲོགས་ཤི་གསོན་ངེས་མེད་ཀུན་ལ་འགྲོགས། དེ་དུས་ཞག་ཉེར་གཅིག་ཤི་བར་ཤེས་ནས་སྡུག་བསྔལ་བཞིན། རང་ངོ་རང་གིས་མཐོང་ནས་ད་ནི་ང་ཤི་བར་འདུག་པས་ཅི་དྲག་སྙམ། དེ་ནས་ལུས་ཚོལ་དུ་འགྲོ་བའི་དུས་དང་པོ་རང་གི་རོ་ལ་སྔར་གྱི་གཅེས་འཛིན་མ་ཐོང་བས་ལན་དགུའི་བར་དུ་འཇུག་ཀྱང་རོ་མེད་པ་བྱས་སམ་རུལ་བ་སོགས་ཀྱིས་འཇུག་ཏུ་མི་རྙེད་ཅིང་ཡོད་ཀྱང་འཇུག་མི་ནུས། དེ་ནས་བྲག་དང་ས་རྡོའི་བར་དུ་བརྫང་བའི་སྣང་བའང་ཡོད། གཞན་ཡང་སྡུག་བསྔལ་སྣ་ཚོགས་མྱོང་ཡང་སྡུག་བསྔལ་དེ་རྣམས་གཞན་སུས་ཀྱང་ལན་པ་མིན། རང་གི་རང་སྣང་ངོ་མ་ཤེས་པས་ལན་ཡིན་པས། ད་ནི་སྲིད་པ་བར་དོ་རང་སྣང་ཡིན་པར་ཤེས་པར་གྱིས། དེའི་ངང་ནས་ཅི་ལྟར་འཆར་ཡང་ཕན་གནོད་མེད་པ་བདེན་མེད་སྒྱུ་མ་ལྟ་བུ་ཡིན་པས་གང་ཤར་ལ་ཆགས་སྡང་མི་བྱེད་ཅིང་མི་འཁྲུལ་བ་རང་རིག་གི་ངང་ཟིན་པར་བྱ། དེའི་ངང་ལ་བཞག །དེ་ལྟར་མ་ནུས་ན་བླ་མ་ཡི་དམ་གདམས་ངག་དྲན་པར་བྱས་པའི་ངང་ནས་

བདེ་བ་ཅན་ལ་འདུན་པ་གཏད། དཀོན་མཆོག་ཡོངས་འདུས་ཀྱི་ངོ་བོ་སངས་རྒྱས་འོད་དཔག་མེད་ལ་གསོལ་བ་བཏབ། ནུབ་བདེ་བ་ཅན་ལ་འགྲོ་བའི་འདུན་པ་རྩེ་གཅིག་ཏུ་བྱས་པས་དེ་མ་ཐག་གང་དྲན་པའི་ཞིང་དེར་བརྫུས་སུ་སྐྱེའོ། །གཉིས་པ་ངོ་སྤྲད་པ་ལ། གཤིན་རྗེའི་འཇིགས་སྐྲགས་ལ་བརྟེན་ནས་ངོ་སྤྲད་པ། གཞན་གྱི་བསམ་སྤྱོད་ལ་བརྟེན་ནས་ངོ་སྤྲད་པ་གཉིས་ལས། དང་པོ་གཤིན་རྗེ་འཇིགས་སྐྲག་ལ་བརྟེན་ནས་ངོ་སྤྲད་པ་ནི། དེ་ལྟར་མ་དྲན་ན་ད་ནི་ལྷན་ཅིག་སྐྱེས་པའི་ལྷས་དགེ་བ་ཐམས་ཅད་རྡེའུ་དཀར་པོའི་རྩིས་གྲངས་སུ་བསྒྲངས། མཉམ་པོར་འོང་བའི་འདྲེས་སྡིག་པ་ཐམས་ཅད་རྡེའུ་ནག་པོའི་རྩིས་གྲངས་སུ་བགྲངས། དེ་ཚེ་བྲེད་ཅིང་བསྔངས་བཞིན་ངས་སྡིག་པ་དེ་ཙམ་མ་བྱས་ཞེས་རྫུན་སྨྲས་ཀྱང་མི་ཕན། གཤིན་རྗེ་ན་རེ་ངས་མེ་ལོང་ལ་བལྟའོ་གསུང་ནས་བལྟས་པས་མེ་ལོང་ནང་དུ་དགེ་སྡིག་སྔར་བྱས་ཐམས་ཅད་བཀྲ་ལམ་མེར་ཤར་བས་ཁོས་རྫུན་རྐུབ་དེར་བུད་ནས། སྡིག་ཅན་རྣམས་ཀྱི་རྐེ་ལ་གཤིན་རྗེས་ཐག་པ་བཏག་ནས་ཁྱོད་ངན་སོང་འདི་དང་འདིའི་ནང་དུ་འགྲོ་ཟེར་ནས་ཁྲིད་དམ་དེར་རྐེ་འབྲེག་པ་དང་དོན་སྙིང་འབྱིན་པ་སོགས་ལུས་དུམ་བུར་གཏུབ་ཀྱང་ཡང་སོས་ནས་འོང་དེ་ལྟ་བུའི་སྡུག་བསྔལ་ཡང་ཡང་མྱོང་འཆི་རྒྱུ་ནི་མེད། འཇིགས་སྐྲགས་དང་སྡུག་བསྔལ་ནི་ཟད་རྒྱུ་མེད་པས་ཞེ་འཇིགས་ཡིད་སྐྱོའོ། །དེ་རྣམས་ནི་ཁྱོད་ཤི་ནས་སྲིད་པ་བར་དོར་འཁྲུལ་སྣང་ཡིན། ཁྱོད་བར་དོའི་ཡིད་ལུས་ཡིན་པས་འཆི་རྒྱུ་མེད། གཤིན་རྗེ་དེ་རྣམས་རང་སྣང་ཡིན་པས་ལུས་དང་གྲིབ་མ་ལྟར་རང་གར་སོང་དེར་འོང་ཡང་དོན་ལ་སྟོང་པའི་རང་གཟུགས་ཡིན། བར་དོའི་རང་སྣང་ཡིན་པས་ངོ་ཤེས་པར་གྱིས་ཤིག །སྔར་གྱི་ཉམས་ལེན་ཡོད་ན་དེ་དྲན་པར་གྱིས་ཤིག །བསྒོམ་མ་ཤེས་ན་ད་ལྟ་འཇིགས་སྐྲགས་སྐྱེ་མཁན་གྱི་ངོ་བོ་ལ་

ལྟོས་དང་། མཐོང་རྒྱུ་མེད་པ་སྟོང་སེང་བ་དེ་ཆོས་ཀྱི་སྐུ་ཡིན་ནོ། །སྟོང་ཡང་འཇིགས་སོ་སྐྲག་གོ་སྙམ་པའི་རིག་པ་ཧྲིག་གེ་ས་ལེ་བ་དེ་ལོངས་སྤྱོད་རྫོགས་སྐུའི་དགོངས་པ་ཡིན་ནོ། །གསལ་སྟོང་སོ་སོར་མེད་པའི་རིག་པ་རྗེན་ནེ་བ་དེ་ངོ་བོ་ཉིད་སྐུ་ཡིན་ནོ། །དེ་དུས་རང་རྩལ་གྱི་ཤར་ཆ་མ་འགགས་པ་དེ་སྤྲུལ་པའི་སྐུ་ཡིན་ནོ། །སྐུ་དེ་རྣམས་རང་སེམས་ལས་གཞན་ན་མེད་པས་དེའི་ངང་དུ་མ་ཡེངས་ཤིག་དེ་ལྟར་མ་ཤེས་ན་འཇིགས་སྐྲགས་གི་སྣང་བ་ཐམས་ཅད་སངས་རྒྱས་འོད་དཔག་མེད་དང་ཐུགས་རྗེ་ཆེན་པོ་ཕྱག་ན་རྡོ་རྗེ་གསུམ་གྱི་རང་བཞིན་ཡིན་སྙམ་པར་གྱིས་ཤིག །བླ་མ་ཡི་དམ་སྔར་སྦྱང་དྲན་པར་མཛོད་ལ་རང་གི་དབང་དུས་ཀྱི་མིང་དང་བཅས་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་ཤོད། དག་པའི་ཞིང་ཡིད་ལ་དྲན་པར་གྱིས་ལ་འདུན་པ་སངས་རྒྱས་འོད་དཔག་མེད་ལ་གཏོད་དང་། ཡང་ན་དེར་གྲོལ་ལམ་ཕྱེད་སྤྲུལ་གྱི་ཞིང་དུ་སྐྱེ་འམ་མངལ་སྒོ་ཁེགས་སོ། །འདི་ལྟར་ངོ་སྤྲད་ན་དགེ་གོམས་ཡོད་པ་རྣམས་འདི་ནས་གྲོལ་ལོ། །གཉིས་པ་གཞན་གྱི་བསམ་སྤྱོད་ལ་བརྟེན་ནས་ངོ་སྤྲད་པ་ལ། ཞེ་སྡང་སྤངས་ལ་བྱང་སེམས་བསྒོམ་པ། སེར་སྣ་སྤངས་ལ་གཏོང་སེམས་བསྒོམ་པ། ལོག་ལྟ་སྤངས་ལ་དད་པ་བསྒོམ་པ། ཡི་རང་བསྐྱེད་ཅིང་བདེ་བ་ཅན་ལ་འདུན་པ་གཏད་པ་དང་བཞི་ལས། དང་པོ་ཞེ་སྡང་སྤང་ལ་བྱང་སེམས་བསྒོམ་པ་ནི། དེས་ཀྱང་མ་གྲོལ་ན་ཁྱོད་མཐོ་རིས་སུ་སྐྱེ་རྒྱུ་ཡིན་ཀྱང་། ཤུལ་མི་ཉེ་འབྲེལ་ལ་སོགས་པས་ཁྱོད་ཀྱི་དོན་དུ་བསྔོས་ནས་སྲོག་གཅོད་ལ་སོགས་པའི་སྡིག་པ་བྱས་ན། སྡིག་པ་དེའི་མཐུས་ཁྱོད་ཀྱི་རྒྱུད་འཁྲུགས་ཞེ་སྡང་དྲག་པོ་སྐྱེས་པས་མཚམས་སྦྱར་ནས་དེ་མ་ཐག་དམྱལ་བ་ལ་རྫུས་སུ་སྐྱེ་བས། ཤུལ་མི་རྣམས་ཀྱིས་ཇི་ལྟར་བྱས་ཀྱང་ཞེ་སྡང་མ་སྐྱེད་བྱམས་པ་

བསྒོམ། གཉིས་པ་སེར་སྣ་སྤང་ལ་གཏོང་སེམས་སྒོམ་པ་ནི། ཁྱོད་རང་གི་ཤུལ་གྱི་མི་ནོར་རྫས་གསུམ་གང་རུང་ལ་ཆགས་སམ་བླ་མའམ་བཙུན་པ་སོགས་གཞན་གྱི་རྒྱུ་རྫས་ཁྱེར་བ་ལ་མི་མོས་བཞིན་སེར་སྣ་དྲག་པོ་སྐྱེས་ནས་དེས་མཚམས་སྦྱར་ནས་ཡི་དྭགས་སུ་སྐྱེ་བས། ཤུལ་ནས་རྒྱུ་རྫས་ཅི་ལྟར་བྱས་ཀྱང་སེར་སྣ་མི་བྱེད་པར་དཀོན་མཆོག་གསུམ་ལ་མཆོད་སྙམས་པའི་འདུ་ཤེས་ཞོག །གསུམ་པ་ལོག་ལྟ་སྤང་ལ་དད་པ་བསྒོམ་པ་ནི། དེ་དུས་བླ་མཆོད་རྣམས་ཀྱིས་ཆོ་ག་དང་གཟུངས་སྔགས་མི་དག་པ་དང་རྒྱུད་ལ་རློམ་སེམས་ཆེ་བ་ཕན་སེམས་མེད་པ། དམ་སྡོམ་མི་གཙང་བ་སོགས་ཁྱོད་ཀྱི་མངོན་ཤེས་ཕྲ་མོས་མཐོང་བས་ཀྱེ་མ་འདི་རྣམས་ཀྱིས་བདག་བསླུས་སོ། །ངེས་པར་བསླུས་སོ་སྙམ་པའི་ལོག་ལྟ་ངན་པ་སྐྱེས་ནས་དེས་མཚམས་སྦྱར་ནས་ཁྱོད་མཐོ་རིས་སུ་སྐྱེ་རྒྱུ་ཞིག་ཡིན་ཀྱང་ངེས་པར་ངན་སོང་དུ་འགྲོ་བས། དེས་ན་མཆོད་གནས་སོགས་ཀྱི་སྐྱོན་ཅི་མཐོང་ཐམས་ཅད་རང་གི་སྐྱོན་ཡིན་པར་ངོས་ཟུང་ལ་དེ་རྣམས་ལ་ལོག་ལྟ་སྤོངས། དད་པ་ཞོག །འདི་རྣམས་སངས་རྒྱས་ཀྱི་བསྟན་སྒོར་ཞུགས་པའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཡིན་པས་བདག་དཀོན་མཆོག་གསུམ་གྱིས་བར་དོའི་སྡུག་བསྔལ་ལས་སྐྱོབས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། དཀོན་མཆོག་གསུམ་གྱིས་སུ་ཡང་མི་བསླུ་སྙམ་པའི་དག་སྣང་གྱིས་ཤིག །བཞི་པ་ཡི་རང་བསྐྱེད་ཅིང་བདེ་བ་ཅན་ལ་འདུན་པ་གཏད་པ་ནི། ལར་ཁྱོད་ངན་སོང་གསུམ་དུ་སྐྱེ་རྒྱུ་ཞིག་ཡིན་ཀྱང་། ཤུལ་མི་ཉེ་འབྲེལ་མཐུན་གྲོགས་རྣམས་ཀྱིས་སྡིག་པ་དང་མ་འདྲེས་པའི་ཆོས་བྱེད་པ་དང་། མཆོད་གནས་རྣམས་ཀྱིས་སྒོ་གསུམ་གྱི་ཆོ་ག་རྣམ་དག་བྱེད་པ་མཐོང་ནས། ཁྱོད་དེ་ལ་དད་ཅིང་དགའ་སྤྲོ་སྐྱེས་པའི་དགེ་

བ་རྗེས་སུ་ཡི་རང་གིས་མཚམས་སྦྱར་ནས་སྐྱེ་བ་གཅིག་དེར་ངན་སོང་དུ་མི་སྐྱེ་བར་མཐོ་རིས་སུ་སྐྱེ་བས། དགེ་བའི་ལས་གང་མཐོང་ཐམས་ཅད་ལ་རྗེས་སུ་ཡི་རང་དང་དགའ་སྤྲོ་མཛོད། སྔར་གྱི་བླ་མ་ཡི་དམ་དགེ་ཚོགས་གང་རུང་རྣམས་དྲན་པར་གྱིས་ལ་ནུབ་བདེ་བ་ཅན་ལ་འདུན་པ་དྲག་ཏུ་གཏོད། འོད་དཔག་མེད་ལ་གསོལ་བ་ཕུར་ཚུགས་སུ་ཐོབ་དང་། ཁྱོད་ཕྱེད་སྤྲུལ་ཀྱི་ཞིང་ངམ། ལྷའི་ལུས་རྟེན་རྙེད་དོ། །གསུམ་པ་སྐྱེ་གནས་བསྡམ་པ་ལ། རང་གི་ལུས་ལ་བརྟགས་པ། འོད་ལམ་ལ་བརྟགས་པ། གནས་ལ་བརྟགས་པ་དང་གསུམ་ལས། དང་པོ་མགོ་བོའི་བསྟན་ཕྱོགས་ལ་བརྟགས་པ་ནི། དུས་འདི་ནས་སྔར་ལུས་དེ་ཇེ་བརྗེད། ཕྱི་མའི་ལུས་དེ་ཇེ་གསལ་དུ་འོང་བས། ད་གནས་གང་དུ་སྐྱེས། ལུས་ཅི་འདྲ་ཞིག་ཐོབ། སྙམ་ནས་ཕྱོགས་ངེས་མེད་དུ་སྡུག་བསྔལ་བཞིན་འཁྱམ་དུས། མགོ་གྱེན་དུ་བསྟན་ནས་འགྲོ་སྙམ་ཤར་ན་ལྷ་མི་གང་རུང་དུ་སྐྱེ། མགོ་འཕྲེད་ལ་བསྟན་ནས་འགྲོ་སྙམ་ཤར་ན་ལྷ་མིན་དང་བྱོལ་སོང་གང་རུང་དུ་སྐྱེ། མགོ་ཐུར་ལ་བསྟན་ནས་འགྲོ་སྙམ་ཤར་ན་ཡི་དྭགས་སམ་དམྱལ་བའི་གནས་སུ་སྐྱེ། གཉིས་པ་འོད་ལམ་ལ་བརྟགས་པ་ནི། དེ་དུས་རང་གར་འགྲོ་བ་དེར་རིགས་དྲུག་གི་འོད་གང་དུ་སྐྱེ་བ་དེ་གཙོ་ཆེར་བྱས་ནས་འཆར་དུ་འོང་བས། འོད་དཀར་པོ་ཤར་ན་ལྷར་སྐྱེ། དམར་པོ་ཤར་ན་ལྷ་མིན་དུ་སྐྱེ། སྔོན་པོ་ཤར་ན་མིར་སྐྱེ། ལྗང་གི་ཤར་ན་དུད་འགྲོར་སྐྱེ། དུད་ཁ་ཤར་ན་དམྱལ་བར་སྐྱེ། འོད་བདུན་ལྔ་བའམ་དྲུག་པའི་ནང་དུ་གང་ཤར་ཡང་བཀྲགས་མདངས་མེད་པར་སྣང་རང་གི་ལུས་ཀྱང་འོད་གང་ཤར་དེའི་ཁ་དོག་ཏུ་སྣང་། དེའི་ཚེ་འོད་གང་ཤར་ཡང་དེ་ཐུགས་རྗེ་ཆེན་པོར་བསྒོམ། གསུམ་པ་གནས་ལ་བརྟགས་པ་ནི། དེ་ཚེ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གནས་ཁང་བརྩེགས་མ་མཐོང་ན་ལྷ་ཡུལ་

དུ་སྐྱེ་བའི་གནས་ཡིན་པས་དེར་ཞུགས་ཀྱང་རུང་ངོ་། །ནགས་ཚལ་ཉམས་དགའ་བ་དང་། མགལ་མེའི་འཁོར་ལོ་བསྐོར་བ་ལྟ་བུ་མཐོང་ན་ལྷ་མ་ཡིན་གྱི་གནས་ཡིན། དེར་ཞུགས་མི་རུང་ངོ་། །ངང་བ་ཕོ་མོས་བརྒྱན་པའི་མཚོ་མཐོང་ན་ཤར་ལུས་འཕགས་སུ་སྐྱེ། དེར་བདེ་སྐྱིད་འཛོམ་ཡང་ཆོས་མི་དར་བས་མི་འཇུག །ཁང་བཟང་ཉམས་དགའ་བ་མཐོང་ན་ལྷོ་འཛམ་བུའི་གླིང་ཡིན། དེར་ཆོས་དར་བས་འཇུག་གོ །རྟ་ཕོ་མོས་བརྒྱན་པའི་མཚོ་འདུག་པ་མཐོང་ན་ནུབ་བ་ལང་སྤྱོད་ཡིན། དེར་ལོངས་སྤྱོད་ཆེ་ཡང་ཆོས་མི་དར་བས་མི་འཇུག །བ་གླང་གིས་བརྒྱན་པའི་མཚོའམ། ལྗོན་ཤིང་གིས་བརྒྱན་པའི་མཚོ་མཐོང་ན་བྱང་སྒྲ་མི་སྙན་ཡིན། དེར་ཚེ་ཚད་དང་བསོད་ནམས་ཡོད་ཀྱང་ཆོས་མི་དར་བས་མི་འཇུག །བྲག་ཕུག །གྲོག་ཕུག །སྤྱིལ་བོ། ན་བུན་གྱི་ཚུལ་དུ་མཐོང་ན་དུད་འགྲོའི་གནས་ཡིན་པས་དེར་མི་འཇུག །དེའང་བོད་སྔ་རབས་པས། ལམ་དཀར་པོ་ཤར་ན་ལྷར་སྐྱེ། ལྗང་གུ་ལྷ་མིན། སེར་པོ་མི། ནག་པོ་དུད་འགྲོ། ཐལ་སྐྱ་ཡི་དྭགས། དམར་ནག་དམྱལ་བ། མཆན། སྡོང་དུམ་དང་ནག་བྲེང་ངེ་བའམ། གྲོག་པོ་ཕུག་སྡུག་རྣམས། ནག་ལོང་ངེ་བ་མཐོང་ན་ཡི་དྭགས་ཀྱི་གནས་ཡིན་པས་དེར་མི་འཇུག །ལས་ངན་པའི་གླུ་དབྱངས་ཐོས་པའམ། མུན་ནག་གི་གླིང་དང་ཁང་བ་ནག་པོ་དང་དམར་པོ་དང་ནག་པོ་གཏིང་རིང་དང་། ལམ་ནག་པོ་དང་། དབང་མེད་དུ་འཇུག་དགོས་པ་མཐོང་ན་དེ་རྣམས་གང་རུང་ནི་དམྱལ་བའི་གནས་ཡིན་པས་དེར་མི་འགྲོ། ཅི་ལྟར་འགྲོ་ན་སངས་རྒྱས་འོད་དཔག་མེད་ཡིད་ལ་དྲན་བཞིན་རང་གི་མགོ་གྱེན་དུ་བསྟན་ལ་ལམ་དཀར་པོ་དེ་ལ་ཞུགས་རིན་པོ་ཆེའི་ཁང་བཟང་དེ་བདེ་བ་ཅན་ཡིན་པར་བསྒོམ་ལ་ངག་ནས་སྐྱབས་འགྲོ་བྱེད་བཞིན་སོངས་ཤིག །བཞི་པ་གཤེད་དང་ཕྲལ་བ་ལ། ཕྱི་སྲོག་གཅོད་ཀྱི་གཤེད་དང་ཕྲལ་ཚུལ། ནང་བསམ་ངན་གྱི་གཤེད་དང་ཕྲལ་ཚུལ་

གཉིས་ལས། དང་པོ་ཕྱི་སྲོག་གཅོད་ཀྱི་གཤེད་དང་ཕྲལ་ཚུལ་ནི། འོན་ཀྱང་ཁྱོད་མངལ་ངན་པ་ལ་མི་འཇུག་བཟང་པོ་ལ་འཇུག་འདོད་ཀྱང་། སྲོག་གཅོད་ཀྱི་གཤེད་མ་དང་བྲལ་མ་ཐུབ་ན་ཁྱོད་ཀྱི་ཐར་བའི་ལམ་གེགས་སུ་གྱུར་ནས། རང་དབང་མེད་པར་རྒྱབ་ནས་ལས་ཀྱི་གཤེད་མས་དེད། མདུན་ནས་སྲོག་གཅོད་ཀྱི་ཤན་པས་ཁྲིད། ཁ་ཆར་རླུང་དང་མུན་པས་དེད་སྒྲ་སྐད་སྣ་ཚོགས་སོགས་ལ་འཇིགས་ནས་བྲོས་པའི་སྣང་བ་ཤར། དེ་ལ་སྐྲགས་ནས་སྐྱབས་ངེས་མེད་དུ་ཚོལ་བའི་ཚེ་ཁང་བཟང་ལ་སོགས་གོང་གི་རིགས་དྲུག་གི་གནས་རྟགས་སོ་སོ་དང་། ཁྱད་པར་བྲག་སྐྱིབ། ནགས་ཚལ། ས་ཕུག །མེ་ཏོག་པདྨའི་ནང་ལ་སོགས་པར་གབ་སྣང་ཤར། གནས་འདི་ནས་ཕྱིར་འདོན་མི་རུང་སྙམ་ནས་དེར་ཞེན་པ་དང་། ཕྱི་རོལ་གྱི་འཇིགས་སྐྲགས་ལ་བསྔངས་ཞིང་སྡང་བས་སྔར་མེད་པའི་ལུས་ངན་ཅིག་བླང་ནས་སྡུག་བསྔལ་མྱོང་བ་དེ་ནི་ཁྱོད་ལ་གཤེད་མ་འདྲེ་སྲིན་གྱིས་བར་དུ་གཅོད་པའི་རྟགས་ཡིན། གདོན་གཤེད་དེ་འདུལ་བའི་མན་ངག་ནི། ཁྱོད་རང་ཡི་དམ་གང་ཡིན་ནམ། ཁྱད་པར་རྟ་མགྲིན་འཇིགས་སུ་རུང་བ་ཀྲོང་ངེར་བསྒོམས་ཤིག །དེའི་བྱིན་རླབས་ཀྱིས་གཤེད་དང་བྲལ་ནས་མངལ་སྒོ་འགགས་བསྡམ་གྱི་རང་དབང་ཡོད། གཉིས་པ་ནང་བསམ་ངན་གྱི་གཤེད་དང་བྲལ་ཚུལ་ནི། ལར་སྐབས་འདི་ཙམ་ན་རྫུ་འཕྲུལ་དང་མངོན་ཤེས་ཕྲན་བུ་ལ་བརྟེན་ནས་དགྲ་སོགས་ལ་གནོད་ནུས་སྣང་ཤར་ནས་བསམ་པ་གང་ངན་བྱས་པ་རྣམས་བར་དོའི་ཡིད་ལུས་དེ་ཀ་འདྲེ་སྲིན་ལ་སོགས་པའི་ལུས་ངན་པར་གྲུབ་པར་འགྱུར་བས། དེའི་གཉེན་པོ་རབ་ན་སྟོང་ཉིད། འབྲིང་ན་བདེན་མེད། ཐ་ན་ཆགས་སྡང་སྤོངས་ལ་བྱམས་སེམས་སྒོམས། སྤྱིར་ཐུགས་རྗེ་ཆེན་པོ་བསྒོམ་པས་ལོངས་སྤྱོད་རྫོགས་སྐུར་གྲོལ་གསུངས། ལྔ་པ་དག་པའི་ཞིང་ཁམས་སུ་

འགྲོ་ཚུལ་ནི། བར་དོར་འཁྱམས་དུས་མངོན་ཤེས་ཕྲ་མོ་ཡོད་པས་རང་སྐྱེ་བ་ལེན་པའི་གནས་ཐམས་ཅད་ཀྱི་བཟང་ངན་ཤེས་པས། དེ་ཚེ་དག་པའི་ཞིང་དུ་འགྲོ་བ་དང་། མ་དག་པའི་མངལ་སྒོ་བཀག་ཐབས་གཉིས་ཡོད་པས། དང་པོ་དག་པའི་ཞིང་དུ་འགྲོ་བའི་ཚེ། བདག་སྲིད་པ་བར་དོ་འདི་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མྱུར་དུ་ཐར་བའི་ཕྱིར། འཁོར་བ་ལ་ཕྱི་ལྟས་མེད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པའི་ཞབས་དྲུང་དུ་འདུན་པ་དྲག་པོ་གཏོད། དེ་དུས་གང་འདོད་ཀྱི་ཞིང་དེར་འདུན་པ་དྲག་པོ་གཏད་མ་ཐག་ཏུ་བརྫུས་སྐྱེས་སུ་སྐྱེ་བར་ངེས་སོ། །དྲུག་པ་མ་དག་པའི་མངལ་སྒོ་བཀགས་ཚུལ་ལ། མངལ་སྒོ་བཟང་ངན་གཉིས་མི་ནོར་བའི་མན་ངག་དང་། མངལ་སྒོ་ངན་པ་བཀག་ཚུལ་དང་གཉིས་ལས། དང་པོ་མངལ་སྒོ་བཟང་ངན་གཉིས་མི་ནོར་བའི་མན་ངག་ལ་བཞི་ལས། དང་པོ་མངལ་དུ་འཇུག་དགོས་བྱུང་ན་ཡུལ་དེ་ལ་ཞིང་ཁམས་ཀྱི་འདུ་ཤེས་ནི། གོང་ལྟར་མངོན་ཤེས་ཀྱིས་གླིང་འདམ་ཏེ་ཆོས་དར་སར་འཇུག །མངལ་སྒོ་བདམ་པ་འདི་ཡང་ནོར་བའི་ཉེན་ཡོད་དོ། །དཔེར་ན་མི་གཙང་བའི་ཁྲོད་དུ་སྐྱེ་དོགས་ན། མི་གཙང་བ་དེ་ལ་དྲི་ཞིམ་པའི་འདུ་ཤེས་སྐྱེས་ནས། དེར་ཆགས་པས་དེར་སྐྱེ་བ་ལྟ་བུ་ཡོད་པས། གནས་བཟང་ངན་གང་མཐོང་ཐམས་ཅད་བདེ་བ་ཅན་ཡིན་པའི་འདུ་ཤེས་བཞག་པས་དྲང་པོར་མཐོང་ཚེ། མངལ་སྒོ་བཟང་པོ་འདམ་པར་བྱ་བའམ་དག་པའི་ཞིང་གང་རུང་དུ་འགྲོའོ། །གཉིས་པ་ཕ་མ་ལ་ལྷའི་འདུ་ཤེས་ནི། དེ་ཚེ་འདུན་པ་གལ་ཆེ་བས། བདག་གིས་མ་གྱུར་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཆེད་དུ་སེམས་བསྐྱེད་ནས་མངལ་དུ་ཞུགས་པའི་འདུན་པ་བཞག་ལ་ཕོ་མོ་གང་མཐོང་ཐུགས་རྗེ་ཆེན་པོ་

ཡབ་ཡུམ་དུ་གསལ་བཏབ་ལ་མངལ་དུ་ཞུགས་པས་མངལ་སྒོ་ངན་པ་ཁེགས་ལ་བཟང་པོ་རྙེད་དོ། །གསུམ་པ་གདམས་ངག་ལ་ལམ་སྟོན་གྱི་འདུ་ཤེས་ནི། ལར་ལས་དབང་གིས་མངལ་བཟང་པོ་ལ་ངན་པ། ངན་པ་ལ་བཟང་པོ་མཐོང་སྲིད་པས་མངལ་གང་ལའང་ཆགས་སྡང་དང་བྲལ་བཞིན་བཏང་སྙོམས་ཀྱི་ངང་ནས་འཇུག །དེའང་རབ་སྟོང་ཉིད། འབྲིང་བདེན་མེད། ཐ་མ་ལྷ་སྣང་ལ་སྐྱབས་འགྲོ་དང་བཅས་པས་མངལ་དུ་ཞུགས་པ་གནད་དོ། །བཞི་པ་བར་དོའི་རྟགས་དང་། དགེ་སེམས་ཀྱི་འདུ་ཤེས་ནི། འདིར་བར་དོར་འཁྱམས་པའི་གོང་གི་རྟགས་དང་ཁྱད་པར་དུ་ཆུ་ནང་དུ་གཟུགས་བརྙན་མི་སྣང་། ལུས་ཀྱི་གྲིབ་མ་མེད། ས་ལ་རྐང་རྗེས་མེད་པ་སོགས་ནི་ཁྱོད་བར་དོར་འཁྱམས་རྟགས་ཡིན་པས། དེ་ཚེ་འདུན་པ་གང་ལ་གཏད་ཀྱང་འགྲུབ་འོང་བས་མི་དགེ་བའི་འདུ་ཤེས་སྤངས་ལ། དགེ་བའི་འདུ་ཤེས་བརྟེན་དགོས། གཉིས་པ་མངལ་སྒོ་ངན་པ་བཀག་ཚུལ་ལ་འཇུག་བྱེད་ཀྱི་གང་ཟག་བཀག་པ་དང་། འཇུག་བྱའི་མངལ་སྒོ་བཀག་པ་དང་གཉིས་ལས། དང་པོ་འཇུག་བྱེད་ཀྱི་གང་ཟག་བཀག་པ་ནི། དེ་ལའང་མངལ་སྒོ་འགོག་པའི་དུས་སུ་རང་ཉིད་སྐད་ཅིག་གིས་ཡི་དམ་གྱི་ལྷ་ཀྲོང་ངེར་གསལ། གཉིས་པ་འཇུག་བྱའི་ཡུལ་བཀག་པ་ནི། ཕོ་མོ་གཞན་གཉིས་སྦྱོར་བ་མཐོང་ན་དེ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་བསྒོམ་ལ་ཡིད་ཀྱིས་མཆོད་ལ་དངོས་གྲུབ་ཞུ། གསུམ་པ་དེས་ཀྱང་མ་ཁོག་ན་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པས་ཆགས་སྡང་བཟློག་པའི་གདམས་ངག་ཤེས་དགོས། དེ་མ་ཤེས་ན་བར་དོར་ལུས་ཚོལ་དུ་འགྲོ་བའི་ཚེ་ཕོ་མོས་ཆགས་པ་སྤྱོད་པ་མཐོང་ན། རང་ཕོར་སྐྱེས་ན་ཕ་ལ་

མིག་སེར་དང་། མ་ལ་ཆགས་པ་སྐྱེ། མོ་རུ་སྐྱེས་ན་ཕ་ལ་ཆགས་པ་དང་། མ་ལ་མིག་སེར་སྐྱེ། དེ་ལྟ་བུའི་ཆགས་སྡང་དང་བཅས་པས་མངལ་དུ་ཞུགས་ན། དང་པོ་ལྷའམ་མིའི་ལུས་རྟེན་འདྲའང་ཕྱིས་མའི་མངལ་ནས་ཐོན་དུས་ཁྱིའི་ལུས་ཞིག་ཐོབ་ནས་ཁྱིའི་ཚང་དུ་སྡུག་བསྔལ་བ་ལྟ་བུའི་ལུས་ངན་པ་རྙེད་ནས་ཕྱིར་ལྡོག་ཏུ་མེད་པའི་སྡུག་བསྔལ་མྱོང་བ་དང་། གཞན་ཡང་དམྱལ་བ་ཡི་དྭགས་འདྲེ་སྲིན་ཕལ་ཆེ་བ་ནི་བར་དོའི་ཡིད་ལུས་དེ་ཀ་གནས་འགྱུར་ཉེན་ཡོད་པས་གདམས་ངག་དྲན་དགོས། དེའང་བདག་ནི་བར་དོར་འཁྱམས་པ་ཡིན་པས་ད་ཆགས་སྡང་གིས་ཅི་བྱེད། སེམས་ཅན་ཐམས་ཅད་ཕ་མའི་རང་བཞིན་ཡིན་པས། འདི་རྣམས་ཉེ་རིང་ཆགས་སྡང་མེད་པར་སངས་རྒྱས་ཀྱི་ས་ལ་དགོད་པར་བྱ། དེའི་ཆེད་དུ་བདག་གི་ལུས་ཤིག་བླང་ནས་སེམས་ཅན་གྱི་དོན་བྱའོ་སྙམ་པས་མངལ་དུ་ཞུགས་ན། བྱང་ཆུབ་སེམས་སྟོབས་ཀྱི་མཐུས་མངལ་སྒོ་ངན་པ་ཁེག་ལ་བཟང་པོ་རྙེད་དོ། །བཞི་པ་དེས་ཀྱང་མ་ཁོགས་ན། སྟོང་ཉིད་ཀྱི་ལྟ་བ་རྗེས་སུ་དྲན་ནས། བར་དོའི་འཇིགས་སྐྲགས་ཀྱི་སྣང་བ་དང་། ཕ་མ་ལ་སོགས་སྣང་སྲིད་ཀྱི་ཆོས་ཐམས་ཅད་བདེན་མེད་སྒྱུ་མའི་དཔེ་བཅུ་དང་མཚུངས་པས་རང་བཞིན་གྱིས་གྲུབ་པ་སྤུའི་རྩེ་ཙམ་ཡང་མེད་དེ། ཐམས་ཅད་བདེན་མེད་སྟོང་པའི་རང་མདངས་ཙམ་དུ་སྣང་བ་ལས། གཞན་མེད་པ་དེའི་ངང་ནས་སྣང་ལུགས་དེ་ཀའི་ངང་ལ་བཅོས་བསླད་མེད་པར་རང་ཤར་རང་གྲོལ་དུ་ཀློད་པས་སྟོང་ཉིད་ཀྱི་མཐུས་མངལ་སྒོ་ཁེགས་སོ། །ལྔ་པ་དེས་ཀྱང་མ་ཁོགས་ན་བསྒོམ་པས་རྗེས་སུ་དྲན་པ་སྲིད་པ་བར་དོའི་སྣང་བ་འདི་དག་ཐམས་ཅད་རང་གི་སེམས་ཀྱིས་ཕར་བཏགས་པ་ཙམ་ལས། གཞན་ནས་འོང་བ་མེད། སེམས་ཁོ་རང་ཡང་སྣང་ཙམ་ནས་སྟོང་སྟོང་ཙམ་ནས་སྣང་བ། སྣང་སྟོང་

གཉིས་སུ་མེད་པའི་རང་སེམས་སྐྱེ་འགགས་དང་བྲལ་བའི་སྟོང་པ་ཉིད་ལ་སྤངས་བླང་བཅོས་བསྒྱུར་མེད་པ་དཔེར་ན་ནམ་མཁའ་དང་འདྲ་བའི་ངོ་བོ་འདི་ལ་བློ་ཡིད་ཀྱིས་ལྷན་པོ་འདེབས་ན་བྱ(མི་འདེབས་པར་)། རང་ས་ན་མ་བཅོས་པར་ལྷོད་དེར་བཞགས་པས་དེ་དུས་ཀྱི་ཤེས་པ་གཟའ་གཏད་དང་བྲལ་བ་དེ་ཀའི་ངང་ལས་འཁྲུལ་རྗེས་སུ་མ་འབྲང་བའི་རིག་པ་གྲ་ཟང་ངེ་བ་དེ་ཟིན་མ་ཐག་འོད་གསལ་གྱི་བདེན་པས་འཁྲུལ་རྒྱུན་ཆད་ནས་མངལ་སྒོ་ཁེགས་སོ། །བདུན་པ་སྲིད་པ་བར་དོར་ངོ་སྤྲད་ན་ཕན་ཡོན་ཆེ་ཚུལ་ལ། ཕལ་བ་དང་ལམ་ཞུགས་གཉིས་ལས། དང་པོ་ནི། དེ་རྣམས་ཀྱིས་གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་གང་ཡང་མི་གྲོལ་མི་སྲིད་དོ། །དེ་ཅིའི་ཕྱིར་ཞེ་ན། བར་དོའི་རྣམ་ཤེས་ལ་ཟག་བཅས་ཀྱི་མངོན་ཤེས་ཡོད་པས། བདག་གིས་ཅི་སྨྲས་ཁོས་ཐོས་ནས་འོང་བ་དང་གཅིག །འོན་ལོང་ཡིན་ཡང་། དེ་དུས་སུ་དབང་པོ་ཚང་ནས་ཅི་སྨྲས་གོ་བ་དང་གཉིས། འཇིགས་སྐྲག་གིས་རྟག་ཏུ་བདས་པས་ཅི་དྲག་ན་སྙམ་པའི་དྲན་པ་ཡེངས་མེད་དུ་ཡོད་པས་བདག་གིས་ཅི་སྨྲས་ཉན་ནས་ཡོད་པ་དང་གསུམ། རྣམ་ཤེས་རྟེན་ས་མེད་པས་འདུན་པ་གར་གཏད་དུ་ཐལ་གྱིས་སླེབ་ཏེ་ཁ་ལོ་བསྒྱུར་སླ་བ་དང་བཞི། དྲན་པ་དགུ་འགྱུར་གྱིས་གསལ་བས། ལྐུགས་པ་ཡིན་ཡང་དེ་དུས་སུ་ལས་ཀྱི་དབང་གིས་རིག་པ་ཇེ་གསལ་དུ་སོང་ནས་ཅི་བསླབ་ཐམས་ཅད་བསྒོམ་ཤེས་པས་ཡོན་ཏན་རྒྱུད་ལ་སྐྱེ་བའི་དུས་ཡིན་པ་དང་ལྔའི་སྒོ་ནས་ངོ་འཕྲོད་སླ་བ་ནི་སྐྱེ་གནས་བར་དོ་ལས་གྲོལ་སླ་བའི་དུས་ལྔ་ཚང་བ་ཡིན་པས་ཤེས་དགོས། དེས་ན་ད་ལྟ་རང་གིས་ཉམས་སུ་བླང་ངམ་གཞན་ལ་ངོ་སྤྲད་བཏབ་པ་གཉིས་གང་ཡིན་ཀྱང་དོན་ལྡན་བྱེད་པའི་ཚུལ་དེ་ཤེས་པར་གྱིས་ཤིག །དེ་ནི་མངོན་སུམ་གྱི་ངོ་སྤྲོད་མ་ཐོབ་པ་རྣམས་ཀྱི་

དབང་དུ་བྱས་པ་ཡིན། གཉིས་པ་ངོ་སྤྲོད་ཐོབ་པ་རྣམས་ནི་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་གྲོལ་བའི་སྣང་བ་ཤར་གསུངས་ཏེ། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུར་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་ཐར་ཕྱིར་གྲོལ་བར་འགྱུར། །ཞེས་གསུངས་པ་བཞིན་སྐྱེ་གནས་བར་དོར་ཆོས་ཟབ་མོ་རྫོགས་པ་ཆེན་པོའི་ཁྲིད་སོགས་ཐོས་ནས་རང་ངོ་འཕྲོད་ཀྱང་ཡུན་དུ་བསྒོམ་མ་ནུས་པས་འཆི་བའི་ཚེ་ཆོས་ཉིད་བར་དོར་ངོས་མ་ཟིན་ནས་སྲིད་པ་བར་དོ་ཤར་བའི་ཚེ་འཆི་བ་ངོ་ཤེས་མ་ཐག་བླ་མའི་གདམས་ངག་དྲན་ནས་དེ་ལ་མཉམ་པར་བཞག་པས་བདེན་པ་མཐོང་བའི་སྟོབས་ཀྱིས། རྨི་ལམ་སད་པ་བཞིན་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ། །དེ་ཙམ་མིན་ཀྱང་འདུན་པ་གཅིག་པུས་ཀྱང་རིགས་ལྔའི་ཞིང་གང་རུང་དུ་སྐྱེ་གསུངས་ཏེ། ཞི་ཁྲོ་ལས། གང་ལ་མོས་པའི་ཞིང་ཁམས་སུ་འདུན་པ་དྲག་པོ་གཏད་དེ་རྩེ་གཅིག་མ་ཡེང་པར་བྱས་པས་དེ་མ་ཐག་ཏུ་ཞིང་ཁམས་དེར་སྐྱེ་བར་འགྱུར་རོ། །དེའང་སྤྱིར་ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་གང་རུང་དུ་སྐྱེའང་སྲིད་ལ། ཁྱད་པར་དུ་གསང་སྔགས་རྡོ་རྗེའི་ཐེག་པ་ཉོན་མོངས་མ་སྤང་རྒྱན་དུ་རོལ་པས་ཡེ་ཤེས་ལྔའི་རང་འོད་ལས་གྲུབ་པའི་རིགས་ལྔའི་ཞིང་ཁམས་སུ་ངེས་པར་སྐྱེ་གསུང་བས། དང་པོ་ཤར་མངོན་པར་དགའ་བའི་ཞིང་ཁམས་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ས་གཞི་མནན་ན་ནེམ་པ་བཏེགས་ན་སྤར་བ་ཁོད་སྙོམ་པ་ཡངས་ཤིང་རྒྱ་ཆེ་བའི་གནས་སུ་རིན་ཆེན་སྣ་བདུན་ལས་གྲུབ་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ། གདུགས་དང་རྒྱལ་མཚན་དང་། འཁོར་ལོ་ལ་སོགས་པའི་གཞལ་ཡས་ཁང་གི་རྒྱན་བཀོད་ཕུན་སུམ་ཚོགས་པས་སྤྲས་པ། དེའི་ཕྱི་རོལ་ན་

ཡན་ལག་བརྒྱད་ལྡན་གྱི་ཆུ་འབབ་པ། བར་ཁྱམས་ན་མཆོད་པའི་ལྷ་མོ་མང་པོས་བཀྲ་ཤིས་པའི་གླུ་དབྱངས་ལེན་པ། འབྱུང་བཞིའི་གནོད་པ་དང་བྲལ་བ། ནད་དང་སྡུག་བསྔལ་མེད་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མེད་པ། བདེ་བའི་དཔལ་གང་འདོད་ཡོད་པ། ལོངས་སྤྱོད་རྒྱས་པ། མེ་ཏོག་སྣ་ཚོགས་ཀྱིས་ཞིང་དེའི་སྟོན་པ་ལ་མཆོད་པ། གཞལ་ཡས་ཁང་དེའི་ཕྱོགས་བཞི་ན་རིན་ཆེན་མུ་ཏིག་ལས་གྲུབ་པའི་མཆོད་རྟེན་བཞི་ཡོད་པ། དེ་བཞིའི་བར་ན་དྲིལ་བུ་གཡེར་ཁའི་དྲྭ་བས་སྤྲས་པ་རླུང་གིས་བསྐྱོད་པས་སྒྲ་ཡིད་དུ་འོང་བ་སྒྲོགས་པ། ཟུར་བཞི་ན་དར་སྣ་ཚོགས་ཀྱི་བ་དན་བཞི་ཡོད་པ། དེ་དག་རླུང་གིས་བསྐྱོད་པས་དྲི་ཞིམ་པ་སྣ་ཚོགས་འབྱུང་བ། ཕྱི་རོལ་ན་མཚོ་བརྒྱད་དང་མེ་ཏོག་གི་སྐྱེད་ཚལ་ཡོད་པ། མཚོ་དེ་རྣམས་ལ་བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་པའི་བྱ་རིགས་སྣ་ཚོགས་ཀྱིས་སྐད་སྙན་དུ་མ་སྒྲོགས་པ། དེ་དག་གི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་པ། གཞལ་ཡས་ཁང་དེའི་དབུས་ན་རིན་ཆེན་སྣ་བདུན་ལས་གྲུབ་པའི་ཁྲི་ཆོས་འཆད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྣང་བའི་སྟོན་པ་རྡོ་རྗེ་མི་བསྐྱོད་པས་ཆོས་ཀྱི་རྔ་སྒྲ་ཆེན་པོ་དུས་བཞིར་སྒྲོགས་པ། དེའང་འཁོར་རྣམས་ལ་སྲོད་དུ་རྒྱུའི་ཆོས་འཆད་པ། ནམ་ཕྱེད་ན་གསང་སྔགས་ཕྱི་པའི་ཆོས་གསུམ་འཆད་པ། ཐོ་རངས་ན་ནང་རྒྱུད་སྡེ་གསུམ་གྱི་ཆོས་འཆད་པ། ཉིན་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་པ། འཁོར་རྡོ་རྗེ་རིགས་ཀྱི་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་སྣང་བ། དེར་རང་ཉིད་ཀྱང་རྡོ་རྗེ་རིགས་ཀྱི་སེམས་དཔའ་མཆོག་ཏུ་དཀར་བའི་ལུས་བླང་ནས། སྟོན་པའི་ཞལ་མཐོང་དེ། ཉོན་མོངས་པ་ཞེ་སྡང་བག་ཆགས་དང་བཅས་པ་གྲོལ་ནས། ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་སྙམ་བྱེད་དོ། །དེ་

ནས་སླར་ཡང་ལྷོ་ཕྱོགས་དཔལ་དང་ལྡན་པ་གསེར་དུ་སྣང་བ་ནི། བཀོད་པ་སྔ་མ་ལྟ་བུ་ལས་སྟོན་པ་རིན་ཆེན་འབྱུང་ལྡན་ལ། འཁོར་རིན་ཆེན་རིགས་ཀྱི་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་ལ་ཆོས་སྟོན་པར་སྐྱེས་ནས། དབང་བསྐུར་བ་ལས་ང་རྒྱལ་དག་ནས། ལོ་བརྒྱ་ཉི་ཤུ་རྩ་ལྔ་ནས་ནུབ་པདྨ་བརྩེགས་པའི་ཞིང་ཁམས་མར་གད་དང་། མུ་ཏིག་དམར་པོ་ལས་གྲུབ་པར་བཀོད་པ་སྔ་མ་ལྟར་ལ་སྟོན་པ་འོད་དཔག་མེད་པདྨ་རིགས་ཀྱི་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བར་སྐྱེས་ཏེ། མངོན་སུམ་ལུང་བསྟན་ནས་ཉོན་མོངས་པ་འདོད་ཆགས་དག་སྟེ། ལོ་བརྒྱ་ཉི་ཤུ་རྩ་ལྔ་ནས་བྱང་ཕྱོགས་ལས་རབ་གྲུབ་པའི་འཇིག་རྟེན་ཨིནྟྲ་ནཱི་ལའི་རང་བཞིན་ལྗང་ཀུ་འཚེར་བ་ན། བཀོད་པ་སྔ་མ་ལྟར་ལ་སྟོན་པ་དོན་ཡོད་གྲུབ་པ་ལ། འཁོར་ལས་ཀྱི་རིགས་ཀྱི་སེམས་དཔའ་དུ་མས་བསྐོར་ནས་བཞུགས་པས་དབུགས་དབྱུང་སྟེ། ཕྲག་དོག་དང་གཏི་མུག་ལ་སོགས་པའི་ལས་དང་བག་ཆགས་མ་ལུས་པ་ཟད་དེ་ལོ་བརྒྱ་ཉི་ཤུ་རྩ་ལྔར་གནས་སྙམ་བྱེད་དོ། །དེ་དག་གི་མདུན་གྱི་ནམ་མཁའ་མི་མཇེད་འཇིག་རྟེན་བརྩེགས་པ་ན། འཇིགས་པའི་དུར་ཁྲོད་མེ་རི་འབར་བ་རུ་བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོའི་ལྷ་ཚོགས་ཁྲོ་བོའི་དཀྱིལ་འཁོར་གྱི་རྣམ་པར་བཞུགས་པའི་ཚུལ་ནི། རང་ཤར་ལས། ཞིང་ཁམས་དེ་དག་གི་མདུན་གྱི་བར་སྣང་ལ་སྤྲུལ་པའི་སྐུ་ཁྲོ་བོའི་ཞིང་ཁམས་ཡོད་དེ། དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བ། དེ་ཡང་གཞལ་ཡས་ཁང་འདི་ལྟ་བུ་ཡོད་དེ་ཐོད་པའི་ཁང་བ་གྲུ་བཞི་དང་ལྡན་པ་ཡོད་དོ། །དེ་ཡང་འདི་ལྟ་སྟེ། ཐོད་པ་སྐམ་པོས་འབྲས་བུ་བྱས་པ། ཤ་ར་རི་ཡོད་པས་རྩིགས་པ་བྱས་པ། བྷནྡྷ་ལྕང་ལོ་ཅན་གྱིས་ཁ་བད་བྱས་པ། རྒྱ་དང་དཔང་དཔག་ཏུ་མེད་དེ། གནམ་ལྕགས་ཀྱིས་གཟེར་བཏབ་པ།

རཀྟའི་ཞམ་ཆུ་བབས་པ། ཉི་ཟླའི་ཀ་གདན་བྱས་པ། ཆུ་སྲིན་ཁའི་ཀ་ཞུ་བྱས་པ། ལྷ་ཆེན་པོ་བརྒྱད་གདུང་དུ་བྲེས་པ། མཆོག་ཆེན་པོའི་གྲབ་བཏིང་བ་ཡོད་དོ། །ཉིན་མོ་རླུང་འཚུབ་པ། མཚན་མོ་མེ་འབར་བ། གཞན་ཡང་དེའི་གྲྭ་བཞི་ན་ཞིང་ཆེན་གྱི་གདུགས་ཕུབ་པ། ལྷ་མོ་ལྔས་གར་བྱེད་པ། ས་གཞི་ཐམས་ཅད་རཀྟའི་རྦ་ཀློང་དུ་འཁྲུགས་པའོ། །གཞན་ཡང་དེའི་ནང་ན་བཅོམ་ལྡན་འདས་དཔའ་བོ་སྟོབས་ལྡན་ཞེས་བྱ་བ་ཐུགས་ཞི་བ་ལས་མ་གཡོས་ཀྱང་། སྐུ་ཁྲོ་བོའི་ཆ་བྱད་དུ་བསྟན་པ། མཁའ་འགྲོ་མ་དང་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་ཡོད་དོ། །དེའང་འདི་ལྟ་སྟེ། ལྷ་མོ་པུརྞ་ཉེ་བར་ཞི་བ་དང་། ཚངས་པ་དུང་མགྲིན་ཅན་དང་། དྲང་སྲོང་ཟླ་འོད་གཞོན་ནུ་དང་། ཡང་འཁོར་གྱི་མཁའ་འགྲོ་མ་ཨེ་ཀ་ཙ་ཊི་སྤུན་དྲུག་དང་། དེའི་བྲན་མོ་བཅུ་གཉིས་དང་། གཡོག་མོ་ལྔ་བཅུ་རྩ་བརྒྱད་དང་། ཡང་གཡོག་འབུམ་ཁྲི་འབུམ་སྟོང་ལ་སོགས་དེ་མཁའ་འགྲོ་མའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །བཅོམ་ལྡན་འདས་དེའི་ཐུགས་ལས་སྤྲུལ་པའི་ཕྱག་ན་རྡོ་རྗེ་ལ་སོགས་ཏེ་ཁྲོ་བོའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ། དགའ་རབ་རྡོ་རྗེ་ལ་སོགས་པའི་མིའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །འཁོར་རྣམས་ལ་འབྲས་བུ་གསང་སྔགས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས། སྤྲུལ་པ་སྐུའི་བྱང་ཆུབ་སེམས་དཔའ་རྣམ་གྲོལ་བར་བྱེད་པ། ཐམས་ཅད་ཀྱང་ཁྲོ་བོའི་གཉེར་མ་དང་ལྡན་པ་ཤ་སྟག་གོ །གཞལ་ཡས་ཁང་དེ་ཤིན་ཏུ་ཡངས་པ་དང་ལྡན་པའོ། །ཞེས་གསུངས་པས་ཁྲོ་བོའི་ཞིང་ཁམས་འཇིགས་སུ་རུང་བ་མཐོང་སྟེ་དེ་ཉིད་ལ་གདོད་མའི་གཞི་ཐོག་ཏུ་གྲོལ་བར་འགྱུར་རོ། །དེ་དག་གི་ཚུལ་ཡང་བཀོད་པ་ཆེན་པོ་ལས། གཞལ་ཡས་ཁང་མཛེས་སྒོ་བཞི་རྟ་བབས་ལྡན། །ཤེལ་དང་གསེར་

དང་མར་གད་ཨིནྟྲ་ནཱིལ། །བཀྲ་ཤིས་གདུགས་དང་འཁོར་ལོ་རྒྱལ་མཚན་མཛེས། །དེ་ལྟར་རང་བཞིན་ཕྱོགས་བཅུར་སྤྲུལ་པའི་ཞིང་། །རང་རང་སྟོན་པས་རང་རང་འཁོར་རྒྱུད་འདུལ། །མདུན་གྱི་ནམ་མཁར་མི་མཇེད་བརྩེགས་པ་ན། །འཇིགས་པའི་ཁྲོ་གནས་དུར་ཁྲོད་མེ་རི་འབར། །འཇིགས་པའི་སྒྲ་དང་ཁྲོ་གཟུགས་ཨ་ལ་ལ། །འདི་ཉིད་མཐོང་བ་ཙམ་དེར་གྲོལ་བར་འགྱུར། །ཞེས་གསུངས་སོ། །འདི་ལྟར་ཤར་བའི་རིགས་ལྔའི་ཞིང་དེ་རྣམས་ཀྱང་ཐེག་པ་ཐུན་མོང་བ་ལྟར་ཕྱོགས་ག་ཤེད་ན་ཡོད་པ་མ་ཡིན་དེ། འགྲོ་བ་ཀུན་ལ་གདོད་ནས་བཞུགས་པའི་གཞི་བདེ་བར་གཤེགས་པའི་སྙིང་པོ་རང་མདངས་ཡེ་ཤེས་ལྔའི་རང་འོད་རང་ལ་སྣང་བ་ལས་རིགས་ལྔའི་ཞིང་ཁམས་ཀྱི་བཀོད་པ་སྟོན་འཁོར་དང་བཅས་པ་རང་བྱུང་རང་ལ་ཤར་བ་ཡིན་གསུངས་ཏེ། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ངོ་བོ་ཉིད་ཀྱི་སྣང་བ་ལས། །ངོ་བོ་ཉིད་ཀྱི་སྐུ་ཤར་བ། །དཔེར་ན་རང་དང་གཟུགས་བརྙན་བཞིན། །ཞེས་གསུངས་པའི་དོན་ངོ་འཕྲོད་པའི་རིགས་ཅན་རྣམས་རྟོགས་པ་གདེངས་སུ་མ་གྱུར་ཀྱང་ཕྱེད་སྤྲུལ་གྱི་ཞིང་དུ་བརྫུས་སུ་སྐྱེ་བ་ལ་ཐེ་ཚོམ་མེད་དོ། །བཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་འདི་ནི་མི་ཡུལ་དག་དུ་སྣང་། །དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་གྱུར་ན། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མར་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདེངས་སུ་མ་གྱུར་ཀྱང་། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་དེ། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང་། །བརྫུས་སྐྱེས་གནས་སུ་དག་པས་མངལ་གྱི་རྒྱ་དང་བྲལ། །ཞེས་དང་། སྐུ་གདུང་འབར་བ་ལས། འདི་ནས་སྤྲུལ་པའི་ཞིང་ཁམས་སུ། །དབུགས་དབྱུང་སྐྱེ་བ་

གཅིག་གིས་ཐོབ། །ཅེས་དང་། ཉི་ཟླ་ཁ་སྦྱོར་ལས། རང་དགར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་དབྱུང་ནས། །བར་དོ་མེད་པར་སངས་རྒྱས་རྙེད། །ཅེས་གསུངས་སོ། །དོན་གསུམ་པ་འཇུག་དགོས་དོན་བསྟན་པ་ལ། སྐྱོན་ཡོན་གཉིས་ལས། དང་པོ་ད་ལྟ་རང་དབང་ཡོད་དུས་ནས་སྲིད་པ་བར་དོའི་གདམས་ངག་མ་སྦྱངས་ན། ནམ་ཞིག་ལས་དབང་གིས་དེད། འཁྲུལ་བས་གཡེང་། འཇིགས་སྐྲག་གིས་མནར་བཞིན་གྲོགས་མེད་བར་དོའི་འཕྲང་རིང་འགྲིམ་དུས་རང་གང་འདོད་དག་པའི་ཞིང་དུ་འགྲོ་མི་ཆོག །དེ་མ་ཆོག་པས་ད་ལྟ་སྦྱང་པ་མ་བྱས་པའི་རྐྱེན་གྱིས་ཕྱི་མ་སྲིད་པ་བར་དོར་ཁམས་གསུམ་འཁོར་བའི་གནས་ནས་ཐར་བའི་དུས་ཤིན་ཏུ་རིང་གསུངས་སྟེ། རྒྱབ་ཆོས་ལྷན་ཐབས་ལས། སྲིད་པ་བར་དོ་ལ། བཟང་པོ་ལས་ཀྱི་འཕྲོ་མ་མཐུད་ན། ཁམས་གསུམ་འཁོར་བའི་སྲིད་པ་འདི་ནས་ཐར་བའི་དུས་མེད་པའི་ཉེས་པ་ཡོད་དོ། །ཞེས་གསུངས་སོ། །གཉིས་པ་ད་ལྟ་ནས་བླ་མའི་མན་ངག་རང་གིས་ཉམས་སུ་བླང་བའི་ལས་བཟང་པོ་ནན་ཏན་བྱས་ན་སྦྱང་བའི་སྟོབས་ཀྱིས་སྲིད་པ་བར་དོར་མངལ་སྒོ་ཁེག་པའམ། རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་དབྱུང་ནས་ཁམས་གསུམ་འཁོར་བའི་སྐྱེ་རྒྱུན་ཆད་དོ། །བྱང་ཆུབ་ཀྱི་བཙན་ས་ཟིན་པ་ཡང་སྲིད་པ་བར་དོའི་སྦྱང་བཅའ་ཡང་ཡང་བྱས་པས་ལས་བཟང་གི་འཕྲོ་མཐུད་པའི་ཡོན་ཏན་ཁོ་ན་ལས་འབྱུང་བར་རིགས་ཏེ། ཡང་གོང་གི་ལུང་ལས། སྲིད་པ་བར་དོར་བཟང་པོ་ལས་ཀྱི་འཕྲོ་མཐུད་ཅིང་། ཉོན་མོངས་པ་འཁོར་བའི་མངལ་སྒོ་ཁེག་པས་ཁམས་གསུམ་སྲིད་པའི་རྒྱུན་ཆད་ནས་བྱང་ཆུབ་ཀྱི་བཙན་ས་ཟིན་པའི་ཡོན་ཏན་ཡོད་དོ། །ཞེས་གསུངས་སོ། །

སྲིད་པ་བར་དོའི་གདམས་ངག་ཕྱི་མ་གར་སྐྱེ་བ་ལ་རང་དབང་ཡོད་ཆོག་པའི་ཁྲིད་བཤད་བྱས་ཟིན་ལེགས་སོ། །དཀྱུས་དོན་གསུམ་པ་མཇུག་བསྡུ་བ་ལ། གང་ཟག་གི་བྱེ་བྲག །ཉམས་སུ་ལེན་ཚུལ། བཀའ་གཏད། མཛད་བྱང་དང་བཞི་ལས། ཐོག་མར་གང་ཟག་གི་བྱེ་བྲག །བར་དོ་འགྲིམ་མི་དགོས་པ་དང་དགོས་པ་གཉིས་ལས། དང་པོ་བར་དོ་ལ་ལྟོས་མི་དགོས་པའི་གང་ཟག་གི་རིགས་བཞི་ནི། འཁྲུལ་བ་རང་གྲོལ་ལས། བར་དོ་མེད་པ་ཡང་བཞི་བཤད་དེ། རྟོགས་པ་ལྡན་པའི་རྣལ་འབྱོར་བ། ད་ལྟ་འོད་གསལ་མངོན་དུ་གྱུར། གཉིད་འོད་གསལ་དུ་ཤར་བ་དེ། འཆི་ཁ་འོད་གསལ་མ་བུ་གཅིག་ཏུ་འདྲེས་དེ། སྐད་ཅིག་ལ་ཡར་གྱི་ཟང་ཐལ་དུ་གྲོལ་ཏེ། བར་དོ་དང་ཚེ་ཚད་མེད་དོ། །ཞེས་གསུངས་སོ། །གཉིས་པ་མཚམས་མེད་པའི་ལས་བྱས་པའམ། རྩ་བའི་དམ་ཚིག་ཉམས་པ་སྟེ། དབུགས་ཆད་མ་ཁད་དུ་རྣམ་ཤེས་འོག་སྒོར་བྱུང་སྟེ། དཔག་ཆེན་གྱིས་མདའ་འཕང་བ་བཞིན་དུ་དམྱལ་བར་འགྲོ་བ་ནི། མར་གྱི་ཟང་ཐལ་ཞེས་བྱ་སྟེ་བར་དོ་མེད་དོ། །གསུམ་པ་འཕོ་བ་ཟབ་མོ་ཐེབ་ཡོད་པ་དེ་ཡང་རྒྱོག་དང་འཁྲུལ་འཁོར་གྱི་ཚུལ་དུ་གང་འདོད་པའི་གནས་དེར་སྐད་ཅིག་གིས་འགྲོ་བས་བར་དོ་མེད་དོ། །བཞི་པ་སྐྱེ་མཆེད་མུ་བཞིའི་ལྷར་སྐྱེ་བ་ཡང་། ཏིང་ངེ་འཛིན་གྱི་ལུས་ཡིན། སྐྱེ་གནས་ལེན་པའི་མཚམས་སྦྱོར་མི་དགོས་པས་བར་དོ་མེད་དོ། །ཞེས་སོ། །གཉིས་པ་དེ་བཞི་པོ་མ་གཏོགས་པ། ལུས་ཅན་ཤི་བ་ཐམས་ཅད་ལ་བར་དོའི་སྣང་བ་འཆར་ཞིང་། ཚེ་ཚད་ནི་རིང་ཐུང་གང་རུང་རེ་ཡོད་ཅེས་གསུངས་སོ། །གཉིས་པ་ཉམས་སུ་ལེན་ཚུལ་ལ། ཕྱག་བཞེས་དང་། ཉམས་ལེན་གྱི་མཐིལ་བསྟན་པ་གཉིས་ལས། དང་པོ་བར་དོ་དྲུག་གི་གདམས་ངག་ཉམས་སུ་ལེན་དུས་སུ། སྐྱེ་གནས་བར་

དོ་ལ་རྩ་བ་རང་གཞུང་ཞི་ལྷག་གཉིས་ཀྱི་སྟེང་དུ་ཐོས་བསམ་སྒོམ་གསུམ་དང་དགེ་བ་བཅུ་ཆོས་སྤྱོད་ཅི་རིགས་པ་རྣམས་སྤེལ་ནས་ཉམས་སུ་བླང་། རྨི་ལམ་བར་དོ་ལ་ཉིན་པར་རྒྱུ་ལུས་སྣང་བ་འོད་གསལ་གྱི་ཁྲིད་དང་། རྨི་ལམ་གྱི་འདུན་པ་སྦྱང་ཤིང་། ནུབ་མོ་རྨི་ལམ་བཟུང་བ་དང་། ཟིན་ནས་སྤྲུལ་ཞིང་བསྒྱུར་བ་ལ་སྦྱངས་ཏེ། ཐ་མ་འོད་གསལ་ཟིན་པར་བྱའོ། །བསམ་གཏན་བར་དོ་ལ་རྩ་བ་མཉམ་རྗེས་གཉིས་དང་། དེ་སྟེང་བསྐྱེད་རྫོགས་ཐབས་ལམ་སོགས་སྦྱང་ངོ་། །འཆི་ཁ་བར་དོ་ལ། སྐབས་སུ་འཆི་ལྟས་བརྟགས་པ། བསླུ་བ། མི་བསླུ་བའི་ཚེ་འཕོ་བ་དང་། ཐུགས་དམ་བསྐྱང་བར་བྱ། ཆོས་ཉིད་བར་དོ་ལ་ད་ལྟ་ཐོད་རྒལ་སྦྱང་ཞིང་ཆོས་ཉིད་བར་དོའི་ཤར་ཆ་བློ་ལ་ཆུད་པར་བྱ། སྲིད་པ་བར་དོ་ལ་རྩ་བ་རང་གཞུང་དང་། ཁྱད་པར་སྐབས་སྐབས་ཤི་ནས་སྲིད་པ་བར་དོ་འཁྱམས་་པ་ཡིན་བསམ་ཤིང་། བླ་མ་དང་གདམས་ངག་རིགས་ལྔའི་ཞིང་ཁམས་ལ་དད་གུས་བསྐྱེད་ཅིང་ཁྱད་པར་དུ་སྲིད་པ་བར་དོའི་ཤར་ཆ་བློ་ལ་ཆུད་པར་བྱ། དེ་རྣམས་ནི་སྤྲོས་བཅས་གོང་དུ་བཤད་པའི་སྦྱང་ཚུལ་ཡིན་ནོ། །གཉིས་པ་ཉམས་ལེན་གྱི་མཐིལ་བསྟན་པ་ལ། ཆོས་ཐམས་ཅད་ཉམས་ལེན་གཅིག་ལ་ཚང་ཚུལ། དེ་ལ་མཉམ་པར་བཞག་ཚུལ་གཉིས་ལས། དང་པོ་སྔོན་འགྲོ་དངོས་གཞི་གཉིས། སྔོན་འགྲོ་ལ་གཉིས་ལས། དང་པོ་ཐུན་མོང་ཕྱིའི་སྔོན་འགྲོའི་དོན་ནི། ད་ལྟའི་མི་ལུས་རིན་པོ་ཆེ་འདི་ལ་བརྟེན་ནས་བླ་མ་དགེ་བའི་བཤེས་གཉེན་རྙེད་པའི་དྲིན་ལས་ལྷན་སྐྱེས་བདེ་བ་ཆེན་པོའི་དགོངས་པ་ངོ་འཕྲོད་ནས་ངང་བརྐྱང་བ་ནི་མྱུར་དུ་ཐར་བའི་ས་བོན་མ་ནོར་བ་ཡིན་པས་དལ་རྟེན་ལ་སྙིང་པོ་ལེན་ཕྱིར་དལ་འབྱོར་རྙེད་དཀའི་སྒོམ་དོན་ཀྱང་འདིར་ཐུན་ལ་འདུས། དེ་ཚེ་འདུས་བྱས་མི་རྟག་

པར་གཟིགས་པས་རྟག་འཛིན་ནང་ནས་ཆོད་པ་ལ་འཆི་བ་མི་རྟག་པ་བསྒོམ་དོན་འདུས་སོ། །ཐུགས་དམ་སྐྱོང་བ་ཟག་མེད་ཀྱི་དགེ་བ་ཡིན་ཞིང་དེའི་ངང་ལ་སྡིག་པ་མི་འབྱུང་བས་ན་རྒྱུ་འབྲས་ཀྱི་གནད་ཡིན། རིག་པའི་རྩིས་ཟིན་པས་ཉོན་དྲུག་རང་སར་གྲོལ་བ་དེ་འཁོར་བའི་ཉེས་དམིགས་བསྒོམ་འབྲས་ཡིན། དེ་ལས་ཐུན་མིན་ནང་གི་སྔོན་འགྲོའི་དོན་ནི། རང་སེམས་སངས་རྒྱས་ལ་བརྟེན་པ་འབྲས་བུའི་སྐྱབས་འགྲོ། གཞན་སྣང་དག་པ་རབ་འབྱམས་སུ་ཤར་བ་དོན་དམ་སེམས་བསྐྱེད། བདག་གཞན་གཉིས་མེད་ཆོས་ཉིད་གཅིག་གི་ཚོམ་བུར་ལྷུན་གྱིས་གྲུབ་པ་གསང་བའི་མཎྜལ། རིག་པའི་ངོ་བོ་ལ་དྲི་མ་མེད་པར་རྟོགས་པ་རྡོར་སེམས་བསྒོམ་བཟླས་ཀྱི་སྙིང་པོ་དེ་ལྟ་བུའི་དོན་དམ་པའི་གནས་ལུགས་དེ་འདུ་འབྲལ་མེད་པ་བླ་མའི་རྣལ་འབྱོར། ཉམས་ལེན་དེ་ལྟ་བུའི་ཀློང་དུ་དགོངས་པའི་བཙན་ས་ཟིན་པ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་དང་བཅས་པའང་ཐུགས་དམ་སྐྱོང་བ་འདི་ལ་འདུས་སོ། །གཉིས་པ་དངོས་གཞི་བར་དོ་དྲུག་གི་ཉམས་ཁྲིད་ཡང་ཐུན་ལ་ཚང་ཚུལ་ནི། ཆོས་ཐམས་ཅད་ཀྱི་སྙིང་པོ་ཉམས་ལེན་ལ་འདུས་པར་ཐོས་པ་ནི་ཐོས་པའི་ཤེས་རབ། ཉམས་ལེན་འཁོར་འདས་སྣང་སྟོང་ཆུ་ཟླ་ལྟ་བུར་མཁྱེན་པ་ནི་བསམ་བྱུང་གི་ཤེས་རབ། དེའི་ངང་སྐྱོང་ཚེ་སེམས་གཟུང་བའི་ཡུལ་ཕྱིར་མ་འབྲང་བ་ཞི་གནས། ནང་འཛིན་པས་མ་བཅིང་བ་ལྷག་མཐོང་། དེ་གཉིས་ཟུང་འཇུག་གི་དོན་རང་རྒྱུད་ལ་སྐྱེས་པ་བསྒོམ་བྱུང་གི་ཤེས་རབ་ཡིན་པས་ཐོས་བསམ་བསྒོམ་གསུམ་གཅིག་དྲིལ་ཟག་མེད་ཀྱི་དགེ་བའང་ཐུགས་དམ་སྐྱོང་བ་འདི་ཡིན་པས་སྐྱེ་གནས་བར་དོའི་གདམས་ངག་ཀྱང་འདིར་ཐུན་ལ་ཚང་། སྣང་ངམ་ཤར་རམ་གང་གི་དུས་སུ་ཟང་

ཀའི་རིག་པ་གཅིག་པུ་ངོས་ཟིན་པའི་ངང་ལས་མི་གཡོ་བ་མཉམ་བཞག །དེ་ལས་གཡོས་པའི་འཁྲུལ་རྟོག་ཐམས་ཅད་གྲོལ་ལུགས་བཞིའི་གནད་ཀྱིས་ཟིན་པས་རྟོག་པ་རང་ཤར་རང་གྲོལ་དུ་སོང་བ་རྗེས་ཐོབ། དེ་གཉིས་ལ་གོམ་པ་བསམ་གཏན་ཡིན་པས། འདིར་བསམ་གཏན་བར་དོའི་ཉམས་ལེན་ཀྱང་ཚང་། ཉིན་སྣང་དེ་ལྟར་སྦྱང་བས་རྗེས་ཐོབ་མཚན་སྣང་དུ་ཁྱེར་ནས་རྨི་ལམ་སྦྱང་བས་འོད་གསལ་ཟིན་པ་ནི་རྨི་ལམ་བར་དོའི་གདམས་ངག་ཡིན་པས་དེའང་འདིར་ཐུན་སྐྱོང་བ་ཁོ་ན་ལ་ཚང་། མཐར་ལུས་སེམས་བྲལ་དུས་ཡང་རིག་པ་སྐྱེ་འཆི་མེད་པ་གྲ་ཟེང་ངེ་བའི་ངང་ལ་མི་གཡོ་བར་ཚེའི་དུས་བྱས་པ་ནི་འཆི་ཁ་བར་དོའི་གདམས་ངག་ཡིན། གཞི་ཁྲེག་ཆོད་ལས་མ་གཡོས་བཞིན་ལམ་ཐོད་རྒལ་ཉམས་སུ་བླང་བ་ནི་ཆོས་ཉིད་བར་དོའི་གདམས་ངག་ཡིན། འདིར་རང་ངོ་འཕྲོད་ནས་ཅུང་ཟད་ཙམ་གོམས་པས་ཀྱང་སྲིད་པ་བར་དོར་བྱེ་བྲག་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བས་ན་སྲིད་པ་བར་དོའི་གདམས་ངག་ཀྱང་འདིར་ཐུགས་དམ་སྐྱོང་བ་ཁོ་ན་ལ་འདུས། དེའི་ཕྱིར་བར་དོ་དྲུག་ངོ་བོ་རང་སེམས་འདི་ལས་གཞན་མེད་པས་འདིར་ངོ་འཕྲོད་དེ་གཞི་ཁྲེག་ཆོད་དང་ལམ་ཐོད་རྒལ་ཟུང་འཇུག་ཏུ་བསྒོམ་པས་བར་དོ་དྲུག་གི་གདམས་ངག་སྟན་ཐོག་གཅིག་ཏུ་ཉམས་སུ་ལོན་ངེས་པ་ཡིན་ཏེ། འཁྲུལ་བ་རང་གྲོལ་ལས། ད་ལྟར་གྱི་ཤེས་པ་མ་བཅོས་པ་སོ་མ་འདི་བླ་མས་ངོ་སྤྲད། རང་གིས་ཉམས་སུ་བླང་བས་མངོན་དུ་གྱུར་ནས་བར་དོ་ཐམས་ཅད་དེ་ནས་ཆོད་པའི་ཕྱིར། འདི་ངོ་འཕྲོད་ནས་མ་བཅོས་པར་སྐྱོང་བ་ནི། བར་དོའི་ཉམས་ལེན་དངོས་གཞིའོ། །ཞེས་སོ། །གཉིས་པ་དེ་ལ་མཉམ་པར་བཞག་ཚུལ་ནི། ཀུན་མཁྱེན་ཆེན་པོས། ཤེས་བྱ་ནམ་མཁའི་སྐར་ཚོགས་འདྲ། །བསླབ་དགོས་གནས་ལ་ཟད་པ་མེད། །ད་རེས་ཆོས་སྐུ་སྙིང་པོའི་

གནད། །འགྱུར་མེད་བཙན་ས་བཟུང་ན་ལེགས། །ཞེས་གསུངས་པས། སྤྱིར་ཀུན་རྫོབ་ཀྱི་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་ལ་བསླབས་ཀྱང་ཟད་པ་མེད། །གལ་ཏེ་རེ་རེ་བཞིན་དུ་ཤེས་ཀྱང་དེ་ཁོ་ནས་སངས་རྒྱས་ཀྱང་ཐོབ་དཀའ། དོན་དམ་པའི་གནས་ལུགས་གཞི་ཁྲེགས་ཆོད་དང་ལམ་ཐོད་རྒལ་གཉིས་མེད་དུ་ཉམས་སུ་བླང་ན་དེ་ནི་བར་དོ་དྲུག་པོ་དུས་གཅིག་ཏུ་ཆོད་ངེས་པའི་གདམས་ངག་ཡིན། དེ་ཉམས་སུ་ཇི་ལྟར་ལེན་ན། མི་རྟག་པས་རྒྱུད་བསྐུལ་ནས་སྙིང་རྗེའི་ཀུན་ནས་བསླང་སྟེ། གནས་དབེན་པར་བྱ་བ་དགུ་སྤྲུག་བྱས་ནས། བཞུགས་གཟིགས་ཀྱི་གནད་གཅུན་ནས་སྒོ་ཡུལ་རླུང་རིག་གི་འབེན་བཅས་པས། དཔེ་ཤེལ་གྱི་ནང་ན་འཇའ་ཚོན་རང་ཆས་སུ་ཡོད་པ་དེ་ཉི་མ་དང་འཕྲད་པས་ཕྱིར་ལྷང་ངེ་གསལ་བ་བཞིན་དུ། རང་གནས་ཀྱི་ཡེ་ཤེས་བཀྲ་ལམ་མེ་སྣང་བའི་ཆོས་ཉིད་མངོན་སུམ་ཤར་བ་ཡིན། དེ་ཚེ་ཤར་ཆ་ལ་རྟོག་དཔྱོད་མི་བྱེད་པར། ཤར་མཁན་གྱི་ངོ་བོ་ཤེས་རབ་རང་བྱུང་གི་སྒྲོན་མ་ཟིན་པས་གཞི་དང་གཞི་སྣང་ཟུང་འཇུག་གི་ངང་དེར་བཞག་པས་དེར་གྲོལ་བར་འགྱུར་གསུང་སྟེ། མཆོག་གྱུར་གླིང་པས་རྫོགས་ཆེན་ལས། རང་རིག་ཤེལ་ནང་འཇའ་ཚོན་བཞིན། །ཤེལ་ཡང་ཉི་མའི་རྐྱེན་འཕྲད་ན། །འཇའ་ཚོན་རྣམ་པ་སྣ་ཚོགས་གསལ། །རང་ལ་ཡེ་གནས་ཡེ་ཤེས་ཉིད། །གནད་ཀྱིས་གཅུན་པའི་རྐྱེན་འཕྲད་པས། །མངོན་སུམ་སྣང་བ་ལྷུག་པར་འཆར། །དེ་ཚེ་ཤར་མཁན་ངོ་བོ་ལ། །ཤེས་རབ་རང་བྱུང་མིག་གིས་བལྟ། །ཞེས་དང་། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རང་ལ་བཞུགས་པའི་སྐུ་ཡེ་ཤེས། །མིག་སྒོར་ཉི་ཟེར་འཕྲད་པར་སྣང་། །རང་བཞིན་མེ་ལོང་ནང་ཤར་བཞིན། །སྣང་སྟོང་ངང་ལ་བཞག་པས་གྲོལ། །ཞེས་གསུངས་པ་ལྟར། ཚེ་འདི་སྣང་ལ་མི་གཡེང་བར། བརྩོན་འགྲུས་དྲག་པོས་སྦྱང་

སྟོབས་ཀྱིས། སྣང་བཞི་མཐར་ཕྱིན་ནས་ཚེ་ལུས་གཅིག་གིས་སངས་རྒྱས་ཏེ་བར་དོ་ཐམས་ཅད་ཆོད་པར་འགྱུར་ངེས་ཏེ། སྡུད་པ་ལས། བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། །ཞེས་དང་། དེ་ལྟར་སྦྱང་བའི་ཡོན་ཏན་ནི། ཀློང་གསལ་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་སངས་རྒྱས་སོ། །ཞེས་སོ། །གསུམ་པ་བཀའ་ཡི་གཉེར་བྱང་གཏད་པ་ནི། ཚོགས་ཞིང་དགུ་དང་ཆོས་སྐྱོང་གཏེར་སྲུང་ལ། །ལྷག་བསམ་དག་པས་བཀའ་ཡི་གཉེར་གཏད་བཅོལ། །མི་མངོན་དབྱིངས་ནས་མཁྱེན་བརྩེས་རྗེས་དགོངས་ལ། །གདུལ་བྱའི་ཁམས་ལ་ཐུགས་རྗེ་འཇུག་མཛད་པ། །མཆོག་གསུམ་བདེན་པས་ཟབ་ཆོས་བརྒྱུད་འཛིན་བཅས། །སྤེལ་སྲུང་ཕྱོགས་བཅུ་ཀུན་ཏུ་དར་རྒྱས་མཛོད། །རྩ་གསུམ་ནུས་མཐུས་ཟབ་ཆོས་བརྒྱུད་འཛིན་བཅས། །བྱིན་རླབས་ཆེ་ཞིང་དངོས་གྲུབ་མྱུར་འགྲུབ་མཛོད། །སྐུ་གསུམ་ཐུགས་རྗེའི་ཟབ་ཆོས་བརྒྱུད་འཛིན་བཅས། །ཡུན་རིང་གནས་ཤིང་འགྲོ་དོན་འབྱུང་བར་མཛོད། །ཆོས་སྐྱོང་ནུས་པས་ཟབ་ཆོས་བརྒྱུད་འཛིན་བཅས། །རྟག་ཏུ་སྲུང་སྐྱོབས་དགེ་ལེགས་ཤེས་པ་རྩོལ། །གཏེར་སྲུང་ཕྲིན་ལས་ཟབ་ཆོས་བརྒྱུད་འཛིན་བཅས། །བསྟན་པ་དར་ཞིང་སྐུ་ཚེ་བརྟེན་པར་མཛོད། །ལྷག་བསམ་དག་མཐུས་ཟབ་ཆོས་བརྒྱུད་འཛིན་བཅས། །ནམ་མཁའ་གནས་བར་ནུབ་མེད་རབ་བརྟན་ཤོག །བཞི་པ་མཛད་བྱང་ནི། ཅེས་བཤད་པའི་བར་དོ་དྲུག་གི་ཉམས་ཁྲིད་སྔ་འགྱུར་རྒྱུད་དོན་ཆུ་བོ་གཅིག་འདྲེས་འདི་ནི། སྐྱབས་རྗེ་བླ་མ་རིན་པོ་ཆེའི་བཀའ་གནང་ཞིང་།

དད་ལྡན་གྱི་སློབ་མ་རྣམས་ཀྱིས་ཡང་ཡང་བསྐུལ་བ་ལ་བརྟེན་ཏེ། རྩ་བ་དག་སྣང་གིས་གཞི་བཟུང་། འགྲེལ་བཤད་ཨོ་རྒྱན་རིན་པོ་ཆེའི་བཀའ་འཁྲུལ་མེད། གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ནས་སྤྱན་དྲངས་པའི། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྫོགས་རིམ་དང་། ཀློང་ཆེན་རབ་འབྱམས་བཟང་པོའི་གསུང་དང་། སྔ་འགྱུར་གྱི་རྒྱུད་སྡེ་རྣམས་དཔང་པོར་བཞག་ནས། རང་གཞན་ཀུན་གྱི་ཉམས་སུ་བླང་ཕྱིར་ཁོ་བོ་གླིང་རྒྱལ་མཚན་དུ་འབོད་པས་བལྟས་ཆོག་ཏུ་བསྒྲིག་པ་སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།

དེ་ལ་འདིར་སོགས།

༈ བླ་མ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་གང་ཟག་བརྩོན་འགྲུས་དང་དབང་པོ་འབྲིང་རྣམས་བར་དོར་གྲོལ་བའི་གདམས་པ་ལ་གསུམ་ལས། དང་པོ་འཆི་ཁ་བར་དོ་ལ་མི་གསལ་བ་གསལ་གདབ་པ་སྒེག་མོ་ལ་མེ་ལོང་བསྟན་པ་ལྟ་བུའི་གདམས་ངག་ནི། ཉི་ཟླ་ཁ་སྦྱོར་ལས། གང་ཞིག་ལུས་ཅན་སྐྱེས་བུ་རྣམས། །ཞེས་དང་། ཚེ་ནི་མི་སྡོད་མགྲོན་པོ་འདྲ། །མགྲོན་པོ་རྟག་ཏུ་བསྡད་པ་མེད། །ཅེས་གསུངས་པ་ལྟར། འགྲོ་བ་ལུས་ཅན་ཀུན་གྱིས་ཀྱང་འཆི་བའི་ལམ་དུ་ཆས་དགོས་པའི་ཕྱིར། ད་ལྟ་རང་རེ་ཅག་བདེ་བར་ཡོད་པའི་དུས་ནས་འཆི་ལྟས་བརྟགས་ཚུལ་དང་བསླུ་བའི་ཆོ་ག །འཆི་ཁ་བར་དོ་སོགས་ཀྱི་གདམས་ངག་རྣམས་རང་གི་ཉམས་འོག་ཏུ་ཆུད་པར་མ་བྱས་ན། ཇི་སྐད་དུ། བླ་མའི་གདམས་ངག་སེམས་ལ་མ་བཞག་ན། །རང་གིས་རང་ཉིད་བསླུ་བར་མི་འགྱུར་རམ། །ཅེས་གསུངས་པས། དུས་རྒྱུན་དུ་རང་ལ་ནད་རྐྱེན་སོགས་ཡོད་མེད་གང་གི་དུས་སུའང་འཆི་ལྟས་བརྟགས་ལ། གལ་ཏེ་བྱུང་བའི་ཚེ་བསླུ་བའི་ཆོ་ག་ཟབ་མོའི་ཐབས་ལ་བརྩོན། ཅིས་ཀྱང་བཟློག་མི་ནུས་པར་འཆི་ངེས་ན། རྒྱུད་ལས། དེ་ཚེ་བླ་མའི་མན་ངག་རྣམས། །རང་གི་རྒྱུད་ལ་འདྲེས་པར་བྱ། །ཞེས་པ་ལྟར། རང་ལ་རྒྱུ་རྫས་ལོངས་སྤྱོད་ཅི་ཡོད་པ་ཐམས་ཅད་མཆོད་སྦྱིན་གྱི་ཕྱོགས་སུ་སྤོང་དག་བྱས་ལ། ཚེ་འདི་སྣང་གི་ཞེན་པ་ཐམས་ཅད་རྦད་ཀྱིས་བཅད་ནས། གནས་གྲོང་ལྟ་བུ་ཡིན་ན་དབེན་པ་ཞིག་ལ་ཕྱིན་ནས་ཆོས་གྲོགས་བཟང་པོ་གཅིག་ཙམ་ཉེ་དྲུང་དུ་བཞག་སྟེ། སྐུ་གསུང་ཐུགས་རྟེན་གྱི་མདུན་དུ་ཅི་འབྱོར་བའི་མཆོད་པ་བཤམས་ལ། དེ་དུས་ཀྱི་གདམས་ངག་རྣམས་རང་གི་ཡིད་ལ་གསལ་པོར་ཡོད་ན་དེས་ཆོག་པས་སྐབས་འདིར་དྲན་པར་བྱ་སྟེ། སྐུ་དང་ཡེ་ཤེས་ལ་འཇུག་པའི་

འོད་གསལ་སྦུབ་འཇུག །ཡུལ་དང་གནས་ལ་འཇུག་པའི་གྲོང་འཕོ་གྲོང་འཇུག་གི་གདམས་པ་གཉིས་གང་ལ་འདྲེས་ཤིང་གོམས་པའི་བློའི་ནུས་པ་དང་སྦྱར་ལ། སྔ་མ་ནི་ཉི་ཟླ་ཁ་སྦྱོར་ལས། སྐུ་དང་ཡེ་ཤེས་འཇུག་ལུགས་ནི། །རིག་པ་འདི་ལྟར་གཏད་པར་བྱ། །ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡིད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པར་ནི། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་པས་དོན་ཐིམ་རིམ་བྱུང་བའི་ཚེ། ནམ་མཁའ་མཐོང་བའི་སར་བསྡད་ལ། བཞུགས་སྟངས་གསུམ་གང་རུང་ངམ་སེང་གེའི་ཉལ་ལུགས་བྱས་ནས་གཞོག་གཡས་ས་ལ་ཕབ། མགོ་བྱང་ཕྱོགས་སུ་བསྟན་ཏེ། ཤེས་པ་མིག་ལ་གཏད། མིག་དབྱིངས་རིག་ལ་གཏད་ནས། ཀ་དག་གི་ངང་ལ་སྤྲོ་བསྡུ་མེད་པའི་ངང་ནས་འཚོ་བའི་འདུ་བྱེད་བཏང་བས་སྐད་ཅིག་དེ་ཉིད་ལ་གྲོལ་བར་འགྱུར་རོ། །འདི་ལ་གསང་ལམ་ངོ་སྤྲོད་ཀྱང་བྱ་སྟེ་ཤིན་ཏུ་གནད་ཟབ་པའི་ཕྱིར། ད་ལྟ་ནའང་ནམ་མཁའ་དྭངས་བའི་ཚེ་རིག་པ་དབྱིངས་སུ་གཏད་དེ། བདག་ངེས་པར་འཆི་བའི་དུས་ལ་བབས་པ་ཡིན་པས་སྤྲོས་པ་མེད་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ། དབུགས་ཕྱིར་འཕང་པའི་ཕྱི་ལ་ཤེས་པ་གཏད་མེད་ཉིད་དུ་འཇོག་པ་ནི་ཤིན་ཏུ་མྱུར་བའི་ལམ་ཡིན་ནོ། །ཕྱི་མ་ནིི། ཡང་རྒྱུད་ལས། ཡུལ་གནས་དག་ལ་འཇུག་ལུགས་ནི། གྲོང་ཕོ་གྲོང་འཇུག་གདམས་པ་སྟེ། རྣམ་ཤེས་རླུང་ལ་ཞོན་ལ་སྦྱང་། །དེ་ཡང་གོང་དུ་འབྱོང་བ་གཅེས། །རིག་པ་བསྡུ་དང་འཕང་བ་གཅེས། །དེ་ཡང་ཧིག་གིས་འཕང་བའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །ཅེས་པས། རླུང་ཐ་མ་ཕྱིར་འགྲོ་དུས་སྙིང་ག་ན་རིག་པ་ཨ་དཀར་པོ་ཞིག་ཏུ་བསམ་ལ་ཚང་བུག་ནས་ཡར་རྒྱང་གིས་

སོང་བར་བསམ་པའི་མོད་ལ་ཧིག་ཉེར་གཅིག་བརྩེགས་མར་བརྗོད་པས་གྲོལ་བར་ངེས་སོ། །དེ་ཡང་རྒྱུད་ཀྱི་ཚིག་ཟིན་གྱིས་ཇི་ལྟར་བསྟན་བ་བཞིན་ད་ལྟ་ནས་འབྱོངས་པ་གལ་ཆེའོ། །གནད་འདི་ལྟ་བུ་དང་ལྡན་པ་རྣམས་ནི་ཐིམ་རིམ་ངེས་པ་ལ་མ་ལྟོས་པར་བྱང་ཆུབ་སེམས་དཔའི་དབུགས་འཕོ་ལུགས་དག་གི་མྱང་ངན་ལས་འདས་པ་ཡང་ཡོད་དོ། །གལ་དེ་རང་ལ་གདམས་ངག་དེ་དག་མི་གསལ་ཞིང་གདེང་མེད་ན་སྔ་མ་ལས། གལ་དེ་དེ་དག་མི་གསལ་ན། །རང་གི་བླ་མ་གནས་པ་ན། །གོང་གི་མན་ངག་གསལ་ཡང་གདབ། །བླ་མ་མེད་ན་རྡོ་རྗེ་སྤུན། །ཤེས་པས་གསལ་ཡང་གདབ་པར་བྱ། །ཞེས་པས། རབ་རང་གི་བླ་མ། འབྲིང་རྡོ་རྗེ་སྤུན་སྲིང་། ཐ་ནའང་རང་དང་དམ་ཚིག་ལ་སེལ་མེད་ཅིང་འཆི་ཁའི་བར་དོའི་ངོ་སྤྲོད་ཀློག་ཤེས་པ་གཅིག་གིས། འདི་སྐད་དུ། དང་པོ་འཆི་བའི་བརྡའ་སྦྱར་ཞིང་སེམས་བསྐྱེད་དུ་བཅུག་པ་ནི། ཀྱེ་རིགས་ཀྱི་བུ་ཆེ་གེ་མོ་མ་ཡེངས་པར་ཉོན་ཅིག །འོ་ན་ད་ལམ་འདིར་འཇམ་དཔལ་རྣམ་པར་རོལ་པ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལེགས་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །རང་ཉིད་གཅིག་པུར་ཕྱི་མར་འགྲོ། །ཞེས་གསུངས་པ་ལྟར། ད་ནི་ཁྱོད་ལ་འཆི་ཁ་བར་དོ་ཞེས་བྱ་བ་དེ་སླེབས་ནས་འདུག་པས། དེའང་ཁྱོད་གཅིག་པུ་ཤི་བ་མ་ཡིན་ལ་འགྲོ་བ་ལུས་ཅན་ཀུན་འཆི་བའི་ལམ་དུ་ཆས་དགོས་པས་མྱ་ངན་མ་བྱེད་ཅིག །ཁྱོད་རང་ཕ་མ་མཛའ་བཤེས་ཟས་ནོར་ལོངས་སྤྱོད་སོགས་ལ་ཆགས་པ་དང་ཞེན་པ་མ་བྱེད་ཅིག །གལ་དེ་ཆགས་ཀྱང་ཐར་བའི་གེགས་མ་གཏོགས། ད་རང་གི་རྗེས་སུ་འབྲང་བའི་ཐབས་ནི་མི་འདུག །དེས་ན་ཚེ་འདི་སྣང་གི་བྱ་བ་གང་ལའང་མ་ཆགས་པར་སེམས་བསྐྱེད་འདི་ལྟར་མཛོད། ད་ནི་བདག་འཆི་བའི་དུས་ལ་བབས་ནས་འདུག་

པས། ད་རེས་འཆི་བ་འདི་ལ་བརྟེན་ནས་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ངོ་ཤེས་པར་བྱ་སྟེ། དེའི་ངང་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་སླར་གང་འདུལ་གྱི་འགྲོ་བའི་དོན་འཁོར་བ་མ་སྟོང་གི་བར་དུ་བྱའོ། །དེའི་ཆེད་དུ་ངོ་སྤྲོད་འདི་ཉན་ཅིང་ཡིད་ལ་བཟུང་བར་བྱའོ། །ཞེས་སྙིང་ཐག་པ་ནས་བསམ་པ་ནི། ཇི་སྐད་དུ། མི་རྟག་བྱམས་དང་སྙིང་རྗེ་ཡི། །ཆོས་མཇུག་ཐེག་ཆེན་ལམ་དུ་འགྲོ། །ཞེས་གསུངས་སོ། །དེ་ནས་ངོ་སྤྲོད་ཀྱི་ཚིག་གིས་གསལ་འདེབས་པ་ནི། ཀྱེ་རིགས་ཀྱི་བུ་ད་ནི་སྔར་གྱི་གདམས་ངག་དྲན་པའི་དུས་ལ་བབ་པ་ཡིན། དེ་ཡང་ཁྱོད་རང་གཞི་ཁྲེག་ཆོད་ཀྱི་དགོངས་པ་རང་བྱུང་གི་ཡེ་ཤེས་བླ་མས་ངོ་སྤྲད་པ་དེ་ལ་ཡེངས་སྒོམ་ཐོབ་ཤོར་མེད་པའི་ངང་ནསརིག་པ་མིག་ལམ་དུ་ཆུག །མིག་བར་སྣང་ལ་ལྟོས་ཏེ་ལམ་ཐོད་རྒལ་གྱི་ཡེ་ཤེས་ལྷུན་གྲུབ་ཏུ་འཆར་བའི་དབྱིངས་རིག་གཉིས་མེད་ཀྱི་ངང་ནས་འོད་གསལ་ལྷུན་གྲུབ་བདེ་བ་ཆེན་པོར་བཞུད་ཅིག །གལ་ཏེ་དེ་ལྟར་མ་གྱུར་ཀྱང་ཁྱེད་རང་གི་ཐིམ་རིམ་དང་སྣང་མཆེད་ཐོབ་གསུམ་རྫོགས་པའི་རྗེས་སུ་དབུགས་བར་སྣང་ལ་ཡལ་ཏེ། རིག་གདངས་སྙིང་གར་འདུས་པས་ལུས་སེམས་ཀྱི་འབྲེལ་ཐག་ཆད་དེ། རྣམ་ཤེས་འོད་གསལ་ལ་འཇུག་ཏུ་ཉེ་བས་རྣམ་ཤེས་ནམ་མཁར་ཐིམ་པ་ཞེས་བྱ་བ་དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་ཀ་དག་གཞི་ཡི་གནས་ལུགས་བསམ་བརྗོད་སྤྲོས་པ་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་མ་བཅོས་རྣལ་མ་ཤར་བ་ཡིན། དེ་ཉིད་ངོ་ཤེས་པ་ཙམ་གྱིས་ཁྱོད་ལ་བར་དོ་མེད་པར་དག་ཆེན་རིག་པ་ཡེ་སངས་རྒྱས་པའི་ངོ་བོར་སྐད་ཅིག་གིས་བྱང་ཆུབ་པ་ལ་ཐེ་ཚོམ་མེད་དོ། །དེའི་ཕྱིར་ན་རིག་པའི་ངང་ལས་མ་གཡོས་པར་གཟུགས་སྐུ་ཆོས་ཀྱི་དབྱིངས་

སུ་བསྡུ་བར་མཛད་འཚལ་ལགས། །ཞེས་ཡང་ཡང་གདབ་པས་སྔོན་སྦྱང་ཅུང་ཟད་ཡོད་པ་རྣམས་དེར་གྲོལ་ལོ། །ཅེས་ལན་གསུམ་སོགས་སྒྲ་དག་ལ་གསལ་བར་དལ་བུས་བརྗོད། ཡང་ན་འདི་སྐད་དུ། ཀྱེ་རིགས་ཀྱི་བུ་འོད་གསལ་འདི་རང་བྱུང་གི་ཡེ་ཤེས་དངོས་ཡིན་གྱི་འདིའི་ངང་ལ་སེམས་མ་བཅོས་པར་ཞོག་དང་། ཡར་གྱི་ཟང་ཐལ་དུ་ཁྱོད་སངས་རྒྱས་སོ། །དེས་བློའི་སྤྲོས་པ་མ་ཞིག་ན། ཁྱོད་རང་གི་རིག་པ་ཨཱཿདཀར་པོའི་རྣམ་པར་ཚངས་བུག་ནས་དཔག་ཆེན་གྱིས་མདའ་འཕང་བ་བཞིན་སོང་ལ་སྟེང་གི་ཕྱོགས་ན་ནམ་མཁའ་རྣམ་པར་དག་པའི་འཇིག་རྟེན་ཡོད་དེ་དེ་ན་བཅོམ་ལྡན་འདས་ནམ་མཁའི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱི། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ལྟ་བའི་གནས་ལུགས་རྫོགས་པ་ཆེན་པོ་གཞིའི་དབང་ཡོད་ཀྱི་དབང་དེ་ཞུས་ལ་ཆོས་ཉིད་ཀྱི་གཞི་སྣང་ལ་བཞུད་ཅིག །དེའི་ཚེ་ཁྱོད་ཀ་དག་གི་ས་ལ་སངས་རྒྱས་པར་འགྱུར་རོ། །གལ་ཏེ་དེར་མ་གྲོལ་ན་ཆོས་ཉིད་ཀྱི་བར་དོའི་སྣང་བ་ཐམས་ཅད་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །རང་ངོ་ཤེས་མ་ཐག་ཏུ་ཀ་དག་གི་དབྱིངས་སུ་བདེ་བར་གཤེགས་ཤིག །ཅེས་ལན་གསུམ་བརྗོད་ཅིིང་རང་ཉིད་ཀྱང་མཉམ་པར་བཞག་གོ །འདི་ནི་རྫོགས་པ་ཆེན་པོ་རང་བྱུང་སོགས་ནས་བཏུས་པ་ཡིན་པས་མཆོག་ཏུ་འཕགས་ཏེ། དེ་ཡང་ངོ་སྤྲོད་སྤྲས་པ་ལས། གསང་བའི་བདག་པོ། དབང་པོ་ལ་རྣོ་བརྟུལ་མེད་དོ། །ཤེས་རབ་ལ་ཆེ་ཆུང་མེད་དོ། །དུས་ལ་སྔ་ཕྱི་མེད་དོ། །ན་སོ་ལ་རྒན་གཞོན་མེད་དོ། །སྡིག་པ་ལ་ཆེ་ཆུང་མེད་དོ། །འཆི་ཁར་བསྟན་ཀྱང་སངས་རྒྱ་བའི་འཆི་ཁ་མ་བསྒྱུར་ཐབས་ཀྱི་མན་ངག་ཅེས་བྱའོ། །རིགས་ཀྱི་བུ་ངའི་མན་ངག་རིན་པོ་ཆེ་འདི་ནི་མ་སྒོམ་པར་སངས་རྒྱ་བ་ཡིན་ནོ། །དེའི་ཕྱིར་ན་གདམ་ངག་ཅན་

གནད་ཀྱིས་སངས་རྒྱ་བ་ཡིན་ནོ་ཞེས་གསུངས་སོ། །དེ་ཡང་ཁྱོད་རང་འཆི་བའི་ཐོག་མར་ཐིམ་རིམ་འོང་ཚུལ་ནི། དང་པོ་ས་ཆུ་ལ་ཐིམ་པས་ཕྱི་རྟགས་སུ་ལུས་འགུལ་བསྐྱོད་མི་ནུས་ཤིང་ལུས་ས་ལ་བྱིང་སྙམ་བྱེད། ནང་རྟགས་སུ་སྨིག་རྒྱུའི་ཆར་ཟིལ་དང་ཆུ་གཡོ་ལྟ་བུ་སྔོ་མེར་མེར་ལམ་ལམ་དུ་ཤར། ཆུ་མེ་ལ་ཐིམ་པས་ཕྱི་རྟགས་སུ་ཁ་སྣ་སྐམ་ཤིང་ལྕེ་རྐན་ཕུག་འགྲོ། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུའི་དམར་ཁྲོལ་ཁྲོལ་འབྱུང་། མེ་རླུང་ལ་ཐིམ་པས་ཕྱི་རྟགས་སུ་ལུས་དྲོད་མཐའ་ནས་ཡལ། ནང་རྟགས་སུ་དུ་བ་ཕྱུར་བ་ལྟ་བུའི་ཉམས་སྐྱེ། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་རྟགས་སུ་དབུགས་ཐུང་བརྩེགས་སུ་རྒྱུ་ཞིང་། ནང་རྟགས་སུ་མེ་འབར་བ་དང་། སྒྲོན་མའི་ཕྲེང་བ་བཏེགས་པ་ལྟ་བུ་འབྱུང་། དེའི་ཚེ་དབང་པོའི་ཚོགས་དྲུག་གི་ཤེས་པ་རྣམ་ཀྱང་གསལ་བོར་མི་སྣང་ཞིང་འགག །དེ་དུས་སུ་འཆི་ཁ་མའི་ཤེས་པ་དེ་ཡང་རྨི་ལམ་ཟ་ཟའི་སྐབས་ལྟར་ཤེས་པ་ལང་ལིང་བན་བུན་གཅིག་ཏུ་མི་གནས་པར་འཆར་རོ། །དེའི་རྗེས་སུ་རིག་པ་སྙིང་གི་དཀྱིལ་དུ་འདུས་ནས་སྨྲ་ཡང་མི་ཤེས་ཤིང་དྲན་པ་ཉམས། དེ་དུས་ལུས་ནས་སྲོག་རྩའི་ནང་དུ་ཁྲག་ཐིག་གསུམ་རིམ་པས་ལྷུང་ཚེ། ཁ་དང་མིག་སྐྱ་ལོག་འགྲོ་ཞིང་དབུགས་རིང་གསུམ་ཕྱིར་ལ་འཕང་ནས་མགོ་གུག་ཏེ་ཕྱི་དབུགས་ཧིག་ཁྲོག་གིས་ཆད་འགྲོ་བ་ཡིན། དེའི་དུས་སུ་ཁྱོད་ལ་སྣང་མཆེད་ཐོབ་གསུམ་འཆར་བས། དང་པོ་རྣམ་ཤེས་སྣང་བ་ལ་ཐིམ་ཚེ་དབུ་མའི་ཡར་སྣེ་ནས་དཀར་ཆ་ཐུར་དུ་བབས་དུས། ཕྱི་རྟགས་སུ་དཀར་ལམ་འཆར། ནང་རྟགས་སུ་ཞེ་སྡང་གི་རྟོག་པ་སུམ་ཅུ་རྩ་གསུམ་འགག །གསང་རྟགས་སུ་ཤེས་པ་གསལ་ཉམས་དང་ལྡན། གཉིས་པ་སྣང་བ་མཆེད་པ་ལ་ཐིམ་ཚེ། དབུ་མའི་མར་སྣེ་ནས་དམར་ཆ་གྱེན་ལ་ལྡོག་དུས་ཕྱི་རྟགས་སུ་དམར་ལམ་ཤར། ནང་རྟགས་སུ་འདོད་

ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། གསང་རྟགས་སུ་ཤེས་པ་བདེ་ཉམས་དང་ལྡན། གསུམ་པ་མཆེད་པ་ཉེར་ཐོབ་ལ་ཐིམ་ཚེ་དཀར་དམར་གཉིས་སྙིང་དབུས་སུ་འཕྲད་དེ་གནམ་ས་ཁ་བརྡབ་པ་ལྟ་བུའི་སྣང་བ་སྐྱེ། ཕྱི་རྟགས་སུ་ནག་ལམ་འཆར། ནང་རྟགས་སུ་གཏི་མུག་གི་རྟོག་པ་བདུན་འགགས། གསང་རྟགས་སུ་མི་རྟོག་པའི་ཉམས་ཅུང་ཟད་སྐྱེ་ཞིང་རིག་པ་སྙིང་དཀྱིལ་ན་དྲན་མེད་དུ་བརྒྱལ་ལོ། །བརྒྱལ་ཚད་ཡང་རིང་ཐུང་མཐའ་གཅིག་ཏུ་མ་ངེས་སོ། །གང་ལྟར་ཡང་བརྒྱལ་སངས་པའི་ཚེ་གཞིའི་འོད་གསལ་དེ་འགྲོ་བ་ཀུན་ལ་འཆར་བར་བཞེད་པས། དེ་འཆར་ཚུལ་ནི། ཁྱོད་རང་དབུགས་ཆད་མ་ཐག་ཏུ། ཁྱོད་ལ་བར་དོ་དང་པོའི་འོད་གསལ་ཞེས་བྱ་བ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་གནས་ལུགས། ཀ་དག་བློ་བྲལ་གྱི་རིག་པ། རྣམ་རྟོག་གིས་བསླད་གཏན་ནས་མ་ཞུགས་པའི་རང་བྱུང་ཡེ་བབས་(ཤེས་)ཀྱི་ངང་ཟང་ཐལ་ལེ་ཡོད་པ་འདི་ཀ་ངོ་བོ་ཀ་དག་རང་བཞིན་ལྷུན་གྲུབ། ཐུགས་རྗེ་ཀུན་ཁྱབ་སྐུ་གསུམ་དབྱེར་མེད་ཀྱི་ངོ་བོར་བཞུགས་པ་འདི་ཉིད་རང་ངོ་ཤེས་པར་མཛོད་ལ་ཁྱོད་དེའི་ངང་ལ་ཆོས་སྐུའི་དགོངས་པའི་ཀློང་དུ་བཙན་ས་ཟིན་པར་གྱིས་ཤིག །ཅེས་ལན་གསུམ་སོགས་དལ་བུས་སྒྲ་དག་ལ་གསལ་བར་བརྗོད་ལ་རང་ཡང་མཉམ་པར་བཞག །འོ་དེར་མ་གྲོལ་ན་དེའི་རྗེས་སུ་སྒོ་གང་རུང་ནས་རྣམ་ཤེས་ཕྱིར་ཐོན་ནས། འོད་གསལ་གཉིས་པ་དག་པའི་སྒྱུ་ལུས་ཞེས་བྱ་བ་ཤིའམ་མ་ཤི་ངོ་མི་ཤེས་པའི་ཤེས་པ་གསལ་ལམ་མེ་བ་གཅིག་འོང་གསུངས། དེ་དུས་དེར་རྫོགས་རིམ་པ་ཡིན་ན་གནས་ལུགས་མ་བཅོས་པའི་ངང་ལ་མཉམ་པར་ཞོག །བསྐྱེད་རིམ་པ་ཡིན་ན་ཡི་དམ་གྱི་ལྷ་སྣང་ལ་རང་བཞིན་མེད་པ་གསལ་ཐོབ། ཐ་མལ་པ་ཡིན་ན་སངས་རྒྱས་འོད་དཔག་མེད་འཁོར་སྤྱན་རས་གཟིགས་སོགས་ཡིད་ལ་གྱིས་དང་སྐད་ཅིག་མ་དེར་གྲོལ་

གསུངས་སོ། །གཉིས་པ་ནི། འོ་དེར་མ་གྲོལ་ན་དེའི་རྗེས་སུ་ཆོས་ཉིད་བར་དོའི་འཆར་ཚུལ་ནི། ཐལ་འགྱུར་ལས། འདི་ནས་ཆོས་ཉིད་བར་དོར་བཤད། །འཆི་ཁ་ལས་ནི་ཐལ་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། །ལུས་ལས་གྲིབ་མ་བཞིན་དུ་འགྱུར། །ཞེས་པ་ལྟར། ཆོས་ཉིད་ཀྱི་བར་དོ་ཞེས་བྱ་བ་རིག་པ་ཉིད་ལུས་ཀྱིས་རྒྱ་དང་བྲལ་བའི་གནད་ཀྱི་རང་གདངས་གཞི་སྣང་དུ་ཤར་བ། དཔེ་བུམ་པ་ཆག་པའི་མར་མེ་ཕྱིར་གསལ་བ་ལྟར། དེ་ཡང་ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐད་ཅིག་དང་པོ་ཡེ་ཤེས་ཀྱི་མཐོང་ཞེས་བྱ་བ་རང་གི་མིག་གཉིས་ནས་ཕར་འོད་ཟེར་ཚོན་སྣ་ལྔའི་དྲུ་གུ་བརྐྱང་པ་ལྟར་སྣང་ངོ་། །དེའི་ཚེ་ད་ལྟའི་སྣང་བ་འདི་རུ་ལོག་སྟེ་སྒྲ་འོད་ཟེར་གསུམ་གྱི་སྣང་བ་རྒྱ་ཆེར་འཆར་རོ། །དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་ཚེ་སྣང་བ་ཐམས་ཅད་རིགས་ལྔའི་ཚོམ་བུར་འཆར་རོ། །དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་ཚེ་རང་གི་སྙིང་ག་ནས་ཕར་ཡེ་ཤེས་བཞི་ལྡན་གྱི་སྣང་བ་འོད་ཐག་དང་ཐིག་ལེའི་ཚོམ་བུར་འཆར་རོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་ཚེ་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་དུས་གཅིག་ལ་འཆར་རོ། །དེ་དུས་སུ་རྗེས་དྲན་དང་མངོན་ཤེས་སོགས་འཆར་རོ། །དེ་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཀ་དག་ལ་ཐིམ་ཚེ་ཐིམ་ལུགས་བརྒྱད་སྐད་ཅིག་ལ་འབྱུང་བ། ཆོས་ཉིད་བར་དོའི་ཡུན་རིང་ཐུང་ཡང་མཐའ་གཅིག་ཏུ་མ་ངེས་སོ། །དེ་དག་གི་དུས་ན་གྲོལ་བ་གནད་ཀྱི་མན་ངག་ལ་གསུམ་སྟེ། ཆོས་ཉིད་ཀྱི་སྣང་བ་རང་སྣང་དུ་ངོ་ཤེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་པ་དང་། ཤེས་ཐོག་དེར་དར་ཅིག་རང་བཞིན་གྱི་བསམ་

གཏན་ལས་མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དང་། གནས་ཐོག་གི་ངང་རང་ས་ཀ་དག་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་རྣམས་དྲན་པར་བྱ་བ་གནད་གལ་པོ་ཆེ་ཡིན་ནོ། །གསུམ་པ་དེར་མ་གྲོལ་ན་དེའི་རྗེས་སུ་སྲིད་པ་བར་དོའི་སྣང་ཚུལ་ནི། རྒྱུད་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོག་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་དང་། ཇི་སྐད་དུ། ལས་བཟང་ངན་གྱི་སྣང་བ་སྣ་ཚོགས་སུ་ཤར་བས་ལས་ཀྱི་སྣང་བའོ། །ཞེས་སོ། །སྲིད་པ་བར་དོའི་གནས་ཚད་ཀྱང་མཐའ་གཅིག་ཏུ་མ་ངེས་སོ། །དེ་ཡང་རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་གསུངས་སོ། །འདི་དུས་སུ་སྔར་གྱི་གདམས་ངག་དྲན་པ་དང་། བླ་མ་ལ་མོས་གུས་དང་། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་གསོལ་འདེབས། དག་ཞིང་ཡིད་ལ་བྱ་བ་རྣམས་གལ་ཆེའོ། །རང་སློབ་ངོར་ནོར་བུའི་མིང་ནས་བྲིས་པའོ།། །།

རྫོགས་རིམ་བར་དོ་དྲུག་གི་ཁྲིད་བསྡུས་དོན།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྫོགས་རིམ་བར་དོ་དྲུག་གི་ཁྲིད་བསྡུས་དོན་སྙིང་པོར་དྲིལ་བ་བཞུགས་སོ། །

རིག་སྟོང་ཁྱབ་བརྡལ་བླ་མ་ཆོས་ཀྱི་སྐུ། །རིག་རྩལ་འོད་གསལ་བླ་མ་ཞི་ཁྲོའི་ལྷ། །རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས་ལ་འདུད། །རིག་པ་རང་གནས་ཡེ་ཤེས་མངོན་གྱུར་ཤོག །དེ་ལ་འདིར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཉམས་སུ་ལེན་པ་ལ། ཐོག་མར་སྔོན་འགྲོའི་རིམ་པ་ལ་གཉིས། རང་རྒྱུད་འདུལ་བ་དང་རང་རྒྱུད་སྦྱོང་བའོ། །དང་པོ་རང་རྒྱུད་འདུལ་བ་ལ་གསུམ། དང་པོ་ནང་སྔ་མོའི་གཏི་མུག་གཉིད་སྐྲོག་ནས་བཟུང་། འཁོར་བའི་སྡུག་བསྔལ་བསྒོམ་པ། འཆི་བ་མི་རྟག་པ་བསྒོམ་པ། དལ་འབྱོར་རྙེད་དཀའ་བསྒོམ་པའོ། །དེ་ཡང་། ཀྱཻ་མ་ཀྱཻ་མ་མི་རྟག༴སོགས་ཏེ། བསྡུ་ན་འཁོར་བ་འདིའི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་སྡུག་བསྔལ་རྒྱུ་འབྲས་གཉིས་ལ་ཁོལ་མོར་སྤྱོད་པ་ལས་མེད་པས། ད་རེས་འཁོར་བ་འདི་ལས་རྒྱུན་དུ་ཐར་བ་ཞིག་བྱེད་དགོས་ལ། དེ་ཡང་དལ་འབྱོར་འདི་ནི༴སོགས་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་ཞིག་མ་གཏོགས་ཐར་བའི་རྟེན་མེད་པས། ད་རེས་ཁོ་ན་ཙམ་འདི་པའི་ལུས་འདིར་དོན་མེད་འཁོར་བའི་ལས་ལ་མི་གཟད་པར་གཏན་གྱི་བདེ་བ་ཞིག་བསྒྲུབ་པ་ལ་འབད་པར་བྱ་དགོས། དེ་ཡང་ལེ་ལོ་ཕྱི་བཞག་གི་དབང་དུ་མི་བཏང་བར། སྤྱིར་སྣོད་བཅུད་ཐམས་ཅད་མི་རྟག་པ་དང་། སྒོས་འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་

བ་དང་འཛམ་གླིང་གི་ཚེ་ལ་ངེས་པ་མེད་པས་རང་ནམ་འཆི་ཆ་མེད་ཡིན་པ་དང་། ཤི་ཚེ་ཆོས་མ་གཏོགས་ཟས་ནོར་ལོངས་སྤྱོད་དབང་ཐང་ཆེ་ཐོབ་གང་གིས་ཀྱང་མི་ཕན་པས་ན་ད་ལྟ་མྱུར་དུ་བླ་མའི་བཀའ་བཞིན་ཆོས་ཁོ་ན་ཉམས་སུ་ལེན་པར་ཞེ་དམ་དྲག་པོ་ཡང་ཡང་བྱེད་དགོས། དེ་དག་རྒྱས་པར་ཁྲིད་གཞུང་གཞན་རྣམས་སུ་བཤད་དོ། །གཉིས་པ་རང་རྒྱུད་སྦྱོང་བ་ལ་ལྔ་སྟེ། སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར་རོ། །དེ་ལ་བློ་ལྡོག་རྣམ་བཞི་འདིས་ཕྱིའི་འཁོར་བ་ལ་བློ་ལྡོག་པ་དུས་ནམ་དུ་ཡང་དྲན་དགོས་སོ། །དང་པོ་སྐྱབས་འགྲོ་ཁམས་གསུམ་རིགས་དྲུག་མཐའ་ཡས༴སོགས་ཆོས་ཡང་དག་པའི་ལམ་དུ་འགྲོ་བར་བྱེད་པ་ཡིན་པས་འདི་མེད་ཐབས་མེད་དེ། གནས་སྐབས་རང་གཞན་འཁོར་བའི་འཇིགས་པ་ལས་སྐྱོབས་ཤིང་མཐར་ཐུག་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་དེ་ཐོབ་པའི་ཐབས་སྟོན་པ་པོ་སངས་རྒྱས། དེ་ཐོབ་བྱེད་ལམ་ཆོས། དེ་བསྒྲུབ་པའི་གྲོགས་དགེ་འདུན་ཡིན་ལ། དེ་དག་གི་ངོ་བོ་རྩ་བའི་བླ་མ་དཀོན་མཆོག་གསུམ་ལ་དངས་འདོད་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་བཟུང་སྟེ་བསྒྲུབ་པར་དམ་བཅའ་བའོ། །དེ་ནས་ཀྱཻ་མ་ཆོས་རྣམས་ཐམས་ཅད༴ཞེས་སྐྱེས་བུ་ཆེན་པོའི་ལམ་གྱི་རྩ་བ་ཐེག་ཆེན་སེམས་བསྐྱེད་ཡིན་ཏེ། དེ་མེད་པར་སངས་རྒྱས་ཐོབ་པའི་ཐབས་གཏན་ནས་མེད་པས་ཕ་མ་སེམས་ཅན་ཐམས་ཅད་ཐོབ་བྱ་འབྲས་བུ་སངས་རྒྱས་ཀྱི་ས་ལ་བདག་གིས་འགོད་པར་བྱ་སྙམ་པ་དང་། དེ་ཐོབ་བྱེད་ཀྱི་རྒྱུ་ཕྱིན་དྲུག་གམ་ཚོགས་གཉིས་བསྒྲུབ་པ་ལ་དམ་བཅའ་མི་ཉམས་པར་བཟུང་བ་ནི་སྨོན་འཇུག་གི་སེམས་དང་། དེ་དག་གི་བསླབ་བྱ་སོགས་ལ་བློ་སྦྱང་། རྒྱུད་ལ་སྐྱེ་ངེས་ཤིག་མེད་

ཐབས་ཆག་པས་ནན་ཏན་དུ་རྒྱུད་ལ་སྦྱངས་ཏེ་འཁོར་འདས་ཆོས་ཀུན་བདེན་མེད་སྒྱུ་མའི་འཕྲུལ་སྣང་དུ་ཤེས་པར་བྱ་བ་དོན་དམ་སེམས་བསྐྱེད་ཡིན་པས་བདེན་གཉིས་དབྱེར་མེད་ཚོགས་གཉིས་ཟུང་འཇུག་སོགས་ཀྱི་སེམས་བསྐྱེད། དེ་ལྟར་རྒྱུད་ལ་སྐྱེ་བའི་གེགས་བྱེད་པ་ནི། ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་རྣམས་ཡིན་པས་དེ་སྦྱང་བ་ལ་སོ་སོར་ཐབས་སྣ་ཚོགས་ཡོད་ཀྱང་། སྤྱི་གཙུག་པད་ཟླའི༴སོགས་བླ་མ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བདུད་རྩི་འབེབས་སྦྱོང་འདི་ལས་ལྷག་མེད་པས་སྟོབས་བཞི་ཚང་བའི་སྒོ་ནས་གནད་དུ་འགྲོ་ངེས་རེ་གལ་ཆེན་བྱ་བ་དང་། ཚོགས་གཉིས་རྫོགས་པར་བྱེད་པ་ལ་མཎྜལ་གཙོ་བས་ༀ་བཛྲ་བྷུ་མི༴གཞི་མ་དབང་ཆེན༴དུས་གསུམ་གྱི་བདག་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཆགས་ཞེན་མེད་པར་སྐུ་གསུམ་གྱི་ཞིང་ལ་མཎྜལ་དུ་དམིགས་ནས་འབུལ་བར་བྱ་སྟེ། རྒྱུན་དུ་ཚོགས་བསགས་སྒྲིབ་གཉིས་སྦྱང་བ་ལ་འབད་པ་ནི་རྟོགས་པའི་ཡེ་ཤེས་ཡོན་ཏན་ཐམས་ཅད་སྐྱེ་བའི་ཐབས་མཆོག་ཏུ་གྱུར་པའོ། །ཁྱད་པར་གསང་སྔགས་ལམ་གྱི་རྩ་བ་བླ་མ་ཁོ་ན་ལ་རག་ལས་པས་དེ་ཉིད་བསམ་སྦྱོར་གཉིས་ཀྱི་ལེགས་པར་བསྟེན་ཏེ། ཐོག་མའི་མགོན་པོ་ཆོས་སྐུ༴སོགས་མོས་གུས་དྲག་པོས་སྣང་གྲགས་རྟོག་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་བར་འཆར་ནུས་པའི་སྒྲུབ་པ་བླ་མའི་རྣལ་འབྱོར་གསོལ་འདེབས་དང་མཐར་དབང་བཞི་ལེན་པ་ལ། བླ་མ་ཡབ་ཡུམ་སྤྱི་གཙུག༴སོགས་ལ་འབད་ཅིང་ཐུགས་དབྱིངས་སྤྲོས་མེད་ཀློང་དུ་རང་སེམས་འཛིན་མེད་དུ་བསྲེ་བ་ནི་ཉམས་རྟོགས་ཡོན་ཏན་ཐམས་ཅད་སྐྱེ་བའི་ཐབས་གནད་རྨད་དུ་བྱུང་བ་གཅིག་ཆོག་ཡིན་ནོ། །མཐར་བསྔོ་སྨོན་བྱ། གོང་གི་བརྒྱུད་པའི་གསོལ་འདེབས་ནས་བསྟན་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་

རང་གྲོལ་ལས་ལས་རིམ་བར་དོ་དྲུག་གི་ཁྲིད་འཆད་པ་ལ། ངོ་བོ། ངེས་ཚིག །མཚན་ཉིད། དབྱེ་བ། གནས་ལུགས། སྣང་ལུགས་སོགས་རྣམ་གྲངས་བཅོ་བརྒྱད་ཡོད་པས། རྒྱབ་ཆོས་འཁྲུལ་སྣང་རང་གྲོལ་ལྟར་ཤེས་པར་བྱའོ། །བྱེ་བྲག་བསྡུས་དོན་ཙམ་ལ་ཁྲིད་སོ་སོའི་ཉམས་ལེན་ལ་དྲུག་ལས། དང་པོ་སྐྱེ་གནས་བར་དོ་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་པ། ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་ལ། སྤྱིར་སྐྱེས་ནས་མ་ཤི་བར་དེར་མདོ་སྔགས་ཀྱི་ཆོས་སྤྱི་དང་ཁྱད་པར་བསྐྱེད་རྫོགས་ཀྱི་གནད་ལ་ཐོས་བསམ་བསྒོམ་གསུམ་ཡ་བྲལ་དུ་མ་སོང་བར་བརྩོན་པ་ཐམས་ཅད་ཡིན་ལ། འདིར་དེ་དག་ཐམས་ཅད་ལ་མ་ཡེངས་རྩེ་གཅིག་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་དང་། ཆོས་ཀྱི་གནས་ལུགས་ཇི་བཞིན་ཤེས་པའི་ལྷག་མཐོང་གི་ཤེས་རབ་གཉིས་ལྡན་དགོས་པས། དང་པོ་ཞི་གནས་བསྒྲུབ་པ་ལ། དབེན་པའི་གནས་སུ་བྱ་བ་དགུ་ཕྲུགས་སུ་བཏང་ནས་ལུས་རྣམ་སྣང་གི་ཆོས་བདུན་དུ་འཁོད་དེ་མཚན་བཅས་མཚན་མེད་ཀྱི་ཞི་གནས་བསྒོམ་པར་བྱ། དང་པོ་མཚན་བཅས་ལ་མ་དག་པ་ཤིང་བུ་རྡེའུ་དང་། སྨིན་མཚམས་སུ་ཐིག་ལེ་དཀར་འཚེར་སྲན་རྡོག་ཙམ་དང་། སྙིང་དབུས་ཐིག་ལེ་དཀར་སྔོན་གསལ་དྲོད་ཅན་ལ་སེམས་འཛིན་པ་དང་གསུམ་མོ། །དག་པ་ལའང་མདུན་མཁར་རྡོར་སེམས་མཐོ་གང་གསལ་འཚེར་རྒྱན་རྫོགས་པའི་ཐུགས་ཀར་གཏད་པ་དང་། དེ་བཞིན་ཐུབ་དབང་གསེར་མདོག་མཚན་དཔེ་འབར་བ་དང་། སྤྱན་གཟིགས་དཀར་གསལ་ཐུགས་ཀའི་ཧྲཱིཿལ་འཛིན་པ་གསུམ་མོ། ་་་་་་་་་་་་་་་་་་་་་་་རྔུབ་པ་ༀ། གནས་པ་ཨཱཿ། འབུད་པ་ཧཱུྃ་གི་རང་བཞིན་ལ་རིག་པ་ཡེང་མེད་དུ་སེམས་བཟུང་། ཡང་སྲོག་རྩོལ་རླུང་ལའང་གསུམ། ཆོས་བདུན་ས་གནོན་ཅན་རླུང་རོ་བསལ་ནས། རླུང་སྦྱོར་བ་བཞི་ལྡན་དུ་

བཟུང་ལ། རླུང་སེམས་རོ་གཅིག་པར་ལྟེ་འོག་ཏུ་འཛིན་པ་དང་། ཡང་བར་རླུང་བུམ་པ་ཅན་ལ་རླུང་སེམས་དབྱེར་མེད་དུ་བཟུང་བ་དང་། ཡང་རླུང་འཇུག་གནས་དབྱུང་གསུམ་ༀ་སྐུ་ཨཱཿགསུང་ཧཱུྃ་ཐུགས་གསུམ་གྱི་སྒྲ་གདངས་སུ་མོས་པས་རྡོ་རྗེའི་བཟླས་པ་ལ་སེམས་འཛིན་པའོ། །{འདི་ནི་དུས་ནམ་ཡང་བྱས་པས་སྐྱེ་ཚད། }གཉིས་པ་མཚན་མེད་ལ་གསུམ་སྟེ། དང་པོ་ཕྱིའི་ཡུལ་དང་ནང་གི་སེམས་གང་ལ་མ་གཏད་པའི་ཤེས་པ་ཧྲིག་གེར་སེང་ངེ་བའི་ངང་ལ་འཇོག་པ་སྟེ། དེ་ལ་དང་པོ་ཡེངས་མེད་ཀྱི་དྲན་པས་བསྒྲིམ་ཧྲིག་གེར་འཇོག །བར་དུ་རང་ངོ་ཤེས་ཙམ་དུ་གར་གཏད་འདིར་གནས་མེད་པར་ཡངས་པ་ཁྲོལ་ལེར་འཇོག །ཐ་མ་རེས་འཇོག་མི་དགོས་པར་གང་ལྟར་བཞག་ཀྱང་ཡུལ་སྣང་ལ་རྟོག་པ་མེད་པར་ཟང་ཐལ་ལེར་འཇོག །དེ་དག་གི་ཚེ་ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་བརྟེན་པ་སོགས་ཀྱིས་བྱིང་རྨུག་འཐིབ་གསུམ་འཕྲོ་རྒོད་འཐོར་གསུམ་སོགས་སྐྱོན་དང་བྲལ་བར་བདེ་གསལ་མི་རྟོག་པའི་ཉམས་ལ་འཛིན་ཞེན་མེད་པར་བསྒོམས་པས་བཏང་འགྲོ་བཞག་སྡོད་རང་དབང་ཐོབ་པའི་ཤིན་སྦྱངས་སྐྱེ་བ་ཞིག་དགོས་སོ། །གཉིས་པ་ལྷག་མཐོང་ལ་ཡང་གསུམ་སྟེ། དང་པོ་དེ་ལྟ་བུའི་སེམས་དེ་སྐྱེ་བའི་འབྱུང་ཁུངས། གནས་པའི་འདུག་ས། འགག་ནས་འགྲོ་ས་སོགས་ཡོད་དམ་མེད། དབྱིབས་ཁ་དོག་དངོས་ཡོད་དངོས་མེད་ཇི་ལྟར་ཡིན། དུས་གསུམ་གྱི་རྣམ་རྟོག་དང་གཅིག་གམ་ཐ་དད། ཡོད་ན་སྣོད་བཅུད་ཕུང་པོ་ལྔ་སོགས་གང་ན་ཡོད། མེད་ན་སྐྱེ་བ་སྔ་ཕྱི་འཁོར་འདས་རྒྱུ་འབྲས་སོགས་ཅི་ལས་བྱུང་ཞིབ་པར་དཔྱད་པས་ཆོས་དང་གང་ཟག་ཐམས་ཅད་གཞི་མེད་རྩ་བྲལ་སྤྲོས་པའི་མཐའ་ལས་འདས་པ་ཡོད་མེད་ཡིན་མིན་གང་དུའང་མ་གྲུབ་པའི་གནས་ལུགས་སུ་ངོ་སྤྲད་པར་བྱ། དེ་ལ་མཐའ་བྲལ་བསམ་བརྗོད་ལས་འདས་པའི་ངང་

དེར་སེམས་ཀློད་དེ་མ་བཅོས་པར་བཞག་པས་བློ་འདས་རྟོག་མེད་ཀྱི་ཉམས་མྱོང་། མྱང་བྱ་མྱོང་བྱེད་[གཉིས་བྲལ་]ཀྱི་ཤེས་པ་ཞིག་འབྱུང་། དེ་ཆོས་ཐམས་ཅད་ཀྱི་གནས་ལུགས་རིག་པའི་ཡེ་ཤེས་ངོ་རང་ཐོག་ནས་སྤྲད་པའོ། །དེའི་གཤིས་ལ་བཟང་ངན་སྐྱོན་ཡོན་གང་གིས་སྒྲོ་འདོགས་སུ་མེད་པ་སྟོང་སེང་ངེ་བ་མཁའ་ལྟར་ཁྱབ་ཅིང་བརྡལ་བ་གདངས་ཉི་མ་སྤྲིན་གྱིས་མི་མངོན་པར་བསྒྲིབ་ཀྱང་འོད་ཀྱི་སྣང་བ་བཀྲ་ལམ་མེ་ཡོད་པ་ལྟར། གཤིས་རྟོག་མེད་དམིགས་སུ་མེད་པ་ལས། ཚོགས་དྲུག་གི་སྣང་བ་འགག་མེད་དུ་ུགསལ་བ་དང་། དེ་ལས་ཟེར་མདངས་ལྟར་འཁོར་འདས་བཟང་ངན་རྒྱུ་འབྲས་ཐམས་ཅད་གཤིས་ལ་མེད་བཞིན་སྣང་ཆ་རྟེན་འབྲེལ་འགག་མེད་དུ་འཆར་བའི་ཤེས་རབ་ཐུགས་རྗེའི་རྩལ་དེ་ལ། ངོ་བོ་སྟོང་པ་ཆོས་སྐུ་དང་། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་འགག་མེད་སྤྲུལ་སྐུ་ཞེས་སྐུ་གསུམ་དུ་ངོ་སྤྲད་ཀྱང་དོན་ལ་དབྱེ་བ་མེད་པ་རང་གི་མྱོང་ཐོག་ནས་ཤེས་དགོས། ཁ་བཤད་ལ་སྟོང་གསལ་འགག་མེད་སོགས་བརྗོད་ཀྱང་ཕྱོགས་སུ་མི་ཉེ་བས་བླ་མའི་མོས་གུས་དང་བརྩོན་འགྲུས་ལ་རག་ལས་ཤིང་། དེ་ལྟར་ཁ་མིན་དོན་ལ་ངོ་འཕྲོད་ན་ནི་ཕྱག་རྫོགས་དབུ་གསུམ་སོགས་ཚིག་གིས་གང་བཏགས་པ་ཐམས་ཅད་དོན་ལ་སྤྲོས་པའི་མཐའ་ལས་འདས་པའི་ཡེ་ཤེས་སུ་གཅིག་པར་མདོ་རྒྱུད་ཀྱི་ལུང་གི་རྒྱབ་སྐྱོར་དང་བཅས་ཏེ་ཐེ་ཚོམ་བཅད་པའོ། །སྤྱི་དོན་གཉིས་པ་རྨི་ལམ་བར་དོར་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟ་བུའི་གདམས་ངག་ལ། ཉིན་པར་སྒྱུ་ལུས་ཀྱི་ཁྲིད་སྣང་བ་རང་གྲོལ་དང་། མཚན་མོ་རྨི་ལམ་གྱི་ཁྲིད་འཁྲུལ་བ་རང་གྲོལ་དང་། རྗེས་སྣང་འོད་གསལ་གྱི་ཁྲིད་གཏི་མུག་རང་གྲོལ་དང་གསུམ་ལས། དང་པོ་སྒྱུ་ལུས་ལ་མ་དག་པའི་སྣོད་བཅུད་དང་།

དག་པའི་སྐུ་དང་ཞིང་ཁམས་སྦྱང་བ་གཉིས་ལས། དང་པོ་ཕྱི་སྣོད་ནང་བཅུད་ཀྱི་མ་དག་པའི་རྣམ་པའི་འཇིག་རྟེན་འདི་དག་ཐམས་ཅད་དོན་ལ་སྡུག་བསྔལ་ཕྲ་མོ་ཙམ་ཡང་གྲུབ་པ་མེད་བཞིན་དུ་སྒྱུ་མའི་འཕྲུལ་དང་རྨི་ལམ་གྱི་སྣང་བ་དང་འདྲ་བར་སེམས་ཀྱི་བག་ཆགས་ཀྱི་མཐུས་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་དུ་གཟུགས་བརྙན་དང་བྲག་ཆ་དང་ཆུ་ཟླ་དང་སྤྲུལ་བ་དང་། སྨིག་སྒྱུ་སོགས་སྒྱུ་མའི་དཔེ་བཅུ་ཇི་ལྟར་འབྱུང་བ་ལས་དོན་ལ་ཡེ་ནས་མ་གྲུབ་པར་རྟོགས་པར་བྱ་བ་ལ། དབེན་པའི་གནས་སུ་གསོལ་འདེབས་དང་བཅས། རང་མདུན་མེ་ལོང་གཡའ་དག་ངོས་སུ་རང་ལུས་གཟུགས་བརྙན་ཤར་བ་ལ་མཛེས་མི་མཛེས་བསྟོད་སྨད་བཟང་ངན་སོགས་གང་བྱས་ཀྱང་དེ་ལ་དགའ་སྡུག་གི་རྟོག་པ་མེད་པ་དེ་བཞིན་དུ་རྒྱུ་རྐྱེན་རྟེན་འབྲེལ་ལས་གྲུབ་པའི་ངང་ལས་ཡང་དག་མིན་ལ་བདག་གིར་འཛིན་པ་འཁྲུལ་བར་ཤེས་ནས་གཟུགས་བརྙན་ལྟར་དགའ་གདུང་ཁྱད་མེད་དུ་སྦྱངས་ཏེ་མཐར་རང་གཞན་སྣོད་བཅུད་ཐམས་ཅད་སྒྱུ་མ་གཟུགས་བརྙན་རྨི་ལམ་ལྟ་བུར་སྦྱང་བར་བྱའོ། །རྒྱུ་རྫས་སྔགས་བསྒྲུབ་པའི་མི་དང་རྒྱུ་རྐྱེན་ཐམས་ཅད་རྐྱེན་འདུས་པའི་སྒྱུ་མ། གཡོ་བའི་རང་བཞིན་རྨིག་སྒྱུ། མེད་བཞིན་གསལ་བ་རྨི་ལམ། སྟོང་བཞིན་གསལ་བ་གཟུགས་བརྙན། གློ་བུར་སྣང་ཙམ་གློག་གམ་ཆུ་བུར། དྲི་ཟའི་གྲོང་ཁྱེར། བསམ་མེད་བརྗོད་པ་བྲག་ཆ། སྣང་བཞིན་སྟོང་པ་ཆུ་ཟླ། དུ་མར་སྣང་བའི་སྤྲིན་དང་། འཁོར་འདས་དབྱེར་མེད་གཉིས་སུ་སྣང་བ་མིག་བཙིར་བས་གཟུགས་གཉིས་སུ་སྣང་བ་མིག་ཡོར་ལྟ་བུའོ། །ཡང་ན་ལུས་ལ་གྲིབ་མ་སྣང་ལྟར་གཉིས་སྣང་ཤར་བར་གསུངས་སོ། །སྤྲུལ་པ་སྣ་ཚོགས་མེད་བཞིན་སྣང་ལ་སྟོན་པ་རྣམས་སོ་མཆན། དེ་བཞིན་དུ་ངག་གྲགས་སྟོང་བྲག་ཆའི་སྒྲ་ལ་སྦྱང་པ་ལ་དབེན་པར་བྲག་ཆ་དེ་བཞིན་གྱི་(གཞན་གྱིས་)རང་ལ་དངོས་སུ་བརྗོད་པར་མོས་ཏེ། རང་གི་སྐྱོན་ཡོན་ཏན་བཟང་ངན་དགའ་སྡུག་རེ་དོགས་མེད་པར་བརྗོད་ནས། དགའ་སྡུག་རེ་དོགས་བྱུང་ན་བྲག་ཆ་རྒྱུ་རྐྱེན་རྟེན་

འབྲེལ་ལས་བྱུང་བ་མ་གཏོགས་བསྟོད་སྨད་མཁན་སུ་འདུག །དེ་བཞིན་བསྟོད་སྨད་སོགས་སྨྲས་ཚད་ཐམས་ཅད་སྒྲ་སྟོང་པ་བྲག་ཆ་གྲགས་པ་ལྟར་ཐག་མ་ཆོད་བར་དུ་སྦྱང་། ཡིད་ཀྱི་རྟོག་ཚོགས་ཐམས་ཅད་ཀྱང་བར་སྣང་སྟོང་བར་རྒྱུ་རྐྱེན་ཚོགས་པས་སྨིག་སྒྱུ་འཆར་བ་ལྟར་ཡུལ་དབང་ཤེས་པ་གསུམ་འཚོགས་པ་ན། བཟང་ངན་དགའ་སྡུག་རེ་དོགས་ཀྱི་རྟོག་ཚོགས་ཤར་ཡང་སྨིག་སྒྱུ་ལ་བྱུང་གནས་འགྲོ་གསུམ་བདེན་པར་མེད་པ་ལྟར་རྟོག་ཚོགས་སེམས་སྣང་ཐམས་ཅད་སྐྱེ་འགག་མེད་པར་ནམ་མཁའི་རི་མོ་ལྟར་རང་ཡལ་རང་གྲོལ་དུ་ཤེས་པས་སྦྱང་བར་བྱའོ། །གཉིས་པ་དག་པའི་སྒྱུ་ལུས་ལའང་། དང་པོ་རང་མདུན་ཤེལ་སྒོའི་ནང་རྡོར་སེམས་སོགས་ཀྱི་སྐུ་གཟུགས་འཆར་བཅུག་ལ། དེ་ལྟར་དུ་རང་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མ་དག་པར་སྣང་ཡང་དོན་ལ་ཤིན་ཏུ་ཕྲ་བའི་རླུང་སེམས་སྒྱུ་མའི་ལྷ་སྐུའི་རྣམ་རོལ་དངོས་སུ་ཡེ་ནས་ཡིན་པར་སྣོད་བཅུད་མ་དག་པའི་སྣང་ཞེན་མི་དམིགས་པའི་སྟོང་པར་སྦྱངས་ལ་གཉུག་མའི་རིག་སྟོང་ཡི་དམ་གྱི་རྣམ་པར་བཞེངས་པ་དང་། དེ་ཡང་ཕུང་ལྔ་རིགས་ལྔ་ཁམས་ལྔ། དབང་ཡུལ་སེམས་དཔའ་སེམས་མ་རྟོག་ཚོགས་ཁྲོ་བོ་ཁྲོ་མོའི་རང་བཞིན་ཏུ་ཡེ་ནས་ཡིན་པ་ལ་ངེས་ཤེས་དང་བཅས་པས་གསལ་བཏབ། དེ་བཞིན་གཞན་རྒྱུད་དུ་སྣང་བའི་ཞིང་དང་སེམས་ཅན་ཐམས་ཅད་གཞལ་ཡས་ཁང་དང་ལྷའི་རང་བཞིན་དག་པ་རབ་འབྱམས་འབའ་ཞིག་གི་རྣམ་རོལ་སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་བ་བཟའ་བཏུང་ཚོགས་འཁོར་འགུལ་བསྐྱོད་སོགས་ཕྱག་རྒྱ་སོགས་བསྐྱེད་པས་སྦྱང་བར་བྱའོ། །སྦས་དོན་རླུང་སེམས་ཀྱི་སྒྱུ་ལུས་ནི། རླུང་སེམས་དབུ་མར་ཐིམ་པ་ལས་འཆི་རིམ་ཇི་བཞིན་དཔེའི་འོད་གསལ་སྟོང་བ་ལས་ཕྲ་བའི་རླུང་སེམས་སྒྱུ་ལུས་སུ་ལྡང་ལ་

མཐར་དེ་ཉིད་གཉིས་སྣང་ཕྲ་མོ་ནུབ་པའི་དོན་གྱིས་འོད་གསལ་དག་པའི་སྒྱུ་ལུས་སུ་དངོས་སུ་ལྡང་ནུས་པ་ན་རྒྱུ་འོད་ཟུང་འཇུག་གི་སྐུ་ཐོབ་པའོ། །གཉིས་པ་རྨི་ལམ་འཁྲུལ་སྣང་རང་གྲོལ་ལ་གསུམ་ལས། དང་པོ་རྨི་ལམ་བཟུང་བ་ལ། ཉིན་སྣང་ཐམས་ཅད་སྒྱུ་མ་དང་རྨི་ལམ་ཁོ་ནར་བསམས་ཏེ་འདུན་པ་སྦྱངས་ཤིང་ཉལ་ཁར་གསོལ་འདེབས་དང་རྨི་ལམ་འཛིན་པའི་འདུན་པ་བཅས། སེངྒེའི་ཉལ་སྟབས་ཀྱིས་རང་ལུས་གནས་ཁང་ཐམས་ཅད་དང་བཅས་གསལ་འོད་ཀྱི་རྣམ་པར་གསལ་བས་མགྲིན་པར་སྐུ་རྟེན་བླ་མ་ཨོ་རྒྱན་ཆེན་པོ་ཚོན་གང་བ་གསལ་སྟོང་ལམ་མེ་བ་ལ་སེམས་གཏད། རྨི་ལམ་གྱི་རྟེན་ལྷ་མགྲིན་པར་བསྒོམ་ན་མཆོག་ཡིན། འོད་གསལ་གྱི་རྟེན་སྙིང་དབུས་བསྒོམ་ན་མཆོག་ཡིན་མཆན། ཡང་ན་རྡོར་སེམས་སོགས་གསལ་ལ་སེམས་གཏད་དེ་གཉིད་པར་བྱ། སད་རེས་བཞིན་ཡང་ཡང་གསལ་བཏབ་ལ་སེམས་མ་ཡེངས་པར་བྱའོ། །རྣམ་ཤེས་བར་དོའི་སྐབས་བྱ་བ་བྱེད་ལས་ཐམས་ཅད་རྨི་ལམ་ཡིན་བསམ་པ་གལ་ཆེ་མཆན། དེ་བཞིན་དུ་མགྲིན་པར་གསུང་རྟེན་ཡིག་འབྲུ་པདྨ་འདབ་བཞིའི་དབུས་སུ་ༀ་དང་། ཕྱོགས་བཞིར་ཨཿདཀར་མདུན་ནུཿསེར་གཡས་ཏཿདམར་རྒྱབ་རཿལྗང་གཡོན་བཞིར་གསལ་ཏེ་དང་པོ་ༀཿལ་སེམས་གཏད། གཉིད་ཕེབ་དུས་ནས་རིམ་པར་ཨཿནུཿཏཿརཿདང་གཉིད་དུས་ༀཿལ་སེམས་གཏད་དེ་བཟུང་ངོ་། །ཡང་མགྲིན་པར་ཐུགས་རྟེན་འོད་ཀྱི་ཐིག་ལེ་དཀར་གསལ་སྒྲིབ་མེད་ལ་བཟུང་སྟེ་སྦྱངས་པ་རྣམས་སོ། །དེ་དག་གིས་མ་ཟིན་ན་ཚོགས་བསྐངས་དང་བཤགས་པ་དབང་ལེན་པ་སོགས་བྱས་ནས་སྦྱང་ངོ་། །གཉིས་པ་ཟིན་ནས་སྤྲུལ་བསྒྱུར་ལ་བསླབས་པ་ནི། དེ་ལྟར་རྨི་ལམ་ཡིན་པར་ཤེས་དུས་བདེན་མེད་སྟོང་གསལ་གྱི་གཟུགས་ཡིན་པར་ཐག་ཆོད་ནས། མི་ཕོད་པ་ལ་ཐོག་བརྫིས། མི་ཆགས་པར་མཆོད་སྦྱིན་དང་གཏོང་ལེན་སོགས་དང་། ཁྱད་པར་རྨི་ལམ་བག་

ཆགས་ཡིད་ལུས་ཀྱི་ཚབ་ཏུ་འོད་གསལ་ལས་སྒྱུ་མའི་ལྷ་སྐུར་བཞེངས་ཤིང་། ཞིང་ཁམས་རྣམས་སུ་ཆོས་ཞུ་བ་དང་། འཇིག་རྟེན་ཁམས་སུ་འགྲོ་དོན་སོགས་མཛད་པ་ལ་རྩལ་སྦྱངས་ཏེ་སླར་ཡང་སད་ཁར་ལུས་རྙིང་པ་དམ་ཚིག་པ་ལ་སྒྱུ་ལུས་སྦྱང་ཞིང་རྨི་ལམ་གྱི་འདུན་པ་ལ་གོམས་པར་བྱ། ཡེ་ཤེས་པའི་ཚུལ་དུ་སྙིང་གར་འཇུག་པར་དངོས་གྲུབ་མོས་པས་སྦྱང་བར་བྱའོ། །གསུམ་པ་གེགས་སེལ་ལ་བཞི་སྟེ་རྨི་ལམ་ཟིན་ཚེ་སད་པ་ནི་སད་འབྱམས་སྟེ། དེ་ལ་རྐང་མཐིལ་དུ་ཐིག་ལེ་ནག་པོ་སྲན་མ་ཙམ་ལ་སེམས་གཏད། ཟིན་ནས་སླར་བརྗེད་འགྲོ་བ་ནི་བརྗེད་འབྱམས་ཏེ། ཉིན་པར་སྒྱུ་ལུས་དང་མཚན་མོ་ཟིན་པ་མི་བརྗེད་པའི་འདུན་པ་དྲག་ཏུ་བཟུང་། གཉིད་ཡལ་ནས་མི་ཕེབས་པ་སྟོང་འབྱམས་ཏེ། སྙིང་དབུས་སུ་ཐིག་ལེ་ནག་པོ་སྣུམ་བརྗིད་ལྡན་པ་ལྷོད་དེ་སེམས་བཟུང་། བག་ཆགས་འཁྲུལ་འབྱམས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་བྱ་བྱེད་ཐམས་ཅད་ཕྱོགས་གཅིག་ཏུ་མཐོང་བ་དེ་ཡིན་མཆན། དམ་འདྲེས་སུ་འཁྲུལ་ཏེ་མི་ཟིན་པར་འབྱམས་པ་ལ་སྒྲིབ་སྦྱངས་བསྐང་བཤགས་སོགས་བླ་མར་མོས་གུས་དང་བར་རླུང་སོགས་ལ་སྦྱངས་ཏེ་འཛིན་པས་སེལ་ལོ། །ལར་རྨི་ལམ་འོད་གསལ་གང་ལ་བླ་མར་མོས་གུས། ཉམས་ལེན་གནད་མཐུད། རྟེན་ཐིག་ལེ་མ་ཉམས་པ། སྣོད་བཅུད་སྒྱུ་མར་ཤེས་པ། ཆགས་སྡང་དབང་དུ་མི་གཏོང་བའི་དྲན་པ་དང་ལྔ་ནི་གལ་ཆེ་བའི་དམ་ཚིག་གོ །གསུམ་པ་འོད་གསལ་གཏི་མུག་རང་གྲོལ་ལ། སྤྱིར་འོད་གསལ་ལ་རྣམ་གྲངས་དུ་མ་ཡོད་ཀྱང་བསྡུས་ན་གཞི་ལམ་འབྲས་གསུམ་གྱི་འོད་གསལ་གསུམ་ལ་འདུ་སྟེ། གཞི་སེམས་ཅན་ཐམས་ཅད་ལ་ཡེ་ནས་འོད་གསལ་བའི་རིག་པ་ཡོད་པས་སྙོམས་འཇུག་བརྒྱལ་བ་གཉིད་དུས་སོགས་ལ་སེམས་འགགས་ཏེ་ཆ་འདྲ་རེ་འཆར་ལ་འཆི་

དུས་འབྱུང་ལྔ་ཐིམ་རིམ་གྱི་རླུང་སེམས་རགས་པ་ནས་འགགས་སྟོབས་ཀྱི་སྨིག་སྒྱུ་སོགས་རྟགས་དྲུག་དང་། སྣང་མཆེད་ཐོབ་གསུམ་རྫོགས་ནས་ཉེར་ཐོབ་དངོས་འཆར་བ་དེ་དང་། ལམ་གྱི་སྐབས་སུའང་རླུང་དང་གཏུམ་མོ་སོགས་སྦྱངས་པའི་སྟོབས་ཀྱིས་བདེ་གསལ་མི་རྟོག་པའི་ཉམས་དང་དཔེའི་འོད་གསལ་སོགས་འཆར་བ་རྣམས་དང་། འབྲས་བུའི་སྐབས་ཁྱབ་བྱེད་ཀྱིི་རླུང་བཅས་སྙིང་གར་ཐིམ་པའོ། །རྫོགས་ཆེན་རླུང་སེམས་རང་དངོས་སུ་ཟད་ནས་གཉིས་སྣང་བྲལ་བའི་དོན་གྱི་འོད་གསལ་མཐར་ཐུག་པ་མངོན་དུ་འགྱུར་བ་དང་གསུམ་མོ། །དེ་ཡང་བསྒོམ་བསྒྲུབ་ཉིན་མཚན་ཁ་སྦྱོར་དུ་འགྲོ་ཐབས་ལ། ཉལ་ཁར་བླ་མར་གསོལ་འདེབས་དབང་ལེན་གྱིས་ཐུགས་ཡིད་དབྱེར་མེད་ངང་དུ་བར་རླུང་ཅུང་ཟད་བཟུང་སྟེ། སྙིང་གར་མི་ཤིགས་པའི་ཐིག་ལེ་སྟོང་གསལ་དྭངས་མ་ལྔ་ལྡན་ལ་སེམས་བཞག་དེ་གཉིད་པས། དང་པོ་རྨི་ལམ་ཟིན། བར་དུ་འལ་འོལ་འཛིན་མེད་དུ་ཡལ། མཐར་རླུང་སེམས་སྙིང་དབུས་སུ་ཐིམ་པས་སྟོང་བཞིའི་འོད་གསལ་རིག་པའི་ངང་མ་ཤོར་བར་རྨི་ལམ་མེད་ཅིང་སྣང་བ་མ་འགགས་པར་སད་པ་འབྱུང་། དེའི་ངང་ལས་སླར་སྒྱུ་མའི་ལྷ་སྐུར་ལྡང་བར་བྱའོ། །དེ་ལ་ཕྱིར་སད་དུས་སྦྱང་སྟོབས་དང་གཉིད་དུས་དང་འཆི་དུས་རང་ཤུགས་ཀྱིས་རླུང་སེམས་འགགས་པ་གསུམ་ལ་རིག་སྟོང་འོད་གསལ་དུ་ཆོས་སྐུའི་གཞི་ལ་སྦྱངས། ཡང་སད་དུས་ལྷར་ལྡང་དང་རྨི་ལམ་བག་ཆགས་ཀྱི་ལུས་དང་། བར་དོའི་ཡིད་ལུས་གསུམ་ལ་དྭངས་མའི་རླུང་སེམས་ལས་སྒྱུ་ལུས་སུ་ལོངས་སྐུར་སྦྱངས། ཉིན་དུས་བསྐྱེད་རིམ་དང་། སད་དུས་ལྷར་ལྡང་དང་། བར་དོའི་སྐྱེ་སྲིད་ལེན་པ་གསུམ་ལ་རགས་པའི་གཟུགས་སྐུ་བཞེངས་པས་སྤྲུལ་སྐུར་སྦྱངས་པ་སྟེ་སྐུ་གསུམ་ལམ་ཁྱེར་

བྱེད་ཚུལ་འདི་དག་བླ་མེད་སྤྱིའི་དགོངས་པ་ཡིན་ནོ། །སྤྱི་དོན་གསུམ་པ་བསམ་གཏན་བར་དོའི་ཁྲིད་རིག་པ་རང་གྲོལ་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག་ལ་མཉམ་རྗེས་གཉིས་ལས། དང་པོ་མཉམ་གཞག་ནམ་མཁའ་སུམ་ཕྲུགས་ཀྱི་གདམས་པ་ནི། ཕྱིའི་ནམ་མཁའ་སྟོང་པ་མཐའ་དབུས་མེད་པའི་དབྱིངས་དང་། ནང་གི་ནམ་མཁའ་སེམས་ཉིད་ཡེ་ནས་སྤྲོས་པའི་མཐའ་དང་བྲལ་བ་སྨྲ་བསམ་ཡུལ་ལས་འདས་པའི་དབྱིངས་དང་། གསང་བའི་ནམ་མཁའ་ཙིཏྟ་རིན་པོ་ཆེའི་སྦུབས་ལ་མིག་སྒོར་འབྲེལ་བའི་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཕྱི་ནང་ཟང་ཐལ་སྒྲིབ་མེད་འོད་ཀྱི་ལམ་ནས་དབྱིངས་རིག་སྟོང་གསལ་འཛིན་མེད་དབྱེར་མེད་ངང་དུ་རང་སར་བཞག་པས་འོད་གསལ་རིག་པའི་ཡེ་ཤེས་རང་ཐོག་ཏུ་སྤྲད་པའོ། །དེ་ལ་ལུས་མི་གཡོ། མིག་མི་འགུལ། རླུང་རང་བབས་སུ་སྣང་བ་རང་བབ་རིག་པ་ཅོག་བཞག་གི་ངང་ལ་དྲན་པ་གཏད་མེད་རྣམ་རྟོག་བདག་མེད་དུ་འཇོག་པ་ནི་གནད་ཆེ་ལ། ལྟ་བ་རི་བོ་ཅོག་གཞག །སྒོམ་པ་རྒྱ་མཚོ་ཅོག་གཞག །སྤྱོད་པ་སྣང་བ་ཅོག་གཞག །འབྲས་བུ་རིག་པ་ཅོག་གཞག །རྣམ་པ་བཞི་རུ་གསུངས་སོ། །མཉམ་རྗེས་གང་ལའང་རིག་པ་ཡེངས་མེད་འཛིན་མེད་མ་བཅོས་རང་ཁར་འཇོག་པ་ལས་གཞན་མེད་པར་ཐག་གཅིག་ཐོག་ཏུ་བཅད་པར་བྱའོ། །གཉིས་པ་རྗེས་ཐོབ་རྟོག་ཚོགས་རང་གྲོལ་ལ་སྤྱིར་མཉམ་གཞག་ནམ་མཁའ་ལྟ་བུ། རྗེས་ཐོབ་སྒྱུ་མ་ལྟ་བུ་སོགས་འཇོག་ཚུལ་མང་ཡང་འདིར་རིག་པ་ཡེ་ཤེས་ཁོ་ན་ལས་དབྱེ་བ་མེད་པས་དེ་ལ་བཟང་ངན་གྱི་རྟོག་ཚོགས་གང་ཤར་ཐམས་ཅད་ཡེ་ནས་རང་གྲོལ་དུ་ཡོད་དེ། ད་གཟོད་གྲོལ་མི་དགོས་ཏེ་མ་བཅོས་པར་འཇོག་པ་གནད་རང་གི་ངོ་བོས་རང་གྲོལ་ནས་གཉེན་པོ་མི་དགོས་ཏེ་བཟོ་བཅོས་མི་བྱེད་པ་གནད་ཅེར་

གྱི་ཤར་ཙམ་ན་ཡུལ་མེད་ཟང་ཐལ་དུ་གྲོལ་ཚར་བས་རྟོག་དཔྱོད་མི་ཁོམ་སྟེ་རང་སར་འཇོག་པ་གནད། དེ་ཡང་སྤྲོས་པའི་མཐའ་ཐམས་ཅད་ལས་གྲོལ་ནས་བློས་དཔྱད་འཇོག་མི་དགོས་ཏེ་རྩོལ་མེད་དུ་འཇོག་པ་གནད་ཡིན་ནོ། །དེ་ལྟར་ངོ་བོ་དང་རྩལ་སོ་སོ་མ་ཡིན་ཆུ་དང་རླན་ཉི་མ་དང་ཟེར་གདངས་ལྟར་ཤེས་པའི་གྲོལ་ལུགས་བཞིས་གདེངས་གྲོལ་ཐོག་ཏུ་བཅའ་དགོས་པའོ། །རིམ་པར་གོམས་པའི་ཆ་ནས་གྲོལ་ལུགས་གསུམ་དུའང་གསུངས་སོ། །སྤྱི་དོན་བཞི་པ་འཆི་ཁ་བར་དོ་འཕོ་བ་དྲན་པ་རང་གྲོལ་རྒྱལ་པོའི་བཀའ་ཐམ་བསྐུར་བ་ལྟ་བུའི་གདམས་ངག་ལ། འཆི་ལྟས་བརྟགས་ཏེ་བཟློག་པ་དང་། མ་བཟློགས་ན་འཕོ་བའི་གདམས་པ་བསྒོམ་པ་དང་གཉིས་ལས། དང་པོ་འཆི་ལྟས་མཚན་མ་རང་གྲོལ་ལྟར་དུ་རིང་བ་དང་ཉེ་བ་དང་ཤིན་ཏུ་ཉེ་བའི་རྟགས་རྣམས་ལ་དུས་སུ་ལེགས་པར་བརྟགས་ཏེ་འཆི་རྟགས་བྱུང་ན་ནི་འཆི་བསླུ་འཇིགས་པ་རང་གྲོལ་ལྟར་དང་། ཚེ་སྒྲུབ་འཆི་བསླུ་སོགས་བྱས་ཏེ་བཟློག་གོ །གཉིས་པ་ལ་འཕོ་བ་སྦྱང་ཚུལ་དང་། འཆི་དུས་ལས་ལ་སྦྱར་བ་གཉིས་ལས། དང་པོ་འཕོ་བ་སྦྱང་བ་ལ་ལུས་གནད་སྐྱིལ་ཀྲུང་དྲང་པོ་ས་གནོན་པུས་བཀབ་དཔུང་བརྒྱང་དེ་རླུང་རོ་བསལ་རང་ལུས་སྟོང་གསལ་འོད་ཀྱི་སྙིང་གར་ཧཱུྃ་མཐིང་གསལ་བ་ལས་ཧཱུྃ་དགུ་ཆད་དེ་འཁོར་བའི་སྒོ་བུ་ག་དགུ་པོ་ཐེམ་གྱིས་བཀག །ལུས་དབུས་དྲང་པོར་རྩ་དབུ་མ་དཀར་ལ་སྔོ་བའི་མདངས་ཅན་དྲང་ཞིང་གསལ་བ་མར་སྣེ་ལྟེ་འོག་ཏུ་ཟུག་པ། ཡར་སྣེ་ཚངས་བུག་ཏུ་ཧར་རེ་ཡོད་པ་ཧཾ་གིས་བཀག་པར་གསལ། ལྟེ་འོག་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་འཚེར་འཕར་ལྷང་ལྷང་ཡོད་པ། སྤྱི་བོར་བླ་མ་རྡོ་རྗེ་འཆང་ངམ་འོད་དཔག་མེད་ཀྱི་རྣམ་པར་གསལ་བའི་མཐར་བརྒྱུད་པའི་བླ་

མ་ཐམས་ཅད་ཀྱིས་བསྐོར་བ་ལ་མོས་གུས་དྲག་པོས་འཇའ་ཟུག་མ་སོགས་ཀྱི་གསོལ་བ་བཏབ་རྗེས་ཧིག་བདུན་བདུན་གྱིས་ལྟེ་བ་སྙིང་ག་མགྲིན་པ་སྨིན་མཚམས་སྤྱི་བོའི་ཧཾ་ལ་བསྟིིམས་པའམ་བླ་མའི་ཐུགས་ཀར་བསྟིམས་ལ། སླར་ཡང་མར་ཕབ་སྟེ་ཡང་ཡང་སྦྱང་ངོ་། །གཉིས་པ་ལས་ལ་སྦྱར་བ་ལ་འཆི་དུས་འབྱུང་བའི་ཐིམ་རིམ་དང་། འཆི་ཚེ་འཕོ་ལུགས་རྣམ་ལྔ་དང་། ཤི་རྒྱབ་སྐྱེ་གནས་སྦྱོང་ཐབས་དང་གསུམ་ཡོད་པའི་དང་པོ་ནི། ཕྱིའི་འབྱུང་ལྔ་ཐིམ་པས་ཡུལ་ལྔ་འགག་སྟེ་ལུས་ལྕི་ཞིང་ཁ་སྣ་སྐམ་པ་སོགས་རྟགས་རྣམས་འབྱུང་། ནང་གི་སྣང་བ་དཀར་ལམ་དང་། མཆེད་པ་དམར་ལམ། ཐོབ་པ་ནག་ལམ་གསུམ་བྱུང་། ཞེ་སྡང་གི་རྟོག་པ་སོ་གསུམ། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ། གཏི་མུག་གི་རྟོག་པ་བདུན་ཏེ། རང་བཞིན་བརྒྱད་ཅུའི་རྟོག་པ་རླུང་དང་བཅས་པ་འགགས་ཤིང་ཉེར་ཐོབ་སྟོད་ཆར་དུ་བརྒྱལ་ལོ། །སྨད་ཆར་གསང་བ་གཞིིའི་འོད་གསལ་སྟོན་ནམ་གཡའ་དག་པ་ལྟ་བུ་འཆར་བའོ། །གཉིས་པ་དེ་དག་གི་ཚེ་འཕོ་ལུགས་རྣམ་པ་ལྔ་ལས། རབ་འཆི་ཁར་ཆོས་སྐུའི་འཕོ་བ་ནི། སེངྒེའི་ཉལ་སྟབས་སོགས་ཀྱིས་སྐྱེ་འཆི་རྨི་ལམ་གྱི་སྣང་བ་ལྟ་བུར་ཐག་ཆོད་པས་ཐིམ་རིམ་སྐབས་རྟགས་བཞི་དང་སྟོང་པ་བཞི་སོགས་ངོ་ཤེས་བཞིན་གཞིའི་འོད་གསལ་འཆར་དུས་དང་ད་ལྟ་ལམ་གྱི་འོད་གསལ་སྦྱངས་པ་དང་གཉིས་ཀ་མ་བུ་འཕྲད་ལྟར་དབྱེར་མེད་རང་གྲོལ་ཆེན་པོར་བཞག་པས་འཕོ་བའོ། །དེ་ལ་ཕྱི་རྟགས་ནམ་མཁའ་གཡའ་དག་པ་དང་། ནང་རྟགས་ཕུང་པོར་བཀྲག་མདངས་གསལ་བ་དང་། གསང་རྟགས་ཡིག་འབྲུ་སོགས་འབྱུང་ངོ་། །འབྲིང་བར་དོ་ལོངས་སྐུའི་འཕོ་བ་ནི། ད་ལྟར་བསྐྱེད་རྫོགས་ལ་གོམས་པས་འོད་གསལ་ལས་སྒྱུ་ལུས་ཀྱི་སྐུར་བཞེངས་པའམ་ཐོད་རྒལ་གོམ་པས་ཆོས་ཉིད་བར་དོར་རང་སྣང་ལོངས་སྐུར་

ཤེས་པས་གཉིས་མེད་དུ་གྲོལ་བ་སོགས་ཡིན་ལ། དེ་ལ་ཕྱི་རྟགས་འཇའ་འོད་སོགས་དང་། ནང་རྟགས་སྤྱི་བོར་ཆུ་སེར་ཐོན་པ་སོགས་དང་། གསང་རྟགས་སྐུའམ་ཡིག་འབྲུ་བབས་པ་སོགས་འབྱུང་ངོ་། །ཐ་མ་སྐྱེ་སྲིད་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཕོ་བ་ནི། འཆི་ཁར་འཕོ་བའི་གདམས་པས་བླ་མའི་ཐུགས་དང་བསྲེས་ཏེ་བདེ་བ་ཅན་སོགས་སུ་སྐྱེ་བ་དང་། བར་དོ་ནས་ངོ་ཤེས་ཏེ་ཡི་དམ་ལྷ་དང་ཞིང་ཁམས་ལ་འཕེན་པ་གཏད་པས་ཞིང་ཁམས་སུ་སྐྱེ་བ་ཡོད་དོ། །དེ་ལ་རྟགས་སྤྲིན་འཇའ་དང་སྣ་བུག་ནས་ཁམས་འཛག་པ་དང་ལུས་ལ་རྟེན་ཕྲ་མོ་སོགས་འབྱུང་ངོ་། །འདི་དག་གི་དུས་ཐམས་ཅད་དུ་འཆི་ཁར་ནོར་རྫས་གཉེན་གྲོགས་ལ་ཆགས་ཞེན་བཅད་དེ་བླ་མ་དཀོན་མཆོག་ལ་དངོས་སམ་ཡིད་ཀྱིས་འབུལ། སྡོམ་གསུམ་གསོ་སྦྱོང་སོགས་བྱས་ཏེ་བླ་མ་དང་མཆེད་གྲོགས་སོགས་ཀྱི་གསལ་འདེབས་མཁན་འཛོམས་ན་རབ། མེད་ཀྱང་རང་གིས་དང་པོ་ནས་གདམས་ངག་རྣམས་ཡིད་ལ་བཞག་སྟེ། ཕྱིའི་ཐིམ་རིམ་ཡོང་དུས་ནས་འཕོ་བའི་དམིགས་པ་སྔར་སྦྱང་དུས་ལྟར་བྱས་ཏེ་རྣམ་ཤེས་ཐིག་ལེ་རླུང་མིག་སེམས་གསུམ་གཅིག་ཏུ་དྲིལ་ཏེ་ཚངས་བུག་ནས་མདའ་འཕངས་པ་ལྟར་བླ་མའི་ཐུགས་ཀར་བསྟིམས་ཏེ་སླར་མ་འཕྲོ་བར་རོ་གཅིག་ཁྱབ་གདལ་ངང་ལ་བཞག་པར་བྱའོ། །དེ་ལ་མཆེད་གྲོགས་སེལ་མེད་པ་གཅིག་གིས་རྣ་བར་འོད་གསལ་དང་ཆོས་ཉིད་བར་དོ་སོགས་གང་དགོས་རང་རང་ཐད་ཀར་ངོ་སྤྲོད་གདབ། ཁྱད་པར་དུ་ཐོས་གྲོལ་ཆེན་མོ་དང་བཏགས་གྲོལ་སོགས་ཡང་ཡང་བཀླགས་པས་མི་གྲོལ་བ་ནི་མི་སྲིད་པ་ལྟ་བུའོ། །ཞོར་བྱུང་སྐད་ཅིག་མའི་འཕོ་བ་ནི་དེ་ལྟར་སྦྱང་ལོང་མེད་པར་གློ་བུར་དུ་ཐོག་དང་རྦབ་ལྟ་བུས་འཆི་བ་ལ། ད་ལྟ་ནས་སྐྲགས་སྔངས་སོགས་གློ་བུར་ཡེད་དེ་བ་ནམ་བྱུང་ལ་དེ་མ་ཐག་སེམས་སྤྱི་

བོར་བླ་མའི་ཐུགས་དང་བསྲེ་བ་ལ་སྦྱངས་ཏེ་གོམས་ན་འཆི་ཚེ་ཡང་བླ་མའི་ཐུགས་ཀར་བསྲེ་འཕོས་སུ་འགྱུར་བའི་ཐབས་ཟབ་བླ་ན་མེད་པའོ། །ཐ་མལ་བ་གང་ཡང་མ་སྦྱངས་བ་དང་དུད་འགྲོ་ལྟ་བུ་སོགས་ལ་སྡིག་བཤགས་སྡོམ་གཟུང་དབང་བསྐུར་སོགས་བྱེད་ཅིང་དམ་རྫས་བྱིན་གྱིས་བརླབས་ནས་འཕོ་རྫས་སོགས་གང་འཛོམས་བྱས་ལ་གློ་གཡས་སར་ཕབ་ཁ་ནུབ་མགོ་བྱང་དུ་བསྟན་ལ་མཚན་དང་གཟུངས་སྔགས་སོགས་བརྗོད་ཅིང་སྤྱི་བོར་སྐྲ་ནས་འཐེན། བཏགས་གྲོལ་བྱེ་སྔགས་སོགས་ཀྱིས་ངན་སོང་དུ་མི་སྐྱེ་བར་ལྷ་མིའི་རྟེན་བཟང་ཐོབ་པ་སོགས་བསླུ་མེད་རྒྱལ་བའི་བཀའ་ལ་ཡིད་ཆེས་པར་བྱའོ། །གསུམ་པ་ཤི་རྒྱབ་སྐྱེ་གནས་སྦྱོང་ཐབས་ལ་གཉིས་ལས། དང་པོ་གར་སྐྱེ་བརྟགས་པ་ལ། འཆི་ཁར་དྲོད་མཆན་གཡས་དང་མགྲིན་པར་འདུས་ན་ལྷ་མིན། སྤྱིར་བོར་ལྷ། མིག་གཡས་གཡོན་དང་སྨིན་ཕྲག་མི། ལྟེ་བར་དུད་འགྲོ། མཚན་མར་ཡི་དྭགས། རྐང་མཐིལ་དམྱལ་བ། རྣ་བར་གནོད་སྦྱིན་དུ་སྐྱེ་རྟགས་དང་། རིགས་དྲུག་གི་སྣང་བ་དངོས་སམ་ཕྱོགས་མཐུན་སྣང་ཚུལ་དང་། ལུས་ཀྱི་གཡོ་བསྐྱོད་ཁའི་ཅ་ཅོ་སེམས་ཀྱི་དགའ་ཕྱོགས་སོགས་ལ་བརྟགས། ཤི་རྒྱབ་ཞག་ལྔ་དྲུག་ཚུན་ལ་ནམ་མཁའ་དྭངས་འཐིབ། སྤྲིན་དཀར་ནག་རྒྱུ་ལུགས། ཁ་ཆར་རླུང་གི་འབེབས་ལུགས། འཇའ་འོད་རྟགས་མཚན་སོགས་ལས་སྐྱེ་གནས་བརྟག་ཐབས་ཐེག་མཆོག་མཛོད་དང་མཚན་མ་རང་གྲོལ་ལྟར་ཤེས་པར་བྱས་ནས་བཟང་པོ་ལ་གྲོགས་དང་ངན་པ་སྦྱོང་ཐབས་ལ་འབད་པར་བྱའོ། །ཉིན་ཚོད་ཀྱི་དུས་ཚོད་བཅུ་གཉིས་ནི་དབུགས་ནམ་ཆད་ན་སང་ཉིན་དེའི་དུས་ཚོད་ནས་ཞག་གཅིག་དུ་བརྩི་དགོས་ལ་བདུན་ཚིགས་ཞེ་དགུ་ཡང་ཚང་བར་དགོས་སོ་མཆན། གཉིས་པ་སྐྱེ་གནས་ངན་པ་སྦྱོང་ཐབས་ལ། འཆི་ཁར་མི་དེའི་སྙིང་ནང་དུ་ཨ་དཀར་པོ་བསམ་

ལ་སྤྱི་བོར་ཁ་གཏད་དེ་ཨཿལོ་གྲངས་དབྱངས་ཀྱིས་བརྗོད་པས་སེམས་ཨའི་རྣམ་པར་ཡར་ཡར་སྤྱི་བོར་སོང་བའི་དམིགས་པ་རང་གཞན་གཉིས་ཀས་བྱས་པས་སྡིག་སྒྲིབ་ཅན་མཐོ་རིས་སུ་འདོང་ངོ་། །ཤི་རྒྱབ་བདུན་གཅིག་ཚུན་རོ་རྩར་ཁྲོ་བོའི་དཀྱིལ་འཁོར་དང་བཅས་པའི་བུམ་པ་བསྒྲུབས་ཏེ། བུམ་པ་སྤྱི་བོར་བཞག་སྟེ་ཨཿལོ་གྲངས་བརྗོད་ནས་བཀྲུས་པས་དམྱལ་བ་ནས་སྟོང་ངོ་། །དེ་བཞིན་མགྲིན་པར་བཞག་སྟེ་བྷྱཿབརྗོད་བཀྲུས་པས་ཡི་དྭགས་དང་། གསང་བར་རྒྱཿབརྗོད་བཀྲུས་པས་བྱོལ་སོང་དང་། མཆན་ཁུང་ཀེཾཿབརྗོད་པའི་བཀྲུས་པས་ལྷ་མིན། སྤྱི་བོར་ཏཾཿབརྗོད་བཀྲུས་པས་ལྷ་དང་། སྙིང་གར་ༀ་ཨཱཿཧཱུྃ་སྭ་ཧ་བརྗོད་པས་བཀྲུས་པས་མིའི་སྐྱེ་གནས་ངན་པ་ལས་དྲངས་ཏེ་མི་ལུས་རིན་པོ་ཆེའམ་ཐར་བ་རྙེད་པར་འགྱུར་རོ། །ཕྱིས་ཞག་བདུན་གཅིག་ནས་ཞེ་དགུ་བར་གང་དགོས་སུ་ཞི་ཁྲོའི་དཀྱིལ་འཁོར་བཞེངས་ཏེ་རིགས་དྲུག་གནས་འདྲེན་སོགས་བྱས་པས་ངན་སོང་དུ་སྐྱེས་ཀྱང་དྲངས་བར་གསུངས་སོ། །སྤྱི་དོན་ལྔ་པ་ཆོས་ཉིད་བར་དོའི་ཁྲིད་མཐོང་བ་རང་གྲོལ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་ལ། བར་དོའི་འཆར་ཚུལ་དང་། དེ་གྲོལ་བྱེད་ཀྱི་གདམས་ངག་བསྒོམ་པ་གཉིས་ལས། དང་པོ་ནི། འཆི་དུས་སེམས་ཕྲ་རགས་ཐམས་ཅད་ཐིམ་ནས་གཞིའི་འོད་གསལ་མངོན་དུ་གྱུར་པ་ལས་སླར་ཡང་མཆེད་པའི་སྣང་བ་ཐམས་ཅད་ཟ་འོག་ཁ་ཕྱེས་པ་ལྟར་འཇའ་འོད་ཐིག་ལེ་འཁྲིགས་པའི་ཀློང་དུ་བསམ་གཏན་གྱི་ཞག་དང་པོ་ནས་རིམ་པར་ཟུང་འཇུག་སྐུ་ཡི་ཚོམ་བུར་འཆར་བ་ལ་ཞག་དང་པོ་ལ་རྣམ་སྣང་ཡབ་ཡུམ་ཀྱི་ཐུགས་ཀའི་ཆོས་དབྱིངས་ཡེ་ཤེས་ཀྱི་རང་འོད་མཐིང་ག་དང་། ལྷ་ཡི་འོད་དཀར་པོ་གཉིས་ཀ་གཤིབ་སྟེ་འཆར་རོ། །དེ་བཞིན་དུ་གཉིས་པར་མི་བསྐྱོད་ཡབ་ཡུམ་གཙོ་འཁོར་དྲུག་གི་གཙོ་བོའི་ཐུགས་

ཀའི་འོད་དཀར་པོ་དང་དམྱལ་བའི་འོད་དུད་ཁ་གཉིས་ཀ་འཆར། གསུམ་པར་རིན་འབྱུང་ཐུགས་ཀའི་འོད་སེར་པོ་དང་མིའི་འོད་སྔོན་པོ། བཞི་པར་སྣང་མཐའི་ཐུགས་ཀའི་འོད་དམར་པོ་དང་ཡི་དྭགས་འོད་སེར་པོ། ལྔ་པར་དོན་གྲུབ་ཐུགས་ཀའི་འོད་ལྗང་གུ་དང་ལྷ་མིན་འོད་དམར་པོ་འཆར། དྲུག་པར་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་རིགས་ལྔ་ཞི་བའི་ལྷ་ཚོགས་ཐམས་ཅད་ཤར་བའི་ཐུགས་ཀའི་འོད་ཀྱི་སྣམ་བུ་མཐིང་དཀར་སེར་དམར་བཞི་བརྩེགས་སྟེང་དུ་འོད་ཟླུམ་རྨ་བྱའི་གདུགས་ལྟར་འཆར། བདུན་པར་རིག་འཛིན་ལྷ་ཚོགས་ཀྱི་ཐུགས་ཀའི་འོད་ཁ་དོག་ལྔ་བསྒྲིལ་དང་། དུད་འགྲོའི་འོད་ལྗང་གུ་གཉིས་འཆར་རོ། །ཞག་བརྒྱད་པ་ནས་རིམ་པར་བཅུ་གཅིག་བར་དུ་བུདྡྷ་ཧེ་རུ་ཀ་དང་བཛྲ་རཏྣ་པདྨ་ཀརྨ་ཧེ་རུ་ཀ་ལ་ཀཽ་སེང་དབང་ཕྱུག་དང་བཅས་པ་འཆར་རོ། །དེ་ནས་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཀ་དག་ནམ་མཁའ་འདྲ་བ་ལས་སྟེང་དུ་ཞི་ཁྲོའི་ལྷ་ཚོགས་དང་། འོག་ཏུ་རིགས་དྲུག་གི་སྣང་ཆ་འགག་མེད་དུ་ཤར་བ་ཐམས་ཅད་རང་སྣང་རིག་པའི་རྩལ་ལས་བདེན་མེད་དུ་ཤེས་པས་གྲོལ་བར་འགྱུར་རོ། །དེའི་ཚེ་མངོན་ཤེས་ལྔ་དང་རྗེས་དྲན་དྲུག་དང་གཟུངས་སྤོབས་ཏིང་འཛིན་སོགས་དཔག་མེད་འཆར་བར་གསུངས་སོ། །གཉིས་པ་དེ་གྲོལ་བྱེད་ཀྱི་གདམས་ངག་ལ། ད་ལྟ་ལྷུན་གྲུབ་ཐོད་རྒལ་གྱི་སྣང་བ་ལ་སྦྱང་དགོས་ཏེ། དེ་ལ་སྒོ་གསུམ་གྱི་གནད་གཟིར་བ། མངོན་སུམ་རང་ཐོག་གི་གནད་གསུམ་བསྟེན་པ། སྣང་བ་བཞི་ཡི་འཆར་ཚུལ། མཐའ་བརྟེན་གྱི་མན་ངག་དང་བཞི་ལས། དང་པོ་སྒོ་གསུམ་གྱི་གནད་ནི་ལུས་བཞུགས་སྟེང་གསུམ་ལས་མི་འགུལ། ངག་སྨྲ་བཅད་ལས་མི་གཡོ། ཡིད་དབྱིངས་རིག་འབྲལ་མེད་དུ་བྱ་བ་རྣམས་སོ། །གཉིས་པ་སྒོ་ཡུལ་རིག་པའི་གནད་གསུམ་ནི། སྙིང་དབུས་ཙིཏྟ་ཤ་ཡི་

སྒྲོན་མ་དང་འབྲེལ་བའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ནས་ཤེས་རབ་རང་བྱུང་གི་སྒྲོན་མ་མིག་རྒྱང་ཞགས་ཆུ་ཡི་སྒྲོན་མའི་སྒོར་སྣང་བས། མིག་སྐུ་གསུམ་གྱི་གཟིགས་སྟངས་གསུམ་དང་མི་འབྲལ་བར་བྱ། ཡུལ་གྱི་དབྱིངས་ནམ་མཁའ་སྟོང་སེང་ལ། ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་མཐིང་སྐྱའི་རྣམ་པ་ཁ་དོག་ལྔ་ལྡན་གྱི་དབུས་སུ་རིག་སྟོང་ཡེངས་མེད་འཛིན་མེད་དུ་འཇོག་པ་དང་། རླུང་གནད་ཁ་ནས་དལ་བར་ཕྱིར་རྒྱུ་བ་ནོན་ཙམ་དུ་རང་བབས་སུ་བཞག་པ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་ཐིག་ལེ་སྟོང་པའི་སྒྲོན་མའི་དབུས་སུ་རེ་དོགས་གཡོ་མཁྲིགས་༼འཕྲུགས་༽མེད་པར་བཞག་པར་བྱའོ། །གསུམ་པ་སྣང་བཞིའི་འཆར་ཚུལ་ནི། དེ་ལྟར་སྦྱངས་པས་དབྱིངས་སྣང་དང་སྟོང་སྒྲོན་ཐམས་ཅད་བཀྲ་ལམ་མེར་མཐོང་བ་ནས་ཆོས་ཉིད་མངོན་སུམ་པའི་མགོ་ཟིན། དེ་ནས་དབྱིངས་ཇེ་གསལ་ཇེ་རྒྱས་སུ་སྨིན་མཚམས་ལས་བྲལ་ཏེ་གར་གཏད་དུ་ལྷ་སྐུ་རྐྱང་བ་རེ་སྣང་ལ་གཡོ་འཁྲིགས་༼འཕྲུགས་༽མེད་པར་སྡོད་ཚེ་ཉམས་གོང་འཕེལ་མགོ་ཟིན། དེ་ནས་ཐིག་ལེ་རེ་རེའི་ནང་དུ་ལྷ་སྐུ་ཡབ་ཡུམ་ཚོམ་བུར་སྣང་བས་གང་སྟེ། གང་སྣང་སྐུ་དང་ཞིང་ཁམས་ལ་སོང་ཚེ་རིག་པ་ཚད་ཕེབ། དེ་ནས་ནང་ཤེས་ཉམས་ཕྱིའི་སྣང་ཉམས་ཐམས་ཅད་རིམ་པར་ཟད་དེ་ལུས་སེམས་སོགས་ཆོས་ཅན་གཉིས་སྣང་ཐམས་ཅད་ཆོས་ཉིད་ཀ་དག་གི་གཞི་ལ་ཟད་ནས་སངས་རྒྱས་མངོན་དུ་གྱུར་བའོ། །བཞི་པ་མཐའ་རྟེན་མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་ཀྱི་ཚད་གཟུང་བ། ཐོབ་པ་གསུམ་གྱི་གཟེར་ཐེབ་པ། གདེངས་ཆེན་བཞི་མཐར་ཕྱིན་པ་བཞི་ལས། དང་པོ་ལུས་བཞུགས་སྟངས་དང་མིག་གཟིགས་སྟངས་དང་། སེམས་

བཟོ་མེད་གསུམ་ལས་མི་འགུལ་བའོ། །གཉིས་པ་ལུས་འགུལ་བསྐྱོད་མེད་པར། རླུང་རང་བབ་དལ་བར། སྣང་བ་འདར་འཁྲིགས་༼འཕྲུགས་༽མེད་པར་སྡོད་པ་གསུམ་མོ། །དེ་ཚེ་ཚད་རྨི་ལམ་གྱིས་འཛིན་པ་དང་། རྟགས་སྒོ་གསུམ་ལ་འཆར་བའི་ཚུལ་ལས་ཤེས་པར་བྱའོ། །གསུམ་པ་ནི་ཕྱིའི་སྣང་བ་དང་། ནང་གི་སྒྱུ་ལུས་དང་། གསང་བ་རླུང་སེམས་ལ་རང་དབང་ཐོབ་པ་འབྱུང་ངོ་། །བཞི་པ་ནི། ཡར་སངས་རྒྱས་ཐོབ་ཏུ་རེ་བ་དང་། མི་ཐོབ་ཀྱི་དོགས་པ་མེད་ལ། མར་ངན་སོང་ལ་ལྟུང་བའི་དོགས་པ་དང་། མི་ལྟུང་བའི་རེ་བ་མེད་པའི་གདེངས་རྙེད་པའོ། །སྤྱི་དོན་དྲུག་པ་སྲིད་པ་བར་དོའི་ཁྲིད་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་སྟེ། བར་དོའི་རྟགས་དང་། དེ་གྲོལ་བྱེད་ཀྱི་གདམས་པའོ། །དང་པོ་སྲིད་པ་བར་དོའི་རྟགས་ནི། ཆོས་ཉིད་བར་དོའི་སྣང་ཆ་ཡལ་བ་དང་། ཐ་མལ་བའི་རང་ཡུལ་སོགས་སྣང་སྟེ། དེ་ཡང་འབྱུང་བ་བཞིའི་རླུང་ལོག་པའི་འཇིགས་པའི་སྒྲ་བཞི་ནི། ས་གཡོ་རི་ཉིལ། ཆུ་འཁྲུགས་མཚོ་ལུད་པ། མེ་མཆེད་འབར་བ། རླུང་འུར་བ་ཆེན་པོ་འབྱུང་ངོ་། །དུག་གསུམ་གྱི་རང་གཟུགས་ཡ་ང་བའི་གཡང་ས་ཆེན་པོ་འདོད་ཆགས་ཀྱི་རང་གཟུགས་དམར་ཟིང་ངེ་བ། ཞེ་སྡང་གི་རང་གཟུགས་སྐྱ་ཆད་དེ་བ། གཏི་མུག་གི་རང་གཟུགས་ནག་ལམ་མེ་བ་གསུམ་དང་། ངེས་པའི་རྟགས་ཉི་ཟླ་མེད་ལ་སྐྱ་འོད་དེ་བ་དང་། ས་བྱེ་མར་རྐང་རྗེས་དང་ལུས་ཀྱི་གྲིབ་མ་སོགས་མེད་པ། ལུས་རི་བྲག་ཟང་ཐལ་དུ་གང་ལའང་མི་ཐོགས་པ། གར་བསམ་པ་ཙམ་གྱི་སླེབ་པ། ཆུ་ལ་མི་བྱིང་བ། གཏམ་སྨྲས་ཚད་ལ་ལན་མི་འོང་བ་སྟེ་དྲུག་དང་། མ་ངེས་པའི་རྟགས་གནས་ཁང་གྲུ་ཟམ་འཇག་སྐྱ་བཟང་ངན། གྲོགས་འབྱུང་པོ་ཡི་དྭགས་སྣ་ཚོགས། ལུས་མི་རྟག་པ་ཟས་གོས་དྲི་

གསུར་ཙམ། འགྲོ་འདུག་ཡིད་ཡུལ་སྤྱོད་ལམ་སྣ་ཚོགས་འགྱུར་བ་སོགས་མདོར་ན་སྣང་བ་སྐྱིད་སྡུག་བཟང་ངན་ཐམས་ཅད་མི་རྟག་པ་མ་ངེས་པའི་སྣང་བ་སྣ་ཚོགས་འཆར་ཞིང་། མིང་བཞིའི་ཕུང་པོ་གང་ལ་ཐོགས་པ་མེད་པ་མངོན་ཤེས་དང་རྫུ་འཕྲུལ་ཅུང་ཟད་རེ་ཡོད་པ། ལུས་དང་ཆ་བྱད་ཕལ་ཆེར་བར་དོའི་ཕྱེད་སྔ་མ་དང་ཕྱེད་ཕྱི་མའི་རྣམ་པ་འཆར་ལ། ཚེ་ཚད་བདུན་ཕྲག་བདུན་ལ་འཕོ་ངེས་ལ། དེ་ལས་རིང་བ་སྲིད་ཙམ་མོ། ལོ་ལྔའམ་བརྒྱད་ཀྱི་ན་ཚོད་དབང་པོ་ཀུན་ཚང་སོགས་རྒྱས་པར་མཚན་ཉིད་ཉི་ཤུ་ཐེག་མཆོག་མཛོད་སོགས་ནས་གསུངས་པ་ལྟར་ལ། གལ་ཆེ་སྐྱེ་གནས་བརྟགས་ཐབས་འོག་ཏུ་འཆད་དོ། །གཉིས་པ་གདམས་པ་དངོས་ལ། མངལ་སྒོ་དགག་པ་དང་། བདམ་པ་གཉིས་ལས། དང་པོ་མངལ་སྒོ་ངན་པ་དགག་པར་བྱ་བ་ལ། ལས་ཀྱི་དབང་གིས་ཕོ་མོ་ཆགས་པ་སྤྱོད་པ་མཐོང་སྟེ། དེར་དགའ་ནས་འཇུག་འདོད་བྱུང་ན་གང་སྣང་ཡི་དམ་ལྷའི་རྣམ་པར་བསྒོམས་ཏེ་མི་འཇུག་མི་ཆགས་པར་དགག་པ་དང་། ཡང་ན་དེ་ཉིད་བླ་མ་དང་ཡི་དམ་ཡབ་ཡུམ་གྱི་རྣམ་པར་མཇལ་བར་མོས་ལ་གསང་དབང་ཞུ་བ་དང་བདེ་སྟོང་གི་ངོ་བོར་སྦྱངས་ཏེ་དགག་པ་དང་། ཡང་ཆགས་པའི་ཉེས་པས་འཁོར་བར་ལུས་འཛིན་པ་སོགས་དང་བསྲུང་སྡོམ་གྱི་ཕན་ཡོན་སོགས་དྲན་པས་ཕྱོགས་དེར་མི་ཉེ་བས་དགག་པ་དང་། ཡང་གང་སྣང་བར་དོའི་སྣང་བ་མེད་སྣང་སྒྱུ་མའི་འཕྲུལ་གཟུགས་ལ་ཆགས་བྱ་ཆགས་བྱེད་མེད་པར་ངེས་པས་དགག་པ་དང་། ཡང་ན་འཁོར་འདས་བཟང་ངན་གྱི་སྣང་བ་འདི་དག་མེད་བཞིན་སྣང་བ་སྟོང་གཟུགས་སུ་ཡོད་ཀྱང་། དོན་ལ་ཡེ་ནས་གཞི་རིག་སྟོང་འོད་གསལ་གྱི་དབྱིངས་ལས་གཡོ་མ་མྱོང་ཞིང་གང་སྣང་སྐུ་དང་ཞིང་ཁམས་ཡིན་པའི་དོན་དྲན་པས་བཀག་པར་བྱའོ། །དེ་དག་གི་སྐབས་སུ་སྔངས་སྐྲགས་དང་

གཤིན་རྗེ་སོགས་ཀྱིས་བདས་ནས་དབང་མེད་དུ་གབ་པ་སྦས་པ་བཙལ་བས་འཇིགས་པ་སོགས་ཡོད་པས། དེ་ལ་རང་ཉིད་ལུས་མེད་སྟོང་གཟུགས་དེ་ཉིད་ཡི་དམ་ཁྲོ་བོའི་སྐུར་བསྒོམ་པ་དང་། སྐྲགས་སྔངས་འཇིགས་དོན་མེད་དེ། མེད་བཞིན་སྣང་བ་སྒྱུ་མ་རྨི་ལམ་ལྟར་ཤེས་པ་ཟབ་པོ། དེ་དག་དེང་སང་ནས་ཉིན་མོ་དང་གཉིད་སྐབས་སུ་འཆི་ཁ་དང་བར་དོ་ཐམས་ཅད་ངེས་པར་ཤར་བའི་མོས་པ་བྱས་ནས་སྦྱང་བ་གནད་ཆེ། དེང་སང་གཉིད་དང་རྨི་ལམ་སྐབས་ཀྱི་བར་དོར་གྲོལ་མི་གྲོལ་གྱི་ཚད་ཤེས་པར་བྱའོ། །དེ་དུས་ངོ་ཤེས་ན་རང་བཞིན་སྤྲུལ་སྐུའི་ཞིང་སོགས་ལ་འཕེན་པ་བཏང་སྟེེ་འཕོ་བར་བྱའོ། །གཉིས་པ་མངལ་སྒོ་བཟང་པོ་བདམ་པ་ལ། གལ་ཏེ་སྐྱེ་སྲིད་གཅིག་འཛིན་དགོས་ན། སྤྱིར་རིགས་དྲུག་གི་འོད་ལ་བརྟགས་ཏེ་དམྱལ་བའི་འོད་དུད་ཁ་དང་མུན་པར་གླུ་ལེན་པ་དང་། སྡོང་དུམ་ཚིག་པའམ་བལ་ནག་གཡེངས་པ་ལྟ་བུ་མེ་འོད་ཁང་པ་དམར་ནག་སོགས་སུ་མཐོང་། ཡི་དྭགས་ལ་འོད་སེར་པོ་དང་དུད་ཁ་ལྟ་བུ། དུད་འགྲོ་ལ་འོད་ལྗང་ནག་དང་ཁྲག་བཙོ་མ་ལྟ་བུ། ལྷ་མིན་ལ་འོད་དམར་པོ་དང་ནགས་ཚལ་ཁ་ཆར་བབས་པ། ལྷ་ལ་འོད་དཀར་པོ་དང་སྤྲིན་འཁྲིགས་པ་དང་ལྷ་ཁང་། མི་ལ་འོད་སྔོན་པོ་དང་ཁང་བཟང་སོགས་མཐོང་། ལུས་ཀྱང་ལྷ་དང་མི་ནི་དཀར་པོ་མགོ་གྱེན་བསྟན། ལྷ་མིན་བྱོལ་སོང་སྐྱ་བོ་མགོ་འཕྲེད་བལྟ། ཡི་དྭགས་དམྱལ་བ་ནག་པོ་ཐུར་བསྟན་དུ་འཆར། གནས་ཡུལ་དབུས་སོགས་ཕྱོགས་ཙམ་མཐོང་བའང་ཡོད་པས་དེ་དག་ལས་མིའི་སྐྱེ་གནས་འདམ་དགོས་ལ། དེ་ཡང་ཤར་གླིང་ངང་པས་བརྒྱན་པའི་མཚོ་དང་། ནུབ་གླིང་རྟ་དམར་པོས་བརྒྱན་པའི་མཚོ་དང་། བྱང་གླིང་བ་ལང་དང་ཤིང་གིས་བརྒྱན་པའི་མཚོ་དང་། ལྷོ་གླིང་ནི་ཁང་བཟང་གི་

རྣམ་པར་མཐོང་ལ། རིགས་བཟང་ཆོས་རྒྱུད་ལ་ནི་ལྷ་ཁང་ཕྱག་མཚན་སོགས་མཐོང་ནས་དེར་འཇུག་དགོས། ཕ་མ་སོགས་ཆོས་དར་བའི་ཡུལ་དུ་བསམ་བཞིན་ཡི་དམ་ལྷའི་སྐུའམ་ས་བོན་གྱིས་རྣམ་པས་ཕའི་ཞལ་ནས་བརྒྱུད། ཡུམ་མཁའ་གཞལ་ཡས་ཁང་དུ་མོས་ལ་རང་གི་སྦྱངས་འཕྲོ་མཐུད་པ་དང་འགྲོ་བའི་དོན་བྱེད་པར་སྐྱེ་བ་འཛིན་པར་བྱའོ། །དེ་ཡང་འདམ་དབང་མེད་པའི་ནོར་དོགས་སོགས་ཡོད་པའི་རིག་སྟོང་ཡེངས་མེད་ངང་ནས་གང་སྣང་ལྷ་སྐུར་མོས་ཤིང་གཞན་ཕན་བྱང་སེམས་ལ་སྦྱང་འདོམ་བྱེད་པ་ནི་ཞིང་ཁམས་བགྲོད་པ་དང་། སྐྱེ་སྲིད་བཟང་པོར་བརྒྱུད་པའི་གདམས་པ་ཟབ་མོ་ཡིན་ནོ། །སྨྲས་པ། དེ་ལྟར་འཁོར་བར་བློ་ལྡོག་ངེས་འབྱུང་གིས། །སྟོང་དང་སྙིང་རྗེ་ཟུང་འཇུག་ལམ་ལ་སྦྱང་། །འཁོར་འདས་ཡེ་དག་སྐུ་དང་ཡེ་ཤེས་ལས། །ནམ་ཡང་འདའ་མེད་ཉམས་ལེན་སྙིང་པོར་ཟུང་། དགེ་དེས་མཁའ་མཉམ་མ་གྱུར་སེམས་ཅན་ཀུན། །མ་རིག་ཀུན་གཞི་བར་དོའི་རྒྱ་གྲོལ་ནས། །རིག་པའི་ཡེ་ཤེས་བར་མེད་ཁྱབ་བདལ་ངང་། །ཕྱམ་གཅིག་གདོད་མའི་སངས་རྒྱས་མངོན་གྱུར་ཤོག །ཅེས་བར་དོ་དྲུག་གི་ཁྲིད་ཀྱི་ས་བཅད་ཙམ་ལ། གནད་དོན་གལ་ཆེན་རེ་འགས་བརྒྱན་ཏེ། རང་འདྲའི་བླུན་པོའི་དྲན་ཐོ་ཙམ་དུ་དམིགས་ནས་བླ་གཟུགས་པུཎྱའི་མིང་ཅན་གྱི་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །དགེའོ། །སརྦ་མངྒ་ལཾ།། །།

བར་དོ་དྲུག་ཁྲིད་ཀྱི་བསྡུས་དོན་གནད་ཀྱི་སྙིང་པོ།

བར་དོ་དྲུག་ཁྲིད་ཀྱི་བསྡུས་དོན་གནད་ཀྱི་སྙིང་པོ་བཞུགས་སོ། །

གསང་ཆེན་རིགས་གཅིག་བླ་མ་རྡོ་རྗེ་སེམས། །ཞི་ཁྲོ་རིགས་བརྒྱའི་ངོ་བོར་གུས་ཕྱག་འཚལ། །བདག་སོགས་འགྲོ་བའི་འཁྲུལ་སྣང་དབྱིངས་སུ་དག །བར་མེད་ཕྱལ་བ་ཆེན་པོ་མངོན་གྱུར་ཤོག །དེ་ལ་འདིར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་རྫོགས་རིམ་བར་དོ་དྲུག་གི་ཁྲིད་བསྡུས་ལ། དང་པོ་སྔོན་འགྲོ་རང་རྒྱུད་འདུལ་བ་ལ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཐར་མེད་སྲིད་པའི་བཙོན་རྭ་འདི་ལས་ཐར་བའི་རྟེན། དལ་འབྱོར་གྱི་མི་ལུས་རྙེད་དཀའ་དོན་ཆེ་བ་འདི་ད་རེས་ལན་གཅིག་རྙེད་དུས་བླ་མའི་གསུངས་བཞིན་ཉམས་ལེན་ལ་མ་འབད་ན་ཚེ་ནམ་འཆི་ངེས་མེད་ཡིན་པས་ད་ལྟ་ནས་འགྲུབ་པར་དམ་བཅའ་བྱེད་དགོས་སོ། །རང་རྒྱུད་སྦྱོང་བ་ལ། ཆོས་སྒོ་དད་པས་ཕྱེས་ཏེ་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་ཐེག་ཆེན་ལམ་གྱིས་གཞུང་ཤིང་བྱང་ཆུབ་སེམས་བསྐྱེད་གཉིས་ལ་ཁ་ཙམ་མ་ཡིན་པར་བློ་སྦྱོངས་ཏེ། གཤིས་ཡེ་སྟོང་དང་རྩལ་སྙིང་རྗེ་ཆེན་པོ་ཟུང་འཇུག་དབྱེར་མེད་དུ་རྟོགས་ཐབས་སུ་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང་ཚོགས་བསགས་སྐུ་གསུམ་མཎྜལ་གཉིས་ལ་བརྩོན། ཁྱད་པར་ལམ་ཟབ་མོའི་རྟོགས་པ་འོད་གསལ་རིག་པའི་ཡེ་ཤེས་བཙན་ཐབས་སུ་སྐྱེ་བྱེད་བླ་མ་སངས་རྒྱས་དངོས་མཐོང་གི་མོས་གུས་དྲག་པོས་གསོལ་འདེབས་དང་ཐུགས་ཡིད་དབྱེར་མེད་དུ་བསྲེ་བ་ནི་གནད་གལ་བོ་ཆེ་ཡིན་ནོ། །དངོས་གཞི་བར་དོ་དྲུག་གི་དང་པོ་སྐྱེ་གནས་བར་དོ་ལ། འདི་སྣང་འཁོར་བའི་ཞེན་ཆགས་བཅད་དེ་དབེན་པའི་གནས་སུ་འདུ་འཛི་

གཡེང་བ་མེད་པར་ལུས་རྣམ་སྣང་ཆོས་བདུན། ངག་སྨྲ་བཅད། རླུང་རང་བབས་སུ་སེམས་དུས་གསུམ་གྱི་རྟོག་ཚོགས་བྲལ་བའི་རིག་སྟོང་གསལ་བའི་ངང་ལ་མ་བཅོས་པར་བཞག །བྱིང་རྨུག་འཕྲོ་རྒོད་མེད་པའི་བདེ་གསལ་མི་རྟོག་པའི་ཉམས་ལ་ཞེན་འཛིན་མི་བྱེད་པར་བཞག་པས་སེམས་བཏང་འགྲོ་བཞག་སྟོད་རང་དབང་ཐོབ་པ་ཞི་གནས། དེའི་གཤིས་ལ་ཡོད་མེད་སྣང་སྟོང་སོགས་དམིགས་གཏད་མཚན་འཛིན་གྱི་བློ་དང་བྲལ་བ་བསམ་བརྗོད་ལས་འདས་པའི་གནས་ལུགས་མངོན་པ་ནི་ལྷག་མཐོང་ཡིན། དེ་ཡང་བླ་མ་ལ་མོས་གུས་དང་མྱོང་ཁྲིད་ཀྱི་མན་ངག་དང་བསགས་སྦྱང་གི་མཐུ་རྣམས་མེད་པས་ཁ་བཤད་ཚིག་ལ་བློས་དམིགས་པས་ནི་གནས་ལུགས་ཀྱི་ཕྱོགས་སུ་མི་ཉེའོ། །གཉིས་པ་རྨི་ལམ་བར་དོ་ལ་ཉིན་སྣང་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་དང་རྨི་ལམ་གྱི་རང་བཞིན་དུ་འདུན་པ་སྦྱངས་ཤིང་། དེ་ཡང་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་ཡིན་པའི་ངེས་ཤེས་བསྐྱེད་དོ། །མཚན་མོ་མགྲིན་པའི་དབུས་སུ་སྐུ་དང་ཡིག་འབྲུ་ཐིག་ལེ་ཕྲ་མོ་གང་རུང་ལ་སེམས་གཏད་དེ་སེང་གེའི་ཉལ་སྟབས་ཀྱིས་གཉིད་པས་རྨི་ལམ་ཡིན་པར་ངོས་ཟིན་ལ། དེ་ཡང་སྐུ་དང་ཞིང་ཁམས་སོགས་སུ་སྤྲུལ་བསྒྱུར་ལ་སྦྱང་ངོ་། །དེ་ནས་ཡང་སྙིང་དབུས་སུ་བསྒོམ་པས་རྨི་ལམ་ཆད་དེ་རིག་སྟོང་འོད་གསལ་ངང་ལ་གནས་པར་སྦྱང་བ་གནད་དོ། །དེས་བསྒོམ་ཉིན་མཚན་འདྲེས་པ་བྱེད་དོ། །གསུམ་པ་བསམ་གཏན་བར་དོ་ལ། སྔར་ལྟར་ཞི་ལྷག་ཟུང་འཇུག་གི་རིག་སྟོང་སེམས་ཡིད་ཀྱི་ཤུན་པ་དང་བྲལ་བའི་རྗེན་ནེ་ལྷང་ངེ་བ་དེ་མཉམ་པར་བཞག་ལ་བརྟན་པ་ཐོབ་ནས། རྗེས་ཐོབ་ཟ་ཉལ་འགྲོ་འདུག་སོགས་ལ་ཡེངས་མེད་དྲན་པས་

རྩལ་སྦྱངས་པས་རྟོག་ཚོགས་རང་གྲོལ་མཉམ་རྗེས་ལ་ཁྱད་མེད་དུ་རྩལ་རྫོགས་ནས་གཤིས་དེ་ལས་འདའ་མ་མྱོང་བའི་བརྟན་པ་ཐོབ་པ་ལ་འབད་པའོ། །བཞི་པ་འཆི་ཁ་བར་དོ་ལ། རྒྱུན་དུ་ནམ་འཆི་ཆ་མེད་ལ་བརྟགས་ཤིང་བཟློག་པ་དང་། ངེས་པར་འཆི་ཚེ་འབྱུང་ལྔའི་ཐིམ་རིམ་གྱི་ཡུལ་ལྔ་འགག་དུས་དང་། སྣང་མཆེད་ཐོབ་གསུམ་གྱིས་རླུང་སེམས་འགག་སྟེ་བརྒྱལ་སངས་བ་ན་གཞིའི་འོད་གསལ་རིག་སྟོང་རང་བབས་སུ་འཆར་ནས་ད་ལྟ་ལམ་གྱི་འོད་གསལ་དང་གཞི་སྣང་ཆོས་ཉིད་བར་དོའི་ལྷ་འཆར་དུས་ད་ལྟ་ཐོད་རྒལ་དང་རང་སྣང་དུ་ཤེས་པས་གྲོལ་བའོ། །དེ་ལ་ད་ལྟ་འཕོ་བ་རང་གྲོལ་ལ་སྦྱངས་ཏེ་འཆི་ཁའམ་བེམ་རིག་བྲལ་དུས་རྣམ་ཤེས་བླ་མ་འོད་དཔག་མེད་ཀྱི་ཐུགས་ཀར་བསྲེས་ཏེ་ཞིང་ཁམས་སུ་འཕོ་བར་བྱའོ། །ལྔ་པ་ཆོས་ཉིད་བར་དོ་ལ། ཤི་ནས་བརྒྱལ་སངས་པ་དང་གཞིའི་འོད་གསལ་རང་བབས་སུ་འཆར་ཞིང་། གཞི་སྣང་སྐུ་དང་ཐིག་ལེའི་འོད་ཀྱི་རྣམ་པར་འཆར་བའི་ཀློང་དུ་རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་ཀྱི་ཐུགས་ཀའི་ཡེ་ཤེས་ལྔའི་འོད་དང་། རིགས་དྲུག་གི་འོད་འཆར་བ་རྣམས་རང་གི་རིག་པའི་རྩལ་དུ་ཤར་བ་ལས་གཞན་ན་མེད་པར་ངོ་ཤེས་ན་ལོངས་སྐུ་རིགས་ལྔའི་ཞིང་དུ་གྲོལ་བས་ན་ད་ལྟ་ལམ་ཐོད་རྒལ་གྱི་སྣང་ཆ་ཐམས་ཅད་རང་གི་རིག་གདངས་སུ་ཤེས་པའི་ངང་ལ་མ་བཅོས་འཛིན་མེད་དུ་བཞག་སྟེ་སྦྱང་པ་གལ་ཆེ། དེ་དུས་ངོ་ཤེས་ནས་གྲོལ་ཐུབ་པ་ཞིག་བྱ་དགོས་སོ། །དྲུག་པ་སྲིད་པ་བར་དོ་ལ། ཆོས་ཉིད་བར་དོ་ཡལ་བ་དང་ཁང་བ་རྡིབ་པ་ལྟ་བུའི་བེམ་པོ་ལས་རིག་པ་སྒོ་གང་རུང་ནས་བྲལ་ལ་སྲིད་པ་བར་དོ་འཆར་ཏེ། འབྱུང་བཞི་ལོག་པའི་སྒྲ་བཞི་དང་། དུག་གསུམ་ལས་ཡ་ང་བའི་གཡང་ས་གསུམ་དང་། ཉི་ཟླ་རྐང་རྗེས་གྲིབ་མ་མེད་པ་སོགས་མ་ངེས་པའི་རྟགས་དྲུག་དང་། གནས་

གྲོགས་ཟས་གོས་སོགས་ངེས་པ་མེད་པའི་རྟགས་སྣ་ཚོགས་པ་འབྱུང་ལ། གདོས་བཅས་ལུས་མེད་པའི་མིང་བཞིའི་ཕུང་པོ་རི་བྲག་སོགས་ལ་མི་ཐོགས་པ་སྐྱིད་སྡུག་སྣ་ཚོགས་ངེས་མེད་ཡད་ཡུད་འཕྱ་འཕྱོའི་རྣམ་པ་འཇིགས་སྐྲག་སོགས་ཤར་བ་ན་བར་དོའི་འཁྲུལ་སྣང་བདེན་མེད་རྨི་ལམ་ལྟ་བུར་ངོ་ཤེས་པར་བྱས་ནས་འཁོར་བའི་མངལ་སྒོར་མི་འཇུག་པར་བཀག་པ་དང་། བླ་མ་ལྷ་དང་ལྟ་བ་དྲན་པའི་ངང་ནས་བདེ་བ་ཅན་སོགས་ཞིང་ཁམས་སུ་འཕེན་པ་གཏད་དེ་འཕོ་བར་བྱ་དགོས་ཚུལ་ད་ལྟ་སེམས་ལ་བཞག་སྟེ་སྦྱངས། གལ་ཏེ་འཕོ་མ་ཐུབ་ན་མངལ་སྒོ་བཟང་ངན་བསྡམ་པ་ལ་འོད་དཀར་པོ་ལྷ་དང་། སྔོན་པོ་མི་ལྟ་བུ་དང་། མགོ་གྱེན་དུ་བསྟན་པ་ལྷ་མིའི་སྣང་བ་ཁང་བཟང་རྡོར་དྲིལ་སོགས་མཐོང་བ་ལ་འཇུག །ཕ་མ་ཆོས་རྒྱུད་ཅན་དང་ཡུལ་ཆོས་དར་བ་སོགས་ལ་རང་དོན་ཆོས་ཀྱིས་འཕྲོ་མཐུད་ཅིང་། གཞན་དོན་སེམས་ཅན་ལ་ཕན་བདེ་བསྒྲུབ་ཆེད་དུ་རང་ཉིད་སྐུ་དང་ཡིག་འབྲུའི་རྣམ་པར་ཕའི་ཞལ་རྒྱུད། མའི་མངལ་གཞལ་ཡས་ཁང་དུ་མོས་ལ་སྐྱེ་བ་འཛིན་པར་བྱའོ། །སྨྲས་པ། དེ་དག་གོ་ལོ་ཙམ་དུ་མི་བཞག་པར། །གནད་ལས་བསྡུས་ནས་མན་ངག་སྙིང་དབུས་བརྟེན། །ཉམས་རྟོགས་ཡོན་ཏན་དབྱར་གྱི་ལྗོན་བཟང་རྩེར། །དོན་གཉིས་མཐར་ཕྱིན་འབྲས་བུའི་སྐུར་སྨིན་ཤོག །ཅེས་པ་བླ་མ་དམ་པ་ངག་བརྩོན་དང་གྲོགས་མཆེད་ཡེ་དར་སོགས་ཀྱིས་ངོར་ཝ་བླས་བྲིས་པ་སླར་ཡང་ཅུང་ཟད་བཅོས་ཏེ་ཕུལ་བ་དགེའོ། །བཀྲ་ཤིས། སརྦ་མངྒ་ལཾ།། །།

འཕོ་བ་དྲན་པ་རང་གྲོལ་གྱི་དོན་བསྡུས་འཇག་བཙུགས་མ་དང་གབ་སྤྲད་ཉུང་ངུ་།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་འཕོ་བ་དྲན་པ་རང་གྲོལ་གྱི་དོན་བསྡུས་འཇག་བཙུགས་མ་དང་གབ་སྤྲད་ཉུང་ངུར་བསྡུས་པའོ༔

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔འཆི་ཁ་བར་དོའི་ཁྲིད་འཕོ་བ་དྲན་པ་རང་གྲོལ། རྒྱལ་པོའི་བཀའ་ཐམ་བསྐུར་བ་ལྟ་བུའི་གདམས་ངག་འདི་ལ་ལོ་རྒྱུས་དང་གདམས་པ་དངོས་སོ། །སྤྱིར་གསང་སྔགས་གསར་རྙིང་གི་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ནས་འཕོ་བ་འདི་གསུངས་ཏེ། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ལས། འཆི་བའི་དུས་སུ་ཡིད་ཀྱིས་བསམ་པ་གང་ཞིག་དྲན་པར་གྱུར་པ་དེ་ནི་སྐྱེ་བོ་ཡང་དག་སྐྱེ། ཞེས་དང་། རྡོ་རྗེ་གདན་བཞིའི་རྒྱུད་ལས། ཐམས་ཅད་ལུས་ལ་གནས་པ་ཡི། །ཡེ་ཤེས་ཀྱི་ནི་ཡེ་ཤེས་མཆོག །སྟེང་དུ་ཚངས་པའི་སྒོ་འདི་ནི། །མདོ་ལས་འཕོ་བའི་མིང་དུ་བཤད། །ཉེས་པ་ཀུན་གྱིས་གོས་པ་ནི། །འཕོ་བའི་སྦྱོར་བ་སྦྱར་བས་གྲོལ། །ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །རྐུ་འཕྲོག་འདོད་ལོག་སྤྱད་པ་ཡང་། །ལམ་འདི་ཡིས་ནི་དག་གྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་ཞིང་། །སྲིད་པའི་སྐྱོན་ལས་རིང་དུ་འགྲོ། ཅི་ལྟར་འདམ་སྐྱེས་པདྨ་ནི། །འདམ་གྱིས་གོས་པར་མ་ནུས་ལྟར། །ཞེས་དང་། འཕོ་བ་དྲན་པ་རང་གྲོལ་གཞུང་ལས། དུས་ལ་བབ་པའི་འཕོ་བ་ནི༔མཚམས་མེད་ལྔ་བྱེད་པའི་གང་ཟག་ཡིན་ཡང་མཐོ་རིས་སམ་ཐར་པ་ཐོབ་པར་གསུངས་པས་ཕན་ཡོན་ཤིན་ཏུ་ཆེའོ༔ཞེས་གསུངས་སོ། །དེ་ལ་གསར་མའི་ལུགས་ཀྱི་ན་རོ་ཆོས་དྲུག་ལས་འཕོ་བ་ལམ་གྱི་སྐྱེལ་མ་ཡིན། ཞེས་དང་།

དེ་བཞིན་ནི་གུ་ཆོས་དྲུག་ལས། འཕོ་བ་མཁའ་སྤྱོད་མ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་འཕོ་བ་སྐར་ཁུང་མ་སོགས་གསར་མའི་ལུགས་ཀྱང་མང་དུ་ཐོབ་ལ། རྙིང་མའི་ལུགས་བཀའ་བརྒྱད་དགོངས་འདུས་པདྨ་འོད་འབར་གྱི་འཕོ་བ་ཡང་ཐོབ་མོད་ཀྱི། ད་ལམ་ཡང་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་གཏེར་མ་འཕོ་བ་འཇག་བཙུགས་མ་དང་། སྲས་ཀརྨ་གླིང་པའི་གཏེར་མ་ཞི་ཁྲོའི་འཕོ་བ་དྲན་པ་རང་གྲོལ་དང་འཇག་བཙུགས་མ་དེ་ཉིད་ལ་རྗེ་ཞྭ་དམར་བ་ཉིད་ཀྱིས་བརྩམས་པའི་འཕོ་བ་གསུང་མཆོག་མ་གསུམ་འབྲེལ་ཆེ་བས་སྦྲགས་ཏེ་བཤད་པ་ལ་ལོ་རྒྱུས་ཟུར་ཙམ་ཞུ་ན། སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་ཉི་མ་ཞེས་བྱ་བས་མེ་མཆེད་ཤོར་བའི་ཚེ་མཆོད་པའི་བླ་མ་གཅིག་ཕ་མ་གཉིས་སོགས་མི་བཅུ་གསུམ་རྟ་ཁྱི་ར་ཕག་ཡན་ཆད་དུད་འགྲོ་སུམ་བརྒྱ་ཙམ་ཚིག་ནས་ཤི། ཤི་བ་ཚོ་དམྱལ་བར་སོང་། བློན་པོ་ཉི་མས་མཚམས་མེད་ཀྱི་སྡིག་རང་ཤོར་བས་མྱ་ངན་གྱི་མུན་ཁུང་དུ་ཞུགས། ཟས་ཡང་མ་ཟོས་པས་འཆི་ལ་ཁད་དུ་ཡོད་པ་ན། རྒྱལ་པོས་ཨོ་རྒྱན་ལ་མཎྜལ་ཕུལ་ནས་བློན་པོ་ཉི་མའི་སྡིག་གི་མུན་པ་སེལ་བ་དང་། ཚེ་འདས་རྣམས་སངས་རྒྱས་ཐོབ་པའི་མན་ངག་ཞུས་པས་ཨོ་རྒྱན་གྱིས་ཅི་ཡང་མ་གསུངས་པས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། ཨོ་རྒྱན་རིན་པོ་ཆེ་ལགས། ནུབ་བདེ་བ་ཅན་གྱི་ཞིང་ཁམས་སངས་རྒྱས་འོད་དཔག་མེད་ཀྱི་མདུན་དུ་ཐུགས་དགོངས་གཏོད་དང་། དེར་གདམས་ངག་དེ་ཡོད་ལགས་ཞུས་པ་དང་། ཨོ་རྒྱན་རིན་པོ་ཆེས་ཤེལ་བེར་གྱི་ནང་དུ་དབུ་གཏུམ་ནས་བཞུགས་ཏེ། རྫུ་འཕྲུལ་གྱིས་བདེ་བ་ཅན་དུ་སྐད་ཅིག་ལ་བྱོན་པས། རིན་པོ་ཆེའི་གཞལ་ཡས་ཁང་གི་སྒོ་དྲུང་ན་རྡོ་རྗེ་ཕག་མོའི་སྤྲུལ་པ་རྒན་མོའི་གཟུགས་ཅན་ཞིག་གིས་མཇལ་ཁ་བྱས། སངས་རྒྱས་ལ་ཕྱག་མཛད། ཕྱག་ལན་ཡང་མཛད། རིན་པོ་ཆེའི་ཁྲི་སྟེང་དུ་

བཞུགས། ཨོ་རྒྱན་(རིན་པོ་ཆེས་){གཞག་པས་}བློན་པོ་ཉི་མའི་ལོ་རྒྱུས་ཞུས་ནས། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་ཨོ་རྒྱན་གྱི་ཐུགས་ཀར་བསྟིམ་ནས་བཀའ་བསྒོ་མཛད། འཕོ་བའི་གདམས་པ་གནང་ནས་བཀའ་རྒྱ་མཛད། དེ་ནས་ཨོ་རྒྱན་སྐད་ཅིག་ལ་ཚུར་བྱོན་ནས་བློན་པོ་མུན་ཁང་ནས་བཏོན་ཏེ། གསེར་ཉི་མ་ཙམ་དངུལ་ཟླ་བ་ཙམ་རིན་པོ་ཆེ་སྣ་ལྔ་ཕུལ་ནས་ཚོགས་འཁོར་བཤམས་ཏེ་བློན་པོ་ལ་གཅིག་བརྒྱུད་དུ་གནང་བློན་པོས་བསྒོམ་པས་ཞག་གསུམ་ནས་བློན་པོའི་མུན་པ་སང་ནས། ཞག་ལྔ་ནས་ཚེ་འདས་རྣམས་ཀྱང་སངས་རྒྱས་ཐོབ་པ་ཀུན་གྱི་མཐོང་། བློན་པོ་འཇའ་གུར་ལ་འདུག་ནས་འཕོ་བ་སྦྱང་བ་དང་། ལྷའི་བུ་དང་བུ་མོ་རྣམས་ཀྱིས་ཞལ་གཟིགས། དེར་ཐམས་ཅད་ངོ་མཚར་སྐྱེས་ནས་གདམས་ངག་རྣམས་རྒྱལ་པོས་ཞུས་ཀྱང་མ་གནང་། སངས་རྒྱས་ཀྱིས་བཀའ་རྒྱ་ཡོད་གསུངས། མཚོ་རྒྱལ་གྱི་ཤངས་མཚལ་གྱིས་ཏཱ་ལའི་ལོ་མ་ལ་བྲིས་ནས་རིན་པོ་ཆེའི་སྒྲོམ་བུར་བཅུག་ནས་དྲག་པོའི་མཚོ་ལ་སྦས། གཏེར་བདག་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་ལ་གཏད། ཕྱིས་བློན་པོ་དེ་ཡི་སྐྱེ་བ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱིས་མཚོ་ནང་དུ་བྱོན་ནས་བཏོན། ཀླུ་རྣམས་ཀྱིས་ནོར་བུ་བཅུ་གསུམ་ཕུལ་ནས་ཞུས་པས་ཀླུ་དང་ཉ་སྲམ་ཡན་ཆད་གྲོལ། མི་རྣམས་ལ་བསྟན་པས་ལུས་སེམས་བྲལ་མ་ཐག་སངས་རྒྱས། གཏེར་སྟོན་ཉི་ཟླ་སངས་རྒྱས་དགུང་ལོ་བརྒྱ་དང་ཉི་ཤུ་ཐོབ། དེའི་སྲས་ཀརྨ་གླིང་པ་འཁྲུངས་པས་དྭགས་ལ་སྒམ་པོའི་རྒྱབ་རི་ནས་ཞི་ཁྲོའི་ཆོས་སྐོར་གཏེར་ནས་བཏོན། དེའི་ནང་ནས་འཕོ་བ་དྲན་པ་རང་གྲོལ་བྱ་བ་ཡོད་པ་དང་། འདི་གཉིས་མ་བུ་ལྟ་བུ་ཡིན། བརྒྱུད་པ་ནི་ཉི་ཟླ་སངས་རྒྱས་མཚུངས་མེད་ནམ་མཁའ་རྒྱལ་མཚན། རྟོགས་ལྡན་སངྒ་བྷ་དྲ། ཕ་རྒོད་དྲི་མེད་བློ་

གྲོས། ཆོས་རྗེ་སངས་རྒྱས་རྒྱལ་མཚན། མཚུངས་མེད་མ་ཏིའི་མཚན་ཅན། ཡོང་འཛིན་ཕུན་ཚོགས་རྣམ་རྒྱལ། ཡབ་ཆོས་རྒྱལ་ཕུན་ཚོགས། སྲས་ཞྭ་དམར་བ་ཆོས་ཀྱི་དབང་ཕྱུག་དེས་གསོལ་འདེབས་གསང་མཆོག་མ་སོགས་མཛད་པས་ཀཾ་ཚང་ལ་རྒྱ་ཆེར་དར། བླ་མ་ཝོལ་པ་པས་རྗེ་ཞྭ་དམར་བ་དང་འབྲི་ཁུང་ཞབ་དྲུང་སྐུ་མཆེད་སྟག་ལུང་ངག་དབང་རྣམ་རྒྱལ་སོགས་མང་པོ་ལས་ཞུས་ནས་འཕོ་བའི་གྲུབ་ཐོབ་ཏུ་གྲགས་ཏེ། ཕུག་རོན་སྒྲོག་རུས་ཆག་ནས་འཆི་མ་ནུས་པ་ལ་འཕོ་བ་བཏབ་པས་སྤྱི་བོ་ནས་སྤུ་གཅིག་ནམ་མཁའ་ལ་ཡར་ཏེ་དེ་མ་ཐག་གཤོག་ལྡེབ་ཀྱི་ཤི་བ་དང་། མཛོ་མོ་ཞིག་ཁྱི་སྨྱོན་གྱིས་ཕུག་ནས་ཤི་མ་ནུས་གཟེར་ཆེ་སྐབས་འཕོ་བ་མཛད་པས་དེ་མ་ཐག་ཏུ་ཤི་བ་བྱུང་བས་འཕོ་བའི་མངའ་བདག་ཏུ་གྱུར་པ་ལ། བདག་རཱ་ག་ཨ་སྱས་ཞག་བཅུ་བཞི་ཙམ་ཁྲིད་ཞུས་ནས་སྦྱངས། གཞན་ཡང་བླ་མ་འཕོ་བ་ལུགས་བ་ཀུན་དགའ་གཉེན་ནས་བརྒྱུད་པ་ཡང་ཐོབ། གཞན་ཡང་ཞི་ཁྲོའི་འཕོ་ལུང་ནི་ཞི་ཁྲོ་དང་བརྒྱུད་པ་གཅིག་ཡིན་ནོ། །དེ་ཡང་འཕོ་བ་དྲན་པ་རང་གྲོལ་གྱི་གཞུང་ལས། དེ་ཡང་གང་ཟག་ཁྲེག་ཆོད་ཀྱི་སྐོར་དང་༔སྒྱུ་ལུས་རྨི་ལམ་འོད་གསལ་རྣམས་མ་འགྱང་གྲོལ་ལུགས་བཞིའི་དོན་མ་རྟོགས་པ་དང་༔ཁྱད་པར་དེ་རྣམས་ཐོབ་ཀྱང་བསྒོམ་ལུང་མེད་པའི་གང་ཟག་སྡེ་དཔོན་དང་ཁྱིམ་པ་རྣམ་གཡེང་ཅན་རྣམས༔གདམས་པ་ཟབ་མོ་ཐོབ་ཀྱང་ཉམས་སུ་མ་ལོན་པར་གདམས་ངག་ཡིག་ཐོག་ཏུ་ལུས༔ཆོས་གོ་ཐོག་ཏུ་ལུས༔རང་སེམས་ཐ་མལ་དུ་ལུས་པ་རྣམས་འཆི་ཁར་སངས་རྒྱས་པའི་གདམས་ངག༔བསྒོམ་མི་དགོས་པའི་བཙན་ཐབས་སུ་སངས་རྒྱས་པའི་གདམ་ངག་འཕོ་བ་དྲན་པ་རང་གྲོལ་འདི་གལ་ཆེ་སྟེ༔དེ་ཡང་སྐྱེས་ཕྱིན་ཆད་ངེས་པར་འཆི༔ འཆི་བའི་སྟེང་དུ་ནམ་འཆི་ཆ་མེད༔ དེ་བས་མྱུར་དུ་འཆི་

བས་འཕོ་བ་ལ་གཉིས་ཏེ་སྦྱངས་པ་དང་ལས་ལ་སྦྱོར་བ་གཉིས། དང་པོ་སྦྱང་བ་ནི། དཔེར་ན་སྐྱེས་པས་ཕྱི་དགྲ་འོང་དོགས་ནས། དགྲ་མེད་པའི་གོང་ནས་གོ་མཚོན་དང་མདའ་གཞུ་རྩལ་སྦྱངས་ཏེ་དགྲ་ནམ་བྱུང་བ་དང་། འདེབ་མ་རག་བྱེད་པ་ལྟར་འདིར་ཡང་འཆི་ལྟས་མ་བྱུང་གོང་ནས་སྦྱངས་དགོས་ཏེ། ནམ་འཆི་མི་ཤེས་པས་ད་ལྟ་ནས་བྱང་བར་བྱ་སྟེ། ནམ་ཞིག་འཆི་བར་ངེས་པར་ལས་ལ་སྦྱོར་མ་རན་པར་སྦྱངས་པ་བྱེད་པ་ནི་ཤིན་ཏུ་གཅེས་སོ། །དེ་ཡང་འཕོ་བ་སྦྱོང་བ་ནི། ཁྲིད་ཀྱི་དུས་འཕོ་བའི་དགོས་ཁྲིད་བྱས་ཀྱང་རུང་སྟེ། ཁྲིད་ཀྱི་སྔོན་འགྲོ་ལྟར་དལ་འབྱོར་རྙེད་པར་དཀའ་བ། འཁོར་བའི་ཉེས་དམིག་བསམ་པ་འཁོར་བ་ལ་ཡིད་སྐྱོ་ཞིང་ངེས་པར་འབྱུང་བའི་བསམ་པ་བསྐྱེད། དེའི་སྟེང་དུ་མི་ལུས་རིན་པོ་ཆེ་ཡང་རྙེད་པར་དཀའ་བས་རྙེད་ཀྱང་རིང་དུ་མི་གནས་པའི་འཆི་བ་ཞེ་ཐག་པ་ནས་དྲན་པར་བྱ་ཞེས་གསུངས་པས། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་བསྐལ་པ་རྒྱ་སྟོང་ནང་ནས་ལན་རེ་ཙམ་ཡིན། ད་རེས་ཐོབ་ཀྱང་སྐྱེ་བ་གཏན་གྱི་སོ་ནམ་དམ་པའི་ཆོས་ནི་མ་འགྲུབ། དུས་ལན་གཅིག་འཆི་ནད་ཀྱིས་ཐེབ་ཆོས་ནི་མེད། རིན་ཆེན་གླིང་ནས་སྟོང་ལོག་བྱེད་པ་ཚོ་སྙིང་རེ་རྗེ་བསམ་པ་གྱིས་ལ་འདི་རྗེས་ཟློས་མཛོད། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ། །ལོངས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཀྱཻ་མ་ཀྱཻ་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་ཐུགས་རྗེའི་མཐུ་མངའ་བས། །བདག་སོགས་འགྲོ་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །ཞེས་བརྗོད་བཅུག །དེ་ནས་འཁོར་བའི་

ཉེས་དམིགས་ནི། འཁོར་བའི་རྒྱ་མཚོ་རྒྱ་ཆེ་གཏིང་ཟབ་པས་མཐའ་ཡི་རྫོགས་སོ་མེད། ངན་སོང་གསུམ་གྱི་སྡུག་བསྔལ་རྣ་བས་ཐོས་ཀྱང་ཡ་ང་ན། ཐོག་ཏུ་བབ་ན་ཅི་ཟུག་བསྲན་ཐུབ། མཐོ་རིས་མི་འདི་རིགས་དྲུག་གི་ནང་ནས་སྐྱིད་ཤོས་ཡིན་ནའང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལན་དུང་ཕྱུར་དུ་ཡང་ཡང་མྱོང་བས་སུས་བཟོད། འདི་ལས་ཐར་ཐབས་དམ་པའི་ཆོས་ཤིག་ད་རེས་མི་བྱེད་ན་ནམ་བྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱཻ་མ་ཀྱཻ་མ་མི་རྟག་འཁོར་བའི་ཆོས། །ཐར་མེད་ལས་ཀྱི་རྒྱ་མཚོ་དོང་རིང་དུ། །ལས་ཀྱིས་མནར་བའི་འགྲོ་རྣམས་སྙིང་རེ་རྗེ། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་བྱིན་གྱིས་རློབས། །མ་རིག་ལས་ཀྱིས་མནར་བའི་འགྲོ་བ་རྣམས། །བདེ་བར་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད། །ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ། །ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས། །བདག་འདོད་གཟུང་འཛིན་བཅིང་པའི་བཙོན་ར་འདིར། །རི་དྭགས་རྒྱར་ཚུད་སླར་ཡང་འཇུག་པ་ལྟར། །མ་རིག་གཏི་མུག་ཅན་རྣམས་སྙིང་རེ་རྗེ། །འཁོར་བ་དོང་ནས་སྤྲུག་པར་བྱིན་གྱིས་རློབས། །ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུན་འཁྱུད་མོ་བཞིན། །ཐར་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །ཞེས་བརྗོད་བཅུག །ད་རེས་ཡང་མི་ཚེ་སྟོང་ཟད་དུ་སོང་། ཨེ་སྐྱིད་ངང་ལ་སྡིག་སྡུག་སྣ་ཚོགས་བྱས། མི་ཚེ་སྟོང་ཟད་སྡུག་བསྔལ་དཀའ་ལས་ཁོ་ན་ལ་ཟད། མི་འདི་ཙམ་ཤི་བ་ཐོས་ཀྱང་ཡ་ང་མེད་པ། རེས་མོ་དེ་རང་ལ་ནམ་བབ་བསམ་པ་གྱིས་ལ་རྗེས་ཟློས་མཛོད། སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་རྣམས། །ཅི་ཙམ་མཐོང་ཡང་མི་འཇིགས་སྙིང་སྲན་ཅན། །ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །མི་རྟག་

འཆི་བ་དྲན་པར་བྱིན་གྱིས་རློབས། །མི་རྟག་བློ་གཏད་མེད་པར་མ་ཤེས་ནས། །ད་རུང་འཁོར་བ་འདི་ལ་ཞེན་ཅིང་ཆགས། །སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་ཟད། །འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས། །སྣོད་ཀྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག །བཅུད་ཀྱི་སེམས་ཅན་མི་རྟག་ལུས་སེམས་བྲལ། །དབྱར་དགུན་སྟོན་དཔྱིད་ནམ་ཟླའི་དུས་མི་རྟག །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །ན་ནིང་ད་ལོ་ནམ་ཟླའི་སྟོད་སྨད་དང་། །ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག །ལེགས་པར་བསམས་ན་རང་ཉིད་འཆི་བས་གཏུགས། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །དེས་སྔོན་འགྲོ་ས་བཅད་མ་སྟོང་ཙམ་ཡིན། སྐྱབས་འགྲོ་སེམས་བསྐྱེད་བྱ་གསུངས་པས། དཀོན་མཆོག་རིན་ཆེན་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་ཞུ། འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་དོན་དུ་ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ཀྱི་དོན་དུ་ཟབ་ལམ་འཕོ་བའི་གདམས་ངག་གི་སྒོ་ནས་སངས་རྒྱས་ཐོབ་པར་བྱ་སྙམ་སྟེ། སེམས་གཞན་དུ་མ་འཕྲོ་བར་འདིའི་རྗེས་ཟློས་གྱིས་ཤིག །ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ལན་གསུམ། ད་དངོས་གཞི་འདི་ལ་དམིགས་པ་རྒྱས་བསྡུས་གསུམ་ཡོད་པ་ལས། དང་པོ་བླ་མ་བརྒྱུད་པའི་གསུང་རྒྱུན་ནི། ཁྱེད་རང་རྣམས་ཀྱི་ལུས་འདི་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་བཅོམ་ལྡན་འདས་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བས་མ་མཆུ་མནན་པ་ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་ནམ་མཁའ་ལ་ཕྱར་བ། གཡོན་ཡེ་

ཤེས་ཀྱི་བདུད་རྩིས་བཀང་བའི་ཐོད་པ་ཐུགས་ཀར་བསྣམས་པ། ཡབ་ཧེ་རུ་ཀ་སྦས་པའི་ཚུལ་ཁ་ཊྲཱཾ་མཆན་ཁུང་གཡོན་ནས་ཡར་སྒྲེང་བ། ཞབས་གཡས་བསྐུམ་པས་བྷ་གར་གཏད་ཅིང་། གཡོན་བསྐྱང་བས་པདྨ་དང་ཉི་མ་རོའི་སྙིང་ཀར་མནན་པ། ཐོད་པ་སྐམ་པོ་ལྔའི་དབུ་བརྒྱན་དང་། རློན་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་ཅན། སྐུ་གཅེར་བུ་ལ་རུས་པ་དང་རིན་པོ་ཆེ་དང་མེ་ཏོག་དམར་པོའི་ཕྲེང་བས་བརྒྱན་པ། སྐུའི་གནས་མཐོ་བ་རྣམས་རྒྱ་སྐྱེགས་ཀྱི་ཁ་བཀུས་པ་ལྟར་སྨུག་པ་སྒེག་ཅིང་གཞོན་ཤ་ཆགས་པ་བཅུ་དྲུག་ལོན་པའི་ན་ཚོད་ཅན་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། བདེ་བའི་ཉམས་དུ་མ་དང་ལྡན་ཞིང་འོད་ཕུང་གི་ཀློང་ན་གར་ཐབས་ཁྱུག་ཁྱུག་བྱེད་པ། ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁང་སྟོང་དུ་ཀ་བ་བཙུགས་པ་ལྟ་བུ། དེ་ཡང་མཚན་ཉིད་བཞི་དང་ལྡན་པ། བདེ་བ་མཚོན་པའི་ཕྱིར་ཕྱིི་དཀར་བ། གསལ་བ་མཚོན་པའི་ཕྱིར་ནང་དམར་བ། བྱང་ཆུབ་ཀྱི་ལམ་མཚོན་པའི་ཕྱིར་ཤིན་ཏུ་དྲང་བ་སྦོམ་ཕྲ་མདའ་སྙུག་འབྲིང་པོ་ཙམ། ངན་སོང་གི་སྒོ་བཀག་པའི་ཕྱིར་མར་སྣེ་ལྟེ་འོག་སུམ་མདོར་ཕུག་སྡུགས་སུ་ཡོད་པ། ཐར་པའི་སྒོ་འབྱེད་པའི་ཕྱིར་ཡར་སྣེ་སྤྱི་བོར་ཚངས་པའི་བུ་གར་ཧད་པོར་ཡོད་པ། སྤྱི་གཙུག་ཏུ་རིན་པོ་ཆེ་ཡི་ཁྲིའི་སྟེང་དུ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཅིང་ཆོས་གོས་གསུམ་གྱིས་ཀླུབས་པ། ཕྱག་མཉམ་བཞག་གི་སྟེང་ན་འཆི་མེད་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ། ཞབས་བྱམས་བཞུགས་མཛད་པའི་ཞབས་ཀྱིས་མཐེ་བོང་གཉིས་ཀྱིས་ཚངས་བུག་བཀག་སྟེ་བཞུགས་པ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྩ་རྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ནས་འོད་དཔག་མེད་ལ་ཐིམ་

པས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་གྱུར། གཞུང་ནས་སྙིང་གར་གསུངས་ཀྱང་སྲིད་པ་ཆགས་འཇིག་གི་གནས་ལྟེ་བ་ཡིན་པས་ལྟེ་བའི་ཐད་དབུ་མའི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པ་སྙུག་མའི་ཚིགས་འགག་པ་ལྟ་བུ། དེའི་སྟེང་དུ་ཟླ་བའི་གདན་ཆུང་ངུ་གཅིག །དེའི་སྟེང་དུ་རང་གི་རླུང་སེམས་རྣམ་པར་ཤེས་པ་ཐམས་ཅད་འདུས་པའི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་བཀྲག་མདངས་དང་ལྡན་པ། འཕར་ལ་ཁད་པ། འཕུར་ལ་ཁད་པ། ཡར་ལ་ཁད་པ། དབུགས་འདྲེན་དུས་ཡང་འཕུར་ལྷེབ་ལྷེབ་བྱེད་པ་གཅིག་བསྒོམ། དེ་ནས་སངས་རྒྱས་འོད་དཔག་མེད་ལ་དམིགས་པ་རྩེ་གཅིག་གཏོད་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས༔གྲུབ་ཐོབ་ཀརྨ་གླིང་པ་ལ་གསོལ་བ་འདེབས༔དྲིན་ཅན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ཡུམ་མཆོག་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས༔བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔རྒྱས་པར་འདོན་པ་ལོབ་ན་ནི་འདྲེས་བྱང་ལ་འདོན། ད་རེས་རྗེས་ཟློས་དེས་ཆོག །རྡོ་རྗེ་གདན་བཞིའི་རྒྱུད་ཆེན་པོ་ལས། སེམས་ཀྱི་རྩ་ནས་དེ་བཞིན་ཧིག །སྟེང་དང་འོག་དང་དེ་བཞིན་ཏེ། །ཡི་གེ་ཕྱེད་དང་གཉིས་ཀྱིས་སྦྱངས། །བཟློག་པར་བྱ་བའི་ས་བོན་གྱིས། །ལྷན་གཅིག་བློ་

དང་ལྡན་པས་སྦྱོངས། །ཞེས་གསུངས་པ་ལྟར་ལུས་བསྲང་ལག་པ་གཉིས་རྡོ་རྗེ་ཁུ་ཚུར། མཐེ་བོང་གིས་སྲིན་རྩ་མནན་ཏེ་དཔྱི་སྟེང་དུ་བཟུང་། ལུས་ཤེད་སྟོད་དུ་སྤུངས། རིག་པ་རྩེེ་གཅིག་ཏུ་ལྟེ་འོག་གི་ཐིག་ལེ་ལ་གཏད། འདི་གསང་སྔགས་ཡིན་པས་སྐད་ཆེ་མི་རུང་གྲེ་ཁུང་ནས་ཧིཀ་བརྗོད་པས་ཐིག་ལེ་དེ་ཡར་འཕར་ནས་སྤྱི་བོའི་སངས་རྒྱས་ཀྱི་མཐེ་བོང་ལ་ཐུག །ཀ་ཞེས་བརྗོད་པས་མར་བབ་ནས་ལྟེ་འོག་གནས་པར་བསྒོམ། དེ་འདྲ་ཡར་སྤར་བ་དང་། མར་ཕབ་པ་གཉིས་གཅིག་ཏུ་བརྩི་བའི་ཐུན་རེ་ལ་བརྒྱ་རེ་ཙམ་བྱ། ཐུན་མཇུག་ཏུ་སྤྱི་བོ་ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པའི་སྟེང་དུ་འོད་དཔག་མེད་དེ་ཚེ་དཔག་མེད་ཀྱི་སྐུར་གྱུར་ནས་བཞུགས་ཡོད་པར་བསྒོམ་ལ། ཤེས་ན་ཚེ་གཟུངས་ཚར་གསུམ་ཙམ་འདོན། མི་ཤེས་ན་མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། མང་དུ་བརྗོད། དེ་ལྟར་ཞག་རེ་ལ་ཐུན་དྲུག་གམ། ཐ་ནའང་ཐུན་བཞི་རྩེ་གཅིག་ཏུ་ཉམས་སུ་ལོངས་ཤིག །ཆོས་ཐུན་དང་པོའོ། །༈ འོ་ན་འཕོ་ལུང་འདིའི་དོན་རྩ་སྤྱི་བོ་ནས་འཕོས་པ་དང་། བུ་ག་གཞན་ནས་རྣམ་ཤེས་ཐོན་པ་ལ་ཁྱད་ཅི་ཡོད་སྙམ་ན། རྡོ་རྗེ་གདན་བཞི་རྩ་རྒྱུད་ཆེན་པོ་ལས། ལམ་བཟང་པ་ཡི་མཛེས་པའི་གནས། །ལམ་ངན་སྲིད་པའི་སྐྱོན་གྱིས་གོས། །ཐིག་ལེ་ལྟེ་བ་སྤྱི་གཙུག་དང་། །མིག་དང་སྣ་དང་རྣ་བ་དག །ཆུ་དང་ཆུ་མིག་སྒོ་ཡིན་ཏེ། །སྒོ་དགུ་ཡི་ནི་མཚན་ཉིད་ཡིན། །ལྟེ་བ་འདོད་ཅན་མཐོ་རིས་ཏེ། །ཐིག་ལེ་གཟུགས་ཀྱི་ལུས་ཅན་ནོ། །སྟེང་ནས་སྟེང་གི་གནས་ཡིན་ཏེ། །མི་གདུག་ལ་སོགས་དེ་རུ་འགྲོ། སྣ་ནས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་དག་ནི་གྲུམ་པའི་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འགྲོ། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ནས་ཡི་དྭགས་ཏེ། །དེ་ནི་ལྕི་བས་དུད་འགྲོའོ། །ཆུ་མིག་རྣམ་ཤེས་མྱུར་བ་རུ། །དམྱལ་བ་བརྒྱད་དུ་ཤེས་

པར་བྱ། །སྒོ་རྣམས་ཀྱི་ནི་བྱེ་བྲག་གི། འཁོར་བའི་བྱེ་བྲག་འབྱུང་བ་ཡིན། །དེ་བས་སྒོ་ཡི་བྱེ་བྲག་ལས། །སྒྲུབ་པ་པོས་ནི་ལམ་བཟང་བརྟེན། །ཞེས་དང་། ནྭ་རོ་པཎ་ཆེན་གྱི་ཞལ་ནས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་བཅད་ནས་སྒོ་གཅིག་དབྱེ། །ཞེས་དང་། རང་བྱུང་རྡོ་རྗེས། དེ་ནས་རྣམ་ཤེས་ཀུན་གཞི་ནི། །ཚངས་བུག་ནས་ནི་གཟུགས་མེད་དེ། །ཐིག་ལེ་ནས་ནི་ལྷ་མོ་ཆེ། །མིག་ལས་འདོད་པའི་མི་དབང་པོ། །རྣ་བ་ལས་ནི་གྲུབ་པའི་ལྷ། །སྲིད་པའི་སྒོ་ལས་ཡི་དྭགས་བཤད། །ཆུ་ཡི་ལམ་ནས་དུད་འགྲོ་སྟེ། །འོག་སྒོ་ནས་ནི་དམྱལ་བ་བརྒྱད། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་འཕོ་བ་དྲན་པ་རང་གྲོལ་ལས། དེ་ཡང་རྣམ་ཤེས་འཕོ་བའི་ལམ་ལ་ཁྱད་པར་ཆེ་སྟེ༔དེ་ལ་རབ་འབྲིང་ཐ་གསུམ་སྟེ་དགུའོ༔སྤྱི་བོ་ཚངས་པའི་བུ་ག་ནི༔དག་པ་མཁའ་སྤྱོད་དུ་ུའགྲོ་བའི་ལམ་ཡིན༔དེར་རིག་པ་ཐོན་ན་ཐར་པ་ཐོབ་པར་འགྱུར་བས༔ལམ་མཆོག་ཏུ་གྱུར་པ་ཡིན་པས་དེར་འདུན་པ་གཏད་པ་ལ་བྱང་བ་གལ་ཆེའོ༔མིག་ལས་རྣམ་ཤེས་ཐོན་ན་འཁོར་ལོའི་བསྒྱུར་བའི་རྒྱལ་པོར་སྐྱེ༔སྣ་བུག་གཡོན་ནས་མི་ལུས་གཙང་མ་སྟེ་སྒོ་རབ་གསུམ་མོ༔སྣ་བུག་གཡས་ནས་གནོད་སྦྱིན༔རྣ་བ་གཉིས་ནས་གཟུགས་ཁམས་གྱི་ལྷ༔ལྟེ་བ་ནས་འདོད་པའི་ལྷར་སྐྱེས་སྟེ་སྒོ་འབྲིང་གསུམ་མོ༔ཆུ་ལམ་དུད་འགྲོ༔སྲིད་པའི་སྒོ་ཞེས་བྱ་བ་ཁམས་དང་ཐིག་ལེ་དཀར་དམར་འབྱུང་བའི་ལམ་ཡི་དྭགས༔གཤང་ལམ་དམྱལ་བར་སྐྱེ་བས་སྒོ་ཐ་མ་གསུམ་མོ༔ཞེས་གསུངས་ལ། གསར་མ་ལས་ནི། སྲིད་པའི་སྒོ་ཁ་ཡིན་པར་བཞེད་ལ། འབྲུག་ལུགས་ཀྱི་ཁྱད་ཆོས་ཚོགས་མ་ནི། ཚངས་སྨེའི་ལམ་སྟེ་གཟུགས་མེད་དུ་སྐྱེ་བའི་སྒོ་ཡིན་ལ། ཚངས་བུག་ནི་སྤྱི་བོའི་གཙུག་སྟེ་དག་པའི་ལམ་དུ་བཞེད། གྲུབ་མཐའ་གཞན་ཐམས་ཅད་ཀྱི་ཚངས་བུག་

དང་ཚོགས་མ་གཅིག་སྟེ། འཕོ་བའི་གདམས་ངག་གིས་འཕོས་ན་མཁའ་སྤྱོད་དུ་འགྲོ། རང་ག་ལས་དབང་གིས་འཕོས་ན་གཟུགས་མེད་ཁམས་སུ་སྐྱེ། སྒོ་གཅིག་ཀྱང་གདམས་ངག་ཡོད་མེད་ཀྱི་ཚད་དུ་བཞེད། གསོ་རིག་པ་ལ་ལས་ཚོགས་མ་ནི་ལྟག་ཁུང་སོ་སོའི་སྣ་ཡིན་ཞེས་ཟེར་རོ། །རང་ལུགས་ལ་སྒོ་དགུ་བས་མང་པོ་རྒྱུད་གཞུང་ནས་མ་བཤད་པས་ཚོགས་མ་ཚངས་བུག་གཅིག་པར་འདོད་དོ། །དེ་ལ་སྐྲ་མཚམས་ན་ཁུ་ཚུར་(སོར་)བརྒྱད་ཀྱི་ས་སྤྱི་བོ་དྲངས་པོ་ན་དམིགས་པ་གཏོད་ཅིག །དེ་ནས་དམིགས་པ་དངོས་ནི་སྔོན་མ་དང་དོན་གཅིག་ཀྱང་། རྗེ་ཞྭ་དམར་དྲུག་པའི་གསུངས་ལྷད་མེད་བྱིན་བརླབས་ཆེ་བས་བཤད་དོ། །རང་ཉིད་རྡོ་རྗེ་ཕག་མོར་བསྐྱེད། དེའི་སྐུའི་དབུ་མའི་མར་སྣེ་ཕཊ་ཀྱིས་བཀག །ཡར་སྣེ་སྤྱི་གཙུག་ནས་ཧད་པོར་འདུག་པ། སྤྱི་བོ་ནས་མར་བུག་པ་ཐལ་ལེར་ཡོད་པ་ཞིག་བསྒོམ། རང་གི་སྤྱི་གཙུག་ཏུ་སངས་རྒྱས་འོད་དཔག་མེད་བྱམས་བཞུགས་མཛད་པའི་ཞབས་ཀྱིས་སྤྱི་བོའི་ཚངས་བུག་བཀག་པ་ཞིག་བསམ། རང་གི་ཐུགས་ཀའི་ཐད་ཀྱི་དབུ་མའི་ནང་དུ་པདྨ་དམར་པོ་འདབ་མ་བཞི་པའི་སྟེང་དུ་ཟླ་བ། དེའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་དམར་མདངས་དང་ལྡན་པ་འཕར་ལ་ཁད་པ་ཞིག་བསྐྱེད་དེ་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་གྱི་གསོལ་འདེབས་བརྗོད་ནས་ཞེས་གསུངས་པས་རྗེས་ཟློས་མཛོད། གསང་མཆོག་རྡོ་རྗེ་བཙུན་མོའི་བྷ་ག་ནས། །བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །བྱིན་རླབས་འོད་དུ་འཁྲིགས་པའི་བར་མཚམས་ནས། རྩ་བརྒྱུད་བླ་མ་གྲུབ་ཐོབ་འཁོར་ལོའི་ཚོགས། །བཟོད་མེད་གདུང་ཤུགས་དྲག་པོས་

གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །རིས་མེད་སྙིང་རྗེ་བདུད་རྩིའི་ཁྲུས་ཁང་ནས། །སྣང་སྟོང་ཆོས་སྐུའི་གར་མཁན་ཀརྨ་པ། །། བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །བརྟུལ་ཞུགས་འོད་དུ་འཚེར་བའི་གངས་ཁྲོད་ནས། མཁའ་སྤྱོད་དགའ་བའི་རྡོ་རྗེ་གདོང་ལྔ་བ། ་་་་་་་་གདོང་ལྔ་བ་ནི་ཞྭ་དམར་གི་གསང་མཚན་་་་་། བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །ཕྱི་ནང་དཀྱིལ་འཁོར་མུ་མེད་རབ་འབྱམས་ན། བདེ་བ་མཆོག་དང་མཉམ་སྦྱོར་རྣལ་འབྱོར་མ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །བདུད་ཚོགས་ཉམས་པ་མི་རོའི་བ་གམ་ན། ཡེ་ཤེས་མེ་འབར་ཆོས་སྐྱོང་རྫུ་འཕྲུལ་ཅན། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གི། །ལུས་གནས་བརྗོད་མེད་ཡེ་ཤེས་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་རྒྱས་གཞན་མེད་པའི། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག །ད་ལྟ་རྗེས་ཟློས་དེས་འཐུས་འདི་བློ་ལ་ཟིན་པ་བྱུང་ན་འདྲེས་བཤང་ཤེས་པར་བྱའོ། །ད་ཧིག་ཅེས་བརྗོད་པས་ཐིག་ལེ་འཕར་ནས་འོད་དཔག་མེད་ཀྱི་ཞབས་ལ་རེག་ཅིང་གནས། ཀ་ཞེས་པས་མར་བབ་པར་བསམ་མོ། །ཞེས་གསུངས་པ་ལྟར་སྦྱོང་མཛོད། དེ་ཡང་རྡོ་རྗེ་གདན་བཞིའི་རྒྱུད་ལ། རིམས་ལ་སོགས་པ་མ་ཕོག་པར། །གོང་དུ་འཕོ་བའི་སྦྱོར་བ་མཆོག །སྔོན་དུ་བུམ་པ་བརྩམས་པ་ཡིན། །སྒོ་རྣམས་ཐམས་ཅད་

བཅིངས་བར་བྱ། །རྒྱལ་བ་ལྔ་ཡི་མཆོད་རྟེན་གྱི། །སྒོ་ཡི་བགགས་པར་བསྒོམ་བྱ་སྟེ། །དེ་ལ་འོག་གི་སྒོ་རུ་ནི། །ཆུ་ཡི་ས་བོན་དཀར་པོ་བསམ། །ཆུ་དང་ཆུ་མིག་སྒོ་ལ་ནི། །མེ་ཡི་ས་བོན་འབར་བ་སྟེ། །དེ་ལ་ཤིན་ཏུ་མཉམ་བཞག་པས། །དབུགས་ནི་བུམ་པ་ཅན་དུ་བསྒོམ། །ཞེས་རླུང་སྦྱོར་དང་བཅས་པ་བསྒོམ་པར་གསུངས་ནའང་། འཕོ་བ་དྲན་པ་རང་གྲོལ་དུ་གསུངས་པ་ལྟར་ད་ལྟ་ཡུད་ཙམ་རྟེན་འབྲེལ་གྱི་དམིགས་པ་རེ་བསྒོམས་ཤིག །བདེ་བའི་གནས་ལ་སེམས་དཔའི་སྐྱིལ་ཀྲུང་གིས་འདུག་ལ་འཁོར་བའི་སྒོ་བགགས་པ་ནི། ལུས་དྲངས་པོར་བསྲང་། ལག་པ་གཉིས་ས་གནོན་གྱི་ཕྱག་རྒྱས་པུས་མོ་གཉིས་བཀབ། དཔུང་པ་གཉིས་བརྒྱང་། དེ་ནས་རང་གི་སྙིང་གར་ཡི་གེ་ཧཱུྃ་མཐིང་ནག་འོད་དུ་འབར་བ་གཅིག་བསྒོམ། དེ་ལས་ཧཱུྃ་གཅིག་ཆད་པས་གཤང་ལམ་དུ་སོངས། དམྱལ་བའི་སྒོ་ཁྲིག་གེ་བཀག །དེ་ནས་ཧཱུྃ་གཅིག་ཆད་སྲིད་པའི་སྒོར་སོང་ཡི་དྭགས་ཀྱི་སྒོ་བཀག །དེ་བཞིན་དུ་ཧཱུྃ་གཅིག་གིས་ཆུ་ལམ་དུད་འགྲོའི་སྒོ་བཀག །དེ་ནས་ཁ། དེ་ནས་སྣ་བུག་གཉིས། དེ་ནས་རྣ་བའི་བུ་ག་གཉིས་ཧཱུྃ་འོད་དང་ལྡན་པ་རེ་རེས་བཀག་པར་བསམ། སྤྱི་བོ་ཚངས་བུག་ན་ཧཾ་མགོ་ཐུར་དུ་བསྟན་པས་བཀག་པར་བསམ། ལུས་ཀྱི་དབུས་རྩ་དབུ་མ་ལུག་རྒྱུད་ཀྱི་རྒྱུ་མ་ཕུས་བཏབ་པ་ལྟར། མར་སྣེ་ལྟེ་འོག་ཏུ་ཟུག་པ། ཡར་སྣེ་ཚངས་བུག་ཏུ་ཟུག་པ་དཀར་ལ་འཚེར་བའི་མདངས་དང་ལྡན་པ། ལུས་ཀྱི་དབུས་སུ་དྲང་པོར་ཁྲང་ངེ་ཡོད་པའི་མར་སྣེ་ལྟེ་འོག་རྩ་གསུམ་འདུས་མདོར་རིག་པའི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ་གསལ་ལ་དྭངས་བ། དབུགས་ཀྱི་སྐྱིབ་སྐྱིབ་འཕར་ལྷབ་ལྷབ་ཡར་ལ་ཁད་པ་ཡོད་པར་བསམ། སྤྱི་བོའི་སྟེང་གི་ནམ་མཁར་བླ་མ་འོད་དཔག་མེད་ཀྱི་ཆ་ལུགས་འཛུམ་མོལ་ལེར་བཞུགས་པར་བསམ། ལུས་ཤེད་སྟོད་དུ་སྤུང་ལ་སྒྲིམ་གཤང་ལམ་དྲག་ཏུ་བསྡམ། མིག་གྱེན་

ལ་ལྡོག །ལྕེ་ཡ་རྐན་ལ་སྦྱར། ལག་པའི་མཐེ་བོང་གཉིས་ཀྱིས་སྲིན་རྩ་མནན་པའི་ཁུ་ཚུར་དྲག་ཏུ་བཅང་ཞིང་ལྟེ་འོག་ནས་ཡར་འཐེན་ཅིང་། ངག་ཏུ་ཧིག་ཧིག་ཅེས་ཁོང་ཤེད་དང་ལྡན་པས་ཡར་དྲངས། འོག་རླུང་གི་ཤུགས་ཀྱིས་ཐིག་ལེ་དེ་རང་དབང་མེད་པར་དབུ་མའི་ནང་ནས་ཡར་ངང་ཧྲིལ་ལེར་དྲངས་པ། ཧིག་བདུན་གྱིས་ལྟེ་བར་དྲངས། དེ་ནས་བདུན་གྱིས་སྙིང་གར་དེ་ནས་བདུན་གྱིས་མགྲིན་པར། དེ་ནས་བདུན་གྱིས་སྨིན་མཚམས་སུ། དེ་ནས་ཧིག་ཅེས་ཚངས་བུག་གི་ཧཾ་དེ་ལ་གཏུགས། ཐུག་པ་དང་ཀ་ཞེས་ཡང་ཐིག་ལེ་དེ་མར་བབ་སྟེ། ལྟེ་འོག་ཏུ་ངང་ཀྱི་ལེར་གནས་པར་བསམ། དེའི་བར་ལ་ཅུང་ཟད་ངལ་གསོ། ཡང་སྔོན་ལྟར་སྦྱངས། ཐིག་ལེ་རིམ་པར་སྤར་བ་འདི་ཞི་ཁྲོའི་འཕོ་བ་དྲན་པ་རང་གྲོལ་གྱི་ལུགས་ཡིན། སྔོན་ལྟར་དུས་གཅིག་ལ་རྒྱང་གིས་སྤར་བ་ཡང་རུང་སྟེ་གང་བདེ་བར་གྱིས་ཤིག །ཡང་འཇག་བཙུགས་མའི་གཏེར་གཞུང་རང་གི་དམིགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་འཕོ་བ་སྦྱངས་བར་བྱའོ་སྙམ་དུ་སེམས་བསྐྱེད་ནས། རང་ཉིད་ཡི་དམ་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ཁོག་པ་སྟོང་སང་ངེ་བར་བསམ་པའི་སྤྱི་གཙུག་ཏུ་བླ་མའི་ངོ་བོ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་བསམ། རང་གི་ལུས་ཀྱི་དབུས་ནས་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། སྤྱི་གཙུག་ནས་ལྟེ་འོག་སོར་བཞིའི་བར་སླེབ་པ། ཕྲ་སྦོམ་སྦ་ལྕགས་འབྲིང་པོ་ཙམ་བསམ་ཚངས་བུག་ཏུ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ། དེ་ནས་རང་གི་དབུ་མའི་ནང་གི་སྙིང་གི་ཐད་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འགྲིལ་

བ། སྲན་མའི་རྡོག་པོ་ཙམ། འཕར་འདར་ལིང་ལིང་བ་གཅིག་བསམ་ལ། ལུས་ཐ་མལ་པའི་སྐྱིལ་ཀྲུང་། སོར་མོ་རྣམས་བསྐུམ། ཉྭ་བཞི་བསྒྲིམ། ལག་པ་རྡོ་རྗེ་ཁུ་ཚུར་བསྡམ། བྲང་གི་སྒྲོག་རུས་གཡས་གཡོན་ནོན་ཙམ་བྱ། མགྲིན་པ་འགུགས་ལྕེ་ཡ་རྐན་ལ་སྦྱར། མིག་གྱེན་ལ་ལྡོག །གསུས་པ་སྟོད་དུ་ཡར་སྤུངས་ནས། ངག་ཏུ་ཧིག་ཅེས་པས་ཐིག་ལེ་སེན་རྡིལ་འཕང་བ་ལྟར་སྤྱི་བོའི་ཧཾ་ལ་ཕོག་པར་བསམ། ཀ་ཞེས་པས་སྐར་མདའ་ལྟུང་བ་ལྟར་ཧྲིལ་གྱིས་ལྷུང་བར་བསམ། དེ་ལྟ་བུ་ཡར་འཕང་མར་ཕབ། རྟགས་མ་ཐོན་གྱི་བར་དུ་འབད་པར་བྱའོ། །དེ་ལྟར་རྒྱུན་དུ་སྦྱངས་ན་ཞག་འགའ་ཟུང་ནས་རྟགས་འབྱུང་། ཐུན་དྲུག་ཏུ་བསྒོམ་ན་ཞག་བདུན། ཐུན་གསུམ་རེ་ལས་མ་བྱས་ན་བདུན་གཉིས་ཙམ། ཉིན་རེ་ལ་ཐུན་རེ་ལས་མ་བྱས་ན་ཞག་ཉེར་གཅིག་ཙམ་འགོར་བས་མ་གཡེལ་བར་སྦྱོངས་ཤིག །ཡང་འགོ་འཐོམ་ནས་ན་ན་ཚངས་བུག་མེད་པའི་རིགས་ཡིན་པས། འོད་དཔག་མེད་ནམ་མཁའ་ལ་ཡར་བཏེགས། ཚངས་བུག་གི་ཡི་གེ་ཧཾ་མི་བསྒོམ་པར་ཧད་པོར་བསྒོམ། ཐིག་ལེ་ནམ་མཁའ་ལ་སྤར་ལ་མར་ཞུགས། ལྟེ་འོག་ཏུ་གནས་པར་བསྒོམ་ཏེ། འཕོ་བ་དྲན་པ་རང་གྲོལ་གྱི་གཞུང་ལས། སྤྱི་བོ་སྐྲང་ཀྱང་ཚངས་བུག་མ་རྙེད་ན༔མགོ་ན་བ་ལ་སོགས་འབྱུང་བས༔ཚངས་བུག་གི་ཧཾ་ཕྱེ་ནས༔ཐིག་ལེ་ཚངས་བུག་ཏུ་ཡར་རྒྱང་སེ་ཐོན་ནས༔བླ་མའི་ཞབས་ལ་གཏུགས་པར་བྱས་ནས༔ཚངས་བུག་ཏུ་མར་བྱུང་། ལྟེ་འོག་ཏུ་གནས་པར་བསམ༔དེ་ལྟ་བུ་ལན་འགའ་ཙམ་གྱིས་ཚང་བུག་ཕྱེས་ཏེ་ཁྲག་གམ་ཆུ་སེར་ཐོན་ནས་འཇག་མ་ཚུགས་པར་འགྱུར་རོ༔ཞེས་གསུངས་པས། རྟགས་ནི་འཇག་བཙུགས་མའི་གཞུང་ལས། རྟགས་ནི་སྤྱི་བོ་ཟ་བ་དང་༔ཚ་ཚག་དང་༔འབུར་བ་དང་༔ འབུགས་པ་ཡིན༔ ལུས་ཡང་ཟོ་མདོག་བདེ༔ དྲོད་སྐྱེ༔ ཟས་འཇུ་བ་

ལ་སོགས་འོང་༔ཞེས་པ་དང་༔འཕོ་བ་དྲན་པ་རང་གྲོལ་ལས། འཕོ་བ་ཐེབ་རྟགས་སུ༔ཚངས་བུག་ཏུ་དྲོད་ཚ་ཆིལ་གྱིས་འོང་བ་དང་༔གཡལ་བ་དང་༔ཟ་བ་དང་༔སྦྲིད་པ་དང་༔སྐྲང་བ་དང་༔སྤྱི་གཙུག་ཉོ་ལེར་སོང་བ་དང་༔བེམ་པ་དང་༔ཚངས་བུག་ཏུ་ཆུ་སེར་ཐོན་པ་དང་༔ཁྲག་ཐོན་པ་ལ་སོགས་འབྱུང་ངོ་༔དེའི་ཚེ་བླ་མས་ཚངས་བུག་ལེགས་པར་བཙལ་ལ་རྨ་བྱའི་མདོངས་སམ༔འཇག་མ་བཙུགས་པས་ལྟེམས་སེ་ནུབ་པར་འགྱུར་རོ༔དེ་ནི་འཕོ་བ་བྱང་བ་ཡིན་ཏེ༔དེ་ཙམ་ལ་ཚོད་མ་ཟིན་ན་ཚེ་སྲོག་གི་བསྐུར་མར་འགྲོ་བས་དམིགས་པ་དང་འཁྲུལ་འཁོར་གྱི་འཕྲོ་བཅད༔དེ་ནས་ཚངས་བུག་ཧཾ་གིས་མ་བཀག་ཚེ༔ཚེ་སྲོག་གི་བསྐུལ་མར་འགྲོ་བས་བཀག་པ་གལ་ཆེའོ༔དེ་ཕྱིན་ཆད་ཧིག་དང་འཁྲུལ་འཁོར་མི་བྱ་བར་དབུ་མའི་ཐིག་ལེའི་འགྲིམ་འགྲུལ་བྱ་ཞིང་༔ཚངས་བུག་ཧཾ་གིས་བཀག་པ་གལ་ཆེའོ༔དེ་ནས་འཕོ་བ་བྱང་བར་འགྱུར་རོ༔ཧིག་ཀ་ནི་ཚེ་ཐུང་བའི་སྔགས་ཡིན་པས༔འཕོ་བ་མ་ཐེབ་བར་དུ་འདྲེན་པ་ལས་ཐེབ་ན་ཧིག་ཀ་བདུན་བས་འདྲེན་པར་མི་བྱའོ༔གལ་ཏེ་རྩོལ་བ་དྲག་པོས་འཕོ་ཐལ་ན༔རྟག་ཏུ་ཤེས་པ་དྲན་མེད་འགྲོ་ལ་ཁད་པ་དང་༔རྣམ་ཤེས་སྟོད་དུ་རྫོང་བ་དང་༔མགོ་ཡུ་འཁོར་བ་སོགས་བྱུང་ན་རྐང་མཐིལ་གཉིས་སུ་འཁྲུལ་འཁོར་ཟློག༔སྤྱི་བོར་སྐུ་མཉེ་བྱ༔དམིགས་པ་རྐང་མཐིལ་གཉིས་སུ་གསེར་གྱི་མཆོད་རྟེན་ཤིན་ཏུ་ལྗི་བར་དམིགས་པ་དྲག་ཏུ་གཏད་ཅིང་འབེབས་མང་དུ་བྱས་པས་ཞི་བར་འགྱུར་རོ༔ཞེས་གསུངས་ལ༔འཇག་བཙུགས་མའི་གཞུང་ལས༔ལྔ་པ་གེགས་སེལ་ནི༔སྦྱང་བའི་སྟོབས་ཀྱིས་རླུང་སེམས་སྤྱི་བོར་འདུས་ནས་དྲན་པ་རང་སར་མི་གནས་ན༔གསང་གནས་སུ་སེམས་གཏད༔དེས་མ་ཕེབ་ན་རྐང་ཞབས་སུ་བྲེད་པས་ཕེབ་པ་ཡིན༔ དེ་ཡང་རྒྱུད་གཞན་ཕལ་ཆེར་ནས་རླུང་བུམ་པ་ཅན་

རྟགས་ཐོན་པར་མ་བྱས་ན་འཕོ་བ་སྦྱངས་རྒྱུ་མེད་པ་ལྟ་བུ་ཡིན། འོན་ཀྱང་འཇག་བཙུགས་མ་འདི་ལ་རླུང་བཟུང་ཞིང་སྦྱོངས་ན་རང་འཕོ་ནམ་འདོད་ཆོག་པ་འབྱུང་། རླུང་བཟུང་མི་ཤེས་ན་ཡང་སྦྱངས་ཐུབ་ཅིང་རྟགས་ཐོན་པར་སྦྱོང་ན་འཆི་ཁ་རང་གིས་རང་འཕོ་ཐུབ་རྟགས་ཐོན་པར་མ་སྦྱོང་ཡང་འདིའི་འཕོ་ལུང་ཐོབ་ནས་བླ་མ་སོགས་སྔས་སུ་ཕེབ་ནས་འཕོ་བ་བྱས་པས་ངེས་པར་མྱུར་དུ་ཐེབ་པའི་གནད་ཡོད་པ་ཡིན། གལ་ཏེ་རང་གིས་རང་ནམ་འདོད་འཕོ་ནུས་ན་ཡང་། འཆི་རྟགས་མ་ཚང་བར་འཕོ་མི་རུང་། འཆི་རྟགས་ཚང་ནའང་འཆི་བསླུ་ལན་གསུམ་མ་བྱས་ན་འཕོ་མི་རུང་། འཆི་བསླུ་ལན་གསུམ་བྱས་ཀྱང་འཆི་རྟགས་མ་འགྱུར་ན་དུས་ཀྱི་འཆི་བ་ཡིན་པས། ནད་མ་ཕོག་གོང་ནས་འཕོས་ཀྱང་རུང་། འཆི་བསླུ་ལ་རིགས་མང་ན་ཡང་། དོན་ལ་སྨན་དང་རིམ་གྲོ་རང་གི་ཅི་འབྱོར་གཟབ་ནས་ལན་གསུམ་བྱེད་པས་འཐུས། དེ་ཡང་འཆི་བའི་རྟགས། ཞི་ཁྲོ་ནས་འཆི་ལྟས་མཚན་མ་རང་གྲོལ་སོགས་ནས་རྒྱ་ཆེར་བཤད་པས་འདིར་མི་ལོངས། འཇག་བཙུག་མ་ནས་ཅུང་ཟད་བཤད་པ་ནི། གཉིས་པ་འཆི་བ་བརྟགས་པ་ནི། རྨི་ལམ་དུ་སྤྲེའུ་དམར་པོས་སྣ་ཁྲིད་ནས་ཤར་དུ་སོང་བ་རྨིས་ན་འཆི་རྟགས། བུད་མེད་དམར་མོ་མང་པོས་རྒྱན་བཏགས་གོས་དམར་པོ་གྱོན་ནས་ལུང་པ་དམར་པོའི་ནང་དུ་སོང་པ་རྨིས་པ་དང་། ཡུལ་དུ་འདུག་སྙིང་མི་འདོད་པ་དང་དགེ་སྦྱོར་གྱི་འཕྲོ་མི་ཟིན་པ་བྱུང་ན་ངེས་པར་འཆི་རྟགས་ཡིན། མིག་གི་འོད་སྐོར་མེད་ན་ཐིག་ལེ་ཉམས་པའི་རྟགས་ཡིན་ཞག་ལྔ་ནས་འཆི། རྣ་བའི་སྒྲ་ཆད་ན་རླུང་ཉམས་པའི་རྟགས་ཡིན་པས་ཞག་བཞི་ནས་འཆི། ལུས་ཀྱི་སྤྱི་བོའི་རླངས་པ་མེད་ན་རྩ་ཉམས་པའི་རྟགས་ཡིན་པས་ཞག་གསུམ་ནས་འཆི། ཞེས་གསུངས་ཏེ། ཕྱི་རྟགས་ནམ་མཁའི་གཟུགས་བརྙན་བལྟ་ཤེས་ན་མགོ་དང་ཡན་ལག་མ་ཚང་བ་དང་། ནང་

རྟགས་རྨི་ལམ་དུ་མི་ནག་པོས་དབང་མེད་དུ་ཁྲིད་པ་དང་། མགོ་བཅད་ནས་དོན་སྙིང་བཏོན་པ་སོགས་རྨི་ལམ་ལན་གཅིག་མི་གཟུ་ལན་མང་དུ་རྨིས་ན་ངན་པ་དང་། ཉིན་ཕྱེད་ལྷོར་ཁ་གྱུ་ནས་ལག་ངར་གདོང་དུ་གཟར་བས་ཆད་ལ་ཁད་འོང་སྟེ། དེ་ཆད་པ་དང་། རྣ་བ་མཛུབ་མོས་མནན་པར་འུར་སྒྲ་མེད་པ་དང་། མིག་མཛུབ་མོས་མནན་པས་འོད་སྐོར་མེད་པ་དང་། ཟླ་བ་གང་ཡང་རུང་བའི་ཚེས་གཅིག་ནས་བཟུང་སྟེ་གནམ་གང་བར་དུ་ནམ་སེང་ནས་ཉི་དྲོས་བར་ཞག་གསུམ་རེ་ལ་སྣ་བུག་གཡོན་ནས། དེ་ནས་གསུམ་གཡས་ནས་ཏེ་རེས་མོས་ཡིན་དེ་གོ་ལོག་པ་དང་མིའི་གཤིས་དང་སྤྱོད་པ་སྔར་ལས་གོ་ལོག་པ་རྣམས་འཆི་ལྟས་ཏེ། དེ་དག་ལ་འཆི་བསླུའི་རིམ་གྲོ་བྱས་ན་སྔར་ལྟར་སོར་ཆུད་ན་འཆི་བ་བཟློག་རྟགས་ཡིན་ལ། འཆི་བསླུ་སྐུ་རིམ་ལན་གསུམ་བྱས་ཀྱང་མ་འགྱུར་ན་ངེས་པར་འཆི་བས་འཕོ་བའི་གདམས་ངག་བྱའོ། །དུས་ལ་མ་བབ་པར་འཕོས་ན་ལུས་ལྷ་དམ་པ་རིགས་བརྒྱ་བསད་པའི་ཉེས་པ་བྱུང་བས་ངན་སོང་དུ་ལྟུང་། དུས་ལ་བབ་དུས་འཕོས་ན་དག་པའི་ཞིང་ཁམས་ཐོབ་བོ། །དེས་ན་ཆད་པ་གཅོད་པ་དང་། རྔན་གསོད་བྱེད་ཤོམ་ལ་ཡང་གསོད་ངེས་ཡིན་ན་འཕོ་རུང་། བརྡེག་བརྡེག་ཡིན་ན་ངན་སོང་དུ་འགྲོ་བས་འཕོ་མི་རུང་། ཚེ་མ་ཟད་པར་སྡུག་བསྔལ་ཆེན་པོ་འབྱུང་ཡང་འཕོ་མི་རུང་སྟེ། ནད་ཀྱི་གཟེར་ཆེན་པོ་བྱུང་ཡང་འཆི་མ་ངེས་པར་འཕོ་མི་རུང་སྟེ། རྡོ་རྗེ་གདན་བཞིའི་རྒྱུད་ལས། དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ལྷ་དེ་གསོད་པར་གྱུར་ན་ནི། །དེ་ནི་དམྱལ་བར་སྐྱེ་བར་ངེས། །ཞེས་གསུངས་སོ། །འཕོ་བ་དྲན་པ་རང་གྲོལ་ལས་ཀྱང་དུས་རྟག་ཏུ་འཆི་བ་བརྟགས་པ་ནི༔རིང་བའི་འཆི་ལྟས༔ཉེ་བའི་འཆི་ལྟས༔མ་ངེས་པའི་འཆི་ལྟས༔ངེས་པའི་འཆི་ལྟས་རྣམས་མཚན་མ་རང་གྲོལ་ལྟར་བརྟགས་པར་བྱའོ༔ དེ་

ཡང་འཆི་ལྟས་དང་མཐུན་པའི་འཆི་བསླུ་ལ་ནན་ཏན་བྱ་ཞིང་༔འཆི་ལྟས་མཚན་མ་ཚང་ཡང་འཆི་བསླུ་མ་བྱས་པར་འཕོ་བ་ནི༔ལྷ་བསད་པའི་ཉེས་པ་འབྱུང་བ་དང་༔རང་གི་རང་ལྕེབས་པའི་ཉེས་པ་སོགས་འབྱུང་བས་མཚམས་མེད་པ་ལས་ཀྱང་ཉེས་པ་ཆེར་འབྱུང་བའི་ཕྱིར༔ཅི་ནས་ཀྱང་འཆི་བསླུ་སྤྱི་དང་བྱེ་བྲག་གང་འོས་འཆི་བསླུ་འཇིགས་པ་རང་གྲོལ་ལྟར་ལན་གསུམ་མམ་ཅི་རིག་པ་བྱ༔ཞེས་གསུངས། དེས་རྟགས་ཐོན་པ་རྣམས་དམིགས་པ་ད་རུང་སྦྱོང་། ཧིག་མི་བརྗོད། རྟགས་མ་ཐོན་པ་རྣམས་ད་རུང་རྩེ་གཅིག་ཏུ་སྦྱོངས་ཤིག །ཆོས་ཐུན་གཉིས་སོ། །ཡང་འཕོ་བ་འཇག་བཙུགས་མའི་དམིགས་རིམ་གཞུང་གཅིག་ནི། རང་ཉིད་རྗེ་བཙུན་མར་གསལ་བཏབ། རྗེ་བཙུན་མ་དེ་ཡང་དར་དམར་གྱི་གུར་ཕུབ་པ་ལྟ་བུའི་ནང་རོལ་སོགས་གང་ཡང་མེད་པ། ཕྲུ་མ་ཕུས་བཏབ་པ་ལྟ་བུ་ས་ལེ་སེང་ངེར་གསལ་པའི་སྙིང་གར་རྩ་འདབ་མ་བརྒྱད་པ་ཁ་ཡར་ཟེད་པ་མར་སྣེ་ཟོ་ཞབས་འདན་པ་ལྟ་བུ་དེའི་ཟེའུ་འབྲུའི་སྟེང་ནས་སྤྱི་གཙུག་ཏུ་རྩ་དབུ་མ་ཁང་སྟོང་གི་ཀ་བ་བཙུགས་པ་བཞིན་དུ་ཟངས་ཐལ་དུ་ཡོད་པའི་ནང་དུ། དབུ་མའི་ནང་ཟེའུ་འབྲུའི་འབྲས་བུར་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱུྃ་དཀར་པོ་གཅིག་བསྒོམ། སེམས་ཅན་ཐ་མལ་པ་རྣམས་ནི་ཐིག་ལེ་སྲན་མ་ཙམ་ཞིག་བསྐྱེད། དབུ་མའི་ཡར་སྣེ་སྤྱི་གཙུག་གི་བར་དུ་ཁྲིག་གེར་མཉམ་པར་བསྐྱེད། སྤྱི་གཙུག་ཏུ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་བྱི་རུའི་མདོག་འདྲ་བ་བསྒོམ། ཆེ་ཆུང་རང་གི་གང་བསྐྱེད་ཡིན། དེ་ནས་འཇག་བཙུགས་མ་དང་། ཞི་ཁྲོ་འཕོ་བ་དྲན་པ་རང་གྲོལ་གཉིས་ཀའི་གསོལ་འདེབས་ཐུན་མོང་བ་བླ་མ་བརྒྱུད་པའི་གསུངས་ལས་བྱུང་བ་འདིའི་རྗེས་ཟློས་མཛོད། ཀ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས་ནས། །རྒྱལ་བ་འོད་དཔག་མེད་པ་དེ་ཡིས། །ཟབ་

ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། །བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། །གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། སྟོང་ཉིད་སྙིང་རྗེ་ཆོས་ཀྱི་དབྱིངས་ནས། ལོངས་སྐུའི་ཐུགས་རྗེའི་བདག་ཉིད་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། ཟངས་མདོག་དཔལ་རིའི་མཁའ་འགྲོའི་གླིང་ནས། སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། སྟོང་ཉིད་སྙིང་རྗེའི་ཆོས་ཀྱི་དབྱིངས་ནས། གཏེར་སྟོན་ཉི་ཟླ་ཡབ་སྲས་དེ་ཡིས། སྲས་ཀརྨ་གླིང་པའོ། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ནས། དྲིན་ཅན་རྩ་བའི་བླ་མ་དེ་ཡིས། ཟམ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། ཙིཏྟ་རིན་ཆེན་སྙིང་གི་གནས་ནས། ཞི་བ་བཞི་བཅུ་རྩ་གཉིས་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། མགྲིན་པ་ལོངས་སྤྱོད་འཁོར་ལོའི་གནས་ནས། རིག་འཛིན་དཔའ་བོ་མཁའ་འགྲོ་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། གླད་པ་དུང་ཁང་འབར་བའི་གནས་ནས། ཁྲག་འཐུང་འབར་བ་ལྔ་བཅུ་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། བཀའ་དང་དམ་ཚིག་གཉེན་པོའི་གནས་ནས། བཀའ་སྲུང་དམ་

ཅན་རྒྱ་མཚོ་དེ་ཡིས། ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ། བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད། གུ་རུ་ཧ་རི་ནི་སཱ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། ཅེས་བརྗོད་ཧིག་བརྗོད་པས་ཧཱུྃ་དེ་སངས་རྒྱས་ཀྱི་ཐུགས་ཀར་མདའ་འཕང་བ་བཞིན་དུ་སོང་། ཀ་བརྗོད་པས་ཧཱུྃ་མར་བྱུང་ནས་སྙིང་དབུས་སུ་ཡོད་པར་བསམ། སྙིང་དབུས་སུ་ཡོད་པའི་དུས་སུ་ཕར་ཚུར་ཡར་མར་གང་ཡང་མ་རེག་པའོ། །རྟགས་མ་བྱུང་གི་བར་དུ་སྦྱོང་བའོ། །རྟགས་ཐོན་ངེས་བྱུང་ན་འཇག་མ་མ་བཙུགས་ཀྱང་ཆོག །འོན་ཀྱང་གཞུང་ནས་བཤད་པ་དང་། ཕྱག་ལེན་ལ་ཡོད་པས་བཙུགས་ཏེ། དང་པོ་རླུང་སྟོད་དུ་བརྫང་བ་འདྲ་བ་དང་། རྐེ་རྒྱུད་མི་བདེ་ཞད་དང་། མགོ་ན་བ་དང་། སྤྱི་བོ་ཟ་བ་དང་། ཚ་ཚག་དང་། དེ་ནས་སྤྱི་བོ་སྐྲང་བ་དང་། བེམ་པོ་ཉོལ་ལེར་སོང་བ་སོགས་བྱུང་ན། འཇིམ་པ་ལ་རྩ་བཙུགས་པ་ལྟར། ནུབ་མལ་ནས་ཁྲག་དང་ཆུ་སེར་ཐོན་པ་སོགས་རྟགས་ངེས་པ་ཅན་ཡིན་གྱི། དེ་མིན་པར་ངེས་པ་མེད། སྤྱིར་མི་ཡི་མགོ་ཤུན་ལ་ཤ་གཤིས་སྲ་སྙི་ཡོད་ཅིང་། བྱིས་པ་སོགས་སྙི་བའི་རིགས་ལ་རྩེད་མོ་བྱས་ནས་བཙུགས་ཀྱང་ཟུག་པ་སྟེ་འཕོ་བའི་དོན་མིན། མགོ་ཤུན་སྲ་བའི་རིགས་ལ་དམིགས་པ་གསལ་ཡང་ཟུག་དཀའ་བར་འོང་བ་ཡིན་ཏེ་སྐྱོན་མེད། འདི་ཡང་དམིགས་པ་ཟིན་མ་ཟིན་མགོ་སྲ་སྙི་ལེགས་པར་བརྟགས་དགོས་སོ། །འཕོ་བ་དྲན་པ་རང་གྲོལ་གཞུང་ལས། གནད་ཕལ་ཆེར་ལག་ལེན་བལྟའོ་གསུངས་པའི་དོན་ཡིན། རྩ་ནི་ན་བའམ་སྤང་མཁྲང་བ་ལ་སྐྱེ་བའི་མགོ་འཇམ་པ་འབེལ་འབེལ་ཡོད་པ་སྡོང་པོ་ཕྲ་བ་རྒྱ་ཁབ་ལས་སྦོམ་ཙམ་ལ་མཁྲེགས་ཤིང་། ནང་ཁོག་སྟོང་མིན་པ་ཞིག་ཡོད་པ་དེ་ཡིན། རྩ་གང་རུང་བ་རྩ་རྒོད་ཀུ་ཤ་མི་རུང་ངོ་། །རྨ་བྱའི་སྒྲོ་གསུངས་པ་རྨ་བྱའི་ཐིལ་ཕྲན་ཡིན་ཏེ་མི་རྙེད་དོ། །མཇུག་སྒྲོ་འདི་མིན་ནོ། །འདིར་

ཞིབ་པར་ཕྱག་ལེན་ལ་ལྟོས། དེ་ནས་ཐམས་ཅད་ལ་དུས་གཅིག་གམ་དུ་ཟུག་ལ་བཙུགས། ཁོམ་ན་གསོལ་འདེབས་འདོན་པ་ཕྱག་སྲོལ་ཡོད། དེ་ཡང་འཕོ་བ་དྲན་པ་རང་གྲོལ་ལས། དེ་ཡན་འཕོ་བ་སྦྱང་བ་ཞེས་བྱ། ནད་མེད་འཆི་ལྟས་མ་བྱུང་གོང་ནས་ལེགས་པར་སྦྱངས་བར་བྱའོ། །ས་མཱ་ཡཿཞེས་གསུངས་པའི་དོན་ཡིན། གཉིས་པ་ལས་ལ་སྦྱར་བའི་འཕོ་བ་ནི། འཆི་ལྟས་ཚང་ཞིང་འཆི་བསླུ་བྱས་ཀྱང་མ་ཐུབ་ན། དེ་ནས་རྣམ་ཤེས་འཕོ་བྱ་སྟེ། འདི་ལ་བཞི་སྟེ། ཆོས་སྐུའི་འཕོ་བ། ལོངས་སྐུའི་འཕོ་བ། སྤྲུལ་སྐུའི་འཕོ་བ་དང་གསུམ། ཐ་མལ་པའི་འཕོ་བ་དང་བཞི། དེ་ལ་འཆི་ཁ་བར་དོ་ཡིན་པའི་རྟགས་སུ་འཆི་ནད་ཀྱིས་ཐེབ། འཆི་ལྟས་ཚང་བའི་དུས་སུ། འཆི་ཁ་བར་དོ་མི་གསལ་བ་གསལ་གདབ་པ། སྒེག་མོས་མེ་ལོང་ལ་ལྟ་བ་ལྟ་བུའི་གདམས་ངག་ལ་གཉིས། གཞན་གྱིས་གདབ་པ་དང་རང་གིས་གདབ་པའོ། །དང་པོ་ནི། འཆི་ལྟས་ཚང་བ་རང་གིས་རིག་གམ། མ་རིག་ཀྱང་སྨན་པ་དང་ནད་གཡོག་པའི་རྣམ་འགྱུར་གྱིས་ཤེས་ལ། རང་གིས་ཀྱང་དྲན་པས་གསལ་ན། ཉེ་བའི་འཆི་ལྟས་རྣམས་བརྟགས་ལ་འཆི་བར་འདུག་ན། ཉེ་འཁོར་ན་རྩ་བའི་བླ་མ་བཞུགས་ན་སྤྱན་འདྲེན་དུ་བཏང་ལ། རང་ལ་དངོས་པོ་ཅི་ཡོད་ཐམས་ཅད་བླ་མ་ལ་ཕུལ་ལ། ཆགས་སེམས་སྐད་གཅིག་ཀྱང་མེད་པར་བྱ། ཅུང་ཟད་ཅིག་ཆགས་པས་ངན་སོང་དུ་བསྐྱུར་བས། དགེ་སློང་འབར་གསུམ་པའི་གཏམ་རྒྱུད་ལྟ་བུའོ། །ཞེས་གསུངས་པས། དགེ་སློང་གཅིག་གི་ལྷུང་བཟེད་ལེགས་པོ་ཞིག་བསྐུང་ནས་ཡོད་པ་ལ་ཆགས་ནས་སྦྲུལ་དུ་སྐྱེས་ཏེ་ལྷུང་བཟེད་ནང་ན་སྦྲུལ་ཚང་བཅས་པ་དང་། མི་གཅིག་གིས་གསེར་བསྐུང་ནས་ཡོད་པ་བསྔོ་ལོང་མ་བྱུང་བར་ཤི་ནས། དེར་སྦྲུལ་དུ་སྐྱེས་པ་ཤི་ནས་ཀྱང་སྐྱེ་བ་མང་པོར་དེ་ཉིད་སྦྲུལ་དུ་སྐྱེས་པ་དང་། མ་བུ་ལ་ཆགས་པས་བུ་ཡི་སྒོ་ཁྱི་ལ་སྐྱེས་པ་

དང་། ཕ་བུ་ལ་ཆགས་པས་བུའི་རྨོས་གླང་གི་བཤུལ་འབུ་ལ་སྐྱེས་པ་ཁྭ་ཏས་བཏོན་ཅིང་ཟོས་པས་ཀྱང་སྐྱེ་བ་དུ་མར་དེར་སྐྱེས་པ་དང་། ཉ་པ་གཅིག་བུ་ལ་ཆགས་པས། བུའི་ཉེ་ལོགས་སུ་མཚོའི་ཉ་རུ་སྐྱེས་པ་བུས་བསད་ཅིང་ཟོས་ཀྱང་སྐྱེ་བ་མང་པོར་སྐྱེས་པ་བུས་ཟོས་པ་ལྟ་བུའོ། །དངོས་པོ་རྣམས་ཕུལ། དངོས་སུ་མ་མཇལ་ཀྱང་ཡིད་ཀྱིས་ཕུལ། བློས་ཐོངས་བར་བྱ། ཁྱད་པར་ཆགས་སྡང་སྐྱེ་བའི་དངོས་པོ་གཅིག་ཀྱང་མཐོང་སར་མི་བཞག་གོ །དེ་ནི་ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས། ཞེས་པའི་དོན་ནོ། །དེའི་དུས་སུ་ཅི་ཡོད་སྤང་དག་བྱས་ཏེ། རྒྱུད་ཉི་ཟླ་ཁ་སྦྱོར་ལས། རང་གི་བླ་མ་དགེ་འདུན་དང་། །ཚོགས་བསགས་ཞིང་ནི་ཁྱད་པར་ལས། །ཡོན་དང་སྟོན་མོས་མཉེས་བྱས་ལ། །ཞེས་གསུངས་པས། དེ་ནས་བླ་མ་བྱོན་ནས་སྔགས་ཀྱི་དམ་ཚིག་ཉམས་ཆགས་ཡོད་པ་རྣམས་བཤགས། ཉེས་ལྟུང་ཅི་ཡོད་ན་ཕྱིར་བཅོས་བྱ། སྡོམ་ལྡན་ཡིན་ན་སྡོམ་པ་གསོ། སྡོམ་ལྡན་མིན་ན་སྐྱབས་འགྲོ་ནས་གཞི་བླངས་ལ་ཕོག །གལ་ཏེ་བླ་མ་མི་བཞུགས་ན། ཆོས་རྒྱུད་གཅིག་པའམ། རང་གི་རྡོ་རྗེ་སྤུན་ནམ་སྲིང་དང་དམ་ཚིག་གི་སེལ་མེད་པ། ལྟ་སྤྱོད་མཐུན་པ་ཞིག་གིས་གསལ་གདབ་བོ། །རྒྱུད་ཉི་ཟླ་ཁ་སྦྱོར་ལས། དེ་ཚེ་བླ་མའི་མན་ངག་རྣམས། །རང་གི་རྒྱུད་ལ་འདྲིལ་བར་བྱ། །དོན་འདི་རྣམས་ཀྱིས་གསལ་ཡང་གདབ། །བླ་མ་མེད་ན་རྡོ་རྗེ་སྤུན། །ཤེས་པས་གསལ་ཡང་གདབ་པར་བྱ། །ཞེས་པའོ། །དེ་ནི་གཞན་གྱིས་གསལ་བཏབ་པའོ། །གཉིས་པ་རང་གིས་གསལ་བཏབ་པ་ནི། གསལ་འདེབས་བྱེད་པོ་མ་རྙེད་ན། རང་གི་རང་ལ་སྔར་གྱི་ཉམས་ལེན་རྣམས་གསལ་བཏབ་པར་བྱ་སྟེ། དེ་ཡང་འོད་གསལ་ཟིན་འཕྲོ་ཡོད་པ་དང་། སྟོང་ཉིད་ཀྱི་ལྟ་བ་གོམ་འདྲིས་ཡོད་ན། ལུས་ཀྱི་ཐུབ་ན་ཆོས་བདུན་ནམ། ཙོག་སྤུར་

འདུག་མ་ཐུབ་ན་གཡས་པ་ས་ལ་ཕབ། མགོ་བྱང་དུ་བསྟན་ཏེ། ད་ནི་བདག་འཆི་བར་འདུག་པས། སྤྱིར་ཁམས་གསུམ་འཁོར་བ། ཁྱད་པར་སྙིགས་མའི་དུས་འདིར་བདག་གདམས་པ་ཟབ་མོ་འདི་ལྟ་བུ་ུདང་འགྲོགས་ནས་འཕོ་བ་རེ་དགའ། ད་རིས་འཆི་བ་འོད་གསལ་ཆོས་སྐུ་ངོ་ཤེས་པར་བྱས་ལ། གང་ལ་གང་འདུལ་གྱི་སྤྲུལ་པ་དཔག་ཏུ་མེད་པ་བཀྱེས་ནས་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱ་དགོས་སྙམས་པའི་སེམས་བསྐྱེད་ཏུང་ཏུང་བ་ལན་འགའ་བྱེད། དེ་ནས་བདག་གིས་བླ་མ་བརྟེན་ཅིང་གདམས་ངག་ཟབ་མོ་ཞུས་པའི་དོན་དེ། ད་ལྟ་དགོས་པ་ཡིན་སྙམ་དུ་མ་ཡེངས་པར་བྱ་སྟེ། གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག །ཅེས་པའི་དོན་ནོ། །ཞེས་གསུངས་པ་ལྟར་རང་རེ་འཆི་དུས་དེ་ལྟར་བྱ་བསམ་པ་གྱིས་ལ་རྗེས་བཟློས་མཛོད། ཀྱཻ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་དེར༔ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔གདམ་ངག་གསལ་བའི་ངང་དུ་མ་ཡེངས་འཇུག༔རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ཞེས་བརྗོད་དེ་ནས་སྐབས་འདིར་དྭགས་པོ་རིན་པོ་ཆེའི་གདམས་ངག་སྟེ། དང་པོ་འཕོ་བའི་དམིགས་པ་ལན་བདུན་ནམ་ཉེར་གཅིག་ཙམ་བྱས་ལ་དེ་ནས་ཉམས་ལེན་ངང་དུ་བཞག་པས་ཐུགས་དམ་མ་ཟིན་པའམ། ཟིན་ཀྱང་འགྲོགས་པ་དང་བར་ཆད་བྱུང་བ་ན་ཡང་རྣམ་ཤེས་ཚངས་བུག་ནས་འཕོ་བས་ཐུགས་དམ་ཟུང་འཇུག་ཡིན་པས། དེ་ནས་སེམས་མ་བཅོས་པའི་འཕོ་བྱ་འཕོ་བྱེད་རྟེན་དང་བྲལ་ཏེ། རང་གི་རིག་པ་བཟོ་མེད་དུ་ཡེ་རེ། ཡེངས་མེད་དུ་ཧྲིག་གེ་གསལ་སྟོང་རྗེན་ནེ་འཆར་བ་ལ་ཡུན་རིང་དུ་བཞག་གོ །དེའི་འོད་གསལ་ངང་དུ་དབུགས་

སོང་ན། གཞི་ཡི་འོད་གསལ་དང་། ད་ལྟ་བསྒོམ་པའི་འོད་གསལ་གཉིས་ཆུ་སྣ་འཕྲད་པ་ལྟ་བུ་འོད་གསལ་མ་བུ་འཕྲད་དེ། ཡར་གྱི་ཟངས་ཐལ་ཆོས་སྐུ་སྐྱེ་བ་མེད་པ་ཐོབ་སྟེ་སྐད་ཅིག་ལ་གྲོལ་བར་འགྱུར་རོ། །ཉམས་རྟོགས་བཟང་བ་རྣམས་ནི་འདི་ཁོ་ན་ལ་ཡང་ཡང་བརྐྱར་བས། རྣམ་དག་ཆོས་སྐུའི་འཕོ་བ་ཞེས་བྱ་སྟེ། འཕོ་བ་ཀུན་གྱི་མཆོག་ཡིན་ནོ། །ཞེས་ཨོ་རྒྱན་རིན་པོ་ཆེའི་གསུངས་པའི་དོན་ཞྭ་དམར་དྲུག་པས་མཛད་པ་འདིའི་རྗེས་ཟློས་མཛོད། འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གིས། །ལུས་གནས་བརྗོད་མེད་ཡེ་ཤེས་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་རྒྱས་གཞན་མེད་པས། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག །ཅེས་བརྗོད་དོ། །དེ་ལྟར་ཆོས་སྐུའི་འཕོ་བ་ཐེབ་ན། ཕྱི་རྟགས་སུ་ནམ་མཁའ་གཡའ་དག་པ་དང་། ནང་རྟགས་སུ་ཕུང་པོ་ཡུན་རིང་བཀྲག་མི་ཡལ་ཞིང་མདངས་གསལ་བ། གསང་རྟགས་སུ་ཨ་དཀར་པོ་དང་ཧཱུྃ་མཐིང་ག་ལ་སོགས་འབྱོན་པར་འགྱུར་རོ། །ཆོས་སྐུའི་འཕོ་བ་ས་མཱ་ཡ། དེ་ཡང་སེམས་ངོ་མ་འཕྲོད་པ་དང་ཉམས་རྟོགས་མེད་པ་རྣམས་ལ་ཆོས་སྐུའི་འཕོ་བ་བཏབ་རུང་། དམུས་ལོང་ལ་རྫས་བསྟན་པའམ། ཁྱི་ལ་སྐར་མ་བསྟན་པ་དང་འདྲ་བས། གང་ཟག་བློ་ཚོད་དང་སྦྱར་བའི་འཕོ་བ་གསལ་གདབ་པ་གལ་ཆེའོ། །གཉིས་པ་ལོང་སྐུའི་འཕོ་བ་ནི། བསྐྱེད་རིམ་ལ་བརྩོན་པར་བྱེད་པ་དང་། སྙིང་པོ་ལ་ངེས་ཤེས་ཆེ་ན་ལོངས་སྐུའི་འཕོ་བ་ཙམ་བྱ་སྟེ། ལུས་གནད་གོང་ལྟར་ཙོག་པུར་ཐུབ་ན་ལེགས་ལ། གོང་གི་སྦྱངས་དུས་ཀྱི་དམིགས་པ་གསལ་གདབ་ཁྱད་པར་སྤྱིའི་བོའི་གཙུག་ཏུ་པདྨ་ཉི་མའི་སྟེང་དུ་བླ་མ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་རྡོ་རྗེ་འཆང་ཆེན་པོའམ་སྤྱན་རས་གཟིགས་ལ་སོགས་པ་ཁྱེད་རང་གི་ཡི་དམ་གྱི་བསྐྱེད་རིམ་གང་ལ་མོས་པ། དེ་ཉིད་

གསལ་གདབ། ཅེས་གསུངས་ནའང་། བདེ་བ་ཅན་དུ་སྐྱེ་བའི་རྟེན་འབྲེལ་གྱིས་འོད་དཔག་མེད་བསྒོམ་པ་ཟབ། སྒོ་དགུ་བཀག་པ་སོགས་བསྒོམ་ལོང་བྱུང་ན་ལེགས། མ་གསལ་ན་བུ་ག་ཐམས་ཅད་ཡིད་ལ་མི་བྱེད་པར་དབུ་མའི་ནང་དུ་སེམས་གཏད་ལ་ཚངས་བུག་ཧཾ་གིས་བཀག་པ་དེ་ཕྱེས་ནས་དཀར་སེང་ངེ་ཡོད་པའི་ནང་ནས་ཐིག་ལེ་མདའ་འཕང་བ་ལྟར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམ་ལ། ཀ་གཅིག་བརྗོད་ཅིང་དབུགས་མ་སོང་བར་དུ་དམིགས་པ་[ཝིག །]མར་མི་ཕབ། དམིགས་པ་སྤྱི་བོའི་འོད་དཔག་མེད་ལ་ཡེ་རེ་གཏད། དེའི་ངང་ལ་དབུགས་སོང་ན་ཡི་དམ་ལྷ་དང་དབྱེར་མེད་པར་རིག་པ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་སྟེ། ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་འགྱུར་རོ། །དེ་ལྟར་ལོངས་སྐུའི་འཕོ་བ་ཐེབ་ན། ཕྱི་རྟགས་ལ་ནམ་མཁའ་འཇའ་དང་འོད་ཀྱིས་གང་བ་དང་། ནང་རྟགས་སུ་སྤྱ ི་བོའི་ཚངས་བུག་ཏུ་ཁྲག་དང་ཆུ་སེར་ཐོན་པ་དང་། ཟིལ་པ་ཕྲོམ་པའམ། སྐྲང་བ་ལ་སོགས་འབྱུང་། གསང་བའི་རྟགས་སུ་གདུང་རྣམ་པ་ལྔའམ་གང་རུང་རེ་འབྱོན་པ་དང་། ལྷའི་སྐུ་གཟུགས་དང་ཕྱག་མཚན་ལ་སོགས་པ་འབྱོན་པར་འགྱུར་རོ། །ལོངས་སྐུའི་འཕོ་བ་ས་མཱ་ཡ། ཞེས་གསུངས་པ་ལྟར་འཆི་ཁར་སྔས་སུ་ཡོད་པའི་བླ་མས་འཆི་ལ་ཁད་ནས་སྒོ་དགུ་བཀག་པའི་དམིགས་པ་སོགས་ཀྱིས་བསྒོམ་ཞིང་། ཤི་མ་ཐག་འཕོ་བ་བཏབ་པས་རྟགས་གསུམ་ཁ་ཚང་བ་འགའ་རེ་མྱོང་བས་འགྲུབ་བོ། །འཕོ་བ་འཇག་བཙུགས་མའི་གཞུང་ལས། རང་ཉིད་འཆི་རྟགས་ཚང་ནས། ཧིག་གིས་ཡར་འཕེན་ནས་དམིགས་མེད་ལ་བཏང་བཞག་གོ །ཀའི་མར་མི་ཕབ། དྲུག་པ་དགོས་པ་ནི། སྒོ་དགུ་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །ཞེས་གསུངས་པས། འདོམས་སུ་འཕོས་ན་དམྱལ་བར་སྐྱེ། ཆུ་སོར་དུད་འགྲོ། ལྟེ་བ་

ཡི་དྭགས། ཁ་ནས་ཤ་ཟ་དང་སྲིན་པོ། སྣ་བུག་གཡས་ནས་ལྷ་མ་ཡིན། གཡོན་ནས་མི། མིག་ནས་གཟུགས་ཁམས། རྣ་བ་ནས་འདོད་ཁམས། སྨིན་མཚམས་ནས་གཟུགས་མེད་ཁམས། སྤྱི་བོ་ནས་བདེ་བ་ཅན་དུ་སྐྱེའོ། །ཞེས་འཇག་བཙུག་མའི་ཡིག་རྙིང་ལས་འབྱུང་སྟེ། རྒྱུད་དང་ཅུང་མི་མཐུན་ཀྱང་དོན་ལ་མི་འགལ་ཏེ། སྒོ་དགུ་གསུངས་པ་གདམ་ངག་གིས་མ་ཟིན་པའི་སྤྱི་བོར་སེམས་སོ། །མཁའ་འགྲོ་མ་ཀུ་རུ་ཀུལླིའི་རྒྱུད་ནས། རྣམ་ཤེས་རླུང་ལ་ཞོན་ནས་ནི། །འོག་གི་གནས་སུ་འཕོས་གྱུར་ན། །ཆོས་ལ་གོམ་པའི་གང་ཟག་ཀྱང་། །ངན་སོང་རྒྱུད་དུ་སྐྱེ་འགྱུར་ཏེ། །མགྲོན་པོ་ལམ་དུ་ཞུགས་པའི་མི། །གྲོགས་ཀྱིས་བསྒྱུར་བ་ཅི་བཞིན་ནོ། །ཞེས་གསུངས་སོ། །དེ་རྣམས་ལོངས་སྐུའི་འཕོ་བའོ། །གསུམ་པ་སྤྲུལ་སྐུའི་འཕོ་བ་ནི། སེང་གེའི་ཉལ་སྟབས་བྱས་ལ། མདུན་དུ་ཐུབ་པའི་སྐུ་སོགས་བཤམས་པའམ་བསྒོམ་སྟེ། ཕྱི་མ་སེམས་ཅན་གྱི་དོན་དུ་སྤྲུལ་སྐུ་འབྱོན་པའི་སེམས་བསྐྱེད་སྨོན་ལམ་བྱས་ནས། རྣམ་ཤེས་སྣ་བུག་གཡོན་ནས་འཕོས་ནས་ཐུབ་པའི་ཐུགས་ཀར་བསྟིམ་པ་ཡང་ཡང་བསྒོམ་ཞིང་དབུགས་ཆད་ནས་སྤྲུལ་སྐུའི་འཕོ་བ་ཐེབ་རྟགས་སུ། ཕྱི་རྟགས་སུ་སྤྲིན་འཇའ་དཔག་བསམ་གྱི་ལྗོན་ཤིང་ལྟ་བུ་དང་མེ་ཏོག་གི་ཆར་འབབ་པ་སོགས་འབྱུང་། ནང་རྟགས་སུ་སྣ་བུག་གཡོན་དུ་ཁྲག་གམ་ཆུ་སེར་རམ་བྱང་སེམས་ཐོན་པའམ། ཟིལ་པ་ཕྲོམ་པ་ལ་སོགས་འབྱུང་ངོ་། །གསང་བའི་རྟགས་སུ་རིང་བསྲེལ་ཕྲ་མོ་མང་པོ་དང་དབུ་ཡི་ཐོད་པ་མ་ཞིག་པ་བུམ་ཧྲིལ་དང་། ལྷའི་ཕྱག་མཚན་ལ་སོགས་པ་འབྱུང་། སྤྲུལ་སྐུའི་འཕོ་བའི་དོན་བསྡུས་སོ། །དེ་རྣམས་རིམ་གྱིས་འཆི་བའི་དབང་དུ་བྱས་པ་ཡིན་ལ། གཅིག་ཆར་དུ་འཆི་བ་ནི། དེ་ལྟ་བུ་བསྒོམ་པ་ལོངས་མེད་པ་ལ་སྐད་ཅིག་མའི་འཕོ་བ་འདི་གལ་ཆེའོ། །དེ་

ཡང་འདིར་འཆི་རྐྱེན་གང་གིས་བྱེད་མི་ཤེས་པས། ད་ལྟ་རང་ནས་སྦྱངས་བའི་འཕོ་བ་ལ་བསླབ། ད་རེས་སྐད་ཅིག་མའི་འཕོ་བ་ལ་བསླབ་བོ། །དེ་ཡང་འདི་ལྟར་བྱ་སྟེ། བདག་གལ་ཏེ་གློོ་བུར་དུ་འཆི་བར་གྱུར་ན། འདུན་པ་སྤྱི་བོར་གཏད་དགོས་སྙམས་པའི་འདུན་པ་ཡེ་རེ་བྱ། ད་ལྟ་སྐྲག་སྔངས་དྲག་པོ་ནམ་བྱུང་དུས་འདུན་པ་སྤྱི་བོར་རྒྱང་རྒྱང་དུ་གཏད་པ་ལ་བསླབ། དེ་ཡང་མཐའ་ལ་འདྲུལ་བ་སོགས་བྱུང་དུས་འདུན་པ་སྤྱི་བོའི་འོད་དཔག་མེད་ལ་གཏད་རྒྱུ་བྱུང་ན་རབ་ཡིན་ནོ། །འདུན་པ་འདི་གནད་ཆེ་བ་ཡིན་ཏེ། དཔེར་ན་ཉི་ཤུ་གཉིས་ཀྱི་ཟླ་བ་ཤར་བ་དང་ལངས་ནས་འགྲོ་དགོས་སྙམས་པའི་འདུན་པ་དེའི་ནུབ་མོ་ནས་དུང་ངེ་བ་ཡོད་པ་ནམ་ཕྱེད་ནས་ཟླ་བ་ཤར་བ་དང་གཉིད་སད་པ་ལྟ་བུའོ། །དེ་ཡང་ད་ལྟ་ནས་བྲེད་སྔངས་དྲག་པོ་ནམ་བྱུང་དུས་འདུན་པ་རྒྱང་རྒྱང་གཏད་པ་ལ་བསླབ་བོ། །དེ་ནས་གཅིག་ཆར་དུ་འཆི་བ་ཞེས་བྱ་བ་བྲག་མཐོན་པོ་ལས་ཕྱོད་ཀྱིས་ལྟུང་བའི་ཚེ། བདག་ནམ་འཆི་བ་ཞིག་འོང་བས། དེ་མ་ཐག་སྤྱི་བོར་བླ་མ་དུང་གིས་དྲན་པའམ། ཡི་དམ་དུང་གིས་དྲན་པ་ཡིན་ནོ། །དེ་དྲན་ལོངས་མ་བྱུང་ན། སྤྱི་བོར་རྒྱང་གིས་གཏད་པ་གནད་ཡིན་ནོ། །དེ་ཡི་ཚེ་འདུན་པ་གཏད་རྒྱུ་ཡོད་པའི་རྒྱུ་མཚན་ནི། ད་ལྟ་རང་རེ་ཚོ་བྲེད་སྔངས་དྲག་པོ་རེ་བྱུང་བ་དང་ཁ་ནས་ཕ་བླ་མ་ཞེས་རྒྱང་གིས་བཏོན་རྒྱུ་ཡོད་ནས་འདུག་པའི་ཕྱིར། དེ་དུས་ཀྱང་བླ་མ་དྲན་པའམ། རིག་པ་སྤྱི་བོར་གཏད་རྒྱུ་ངེས་པར་ཡོད་པས། གནད་འདི་ཤིན་ཏུ་ཟབ་བོ། །དེ་བཞིན་དུ་མེ་ཆེན་པོའི་ནང་དུ་ཧྲིལ་འཐུམ་པའམ། ཆུ་ཆེན་པོའི་ནང་དུ་ཡེར་གྱིས་ཁྱེར་བའམ་མགོ་ལ་ཐོག་ཕོག་པའམ། སྙིང་ལ་མདའམ་གྲི་ཕོག་པ། གཟའ་ནད་གདོང་ཐུག་ལྟ་བུ་བྱུང་དུས། དེ་མ་ཐག་སྤྱི་བོར་བླ་མ་འོད་དཔག་མེད་ཏུང་གིས་དྲན་པའམ། རིག་པ་སྤྱི་བོར་བླ་མ་འོད་དཔག་མེད་ལ་གཏད་པ་ནི་སྐད་ཅིག་

མའི་འཕོ་བ་ཡང་ཟེར། བཙན་ཐབས་ཀྱིས་འཕོ་བ་ཞེས་བྱ་བ་སྟེ། ཤིན་ཏུ་ཟབ་པས་བློ་ལ་ལེགས་པར་བྱང་བར་བྱའོ། །དེ་ཡང་ཐ་མལ་པ་བྲེད་སྔངས་དྲག་པོ་བྱུང་དུས་སུ། ཕ་བླ་མ་ཞེས་པའམ། ཨོ་རྒྱན་པདྨ་འམ། སངས་རྒྱས་ཀྱི་མཚན་ནས་བོས་པས་ཡོན་ཏན་དུ་མ་ཡོད་པར་གསུངས་ན། འདུན་པ་སྤྱི་བོར་བླ་མ་འོད་དཔག་མེད་ལ་གཏད་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཞེས་འཕོ་བ་དྲན་པ་རང་གྲོལ་ལས་གསུངས་སོ། །བཞི་པ་ཐ་མལ་པའི་འཕོ་བ་ནི། རང་གིས་བསྒོམ་མ་ཤེས། གཞན་གྱིས་གསལ་འདེབས་དང་འཕོ་བ་འདེབས་པ་པོ་མ་སྙེད་ན། བྱང་དོན་ཡོད་གྲུབ་པ་བཞུགས་ངོས་ལ་མགོ་བསྟན། ནུབ་བདེ་བ་ཅན་ངོས་ན་ཁ་བསྟན། ལྷན་ཅིག་སྐྱེས་པའི་བདུད་དཔུང་པ་གཡས་ན་གནས་པ་ཞབས་སུ་མནན། རང་སེམས་རྩེ་གཅིག་མགོ་ངོས་ན་གཏད་ནས། སྐྱབས་འགྲོ་དང་ཡིག་དྲུག་དང་བླ་མའི་གསོལ་འདེབས་གང་ཤེས་བྱ། ཕྱི་དབུགས་ཆད་པ་དང་མིང་ནས་དལ་བུས་བོས་ལ་ཁྱོད་ཀྱི་སྤྱི་བོ་ན་ཇོ་བོ་ཐུགས་རྗེ་ཆེན་པོ་བཞུགས་ནས་ཡོད་དོ། །མོས་གུས་གྱིས་ཤིག་བརྗོད་ལ་སྤྱི་བོར་རེག་རེག་བྱ། ཚངས་བུག་གི་སྐྲ་ནས་རེག་ཙམ་འཐེན་ནོ། །དེས་རྣམ་ཤེས་ཚངས་བུག་ཏུ་ཐོན་ནོ། །ཞེས་ཨོ་རྒྱན་གྱིས་གསུངས་སོ། །ད་ཁྱོད་རང་རྣམས་འཕོ་ལུང་ཟབ་རྒྱས་སུ་ཐོབ་པས་ནམ་ཞིག་འཆི་ནད་ཀྱིས་ཐེབ་ནས། ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་རྣམ་ཤེས་ལ་ཐིམ་པའི་སྐབས་སུ་འཕོ་བར་གྱིས་ཤིག །བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བྱས་ནས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་པས་བདེ་བ་ཅན་དུ་སྐྱེ་བ་དང་སངས་རྒྱས་པ་དུས་གཅིག་ཆར་ལ་འོང་བ་ཡིན་ཏེ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་བྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་

རྒྱས། །ཅེས་དང་། ནཱ་རོ་པས། རླུང་གི་གཞུ་ལ་སེམས་ཀྱི་མདའ། །ཧིག་གི་སྒྲ་ཡིས་རབ་བསྐུལ་ནས། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །མིང་ཡང་འཕོ་བའི་གདམས་ངག་ཟེར། །རླུང་དུས་སུ་ཁེགས་སམ་ལོ་ཙཱ་བ། །ཅེས་དང་། སྒྲོལ་མ་རིག་བྱེད་མའི་རྒྱུད་ལས། རྣམ་ཤེས་རླུང་ལ་ཞོན་པ་ནི། །སྟེང་གི་ལམ་ནས་འཕོས་ན་ནི། །སྡིག་ལ་གོམ་པའི་གང་ཟག་ཀྱང་། །མཐོ་རིས་དག་ཏུ་སྐྱེ་བར་འགྱུར། །མགྲོན་པོ་ལམ་དུ་ཞུགས་པ་ལ། །གྲོགས་ཀྱིས་བསྒྱུར་བ་ཇི་བཞིན་ནོ། །ཞེས་དང་། སྤྱི་བོ་ནས་འཕོ་བ་བདེ་བ་ཅན་དུ་སྐྱེའོ། །ཞེས་འཇག་བཙུག་གི་གཞུང་ནས་གསུངས་པས། ཁྱེད་རང་རྣམས་ནམ་འཆི་བའི་ཚེ་ནས་སངས་རྒྱས་འོད་དཔག་མེད་ཡིད་ལ་དྲན་བཞིན་དུ་སྤྱི་བོ་ཚངས་པའི་བུ་གར་སྐར་ཁུང་དུ་མདའ་འཕང་བ་ལྟར་འཕོས་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་བྱ་རྒོད་ཀྱིས་གནམ་འཕང་བཅད་པ་ལྟར་ཏ་ལེར་འགྲོ་བསམ་པ་གྱིས་ལ་རྗེས་ཟློས་མཛོད། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔བདེ་བ་ཅན་གྱི་ཞིང་ཁམས་ཡོད༔དེ་ན་སངས་རྒྱས་འོད་དཔག་མེད༔སུ་ཞིག་དེ་ཡི་མཚན་འཛིན་པ༔ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔བདག་ཅག་ནམ་ཞིག་འཕོས་མ་ཐག༔འོད་དཔག་མེད་མགོན་ཞབས་དྲུང་དུ༔ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔པདྨ་འདམ་གྱིས་མ་གོས་ལྟར༔སྲིད་གསུམ་དྲི་མས་མ་གོས་ཤིང༔སྲིད་པའི་པདྨོ་ལས་གྲོལ་བར༔བདེ་བ་ཅན་དུ་སྐྱེ་བར་ཤོག༔ཅེས་སྨོན་ལམ་བཏབ་བོ། །གཞུང་ལས་མཐར་བཞག་དུས་འོད་དཔག་མེད་རང་ལ་བསྟིམ། སྤྱི་གཙུག་གི་བུ་ག་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བས་བཅད། སྦྱངས་དུས་དེ་བར་སྣང་ནམ་མཁར་བཏེགས་སོ། །ཞེས་གསུངས་པས་དེང་ཕྱིན་ཆད་དམིགས་པ་མ་བརྗེད་ཙམ་གྱིས་ལ། ཧིག་མ་འདོན། བྱང་ཡག་མ་བྱུང་བ་རྣམས་ད་རུང་སྦྱོངས་ཤིག །ཐུན་

མཚམས་སུ་སྤྱི་བོའི་ཚང་བུག་ནང་གི་ཡི་གེ་ཧཾ་མགོ་མཐུར་དུ་བསྟན་པ་དང་ཚངས་བུག་སྟེང་གསེར་གྱིས་རྡོ་རྗེ་རྒྱ་གྲམ་གྱི་གདན། དེའི་སྟེང་དུ་འོད་དཔག་མེད་དེ་ཚེ་དཔག་མེད་དུ་གནས་གྱུར་ནས་བཞུགས་པར་བསྒོམ་ལ་རྗེས་ཟློས་གྱིས། ༀ་ཨ་མཱ་ར་ཎི་ཛཱི་ཝནྟ་ཡེ་སྭཱ་ཧཱ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད་སོགས་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། ལོ་བརྒྱ་ཐུབ་ཅིང་སོགས། བསོད་ནམ་རི་བོ༴སོགས་བཀྲ་ཤིས་བྱ། མཎྜལ་ཕུལ་ནས་གྲོལ་བར་བྱ། དེ་ལྟར་ཆོས་ཐུན་གསུམ་ལ་དོན་འཐུས་པར་བྱས་པ་ཡིན་ན་འང་། གསུམ་དེ་ཞག་གཉིས་སམ། གསུམ་རེའམ། བཞི་རེའམ། ལྔ་རེའམ། དྲུག་རེའམ། བདུན་རེ་ཙམ་ཞིག་(ལ་བཤད་ཅིང་ཞག་ཏུ་འདུག་ཆོག་ལ)ཅིང་བཤད་ལ་ཞག་དུ་འདོད་ཆོག་ལ། ཡང་ཐོབ་འདོད་ཀྱང་འདུག་ལོངས་མེད་པ་དང་ངོ་ཆེན་གལ་ཆེན་གྱི་རིགས་ལ་ནི། གསུམ་ཁ་དུས་གཅིག་ལུང་ཐོབ་ལྟ་བུར་བྱས་ལ་དམིགས་པ་རྗེས་ནས་སྦྱངས་ན་ཡང་ཆོག་གོ །ཞེས་པ་འཕོ་ལུང་ཉུང་འདུས་གོ་བདེ་བར་དབོན་པོ་བླ་མ་རྒྱལ་མཚན་ལ་ཕན་ཕྱིར། དགེ་སློང་ཆོས་འདི་ལ་ཡུན་རིང་གོམས་འདྲིས་དང་ལྡན་པ་རཱ་ག་ཨ་གསེས་ཤིང་སྦྲུལ་སྣྲོན་ཟླ་བའི་ཡར་ཚེས་གཉིས་དང་གསུམ་ལ་རྫོགས་པར་བྲིས་པ་བཀའ་སྲུང་ཀླུ་རྒྱལ་གཙུག་ན་རིན་ཆེན་དང་དམ་ཅན་སྡེ་བདུན་ལ་བཤགས་སོ། །དགེ་བས་སེམས་ཅན་དཔག་ཏུ་མེད་པ་བདེ་བ་ཅན་དུ་སྐྱེ་བའི་འདྲེན་པ་དམ་པར་གྱུར་ཅིག །ཆོས་འདི་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །

༈ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ། །ལོངས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཀྱཻ་མ་ཀྱཻ་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་ཐུགས་རྗེའི་མཐུ་མངའ་བས། །བདག་སོགས་འགྲོ་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །ཞེས་བརྗོད་བཅུག །ཀྱཻ་མ་ཀྱཻ་མ་མི་རྟག་འཁོར་བའི་ཆོས། །ཐར་མེད་ལས་ཀྱི་རྒྱ་མཚོ་དོང་རིང་དུ། །ལས་ཀྱིས་མནར་བའི་འགྲོ་རྣམས་སྙིང་རེ་རྗེ། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་བྱིན་གྱི་རློབས། །མ་རིག་ལས་ཀྱིས་མནར་བའི་འགྲོ་བ་རྣམས། །བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད། །ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ། །ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས། །བདག་འདོད་གཟུང་འཛིན་བཅིང་པའི་བཙོན་ར་འདིར། །རི་དྭགས་རྒྱར་ཚུད་སླར་ཡང་འཇུག་པ་ལྟར། །མ་རིག་གཏི་མུག་ཅན་རྣམས་སྙིང་རེ་རྗེ། །འཁོར་བ་དོང་ནས་སྤྲུག་པར་བྱིན་གྱིས་རློབས། །ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུན་འཁྱུད་མོ་བཞིན། །ཐར་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །ཅེས་བརྗོད་བཅུག །སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་རྣམས། །ཅི་ཙམ་མཐོང་ཡང་མི་འཇིགས་སྙིང་སྲན་ཅན། །ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །མི་རྟག་བློ་གཏད་མེད་པར་མ་ཤེས་ནས། །ད་རུང་འཁོར་བ་འདི་ལ་ཞེན་ཅིང་ཆགས། །སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་ཟད། །འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས། །སྣོད་ཀྱི་འཇིག་རྟེན་

མི་རྟག་མེ་ཆུས་འཇིག །བཅུད་ཀྱི་སེམས་ཅན་མི་རྟག་ལུས་སེམས་བྲལ། །དབྱར་དགུན་སྟོན་དཔྱིད་ནམ་ཟླའི་དུས་མི་རྟག །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །ན་ནིང་ད་ལོ་ནམ་ཟླའི་སྟོད་སྨད་དང་། །ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག །ལེགས་པར་སེམས་དང་རང་ཉིད་འཆི་བས་གཏུག །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །ཅེས་བརྗོད་བཅུག །ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ལན་གསུམ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས༔གྲུབ་ཐོབ་ཀརྨ་གླིང་པ་ལ་གསོལ་བ་འདེབས༔དྲིན་ཅན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ཡུམ་མཆོག་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས༔བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གིས་རློབས༔མྱུར་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱི་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱི་རློབས༔གསང་མཆོག་རྡོ་རྗེ་བཙུན་མོའི་བྷ་ག་ནས༔བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་༔བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔བྱིན་རླབས་འོད་དུ་འཁྲིགས་པའི་བར་མཚམས་ནས༔རྩ་བརྒྱུད་བླ་མ་གྲུབ་ཐོབ་འཁོར་ལོའི་ཚོགས༔བཟོད་མེད་གདུང་ཤུགས་

དྲག་པོས་གསོལ་འདེབས་ན༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔རིས་མེད་སྙིང་རྗེ་བདུད་རྩིའི་ཁྲུས་ཁང་ནས༔སྣང་སྟོང་ཆོས་སྐུའི་གར་མཁན་ཀརྨ་པ༔བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔བརྟུལ་ཞུགས་འོད་དུ་འཚེར་བའི་གངས་ཁྲོད་ནས༔མཁའ་སྤྱོད་དགའ་བའི་རྡོ་རྗེ་གདོང་ལྔ་བ༔་་་་་་་་གདོང་ལྔ་བ་ནི་ཞྭ་དམར་གི་གསང་མཚན་་་་་བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ཕྱི་ནང་དཀྱིལ་འཁོར་མུ་མེད་རབ་འབྱམས་ན༔བདེ་བ་མཆོག་དང་མཉམ་སྦྱོར་རྣལ་འབྱོར་མ༔བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས༔བདུད་ཚོགས་ཉམས་པ་མི་རོའི་བ་གམ་ན༔ཡེ་ཤེས་མེ་འབར་ཆོས་སྐྱོང་རྫུ་འཕྲུལ་ཅན༔བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས༔མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ནས༔རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ༔སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག༔འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གི༔ལུས་གནས་བརྗོད་མེད་ཡེ་ཤེས་ཕྱག་རྒྱ་ཆེ༔དེ་ལས་གུད་ན་སངས་རྒྱས་གཞན་མེད་པའི༔རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག༔ཀ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས་ནས༔རྒྱལ་བ་འོད་དཔག་མེད་པ་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔སྟོང་ཉིད་སྙིང་རྗེ་ཆོས་ཀྱི་དབྱིངས་ནས༔ལོངས་སྐུ་ཐུགས་རྗེའི་བདག་ཉིད་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔ཟངས་མདོག་དཔལ་རི་མཁའ་འགྲོའི་གླིང་ནས༔སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔

བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔སྟོང་ཉིད་སྙིང་རྗེ་ཆོས་ཀྱི་དབྱིངས་ནས༔གཏེར་སྟོན་ཉི་ཟླ་ཡབ་སྲས་དེ་ཡིས༔སྲས་ཀརྨ་གླིང་པའོ༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ནས༔དྲིན་ཅན་རྩ་བའི་བླ་མ་དེ་ཡིས༔ཟམ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔ཙིཏྟ་རིན་ཆེན་སྙིང་གི་གནས་ནས༔ཞི་བ་བཞི་བཅུ་རྩ་གཉིས་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔མགྲིན་པ་ལོངས་སྤྱོད་འཁོར་ལོའི་གནས་ནས༔རིག་འཛིན་དཔའ་བོ་མཁའ་འགྲོ་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔གླད་པ་དུང་ཁང་འབར་བའི་གནས་ནས༔ཁྲག་འཐུང་འབར་བ་ལྔ་བཅུ་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔བཀའ་དང་དམ་ཚིག་གཉན་པོའི་གནས་ནས༔བཀའ་སྲུང་དམ་ཅན་རྒྱ་མཚོ་དེ་ཡིས༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས་ལ༔བདག་སོགས་ཐར་པའི་ལམ་དུ་དྲོངས་མཛོད༔གུ་རུ་ཧ་རི་ནི་སཱ༔སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔ཧིག་ཅེས་བརྗོད། ཞི་ཁྲོ་དགོངས་པ་རང་གྲོལ་གྱིས་འཕོ་བ་འཇག་བཙུག་མ་དང་གབ་སྤྲད་པ་ཨ་རཱ་གས་

གསུངས་ལྟར་གཞན་ལ་འདེབས་རྒྱུ་ཁོལ་དུ་ཕྱུང་བའོ། །

འཕོ་འདེབས་ཐུགས་རྗེའི་ལྕགས་ཀྱུ།

འཕོ་འདེབས་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །

ན་མོ་རཏྣ་གུ་རུ་ཡེ། འདིར་འཕོ་འདེབས་བྱ་ཚུལ་ལ་གཉིས་ཏེ། དགེ་བཤེས་ཡོན་ཏན་ཅན་གྱི་ལུགས་དང་། རྟོགས་ལྡན་ཉམས་མྱོང་ཅན་གྱི་ལུགས་སོ། །མཁས་པ་རྣམས་ཀྱི་དང་པོ་སྐྱབས་འགྲོ་སེམས་བསྐྱེད། མནམ་བཞི་བསྐོར་བྱ། དེ་ནས་མིང་ནས་བོས་ལ་ཐིམ་རིམ་རྒྱས་པར་ངོ་སྤྲད། སངས་རྒྱས་ཡིད་ལ་གྱིས་བརྡ་སྦྱར་ནས་སངས་རྒྱས་ཀྱི་མཚན་བསྒྲག །ཁྱོད་རང་དཀོན་མཆོག་གསུམ་གྱི་དྲུང་དུ་ཉེས་ལྟུང་བཤགས་སྙམ་གྱིས་ལ་ལད་མོ་གྱིས་ཞེས་ལྟུང་བཤགས་འདོན། འཇམ་དབྱངས་ནམ་མཁར་སྒོམས་ལ་གསོལ་བ་ཐོབ་ཅེས་ཤེས་བྱའི་མཁའ་དབྱིངས་མ་དང་། ཐུབ་པ་གསང་བདག་སོགས་ནམ་མཁར་སྒོམས་ལ་བར་དོའི་འཇིགས་པ་ལ་སྐྱོབས་ཕྱིར་རྗེས་ཟློས་གསོལ་བ་ཐོབ་ཅེས་གཙོ་རྒྱལ་མ་འདོན། དེ་ནས་འཕོ་བའི་དམིགས་པ་སྤོད་ནས་འཕོ་བའི་གསོལ་འདེབས་བྱ། འཕོ་བ་སྤར་ནས་སྐྲ་འཐེན། ལམ་སྟོན་བྱས་ལ་དེ་ནས་བདེ་སྨོན་འདོན་པའོ། །དེ་ལྟ་བུ་མཛེས་ཆ་ཆེ་ཞིང་འདོན་རྒྱུ་མང་ཡང་། ལུས་སེམས་འབྲེལ་བའི་རྟེན་ཡེ་ཤེས་མཁན་པོའི་རླུང་ཆེན་པོའི་རྩ་ཆད་ནས། ད་ལྟ་དང་མི་འདྲ་བར་རྣམ་རྟོག་རགས་པ་གཅིག་སྐྱེས་ཙམ་ནས་འཕོ་ནས་འགྲོ་བས། བཤད་པ་བྱེད་ཚེ་རང་ནས་སྒོ་གར་འགྲོ་ཆ་མེད་པས། བཤད་པ་ཉུང་བ་དམིགས་པ་མང་བ་ལེགས། ཐིམ་རིམ་ཀྱང་མི་ནག་པས་མི་གོ །ཤི་ཚར་ནས་ཐིམ་རིམ་ཡལ་བས་

དགོས་པ་མེད་དོ། །ལ་ལ་ན་རེ་ཟ་འདྲེ་དང་མ་ཕྲལ་ན་འཕོ་བ་ཐེབ་མི་འཇུག་པས་ཕྲལ་དགོས་ཞེས་གསུར་དུད་བྱེད་ནས་ཟ་འདྲེ་ལ་བསྔོ། འཇིག་རྟེན་གསུམ་རྒྱལ་བསྐྱེད་ཅིང་ཁྲོ་བོ་སྤྱན་འདྲེན་ཀུན་རིག་ལྟར་བྱས་ཏེ། སུམྦྷ་ནིའི་ནས་ལྕགས་བྲབ་ལ་སྲུང་འཁོར་བསྒོམ་ནས། སླར་འཕོ་བའི་དམིགས་པ་སྤོད་པ་ཡང་མཐོང་སྟེ། ཟ་འདྲེས་འཕོ་འདེབས་ལ་བར་ཆད་བྱེད་ཟེར་བ་རྒྱུད་གཞུང་ཚད་ལྡན་ནས་མ་མཐོང་། བར་དོ་ན་གནོད་ཀྱང་འཕོ་བ་ཐེབ་ན་བར་དོ་མེད་པར་གསུངས་སོ། །ནས་ལྕགས་དང་གསུར་དུད་ཀྱིས་རྣམ་ཤེས་འཕོ་དོགས་ཡོད། འདི་རྟོགས་ལྡན་ཉམས་ཅན་གྱི་ལུགས་ལྟར་ན་འཆི་ཁ་ནས་དབང་དང་སེམས་བསྐྱེད་ཐོབ་ན། འཆི་ཚེ་སྔས་སུ་རང་ཡོད་ན་ཐེབ་སླ་བར་མཐོང་། གཉུག་སོང་ནས་འཕོ་ཚར་རམ་མེད། མི་གཞོན་ནུ་སོས་རེ་ཡོད་པ་ལ་ཤི་ནས་རྐེ་རྩ་ཆད་ཡག་པར་འཕོ་བ་འདེབས་མི་རུང་། རླུང་ལོགས་ཡིན་ན་འཕོ་བ་ཐེབ་ན་ཉེས་པ་ཆེ་བར་གསུངས། རྒྱུད་ལས། དུས་མིན་ལྷ་རྣམས་གསོད་པའོ། །ཞེས་བསད་པ་དང་འདྲའོ། །མ་ཐེབ་སོས་ན་འཕོ་བ་མཁན་གཤེ་བར་འགྱུར་ཏེ། དེ་འདྲའི་ལོ་རྒྱུས་འགའ་ཡང་ཐོས། ནད་ཡུན་རིང་བས་དང་རྒན་རྒོན་སོས་རེ་མེད་ངེས་ཤི་ཐག་ཆོད་པ་ལ་ནི་ཤི་དུས་དབུགས་འགྲོ་བ་ཁད་ནས་བཏབ་ཀྱང་ཉེས་པ་མེད་དོ། །འོན་ཀྱང་ཡིད་ཀྱིས་དེའི་ལུས་ཕག་མོར་བསྒོམ་ལ་སྒོ་དགུ་ཡི་གེས་བཀག་པ་རྣམས་འཆི་ལ་ཁད་ནས་ཡིད་ཀྱིས་བསྒོམས་ནས་བཞག །སྔར་ནི་མི་སྤང་། ཕྱི་དབུགས་ཆད་མ་ཐག་ནས་ཡིད་ཀྱིས་ལན་མང་དུ་སྤར། ངག་ཏུ་མི་བརྗོད་པར་བྱའོ། །སངས་རྒྱས་མཚན་བརྗོད་གསོལ་བ་འདེབས་སོ། །རྐེ་རྩ་ཆད་ཡག་རེད་ཙ་དམིགས་པ་སྤར་བ་སོགས་འཕོ་འདེབས་དངོས་བྱེད་དོ། །དེ་བས་སྔ་ནས་བྱས་ན། ཨ་ང་ད་རུང་་་་་་་་་་་་་་་་་་་་་ད་ལྟ་ནས་འཕོ་འདེབས་བྱས་བྱུང་སྙམ་ནས་

ཞེ་སྡང་གིས་མཚམས་སྦྱར་ནས་འཕོ་བ་མི་ཐེབ་ངན་སོང་དུ་འགྲོའོ། །འཆི་ལ་ཁད་ནས་ཁོག་སྨད་དུ་མི་རེག །མི་ཡིད་མཐུན་པ་རྣམས་སྟན་སྨད་དུ་མི་འདུག་མགོ་ངོས་སུ་འདུག་བཅུག །རོ་ཉལ་བ་དེ་དམིགས་པ་མི་བདེ་བས་འཕོ་བའི་ཚེ་ཙོག་པུར་འཐུར་བཅོལ་ན་ལགས། འཛོམ་ན་དང་པོ་མཆོད་པ་བཤམས་ལ་ཇི་སྙེད་སུ་དག་མས་དཀོན་མཆོག་གསུམ་ལ་ཕུལ། འཕོ་བ་ཐེབ་པར་གསོལ་བ་བཏབ། ཚེ་འདས་དེ་ལ་སྙིང་རྗེ་ཚད་མེད་པ་མཆི་མ་འཁྲུགས་པར་བྱུང་ན་ངེས་པར་ཐེབ། སྙིང་རྗེ་མ་སྐྱེས་ན་ཐེབ་དཀའ། རང་ཉིད་ཡི་དམ་ཐུགས་རྗེ་ཆེན་པོ་བསྒོམས་ལ་རོའི་སྔས་སུ་སྟེགས་བུའི་སྟེང་དུ་རྒྱལ་བ་བྱམས་པའི་བཞུགས་སྟངས་སུ་འདུག་སྟེ། རྒྱས་པར་ན་ལྟུང་བཤགས་འདོན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྤྲོ་ན་བདེར་གཤེགས་བརྒྱད་ཀའི་མཚན་བརྗོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་རིག་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །སྤྲོ་ན་རིགས་ལྔ་བརྗོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འདིར་སངས་རྒྱས་ཀྱི་མཚན་གང་ཤེས་བརྗོད་རུང་། དེ་ནས་རང་གི་དམིགས་པ་དང་བསྟུན། རང་གི་སྣ་བུག་གཡོན་ནས་དབྱངས་ཡིག་བཅུ་དྲུག་འཕྲོས་ཚེ་འདས་ཀྱི་སྣ་བུག་གཡོན་

དུ་ཐིམ། རྒྱས་པར་ན་དབྱངས་ཡིག་བརྗོད། རང་གི་ལག་གཡས་སྲིན་མཛུབ་ཀྱིས་སྣ་བུག་གཡས་བཀག་ལ་གཡོན་ནས་རླུང་བུས། རང་གི་སྣ་བུག་གཡོན་ནས་གསལ་བྱེད་སུམ་ཅུ་འཕྲོས། ཚེ་འདས་ཀྱི་སྣ་བུག་གཡས་སུ་ཐིམ་པར་གྱུར། རྒྱས་པར་གསལ་བྱེད་བརྗོད། ལག་གཡོན་སྲིན་མཛུབ་ཀྱིས་སྣ་བུག་གཡོན་བཀག་ལ་གཡས་སུ་རླུང་བུས། རང་གི་སྣ་རྩེ་ནས་ཧཱུྃ་སྔོན་པོ་གཅིག་ཕྲི་ལི་ལི་འཕྲོས་ཏེ་ཚེ་འདས་ཀྱི་སྣ་སྒོར་ཐིམ། དབྱངས་གསལ་ཧཱུྃ་རྣམས་སྙིང་གི་དཀྱིལ་དུ་ཐིམ་པས་བདག་གིས་ཅི་སྨྲས་པ་གོ་བར་གྱུར། ཧཱུྃ་ཞེས་སྣ་གཉིས་ནས་རླུང་རིང་བར་བུས། ཚེ་ལས་འདས་པའི་མ་དག་འཁོར་བའི་སྒོ་བརྒྱད་པོ་ཡི་གེ་ཧྲཱི༔དམར་པོ་རེ་རེས་བཀག་པར་གྱུར། ཧྲཱིཿཧྲཱིཿཧྲཱི༔དེ་ནས་སྐད་ཆེ་ཆུང་རན་པས། འོ་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་པ། དཔོན་དང་མི་ཆེན་ཡིན་ན་ཁྱེད་ཅེས་པའི་ཚིག་གང་འོས་དང་། ཕལ་པ་ཡིན་ནའང་བཟང་མིང་ནས་ལན་གསུམ་བོས། འོ་ཁྱེད་ཁྱོད་གང་འོས། ཚེ་འདིའི་སྣང་བ་ནི་ནུབ། འཇིག་རྟེན་ཕྱི་མའི་སྣང་བ་མ་ཤར་བ། ལས་དགེ་སྡིག་དབང་གིས་གར་འགྲོ་ངེས་པ་མེད་པ། བར་དོ་དང་པོ་འཕོ་བ་བསྒོམ་པའི་སྐབས་སུ་བབ་པ་ཡིན་ནོ། །ཕ་ཅིག་དམ་པ་སངས་རྒྱས་ཀྱི་ཞལ་ནས། འཆི་བ་འཆི་བ་མ་ཡིན་ཏེ། །རྣལ་འབྱོར་སངས་ཆུང་རྒྱ་བ་ཡིན། །ཞེས་གསུངས་པ་དང་། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པའི་དུས་ད་ལྟ་ཡིན་པས་མ་ཡེངས་པར་ཉོན་ཅིག །ཁྱེད་རང་གི་ལུས་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་ལ་སྨུག་པའི་མདངས་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བས་མ་མཆུ་མནན་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་ཞིང་གཡོན་བདུད་རྩིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ།

ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊཱཾ་ག་གྲུ་མོར་བཅུག་ཅིང་། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་པ། གཡོན་བརྐྱང་པས་པད་ཉི་བམ་གྱི་སྟེང་ན་འགྱིང་བ། ཐོད་པ་སྐམ་རློན་དང་རུས་པའི་རྒྱན་ཆས་སྤྲས་པ། སྐུའི་ཕྱི་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ལ་ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ་རྩ་དབུ་མ་མདའ་སྨྱུག་ཙམ་པ་བདེ་བ་མཚོན་པའི་ཕྱིར་ཕྱི་དཀར་བ། གསལ་བ་མཚོན་པའི་ཕྱིར་ནང་དམར་བ། བྱང་ཆུབ་ཀྱི་ལམ་མཚོན་པའི་ཕྱིར་ཤིན་ཏུ་དྲང་བ། ངན་སོང་གི་སྒོ་བཅད་པའི་ཕྱིར་མར་སྣེ་ལྟེ་བའི་འོག་ཏུ་སྨྱུག་མའི་ཚིགས་འགག་པ་ལྟར་ཕུག་རྡུགས་སུ་ཡོད་པ། ཐར་པའི་སྒོ་འབྱེད་པའི་ཕྱིར་སྤྱི་བོ་ཚངས་པའི་བུ་ག་ཟངས་དུང་གི་ཁ་ལྟར་ཧད་པོ་ཡོད་པ་སྟེ། མཚན་ཉིད་བཞི་དང་ལྡན་པའི་ལྟེ་བའི་དབུས་སུ་པདྨ་དམར་པོ་དང་ཟླ་བའི་གདན་སྲན་མ་ཕྱེད་བཀས་པ་ཙམ་གྱི་སྟེང་དུ། ཁྱོད་རང་གི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་འཕར་ལ་ཁད་པ། ཡར་ལ་ཁད་པ་གཅིག་སྒོམ་ཤིག །ཁྱེད་རང་གི་སྤྱི་བོའི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁར་པདྨ་འདབ་མ་སྟོང་ལྡན་དང་ཟླ་བའི་གདན་ལ། ཁྱེད་རང་གི་རྩ་བའི་བླ་མ་དང་ཡི་དམ་ཐུགས་རྗེ་ཆེན་པོ་དབྱེར་མེད་པའི་ངོ་བོ་སངས་རྒྱས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། མཚན་བཟང་པོ་དང་དཔེ་བྱད་བཟང་པོས་བརྒྱན་པ། ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་སྐུའི་བཀོད་པ་ལ་རྫོགས་ཤིང་སྐུའི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་ཁྱབ་པ་ཞིག་བཞུགས་ཡོད་པར་སྒོམས་ཤིག །བཞུགས་ནས་ཀྱང་ཡོད་དོ། །ངེད་ཀྱིས་གསོལ་བ་བཏབ་ནས་རྣམ་ཤེས་སྤར་བའི་ཚེ་ཐེ་ཚོམ་མེད་

པར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག །ཅེས་སྤྱི་གཙུག་ནས་མཛུབ་མོས་མནན་ཙམ་མམ། སྐྲ་ནས་འཐེན་ཙམ་བྱས་ལ། གསང་མཆོག་རྡོ་རྗེ་བཙུན་མོའི་བྷ་ག་ན། །བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །བྱིན་རླབས་འོད་དུ་འཁྲུགས་པའི་བར་མཚམས་ན། །རྩ་བརྒྱུད་བླ་མ་གྲུབ་ཐོབ་འཁོར་ལོའི་ཚོགས། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །རིས་མེད་སྙིང་རྗེ་བདུད་རྩིའི་ཁྲུས་ཁང་ན། །སྣང་སྟོང་ཆོས་སྐུའི་གར་མཁན་ཀརྨ་པ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །བརྟུལ་ཞུགས་འོད་དུ་འཚེར་བའི་གངས་ཁྲོད་ན། །མཁའ་སྤྱོད་དགའ་བའི་རྡོ་རྗེ་གདོང་ལྔ་པ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ནས། །རང་རིག་འོད་གསལ་

སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །ཕྱི་ནང་དཀྱིལ་འཁོར་མུ་མེད་རབ་འབྱམས་ན། །བདེ་བ་མཆོག་དང་མཉམ་སྦྱོར་རྣལ་འབྱོར་མ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །བདུད་ཚོགས་ཉམས་པ་མི་རོའི་བ་གམ་ན། །ཡེ་ཤེས་མེ་འབར་ཆོས་སྐྱོང་རྫུ་འཕྲུལ་ཅན། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་བའི་གནས་ཁང་ནས། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གིས། །ལུས་གནས་ཡེ་ཤེས་བརྗོད་མེད་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་རྒྱས་གཞན་མེད་པས། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག །ཅེས་གསོལ་བ་བཏབ་ཅིང་། ཚེ་འདས་ཀྱི་ལྟེ་བའི་རྣམ་ཤེས་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དེ་སྐར་མདའ་ལྟར་གྱེན་དུ་སོང་སྟེ། སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པའི་དམིགས་པ་རེ་དང་སྤྲད་ལ་དལ་བུས། ཧིཀ྄ཅེས་བདུན་ཙམ་སྤར། སྐབས་འདིར་ཐུན་བཞི་དབྱངས་དང་བཅས་པས་བཏོན་ལ་རྒྱང་འབོད་བྱས་མཐར་ཧིག་བགྲང་དམིགས་པ་སྤར། འོ་ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །རྡོ་རྗེ་གདན་བཞིའི་རྒྱུད་ལས། ཉེས་པ་ཀུན་གྱིས་གོས་པ་ནི། །འཕོ་བའི་སྦྱོར་བ་བྱས་པས་གྲོལ། །སྡིག་པ་ཀུན་ནས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་སྒྲོལ། །ཞེས་གསུངས་པའི་

ཕྱིར། མཚམས་མེད་པ་ལྔ་བྱས་པའི་སྡིག་ཆེན་ཡིན་ནའང་འཕོ་བ་ཐེབ་ན་ངན་སོང་དུ་མི་འགྲོ་སྟེ། རབ་དག་པའི་ཞིང་ཁམས། འབྲིང་ལྷ་གནས་གཙང་མ། ཐ་མ་ཡང་མི་ལུས་ཆོས་ལྡན་དུ་སྐྱེ་བ་རྡོ་རྗེ་འཆང་གི་བཀའ། ཡེ་ཤེས་མཁའ་འགྲོའི་གསང་ཚིག་ཡིན་པས་མ་འཇིགས་མ་སྐྲག་པར་འཕོས་ཤིག །སྤྲོ་ན་སྐབས་འདི་རྣམས་སུ་གོང་གི་དམིགས་པ་ཡང་ཡང་བྱ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །གཏེར་སྟོན་ཉི་ཟླ་

སངས་རྒྱས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཡུམ་མཆོག་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཧིཀ྄་བདུན་ཙམ་བརྗོད། དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། འཆི་བའི་དུས་སུ་ཡིད་ཀྱི་བསམ་པས་གང་ཞིག་དྲན་པར་གྱུར་པ་དེར་ནི་སྐྱེ་བོ་གང་དག་སྐྱེ། ཞེས་གསུངས་པས། ཚེ་ལས་འདས་པ་ཆེ་གེ་མོ་ཡིད་གཞན་དུ་མ་ཡེངས་པར་ཁྱེད་རང་གི་སྤྱི་བོར་སངས་རྒྱས་འོད་དཔག་མེད་བཞུགས་ཡོད་པས་དེ་ལ་རིག་པ་རྩེ་གཅིག་ཏུ་གཏོད་ཅིག །དྲུག་པ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སོགས་དང་། ཧིཀ་བདུན་བགྲངས་ལ། སྤྲོ་ན་འབྲེལ་བ་ཐོག་ཆོག་མ་འདོན། འདི་ནས་ནུབ་ཀྱི་

ཕྱོགས་རོལ་ན། །འོད་དཔག་མེད་པའི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་འགྱུར། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །འོད་དཔག་མེད་པའི་མཚན་བཟུང་ནས། །ཞིང་མཆོག་དེ་རུ་འགྲོ་བར་གྱིས། །ཚེ་འདས་ཀྱི་རྣམ་ཤེས་དང་འོད་དཔག་མེད་དབྱེར་མེད་པ་མདའ་འཕངས་པ་ལྟར་བདེ་བ་ཅན་དུ་སོང་བར་བསྒོམ་ལ། ཕཊཿཕཊཿཕཊཿཅེས་དྲག་པོར་བརྗོད། ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །སོགས། པདྨ་འདམ་གྱིས་མ་གོས་ལྟར། སོགས་བརྗོད། ཅེས་པ་འདི་ནི་རྒྱུད་གཞུང་དང་མི་འགལ་ཞིང་ཤིན་དུ་མཐུན་པ། གོ་སླ་བས་མི་ནག་པ་ལ་ཕན། ལུང་འདྲེན་བཤད་པ་ཉུང་ཞིང་བཟུང་སླ་བར་བྱས་ཏེ། དོན་གྲུབ་དང་ཡང་དག་ལ་ཕན་ཕྱིར་བྲིས་པ་ཡིན་ཀྱང་། འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཅིང་བདེ་བ་ཅན་དུ་སྐྱེ་བའི་ལམ་མཆོག་དམ་པར་གྱུར་ཅིག །སོ་སྐྱེའི་དབང་གིས་འཁྲུལ་པ་བྱུང་ན་འཆགས་སོ། །ཅེས་འདི་ལ་གོམས་པ་རཱ་ག་ཨ་སྱས་སྦྱར་བའོ།། །།

འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་ཟིན་ཐོ།

འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་ཟིན་ཐོ་བཞུགས་སོ། །

ན་མོ་གུ་རུ་བྷྱ༔འཕོ་བ་འཇག་ཚུགས་མའི་ཁྲིད་གཏེར་གཞུང་གི་ཡིག་ཆ་ལྟར་ཆོས་གྲྭ་ཆེན་མོ་གངས་དཀར་རྡོ་རྗེ་གདན་ཀྱི་བླ་མ་སློབ་དཔོན་རིན་པོ་ཆེའི་ཕྱག་བཞེས་ལྟར་ན། གདམས་པ་འདི་སྟོན་པའི་ཚེ། ཕག་མོ་གང་རུང་གི་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་བར་ཚོགས་མཆོད་བྱས་ནས་དམིགས་པ་འབོགས་རྗེས་ལྷག་མ་སོགས་དཀྱུས་ལྟར་བྱ། དེ་ནས་ཐུན་བཞིའི་རིམ་པས། སྐྱབས་འགྲོ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སོགས་ཅི་ནུས་དང་། སེམས་བསྐྱེད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་འཕོ་བའི་གདམས་པ་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། ༀ་སྭཱ་བྷ་ཝ་སོགས་ནས་དཀྱུས་ལྟར་ལ། འཕར་ལ་ཁད་པ༔འཕུར་ལ་ཁད་པ༔ཞེས་པའི་བར་གསལ་གདབ། གསོལ་འདེབས་ཚར་གསུམ། ཧིཀ྄་ཅེས་ཐིག་ལེ་སྤར་བ་སོགས་དཀྱུས་ལྟར་ལན་ཉེར་གཅིག །གསོལ་འདེབས་ཚར་གསུམ། ཐིག་ལེ་འགྲོ་ལྡོག་ཉེར་གཅིག །ཡང་གསོལ་འདེབས་ཚར་གསུམ། ཐིག་ལེ་འགྲོ་ལྡོག་ཚར་ཉེར་གཅིག །མཐར་གསོལ་འདེབས་ཚར་གཅིག་མཐར། འོད་དཔག་མེད་རང་ལ་བསྟིམ། ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག །བསྔོ་སྨོན་བཀྲ་ཤིས་གང་འོས་བྱ། དེ་ལྟར་ཞག་གསུམ། ལྔ། བདུན་སོགས་ཐུན་བཞིར་འབད་པས་སྤྱི་བོ་ཟ་བ་དང་། སྐྲངས་པ་དང་། ཆུ་

སེར་འཛག་པ། འཇག་མ་ཟུག་སྙམ་སོགས་རྟགས་བྱུང་བའི་ཚེ། ཚེ་སྒྲུབ་ཀྱི་དམིགས་པ་དཀྱུས་ལྟར་ཐུན་གསུམ་ཙམ་བྱ། གཞན་ལ་འདེབས་ན། ངོ་སྤྲོད་དང་། ལྟུང་བཤགས་སོགས་ཆོས་སྤྱོད་གང་འོས། འཕོ་དམིགས་འབོགས་ཏེ། ཐོག་མར་ཚར་ཆ་ཤས་རང་དང་ཚེ་འདས་དབྱེར་མེད་དུ་སྦྱང་། ལས་སྦྱོར་དངོས་ཀྱི་ཚེ། ཚེ་འདས་ལྷར་གསལ་བའི་རྣམ་ཤེས་སྤར་བ་སོགས་དཀྱུས་ལྟར་དང་། བསྔོ་སྨོན་བྱའོ། །འདིའི་བརྒྱུད་པ་ནི། སངས་རྒྱས་འོད་དཔག་མེད། ཨོ་རྒྱན་པདྨ་འབྱུང་གནས། གཏེར་སྟོན་ཉི་ཟླ་སངས་རྒྱས། མཚུངས་མེད་ནམ་མཁའ་རྒྱལ་མཚན། རྟོགས་ལྡན་སང་གྷ་བྷ་དྲ། ཕ་རྒོད་དྲི་མེད་བློ་གྲོས། ཆོས་རྗེ་སངས་རྒྱས་རྒྱལ་མཚན། མཚུངས་མེད་མ་ཏིའི་མཚན་ཅན། བྱང་སེམས་ཕུན་ཚོགས་རྣམ་རྒྱལ། རྫོགས་ཆེན་པ་སངས་རྒྱས་ཚུལ་ཁྲིམས། མངའ་རིས་གྲུབ་ཆེན་འོད་གསལ་མཆོག་ལྡན། བླ་ཆེན་ཆོས་རྒྱལ་རྡོ་རྗེ། པདྨ་ཕུན་ཚོགས་བཤེས་གཉེན། གཙང་པ་གྲུབ་ཐོབ་མི་བསྐྱོད་རྡོ་རྗེ། སྐྱོ་སྟོན་པདྨ་ཕྲིན་ལས། རྗེ་དཀོན་མཆོག་རྒྱལ་པོ། རྨོར་དགོན་བླ་མ་འཇུན་པ་རྗེ་དྲུང་། གོང་ཆོས་མཁན་ཆེན་སྐལ་བཟང་དགེ་ལེགས། མཚུངས་མེད་དཀོན་མཆོག་སྦྱིན་པ། བྱང་འདྲེན་ཆེན་མོ་ཀུན་བཟང་དབང་འདུས། འབྲས་གླིང་པ་སློབ་དཔོན་དགེ་འདུན་རབ་རྒྱས། དེས་བདག་ལའོ། །ཡང་ན་བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ནས། ཆོས་རྗེ་ངག་དབང་ཕུན་ཚོགས། གྲུབ་མཆོག་དཔག་བསམ་ཡེ་ཤེས། རྣལ་འབྱོར་རང་རིག་རྡོ་རྗེ། འཁྲུལ་ཞིག་ཏིང་འཛིན་ཡོངས་འདུས། བླ་མ་པདྨ་དཀར་པོ། དགེ་སློང་པདྨ་ཆོས་རྒྱལ། མཚུངས་མེད་བློ་བཟང་བཀྲ་ཤིས། བླ་མ་འཇུན་པ་རྗེ་དྲུང་མན་འདྲ་ཞིང་། བརྒྱུད་འདེབས་སྐབས་བརྒྱུད་པ་ཕྱི་མ་འདི་བཞིན་མཛད་སྣང་ངོ་། །མངྒ་ལཾ།། །།

ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་དམིགས་རིམ་ཟིན་བྲིས།

གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་དམིགས་རིམ་ཟིན་བྲིས་བླ་མའི་ཞལ་ལུང་བཞུགས་སོ། །

ན་མོ་གུ་རུ་བྷྱ༔འཆི་མེད་གྲུབ་པའི་སློབ་དཔོན་སྤྲུལ་པའི་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་གཏེར་བྱོན་ཟབ་ལམ་འཕོ་བ་འཇག་ཚུགས་མའི་ཁྲིད་ཀྱི་སྐབས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྤྱི་དང་མཐུན། དངོས་གཞིར་རང་ཕག་མོ་དམར་མོ་ཞལ་གཉིས་མ་སྤྱི་འགྲོ། ཚངས་བུག་གི་རྒྱབ་ཏུ་སེང་ཁྲི་པད་ཉི་ཟླ་སྟེང་རྩ་བའི་བླ་མ་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་བྱམས་བཞུགས་ཀྱིས་བཞུགས་པ། རྩ་བརྒྱུད་ཀྱི་བླ་མའི་ཚོགས་ཀྱིས་བསྐོར་བའི་བཅོམ་ལྡན་འདས་ཀྱི་མཐེ་བོང་གཉིས་ཀྱིས་རང་གི་ཚངས་བུག་བཀག་པ། རང་ལུས་ཀྱི་དབུས་དྲང་པོར་དབུ་མ་ཆོས་བཞི་ལྡན་གྲོ་སོག་འབྲིང་པོ་ཙམ། སྙིང་དངོས་པདྨ་འདབ་བརྒྱད་ཁ་འབུས་པའི་དབྱིབས་སུ་ཡོད་པའི་དབུས་ཀྱི་དབུ་མའི་ནང་དུ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་ཡུངས་ཀར་ཙམ་འཇའ་འོད་སྣ་ལྔའི་ཀློང་དུ་གནས་པ། དེའི་ནང་དུ་ཆོས་སྐུའི་ས་བོན་ཨ་ཡིག་མཐིང་ནག་སྤུས་བྲིས་པ་ལྟ་བུ་གསལ་བཏབ་ལ་སྤྱི་བོའི་རྩ་བརྒྱུད་ཀྱི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས། །མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས། །རྟོགས་ལྡན་སངྒྷ་བྷ་དྲ་ལ་གསོལ་བ་འདེབས། །ཕ་རྒོད་དྲི་མེད་བློ་གྲོས་ལ་གསོལ་བ་འདེབས། །ཆོས་

རྗེ་སངས་རྒྱས་རྒྱལ་མཚན་ལ་གསོལ་བ་འདེབས། །མཚུངས་མེད་མ་ཏིའི་མཚན་ཅན་ལ་གསོལ་བ་འདེབས། །ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ་གསོལ་བ་འདེབས། །རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལ་གསོལ་བ་འདེབས། །གྲུབ་ཆེན་འོད་གསལ་མཆོག་ལྡན་ལ་གསོལ་བ་འདེབས། །བླ་ཆེན་ཆོས་རྒྱལ་རྡོ་རྗེ་ལ་གསོལ་བ་འདེབས། །མཁས་གྲུབ་ཉི་ཟླ་ཀློང་གསལ་ལ་གསོལ་བ་འདེབས། །ཀུན་མཁྱེན་ཆོས་དབང་རྡོར་འཛིན་ལ་གསོལ་བ་འདེབས། །མཚུངས་མེད་པདྨ་ཀུན་གསལ་ལ་གསོལ་བ་འདེབས། །གར་དབང་ཆོས་ཀྱི་དོན་གྲུབ་ལ་གསོལ་བ་འདེབས། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ་གསོལ་བ་འདེབས། །འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །དེའང་ཐམས་ཅད་ཀྱི་མགོར། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་དང་། མཇུག་ཏུ། ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཤི་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་པའི་གསོལ་འདེབས་གདངས་དང་བཅས་དེ་ཚར་གསུམ་ཙམ། ཧིཀ྄་ཅེས་འོག་རླུང་ནར་གྱིས་དྲངས་ཤིང་གསུས་པ་སྒལ་ཚིགས་ལ་སྦྱར་ནས་འཇམ་ལ་རིང་བར་བརྗོད་སྐབས་ཐིག་ལེ་འཕར་ལིང་ལིང་བྱེད་པ་དང་། མཐར་དྲག་པོར་གཅོད་སྐབས་ཞབས་ཀྱི་མཐེ་བོང་ལ་རེག་པར་བསམས་ལ་སེམས་གཟུང་། ཀ་ཞེས་མར་བབས་པར་བསམ། དེའང་བདུན་ནམ་གསུམ། ཡང་གསོལ་འདེབས་སོགས་སྤེལ་མར་བྱ། རྗེས་རྟགས་མཐོང་བ་ན། འོད་དཔག་མེད་ཚེ་དཔག་མེད་དུ་བསྒྱུར། ཚེ་བཅུད་བསྡུ་བསྟིམ་དང་བདུད་རྩི་འབེབས་

སྦྱོང་སྤྱི་ལྟར་དང་། ཚེ་གཟུངས་རིང་ཐུང་གང་ཤེས་བཟླ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་པ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བརྗོད་པས་དེ་འོད་དུ་ཞུ་ནས་སྙིང་གའི་ཚེ་རྟེན་ཨ་ལ་ཐིམ། ཚངས་བུག་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་བཀག་པར་བསམ། འདི་སྤྱིར་ཉི་ནུབ་ཙམ་ནས་ཐུན་ཚུགས་པར་བྱས། མཚན་ཐོག་ཐག་གཅིག་ལ་ཉམས་སུ་བླངས་ན། རབ་སྲོད། འབྲིང་གུང་། ཐ་མའང་ཐོ་རེངས་ངེས་པར་རྟགས་ཐོན་ཡོང་བས་དམིགས་བསལ་ཐུན་གྲངས་མང་པོ་མ་དགོས་ཀྱང་། ངེས་མེད་རྟགས་མ་མཐོང་བར་ཟས་གྱི་བྱ་བ་སོགས་ལ་འཇུག་དགོས་པ་བྱུང་ན་ལྷར་སྣང་དེ་ཀའི་ངང་དུ་བཞག་པ་ལས་ཚེ་བཅུད་བསྡུ་བསྟིམ་དགེ་བསྔོ་སོགས་མི་དགོས། གང་ལྟར་ཡང་ལས་སྦྱོར་ཚེ་འཆི་ལྟས་བརྟགས་བསླུ་ཚུལ་བཞིན་བྱས་ཀྱང་མ་བསླུས་ནས་འཆི་བར་ཐག་ཆོད་ན་ཕྱི་དབུགས་ཆད་མིན་ལ་མ་ལྟོས་པར་ལྷ་བསད་པའི་ཉེས་དོགས་སོགས་མི་དགོས་པས། འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་བཞུགས་པར་བསམ་པའི། འོག་སྒོ་དང་རང་གི་རྩ་དབུ་མ་ཁ་སྦྱར་བར་བསྒོམ། ཐིག་ལེ་སྤར་སྐབས་ཐུགས་ཀར་ཐིམ་པར་བསམས་མཐར་འོད་དཔག་མེད་བདེ་ཆེན་ཞིང་དུ་གཤེགས་པར་བསམ་ལ་མི་དམིགས་པའི་ངང་ལ་བཞག །གཞན་ལ་རྒྱག་ནའང་དེ་དང་འདྲའོ། །ཀ་དག་མ་ལའང་དམིགས་པ་མི་འདྲ་བ་མེད། གསོལ་འདེབས་ཀྱི་ཁྱད་པར་ཙམ་ཡིན། འདི་གཙོ་བོ་གཞན་དོན་ལ་སྦྱར་རོ་གསུངས། འདིའི་བརྒྱུད་པ་ནི། སངས་རྒྱས་འོད་དཔག་མེད། ཨོ་རྒྱན་པདྨ་འབྱུང་གནས། གཏེར་ཆེན་ཉི་ཟླ་སངས་རྒྱས། མཚུངས་མེད་ནམ་མཁའ་རྒྱལ་མཚན། རྟོགས་ལྡན་སངྒྷཱ་བྷ་དྲ། ཕ་རྒོད་དྲི་མེད་བློ་གྲོས། ཆོས་རྗེ་སངས་རྒྱས་རྒྱལ་མཚན། མཚུངས་

མེད་མ་ཏིའི་མཚན་ཅན། བྱང་སེམས་ཕུན་ཚོགས་རྣམ་རྒྱལ། རྫོགས་ཆེན་པ་སངས་རྒྱས་ཚུལ་ཁྲིམས། མངའ་རིས་པ་འཆི་མེད་གྲུབ་པ་འོད་གསལ་མཆོག་ལྡན། བྲིས་གཤགས་པ་བླ་ཆེན་ཆོས་རྒྱལ་རྡོ་རྗེ། མཁས་གྲུབ་ཆེན་པོ་ཉི་ཟླ་ཀློང་གསལ། ཀུན་མཁྱེན་ཆོས་དབང་རྡོར་འཛིན། རྟ་ནག་སྒྲོལ་ཕུག་པ་གར་དབང་ཕྲིན་ལས་རྒྱ་མཚོའམ་པདྨ་ཀུན་གསལ། དགོན་བྱང་པ་སྤང་སྟོན་གར་དབང་ཆོས་ཀྱི་དོན་གྲུབ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན། སྒྲོལ་སྟོན་ཆེན་པོ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། དེས་བདག་ལའོ། །ཡང་ན་བླ་ཆེན་ཆོས་རྒྱལ་རྡོ་རྗེ་ནས། བླ་མ་ཤེས་རབ་ཆོས་འཕེལ། རྗེ་བཙུན་ཚེ་དབང་སྒྲོལ་མ། ཚེ་བདག་འགྱུར་མེད་རྡོ་རྗེ། འཇམ་དབྱངས་ངག་དབང་རྡོ་རྗེ། རྗེ་པདྨ་ཀུན་གསལ་མན་འདྲ། འབྲི་གུང་ཆོས་གྲགས་པས་མཛད་པའི་ཁྲིད་ཡིག་པདྨ་ཅན་དུ་བགྲོད་པའི་ཕོ་ཉ། ཕུན་ཚོགས་རྣམ་རྒྱལ་ནས། མཁན་ཆེན་རྣམ་འཇོམས་ཕུན་ཚོགས། མཚུངས་མེད་དཀོན་མཆོག་རཏྣ། དེ་ལས་རྗེ་ཆོས་གྲགས་ཀྱིས་གསན། དེ་ནས་གནས་བརྟན་འཇམ་དབྱངས་གྲགས་པ། སྒྲོལ་ཕུག་པ་འཇམ་དབྱངས་ངག་དབང་རྡོ་རྗེ། ཚེ་བདག་འགྱུར་མེད་རྡོ་རྗེའི་གཅུང་། མཆན། པདྨ་ཀུན་གསལ་མན་འདྲ། ཞེས་པའང་སྔ་འགྱུར་རྡོ་རྗེ་ཐེག་པའི་ཤིང་རྟ་ཆེན་པོ་སྒྲོལ་ཆེན་རིམ་བྱོན་གྱི་གདན་སར་རྗེ་བླ་མ་དམ་པ་ལས་ཚུལ་འདིའི་བཀའ་དྲིན་ནོད་སྐབས། བྱ་བྲལ་བ་མཉྫུ་གྷོ་ཥས་ཟིན་བྲིས་སུ་བཏབ་པ་དགེ། །

འཕོ་བ་སྙན་བརྒྱུད་མའི་ཟིན་བྲིས།

འཕོ་བ་སྙན་བརྒྱུད་མའི་ཟིན་བྲིས། རྣལ་འབྱོར་གྱི་དབང་ཕྱུག་སྤྲུལ་སྐུ་ཉི་ཟླ་སངས་རྒྱས་ལ་ཨོ་རྒྱན་ཆེན་པོས་དག་སྣང་དུ་སྩལ་བའི་ཟབ་ལམ་འཕོ་བ་སྙན་བརྒྱུད་འཇག་ཚུགས་མའི་ཉམས་ལེན་གྱི་རྩ་ཐོ་སྙིང་པོར་དྲིལ་བ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་ཆོས་བདུན་ལེགས་པར་བཅས་ནས། སྐྱབས་སེམས་སྔོན་དུ་འགྲོ་བས། ལམ་རིམ་དངོས་ལ་དང་པོ། ལུས་སྟོང་ར་ཕྲུ་མ་ཕུས་བཏབ་པ་ལྟར་སྐྱ་སེང་ངེ་བར་རྩེ་གཅིག་ཏུ་བསྒོམ་པས། འབྱོངས་པའི་རྟགས་དེ་ཉིད་རྩོལ་མེད་དུ་ལམ་ལམ་འཆར་བ་དང་། ལུས་ཡང་ཞིང་གཡོ་བ་སྙམ་བྱེད་པའོ། །གཉིས་པ་ནི། ལུས་ཀྱི་ནང་སྙིང་གའི་ཐད་དུ་ཧཱུྃ་མཐིང་ག་གསལ་ཞིང་འཚེར་བ་ཞིག་བསྒོམ། ངག་ཏུ་བུ་གའི་གྲངས་དང་མཉམ་པའི་ཧཱུྃ་རིམ་པ་བཞིན་བརྗོད་པའི་རྐྱེན་གྱིས་བཤང་ལམ། ཆུ་ལམ། ལྟེ་བ་ཁ་སྣ་བུག་གཉིས། མིག་གཉིས་རྣམས་སྙིང་གའི་ཧཱུྃ་ཡིག་ལས་སྤྲོས་པའི་ཧཱུྃ་ཡིག་སྔོན་པོ་ནཱ་ད་ནང་དུ་བསྟན་པ་རེས་བཀག་པར་བསྒོམ་མོ། །འབྱོངས་རྟགས། དམིགས་པ་རྩོལ་མེད་གསལ་བ་དང་། ལུས་མི་བདེ་བ་སྙམ་བྱེད་པའོ། །གསུམ་པ་ནི། རང་ལུས་སྟོང་རའི་དབུས་སུ་རྩ་དབུ་མ་དམར་གསལ་སྲབ་པ་རག་དུང་གི་དབྱིབས་ཅན། རྩ་བ་ཕྲ་བ་མདའ་སྨྱུག་ཙམ་པ་ལྟེ་འོག་སོར་བཞི་སླེབ་ཅིང་ཡར་སྣ་གདེངས་ཀ་ཆེ་བ་ཚངས་བུག་གི་ཐད་དུ་རྒྱ་མཐོང་ཁ་ཕྱེ་བ་ལྟ་བུའི་དབུ་མའི་གཡས་སུ་རོ་མ་དམར་མོ་དང་། གཡོན་དུ་རྐྱང་མ་དཀར་མོ་སྦོམ་ཕྲ་གྲོ་སོག་ཙམ་པ་མར་སྣ་དབུ་མའི་ནང་དུ་སོར་རེ་ཙམ་གྱེན་དུ་ཆུད་པ། ཡར་སྣ་རྣ་བའི་ཐད་ཀྱི་དབུས་སུ་དབུ་མར་རེག་ལ་མ་འབྱར་བའི་ཚུལ་དུ་སོང་། དེ་ནས་

མདུན་དུ་བུག་པ་སྣ་བུག་གཉིས་སུ་བུག་པ་ཧ་རེ་བལྟ་བ། དབུ་མའི་མར་སྣ་རོ་རྐྱང་གི་བུ་གའི་སྟེང་དུ་རང་གི་རྣམ་ཤེས་ཐིག་ལེ་དཀར་པོ་གསལ་ཞིང་འཚེར་བ། ཡང་ཞིང་གཡོ་བ་ཡུངས་འབྲུ་ནས། སྲན་ཆེན་གྱི་བར་ཙམ་བློ་ལ་འཆར་བ་བདེ་བ་ཞིག་བསྒོམ། དབུ་མའི་ཡར་སྣ་ཚངས་བུག་གི་ཐད་དུ་ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བ། དེའི་སྟེང་གི་ནམ་མཁར། འཇའ་འོད་སྣ་ལྔའི་གུར་ཁྱིམ་ཟེར་མདངས་འཁྲུགས་པའི་དབུས་སུ་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་ཨོ་རྒྱན་ཐོད་ཕྲེང་རྩལ་མཐིང་གསལ་ལོངས་སྐུའི་ཆས་ཅན་རྡོར་དྲིལ་འཛིན་པ་ཡུམ་དང་བཅས་པའི་རྣམ་པར་གསལ་ཞིང་མོས་པ་དུང་ངེ་རྩེ་གཅིག་ཏུ་བསྒོམ། དེས་རླུང་སེམས་འདུས་ཤིང་འབྱོངས་པའི་རྟགས་དམིགས་པའི་གསལ་སྣང་ལམ་མེ་བ་རྩོལ་མེད་དུ་འཆར་བ་སྙམ་བྱེད་པའི་བར་བསྒོམ་མོ། །བཞི་པ་ལ། སྦྱང་བ་དངོས་དང་གེགས་སེལ་ལས། དང་པོ་ནི། རླུང་གནད་གྱེན་དུ་གཅུན་པས་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དེ་ཉིད་ཡང་ཞིང་གཡོ་བ་འཕུར་ལ་ཁད་ལྟ་བུར་བསམས་ལ་མིག་ཡིད་རླུང་གསུམ་གྱེན་དུ་དྲིལ་ནས་ངག་ཏུ་ཧི་ཧིཀ྄་ཅེས་པ་ཇེ་མྱུར་ཇེ་དྲག་ཏུ་བཏང་བ་མདུན་གྱི་རོ་རྐྱང་གི་མར་སྣའི་སྟེང་ནས་ཐིག་ལེ་ལྟེ་བར་སྤར་བ་དེར་ཅུང་ཟད་འདར་ཞིང་འཕར་བའི་ཚུལ་དུ་ཅུང་ངལ་བསོ། ཡང་། སྔར་བཞིན་ཧི་ཧིཀ྄་ཇེ་མྱུར་ཇེ་དྲག་ཏུ་བཏང་བ་བདུན་གྱིས་སྙིང་གར་སྤར་ནས་སྔར་བཞིན་ངལ་བསོ། ཡང་། དེ་ལས་ཀྱང་དྲག་ཅིང་མྱུར་བ་བདུན་གྱིས་སྨིན་མཚམས་སུ་སྤར་བ་ངལ་བསོ། དེ་ལས་ཀྱང་ཤིན་ཏུ་དྲག་ཅིང་མྱུར་བ་བདུན་དང་ཕཊ་གཅིག་ཧིཀ྄་གཅིག་གམ་གཉིས་སམ་གསུམ་སོགས་རིག་པའི་རྩལ་ཤུགས་དང་སྦྱར་ནས་སྤར་བས་རྣམ་ཤེས་ཐིག་ལེ་དེ་ཉིད་གྱེན་དུ་འཕར་བ་ཚངས་བུག་གི་ཧཾ་དང་རོ་

གཅིག་ཏུ་འདྲེས་ནས་སྐར་མདའ་ལྟར་སྐྱ་ཡེར་གྱིས་སོང་ནས་སྤྱི་བོའི་བླ་མའི་ཐུགས་ཀར་བསྐྱལ། བླ་མའི་ཐུགས་དང་རང་རིག་གཉིས་མེད་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་ཅི་གནས་སུ་བཞག །སླར་ཡང་ངག་ཏུ་ཀ་ཞེས་བརྗོད་པའི་རྐྱེན་གྱིས་རྣམ་ཤེས་ཀྱི་ཐིག་ལེ་མཐུར་དུ་བབས་ནས། དབུ་མའི་མར་སྣེར་བསྐྱེལ། ཚངས་བུག་ཧཾ་གིས་དགག་གོ །ཐུན་གཅིག་གི་ཚེ་ན་ཡང་སྔར་བཞིན་གྱེན་དུ་སྤར་བ་དང་མཐུར་དུ་འབེབས་པ་བསྐྱར་ཞིང་བསྐོར་ནས་བྱ་ཞིང་། ཐུན་འཇོག་པ་ན་རྣམ་ཤེས་ཀ་ཡིག་གིས་ཕབ་པའི་མཐར། སྤྱི་བོའི་བླ་མ་འོད་དུ་ཞུ་ནས་རྣམ་ཤེས་ཐིག་ལེ་ལ་བསྟིམ། ཚངས་བུག་ཧཾ་གིས་སྔར་བཞིན་བརྟན་པར་བཀག་ནས་བསྔོ་སྨོན་བྱའོ། །ཡང་ན། ཐུན་བསྐྱར་ནས་འཛིན་པ་ནས་སྐྱབས་སེམས་སྟོང་ར་སོགས་ནས་འཛིན་པ་རྣམ་ཤེས་སྔར་ལྟར་བྱ་ཞིང་། དེ་ལྟར་འབད་པས་རྩེ་གཅིག་ཏུ་སྦྱོངས་པས་འབྱོངས་པའི་རྟགས་སུ་རོ་སྟོད་དང་མགོ་བོ་ན་ཞིང་སྤྱི་བོ་སྐྲངས་པ་དང་། རླུང་གྱེན་དུ་ཙེག་ཅིང་ནང་དུ་གནོན་དཀའ་བ་དང་། ཤེས་པ་གནད་དུ་མི་ཕེབ་པར་ཡེད་ཡེད་པ་སོགས་བྱུང་ན་འཇག་མ་འཛུགས་པ་སོགས་ཀྱིས་ཚད་ལ་འབེབ་པར་བྱའོ། །གཉིས་པ་གེགས་སེལ་བ་ནི། རེ་ཞིག་བསྒོམ་འཇོག་པ་ན། སྤྱི་བོའི་བླ་མ་རྣམ་ཤེས་ཐིག་ལེ་ལ་བསྟིམས་ནས། ཚངས་བུག་ཧཾ་གིས་བཀག་པའི་རྗེས་སུ་སྟེང་རླུང་མནན་ཅིང་། དམིགས་པ་རྐང་པ་གཉིས་མཉམ་པར་གཤིབས་ཏེ་ལང་པའི་མཐིལ་དུ་གསེར་གྱི་རི་རབ་སྲ་ཞིང་འཐས་པ་རེས་མཐུར་དུ་འཐེན་པར་བསམ་མོ། །དེས་མ་སེལ་ན་དམིགས་པ་དེ་དང་ལྡན་པས་གོམ་པས་བཅག་ཅིང་རྐང་མཐིལ་ལ་ཤེས་པ་དྲིལ་བས་སེལ་ལོ། །གལ་ཏེ་སྦྱངས་དུས་དྲན་མེད་དུ་བརྒྱལ་བ་ལྟ་བུ་བྱུང་ན་རྐང་མཐིལ་བརྡུང་བ་དང་དྲོད་བདུགས་ཀྱིས་གསོ་བ་སོགས་ཀྱིས་བསལ་བར་བྱའོ། །

མཐར་ལས་སུ་སྦྱར་བ་ལ་རང་དོན་དང་གཞན་དོན་གཉིས་ལས། དང་པོ་ནི། ཕྱི་ནང་གསང་བའི་འཆི་ལྟས་རྣམ་རྫོགས་པར་ཤར་ཞིང་། དེ་ལས་བསླུ་བའི་ཐབས་གསུངས་པ་རྣམས་ཀྱིས་ཀྱང་བཟློག་ཏུ་མེད་པའི་མཚན་མ་ཤར་བ་ན་སྔར་བཤད་པའི་དམིགས་པ་གཞན་རྣམས་དཀྱུས་བཞིན་ལས་ཕྱིར་འབེབས་པའི་དམིགས་པ་དོར་ཏེ་རྣམ་ཤེས་བླ་མའི་ཐུགས་ཀར་སྤར་ན་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་རིག་དབྱེར་མེད་པར་བསྲེས་ནས་དེ་ཉིད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་ལ་མཉམ་བཞག་རྩེ་གཅིག་པ་བྱ་ཞིང་། དེ་ལྟར་མི་ནུས་ན་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པའོ་སྙམ་པའི་དྲན་འཛིན་མ་ཡེངས་པ་རྒྱུན་ཆགས་སུ་བྱས་པས་རྐྱེན་གཞན་གྱིས་འཕྲོག་པར་མི་ནུས་པ་ཙམ་འབྱོངས་པར་བྱས་ནས་འཆི་བའི་འོད་གསལ་གྱིས་སྔ་ཕྱིར་གོམས་སྟོབས་དང་སྦྱར་ནས་འཕོ་བར་བྱའོ། །གཉིས་པ་ནི། གཞན་ལ་འདེབས་ན། དེ་ཉིད་ཀྱི་དྲན་པ་གསལ་འདེབས་པ་སྔོན་དུ་འགྲོ་བས། དམིགས་ཡུལ་ལ་བཟོད་དུ་མེད་པའི་སྙིང་རྗེ་ཆེན་པོས་དྲངས་པའི་སེམས་རྩེ་གཅིག་ཏུ་གཏད་ནས་ཇི་ལྟར་བསྒོམ་པ་དེ་ལྟར་དམིགས་ཡུལ་གྱི་རྣམ་པར་གསལ་ལ་བསྒོམ་ཞིང་། རང་ཉིད་མོས་པའི་བླ་མ་དེ་གཤིན་པོས་དེ་ཉིད་མི་མོས་ན་དེ་ཉིད་བསྒོམ་དུ་མི་རུང་བས་ཁོ་རང་གང་ལ་མོས་པའི་བླ་མ་དེ་ཐོད་ཕྲེང་རྩལ་གྱི་རྣམ་པར་བསྒོམ་ཞིང་། འཕོ་བ་སྤར་ནས་བླ་མའི་ཐུགས་དང་དབྱེར་མེད་པ་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་འཇོག་ཅིང་མཐར་བསྔོ་སྨོན་གྱིས་རྒྱས་འདེབས་ནན་ཏན་དུ་བྱ་བ་རྣམས་སོ། །འདིའི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་

རྡོ་རྗེ། ཤྲཱི་སིཾ་ཧ། ཨོ་རྒྱན་ཆེན་པོ། ཉི་ཟླ་སངས་རྒྱས། བསོད་ནམས་འོད་ཟེར། བསོད་ནམས་དཔལ། བསོད་ནམས་ཆོས་སྐྱོང་། སྣ་ཚོགས་རང་གྲོལ། ཐུགས་སྲས་ཀུན་དགའ་གྲགས་པ། གྲུབ་ཆེན་ཀུན་བཟང་རྡོ་རྗེ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། དེ་ཡན་ཆད་སྙན་བརྒྱུད་དུ་བཞུགས་པ་ལས་དམ་པ་དེས་བདག་ལ་དགྱེས་པ་ཆེན་པོས་གནང་ཞིང་ཉམས་སུ་བླངས་པ་ལས་ཡིད་ཆེས་ངེས་པ་ཅུང་ཟད་ཐོབ་པའི་དོན་ཇི་ལྟ་བ་བཞིན་རེག་ཟིག་ཏུ་སྤེལ་བའོ། །

འཕོ་བའི་གདམས་པ་འཇག་ཚུགས་མའི་ལོ་རྒྱུས་གདམས་ངག་ཁྲིད་ཡིག

ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མའི་ལོ་རྒྱུས་གདམས་ངག་ཁྲིད་ཡིག་དང་བཅས་པ་བཞུགས་སོ། །

༈ ཉི་ཟླ་སངས་རྒྱས་གཏེར་བྱོན། ཨོ་རྒྱུན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །གུ་རུ་ཐུགས་རྗེ་ཅན་གྱིས་སྙིགས་མའི་སེམས་ཅན་མང་པོ་བདེ་བ་ཅན་གྱི་ཞིང་བཟང་པོ་ལ་སྦྱོར་བའི་གདམས་པ་ཁྱད་པར་ཅན་འཕོ་བ་འཇག་ཚུགས་མའི་ལོ་རྒྱུས་ནི། སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་མཆིམས་ཕུའི་བྲག་དམར་དགེའུ་གོང་ན་བཞུགས་པའི་དུས། རྒྱལ་པོ་ཉིད་ཀྱི་བློན་པོ་ཉི་མ་ཞེས་བྱ་བ་ཞིག་ཡོད་ལ། དེ་ཡི་ཁང་པ་གོང་འོག་གཉིས་ཡོད་པ་ལས། ཁང་པ་འོག་མ་ལ་མེ་ཤོར་ནས། ཁང་པ་དང་ཡོ་བྱད་མང་པོ་ཚིག །ཁོ་རང་གི་ལུས་ཀྱི་ཆ་ཤས་ཀྱང་མི་འདུག་པས། མི་བཟོད་པའི་སྡུག་བསྔལ་གྱི་ཚོར་བ་དྲག་པོ་བྱུང་བའི་ཚེ། རྒྱལ་པོ་ཉིད་ཀྱིས་མ་བཟོད་པར། དགེའུ་གོང་དུ་སློབ་དཔོན་ཆེན་པོའི་དྲུང་དུ་བྱོན་ནས། ནོར་རྫས་མང་པོའི་འབུལ་བ་བྱས་ཏེ། ཀྱེ་སློབ་དཔོན་ཆེན་པོ་ལགས། བདག་གི་བློན་པོ་འདི་ལྟ་བུ་སྡུག་བསྔལ་གྱིས་ཟིན་པ་སེམས་ཀྱིས་མ་བཟོད་པ་ལགས་པས། སྡུག་བསྔལ་འདི་ལས་མྱུར་དུ་སྒྲོལ་བའི་ཐབས་བསྟན་དུ་གསོལ། ཞེས་ཞུས་པ་དང་སློབ་དཔོན་ཆེན་པོས་ཅང་མི་གསུང་བའི་ཚུལ་གྱིས་ཞལ་གྱིས་བཞེས་ཏེ། སྐད་ཅིག་ལ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་འོད་དཔག་མེད་ཀྱི་སྤྱན་སྔར་བྱོན་

ནས་གདམས་པ་འདི་ཉིད་ཞུས་སོ། །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པ། བློན་པོ་ཉི་མ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་འདི་ལས་ཐར་བའི་སྐལ་བ་དང་ཇི་ལྟར་ལྡན་ཅེས་གསོལ་བས། སློབ་དཔོན་ཆེན་པོའི་བཀའ་ལས། བློན་པོ་ཉི་མ་ད་ལྟ་འདིར་ཁྲིད་ཤོག །དོན་འགྲུབ་པར་འགྱུར་རོ་གསུངས། རྒྱལ་པོས་བློན་པོ་འབོད་མཁན་བཏང་བས། བློན་པོ་འབྱོན་མ་ཐུབ་པ་ལ། རྒྱལ་པོའི་བཀས་དོ་ལིའ ི་ཁྱོགས་ལ་བཏེགས་ནས། སློབ་དཔོན་གྱི་དྲུང་དུ་བསྐྱལ་བ་དང་། བློན་པོས་གསེར་ས་ལེ་སྦྲམ་ཉི་མའི་འོད་ལྟ་བུ་འཕྲོ་བ་ཞིག་དང་། དངུལ་གྱི་མཎྜལ་ཟླ་བ་འདྲ་བ་ཞིག་ཕུལ། དེའི་རྗེས་གཞན་མེད་པར་མཛད་དེ། བློན་པོ་ཉི་མ་གཅིག་པུ་ལ། འཕོ་བའི་གདམས་པ་ཟབ་མོ་འདི་གནང་། བློན་པོས་ཞག་བདུན་ཉམས་སུ་བླངས་པས་སྡུག་བསྔལ་ལས་གྲོལ་ཏེ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་སོ། །དེ་ནས་གདམས་པ་འདི་གུ་རུའི་ཕྱག་མཛུབ་གཡོན་གྱི་མཚལ་ཁྲག་གིས་ཤིང་ཏཱ་ལའི་ལོ་མ་ལ་བྲིས། མཚོ་རྒྱལ་གྱི་དབུ་སྐྲས་བཅིངས། ཆུ་དར་སྔོན་པོས་དྲིལ་ནས། རིན་པོ་ཆེའི་སྒྲོམ་བུར་བཅུག་སྟེ། སྒམ་པོ་གདར་གྱི་བྲག་ལ་གཏེར་དུ་སྦས། གཏེར་བདག་ཀླུ་གཙུག་ན་རིན་ཆེན་ལ་བཅོལ། བློན་པོ་བདེ་བ་ཅན་ནས་སེམས་ཅན་གྱི་དོན་དུ་གཏེར་འདི་འདོན་པའི་གང་ཟག་ཉི་ཟླ་སངས་རྒྱས་ཞེས་བྱ་བའི་གཏེར་སྟོན་དུ་འགྱུར་ཏེ། མིང་དེ་ནི་བློ་པོ་ཉི་མས་གསེར་ས་ལེ་སྦྲམ་ཉི་མའི་འོད་ལྟ་བུ་འཕྲོ་བ་དང་། དངུལ་གྱི་མཎྜལ་ཟླ་བ་ལྟ་བུ་ཕུལ་བའི་རྟེན་འབྲེལ་ཡིན་ནོ། །ལས་ཅན་གྱི་གང་ཟག་དེ་མ་བྱུང་གི་བར་དུ་ཐུབ་པར་སྲུངས་ཤིག །ཅེས་གསུངས་སོ། །གཏེར་སྟོན་ཀརྨ་གླིང་པའི་ཡབ་ཉི་ཟླ་སངས་རྒྱས་དེས། སྒམ་པོ་གདར་གྱི་རི་ལ་སྒྲུབ་པ་མཛད་པའི་ཚེ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཞལ་གཟིགས། གནས་

དེའི་བྲག་ལ་ཕྱག་མཛུབ་གཏད་དེ། བྲག་འདི་ན་ཟབ་ལམ་འཕོ་བའི་གདམས་པ་ཡོད་པས་ལོངས་ཤིག་གསུངས་པའི་ལུང་བསྟན་བྱུང་བ་བཞིན། གདམས་པ་ཟབ་མོ་འདི་གཏེར་ནས་སྤྱན་དྲངས་ཏེ་རེ་ཞིག་རང་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པའི་སྐབས་ཞིག་ན། སླར་ཡང་རྡོ་རྗེ་ཕག་མོའི་ལུང་གིས། འཕོ་བའི་གདམས་པ་འདི་ནམ་མཁའ་རྒྱལ་མཚན་ལ་བྱིན་ཅིག་གསུངས་པ་བྱུང་ནས། ལུང་བསྟན་བཞིན་མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གནང་། རང་ཉིད་ཀྱིས་གསང་སྟབས་སུ་ཐུགས་ཉམས་སུ་བཞེས་པས། ཞིང་དུ་གཤེགས་ཁར་རྡོ་རྗེ་ཕག་མོས་ཞལ་གཟིགས་ཏེ། གདམས་པ་ཟབ་མོ་འདི། སངྒྷ་བྷ་དྲ་ལ་བྱིན་ཅིག་གསུངས་ལུང་བསྟན་བྱུང་བ་རྟོགས་ལྡན་སངྒྷ་བྷ་དྲ་ལ་གནང་། ཡང་རང་ཉིད་ཉམས་སུ་བཞེས་པའི་སྐབས་ཤིག །རྡོ་རྗེ་ཕག་མོས་ལུང་བསྟན་ཏེ། གདམས་པ་ཟབ་མོ་འདི་དྲི་མེད་བློ་གྲོས་ལ་གཏོད་གསུངས། སྟོད་སྨད་བར་གསུམ་དུ་བཙལ་བས་མ་རྙེད་པར་ཡིད་དམ་ལ་གསོལ་བ་བཏབ་པས་དེ་སྙེ་མོ་ན་ཡོད་གསུངས་པ་བྱུང་ནས། སྙེ་མོར་བྱིས་པ་འདྲ་འདུག་པས། ཡུལ་འདི་ན་དྲི་མེད་བློ་གྲོས་ཟེར་བ་ཡོད་དམ་དྲིས་པས། ར་རྫི་དྲི་མེད་བློ་གྲོས་ཟེར་བ་ཡོད་ཟེར། དེ་ག་ན་ཡོད་གསུངས་པས་ནུབ་ཕྱོགས་ཀྱི་རི་ལ་ར་འཚོ་བར་སོང་ཟེར། དེའི་རྩར་བྱོན་པས་ར་རྫི་དྲི་མེད་བློ་གྲོས་རྙེད། སླར་ཡང་ཡི་དམ་ལ་གསོལ་བ་བཏབ་པས། དེ་ཡིན་མིན་བརྟག་པ་མཛད་པས། ཡིན་པར་ཡིད་ཆེས་ནས། ར་རྫི་དེ་ལ་ང་ལ་བླ་མ་བཟང་པོ་ཞིག་ཡོད་པ་དེས་གདམས་པ་ཟབ་མོ་ཞིག་གནང་ཡོད་པས་ཁྱོད་ལ་སྟེར་དགོས་ལུང་བསྟན་ཡོད་གསུངས་པས་དེ་འདྲ་བདག་ཡིན་པའི་ངེས་པ་མེད་ཟེར་བས། ངེད་ཀྱིས་བླ་མ་དང་ཡི་དམ་ལ་གསོལ་བ་བཏབ་དཔྱད་བྱས་པས་ཡིན་པར་འདུག་གསུངས། གདམས་པ་ཟབ་མོ་འདི་གནང་ཉམས་སུ་བཞེས་

པས། ཆིག་བརྒྱུད་ཀྱི་བཀའ་རྒྱ་གྲོལ་ཏེ། ཞུ་མཁན་བྱུང་ཚད་ལ་གནང་བས་ཕྲིན་ལས་ཤིན་ཏུ་ཆེ་བ་བྱུང་། རྩེ་གདོང་དུའང་མི་མང་པོ་ལ་གནང་བས། རྩེ་གདོང་དུ་འཕོ་ཆོས་གནང་བའི་བུ་མོ་གཅིག་ལ། ཕ་མས་བརྡུངས་ཤིང་འཛིངས་པས་སེམས་ཕམ་ནས་མཛོད་ཀྱི་ནང་ལ་སོང་བས། དེ་མ་ཐག་འཕོས་པ་མཐོང་། ཡང་ཞལ་སློབ་གཅིག་ལ་ནད་ཟུག་གཟེར་ཆེན་པོ་ཞིག་བྱུང་བའི་ཚེ། བླ་མའི་གདམས་ངག་ཡོད་བཞིན་དུ། འདི་ལྟ་བུའི་ཟུག་ཁུར་ནས་ཅི་བྱེད་ཟེར་འཕོས་སོང་བས་ཐག་སྒྲ་དང་བཅས་སྤྱི་བོར་འཕར་བ་མི་མང་པོས་མཐོང་བས། ཚུལ་དེ་ཉིད་ཀྱི་གཏམ་གསན་པས་བཀའ་རྒྱ་དམ་དུ་བཏང་ཞེས་གྲགས་པ་ཡིན་ནོ། ལོ་རྒྱུས་སོ། །ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་བཞུགས་སོ༔བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔འདིར་མ་སྒོམས་པར་སངས་རྒྱ་བའི་གདམས་པ་ཟབ་མོ་འདི༔རྒྱུད་སྡེ་ཐམས་ཅད་ཀྱི་ཁོང་པའི་སྙིང་༔ཟབ་པའི་མཐར་ཐུག་པ༔སངས་མི་རྒྱ་བའི་དབང་མེད་པ༔རྟགས་མངོན་སུམ་དུ་འབྱུང་བ་འདི་ལ༔ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལ་གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་དང་༔བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་གཉིས་ལས༔དང་པོ་ནི༔ཨོ་རྒྱན་རིན་པོ་ཆེས་རྒྱལ་བ་འོད་དཔག་མེད་ལས་མངོན་སུམ་དུ་གསན་ནས༔བློན་པོ་ཉི་མ་ལ་གནང་ནས་གཏེར་དུ་སྦས་སོ༔ས་མ་ཡ༔རྒྱ་རྒྱ་རྒྱ༔དེ་ནས་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱིས་གཏེར་ནས་སྤྱན་དྲངས་ཏེ། མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གནང་། དེས་རྟོགས་ལྡན་སངྒྷ་བྷ་དྲ་ལ་གནང་། དེས་ཕ་རྒོད་དྲི་མེད་བློ་གྲོས་ལ་གནང་། དེས་ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་གནང་། དེས་མཚུངས་མེད་མ་ཏིའི་མཚན་ཅན་ལ་གནང་། དེས་མཁས་

གྲུབ་ཕུན་ཚོགས་རྣམ་རྒྱལ་ལ་གནང་། དེས་རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལ་གནང་། དེས་མངའ་རིས་འོད་གསལ་མཆོག་ལྡན་ལ་གནང་། དེས་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེ་ལ་གནང་། དེ་ནས་རིམ་པར་བརྒྱུད་དོ། །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ལ༔རང་གིས་སྦྱོང་བ་དང་༔གཞན་ལ་རྒྱག་པ་དང་༔ལས་ལ་སྦྱོར་བ་དང་གསུམ་ཡོད་པ་ལས༔དང་པོ་ནི༔སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན༔ༀ་སྭ་བྷཱ་བ་ཤུདྡྷ༔སརྦ་དྷརྨཱ༔སྭ་བྷཱ་བ་ཤུ་དྡྷོ྅་ཧཱུྃ༔སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔སྐུ་མདོག་པདྨ་རཱ་ག་ལྟར་དམར་བ༔ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔གཡས་གྲི་གུག་ནམ་མཁའ་ལ་ཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ༔ཞབས་གཡས་བསྐུམས་པའི་རྟིང་པ་བརླ་ལ་སྦྱར་བ༔གཡོན་པ་བརྐྱང་བས་བམ་རོ་དམར་སེར་གྱི་སྙིང་གར་མནན་ཏེ་གར་སྟབས་སུ་བཞུགས་པར་བསྒོམས་ལ༔དེའི་ཁོག་པའི་དབུས་སུ་རྩ་དབུ་མ་དམར་བ་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུ་གསལ་བ་ཏིལ་གྱི་མར་མེ་ལྟ་བུ༔དྲང་བ་ཆུ་ཤིང་གི་སྡོང་པོ་ལྟ་བུ༔སྟོང་པ་ཤོག་བུ་ཁོང་སྟོང་ལྟ་བུ༔མཚན་ཉིད་བཞི་ལྡན༔ཡར་སྣ་སྤྱི་གཙུག་ཏུ་ཟུག་པ༔རྒྱ་མཐོང་ཁ་ཕྱེ་བ་ལྟ་བུ༔བུ་ག་སྐྱ་ཐལ་ལེར་ཡོད་པ༔མར་སྣ་གསང་གནས་སུ་ཟུག་པ༔མདའ་སྨྱུག་འབྲིང་པོ་ཙམ་ཞིག་གསལ་བཏབ༔དེའི་སྤྱི་བོར་ངོ་བོ་རྩ་བའི་བླ་མ་ལ༔རྣམ་པ་སངས་རྒྱས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན༔བྱམས་བཞུགས་སུ་བཞུགས་པའི་ཞབས་གཉིས་ཀྱི་མཐེ་བོང་གིས་བུ་ག་བཀག་པ༔སྙིང་ག་མན་ཆད་སྨྱུག་ཚིགས་བཀག་པ་ལྟར་ཟུམ་པ༔དེའི་དབུས་སུ་སྙིང་པདྨ་འདབ་མ་བརྒྱད་པའི་དབུས་སུ༔རང་གི་སེམས་ཉིད་ཀྱི་ངོ་བོ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ༔ འཕར་ལ་ཁད་འཕུར་ལ་ཁད་གཅིག་གསལ་

བཏབ༔ཧིཀ་བྱས་པས་ཡར་འཕོས། ཀས་མར་ཕབ༔རྟགས་མ་བྱུང་བར་སྦྱང་༔འབྱོངས་ཚད་ནི་བླ་མའི་ཞལ་ལས་ཤེས་སོ༔རྟགས་བྱུང་བ་དང་ཚེ་དཔག་མེད་སེང་ཁྲི་རྒྱབ་ཡོལ་དང་བཅས་པ་གསལ་བཏབ༔གཟུངས་རིང་ཐུང་ཅི་མང་བཟླས་མཐར་རང་ལ་བསྟིམ༔ཚངས་བུག་གསེར་གྱི་རྡོ་རྗེས་བཀག་པར་བསམ་མོ༔གཟུངས་ཐུང་ནི༔ༀ་ཨཱཿཧཱུྃ་བཛྲ་གུ་རུ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཞེས་སོ༔ས་མ་ཡ་རྒྱ་རྒྱ་རྒྱ༔གཉིས་པ་གཞན་ལ་རྒྱགས་པ་ནི༔ཚེ་འདས་ཀྱི་མིང་ནས་བོས་ལ༔ཁྱོད་ཀྱི་ཚེ་འདིའི་སྣང་བ་ནུབ༔ཕྱི་མའི་སྣང་བ་མ་ཤར༔ད་ལྟ་བར་དོའི་སྣང་བ་ཡིན་ནོ༔ཞེས་ལན་གསུམ༔དམིགས་པ་འབོགས་པ་ནི༔ༀ་སྭ་བྷཱ་བས་སྦྱང༔སྟོང་པའི་ངང་ལས༔ཚེ་འདས་ཀྱི་ལུས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ༔ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ཕྱག་གཡས་གྲི་གུག་ནམ་མཁའ་ལ་ཕྱར་བ༔གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ་ཞབས་གཡས་བརྐྱངས་གཡོན་བསྐུམ་པས་བམ་རོ་སེར་པོ་གན་རྐྱལ་བྱས་པའི་སྙིང་ཁ་མནན་ཏེ༔གར་སྟབས་སུ་བཞུགས་པ་གཅིག་བསྒོམས་ལ༔དེའི་ཁོག་པའི་དབུས་སུ་རྩ་དབུ་མ༔ཁ་དོག་སྔོན་པོ་མཚན་ཉིད་བཞི་ལྡན་ཡར་སྣ་སྤྱི་གཙུག་ཏུ་ུཟུག་པ༔རྒྱ་མཐོང་ཁ་བྱེ་བ་ལྟ་བུའི་སྟེང༔སྤྱི་བོའི་གཙུག་ཏུ་ངོ་བོ་རྩ་བའི་བླ་མ་ལ༔རྣམ་པ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ༔ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔དེའི་སྐུའི་རྩ་དབུ་མའི་མར་སྣ་དང་༔ཚེ་འདས་ཀྱི་དབུ་མའི་ཡར་སྣ་གཉིས་ཁ་སྤྲད་ལ༔གཤིན་པོའི་རྣམ་པར་ཤེས་པ་དང་རང་གི་སེམས་ཉིད་དབྱེར་མེད་དུ་བསྲེས་ལ༔སངས་རྒྱས་ཀྱི་ཐུགས་ཀར་འཕང་ངོ་༔དེའི་རྗེས་ལ་དབྱིངས་རིག་བསྲེས་ལ་མཉམ་པར་བཞག་གོ༔ཐེབས་པའི་རྟགས་ནི་བླ་མའི་ཞལ་ལས་ཤེས་སོ༔ས་མ་ཡ་རྒྱ་རྒྱ་

རྒྱ༔གསུམ་པ་ལས་ལ་སྦྱོར་བ་ནི༔འཆི་རྟགས་ཐམས་ཅད་ཚང་ན་འཕོའོ༔སྔ་ན་ལྷ་བསད་པའི་ཉེས་པ་དང་༔རང་སྲོག་རང་གི་བཅད་པའི་ཉེས་པ་ཡོང་སྟེ༔རྒྱུད་ལས༔དུས་ལ་བབ་ན་འཕོ་བར་བྱ༔དུས་མིན་ལྷ་རྣམས་གསད་པར་བྱེད༔ལྷ་རྣམས་བསད་པ་ཙམ་གྱིས་ནི༔དམྱལ་བ་དག་ཏུ་སྐྱེ་བར་འགྱུར༔ཞེས་གསུངས་སོ༔འཕོ་ལུགས་ནི༔རང་ལུས་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིིམ་སྒོམ་པ་སྔར་དང་འདྲ༔རང་གི་སྤྱི་བོར་སངས་རྒྱས་འོད་དཔག་མེད་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་སྐུའི་རྩ་དབུ་མའི་མར་སྣ་དང་༔རང་གི་ཡར་སྣ་གཉིས་ཁ་སྤྲད་ལ༔ཧིཀ་བྱས་རང་གི་རྣམ་ཤེས་སངས་རྒྱས་ཀྱི་ཐུགས་ཀའི་ཧྲཱིཿལ་བསྟིམས་པའི་མཐར་མཉམ་པར་བཞག་གོ༔དབུགས་ཧར་སོང་ནས་མཁའ་སྤྱོད་དུ་འགྲོ་བར་ཐེ་ཚོམ་མེད་དོ༔ཡར་འདེགས་མར་འབེབས་རེས་མོས་གྱི༔ཉི་ཤུ་ུརྩ་གཅིག་དབུགས་དག་གིས༔འཆི་བ་ཞེས་བྱའི་རྣམ་རྟོག་གིས༔མཁའ་སྤྱོད་གནས་སུ་སྐྱེ་བར་བྱེད༔དེ་ཕྱིར་འདི་དང་འཕྲད་པར་དགའ༔ཞེས་གསུངས་སོ༔གསོལ་འདེབས་ཀ་དག་མ་འདི་བཀའ་རྒྱ་ཤིན་ཏུ་དམ་པར་བྱའོ༔འདུ་དམ་ཚིག་མི་གཙང་བ་ལ་བྱིན་ན་མཁའ་འགྲོའི་བཀའ་ཆད་ཡོང་བས༔སྣོད་མིན་དང་༔དམ་ཚིག་མི་གཙང་བ་ལ་སྟེར་དུ་མི་རུང་ངོ༔འདི་ཞུ་བའི་དུས་སུ་ཚོགས་འཁོར་མེད་ཐབས་མེད་དོ༔འཕོ་ཆོས་མ་ཚུགས་བར་དུ་འཛིན་དུ་མི་རུང་ངོ་༔འཇག་མ་ཚུགས་ན་རྒྱག་ཏུ་མི་རུང་ངོ་༔ཚིལ་གནོད་དོ༔འཕོ་བ་འཇག་ཚུགས་མའི་གདམས་པ་ཟབ་མོ་རྫོགས་སོ༔ས་མ་ཡ༔རྒྱ་རྒྱ་རྒྱ༔གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་གཏེར་ནས་བྱོན་པ་ལགས་སོ། །གསོལ་འདེབས་ནི༔སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་

རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔དེ་བཞིན་སྦྱར་བས། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔རྟོགས་ལྡན་སངྒྷ་བྷ་དྲ་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ཕ་རྒོད་དྲི་མེད་བློ་གྲོས་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔

བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔མཚུངས་མེད་མ་ཏིའི་མཚན་ཅན་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔མངའ་རིས་འོད་གསལ་མཆོག་ལྡན་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔འཇམ་དབྱངས་ཆོས་རྒྱལ་རྡོ་རྗེ་་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ༔དྲིན་ཆེན་རྩ་བའི་བླ་མ་་ལ་གསོལ་བ་འདེབས༔ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས༔བདག་སོགས་འདི་ནས་ཚེ་

འཕོས་གྱུར་མ་ཐག༔བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔གསོལ་འདེབས་ཀ་དག་མ་བཞུགས་སོ༔ཀ་དག་བདེ་ཆེན་ཞིང་ཁམས་དེ་ནས༔ཆོས་སྐུ་སྣང་བ་མཐའ་ཡས་དེ་ཡང་༔་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ལྷུན་གྲུབ་ཐུགས་རྗེའི་ཞིང་ཁམས་དེ་ནས༔ལོངས་སྐུ་སྤྱན་རས་གཟིགས་དབང་དེ་ཡང་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་དེ་ནས༔སྤྲུལ་སྐུ་པདྨ་འབྱུང་གནས་དེ་ཡང་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔སྣང་སྲིད་ཆོས་སྐུའི་ཕོ་བྲང་དེ་ནས༔གཏེར་སྟོན་ཉི་ཟླ་སངས་རྒྱས་དེ་ཡང་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ཟབ་ཡངས་ཆོས་སྐུའི་ཕོ་བྲང་དེ་ནས༔མཚུངས་མེད་ནམ་མཁའ་རྒྱལ་མཚན་དེ་ཡང་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ཁྱབ་བརྡལ་གཉུག་མའི་ཕོ་བྲང་དེ་ནས༔རྟོགས་ལྡན་སངྒྷ་བྷ་དྲ་དེ་ཡང་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔

སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ཟབ་དོན་གདམས་པའི་གཏེར་མཛོད་འཛིན་པའི༔ཕ་རྒོད་དྲི་མེད་བློ་གྲོས་དེ་ཡང་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔སྨིན་གྲོལ་ཐར་བའི་ལམ་མཆོག་སྟོན་པའི༔འདྲེན་མཆོག་སངས་རྒྱས་རྒྱལ་མཚན་དེ་ཡང་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔སྙན་བརྒྱུད་ཟབ་མོའི་ཆོས་ཆར་འབེབས་པའི༔མཚུངས་མེད་མ་ཏིའི་མཚན་ཅན་དེ་ཡང་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ཆོས་ཀྱི་རྟོགས་པ་མངོན་དུ་གྱུར་པའི༔མཁས་གྲུབ་ཕུན་ཚོགས་རྣམ་རྒྱལ་དེ་ཡང་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ལྷུན་གྲུབ་སྣང་ཞིའི་ཕོ་བྲང་དེ་ནས༔རྫོགས་ཆེན་སངས་རྒྱས་ཚུལ་ཁྲིམས་དེ་ཡང་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔འཆི་མེད་གྲུ་པའི་ཕོ་བྲང་དེ་ནས༔མངའ་རིས་འོད་གསལ་མཆོག་ལྡན་དེ་ཡང་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔མཁས་གྲུབ་རྒྱ་མཚོའི་གཙུག་གི་ནོར་བུ༔བླ་མེད་ཆོས་རྒྱལ་རྡོ་རྗེ་དེ་ཡང་༔ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས༔སྐལ་ལྡན་ཐར་པའི་ལམ་ལ་དྲང་མཛོད༔ༀ་ཨཱཿཧཱུྃ་ཱཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔སྤྱི་གཙུག་ཉི་ཟླ་པདྨའི་སྟེང་ནས། །དྲིན་ཆེན་རྩ་བའི་བླ་མ་དེ་ཡང་། །

ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེ་ནས། །སྐལ་ལྡན་ཐར་བའི་ལམ་ལ་དྲང་མཛོད། ༀ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ།

ཕོ་བའི་གདམས་པ་འཇག་ཚུགས་མའི་ཁྲིད་ཡིག་པདྨ་ཅན་དུ་བགྲོད་པའི་ཕོ་ཉ།

༈ མྱུར་ལམ་འཕོ་བའི་གདམས་པ་འཇག་ཚུགས་མའི་ཁྲིད་ཡིག་པདྨ་ཅན་དུ་བགྲོད་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །

མྱུར་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་ཞེས་བྱ་བ། བླ་མ་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཐེག་པའི་ཟབ་ལམ་དཔྱིད། །སྟེང་སྒོ་རྣམ་གྲོལ་འཕོ་བའི་ལམ། །མ་བསྒོམ་སངས་རྒྱས་མངོན་བྱེད་པ། །ཁོ་བོས་བཤད་ཀྱིས་ཉམས་སུ་ལོངས། །འདིར་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་དང་གདམས་པ་ཀུན་གྱི་མཐར་ཐུག་ཕོ་ཉའི་ལམ་སྲོལ་སྟེང་སྒོ་རྣམ་པར་གྲོལ་བ་དང་། འོག་སྒོ་བདེ་བ་ཆེན་པོ་གཉིས་སུ་འདུས་པ་ལས། འདིར་སྟེང་སྒོ་རྣམ་པར་གྲོལ་པ་མ་བསྒོམ་པར་རྡོ་རྗེ་འཆང་མངོན་དུ་བྱ་བའི་ཐབས་ཟབ་ལམ་འཕོ་བའི་གདམས་པ་ནི། སྙིགས་མའི་སེམས་ཅན་ཚེ་ཐུང་ཉོན་མོངས་པ་རགས་པས་བསྐྱེད་རྫོགས་ཀྱི་གདམས་པ་ཡུན་རིང་དུ་བསྒོམས་ཀྱང་རྣམ་པར་གཡེང་བའི་དབང་དུ་གྱུར་པ་ཤས་ཆེ་བས། དེ་དག་ལ་མ་བསྒོམས་ཀྱང་ལྡིག་པོ་ཆེ་མཚམས་མེད་པ་ལྔ་སྤྱད་པའི་གང་ཟག་ཞིག་ཡིན་ཡང་། ལམ་འདི་དང་འཕྲད་ན་གྲོལ་ངེས་ཏེ། རྗེ་བཙུན་མར་པས། །བསྒོམས་ན་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམས་སངས་རྒྱས་ང་ལ་ཡོད། །ཅེས་གསུངས་པས། ལམ་འདི་ཉིད་ཉམས་སུ་ལེན་པ་ལ་གཉིས་ཡོད་དེ། ཡིད་ཆེས་ཤིང་ཁུངས་བཙུན་པ་ལ་ལོ་རྒྱུས་ཀྱི་རྣམ་ཐར་དབྱེ་བ་དང་། གདམས་པ་དངོས་སོ། །དང་པོ་ནི། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་འཁོར་དཔལ་གྱི་བསམ་ཡས་བཞེངས་པའི་ས་འདུལ་དང་རབ་ཏུ་གནས་པར་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་

གནས་བོད་དུ་སྤྱན་དྲངས་ཏེ་ཡོང་པའི་སྐབས་ཞིག་གི་ཚེ། རྒྱལ་པོའི་བློན་པོ་ཉི་མ་ཞེས་བྱ་བ་ལོངས་སྤྱོད་མངའ་རིས་དཔལ་ཡོན་གྱིས་ཕྱུག་པ་ཞིག་ལ་ཕོ་བྲང་གཉིས་ཡོད་པས། །ག་ཅ་འདོན་འཇུག་གི་ཆེད་དུ་ནུབ་གཅིག་བློན་པོ་ཉིད་ཀྱིས་སྒྲོན་མེ་བཏེགས་ཏེ་གཞན་རྣམས་ག་ལ་བ་དེར་དོང་པའི་ཚེ་སྒྲོན་མེའི་མེ་མེ་སྟག་ཕྲ་མོ་ཞིག་ཆད་པ་ཕོ་བྲང་གི་མེ་རྫས་ལ་ཟིན་ཏེ་མེ་འབར་ནས་བློན་པོའི་བླའི་མཆོད་གནས་ཞིག་དང་། བློན་པོ་ཉིད་ཀྱི་ཕ་མས་ཐོག་དྲངས་ཕོ་མོ་བཅུ་གསུམ། གཞན་ཡང་རྟ་བོང་དང་མཛོ་དྲེའུ་ཁྱི་ཕག་སོགས་རྐང་གྲངས་མང་དུ་ཚེའི་དུས་བྱས་སོ། །དེའི་མོད་ལ་བློན་པོའི་བསམ་པ་ལ་བདག་ཉིད་སྔོན་ནས་ལས་ཀྱི་འཕྲོ་ངན་པས་དགོས་པ་ཅི་ཡང་མེད་པར་ཕོ་བྲང་མེས་ཚིག་པས་མི་དགེ་བ་རྔམ་པོ་ཆེའི་རྒྱུར་སོང་སྙམས་ནས་མྱ་ངན་གྱིས་ལྗི་བར་ནོན་ནས་མུན་པའི་ཁང་བུར་འདྲེ་ལྡོག་ཅིང་སྨེ་སྔགས་དང་ཆོ་ངེས་དྲག་པོས་དུས་འདའ་བར་བྱས་པ་ན། མངའ་བདག་གིས་བློན་པོ་མྱ་ངན་གྱིས་གཟིར་བ་དེ་གཟིགས་ཏེ། མ་བཟོད་པར་འདི་སྙམ་དུ་བློན་པོ་རིག་པ་ཅན་འདི་ལྟ་བུར་ཉམས་ཉེས་པ་སོགས་ཀྱིས། ད་ནི་བློན་པོའི་གནས་སྐབས་སུ་ཚེ་འདིར་མྱ་ངན་གྱི་གདུང་བ་དྲག་པོ་འདི་ལས་སྐྱོབ་ཅིང་མཐར་ཐུག་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་ཤིག་དགོས་པ་ལ། དེ་ལྟ་བུའི་ནུས་པ་བདག་ལ་མེད་པས་ཨོ་རྒྱན་རིན་པོ་ཆེ་ལ་ཞུ་དགོས་དགོངས་ཏེ། བྲག་དམར་བསམ་ཡས་མཆིམས་ཕུ་དགེའུ་མཚོ་རྒྱལ་ཕུག་པར་ཨོ་རྒྱན་རིན་པོ་ཆེ་བཞུགས་པའི་སྤྱན་སྔར་བྱོན་ཏེ། སྔར་གྱི་བློན་པོ་ཉི་མའི་ལོ་རྒྱུས་ཞུས་ཤིང་གསོལ་བ་བཏབ་པས། ཨོ་རྒྱན་རིན་པོ་ཆེས་ཅང་མི་གསུང་བའི་ཚུལ་གྱིས་ཞལ་གྱིས་བཞེས་སོ། །དེར་རྒྱལ་པོ་འཁོར་བཅས་ཟབ་ཡངས་ཀྱི་གཙུག་ལག་ཁང་ཆེན་པོར་སླར་ལོག་པའི་མོད་ལ་ཨོ་རྒྱན་ཉིད་དགོངས་

པ་ལ་བཞུགས་ཏེ། བདེ་བ་ཅན་གྱི་ཞིང་དུ་སངས་རྒྱས་འོད་དཔག་མེད་པའི་སྤྱན་སྔར་བྱོན་ཏེ། མ་བསྒོམས་པར་འཚང་རྒྱ་བའི་ཟབ་ལམ་འཕོ་བའི་གདམས་པ་འདི་ཉིད་ཨོ་རྒྱན་རིན་པོ་ཆེ་ལ་གནང་། ཟབ་ལམ་འཕོ་བའི་གདམས་པ་གཞན་ལས་ཁྱད་པར་དུ་འཕགས་པ་འདི་ཉིད་ད་དུང་སྤེལ་བའི་དུས་ལ་མ་བབས་པས། བློན་པོ་ཉི་མ་གཅིག་པུ་ལ་ཤོད། གཞན་སུ་ལ་ཡང་མ་བསྟན་པར་མ་འོངས་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཚེ་བློན་པོ་ཉི་མ་ཉིད་མིའི་ཚུལ་བཟུང་ནས་འབྱུང་གི་དེའི་ཆོས་སྐལ་དུ་སྨོན་ལམ་ཐོབ་ལ་གཏེར་དུ་སྦོས་ཤིག །ཅེས་བཀའ་རྒྱས་བཏབ་ནས་གནང་ངོ་། །དེ་ནས་ཨོ་རྒྱན་ཉིད་སླར་ཡང་བདེ་བ་ཅན་གྱི་ཞིང་ནས་མཆིམས་ཕུ་དགེའུ་གོང་དུ་ཕེབས་ནས་དར་ཅིག་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། ཏིང་ངེ་འཛིན་དེ་ལས་བཞེངས་མ་ཐག །མཚོ་རྒྱལ་གྱིས་གུ་རུ་རིན་པོ་ཆེ་བློན་པོ་ཉི་མའི་དོན་དང་རྒྱལ་པོ་ཐུགས་ཆེས་པའི་གདམས་པ་བདེ་བ་ཅན་ནས་མཆིས་ལགས་སམ་ཞེས་ཞུས་པས། སྔོན་བདེ་བར་གཤེགས་པ་རྣམས་ཀྱི་བསྟན་པ་ལ་འབྱུང་དཀའ་བའི་གདམས་པ་ཟབ་མོ་བཀའ་རྒྱས་བཏབ་པ་དག་བདོག་གི། ཁྱོད་ཀྱིས་སོང་ལ་རྒྱལ་པོ་འདིར་སྤྱན་དྲོངས་ཤིག །ཅེས་གསུངས་པ་དང་། མཚོ་རྒྱལ་གྱིས་དེ་མ་ཐག་རྒྱལ་པོ་འཁོར་བཅས་སྤྱན་དྲངས་ཏེ་གུ་རུ་ཉིད་ཀྱིས་སྤྱན་སྔར་སོན་པའི་ཚེ། བཀའ་སྩལ་པ། ཀྱེ་མ་མངའ་བདག་རྒྱལ་པོ། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་མདོ་སྔགས་ཀྱི་ཐེག་པའི་ལམ་སྲོལ་མན་ངག་དང་བཅས་པ་མ་ལུས་པ་བདག་ལ་བདོག་ལགས་ཀྱང་། སྙིགས་མའི་སེམས་ཅན་ཐམས་ཅད་ཐེ་ཚོམ་དང་ཡིད་གཉིས་ཀྱི་འཆིང་བས་དམ་པར་བཅིངས་པ་རྣམས་ཡིད་ཆེས་པའི་སླད་དུ། བདག་

བདེ་བ་ཅན་གྱི་ཞིང་ཁམས་སུ་དོང་སྟེ། མགོན་པོ་འོད་དཔག་ཏུ་མེད་པ་ལ་མ་བསྒོམས་པར་འཚང་རྒྱ་བའི་གདམས་པ་ཟབ་མོ་སྔར་མེད་པ་ཞུས་ཀྱི་བློན་པོ་ཉི་མ་ད་ལྟ་ཉིད་དུ་འདིར་བོས་ཤིག་གསུངས་པར། རྒྱལ་པོ་འཁོར་དང་བཅས་པས་ཕྱིན་ཏེ་བློན་པོ་ཉི་མ་མུན་པའི་ཁང་བུ་ནས་བཏོན་ཏེ་ཁྲིད་པར་བརྩམ་པ་ན། སྔར་གྱི་མྱ་ངན་གྱིས་འདྲེ་ལྡོག་སྟེ་རྐང་པ་ཉམ་ཉེས་ཏེ་འགྲོ་བའི་མཐུ་མི་འདུག་པས། སླར་ཤིང་རྟའི་ཁྲི་ལ་བཞག་ནས་ཨོ་རྒྱན་རིན་པོ་ཆེའི་སྤྱན་སྔར་ཁྲིད་དོ། །དེར་འཁོད་དེ་བློན་པོ་ཉི་མས་གུ་རུ་རིན་པོ་ཆེ་ལ་གསེར་ཉི་མའི་འོད་དང་ལྡན་པའི་ས་ལེ་སྦྲམ་གཅིག །དངུལ་ཟླ་བ་ཉ་གང་བ་ལྟར་གསལ་ཞིང་འཚེར་བ་མཎྜལ་སྟེང་དུ་བཞག་པ་ལ་རིན་པོ་ཆེ་སྣ་ལྔའི་ཕྱེ་མས་ལེགས་པར་སྤུངས་པ་ཕུལ་ཏེ་གསོལ་བ་བཏབ་པའི་མོད་ལ། གུ་རུ་རིན་པོ་ཆེས་རྒྱལ་པོ་འཁོར་དང་བཅས་པ་ཕྱིར་བསྐྲད་དེ། བློན་པོ་ཉི་མ་ཁོ་ན་ལ་ཟབ་ལམ་འཕོ་བ་བསྟན་ནས་སླར་བློན་པོ་རང་གི་ཁྱིམ་དུ་ལྡོག་སྟེ་བསྒོམ་པས་ཞག་བདུན་ནས་བློན་པོས་འཕོ་བ་འབྱོངས་བའི་དྲོད་ཚད་ངེས་པ་བརྟན་པོ་རྙེད་དེ་ལུས་མ་སྤངས་པར་རིག་འཛིན་གྱི་གྲལ་དུ་འཁོད་པར་གྱུར་ཅིང་། སྔར་མེས་ཚིག་པའི་འགྲོ་བ་རྣམས་ཀྱང་ཉིད་ཀྱི་གདུལ་བྱར་གྱུར་ཏེ་དག་པའི་ཞིང་དུ་སྐྱེས་སོ། །དེར་དེ་ལྟ་བུའི་གདམས་པ་ངོ་མཚར་བར་རྒྱལ་པོས་གཟིགས་ཏེ། རྒྱལ་པོའི་དགོངས་པ་ལ་གུ་རུ་རིན་པོ་ཆེ་དང་བདག་ཅག་དམ་ཚིག་གི་འབྲེལ་བའི་སློབ་དཔོན་དུ་གྱུར་ཅིང་ཡུན་ཡང་རིང་བ་འདི་ཙམ་འདུ་འགྲོགས་པས་གདམས་པ་ཟབ་མོ་འདི་བདག་གིས་ཀྱང་ཞུས་ན་སྩལ་ཏེ་འོང་སྙམས་ནས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་བཏབ་ཀྱང་། གུ་རུའི་ཞལ་ནས་རྒྱལ་པོ་ཆེན་པོ་ཆོས་ལ་མོས་ན་སྔར་རྡོ་རྗེ་ཐེག་པའི་ཟབ་ལམ་མང་དུ་བཤད་པ་དེ་ཙམ་གྱི་ཆོག་མོད། གདམས་པ་འདི་ནི་བློན་པོ་ཉི་མ་

ཁོ་ན་ལས་གཞན་ལ་སྤེལ་བའི་གནས་མེད་པར་སངས་རྒྱས་འོད་དཔག་མེད་ཀྱི་བཀའ་རྒྱ་ཡོད་པས་འབུལ་བར་མི་བྱ་ཡི་ཕྱིར་ལྡོག་ཅིག །ཅེས་གསུངས་ཏེ་མ་གནང་ངོ་། །དེ་ནས་སྐབས་ཤིག་ཏུ་སངས་རྒྱས་འོད་དཔག་ཏུ་མེད་པས་ལུང་བསྟན་དང་། རྗེས་སུ་གདམས་པ་དོན་ཡོད་པའི་ཕྱིར་གུ་རུ་ཉིད་ཀྱི་ཕྱག་གཡོན་སྲིན་འཛུབ་ལ་རྨ་བཏོད་དེ། སྐུ་མཚལ་བྱུང་བ་མཚོ་རྒྱལ་གྱི་དབུ་སྐྲ་ཉག་གཅིག་གིས་ཤིང་ཏཱ་ལའི་ལོ་མར་གདམས་པ་འདི་བྲིས་ཏེ་མ་འོངས་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཚེ་བློན་པོ་ཉི་མ་ཉིད་སྔར་ཆོས་ཀྱི་ཡོན་ལ་གསེར་ཉི་མ་ལྟར་དང་དངུལ་ཟླ་བ་བཞིན་ཕུལ་བའི་མིང་གིས་མཚོན་ཏེ། གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་བྱ་བར་སྐྱེས་པའི་ཚེ་གདམས་པ་འདི་དང་འཕྲད་ནས་འགྲོ་བ་སེམས་ཅན་མ་རུངས་པ་རྣམསའདུལ་བར་གྱུར་ཅིག །ཅེས་སྨོན་ལམ་གྱིས་མཚམས་སྦྱར་ནས་གསེར་དངུལ་ཟངས་ལྕགས་ཀྱི་སྒྲོམ་བུ་རྣམས་གཅིག་གི་ནང་གཅིག་བཅུབ་པའི་ནང་དུ་ཆུ་དར་སྔོན་པོས་དར་དྲིལ་བ་བཅུག །ཨོ་རྒྱན་ཡབ་ཡུམ་ཕྱག་རྒྱས་མནན་ཏེ། རྫོགས་པའི་སངས་རྒྱས་ཀྱིས་ལུང་བསྟན་པ་རི་བོ་ཤཱནྟི་ཞེས་སམ། ཞི་བའི་རི་བོ་ཞེས་པ་དྭགས་ལྷ་སྒམ་པོའི་རྒྱབ་ཀྱི་མཚོ་མཎྜལ་ནག་པོའི་གཏིང་དུ་སྦས། གཏེར་སྟོན་ཉི་མ་མ་བྱུང་གི་བར་དུ་ཀླུ་རྒྱལ་གཙུག་ན་རིན་ཆེན་གཏེར་སྲུང་དུབཀའ་བསྒོས་ལ་བཞག་གོ །དེ་ནས་ཕྱིས་གཏེར་སྟོན་ཉི་ཟླ་སངས་རྒྱས་སུ་གྲགས་པ་བློན་པོ་ཉི་མའི་སྐྱེ་བར་གྱུར་པ་དེ་ཉིད་ཕེབསཏེ། མཚོ་མཎྜལ་ནག་པོའི་དབུས་ནས་གདམས་པ་འདི་ཉིད་ཟབ་གཏེར་དུ་སྤྱན་དྲངས། དེར་ཀླུ་རྣམས་ཀྱིས་གདམས་པ་ཞུས་པའི་ཚེ། གཏེར་སྟོན་ཉིད་ཀྱིས་ཤོག་སེར་ཞལ་ཕྱེ་ནས་ཀླུ་རྣམས་ལ་གདམས་པ་བསྟན་པས། མཚོ་དེར་གནས་པའི་ཀླུ་རྣམས་ཀྱིས་བདེན་པ་མཐོང་ཞིང་ཕྱིར་མི་ལྡོག་པའི་ས་ལ་བཞག །

མཚོ་དེའི་ཉ་སྲམ་སྲོག་ཆགས་སྦལ་བ་རྣམས་ཀྱང་ཚེ་འཕོས་མ་ཐག་མངོན་པར་མཐོ་བའི་གོ་འཕང་ལ་འགོད་པར་མཛད་དོ། །དེ་ལྟ་བུའི་གཏེར་སྟོན་དེ་ཉིད་ཀྱིས་མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གནང་། དེས་རྟོགས་ལྡན་སངྒྷ་བྷ་དྲ་ལ་གནང་། དེས་ཕ་རྒོད་དྲི་མེད་བློ་གྲོས་ལ། དེས་ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ། དེས་མཚུངས་མེད་མ་ཏིའི་མཚན་ཅན་ལ། དེས་བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ལ། དེས་མཚུངས་མེད་བིདྱཱའི་མཚན་ཅན་ལ། དེས་རྗེ་བཙུན་དཀོན་མཆོག་རཏྣ་ལ། དེས་བདག་ལའོ། །དེ་དག་ནི་ལོ་རྒྱུས་མདོ་ཙམ་བརྗོད་པ་དག་གོ །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ལ་གཉིས་ཏེ། སྦྱོང་བ་དང་ལས་ལ་སྦྱར་བའོ། །དང་པོ་ལ་གསུམ། སྔོན་དུ་འགྲོ་བ་དང་། དངོས་གཞི་དང་། མཇུག་རྣམས་སོ། །དང་པོ་སྔོན་དུ་འགྲོ་བ་ནི། དབེན་པའི་གནས་སུ་རྣམ་པར་གཡེང་བ་ཐམས་ཅད་སྤངས་ནས་བདེ་ཞིང་རྒྱབ་ཅུང་ཟད་མཐོ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལེགས་པར་འཁོད་ནས། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་ཞིང་། བསགས་སྦྱོང་གི་ལས་དང་བླ་མའི་རྣལ་འབྱོར་བསྒོམ་ཞིང་ཟབ་ལམ་འཕོ་བའི་གདམས་པ་མྱུར་དུ་འབྱོངས་བར་གསོལ་བ་གདབ་བོ། །གཉིས་པ་དངོས་གཞི་ནི། འདིའི་ལྷ་བསྐྱེད་པ་དབང་པོ་ཐ་མ་དག་སྤྲོས་པ་ཆུང་བའི་དབང་དུ་མཛད་ནས་བླ་མ་གོང་མ་ལ་ལ་དག་ཡི་དམ་གྱི་ལྷ་ལ་རྒྱན་མེད་པར་བསྒོམ་པ་འདུག་ཀྱང་། དབང་པོ་རབ་འབྲིང་ཐ་མ་གསུམ་ཀ་ལ་ཆོ་ག་རྒྱས་པ་ཁོ་ན་ཕུན་སུམ་ཚོགས་པའི་ཡན་ལག་ཉིད་དུ་འགྱུར་ཞིང་། ཁྱད་པར་དུ་ཡང་དབང་པོ་རབ་ལ་ཆོ་ག་རྒྱས་པ་ལྷག་པར་དགོས་པ་རྗེ་འཇིག་རྟེན་མགོན་པོས་གསུངས་པས་འདི་

ལྟར་ཉམས་སུ་ལེན་དགོས་ཏེ། དེ་ཡང་། ༀ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་བ་ཤུདྡྷོ྅་ཧཾ། ཞེས་བརྗོད་པ་ཙམ་གྱིས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྣམ་པར་དག་པ་དེ་ངའོ་སྙམ་དུ་བསམ་པའི་ངང་ནས། སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་འོད་འཕྲོ་བའི་སྟེང་དུ་བམ་རོ་སེར་པོ་གན་རྐྱལ་དུ་ཕྱོགས་པའི་སྟེང་དུ་ནམ་མཁའ་ལ་དར་ཕྱར་བའམ། ཆུ་ལ་ཉ་ལྡང་བའི་ཚུལ་ལམ། ནམ་མཁའི་དཀྱིལ་འཁོར་ལ་ཉི་མའི་འོད་ཟེར་ཤར་བ་བཞིན་སྐད་ཅིག་གིས་ལུས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དྲི་མ་མེད་པའི་འོད་ཟེར་ཚད་མེད་པ་འཕྲོ་བ། སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མའི་འོད་ཀྱིས་རེག་པ་བཞིན་དམར་ཞིང་བརྗིད་ཆགས་པ། ཞབས་གཡོན་པ་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་འགྱིང་བའི་རྟིང་པ་བྷ་ག་ལ་གཏད་པས་གསང་བའི་རྩ་ཁ་ག་མུ་ུཁ་མནན་པར་མཛད་ཅིང་། གཡས་བརྐྱང་པའི་སྟབས་ཀྱིས་དབུགས་བྲལ་གྱི་སྙིང་ཁ་མནན་ཏེ་བཞེངས་པ། རྩ་བའི་ཞལ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ལ་རྗེས་སུ་ཆགས་པའི་ཉམས་དང་ལྡན་པ། མཆེ་བ་ཅུང་ཟད་གཙིགས་ཤིང་གར་དགུའི་རྣམ་རོལ་གྱིས་ཡང་དག་པར་དཔའ་བ། གཙང་བ་དང་མི་གཙང་བའི་ཀུན་ཏུ་རྟོག་པས་དཀྲིས་པའི་བྲམ་ཟེ་སོགས་ཐེག་པ་དམན་ལ་འཁོད་པ་དང་། དེ་དག་གི་རྗེས་མཐུན་གྱི་ལམ་སྲོལ་གདལ་བ་དག་སྐྱོར་འབྱིན་དང་བགྲོད་པའི་སྟབས་ཀྱིས་ཚར་བཅད་དེ་གསང་ཆེན་རྣམ་པར་མི་རྟོག་པའི་ལམ་ལས་མི་སློབ་པའི་གོ་འཕང་ལ་དཀྲི་བའི་སླད་དུ་རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་རྡོ་རྗེ་ལྔའི་ཡུ་བ་ཅན་ནམ་མཁར་ཕྱར་ཞིང་། གཡོན་ཐོད་པ་བདུད་ཀྱི་ཁྲག་གིས་བཀང་བ་ཐུགས་ཀར་བསྣམས་པའི་མཆན་ཁུང་དུ་རྡོ་རྗེ་ཁ་ཊྭཱྃ་ག་སྒྲེང་པའི་ཚུལ་དུ་ཐོགས་པ། དབུ་ལ་ཐོད་སྐམ་རིན་

ཆེན་གྱི་རྩེ་ཕྲན་ཅན་ལྔས་བརྒྱན་ཅིང་། ཐོད་པ་སྐམ་པོ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་ཤིང་། ཐོད་པའི་དུམ་བུ་དང་ནོར་བུའི་ཕྱག་གདུབ་ཞབས་གདུབ་སྐེ་རགས་སེ་མོ་དོ་མགུལ་རྒྱན་རྣམས་འོད་འབར་བས་མཛེས་པར་བརྒྱན་པ། དབང་པོའི་གནམ་རུ་ལ་འགོང་པར་ནུས་པའི་ལྷ་རྫས་ཀྱི་གོས་དུ་མས་བཀླུབས་པས་སེར་བུས་བརླབ་པའི་ཚེ་སུམ་ཁུག་འཁྱོགས་ཤིང་གྱེས་པའི་རྣམ་པར་གཡོ་བ། ཕྲག་གོང་གཡོན་ནས་མཆན་ཁུང་གཡས་སུ་འཁྱུད་པའི་མཆོད་ཕྱིར་ཐོགས། དུར་ཁྲོད་ཀྱི་སྐྲ་ལས་བྱས་པ་ཉེ་བར་མདུད་པ་མི་མངོན་པས་སྤྲས་ཤིང་། དབུ་སྐྲ་ཕྱེད་བཅིངས་པའི་ལྷག་མ་རྒྱབ་ཏུ་སིལ་བུར་གྲོལ་བ། བདེ་བ་ཆེན་པོའི་ཉམས་འོད་འབར་ཞིང་ལང་ཚོ་གསར་པས་ཡང་དག་པར་སྤྲས་པ། བྷ་ག་རབ་ཏུ་རྒྱས་ཤིང་བཅུ་དྲུག་ལོན་པའི་ཉམས་ལྡན་ནུ་འབུར་ཟུང་གིས་སྒེག་ཅིང་། བདེ་བ་དང་སྟོང་པ་རོ་མཉམ་པའི་རྗེས་སུ་ཆགས་པའི་ངོ་བོ་ཉིད་སྙིང་རྗེའི་དཔྱིད་ཀྱིས་ཉེ་བར་གང་བས་ཁྲོ་ཞིང་འཛུམ་པ། སྤྱན་གསུམ་ཕྱོགས་བཅུར་གཡོ་བས་གདུག་པ་ཅན་ཐམས་ཅད་གཞོམ་ཞིང་བག་འཁུམ་པར་བྱེད་པ། སྐུ་སྣང་ལ་རང་བཞིན་མེད་པ་ཏིལ་གྱི་མར་མེ་ལྟ་བུར་གསལ་བའི་ཁུང་བའི་ནང་དུ་རྩ་ཨ་བ་དྷུ་ཏི་ཕྱི་སྔོ་བ་ནང་དམར་བ་མདའ་སྨྱུག་འབྲིང་པོ་ཙམ་པ། དེ་ཡང་དྲང་བ། དྭངས་པ། གསལ་བ། ནང་སྟོང་པ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣ་སྤྱི་བོའི་ཚངས་པའི་བུ་གར་ཐལ་གྱིས་ཟུག་པ། མར་སྣ་གསང་གནས་སུ་ཟུག་པ། སྙིང་གའི་ཐད་དུ་སྨྱུག་མའི་ཚིགས་ལྟ་བུར་འགགས་པའི་ནང་གི་ཚིགས་ཀྱི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པའི་ཟེའུ་འབྲུའི་སྟེང་དུ་ངོ་བོ་རང་གི་རྣམ་པར་ཤེས་པའི་རྣམ་པ་ཕ་ལས་ཐོབ་པའི་དཀར་ཆ་དང་། མ་ལས་ཐོབ་པའི་དམར་ཆ་གཉིས་འདྲེས་པའི་ཚུལ་གྱིས་ཐིག་ལེ་ཡུངས་ཀར་གྱི་འབྲུ་ཙམ་དཀར་ལ་

དམར་བའི་མདངས་དང་ལྡན་པ་སྣུམ་ལ་འདྲིལ་བ་འཕར་ཞིང་གཡོ་བའི་རྣམ་པ་ཅན། སྤྱི་བོ་ཚངས་བུག་ཡར་སྣ་རྒྱ་མཐོང་ཁ་ཕྱེ་བ་ལྟ་བུའི་སྟེང་། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལ་ཆོས་གོས་རྣམ་གསུམ་སོར་དོ་སོར་གསུམ་ཙམ་མ་རེག་པའི་ཚུལ་གྱིས་བཀླུབས་ཤིང་། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལྟེ་འོག་ཏུ་མཛད་པ། སེང་གེའི་ཁྲི་ལ་བྱམས་བཞུགས་ཀྱི་ཚུལ་དུ་བཞུགས་པའི་ཞབས་གཡས་པའི་མཐེ་བོང་གིས་ཚངས་བུག་བཀག་པ། དེ་ཉིད་ལ་ལམ་ཟབ་མོ་འདི་ཉིད་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ་ལ་མོས་གུས་ཀྱི་གདུང་ཤུགས་དྲག་པོ་དང་བཅས་པའི་ངང་ནས་གསོལ་བ་བཏབ་ཅིང་། རྣམ་པར་ཤེས་པའི་མདའ། རླུང་གི་གནམ་རུ་ལ་ཡིག་འབྲུའི་རྒྱུད་ཀྱིས་མཚམས་སྦྱར་ནས་བསྐུལ་བའི་ཚེ། ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་ནས། སངས་རྒྱས་ཀྱི་ཞབས་མཐེབ་ལ་ཏུག་ཏུག་སོང་བར་བསམས་ཏེ། ཀ་དཔེ་ལས། སེམས་ཀྱི་མདའ་ལ་རླུང་གི་གཞུ། ཧིཀ་ཀ་རྒྱུད་ཀྱིས་རབ་བསྐུལ་བས། །ཞེས་གསུངས་པའི་དོན་བཤད་ལ་དམིགས་པ་རྣམས་གསལ་བའི་ངང་ནས་གསོལ་བ་འདེབས་པ་ནི། མོས་གུས་ཀྱི་གདུང་བ་དྲག་པོས་ཁ་ཙམ་མ་ཡིན་པར་ཞེ་ཐག་པ་ནས་འདི་སྐད་དོ། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་

དཔག་མེད་ལ་ཕྱག་འཚལ་ལོ། །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྟོགས་ལྡན་སངྒྷ་བྷ་དྲ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕ་རྒོད་དྲི་མེད་བློ་གྲོས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཚུངས་མེད་མ་ཏིའི་མཚན་ཅན་ལ་གསོལ་བ་

འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་སེམས་ཕུན་ཚོགས་རྣམ་རྒྱལ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཚུངས་མེད་བིདྱཱའི་མཚན་ཅན་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །རྗེ་བཙུན་དཀོན་མཆོག་རཏྣ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ཅིང་། ཧིཀ྄་ཅེས་རླུང་དམིགས་སེམས་གསུམ་གྱེན་དུ་གཏད་ལ་སྤར་རོ། །དེ་ལྟར་སྦྱངས་པས་འབྱོངས་པའི་རྟགས་སུ་རབ་དྲན་མེད་དུ་འགྲོ་བ་

དང་། འབྲིང་སྤྱི་བོ་ཟ་ཞིང་འབུར་བ་དང་། ཤུ་རྡོག་འབྱུང་བ་དང་། ཆུ་སེར་འཛག་པ་སོགས་རྟགས་མངོན་སུམ་མ་བྱུང་གི་བར་ལ་བསྐྱར་ལ་འབད་པར་བྱའོ། །གསུམ་པ་མཇུག་ནི་ཐུན་མཚམས་སུ་ཀ་ཞེས་པའི་སྒྲས་རླུང་དམིགས་སེམས་གསུམ་ཕབ་ཅིང་ཐིག་ལེ་སྙིང་ཁའི་པད་སྟེང་དུ་ཕབ་ལ་བཞག །མཇུག་ཏུ་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་རྒྱས་གདབ་ཅིང་། སླར་གོང་ལྟར་འབད་པས་སྦྱང་། མཇུག་ཏུ་རྟགས་རྣམས་མངོན་སུམ་དུ་གྱུར་ནས་འཇག་མ་འཛུགས་པ་སོགས་ལག་ལེན་མཐོང་བ་བརྒྱུད་པ་ལྟར་བྱ། ཐུན་མཚམས་རྣམས་སུ་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་གོ །རྟགས་ཐོན་ནས་མ་ཤིའི་བར་དུ་ཉིན་མཚན་གུང་གི་ཐུན་ལ་དམིགས་པ་མ་བརྗེད་ཙམ་དང་གསོལ་འདེབས་མ་ཆག་ཙམ་མ་གཏོགས་འབད་པ་ཆེར་བྱས་ན་དུས་མ་ཡིན་པར་ཚེའི་དུས་བྱེད་པར་འགྱུར་ཉེན་ཆེ་བས་མི་བྱ། ཚེ་སྒྲུབ་ལ་འབད་ཅིང་སྨོན་ལམ་གྱི་ཁ་ཏོན་ལ་བརྩོན་པར་བྱ་དགོས་སོ། །གཉིས་པ་ལས་ལ་སྦྱར་བ་ལ་གཉིས། གཞན་ཕན་འགྲོ་དོན་གྱི་ཚུལ་དང་། རང་ཉིད་འཕོ་བའི་ཚུལ་ལོ། །དང་པོ་ནི། འགྲོ་བ་གང་ཡང་རུང་བ་ལས་ཀྱི་མཐའ་ཟད་ལྔ་པར་གྱུར་པ་ན། དེ་དག་ཤི་མ་ཐག་ལ་དར་ཅིག་སོང་བ་དང་། དྲོད་མཐའ་ནས་དབུས་སུ་འདྲིལ་ཞིང་སྙིང་ཁའི་དྲོད་སྟོད་དུ་འཕུང་པ། ཡན་ལག་བཞིའི་འཕར་རྩ་འཕྲོ་ཆད་ཅིང་། རྦ་རླབས་གཉིས་ཀྱང་ཅུང་ཟད་རེ་ཙམ་ལས་ཆེར་འཕར་དུ་མི་བཏུབ་ལ། ཕྱི་དབུགས་ཆད་ནས་ཅུང་ཟད་སོང་བའི་ནང་དབུགས་ཀྱང་ཆད་མ་ཐག་པའི་མོད་དེ་ཉིད་ལ་ཕུང་པོ་བསྒུལ་བསྐྱོད་དང་འཕུར་བསུབ་མ་བྱས་པའི་སྐབས་དེར་ཚེ་ལས་འདས་པའི་རྣ་བར་མཆུ་གཏད་ཏེ་སྐད་ཆེན་པོས་མིང་ནས་བོས་ལ་ཁྱོད་ཤི་བ་ཡིན་ནོ། །ཞེས་ལན་གསུམ་བརྡ་སྤྲད་ལ། ཁྱོད་ཚེ་འདིའི་སྣང་བ་ནི་ནུབ། ཕྱི་

མའི་སྣང་བ་ནི་མ་ཤར། ད་ལྟ་བར་དོ་ཆོས་ཉིད་ངང་དུ་གནས་པ་ལགས་པས་ངོ་ཤེས་པར་གྱིས་ཤིག །དེ་ཡང་ཁྱོད་འཆི་བའི་ཚེ་གཟུགས་ཀྱི་ཕུང་པོ་ཐིམ་པས་ཉམ་ཆུང་ཞིང་ནུས་པ་ཟད། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་འགྱུར། ས་ཁམས་ཐིམ་པས་ལུས་སྐམ་ཞིང་རེངས། མིག་དབང་ཐིམ་པས་མིག་{མི་ཞིང་བཞིན་}འགྱུར། གཟུགས་ཁམས་ཐིམ་པས་ལུས་ཀྱི་མདངས་ཉམས། ཚོར་བའི་ཕུང་པོ་ཐིམ་པས་ལུས་ཀྱི་ཚོར་བ་ཆུང་། {མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་མི་དྲན། }ཆུ་ཁམས་ཐིམ་པས་ལུས་ཀྱི་རྡུལ་ཁ་ཆུ་ལ་སོགས་པ་སྐམ། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་གསལ། སྒྲ་ཐིམ་པས་རང་གི་ལུས་ཀྱི་སྒྲ་མི་ཐོས། འདུ་ཤེས་ཀྱི་ཕུང་པོ་རྣམས་ཐིམ་པས་སེམས་ཅན་རྣམས་མི་དྲན། སོར་རྟོག་ཡེ་ཤེས་ཐིམ་པས་ཉེ་དུ་ལ་སོགས་མི་དྲན། མེ་ཁམས་ཐིམ་པས་ཟས་མི་འཇུ། སྣ་ཡི་དབང་པོ་ཐིམཔས་སྟེང་རླུང་དལ་གྱིས་འགྲོ། དྲི་ཐིམ་པས་རང་གི་དྲི་མི་བྲོ། འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་རང་གི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར་རོ། །བྱ་གྲུབ་ཡེ་ཤེས་ཐིམ་པས་བྱ་བ་དང་དགོས་པ་མི་དྲན། རླུང་ཐིམ་པས་རླུང་གི་གནས་ནས་འཕོ། ལྕེ་དབང་ཐིམ་པས་ཐུང་ཞིང་སྦོམ་པར་འགྱུར་རོ། །རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་། དེ་དག་ནི་རགས་པ་ཉི་ཤུ་ཐིམ་ཚུལ་ལོ། །དེ་ནས་ཕྲ་བ་ནང་གི་འབྱུང་བ་བཞི་ཐིམ་ཚུལ་ནི། ས་ཆུ་ལ་ཐིམ་པས་ཕྱི་རྟགས་ལུས་བསྒུལ་བསྐྱོད་མི་ནུས་ཤིང་ཟུངས་མི་ཐུབ། ལུས་ས་ལ་བྱིང་བ་སྙམ་བྱེད་ང་འཐེན་ཟེར་བ་སོགས་འབྱུང་། ནང་རྟགས་ཤེས་པ་དུ་བ་ལྟ་བུ་བན་བུན་ལང་ལོང་འཆར། ཆུ་མེ་ལ་ཐིམ་པས་ཕྱི་རྟགས་ཁ་ཆུ་དང་སྣ་ཆུ་ལ་སོགས་སྐམ། ནང་རྟགས་ཤེས་པ་སྨིག་རྒྱུ་ལྟ་བུ་གཡོ་ཞིང་མི་བརྟན་པ་འབྱུང་། ཆུ་མེ་ལ་ཐམ་པས་ལུས་ཀྱི་དྲོད་ཆུང་ངུ་

འགྲོ་ཞིང་མཐའ་ནས་སྡུད། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་གསལ་ལམ་པ་འབྱུང་། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་རྟགས་དབུགས་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཐུབ། ཅུང་ཟད་རེ་སྡུད་ཀྱང་ཐུང་ལ་རྩུབ་པར་སྡུད། ནང་རླུང་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་གསལ་ལམ་པ་འབྱུང་། དེ་དག་ནི་ཕྲ་བ་འབྱུང་བཞི་ཐིམ་ཚུལ་ལོ། །དེ་ནས་དེའི་མོད་ལ་སྣང་མཆེད་ཐོབ་གསུམ་ཐོབ་ཚུལ་ནི། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་སྤྲིན་མེད་པའི་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་དཀར་ལམ་པ་འབྱུང་། ཞེ་སྡང་ལས་གྱུར་པའི་ཀུན་རྟོག་སོ་གསུམ་འགགས། སྣང་བ་མཆེད་པ་ལ་ཐིམ་པས་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའི་སྣང་བ་དམར་ལམ་པ་འབྱུང་། འདོད་ཆགས་ལས་གྱུར་པའི་ཀུན་རྟོག་བཞི་བཅུ་འགགས། མཆེད་པ་ཉེར་ཐོབ་ལ་ཐིམ་པས་ནམ་མཁའ་དག་པ་ལ་མུན་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་སྣང་བ་ནག་ལམ་པ་འབྱུང་ཞིང་དྲན་པ་ཉམས་ཤིང་ནག་ཐོམ་གྱིས་དྲན་མེད་དུ་འགྲོ། གཏི་མུག་ལས་གྱུར་པའི་ཀུན་རྟོག་བདུན་འགགས། དེ་ནས་དྲན་མེད་སངས་པ་ན་ཟླ་འོད་དང་ཉི་འོད་དང་མུན་པའི་སྨག་སྟེ་ནམ་མཁའ་སློད་བྱེད་ཀྱི་རྐྱེན་དང་བྲལ་བའི་ཐོ་རེངས་ཀྱི་དུས་ནམ་མཁའ་དག་པ་ལྟ་བུ་ཞིག་འཆར་ཏེ། དེ་ནི་འཆི་བའི་འོད་གསལ་དངོས་གཞི་ཡིན་པས་ངོས་ཟིན་པར་གྱིས་ཤིག །ཅེས་ངོ་སྤྲད་ལ། ཆོས་པ་ཉམས་མྱོང་ཅན་ཐུགས་དམ་ལ་བཞུགས་པའི་རིགས་ཡིན་ན་སྐབས་འདིར་ཁོ་རང་གི་ཉམས་དགེ་སྦྱོར་དང་མཚམས་བསྟུན་པའི་ངོ་སྤྲོད་བྱས་ལ་བཞག་གོ །སོ་སོ་སྐྱེ་བོ་ཕལ་པ་ཡིན་ན་སྐབས་འདིར་བར་དོ་དངོས་མིན་པས་ལས་ཀྱིས་ཁ་བསྒྱུར་དུ་མི་བཏུབ་ཅིང་ཕྱི་མའི་སྣང་བ་མ་འཆར། ཚེ་འདིའི་སྣང་བ་ནུབ་པའི་སྐབས་ཡིན་པས་འཕོ་བ་ཐེབས་སླ་ཞིང་། དུས་འདི་ལས་འགྱང་ན་བར་དོ་གཉིས་པ་

ཕན་ཆད་ནས་ལས་ཀྱིས་ཁ་བསྒྱུར་དུ་བཏུབ་ཅིང་རིམ་གྱིས་ཕྱི་མའི་སྣང་བ་འཆར་བས་འཕོ་བ་ཐེབས་ཕུལ་ཆུང་དུ་འགྲོ་བས་སྐབས་འདིར་གདབ་གལ་ཤིན་ཏུ་ཆེའོ། །དེ་ནས་འཕོ་བ་གདབ་པའི་ཐབས་ནི། དེ་ལྟར་ཁྱོད་ཀྱིས་ཐིམ་རིམ་ངོ་མ་ཤེས་ཤིང་འོད་གསལ་གྱི་ངང་ལ་མཉམ་པར་གཞོག་མི་ཐུབ་པར་འདུག་ན་ཁྱོད་རང་སེམས་གཞན་དུ་མ་ཡེངས་པར་དམིགས་པ་རྩེ་གཅིག་ཏུ་འདི་བཞིན་གྱིས་ཤིག །ༀ་སྭ་བྷཱ་བ་སོགས་སྔར་སྦྱངས་པའི་དུས་ལྟར་ལ་སངས་རྒྱས་འོད་དཔག་མེད་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཞེས་དང་། མཇུག་ཏུ་ཕཊ་ཀྱི་བརྡ་སྦྱར་བའི་དུས་ཁྱོད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་ལུས་ལ་ཕྱི་མིག་མ་བལྟས་པར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག །ཅེས་ཐིམ་རིམ་དང་དམིགས་པ་རྣམས་ཚིག་ཟུར་མ་ཉམས་ཤིང་གསལ་མདངས་ཐོན་ཞིང་དལ་བུས་ངོ་སྤྲད་ལ། གསོལ་འདེབས་ཀྱི་ཚེ་བདག་ཉིད་ཅེས་པའི་མལ་དུ་ཚེ་འདས་འདི་ནས་ཞེས་འདོན་པ་བསྒྱུར། ཧིག་གི་མལ་དུ་ཕཊ་ཀྱི་བརྡ་སྦྱར། སྔར་བཤདཔ་འི་རྟགས་རྣམས་དང་རང་ཉིད་གྲོགས་བཅས་མགོ་ན་བ་དང་། དམིགསཡུལ་གྱི་ཐོད་པ་གོགས་པ་དང་འབུར་བ་དང་། ཚེག་སྒྲ་འབྱིན་པ་དང་། ཁྲག་དང་ཆུ་སེར་འབབས་པ་སོགས་རྟགས་དངོས་སུ་འོང་བས་མ་བྱུང་གི་བར་དུ་བསྐྱར་ལ་གདབ། རྟགས་ཐོན་ནས་བསྔོ་བ་དང་སྨོན་ལམ་གྱིས་མཚམས་སྦྱར་ལ་གདབ་པར་བྱའོ། །གཉིས་པ་རང་དོན་དུ་ལས་ལ་སྦྱར་བའི་ཚུལ་ནི། རང་ཉིད་འཆི་བའི་རྟགས་ཚང་ཞིང་དེ་ཉིད་ཀྱང་འཆི་བསླུའི་ཆོ་ག་སོགས་ཐབས་སྣ་ཚོགས་བྱས་ཀྱང་མ་བཟློག་པར་ངེས་པར་འཆི་བ་ལ་ཉེ་བའི་ཚེ་འཕོ་བར་བྱ་ཞིང་། འཆི་ལྟས་ཀྱི་ངེས་པ་བརྟན་པོ་མ་མཐོང་བར་བབ་ཅོལ་དུ་འཕོ་ན་རང་ཉིད་ཀྱི་ལྷ་རྣམས་བསད་པའི་ཉེས་པ་

སོགས་ཀྱིས་དམྱལ་བར་སྐྱེ་བ་ཡིན་གསུངས་པས་དུས་མིན་དུ་འཕོ་མི་རུང་ངོ་། །དེ་ལ་བརྟགས་པའི་ཚུལ་ལ་རང་གི་འཆི་ལྟས་ནི། གཡས་གཡོན་གྱི་རླུང་འཕོ་བ་བཅུ་གཉིས་མི་བྱེད་པར་གུང་གཅིག་ཁོ་ན་ལ་འཕོ་ན་འཆི་ལྟས་ཡིན་ལ། དེ་ཡང་མའི་དུས་སྦྱོར་གཡས་པའི་ཚེ་སྐྱེས་ན་འཆི་ལྟས་གཡས་ནས་འབྱུང་སྟེ། སྣ་བུག་གཡས་པ་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་ཕྱོགས་གསུམ་ན་འཆི། དེ་བཞིན་དུ་ཞག་ལྔ་དང་བཅུ་དང་བཅོ་ལྔ་དང་ཉི་ཤུ་དང་ཉེར་ལྔ་རྒྱུ་ན། རིམ་པས་ལོ་གསུམ་དང་གཅིག་དང་ཟླ་བ་དྲུག་དང་གསུམ་ན་འཆི་ཞིང་། ཞག་ཉེར་དྲུག་ནས་སོ་གཅིག་གི་བར་གྱིས་རིམ་བཞིན་ཟླ་བ་གཉིས་དང་གཅིག་དང་ཕྱེད་དང་། ཞག་བཅུ་དང་ལྔ་གསུམ་ན་འཆི་ལ། དེ་ནས་གཡོན་པ་ཞག་གཅིག་དང་དབུ་མར་གཅིག་རྒྱུ་ཞིང་འཆི་འོ། །མའི་དུས་སྦྱོར་གཡོན་གྱི་ཚེ་སྐྱེས་ན་འཆི་ལྟས་ཀྱང་གཡོན་ནས་འབྱུང་སྟེ་སྣ་བུག་གཡོན་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་དང་ཞག་གསུམ་རྒྱུ་ན་ཟླ་བ་སུམ་ཅུ་ནས་འཆི། དེ་བཞིན་ཞག་དྲུག་དང་དགུ་དང་བཅུ་གཉིས་དང་བཅོ་བརྒྱད་དང་། ཉེར་གཅིག་དང་ཉེར་བཞི་དང་ཉེར་བདུན་དང་སུམ་ཅུ་རྒྱུ་ན་རིམ་པས་ཟླ་བ་ཉེར་བདུན་དང་ཉེར་བཞི་དང་ཉེར་གཅིག་དང་བཅོ་བརྒྱད་དང་བཅོ་ལྔ་དང་བཅུ་གཉིས་དང་དགུ་དང་དྲུག་དང་གསུམ་ན་འཆི་ལ། དེ་ནས་ཟླ་བ་གསུམ་ན་གཡོན་ནས་ཞག་སོ་གསུམ་དང་དེ་ནས་སྣ་བུག་གཡས་ནས་ཞག་གཉིས་དང་དབུ་མར་གཅིག་རྒྱུ་ཞིང་འཆི་བར་འགྱུར་བར་བཤད་དོ། །ཉེ་བའི་འཆི་ལྟས་ནི། རྣ་བའི་འུར་སྒྲ་མེད་ན་ཞག་དྲུག །ལྕེའི་རོ་མེད་ན་ཞག་ལྔ། མིག་གི་དབུས་སུ་རི་མོ་སྔར་མེད་པ་བྱུང་ན་ཞག་བཞི། སྣ་གཞོམ་ཞིང་དྲི་མེད་ན་ཞག་གསུམ། ལུས་ཀྱི་རེག་བྱ་དོར་ན་ཞག་གཉིས། ཁུ་བ་མེད་ན་ཞག་གཅིག་ནས་

འཆི་བར་བཤད་ལ། ཤིན་ཏུ་ཉེ་བའི་འཆི་ལྟས་ནི་སྔར་ཐིམ་རིམ་གྱི་དུས་སུ་བཤད་པ་ལྟར་འབྱུང་བར་འགྱུར་རོ། །འཆི་ལྟས་འདི་དག་ནི་གློ་བུར་དུ་འཆི་བ་དག་ལ་ཐམས་ཅད་འབྱུང་བའི་ངེས་པ་མི་སྣང་ཡང་། བྱུང་ན་འཆི་བའི་ལྟས་ཡིན་ལ། གཞན་ཡང་རྨི་ལྟས་རྒྱུས་མེད་ཀྱི་ཡུལ་ཕྱོགས་སུ་གཅིག་པུར་འགྲོ་བ་དང་བོང་བུ་ཞོན་ནས་སམ་ཞོན་པ་མེད་པར་ལྷོ་ཕྱོགས་སུ་འགྲོ་བ་དང་། རྒྱ་སྐྱེགས་ཀྱི་རི་ལ་མེ་ཏོག་དམར་པོ་འཐུ་བ་ལ་སོགས་མང་དུ་བྱུང་ན་འཆི་བ་སོགས་མང་དུ་གསུངས་སོ། །འཆི་ལྟས་བྱུང་ན་འཆི་བ་བསླུ་བའི་ཐབས་སྣ་ཚོགས་བྱ། དེས་ཀྱང་མ་བཟློག་པར་ངེས་པར་འཆི་བའི་མཚན་མ་བརྟན་པོ་མཐོང་ན་རང་གི་ནོར་རྫས་རྣམས་བསོད་ནམས་སོགས་པའི་ཕྱོགས་སུ་བཏང་། འཁོར་དང་ལོངས་སྤྱོད་ལ་ཆགས་ཞེན་སྤང་། དམ་ཚིག་ཉམས་ཆགས་བྱུང་བ་ལ་བཤགས་སྡོམ་དྲག་པོ་བྱ། ཡི་དམ་གྱི་བྲིས་སྐུ་སོགས་མདུན་དུ་བཀྲམས་ལྷའི་རྣལ་འབྱོར་ཅི་རིགས་བསྒོམ། ཡི་དམ་དང་བཀའ་སྡོད་ལ་གཏོར་མ་ཕུལ་ལ་འཆི་བ་ལམ་དུ་ལོངས་བར་གསོལ་བ་དྲག་ཏུ་གདབ། ཆགས་སྡང་སོགས་དུག་ལྔའི་རྟོག་པ་མཚམས་སྦྱོར་ངན་པ་ཐམས་ཅད་སྤངས་ལ་སྨོན་ལམ་བཟང་པོ་བཏབ། འོག་མིན་ནམ་གསང་སྔགས་སྤྱོད་པའི་རིག་འཛིན་གྱི་ཞིང་ཁམས་ཡིད་ལ་བྱ་ཞིང་། དེར་འཕོ་བའི་འཕེན་པ་དྲག་པོ་བྱའོ། །དེ་ནས་འཆི་བ་ལ་ཤིན་ཏུ་ཉེ་བའི་རྟགས་ཤར་བ་ན། ལས་སྦྱོར་དངོས་ནི། ལུས་གནད་སོགས་སྦྱོང་བའི་སྐབས་ལྟར་བྱ་ཞིང་། གལ་ཏེ་ནད་ཀྱིས་མནར་བ་སོགས་ལུས་གནད་སྔར་ལྟར་འདུག་པར་དཀའ་ན་གྲོགས་ཀྱིས་སྐྱོར་བའམ། ཡང་ན་སེང་གེའི་ཉལ་སྟབས་བྱ་སྟེ། མགོ་བྱང་དུ་བསྟན། གློ་གཡས་པ་ས་ལ་ཕབ། ལག་གཡས་འགྲམ་པ་གཡས་ལ་སྦྱར། ལག་གཡོན་བརླ་གཡོན་པའི་སྟེང་དུ་སྦུབས་ལ་བརྐྱང་།

རྐང་པ་གཡས་འོག་དང་། གཡོན་སྟེང་དུ་བཞག་པའི་ལོང་བུ་བརྩེགས་ཏེ་བརྐྱང་། བག་ཙམ་བསྐུམས་ལ་འཕོས་ཀྱང་ངེས་པར་རུང་ལ། ལུས་གནད་ཕྱི་མ་འདི་ལ་ཆོས་དྲུག་པ་རྣམས་ལུས་བཅོས་ཏེ་འཕོ་བ་ཞེས་བཤད་དོ། །དེ་ནས་དམིགས་པ་རྣམས་སྔར་ལྟར་ལས། སངས་རྒྱས་འོད་དཔག་མེད་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་གི་ཚངས་བུག་རྒྱ་མཐོང་ཁ་ཕྱེ་བ་ལྟར་སྐྱ་སེང་ངེ་ཡོད་པ་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བར་དམིགས་པས་སྐྲ་གྱེན་དུ་འཐེན་ལ་ཧིཀ྄་དྲག་པོ་ཉེར་གཅིག་གིས་ཚངས་བུག་ནས་སྐར་མདའ་འཕངས་པ་ལྟར། སངས་རྒྱས་ཀྱི་ཐུགས་ཀར་འཕོས་པའི་སྦྱོར་བ་བྱས་པས་འཕོ་ནུས་པའི་རྟགས་སུ་ཤེས་པ་ནག་ཐུམ་བྱེད་ཅིང་དབུགས་ནང་དུ་མི་འདུས་པར་ཕྱིར་ནར་གྱིས་འགྲོ། སྤྱི་གཙུག་ན་བ་དང་། གཡའ་བ་འབྱུང་། དེ་ལྟར་མ་བྱུང་ན་རེ་ཞིག་ཚུར་དྲངས་ལ་ངལ་བསོས་ཏེ། སླར་ཡང་དམིགས་པ་གསལ་བཏབ་ལ་ཧིཀ྄་དྲག་པོ་སོགས་ཀྱིས་འཕོ། རྟགས་བྱུང་ན་གོང་ལྟར་ཧིཀ྄་ཉེར་གཅིག་གིས་འཕོ། དེས་མ་འཕོས་ན་ཉེར་གཉིས་ནས་ཉེར་ལྔའི་བར་བརྗོད་པས་ངེས་པར་འཕོ་སྟེ། མཐར་མགོན་པོ་འོད་དཔག་མེད་ཀྱང་རང་ཉིད་གང་འདོད་པའི་ཞིང་དེའི་སངས་རྒྱས་ཀྱི་ཐུགས་ཀར་ཐིམ་པར་བསམ་པའམ། ཡང་ན་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་བསྡུས་ཏེ། དགེ་སྦྱོར་དྲན་པར་བྱ་ཞིང་ཟླ་གྲོགས་ཀྱིས་གསལ་འདེབས་པར་བྱ་བར་ཡང་བཤད་དོ། །ཡང་རང་ཉིད་ནད་དྲག་པོས་མནར་བ་སོགས་ཀྱིས་ཧིཀ་སྒྲ་འབྱིན་པར་མི་ནུས་ན། རང་གི་དམིགས་པ་དང་རླུང་དམིགས་སེམས་གསུམ་གྱེན་དུ་གཏད་ལ་འཕོ་བའི་འདུན་པ་དྲག་ཏུ་བྱའོ། །གྲོགས་ཀྱིས་ཕཊ་དྲག་པོ་ཉེར་ལྔའམ་ཧིཀ་དྲག་པོ་ཉེར་ལྔ་སོགས་

ཀྱིས་བསྐུལ་ཡང་ཉན་ནོ། །ལར་ལུས་ངེས་མེད་དུ་འཕོ་བ་སྦྱང་བའི་སྐབས་ལས། འཆི་ཁར་འཕོ་བ་ལྷག་པར་སླ་བར་བཤད་པའི་ཕྱིར་རོ། །གཞན་དེ་ལྟར་མི་ཤེས་པའི་མིའམ་དུད་འགྲོ་ལ་རྣལ་འབྱོར་པས་དམིགས་པ་ཁོ་ན་མ་གཏོགས་པ་ཡུལ་དེ་ལ་བརྡ་མ་སྤྲད་ཀྱང་ཐེབས་པ་མྱོང་བས་གྲུབ་ཅིང་། དེ་ཙམ་མི་ནུས་པ་ཡང་ཤི་བའི་ཚེ་སྤྱི་གཙུག་ལ་ཐུག་པ་དང་། སངས་རྒྱས་སྨན་པའི་རྒྱལ་པོའི་མཚན་ནས་བརྗོད་པ་ཙམ་གྱིས་ཀྱང་རྒྱལ་བའི་སྲས་པོ་བརྒྱད་ཀྱིས་བདེ་བ་ཅན་དུ་ཁྲིད་པར་བཤད་ལ། དུད་འགྲོ་ལ་སོགས་པ་འཆི་བ་ལའང་ལུས་བཅོས་ཤིང་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ནས་བརྗོད་པས་སུམ་ཅུ་རྩ་གསུམ་པའི་ལྷའམ་བདེ་འགྲོ་གཞན་དུ་ངེས་པར་སྐྱེ་བར་བཤད་པའི་ཕྱིར་རོ། །སྨྲས་པ། མ་བསྒོམ་སངས་རྒྱས་མྱུར་ལམ་འཕོ་བའི་ཆོས། །འོད་དཔག་མེད་པས་ཨོ་རྒྱན་དངོས་ཉིད་ལ། །ལེགས་པར་གདམས་པའི་ཟབ་ཏིག་མ་འཆོལ་བ། །ཁོ་བོས་བཤད་ཀྱི་གཞན་དུ་སུ་ཡིས་གདམས། །དཔེར་ན་གསེར་དང་ལྕགས་ཕྱེ་འདྲེས་པ་དག །དབྱེ་འབྱེད་ཁབ་ལེན་རྡོ་མིན་གཞན་སུ་ཞིག །དེ་ལྟར་མཁས་དང་རྨོངས་པའི་ཁྱད་པར་ཡང་། །ལེགས་བཤད་བརྩམས་ལས་འབྱུང་གི་གཞན་དུ་མིན། །ཁོ་བོས་དང་པོ་ལམ་འདི་ཐོས་མ་ཐག །ངེས་པ་མ་མཐོང་བར་དུ་འབད་དེ་བསྒོམ། །སླར་ཡང་ཉམས་མྱོང་བཟང་པོས་ལེགས་འབད་ནས། །རང་བཟོ་སྤངས་ཏེ་སྦྱར་བ་ཁོ་ནར་ངེས། །དེང་སང་ཕལ་ཆེར་ཐོས་རློམ་སྤྱི་བརྟོལ་གྱིས། །གྲགས་པའི་རྗེས་སུ་བསྙེགས་དང་འདི་མི་འདྲ། །འདི་བརྩམས་པ་ལས་བྱུང་བ་ཡི། །དགེ་བ་དུང་ལྟར་དཀར་བ་དེས། །བདག་སོགས་རྨོངས་པའི་འགྲོ་བ་རྣམས། །འཆི་བ་ལམ་དུ་ལོངས་གྱུར་ཅིག །དེ་ལྟར་ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་འདི་ཉིད་སྔོན་

ཆད་བཤེས་གཉེན་ཕལ་ཆེར་གྱི་ཧང་སྟོབས་དང་སྤྱི་བརྟོལ་གྱི་རང་བཟོས་ཡིག་ཆ་དག་མ་དག་སྣ་ཚོགས་པ་དང་། ཁུངས་ཐུབ་པའི་ཡིག་ཆ་མདོར་བསྡུས་པ་ཞིག་ལས་མི་འདུག་པས། སླར་རུང་མཐུན་རྣམས་ཀྱིས་མཚམས་སྦྱར་ཏེ་དབུར་སྟོད་འབྲི་ཁུང་དུ་སྐྱུ་རའི་གདུང་རབས་ཐ་ཤལ་ཤཱཀྱའི་དགེ་སློང་རིག་པའི་གནས་བཅུ་ཕྲག་སྨྲ་ཞིང་གནས་ལུགས་རྟོགས་པ་མངོན་དུ་གྱུར་པ་འཆི་བ་འོད་གསལ་ཆོས་སྐུར་བརྟན་པ་ཐོབ་པའི་རིག་འཛིན་ཆོས་ཀྱི་གྲགས་པ་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེས་ཤིང་བྱི་མཆུ་ཟླ་བ་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་དགེ་བའི་དཀར་ཆའི་ཚེས་ལ་གཞོ་སྤྲོ་ལུང་གི་ཀུན་དགའ་ར་བའི་གཟིམས་ཆུང་དབང་ལྡན་ཕོ་བྲང་དུ་མགྱོགས་པར་སྦྱར་བ་དགེ་བར་གྱུར་ཅིག །

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཀྱི་ནང་ཚན་འཆི་ཁའི་བར་དོ་འཕོ་བ་དྲན་པ་རང་གྲོལ།

༈ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཀྱི་ནང་ཚན་འཆི་ཁའི་བར་དོ་འཕོ་བ་དྲན་པ་རང་གྲོལ་གྱི་དོན་ཚེ་འདིའི་གསལ་འདེབས་ངག་འདོན་དུ་བཀོད་པ་ནི། ཐོག་མར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་སྔོན་དུ་འགྲོ་བ་བྱས་ཏེ་དངོས་གཞི་ནི། ཨཿཆོས་ཀུན་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཀ་དག་རང་གདངས་ལྷུན་གྲུབ་འོག་མིན་ཞིང་། །མཚན་ཉིད་བཀོད་པ་ཕུན་སུམ་ཚོགས་པའི་དབུས། །རང་ཉིད་བཅོམ་ལྡན་དཔལ་ལྡན་རྡོ་རྗེ་སེམས། །གསལ་བའི་ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་ལས། །ཧཱུྃ་ཆད་འཁོར་བའི་སྒོ་རྣམས་བཀག་པར་གྱུར། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་གིས་གཤང་ལམ། ཆུ་ལམ། སྲིད་པའི་ལམ་ལྟེ་བ། ཁ་སྣ་བུ་ག་གཉིས། མིག་གཉིས། རྣ་བ་གཉིས་ཀྱི་བུ་ག་རྣམས་ཧཱུྃ་སྔོན་པོ་བཀྲག་མདངས་དང་ལྡན་པ་རེ་རེས་བཀག་པར་བསམ། རང་མདུན་ནམ་མཁར་གྲུ་གང་ཙམ་གྱི་སྟེང་། །ཡེ་ཤེས་འོད་ལྔའི་འཇའ་ཟེར་འཁྲིགས་པའི་ཀློང་། །རྒྱལ་བ་ཀུན་དང་ངོ་བོ་དབྱེར་མེད་པ། །དཔལ་ལྡན་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །ཆ་ལུགས་དང་ལྡན་ཞལ་འཛུམས་མདངས་ལྡན་བཞུགས། །རང་ལུས་གདན་གསུམ་ཚང་བའི་དཀྱིལ་འཁོར་དབུས། །དཀར་ལ་སེར་བའི་འོད་ཆགས་རྩ་དབུ་མའི། །མར་སྣེ་ལྟེ་འོག་རྩ་གསུམ་འདུས་པའི་དཀྱིལ། །བྱ་གྲུབ་ཡེ་ཤེས་རང་འོད་འབར་བའི་ཀློང་། །རླུང་སེམས་ཐིག་ལེ་དཀར་པོ་འཕར་ལྷབ་

ལྷབ། །ཡར་བརྒྱུད་ལྟེ་བའི་གནས་སུ་འདྲེན་པར་བསམ། །ཧིག་བདུན་དང་། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབས་དབུས། །མཉམ་ཉིད་ཡེ་ཤེས་རང་འོད་འབར་བའི་ཀློང་། །རླུང་སེམས་ཐིག་ལེ་དཀར་པོ་འཕར་ལྷབ་ལྷབ། །ཡར་བརྒྱུད་སྙིང་ཁའི་གནས་སུ་འདྲེན་པར་བསམ། །ཧིག་བདུན་དང་། སྙིང་གར་ཆོས་ཀྱི་འཁོར་ལོའི་རྩ་འདབས་དབུས། །མེ་ལོང་ཡེ་ཤེས་རང་འོད་འབར་བའི་ཀློང་། །རླུང་སེམས་ཐིག་ལེ་དཀར་པོ་འཕར་ལྷབ་ལྷབ། །ཡར་བརྒྱུད་མགྲིན་པའི་གནས་སུ་འདྲེན་པར་བསམ། །ཧིག་བདུན་དང་། མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབས་དབུས། །སོར་རྟོགས་ཡེ་ཤེས་རང་འོད་འབར་བའི་ཀློང་། །རླུང་སེམས་འདུས་པའི་ཐིག་ལེ་དཀར་ལྷབ་ལྷབ། །ཡར་འཕར་སྤྱི་བོའི་གནས་སུ་འདྲེན་པར་བསམ། །ཧིག་བདུན་དང་། སྤྱི་བོར་བདེ་ཆེན་འཁོར་ལོའི་རྩ་འདབས་དབུས། །ཆོས་དབྱིངས་ཡེ་ཤེས་རང་འོད་འབར་བའི་ཀློང་། །རླུང་སེམས་འདུས་པའི་ཐིག་ལེ་དཀར་ལྷབ་ལྷབ། །ཡར་འཕར་བླ་མའི་ཐུགས་ཀར་ཐིམ་པར་བསམ། །ཧིག་བདུན་བརྗོད་དེ་ཐུགས་ཡིད་བསྲེ་སྟེ་མཉམ་པར་གཞག་པར་བྱ། སླར་ཡང་ཐིག་ལེ་མར་ལྟེ་འོག་ཏུ་ཕབ་སྟེ་ངང་འཁྱིལ་ལེ་གནས་པར་བསམ་ལ་སྔར་ལྟར་བསྐྱར་ནས་གྲངས་གསོགས་པར་བྱའོ། །སྤྲོ་ན་བརྒྱུད་འདེབས་ནི། །ཨེ་མ་ཧོ། །ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །ལོ་ཆེན་བཻ་རོ་ཙཱ་ན་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །ཅོག་རོ་ཀླུ་ཡི་རྒྱལ་མཚན་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །གཏེར་སྟོན་

ཀརྨ་གླིང་པ་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །སྲས་མཆོག་ཉི་ཟླ་ཆོས་རྗེ་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །ཆོས་བདག་ཉི་ཟླ་འོད་ཟེར་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ལ་གསོལ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །གྲུབ་ཐོབ་དངོས་གྲུབ་རིན་ཆེན་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །མཁས་གྲུབ་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །གྲུབ་དབང་པདྨ་རིག་འཛིན་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །པདྨ་ཀུན་གྲོལ་རྣམ་རྒྱལ་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །རྫོགས་སྤྲུལ་ཆོས་ཀྱི་རྡོ་རྗེ་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །ཨོ་རྒྱན་བསྟན་འཛིན་ནོར་བུ་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །ཐུབ་བསྟན་སྐལ་བཟང་རྒྱ་མཚོ་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །རྣལ་འབྱོར་ཚུལ་ཁྲིམས་རྒྱ་མཚོ་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །ཞི་ཁྲོ་དམ་པ་རིགས་བརྒྱ་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །གནས་གསུམ་དཔའ་བོ་མཁའ་འགྲོ་ལ་གསོལ་བ་འདེབས། །སྐུ་

གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །བཀའ་སྲུང་དམ་ཅན་སྡེ་བདུན་ལ་གསོལ་བ་འདེབས། །སྐུ་གསུམ་འཕོ་བ་འགྲུབ་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཟག་བཅས་ཤ་ཁྲག་ཕུང་པོ་ངར་འཛིན་ལུས། །ཟག་མེད་འོད་ལུས་འགྲུབ་པར་བྱིན་གྱིས་རློབས། །རྗེས་སུ་བསྔོ་སྨོན་རྣམ་དག་གིས་རྒྱས་འདེབས་པར་བྱའོ། །ཞེས་བེར་རྩིང་དབོན་སྤྲུལ་རྣམས་ཀྱིས་ཐུགས་བཞེད་བསྐང་ཕྱིར་ཚུལ་མིང་ནས་བྲིས་པ་དགེའོ། །༼༽མི་འདྲ་བ་ཐེ་ཚོམ་ཅན་འདམ་ངའི་རྟགས། {}ལྷག་མོ་ཡིན་ནམ་སྙམ་པའི་རྟགས། ་་་་་་་་་་་མ་དཔེ་མི་གསལ་བའི་རྟགས། []མ་དཔེ་ལས་ཆད་པ་ཡིན་སྙམ་པའི་རྟགས། ()གོ་བ་ལེན་བདེ་བའི་ཆེད་དུ་གསར་དུ་བསྣན་རྟགས། གསལ་བཤད་ཉུང་ངུ་། ༈ དེ་ཡང་བར་དོ་ཐོས་གྲོལ་གྱི་ཆོས་སྐོར་འདི་དག་ནི་འཛམ་གླིང་མཁས་པ་དག་གིས་གདེང་འཇོག་མཐོན་པོར་གནང་བའི་ཆོས་ཚུལ་ཁྱད་པར་ཅན་ཞིག་ཡིན་པ་དང་། འདིའི་དབང་ལུང་དང་ཁྲིད་རྒྱུན་ཆོ་གའི་ཕྱག་བཞེས་སོགས་ད་དུང་རྒྱུན་མ་ཆད་པར་དར་ཁྱབ་ཆེ་བས། ཟབ་ཆོས་འདིའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པའི་ཕྱིར། གསུང་འདི་དག་གལ་ཆེ་བའི་གནས་སུ་བཟུང་ནས་མ་དཔེ་འཚོལ་སྡུད་སོགས་ལ་དཀའ་ངལ་མང་ཙམ་བྱས་ཏེ་དེབ་འདི་དག་བསྐྲུན་པ་ཡིན་ཀྱང་མ་དཔེ་ཇི་བཞིན་མ་ཆོད་པ་སོགས་སྐྱོན་དུ་མ་ཡོད་སྲིད་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དེ་ལུགས་ཐུགས་ངེས་དགོས་ཤིང་། གཞན་ཡང་

གཏེར་ཁ་གསར་རྙིང་གི་ཐོས་གྲོལ་གྱི་ཆོ་གའི་སྐོར་གྱི་ཡི་གེ་དག་ནི་དར་ཁྱབ་ཆེ་བས་འདིར་འགྲེལ་བཤད་དག་གི་གཞི་བྱས་པའི་ཆོ་གའི་གཞུང་ཉུང་བསྡུས་ཙམ་ལས་མ་བཀོད་ལ། དེ་མིན་དབང་དང་འགྲེལ་བཤད་ཁྲིད་ཡིག་རྒྱབ་ཆོས་ཀྱི་ཆོས་ཚན་གང་རྙེད་མཐའ་དག་ཕྱོགས་བསྡུས་བྱས་ཡོད་པ་ཡིན་ནོ།། །།བླ་རུང་སྔ་འགྱུར་དཔེ་ཚོགས་རྩོམ་སྒྲིག་པས།