cover

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

པོད་དང་པོ།

ཅོ་ནེ་གྲགས་པ་བཤད་སྒྲུབ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མདོ་སྔགས་ཆོས་བརྒྱུད་ཀྱི་བླ་རབས་བཤད་པ་དངོས་གྲུབ་འབྱུང་གནས།

མདོ་སྔགས་ཆོས་བརྒྱུད་ཀྱི་བླ་རབས་བཤད་པ་དངོས་གྲུབ་འབྱུང་གནས་བཞུགས།

ན་མོ་མཉྫུ་གྷོ་ཥཱ་སུ་མ་ཏི་ཀཱིརྟི་ཡེ། མཐའ་ཡས་ལེགས་ཚོགས་ཚོགས་གཉིས་ལས་འཁྲུངས་མཚན་དཔེའི་གཟི་འོད་འབར་བའི་སྐུ། །དྲུག་ཅུའི་ཚངས་དབྱངས་དབྱངས་ཀྱི་དཀྱིལ་འཁོར་ཆོས་ཕུང་བརྒྱད་ཁྲི་སྒྲོགས་པའི་གསུང་། །མ་ལུས་ཆོས་ཀུན་ཀུན་ནས་བསྒྲིབས་མེད་ཆགས་ཐོགས་མི་མངའ་མཁྱེན་པའི་ཐུགས། །ལྷར་བཅས་འགྲོ་འདྲེན་འདྲེན་མཆོག་ཤཱཀྱའི་རྒྱལ་པོའི་ཞབས་ལ་གུས་ཕྱག་འཚལ། །མགོན་དེའི་མདོ་སྔགས་དམ་ཆོས་མ་ལུས་པ། །ལེགས་པར་བཟུང་ནས་འགྲོ་རྣམས་སྨིན་གྲོལ་ལ། །འགོད་མཛད་རྒྱལ་ཚབ་འཇམ་དབྱངས་གསང་བདག་སོགས། །བྱང་སེམས་ཉན་རང་འཕགས་ཚོགས་བཅས་ལ་འདུད། །འདུལ་བ་མངོན་པ་དབུ་ཕར་གཞུང་རྣམས་དང་། །གསང་སྔགས་རྒྱུད་སྡེ་རྣམ་བཞིའི་དགོངས་འགྲེལ་ཞིང་། །ཉམས་སུ་ལེན་མཛད་ཤིང་རྟ་ཆེ་གཉིས་སོགས། །འཕགས་བོད་པཎ་གྲུབ་རིམ་པར་བྱོན་རྣམས་བསྔགས། །དེ་ལྟར་མཆོད་པར་བརྗོད་པ་མདོ་ཙམ་དུ་སྔོན་དུ་བཏང་ནས་མདོ་སྔགས་ཀྱི་ཆོས་བརྒྱུད་འཛིན་པའི་བཤེས་གཉེན་གྱི་རིམ་པ་ཇི་ལྟར་བྱོན་པའི་ཚུལ་མཚོན་ཙམ་ཞིག་བརྗོད་པར་བྱ་སྟེ། ལོ་རྒྱུས་བཅས་རྒྱས་པར་བཤད་ན་ནི་པུསྟ་ཀ་ཆེན་པོར་འགྱུར་བའི་ཕྱིར་རོ། །དེ་ལ་འདུལ་བའི་བརྒྱུད་རིམ། མངོན་པ་གོང་འོག་གི་བརྒྱུད་རིམ། དབུ་ཕར་གྱི་བརྒྱུད་རིམ། གསང་སྔགས་ཀྱི་བརྒྱུད་རིམ་དང་བཞི། དང་པོ་ནི། བཅོམ་ལྡན་འདས་ཀྱིས་འདུལ་བའི་གཞུང་མང་དུ་གསུངས་ཤིང་ཉན་ཐོས་ཆེན་པོ་རྣམས་ཀྱིས་འཆད་ཉན་དང་ཉམས་ལེན་གྱིས་བཟུང་ལ། འོན་ཀྱང་འདུལ་བའི་བསྟན་པ་ཡོངས་རྫོགས་ནི་འཕགས་པ་ཉེ་བར་འཁོར་ལ་གཏད་དོ། །རྗེས་སུ་རྩ་བའི་སྡེ་པ་བཞིར་གྱེས་པའི་ཚེ་ཉན་ཐོས་མང་པོས་འཕགས་པ་སྒྲ་གཅན་འཛིན་དང་འོད་སྲུང་ཆེན་པོ་སོགས་བཞིའི་རྗེས་སུ་འབྲངས་ནས་འདུལ་བའི་བསྟན་པ་སྤེལ། མདོར་ན་འཕགས་ཡུལ་དུ་ནི་ཉེ་བར་འཁོར་དང་ཤཱ་རིའི་བུ་དང་འོད་སྲུང་དང་ཀུན་དགའ་བོ་སོགས་བསྟན་པའི་གཏད་རབས་བདུན་དང་། ཕྱིས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་རྣམས་དང་། ཐོགས་མེད་སྐུ་མཆེད་སོགས་དང་ཁྱད་པར་དུ་སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་དང་ཆོས་ཀྱི་བཤེས་གཉེན་སོགས་ཀྱིས་འདུལ་བའི་བསྟན་པ་སྤེལ་ལོ། །བོད་ཀྱི་ཡུལ་དུ་ནི་སྔོན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱ་གར་གྱི་པཎ་གྲུབ་མང་པོ་དང་། ཁྱད་པར་མཁན་པོ་བྷོ་དྷི་སཏྭ་སྤྱན་དྲངས་ནས་བཻ་རོ་ཙ་ན་དང་ནམ་མཁའི་སྙིང་པོ་སོགས་སད་མི་མི་དྲུག་བདུན་རབ་ཏུ་བྱུང་ནས་འདུལ་བའི་བསྟན་པའི་གཞི་བཙུགས། ཕྱིས་རྒྱལ་པོ་གླང་དར་གྱིས་བསྟན་པ་ལ་གནོད་པ་བྱས་པའི་རྐྱེན་གྱིས་དབུས་སུ་སྡོམ་པ་ལེན་པའི་རྒྱུན་ཆད་ཀྱང་། མདོ་སྨད་དུ་བླ་ཆེན་དགོངས་པ་རབ་གསལ་སོགས་ཀྱིས་འདུལ་བའི་སྡོམ་རྒྱུན་བཟུང་ནས་འགའ་ཞིག་ལ་སྤེལ། དེའི་སྐད་ཆ་དབུས་སུ་བྱུང་བ་ལ་བརྟེན་ནས་དབུས་གཙང་ཕྱོགས་ནས་བསྙེན་རྫོགས་ཀྱི་ཆེད་དུ་ཀླུ་མེས་སོགས་འགའ་ཞིག་བརྫངས་ཏེ་བསྙན་པར་རྫོགས་ནས་སླར་འོངས། དེ་ནས་རིམ་པར་བརྒྱུད་པ་ལ་འདུལ་བ་སྨད་ལུགས་པའི་བརྒྱུད་པར་གྲགས། ཡང་མངའ་བདག་ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨཱཿཔཱ་ལ་མངའ་རིས་སུ་སྤྱན་དྲངས་ནས་མང་པོ་ཞིག་བསྙེན་པར་རྫོགས་ནས་འདུལ་བའི་ལག་ལེན་བཙུགས་པའི་བསླབ་རྒྱུན་འཛིན་པ་རྣམས་ལ་འདུལ་བ་སྟོད་ལུགས་པའི་བརྒྱུད་པར་གྲགས། ཡང་ཁྲོ་ཕུ་ལོ་ཙྪ་བས་ཁ་ཆེ་པཎ་ཆེན་བོད་དུ་གདན་དྲངས་ནས་ས་སྐྱ་པཎ་ཆེན་སོགས་མང་པོ་ཞིག་བསྙེན་པར་རྫོགས་པས་དེའི་བརྒྱུད་པ་ལ་པཎ་ཆེན་བརྒྱུད་པར་གྲགས་ཤིང་། རྗེ་རིན་པོ་ཆེས་ཀྱང་བརྒྱུད་པ་འདི་ལས་བསྙེན་རྫོགས་བཞེས་ལ། ད་ལྟ་གཙང་ཕྱོགས་ཀྱི་སྡོམ་རྒྱུན་ལ་པཎ་ཆེན་བརྒྱུད་པ་དར་ཆེ་བར་སེམས། དེས་ན་འདུལ་བའི་སྡོམ་རྒྱུན་བྱོན་ལུགས་ལ་རྒྱས་བསྡུས་མི་འདྲ་བ་མང་དུ་སྣང་ཡང་། རྗེའི་གསན་ཡིག་ལས། འདུལ་བའི་བཤད་རྒྱུད་ནི། བཅོམ་ལྡན་འདས། ཉེ་བར་འཁོར། དེས་ཀུན་དགའ་བོ། ཉེར་སྦས། དྷི་དྷི་ཀ ནག་པོ། ལེགས་མཐོང་། ཕྱིར་མི་འོང་བློས་མི་འབེབས། འདུས་བཟང་། དབྱིག་གཉེན། སློབ་དཔོན་ཡོན་ཏན་འོད། ཤཱཀྱ་འོད། དགྲ་བཅོམ་སེངྒེའི་གདོང་པ་ཅན། དེས་དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ལ། དེས་ཤཱཀྱ་སེངྒེ། སྐྱོགས་འདུལ་འཛིན། རྫུས་རྡོ་རྗེ་རྒྱལ་མཚན། རྫུས་ཀྱིས་ཀླུ་མེས་ལའང་གསན་ཏེ་ཡས་དར་མས་དར་གཉིས་སུ་བྱས་པའོ། །ཞེས་སོགས་དང་། ལུང་རིགས་གཏེར་མཛོད་དུ་ཛི་ན་མི་ཏྲའི་རྗེས་སུ་ལྕོག་རོ་ཀླུའི་རྒྱལ་མཚན། གཙང་རབ་གསལ། གཡོ་དགེ་འབྱུང་། བླ་ཆེན་དགོངས་པ་རབ་གསལ། གཟུ་སྟོན་རྡོ་རྗེ་རྒྱལ་མཚན། སྣེ་པོ་གྲགས་པ་རྒྱལ་མཚན། སོག་སྟོན་ཚུལ་ཁྲིམས་བླ་མ། རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས། རྨ་ཚོ་བྱང་ཆུབ་རྡོ་རྗེ། སྐྱིད་ཤོད་པ་ཚུལ་ཁྲིམས་འཕགས། འདར་ཚུལ་ཁྲིམས་རྒྱལ་པོ། ཉི་སྟེང་བ་ཚུལ་ཁྲིམས་གྲགས། འདུལ་འཛིན་བློ་གྲོས་གྲགས། ནེལ་པ་པཎ་ཆེན། འདུལ་འཛིན་རྒྱལ་མཚན་དཔལ། སློབ་དཔོན་རིན་ཆེན་བྱང་ཆུབ། དམར་སྟོན་དཔལ་ལྡན་རིན་ཆེན། དམར་སྟོན་རྒྱ་མཚོ་རིན་ཆེན། ཐམས་ཅད་མཁྱེན་པ་སངས་རྒྱས་འཕེལ་ཞེས་བཤད་དེ་སྨད་བརྒྱུད་པའི་དབང་དུ་མཛད་དོ། །སྟོད་བརྒྱུད་པ་ལ་ཛི་ན་མི་ཏྲ་ཡན་སྔར་ལྟར་ལ། དེ་ནས་དྷརྨཱཿཕ་ལ། པཎྜི་ཏ་ཤཱཀྱ་སེ་ན། ཀླུབས་ལོཙྪ། སྒྱོགས་འདུལ་འཛིན། གཟུ་རྡོ་རྗེ་རྒྱལ་མཚན། ཚུལ་ཁྲིམས་བྱང་ཆུབ། ཚུལ་ཁྲིམས་གནས། གྲགས་པ་རྒྱལ་མཚན། ཤེས་རབ་འོད་ཟེར། ཚུལ་ཁྲིམས་བླ་མ། རིན་ཆེན་བླ་མ། ཡེ་ཤེས་བླ་མ། རྒྱ་འདུལ། རྨ་ཚོ། བྱ་འདུལ། ཚུལ་ཁྲིམས་འཕགས། ཤ་མི། རྩིབས་འདུལ་བ་འཛིན་པ་སོགས་སོ། །པཎ་ཆེན་བརྒྱུད་པ་ལ་རྣམ་གྲངས་མང་ཡང་། སངས་རྒྱས། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། ཀླུ་སྒྲུབ། ཡོན་ཏན་བཤེས་གཉེན། རིན་ཆེན་བཤེས་གཉེན། ཆོས་བཟང་པོ། གུ་ཎ་པ་ཏི། ཆོས་ཀྱི་ཕྲེང་བ། འབྱུང་གནས་སྦས་པ། པཎ་ཆེན་ཤཱཀྱ་ཤྲི། ས་སྐྱ་པཎ་ཆེན། འོད་ཟེར་རྒྱལ་མཚན། གྲགས་པ་རྒྱལ་མཚན། གཟུངས་དཔལ། དགེ་ལེགས་དཔལ་བཟང་། ཨཱ་ནནྡ། ཆོས་རིན་ཆེན། ཆོས་རྒྱ་མཚོ། ཆོས་རྒྱལ་དཔལ་འབྱོར། ནམ་མཁའ་རྒྱལ་མཚན། ནམ་མཁའ་དབང་ཕྱུག སངས་རྒྱས་འོད་ཟེར། ཀླུ་སྒྲུབ་རྒྱ་མཚོ། འཇམ་དབྱངས་དགའ་བའི་བཤེས་གཉེན། གྲགས་པ་རྣམ་རྒྱལ། བསོད་ནམས་བཀྲ་ཤིས། བསོད་ནམས་མཆོག་གྲུབ་སོགས་སོ། །རྗེའི་གསན་ཡིག་ཏུ། ཤཱཀྱ་ཤྲིའི་རྗེས་སུ། རྡོ་རྗེ་དཔལ། མཁན་པོ་ཆོས་རྗེ། བསོད་ནམས་དཔལ། ཤེས་རབ་མགོན་པོ། ཚུལ་ཁྲིམས་རིན་ཆེན། དེས་རྗེ་ལ་གནང་བར་བཤད་དེ་བརྒྱུད་ཚུལ་གཅིག་གོ། རྒྱལ་དབང་ལྔ་པ་ཆེན་པོའི་ལས་ཆོག་ཏུ་གངས་ཅན་ལྗོངས་འདིའི་སྡོམ་རྒྱུན་སྔ་ཕྱི་མཐའ་དག་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་འདི་ཉིད་ལས་བརྒྱུད་ཅེས་བཤད་དོ། །གཉིས་པ་མངོན་པ་གོང་འོག་གཉིས་ཀྱི་བརྒྱུད་པ་ནི། སངས་རྒྱས་ཀྱིས་མངོན་པའི་གཞུང་ཐོར་བུ་ཐོར་བུར་གསུངས་པ་རྣམས་ལ་ཤཱ་རིའི་བུ་སོགས་དགྲ་བཅོམ་པ་བདུན་གྱིས་དོན་བསྡུས་པའི་བསྟན་བཅོས་མཛད་པ་ལ་མངོན་པ་སྡེ་བདུན་དུ་གྲགས། དེས་ན་དགྲ་བཅོམ་པ་བདུན་པོ་དེ་རྣམས་མངོན་པའི་བླ་བརྒྱུད་ཡིན་ལ། མངོན་པ་སྤྱིའི་དབང་དུ་བྱས་ན་འོད་སྲུང་ཆེན་པོས་མངོན་པའི་གཞུང་བསྡུས་པ་ཡིན་ནོ། །ཕྱིས་སངས་རྒྱས་གཉིས་པ་དབྱིག་གཉེན་ཞབས་ཀྱིས་འདུས་བཟང་ལས་མངོན་པ་གསན་ནས་མངོན་པ་སྡེ་བདུན་གྱི་དོན་གཅེས་གཅེས་རྣམས་བསྡུས་པའི་ཆོས་མངོན་པ་མཛོད་ཅེས་བྱ་བའི་བསྟན་བཅོས་ཆེན་པོ་འདི་མཛད་དོ། །དེའི་སློབ་མ་ལ་མངོན་པའི་བརྒྱུད་འཛིན་མང་ཡང་གཙོ་བོ་ནི་བློ་བརྟན་ཞབས་ཡིན་ལ། འགྲེལ་པའི་བླ་བརྒྱུད་རྒྱ་གར་ན་གངས་སྤེལ་དང་རྒྱལ་པོ་སྲས་སོགས་མང་ཞིང་། བོད་དུ་ནི་མཛོད་ཀྱི་འཆད་ཉན་ཆེས་དར་བས་བླ་བརྒྱུད་ཀྱང་དེ་བཞིན་ནོ། །ཐོགས་མེད་ཞབས་ཀྱིས་ཐེག་པ་ཆེ་ཆུང་གཉིས་ཀའི་ཐུན་མོང་བའི་གནད་བསྡུས་པའི་མངོན་པ་ཀུན་ལས་བཏུས་པ་མཛད་དེ་མངོན་པ་གོང་མ་ཞེས་གྲགས་སོ། །བརྒྱུད་པ་ནི་ཐོགས་མེད། དབྱིག་གཉེན། ཕྱོགས་གླང་སོགས་སོ། །རྗེའི་གསན་ཡིག་ཏུ། རིགས་པའི་མངོན་པའི་དབང་དུ་མཛད་དེ། སངས་རྒྱས། འཇམ་དབྱངས། ཆོས་སྐྱོབ། མ་ཝཾ་ག །དབྱིག་གཉེན། ཕྱོགས་གླང་། ཆོས་གྲགས། ལྷ་དབང་བློ། ཤཱཀྱ་བློ། ཤེས་རབ་འབྱུང་གནས། ཆོས་མཆོག །ཛ་མ་རི། དུལ་བའི་ལྷ། ཤངྐ་རཱ་ནནྟ། ཝཾ་གུ །ཤཱཀྱ་ཤྲཱི། ས་སྐྱ་བ། རིགས་པའི་སེང་གེ་ཞེས་བཤད་དེ་ཚད་མ་རིགས་པའི་བླ་བརྒྱུད་ཀྱང་ཡིན་ནོ། །ལུང་དང་རིགས་པའི་མངོན་པའི་བླ་བརྒྱུད་ཀྱི་ཁྱད་པར་གང་ཞེ་ན། དགྲ་བཅོམ་བདུན་དང་། ཆོས་སྐྱོབ། ཐོགས་མེད། དབྱིག་གཉེན། བློ་བརྟན། གངས་སྤེལ། རྒྱལ་པོ་སྲས་སོགས་ནི་ལུང་གི་མངོན་པའི་བླ་བརྒྱུད་དང་། འཇམ་དབྱངས། ཕྱོགས་གླང་། ཆོས་གྲགས། ལྷ་དབང་བློ། ཤཱཀྱ་བློ། ཤེར་འབྱུང་། ཆོས་མཆོག་སོགས་ནི་རིགས་པའི་མངོན་པའི་བླ་བརྒྱུད་དོ། །གལ་ཏེ་ལུང་གི་མངོན་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་དགྲ་བཅོམ་པ་རྣམས་ཀྱིས་བསྡུས་པ་ཡིན་ལ། རིགས་པའི་མངོན་པ་ནི་གང་ལས་བཤད་སྙམ་ན། དེ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ཏེ། མདོ་དུ་མ་ལས་གང་སྐྱེས་པས་ཆོས་ཅན་དེ་འཇིག་པའི་ཆོས་ཅན་དུ་གསུངས་པ་སོགས་ཀྱིས་གཏན་ཚིགས་རིགས་པ་བསྟན་ཅིང་། དེ་ཅིའི་ཕྱིར་ཞེ་ན་ཞེས་པའི་ལན་དུ་དེའི་ཕྱིར་རོ་ཞེས་རྒྱུ་མཚན་བསྟན་པ་རྣམས་ཀྱིས་ཀྱང་གཏན་ཚིགས་བསྟན་པས་མཚོན་ཏེ་རྒྱལ་བའི་གསུང་རབ་རྣམས་ནི་གཏན་ཚིགས་རིགས་པ་བསྟན་པ་ཤིན་ཏུ་མང་ངོ་། །གསུམ་པ་དབུ་ཕར་གྱི་བརྒྱུད་རིམ་ནི། སྤྱིར་དབུ་ཕར་ཞེས་སོ་སོར་གྲགས་ཀྱང་དོན་ལ་དབུ་མ་ནི་ཕར་ཕྱིན་གྱི་ལྟ་བ་སྟོན་པའི་གཞུང་ཡིན་པས་ཕར་ཕྱིན་དུ་འདུས་སོ། །དེ་ཡང་ཕར་ཕྱིན་བརྒྱུད་པ་ལ་སྤྱོད་པའི་བརྒྱུད་པ་དང་། ལྟ་བའི་བརྒྱུད་པ་གཉིས་སུ་ངེས་ཤིང་། བརྒྱུད་པའི་གཞི་ནི་སངས་རྒྱས་ནས་ཡིན་ལ། སངས་རྒྱས་བཞུགས་པའི་དུས་སུ་ལྟ་སྤྱོད་ཀྱི་བརྒྱུད་པ་སོ་སོ་བ་མ་བྱུང་ཡང་། སངས་རྒྱས་ཀྱིས་བྱམས་པ་ལ་སྤྱོད་པའི་བརྒྱུད་འཛིན་གྱི་གཙོ་བོ་དང་། འཇམ་དབྱངས་ལ་ལྟ་བའི་བརྒྱུད་འཛིན་གྱི་གཙོ་བོར་དོན་གྱིས་བསྟན་ཅིང་། ཐོགས་མེད་དང་ཀླུ་སྒྲུབ་གཉིས་ཀྱི་ཆོས་བརྒྱུད་ཀྱང་དེ་གཉིས་ནས་བྱུང་སྟེ། བྱམས་པས་ཐོགས་མེད་ལ་སྤྱོད་པའི་ཕྱོགས་གཙོ་བོར་བཤད་ཅིང་། འཇམ་དབྱངས་ཀྱིས་ཀླུ་སྒྲུབ་ལ་ལྟ་བའི་ཕྱོགས་གཙོ་བོར་བཤད་པས་བརྒྱུད་པ་དེ་གཉིས་སོ་སོའི་ཐོག་མར་གྱུར་པའི་ཕྱིར་རོ། །བྱམས་པས་མདོ་སྡེའི་རྒྱན་ལས་སེམས་ཙམ་ལུགས་ཀྱི་ལྟ་བ་གཙོ་བོར་བཤད་ཀྱང་། མངོན་རྟོགས་རྒྱན་དང་རྒྱུད་བླ་མ་གཉིས་ལས་ནི་དབུ་མའི་ལྟ་བ་གཙོ་བོར་བཤད་པས་ལྟ་སྤྱོད་གཉིས་ཀའི་བརྒྱུད་པ་ཡང་ཡིན་ཏེ། མངོན་རྟོགས་རྒྱན་དང་མདོ་སྡེའི་རྒྱན་གཉིས་ལས་སྤྱོད་པའི་ཕྱོགས་གཙོ་བོར་བཤད་པའི་ཕྱིར་རོ། །འོན་ཀྱང་ཡུམ་རྒྱས་འབྲིང་བསྡུས་གསུམ་གསུངས་པའི་ཚེ་རབ་འབྱོར་གྱིས་བཤད་པ་དང་ཞུས་པ་མང་ལ། ཤཱ་རིའི་བུ། གང་པོ། བརྒྱ་བྱིན་དང་། བྱམས་པས་ཀྱང་ཞུས་ཤིང་གསུངས་པ་སྣང་ཡང་། འཇམ་དབྱངས་ཀྱིས་ཞུས་པ་མ་བྱུང་ངོ་། །འཇམ་དབྱངས་ཀྱིས་ཤེར་ཕྱིན་བདུན་བརྒྱ་པའི་ནང་དུ་ལྟ་བའི་ཕྱོགས་མང་དུ་གསུངས་ཤིང་། དཀོན་བརྩེགས་དང་མདོ་མང་གི་གཞུང་མང་པོ་ན་ལྟ་བའི་ཕྱོགས་བཤད་པ་ཤིན་ཏུ་མང་ངོ་། །གལ་ཏེ་འཇམ་དབྱངས་ལྟ་བའི་བརྒྱུད་འཛིན་གྱི་ཐོག་མ་ཡིན་འདུག་ཅིང་། རྒྱས་འབྲིང་བསྡུས་གསུམ་ནི་ལྟ་བ་སྟོན་པའི་གཞུང་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་རྒྱས་འབྲིང་བསྡུས་གསུམ་གསུངས་པའི་འཁོར་དུ་འཇམ་དབྱངས་འོང་དགོས་རྒྱུར་སྣང་ཡང་མ་བྱུང་བ་དེ་ཅི་ཞིག་སྙམ་ན། དོགས་པ་དེ་ནི་བདེན་ཡང་སྐྱོན་མེད་དེ། རྒྱས་འབྲིང་བསྡུས་གསུམ་གསུངས་པའི་འཁོར་གྱི་གཙོ་བོ་ལ་རབ་འབྱོར་བྱུང་ཞིང་། དེ་ཉིད་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པས་སོ། །རབ་འབྱོར་འཇམ་དབྱངས་ཀྱི་སྤྲུལ་པར་ཅི་ལྟར་ཤེས་ཞེ་ན། ཤེས་ཏེ། ཐུབ་དབང་ཞལ་པད་མའི་ཚིགས་བཅད་དང་པོས་རབ་འབྱོར་བསྟན་ཅིང་། གཉིས་པས་རིགས་ལྡན་གྲགས་པ་རབ་འབྱོར་གྱི་སྐྱེ་བརྒྱུད་དུ་བསྟན་ལ། རིགས་ལྡན་འཇམ་དཔལ་གྲགས་པ་ནི་འཇམ་དབྱངས་ཀྱི་སྤྲུལ་པ་དངོས་ཡིན་པར་ཚད་ལྡན་དུ་མས་བཤད་པ་ལས་ཤེས་པའི་ཕྱིར་རོ། །དེས་ན་བླ་བརྒྱུད་ནི། སངས་རྒྱས། བྱམས་པ། འཇམ་དབྱངས། ཀླུ་སྒྲུབ། ཐོགས་མེད། ཨཱརྱ་དེ་བ། དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། སེངྒེ་བཟང་པོ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། ཨ་ཝ་དྷཱུ་ཏཱི་པ། གསེར་གླིང་པ། ཇོ་བོ་ཆེན་པོ་སོགས་སོ། །དེ་ནི་མཚོན་པ་ཙམ་སྟེ། གཞན་ཡང་རྒྱས་བསྡུས་མི་འདྲ་བ་མང་ངོ་། །གཞན་ཡང་བྱམས་པ་ནས་བརྒྱུད་པ་དང་། འཇམ་དབྱངས་ནས་བརྒྱུད་པ་གཉིས་ཏེ། དང་པོ་ལ། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་སྡེ། དུལ་བའི་སྡེ། རྣམ་སྣང་མཛད། སེང་བཟང་། ཀུ་ས་ལི་ཆེ་ཆུང་གཉིས། གསེར་གླིང་པ་སོགས་དང་། གཉིས་པ་ལ། སངས་རྒྱས། འཇམ་དབྱངས། ཀླུ་སྒྲུབ། འཕགས་པ་ལྷ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། རིགས་པའི་ཁུ་བྱུག་ཆེ་ཆུང་། ཇོ་བོ་རྗེ་སོགས་སོ། །ཡང་ན། ཀླུ་སྒྲུབ། ཟླ་བ་གྲགས་ཞེས་སོགས་བྱ་སྟེ་རྒྱས་བསྡུས་སོ། །ཡང་། ཕར་ཕྱིན་ལ་དབུ་སེམས་ཀྱི་བརྒྱུད་པ་གཉིས་བྱུང་བ་ལྟར་ན། སེམས་ཙམ་སྟོན་པ་ལ། བྱམས་པ། ཐོགས་མེད། དབྱིག་གཉེན། བློ་བརྟན། ཕྱོགས་གླང་། ཆོས་གྲགས་ལ་སོགས་པ་སྟེ་མང་ངོ་། །དབུ་མ་བ་ལ་རང་རྒྱུད་པ་དང་། ཐལ་འགྱུར་བ་གཉིས་ཏེ། སློབ་དཔོན་ལེགས་ལྡན་འབྱེད་དང་། སངས་རྒྱས་བསྐྱངས་གཉིས་མ་བྱོན་གོང་དུ་དབུ་སེམས་གཉིས་སོ་སོར་མི་གཅོད་ཀྱང་། སློབ་དཔོན་དེ་གཉིས་ཀྱིས་ཐོགས་མེད་དང་ཀླུ་སྒྲུབ་ཀྱི་ལུགས་མི་འདྲ་བའི་སོ་སོ་བའོ་ཞེས་བྱས་ནས་ལྟ་བའི་སྒོ་ནས་དབུ་མའི་ལུགས་ལ་གཉིས་སུ་ཕྱེའོ། །དེའི་རྗེས་སུ་སློབ་དཔོན་ཞི་བ་འཚོས་རང་རྒྱུད་ཀྱི་སྲོལ་ལེགས་ལྡན་དང་ཅུང་མི་འདྲ་བ་ཞེས་བྱས་ནས་བཤད། སློབ་དཔོན་ཟླ་བ་གྲགས་པས་ནི། མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ཐུན་མོང་མ་ཡིན་པ་སངས་རྒྱས་བསྐྱངས་ཀྱིས་བཤད་པ་ལྟར་ཡིན་ནོ་ཞེས་བྱས་ནས་དེའི་རྗེས་སུ་འབྲངས་ནས་ལྟ་བ་འཆད་དེ། ཇོ་བོ་རྗེ་ཡང་ཟླ་བའི་རྗེས་སུ་འབྲང་ལ། རྗེས་ཀྱང་ཟླ་བའི་ལུགས་ཉིད་གཞིར་མཛད་ནས་ལྟ་བ་འཆད་ཅིང་རང་ཅག་ཀྱང་འདིའི་རྗེས་སུ་འབྲང་ངོ་། །འོན་ཀྱང་སེམས་ཙམ་པའི་ལུགས་ཀྱི་ལྟ་བ་འཛིན་པའི་སློབ་དཔོན་གྱི་གཙོ་བོ་ནི། དབྱིག་གཉེན། བློ་བརྟན། ཕྱོགས་གླང་། ཆོས་གྲགས་སོགས་མང་ཞིང་། ལྟ་བ་དེ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ནི་མཁས་པ་ཤནྟི་པ་ལ་སོགས་པ་མང་དུ་སྣང་ངོ་། །སྤྱིར་དབུ་སེམས་གཉིས་རེ་རེ་ལ་ཡང་ལྟ་སྤྱོད་གཉིས་རེ་སྟེ། དབུ་སེམས་གཉིས་ཀྱི་ལྟ་བ་ཐུན་མོང་མ་ཡིན་པ་འགལ་ཡང་སྤྱོད་ཕྱོགས་ནི་དབུ་སེམས་གཉིས་ཀ་ཐུན་མོང་བ་ཡིན་ཏེ། མདོ་སྡེའི་རྒྱན་ནས་བཤད་པའི་ཕྱིན་དྲུག་སོགས་སྤྱོད་ཕྱོགས་རྣམས་དབུ་མ་པས་ཀྱང་ཉམས་སུ་ལེན་དགོས་པར་རྗེ་ཉིད་ཀྱིས་བཤད་པའི་ཕྱིར་རོ། །ཀླུ་སྒྲུབ་དང་ཐོགས་མེད་ལུགས་ཀྱི་གདམས་པའི་ཆུ་བོ་ཆེན་པོ་གཅིག་ཏུ་འདྲེས་པ་ནི་ཇོ་བོ་རྗེ་ནས་ཡིན་ལ། དེ་ཡང་ཇོ་བོས་གསེར་གླིང་པ་ལ་བརྟེན་ནས་བྱམས་པ་དང་ཐོགས་མེད་སྐུ་མཆེད་ནས་བརྒྱུད་པ་དང་། ཀུ་ས་ལི་ཆེ་ཆུང་བརྟེན་ནས་ཀླུ་སྒྲུབ་དང་ཟླ་གྲགས་ནས་བརྒྱུད་པའི་གདམས་པ་གསན་ནས་བོད་དུ་བཀའ་གདམས་བསྟན་པའི་སྲོལ་བཙུགས་སོ། །རྗེ་ཉིད་ཀྱིས་ཀྱང་། ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པ། །གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། །ཅེས་གསུངས་པ་ལྟར་རོ། །ཇོ་བོ་རྗེས་ནས་འབྲོམ་སྟོན་རིན་པོ་ཆེ་དང་། དེ་ནས་བརྒྱུད་པ་མི་འདྲ་བ་འགའ་རེ་སྣང་ཡང་གཅིག་ནི། དགོན་པ་པ། སྣེའུ་ཟུར་པ། ཐག་མ་པ། ནམ་མཁའ་སེང་གེ ནམ་མཁའ་རྒྱལ་པོ། སེང་གེ་བཟང་། རྒྱལ་སྲས་བཟང་པོ། ནམ་མཁའ་རྒྱལ་མཚན། རྗེ་རིན་པོ་ཆེ་སོགས་སོ། །ཡང་གཅིག་ནི་ཇོ་བོ། འབྲོམ་སྟོན། པོ་ཏོ་བ། ཤ་ར་བ། འཆད་ཁ་པ། སྤྱིལ་བུ་པ། ལྷ་ཆེན་པོ། ལྷ་འགྲོ་བའི་མགོན་པོ། ཟངས་ཆེན་པ། མཚོ་སྣ་པ། མོན་གྲ་པ། ཆོས་སྐྱོབ་བཟང་པོ། རྗེའོ། །འདི་དག་ལམ་རིམ་དང་ལམ་སྒྲོན་བརྒྱུད་པ་དང་། ཕར་ཕྱིན་བརྒྱུད་པ་ཡང་ཡིན་ནོ། །རྗེ་ནས་རྒྱལ་ཚབ། མཁས་གྲུབ། འདུལ་འཛིན། ཤེས་རབ་སེང་གེ་སོགས་ལ་བརྒྱུད་པ་མང་ཡང་། མདོར་ན་གཙང་ཕྱོགས་དང་དབུས་ཕྱོགས་སུ་བརྒྱུད་པ་གཉིས་སོ། །འོན་ཀྱང་རྗེ་བཙུན་ཤེས་རབ་སེང་གེ་ནས་གཙང་དང་དབུས་གཉིས་ལ་བརྒྱུད་པ་ནི་ད་ལྟ་གྲགས་ཆེ་ལ། བློ་སྦྱོང་གི་བརྒྱུད་པ་འགའ་རེ་སྣང་སྟེ་ཕར་ཕྱིན་གྱི་བརྒྱུད་པའི་ཕྱོགས་སོ། །དེ་དག་ནི་ཉ མས་ལེན་བརྒྱུད་པའི་དབང་དུ་བྱས་ལ། ཕར་ཕྱིན་གྱི་བཤད་སྲོལ་འཆད་ཉ ན་གྱི་བརྒྱུད་པ་ད་ལྟ་མངོན་རྟོགས་རྒྱན་ཊཱིཀྐ་སྤྱི་དོན་མཐའ་གཅོད་ལ་ཐོས་བསམ་བྱེད་པ་ནི། སེར་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ་ལ་སོགས་གྲྭ་ས་ཐམས་ཅད་དུ་དར་རོ། །བཞི་པ་སྔགས་ཕྱོགས་ཀྱི་བརྒྱུད་པ་ལ་རྒྱུད་སྡེ་བཞིའི་དབང་དུ་བྱས་ན། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་མེད་ཀྱི་བླ་བརྒྱུད་དང་བཞི་ལས། དང་པོ་ལ། གསང་བ་སྤྱི་རྒྱུད་ཀྱི་བླ་བརྒྱུད་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏ་རི། བ་རི་ལོཙྪ་བ། ས་ཆེན་པ། རྗེ་བཙུན་བསོད་ནམས་རྩེ་མོ། ས་སྐྱ་པཎྜི་ཏ། ཁང་སྟོན། སངས་རྒྱས་སྲས། བདེ་བ་ཅན་པ། སེང་རྒྱལ་བ། རྒྱང་ཏོ་བ། ཤང་སྟོན་པ། རྟོགས་ལྡན་པ། རྗེའོ། །ཡང་བསམ་གཏན་ཕྱི་མ་དང་ལེགས་གྲུབ་ཀྱི་བརྒྱུད་རིམ་ནི། སངས་རྒྱས། འཇམ་དཔལ། ཛེ་ཏ་རི། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་པ། ས་ཆེན། རྗེ་བཙུན་པ་ནས་རྗེའི་བར་རོ། །དེ་དག་ནི་བྱ་བ་སྤྱིའི་བརྒྱུད་པ་ཡིན་ལ། སོ་སོའི་བརྒྱུད་པ་མང་ཡང་མཚོན་ཙམ་ཞིག་གདུགས་དཀར་དབང་བརྒྱུད་ནི། སངས་རྒྱས། གདུགས་དཀར། ཙནྡྲ་གོ་མི། གི་ར་ཝ་ཏི། རྡོ་རྗེ་རྣོན་པོ། པདྨ་ལྕགས་ཀྱུ། རིན་ཆེན་རྡོ་རྗེ། སད་ཛ་ན། མཧཱ་ཛ་ན། ལྕགས་སྟོན། བསྟན་པ་ཡེ་དབང་། གདོང་སྟོན། སྤུ་སྟོན་སོགས་ནས་རྗེའོ། །རྣམ་རྒྱལ་ལྷ་དགུའི་དབང་བརྒྱུད་གཅིག་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་བ། ས་ཆེན། རྩེ་མོ། རྗེ་བཙུན་པ། ཆོས་རྗེ་བ། ས་ལུང་པ། རྒན་མོ་ལྷས་པ་ནས། བུ་སྟོན། གྲགས་ཤེ་བ། རྗེ་སོགས་སོ། །ཚེ་དཔག་མེད་ལྷ་དགུ་ནི། སངས་རྒྱས། ཛེ་ཏ་རི། བྷོ་དྷི་བྷ་དྲ། ཏིང་འཛིན་བཟང་། རྡོ་རྗེ་གདན་པ། བ་རི་བ། མཆིམས་བརྩོན་སེང་ནས། བླ་མ་ཆོས་དཔལ་པ། རྗེ་རིན་པོ་ཆེ་སོགས་དང་། ཡང་། ཚེ་དཔག་མེད། སྙིང་པོའི་ཞབས། ཛེ་ཏ་རི། བྱང་ཆུབ་བཟང་། རྡོ་རྗེ་གདན་པ། བ་རི་བ་ནས། ཆོས་རྗེ་དོན་རིན་པ། རྗེ་རིན་པོ་ཆེ་སོགས་སོ། །མི་འཁྲུགས་པའི་དབང་བརྒྱུད་ནི། སངས་རྒྱས། ཛེ་ཏ་རི། གསེར་གླིང་པ། ཇོ་བོ་རྗེ། ལོ་ཆེན་རིན་ཆེན་བཟང་། ཆོས་བློ། ཝང་ཁྲི། སྒྲོག་སྟོན་ནས། བུ་སྟོན། ཁྱུང་ལྷས། རྗེ་རིན་པོ་ཆེ་སོགས་སོ། །རྣམ་འཇོམས་ཀྱི་བླ་བརྒྱུད་ནི། སངས་རྒྱས། ཕྱག་རྡོར། ས་བ་རི་བ། ཛ་བ་རི་བ། དེ་བ་བུདྡྷ་མ་ཏི། ཆོས་བཟང་པོ་སོགས་སོ། །གཉིས་པ་སྤྱོད་རྒྱུད་ཀྱི་བརྒྱུད་རིམ་ནི། སངས་རྒྱས། འཇམ་དབྱངས། ཛེ་ཏ་རི། ཨ་ཤྭ་ཀ་ཤྲཱི། རོལ་པའི་རྡོ་རྗེ། དོན་ཡོད་རྡོ་རྗེ། བ་རི་བ། མཆིམས་བརྩོན་སེང་ནས། བུ་སྟོན་རིན་པོ་ཆེ། ཁྱུང་ཆེན་པ། རྗེ་རིན་པོ་ཆེ་སོགས་སོ། །སྤྱོད་རྒྱུད་འདི་བྱ་རྒྱུད་ལྟར་དར་སོ་ཆེ་བར་མི་སྣང་བས་བརྒྱུད་པ་ཡང་ཉུང་ངོ་། །གསུམ་པ་རྣལ་འབྱོར་ཡོ་གའི་བླ་མའི་བརྒྱུད་རིམ་ལ་མང་པོ་ཞིག་འདུག་ཀྱང་གཙོ་བོ་འགའ་ཞིག་བརྗོད་ན། རྡོ་རྗེ་དབྱིངས་ཀྱི་བཀའ་དབང་དང་། རྡོ་རྗེ་འབྱུང་བའི་བཤད་བཀའི་བརྒྱུད་རིམ་ནི། སངས་རྒྱས། ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། དཔའ་བོ་རྟ་ཕལ། ཡེ་ཤེས་རྡོ་རྗེ། ཀུན་དགའ་སྙིང་པོ། སངས་རྒྱས་གསང་བ། པྲཛྙཱ་ཝ་ལི་ཏ། རབ་འབྱོར་བསྐྱངས། དྷརྨཱཿཔཱ་ལ། ལོ་ཆེན། བརྩོན་རྒྱལ་ནས། འཕགས་འོད། བུ་སྟོན། ཁྱུང་ཆེན་པ། རྗེ་སོགས་སོ། །དཔལ་མཆོག་རིགས་བསྡུས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་རྡོར། རབ་ཟླ་གསལ། རྒྱལ་པོ་སྒྲ་གཅན་འཛིན། ཀུན་སྙིང་། པྲཛྙཱ་ཝ་ལི་ཏ། པྲཛྙཱ་བོ་དྷི། དྷརྨཱ་པཱ་ལ་ནས། ཁྱུང་ལྷས། རྗེ་སོགས་སོ། །གཙུག་དགུའི་དབང་བརྒྱུད་གཅིག་ནི། སངས་རྒྱས། ཕྱག་རྡོར། ཛྙཱ་ན་ཤྲཱི་མི་ཏྲ། ངག་གི་དབང་ཕྱུག་གྲགས་པ། ཨ་བྷྱ་ཡ་ཀ་ར། རྡོ་རྗེ་གདན་པ་ན། རྗེ་སོགས་སོ། །ཀུན་རིག་གི་དབང་བརྒྱུད་ནི། རྣམ་སྣང་། ཛེ་ཏ་རི། ཀུན་སྙིང་། རབ་འབྱོར་བསྐྱངས། ནཱ་ཡ་ཀ མཻ་ཏྲི་པ། རྡོ་རྗེ་གདན་པ། ནིསྐ་ལཾ་ཀ རེ་ཝནྟྲ། ཆག་ཆོས་རྗེ་དཔལ། གཡག་སྡེ་ལོཙྪ་བ། ལོ་མཆོག དཔལ་ལྡན་པ། བུ་སྟོན། ཁྱུང་ལྷས་པ། རྗེ་སོགས་སོ། །རྒྱུད་འགྲེལ་གྱི་བརྒྱུད་པ་ནི། སློབ་དཔོན་ཀུན་སྙིང་། སངས་རྒྱས་གསང་བ། ཀ་མ་དྷེ་ནུ། རྡོ་རྗེ་གོ་ཆ་སོགས་སོ། །རྡོ་རྗེ་རྩེ་མོའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཀུན་སྙིང་། པྲཛྙཱ་སིདྡྷི། པྲཛྙཱ་ཝ་ལི་ཏ། རབ་འབྱོར་བསྐྱངས། ཤྲདྡྷ་ཀ་ར། པདྨ་ཀཱ་ར་ནས། གྲགས་པ་རྒྱལ་མཚན། རྗེ་ལ་སོགས་པའོ། །མཚན་བརྗོད་ལ་རྣལ་འབྱོར་རྒྱུད་དང་བླ་མེད་ཀྱི་བརྒྱུད་ཚུལ་གཉིས་བཤད་ཀྱང་། དང་པོ་ནི། སངས་རྒྱས། འཇམ་དཔལ་བཤེས་གཉེན། འཇམ་དཔལ་གྲགས་པ། ཨ་བ་དྷཱུ་ཏཱི་པ། གཉིས་མེད་སྦས་པ། སྒེག་རྡོར། སྨྲྀ་ཏི། ཙཎྜ་གོ་མི་ལ་སོགས་པའོ། །བཞི་པ་བླ་མེད་ཀྱི་བླ་མའི་བརྒྱུད་རིམ་ལ་རྣམ་གྲངས་མང་ཡང་གཙོ་བོ་རྣམས་བརྗོད་ན། ཐོག་མར་འཇིགས་བྱེད་བཅུ་གསུམ་མའི་དབང་བརྒྱུད་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། ལཱ་ལི་ཏ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྤས་པ། པདྨ་བཛྲ། དཱི་བཾ་ཀཱ་ར། རྡོ་རྗེ་གྲགས་པ། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང་གེ རྗེ་བཙུན་རྒྭ་ལོ། རོང་པ་ཤེར་སེང་། བླ་མ་ཡེ་ཤེས་དཔལ། ཆོས་རྗེ་དོན་རིན་པ། རྗེ་རིན་པོ་ཆེ་སོགས་ཏེ། བརྒྱུད་ཚུལ་གཞན་ཡང་ཡོད་དོ། །གཤེད་དམར་ལྷ་ལྔའི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་། བྷིཪྺ་པ། ཌོཾ་བྷི་བ། བི་ར་ཊི་པ། མ་ཏི་པ། ནཱིསྐ་ལཾ་ཀ རེ་ཝནྟྲ། ཆག་ལོ། གཡུང་ཕུག་པ་སོགས་སོ། །གཤེད་དམར་བཅུ་གསུམ་མའི་དབང་བརྒྱུད་ནི། རྡོ་རྗེ་འཆང་། དཔལ་འཛིན། བི་ར་ཊི་པ། མ་ཏི་པ་སོགས་དང་། གཤེད་དམར་གྱི་རྣལ་འབྱོར་བཞིའི་བརྒྱུད་པ་ནི། གཤིན་རྗེ་གཤེད། དཔལ་འཛིན། བི་ཊི་པ། མ་ཏི་པ། ཛ་མ་རི། དཪྦ་ན་ཨཱ་ཙརྱ། ས་པ། ལོ་མཆོག་ནས། རྗེ་ལ་སོགས་པའོ། །གཤིན་རྗེ་གཤེད་དགྲ་ནག་གི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། བུདྡྷ་ཤྲཱི་ཛྙཱ་ན། དཱི་པཾ་ཀ་ར་བྷ་དྲ། ནཱེ་ལ་བཛྲ། སུ་ཧུ་སུ་ར་པ། ཤ་ན་ན། ཨ་པ་ལི་ན་པ་ནས། གཏན་བཟང་བ། རྗེ་སོགས་སོ། །རྟོག་བདུན་དང་རྟོག་གསུམ་གྱི་བརྒྱུད་རིམ་ནི། རྡོ་རྗེ་འཆང་། ཌཱ་ཀི་མ། ལཱ་ལི་ཏ། ཨ་མོ་གྷ་བཛྲ་ནས། དཔལ་ལྡན་སེང་གེ རྒྱང་ཏོ་པ། ཞང་སྟོན། རྟོགས་ལྡན་པ། རྗེ་ལ་སོགས་པའོ། །ཕྱག་རྡོར་འཁོར་ཆེན་གྱི་བླ་བརྒྱུད་ནི། མཁའ་འགྲོ་སེང་གདོང་ཅན། ཤ་བ་རི། ཛ་ཝ་རི། དེ་བ་བུདྡྷ་མ་ཏི། འགར་ཆོས་བཟང་། རིན་ཆེན་དངོས་གྲུབ། དམར་ཆོས་རྒྱལ། ཤེས་རབ་བླ་མ། ཤེར་འབུམ་ནས་རྗེ་ལ་སོགས་པའོ། །ཀྱཻ་རྡོར་གྱི་བླ་བརྒྱུད་གཅིག་ནི། རྡོ་རྗེ་འཆང་། བདག་མེད་མ། བིཪྺ་པ། ནག་པོ་པ། ཌཱ་མ་རཱུ་པ། ཨ་ཝ་དྷཱུ་ཏཱི་བ། ག་ཡ་དྷ་ར། འབྲོག་མི། སེ་མཁར་ཆུང་བ། ཞང་དགོན་པ། ས་སྐྱ་པ། སློབ་དཔོན་པ། རྗེ་བཙུན་ཆེན་པོ། བླ་མ་ཆོས་རྗེ། བླ་མ་འཕགས་པ། མཆོག་ལྡན་པ། དཔལ་ལྡན་པ། གྲགས་པ་རྒྱལ་མཚན། དཀོན་མཆོག་རིན་ཆེན། རྗེ་ལ་སོགས་པའོ། །གདན་བཞིའི་བརྒྱུད་རིམ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། པཎྜི་ཏ་བི་མ་ཤྲཱི། རི་བྷ་བ། སུ་མན་ཤྲཱི། རཏྣ་ཀཱ་ར། ཨ་མ་ལ་བྷ་དྲ། ཕ་ལ་ཤྲཱི། སུ་མ་ན་ཤྲཱི། བུ་སྟོན། རིན་ཆེན་རྣམ་རྒྱལ། རྗེ་སོགས་དང་། གཞན་ཡང་དེའི་དབང་བརྒྱུད་ལ། ཀླུ་སྒྲུབ། ཨཱརྱ་དེ་བ། ཤེར་བཟང་། སུ་ལ་ཧ་རི་བ། མར་པ་ལོཙྪ་སོགས་དང་། ཡང་། རྡོ་རྗེ་འཆང་། ཕྱག་རྡོར། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀླུ་སྒྲུབ། འཕགས་པ་ལྷ། ཏཻ་ལོ། ནཱ་རོ། མར་པ་ནས་རྗེ་ལ་སོགས་པའོ། །སཾ་བྷུ་ཊི་ལ་བརྒྱུད་ལུགས་གསུམ་ལས། རྡོ་རྗེ་འཆང་། མཁའ་འགྲོ་མ་སྐལ་བཟང་། གུ་རུ་ཨཱ་ཙརྱ། ཏཻ་ལོ་པ། ནཱ་རོ་པ། འཇིགས་མེད་གྲགས་པ་སོགས་པ་དང་། ཡང་། མཁའ་འགྲོ་མ། ནག་པོ་པ། དྷ་མ་པ། དེ་བ་པ། ཛེ་ཏ་རི། ཡན་ལག་མེད་པའི་རྡོ་རྗེ། དྷརྨ་ཀ་ར་མ་ཏི་སོགས་དང་། ཡང་། ཀྱཻ་རྡོར། པདྨ་བཛྲ། སློབ་དཔོན་པདྨ། ཨིནྡྲ་བོ་དྷི་ཆུང་བ། ལེགས་སྨིན་ཀ་ར། ཛྙཱ་ན་བྷོ་དྷི་ནས་རྗེ་སོགས་སོ། །སངས་རྒྱས་ཐོད་པ་ལྷ་དགུ་མའི་བརྒྱུད་པ་ནི། ཀྱཻ་རྡོར་ནས། ཆོས་རྗེ་བསོད་རྒྱལ། ཁྱུང་ཆེན་པ། སློབ་དཔོན་རྒྱལ་མཚན་གྲགས་ལ་སོགས་པའོ། །མ་ཧཱ་མ་ཡའི་དབང་བརྒྱུད་ནི། རྡོ་རྗེ་འཆང་། རྡོ་རྗེ་སྙིང་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀུ་རེ་པ། མཚོ་སྐྱེས། ཌོཾ་བྷི་བ་། ཏཻ་ལོ་པ། ནཱ་རོ་པ། བལ་པོ་པཎྜི་ཏ། ཞི་བ་བཟང་པོ། མར་པ་ཆོས་བློ། རྔོག་ཆོས་རྡོར་ནས། རྟོགས་ལྡན་པ། རྗེ་ལ་སོགས་པའོ། །བདེ་མཆོག་ལཱུ་ཧི་པའི་དབང་དང་རྩ་རྒྱུད་ཀྱི་བཤད་པའི་བརྒྱུད་རིམ་ལ་ལྔ་ལས། དང་པོ་ས་ལུགས་ནི། རྡོ་རྗེ་འཆང་། ཕྱག་རྡོར། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི། ལཱུ་ཧི་པ། དཱ་རི་ཀ་པ། དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་རི་པ། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ཕམ་མཐིང་པ། ཀློག་སྐྱ་ཤེས་རབ་བརྩེགས། མལ་གྱོ་ལོཙྩ་བ། ས་ཆེན་པ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་པཎ། རིགས་པ་སེངྒེ། སངས་རྒྱས་འབུམ། ལེགས་པའི་བློ་གྲོས། དཔལ་ལྡན་པ། བུ་སྟོན། ཁྱུང་ལྷས་པ། རྗེ་ལ་སོགས་པའོ། །གཉིས་པ་ཇོ་བོའི་ལུགས་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལཱུ་ཧི་པ། དཱ་རི་ཀ་པ། ཏཻ་ལོ་པ། ནཱ་རོ་པ། ཤཱནྟི་པ། ཇོ་བོ་རྗེ། རོང་པ་མགར་དགེ །ལྷ་རྗེ་སྟོད་པ། སྟེང་ཤོད་པ་གཉིས་པ་ལ་སོགས་པའོ། །གསུམ་པ་ལོ་ཆུང་ལུགས་ནི། རྡོ་རྗེ་ཕག་མོ། ལཱུ་ཧི་པ། ཌཻཾ་ཀི་པ། དཱ་རི་ཀ་པ། དྲིལ་བུ་པ། ཛ་ལནྡྷ་རི་པ། ནག་པོ་སྤྱོད་པ། དགེ་བའི་མགོན་པོ། རུས་སྦལ་ཞབས་ལ་སོགས་པའོ། །བཞི་པ་གཉོས་ལུགས་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ནག་པོ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། ལྷ་ལ་དད་པ། ཕམ་མཐིང་པ་སོགས་སོ། །ལྔ་པ་མར་དོའི་ལུགས་ནི། རྡོ་རྗེ་འཆང་། མཁའ་འགྲོ་མ། ལཱུ་ཧི་པ། ཌཻཾ་ཀི་པ། ལྭ་ཝ་པ། ཨིནྡྲ་བྷཱུ་ཏི། ཀ་ཙ་པ། དྲིལ་བུ་པ། ཛ་ལནྡྷ་རི་པ། ནག་པོ་པ། ཀུ་ཤ་ལ་ན། ཏཻ་ལོ་པ། ནཱ་རོ་པ་ནས། བུ་སྟོན་པ། ཆོས་དཔལ་བ། རྗེ་རིན་པོ་ཆེ་ལ་སོགས་པའོ། །བདེ་མཆོག་ནག་པོ་པའི་དབང་བརྒྱུད་ནི། རྡོ་རྗེ་འཆང་། ཕྱག་རྡོར། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི། ལཱུ་ཧི་པ་ནས་གོང་གི་དབང་བརྒྱུད་དང་འདྲ་ལ། གཞན་ཆོས་རྗེ་ས་སྐྱ་བ། ཆོས་རྒྱལ་འཕགས་པ། དགའ་ལྡན་པ། དཀོན་མཆོག་དཔལ། བསོད་ནམས་འབུམ་ལ་སོགས་པའོ། །བདེ་མཆོག་དྲིལ་བུ་པའི་ལུས་དཀྱིལ་གྱི་དབང་བརྒྱུད་ལ་གཉིས་ལས། དང་པོ་ནི། གོང་གི་ས་ལུགས་དང་འདྲ་ལ། གཉིས་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། དྲིལ་བུ་བ། དཱ་རི་ཀ་པ། དགའ་བའི་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། ཨ་བྷྱ་ཡ། དེ་བ་པཱུརྞ། ཤཱཀྱ་ཤྲཱི་ལ་སོགས་པའོ། །དྲིལ་བུ་ལྷ་ལྔའི་དབང་བརྒྱུད་ནི། རྡོ་རྗེ་འཆང་། དྲིལ་བུ་པ། ལངྐ་ལིང་པ། ནག་པོ་སྤྱོད་པ། དགེ་བའི་མགོན་པོ། ཏཻ་ལོ་པ། ནཱ་རོ་པ། མ་ན་ཀ་ཤྲཱི། ཀ་ན་ཀ་ཤྲཱི། ཕམ་མཐིང་པ། འཇིགས་མེད་གྲགས། སུ་མ་ཏི་ཀཱིརྟི། མར་དོ། བློ་ལྡན་སེང་གེ ཇོ་བདེ། ཤག་རྡོར། ཆོས་མགོན། ལོ་མཆོག །དཔལ་ལྡན་པ། བུ་སྟོན། ཁྱུང་ཆེན་པ། རྗེ་ལ་སོགས་པའོ། །བདེ་མཆོག་སྡོམ་འབྱུང་གི་དབང་བརྒྱུད་ནི། རྡོ་རྗེ་འཆང་། ལཱུ་ཧི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་རི་བ། དཔེ་མེད་དཔལ། རིན་ཆེན་འབྱུང་གནས་སྦས་པ། དགེ་བའི་འབྱུང་གནས་ལ་སོགས་པའོ། །མི་ཏྲ་ལུགས་ཀྱི་བདེ་མཆོག་བཅུ་གསུམ་མའི་དབང་བརྒྱུད་ནི། རྡོ་རྗེ་འཆང་། བྱང་སེམས་བློ་གྲོས་རིན་ཆེན། ས་ར་ཧ། མཻ་ཏྲི་པ། རོལ་པའི་རྡོ་རྗེ། མི་ཏྲ་ཛོ་ཀི ཁྲོ་ཕུ་པ་ལ་སོགས་པའོ། །གསང་འདུས་ལ་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་ཀྱི་དང་པོ་ལ་བརྒྱུད་ཚུལ་བདུན་བཤད་ཀྱང་འདིར་མར་འགོས་ཀྱི་བརྒྱུད་པའི་དབང་དུ་བྱས་ན། མར་པའི་ལུགས་ནི། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ཀླུ་སྒྲུབ། མ་ཏཾ་གི་པ། ཏཻ་ལོ་པ། ནཱ་རོ་པ། མར་པ། མཚུར་སྟོན་དབང་རྡོར། གད་པ་ཀཱིརྟི། བསོད་ནམས་རིན་ཆེན། ཚུལ་ཁྲིམས་སྐྱབས། འཕགས་པ་སྐྱབས། གཞོན་ནུ་འོད། དགེ་སྡིངས་པ་ཆོས་འོད། འཕགས་འོད། བུ་སྟོན། ཁྱུང་ལྷས། རྗེ་ལ་སོགས་པའོ། །མར་ལུགས་ཀྱི་གྲུབ་ཐོབ་ཉམས་བརྒྱུད་ནི། རྡོ་རྗེ་འཆང་། ཨིནྡྲ་བྷོ་དྷི། ཌཱ་ཀི་བདེ་བ། ཌོཾ་བྷི་ཧེ་རུ་ཀ དྲིལ་བུ་པ། ཡན་ལག་མེད་པའི་རྡོ་རྗེ། ཀམ་པ་ལ་བ། ནག་པོ་པ། ཏཻ་ལོ་པ། ནཱ་རོ་པ། མར་པ་སོགས་སོ། །དེ་ལུགས་ཀྱི་པཎྜི་ཏའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཨིནྡྲ་བྷོ་དྷི། ས་ར་ཧ་པ། ཀླུ་སྒྲུབ། མ་ཏཾ་གི ཏཻ་ལོ་པ། ནཱ་རོ་པ། མར་པ་དང་། ཡང་ཟླ་གྲགས། རིག་པའི་ཁུ་བྱུག །ཨ་བ་དྷཱུ་ཏཱི་པ། ནག་པོ་པ། དྲི་མེད་བློ་གྲོས། ཡེ་ཤེས་སྙིང་པོ་ལ་སོགས་པའོ་ཞེས་བཤད་དེ། གྲུབ་ཐོབ་བརྒྱུད་པར་ཡང་སྣང་ངོ་། །གཉིས་པ་འགོས་ལུགས་ནི། རྡོ་རྗེ་འཆང་། ཕྱག་རྡོར། ཨིནྡྲ་བྷོ་དྷི། ཀླུའི་རྣལ་འབྱོར་མ། རྒྱལ་པོ་བི་པུ་ཀམྤ། ས་ར་ཧ། ཀླུ་སྒྲུབ། ཨཱརྱ་དེ་བ། ཤཱཀྱ་བཤེས་གཉེན། ཀླུ་བྱང་། ཟླ་བ་གྲགས་པ། སློབ་པའི་རྡོ་རྗེ། ནག་པོ་སྤྱོད་པ། ས་འདྲེས། མར་མེ་མཛད། དེ་བ་ཨ་ཀཱ་ར། བིརྱ་བྷ་དྲ། རྗེ་རིན་པོ་ཆེ་། འགོས། མངར་བ་སེངྒེ་རྒྱལ་མཚན། རྔོག་ཡེ་ཤེས་སེངྒེ། ཉེ་མ་སེངྒེ། ཨཱརྱ་དེ་བ། ཉི་མ་ལྕམ། རིན་ཆེན་གྲགས། ཚུལ་ཁྲིམས། འཕགས་པ་སྐྱབས། ཆོས་སྐུ་འོད་ཟེར། འཕགས་འོད། བུ་སྟོན། ཁྱུང་ལྷས་པའམ། ཡང་ན། བསོད་ནམས་རྒྱལ་མཚན། སྒྲ་བསྒྱུར་ནམ་མཁའ་བཟང་པོ། རྗེ་བཙུན་རེ་མདའ་པ་ཆེན་པོ། རྗེ་ལ་སོགས་པའོ། །རྒྱལ་དབང་ལྔ་པ་ཆེན་པོས་བཀའ་བབས་བདུན་བཤད་དེ། དང་པོ་ནི། སྔར་བཤད་པའི་འགོས་ལུགས་དང་འདྲ་ཡང་རྗེ་ནས་བརྒྱུད་པ་གཞན་མང་དུ་འབྱུང་། བཀའ་བབས་གཉིས་པ་མར་ལུགས་ཏེ། རྡོ་རྗེ་འཆང་། ཨིནྡྲ་བྷོ་དྷི། ཌཱ་ཀི་དེ་བའི་ཞབས། ཌོཾ་བྷི་ཧེ་རུ་ཀ་ལ་སོགས་པ་གྲུབ་ཐོབ་ཉམས་བརྒྱུད་དང་འདྲའོ། །གསུམ་པ་ཡང་མར་ལུགས་ཏེ། ཀླུ་སྒྲུབ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། མ་ཏཾ་གི ཏཻ་ལོ། ནཱ་རོ་སོགས་མི་འདྲ་བ་ཞིག་བཤད། བཞི་པ་ཇོ་བོའི་ལུགས་ཏེ། རྡོ་རྗེ་འཆང་། ཨིནྡྲ་བྷོ་དྷི། ནཱ་ག་ཛོ་ཀི ས་ར་ཧ། ཀླུ་སྒྲུབ། ཟླ་གྲགས། རིག་པའི་ཁུ་བྱུག ཀུ་ས་ལི་ཆེ་ཆུང་། ཇོ་བོ་རྗེ། རོང་པ་འགར་དགེ་ལ་སོགས་པའོ། །ལྔ་པ་ནི་ཆག་ལུགས་ཏེ། ཀླུ་སྒྲུབ་ནས། ཤཱཀྱ་བཤེས་གཉེན། ཨཱརྱ་དེ་བ། ཀླུ་བྱང་། རྟ་དབྱངས། རོལ་པའི་རྡོ་རྗེ། དྲིལ་བུ་པ། ཛ་ལནྡྷ་རི་བ། དཔེ་མེད་དཔལ་ལ་སོགས་པའོ། །དྲུག་པ་ནི་ས་ལུགས་ཏེ། རྡོ་རྗེ་འཆང་། ཕྱག་རྡོར། ཀླུ་སྒྲུབ། ཨཱརྱ་དེ་བ། ཤཱཀྱ་བཤེས་གཉེན། ཟླ་གྲགས། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་ལ་སོགས་པའོ། །བདུན་པ་ནི་དཔྱལ་ལུགས་ཏེ། ས་ལུགས་དང་འདྲ་ཡང་། ཁ་ཆེ་པཎ་ཆེན། ས་སྐྱ་པཎ་ཆེན། འོད་ཟེར་ཤཱཀྱ། དར་མ་ཤེས་རབ། རིན་ཆེན་དཔལ། རྒྱལ་མཚན་རིན་ཆེན་ལ་སོགས་པའོ། །གསང་འདུས་ཡེ་ཤེས་ཞབས་ལུགས་ནི། ཨ་ཝ་དྷཱུ་ཏི་པ། ཡེ་ཤེས་ཞབས། མར་མེ་མཛད། ཀུན་དགའ་སྙིང་པོ། ཐ་ག་ན། ཤནྟི་པ། ཤྲ་དྷ་ཀ་ར། པདྨ་ཀཱ་ར་ནས། བུ་སྟོན། ཁྱུང་ཆེན་པ། རྗེ་ལ་སོགས་པའོ། །གཞན་ཡང་རྡོ་རྗེ་འཕྲེང་བའི་དབང་བརྒྱུད་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཨ་བྷྱ་ཀ་ར། ནཱ་ཡ་ཀ་པ། ད་ཤ་པཱ་ལ། བི་ཀུ་ཏ་དེ་བ། ཁ་ཆེ་པཎ་ཆེན་ལ་སོགས་པའོ། །དུས་འཁོར་གྱི་བརྒྱུད་པ་ལ་ར་འབྲོ་གཉིས་ལས། དང་པོ་ནི། སངས་རྒྱས། ཟླ་བཟང་། ལྷ་དབང་། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷ་དབང་ལྡན། འཇམ་དཔལ་གྲགས། པད་དཀར། ཙི་ལུ་པ། བིཎྜ་ཨཱ་ཙརྱ། དུས་ཞབས་ཆེ་བ། མཉྫུ་ཀཱིརྟི། ས་མཱནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ་ལ་སོགས་པ་དང་། འབྲོ་ལུགས་ནི། པད་དཀར་ཡན་སྔར་ལྟར་ལ། བཟང་པོ་རྣམ་རྒྱལ། བཤེས་གཉེན་བཟང་པོ། ཕྱག་དམར། ཁྱབ་འཇུག་སྔས་པ། ཉི་མ་གྲགས། ཤིན་ཏུ་བཟང་། རྒྱ་མཚོ་རྣམ་རྒྱལ། རྒྱལ་དཀའ། ཉི་མ། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང་། དཔལ་སྐྱོང་། དུས་ཞབས་ཆེ་ཆུང་། ཟླ་མགོན་དང་། བླ་མ་ཆོས་ཀྱི་དཔལ་བ། རྗེ་ལ་སོགས་པའོ། །བརྒྱུད་པ་ཐོར་བུ་གཞན་འགའ་རེ་ཡང་སྣང་ངོ་། །དུས་འཁོར་ནི། རྗེ་ནས་རྒྱལ་ཚབ། མཁས་གྲུབ་གཉིས་སོགས་ལ་བརྒྱུད་ཅིང་། མཁས་གྲུབ་རྗེས་དུས་འཁོར་ཊཱིཀ་ཆེན་དང་། དེའི་ཐུགས་སྲས་བློ་གྲོས་ཆོས་སྐྱོང་གིས་ཀྱང་དུས་འཁོར་གྱི་ཡིག་ཆ་མཛད་དོ། །ཆོས་རྗེ་བུ་སྟོན་ཡང་དུས་འཁོར་ལ་མཁས་པར་སྣང་ཞིང་། ཕྱིས་ཕུག་པ་ལྷུན་གྲུབ་རྒྱ་མཚོས་དུས་འཁོར་ལུགས་ཀྱི་རྩིས་ཀྱི་ཡིག་ཆ་ཁྱད་པར་ཅན་པད་དཀར་ཞལ་ལུང་མཛད་ལ། མཁས་གྲུབ་ནོར་བཟང་རྒྱ་མཚོས་ཀྱང་རྩིས་ཀྱི་ཡིག་ཆ་དུ་མ་དང་། ནང་ཉམས་ལེན་གྱི་ཡིག་ཆ་དྲི་མེད་འོད་རྒྱན་མཛད་དོ། །དེ་རྣམས་ནི་མདོ་སྔགས་ཀྱི་ཆོས་བརྒྱུད་ཇི་ལྟར་བྱོན་པའི་ཚུལ་རྗེའི་གསན་ཡིག་སོགས་ནས་འབྱུང་བ་ཐོར་འཁྲུགས་བསལ་ཏེ་རིམ་པར་བཀོད་པ་ཡིན་ལ། གཞན་འདིར་མ་བཀོད་པའི་ཆོས་བརྒྱུད་མང་དུ་ཡོད་དེ། མདོ་རྒྱུད་ཀྱི་ལུང་གི་བརྒྱུད་པ་དང་། ཊཱིཀྐ་དང་། དབང་དང་། རྗེས་གནང་དང་། མན་ངག་གི་བརྒྱུད་པ་སྣ་ཚོགས་སྣང་བ་རྣམས་ནི་འདིར་འགོད་པར་མཛད་པའི་ཕྱིར་ཏེ། བཀའ་བསྟན་འགྱུར་ནས་འབྱུང་བ་རྣམས་དང་། བོད་ཀྱི་བླ་མ་དུ་མས་མཛད་པའི་ཆོས་ཚན་དེ་རྣམས་ལའང་བརྒྱུད་པ་སྣ་ཚོགས་ཡོད་ཀྱང་བརྗོད་མི་ནུས་པ་བཞིན་ནོ། །འོ་ན་ཁྱེད་རང་ལ་ཆོས་བརྒྱུད་ཇི་ལྟར་ཡོད་ཞེ་ན། བརྗོད་པར་བྱ་སྟེ། ཆོས་བརྒྱུད་ཀྱི་བླ་མ་མང་པོ་མ་བསྟེན་ཀྱང་སློབ་དཔོན་ཚུལ་ཁྲིམས་དར་རྒྱས་ནས་འདུལ་མཛོད་དབུ་ཕར་བསྡུས་གཞུང་སོགས་ལན་མང་དུ་ཐོས་ཤིང་ལམ་རིམ་གྱི་བཤད་པ་ཡང་ཐོས། རྭ་བ་སྟོད་པའི་སློབ་དཔོན་པ་ལས་ཚད་གཞུང་གི་སྤྱི་ཐལ་སོགས་དང་། རྗེ་དྲུང་རིན་པོ་ཆེ་ནས་ལམ་རིམ་ཆེན་མོ་དང་། སྟོང་འཁོར་རིན་པོ་ཆེ་ནས་འཇམ་དཔལ་ཞལ་ལུང་ཐོས་ཤིང་། གྲུབ་ཁང་དཔོན་སློབ། མངའ་རིས་སྤྲུལ་སྐུ། རྒྱུད་སྟོད་བླ་མ་ལས་རིགས་གསུམ་མགོན་པོའི་རྗེས་གནང་སོགས་སྔགས་ཕྱོགས་འགའ་ཞིག་དང་། སློབ་དཔོན་བཟང་པོ་རྒྱལ་མཚན་ནས་ལམ་རིམ་ཆེན་མོའི་ལུང་དང་། ཡི་དམ་སྒྲུབ་སྐོར་སོགས་སྔགས་ཕྱོགས་ཀྱི་སྐོར་འགའ་ཞིག་ཐོས། སློབ་དཔོན་བྱང་ཆུབ་མི་ལ་ནས་མདོ་ལུང་འགའ་ཞིག་དང་། པཎ་ཆེན་གྱི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་དང་། སྤྱོད་འཇུག་དང་རིགས་ཚོགས་དྲུག་གི་ལུང་དང་། མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་སོགས་ཀྱི་ལུང་ཡང་ཐོས། སློབ་དཔོན་ཁྲི་ཆེན་བློ་བཟང་དར་རྒྱས་ནས་འཇིགས་བྱེད་ཀྱི་དབང་དང་། གསང་འདུས་བསྐྱེད་རྫོགས་ཀྱི་ལུང་འཁྲིད་དང་། ཆོས་སྤྱོད་སོགས་འགའ་ཞིག་དང་ལྕགས་མཁར་སྐོར་གྱི་ལུང་དང་ཡི་དམ་སྒྲུབ་སྐོར་ཡང་ཐོས། སློབ་དཔོན་རྡོ་རྗེ་འཆང་བློ་བཟང་སྦྱིན་པའི་ཞབས་དྲུང་ནས་གསང་འཇིགས་ཀུན་རིག་ཚེ་དཔག་ལྷ་དགུ་བཅུ་གཅིག་ཞལ་གྱི་དབང་། རྟ་མགྲིན་དང་ཁྲོས་མ་ནག་མོའི་དབང་དང་། ཚེ་དཔག་མེད་སོགས་འདོད་ལྷ་དུ་མ་དང་ཆོས་སྐྱོང་སྐོར་གྱི་རྗེས་གནང་དང་དཔེ་ལུང་། ལམ་རིམ་དང་འཇམ་དཔལ་ཞལ་ལུང་གི་དམར་འཁྲིད་དང་། བློ་སྦྱོང་གི་སྐོར་དང་། གསང་འཇིགས་སོགས་ཀྱི་མངོན་དཀྱིལ་ལུང་དང་། རྟོག་བདུན་དང་སྨན་བླ་དང་ཀུན་རིག་སྣང་སྟོང་སོགས་དང་། སྨྱུང་གནས་དང་གཅོད་ཀྱི་སྐོར་ཞིག་དང་། སྒྲུབ་ཐབས་བརྒྱ་རྩ་སོགས་ཀྱི་རྗེས་གནང་། འཇིགས་བྱེད་ཀྱི་བསྐྱེད་རྫོགས་གཉིས་ཀྱི་དམར་འཁྲིད་དང་། བློ་བཟང་བཀའ་འབུམ་ལེ་ཚན་འགའ་རེ་དང་། གཞན་མང་པོ་ཞིག་ཞུས་པ་ཡོད་ཀྱང་མ་བཀོད། རྡོ་རྗེ་འཆང་འཇམ་དབྱངས་བཞད་པའི་དྲུང་ནས་འཇིགས་བྱེད་དཔའ་གཅིག་དང་། བདེ་མཆོག་ལྷ་ལྔའི་དབང་། མི་འཁྲུགས་པའི་རྗེས་གནང་དང་དབྱངས་ཅན་མ་སོགས་ཀྱི་རྗེས་གནང་འགའ་རེ་དང་། ལམ་གྱི་གཙོ་བོ་རྣམ་གསུམ་རྩ་འགྲེལ་དང་། དབང་མདོར་བསྟན་གྱི་ལུང་སོགས་མང་དུ་ཐོས། སློབ་དཔོན་རྡོ་རྗེ་འཆང་བློ་གྲོས་རྒྱ་མཚོའི་སྐུ་ཞབས་ནས་གསང་བདེ་གཉིས་ཀྱི་རྩ་རྒྱུད་ཀྱི་ལུང་དང་དེ་གཉིས་ཀྱི་དབང་དང་འགྲེལ་པ་བཞི་སྦྲགས་ཀྱི་སྐོར་དང་། སྔགས་རིམ་ཆེན་མོའི་ལུང་དང་། གསང་བདེ་འཇིགས་གསུམ་གྱི་མངོན་རྟོགས་དང་བསྐྱེད་རྫོགས་ཀྱི་ལུང་ཅི་རིགས་དང་། ཀུན་རིག་དང་གདུགས་དཀར་གྱི་དབང་ལ་སོགས་པ་འགའ་རེ་ཐོས་སོ། །དེ་ལྟར་ནའང་པཎ་ཆེན་རིན་པོ་ཆེའི་གསུང་འབུམ་ནས་འདུལ་བ་དབུ་ཕར་གྱི་སྙིང་པོ་བསྡུས་པ་མང་པོ་དང་། རྒྱུད་སྡེ་བཞིའི་ལྷའི་སྒྲུབ་ཐབས་དུ་མ་དང་། དཀྱིལ་ཆོག་བསྐྱེད་རྫོགས་ཀྱི་སྙིང་པོ་བསྡུས་པ་མང་པོ་ཞིག་འབྱུང་བས་འདིའི་ལུང་རྫོགས་པར་ཐོབ་ན་མདོ་སྔགས་ཀྱི་གནད་མང་པོ་ཐོས་པར་འཇོག་ནུས་སོ།། །།ཡང་མར་བཤེས་གཉེན་དམ་པ་ལས། །ཟབ་ཟབ་དམ་པའི་ཆོས་ཀྱི་ཚུལ། །གང་གང་བརྒྱུད་པ་དེ་དག་གི །གྲངས་དང་མཚན་ཐོ་བསྡུས་ཏེ་བཀོད། །དེ་ལས་ཐོབ་པའི་རྣམ་དཀར་དགེ་བ་གང་། །ཇི་སྙེད་མཆིས་དེས་ཚེ་རབས་ཐམས་ཅད་དུ། །དམ་པའི་མགོན་གྱིས་འབྲལ་མེད་རྗེས་བཟུང་ནས། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་མདོ་སྔགས་ཀྱི་ཆོས་བརྒྱུད་པའི་བླ་མའི་བརྒྱུད་རིམ་བཤད་པ་འདི་ཡང་ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་དད་པས་ཀུན་ནས་བསླངས་ཏེ་ཅོ་ནེའི་དགོན་ཉིད་དུ་བསྒྲིགས་པའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ།། །།མངྒ་ལཾ།། །།

རྒྱུད་སྡེ་རྣམ་བཞིའི་དགོངས་འགྲེལ་སྔགས་རིམ་ཆེན་མོའི་དགོངས་པ་ཡང་གསལ་སྒྲོན་མེ་ལེགས་པར་བཤད་པའི་སྣང་བ།

རྒྱུད་སྡེ་རྣམ་བཞིའི་དགོངས་འགྲེལ་སྔགས་རིམ་ཆེན་མོའི་དགོངས་པ་ཡང་གསལ་སྒྲོན་མེ་ལེགས་པར་བཤད་པའི་སྣང་བ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་འཕྲིན་ལས་རྣམས། །གཅིག་བསྡུས་མི་ཡི་གཟུགས་ཀྱིས་རྣམ་རོལ་ཏེ། །འགྲོ་ལ་བདེ་གཤེགས་དགྱེས་པའི་ལམ་བཟང་མཆོག །གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། །ཐུབ་པའི་མདོ་སྔགས་ཆོས་ཚུལ་མ་ལུས་པ། །ཇི་བཞིན་འཛིན་ཕྱིར་ངུར་སྨྲིག་ཟློས་གར་གྱིས། །གསུང་རབ་རྒྱ་མཚོའི་དགོངས་འགྲེལ་གྲུབ་པ་བརྙེས། །ཟླ་མེད་བླ་མ་ཙོང་ཁ་བ་དེར་འདུད། །སྒྲིབ་བྲལ་འོད་གསལ་ལྷ་ཡི་ལམ་ཡངས་ལས། །ལེགས་འོང་ཟུང་འཇུག་སྒྱུ་འཕྲུལ་དྲ་བའི་སྐུ། །དག་པའི་བརྟན་གཡོ་སྤྲོ་དང་བསྡུ་བའི་གཞི། །རིགས་བརྒྱའི་ཁྱབ་བདག་དང་པོའི་མགོན་དེ་རྒྱལ། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡབ་གྱུར་ཀྱང་། །ས་བཅུའི་དབང་ཕྱུག་ཟོལ་བསྟེན་གཞོན་ནུའི་སྐུ། །དྲན་པ་ཡིས་ཀྱང་བློ་ཡི་མཆོག་སྟེར་བ། །རྗེ་བཙུན་མཁྱེན་པའི་གཏེར་གྱིས་དགེ་ལེགས་སྩོལ། །གང་གི་ཞབས་པད་གུས་པས་བསྟེན་ཙམ་གྱིས། །མ་རུང་བདུད་དང་བགེགས་ཀྱི་དཔུང་འཇོམས་པ། །གསང་སྔགས་རིག་སྔགས་འཆང་རྣམས་ཀུན་གྱི་རྗེ། །བཅོམ་ལྡན་རྡོ་རྗེ་འཛིན་གྱིས་བདག་སྐྱོངས་ཤིག །རབ་འབྱམས་རྒྱལ་བ་ཀུན་གྱི་གསང་བའི་མཛོད། །ཇི་བཞིན་སྟོན་མཛད་རྗེ་བཙུན་ཙོང་ཁ་པའི། །ལེགས་བཤད་མཐར་ཐུག་གསང་སྔགས་ལམ་རིམ་གྱི། །དགོངས་དོན་ཡང་གསལ་སྒྲོན་མེ་བཤད་པར་བྱ། །འདི་ལ་གཉིས། རྒྱལ་བའི་བསྟན་པ་ཉིད་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ་དང་། དེ་ལ་འཇུག་པའི་སྒོ་མི་འདྲ་བ་བསྟན་པའོ། །དང་པོ་ནི། ཚེ་འདིའི་བདེ་ཐབས་སྒྲུབ་པ་ཙམ་ཞིག་ནི་འཇིག་རྟེན་པའི་རྒན་པོ་རྣམས་ཀྱིས་རྣམ་པར་བཞག་པའི་ལུགས་ཡིན་ལ། འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་བདེ་བ་དོན་དུ་གཉེར་བ་རྣམས་ཀྱིས་ནི། དེ་ཙམ་གྱིས་ཆོག་པར་མི་འཛིན་པར་རྒྱལ་བའི་གསུང་རབ་ལ་ཐོས་སོགས་ཀྱིས་འཇུག་དགོས་ཤིང་། དེའི་སྔོན་དུ་རྒྱལ་བ་ཉིད་ལ་སྐྱབས་སུ་འགྲོ་བ་སོགས་ཀྱི་སྒོ་ནས་དེའི་བསྟན་པ་ལ་འཇུག་དགོས་པ་ཡིན་ཏེ། སྤེལ་མར་བསྟོད་པ་ལས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པ། །དེ་རིང་གང་ལ་སྐྱབས་སུ་མཆི། །གང་ལ་ཉེས་པ་ཐམས་ཅད་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །གང་ཞིག་ལ་ནི་ཡོན་ཏན་ཀུན། །རྣམ་པ་ཀུན་ཏུ་གནས་གྱུར་པ། །གལ་ཏེ་སེམས་ཞིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་པ་དང་། །དེ་ཡི་བསྟན་ལ་གནས་པར་རིགས། །ཞེས་གསུངས་པའི་ཕྱིར་རོ། །འཇུག་བྱ་རྒྱལ་བའི་བསྟན་པ་ལ་ནི་ལུང་རྟོགས་ཀྱི་བསྟན་པ་གཉིས་ཡོད་ཅིང་། དེ་འཛིན་པ་ནི། ལུང་ལ་ཐོས་བསམ་དང་། རྟོགས་པ་ནི་སྒྲུབ་པའི་སྒོ་ནས་ཡིན་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པའི་ཕྱིར། ལུང་གི་བསྟན་པ་ནི། མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལ་ཟེར་ཞིང་། རྟོགས་པའི་བསྟན་པ་ནི། བསླབ་གསུམ་རིམ་གཉིས་དང་བཅས་པའི་ལམ་དངོས་དང་དེའི་སྡེར་གཏོགས་སོ། །དེར་མ་ཟད་དཀོན་མཆོག་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་ཡང་རྒྱལ་བའི་བསྟན་པ་ཡིན་ཏེ། དེ་བསྟན་པ་ལ་འཇུག་པའི་སྒོ་ཡིན་པའི་ཕྱིར་རོ། །དེས་ན། སྐྱབས་འགྲོ་རྣམ་དག་དང་། ངེས་འབྱུང་གིས་ཟིན་པའི་ལུང་རྟོགས་ཀྱི་དམ་ཆོས་རྣམས་ནི་བསྟན་པར་འདོད་དགོས་སོ། །དེ་ལྟར་བསྟན་པའི་ངོ་བོ་གང་ཡིན་ཤེས་དགོས་ཀྱི། དེ་མི་ཤེས་བཞིན་དུ་རྒྱལ་བའི་བསྟན་པ་ཞེས་བརྗོད་པ་ནི་ཚིག་ཙམ་དུ་གསལ་ལོ། །གཉིས་པ་ལ་གཉིས། ཐེག་པ་སྤྱིའི་དབྱེ་བ་དང་། ཐེག་པ་ཆེན་པོའི་དབྱེ་བའོ། །དང་པོ་ལ་བཞི། དབྱེ་བའི་སྒོ། འབྱེད་པའི་རྒྱུ་མཚན། སོ་སོའི་རང་བཞིན། ཐམས་ཅད་ཀྱང་འཚང་རྒྱ་བའི་ཡན་ལག་ཏུ་བསྟན་པའོ། །དང་པོ་ནི། གདུལ་བྱའི་མོས་པའི་དབང་དུ་བྱས་ནས་གསུམ་དུ་དབྱེ་སྟེ། དེ་ཡང་སྤྱོད་པའི་དབང་དུ་བྱས་ན་དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་དང་། རྒྱ་ཆེན་པོ་ལ་མོས་པ་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། ཟབ་མོ་ལ་མོས་པ་ལ་འདོད་ཆགས་ཀྱི་སྤྱོད་པ་བསྟན་པ་ལྟར་འབྱེད་ལ། བསྡུ་ན་ཐེག་པ་མཆོག་དམན་གཉིས་སུའང་འབྱེད་པའི་ཕྱིར་རོ། །གཉིས་པ་རྒྱུ་མཚན་ལ། ཆེད་དུ་བྱ་བ་རང་ཉིད་གཅིག་པུའི་ཕྱིར་དུ་ཐོབ་བྱ་དམན་པ་འཁོར་བའི་སྡུག་བསྔལ་ཙམ་ཞི་བའི་གོ་འཕང་དོན་དུ་གཉེར་བའི་རིགས་ཅན་གཅིག་དང་། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་བྱ་མཆོག་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་རིགས་ཅན་གྱི་གདུལ་བྱ་གཉིས་ཡོད་ལ། དེ་གཉིས་ཐེག་པ་གང་གིས་རང་རང་གི་གོ་འཕང་དུ་བགྲོད་པའི་ཐེག་པ་ལའང་གཉིས་ཡོད་ཅིང་། དེའི་སྔ་མ་ལ་ཐེག་པ་ཆུང་ངུའམ་དམན་པ་དང་། ཕྱི་མ་ལ་ཆེན་པོའམ་མཆོག་ཅེས་བྱའོ། །ཐེག་པ་དམན་པའི་གདུལ་བྱ་ལའང་ཉན་རང་གཉིས་ཡོད་པས་བགྲོད་བྱེད་ཉན་རང་གི་ཐེག་པ་གཉིས་སུ་ཕྱེ་བས་ཐེག་པ་གསུམ་མོ། །གསུམ་པ་སོ་སོའི་རང་བཞིན་ལ་གཉིས། ཐེག་པ་དམན་པ་དང་། ཐེག་པ་ཆེན་པོའི་རྣམ་གཞག་གོ དང་པོ་ནི། ཉན་རང་གཉིས་ལ་དབང་པོ་དང་འབྲས་བུ་ལ་མཆོག་དམན་ཡོད་ཀྱང་ལམ་གྱི་རྣམ་གཞག་ཕལ་ཆེར་མཚུངས་པ་འཕགས་པ་ཐོགས་མེད་ཀྱིས་བཤད་ཅིང་། འདི་གཉིས་ཀའང་རང་ཉིད་འཁོར་བ་ལས་གྲོལ་བ་ཙམ་གྱི་ཆེད་དུ་ཞུགས་པ་ཡིན་པས། དེ་ལས་གྲོལ་བྱེད་ཀྱི་རྒྱུའི་གཙོ་བོ་བདག་མེད་ཀྱི་དོན་རྟོགས་ནས་དེ་སྒོམ་པར་བྱེད་པ་ཡང་མཚུངས་སོ། །བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། རང་རྒྱུད་པ་རྣམས་ཀྱིས་ནི། ཉན་རང་འཕགས་པས་རང་གི་བྱང་ཆུབ་ཐོབ་པའི་ཆེད་དུ་གཙོ་བོར་སྒོམ་པའི་བདག་མེད་ནི། ཕྱི་རོལ་པས་བཏགས་པའི་རྫས་ཡོད་ཀྱི་བདག་མེད་རྟོགས་ནས་སྒོམ་པ་ཡིན་གྱི། ཆོས་དང་གང་ཟག་རང་གི་མཚན་ཉིད་ཀྱིས་གདོད་ནས་མ་གྲུབ་པར་རྟོགས་ནས་གཙོ་བོར་སྒོམ་པར་མི་འདོད་ཀྱང་། དཔལ་ལྡན་ཟླ་བས་ནི། ཆོས་དང་གང་ཟག་རང་བཞིན་གྱིས་སམ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོགས་ཤིང་གོམས་པར་མ་བྱས་ན་ཐར་བ་ཙམ་ཡང་ཐོབ་མི་ནུས་པར་བཞེད་པས། རང་ལུགས་ནི་འདིའི་རྗེས་སུ་འབྲང་བར་བྱ་སྟེ། འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་པ་མཐར་ཐུག་ཡིན་པར་མ་ཟད། རིགས་པས་ཀྱང་འགྲུབ་པའི་ཕྱིར་རོ། །འོ་ན་སྟོན་པས་ཐེག་དམན་གྱི་མདོ་སྡེ་དུ་མ་ལས། ཉན་རང་གི་རིགས་ཅན་མང་པོ་ལ་ཆོས་དང་གང་ཟག་རང་བཞིན་གྱིས་མ་གྲུབ་པའི་ཚུལ་གསལ་བར་མ་བསྟན་པར་མི་རྟག་པ་དང་སྡུག་བསྔལ་བ་དང་འཁོར་བ་ལས་ཡིད་འབྱུང་བའི་ཚུལ་བསྟན་པས་ཀྱང་། ཉན་ཐོས་ཀྱི་རིགས་ཅན་དུ་མས་དེ་མ་ཐག་རང་གི་བྱང་ཆུབ་ཐོབ་པར་བཤད་འདུག་པ་འདི་ཇི་ལྟར་ཡིན་ཞེ་ན། བདེན་མོད་སྐྱོན་དུ་མི་འགྱུར་ཏེ། དེ་ནི་སངས་རྒྱས་ཀྱི་བྱིན་རླབས་དང་། གདུལ་བྱའི་རྒྱུད་སྨིན་པའི་དབང་གིས། ཚུལ་དེ་ལྟར་བསྟན་པ་ཙམ་གྱིས་ཀྱང་དེ་མ་ཐག་སྟོང་ཉིད་ཕྲ་མོ་ཁོང་དུ་ཆུད་པར་གྱུར་ནས་ཐར་པ་ཐོབ་ནུས་པས་ད་ལྟའི་གང་ཟག་དང་མི་འདྲ་བའི་ཕྱིར་ཏེ། དེ་ལྟར་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས། སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལ་འཇུག་ཤེས་པས། །དམ་པའི་ཆོས་ཀྱང་རྟོགས་པར་འགྱུར། །གང་དག་རྟེན་ཅིང་འབྲེལ་འབྱུང་བ། །སྐྱེ་དང་འཇིག་པ་རྣམ་སྤངས་པར། །ཤེས་པར་གྱུར་པ་དེ་དག་གིས། །ལྟ་གྱུར་སྲིད་པའི་རྒྱ་མཚོ་བརྒལ། །ཞེས་གསུངས་པ་ལྟར་རོ། །འོ་ན། ཐེག་དམན་གྱི་མདོ་ལས། སྟོང་ཉིད་ཕྲ་མོ་བསྟན་ཅིང་ཐེག་དམན་པས་ཀྱང་དེ་བསྒོམས་ན། ཐེག་ཆེན་པ་དང་ཁྱད་མེད་དུ་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་གསུངས་པ་ལྟར། ཐེག་པ་ཆེ་ཆུང་གཉིས་ནི་ལྟ་བས་མི་འབྱེད་ཀྱི། སེམས་བསྐྱེད་དང་སྤྱོད་པ་ཁྱད་པར་ཅན་གྱིས་འབྱེད་པའི་ཕྱིར་རོ། །གཉིས་པ་ཐེག་ཆེན་ནི། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་ནས་སེམས་བསྐྱེད་དེ་སྤྱོད་པ་ཕྱིན་དྲུག་ལ་ལེགས་པར་སློབ་པ་ནི། ཐེག་པ་ཆེན་པོ་པ་སྤྱིའི་ལམ་གྱི་གཞུང་ཡིན་ཏེ། སྔགས་ཀྱི་ཐེག་པ་བ་རྣམས་ཀྱིས་ཀྱང་དེ་ལྟར་སློབ་དགོས་སོ། །དེ་ལའང་ལྟ་བའི་སྒོ་ནས་ཕྱེ་ན། དབུ་མ་པ་དང་སེམས་ཙམ་པ་གཉིས་ཡོད་ཀྱང་ཐེག་པ་མི་འདྲ་བའི་རིམ་པ་མེད་དོ། །དབུ་སེམས་གཉིས་ལས་དབུ་མ་པའི་རིགས་ཅན་ནི་གདུལ་བྱའི་གཙོ་བོ་ཡིན་གྱི། སེམས་ཙམ་པ་ནི་གདུལ་བྱ་ཕལ་པ་སྟེ། སྔ་མ་དབང་པོ་རྣོ་ཞིང་ཕྱི་མ་ནི་དེ་ལ་ལྟོས་ཏེ་དབང་པོ་རྟུལ་ལོ། །བདག་མེད་ཕྲ་མོ་རྟོགས་པའི་དབུ་མའི་ལྟ་བ་ལ་གནས་པའི་རིགས་ཅན་ཡིན་ན་ཐེག་ཆེན་གྱི་རིགས་ཅན་ཡིན་མི་དགོས་ཏེ། དེ་ལ་གནས་པའི་ཉན་ཐོས་གྲུབ་མཐའ་སྨྲ་བ་མེད་ཀྱང་ཉན་རང་འཕགས་པའང་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཉན་ཐོས་དངོས་དང་། གྲུབ་མཐའ་སྨྲ་བའི་ཉན་ཐོས་གཉིས་མིང་འདྲ་ཡང་དོན་ལ་ཁྱད་པར་ཆེའོ། །ཕར་ཕྱིན་ཐེག་པའི་ལུགས་ལ་གྲངས་མེད་གསུམ་གྱིས་སངས་རྒྱས་འཐོབ་པར་བཤད་ཀྱང་། ལམ་བགྲོད་ཚུལ་ལ་མྱུར་བུལ་གྱི་ཁྱད་པར་ཆེ་བ་ཡོད་དེ། ཕྱུགས་དང་གླང་པོ་ཆེའི་ཤིང་རྟ་ལྟ་བུའི་ཚུལ་གྱིས་ལམ་བགྲོད་པ་དང་། ཟླ་བ་དང་ཉི་མ་ལྟ་བུས་བགྲོད་པ་དང་། ཉན་རང་དང་སངས་རྒྱས་ཀྱི་རྫུ་འཕྲུལ་ལྟ་བུས་བགྲོད་པ་ཡོད་པས་འབྲས་བུ་ལའང་མྱུར་བུལ་གྱི་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་ལྟ་ནའང་དེ་ལ་ཐེག་པ་ཆེ་ཆུང་གི་ཁྱད་པར་མེད་དེ། ནང་གསེས་ཀྱིས་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ཙམ་ཡིན་པའི་ཕྱིར་རོ། །བཞི་པ་ནི། ཉན་རང་གི་རིགས་ཅན་དེ་དག་རྣམས་ཀྱིས་རང་ལམ་ནས་སངས་རྒྱས་དོན་དུ་མི་གཉེར་ཀྱང་། ལམ་དེ་དག་ནི་སངས་རྒྱས་ཐོབ་བྱེད་ཀྱི་ཐབས་ཡིན་ཏེ། མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པའི་ཕྱིར་རོ། །ཉན་རང་གི་ལམ་དེ་བྱང་ཆུབ་སེམས་དཔའ་མྱུར་དུ་འཚང་རྒྱ་བའི་གེགས་སུ་གསུངས་པ་ཅི་ཡིན་ཞེ་ན། སྐྱོན་མེད་དེ། ལམ་དེ་བྱང་སེམས་མྱུར་དུ་འཚང་རྒྱ་བའི་གེགས་ཡིན་ཀྱང་། ཉན་རང་འཚང་རྒྱ་བའི་ཐབས་ཡིན་པ་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ཐེག་ཆེན་ལ་གཉིས་སུ་ཕྱེ་བ་དང་། རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། ཕྱེ་བའི་གྲངས། ཕྱེ་བ་སོ་སོའི་དོན། འབྱེད་པའི་རྒྱུ་མཚན་ནོ། །དང་པོ་ནི། རྒྱུད་དོན་ལ་འཇུག་པ་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ཡང་གཉིས་ཏེ། ས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། གསང་སྔགས་འབྲས་བུའི་ཐེག་པའོ། །ཞེས་གསུངས་པ་ལྟར། ཕར་ཕྱིན་ཐེག་པ་དང་། རྒྱུའི་ཐེག་པ་དང་། ཆགས་བྲལ་གྱི་ཐེག་པ་རྣམ་གྲངས་ཡིན་ལ། སྔགས་ཀྱི་ཐེག་པ་དང་། འབྲས་བུའི་ཐེག་པ་དང་། རྡོ་རྗེ་ཐེག་པ་དང་། ཆགས་བཅས་ཀྱི་ཐེག་པ་རྣམས་རྣམ་གྲངས་སོ། །གཉིས་པ་ལ་ནི། ཕར་ཕྱིན་ཐེག་པའི་ཕར་ཕྱིན་ཞེས་པའི་དོན་ནི་གོ་སླ་ཞིང་། སྣོད་མིན་ལ་གསང་ཞིང་སྦས་གྲུབ་པས་ན་གསང་བ་དང་། སྔགས་ཀྱི་སྐད་དོད་མནྟྲ་ཞེས་པའི་མ་ནཱ་ཡིད་དང་། ཏྲ་ཡ་སྐྱོབ་པའི་དོན་ལ་འཇུག་པའི་དོན་གྱིས་ན་སྔགས་ཞེས་བརྗོད་པ་སྟེ། གསང་སྔགས་ཀྱི་སྒྲ་དོན་ནོ། །འབྲས་བུ་གང་དུ་བགྲོད་པར་བྱེད་པའི་ཐབས་ཡིན་པས་ན། ཐེག་པ་ཞེས་བྱ་ཞིང་སྤྱིར་ཐེག་པ་དེ་ལའང་འདིས་བགྲོད་པ་རྒྱུའི་ཐེག་པ་དང་། འདིར་བགྲོད་པ་འབྲས་བུའི་ཐེག་པ་གཉིས་སུ་དབྱེའོ། །རྒྱུའི་ཐེག་པ་ཆེན་པོ་ནི། གང་ལ་ཞོན་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་འགོད་པར་འདོད་པའི་བགྲོད་བྱེད་ཞིག་ལ་བྱེད་པ་ཡིན་ཏེ། སྡུད་པ་ལས། ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་བྱ་ཞེ་ན། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། ཞེས་གསུངས་པའི་ཕྱིར་རོ། །འབྲས་བུའི་ཐེག་པའི་དོན་ནི། སངས་རྒྱས་ཀྱི་གནས་སྐུ་ལོངས་སྤྱོད་མཛད་པ་བཞི་དང་མཐུན་པར་སྒོམ་པའི་རྣལ་འབྱོར་ཡིན་པས་ན་དེ་སྐད་ཅེས་བྱ་ཞིང་། དེ་ལྟར་མི་སྒོམ་པར་རྒྱུ་ལམ་འཁྱེར་དུ་བྱེད་པས་ན་རྒྱུའི་ཐེག་པར་ཡང་འགྱུར་རོ། །རྡོ་རྗེ་ཐེག་པའི་དོན་ནི། ཕར་ཕྱིན་གྱི་ལམ་དང་སྔགས་ཀྱི་ལམ་གཉིས་ཟུང་དུ་འཇུག་པའི་དབྱེར་མི་ཕྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པའི་ལམ་ཡིན་པའོ། །གསང་སྔགས་ཐེག་པ་སྟོན་པའི་སངས་རྒྱས་ཀྱི་གསུང་ལ་རྒྱུད་ཅེས་བརྗོད་པ་ནི། འདུས་པ་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །ཞེས་གསུངས་པ་ལྟར། རྒྱུད་ནི་རྒྱུན་ཆགས་པའི་དོན་ཡིན་ལ། དེ་ལ་སྤྱིར་གཞིའི་རྒྱུད་དང་། ལམ་གྱི་རྒྱུད་དང་། འབྲས་བུའི་རྒྱུད་གསུམ་སྟེ་དེ་ནི་བརྗོད་བྱའི་རྒྱུད་ཡིན་ཞིང་། དེ་བརྗོད་བྱར་བྱེད་པའི་རྒྱལ་བའི་གསུང་རབ་ནི་རྗོད་བྱེད་གཞུང་གི་རྒྱུད་དོ། །རྒྱུད་དེ་དག་ནི་སྡེ་སྣོད་གསུམ་པོ་ཅི་རིགས་སུ་འདུ་ཞིང་། གཙོ་བོའི་དབང་དུ་བྱས་ནས་མདོ་སྡེའི་སྣོད་དུ་བཤད་ལ། ཁ་ཅིག་སྡེ་སྣོད་བཞི་པའོ་ཞེས་འཆད་དོ། །གསུམ་པ་ལ་གཉིས། དོགས་པའི་གནས་དགོད་པ་དང་། དེ་ལ་ལན་གདབ་པའོ། །དང་པོ་ནི། ཐེག་པ་ཆེན་པོ་ལ་གཉིས་སུ་འབྱེད་པ་ནི། གང་གི་སྒོ་ནས་ཡིན། སེམས་བསྐྱེད་དང་ལྟ་བ་དང་སྤྱོད་པའི་སྒོ་ནས་ནི་མིན་ཏེ། ཐེག་པ་ཆེན་པོ་གཉིས་ཀ་ལའང་དེ་ཡོད་པའི་ཕྱིར་རོ། །དབང་པོ་རྣོ་རྟུལ་ཙམ་གྱིའང་མིན་ཏེ། སྔགས་ཀྱི་གདུལ་བྱ་ལའང་ནང་གསེས་ཀྱི་དབང་པོ་རྣོ་རྟུལ་ཡོད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ཐེག་པ་གཉིས་སུ་འབྱེད་པའི་རྒྱུ་མཚན་དངོས་དང་། ལམ་ལ་མཆོག་དམན་ཡོད་ཀྱང་འབྲས་བུ་ལ་དེ་མེད་པར་བསྟན་པའོ། །དང་པོ་ལ་གསུམ། དངོས་ཀྱི་དོན་དང་། ཁུངས་བསྟན་པ། རྩོད་པ་སྤོང་བའོ། །དང་པོ་ནི། འདིར་བགྲོད་པར་བྱ་བ་འབྲས་བུ་སངས་རྒྱས་ཀྱི་ཐེག་པ་ལ་སྔགས་དང་ཕར་ཕྱིན་གཉིས་ཁྱད་པར་མེད་དེ། གཉིས་ཀའི་ཐོབ་བྱའི་སངས་རྒྱས་ནི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པར་མཚུངས་པའི་ཕྱིར། དེས་ན་འདིས་བགྲོད་པ་རྒྱུའི་ཐེག་པའི་ཁྱད་པར་ཡིན་ན་ལ། དེ་ཡང་ལྟ་བ་སེམས་བསྐྱེད་སྤྱོད་པ་ཕྱིན་དྲུག་སོགས་ཀྱི་སྒོ་ནས་མཆོག་དམན་འབྱེད་པ་མིན་ཏེ། སྔགས་དང་ཕར་ཕྱིན་གཉིས་ཀ་ལ་དེ་རྣམས་དགོས་པ་མཚུངས་པའི་ཕྱིར་རོ། །འོ་ན་གང་གིས་འབྱེད་ཅེ་ན། སྤྱིར་ཐེག་པ་ཆེ་ཆུང་གཉིས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་མི་འབྱེད་པར་ཐབས་ཀྱིས་འབྱེད་དགོས་ལ། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་གཉིས་སུ་ཕྱེ་བ་ཡང་ཤེས་རབ་ཀྱིས་མིན་གྱི། ཐབས་ཀྱིས་འབྱེད་དགོས་སོ། །ཐབས་ཀྱི་གཙོ་བོ་ཡང་གཟུགས་སྐུ་སྒྲུབ་པའི་ཐབས་ཀྱི་ཆ་ནས་ཡིན་ལ། སྐུ་དེ་སྒྲུབ་བྱེད་ཀྱི་ཐབས་ནི་དེ་དང་རྣམ་པ་འདྲ་བར་སྒོམ་པའི་ལྷའི་རྣལ་འབྱོར་ཉིད་ཡོད་མེད་ཀྱི་སྒོ་ནས་ཡིན་ཏེ་འདི་ཐེག་པ་ཆེན་པོ་གཞན་ལ་མེད་ཅིང་། སྔགས་ལ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། རྡོ་རྗེ་གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། ཞེས་པ་ནས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །བདེ་བའི་ཐབས་ནི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་མི་རིང་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་བཅུར་ལྡན། །དེ་ཕྱིར་ཐབས་དེས་བསྒྲུབ་བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་པ་དང་། བདག་སྒྲུབ་པ་ལས་ཀྱང་། དེ་ཡང་ཟབ་དང་རྒྱ་ཆེའི་ཕྱིར། །རྣམ་མི་རྟོག་དང་ཡོངས་སུ་སྨིན། །འདི་ལ་དེ་གཉིས་བསྟན་པས་ན། །དེ་ཕྱིར་བླ་ན་མེད་པའི་ཐབས། །ཞེས་དང་། དགྲ་ནག་འགྲེལ་བ་ལས་ཀྱང་། སངས་རྒྱས་ཉིད་ནི་སྒྲུབ་པའི་རྒྱུ། །སངས་རྒྱས་རྣལ་འབྱོར་ཀུན་ཏུ་ཡང་། །རྒྱུ་དང་འདྲ་བའི་འབྲས་བུ་ཉིད། །ཀུན་ཏུ་མཐོང་བ་མ་ཡིན་ནམ། །ཞེས་གསུངས་པ་སོགས་མང་ངོ་། །ལུང་འདི་དག་གིས་ནི། སྔགས་ཀྱི་ཐེག་པ་ལ་ཟབ་གསལ་གཉིས་མེད་ཀྱི་ལྷའི་རྣལ་འབྱོར་སྒོམ་པའི་ཚུལ་ཡོད་ཅིང་། མདོ་ཕྱོགས་ཀྱི་ཐེག་པ་ལ་དེ་མེད་པའི་ཁྱད་པར་དང་། ཆོས་གཟུགས་ཀྱི་སྐུ་ལ་འབྲས་བུ་རང་དང་འདྲ་བའི་རྒྱུ་སྒྲུབ་དགོས་པར་བསྟན་ཅིང་། དེ་ཡང་ཆོས་སྐུ་དང་རྣམ་པ་འདྲ་བའི་སྟོང་ཉིད་བསྒོམས་ནས་དེ་བསྒྲུབ་དགོས་པ་བཞིན་དུ། གཟུགས་སྐུ་དང་འདྲ་བའི་ལྷའི་རྣལ་འབྱོར་བསྒོམས་ནས་དེ་བསྒྲུབ་དགོས་པར་བཤད་པ་ཡིན་ཏེ། འདི་གཉིས་བྱེད་ན་བྱེད་མཉམ་དང་འཇོག་ན་འཇོག་མཉམ་དུ་མཚུངས་པར་བསྟན་པའི་ཕྱིར་རོ། །གསུམ་པ་ནི་ཁ་ཅིག །སྔགས་ཀྱི་སྐབས་སུ་འབྲས་བུ་དང་འདྲ་བའི་ལམ་ལྷའི་རྣལ་འབྱོར་སྒོམ་པ་ཡོད་པས་ཕར་ཕྱིན་གྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པར་འཇོག་མི་རིགས་ཏེ། འབྲས་དང་འདྲ་བའི་རྒྱུས་འབྲས་བུ་སྒྲུབ་པ་ནི་ཤིན་ཏུ་ཡང་མ་ངེས་པའི་ཕྱིར་ཏེ། ངེས་ན་འཁོར་སྒྱུར་གྱི་མཚན་དང་རིགས་དྲུག་གི་རྒྱུར་ཡང་། དེ་འདྲ་བསྒོམ་དགོས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེ་ན། སྐྱོན་མེད་དེ། གཟུགས་སྐུར་སྐྱེ་བ་ལེན་པའི་རྣམ་སྨིན་གྱི་རྒྱུར་དེ་འདྲ་སྒོམ་དགོས་པར་ཁས་ལེན་ན་བདེན་ཡང་དེ་སྐད་མི་སྨྲའོ། །ཆོས་སྐུའི་སྔོན་དུ་དེའི་རིགས་མཐུན་སྟོང་ཉིད་བསྒོམ་དགོས་པ་ལྟར་སངས་རྒྱས་ཀྱི་སྐུ་དང་མཚན་དཔེ་ལྟ་བུ་འགྲུབ་པའི་སྔོན་དུའང་དེ་དང་རྗེས་སུ་མཐུན་པའི་རིགས་མཐུན་གྱི་རྒྱུ་དགོས་ཤིང་། ཐབས་དེ་ལྟར་བསྒོམ་ན་དེ་དག་སྒྲུབ་སླ་བ་སོགས་དགོས་པ་དུ་མ་ཡོད་པར་ཁས་ལེན་པས། སྔར་གྱི་ཀླན་ཀ་དེ་མི་འཇུག་པའི་ཕྱིར་རོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང་། ལམ་གྱི་ཁྱད་པར་རོ། །དང་པོ་ནི། སྔགས་དང་ཕར་ཕྱིན་གྱི་སྐབས་སུ་རྒྱུ་སྒྲུབ་ཚུལ་ལ་མཆོག་དམན་ཡོད་ཀྱང་། ཐོབ་བྱའི་འབྲས་བུ་སངས་རྒྱས་ལ་ཁྱད་མེད་དེ། གཉིས་ཀའི་ཐོབ་བྱའི་སང ས་རྒྱས་དེ་སྒྲིབ་གཉིས་སྤངས་ཤིང་། སྟོབས་ལ་སོགས་པའི་ཡོན་ཏན་མཐའ་དག་རྫོགས་པའི་སངས་རྒྱས་སུ་མཚུངས་པའི་ཕྱིར་རོ། །ལམ་དེ་གཉིས་ཀྱི་འབྲས་བུ་མཐར་ཐུག་ལ་མཆོག་དམན་མེད་ཅིང་ལམ་ལ་ནང་གསེས་ཀྱི་མཆོག་དམན་ཡོད་ཀྱང་སྐྱོན་མེད་དེ། དེ་གཉིས་རང་གི་འབྲས་བུ་ལ་ཉེ་བ་དང་རིང་བའི་མྱུར་བུལ་གྱི་ཁྱད་པར་ཆེན་པོ་ཡོད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། རང་གི་ལུགས་དང་། གཞན་གྱི་ལུགས་སོ། །དང་པོ་ནི། གསང་སྔགས་དང་ཕར་ཕྱིན་ཐེག་པའི་ཁྱད་པར་དང་མཆོག་དམན་སྤྱིའི་དབང་དུ་བྱས་ན་སྔགས་ཀྱི་ཐེག་པ་ལ་ནི་འབྲས་བུ་སངས་རྒྱས་ཀྱི་གནས་ལུས་ལོངས་སྤྱོད་མཛད་པ་བཞི་དང་འདྲ་བའི་ལམ་བསྒོམ་པ་ཡོད་ཅིང་། ཕར་ཕྱིན་ལ་དེ་མེད་པའི་ཁྱད་པར་གྱིས་གསང་སྔགས་ཕར་ཕྱིན་ལས་ཁྱད་པར་དུ་འཕགས་པ་ཡིན་ལ། བྱེ་བྲག་རྒྱུད་སྡེ་འོག་མ་གསུམ་ཕར་ཕྱིན་གྱི་ཐེག་པ་ལས་འཕགས་པའི་མྱུར་ཁྱད་ནི། ཟབ་གསལ་གཉིས་མེད་ཀྱི་ལྷའི་རྣལ་འབྱོར་དང་བཟླས་པ་ལ་བརྟེན་ནས་དངོས་གྲུབ་མང་པོ་འགྲུབ་པ་དང་། སངས་རྒྱས་བྱང་སེམས་ཀྱིས་དགོངས་པ་ལ་སོགས་པའི་མཐུས་བྱང་ཆུབ་ཀྱི་སྤྱོད་པ་རྫོགས་པར་བྱེད་ལ། བླ་མེད་ཀྱི་མྱུར་ཁྱད་ནི་དེ་ལས་གོང་དུ་ཚེ་གཅིག་ལ་འཚང་རྒྱ་བ་སོགས་ཀྱི་ཐབས་རྫོགས་རིམ་དུ་མ་ཟད་བསྐྱེད་རིམ་ལའང་རྒྱུད་སྡེ་འོག་མ་གསུམ་ལ་མེད་པའི་ཁྱད་ཆོས་དུ་མ་ཡོད་དོ། །ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་གྱི་གདུལ་བྱས་རང་གི་ལམ་ཙམ་གྱིས་སངས་རྒྱས་ཐོབ་ནུས་པ་ནི་མིན་ཏེ། དེ་དག་བར་སྐབས་སུའམ་མཐར་བླ་མེད་ཀྱི་ལམ་ལ་འཇུག་དགོས་པའི་ཕྱིར་རོ། །གཉིས་པ་ནི། སྡོམ་འབྱུང་འགྲེལ་པ་དང་། ཚུལ་གསུམ་སྒྲོན་མེའི་ལུགས་ཏེ་འདིར་མང་དུ་དོགས་པས་མི་འཆད་དོ། །གཉིས་པ་ལ་གསུམ། སྔགས་ལ་འཇུག་པའི་སྒོ་མི་འདྲ་བ་ཅི་ཙམ་ཞིག་ཡོད་པ་དང་། འཇུག་སྒོ་མི་འདྲ་བར་འཇོག་པའི་ཁྱད་པར་ངོས་བཟུང་བ་དང་། དེ་དག་དང་ལྡན་པའི་ལམ་བགྲོད་པའི་ཚུལ་བསྟན་པའོ། །དང་པོ་ནི། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བླ་མེད་རྣལ་འབྱོར་དེ་ལྷག་ལའོ། །རྣལ་འབྱོར་མཆོག་ནི་སེམས་ཅན་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ལའོ། །ཞེས་གསུངས་པ་ལྟར། གདུལ་བྱ་དམན་པ་ལ་བྱ་རྒྱུད། དེའི་ལྷག་འབྲིང་ལ་སྤྱོད་རྒྱུད། མཆོག་ལ་རྣལ་འབྱོར་རྒྱུད། དེའི་ལྷག་ཆེས་མཆོག་ལ་བླ་མེད་ཀྱི་རྒྱུད་གསུངས་པས། རིམ་པ་དེ་བཞིའི་སྒོ་ནས་འཇུག་པའི་སྒོ་བཞིའོ། །གཉིས་པ་ལ་གཉིས། དྲི་བ་དང་། ལན་ནོ། །དང་པོ་ནི། གལ་ཏེ་གདུལ་བྱ་དམན་མཆོག་གི་སྒོ་ནས་རྒྱུད་སྡེའི་རིམ་པ་མི་འདྲ་བའི་འཇུག་སྒོ་འདི་རྒྱུ་མཚན་གང་ཡིན། འདུལ་བྱ་ལ་མཆོག་དམན་ཡོད་པ་ཙམ་གྱིས་ནི་མིན་ཏེ། སྤྱིར་ཐེག་ཆེན་གཉིས་ཀྱི་གདུལ་བྱ་ནི་སངས་རྒྱས་དོན་དུ་གཉེར་བར་བྱེད་པའི་རིགས་ཅན་དབང་རྣོན་ཡིན་ལ། ནང་གསེས་ཀྱི་དབང་པོ་རྣོ་རྟུལ་ནི་སྔགས་ཀྱི་གདུལ་བྱ་ལའང་ཡོད་པའི་ཕྱིར་ཏེ། གསང་འདུས་ཀྱི་གདུལ་བྱ་ལ་དབང་པོའི་སྒོ་ནས་པད་མ་དཀར་པོ། ཨུཏྤལ། པདྨ། ཙནྡན། རིན་པོ་ཆེ་ལྟ་བུའི་གདུལ་བྱ་སྟེ་རིགས་ལྔ་ཡོད་པའི་ཕྱིར་དང་། ལྟ་བ་དང་འབྲས་བུའི་སྒོ་ནས་མཆོག་དམན་འབྱེད་མི་རིགས་པར་གོང་དུ་བསྒྲུབས་ཟིན་པའི་ཕྱིར་རོ། །ལྷའི་རྣལ་འབྱོར་མི་འདྲ་བ་ཡོད་པ་ཙམ་གྱིས་ཀྱང་མི་འབྱེད་དེ། རྣལ་འབྱོར་གྱི་གཙོ་བོ་ཟབ་གསལ་གཉིས་མེད་ཀྱི་ལྷའི་རྣལ་འབྱོར་ནི་རྒྱུད་སྡེ་བཞི་ཀའི་ཉམས་ལེན་གྱི་གཙོ་བོ་ཡིན་པར་མཚུངས་ལ། ནང་གསེས་མི་འདྲ་བ་ནི་བླ་མེད་གཅིག་པོ་ལའང་དུ་མ་ཡོད་པའི་ཕྱིར་རོ། །འོ་ན་གང་གིས་འབྱེད་ཅེ་ན། གཉིས་པ་ལ་གཉིས། གཞན་གྱི་ལན་དང་། རང་གི་ལན་ནོ། །དང་པོ་ནི། ཁ་ཅིག །མུ་སྟེགས་ཀྱི་རིགས་ཅན་དབང་ཕྱུག་དང་ཁྱབ་འཇུག་དང་ཚངས་པ་གསུམ་གྱི་རྗེས་འབྲང་དང་། དེ་གསུམ་གང་རུང་དུ་མཐའ་གཅིག་མ་ངེས་པ་བཞི་ཡོད་པས། བཞི་པོ་ལ་རིམ་པ་བཞིན་དུ་བླ་མེད། སྤྱོད་རྒྱུད། བྱ་རྒྱུད། རྣལ་འབྱོར་གྱི་རྒྱུད་རྣམས་བསྟན་པ་ཡིན་ནོ་ཟེར། དེ་ནི་ཤིན་ཏུ་མི་འཐད་དེ། མུ་སྟེགས་པ་རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱར་མི་རུང་བའི་ཕྱིར་དང་། རྒྱུད་སྡེ་བཞི་པོ་དེ་དག་གིས་རིགས་ཅན་དེ་བཞི་འདུལ་སྲིད་པ་ཙམ་ནི་བཞི་ཀ་ལའང་ཡོད་པའི་ཕྱིར་རོ། ཁ་ཅིག་གྲུབ་མཐའ་སྨྲ་བ་བཞི་དང་མཐུན་པར་རྒྱུད་སྡེ་བཞིར་འཇོག་གོ་ཟེར་བ་ཡང་མི་འཐད་དེ། དེ་དང་སྒོ་བསྟུན་ནས་འཇོག་པ་ལ་ཤེས་བྱེད་ཡང་དག་ཅི་ཡང་མེད་པའི་ཕྱིར་རོ། ཁ་ཅིག་རྒྱལ་རིགས་ལ་བྱ་རྒྱུད་དང་རྣལ་འབྱོར་རྒྱུད། རྗེ་རིགས་ཆགས་སྡང་ཆུང་ངུ་གཏི་མུག་ཆེ་བ་ལ་སྤྱོད་རྒྱུད། དེ་ལས་ལྡོག་པ་ལ་བླ་མེད་བསྟན་པ་ཡིན་ནོ་ཟེར་བ་ཡང་མི་འཐད་དེ། མི་རིགས་བཞི་རྒྱུད་སྡེ་བཞིའི་གདུལ་བྱ་ལ་དགོས་པར་འདོད་ན་ནི་མ་ངེས་ཤིང་། གཙོ་ཆེ་ཆུང་ཡང་མི་སྣང་བའི་ཕྱིར་ཏེ། རྒྱུད་སྡེ་བཞི་ཀའི་གདུལ་བྱར་རིགས་བཞི་ཀ་འོང་མི་འོང་ལ་ཁྱད་པར་བཞག་དཀའ་བའི་ཕྱིར་དང་། ཞེ་སྡང་ཆེ་བ་སོགས་དགོས་ན་ནི། ཤིན་ཏུ་ཡང་མི་རིགས་པའི་ཕྱིར་རོ། །གཉིས་པ་ནི། འདིར་རྒྱུད་སྡེའི་སྒོ་ནས་འཇུག་སྒོ་མི་འདྲ་བ་བཞིར་བཞག་པ་ནི། སྔར་བཤད་པ་དེ་དག་དང་ལྷའི་རྣལ་འབྱོར་ཙམ་གྱིས་ཀྱང་མིན་གྱི། ཆེད་དུ་བྱ་བའི་གཙོ་བོ་ལ་རིགས་བཞི་ཡོད་པས་འཇུག་སྒོ་བཞིར་བཞག་སྟེ། འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་ཚུལ་མི་འདྲ་བ་བཞི་དང་། ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་གོང་ནས་གོང་དུ་བསྐྱེད་པའི་ནུས་པ་མཆོག་དམན་བཞི་ཡོད་པའི་དབང་གིས་དེ་ལྟར་དུ་འཇོག་པའི་ཕྱིར་རོ། །དེ་ཡང་ཁ་སྦྱོར་ལས། རྒོད་དང་ལྟ་དང་ལག་བཅངས་དང་། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་པའི་རྐང་པ་ཐ་མས། དཔེར་ན་ཤིང་ལས་སྐྱེས་པའི་སྲིན་བུས་ཤིང་ཟོས་ནས་ཟད་པར་བྱེད་པ་ལྟར། རྒོད་པའི་རྒྱུད་དང་། ལྟ་བའི་རྒྱུད། ལག་བཅངས་སམ་འཁྱུད་པ། གཉིས་སྤྲོད་ཀྱི་རྒྱུད་བཞིའི་གདུལ་བྱ་དེ་འདྲ་བ་བཞིས། འདོད་ཡོན་ནམ་འདོད་ཆགས་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ཀྱིས་སྟོང་ཉིད་རྟོགས་པའི་སྒོ་ནས་འདོད་ཆགས་སོགས་ཟད་པར་བྱེད་ཅེས་བསྟན་ཏོ། །རྒོད་པའི་རྒྱུད་སོགས་བཞི་ནི་བྱ་རྒྱུད་སོགས་བཞི་ལ་རིམ་པར་སྦྱོར་སྟེ་བྱ་རྒྱུད་ཀྱི་སྐབས་སུ་ལྷ་དང་ལྷ་མོའི་ཕན་ཚུན་རྗེས་སུ་ཆགས་པའི་འཛུམ་པའམ་རྒོད་པ་དང་། སྤྱོད་རྒྱུད་ལ་ལྟ་བ། རྣལ་འབྱོར་རྒྱུད་ལ་ལག་བཅངས། བླ་མེད་ལ་དབང་པོ་གཉིས་སྦྱོར་གྱི་སྒོ་ནས་ཆགས་པ་ལམ་དུ་བྱེད་པར་གསུངས་ལ། དེ་ཡང་སྒྲུབ་པ་པོས་བསྒོམ་པའི་དབང་དུ་མཛད་པ་ཡིན་གྱི། ཡེ་ཤེས་པའི་ལྷ་རྣམས་ལ་ནི་ཆགས་པས་ལྟ་བ་སོགས་ག་ལ་སྲིད་དེ། དེ་དག་ནི་ཆགས་སོགས་ཀྱི་ཉོན་མོངས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འོ་ན། སྒྲུབ་ཐབས་སོགས་ནས་བཤད་པ་ལྟར་ལྷ་སྐུ་ལ་གཉིས་སྦྱོར་གྱིས་ཚུལ་དུ་ཞུགས་པ་མང་དུ་སྣང་བ་འདི་ཅི་ཡིན་ཞེ་ན། སྐྱོན་མེད་དེ། དེ་ནི་བླ་མེད་ཀྱི་ཆེད་དུ་བྱ་བའི་གདུལ་བྱས་ཐབས་དེ་ལྟ་བུའི་སྒོ་ནས་བདེ་ཆེན་གྱི་ལམ་བསྐྱེད་ན་མྱུར་དུ་འཚང་རྒྱའོ་ཞེས་གོ་བར་བྱེད་པའི་ཆེད་ཡིན་གྱི། ཡེ་ཤེས་པའི་ལྷ་ལ་ཆགས་པ་ཡོད་པའི་དབང་གིས་མིན་པའི་ཕྱིར་དང་། གཉིས་སྦྱོར་གྱི་བཞུགས་པ་ཡང་དུས་འགའ་ཞིག་གི་ཚེ་ཡིན་གྱི། བྲིས་པ་ལྟར་དུས་ཐམས་ཅད་དུ་མིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ནའང་ཐབས་གཞན་བསྟན་པས་ཆོག་གི ཐབས་འདི་ལྟ་བུ་བསྟན་པས་ཅི་བྱ་ཞེ་ན། སྐྱོན་མེད་དེ། དཔེར་ན་འཇིག་རྟེན་ནའང་བུ་བསྐྱེད་པར་འདོད་ན་ནི་ཕོ་མོ་གཉིས་སྦྱོར་གྱི་ཐབས་དེ་དགོས་ཀྱི། ཐབས་གཞན་གྱིས་དེ་མི་ནུས་པ་ལྟར་འདིར་ཡང་ཕྱོགས་འདྲ་བའི་ཕྱིར་རོ། །རྒྱུད་སྡེ་འོག་མ་གསུམ་གྱི་སྐབས་སུ་ཐབས་ཤེས་ཕན་ཚུན་ལྟ་བ་བྱེད་པ་སོགས་སུ་བསྒོམ་པ་ཡིན་གྱི། དབང་པོ་གཉིས་སྦྱོར་དངོས་སུ་ལྟ་ཞོག་སྒོམ་པ་ཙམ་ཡང་མི་རུང་ཞིང་། བླ་མེད་ལ་དངོས་དང་སྒོམ་པའི་ཚུལ་གཉིས་ཀ་ཡོད་དོ། །རྒྱུད་སྡེ་བཞིའི་མཚན་དོན་རྒྱུད་སྡེ་བཞི་ཀ་ལ་གྲགས་པའི་དབང་དུ་བྱས་ན། ཕྱིའི་བྱ་བ་དང་ནང་ལྷའི་རྣལ་འབྱོར་གཉིས་ཀྱི་ནང་ནས་ཕྱིའི་བྱ་བ་ལ་གཙོ་བོར་མོས་ཤིང་། བསྒོམས་པའི་ལྷ་མོ་དང་ཕན་ཚུན་བལྟས་པ་ཙམ་ལས་བྱུང་བའི་བདེ་བ་ལམ་དུ་བྱེད་པ་ལ་མོས་པའི་རིགས་ཅན་གྱི་གདུལ་བྱ་ནི་བྱ་རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ལ། དེའི་ཚད་དུ་གཙོ་བོར་གསུངས་པའི་རྒྱུད་དངོས་སམ། དེའི་སྡེར་གཏོགས་གང་རུང་གི་རྒྱུད་བྱ་རྒྱུད་ཀྱི་མཚན་ཉིད་དམ་ངོ་བོ། ཕྱིའི་བྱ་བ་དང་ནང་ལྷའི་རྣལ་འབྱོར་ཆ་མཉམ་དུ་སྤྱོད་པ་ལ་གཙོ་བོར་མོས་ཤིང་། བསྒོམས་པའི་ལྷ་མོ་དང་ཕན་ཚུན་བལྟས་པར་མ་ཟད་རྒོད་པ་ཙམ་ལས་བྱུང་བའི་བདེ་བ་ལམ་དུ་བྱེད་པ་ལ་མོས་པའི་རིགས་ཅན་གྱི་གདུལ་བྱ་ནི་སྤྱོད་རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ལ། དེའི་ཆེད་དུ་གཙོ་བོར་གསུངས་པའི་རྒྱུད་དངོས་སམ་དེའི་སྡེར་གཏོགས་གང་རུང་གི་རྒྱུད་དེ། སྤྱོད་རྒྱུད་ཀྱི་མཚན་ཉིད་དམ་ངོ་བོ། བྱ་བ་དང་རྣལ་འབྱོར་གཉིས་ལས་ནང་ལྷའི་རྣལ་འབྱོར་ལ་གཙོ་བོར་མོས་ཤིང་། བསྒོམས་པའི་ལྷ་མོ་དང་ཕན་ཚུན་ལྟ་རྒོད་དུ་མ་ཟད། འཁྱུད་པའམ་ལག་བཅངས་ལ་བརྟེན་ནས་བདེ་བ་ལམ་དུ་བྱེད་པ་ལ་མོས་པའི་རིགས་ཅན་གྱི་གདུལ་བྱ་དེ། རྣལ་འབྱོར་རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ལ། དེའི་ཆེད་དུ་གཙོ་བོར་གསུངས་པའི་རྒྱུད་དངོས་སམ་དེའི་སྡེར་གཏོགས་ཀྱི་རྒྱུད་དེ། རྣལ་འབྱོར་རྒྱུད་ཀྱི་མཚན་ཉིད་དམ་ངོ་བོའོ། །བྱ་བ་དང་རྣལ་འབྱོར་གཉིས་ཀྱི་ནང་ནས་དེ་ལས་གོང་ན་མེད་པའི་ལྷའི་རྣལ་འབྱོར་བསྒོམས་པ་ལ་གཙོ་བོར་མོས་ཤིང་། དབང་པོ་གཉིས་སྦྱོར་གྱི་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པར་གཙོ་བོར་མོས་པའི་རིགས་ཅན་གྱི་གདུལ་བྱ་དེ། རྣལ་འབྱོར་བླ་མེད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ལ། དེའི་ཆེད་དུ་གཙོ་བོར་གསུངས་པའི་རྒྱུད་དངོས་སམ་དེའི་སྡེར་གཏོགས་གང་རུང་གི་རྒྱུད་དེ། བླ་མེད་ཀྱི་རྒྱུད་ཀྱི་མཚན་ཉིད་དམ་ངོ་བོ་ཡིན་ནོ། །རྒྱུད་སྡེ་བཞིའི་སྒྲ་དོན་ཀྱང་། སྔ་མ་དེ་དག་གི་ཟུར་དང་པོ་བཞིས་ཤེས་པར་བྱའོ། །དེ་ཡང་རྒྱུད་སྡེ་བཞིའི་ཆེད་དུ་བྱ་བའི་གདུལ་བྱའི་མོས་ཚུལ་དེ་ལྟར་ཡིན་པས་དེའི་དབང་དུ་བྱས་ཀྱི། སྤྱིར་རང་གི་དབང་པོ་དང་མི་འཚམ་པའི་ལམ་ལ་མོས་པའང་ཡོད་པས། བྱ་བ་ཤེས་ཆེ་ཆུང་སོགས་ལ་བལྟས་མི་ལྟོས་དང་རིགས་གནས་ཀྱི་ཁྱད་པར་སྦྱར་ཏེ་ཞིབ་ཆ་འཐོན་པར་བྱའོ། །རྒྱུད་སྡེ་བཞིའི་གྲངས་ཚད་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། རྟོགས་པའི་རྒྱུད་སྟོང་ཕྲག་བཞིའོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ །རྣལ་འབྱོར་རྒྱུད་ལ་མིང་སྟོང་ཕྲག་བཅུ་གཉིས་སོ། །དེ་ལྟར་ན་རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་བཞིའོ། །རྒྱས་པར་ན་ཚད་མེད་དོ། །ཞེས་གསུངས་ཤིང་། བླ་མེད་ཀྱི་དབང་དུ་བྱས་ནས་སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་པ་སྟེ། དེ་ཡང་ཤོ་ལོ་ཀའི་གྲངས་མིན་གྱི། རྒྱུད་ཀྱི་མཚན་གྱི་གྲངས་སོ།། གསུམ་པ་ལ་གཉིས། ཐེག་ཆེན་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་ལམ་ལ་འཇུག་ཚུལ་ལོ། །དང་པོ་ནི། ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྤྱོད་པ་ཕྱིན་དྲུག་དང་བསྡུ་བཞི་ལ་བསླབ་དགོས་ཏེ། ལམ་རིམ་སོགས་ནས་ཤེས་པར་བྱའོ། །གཉིས་པ་ལ་འདིའི་ཐོག་མའི་འཇུག་སྒོ་ཁྱད་པར་ཅན་དང་འཇུག་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། སྔགས་ལ་འཇུག་པ་ལ་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་ཏེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། འཇམ་དཔལ་གང་དག་བྱང་ཆུབ་སེམས་སྒོམ་པ་ལ་ཞུགས་པ་དང་། གང་གི་ཚེ་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱའི། གང་དག་གིས་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་ཡང་ལྟར་མི་གཞུག་གོ །ཞེས་གསུངས་པ་ལྟར་རོ། །དེ་ནས་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་བསྟེན་ནས་རྒྱུད་སྣོད་རུང་དུ་བྱ་བའི་ཕྱིར་དབང་བསྐུར་བ་ནོད་པར་བྱ་སྟེ། དབང་རྣམ་པར་དག་པ་ནི་སྔགས་ཀྱི་རིགས་ཅན་སྣོད་རུང་དུ་བྱ་བའི་འཇུག་སྒོ་ཡིན་པའི་ཕྱིར་རོ། །དབང་ཐོབ་ནས་ཀྱང་། དམ་ཚིག་དང་སྡོམ་པ་ཚུལ་བཞིན་སྲུང་དགོས་ཏེ། བླ་མ་ལྔ་བཅུ་པ་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །བླ་མའི་རྗེས་སུ་འཇུག་པ་འདི། ཁ་ཏོན་བྱ་བར་སྦྱིན་པར་བྱ། །དེ་ནས་སྔགས་སོགས་བྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །ཀླག་དང་འཛིན་པ་ཉིད་དུ་བྱ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ད་ལྟ་དབང་མ་ཐོབ་པར་སྔགས་ལ་ཞུགས་པ་མང་དུ་འདུག་པ་འདི་ཅི་ཡིན་ཞེ་ན། ད་ལྟའི་གང་ཟག་གི་སྤྱོད་ཚུལ་མ་ངེས་ཀྱང་རྒྱུད་ཀྱི་དགོངས་པ་ནི། སྔགས་ལ་ཉམས་ལེན་བྱེད་ན་དབང་ཐོབ་དགོས་ཏེ། མ་ཐོབ་ན་སྔགས་ལ་ཞུགས་ཀྱང་ཕན་ཡོན་ཆེན་པོ་མེད་པར་ཉེས་དམིགས་ཆེ་བའི་གནས་སུ་འགྱུར་བའི་ཕྱིར་ཏེ། ཕྱག་ཆེན་ཐིག་ལེ་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་ལྟར། །གང་གིས་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་ན། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་ལ་གསུམ། བྱ་སྤྱོད་གཉིས་དང་། རྣལ་འབྱོར་དང་། བླ་མེད་ཀྱི་ལམ་གྱི་རིམ་པའོ། །དང་པོ་ལ་གཉིས། བྱ་སྤྱོད་ལ་བདག་བསྐྱེད་དང་ཡེ་ཤེས་པ་གཞུག་པ་ཡོད་མེད་དང་། བྱ་སྤྱོད་ཀྱི་ལམ་གྱི་རྣམ་གཞག་སོ་སོར་བཤད་པའོ། །དང་པོ་ནི། སྔོན་གྱི་སློབ་དཔོན་ཁ་ཅིག་བྱ་རྒྱུད་ལ་བདག་བསྐྱེད་མེད་ཅིང་སྤྱོད་རྒྱུད་ལ་དེ་ཡོད་ཀྱང་ཡེ་ཤེས་པ་འཇུག་པ་མེད་ཟེར་བ་སོགས་ནི་སྔགས་རིམ་དུ་བཀག་ཟིན་པས་འདིར་མི་བརྗོད་དོ། །གཉིས་པ་ལ་གཉིས། བྱ་རྒྱུད་ཀྱི་ལམ་གྱི་རྣམ་གཞག་དང་། སྤྱོད་རྒྱུད་ཀྱི་ལམ་གྱི་རྣམ་གཞག་གོ །དང་པོ་ལ་གཉིས། དབྱེ་བ་དང་། ལམ་གྱི་རིམ་པའོ། །དང་པོ་ལ་གཉིས། རིགས་སོ་སོའི་རྒྱུད་ཀྱི་དབྱེ་བ་དང་། བྱ་བ་སྤྱིའི་རྒྱུད་ཀྱི་དབྱེ་བའོ། །འདི་གཉིས་ལས། སྔ་མས་ནི་རིགས་རེ་རེ་བའི་སྒྲུབ་ཐབས་དང་ཆོ་ག་སྟོན་ལ། ཕྱི་མས་རིགས་ཐམས་ཅད་ཀྱི་སྒྲུབ་ཐབས་དང་ཆོ་ག་སྟོན་ནོ། །སྤྱིར་བླ་མེད་ལ་རིགས་དྲུག་དང་། རྣལ་འབྱོར་རྒྱུད་ལ་རིགས་ལྔར་འབྱེད་དོ། །བྱ་སྤྱོད་གཉིས་ཀྱི་སྐབས་སུ་དེ་བཞིན་གཤེགས་པའི་རིགས། པད་མའི་རིགས། རྡོ་རྗེའི་རིགས་ཏེ། རིགས་གསུམ་དུ་འབྱེད་དོ། །འོན་ཀྱང་དེ་གཉིས་ལ་དེ་བཞིན་གཤེགས་པ་རིགས་ལྔ་ཡང་ཡོད་དེ་དོན་མི་འདྲའོ། །བླ་མེད་ཀྱི་སྐབས་སུ་རིགས་དྲུག་པ་མཆོག་དང་། རྣལ་འབྱོར་རྒྱུད་དང་བྱ་རྒྱུད་ཀྱི་སྐབས་སུ་དེ་བཞིན་གཤེགས་པའི་རིགས་མཆོག་ཏུ་བྱེད་དོ། །བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ནི། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་དང་། འཇམ་དཔལ་རྩ་རྒྱུད། རྣམ་རྒྱལ། གདུགས་དཀར་སོགས་ཀྱི་གཟུངས་རྣམས་ཡིན་ལ། ལྷའི་དབང་དུ་བྱས་ན། འཇིག་རྟེན་ལས་འདས་མ་འདས་གཉིས་ལས། དང་པོ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ནི་ཤཱཀྱ་ཐུབ་པ། རིགས་ཀྱི་བདག་པོ་ནི་འཇམ་དཔལ། རིགས་ཀྱི་ཡུམ་ནི་སྤྱན་མ་ཡིན་ལ། དེར་གཏོགས་ནི་འོད་ཟེར་ཅན་རྣམ་རྒྱལ་སོགས་སོ། །གདུགས་དཀར་ལྟ་བུ་ནི་རིགས་ཀྱི་གཙུག་ཏོར་ཀྱང་ཡིན་ཞིང་། གཞན་ཡང་རིགས་ཀྱི་བྱང་སེམས་ཁྲོ་བོ་ཁྲོ་མོ་ཕོ་ཉ་འཇིག་རྟེན་པའང་ཡོད་དོ། །པདྨའི་རིགས་ཀྱི་རྒྱུད་ལ་ནི། ད་ལྟ་འགྱུར་བ་ཚེ་མདོ་དང་འཆི་མེད་རྔ་སྒྲའི་གཟུངས་དང་སྤྱན་རས་གཟིགས་ཀྱི་རྒྱུད་པདྨ་དྲ་པ་སོགས་ཡོད་དོ། །འདིའི་རིགས་ཀྱི་གཙོ་བོ་ནི་ཚེ་དཔག་མེད། རིགས་ཀྱི་བདག་པོ་སྤྱན་རས་གཟིགས། རིགས་ཀྱི་ཡུམ་གོས་དཀར་མོ། དེར་གཏོགས་སྒྲོལ་མ་ཉེར་གཅིག་ལྟ་བུའོ། །འདི་ལ་རིགས་ཀྱི་ཁྲོ་བོ་སོགས་ལྔ་ཡོད་པའི་ཁྲོ་བོ་ནི་རྟ་མགྲིན་དང་། ཁྲོ་མོ་ནི་རི་ཁྲོད་མ་ལྟ་བུའོ། །རྡོ་རྗེའི་རིགས་ཀྱི་རྒྱུད་ནི། མི་འཁྲུགས་པའི་རྒྱུད་དང་། རྡོ་རྗེ་ས་འོག་གི་རྒྱུད་དང་གཏུམ་པོ་དང་རྣམ་འཇོམས་ཀྱི་རྒྱུད་རྣམས་སོ། །འདིའི་རིགས་ཀྱི་གཙོ་བོ་ནི་མི་འཁྲུགས་པ། བདག་པོ་ནི་ཕྱག་རྡོར། ཡུམ་ནི་མཱ་མ་ཀི་ཁྲོ་གཉེར་ཅན་སོགས་སོ། །འདི་ལའང་རིགས་ཀྱི་ཁྲོ་བོ་ཁྲོ་མོ་སོགས་དང་དེ་དག་གི་རྒྱུད་ཀྱང་ཡོད་དོ། །བྱ་རྒྱུད་འཇིག་རྟེན་པའི་རིགས་ལ་ནོར་ལྷ་དང་གཞན་ལྷ་ཀླུ་འགའ་ཞིག་གི་སྒྲུབ་ཐབས་ཀྱང་དུ་མ་ཡོད་དོ། །བྱ་བ་སྤྱིའི་རྒྱུད་ལ། གསང་བ་སྤྱི་རྒྱུད། ལེགས་གྲུབ། དཔུང་བཟང་གིས་ཞུས་པ། བསམ་གཏན་ཕྱི་མ་དང་བཞི་ཡོད་པའི་དང་པོས་ནི། རིགས་གསུམ་གྱི་དཀྱིལ་འཁོར་སྟོང་དང་ལྔ་བརྒྱ་སྟོན། གཉིས་པས་ཁྲོ་བོ་ལེགས་གྲུབ་ཅེས་བྱ་བའི་སྒྲུབ་ཐབས་དང་ལས་ཚོགས་སྟོན། གསུམ་པས་སྔ་མའི་དཀྱིལ་འཁོར་དེ་དག་གི་ཆོ་ག་དང་ལས་ཚོགས་སྟོན། བཞི་པས་དེ་ཉིད་བཅུའི་རྣམ་གཞག་སྟོན་ནོ། །གཉིས་པ་ལ་གཉིས། ལམ་སྡུད་པའི་སྤྱིའི་ཆིངས་དང་། ལམ་གྱི་རིམ་པ་དངོས་སོ། །དང་པོ་ནི། ཡན་ལག་བཅུར་བསྡུ་སྟེ། གང་དུ་སྒྲུབ་པའི་གནས། བདག་གི་དེ་ཁོ་ན་ཉིད། སྔགས་ཀྱི་དེ་ཁོ་ན་ཉིད། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད། མེ་གནས། སྒྲར་གནས། སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་གསུམ་དང་། སྔགས་སྒྲུབ་པའི་ཆོ་ག སྦྱིན་སྲེག །དབང་བསྐུར་བའི་ཆོ་ག་སྟེ་བཅུར་འདུ་བར་བཤད་པའི་ཕྱིར་རོ། །དེ་རྣམས་ཀྱང་འཆད་པ་ལྟར་རིམ་པ་བཞིར་འདུའོ། །གཉིས་པ་ལ་བཞི། ལམ་སྒོམ་པའི་སྣོད་རུང་དུ་བྱ་བ་དང་། སྣོད་དུ་གྱུར་ནས་དམ་ཚིག་དང་སྡོམ་པ་དག་པར་བྱ་བ། དམ་ཚིག་ལ་གནས་ནས་སྔོན་དུ་བསྙེན་པ་ཇི་ལྟར་བྱ་བ། བསྙེན་པ་ལས་སུ་རུང་ནས་དངོས་གྲུབ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི། དབང་བསྐུར་བའི་སྐོར་ཏེ་དེའི་ཆོ་ག་ནི་གཞན་དུ་ཤེས་པར་བྱའོ། །དབང་གི་གྲངས་ནི། རྡོ་རྗེ་ཕྲེང་བ་ལས་མེ་ཏོག་གི་ཕྲེང་བའི་དབང་། ཆུ་དབང་། ཅོད་པན་གྱི་དབང་། རྡོ་རྗེ་དྲིལ་བུའི་དང་། མིང་དབང་སྟེ་དྲུག་བསྐུར་བར་གསུངས་ལ། ཡེ་ཤེས་ཐིག་ལེ་ལས། ཆུ་དང་ཅོད་པན་གྱི་ནི་དབང་། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་མིང་གི་དབང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །ཞེས་ཀྱང་གསུངས་ཏེ། ཕྱི་མ་ལྟར་མཛད་པ་མང་ངོ་། །ཅོད་པན་གྱི་དབང་གི་རྗེས་སུ་མཐའ་རྟེན་དུ་ལུང་བསྟན། དབང་དབྱུང་། རྗེས་གནང་གསུམ་བྱེད་དམ་མ་བྱས་ཀྱང་རུང་ངོ་། །བྱ་སྤྱོད་ཀྱི་དབང་གི་སྐབས་སུ་ཐུན་མོང་བའི་སྡོམ་པ་ཙམ་ཞིག་འཛིན་པ་ཡིན་གྱི། ཐུན་མོང་མ་ཡིན་པའི་སྡོམ་པ་འཛིན་མི་དགོས་ཏེ། བྱ་སྤྱོད་གཉིས་ཀྱི་སྐབས་སུ་རྡོ་རྗེ་སློབ་དཔོན་གྱི་དབང་ཕྱོགས་མཐུན་ཙམ་ལས། དེ་རྫོགས་པར་མེད་པའི་ཕྱིར་རོ། །བྱ་རྒྱུད་ལ་རིགས་གསུམ་ཡོད་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་ཐོབ་ན། རིགས་གཞན་གསུམ་ཀའི་དབང་མ་ཐོབ་ཀྱང་། རིགས་གསུམ་ཀའི་ལྷ་སྒོམ་པ་དང་སྔགས་བཟླ་བ་སོགས་ལ་དབང་ཞིང་། པདྨའི་རིགས་ཀྱི་དབང་ཙམ་ཐོབ་ན་རིགས་གཉིས་ཀྱི་སྒོམ་བཟླས་བྱེད་པ་ལ་དབང་གི དེ་བཞིན་གཤེགས་པའི་རིགས་ལ་མི་དབང་ལ། རྡོ་རྗེའི་རིགས་ཀྱི་དབང་ཙམ་ཐོབ་ན་ནི། གཞན་གཉིས་ཀ་ལ་མི་དབང་ངོ་། །བྱ་སྤྱོད་ཀྱི་སྡོམ་པའི་ཆོ་ག་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་གི་བར་ལན་གསུམ་བརྗོད་དེ་འཛིན་ནོ། །འདིར་བཟུང་བའི་སྡོམ་པ་ནི་བྱང་སེམས་ཀྱི་སྡོམ་པ་ཡིན་པས། གསང་སྔགས་ཀྱི་སྡོམ་པའི་ཐུན་མོང་མ་ཡིན་པའི་བསྲུང་རྒྱུ་མེད་ཀྱང་། རང་གི་དམ་ཚིག་བསྲུང་རྒྱུ་མང་ངོ་། །གཉིས་པ་ནི། ལེགས་གྲུབ་ལས། དེ་ནས་གཞན་ཡང་གང་ཞིག་ལ། །གནས་ན་ཟློག་པ་པོ་རྣམས་ཀྱིས། །དངོས་གྲུབ་མྱུར་དུ་འཐོབ་འགྱུར་བའི། །གསང་སྔགས་ཟློས་པའི་འདུལ་བར་བཤད། །ཅེས་སོགས་ཀྱི་དམ་ཚིག་སྲུང་ཚུལ་མང་དུ་བཤད་ཅིང་། དག་པར་བྱེད་ཚུལ་ཡང་། དེ་ཉིད་ལས། ཉིན་པར་བག་མེད་བྱས་པ་དག །མཚན་མོ་སོ་སོར་བཤགས་པར་བྱ། །ནུབ་མོ་བྱས་པའང་ནང་པར་བཤགས། །ལེགས་པར་བྱས་ལ་མངོན་དགའ་བྱ། །བཟླས་བརྗོད་སྦྱིན་སྲེག་གཙང་སྦྲ་རུ། །རིག་སྔགས་མཆོག་དང་རང་སྡོམ་དང་། །རིག་སྔགས་འདུལ་བ་དག་ལ་ཡང་། །སྒྲུབ་པ་པོས་ནི་ནན་ཏན་བྱ། །ཞེས་དང་། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པར་གང་གྱུར་པ། །དེ་ནི་རང་གི་སྙིང་པོ་སྔགས། །གཅིག་འབུམ་དུ་ནི་བཟླས་པར་བྱ། །ཡང་ན་སེམས་རྨོངས་མེད་པའི་གཟུངས། །སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང་། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་གཞུག །ཞེས་གསུངས་པ་ལྟར་རོ། །གསུམ་པ་ལ་གཉིས། སྔོན་དུ་བསྙེན་པ་དགོས་པའི་རྒྱུ་མཚན་དང་། བསྙེན་པ་བྱ་བའི་རིམ་པའོ། །དང་པོ་ནི། རྣམ་སྣང་མངོན་བྱང་ལས། རིག་སྔགས་འཆང་འགྱུར་དངོས་གྲུབ་དང་། །ཚེ་རིང་གཞོན་ནུ་འགྱུར་བ་གང་། །གལ་ཏེ་ཐོབ་པར་འདོད་ན་ནི། །ཇི་སྲིད་འདི་ནི་མ་བསྙེན་པར། །དེ་སྲིད་འཐོབ་པར་མི་འགྱུར་རོ། །ཞེས་གསུངས་ཏེ། བྱ་སྤྱོད་གཉིས་ལའང་འདྲའོ། །གཉིས་པ་ནི། སྔགས་འགྲུབ་པ་ལ་བསམ་གཏན་དགོས་ཤིང་མེད་ན་མི་འགྲུབ་པར་གསུངས་པས་འདི་ལ་གཉིས། བཟླས་བརྗོད་ལ་ལྟོས་པ་དང་། མི་ལྟོས་པའི་བསམ་གཏན་ནོ། །དང་པོ་ལ་གསུམ། བཟླས་བརྗོད་ཡན་ལག་བཞིའི་སྔོན་དང་། དངོས་གཞི་དང་། མཇུག་ཏུ་ཇི་ལྟར་བྱ་བའོ། །དང་པོ་ནི། ནངས་པར་ལངས་ནས་རིགས་གསུམ་པོ་གང་རུང་དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་སྔགས་བརྗོད་པར་བྱ་སྟེ། ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་བཀུག་སྟེ་མགོ་ལ་བཞག་ནས། ཨོཾ་ཏ་ཐཱ་ག་ཏ་ཨུཏྦྷ་ཝ་ཡེ་སྭཱཧཱ། ཞེས་པ་དེ་བཞིན་གཤེགས་པའི་རིགས་དང་། ཐལ་མོ་སྦྱར་བ་པད་མ་ཁ་བྱེ་བའི་ཚུལ་དུ་བྱས་ཏེ་སྙིང་ཀར་བཞག་ནས། ༀ་པདྨ་ཨུདྦྷ་ཝ་ཡེ་སྭཱཧཱ། ཞེས་པ་པདྨའི་རིགས་དང་། ཐལ་མོ་བཟློག་སྟེ་སྦྱར་ལ་མཐེ་བོང་གཉིས་དང་མཐེའུ་ཆུང་སྦྱར་ཏེ་ལྟེ་བའི་ཐད་ཀར་བཞག་ནས། ༀ་བཛྲ་ཨུཏྦྷ་ཝ་ཡེ་སྭཱཧཱ། ཞེས་བརྗོད་པ་ནི་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱ་དང་སྔགས་སོ། །དེ་ནས་ༀ་སརྦ་ཏ་ཐཱ་ག་ཏ་ནས་བྷནྡྷ་ནཱ་ཀ་རོ་མི། ཞེས་པས་ཕྱག་བྱ་ཞིང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་ཞེས་སོགས་ཀྱིས་ལུས་ཕུལ་ཏེ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ནས། དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད། དེ་ནས་ཁྲོ་བོ་མནོལ་བ་མེད་པའི་སྔགས་དང་ཕྱག་རྒྱས་བསྲུང་བ་དང་། སྔགས་དང་ཕྱག་རྒྱ་གཞན་གྱིས་ཁྲུས་བྱས་ཏེ་སྒྲུབ་ཁང་དུ་འཇུག་པ་དང་། བདག་དང་གནས་ལ་བསྲུང་བ་བྱ་བའི་རིམ་པ་རྒྱས་པ་ནི་སྔགས་རིམ་ནས་འབྱུང་བ་ལྟར་ཡིན་ལ། བསྡུས་པ་ལ་ནི་ངེས་པ་མེད་དེ། ད་ལྟ་དེ་ལྟར་བྱེད་པའི་ཕྱག་ལེན་མ་དར་རོ། །གཉིས་པ་ལ་གཉིས། བཟླས་བརྗོད་ཀྱི་ཡན་ལག་གི་བསམ་གཏན་དང་། བཟླས་བརྗོད་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། རང་ལྷར་བསྐྱེད་པ་དང་། མདུན་དུ་ལྷ་དམིགས་ནས་མཆོད་པ་སོགས་སོ། །དང་པོ་ནི་ཚོགས་ཞིང་སྤྱན་དྲངས་ནས་མཆོད་དེ། ལྷ་དྲུག་བསྐྱེད་བྱ་ཚུལ་ནི། དེ་ལྟར་བདག་གི་དེ་ཁོ་ན་ཉིད་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བ་ཞེས་སོགས་ཀྱིས་བདག་དང་ལྷ་གཉིས་རང་བཞིན་མེད་པར་བསྒོམ་པར་བྱ་སྟེ། དང་པོ་དོན་དམ་པའི་ལྷའོ། །དེ་ནི་རྒྱུད་གཞན་ནས་སྭ་བྷཱ་ཝ་སོགས་བརྗོད་ནས་དེའི་དོན་སྒོམ་པ་དང་གནད་གཅིག །དེ་ལས་ལངས་ནས་ལྷ་གང་བསྒོམ་པ་དེའི་སྔགས་ཀྱི་གདངས་ཀྱི་རྣམ་པ་ནམ་མཁའ་ལ་གྲགས་པར་བསམ་པ་ནི། གཉིས་པ་སྒྲའི་ལྷའོ། །དེ་ནས་སྔགས་དེ་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་བའི་སྟེང་དུ་འཁོར་བར་བསམ་པ་ནི། གསུམ་པ་ཡི་གེའི་ལྷའོ། །དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་ཏེ་ཟླ་བའི་དཀྱིལ་འཁོར་ལ་ཞུགས་པས་ལྷ་གང་ཡིན་པ་དེར་བསྒོམས་ནས་ང་རྒྱལ་བྱ་བ་ནི། བཞི་པ་གཟུགས་ཀྱི་ལྷའོ། །རང་གི་ཕྱག་རྒྱ་བཅིངས་ཏེ་སྔགས་བརྗོད་ནས་སྤྱི་གཙུག་སོགས་ལ་རེག་སྟེ་བྱིན་བརླབ་བྱ་བ་ནི། ལྔ་པ་ཕྱག་རྒྱའི་ལྷའོ། །བསྐྱེད་ཟིན་གྱི་ལྷ་དེ་ཉིད་སྒོམ་པ་ནི། དྲུག་པ་མཚན་མའི་ལྷ་སྟེ། སངས་རྒྱས་གསང་བས། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འདི་ནི་རྒྱུད་གཞན་ནས་མངོན་བྱང་ལྔ་བསྐྱེད་པའི་དོད་ཡིན་ལ། བསྡུ་ན་ཆོ་ག་སུམ་བསྐྱེད་ཀྱང་རུང་ངོ་། །བསྐྱེད་པའི་ལྷ་ལ་དཔྱད་སྒོམ་དང་འཇོག་སྒོམ་བྱེད་པ་ནི་བསམ་གཏན་ཡིན་ལ། དེ་ཡང་འཇོག་སྒོམ་བྱེད་པའི་ཚེ་སྲོག་རྩོལ་བསྡོམ་པར་བྱ་སྟེ། འདིར་སྲོག་ནི་དབང་པོའི་བུ་ག་ནས་འཇུག་པའི་རླུང་དང་། རྩོལ་བ་ནི་དམིགས་པ་ལས་མ་གཡེང་བའི་དྲན་པ་ལ་བྱ་ཞིང་། དེ་གཉིས་བསྡམས་ནས་དམིགས་པ་ལ་རྩེ་གཅིག་ཏུ་བྱེད་པའོ། །སྐབས་འདིར་བདག་བསྐྱེད་ཀྱི་བསྙེན་པ་བྱེད་པ་ལ་ལྷ་ཐམས་ཅད་དམ། གཙོ་བོ་རེ་རེས་ཀྱང་ཆོག་པར་བཤད་ཅིང་། འདི་ལ་གཞལ་ཡས་ཁང་སྒོམ་མི་སྒོམ་པའི་ཚུལ་གཉིས་སོ། །དམ་ཚིག་པ་ལ་ཡེ་ཤེས་པ་འཇུག་པ་སོགས་སངས་རྒྱས་གསང་བ་དང་བྱང་ཆུབ་མཆོག་གཉིས་ཀྱིས་མ་བཤད་པས་དེ་ལྟར་རམ། སློབ་དཔོན་གཞན་གྱིས་ཡེ་ཤེས་པ་འཇུག་པ་སོགས་བཤད་པ་ལྟར་ཡང་རུང་ངོ་། །གཉིས་པ་ལ་གཉིས། རྟེན་བསྐྱེད་པ་དང་། ལྷ་སྤྱན་དྲངས་ཏེ་བཞུགས་སུ་གསོལ་བ་སོགས་ལས། དང་པོ་ནི། རང་གི་མདུན་དུ་བྲིས་སྐུ་སོགས་བཀྲམ་པའི་ཕྱོགས་དེར་ས་གཞི་གསེར་གྱི་བྱེ་མ་བདལ་བ་བསམ་པ་སོགས་བྱས་ནས། གཞལ་ཡས་ཁང་བསྒོམ་པར་བྱའོ། །གཉིས་པ་ནི་དེར་ལྷ་བསྐྱེད་པའི་ཚུལ་ཡོད་ཀྱང་སྔགས་རིམ་ནས་འབྱུང་བ་ལྟར་ན་ལྷ་མི་བསྐྱེད་པར་མཆོད་ཡོན་བཟུང་ནས་ཕྱག་རྒྱ་བཅས་ཏེ། དད་པ་དང་ནི་དམ་ཚིག་གིས། །ཞེས་སོགས་ཀྱིས་སྤྱན་དྲངས་ནས་གཞལ་ཡས་ཁང་དུ་བཞུགས་པར་བསམས་ཏེ། མཆོད་པ་དང་བསྟོད་པ་སོགས་ཇི་སྐད་བཤད་པ་ལྟར་བྱས་ནས། བོ་དེ་ཙེ་སོགས་ཀྱིས་ཕྲེང་བ་བྱིན་གྱིས་བརླབས་ཏེ་སྔགས་གང་ཡིན་པ་དེ་བཟླའོ། །གཉིས་པ་ལ་གཉིས། ཡི་གེ་དང་། སྒྲ་ལ་དམིགས་པའི་བཟླས་བརྗོད་དོ། །དང་པོ་ལ་གཉིས། མདུན་གྱི་ཐུགས་ཀ་དང་། རང་གི་ཐུགས་ཀའི་ཡི་གེ་ལ་དམིགས་པའོ། །དང་པོ་ནི་བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། ཞེས་གསུངས་པ་ལྟར་བཟླས་བརྗོད་ཀྱི་ཡན་ལག་བཞི་སྟེ། རང་ལྷར་སྒོམ་པ་བདག་གི་གཞི་དང་། མདུན་དུ་ལྷ་སྒོམ་པ་མདུན་གྱི་གཞི་དང་། མདུན་གྱི་ལྷའི་ཐུགས་ཀར་རང་གི་སེམས་ཟླ་བར་བསམ་པ་ནི་སེམས་ལ་གཞོལ་བ་དང་། དེར་སྔགས་འཕྲེང་བཀོད་པ་ནི་སྐྲ་ལ་གཞོལ་བའི་གཞིའོ། །སྔར་བཞིན་རང་ལྷར་བསྒོམས་པའི་ངང་ནས་སྲོག་རྩོལ་བསྡམས་ཏེ་བཟླས་པའི་ཡན་ལག་བཞི་ཚང་བའི་སྒོ་ནས། མདུན་གྱི་ལྷའི་ཐུགས་ཀའི་ཡི་གེ་ཟླ་བ་དང་། སྐུ་གསུམ་ཀ་ལ་དུས་གཅིག་ཏུ་དམིགས་ནས་བཟླས་བརྗོད་བྱ་ཞིང་། དབུགས་གཏོང་བ་ན་རང་ལྷར་བསྒོམས་པ་ལ་བལྟ་བར་བྱ་སྟེ། མདུན་གྱི་ཡི་གེ་ལ་དམིགས་པའོ། །གཉིས་པ་ནི། དེ་ཉིད་ལས། མི་འགྱུར་བ་དང་ཡི་གེར་ལྡན། །གཞི་ལས་གཞིར་གྱུར་དེ་བཞིན་ཏེ། །ཞེས་སོགས་གསུངས་པ་ལྟར། མདུན་གྱི་ལྷའི་ཐུགས་ཀའི་སྔགས་འཕྲེང་བཀོད་པའི་ཟླ་བ་དེ། རླུང་ནང་དུ་རྔུབ་པ་ན་ཚུར་རང་གི་ཐུགས་ཀར་སྤོས་ནས་བཟླས་བརྗོད་བྱ་ལ། རླུང་གཏོང་བ་ན་ལྷའི་ཐུགས་ཀར་གནས་པར་བསམ་ཞིང་ཡང་སྔར་བཞིན་རང་གི་སྙིང་ཀར་སྦོས་ནས་བཟླས་པ་བྱ་སྟེ། རང་གི་ཐུགས་ཀའི་ཡི་གེ་ལ་དམིགས་པའོ། །གཉིས་པ་ནི། དེ་ཉིད་ལས། སླར་སྡུད་པ་ཡིས་བཀུག་ནས་ནི། །ཞེས་སོགས་བཤད་པ་ལྟར། ཡན་ལག་བཞིའི་ངང་སྔགས་ཀྱི་གདངས་ལ་དམིགས་ནས་ཡིད་ཀྱིས་དེའི་སྒྲ་གྲག་པར་དམིགས་ནས་སམ་ཤུབ་བུའི་བཟླས་པར་བྱ་བའོ། །དེ་ཡང་དང་པོའི་སྐབས་སུ་ལྷ་དང་ཟླ་བ་སྔགས་གསུམ་ལ་དམིགས་པ་དང་། བར་པ་ལ་ཟླ་བ་དང་སྔགས་གཉིས་ཙམ་དང་། ཕྱི་མ་འདི་ལ་སྒྲ་འབའ་ཞིག་ལ་དམིགས་ནས་བྱེད་དོ། །བཟླས་བརྗོད་ཀྱི་ཚེ་ཇི་ལྟར་བྱ་བ་ནི། དཔུང་བཟང་གིས་ཞུས་པ་ལས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེར་མི་བྱ་ཧ་ཅང་ཆུང་བ་མིན། །སྨྲ་བཞིན་མ་ཡིན་གཞན་དུ་གཡེང་བཞིན་མིན། །གུག་སྐྱེད་ཀླད་ཀོར་ཚེག་རྣམས་ཉམས་པས་མིན། །ཞེས་གསུངས་པ་བཞིན་བྱ་སྟེ། བཟླས་པ་གཞན་ལའང་འདྲའོ། །བསྙེན་པའི་སྐབས་སུ་བཟླས་པའི་གྲངས་ནི། བཅོ་ལྔ་མན་ཆད་གྲངས་རྣམས་ལ། །སྤྱིར་ན་ཡི་གེ་དུ་ཡོད་པ། །དེ་རྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་ཅུ་རྩ་གཉིས་ལ། །བཟླས་བརྗོད་སུམ་འབུམ་བྱ་བར་བཤད། །དེ་བས་མང་བའི་ཡི་གེ་ལ། །སྔོན་དུ་བསྙེན་པ་ཁྲི་བྱའོ། །ཞེས་གསུངས་པ་ལྟར་ཏེ། གཙོ་བོའི་སྔགས་ཁོ་ན་བཟླ་བའོ། །གཉིས་པ་ནི། དགེ་རྩ་འབུལ་བ་དང་། མཆོད་བསྟོད་གཤེགས་གསོལ་སོགས་ཇི་ལྟར་བཤད་པ་བཞིན་བྱའོ། །གཉིས་པ་བཟླས་བརྗོད་ལ་མ་ལྟོས་པའི་བསམ་གཏན་ལ་གསུམ། མེ་གནས་སྒྲ་གནས། སྒྲ་མཐའི་བསམ་གཏན་ནོ། །དང་པོ་ནི། རང་ལྷར་གསལ་བའི་ཐུགས་ཀར་མར་མེ་མེ་ལྕེ་འབར་བ་ལྟ་བུ་ཞིག་བསམས་ལ། དེའི་ནང་དུ་རང་གི་སེམས་བཟླས་བྱའི་སྔགས་ཀྱི་སྒྲའི་རྣམ་པར་གྲགས་པར་བསམ་པ་སྟེ། དེ་ཡང་གཞན་གྱི་འདོན་པ་རང་གིས་ཉན་པ་ལྟར་བྱའོ། །གཉིས་པ་སྒྲ་གནས་ནི། སྔར་གྱི་དམིགས་པ་བཏང་ནས། སྔགས་ཀྱི་སྒྲ་ཙམ་ལ་བསམ་གཏན་བྱ་སྟེ། དེ་ཡང་ལྷའི་སྐུ་དང་ཟླ་བ་དང་མེ་ལ་དམིགས་པར་མི་བྱེད་པས་སྔ་མ་གཉིས་དང་མི་འདྲའོ། །གསུམ་པ་ནི། སྒྲ་ལ་དམིགས་པའི་མཐར་བཏང་ནས་དེ་ཁོ་ན་ཉིད་རྩེ་གཅིག་ཏུ་བསྒོམ་པར་བྱ་བ་སྟེ། བདག་དང་ལྷ་ལ་སོགས་པར་ཆོས་རྣམས་རང་བཞིན་གྱིས་སྟོང་པར་བསྒོམས་ནས་ཐར་པ་འཐོབ་པར་འགྱུར་བའི་ཕྱིར་དེ་ལྟར་བརྗོད་དོ། །དེ་དག་ནི་བསམ་གཏན་ཕྱི་མ་ལས། གསང་སྔགས་མེ་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བ་དྲན། །སྒྲ་མཐར་ཐར་པ་སྟེར་བ་ཉིད། །འདི་དག་ཉིད་ནི་གསུམ་པོ་ཡིན། །ཞེས་དང་། སྒྲ་ཞེས་བྱ་བ་འཕྲེང་བར་སྦྱོར། །ཞེས་སོགས་གསུངས་པ་ལྟར་རོ། །བཞི་པ་དངོས་གྲུབ་ཇི་ལྟར་བསྒྲུབ་པ་ནི་ཚུལ་ནི་འདིར་མི་འཆད་དོ། །འདི་དག་གི་ཚུལ་རྒྱས་པར་ནི་སྔགས་རིམ་ལས་ཤེས་པར་བྱ་སྟེ། འདིར་མང་དུ་དོགས་པས་དོན་བསྡུས་ནས་བརྗོད་པའོ། །གཉིས་པ་སྤྱོད་རྒྱུད་ཀྱི་ལམ་གྱི་རིམ་པ་ལ་བཞི། ལམ་སྒོམ་པའི་སྣོད་རུང་དུ་བྱ་བ་དང་། དམ་ཚིག་སོགས་དག་པར་བྱ་བ་དང་། སྔོན་དུ་བསྙེན་པ་ཇི་ལྟར་བྱ་བ། དངོས་གྲུབ་བསྒྲུབ་པའི་རིམ་པའོ། །དང་པོ་གཉིས་གཞན་དུ་ཤེས་པར་བྱ་ལ། གསུམ་པ་ལ་གཉིས། མཚན་བཅས་དང་། མཚན་མེད་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས། ཕྱིའི་ཡན་ལག་བཞི་དང་ནང་གི་ཡན་ལག་བཞིའི་བཟླས་བརྗོད་དོ། །དང་པོ་ལ་སྤྱོད་རྒྱུད་ཀྱི་གཙོ་བོ་ནི་རྣམ་སྣང་མངོན་བྱང་ཡིན་པས། འདིར་དེ་ནས་བཤད་པ་ལྟར་བྱ་བ་ཡིན་ལ། ཕྱག་རྡོར་དབང་བསྐུར་བའི་རྒྱུད་ཀྱང་སྤྱོད་རྒྱུད་དོ། །ཉམས་སུ་ལེན་པ་ནི་སྔོན་དུ་བདག་དང་གནས་བསྲུང་བ་སོགས་བྱས་ནས་སྟོང་ཉིད་བསྒོམ། སྟོང་པའི་ངང་ནས་ཡན་ལག་བཞིའི་ནང་ནས་དང་པོ་ལྷ་བསྐྱེད་པའི་གཞིའི་ཡན་ལག་བྱ་སྟེ། རང་གི་སེམས་ཟླ་བར་གྱུར་པའི་སྟེང་དུ་ཡི་གེ་ཨཾ་བསམས་ཤིང་། དེ་ལས་རྣམ་སྣང་ཞལ་གཅིག་ཕྱག་བཞི་པ་བསྐྱེད་ལ་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱ་བ་སོགས་ཀྱང་དགོས་སོ། །གཞི་གཉིས་པ་ནི་རང་གི་མདུན་དུ་རང་འདྲའི་དེ་བཞིན་གཤེགས་པ་བསྒོམ་པའོ། །དེ་ནས་དེའི་ཐུགས་ཀར་ཟླ་བ་དང་། དེར་སྔགས་འཕྲེང་དགོད་པ་གཉིས་བྱ་སྟེ་བཟླས་བརྗོད་ཀྱི་ཡན་ལག་བཞིའོ། །དེ་ནས་ཡི་གེ་ལ་དམིགས་ནས་བཟླས་པ་བྱེད་ཚུལ་ནི་བྱ་རྒྱུད་ཀྱི་སྐབས་ལྟར་རོ། །གཉིས་པ་ནི། སྟོང་པའི་ངང་ལས་ཨ་ཨཱ་ཨཾ་ཨཿབཞི་པོ་གང་རུང་ལས་སྔར་ལྟར་ལྷ་བསྐྱེད་པ་ནི་གཞི་དང་པོ་བདག་གིས་གཞི་ཡིན་ལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱེན་བསྒྲེང་ཤིན་ཏུ་དག་པ་ཞིག་བསམ་ནས་ཟླ་བའི་དཀྱིལ་འཁོར་དེའི་ནང་དུ་སྔར་གྱི་རྣམ་སྣང་ཕུག་ན་བཞུགས་པ་ལྟ་བུར་བསྒོམ་པ་ནི་གཞི་གཉིས་པ་གཞན་གྱི་གཞི་ཡིན་ཞིང་། དེའི་ཐུགས་ཀར་ཟླ་བ་བསམ་པ་ནི་སེམས་ལ་གཞོལ་བ་དང་། དེ་ལ་སྔགས་འཁོད་པར་བསམས་པ་ནི་སྒྲ་ལ་གཞོལ་བ་སྟེ་དེ་ལ་དམིགས་ནས་བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །འདི་ལ་བཟླས་པ་གཉིས་ཀ་བྱ་ཞིང་། ཡིད་བཟླས་ཀྱི་སྐབས་སུ་སྲོག་རྩོལ་བསྡོམ་པའང་དགོས་སོ། །ལྷ་སྐུ་ལ་དམིགས་ནས་ཞི་གནས་འགྲུབ་ཀྱི་བར་བསྒོམ་པ་དང་། མཆོད་པ་དང་བསྔོ་བ་བྱའོ། །གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། ལྷ་སྐུ་སོགས་ལ་དམིགས་ནས་རང་བཞིན་མེད་པའི་སྟོང་ཉིད་བསྒོམ་པར་བྱ་བ་སྟེ། ཟབ་དང་རྒྱ་ཆེ་བའི་ཚུལ་གཉིས་ཀ་ལ་བསླབ་བོ། །སྤྱིར་སྟོང་ཉིད་བསྒོམ་པ་ཙམ་ཞིག་ནི་མདོ་ཕྱོགས་ལའང་ཡོད་མོད། འདིར་ལྷའི་དཀྱིལ་འཁོར་བསྒོམ་པ་སྔོན་དུ་བཏང་ནས་བྱེད་པས་ཁྱད་པར་ཡོད་དོ། །བཞི་པ་ནི། རྫས་སྔགས་ཏིང་ངེ་འཛིན་སོགས་ལ་བརྟེན་ནས་དངོས་གྲུབ་རྣམས་སྒྲུབ་པར་བྱེད་པའོ།། ག ཉིས་པ་རྣལ་འབྱོར་རྒྱུད་ཀྱི་རྣམ་གཞག་ལ་གཉིས། རྒྱུད་ལས་བསྟན་ཚུལ་དང་། ཉམས་སུ་ལེན་ཚུལ་ལོ། །དང་པོ་ནི། རྣལ་འབྱོར་རྒྱུད་ཐམས་ཅད་ཀྱི་རྩ་བའི་རྒྱུད་ནི་དེ་ཉིད་བསྡུས་པ་ཡིན་ཞིང་། འདི་ལ་བཤད་རྒྱུད་རྡོ་རྗེ་རྩེ་མོ་ཞེས་པ་ཞིག་ཀྱང་ད་ལྟ་ཡོད་དོ། །དེའི་དང་པོ་ལ་དུམ་བུ་བཞི་སྟེ། རྡོར་དབྱིངས། ཁམས་གསུམ་རྣམ་རྒྱལ། འགྲོ་འདུལ། དོན་གྲུབ་ཀྱི་དུམ་བུའོ། །དང་པོ་ལས་དེ་བཞིན་གཤེགས་པའི་རིགས་བསྟན་ཏེ་རྣམ་སྣང་གི་རིགས་སོ། །གཉིས་པས་རྡོ་རྗེའི་རིགས་མི་བསྐྱོད་པ་དང་། གསུམ་པས་པདྨའི་རིགས་འོད་དཔག་མེད་དང་། བཞི་པས་ལས་ཀྱི་རིགས་དོན་གྲུབ་དང་རིན་འབྱུང་གི་དཀྱིལ་འཁོར་གཉིས་བསྡུས་ནས་བསྟན་ཏེ། འོན་ཀྱང་དེ་བཞིན་གཤེགས་པ་ལྔ་ནི་རིགས་ཅན་ཡིན་ལ། ལྷ་གཞན་རྣམས་དེ་དག་གི་རིགས་སོ། །དུམ་བུ་རེ་རེས་ཀྱང་དང་པོ་སྦྱོར་བ་སོགས་ཏིང་འཛིན་ཚན་པ་གསུམ་གསུམ་བཤད་ཅིང་། རང་རང་གི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དང་། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ཀྱང་གསུངས་ཏེ་རྒྱས་འབྲིང་བསྡུས་གསུམ་མོ། །གཉིས་པ་ལ་ལམ་བསྒོམ་པའི་སྣོད་རུང་དུ་བྱེད་པ་སོགས་སྔར་བཤད་པ་ལྟར་བཞི་ལས་དང་པོ་གཉིས་ནི་གཞན་དུ་ཤེས་པར་བྱ་ཞིང་། གསུམ་པ་བསྟེན་པ་ཇི་ལྟར་བྱ་ཚུལ་ལ་གཉིས། མཚན་བཅས་དང་། མཚན་མེད་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས། ཐུན་བཞིར་སྒོམ་པ་དང་། དེ་མི་ནུས་པས་ཇི་ལྟར་བྱ་བའོ། །དང་པོ་ལ། སློབ་དཔོན་ཀུན་སྙིང་གི་བཞེད་པ་ལྟར་ན། སློབ་མའི་དབང་ཙམ་ཞིག་ཐོབ་པ་ཡིན་ན། སྔོན་འགྲོ་ཁྲུས་ནས་རྡོ་རྗེའི་ཐལ་མོའི་བར་བྱས་ཏེ། གཞལ་ཡས་ཁང་དུ་གཙོ་བོའམ་མེ་ཏོག་ཕོག་པའི་གང་རུང་གཅིག་བསྐྱེད་ནས་ཡེ་ཤེས་པ་བཅུག་ཏེ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་བསྒོམ་བཟླས་བྱའོ། །ཕྱག་རྒྱའི་སྒྲ་དོན་ནི། རྒྱས་ཇི་ལྟར་བཏབ་པ་ལས་འདར་མི་རུང་བའི་དོན་ནོ། །དབྱེ་ན། ཕྱག་ཆེན། དམ་རྒྱ། ཆོས་རྒྱ། ལས་རྒྱ་སྟེ་བཞི། ཡང་སྦྱང་གཞིའི་ཕྱག་རྒྱ། སྦྱོང་བྱེད་ཀྱི་ཕྱག་རྒྱ། འབྲས་བུའི་ཕྱག་རྒྱ་སྟེ་གསུམ། སྦྱང་གཞིའི་ཕྱག་རྒྱ་ནི། ཐ་མལ་གྱི་ལུས་ངག་ཡིད་གསུམ་དང་བྱ་བ་སྟེ་བཞི་ཡིན་ལ། རིམ་པ་ལྟར་ལམ་གྱི་ཕྱག་ཆེན་དང་དམ་རྒྱ་དང་ཆོས་རྒྱ་དང་ལས་རྒྱ་བཞིའི་སྦྱང་བཞིའོ། །ལས་རྒྱ་རེ་རེ་ལའང་མཚོན་བྱ་དོན་གྱི་ཕྱག་རྒྱ་དང་མཚོན་བྱེད་ཀྱི་ཕྱག་རྒྱ་གཉིས་ཏེ། མཚོན་བྱེད་ལ་ཡང་ཕྱི་དང་ནང་གི་ཕྱག་རྒྱ་གཉིས་སུ་ཕྱེ་བས་གསུམ་གསུམ་ཡོད་དོ། །ཕྱག་ཆེན་ལ་མཚོན་ན། རྣམ་སྣང་སོགས་ལྷ་དེ་དང་དེའི་སྐུ་གཟུགས་ཀྱི་རྣམ་པ་ནི་མཚོན་བྱའོ། །སྐུ་དེ་དང་རྣམ་པ་མཐུན་པར་བཅས་པའི་ལག་པའི་འདུ་བྱེད་ནི་མཚོན་བྱེད་ཕྱིའི་ཕྱག་རྒྱ་དང་། རང་ཉིད་ལྷ་དེར་བསམ་པ་ནི་མཚོན་བྱེད་ནང་གི་ཕྱག་རྒྱའོ། །དེ་བཞིན་དུ་དམ་རྒྱའི་སྐབས་སུ་ཐུགས་གར་ཕྱག་མཚན་དང་། ཆོས་རྒྱའི་སྐབས་སུ་ལྕེ་ལ་རྡོ་རྗེ་དང་། ལས་རྒྱའི་སྐབས་སུ་སྣ་ཚོགས་རྡོ་རྗེ་འགོད་པ་སོགས་ལའང་སྦྱར་བར་བྱའོ། །སྦྱངས་པ་འབྲས་བུའི་ཕྱག་རྒྱ་ནི་རྒྱལ་བའི་སྐུ་གསུང་ཐུགས་འཕྲིན་ལས་དང་བཅས་པ་བཞིའོ། །གོ་རིམ་ནི། སློབ་དཔོན་ཀུན་དགའ་སྙིང་པོས། དམ་རྒྱ་ཆོས་རྒྱ་ལས་རྒྱ་ཕྱག་ཆེན་བཞི་རིམ་པར་བྱེད་ལ། སངས་རྒྱས་གསང་བ་དང་ཤཱཀྱ་བཤེས་གཉེན་གཉིས་ཀྱིས་ཕྱག་ཆེན་དམ་རྒྱ་ཆོས་རྒྱ་ལས་རྒྱ་བཞི་རིམ་བཞིན་བྱེད་པས་གང་བྱས་ཀྱང་མི་འགལ་ལོ། །འོན་ཀྱ ང་ད་ལྟ་ཀུན་རིག་ལ་དམ་རྒྱ་ནས་སྔོན་ལ་བྱེད་དེ། སྐུ་བཞིའི་དང་པོ་ཆོས་སྐུ་ཡིན་པའི་དབང་དུ་མཛད་པ་ཡིན་ལ། ཕྱག་ཆེན་སྔོན་དུ་བྱེད་པ་ལྟར་ན། ཆོས་སྐུ་དང་པོར་ཐོབ་པའི་རྟེན་ལོངས་སྐུ་ཡིན་པའི་དབང་དུ་མཛད་པའོ། །རྒྱས་འདེབས་ཚུལ་ནི་ཀུན་རིག་ནས་འབྱུང་བ་ལྟར་ཏེ་གོ་སླའོ། །སློབ་དཔོན་གྱི་དབང་ཐོབ་ན་ནི། རྡོ་རྗེ་འབྱུང་བ་ལྟར་རྣལ་འབྱོར་ཆེན་པོ་རྒྱས་པའམ་འབྲིང་བསྡུས་གཉིས་གང་བྱས་ཀྱང་ཆོག་གོ །སློབ་དཔོན་སངས་རྒྱས་གསང་བས་ནི། སློབ་དཔོན་གྱི་དབང་ཐོབ་པས་ཀྱང་སྦྱོར་བ་རྣམས་སྔོན་དུ་བཏང་སྟེ་གཞལ་ཡས་ཁང་དུ་ལྷ་གཅིག་བསྒོམས་ནས་ཕྱག་རྒྱ་བཞིས་རྒྱས་གདབ་ཅིང་མཆོད་བསྟོད་བསྒོམ་བཟླས་བྱས་ཀྱང་ཆོག་པར་བཤད་དེ། སྔ་མ་ལས་བྱ་སླ་བ་ཞིག་གོ །གཉིས་པ་སྔར་ལྟར་བསྒོམ་མི་ནུས་པས། ལྷ་གང་ཡིན་གྱི་སྙིང་པོ་ཙམ་བརྗོད་ནས་ལྷ་དེར་བསྐྱེད་ཅིང་། མདུན་དུའང་དེ་ལྟར་བསྒོམས་ཏེ་མཆོད་བསྟོད་དང་བཟླས་པ་ཚང་བར་བྱའོ། །རྣལ་འབྱོར་རྒྱུད་ཀྱི་སྒོ་ནས་གཞན་དོན་བྱེད་པ་རྣམས་ཀྱིས་བསྙེན་པ་བྱ་ཚུལ་རྒྱས་པ་མ་ལྕོགས་ན། མ་མཐའ་འང་འདི་ལྟ་བུ་ཞིག་སྔོན་དུ་བཏང་ནས་བྱ་སྟེ། སྔགས་རིམ་ལས། སྔར་ལྟར་གསུངས་པའི་མཇུག་ཏུ། དེ་ཙམ་ཡང་ཁྱད་ཆེ་བས་གསོན་པོ་དང་གཤིན་པོ་ལ་དབང་བསྐུར་བ་དང་རབ་གནས་སོགས་རྣལ་འབྱོར་རྒྱུད་ཀྱི་སྒོ་ནས་བྱེད་པ་རྣམས་ཀྱིས། ཐ་ནའང་བསྒོམ་དེ་ཙམ་རེ་བྱས་ནས་རང་རང་གི་བཟླས་པ་རྫོགས་པ་རེ་བྱ་དགོས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཕྲ་ཐིག་ནི་ལྷའི་འཁོར་ལོ་ལ་སེམས་བརྟན་ནས་བསྒོམ་པར་གསུངས་ཏེ་མ་བྲིས་སོ། །གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། བདག་དང་ལྷ་ལ་སོགས་པའི་ཆོས་རྣམས་རང་བཞིན་གྱིས་སྟོང་པར་བསྒོམ་པ་སྟེ། ཤེས་རབ་ངེས་འབིགས་ཀྱི་རྣལ་འབྱོར་ཞེས་ཀྱང་བྱའོ། །རྒྱུད་སྡེ་འོག་མ་གསུམ་གྱི་སྐབས་སུ་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ཞེས་པ་ལས། མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་གཉིས་ལ་བྱ་དགོས་ལ། དེ་ཡང་ལྷའི་རྣལ་འབྱོར་བསྒོམ་པ་ལ་སློབ་པ་ནི་མཚན་བཅས་སམ་གསལ་བ་ལ་སློབ་པ་ཡིན་ཞིང་། དམིགས་པ་དེ་རྣམས་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་སྒོམ་པ་ནི་མཚན་མེད་དམ་ཟབ་པ་ལ་སློབ་པའོ། །བཞི་པ་ནི། བསྒོམ་བཟླས་མཐར་ཕྱིན་ནས་དངོས་གྲུབ་སྒྲུབ་པ་སྟེ། འདི་ལ་བསམ་གཏན་གྱི་སྒྲུབ་པ་དང་། བཟླས་བརྗོད་ཀྱིས་སྒྲུབ་པའི་ཚུལ་གཉིས་སྔགས་རིམ་ལས་འབྱུང་བ་ལྟར་རོ། །དེ་ལྟར་རྒྱུད་སྡེ་འོག་མ་གསུམ་གྱི་དོན་ཉམས་སུ་ལེན་པ་ལ། དེ་གསུམ་གྱི་དོན་ཤེས་དགོས་ཤིང་། དེར་མ་ཟད། བླ་མེད་ཀྱི་རྒྱུད་ནི་རྒྱུད་སྡེ་གཞན་ལས་ཁྱད་པར་དུ་འཕགས་ཚུལ་ཤེས་པ་ལ་ཡང་དེ་ལྟར་ཤེས་དགོས་ཏེ། མི་ཤེས་ན་ནི་བླ་མེད་ཀྱི་རྒྱུད་དེ་རྒྱུད་གཞན་ལས་ཁྱད་པར་དུ་འཕགས་པར་ཁས་བླངས་ཀྱང་དམ་བཅའ་ཙམ་དུ་འགྱུར་བའི་ཕྱིར་ཏེ། རྗེའི་རྟོགས་བརྗོད་ལས། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་ཚུལ། །མི་ཤེས་དེ་ཡིས་རྣལ་འབྱོར་བླ་མེད་རྒྱུད། །རྒྱུད་སྡེ་ཀུན་གྱི་མཆོག་ཏུ་ཐག་བཅད་ཀྱང་། །དམ་བཅའ་ཙམ་དུ་ཟད་པར་ལེགས་མཐོང་ནས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་བླ་མེད་ཀྱི་རིམ་པ་ལ་གསུམ། ལམ་སྡུད་པའི་སྤྱི་ཆིངས། ལམ་གྱི་གོ་རིམ། ལམ་གྱི་རིམ་པ་ཉིད་བཤད་པའོ། །དང་པོ་ནི། རྣལ་འབྱོར་བླ་མེད་ཀྱི་ལམ་གྱི་རིམ་པ་རྣམས་དོན་ཚན་དུ་ཞིག་ཏུ་འདུ་ཞེ་ན། སློབ་དཔོན་བསྐལ་བཟང་རྡོ་རྗེས་དབང་གི་ཆོ་ག །སྲུང་བའི་ཆོ་ག །མཚན་ཉིད་ཤེས་པའི་ཆོ་ག །སེམས་སྦྱང་བའི་ཆོ་ག སྤྱོད་པ་དག་པའི་ཆོ་ག་སྟེ་ལྔ་བཤད་ལ། དགྲ་ནག་འགྲེལ་བར། དབང་དམ་ཚིག་བསྙེན་པ་སྒྲུབ་པ་འབྲས་བུ་ལས་ཚོགས་ཏེ་དྲུག་ཏུ་བཤད། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། རྒྱུད་དང་གླེང་གཞི་དང་ངེས་ཚིག་དང་རྒྱུ་སྟེ་བཞིར་བཤད་ཅིང་། དེ་ནི་དབང་དང་སྡོམ་པ་དང་བསྒོམ་པ་དང་སྤྱོད་པ་དང་འབྲས་བུ་མངོན་དུ་བྱེད་ཚུལ་ཏེ་ལྔར་འདུའོ། །ཡང་འགྲེལ་པ་རིན་ཆེན་སྒྲོན་མེར། རྒྱུད་ཀྱི་རྒྱལ་པོ་འདི་ནི་རབ་ཏུ་འཁྲུགས་པ་སྟེ་དེའི་ཕྱིར་བླ་མའི་གདམས་ངག་གིས་བསྙེན་པ་ལ་སོགས་པ་རེ་རེ་ལ་ཅི་རིགས་སུ་འབྲེལ་ཏེ། ཞེས་གསུངས་པ་ལྟར། རྒྱུད་ལས་གོ་རིམ་འཁྲུགས་པའི་ཚུལ་གྱིས་གསུངས་པ་རྣམས་འཁྲུགས་སྡེབས་བྱེད་པ་ཤེས་དགོས་ཤིང་། བྱེད་ཚུལ་ཡང་སྔར་བཤད་པ་དེ་དག་གང་བྱས་ཀྱང་མི་འགལ་མོད། འདིར་ནི་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་དོན་ལྟར་བྱ་བར་གསུངས་སོ། །གཉིས་པ་ནི། རྣལ་འབྱོར་བླ་མེད་ཀྱི་སྒོར་ཞུགས་ནས་མྱུར་དུ་འཚང་རྒྱ་བ་ལ་རྒྱུད་དོན་ཤེས་དགོས་ཤིང་། དེ་ཉན་པ་དང་ཤེས་པ་དང་སྒོམ་པ་ཐམས་ཅད་ལ་དབང་དང་དམ་ཚིག་བཟུང་བ་སོགས་ཀྱང་དགོས་སོ། །ཞུགས་པའི་དཀྱིལ་འཁོར་ལ་ནི། སྤྱིར་རྡུལ་མཚན་རས་བྲིས་བསམ་གཏན་ལུས་དཀྱིལ་དང་བཞི་ཡོད་དོ། །དེ་ལས་བསམ་གཏན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། གང་ཡང་རུང་བས་མི་ཆོག་གི སློབ་དཔོན་དང་སློབ་མ་གཉིས་ཀའང་དམིགས་པ་བརྟན་པ་སོགས་ཀྱང་དགོས་ལ། ལུས་དཀྱིལ་དུ་དབང་བསྐུར་བ་ལ་ནི། རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་གང་རུང་དུ་དབང་བསྐུར་ཐོབ་པ་སྔོན་དུ་འགྲོ་དགོས་ཤིང་། ཐོག་མར་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་ལ་ཡང་དེ་གང་རུང་དུ་དབང་ཐོབ་པ་ཞིག་དགོས་སོ། །འོན་ཀྱང་སློབ་མའི་ཚོགས་རྫོགས་པ་སོགས་ཀྱི་དགོས་པ་ཆེ་བས་རྒྱུད་དང་རྒྱ་གཞུང་ནས་རྡུལ་མཚོན་གྱི་ཕྱོགས་ལ་བརྟེན་པ་མང་དུ་གསུངས་སོ། །དེ་ལའང་རྡུལ་ཚོན་གྱི་དུས་སུ་ལྷ་གང་དུ་འོང་བའི་གནས་དེ་ཉིད་དུ་དྲིའི་དཀྱིལ་འཁོར་སོགས་བྱས་ནས་ལྷ་སྟ་གོན་བྱེད་པ་དང་དེ་ལ་ཚོན་འགྱེད་པའི་གནས་ཀྱི་ཆེད་དུ་ལས་ཐིག་གིས་ཆ་བགོ་བ་དང་བྱིན་གྱིས་རློབ་པའི་ཆེད་དུ་ཡེ་ཐིག་གདབ་པ་སྔོན་དུ་འགྲོ་དགོས་སོ། །ཐིག་གིས་ཆ་སོ་སོར་བགོས་པ་གཞིར་ལྷ་སྟ་གོན་བྱེད་པར་ཡང་ས་ལྷ་སྟ་གོན་བྱེད་དགོས་པས། གཞི་དེར་སའི་ལྷ་མོ་ལ་དཀྱིལ་འཁོར་བྱེད་པའི་གནང་པ་ཐོབ་དགོས་ཤིང་། དེ་ལས་བརྟག་པ་དང་བསླང་བ་སྔོན་དུ་འགྲོ་དགོས་སོ། །དེ་ལ་སློབ་མ་སྟ་གོན་ནི་དབང་གི་སྣོད་རུང་དུ་བསྒྲུབ་པའི་ཆེད་དུ་བྱ་དགོས་ཤིང་། བུམ་པ་ལ་གཉིས་ལས། ལས་བུམ་ནི། སློབ་མ་དང་མཆོད་རྫས་ཀྱི་མ་དག་པ་དང་བགེགས་བསལ་བའི་དོན་དུ་ཡིན་ལ། བུམ་པ་གཞན་སྟ་གོན་ནི་ཆུ་དབང་བསྐུར་བའི་ཆེད་དོ། །གསུམ་པ་ལ་བཞི། ལམ་སྒོམ་པའི་སྣོད་རུང་དུ་བྱ་བ། དམ་ཚིག་དང་སྡོམ་པ་དག་པར་བྱ་བ། ལམ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ། འབྲས་བུ་སྔོན་དུ་བྱེད་ཚུལ་ལོ། །དང་པོ་ལ་བཞི། སྔགས་ཀྱི་ལམ་ཉམས་སུ་ལེན་པ་ལ་དབང་དགོས་ཚུལ། དབང་བསྐུར་བའི་དཔོན་སློབ་ཕན་ཚུན་བརྟག་ཚུལ། བརྟགས་ནས་གསོལ་བ་གདབ་ཅིང་བསྙེན་པ་བྱ་བ། བྱས་ནས་དབང་ཇི་ལྟར་བསྐུར་བའོ། །དང་པོ་ནི། ཕྱག་ཆེན་ཐིག་ལེ་ལས། དང་པོ་རེ་ཞིག་གང་ཚེ་སློབ། །ལན་ཅིག་དབང་རྣམས་ཀྱིས་ནི་བསྐུར། །དེ་ཚེ་གསང་ཆེན་བཤད་པ་ཡི། །ངེས་པར་སྣོད་དུ་གྱུར་པའོ། །ཞེས་སོགས་དང་། རྒྱུད་རྡོ་རྗེ་འཕྲེང་བ་ལས་ཀྱང་། དབང་བསྐུར་བ་ནི་གཙོ་བོ་སྟེ། དངོས་གྲུབ་ཐམས་ཅད་རྟག་ཏུ་གནས། །ཞེས་དང་། སྔགས་རིམ་ལས་ཀྱང་། གསང་ཆེན་བཤད་པ་དང་བསྒོམ་པའི་སྣོད་དུ་རུང་བ་དབང་རྣམ་པར་དག་པ་ལ་རག་ལས་པས། དབང་ནི་དངོས་གྲུབ་ཀྱི་རྩ་བ་ཡིན་ཏེ། དེ་མེད་ན་རྒྱུད་དོན་ཕྱིན་ཅི་མ་ལོག་པར་ཤེས་ནས་ལམ་ལ་ཅི་ཙམ་འབད་ཀྱང་དངོས་གྲུབ་ཁྱད་པར་ཅན་ཐོབ་མི་སྲིད་ལ། ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། བླ་མ་ལྔ་བཅུ་པ་ལས། བླ་མ་དང་ནི་སློབ་མ་དག ། མཚུངས་པར་དམ་ཚིག་ཉ མས་འགྱུར་བས། །དཔའ་བོས་དང་པོར་སློབ་དཔོན་དང་། །སློབ་མའི་འབྲེལ་བ་བརྟག་པར་བྱ། །ཞེས་གསུངས་པ་ལྟར་བརྟག་དགོས་ལ། དུས་ནི་ཤེས་དཀའ་ན། ཕན་ཚུན་ལོ་བཅུ་གཉིས་བར་དུ་བརྟག་པར་གསུངས་ཤིང་། ཤེས་སླ་ན་ནི་ངེས་པ་མེད་ལ། དུས་དང་དགོས་པའི་དབང་གིས་ད་ལྟ་མི་བརྟག་པར་མང་བར་སྣང་ངོ་། །བརྟགས་ནས་ཀྱང་སློབ་དཔོན་ནི། རྒྱུད་རྡོར་འཕྲེང་ལས། ཞི་བ་ལ་སོགས་ལས་ལ་བྱང་། །སྔགས་དང་རྣལ་འབྱོར་ཆོ་ག་ཤེས། །དེ་ནི་བླ་མར་མངོན་པར་བསྔགས། །ཞེས་སོགས་གསུངས་པ་ལྟར་དགོས་ལ། འོན་ཀྱང་ད་ལྟ་མཚན་ཉིད་ཚང་བ་རྙེད་དཀའ་བས་ཇི་ལྟར་བྱ་བ་ནི། དོན་དམ་སྙེ་མ་ལས། རྩོད་ལྡན་དབང་གི་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་འགྱུར་བའོ། །ཞེས་བཤད་པ་ལྟར་བྱའོ། །སློབ་མ་ནི། དད་པ་ཆེ་བ། ཐེག་ཆེན་ལ་དགའ་བ། སྔགས་དོན་དུ་གཉེར་བ། དགེ་བཅུ་ལ་སྤྱོད་པ། མང་དུ་ཐོས་པ་དང་ལྡན་པ་སོགས་དགོས་པར་བཤད་དོ། །གསུམ་པ་ལ་གཉིས། སློབ་མས་གསོལ་བ་གདབ་ཅིང་སློབ་དཔོན་གྱིས་བསྲུང་བ། སྔོན་དུ་བསྙེན་པ་བྱ་ཚུལ་ལོ། །དང་པོ་ནི། མཎྜལ་ཕུལ་ཏེ་ཕྱག་བྱས་ལ། ཐལ་མོ་སྦྱར་ཏེ། ཐམས་ཅད་མཁྱེན་པའི་སྟོན་པ་པོ། །ཞེས་སོགས་རྐང་པ་བཞིས་ལན་གསུམ་གསོལ་བ་གདབ་ཅིང་། སློབ་དཔོན་གྱིས་སྔགས་རིམ་ནས་འབྱུང་བ་ལྟར་སྔགས་དང་སྒོམ་གྱིས་བསྲུང་བར་བྱའོ། །གཉིས་པ་ནི། སྤྱིར་བསྙེན་པ་ནི་རིམ་པ་གཉིས་ཀ་ལ་བྱ་སྟེ། འདུས་པ་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཅེས་གསུངས་པས་སོ། །བསྙེན་པ་སྔོན་དུ་མ་སོང་བར་དབང་ལ་སོགས་པ་དཀྱིལ་འཁོར་གྱི་ལས་བྱ་བ་ལ། འཇུག་ཏུ་མི་རུང་སྟེ། སྙིང་པོ་མདོར་བསགས་ལས། དཀྱིལ་འཁོར་མཆོག་གི་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་འབད་ནས། །དེ་ནས་དཀྱིལ་འཁོར་དེ་ཉིད་ནི། །ཤིན་ཏུ་དུལ་བས་བརྟག་པར་བྱ། །ལྷ་ནི་མཉེས་པར་མ་བྱས་ན། །བདག་ནི་རྣམ་པར་སུན་འབྱིན་ཡིན། །ཞེས་དང་། ཕྲེང་བ་ལས་ཀྱང་། བསྙེན་པ་མེད་ལ་དངོས་གྲུབ་མེད། །ཅེས་གསུངས་པའི་ཕྱིར་རོ། །བཟླས་པའི་གྲངས་ནི། ཕྲེང་བ་ལས། འཁོར་ལོའི་གཙོ་བོའི་འབུམ་བཟླས་ཤིང་། །ཡང་ན་རང་གི་ལྷ་ཡི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཡིན་ཏེ། །འདི་ནི་སྔོན་དུ་བསྙེན་པར་བརྗོད། །ཞེས་དང་། ཕྱེད་བཅས་བཞི་བརྒྱ་པ་ལས་ཀྱང་། དེ་བཞིན་དུ་གསུངས་ཏེ། དབང་དང་རབ་གནས་སོགས་བྱེད་པའི་སྔོན་དུ་གསང་འདུས་སོགས་དཀྱིལ་འཁོར་ཕལ་ཆེར་ལ་བསྙེན་གྲངས་ནི། གཙོ་བོ་ལ་འབུམ། འཁོར་རྣམས་ལ་ཁྲི་ཕྲག་རེ་བྱ་དགོས་ལ། གཙོ་བོ་དང་མེ་ཏོག་ཕོག་པའི་ལྷ་གཉིས་འདམ་ཀ་ཅན་དུའང་བཤད་ཅིང་། བདེ་མཆོག་ལ་ནི་རྒྱས་པ་ལ་དེ་ལྟར་བྱེད་ཀྱང་འབྲིང་དང་བསྡུས་པའི་ཚུལ་ཡང་བཤད་དོ། །འཇིགས་བྱེད་བཅུ་གསུམ་མའི་གཙོ་བོ་ལ་སྔགས་གསུམ་ཀའམ་གང་རུང་སྟེ། རྩ་སྔགས་ཡིན་ན་འབུམ་ཕྲག་གསུམ་མམ་གཅིག་ཀྱང་གསུངས། ཐམས་ཅད་ལ་བཟླས་པའི་ཁ་སྐོང་གི་སྦྱིན་བསྲེག་བྱས་ན་ལྷག་ཆད་ཀྱི་ཉེས་པ་སྦྱོང་བས་ལེགས་པར་གསུངས་ཀྱང་། གཞུང་འགའ་ཞིག་ལྟར་ན་སྦྱིན་བསྲེག་བྱེད་དགོས་པའི་ངེས་པ་ཅན་མིན་པར་སྣང་ངོ་། །གཙོ་བོ་ལས་གནང་བ་ཐོབ་ན་ནི་གྲངས་དེ་ཙམ་མ་སོང་ཡང་རུང་སྟེ། སྔགས་རིམ་ལས། གཙོ་བོ་ལས་གནང་བ་ཐོབ་ན་དེ་ཙམ་མ་སོང་ཡང་རུང་བར་གསུངས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཞི་སོགས་ཀྱི་ལས་མང་པོ་ལེགས་པར་འགྲུབ་པར་ལ་ནི། ཡེ་ཤེས་འབེབས་སྔགས་ཁྲི་དང་། དེའི་བཅུ་ཆའི་སྦྱིན་བསྲེག་ཀྱང་དགོས་སོ། །ཡང་སྔགས་རིམ་ལས། ལྷ་མི་གཅིག་པའི་དཀྱིལ་འཁོར་སོ་སོ་ལ་ནི་བསྒོམ་བཟླས་སོ་སོར་བྱ་དགོས་པར་མངོན་ལ། དཔའ་བོ་གཅིག་པའི་བསྒོམ་བཟླས་བྱས་པས་ཀྱང་ཆོག་པའི་སྐབས་ཡོད་པ་རྡོ་རྗེ་འཇིགས་བྱེད་ལྟ་བུ་མ་གཏོགས་ཞེས་ཀྱང་གསུངས་པས་ཚུལ་དེ་ཡང་ཤེས་དགོས་སོ། །བཞི་པ་ལ་གཉིས། ཆོ་ག་བྱ་བའི་དུས་དང་། ཆོ་ག་ཇི་ལྟར་བྱ་བའོ། །དང་པོ་ནི། སྤྱི་རྒྱུད་ལས། ཡང་དག་ཞི་བའི་སེམས་ཀྱིས་ནི། །དུས་དང་ཚེས་གྲངས་ཞི་བ་ལ། །སྔགས་ཀྱི་སྤྱན་འདྲེན་བྱེད་པ་ནི། །བསམ་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང་། ཚེས་གྲངས་ངན་དང་དུས་མིན་དང་། །གནས་མིན་ཆོ་གར་མི་ལྡན་པར། །མཁས་པས་དཀྱིལ་འཁོར་མི་བྲིའོ། །ཞེས་དང་། སྟོན་ཟླ་འབྲིང་པོའི་ཉ་ནས་ནི། །དཔྱིད་ཟླ་ཐ་ཆུང་ཉ་ཡི་བར། །འདི་ཡི་བར་དུ་མཁས་པ་ཡིས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲི། །ཞེས་དང་། ཟླ་བ་ཡར་གྱི་ངོ་དག་ལ། །ཟླ་བ་ཉ་བའམ་བཅུ་གསུམ་མམ། །ཚེས་བརྒྱད་དག་གམ་བཅུ་བཞིའམ། །ཚེས་བཅུ་དང་ནི་བཅུ་གཅིག་གམ། །ཞེས་པ་ནས། མར་གྱི་ངོ་ཡི་དུས་མཚམས་ལའང་། །དཀྱིལ་འཁོར་བྲི་བ་འགལ་བ་མེད། །ཞེས་གསུངས་པ་ལྟར་ལ། གཟའ་ཕུར་བུ་ཟླ་བ་པ་སངས་ཉི་མ་དང་། སྐར་མ་རྒྱལ་སྐག་ས་ག་མེ་བཞི་ནགས་པ་ཐ་སྐར་སྣྲོན་རྣམས་ལ་ལེགས་པར་བཤད་དོ། །གཉིས་པ་ལ་གཉིས། དབང་གི་ཆོ་གའི་རིམ་པ་དངོས་དང་། དེའི་ཡན་ལག་གོ །དང་པོ་ལ་གསུམ། ས་ཆོག སྟ་གོན་དང་། དངོས་གཞིའི་ཆོ་གའོ། །དང་པོ་ལ་དྲུག ས་བརྟག་པ། བསླང་བ། སྦྱང་བ། གཟུང་བ། བསྲུང་ཞིང་བྱིན་གྱིས་བརླབ་པ། གནས་དང་དཀྱིལ་འཁོར་གཞན་ལ་ས་ཆོག་དགོས་མི་དགོས་བཤད་པའོ། །དང་པོ་ནི། གྲོང་དང་གཙུག་ལག་ཁང་སོགས་ཀྱི་ཕྱི་རོལ་དབང་ལྡན་དུའམ། ཤར་དང་བྱང་གཞོལ་བའི་གནས་ཡིད་དུ་འོང་བ་སོགས་སུ་བྱ་ཞིང་། ཤར་དང་ལྷོ་དང་ནུབ་དང་མེ་འཚམས་དང་མཆོད་རྟེན་དང་ཉེ་བ་དང་སྡོང་དུམ་དང་ཚེར་མ་ཡོད་པ་སོགས་ཀྱི་གནས་རྣམས་སུ་བྱར་མི་རུང་ལ། གཙུག་ལག་ཁང་ལྟ་བུའི་ནང་དུ་བྱེད་ན་ནི་ཕྱོགས་ལ་ལྟོས་པའི་ངེས་པ་མེད་དོ། །བརྐོས་པ་ལ་སས་བརྟག་ན། མཐོ་གང་ཙམ་བརྐོས་ནས་ས་དེས་ཁུང་བུ་དེ་ཉིད་མྱུར་དུ་བཀང་བས་ལྷག་ན་བཟང་བར་ཕྲེང་བ་ལས་བཤད་ཅིང་། ཆུས་བརྟག་ན། ཁུང་བུ་སྔ་མ་སླར་ཡང་མཐོ་གང་དུ་བརྐོས་པ་ཆུས་བཀང་ལ་གོམ་པ་བརྒྱར་ཕྱིན་ཏེ་ལོག་ནས་བལྟས་པས་ཆུས་གང་ན་ནི་བཟང་ལ། དམའ་ན་ནི་ལེགས་པ་མིན་ནོ། །དམའ་བ་ནི་ཁུང་བུའི་ཕྱེད་མན་ལ་བཤད་པའང་ཡོད། བརྟག་པ་འདི་གཉིས་ནི་ཁང་པ་སོ་མས་བྱེད་པའི་སྐབས་སུ་བྱས་ཀྱང་ལེགས་པར་ཕྲེང་བ་ལས་བཤད་དོ། །སའི་ཁ་དོག་ནི། དཀར་སེར་དམར་ནག་པོ་བཞི་ནི་རིམ་པ་བཞིན་དུ་ཞི་རྒྱས་དབང་དྲག་གི་ལས་ལ་ཤིས་པས་བཤད་དེ། དེའི་རིགས་འགྲོས་ཤེས་པར་བྱའོ། །གཉིས་པ་ནི། སྤྱི་རྒྱུད་ལས། ས་ཡི་བདག་པོས་གནང་ནས་ནི། །སློབ་དཔོན་གྱིས་ནི་དཀྱིལ་འཁོར་བྲི། །ཞེས་གསུངས་པ་ལྟར། བརྟགས་པས་རུང་ན་ས་དེ་རྒྱལ་པོ་སོགས་མངོན་པའི་བདག་པོ་ལས་བསླང་བར་བྱ་ཞིང་། དེ་ནས་གཞི་བདག་དང་ས་ལྷ་ལ་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་བསླང་ངོ་། །གསུམ་པ་ལ་གསུམ། བརྐོས་ནས་སྦྱང་བ་དང་། རྫས་སྔགས་སོགས་གསུམ་གྱིས་སྦྱང་བ། དག་པས་སྦྱང་བའོ། །དང་པོ་ལ་གཉིས། དངོས་དང་ལྟོ་ཕྱེ་བརྟག་ཚུལ་ལོ། །དང་པོ་ནི། སྟེགས་བུ་གྲུབ་ཟིན་ལ་མི་དགོས་ཀྱང་། བརྐོས་ན་སའི་ཟུག་རྔུ་རྣམས་དབྱུང་དགོས་ཏེ། དེ་ནི་རུས་པ་དང་རྡོ་དང་གྱོ་མོ་དང་སྡོང་དུམ་དང་ཚེར་མ་སོགས་བསལ་བའོ། །སའི་ལྷག་མ་མ་བསལ་བ་རྣམས་དྲི་ཆུ་དང་སྦྱར་ནས་བརྐོས་པའི་དོང་བཀང་ལ་མ་ཁེངས་ན་གཞན་གྱིས་ཀྱང་བཀང་ངོ་། །དེ་ནས་ཧཱུཾ་དང་ལས་ཐམས་ཅད་པ་བཟླས་པའི་དྲི་ཆུ་གཏོར་ནས་ཁྲུ་ཕྱེད་ཙམ་དུ་མཐོ་ཞིང་མཉམ་ལ་དབུས་ཅུང་ཟད་མཐོ་ཞིང་ཤར་དང་བྱང་ཡིད་ཙམ་དམའ་བར་བྱ་སྟེ། དེ་ཡང་ས་ཕྱོགས་དང་སྟེགས་བུ་གཉིས་ཀ་ལ་མཚུངས་སོ། །ས་ལས་བྱས་པའི་སྟེགས་བུའི་དབུས་སུ་ཁུང་བུ་ཅུང་ཟད་བརྐོས་ནས་འབྲུ་རིན་ཆེན་སྨན་དག་གཞུག་པར་བྱ་ཞིང་། བུམ་པ་རིན་པོ་ཆེ་སོགས་ཀྱིས་གང་བ་བཅུགས་ནའང་ལེགས་སོ། །གཉིས་པ་ནི། དཀྱིལ་འཁོར་བྲི་བ་དང་གཙུག་ལག་ཁང་སོགས་ཀྱི་ཆེད་དུ་ལྟོ་ཕྱེ་བརྟག་པར་བྱ་སྟེ། དེ་ཡང་སྔགས་རིམ་ལས། གཞི་གང་ཡིན་གྲུ་བཞིར་བྱས་པ་དེའི་ཕྱོགས་བཞི་པོ་རེ་རེར་ཡང་ཟླ་བ་གསུམ་གྱི་ཞག་གྲངས་དང་མཐུན་པར་རེའུ་མིག་དགུ་བཅུ་རེ་བྱའོ། །དེ་ལ་ལྟོ་ཕྱེ་གནས་པ་དང་རྒྱུ་བའི་ཚུལ་ནི། སྟོན་ཟླ་ར་བའི་ཚེས་གཅིག་ལ་མགོ་བྱང་ཤར་གྱི་མཚམས་ཀྱི་རེའུ་མིག་ཏུ་བཞག་ནས་མཇུག་རྩེ་ལྷོ་ནུབ་ཀྱི་རེའུ་མིག་ཏུ་བཞག་སྟེ་ཁ་ལྷོར་བལྟས་ཏེ་གནས་སོ། །དེ་ནས་ཞག་རེ་རེ་སོང་བ་ན་མགོས་ལྷོ་ངོས་སུ་རེའུ་མིག་རེ་དང་མཇུག་རྩེས་བྱང་ངོས་སུ་རེའུ་མིག་རེ་བགྲོད་ནས་གཡས་སྐོར་གྱིས་འཕོའོ། །ཟླ་བ་གསུམ་ལ་ཕྱོགས་རེའི་རེའུ་མིག་དགུ་བཅུ་རེ་བགྲོད་པས་ལོ་གཅིག་ལ་ཕྱོགས་བཞིའི་རེའུ་མིག་དགུ་བཅུ་པ་ཕྲག་བཞི་ཀ་འཁོར་རོ། །དེ་ཡང་གཞོག་གཡོན་འོག་ཏུ་བཅུག་ནས་ཉལ་བའི་གདེངས་ཀ་ནས་མཇུག་རྩེའི་བར་ལ་མཐོ་བཅུ་ཡོད་ལ། མཐོ་རེས་རེའུ་མིག་དགུ་རེ་ནོན་པས་ཕྱོགས་དང་མཚམས་གང་དུ་གནས་པའི་ཚེ་ཡང་རེའུ་མིག་དགུ་བཅུ་རེ་ནོན་ནོ། །ལུས་ཀྱི་ཞིང་གིས་ནི་སའི་རེའུ་མིག་གི་ཆ་དགུ་ཁྱབ་པར་ཉལ་ཞིང་། གསང་གནས་ནི་ཕྱོགས་གང་དུ་གནས་པའི་ཚེའང་དེའི་དབུས་སུ་བཞག་ནས་གནས་ཏེ། ཞེས་དང་། བརྐོ་བའི་གནས་ཀྱང་དེ་ཉིད་ལས། མགོ་ཤར་དུ་བསྟན་པའི་དབང་དུ་བྱས་ན་མགོས་རེའུ་མིག་གང་ནོན་པའི་ཕྱོགས་དེ་ནས་ནུབ་ཏུ་རེའུ་མིག་དགུ་གསུམ་ཉེར་བདུན་དོར་བའི་བར་ལ་བརྐོར་མི་རུང་ལ། མཚམས་དེ་ནས་ནུབ་ཏུ་རེའུ་མིག་དགུ་དང་རྒྱབ་ཀྱི་ལུས་ཀྱིས་ནོན་པའི་ས་ནས་མདུན་དུ་རེའུ་མིག་ཕྱེད་དང་བཅུ་བཞིའི་བར་ལ་བརྐོར་མི་རུང་ཞིང་། མཚམས་དེ་ནས་ལྷོར་རེའུ་མིག་ཕྱེད་དང་ལྔ་ནི་དང་པོར་བརྐོ་བའི་ས་དམིགས་སོ། །དེ་ནི་མཆན་གྱི་མདུན་དུ་བཞེད་པས་མཆན་གྱི་ཐད་དུ་རེའུ་མིག་དགུ་སྤངས་པར་བརྐོ་བའི་ལུགས་སོ། །ཞེས་གསུངས་ཏེ། ལག་ལེན་ནི་གཞན་ནས་ཤེས་པར་བྱའོ། །གཉིས་པ་ནི། ལས་ཐམས་ཅད་པ་བཟླས་པའི་ཡུངས་ཀར་ཆུ་ཐལ་ས་སོགས་ས་དེ་ལ་གཏོར་ལ། བ་བྱུང་ལྔས་ཤར་ནས་བརྩམས་ཏེ་བྱུག་ཅིང་དྲི་ཆུ་གཏོར་བར་བྱའོ། །དེ་ནས་ༀ་བྷུ་ཁཾ་སོགས་སྔགས་ཀྱིས་སྦྱང་ཞིང་། སྔར་ས་ལྷ་ནམ་མཁར་བཏེགས་ན་འདིར་ཕབ་ནས་མཆོད་གཏོར་སོགས་བྱའོ། །གསུམ་པ་ནི། ས་སོགས་རང་བཞིན་མེད་པར་སྟོང་པའི་བདག་ཉིད་དུ་བསམ་པ་སྟེ་འདི་གལ་ཆེའོ། །བཞི་པ་ལ་གསུམ། ལྷའི་རྣལ་འབྱོར་བྱས་ཏེ་གསོལ་བ་གདབ་ཅིང་དཀྱིལ་འཁོར་གདེག་པ། ལངས་ཏེ་ང་རྒྱལ་གྱིས་བགེགས་ལ་བཀའ་བསྒོ་བ། སྟངས་སྟབས་བྱ་བ་དང་བཅས་པའོ། །དང་པོ་ནི། དེ་ནས་དཀྱིལ་འཁོར་གྱིས་གཞི་ལ་མེ་ཏོག་བཀྲམ་པའི་དབུས་སུ་འདུག་པའམ། འདུག་པར་མོས་ལ། བྲི་བྱའི་ལྷའི་དཀྱིལ་འཁོར་སྲུང་འཁོར་དང་བཅས་པ་རྫོགས་པར་བསྒོམས་ནས་བགེགས་བསལ་ལ། རང་གི་ལྕེ་རྡོ་རྗེར་བསྐྱེད་དེ་སྤོས་ཕོར་བཟུང་ནས། མ་ལུས་ཞིང་ན་བཞུགས་པ་ཡི། །ཞེས་སོགས་ཀྱིས་སྙན་གསན་དབབ་ཅིང་མཆོད་ཕྱོགས་བཞིའི་སློབ་མ་ཡོད་ན་རྣམ་སྣང་སོགས་རིགས་བཞིར་བསྐྱེད་ཅིང་། མེད་ན་གཅིག་ཉིད་རིམ་པ་བཞིན་དུ་ཕྱོགས་དེ་དག་ཏུ་སོང་ནས་ཕྱོགས་སོ་སོའི་དེ་བཞིན་གཤེགས་པའི་ང་རྒྱལ་འཛིན་པས། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་མོས་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ། ཞེས་སོགས་ཀྱིས་གསོལ་བ་གདབ། དེ་ཡང་བདེ་མཆོག་ལ་རྣལ་འབྱོར་མ་བཞི་དང་གཤིན་རྗེ་གཤེད་ལ་རང་གི་ཕྱོགས་བཞིའི་གཤེགས་པ་བཞིའི་ང་རྒྱལ་གྱིས་བྱ་སྟེ། གཞན་ལ་རིགས་བསྒྲེའོ། །དེ་ནས་སྔགས་དང་ཕྱག་རྒྱས་བསྒོམས་པའི་དཀྱིལ་འཁོར་ནམ་མཁར་འདེགས་ཚུལ་གཞན་ནས་བཤད་པ་ལྟར་བྱའོ། །གཉིས་པ་ནི། དེ་ནས་ལངས་ཏེ་ཤར་དུ་ཕྱོགས་པས་མཉམ་པའི་རྐང་སྟབས་བྱས་ལ་མགོ་བོར་ཐལ་མོ་སྦྱར་ནས། ༀ་པྲ་ནཱ་མ་མི་སོགས་ཀྱིས་ཕྱག་བྱའོ། །དེ་ནས་རང་ཧཱུཾ་མཛད་དུ་བསྐྱེད་དེ། མིག་བྱིན་གྱིས་བརླབས་ལ་རྡོ་རྗེའི་ལྟ་བས་ཕྱོགས་རྣམས་སུ་འགྲོ་བ་ལ་ལྟ་ཞིང་རྡོ་རྗེའི་འགྲོས་བྱ། དེ་ནས། ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་སོགས་ཀྱིས་ལྷའི་ང་རྒྱལ་བྱ་ཞིང་། འགྱིང་བག་དང་བཅས་པས་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་བཞིན་པར་རྡོ་རྗེའི་རྐང་སྟབས་ཀྱིས་དབང་ལྡན་དུ་སོང་སྟེ། བཀའ་བསྒོ་རྒྱས་པའམ། བསྡུ་ན་ལུས་ངག་སེམས་ལ་གནས་པ་ཡི། །ཞེས་སོགས་ལན་གསུམ་གྱིས་བཀའ་བསྒོ་བྱའོ། །གསུམ་པ་ནི། རྡོ་རྗེ་རྩེ་གཅིག་པ་དང་གསུམ་པ་དང་ལྔ་པ་དང་སྣ་ཚོགས་རྡོ་རྗེའི་རྐང་སྟབས་བྱ་ཞིང་། དེ་ཡང་རྐང་མཐིལ་ཧཱུཾ་ལས་རྡོ་རྗེ་དེ་རྣམས་བསྐྱེད་དེ། རྐང་མཐིལ་གྱིས་ས་ལ་རྡོ་རྗེ་དེ་རྣམས་བྲི་ཞིང་གར་གྱིས་བསྐོར་ཞིང་རྗེས་གདོད་པར་གསུངས་ཏེ། རྒྱས་པར་ནི་སྔགས་རིམ་ཉིད་དུ་བལྟའོ། །རྐང་སྟབས་དེ་དག་ནི་མི་ཤེས་ཤིང་མི་སྤྲོ་ན་མ་བྱས་ཀྱང་ཆོག་མོད། རྐང་པ་བྱིན་གྱིས་བརླབ་པ་ནི་བྱ་དགོས་སོ། །དེ་ནས་དཀྱིལ་འཁོར་བྲི་བའི་ས་གཞི་ལ་དྲིས་བྱུགས་ཏེ་མེ་ཏོག་སོགས་ཀྱིས་མཆོད་ནས་ལག་པ་རེག་ཅིང་། གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དང་ཡིག་བརྒྱ་ལན་བདུན་བཟླའོ། །ལྔ་པ་ལ་གཉིས། སྔོན་དུ་ལྷར་བསྐྱེད་ནས་བགེགས་འགུགས་པ། བགེགས་ལ་ཕུར་གདབ་བྱ་བའོ། །དང་པོ་ནི། སྲུང་འཁོར་བསྒོམས་ཏེ་དེའི་དབུས་སུ་རང་ཉིད་ཧཱུཾ་མཛད་དུ་བསྐྱེད་ལ། ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་བགེགས་བཀུག་སྟེ་ཧཱུཾ་ལས་སྤྲོས་པའི་ཁྲོ་བོ་བཅུ་ལ་གཏད་པར་བྱའོ། །གཉིས་པ་ནི། སེང་སྡེང་དང་རུས་པ་དང་ལྕགས་གང་རུང་ལས་བྱས་པའི་ཕུར་བུ་སྟོད་ཁྲོ་བོ་དང་སྨད་ཕུར་བུའི་རྣམ་པ་ཅན་བཅུ་ཁྲོ་བཅུར་བསྐྱེད་པ་སོགས་བྱས་ལ། ལྷ་དེའི་གཡས་ཀྱི་ཕྱག་མཚན་དང་པོ་ཐོ་བར་བསྐྱེད་དེ། བགེགས་རྣམས་ཧཱུཾ་ལས་བྱུང་བའི་ཁྲོན་པར་བཅུག་པའི་མགོར་ཕུར་གདབ་ཀྱི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་གདབ་པར་བྱའོ། །འོན་ཀྱང་གསང་འདུས་འཕགས་ལུགས་ལ་འགུགས་པ་དང་འདེབས་པ་པོ་གཉིས་ཀ་གནོད་མཛེས་ཀྱིས་བྱེད་ཅིང་། གཞན་མི་འདྲ་བའང་ཡོད་དོ། །ཕུར་བུ་དངོས་ཡོད་པའམ་མེད་ནའང་དམིགས་པས་བྱ་སྟེ། དེ་ཡང་དངོས་སུ་ཡོད་ན་དབུས་སུ་གདབ་པར་མོས་ལ་དབང་ལྡན་དུ་གདབ་ཅིང་། ཕུར་བུ་ལ་མི་གནོད་པའི་ཆེད་དུ་སའི་གོང་བུ་ལ་བཙུགས་ཏེ་མཆོད་པ་བྱའོ། །དྲུག་པ་ནི། ས་ཆོག་འདི་དཀྱིལ་འཁོར་གྱི་ཁར་བསྟེགས་བུ་བཅས་རྙིང་པ་དང་ཁང་བཟང་སོགས་ཀྱི་ནང་དང་། ས་བརྐོ་མི་དགོས་པ་དང་རས་བྲིས་དང་ལུས་དཀྱིལ་དུ་དབང་བསྐུར་བ་སོགས་ལ་དགོས་སམ་མི་དགོས་སྙམ་ན། འདི་ནི་སྤྱི་རྒྱུད་ལས། དྲང་སྲོང་གནས་དང་བ་ལང་ལྷས། །ཕུག་དང་རི་ཡི་རྩེ་མོ་དང་། །ས་གཞི་གང་ན་འཐས་པ་དང་། །ཁང་སྟོང་དང་ནི་རྡོ་ལེབ་དང་། །མཆོད་རྟེན་དྲུང་དང་བབ་ཆུའི་གླིང་། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་དང་བརྟག་པ་དག །ནན་ཏན་དུ་ནི་བྱ་མི་དགོས། །ཞེས་གསུངས་ཏེ། དེ་དག་ལས་བརྐོས་ནས་སྤྱོད་པ་སོགས་ཇི་བཞིན་མི་དགོས་ཀྱང་། རྫས་སྔགས་སྟོང་ཉིད་ཀྱིས་སྦྱང་བར་བྱའོ། །གནས་དེ་དག་ཏུ་རྡུལ་ཚོན་གྱིས་དཀྱིལ་འཁོར་བྲི་ན་ནི་མི་སྣང་བའི་གཞི་བདག་ལ་སློང་བ་དང་སྦྱང་བ་དང་བཟུང་བའི་སྐོར་ཅི་རིགས་བྱ་ལ། རས་རིས་ལ་ནི། ས་བརྟག་པ་དང་བསླང་བ་དང་སྦྱང་བ་རྣམས་མི་དགོས་ཤིང་། སྤྲོ་ན་བཟུང་ཞིང་བསྲུང་བའི་སྒོར་བྱའོ། །གཉིས་པ་ལ་གསུམ། སྟ་གོན་སྤྱིའི་རྣམ་བཞག །སྟ་གོན་སོ་སོའི་ཆོ་ག དཀྱིལ་འཁོར་གཞན་གྱི་སྟ་གོན་ནོ། །དང་པོ་ནི། སྟ་གོན་ལ་སྤྱིར་གྲངས་དང་གོ་རིམ་མི་འདྲ་བ་ཡོད་ཅིང་། ཁྱད་པར་སའི་ལྷ་མོ་ནི་ས་མཆོག་གི་སྐབས་སུ་ཡོད་ལ་སྟ་གོན་གྱི་ཚེ་མེད་པ་དང་སྟ་གོན་གྱི་ཚེ་ཡོད་ལ་ས་ཆོག་གི་སྐབས་སུ་མེད་པ་དང་། གཉིས་ཀའི་སྐབས་སུ་ཡོད་པའི་ལུགས་གསུམ་ཡོད་ལ། ས་ལྷ་རང་ལྷ་དང་སློབ་མ་སྟ་གོན་གསུམ་སྟ་གོན་གྱི་སྐབས་ཉིད་དུ་བྱ་དགོས་ལ། བུམ་པ་སྟ་གོན་ནི་སྔོན་དུ་བྱས་ན་བདེའོ་ཞེས་གསུངས། གཉིས་པ་ལ་ལྔ། ས་ལྷ་དང་ལྷ་དང་བུམ་པ་སྟ་གོན་དང་ལྷ་ལ་གསོལ་བ་གདབ་པ་དང་སློབ་མ་སྟ་གོན་ནོ། །དང་པོ་ནི། ཕུར་བུ་བཏབ་ཟིན་ནས་རང་གི་མདུན་ནས་དཀྱིལ་འཁོར་བྱེད་པའི་དབུས་སུ་དྲིའི་ཐིག་ལེ་བྱས་ནས་བཾ་ལས་ལྷ་མོ་བསྐྱེད་དེ། རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་ཡེ་ཤ ེས་པའི་ལྷ་མོ་སྤྱན་དྲངས་ནས་བསྟིམ་པའམ། མ་བསྟིམས་ཀྱང་རུང་བར་བཤད། མཆོད་གཏོར་སོགས་བྱས་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་གདབ་ཅིང་གནང་བ་བྱིན་ནས་དེར་ཐིམ་པར་བསམས་ལ་ལྷག་གནས་བྱའོ། །སྐབས་འདི་དང་ས་སློང་བའི་སྐབས་གཉིས་སུ་སའི་ལྷ་མོ་བསྐྱེད་མི་བསྐྱེད་དང་མཆོད་གཏོར་སོགས་ལ་ཁྱད་པར་མེད་དོ། །དེ་གཉིས་ཀྱི་སྐབས་སུ་འདོད་དོན་གྱི་ཁྱད་པར་ནི། སྔ་མ་དཀྱིལ་འཁོར་གྱི་སའི་ཆེད་དུ་གནང་བ་ཞུ་བ་ཡིན་ལ། འདིར་ནི་དཀྱིལ་འཁོར་གྱི་ཆོ་ག་བྱེད་པ་ལ་དབང་པོ་ཞུ་བ་ཡིན་ནོ། །སྦྱིན་བསྲེག་བྱེད་པའི་སའི་ཆེད་དུ་འདི་ལ་གནང་བ་ཞུ་བའམ་མ་བྱས་ཀྱང་རུང་ཞིང་། སྔོན་ལོངས་སྤྱོད་བཞིན་པའི་ས་ལ་ནི་གཞི་བདག་གཏོར་མ་ཡང་དེས་བསྔོ་དགོས་པ་མིན་ཀྱང་། རྫས་སྔགས་ཀྱིས་སྦྱང་བ་ནི་དགོས་སོ། །གཉིས་པ་ལ་གཉིས། ལྷ་གནས་ངེས་པའི་ཕྱིར་དུ་ཐིག་གདབ་པ། སྟ་གོན་ཇི་ལྟར་བྱ་བའོ། །དང་པོ་ལ་བཞི། ཐིག་གདབ་པའི་དཀྱིལ་འཁོར་གྱི་ཚད། ཐིག་འདེབས་པའི་གོ་རིམ་དང་དུས། ལས་ཐིག་གདབ་ཚུལ། ཐིག་རྣམས་ཀྱི་དོན་བཤད་པའོ། །དང་པོ་ནི། སྤྱིར་ཚད་བཤད་པ་ཡོད་ཀྱང་། གྲུབ་ཆེན་མར་མེ་མཛད་ཀྱིས། སེམས་ཅན་བསམ་པ་ལ་བརྟེན་ནས། །ཚད་ལ་སོགས་པ་ངེས་མཛད་ཀྱི། །ཐབས་ཤེས་ལས་བྱུང་དངོས་གྲུབ་ལ། །ཚད་སོགས་ངེས་པས་ཅི་ཞིག་བྱ། །དེ་ནི་ཁྲུ་གཅིག་ནས་བརྩམས་ཏེ། །ཇི་སྲིད་ཁྲུ་སྟོང་བར་དུ་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དང་པོ་ལས་ཐིག་བཏབ་ནས་དེའི་རྗེས་སུ་ཡེ་ཐིག་གདབ་པར་བྱ་སྟེ། ཡེ་ཤེས་ཀྱི་ཐིག་ནི་ལས་ཐིག་བྱིན་གྱིས་རློབ་བྱེད་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་མར་ཧས། རིམ་བཞིན་ཐིག་གདབ་ངེས་པར་བྱ། །དེ་སྟེང་ཡེ་ཤེས་ཐིག་བཏབ་པས། ཞེས་གསུངས་པས་སོ། །གསུམ་པ་ལ་གཉིས། ཐིག་སྐུད་འདུ་བྱ་བ་དང་། ཐིག་གདབ་པའི་ཚུལ་ལོ། །དང་པོ་ནི། སྐྲ་དང་མ་འདྲེས་པའི་རས་སྐུད་གཞོན་ནུ་མས་བཀལ་པ་འཇུར་མདུད་མེད་པ་སུམ་སྒྲིལ་ཁ་ཏོག་དཀར་པོ་སྟེ། རིང་ཐུང་ནི་དཀྱིལ་འཁོར་ཉིས་འགྱུར་དང་། སྦོམ་ཚད་སྒོའི་ཉི་ཤུའི་ཆའོ། །སྐྱེད་ཆོག་ནི་དྲི་སོགས་བསྒོམ་པར་བྱས་ནས་གསེར་སོགས་ཀྱི་སྣོད་དུ་བཞག་སྟེ་རང་གཙོ་བོའི་རྣལ་འབྱོར་དང་ལྡན་པས་ལས་ཐམས་ཅད་པ་གང་ཡིན་པར་བསྐྱེད་པ་སོགས་བྱས་ལ་སྔགས་བཟླས་ཏེ་བསྲུང་ངོ་། །ལས་ཐམས་ཅད་པ་བཟླས་པའི་བདུད་རྩིའི་ཆུ་སོགས་གཏོར་ལ་ལག་པས་རེག་ཅིང་། ༀ་བཛྲ་ས་མ་ཡ་སོགས་དང་། ཡི་གེ་གསུམ་བརྒྱ་རྩ་བརྒྱད་བཟླས་ཏེ་ལྷག་གནས་བྱ་བ་ནི་ཐིག་སྐུད་གཉིས་ག་ལ་འདྲའོ། །གཉིས་པ་ལ་གཉིས། ཕྱི་ཐིག་དང་། ནང་ཐིག་གོ །དང་པོ་ནི། དཀྱིལ་འཁོར་གྱི་ས་ལ་བུམ་ཆུས་གཏོར་ནས་ནམ་མཁའི་དཀྱིལ་འཁོར་མཆོད་བསྟོད་ཀྱི་བར་འཆད་པ་ལྟར་བྱ། དེ་ནས་སའི་དབུས་བཙལ་ཏེ་དེར་ཐིག་ལེ་བྱ་ཞིང་། དེ་ནས་ཚད་མཉམ་པའི་སྐུད་པས་ཕྱོགས་བཞིར་ཐིག་ལེ་རེ་བྱའོ། །དེ་ནས་སྔར་གྱི་ཚད་ལས་ཅུང་ཟད་རིང་བའི་སྐུད་པ་ཐིག་ལེ་བཞིའི་སྟེང་དུ་བཟུང་ནས་ཟླུམ་སྐོར་རེ་བྱ་སྟེ། ཕྱོགས་མཚམས་ཀྱི་ཐིག་རྣམས་དྲང་པོར་འོང་བའི་ཆེད་དོ། །དེ་ནས་རང་ཉིད་གཙོ་བོ་དང་སྒྲུབ་གྲོགས་ལས་ཐམས་ཅད་བར་བསྐྱེད་དེ། ཐིག་གཏོང་ལེན་འཆད་པ་ལྟར་བྱའོ། །ཚངས་ཐིག་བཞི་དང་རྩ་ཐིག་བཞི་སྟེ་ཐིག་ཆེར་བརྒྱད་ལས། དང་པོར་ཚངས་ཐིག་དེ་ནས་ཟུར་ཐིག་དེ་ནས་རྩ་ཐིག་གདབ་པར་དྲང་བར་བཤད་ལ། ཀླུ་བྱང་གིས་དང་པོར་ཚངས་ཐིག་དང་དེ་རྗེས་རྩ་ཐིག་གདབ་པ་དང་། ཚངས་ཐིག་གདབ་པ་ན་ས་ར་ཧས་བྷོ་བྱང་སྔོན་དང་གཞན་མང་པོས་ཤར་ནུབ་སྔོན་ལ་གདབ་པར་བཤད་ཅིང་། རྩ་ཐིག་ལ་མི་འདྲ་བའི་ལུགས་ཡོད་ཀྱང་ཀླུ་བྱང་གིས་ཤར་ནས་རིམ་བཞིན་གདབ་པར་བཤད་ལ། ཟུར་ཐིག་ལ་མེ་རླུང་སྔོན་ལ་གདབ་པོ། སློབ་དཔོན་དང་སློབ་མའི་སྡོད་ཕྱོགས་དང་ཁ་ལྟ་ཕྱོགས་སོགས་ནི་གཞན་དུ་ཤེས་པར་བྱ་ལ། ཐིག་གདབ་ཚུལ་ནི་ཕྲེང་བ་ལས། ཤར་ཕྱོགས་སོགས་ཀྱི་ཐིག་ལེའི་སྟེང་། །སྲད་པུ་བཟུང་ནས་མཎྜལ་བཞིས། །ཉ་ཡི་མགོ་དང་མཇུག་གི་མཐར། །ཚངས་ཐིག་དང་ནི་ཟུར་ཐིག་གདབ། །ཟུར་དེ་སྒོ་ཚད་བདུན་དང་ཕྱོགས། ཁྲུ་ལ་སོགས་པའི་རྩ་ཐིག་གི །དབུས་སུ་བརྒྱད་ཆ་ཕྱིས་པ་སྟེ། །སྒོ་དེའི་བཞི་ཆ་ཆ་ཆུང་སྟེ། །རྩ་བའི་ཕྱི་རོལ་གཅིག་དང་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་མཐར། །ཐིག་དྲུག་ཟུར་ནས་ངོས་སུ་སྟེ། །ཚངས་ལས་རིམ་གྱིས་རིང་བར་ནི། །ཆ་ཆུང་གསུམ་དུ་དང་པོའི་ཐིག །གཉིས་ཐིག་ཆ་ཆུང་གཉིས་རྩེར་རེག །ཆ་ཆུང་བརྒྱད་དུ་གསུམ་སྟེགས་བུའི། །ཐིག་ལས་དྲང་པོའི་ཐིག་བཞི་སྟེ། །གསུམ་ནི་ཆ་ཆུང་ལྔ་བཞི་པ། །ཆུ་ཆུང་བཞི་དེའི་དང་པོ་ནི། །ངོས་ཐིག་རྩེ་མོར་ཡང་དག་རེག །གསུམ་ནི་ཆུ་ཆུང་རེ་རེའི་བར། །བཞི་པའི་རྩེ་ནས་ངོས་སུ་ཐིག །ཆ་ཆུང་བཅུ་དང་ལྡན་པའོ། །རྩ་བའི་རྩེ་ནས་བྱུང་བའི་ཐིག །ཆ་ཆུང་བཞི་པ་ངོས་སྟེང་དུ། །ཆ་ཆུང་གཉིས་གཉིས་ཐད་ཀར་ནི། །ཆ་ཆུང་བརྒྱད་དེ་གསུམ་འཁྱོག་པའོ། །ཞེས་དང་། རྟ་བབས་ནི་ཀ་བའི་རྩེ་ནས་ཕྱི་ངོས་སུ། ཆ་ཆུང་རེ་རེ་དོར་བར་ཐིག །བཅུ་གཅིག་འདི་ལ་ལྔ་པ་དང་། །བདུན་པ་ཆ་ཆུང་ཕྱེད་དང་གཉིས། །ཡང་ན་གསུམ་པ་བདུན་པ་དང་། །དགུ་པ་ཆ་ཆུང་རེ་རེའོ། །བཞི་པ་དྲུག་པ་བཅུ་པ་རྣམས། །སོ་སོར་ཆ་ཆུང་ཕྱེད་དེ་དོ། །ལྔ་ནི་ཆ་ཆུང་ཕྱེད་དང་གཉིས། །དེ་ལ་ཕྱོགས་གཉིས་སུ་ནི་རྒྱར། །ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་མདའི་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་དྲུག་མཐར་གཉིས་པ་དང་། །གསུམ་པ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །ཆ་ཆུང་ལྔ་སྟེ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །གསུམ་ནས་དྲུག་པ་ཆ་ཆུང་ལྔ། །བཞི་ནི་ཆ་ཆུང་བདུན་རྣམས་ཏེ། །ཐིག་བཅུ་ཅིག་པ་ཆ་ཆུང་ལྔ། །སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་འོག་ལ་ཆ་ཆུང་གསུམ། །སྟེང་ནི་ཆ་ཆུང་དྲུག་སྟེང་དུ། །སྣམ་བུ་རྣམས་མཐར་སོན་པའི་ཐིག །གཞན་གྱི་མཐའ་དང་ལྷན་ཅིག་སྟེ། །ཀྱོག་པོ་གཅིག་གོ་འདི་ནང་དུའང་། །ཆ་ཆུང་ཕྱེད་ནས་དེ་བཞིན་གཞན། །དེའི་ཕྱིར་ཆ་ཆུང་རིག་བྱེད་མཐར། །ཐིག་ཟླུམ་དེ་ནས་གཉིས་ཡིན་ཏེ། །ཆ་ཆུང་གཉིས་གཉིས་དོར་བར་རོ། །བཞི་དོར་བ་ནི་ཟླུམ་པོ་གཞན། །ཞེས་གསུངས་པ་ལྟར་རོ། །འདི་ནི་ཐིག་སྐུད་རིང་ཐུང་གཉིས་ཀའི་ལུགས་ཡིན་པས་གསང་འདུས་ལའང་འགྲམ་ལོགས་སྒོ་དང་མི་མཉམ་པ་འདི་བཞིན་བྱས་ཀྱང་ཆོག་པ་ཕྲེང་བའི་དགོངས་པ་ཡིན་ལ། འོན་ཀྱང་ཐིག་སྐུད་རིང་བའི་ཕྱོགས་ལའང་འགྲམ་ལོགས་སྒོ་དང་མཉམ་མི་མཉམ་གཉིས་གང་བྱས་ཀྱང་མི་འགལ་པས། ཀླུ་བྱང་གིས་སྒོ་སོགས་བཞི་ཀ་མཉམ་པ་བཤད་པའི་རྗེས་སུ་འབྲང་སྟེ། རྗེས་དབང་དོན་རབ་གསལ་དུ་ཚུལ་དེ་བཀོད་པ་ལྟར་ཕྱག་ལེན་དུའང་སྣང་ངོ་། །དེ་ལྟར་ན་གསང་འདུས་ལ་གོང་གི་ཐིག་ལས་དྲང་པོའི་ཐིག་བཞི་སྟེ། ཞེས་པ་ནི། ཐིག་ལས་དྲང་པོའི་ཐིག་གཉིས་ཏེ། །དེ་ནི་ཆ་ཆུང་རེ་རེའི་བར། །དཔངས་སུ་ལྔ་སྟེ་དང་པོ་ནི། །ངོས་ཐིག་རྩེ་མོར་ཡང་དག་རེག །རྩ་བའི་རྩེ་ནས་འབྱུང་བའི་ཐིག །ཆ་ཆུང་བཞི་སྟེ་ངོས་སུའང་བཞི་བཞི། །སྟེང་དུའང་བཞི་སྟེ་གསུམ་འཁྱོག་པའོ། །ཞེས་པར་འགྱུར་རོ། །རྭའི་སྐོར་ཚུལ་ནི། ཚངས་དང་མདའ་ཡབ་ཕྲད་པ་ནས། །ཆ་ཆུང་བཞི་དང་བཞི་གསུམ་ནི། །སོང་བར་ཆ་ཆུང་དགུ་དང་ནི། །བཞི་ཆས་གཡས་གཡོན་ཕྱི་རྭ་སྒོར། །མངའ་ཡབ་ཚངས་ལས་ཆ་ཆུང་ནི། །ཕྱེད་བཅས་གསུམ་ནས་ཐད་ཀར་གཡས། །དྲུག་ནས་ཕྱེད་བཅས་བཅུ་གཉིས་ཀྱིས། །གཡོན་བསྐོར་གཡས་པ་དེ་ལས་བཟློག །ཞེས་གསུངས་པ་ལྟར་རོ། །ཕྲེང་བའི་ལུགས་དེ་འགྲམ་ལོགས་འོག་སྒོ་དང་མི་མཉམ་པའི་དབང་དུ་མཛད་པའི་ཁྱད་པར་མ་གཏོགས། གསང་འདུས་བདེ་མཆོག །འཇིགས་བྱེད། ཀུན་རིག་གི་ཕྱི་དཀྱིལ། ཚེ་དབང་། གདུགས་དཀར། རྣམ་རྒྱལ་སོགས་དེ་འདྲ་བའི་དཀྱིལ་འཁོར་གཞན་ལའང་འདྲ་བར་བཞེད་དོ། །གསང་འདུས་ཀྱི་སྒོ་ལོགས་སྒོ་དང་མཉམ་པའི་དབང་གིས། ཕྲིས་བྱ་ལ་སྒོ་ལོགས་གཉིས་ཀྱི་གདོང་གི་བར་དུ་མུན་སྣམ་དང་རྩིག་པའི་རི་མོ་གང་ཡང་མ་བྱས་པ་ཡིན་གྱི། བསྒོམ་བྱ་ལ་ནི་སྒོ་ལོགས་ཀྱི་སྟེང་དུ་ཐོག་མེད་པ་མིན་ནོ། །ཐིག་སྐུད་རིང་ཐུང་གཉིས་ཀའི་ལུགས་ལ་མངའ་ཡབ་ནས་མངའ་ཡབ་ཀྱི་བར་མཉམ་ཡང་། ཐུང་བ་ནི་ཐིག་སྐུད་ཆ་ཆུང་རེ་བཞི་པ་ཡིན་པས། རྟ་བབས་ཀྱི་དཔངས་སྒོ་ཚད་གཅིག་ལས་མི་འོང་ལ། རིང་བ་ནི་ཆ་ཆུང་གོ་དྲུག་པ་ཡིན་པས་འདི་ལ་ནི་རྟ་བབས་ཀྱི་དཔངས་སྒོ་ཚད་གསུམ་ཡོད་དོ། །རིང་ཐུང་གི་ཁྱད་པར་རྩ་ཐིག་ནས་རྩ་ཐིག་བར་ཉིས་འགྱུར་གྱི་དབང་དུ་བྱས་པ་ནི་ཐུང་བ་ཡིན་ལ། མངའ་ཡབ་ནས་མངའ་ཡབ་ཀྱི་བར་ཉིས་འགྱུར་གྱི་དབང་དུ་བྱས་པ་ནི་རིང་བའི་ཕྱོགས་སོ། །དེ་ལྟར་རིང་ཐུང་གཉིས་ཡོད་ཀྱང་རིང་བའི་ཕྱོགས་ནི་མང་པོས་བཞེད་པས་དེ་ལྟར་བྱའོ། །རིང་བའི་ཐིག་སྐུད་ཆ་ཆེན་ཉེར་བཞི་ཡོད་ཅིང་། དེའི་རྟ་བབས་དང་ཟླུམ་ཐིག་ནི་ཕྲེང་བ་ལས། ཀ་པའི་རྩེ་ནས་ཕྱི་ངོས་སུ། །ཞེས་སོགས་གོང་དུ་དྲངས་པ་ལྟར་རོ། །ཡང་ཕྲེང་བ་ལས། འགྲམ་ལོགས་སྒོ་དང་མཉམ་པ་ལ། །མུན་པའི་སྣམ་བུ་མེད་པའོ། །ཞེས་སྒོ་ལོགས་ཀྱི་གདོང་ན་མུན་སྣམ་མེད་ཅིང་། དར་དབྱངས་ཀྱི་སྣམ་བུ་ཡང་མེད་པར་བཤད་དོ། །ཐུང་བ་ལ་ཆ་ཆེན་བཅུ་དྲུག་ཡོད་ཅིང་དེའི་རྟ་བབས་སོགས་ཀྱང་ཕྲེང་བ་ལས་རྟ་བབས་སྒོ་ལས་སུམ་འགྱུར་ནི། ཞེས་སོགས་ཀྱིས་བཤད་ཅིང་། འདིའི་སྒོ་ལས་སུམ་འགྱུར་ནི་རྟ་བབས་ཀྱི་དཔངས་མིན་གྱི་ངོས་སུ་སྒོ་ཚད་གསུམ་ཡོད་པའི་དབང་དུ་བྱས་ལ། འདིར་དར་དཔྱངས་ཀྱི་སྣམ་བུ་ནི་ཡོད་དོ། །སྒོ་ནས་སྒོ་ལོགས་ཀྱི་བར་ཆ་ཆེན་མཉམ་མི་མཉམ་གསུམ་འབྱུང་སྟེ། སྒོ་སོགས་བཞི་པོ་སྒོ་ཚད་རེ་རེར་མཉམ་པ་དང་། སྒོ་དང་སྒོ་འཁྱུད་མཉམ་ཡང་འགྲམ་ལོགས་གཉིས་མི་མཉམ་པ་དང་། དེ་གཉིས་ཀྱང་མཉམ་པ་གཅིག་གོ །རྟ་བབས་ཀྱི་དཔངས་ཆ་ཆེན་གསུམ་པ་ལ་གཉིས་མཉམ་དགུ་མཉམ་དང་ལྔ་མཉམ་གསུམ་མཉམ་གཉིས་ཡོད་ལ། ཆ་ཆེན་གཅིག་པ་ལ་ལྔ་མཉམ་པ་སུམ་མཉམ་ཁོ་ན་སྟེ་གཉིས་ཀའང་སྣམ་བུ་བཅུ་གཅིག་པའོ། །ཟླུམ་ཐིག་ནི་ཐིག་རིང་བར་པད་ར་དང་རྡོ་ར་གཉིས་ཆ་ཆེན་ཕྱེད་ཕྱེེད་དང་མེ་རི་ལ་ཆ་ཆེན་གཅིག་ཡིན་ཞིང་། ཐུང་བ་ལ་པད་རྡོར་ནི་ཆ་ཆུང་རེ་རེ་བ་ཡིན་ལ་མེ་རི་ལ་ཆ་ཆུང་གཅིག་གོ །གཉིས་པ་ལ། གསང་འདུས་ཀྱི་ནང་ཐིག་ནི། ཕྲེང་བ་ལས། ཚངས་ལས་ཆ་ཆུང་བརྒྱད་མཐར་དང་། །བདུན་པའི་མཐའ་རུ་ཟླུམ་པོའི་ཐིག དེ་ནས་ཡང་དག་དྲང་ནས་ནི། །ཕྱོགས་གཞན་ཐིག་གི་མཚམས་སོང་བའི། །ཐིག་གཉིས་རིམ་བཞིན་ཚངས་པའི་ཕྱིར། །ཆ་ཆུང་གཉིས་གསུམ་དོར་བའོ། །ཕྱི་ཟླུམ་ཐིག་ལས་ཕྱི་ངོས་སུ། །ཆ་ཆུང་དོར་བར་ཟླུམ་པོའི་ཐིག །དེ་ནས་ཆ་ཆུང་གསུམ་དོར་ནས། །ཟུར་ཐིག་བར་དུ་གནས་པའི་ཐིག །ཀུན་ཏུ་སོན་པའི་ཚངས་ཐིག་དང་། །རེའུ་མིག་སྣམ་བུ་རེ་ཁ་དབྱི། །ཞེས་གསུངས་པའི་དོན་སྔགས་རིམ་ལྟར་བཤད་ན་དབུས་ཀྱི་ཚངས་ཐིག་ནས་ཕྱིར་ཆ་ཆུང་བདུན་དང་བརྒྱད་ཀྱི་མཐར་ཟླུམ་ཐིག་རེ་རེ། དབུས་ནས་ཆ་ཆུང་གཉིས་དང་གསུམ་དོར་བ་ནས་ཕྱོགས་བཞིར་རེའུ་མིག་དགུ་པའི་ཐིག་རེ་རེ། སྔར་གྱི་ཟླུམ་ཐིག་ཕྱི་མ་ནས་འོད་ཕྲེང་གི་དོན་དུ་ཆ་ཆུང་གཅིག །དེ་ནས་ཆ་ཆུང་གསུམ་དོར་བའི་མཚམས་ནས་ཟུར་ཐིག་ནས་ཟུར་ཐིག་གི་བར་འདེབས་པའི་སྣམ་བུ་ནི་རྡོ་རྗེ་མ་བཞིའི་གནས་དང་། ཕྱི་མ་བཞི་ནི་སེམས་དཔའ་དང་ཁྲོ་བོའི་གནས་ཏེ། འཇམ་རྡོར་ལ་ནི་ཅུང་མི་འདྲ་བ་ཡོད་དོ། །བདེ་མཆོག་རེ་གཉིས་པའི་ནང་ཐིག་ནི། ཕྲེང་བ་ལས། རྩ་བའི་ནང་གི་དཀྱིལ་འཁོར་ནི། །ཞེས་པ་ནས། རྡོ་རྗེ་པད་མ་འཁོར་ལོའི་འཕྲེང་། །ཞེས་པའི་བར་གྱིས་བསྟན་པ་ལྟར་རོ། །འཇིགས་བྱེད་བཅུ་གསུམ་མའི་ནང་ཐིག་ནི། རྩ་ཐིག་ནས་ནི་ཆ་ཆུང་གཅིག །ནང་དུ་དོར་བར་ཟླུམ་པོའི་ཐིག །སླར་གཅིག་ནང་དོར་ཟླུམ་ཐིག་དང་། །ལྟེ་བ་ནས་ནི་ཕྱོགས་བཞི་རུ། །ཚངས་ཐིག་སྟེང་ནས་ཆ་ཆེན་གཅིག །ཆ་ཆུང་གཅིག་གི་སུམ་ཆ་རེ། །དོར་བ་ཟླུམ་པོར་རེག་སྲིག་ཅིག །དེ་ནས་ཆུང་རེ་དོར་བར། ཐིག་གཅིག་སྔོན་བཞིན་ལེའུ་ཚེ་དགུའོ་ཞེས་པ་སྟེ་སླའོ། །ཚེ་དཔག་མི་འཁྲུགས་པ་བདེ་མཆོག་ལྷ་ལྔ་སོགས་ཀྱི་ནང་ཐིག་ནི། དབུས་ནས་ཆ་ཆུང་ལྔ་དང་ནི། །དེ་ནས་བཅུ་དང་དེ་ནས་གཅིག །སོང་བར་ཟླུམ་ཐིག་རེ་རེ་སྟེ། །ཕྱི་མ་མུ་ཁྱུད་བར་མ་ལ། །པད་འདབ་ནང་མ་ལྟེ་བའོ། །ཞེས་འབྱུང་བ་ལྟར་བྱའོ། །ཐིག་གི་སྒོ་དབྱེ་བ་ནི། ཐིག་ཆེན་བརྒྱད་ཐེག་པའི་དུས་དང་། ཐིག་རྣམས་རྫོགས་པའི་སྐབས་སུ་བྱེད་པའི་ཚུལ་གཉིས་བཤད་དེ། དེ་གཉིས་གང་དུ་བྱེད་ཀྱང་རང་གཙོ་བོའི་ང་རྒྱལ་དང་ལྡན་པའི་མིག་གཉིས་ཧཱི་ལས་ཉི་མ་དང་ཟླ་བར་བསྐྱེད་དེ། ཁྲོ་བོའི་ལྟ་བས་ངག་ཏུ་ཧཱི་ཧཱི་ཞེས་བརྗོད་ལ་ཐར་བའི་སྒོའི་སྒྲིབ་པ་དབྱི་བར་མོས་ནས་དབྱི་བར་བྱའོ། །བཞི་པ་ལ་གཉིས། ཕྱི་ཐིག་དང་། ནང་གི་ཐིག་གི་དོན་བཤད་པའོ། །དང་པོ་ནི། དུར་ཁྲོད་ཀྱི་བཤད་པ་ནི་སྡོམ་འབྱུང་དང་མན་སྙེ་ལས་ཤེས་པར་བྱ་ལ། ཕྱིའི་མེ་རི་ནི་འོད་ཟེར་འཕྲོ་བ་ཡིན་པས་བྲིས་པ་ལ་སྒོ་ཚད་གཅིག་ཡིན་ཀྱང་དོན་ལ་དེ་ཕན་ཆད་དུ་མི་འཕྲོ་བ་མིན་པས་དེའི་རྩེར་ཚོན་གྱི་རེ་ཁ་མི་བྱའོ། །དེའི་ནང་གི་རྡོ་རང་ནི་ཁོར་ཡུག་གི་དོན་ཏེ། རྡོ་རྗེའི་ངོ་བོ་ནི་རྩེ་གསུམ་པ་དང་ལྔ་པ་དང་སྣ་ཚོགས་རྡོ་རྗེ་རྣམས་གང་རུང་ངོ་། །རྡོར་ར་དང་པད་རའི་བར་གྱི་ཟླུམ་ཐིག་ནི་ཆོས་འབྱུང་གི་མཚོན་བྱེད་ཡིན་ལ། བདེ་མཆོག་སོགས་ཆོས་འབྱུང་མེད་པ་ལའང་ཆོས་དབྱིངས་ཀྱི་མཚོན་བྱེད་དོ། །ནང་གི་པད་མའི་འདབ་མ་གནས་པའི་ས་ནི་ཆོས་འབྱུང་དང་ནང་གི་ཟླུམ་ཐིག་དང་པོ་ནི་པད་མའི་གེ་སར་གྱི་རི་མོ་ཡིན་ནོ། །སྣ་ཚོགས་རྡོ་རྗེའི་རྭ་རྩེ་དང་པདྨའི་ལྟེ་བའི་མཐའ་ཚད་མ་ཉམས། རྡོ་རྗེའི་དབྱིབས་ནི་གྲུ་བཞིར་གནས་ཤིང་། རྒྱ་ཚད་ནི་ཆ་ཆེན་བཅུ་གཉིས་སོ། །རྭའི་སྲིད་ལ་ཐིག་སྐུད་ཐུང་བ་ལ་ཆ་ཆེན་གཉིས་དང་རིང་བ་ལྟར་ན་ཆ་ཆེན་བཞིའོ། །ཚངས་ཐིག་ནས་གཡས་གཡོན་དུ་སྒོ་ཚད་གཉིས་གཉིས་སོང་བ་ནས་དེའི་ཕྱི་ངོས་འཐོན་པར་བྱ་སྟེ། ཕྱོགས་རྭའི་ཕྱི་ངོས་ནི་དར་དཔྱངས་ཀྱི་སྣམ་བུ་ལས་འདར་མི་རུང་བར་བཤད་པའི་ཕྱིར་རོ། །ཕྱོགས་རྭ་ནི་དབུས་རྭ་དང་མཉམ་ཡང་ཆ་ཆུང་གཉིས་གུག་པའི་ཆ་ལ་འགྲོའོ། །ཕྱོགས་རྭ་ནི་སྦོམ་ས་ལ་ཆ་ཆུང་གསུམ་དང་དབུས་རྭའི་སྦོམ་ཚད་སྒོ་ཚད་གཅིག་སྟེ། ཐོན་ས་དང་ཟུག་སའི་བར་རིམ་གྱིས་ཕྲ་བའོ། །རྟ་བབས་ཀྱི་འོག་གི་རྒྱ་ནི་སྣ་ཚོགས་རྡོ་རྗེའི་རྭ་གཡས་གཡོན་ལས་ཕྱིར་མི་འདའ་ཞིང་། དེའི་ཀ་བ་ཡང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་མི་གནས་ཀྱི། ལྟེ་བའི་ཟད་མཚམས་ཀྱི་ཕྱིན་ཡོད་དོ། །དེ་ཡང་བྲི་བྱ་ལ་མུན་སྣམ་ཡོད་མེད་གཉིས་ལས་ཡོད་པ་ལྟར་ན། སྒོ་ལོགས་ཀྱི་གདོང་དང་བར་ན་ཆ་ཆུང་གཅིག་ཡོད་ལ། མེད་པ་ལྟར་ནའང་ལྟེ་བའི་ཐད་མཚམས་ནས་ཀྱང་ཆ་ཆུང་གཅིག་སོང་བ་ན་ཡོད་དགོས་སོ། །དེས་ན་འགྲམ་ལོགས་སྒོ་དང་མཉམ་པའི་བྲི་བྱ་ལ་མུན་སྣམ་མེད་ཀྱང་། བསྒོམ་བྱ་ལ་ནི་དེ་ཡོད་པར་ངེས་སོ། །རྟ་བབས་ཀྱི་ཀ་བ་ནི་བྲི་བྱ་ལ་ཉལ་བ་ལྟར་སྣང་ཡང་བསྒོམ་བྱ་ལ་ནི་གྱེན་དུ་ལངས་པ་ཡིན་ལ། ཞེང་ཆ་ཆུང་གཅིག་དང་སྲིད་དུ་ལྔ་སྟེ་འོག་ཏུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའོ། །ཀ་བའི་གྲངས་ནི་ཕྱོགས་རེ་རེར་གཉིས་གཉིས་ཏེ། བར་དུ་གདུང་ཡོད་མེད་ཀྱི་ལུགས་གཉིས་སོ། །དར་དཔྱངས་ནི་གདུང་ཡོད་ན་དེ་དང་མེད་ན་ཤར་བུ་ནས་འཕྱང་བར་བཤད་དོ། །རྟ་བབས་ཀྱི་སྣམ་བུ་ནི། མས་རིམ་ནས་གསེར་ཤར་བུ་སོགས་བཅུ་གཅིག་ཡོད་ལ། དེ་དག་གི་ཚད་དང་ཁ་དོག་སོགས་གཞན་ནི་སྔགས་རིམ་སོགས་ནས་ཤེས་པར་བྱའོ། །རྩིག་པ་རིམ་པ་ལྔ་ནི་ཕྱི་ནང་དུ་བསྒྲིགས་པ་ཡིན་ལ། ལྔ་བསྡོམས་པར་ཆ་ཆུང་གཅིག་དང་སྲིད་དུ་ཆ་ཆུང་བཅུ་གསུམ་མོ། །འགྲམ་ལོགས་སྒོ་དང་མཉམ་པ་ལ་རྩིག་རྒྱུན་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཐད་མཚམས་བར་དུ་འགྲོ་ཤིང་མི་མཉམ་པ་ལ་སྣ་ཚོགས་རྡོ་རྗེའི་མཐའ་དེ་ལས་ཆ་ཆུང་གཅིག་ལྷག་གོ །སྔ་མ་ལ་སྒོ་ལོགས་ཀྱི་བར་སྟེང་དུ་གདུང་ཡོད་ཀྱང་རྩིག་རྒྱུན་ནི་མེད་ལ། ཕྱི་མ་ལ་ནི་གདུང་དང་རྩིག་རྒྱུན་གཉིས་ཀ་ཡོད་དོ། །དེའི་གདུང་འོག་གི་ཀ་བ་གཉིས་བྲི་བྱ་ལ་མེད་ཀྱང་བསྒོམ་དོན་ལ་ཡོད་དེ། གྲུ་བཞི་པ་ལ་སྒོ་བཞི་པ་ལ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཞེས་གསུངས་པས་སོ། །ཕ་གུ་ནི་སྒོ་ལོགས་ཀྱི་རྩེ་མོའི་བར་རྩིག་པ་ཇི་ལྟར་འོང་བ་བཞིན་ཡོད་ཅིང་དེ་རྩིག་པ་ལས་ཆ་ཆུང་ཕྱེད་ཕྱིར་འཕངས་པའི་ཕྱི་ངོས་དབྱིབས་དང་ཁ་དོག་སྣ་ཚོགས་པའི་རིན་པོ་ཆེས་སྤྲས་པའོ། །དེའི་སྟེང་དུ་གསེར་གྱི་སྐེ་རགས་བཞི་བརྩེགས་པའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་རིན་པོ་ཆེའི་དྲ་བ་དང་དྲ་བརྒྱད་པ་དག་འཕྱང་བ་དང་། སྟེང་དུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང་། དེའི་མདའ་ཡབ་སོགས་ཇི་ལྟར་བྱ་བ་ནི་བསྐྱེད་རིམ་གྱི་འཁྲིད་དག་ལས་འབྱུང་བ་དང་འདྲའོ། །རྩིག་པའི་མཐའ་ནས་འདོད་སྣམ་བཞི་ལ་མཆོད་པའི་ལྷ་མོ་སྣ་ཚོགས་པས་མཆོད་རྫས་ཐོགས་ནས་མཆོད་པར་བྱེད་ཅིང་། སྒོ་དང་སྒོ་ཁྱུད་ཀྱི་ཕྱི་མཚམས་རྣམས་སུ་ཟླ་བ་ཕྱེད་པའི་སྟེང་དུ་རིན་པོ་ཆེ་དང་། རྡོ་རྗེ་ཡོངས་རྫོགས་སམ་ཕྱེད་པས་མཚན་པའོ། །འདི་ད་ལྟ་གྲི་གུག་ལྟ་བུ་ཞིག་བྱེད་ཀྱང་དོན་ལ་རྡོ་རྗེ་ཟླ་ཕྱེད་ཀྱི་སྟེང་ངོས་སུ་ཡོད་པར་གསལ་ལོ། །སྟེང་གི་ཕྱོགས་བཞིའི་མངའ་ཡབ་ཀྱི་སྟེང་དུ་བུམ་པར་ཕྱོགས་རེར་རྒྱལ་མཚན་གཉིས་རེ་དང་བ་དན་གཉིས་རེ་སྟེ་བརྒྱད་གཉིས་བཅུ་དྲུག་བྱའི། རེ་རེ་ལ་བཅུ་དྲུག་གམ་བརྒྱད་མིན་ནོ། །རྒྱལ་མཚན་དང་བ་དན་གྱི་ཁྱད་པར་ནི་སྔགས་རིམ་དང་བསྐྱེད་རིམ་གྱི་འཁྲིད་ལས་ཀྱང་འབྱུང་ངོ་། །གཉིས་པ་ནི། གཞལ་ཡས་ཁང་གི་དབུས་ཀྱི་རེའུ་མིག་དགུ་པའི་རྡོར་འཕྲེང་གི་སྣམ་བུ་ནི་རྩིག་པ་ལ་རྡོ་རྗེའི་འཕྲེེང་བ་ཟླུམ་པོས་བསྐོར་བ་སྟེང་གི་གདུང་ཟླུམ་དང་འདྲ་བར་བྱ་ཞིང་། གྲུ་བཞི་པའི་སྣམ་བུ་ཡང་དེ་དང་འདྲའོ། །བསྒོམ་བྱར་གསང་འདུས་དབུས་སུ་གར་བུ་ཟླུམ་པོ་འོང་སྟེ། གནོད་མཛེས་བཞུགས་པའི་ཆེད་དོ། །ནང་ཐིག་གི་བཤད་པ་གཞན་དང་ཐོག་འབུབས་ཚུལ་རྣམས་ནི་ལེགས་སུ་ཤེས་པར་བྱའོ། །གཉིས་པ་ལྷ་སྟ་གོན་དངོས་ནི། ཤར་ནས་ནུབ་ཏུ་ཕྱོགས་ཏེ། དཀྱིལ་འཁོར་གྱི་ས་གཞི་ལ་དྲི་ཞིམ་པོས་བྱུག་ཅིང་མེ་ཏོག་དགྲམ་སྟེ། བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་གིས་ལྷ་རྣམས་གནས་གང་དུ་འོང་བའི་ས་དེར་མཎྜལ་རེ་བྱའོ། །དེ་ཡང་བདག་པོའི་ཉེ་གནས་རྣམས་སུ་གྲུ་བཞི་དང་གཞན་རྣམས་སུ་ཟླུམ་པོར་བྱས་ལ། སྤྲོ་ན་དེ་རྣམས་སུ་མེ་ཏོག་གི་ཚོམ་བུ་བྱ་བར་ཡང་བཤད་དེ་གདན་དུ་འབུལ་བའི་ཆེད་དོ། །དེ་ནས་གནས་སོ་སོར་རང་རང་གི་དམ་ཚིག་གི་འཁོར་ལོ་བསྒོམས་ཏེ། ས་ཆོག་གི་སྐབས་སུ་ནམ་མཁར་བཏེག་པའི་ཡེ་ཤེས་པ་བསྟིམ་ལ་མཆོད་བསྟོད་སོགས་ཀྱང་བྱའོ། །གསུམ་པ་ལ་གཉིས། བུམ་པའི་རྒྱུ་ཚད་སོགས་བསྟན་པ་དང་། སྒྲུབ་ཚུལ་ཡན་ལག་དང་བཅས་པའོ། །དང་པོ་ལ། བུམ་པའི་རྒྱུ་ནི་གསེར་དངུལ་ཟངས་ར་གན་འཇིམ་པ་ལ་སོགས་ལས་བྱ་བར་གསུངས་ལ། ཚད་ནི། ཟུང་འཇུག་གསལ་བ་ལས། བུམ་པ་དེ་དག་ནང་ནས་ནི། །རྣམ་རྒྱལ་མཚན་ཉིད་ལྡན་པར་བྱ། །སོར་མོ་བརྒྱད་ཀྱི་ཚད་ཀྱིས་ནི། །མགྲིན་པ་མཐོ་ཞིང་རྣམ་པར་མཛེས། །ལྟོ་བའི་རྒྱར་ནི་མཐོ་ལྔའོ། །ཞེས་གསུངས་ཤིང་། གཞན་ནས་ལྟོ་བའི་རྒྱར་ནི་སོར་ཉི་ཤུ་བྱ་བར་བཤད་པས། སྔ་མ་མཐའ་སྐོར་གྱི་རྒྱ་ཚད་དོ། །དུས་འཁོར་ལས། དཔངས་སུ་སོར་ཉི་ཤུ་དང་མཆུ་ལ་སོར་གཉིས་དང་གཞན་སྔ་མ་དང་མི་འདྲ་བའང་བཤད་དེ། བུམ་པ་ཆེ་ཆུང་ལ་ལྟོས་ནས་འཇལ་བྱེད་ཀྱི་སོར་ཆེ་ཆུང་འདྲ་བར་བྱེད་དགོས་ཀྱི། ཁ་ཅིག་ཆེ་ཆུང་མེད་པར་མགྲིན་པ་མིའི་སོར་གྱིས་འཇལ་བ་ནི་འཐད་སྙམ་པ་མེད་དོ། །མཆུ་ནི་གྲགས་པ་ལྟར་མིན་གྱི། ཁའི་འགྲམ་ནས་འཕྱང་བའོ། །ཞབས་སྟེགས་མེད་ཅིང་རང་བཞིན་གྱིས་དཀར་བའམ་མིན་ན་དཀར་པོས་བསྒྱུར་བའང་བཤད། བུམ་པའི་གྲངས་ནི། རྒྱས་པ་ལ་ལྷ་གྲངས་ཀྱིས་སྟེང་དུ་ལས་བུམ་དང་། འབྲིང་ལྔ་ལྟ་བུ་དང་། བསྡུ་ན་རྣམ་རྒྱལ་དང་ལས་བུམ་གཉིས་སམ། དེའང་མེད་ན་རྣམ་རྒྱལ་གཅིག་པུ་བྱེད་དུའང་རུང་ངོ་། །བུམ་རྫས་ལ་རིན་པོ་ཆེ་ལྔ་ནི་མུ་ཏིག་གསེར་པདྨ་རཱ་ག་བྱི་རུ་མུ་མེན་ནོ། །སྨན་ལྔ་ནི། སྟག་ཚེར་གཞན་གྱིས་མི་ཐུབ་པ་ཀཎྜ་ཀ་རི་དབྱུག་པའི་ཨུཏྤལ་ཧ་ས་དེ་པའམ་དབང་ལག་གོ །འབྲུ་ལྔ་ནི། ཏིལ་ནས་མོན་སྲན་འབྲས་སོ་བ་གྲོའོ། །དྲི་ལྔ་ནི། ག་བུར་གུར་གུམ་ཙནྡན་དཀར་དམར་བླ་རྩིའོ། །སྙིང་པོ་ལྔ་ནི་ཏིལ་ལན་ཚྭ་མར་བུ་རམ་སྦྲང་རྩི་སྟེ། དེ་ཐམས་ཅད་དམ་གང་འབྱོར་དང་། ས་ར་ཧས་ཆུ་ལ་འོ་མ་བསྲེས་ནས་བླུག་པར་བཤད་ཅིང་། རྣམ་རྒྱལ་དང་ལས་བུམ་གཉིས་ཀའམ། རྣམ་རྒྱལ་ངེས་པར་རིན་པོ་ཆེའི་སྙིང་པོ་ཅན་དུ་བྱ་བར་བཤད་ལ། ནང་རྫས་དེ་རྣམས་སྤྲོ་ན་རང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །མགུལ་འཆིང་ནི་ཁ་དོག་དཀར་སེར་དམར་སྔོ་བ་གང་རུང་སྟེ། དེ་དག་ཀྱང་ཉིས་རིམ་དུ་མང་པོས་བཤད་ལ། འཆིར་བྱེད་ནི་སྲད་བུ་དཀར་པོའོ། ཁ་རྒྱན་ལ་ཡལ་འདབ་དང་བཅས་པའི་ཤིང་འབྲས་བུ་ཅན་ནམ། མེད་ན་དྲི་ལྡན་གྱི་ལོ་མ་བཟང་པོས་ཀྱང་རུང་བར་བཤད་ལ། ཀུ་ཤ་ནི་གདན་དུ་འདིང་བར་བཤད་ཀྱི། ཁ་རྒྱན་དུ་མ་བཤད་ཀྱང་ད་ལྟའི་ཕྱག་ལེན་ལྟར་ན་བསང་ཆུ་འཐོར་བྱེད་དུ་རུང་བར་སེམས་སོ། །རྨ་བྱའི་སྒྲོ་ནི། བྱབ་ཁྲུས་བྱ་བ་ལ་དགོས་ཀྱང་། འདིར་དེ་དགོས་པར་མི་སྣང་ཡང་གྲིབ་དང་བགེགས་སྲུང་བའི་ཆེད་དུ་རུང་ཙམ་མོ། །མཚན་མ་ཉིད་བུམ་པ་ཉིད་ལ་འབྲི་བའམ། བྲིས་ནས་འོད་གསལ། དེ་ཡང་གཙོ་བོའི་བུམ་པ་ལ་དེ་བཞིན་གཤེགས་པ་ལྔའི་མཚན་མ་དང་། ལས་བུམ་ལ་ལས་ཐམས་ཅད་པའི་མཚན་མ་བྲི་སྟེ། བུམ་པ་གཅིག་ལས་མེད་ན་གཙོ་བོའི་མཚན་མ་དང་གཡས་གཡོན་བྱ་བར་སྔགས་རིམ་ལས་བཤད་དོ། །བུམ་པ་བསྒྲུབ་པའི་ཚེ་འགོད་ཚུལ་ནི་མང་པོ་ཡོད་ན་གཙོ་བོའི་བུམ་པ་དབུས་ཏེ་ལྷ་ཐོབ་ཚུལ་གྱིས་འགོད་དོ། །གཉིས་པ་ནི། མདུན་དུ་སྟེགས་ཀྱི་ཁར་བུམ་པ་རྣམས་རིམ་པར་བཞག་སྟེ། བསངས་སྦྱངས་བསྐྱེད་པ་སོགས་བུམ་ཆོག་ནས་འབྱུང་བ་ལྟར་ཡིན་ལ། བསྐྱེད་ཚུལ་ནི། བུམ་པ་བྷྲུཾ་ལས་གཞལ་ཡས་ཁང་དུ་ལྷ་བསྐྱེད་པ་དང་། གཞལ་ཡས་ཁང་མེད་པར་ནང་དུ་ལྷ་བསྐྱེད་པའི་ཚུལ་གཉིས་ཡོད་ལ། བུམ་པ་མང་ཉུང་གི་ཁྱད་པར་གྱིས་བསྐྱེད་ཚུལ་ཡང་ཕྱེད་དགོས་སོ། །ཏཔྟེ་ཏཔྟེ་སོགས་ནི་གངྒཱའི་ཆུ་འགུག་པའི་སྔགས་ཏེ། སྔགས་དོན་ནི་ཞི་བྱེད་ཞི་བྱེད་ཞི་བྱེད་ཆེན་པོ་ཞེས་པའོ། །རྣམ་རྒྱལ་བུམ་པ་སོགས་ལ་ལྷ་རྣམས་ཀྱི་སྔགས་བཟླ་ཞིང་། ལས་བུམ་ལ་ནི་ལས་ཐམས་ཅད་པ་བཟླ་བ་སོགས་བུམ་ཆོག་ལྟར་རོ། །བཞི་པ་ནི། པུས་མོ་བཙུགས་ཏེ་རང་གི་ལྕེ་རྡོ་རྗེར་བསྐྱེད་ནས་སྤོས་ཐོགས་དྲིལ་བུ་དཀྲོལ་ཞིང་། བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག །ཞེས་པ་ནས། ཉེ་བར་འབྱོན་པར་མཛད་པར་རིགས། །ཞེས་པའི་བར་གྱིས་ལན་གསུམ་གསོལ་བ་གདབ་པར་བྱའོ། །སྐབས་འདི་དག་ཏུ་སྔགས་རིམ་དང་དེ་ཉིད་རབ་གསལ་གཉིས་ནས་འབྱུང་བའི་ཚིག་དོན་ལ་གོ་རིམ་ཅུང་ཟད་མི་འདྲ་བ་རེ་སྣང་ཡང་འདིར་སྔགས་རིམ་ལྟར་རོ། །ལྔ་པ་ལ་བཞི། སྒོའི་སློབ་དཔོན་དང་ལས་ཀྱི་རྡོ་རྗེ་ལྷག་གནས། སློབ་མའི་གྲངས། སློབ་མ་ལྷག་གནས་དངོས། དཀྱིལ་འཁོར་གདེག་ཅིང་རྨི་ལྟས་བརྟག་པའོ། །དང་པོ་ནི། སྒོའི་སློབ་དཔོན་དུ་འོས་པ་བཞི་དང་ལས་ཀྱི་རྡོ་རྗེར་འོས་པ་གཅིག་སྟེ། རང་གི་དབང་བསྐུར་བ་ཡིན་ན་མ་གཏོགས། སྡོམ་པ་གཉིས་སམ་སློབ་དཔོན་གྱི་སྡོམ་པ་སྟེར་བ་སྔོན་དུ་འགྲོ་བའི་ལྷག་གནས་ཀྱི་ཆོ་གས་ལྷག་གནས་བྱ་ཞིང་། མེད་ན་གསུམ་མམ་གཉིས་སམ་གཅིག་གིས་ཀྱང་རུང་ངོ་། །གཉིས་པ་ནི། དུས་གཅིག་ཏུ་དབང་བསྐུར་ན་དཱ་རི་ཀ་པས་གསུངས་པ་ལྟར་ཉེར་ལྔ་མན་ཆད་ཟུང་དུ་མི་འགྱུར་བ་དང་། མཚན་ཉིད་ཚང་བའི་སློབ་མ་ཡིན་ན་ཟུང་དུ་གྱུར་ཀྱང་མི་འགལ་བར་བཤད་དོ། །གསུམ་པ་ལ་ལྔ། ཀུན་སློང་བཅོས་ཤིང་ནང་དབང་བསྐུར་བ། གསོལ་བ་གདབ་ཅིང་འཛིན་དུ་འཇུག་པ། སྡོམ་པ་བཟུང་ཞིང་བྱིན་གྱིས་བརླབས་པ། སོ་ཤིང་དོར་ཞིང་ཁྱོར་ཆུ་སོགས་སྦྱིན་པ། སྤྲོ་བ་བསྐྱེད་ཅིང་བསྲུངས་ཏེ་རྨི་ལམ་བརྟག་པར་གདམས་པའོ། །དང་པོ་ནི། སྤྱི་རྒྱུད་ལས། ལ་ལ་གསང་སྔགས་སྒྲུབ་དོན་གཉེར། །འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །ཅེས་པ་ནས། འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་པའི་བར་གྱིས་དཀྱིལ་འཁོར་དུ་འཇུག་པ་དོན་དུ་གཉེར་བ་ལ་ངེས་ལེགས་དོན་གཉེར་གྱི་བློ་བསྐྱེད་པའི་ཀུན་སློང་འཆོས་པ་དང་། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་སློབ་མ་དྲངས་ཏེ་ཞལ་ཏུ་བཅུག་པ་རྡོ་རྗེའི་ལམ་ནས་པདྨར་ཐོན་པ་མི་བསྐྱོད་པར་བསྐྱེད་དེ་ནང་དབང་བསྐུར་པདྨ་ནས་ཕྱུང་སྟེ་ཤར་སྒོར་བཞག་གོ གཉིས་པ་ནི། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཞེས་པ་ནས། མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་པའི་བར་གྱིས་ལན་གསུམ་གསོལ་བ་གདབ་ཏུ་གཞུག དེ་ནས། བུ་ཚུར་ཤོག་ཅིག་ཐེག་ཆེན་ནོ། །ཞེས་པ་ནས། བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་པའི་བར་གྱིས་འཛིན་དུ་གཞུག་པ་དང་། རྫོགས་པའི་སངས་རྒྱས་གང་འདས་དང་། །ཞེས་སོགས་ཀྱི་མོས་པ་བརྟན་དུ་གཞུག་གོ །གསུམ་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱིས་ཐུན་མོང་བའི་སྡོམ་པ་བཟུང་བར་བྱ་སྟེ། དེ་ནི་འཇུག་སེམས་དང་བྱང་སེམས་ཀྱི་སྡོམ་པ་འཛིན་པའོ། །དེ་ནས་སློབ་དཔོན་གྱི་དབང་ཞུ་བ་ལ་ནི་རིགས་ལྔའི་སྡོམ་བཟུང་ཀྱང་བྱ་སྟེ། དེ་བཟུང་བའི་ཕྱིར་འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། ཞེས་སོགས་ཀྱིས་གསོལ་བ་གདབ་ཅིང་། སྡོམ་བཟུང་ནི་ཡོངས་གྲགས་ལྟར་རོ། །འདི་ནི་སྔགས་སྡོམ་ཡིན་པ། ལེན་པའི་སྐབས་ནི་སྐབས་འདི་དང་དངོས་གཞིའི་སྐབས་གང་དུ་བླངས་ཀྱང་སྐྱེ་ཡང་། གཉིས་ཀ་ལའང་སློབ་དཔོན་གྱིས་སྔོན་དུ་བྱས་ཏེ་ལན་གསུམ་གྱི་སྒོ་ནས་བླངས་ན་ནི་ལེགས་པར་བཤད་དོ། །དེ་ནས་སློབ་མའི་གནས་གསུམ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་དྲི་ཆུ་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་རེག་ཅིང་། མགོ་ལ་སོགས་པར་མེ་ཏོག་སོགས་བཞི་གཙོ་བོའི་སྔགས་སམ་ལས་སྔགས་ཀྱིས་སྟེར་བར་བྱའོ། །བཞི་པ་ནི། བའི་ལྕི་བ་སོགས་ལ་གྲུ་བཞི་པ་བྱས་ལ། དེར་འོ་མ་ཅན་གྱི་ཤིང་ལས་བྱས་པའི་སོ་ཤིང་སོར་བཅུ་གཉིས་པ་མེ་ཏོག་བཅིངས་པ་སྔགས་བརྗོད་དེ་ལྟོས་མེད་དུ་འདོར་བར་བྱའོ། །དོར་བའི་ལྟས་ལ་རྩེ་མོ་ཤར་བྱང་ནུབ་ལྷོ་སྟེང་འོག་ཏུ་ཕྱོགས་ན་རིམ་པ་བཞིན་ཞི་རྒྱས་དབང་དྲག་རིག་འཛིན་ས་འོག་གི་དངོས་གྲུབ་འགྲུབ་པའི་བརྡ་སྤྲོད་ཅིང་། ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་མེད་དོ། །དེ་ནས་བཾ་ལས་སྐྱེས་པའི་ཆུ་བཾ་བཟླས་པ་བྱིན་ནས་དྲི་ཞིམ་པའི་ཆུ་ཁྱོར་བ་གསུམ་ༀ་ཧྲཱིཿཞེས་སོགས་བཟླས་ཏེ་སྟེར་རོ། །དེ་ནས་ཧཱུཾ་ལས་སྐྱེས་པའི་ཀུ་ཤ་གདན་དང་དྷཱིཿལས་སྐྱེས་པའི་ཀུ་ཤ་འཁྱིལ་པ་བཟླས་པ་སྔས་ཀྱི་དོན་དུ་སྔགས་བརྗོད་དེ་སྦྱིན་ལ། ཧཱུཾ་ལས་བྱུང་བའི་སྐུད་པ་དམར་པོ་སློབ་མའི་ལུས་ཚད་སུམ་བལྟ་བ་བྱས་ཏེ་འཁྱིལ་པ་ལན་བདུན་བཟླས་པ་དཔུང་པ་གཡས་སམ་གཡོ ན་དུ་སྔགས་བརྗོད་དེ་བཅིང་ངོ་། །ལྔ་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཞེས་པ་ནས། དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་པའི་བར་གྱིས་སྤྲོ་བ་བསྐྱེད་ལ། འཁྱིལ་པ་བཟླས་པའི་སྔགས་ཀྱིས་བསྲུངས་ནས་དོ་ནུབ་རྨི་ལམ་བརྟོག་ལ་སང་ང་ལ་སྨོས་ཤིག་ཅེས་གདམ་པར་བྱའོ། །བཞི་པ་ནི། སྟ་གོན་གྱི་ལྷ་ལ་མཆོད་ནས་ནམ་མཁར་གདེག་ཅིང་། འདེགས་ཚུལ་ནི་སྔགས་དང་ཕྱག་རྒྱས་གཞན་ནས་འབྱུང་བ་ལྟར་བྱའོ། །ནང་པར་རྨི་ལམ་དྲིས་ཏེ་ངན་ན། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསྲུང་བའམ། སྦྱིན་བསྲེག་གམ་བདག་མེད་བསྒོམ་པ་སོགས་ཀྱི་ཟློག་ཐབས་བྱའོ། །གསུམ་པ་ནི། རས་བྲིས་ལ་བརྟེན་ནས་དབང་བསྐུར་བའི་ཚེ་ཇི་ལྟར་བྱ་སྙམ་ན། བུམ་པ་སྟ་གོན་དང་། སློབ་མ་ལ་དབང་བསྐུར་བ་ཡིན་ན་སློབ་མ་སྟ་གོན་ངེས་པར་བྱེད་དགོས་ལ། སྤྲོ་ན་དེ་ཉིད་རབ་གསལ་ལས། ཐིབ་གདབ་པ་མ་གཏོགས་ལྷག་གནས་རྣམས་ནི་རས་བྲིས་ཀྱི་ཆོ་ག་ལ་ཡང་བྱའོ། །ཞེས་གསུངས་པ་ལྟར། ས་ལྷ་དང་ལྷ་སྟ་གོན་གཉིས་བྱས་ནའང་ལེགས་པ་ཡིན་ལ། མ་བྱས་ཀྱང་ཆོག་པར་སྔགས་རིམ་གྱི་དགོངས་པ་ཡིན་ནོ། །བསམ་གཏན་གྱི་དཀྱིལ་འཁོར་ལ་ས་བཟུང་བ་སོགས་ཡིད་ཀྱིས་བྱ་བར་འཕྲེང་བར་བཤད་ཅིང་། ལུས་དཀྱིལ་ལ་ཡིད་ཀྱིས་བསྒོམ་པའམ་མ་བྱས་ཀྱང་ཆོག་པར་བཤད་དོ། །གསུམ་པ་དངོས་གཞིའི་ཆོ་ག་ལ་གསུམ། ཡེ་ཐིག་གདབ་ཅིང་ཚོན་བཀྱེ་བ། བུམ་པ་དགོད་ཅིང་དཀྱིལ་འཁོར་བརྒྱན་པ། བསྒྲུབས་ཤིང་མཆོད་ནས་དབང་བསྐུར་བའོ། །དང་པོ་ལ་གསུམ། ཡེ་ཐིག་གདབ་པ་ཚོན་བཀྱེ་བ་བགེགས་ཟློག་ཐབས་སོ། །དང་པོ་ལ་གཉིས། འདུ་བྱ་བ་དང་། འདེབས་པའི་རིམ་པའོ། །དང་པོ་ནི། རང་ཤར་དུ་ཕྱོགས་ཏེ་གཙོ་བོའི་རྣལ་འབྱོར་དང་ལྡན་པས། རྒྱུར་རུང་བའི་སྐུད་པ་ལྔ་ཚན་ལྔ་སྣོད་ལྔར་བཞག་ལ། ཡུངས་ཀར་གྱི་ཕྱེ་མ་དང་དྲིས་བསྒོས་པའི་ཚོན་ཁ་དོག་ལྔས་སྐུད་པ་རྣམས་སོ་སོར་ཁ་བསྒྱུར་བར་བྱའོ། །སྐུད་པ་ཉེར་ལྔ་བྱེད་པ་ནི། ལྔ་ཚན་ལྔ་པོ་རེ་རེ་ལའང་རིགས་ལྔ་མཚོན་ཚུལ་ཡོད་པའོ། །དེ་ནས་རང་དང་སློབ་མ་ལྷར་བསྐྱེད་པའི་ལག་མཐིལ་དུ་ཐེའུ་ཆུང་གི་རྩ་བ་ནས་མཐེ་བོང་གི་བར་དུ་སྐུད་པ་རྣམས་བཀོད་ལ། སྐུད་པ་དཀར་པོ་རྣམ་སྣང་སེར་པོ་རིན་འབྱུང་སོགས་རང་རང་གི་ས་བོན་ལས་རིགས་ལྔར་བསྐྱེད་དོ། །བསྐྱེད་པའི་དམ་ཚིག་པ་ལ་ཡེ་ཤ ེས་པ་གཞུག་པ་ནི། ནམ་མཁར་བཏེགས་པ་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར་རང་གི་ས་བོན་ལས་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཀྱི་རང་བཞིན་དུ་མོས་ལ། ༀ་ཨཱཿཤཱ་ཤཱ་ཏ་སོགས་རང་རང་གི་སྔགས་ཀྱིས་གསོལ་བ་གདབ་ཅིང་། མིག་གཉིས་སུ་ཛ་སེར་པོ་ལས་ཉི་མ་དང་ཟླ་བ་སེར་པོའི་རང་བཞིན་དུ་བསམས་ཏེ། ༀ་དཱིཔྟ་སོགས་བརྗོད་ནས་འབར་བའི་ལྟ་སྟངས་ཀྱིས་ཡེ་ཤེས་པའི་ཐིག་སྐུད་བཀུག་ནས་རང་རང་གི་མདོག་ཅན་གྱི་དམ་ཚིག་པའི་ཐིག་སྐུད་ལ་ཐིམ་པར་བསམ་མོ། །དེ་ནས་སློབ་མ་དང་ལྷན་ཅིག་ༀ་ཨཱཿཨ་ནྱོ་ནྱ་ཞེས་སོགས་ཀྱི་སྔགས་བརྗོད་ཅིང་དང་པོར་སྐུད་པ་ལྔ་རེ་སྐུད་པ་རེ་རེ་བྱས་ཏེ་སྐུད་པ་ལྔར་བྱ་ལ། དེ་ནས་ལྔ་པོ་ཡང་གཅིག་ཏུ་བསྒྲིལ་བར་བྱའོ། །བསྒྲིལ་ཟིན་པ་དང་སྔར་གྱི་ས་གཞིར་དྲི་མ་བྱུག་པའི་གསེར་ལ་སོགས་པའི་སྣོད་དུ་དྲི་ཆུ་དང་བདུད་རྩི་ལྔ་བ་བྱུང་རྣམ་པ་ལྔས་སྤངས་ཏེ། ཡི་གེ་གསུམ་གྱི་ནང་དུ་ཆུད་པར་བཞག་ལ་མཆོད་ཅིང་ལག་པས་རེག་ལ་མཁྱིལ་བའི་སྔགས་ཀྱིས་བསྲུང་ངོ་། །དེ་ནས་མིག་གཉིས་མ་དང་ཊ་ལས་ཉི་ཟླར་བསྐྱེད་དེ་བཛྲ་ཌིཥྚི་མ་ཊ་ཞེས་པས་བརྟན་པར་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་བདུད་རྩིའི་ཆུ་ཡུངས་ཀར་དང་དྲི་ཆུ་གཏོར་ཏེ་ལག་པས་རེག་ལ། ༀ་བཛྲ་ས་མ་ཡ་སོགས་དང་འབྲུ་གསུམ་བརྒྱ་རྩ་བརྒྱད་བཟླས་ཏེ་ལྷག་གནས་བྱའོ། །གཉིས་པ་ནི། བུམ་ཆུས་དཀྱིལ་འཁོར་གྱི་ས་ལ་ༀ་སརྦ་སཾ་ཤོ་སོགས་བརྗོད་དེ་བསང་གཏོར་བྱས་ནས་དྲིས་བྱུགས། ཕྱི་རོལ་ཏུ་མེ་ཏོག་བཀྲམ་ལ་ནམ་མཁར་བྲི་བྱའི་དཀྱིལ་འཁོར་བཞུགས་པར་མོས་ནས་མཆོད་བསྟོད་བྱ་ཞིང་། རང་དང་སྒྲུབ་གྲོགས་ཀྱི་མིག་གཉིས་སུ་ཛ་ལས་ཉི་ཟླ་འོད་ཟེར་སེར་པོ་ཅན་དུ་བསྒོམ། དེ་ནས་རང་གི་གཡོན་པས་ཐིག་སྐུད་ལྟེ་བར་བཟུང་ཞིང་ཛྫཿཛྫཿཛྫཿཞེས་པ་དང་ཛ་གསུམ་གྱིས་གྲོགས་ལ་བཏང་བས། དེས་ཀྱང་དེ་དག་བརྗོད་ནས་དྲངས་ཏེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་བཟུང་ལ། ནམ་མཁར་མཐེབ་མཛུབ་ཀྱིས་ཐིག་སྐུད་བཟུང་ནས་ཐིག་གདབ་སྟེ་སེ་གོལ་གྱི་སྒྲ་བྱའོ། །དེའི་ཚེ་ཐིག་གི་སྒྲས་ནམ་མཁར་ཁྱབ་པའི་སངས་རྒྱས་རྣམས་བསྐུལ་ཏེ་ཐིག་སྐུད་ལ་ཐིམ་པར་བྱའོ། །ཐིག་འདེབས་པའི་སྐབས་སུ་ༀ་བཛྲ་ས་མ་ཡ་མཱུ་དྲ་དང་། ཧཱུཾ་ༀ་སྭཱ་ཨཱཿཧཱ་རྣམས་བརྗོད་དགོས་སོ། །ནམ་མཁའ་ལ་འདེབས་པའི་ཐིག་ནི་ཚངས་ཐིག་གཉིས་ཡིན་གྱི། ཐིག་གཞན་མིན་ནོ། །ཡེ་ཐིག་འདེབས་པ་ན་དམིགས་པ་ནི། ཡེ་ཤེས་ཀྱི་ཐིག་སྐུད་རེ་ཆད་ནས་ལས་ཐིག་རྣམས་ལ་ཐིམ་པར་བསམས་ཏེ། ལས་ཐིག་རྣམས་ཀྱི་སྟེང་དུ་གདབ་པར་བྱའོ། །ཐིག་གི་ཚེ་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་སྒོམ་པ་དང་སྐོར་ཕྱོགས་དང་སྡོད་ཕྱོགས་སོགས་ནི་ཐིག་གི་ཆོ་ག་ལས་ཤེས་པར་བྱ་ཞིང་ཡེ་ཐིག་ཐེབས་ནས་མཆོད་གཏོར་ཕུལ་ཏེ་ཡེ་ཤེས་པ་སྟ་གོན་གྱི་ལྷའི་ཐུགས་ཀར་གཤེགས་པར་བྱའོ། །གཉིས་པ་ལ་བཞི། ཚོན་འདུ་བྱ་བ། ཇི་ལྟར་བཀྱེ་བ། ཚོན་ས་བསྟན་པ། མཚན་མ་བཀོད་ནས་གཤེགས་གསོལ་ལོ། །དང་པོ་ནི། སྣོད་བཟང་པོར་ཚོན་སྣ་བཞག་ལ་བཾ་སོགས་ཀྱི་ས་བོན་ལས་བྱུང་བར་བསམས་ཤིང་ཚོན་གྱི་རྒྱུ་རིན་པོ་ཆེའི་རིགས་སམ་ས་ཚོན་སོགས་ཀྱང་རུང་ངོ་། །དེ་ནས་ཚོན་ལྔ་ནི་བྷྲུཾ་སོགས་ས་བོན་ལྔ་ལས་རྣམ་སྣང་སོགས་སུ་བསྐྱེད་དེ། སྔར་ལྟར་ཡེ་ཤེས་པའི་ཐིག་བཀུག་སྟེ་བསྟིམ། ༀ་བཛྲ་ཙི་ཏྲ་སོགས་བརྒྱ་རྩ་བརྒྱད་བཟླས་ནས་འབར་བའི་ལྟ་བས་གཟི་བརྗིད་བསྐྱེད་ཅིང་། ཚོན་དུ་ཧཱིཿབཀོད་ནས་བདེན་བརྗོད་ཀྱིས་བྱིན་བརླབ་བྱའོ། །དེ་ནས་དྲི་དང་མེ་ཏོག་སོགས་ཀྱིས་མཆོད་ལ་སྔར་བཏབ་པའི་ཕུར་བུ་ཧཱུཾ་བཞི་པའི་སྔགས་ཀྱིས་དབྱུང་ངོ་། །གཉིས་པ་ནི། རྡོ་རྗེའི་ཁུ་ཚུར་སོགས་ཀྱིས། རྩིག་པ་ལྔ་བྱིན་ནས་རིམ་པ་བཞིན་དུ་འགྱེད་ཅིང་། དེའི་ཚེ་འདི་ནི་ཆོས་དབྱིངས་སམ་མེ་ལོང་དག་པ་སྟེ། ཞེས་སོགས་ལྔ་སྐབས་སུ་གང་བབས་དང་པོར་སྦྱར་ཏེ་བྲིའོ། །འབྱེད་ཚུལ་ནི་ཕྲ་སྦོམ་སོགས་ཀྱི་སྐྱོན་དང་དྲལ་བར་བཀྱེ་སྟེ། གཞན་དུ་ན་ཉེས་པར་འགྱུར་རོ། །ཐོག་མར་རང་གིས་བཀྱེ་ཞིང་རྗེས་སུ་སློབ་མ་དང་རི་མོ་མཁན་ཅི་རིགས་ཀྱིས་བྱའོ། །གསུམ་པ་ལ་གཉིས། ཕྱི་དང་། ནང་གི་ཚོན་སའོ། །དང་པོ་ནི། དབུས་དང་ཕྱོགས་བཞིར་རིགས་ལྷའི་སྐུ་མདོག་སྤྱི་དང་བྱེ་བྲག་གིས་དབྱེ་བས་ཚོན་གྱི་ཁ་དོག་ཀྱང་དེར་འགྱུར་ལ། ཕ་གུའམ་རིན་ཆེན་སྣམ་བུའི་ས་ནི་དམར་པོ་དང་དྲ་བ་དྲ་ཕྱེད་ཀྱི་ས་ནི་ནག་པོའོ། །འདོད་སྣམ་ནི་དམར་པོ་དང་། ཤར་བུ་དང་མདའ་ཡབ་ཀྱི་ས་ནི་སྔོན་པོའོ། །རྟ་བབས་ཀྱི་ཀ་བ་དང་ཀྱོག་པོའི་ནང་གི་བླ་བྲེའི་འོག་གི་ས་ནི་ཕྱོགས་མདོག་ཡིན་ལ། ཕྱི་མ་ནི་ཕྱོགས་མདོག་གིས་སྤྲས་པའི་ནམ་མཁའི་རང་བཞིན་ནོ། །རྟ་རྨིག་ཝ་རཎྜ་ཆུ་སྲིན་གྱི་སྣམ་བུ་ནི་མཛེས་ཚོན་ཡིན་ལ། ཤར་བུ་དང་མདའ་ཡབ་གཉིས་དཀར་པོ་ལ་དེ་དག་གི་ས་ནི་སྔོན་པོའོ། །རིན་པོ་ཆེའི་སྣམ་བུ་དང་མུན་སྣམ་དང་གསེར་སྣམ་གསུམ་ནི་དམར་ནག་སེར་པོའོ། །འཁོར་ལོ་བཞི་ནི་སེར་པོ་དང་རི་དྭགས་ཀྱང་དེ་ལྟར་རོ། །གཞལ་ཡས་ཁང་གི་རྟེན་གྱི་རྡོ་རྗེ་ནི་ནག་པོའམ་གཙོ་བོའི་མདོག་ཏུའང་བཤད་ལ། ཕྱོགས་རྭ་རྣམས་ནི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མདོག་གམ་རྭ་ཁྲའོ། །རྟ་བབས་ཀྱི་གཡས་གཡོན་གྱི་བུམ་པ་རྣམས་སེར་པོ་དང་། ཤིང་རྣམས་ནི་དཔག་བསམ་གྱི་ཤིང་སྟེ་སླའོ། །འོག་གི་སྣ་ཚོགས་པདྨའི་ལྟེ་བ་ལྗང་ཁུ་གེ་སར་སེར་པོ་འདབ་མ་སྣ་ཚོགས་པ་སྟེ། འདབ་མའི་གཞི་ནི་དམར་པོ་ཤས་ཆེའོ། །བདར་དང་རྡོ་རའི་བར་གྱི་རེ་ཁ་ནི་དཀར་པོའོ། །རྡོ་རྗེའི་ངོ་བོ་དང་དེའི་རེ་ཁའི་གཅོད་མཚམས་ནི་ནག་པོའམ། དཀར་པོ་དང་སེར་པོར་ཡང་བཤད་དེ་གང་རུང་ངོ་། །རྡོ་རྗེ་གནས་པའི་གཞི་ནི་ལྗང་ཁུ་དང་། རྡོ་རྗེའི་ས་གཞི་ནི་སྣ་ཚོགས་པའོ། །འོད་འཕྲེང་ནི་ཁ་དོག་སྣ་ཚོགས་པ་སྟེ་བརྒྱད་དམ་སོ་གཉིས་སམ་རེ་བཞི་པའོ། །གཉིས་པ་ནི། ནང་གི་ཕྱོགས་བཞིའི་ཁ་དོག་ནི་དེ་བཞིན་གཤེགས་པའི་མདོག་དང་། བསྒོམ་བྱའི་དཀྱིལ་འཁོར་གྱི་ཐོག་ཀྱང་དེ་ལྟར་རོ། །ཀ་བ་རྣམས་ཀྱང་ཕྱོགས་མདོག་སྟེ་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་མཚན་མས་སྤྲས་པའོ། །སྤྱིར་གཙོ་བོའི་ས་དང་ཕྱོགས་ནི་ནང་གི་དེ་བཞིན་གཤེགས་པའི་མདོག་ཡིན་ཀྱང་། མ་ངེས་ཏེ། དཔེར་ན། འཇམ་རྡོར་ལ་གཙོ་བོ་དམར་སེར་ཡིན་ཀྱང་དབུས་སྔོ་བ་དང་། ཀུན་རིག་ལ་སྦྱོང་རྒྱལ་སྐུ་མདོག་དཀར་པོར་ཡོད་ཀྱང་། དེའི་ཤར་སྔོན་པོར་ཡོད་པ་བཞིན་ཏེ་རིགས་ཀྱི་དབང་དུ་བྱས་པའོ། །རེའུ་མིག་དགུ་པའི་ས་གཞི་ནི་དབུས་ཀྱི་སའི་མདོག་ཏུ་གསུངས་པས་དེ་ལྟར་བྱས་ན་ལེགས་ལ། ཁ་ཅིག་ཕྱོགས་མདོག་བྱེད་པའང་སྣང་ངོ་། །བཞི་པ་ནི། བྲིས་ཟིན་པ་དང་རང་རང་གི་མཚན་མ་དགོད་པར་བྱ་སྟེ། ཀླུའི་གློས། ཇི་ལྟར་ནུས་པས་དཀྱིལ་འཁོར་དུ། །ས་བོན་དགོད་བྱ་ཡང་ན་ནི། །མཚན་མའམ་ལྷ་ཡི་གཟུགས་ཉིད་དེ། །ལུགས་མའམ་འདུ་བྱས་དགོད་པར་བྱ། །ཞེས་གསུངས་ཤིང་། སྔགས་རིམ་ལས་ཀྱང་དེ་ལྟར་བཤད་པ་བཞིན་བྱ་ལ། འདིར་རྡུལ་ཚོན་ལ་སྐུ་འགོད་པ་མ་དར་ཡང་། འབུར་སྐུ་མ་རྙེད་ན་ཙ་ཀ་ལི་སའི་གོང་བུ་ལ་བཙུགས་ཏེ་དེར་བཞག་ནའང་ལེགས་སོ། །དེ་རྣམས་རྫོགས་པ་དང་ཡེ་ཤེས་ཀྱི་ཚོན་གཤེགས་གསོལ་བྱའོ། །གསུམ་པ་ནི། སྲུང་འཁོར་བསྒོམས་པ་སོགས་ཀྱིས་དཀྱིལ་འཁོར་བསྲུང་བར་བྱ་སྟེ་སླའོ། །གཉིས་པ་ལ་གཉིས། བུམ་པ་དགོད་པ་དང་། དཀྱིལ་འཁོར་བརྒྱན་པའོ། །དང་པོ་ནི། །སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་དཀྱིལ་འཁོར་ལ་གཡས་སྐོར་དུ་ཐོབ་ཚུལ་ལྟར་འགོད་པར་བྱའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་ཕྱོགས་བཞིར་དམ་ཆོས་ཀློག་པ་དང་ན་བཟའ་འབུལ་བ་དང་གདུགས་སོགས་ཀྱིས་བརྒྱན་པར་བྱའོ། །གསུམ་པ་ལ་གཉིས། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང་། དབང་བསྐུར་བའི་ཆོ་གའོ། །དང་པོ་ལ་གཉིས། སྒྲུབ་པ་དང་། མཆོད་པའོ། །དང་པོ་ལ་བདག་མདུན་ཐ་དད་དུ་བྱེད་པ་དང་། ཐ་མི་དད་དུ་སྒྲུབ་པའི་ཚུལ་གཉིས་ལས། དཱ་རི་ཀ་པ་དང་ས་ར་ཧས་བདེ་མཆོག་ལ་བདག་མདུན་ཐ་དད་དུ་མཛད་དེ་སྒྲུབ་ལ། ཀླུ་བྱང་དཔལ་འཛིན་ལྭ་བ་པ་སོགས་ཀྱིས་བདག་མདུན་ཐ་མི་དད་དུ་སྒྲུབ་པར་མཛད་དོ། །བདག་མདུན་ཐ་དད་དུ་བྱེད་པའི་ཚེ། སྔོན་དུ་བདག་བསྐྱེད་རྫོགས་པར་བསྒོམས་ཏེ་མདུན་བསྐྱེད་སྒྲུབ་ཅིང་མདུན་གྱི་དཀྱིལ་འཁོར་དུ་ཕྱིན་པའི་དམིགས་པ་མི་བྱེད་ལ། ཐ་མི་དད་དུ་སྒྲུབ་པའི་ཚེ་ཡང་། སྔོན་དུ་བདག་བསྐྱེད་མི་བསྒོམ་པར་དཀྱིལ་འཁོར་གྱི་དབུས་སུ་ཕྱིན་པར་མོས་ཏེ་བདག་མདུན་འཇུག་པ་གཅིག་ཏུ་སྒྲུབ་པ་དང་། བདག་བསྐྱེད་སྔོན་དུ་བསྒོམས་ཏེ། མདུན་བསྐྱེད་སྒྲུབ་པ་ནི་དཀྱིལ་འཁོར་གྱི་དབུས་སུ་ཕྱིན་པར་མོས་ཏེ་བས ངས་སྦྱངས་བསྐྱེད་པའི་སྒོ་ནས་འཇུག་པ་ཐ་དད་དུ་བྱེད་པ་གཉིས་ཡོད་པ་ལས། དང་པོ་ནི་གཤིན་རྗེ་གཤེད་ལྟ་བུ་ལ་རུང་གི་གསང་འདུས་ལ་ནི་ཕྱི་མ་ལྟར་བདག་བསྐྱེད་སྔོན་དུ་བྱས་ནས་བསྒྲུབ་པར་བྱ་དགོས་ཞེས་མཁས་གྲུབ་རྗེ་བཞེད་ལ། འོན་ཀྱང་སྔགས་རིམ་གྱི་ཚིག་ཟིན་ལས་བདག་མདུན་ཐ་མི་དད་དུ་བྱེད་ན་ལྷའི་རྣལ་འབྱོར་སོ་སོ་བ་མི་དགོས་སོ་ཞེས་གསུངས་པ་ལྟར་ན་དམིགས་བསལ་བསྒོམ་བཟླས་སྔོན་དུ་སོང་བ་ཞིག་གིས་དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་སྔར་བདག་བསྐྱེད་ཟུར་དུ་མི་སྒོམ་པར་བདག་མདུན་འཇུག་པ་གཅིག་ཏུ་བྱས་ནས་བསྒྲུབ་རུང་བར་སེམས་སྟེ་བརྟག དེས་ན་སྤྱིར་གསང་འདུས་ཀྱི་མདུན་བསྐྱེད་སྒྲུབ་པ་ནི། བདག་བསྐྱེད་སྔོན་དུ་འགྲོ་དགོས་ཤིང་། སོང་ནས་རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་ཞུགས་པར་མོས་ཏེ་བསངས་སྦྱངས་འབྱུང་བཞི་དཀྱིལ་འཁོར་ལྷའི་གདན་བཅས་བསྐྱེད་ནས། དེ་རྣམས་སུ་ཆོ་ག་སུམ་བསྐྱེད་ཀྱིས་གཙོ་བོ་དང་འཁོར་རྣམས་རྫོགས་པར་བསྐྱེད་ལ། རང་རིགས་ཀྱི་རིག་མ་དང་ལྷན་ཅིག་སྙོམས་འཇུག་བྱས་ཏེ། མངལ་གྱི་ལྷ་རྣམས་བསྐྱེད། དེ་ནས་མཚན་སྔགས་བརྗོད་དེ་ལྷ་དེ་རྣམས་ཕྱིར་སྤྲོས་སྤྱི་སྒོས་ཀྱི་མཛད་པ་མཛད་ནས་གཅིག་ཏུ་འདུས་ཏེ་ཡེ་ཤེས་པ་དང་འདྲེས་པ་སེམས་དཔའ་སུམ་བརྩེགས་ཅན་དུ་གྱུར་པ་རྣམས་སྤྱན་དྲངས་ཏེ། རང་རང་གི་དམ་ཚིག་པ་ལ་བསྟིམ་ཞིང་། དེ་ནས་རང་བཞིན་གྱི་ཡེ་ཤེས་པ་གཞན་སྤྱན་དྲངས་ཏེ་བསྟིམ་ནས་དབང་བསྐུར་རྒྱས་གདབ་ཀྱང་བྱས་ལ། དེ་ནས་སྟ་གོན་གྱི་ལྷ་བསྟིམ་པར་བྱའོ། །རས་བྲིས་ཀྱི་དཀྱིལ་འཁོར་སྒྲུབ་ནའང་རྡུལ་ཚོན་གྱི་དཀྱིལ་འཁོར་འདྲ་བར་རྗེའི་དགོངས་པ་ཡིན་པར་སྔགས་རིམ་དང་དེ་ཉིད་རབ་གསལ་གཉིས་ཀ་ནས་གསལ་བར་ཤེས་མོད། ད་ལྟ་ཕལ་ཆེར་ཕྱག་མཚན་བསྐྱེད་པའི་སྐབས་བསམ་གཏན་གྱི་དཀྱིལ་འཁོར་ལྟར་བྱེད་པ་མང་སྟེ་ཡིན་སྙམ་པ་མེད་དོ། །དེས་ན་རས་བྲིས་ལའང་རྡུལ་ཚོན་ལྟར་བྱ་ལ། བསམ་གཏན་གྱི་དཀྱིལ་འཁོར་ལ་ནི་ལྷ་བསྐྱེད་པའི་སྐབས་སྔོན་མ་དང་ཅུང་མི་འདྲ་བ་རེ་ཡོད་པས་སྔགས་རིམ་སོགས་ནས་བཤད་པ་ལྟར་བྱ་ཤིང་། ལུས་དཀྱིལ་ལ་ནི་བསམ་གཏན་དང་འདྲ་ཡང་ལུས་ཀྱི་ཆ་རྣམས་སྒྲུབ་གཞིར་བྱས་ནས་བསྒྲུབ་པ་ཡིན་ཏེ། འདི་ལ་ཞིབ་ཆ་དགོས་སོ། །མི་ཤེས་པ་ཁ་ཅིག་སྣོད་གཞལ་ཡས་ཁང་དང་བཅུད་ལྷ་དང་ལྷ་མོའི་རང་བཞིན་དུ་དངོས་གནས་ལ་ཡོད་ཟེར་བ་ལྟར། གཞན་དག་ལུས་ཀྱི་ཆ་དེ་དང་དེ་དག་ནི་རྟེན་དང་བརྟེན་པའི་ལྷ་དངོས་ཀྱི་རང་བཞིན་དུ་ཡོད་ཀྱང་མ་ཤེས་པས་དེ་ཤེས་པ་དང་གསལ་བའི་ཕྱིར་དུ་དེ་རྣམས་སུ་སྒོམ་པར་བྱེད་པའོ། །ཞེས་སྨྲ་བ་ནི། ཡེ་ཤེས་པའི་ལྷ་དངོས་ལ་རྨོངས་ཤིང་ཅང་མི་ཤེས་པའི་ལྷ་ཡོད་པའམ། སྒྲིབ་པ་དང་བཅས་པའི་སངས་རྒྱས་ཡོད་པར་འདོད་པ་ཡིན་པས། ཁས་ལེན་ཚུལ་དེ་ལས་ཐ་ཆད་པ་ཅི་ཞིག་ཡོད། གཉིས་པ་ལ་གཉིས། ནང་དུ་དཀྱིལ་འཁོར་ལ་མཆོད་པ་དང་། ཕྱི་རོལ་གྱི་གཏོར་མའོ། །དང་པོ་ནི། མཆོད་ཡོན་ལ་སོགས་པའི་མཆོད་རྫས་རྣམས་བསངས་སྦྱངས་བསྐྱེད་ནས་དཀྱིལ་ཆོག་ནས་འབྱུང་བ་ལྟར་མཆོད་བསྟོད་བཟླས་པ་ཡིག་བརྒྱ་བཅས་རྫོགས་པར་བྱ། མཆོད་པའི་ཆུ་བཞི་ལ་ནི་ཞི་བའི་རྫས་ནས་འོ་མ་མེ་ཏོག་དཀར་པོ་ཏིལ་འབྲས་གཡོས་སོགས་བླུགས་ཏེ་སྒྲུབ་པ་དང་། རྒྱས་པ་སོགས་ལ་ཁ་དོག་སོགས་ཅུང་མི་འདྲ་སྟེ། འབུལ་ཚུལ་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། ཕྱི་རོལ་ཏུ་འཇིག་རྟེན་ལས་འདས་མ་འདས་ཀྱི་མཆོད་གཏོར་བཏང་སྟེ་འཕྲིན་ལས་བཅོལ་བར་བྱའོ། །དེ་ནས་ཉེ་རེག་བྱས་ལ་ནང་དུ་འོངས་ཏེ། ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་ལྡན་པས་ཧཱུཾ་བཞི་པའི་སྔགས་ཟློས་ཤིང་མེ་ཏོག་དང་བཅས་དམིགས་པས་དཀྱིལ་འཁོར་གྱི་རྩིག་པའི་འོག་ནས་འཛུལ་ཏེ་ཡིག་བརྒྱ་བརྗོད་ཅིང་སྐོར་བ་གསུམ་བྱས་པས་མེ་ཏོག་འབུལ་ལོ། །དེ་ནས་སྐོར་བ་རེ་བྱས་ལ་སྒོ་རེ་དབྱེ་བར་བྱ་སྟེ། ཐོག་མར་ནུབ་ཏུ་གནས་ནས་སྒོ་དབྱེ་བའི་སྔགས་ཀྱིས་ཤར་གྱི་སྒོ་དབྱེ་ཞིང་། དེ་བཞིན་དུ་ཕྱོགས་གཞན་ལའང་རིགས་པ་སྦྱོར། དེ་ནས་སྔགས་ཀྱིས་མེ་ཏོག་ཕུལ་བ་བླངས་ནས་གར་གྱིས་རང་གི་མགོ་ལ་བཅིངས་ཏེ་དངོས་གྲུབ་ཞུའོ། །གཉིས་པ་དབང་བསྐུར་བ་ལ་གསུམ། སློབ་མ་ལ་དབང་བསྐུར་བའི་ཆོ་གའི་སྐོར་ལ་ཚིག་མང་དུ་འབྱུང་བས། འདིར་དེ་དག་གི་རྣམ་གཞག་རྒྱས་པར་མི་འཆད་པས་གཞན་ནས་ཤེས་པར་བྱ་ལ། དོན་གྱི་ཕྱོགས་བསྡུས་ཏེ་བཤད་པར་བྱ་སྟེ། དེ་ཡང་བླ་མེད་ཀྱི་དབང་ལ་བཞི་སྟེ་བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་དབང་བཞི་པའོ། །དང་པོ་ལ་ལྔ། དཀྱིལ་འཁོར་གང་དུ་འཐོབ་པ། གངས་ཅི་ཙམ། ངོ་བོ་གང་ཡིན་པ། བྱེད་ལས་ཅི་འདྲ། སྒྲ་དོན་ནོ། །དང་པོ་ནི། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཡིན་ལ། བུམ་དབང་བསྐུར་བ་ན་སྒྲུབ་པའི་དཀྱིལ་འཁོར་བ་རྣམས་ཀྱིས་བུམ་པ་བཟུང་ནས་དབང་བསྐུར་བའི་བྱ་བ་མཛད་པ་མིན་གྱི། སྤྱན་དྲངས་པའི་དབང་གི་ལྷ་རྣམས་ཀྱི་ནང་ནས་སྤྱན་མ་སོགས་ཀྱིས་བུམ་པ་བཟུང་ནས་དངོས་སུ་དབང་བསྐུར་བའི་མོས་པ་བྱེད་པ་ཡིན་ནོ། །འོན་ཀྱང་བུམ་པ་འཇོག་པ་སོགས་ནི་སློབ་དཔོན་གྱིས་བྱེད་པ་ཡིན་ལ། དེའི་ཚེ་སློབ་དཔོན་གྱིས་བསྒྲུབ་པའི་དཀྱིལ་འཁོར་བ་རྣམས་ལ་དབང་བསྐུར་བའི་དགོངས་པ་གཏད་པའི་མོས་པ་ངེས་པར་བྱེད་དགོས་ཏེ། གཞན་དུ་ན་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་དབང་ཐོབ་པར་འཇོག་དཀའོ། །གཉིས་པ་གྲངས་ནི། སློབ་མའི་དབང་དང་སློབ་དཔོན་གྱི་དབང་གཉིས་ཡོད་ལ། ཕྱེ་ན། ཆུ་དབང་ཅོད་པན་དང་རྡོ་རྗེ་དང་དྲིལ་བུ་དང་མིང་སྟེ་ལྔ་ནི་སློབ་མའི་དབང་དང་། དེ་ནས་སློབ་དཔོན་གྱི་དབང་སྔགས་དབང་ལུང་བསྟན་དབུགས་ཐུང་རྡོ་རྗེའི་བརྟུལ་ཞུགས་སྤྱོད་པའི་བརྟུལ་ཞུགས་རྗེས་གནང་དང་བཅས་པ་སྟེ། དབང་དགུར་དབྱེ་བའི་ཚེ་ཕྲེང་བའི་དབང་ནས་འདྲེན་པ་ཡིན་ཞིང་། གཞན་ཆུ་དབང་ནས་བཟུང་སྟེ་དབང་བདུན་དུ་བཤད་པའང་ཡོད་ལ། བུམ་དབང་ཉིད་ལ་བཅུ་གཅིག་ཏུ་འབྱེད་པའང་ཡོད་མོད། དེ་ཐམས་ཅད་དབྱེ་བསྡུ་ཡིན་པས་མི་འགལ་ལོ། །གསུམ་པ་དབང་གི་ངོ་བོ་གང་ཞེ་ན། འདི་ལ་ཆུ་གཏོར་བ་སོགས་དང་དབུ་རྒྱན་བསྐོན་པ་དང་རྡོར་དྲིལ་གཏད་པ་དང་མིང་འདོགས་པ་རྣམས་ནི་དབང་གི་རྒྱུ་ཡིན་གྱི། དབང་གི་ངོ་བོ་མིན་ལ། དབང་གི་ངོ་བོ་ནི་ཐབས་དེ་རྣམས་ལ་བརྟེན་ནས་ཉོན་མོངས་ལྔ་ཅི་རིགས་པ་སྦྱངས་ནས་ཕུང་པོ་ལྔ་ཅི་རིགས་དག་ཅིང་ཡེ་ཤེས་ལྔ་མངོན་དུ་བྱེད་ནུས་པ་དང་རིགས་ལྔའི་སྒོམ་བཟླས་དང་དངོས་གྲུབ་འགྲུབ་པ་ལ་དབང་བའི་ནུས་པ་ཁྱད་པར་ཅན་ཏེ་རྒྱུད་ལ་བཞག་པ་ནི་དབང་དེ་དག་གི་དངོས་གཞི་ཡིན་པར་སྔགས་རིམ་ལས་བཤད་དེ། དེ་འདྲ་བའི་དབང་གཞན་ལའང་རིགས་འགྲེ་སྦྱོར། ཡང་ཆུ་དབང་རྣམས་བསྐུར་བའི་ཚེ་དབང་པོ་རྣོན་པོ་ལ་བདེ་བ་དངོས་སུ་སྐྱེ་བ་འོང་ཞིང་། བདེ་བ་དེས་སྟོང་ཉིད་ཀྱི་དོན་ངེས་པའི་བདེ་སྟོང་གི་ཡེ་ཤེས་ཉིད་བུམ་དབང་ཁྱད་པར་ཅན་གྱི་ངོ་བོར་བཞེད་ཅིང་། བདེ་བ་དངོས་སུ་མ་སྐྱེས་ཀྱང་དེ་སྐྱེས་སྙམ་པ་དང་ལྟ་བ་དྲན་པའི་མོས་པ་བྱ་དགོས་པར་བཤད་དོ། །སློབ་དཔོན་གྱི་དབང་གི་སྐབས་སུ་རང་ལྷ་ཡབ་ཡུམ་དུ་བསམ་པ་ནི་དབང་གི་རྒྱུ་ཡིན་གྱི། དབང་གི་དངོས་གཞི་མིན་ལ། དངོས་གཞི་ནི་འཁྱུད་པ་ལ་བརྟེན་ནས་བདེ་བ་སྐྱེས་པའམ་སྐྱེས་པར་མོས་ཏེ་ལྟ་བ་དྲན་པའོ། །དེ་ལྟ་བུའི་མོས་པ་མ་མཐའ་ཡང་བྱེད་དགོས་ཀྱི། གཞན་དུ་ན་དབང་གྲལ་དུ་འདུག་པ་ཙམ་གྱིས་དབང་ཐོབ་པར་འཇོག་དཀའ་བར་བཤད་པས་དབང་བརྡ་ཅི་ཡང་མི་འཕྲོད་པ་དག་གིས་ནི་དབང་ཇི་ལྟར་ཐོབ་བསམ་དགོས་སོ། །བཞི་པ་ལ། མེ་ཏོག་འཕྲེང་བའི་དབང་གིས་ནི། སངས་རྒྱས་དེའི་རིགས་སུ་འཚང་རྒྱ་བའི་ནུས་པ་འཇོག ཆུ་དབང་གིས་རིགས་དེར་འཚང་རྒྱ་བ་ལ་གེགས་བྱེད་པའི་དྲི་མ་སྦྱོང་བའི་ནུས་པ་དང་། ཅོད་པན་གྱིས་གཙུག་ཏོར་འགྲུབ་པའི་ནུས་པ་དང་། རྡོ་རྗེས་རྒྱལ་བའི་ཐུགས་འགྲུབ་པ་དང་། དྲིལ་བུས་གསུང་འགྲུབ་པ་དང་། མིང་དབང་གིས་གང་གི་ཚེ་སངས་རྒྱས་པ་ན་དེའི་མཚན་ལ་འདི་ཞེས་བྱ་བར་འགྱུར་རོ་ཞེས་མཚན་གྱི་ནུས་པ་འཇོག་སྟེ། དེ་ནི་རིགས་སོ་སོའི་དབང་དུ་བྱས་པ་ཡིན་ལ། རྡོ་རྗེ་སློབ་དཔོན་གྱི་དབང་གིས་ནི་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་འགྲུབ་པའི་ནུས་པ་འཇོག་པར་བྱེད་པ་ཡིན་ནོ། །འོན་ཀྱང་དེ་དག་ནི་ངོ་བོ་དང་བྱེད་ལས་ཅི་རིགས་ཀྱིས་བསྡུས་སོ། །ཡང་། བུམ་དབང་གིས་བསྐྱེད་རིམ་ཡན་ལག་དང་བཅས་པ་མཐའ་དག་སྒོམ་པ་ལ་དབང་ཞིང་དེའི་སྣོད་རུང་དུ་བྱེད་པ་དང་སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པ་སྟེ། དེ་ཡང་རྫོགས་རིམ་མིན་གྱི་བསྐྱེད་རིམ་སྟོན་པའི་རྒྱུད་འགྲེལ་མན་ངག་དང་བཅས་པ་ཉན་པ་དང་འཆད་པ་ལ་དབང་བའོ། །དེར་མ་ཟད་བླ་མེད་ཀྱི་བུམ་དབང་རྣམ་དག་རྫོགས་པར་ཐོབ་ན། རྒྱུད་སྡེ་འོག་མ་གསུམ་གྱི་རྒྱུད་འཆད་ཉན་དང་སྔགས་སྒྲུབ་ལ་ཡང་དབང་བར་བཤད་ལ། འོན་ཀྱང་ལྷ་སྒྲུབ་པ་ལ་སྒོམ་བཟླས་ཀྱི་ལུང་དང་དབང་བསྐུར་བ་ལ་ནི་རང་གིས་དབང་གང་བསྐུར་བ་དེ་ཐོབ་དགོས་སོ། །ལྔ་པ་ནི། དེ་ཐམས་ཅད་ལ་བུམ་པའི་ཆུའི་བྱ་བ་རྗེས་སུ་འགྲོ་བས་ན་བུམ་པའི་དབང་ཞེས་བྱ་ལ་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་ནུས་པ་འཇོག་པས་ཕྱིར་མི་ལྡོག་པའི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་ལས་བྱེད་པ་རྣམས་ལ་དབང་བས་སློབ་དཔོན་གྱི་དབང་ཞེས་བརྗོད་པའང་ཡིན་ནོ། །རིག་པའི་དབང་ཞེས་པ་ནི། རིག་པ་ཡེ་ཤེས་ལྔ་སྒྲུབ་པར་བྱེད་པ་དང་། རིག་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བས་ན་དེ་སྐད་ཅེས་བརྗོད་པའི་ཚུལ་གཉིས་སོ། །གཞན་ཡང་སྔགས་དབང་ནི་སྔགས་འགྲུབ་པའི་ཆེད་དང་། མིག་སྨན་ནི་ལྷའི་མིག་གི་མངོན་ཤེས་བསྐྱེད་པའི་ཆེད་དང་། མེ་ལོང་ནི་ཆོས་ཐམས་ཅད་བདེ་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་ཆེད་དུ་དང་མདའ་ནི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཆེད་ཡིན་པ་སོགས་ཀྱི་མཚོན་དོན་སོགས་ཤེས་དགོས་སོ། །གཉིས་པ་གསང་བའི་དབང་ནི། རྒྱུད་དང་ཚད་ལྡན་གྱི་གཞུང་ནས་རིན་པོ་ཆེ་ལྟ་བུའི་གང་ཟག་གི་དབང་དུ་མཛད་ནས་ལས་རྒྱ་ལ་བརྟེན་ནས་བསྐུར་བའི་ཚུལ་གསུངས་པ་མང་སྟེ། དེ་ཡང་ལས་རྒྱ་བསྟེན་རུང་བའི་བླ་མ་མཚན་ཉིད་ཚང་བས་དཀྱིལ་འཁོར་བའི་ལྷ་ཐམས་ཅད་དམིགས་པས་བཀུག་སྟེ་རང་གི་ལུས་ལ་བཅུག་ནས་རིག་མ་དང་སྙོམས་འཇུག་བྱས་པས། ཐིག་ལེ་ཡུམ་གྱི་པདྨར་ཕབ་པ་ཡུམ་གྱི་ཁམས་དམར་པོ་དང་འདྲེས་པ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཞེས་བྱ་ལ། ཡབ་ཡུམ་གྱི་ཁམས་དཀར་དམར་ཡུམ་གྱི་པདྨར་གནས་པ་མཐེབ་སྲིན་གྱིས་བླངས་ཏེ། ལྕེ་ཐོག་བཞག་པ་མྱང་བའི་ཚེ་རང་གི་ལུས་ཀྱི་རྩ་ཁམས་བྱིན་གྱིས་བརླབས་པས་བདེ་བ་དངོས་སུ་སྐྱེ་བ་འོང་བས་དེའི་ཚེ་བདེ་བས་སྟོང་པའི་བདེ་སྟོང་སྦྱོར་ཞིང་། དེང་སང་དུས་སུ་ནི་བླ་མ་དང་རིག་མ་མཚན་ཉིད་ཚང་དཀའ་ཞིང་། མ་ཚང་བཞིན་དུ་བསྟེན་ན་ངན་འགྲོར་འཕེན་པས་བླ་མ་ཡེ་རྒྱ་དང་སྙོམས་འཇུག་བྱས་པར་མོས་ཏེ་ཐིག་ལེ་དཀར་དམར་གྱི་ངོ་བོར་བསྐྱེད་པའི་ནང་མཆོད་སོགས་ལྕེ་ལ་བཞག་པ་མྱང་བའི་ཚེ་དབང་རྣོན་རེ་གཉིས་ལ་བདེ་བ་དངོས་སུ་སྐྱེ་སྲིད་ཀྱང་། ད་ལྟའི་གང་ཟག་ལ་དེའང་དཀའ་བས་དེ་སྐྱེས་པའི་མོས་པ་བྱས་ཏེ་ལྟ་བ་རྣམ་དག་དང་སྦྱར་དགོས་པར་བཤད་ལ། འོན་ཀྱང་ལྟ་བ་མེད་པའི་བདེ་བ་སྐྱེས་པར་མོས་པ་ཤུགས་ཅན་བྱས་ན་ཡང་དབང་དེ་ཐོབ་པར་འཇོག་རུང་ཙམ་དུ་སེམས་ཏེ། ལྟ་བ་མེད་པའི་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་སྐྱེས་པ་ལ་དབང་དེ་ཐོབ་པ་ཙམ་དུ་འཇོག་ནུས་པར་སྔགས་རིམ་ལས་གསུངས་པས་སོ། །དེ་ན་དབང་ཐོབ་ཚུལ་ལ་མཆོག་དམན་འོང་བར་མ་ཟད་བསྐུར་ཚུལ་ལའང་ཁྱད་པར་ཆེའོ། །བླ་མ་ཡབ་ཡུམ་སྙོམས་པར་འཇུག་པ་སྒོམ་པ་སོགས་ནི་དབང་གི་རྒྱུ་ཡིན་ལ། ཐབས་དེ་ལ་བརྟེན་ནས་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་ནི་དབང་གི་ངོ་བོ་ཡིན་ནོ། །བྱེད་ལས་ནི་སྒྱུ་ལུས་སྒོམ་པ་ལ་དབང་བ་སྟེ། དེ་སྒོམ་པའི་སྣོད་དུ་རུང་བ་དང་། དེ་སྟོན་པའི་རྒྱུད་འཆད་ཉན་དང་། སྒྱུ་ལུས་སྒྲུབ་པའི་ཐབས་སུ་ལུས་ལ་གནད་དུ་བསྣུན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་ལ་དབང་བའོ། །མདོར་ན་བླ་མ་ཡབ་ཡུམ་གྱི་བྱང་སེམས་མྱང་བས་རང་གི་རྩ་ཁམས་རླུང་དང་བཅས་པ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པ་ཡིན་ནོ། །སྒྲ་བཤད་ནི། རྫས་གསང་བ་ལས་ཐོབ་པའི་དབང་ཡིན་པས་གསང་བའི་དབང་ཅེས་བྱའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། རིན་པོ་ཆེ་ལྟ་བུའི་གང་ཟག་གི་དབང་དུ་བྱས་ན། བླ་མ་མཚན་ཉིད་ཚང་བས་སྔར་གྱི་རིག་མ་དེའམ་དེ་འདྲ་བ་ཞིག་སློབ་མ་ལ་གནང་སྟེ། དྲི་བ་དྲི་ལན་སོགས་བྱས་ཏེ་སྙོམས་པར་ཞུགས་ཏེ་དགའ་བཞི་སྐྱེས་པ་ལས་ཐོབ་པས་བྷ་གའི་དཀྱིལ་འཁོར་དུ་ཐོབ་པ་ཡིན་ལ། དེ་ཡང་སྙོམས་འཇུག་བྱས་པས་རླུང་དབུ་མར་ཞུགས་པ་ལ་བརྟེན་ནས་བྱང་སེམས་སྤྱི་བོ་ནས་ཞུ་སྟེ། རང་གི་དྷཱུ་ཏཱི་ནས་མགྲིན་པ་སྙིང་ཀ་ལྟེ་བ་རྡོ་རྗེའི་རྩེར་སླེབ་པ་ན་དགའ་བཞི་རིམ་བཞིན་སྐྱེའོ། །ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པ་ན་དེ་དང་སྟོང་ཉིད་རྟོགས་པའི་ལྟ་བ་སྦྱར་ཏེ་སྒོམ་པ་ནི་དབང་གི་ངོ་བོ་ཡིན་ཞིང་། གཞན་ལ་ནི་དེ་འདྲ་བའི་བདེ་སྟོང་སྦྱོར་ཚུལ་འོང་དཀའ་ཡང་གལ་ཏེ་སྐྱེས་པ་ཞིག་བྱུང་ན་ནི་དེ་དབང་གི་དུས་སུ་ཡིན་ཀྱང་ངོ་བོ་རྫོགས་རིམ་གྱི་ལམ་དུ་བཞག་དགོས་སོ། །ད་ལྟ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཡིན་པས་དེའི་ཚེ་དཔོན་སློབ་གཉིས་ཀས་དམིགས་རྣམ་ལེགས་པར་དྲན་པའམ། སློབ་མས་བདེ་བ་སྐྱེས་པའི་མོས་པ་དང་སྟོང་ཉིད་ཀྱི་ལྟ་བ་དྲན་པའི་མོས་པ་ཙམ་ཞིག་ནི་མ་མཐའ་ཡང་བྱེད་དགོས་ཏེ། དེ་ཙམ་ཞིག་མ་བྱུང་ན་དབང་གསུམ་པ་མཆོག་དམན་གང་ཡང་ཐོབ་པར་འཇོག་མི་ནུས་སོ། །འདིའི་མོས་པ་ལའང་སྐབས་ཀྱི་དམིགས་རྣམ་ཕྱེད་པའི་གོ་བ་ངེས་པར་དགོས་ཀྱི། ནག་ཐོམ་པའི་མོས་པས་མི་ཆོག་གོ །བྱེད་ལས་ནི། གང་སྣང་ཐམས་ཅད་བདེ་སྟོང་གི་རྣམ་རོལ་དུ་འཆར་བའི་གེགས་ཀྱི་དྲི་མ་སྦྱོང་བ་དང་། དེ་འཆར་བའི་ནུས་པ་དང་། ཆོས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་གོ །སྒྲ་བཤད་ནི། ཤེས་རབ་མ་ལ་བརྟེན་ནས་ཐོབ་པའི་དབང་ཡིན་པས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། །བཞི་པ་ཚིག་དབང་ནི། དབང་གསུམ་པ་མོས་པ་ཚུན་ཆད་ཀྱིས་ངེས་པར་བྱས་ནས་དེ་དང་དཔེར་བྱ་བ་སྟེ། ཟུང་འཇུག་གི་གོ་འཕང་ཇི་འདྲ་བ་སློབ་མ་ལ་ཚིག་གིས་བརྡ་ལེགས་པར་སྤྲད་པས་དོན་གོ་ན་ཚིག་གི་དབང་བཞི་པ་ཐོབ་པར་འཇོག་གི དོན་གྱི་དབང་ཟུང་འཇུག་ད་ལྟ་ཐོབ་པ་མི་འབྱུང་ངོ་། །དེའི་ཚུལ་ནི། འདུས་པའི་རྒྱུད་ཕྱི་མ་ལས། བཞི་པ་དེ་ཡང་དེ་བཞིན་ཏེ། ཞེས་གསུངས་པ་ལྟར། དབང་གསུམ་པའི་དུས་སུ་རང་དང་རིག་མའི་ལུས་འདོད་ལྷ་ཡབ་ཡུམ་གྱི་སྐུར་མ་གྲུབ་བཞིན་དུ་ཡིད་ངོར་ལྷའི་སྐུར་སྣང་བའི་ངང་ནས་སེམས་ཀྱིས་སྟོང་ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་བསྒོམས་པ་དེ་བཞིན་དུ། ལམ་བསྒོམས་པའི་མཐུས་རིམ་པ་བཞི་པའི་མཐར་ལུས་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་འཇའ་ལུས་རྡོ་རྗེའི་སྐུར་དངོས་སུ་སོང་བ་དང་། སེམས་སྟོང་ཉིད་མངོན་སུམ་རྟོགས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སུ་སོང་བ་གཉིས་དུས་མཉམ་དུ་འཇུག་པ་འབྱུང་ལ། དེའི་རྒྱུན་གོམས་པར་བྱས་པའི་མཐར་དེ་དང་འདྲ་བའི་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་འགྲུབ་པ་ཡིན་ནོ། །ཞེས་བརྡ་སྤྲོད་པ་ཡིན་ནོ། །དབང་དོན་ལམ་གྱི་རིམ་པར་བསྒྲིགས་ན། འདིར་འཚང་རྒྱ་བ་ལ་བསྐྱེད་རིམ་བསྒོམ་དགོས་ཤིང་། དེ་སྒོམ་པའི་སྣོད་དུ་རུང་བའི་ཕྱིར་དུ་དབང་དང་པོ་བུམ་དབང་དགོས་པ་ཡིན་ལ། དེ་ནས་རྫོགས་རིམ་སྒོམ་པ་ན། ཐོག་མར་ལུས་དབེན་དང་ངག་དབེན་སོགས་ཀྱིས་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་སྣང་མཆེད་ཐོབ་གསུམ་དཔེའི་འོད་གསལ་དང་བཅས་པའི་སེམས་དབེན་འདྲེན་ཞིང་། དེ་ལས་རླུང་སེམས་ཙམ་ལས་གྲུབ་པའི་མ་དག་པའི་སྒྱུ་ལུས་འགྲུབ་པའི་ཆེད་དུ་གཉིས་པ་གསང་དབང་བསྐུར་བ་ཡིན་ཞིང་། མ་དག་པའི་སྒྱུ་ལུས་དེ་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་ནས་དག་པར་བྱས་པ་ལས་དོན་གྱི་འོད་གསལ་སྐྱེ་བས་དེའི་ཆེད་དུ་དབང་གསུམ་པ་དང་། དོན་གྱི་འོད་གསལ་ལས་ལུགས་ལྡོག་ཏུ་ལྡང་བ་ན་སྐུ་དག་པ་སྒྱུ་མའི་སྐུ་དང་ཐུགས་དག་པ་དོན་གྱི་འོད་གསལ་གཉིས་ངོ་བོ་གཅིག་པའི་སློབ་པའི་ཟུང་འཇུག་དང་། དེའི་རྒྱུན་ལས་མི་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་པའི་ཆེད་དུ་དབང་བཞི་པ་བསྐུར་བ་སྟེ། དབང་བཞི་དང་སྐུ་བཞིའི་གོ་རིམ་ཡང་དེ་ལྟར་རོ། །གཉིས་པ་ནི། དབང་ཐོབ་ནས་དམ་ཚིག་སྲུང་དགོས་པས་རྩ་ལྟུང་བཅུ་བཞི་དང་སྦོམ་པོ་བརྒྱད་སོགས་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་ངེས་པར་བྱས་ཏེ་སྲུང་དགོས་ཞིང་། གལ་ཏེ་རྩ་ལྟུང་བྱུང་ན་བདག་འཇུག་སོགས་ཀྱི་སྒོ་ནས་སླད་སོར་ཆུད་པར་བྱ་ལ། ལྟུང་བ་གཞན་བྱུང་ན་བཤགས་པར་བྱའོ། །རྩ་ལྟུང་མ་བྱུང་ན་ལམ་ཆེར་མ་བསྒོམས་ཀྱང་སྐྱེ་ལ་བདུན་ནམ་བཅུ་དྲུག་ཚུན་ལ་འཚང་རྒྱ་ཞིང་། རྩ་ལྟུང་བྱུང་བ་ཕྱིར་མ་བཅོས་ན་ལམ་བསྒོམས་ཀྱང་འཚང་མི་རྒྱ་བར་མ་ཟད། ངན་འགྲོར་སྐྱེ་བའི་ཉེན་ཆེ་བས་ངེས་པར་དམ་ཚིག་དང་སྡོམ་པ་དག་པའི་ཐབས་ལ་འབད་པར་བྱའོ། །གསུམ་པ་ལ་གཉིས། རིམ་པ་གཉིས་ཀྱི་སྒྲ་དོན་སོགས་དང་། རིམ་གཉིས་སོ་སོའི་བསླབ་ཚུལ་ལོ། །དང་པོ་ལ། བསྐྱེད་རིམ་གྱི་སྒྲ་དོན་ནི། བློས་བཏགས་པའམ་བཅོས་པའི་སྒོ་ནས་བསྐྱེད་པའི་ཚུལ་གྱིས་བསྒོམ་པར་བྱ་བའི་རིམ་པ་ཡིན་པས་དེ་སྐད་ཅེས་བྱ་ལ། རྫོགས་རིམ་ནི། བློས་བཏགས་པ་ལ་མ་བལྟས་པར་གྲུབ་པའི་རྩ་རླུང་ཐིག་ལེ་དམིགས་ནས་དབུ་མའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་སོགས་བྱ་བའི་ཕྱིར་བསྒོམ་པར་བྱ་བའི་རིམ་པ་ཡིན་པས་ན་རྫོགས་རིམ་ཞེས་བྱ་སྟེ་དོན་བསྡུས་པའོ། །རིམ་གཉིས་ཀྱི་གྲངས་ངེས་ནི། ཐུན་མོང་དང་མཆོག་གི་དངོས་གྲུབ་གཉིས་སོ་སོར་འགྲུབ་པའི་དབང་དུ་བྱས་པ་ཡིན་ཏེ། རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཅེས་བསྐྱེད་རྫོགས་གཉིས་ལ་བསྙེན་པར་བྱས་ནས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །གྲངས་ངེས་ནི། རིམ་ལྔ་ལས། བསྐྱེད་པའི་རིམ་པ་ལ་གནས་ཤིང་། རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་ལ་བསླབ་ཚུལ་ལོ། །དང་པོ་ལ་གཉིས། བསྐྱེད་རིམ་སྤྱིའི་རྣམ་གཞག་དང་། མངོན་རྟོགས་ཀྱི་རིམ་པའོ། །དང་པོ་ལ་གཉིས། སྤང་བྱ་སྤོང་ཚུལ་དང་། ལམ་བསྒོམ་ཚུལ་ལོ། །དང་པོ་ནི། བསྐྱེད་རིམ་གྱི་སྤང་བྱའི་གཙོ་བོ་ནི་ཐ་མལ་གྱི་སྣང་ཞེན་གཉིས་ཡིན་ལ། དེའི་གཉེན་པོར་ནི་གཞལ་ཡས་ཁང་རྟེན་དང་བརྟེན་པར་བཅས་སྒོམ་པ་ཡིན་ཞིང་། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྟར་འཆར་བའི་སྣང་བ་གོམས་པས་ཐ་མལ་གྱི་སྣང་བ་ཟློག་པར་བྱེད་ལ། ལྷ་དེ་དང་དེའོ་སྙམ་སྟེ་ལྷའི་ང་རྒྱལ་གོམས་པས་ཐ་མལ་གྱི་ཞེན་པ་ཟློག་པར་བྱེད་དོ། །ང་རྒྱལ་དང་སྣང་བ་ཁྱད་པར་ཅན་གཉིས་ལས་ང་རྒྱལ་གཙོ་བོ་ཡིན་ལ། སྣང་བ་ནི་དེའི་ཡན་ལག་གོ །སྣང་ཞེན་འགོག་ཚུལ་ནི། ས་བོན་སྤོང་བའི་ཚུལ་གྱིས་འགོག་པ་མིན་ལ། དག་པའི་རྟེན་བརྟེན་པའི་སྣང་བ་དང་ང་རྒྱལ་བརྟན་པོ་བྱུང་བའི་ཚེ་ཡིད་ངོར་ཐ་མལ་གྱི་སྣང་ཞེན་རེ་ཞིག་འགགས་པའི་ཚུལ་གྱིས་དེ་གཉིས་ཟློག་པའོ། །དེ་ལ་ནི་དང་པོར་བཅོས་མའི་ང་རྒྱལ་ཙམ་མ་གཏོགས་བཅོས་མིན་མི་སྐྱེ་ཡང་། གོམས་ན་འདོན་པ་བྱང་བ་བཞིན་དུ་བཅོས་མིན་གྱི་ང་རྒྱལ་འབྱུང་ངོ་། །གཉིས་པ། མངོན་རྟོགས་ཅི་ཙམ་ཞིག་པ་དང་། གསལ་སྣང་འདོན་ཚུལ་བསྡུ་ན། རྫོགས་རིམ་གྱི་རྟོགས་པ་རྫོགས་པར་སྐྱེ་བའི་ཆེད་དུ་ཡིན་ན། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པའི་བར་དུ་བསྒོམ་པར་བྱ་ཞིང་། དེ་ཡང་དང་པོར་སྒྲུབ་ཐབས་ཀྱི་ལྷ་རྫོགས་པར་བསྒོམས་ནས་གསལ་འདེབས་པའི་ཚེ། མི་འཆུན་ན་ནང་གི་ལྷ་གཅིག་དམིགས་རྟེན་དུ་བྱས་ནས་བསྒོམས་ཏེ་གོམས་པ་ན་གཞན་བསྣན་ནས་བསྒོམ་པར་བྱའོ། །དེའི་ཚེ་དཔྱད་སྒོམ་དང་འཇོག་སྒོམ་ཇི་ལྟར་རིགས་པར་བྱ་སྟེ་ལེགས་པར་བསྐྱངས་ན་ལྷ་རྣམས་ཀྱི་གསལ་སྣང་རྫོགས་པར་འཆར་བ་ནི་ཡུན་ཧ་ཅང་མི་རིང་བར་བཤད། དང་པོར་གསལ་བར་མི་འཆར་མོད། ཡང་ཡང་བསྒོམས་པས་གོམ་ན་ཡུལ་ཡང་ལོག་གང་ཡིན་ཀྱང་གསལ་བར་འཆར་ནུས་ཏེ། རྣམ་འགྲེལ་ལས། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །གོམས་པས་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་དང་། མི་སྡུག་ཟད་པར་ས་ལ་སོགས། །ཡང་དག་མིན་པའང་བསྒོམ་པ་ཡི། །སྟོབས་ཀྱི་སྤྲུལ་པ་རྟོག་མེད་དང་། །གསལ་བར་སྣང་བ་ཅན་དུ་གསུངས། ཞེས་གསུངས་པའི་ཕྱིར་རོ། །འདིར་གོ་རིམ་ནི་རགས་པའི་རྣལ་འབྱོར་ལ་སེམས་བརྟན་པ་ན་ཕྲ་ཐིག་གི་རྣལ་འབྱོར་བསྒོམས་ནས་འདི་ལུགས་ཀྱི་ཞི་གནས་བསྒྲུབ་པར་བྱ་སྟེ་འདི་ནི་གཞན་ནས་ཤེས་དགོས་སོ། །ཕ་རྒྱུད་མ་རྒྱུད་ཀྱི་བསྐྱེད་རིམ་གྱི་ཆིངས་ཇི་ལྟར་ཡིན་པའི་ཚུལ་ནི་སོགས་ཀྱང་འདིར་མི་འཆད་དེ། སྔགས་རིམ་ཉིད་དུ་བལྟའོ། །གཉིས་པ་ལ་གཉིས། སྤྱིར་བསྟན་པ་དང་། འཕྲོས་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། ཐུན་གྱི་ངོ་བོ་དང་། ཐུན་མཚམས་ཀྱི་རྣལ་འབྱོར་དང་དགོས་པའོ། །དང་པོ་ལ་གསུམ། རྣལ་འབྱོར་གྱི་སྔོན་འགྲོ། དངོས་གཞི། མཇུག་གོ །དང་པོ་ལ་གཉིས། ཚོགས་གསོག་པ་དང་། སྲུང་འཁོར་རོ། །དང་པོ་ནི། ལམ་ཐུན་མོང་བས་རྒྱུད་སྦྱངས་པའི་གང་ཟག་གིས་གནས་ཡིད་དུ་འོང་བར་ཡོ་བྱད་རྣམས་ཚོགས་པར་བྱས་ནས། ལྷའི་རྣལ་འབྱོར་གྱིས་སྒྲུབ་ཐབས་ཀྱི་སྔོན་དུ་འཇིག་རྟེན་པའི་ལྷ་ལ་གཏོར་མ་དང་མཆོད་པ་སོགས་བྱ་དགོས་ལ། ཡིག་བརྒྱ་བཟླ་བ་ནི་སྐབས་འདི་དང་ཐུན་མཚམས་གང་རུང་སྟེ། འོན་ཀྱང་བླ་མ་སྔ་མའི་ཕྱག་ལེན་ལྟར་འདིར་བྱས་ནའང་ལེགས་སོ། །དེ་ནས་ཚོགས་ཞིང་ནི། འོག་མིན་སོགས་ནས་མདུན་གྱི་ནམ་མཁར་སྤྱན་དྲངས་ཏེ་མཆོད་པ་སོགས་བྱ་ལ། སྡོམ་པ་བརྟན་པའི་ཐབས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་བཟུང་བའམ་མ་བྱས་ཀྱང་མི་འགལ། ཚོགས་ཞིང་མཐར་གཤེགས་པ་དང་མི་དམིགས་པར་བྱེད་པ་དང་རང་ལ་བསྟིམ་པའི་ལུགས་གསུམ་སྟེ་གང་རུང་གིས་ཆོག་གོ །དེ་རྣམས་ནི་བསོད་ནམས་ཀྱི་ཚོགས་གསོག་པ་སྟེ། ཡེ་ཤེས་ཀྱི་ཚོགས་ནི་སྔགས་གཉིས་ཀྱི་དོན་བསྒོམས་ནས་གསོག་པའོ། །དེ་ལ་ཤཱུ་ནྱ་ཏཱ་ནི་སྟོང་པ་ཉིད་དེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའོ། །ཛྙཱ་ན་ནི་ཡེ་ཤེས་ཏེ་སྟོང་ཉིད་དང་ངོ་བོ་གཅིག་པའི་སེམས་སོ། །བཛྲ་ནི་མི་ཕྱེད་པ་སྟེ་ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་དབྱེར་མི་ཕྱེད་པའི་ཚུལ་གྱིས་རོ་གཅིག་ཏུ་ཞུགས་པའོ། །སྭ་བྷཱ་ཝ་ནི་རང་བཞིན་ཏེ་རང་བཞིན་གྱིས་རྣམ་པར་དག་པ་དང་། ཨཏྨ་ཀ་ནི་བདག་ཉིད་དེ་དེའི་བདག་ཉིད་ལས་མ་འདས་པའོ། །ཨ་ཧཾ་ནི་ངའོ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ངའོ་ཞེས་པ་ཡིན་ལ། མདོར་ན་སྟོང་པ་ཉིད་དང་ཡེ་ཤེས་མི་ཕྱེད་པའི་རང་བཞིན་གྱི་བདག་ཉིད་ངའོ་ཞེས་པ་སྟེ། སྟོང་ཉིད་ཀྱི་ལྟ་བ་བསྒོམ་དགོས་པའི་དོན་ནོ། །སྭ་བྷཱ་ཝའི་ཚིག་དོན་ཡང་དེ་དང་འདྲ་བའོ། །དེ་ལྟར་བསྒོམས་པའི་དགོས་པ་ནི། ཡེ་ཤ ེས་ཀྱི་གཟུང་རྣམ་ལྷར་འཆར་བའི་ཆེད་སོགས་མང་ངོ་། །གཉིས་པ་ནི། འཆི་བ་དང་འདྲ་བའི་སྟོང་ཉིད་བསྒོམས་པའི་རྗེས་སུ་བར་དོ་འགྲུབ་པའི་རྣམ་པ་དང་འདྲ་བའི་བར་སྲིད་མཚོན་བྱེད་སྲུང་འཁོར་གྱི་སྔོན་དུ་སྒོམ་པ་ཡོད་ཀྱང་། སྲུང་འཁོར་སྔོན་དུ་བསྒོམ་ན་རང་གི་གཞུང་ནས་བཤད་པ་ལྟར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཀའམ་གང་རུང་བསྒོམ་པར་བྱའོ། །དེ་ཡང་ལཱུ་དྲིལ་གཉིས་ཀྱི་ལུགས་ནི་བར་སྲིད་མཚོན་བྱེད་ཀྱི་ནཱ་ད་སྲུང་འཁོར་གྱི་སྔོན་དུ་ནམ་མཁར་བཞག་ནས་དེའི་འོག་ཏུ་རྟེན་མ་བསྐྱེད་པའི་བར་དེར་ཞུགས་པ་འབྱུང་ལ། འདུས་པ་དང་གཤིན་རྗེ་གཤེད་སོགས་ལ་གཞལ་ཡས་ཁང་བསྐྱེད་རྗེས་སུ་ལྷའི་སྐུར་བསམ་དགོས་པས་མི་འདྲའོ། །གཉིས་པ་ལ་གསུམ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་བསྐྱེད་པ་དང་དེའི་ཡན་ལག་གོ །དང་པོ་ནི། སྲུང་འཁོར་རྩིབས་བཅུ་པ་སྒོམ་མི་སྒོམ་གྱི་ལུགས་གཉིས་ལས། གསང་འདུས་འཕགས་ལུགས་པས་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམས་ཏེ་སྟོང་པར་སྦྱངས་ནས་ཐུན་མོང་བའི་སྲུང་འཁོར་དང་ཆོས་འབྱུང་གི་ནང་དུ་འབྱུང་བཞི་འདྲེས་པ་ལས་རྡོ་རྗེའི་ས་དང་། བྷྲུཾ་ལས་གཞལ་ཡས་ཁང་བསྐྱེད་ལ། གཤིན་རྗེ་གཤེད་ལ་སྟོང་ཉིད་ཀྱི་རྗེས་སུ་འབྱུང་བཞི་དང་སྲུང་འཁོར་ཐུན་མོང་བའི་ནང་དུ་རྩིབས་བཅུ་པའི་སྲུང་འཁོར་ཁྲོ་བོ་བཅས་བསྐྱེད་དེ་མི་སྡུད་པར་རྟེན་བསྐྱེད་པ་སོགས་བྱེད། ལཱུ་ཧི་པ་ལ་ནི་རྩིབས་བཅུ་པའི་སྲུང་འཁོར་མི་སྒོམ་པར་སྟོང་ཉིད་སྲུང་འཁོར་གྱི་རྗེས་སུ་འབྱུང་བཞི་རི་རབ་པདྨ་སྣ་ཚོགས་རྡོ་རྗེ་དང་དེའི་སྟེང་དུ་མངོན་བྱང་ལྔ་ལས་བརྟེན་པ་དང་རྟེན་རྣམས་དུས་གཅིག་ཏུ་བསྐྱེད། ཀྱཻ་རྡོར་ལ་སྲུང་འཁོར་ཐུན་མོང་བའི་ནང་དུ་ཆོས་འབྱུང་པདྨ་རྡོ་རྗེའི་སྟེང་དུ་འབྱུང་བཞི་དང་དེའི་སྟེང་དུ་བྷྲུཾ་ལས་འཁོར་ལོ་ལས་རྟེན་བསྐྱེད་པ་སོགས་མང་སྟེ། མདོར་ན་གཞལ་ཡས་ཁང་བསྐྱེད་པ་ལ་འབྱུང་བཞི་བསྐྱེད་མི་བསྐྱེད་གཉིས་དང་བསྐྱེད་པ་ལ་རྩིབས་བཅུ་པའི་ནང་དུ་བསྐྱེད་མི་བསྐྱེད་གཉིས་ཡོད་དོ། །གཉིས་པ་ལ་གསུམ། ལྷ་བསྐྱེད་ཚུལ་དངོས་དང་། སྦྱང་གཞི་ལམ་ལ་སྦྱར་བ་དང་། དོན་བསྡུ་བ་སོགས་སོ། །དང་པོ་ལ་གཉིས། མངོན་བྱང་ལྔས་བསྐྱེད་ཚུལ། ཞུ་བ་གླུས་བསྐུལ་ནས་བསྐྱེད་ཚུལ་ལོ། །དང་པོ་ནི། དེ་བཞིན་ཉིད་དང་ཟླ་བ་དང་ས་བོན་དང་ཕྱག་མཚན་དང་སྐུ་རྫོགས་པ་སྟེ་ལྔ་ལས་བྱང་ཆུབ་པ་ལྔ་འཕགས་པ་ཡབ་སྲས་བཞེད་དེ། གཞན་ལ་མི་འདྲ་བའང་ཡོད་དོ། །མངོན་བྱང་ལྔའི་སྐབས་ཨཱ་ལི་ཀཱ་ལི་བསྐྱེད་མི་བསྐྱེད་པའི་ཚུལ་གཉིས་ཡོད་ལ། བསྐྱེད་པ་ལའང་བསྣོན་མ་བྱེད་ལུགས་མི་འདྲ་བ་ཡོད་དོ། །གཉིས་པ་ནི། ཀྱཻ་རྡོར་ལ་རྒྱུ་རྡོ་རྗེ་འཛིན་པ་ཞུ་ནས་གླུས་བསྐུལ་ཏེ་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་ཅིང་། གསང་འདུས་ལ་བསྙེན་པའི་རྗེས་སུ་ཞུ་བ་གླུས་བསྐུལ་ཏེ་བཞེངས་པ་ནི་སྔ་མ་དང་མི་འདྲའོ། །བར་དོ་མཚོན་བྱེད་གང་ཡིན་པ་དེ་ཞུ་བ་ནི་བར་སྲིད་པ་མངལ་དུ་འཇུག་པ་དང་འདྲ་བར་མཚོན་བྱེད་ཀྱི་དབྱིབས་ལ་ཁ་ཅིག་ཏུ་ལྷའི་རྣམ་པ་དང་། ཁ་ཅིག་ཏུ་ཕྱག་མ ཚན་དང་། ཁ་ཅིག་ཏུ་ཡི་གེ ཁ་ཅིག་ཏུ་ནཱ་ད་འོང་ཞིང་། འཇུག་ཚུལ་ལའང་མི་འདྲ་བ་ཡོད་དོ། །གཉིས་པ་ནི། སྔོན་དུ་མའི་མངལ་དུ་སྐྱེ་བ་འཛིན་པའི་ལས་བསགས་པ་ཞིག་ཤི་ནས་བར་དོ་གྲུབ་སྟེ་བར་སྲིད་མངལ་དུ་ཞུགས་པའི་མཐར་ཕྱིན་བཅས་ཏེ་ཆུང་མ་བླངས་ནས་བུ་དང་བུ་མོ་བསྐྱེད་པ་སོགས་དང་ཆོས་མཐུན་པར་བསྐྱེད་རིམ་བསྒོམ་པ་ཡིན་ལ། དེ་ཡང་ཚོགས་ཞིང་མ་དམིགས་ཏེ་ཚོགས་གསོག་པ་ནི་སྔོན་དུ་དགེ་མི་དགེའི་ལས་གསོག་པ་དང་འདྲ་ཞིང་དེ་ཉིད་ཚོགས་ལམ་དང་སྦྱོར་ལ། སྟོང་ཉིད་སྒོམ་པ་ནི་འཆི་བ་དང་འདྲ་སྟེ་དེ་ནས་བར་སྲིད་ཀྱི་ཡི་གེ་སོགས་མ་ཞུགས་ཀྱི་བར་རྣམས་སྦྱོར་ལམ་དང་བར་སྲིད་མཚོན་བྱེད་ཀྱི་ཡི་གེ་སོགས་ཞུ་བ་ནི་བར་སྲིད་པ་མངལ་དུ་འཇུག་པ་དང་འདྲ་སྟེ་དེ་ནས་ལྷའི་སྐུ་མ་རྫོགས་ཀྱི་བར་སྔོན་མ་མཐོང་ལམ་དང་ཕྱི་མ་རྣམས་རིམ་པར་སྒོམ་ལམ་ས་བཅུ་དང་སྦྱོར། དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྐུ་རྫོགས་པར་གྲུབ་པ་ནི་མངལ་ནས་ཕྱིར་བཙས་པ་དང་། ཡབ་ཡུམ་གཉིས་ཀྱི་དཀྱིལ་འཁོར་པའི་ལྷ་ཕོ་མོ་བསྐྱེད་པ་ནི་ཕ་མས་བུ་དང་བུ་མོ་བསྐྱེད་པ་འདྲ་སྟེ་མི་སློབ་ལམ་དང་སྦྱོར་དགོས་ཞིང་། བསྐྱེད་ཚུལ་གྱི་དབང་གིས་མི་འདྲ་བ་ཡོད་དོ། །གསུམ་པ་ནི། བསྐྱེད་རིམ་ལ་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་དགོས་ཏེ། དེ་ཡང་ལུས་ཅི་འདྲ་བ་ཞིག་འཛིན་པ་ནི་འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་སྐུར་སྐྱེ་བ་འཛིན་ལ། གནས་གང་དུ་ན་གཞལ་ཡས་ཁང་གི་ནང་དང་དེའི་དབུས་སུའོ། །ལས་ཅིས་ཞེ་ན་ཚོགས་ཞིང་ལ་དམིགས་ནས་ཚོགས་བསགས་པའི་ལས་ཀྱིས་སོ། །བར་དོ་བ་དེ་སྐྱེ་བ་ལེན་པ་ནི་ལུས་སྔ་མ་དོར་ནས་ཡིན་པས་སྔོན་དུ་སྟོང་ཉིད་བསྒོམས་ཏེ་ཐ་མལ་གྱི་སྣང་ཞེན་ཞི་བར་བྱས་ནས་ལྷར་བསྐྱེད་པ་དགོས་སོ། །གསུམ་པ་ནི། དེ་ལྟར་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་དགུག་གཞུག་མཆོད་བསྟོད་བདུད་རྩི་མྱང་བའི་བར་བྱས་ཏེ་བསྒོམ། སྐྱོན་བཟླས་པ་བྱ་ལ་ཕྲེང་བའི་རྒྱུ་ནི། ཁ་སྦྱོར་སོགས་ལས། ས་ཉ་ཕྱིས་མུ་ཏིག་ནོར་བུ་དཀར་པོ་རུས་པ་རྡོ་དཀར་པོ་སོགས་ཞི་བ་ལ་དང་། གསེར་དངུལ་ཟངས་པདྨའི་ས་བོན་སོགས་རྒྱས་པ་ལ་དང་། མུ་ཏིག་བྱི་རུ་ཙནྡན་དམར་པོ་དང་གུར་གུམ་སོགས་དྲིས་བགོས་པའི་ཕྲེང་བ་ནི་དབང་ལ་དང་། རུ་རཀྴ་ལུང་ཐང་མིའི་རུས་པ་སོགས་ལས་བྱས་པ་ནི་དྲག་པོ་ལ་ཤིས་ཤིང་། བོ་དེ་ཙེ་ནི་ལས་ཐམས་ཅད་ལ་བཟང་བར་བཤད་དོ། །ཕྲེང་རྡོག་གི་གྲངས་ནི། རྡོ་རྗེ་མཁའ་འགྲོ་ལས། ཞི་བ་ལ་བརྒྱ་རྩ། རྒྱས་པ་ལ་བརྒྱ་བརྒྱད། དབང་ལ་ཉེར་ལྔ། དྲག་པོ་ལ་བཅུ་དྲུག ཁྱད་པར་གྱི་ལས་སྒྲུབ་པའི་སྔགས་ལ་ལྔ་བཅུ་དགོས་པ་དང་། ཕྲེང་ཐག་ནི་རས་བལ་སོགས་ལས་དགུ་སྒྲིལ་བྱ་བར་བཤད་ཅིང་། དབུས་མ་རྡོར་སེམས་དང་གཞན་སེམས་དཔའ་བརྒྱད་ཀྱི་བདག་ཉིད་དུ་བསམ་པ་དང་། ཕྲེང་རྡོར་རྣམས་རིགས་ལྔའི་རང་བཞིན་དང་། མདོ་འཛིན་སྟོབས་ལ་སོགས་པའི་ཆོས་ཀྱི་ཕུང་པོའི་མཆོད་རྟེན་དུ་བསམས་ཏེ་བྱིན་བརླབ་བྱ་བར་བཤད་དེ་མ་བྲིས་སོ། །སྔགས་བཟླ་བའི་ཚེ། མྱུར་བུལ་སོགས་ཀྱི་སྐྱོན་དང་བྲལ་བར་བཟླ་ཞིང་། སྤྲོ་བསྡུའི་དམིགས་པ་སོགས་རང་རང་གི་སྒྲུབ་ཐབས་ལས་བཤད་པ་ལྟར་བྱའོ། །དག་པ་དྲན་པ་ནི། བཟླས་པའི་སྔོན་དུའམ་མཇུག་གང་རུང་གིས་ཆོག་གོ །གསུམ་པ་ལ། གཏོར་མའི་རྫས་ནི་ཟན་དང་སྲན་མ་ཤ་ཉ་ཤ་ཆན་ཐུག་ཁུར་བ་ཆང་ཆུ་བཙོང་སྒོག་སྐྱ་འོ་མ་ཆུ་ཡང་རུང་བར་བཤད་ལ། དབྱིབས་ནི། རྒྱ་གཞུང་ལས་མི་གསལ་ཡང་ལག་ལེན་དུ་ཅི་ལྟར་རིགས་པར་བྱེད། དབྱིབས་སུ་མ་བྱས་པར་རྫས་དེ་དག་འབུལ་བ་ཡང་རུང་ངོ་། །གཏོར་མའི་སྣོད་ནི་ཐོད་པ་ཁམ་པོར་དང་ཁྱོར་པར་ཡང་སྦྱིན་པར་རུང་ལ། བསྐྱེད་ཆོག་ལ་མི་འདྲ་བ་མང་སྟེ། གང་ལྟར་ཡང་ཤ་ལྔ་དང་བདུད་རྩི་ལྔའི་བདག་ཉིད་དུ་བསྐྱེད་པའོ། །གང་ལ་འབུལ་བ་ནི། གཏོར་མགྲོན་བསྐྱེད་ཅིང་སྤྱན་དྲངས་ནས་འབུལ་བ་དང་། མདུན་བསྐྱེད་ལ་འབུལ་བའི་ཚུལ་གཉིས་ཏེ། འབུལ་ཡུལ་ལ་འཇིག་རྟེན་ལས་འདས་མ་འདས་ཀྱང་གཉིས་སོ། །སྐབས་གང་དུ་འབུལ་བ་ནི། ཐུན་བཞི་ཀའི་མཐར་རམ། ཐུན་ཐ་མའི་རྗེས་སུ་འབུལ་ལ། སྐབས་གཞན་དུ་འབུལ་བ་ནི་བདག་མདུན་གྱི་མཇུག་གམ། དཀྲོང་བསྐྱེད་ཀྱིས་ཀྱང་སྤྱན་དྲངས་ཏེ་འབུལ་བར་རུང་ངོ་། །གཏོར་མགྲོན་ལ་བསྐྱེད་ཆོག་རྒྱས་བསྡུས་ཅི་རིགས་བྱར་རུང་ཞིང་། དེར་མ་ཟད། མངོན་རྟོགས་སྒོམ་པ་ལའང་རྒྱས་བསྡུས་ཅི་རིགས་བྱ་བར་བཤད་དེ། དེ་ཡང་ཐུན་བཞིར་བྱེད་པའི་ཚེ། ཐུན་ཐོག་མཐའ་གཉིས་རྒྱས་ཤིང་བར་པ་ཉིས་བསྡུས་པ་དང་། དང་པོ་རྒྱས་ལ་གཞན་གསུམ་བསྡུས་པ་དང་། ཐུན་བཞི་ཀ་རྒྱས་པ་དང་། བྲེལ་བའི་ཚེ་བཞི་ཀ་ཡང་བསྡུས་པར་བྱས་ཆོག་པར་རྒྱ་གཞུང་གི་ལུགས་རྗེས་སྔགས་རིམ་ལས་གསུངས་པ་ལྟར་ཡིན་ལ། དེ་ལྟར་རྒྱས་བསྡུས་བྱེད་ཚུལ་སྔགས་རིམ་གྱི་དགོངས་པ་བཞིན་བདག་གིས་གཞན་དུ་བཤད་ཟིན་ཏོ། །གསུམ་པ་ལ། ཁ་ཟས་ནི། གཏོར་མ་ལྟར་བྱིན་གྱིས་བརླབས་ཏེ་ལྷ་མཆོད་པའི་བསམ་པས་ལོངས་སྤྱད་པར་བྱ་ལ། ཉལ་བའི་ཚེ་སྟོང་པའི་བདག་ཉིད་དུ་གྱུར་པར་མོས་ནས་འོད་གསལ་དུ་ཉལ་བ་དང་། ལྡང་བའི་ཚེ་ལྷ་མོས་བསྐུལ་བར་མོས་ནས་ལྡང་ངོ་། །གསུམ་པ་དགོས་པ་ནི། བསྐྱེད་རིམ་གྱི་ལམ་སྐྱེ་འཆི་བར་དོ་གསུམ་དང་རྣམ་པ་མཐུན་པར་བསྒོམས་པའི་སྟོབས་ཀྱིས། སྦྱང་གཞི་ལ་གནས་པ་དང་འབྱུང་འགྱུར་གྱི་སྐྱེ་འཆི་བར་དོ་གསུམ་སྦྱོང་བ་སྟེ། སྦྱངས་པའི་འབྲས་བུ་ལ་སངས་རྒྱས་ཀྱི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་འགྲུབ་པ་དང་། རྟེན་དང་བརྟེན་པ་བསྒོམས་སྟོབས་ཀྱིས་རང་ལ་འབྱུང་འགྱུར་གྱི་མ་དག་པའི་རྟེན་བརྟེན་པ་སྦྱངས་ནས་དག་པའི་རྟེན་བརྟེན་པ་འགྲུབ་པའོ། །རྒྱུད་སྡེ་འོག་མ་གསུམ་ལ་སྟོང་པ་དང་ལྷའི་འཁོར་ལོ་བསྒོམ་པ་ཡོད་ཀྱང་བསྐྱེད་རིམ་མེད་ཅིང་། བསྐྱེད་རིམ་གྱིས་རྫོགས་རིམ་གྱི་རྒྱུད་སྨིན་པར་བྱེད་ཅིང་། ཚོགས་རླབས་ཆེན་སྡུད་པར་བྱེད་དོ། །དེས་ན་བསྐྱེད་རིམ་གྱི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ནི་རྒྱུད་སྡེ་གཞན་གྱི་རྣལ་འབྱོར་ལས་ཁྱད་པར་དུ་འཕགས་ཏེ། ཇི་སྐད་དུ། རྣལ་འབྱོར་དག་ནི་འདི་གཉིས་ཀྱིས། །མྱུར་དུ་སངས་རྒྱས་ཉིད་འཐོབ་འགྱུར། །ཞེས་གསུངས་པས་སོ། །གཉིས་པ་ལ། གསང་བདེ་འཇིགས་གསུམ་གྱི་མངོན་རྟོགས་བསྒོམ་ཚུལ་རྒྱས་པར་ནི་རང་རང་གི་ཆོ་ག་ལས་འབྱུང་བ་བཞིན་ཤེས་པར་བྱ་ལ། འདིར་དེ་གསུམ་གྱི་སྨོན་ལམ་ནས་འབྱུང་བའི་ས་བཅད་ཙམ་བཀོད་ན། དང་པོ་ནི། གསང་འདུས་སྨོན་ལམ་ལས། དེ་ལྟར་སྒྱུ་མ་ཇི་བཞིན་སྨོན་ལམ་བཞིན། ཞེས་སོགས་ཀྱི་ཚིགས་བཅད་གཉིས་ཀྱིས་མངོན་རྟོགས་བསྒོམས་པའི་དགེ་བ་སོགས་སྨོན་ལམ་འགྲུབ་པའི་རྒྱུར་བསྟན་ལ། དེ་ནས་རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། ཞེས་སོགས་ཚིགས་བཅད་གཅིག་གིས་དགེ་བ་དེས་བྱང་ཆུབ་ཀྱི་སེམས་འབྱོངས་པར་སྨོན་ཅིང་། སེམས་ཙམ་བསྐྱེད་ཀྱང་ཞེས་སོགས་རྐང་པ་བཞིས་འཇུག་སྡོམ་བཟུང་ནས་སྤྱོད་པ་ལ་སློབ་པར་སྨོན། ཐུན་མོང་ལམ་སྦྱང་སོགས་བཞིས་སྔགས་ལ་འཇུག་པར་སྨོན་ལ། བུམ་དབང་གངྒཱའི་སོགས་རྐང་གཉིས་ཀྱིས་དབང་བཞིའི་ནང་ནས་དང་པོར་ཐ་མལ་གྱི་སྣང་ཞེན་སྦྱོང་བའི་ཆེད་དུ་བུམ་དབང་རྣམ་དག་ལེན་པ་དང་། དེ་བཞིན་དུ་གསང་དབང་ཡེ་ཤེས་སོགས་རྐང་པ་གཉིས་ཀྱིས་གསང་དབང་དང་། གསུམ་པ་ལྷན་སྐྱེས་སོགས་རྐང་པ་གཉིས་ཀྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། བཞི་པ་ཟུང་འཇུག་སོགས་རྐང་གཉིས་ཀྱིས་དབང་བཞི་པ་ལེན་པར་སྨོན་ལ། དེ་ཚེ་དངོས་གྲུབ་སོགས་རྐང་པ་བཞིས་དབང་ཐོབ་ནས་དམ་ཚིག་དང་སྡོམ་པ་སྲུང་བར་སྨོན་ནོ། །དེ་ནས། ཐ་མལ་སྣང་ཞེན་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་བསྐྱེད་རིམ་མཐར་ཕྱིན་པར་སྤྱིར་སྨོན་ལ། བྱེ་བྲག་ཏུ་ཞིང་གི་ཕུལ་བྱུང་ཐུགས་ཀྱི་དཀྱིལ་འཁོར་ལ་ཞེས་སོགས་རྐང་པ་བཞིས་ཐོག་མར་ཚོགས་ཞིང་ལ་ཚོགས་གསོག་པ་དང་། དཔལ་ལྡན་ཞེ་སྡང་རྡོ་རྗེ་སོགས་བཞིས་སྲུང་འཁོར་དང་། གང་དུ་འཚང་རྒྱའི་སོགས་ཚིགས་བཅད་གཉིས་ཀྱིས་གཞལ་ཡས་ཁང་དང་དེར་ལྷག་མོས་ཀྱི་ལྷ་བསྐྱེད་དེ་འོད་གསལ་དུ་ཐིམ་པའི་འཆི་བ་ཆོས་སྐུའི་ལམ་འཁྱེར་དང་། དང་པོའི་མགོན་པོ་བསྐྱེད་པའི་བར་དོ་ལོངས་སྐུའི་ལམ་འཁྱེར་དང་། སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་ནས་སྙོམས་འཇུག་བྱེད་པའི་བར་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་གསུམ་ཚང་བའི་དང་པོའི་སྦྱོར་བའི་ལམ་རྣམས་རྒྱུད་ལ་སྐྱེ་བར་སྨོན་ནོ། །རང་དོན་ཕུན་ཚོགས་སོགས་རྐང་པ་བཞིས་དང་པོ་སྦྱོར་བའི་གཙོ་བོ་ཡབ་ཡུམ་སྙོམས་འཇུག་བྱས་ཏེ་ལུས་དཀྱིལ་གྱི་ལྷ་ལ་མཆོད་པ་དང་། དེ་ནས་མཁའ་དབྱིངས་རྡོ་རྗེ་སོགས་ཚིགས་བཅད་གཉིས་ཀྱིས་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་བསྐྱེད་དེ་སྤྱི་སྒོས་ཀྱི་མཛད་པ་མཛད་པ་སོགས་དང་། སྲོག་འཛིན་ཐུར་སེལ་སོགས་ཚིགས་བཅད་གཉིས་ཀྱིས་སྟེང་འོག་གི་སྣ་རྩེར་ཕྲ་མོ་བསྒོམ་པ་དང་བཟླས་བརྗོད་མཐར་ཕྱིན་པར་སྨོན་ནོ། །དེས་ནི་རྫས་སྔགས་སོགས་རྐང་པ་བཞིས་ལས་རྒྱལ་མཆོག་འགྲུབ་པར་སྨོན་པ་སྟེ། དེ་དག་ནི་བསྐྱེད་རིམ་གྱི་སྐོར་རོ། །དེ་ནས་སོ་སོར་སྡུད་དང་བསམ་གཏན་སྲོག་རྩོལ་དང་། ཞེས་སོགས་རྐང་པ་བཞིས་རྫོགས་རིམ་གྱི་སྦྱོར་བ་ཡན་ལག་དྲུག་དང་དེ་བསྡུས་པ་རིམ་ལྔ་སྤྱོད་པ་དང་བཅས་པ་འགྲུབ་པར་སྨོན་ཅིང་། ལྷག་མ་ནི་འཆད་པར་འགྱུར་རོ། །གཉིས་པ་བདེ་མཆོག་སྨོན་ལས། སྲིད་པ་གསུམ་འབར་སོགས་ཚིག་བཅད་གསུམ་ནི་གཞན་ནས་འབྱུང་བ་བཀོད་པ་ཡིན་ལ། དེ་ནས་དགེ་བ་ཅུང་ཟད་ཙམ་ཡང་སོགས་ཚིགས་བཅད་གཉིས་ཀྱིས་དགེ་བ་རྫོགས་བྱང་དུ་བསྔོ་དགོས་པའི་རྒྱུ་མཚན་དང་དམ་བཅའ་བསྟན། དེ་ནས་འདས་མ་འོངས་ད་ལྟར་བྱུང་བ་དང་། ཞེས་སོགས་རྐང་པ་བཞིས། དགེ་བའི་མཐུས་ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་བསྟེན་པར་སྨོན། དེ་ཡིས་ཉེ་བར་བསྟན་པའི་སོགས་ཚིགས་བཅད་གཉིས་ཀྱིས་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་རྣམས་བརྒྱུད་ལ་སྐྱེ་བ་དང་། བརྩེ་བས་འགྲོ་བའི་སོགས་རྐང་པ་བཞིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པར་སྨོན་ནོ། །དེ་ནས་ཐུན་མོང་ལམ་སྦྱངས་སོགས་བཞིས་དབང་བཞི་ལེན་པ་དང་། དེ་དུས་བླ་མ་སོགས་བཞིས་དམ་ཚིག་དང་སྡོམ་པ་སྲུང་བ་དང་། དེ་ནས་ཚེ་རབས་ཀུན་ཏུ་སོགས་ཚིགས་བཅད་གཉིས་ཀྱིས་བསྐྱེད་རིམ་མཐར་ཕྱིན་པར་སྤྱིར་སྨོན་ལ། སོ་སོར་ཕྱེ་ན་སྒོ་གསུམ་སྤྱོད་པ་སོགས་རྐང་པ་བཞིས་དག་པ་གསུམ་དང་། སྲུང་འཁོར་གྱིས་བགེགས་ཟློག་པ་དང་ཚོགས་གསོག་པ་དང་། སྤྲོས་ཀུན་འོད་གསལ་སོགས་ཚིགས་བཅད་གཉིས་ཀྱིས། སྣོད་བཅུད་འོད་གསལ་དུ་སྡུད་པའི་འཆི་བ་ཆོས་སྐུ་དང་། དེ་ལས་ནཱ་ད་ནམ་མཁར་འཇོག་པའི་བར་དོ་ལོངས་སྐུ་དང་། དེ་ཟླ་བ་དཀར་དམར་གྱི་དབུས་སུ་ཞུགས་ནས་ཧེ་རུ་ཀ་འཁོར་བཅས་སུ་བསྐྱེད་པའི་བར་ནི་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་གསུམ་རྫོགས་པར་སྨོན་པ་དང་། གནས་མཆོག་གང་དུ་སོགས་རྐང་པ་བཞིས་འབྱུང་བཞི་རི་རབ་པདྨ་རྣམས་ཀྱི་མཚོན་དོན་དང་། པདྨའི་ལྟེ་བར་སོགས་ཚིགས་བཅད་གཉིས་ཀྱིས་པདྨའི་ལྟེ་བར་ཟླ་བ་དཀར་ལ་དམར་བའི་མདངས་ཅན་སྒོམ་པ་སོགས་ཀྱི་མཚོན་དོན་དང་། སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་སོགས་རྐང་པ་བཞིས་ཕྱི་དཀྱིལ་དང་ལུས་དཀྱིལ་ལ་གོམས་པ་མཐར་ཕྱིན་པ་དང་། སྒོ་མཚམས་མ་རྣམས་དབང་པོའི་སྒོར་བསྒོམས་པས། ཞེས་པ་ནས། དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཤོག །ཅེས་པའི་བར་ཚིགས་བཅད་གསུམ་གྱིས་ལུས་ཀྱི་ཆ་དེ་དང་དེར་ལུས་དཀྱིལ་གྱི་ལྷ་དེ་དང་དེ་བསྒོམས་པས་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་ནུས་པ་འཇོག་པར་སྨོན་ཏེ་བསྐྱེད་རིམ་གྱི་སྐོར་རོ། །དེ་ནས་དཔལ་ལྡན་འཁོར་ལོ་སྡོམ་པའི་རྩ་རྒྱུད་དོན། ཞེས་སོགས་ཚིགས་བཅད་གཉིས་ཀྱིས་རྫོགས་རིམ་རྣལ་འབྱོར་ཆེན་པོ་སྤྱོད་པ་གསུམ་དང་བཅས་པ་ཉམས་སུ་བླངས་ནས་མཐར་ཕྱིན་པར་འགྱུར་བར་སྨོན་པ་ཡིན་ལ། ལྷག་མའི་དོན་འཆད་པར་འགྱུར་རོ། །གསུམ་པ་འཇིགས་བྱེད་སྨོན་ལམ་དུ་རྣམ་དག་ཡིད་ཀྱི་ཟླ་ཤེལ་རྩིག་ངོས་ལ། ཞེས་སོགས་རྐང་པ་དྲུག་གིས་མངོན་རྟོགས་བསྒོམས་པ་སོགས་ཀྱི་དགེ་བ་དེ་སྨོན་ལམ་འགྲུབ་བྱེད་ཀྱི་རྒྱུར་བསྟན་ནས། ལྷག་མའི་རྐང་པ་གཉིས་ཀྱིས་དགེ་བ་དེ་སྐྱེ་བ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་པའི་རྒྱུར་འགྱུར་བར་སྨོན་ཅིང་། ཚེ་འདིའི་ཆོས་བརྒྱད་སོགས་རྐང་པ་བཞིས་འཁོར་བ་ལས་ཐར་འདོད་ཀྱི་བློ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་ཕྱིན་དྲུག་ལ་སློབ་པར་སྨོན་པ་དང་། རྣམ་དག་དབང་བཞིའི་སོགས་རྐང་པ་བཞིས་སྔགས་ལ་ཞུགས་ཏེ་དབང་བཞི་ལེན་ཅིང་དམ་ཚིག་དང་སྡོམ་པ་སྲུང་བ་དང་། སྐྱེ་ཤི་བར་དོའི་སོགས་བཞིས་སྐུ་གསུམ་འགྲུབ་བྱེད་ཀྱི་ཐབས་ཟབ་མོ་བསྐྱེད་རིམ་ཐུན་བཞིར་སྒོམ་པ་སྤྱིར་སྨོན་ལ། དེ་ནས། བླ་མ་གཤིན་རྗེ་གཤེད་སོགས་བཞིས་ཚོགས་ཞིང་ལ་དམིགས་པའི་ཚོགས་གསོག་པ་དང་། སྔགས་གཉིས་དོན་ལྟར་སོགས་བཞིས་འཆི་བ་ཆོས་སྐུ་དང་། གཏུམ་ཆེན་གནོད་མཛེས་སོགས་བཞིས་སྲུང་འཁོར་དང་། རྣམ་མང་རིན་ཆེན་སོགས་བཞི་ལ་གཞལ་ཡས་ཁང་དང་། དེར་ནི་གུར་གུམ་སོགས་བཞིས་བར་དོ་ལོངས་སྐུ་དང་། ཟླ་ཉི་ས་བོན་སོགས་བཞིས་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་གསུམ་དང་། འབུམ་ཕྲག་ཉི་འོད་སོགས་ཚིགས་བཅད་གཉིས་ཀྱིས་དང་པོ་སྦྱོར་བའི་གཙོ་བོ་ཡབ་ཡུམ་གྱིས་དཀྱིལ་འཁོར་རྒྱལ་མཆོག་གི་རྟེན་བརྟེན་པ་སྤྲུལ་ཏེ་གཞན་དོན་མཛད་པ་སོགས་དང་། ཕྱི་ནང་བཟླས་བརྗོད་སོགས་རྐང་པ་བཞིས་ཕྱི་ནང་གི་མཆོད་པ་བཟླས་བརྗོད་འཁྲུལ་འཁོར་ལ་བརྟེན་ནས་ཞི་སོགས་ཀྱི་ལས་སྒྲུབ་པའི་ལས་རྒྱལ་མཆོག་གི་སྐོར་མཐར་ཕྱིན་པར་སྨོན་སྟེ། བསྐྱེད་རིམ་གྱི་སྐོར་རོ། །དེ་ནས། ཟབ་ལམ་རིམ་པ་ལྔ་ཡི་གནད་ཀྱི་དོན། །ཞེས་སོགས་རྐང་པ་བཞིས་རྫོགས་རིམ་བསྡུས་ནས་བསྟན་ཏེ། ལྷག་མའི་དོན་ནི་འཆད་པར་འགྱུར་རོ། །གཉིས་པ་ལ་གཉིས། ཕ་རྒྱུད་ཀྱི་རྫོགས་རིམ་དང་། མ་རྒྱུད་ཀྱི་རྫོགས་རིམ་མོ། །དང་པོ་ལ་གཉིས། གསང་འདུས་དང་། འཇིགས་བྱེད་ཀྱི་རྫོགས་རིམ་མོ། །དང་པོ་ལ་གཉིས། གཞི་དངོས་པོའི་གནས་ཚུལ་དང་། ལམ་གྱི་རིམ་པའོ། །དང་པོ་ནི། རྫོགས་རིམ་གྱི་ཆ་འགའ་ཞིག་སྐྱེ་བ་ལ་བསྐྱེད་རིམ་ཤིན་ཏུ་བརྟན་པ་མི་དགོས་ཀྱང་། རྫོགས་པར་སྐྱེ་བ་ལ་དེ་དགོས་སོ། །རྫོགས་རིམ་སྒོམ་པ་ལ་གཞི་དངོས་པོའི་གནས་ཚུལ་ཤེས་དགོས་པས་མདོར་བསྡུས་བརྗོད་པ་ལ། ལུས་ཀྱི་གནས་ཚུལ་རགས་པ་ནི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་གྱི་ལུས་རགས་པ་འདིའོ། །ལུས་ཕྲ་བ་ནི་འདི་ལ་གནས་པའི་རྩ་སྟོང་ཕྲག་དོན་གཉིས་དང་རྩ་བ་དང་ཡན་ལག་གི་རླུང་བཅུ་དང་ཐིག་ལེའོ། །ཆེས་ཕྲ་བ་ནི་སྟོང་པ་བཞིའི་གཞོན་པའི་རླུང་དང་ཁྱད་པར་འོད་གསལ་གྱི་བཞོན་པའི་རླུང་ངོ་། །སེམས་ཀྱི་གནས་ཚུལ་ལོ། །རགས་པ་ནི་དབང་པོའི་ཤེས་པ་རྣམས་ཡིན་ལ། ཕྲ་བ་ནི་རང་བཞིན་བརྒྱད་ཅུའི་ཀུན་རྟོག་རྣམས་དང་། ཤིན་ཏུ་ཕྲ་བ་ནི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་རླུང་སེམས་སོ། །ལུས་ཀྱི་གནས་ཚུལ་བྱེ་བྲག་པ་ནི། ལུས་ཀྱི་སྨིན་མཚམས་ནས་རྡོ་རྗེའི་ནོར་བུའི་བར་ལུས་ཀྱི་སྒལ་ཚིག་དང་ཉེ་བར་དབུས་སུ་དབུ་མ་དང་གཡས་གཡོན་དུ་རོ་མ་དང་རྐྱང་མ་གནས་སོ། །ནོར་བུའི་དབུས་དང་གསང་གནས་ལྟེ་བ་སྙིང་ཀ་མགྲིན་པ་སྤྱི་བོར་དྷཱུ་ཏཱི་ལ་རོ་རྐྱང་གཉིས་ཀྱིས་འཁྱུད་པའི་ཐད་དྲུག་ན་རྩ་འཁོར་ཀྱང་དྲུག་གོ །གཉིས་པ་ལ་གཉིས། གྲངས་དང་གོ་རིམ། ལམ་གྱི་རིམ་པ་དངོས་སོ། །དང་པོ་ལ། གྲངས་ངེས་ནི། སྤྱོད་བསྡུས་ལས་ལུས་དབེན། ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་གི་རིམ་པ་སྟེ་དྲུག་ཏུ་བཤད་ཅིང་། དང་པོ་གཉིས་གཅིག་ཏུ་བགྲངས་ནས་ལྔར་མཛད་པ་དང་། བཞིར་མཛད་པའང་ཡོད་དེ་དབྱེ་བསྡུ་ཡིན་པས་མི་འགལ་ལོ། །གོ་རིམ་ནི། སློབ་མི་སློབ་ཀྱི་ཟུང་འཇུག་ཐོབ་པ་ལ་སྔོན་དུ་དོན་གྱི་འོད་གསལ་འགྲོ་དགོས་ཤིང་། དེའི་སྔོན་དུ་སྒྱུ་ལུས། དེའི་སྔོན་དུ་སེམས་དབེན། དེའི་སྔོན་དུ་ངག་དབེན། དེའི་སྔོན་དུ་ལུས་དབེན་བསྒོམ་དགོས་པའི་རིམ་པ་ལྟར་རོ། །དེ་ལྟར་དགོས་པའི་རྒྱུ་མཚན་ནི། མི་སློབ་པའི་སྐུ་དག་པ་མཐར་ཐུག་སྒྱུ་མའི་སྐུ་དང་ཐུགས་དག་པ་མཐར་ཐུག་ལྷན་སྐྱེས་ཀྱི་ཡེ་ཤེས་གཉིས་ཟུང་དུ་འཇུག་པའི་ཟུང་འཇུག་གི་གོ་འཕང་ཐོབ་པ་ལ། སྔོན་དུ་དེ་དང་རིགས་མཐུན་པའི་སློབ་པའི་ཟུང་འཇུག་ཐོབ་དགོས་ལ། སློབ་པའི་ཟུང་འཇུག་གི་སྔོན་དུ་དེའི་ཡ་གཅིག་འོད་གསལ་དེ་དང་འདྲ་བ་རིམ་པ་བཞི་པའི་དོན་གྱི་འོད་གསལ་བསྐྱེད་དགོས་ཤིང་། དེའི་སྔོན་དུ་ཡ་གཅིག་དག་པའི་སྒྱུ་ལུས་ཀྱི་རིགས་འདྲ་རིམ་པ་གསུམ་པའི་མ་དག་པའི་སྒྱུ་ལུས་བསྐྱེད་དགོས། སྒྱུ་ལུས་ཀྱི་སྔོན་དུ་དེའི་རྒྱུར་ཀུན་རྟོག་གཡོ་བྱེད་གཟུང་འཛིན་གྱི་རླུང་ཐམས་ཅད་སྙིང་གའི་མི་ཤིགས་ལ་བསྡུས་ནས་ཐིམ་པ་ལས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་སེམས་དབེན་བསྐྱེད་དགོས། དེའི་སྔོན་དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྦྱོར་བའི་སྲོག་རྩོལ་དང་། རླུང་དང་། ཐིག་ལེའི་རྣལ་འབྱོར་བསྒོམ་པ་སོགས་ཀྱི་ངག་དབེན་དང་ལུས་དབེན་བསྐྱེད་དགོས་སོ། །གཉིས་པ་ལ་གསུམ། དབེན་པ་གསུམ་གྱི་ཏིང་ངེ་འཛིན་དང་། བདེན་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་བསླབ་པའི་ཚུལ་ལོ། །དང་པོ་ལ་གསུམ། ལུས་དབེན། ངག་དབེན། སེམས་དབེན་ནོ། །འདི་དག་ནི་རྗེའི་གསང་འདུས་སྨོན་ལམ་དང་བསྟུན་ཏེ་བཤད་ན། དང་པོ་ལུས་དབེན་ལ་མཉམ་བཞག་དང་། རྗེས་ཐོབ་ཏུ་སྦྱོར་ཚུལ་གཉིས་ཡོད་པའི་དང་པོ་ནི། དེ་ཉིད་ལས། ནོར་བུར་ཐིག་ལེ་ཕྲ་མོ་སེམས་བརྟན་པས། ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། སྤྱིར་རྫོགས་རིམ་གྱི་ལྷན་སྐྱེས་སྐྱེ་བ་ལ། དབུ་མའི་ཡར་སྣ་དང་མར་དང་སྙིང་ཁའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་གང་རུང་དུ་དམིགས་པ་གཏོད་དགོས་ལ། སྐབས་འདིར་ནི་དབུ་མའི་མར་སྣ་དང་ནོར་བུའི་དབུས་ཀྱི་རྩ་འདབ་ཀྱི་ཐད་ཀའི་དྷཱུ་ཏཱིའི་ནང་གང་རུང་དུ་ཐིག་ལེ་ལ་དམིགས་པ་གཏོད་དགོས་སོ། །དེ་ལ་བརྟེན་ནས་ལུས་དབེན་དངོས་སྒོམ་ཚུལ་ནི། མཉམ་བཞག་ཏུ་སྔར་ལྟར་བསྒོམས་པས་དབུ་མའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་དབུ་མའི་ནང་ནས་བྱང་སེམས་ཞུ་སྟེ་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེའོ། །དེ་ཡང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་དྷཱུ་ཏཱིའི་ནང་གི་གཏུམ་མོ་ཁྱད་པར་ཅན་འབར་བའི་དྲོད་ཀྱིས་སྤྱི་བོ་བྱང་སེམས་ཞུ་བ་དྷཱུ་ཏཱིར་རིམ་གྱིས་བབས་པས་དེའི་ནང་དུ་རེག་བྱ་ཁྱད་པར་ཅན་ཞིག་སྐྱེ། རེག་བྱ་དེས་གཟུང་དོན་དང་ལུས་དབང་གིས་བདག་རྐྱེན་བྱས་པ་ལས་ལུས་ཤེས་ཀྱི་བདེ་བ་ཁྱད་པར་ཅན་སྐྱེ། དེས་དེ་མ་ཐག་རྐྱེན་བྱས་ནས་ཡིད་ཤེས་ཕྲ་མོ་བདེ་བའི་ངོ་བོར་སྐྱེས་ཏེ། བདེ་བ་དེ་ཉིད་ཀྱིས་སྟོང་ཉིད་རྟོགས་པ་ལ་བ དེ་སྟོང་སྦྱོར་ཞེས་བྱའོ། །རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་ཚེ་རྟགས་ནི། ས་ནས་རླུང་གི་བར་ཐིམ་པའི་ཚེ་སྨིག་རྒྱུ་དུ་བ་མཁའ་སྣང་མར་མེ་ལྟ་བུའི་རྟགས་ཀྱི་རྗེས་སུ་སྣང་བ་མཆེད་པ་ཉེར་ཐོབ་ཀྱི་ཚེ་དཀར་དམར་ནག་ལམ་པ་བའི་སྣང་བ་དང་། འོད་གསལ་གྱི་ཚེ་ནམ་མཁའ་སྟོང་སང་ལྟ་བུའི་སྣང་བ་འཆར་བ་རྣམས་འབྱུང་ངོ་། །གཉིས་པ་ནི། དེ་ལས་ལངས་ཚེ་གང་ཤར་སྣང་བ་ཀུན། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏེ། དེ་ནས་རྗེས་ཐོབ་ཏུ་ཕུང་པོ་ལྔ། ཁམས་བཞི། དབང་པོ་དྲུག་ཡུལ་ལྔ་རྣམས་ལྷར་འཆར་བའི་ལུས་དབེན་བསྒོམ་པར་བྱ་ཞིང་། དེ་ཡང་ཕུང་པོ་ལྔ་པོ་རེ་རེ་ལའང་ལྔ་ལྔར་ཕྱེ་བས་བརྒྱར་འགྱུར་བའི་ལུས་དབེན་ནི། རིགས་བརྒྱའི་ལུས་དབེན་ཡིན་ལ། དེ་རྣམས་རིགས་ལྔར་བསྡུས་ཏེ་སྒོམ་པའི་ལུས་དབེན་ནི། རིགས་ལྔའི་ལུས་དབེན་དང་། དེ་རྣམས་རིགས་གསུམ་དུ་བསྡུས་ནས་སྒོམ་པ་ནི། རིགས་གསུམ་གྱི་ལུས་དབེན་དང་། དེ་ཐམས་ཅད་རང་རྡོ་རྗེ་འཆང་དུ་སྒོམ་པ་ནི། རིགས་གཅིག་པའི་ལུས་དབེན་སྒོམ་པར་བྱེད་པའི་ཚུལ་ཏེ། དེ་ཡང་མཉམ་བཞག་ཏུ་བསྒོམས་པའི་ཡེ་ཤེས་ཀྱི་གཟུང་རྣམ་ལྷར་ཤར་བའི་སྒོ་ནས་ཕུང་སེམས་ལྟར་སྒོམ་པའོ། །དེའི་ཚེ་དབང་པོ་ལྔས་ཡུམ་ལྔ་ལ་ལོངས་སྤྱོད་པ་ན་ཡུལ་གྱི་སྣང་བ་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཏུ་འཆར་བའི་སོར་སྡུད་དང་། དབང་པོ་དང་ཡུལ་རྣམས་ལྷར་སྒོམ་པའི་བསམ་གཏན་གཉིས་འབྱུང་བས་དེ་ཡང་ཤེས་དགོས་སོ། །གཉིས་པ་ངག་དབེན་ལ་གསུམ་ལས། དང་པོ་སྙིང་ཁར་སྔགས་ཀྱི་ཐིག་ལེ་སྒོམ་པ་ནི། ཐིག་ལེའི་རྒྱལ་པོ་སྔགས་ཀྱི་ཐིག་ལེ་མཆོག །ཞེས་སོགས་ཚིགས་བཅད་གཅིག་གི་སྟོན་ཏེ། འདི་ལ་སྙིང་ཁའི་རྩ་འཁོར་གྱི་ནང་དུ་ཐིག་ལེའི་དབུས་སུ་ཨ་ཡིག་གམ་ཧཱུཾ་བསྒོམ་པ་དང་། རྩ་འཁོར་ལ་དབྱངས་གསལ་གྱི་ཡི་གེ་བཀོད་ནས་བསྒོམ་པ་གཉིས་ཡོད་ཅིང་། དེ་གཉིས་གང་བྱེད་ཀྱང་དམིགས་པ་གཏད་ནས་རྩེ་གཅིག་ཏུ་བསྒོམས་པས་རླུང་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བར་བྱེད་པའོ། །གཉིས་པ་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་སྒོམ་པ་ནི། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་གདངས། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། རང་གི་རླུང་འཇུག་གནས་ལྡང་གསུམ་བྱེད་པའི་གདངས་ཡི་གེ་གསུམ་གྱི་གདངས་སུ་ཤར་བའི་སྒོ་ནས་རྡོར་བཟླས་བྱ་ཞིང་། དེ་ཡང་སྣ་སྒོ་ནས་རླུང་ནང་དུ་འཇུག་པའི་ཚེ་ༀཿདང་གནས་པའི་ཚེ་ཨཱཿདང་། ལྡང་བའི་ཚེ་ཧཱུཾ་གི་གདངས་སུ་ཤར་བར་བསམས་ཏེ་རྡོར་བཟླས་བྱས་པ་ལ་བརྟེན་ནས་སྙིང་ཁའི་རྩ་མདུད་རྣམས་གྲོལ་བར་བྱེད་དོ། །རླུང་ལ་ནི་སྤྱིར་རྩ་བ་དང་ཡན་ལག་གི་རླུང་བཅུ་ཡོད་ཅིང་། དེའི་ནང་ནས་རྣམ་ཤེས་ཀྱི་བཞོན་པའི་རླུང་ནི་སྙིང་ཁར་གནས་པའི་སྲོག་གི་རླུང་ཡིན་ལ། དེ་ལའང་ཕྲ་རགས་གཉིས་ཡོད་པའི་ཕྲ་བའོ། །རླུང་རྟ་ལྟ་བུ་དང་རྣམ་ཤེས་ཞོན་མཁན་ལྟ་བུ་སྟེ། འོན་ཀྱང་རླུང་དང་རྣམ་ཤེས་གཉིས་ངོ་བོ་ཐ་དད་མིན་གྱི། ཆུ་ལ་ཆུ་ཞུགས་པ་བཞིན་དུ་ངོ་བོ་གཅིག་པའོ། །དེ་ཡང་རླུང་རྣམ་ཤེས་མིན་ཅིང་རྣམ་ཤེས་ཀྱང་རླུང་མིན་ལ། རླུང་ལས་ངོ་བོ་ཐ་དད་པའི་རྣམ་ཤེས་ཀྱང་མེད་མོད། རླུང་དང་རྣམ་ཤེས་གཉིས་གཅིག་ཀྱང་མིན་ནོ། །སྤྱིར་འཁོར་འདས་ཀྱི་བྱ་བྱེད་ཐམས་ཅད་རླུང་གིས་བྱེད་ཅིང་། དེའི་ནང་ནས་ཀྱང་སྐྱེ་འཆི་སོགས་ལས་ཀྱི་རླུང་གི་འཕྲུལ་ལས་བྱུང་བ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། ཇི་ལྟར་མེས་བསྲེག་དངོས་པོ་མེད། །རྒྱུ་མེད་པར་ནི་ཐིམ་ནས་འགྲོ། །སླར་ཡང་སྲོག་གི་རླུང་ཤར་ནས། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ཡི་ལྷན་ཅིག་རྣམ་ཤེས་དང་། །སླར་ཡང་འཇིག་རྟེན་གསུམ་དུ་གནས་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་ནི། ཐབས་ཤེས་གསང་བའི་རྩ་མཆོག་གཉིས་ཀྱི་རྩེར། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། རང་གི་རྡོ་རྗེ་དང་ཕྱག་རྒྱའི་པདྨ་གཉིས་འཕྲད་མཚམས་སུ་ཐིག་ལེ་ཡུངས་འབྲུ་ཙམ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དོ། །བསྒོམས་པ་ལ་བརྟེན་ནས་རླུང་ཐིམ་པས་སྣང་མཆེད་ཐོབ་ཀྱི་ཡེ་ཤེས་གསུམ་དང་། ཁྱད་པར་འོད་གསལ་གྱི་དུས་སུ་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བར་བྱེད་པའོ། །གསུམ་པ་སེམས་དབེན་ནི། སྣ་རྩེ་གསུམ་དུ་ཐིག་ལེ་རྣམ་གསུམ་གྱི། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། སྔར་ལྟར་སྲོག་རྩོལ་གསུམ་བསྒོམ་པ་ལ་བརྟེན་ནས་སྙིང་གའི་རྩ་མདུད་རྣམས་ལེགས་པར་གྲོལ་ནས་རླུང་རྣམས་སྙིང་གའི་མི་ཤིགས་པ་ལ་བསྡུས་ནས་ཐིམ་པས་དཔེའི་འོད་གསལ་འཆར་བར་བྱེད་པའོ། །དེ་ཡང་ཕྱག་རྒྱ་གཉིས་གང་རུང་ལ་བརྟེན་ནས་རིལ་འཛིན་དང་རྗེས་གཞིག་གི་སྡུད་རིམ་མང་དུ་བྱས་པ་ལ་བརྟེན་ནས་སྣང་མཆེད་ཐོབ་གསུམ་གྱི་སེམས་དང་ཁྱད་པར་དུ་དཔེའི་འོད་གསལ་མཐར་ཐུག་འདྲེན་ནུས་པའི་ཚེ་ན་སེམས་དབེན་རྫོགས་པར་འགྱུར་རོ། །སེམས་དབེན་རྫོགས་མཚམས་ནི། སྔར་ཀུན་རྟོག་གཡོ་བྱེད་ཀྱི་རླུང་གཞན་རྣམས་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་ཡེ་ཤེས་བསྐྱེད་ནུས་ཀྱང་། འདིར་དེ་ནས་ཁྱབ་བྱེད་ཀྱི་རླུང་མ་ལུས་པ་འཆི་རིམ་བཞིན་དུ་སྙིང་གའི་མི་ཤིགས་པ་ལ་ཐིམ་པའི་འོད་གསལ་གྱི་ཡེ་ཤེས་ཐོག་མར་སྐྱེས་ནས་བདེ་སྟོང་སྦྱོར་བའི་ཚེ་སེམས་དབེན་མཐར་ཐུག་སྐྱེས་པའོ། །གཉིས་པ་ལ་གསུམ། ཀུན་རྫོབ་སྒྱུ་མ་དང་དོན་དམ་འོད་གསལ་དང་དབྱེར་མེད་ཟུང་འཇུག་གསུམ་ཡོད་ཀྱང་། གསུམ་པོ་ཕྱོགས་གཅིག་ཏུ་བསྡུས་ནས་འཆད་པ་ནི། སྒྱུ་མ་ལོངས་སྐུ་འོད་གསལ་ཆོས་སྐུ་དང་། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། གསུམ་གྱི་དབང་པོ་ལ་སྒྱུ་ལུས་ཀྱི་སྒྲུབ་གཞི་ནི། རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་འགྲོ་བ་རྣམས་འཆི་བ། །འོད་གསལ་སྔོན་དུ་སོང་བ་ལས་སྐྱེའི། རང་དབང་དུ་མི་སྐྱེ་བར་བཤད་པ་ལྟར་དང་། རྡོ་རྗེ་ཕྲེང་བས། སྙིང་པོར་གྱུར་པ་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གིས་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་མཐོང་། །ཞེས་དང་། ཇི་སྲིད་འཇིག་རྟེན་གྱིས་བཏགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་དང་། དགོངས་པ་ལུང་སྟོན་ལས་ཀྱང་། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བཏགས་འདི་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །སླར་ཡང་རླུང་ལས་འགགས་པ་ཡིན། །ཞེས་གསུངས་པའི་སྔ་མས་སྒྱུ་ལུས་ཀྱི་སྒྲུབ་གཞི་ནི་སྲོག་གི་རླུང་ཡིན་པར་བཤད་ལ། ཕྱི་མ་གཉིས་ཀྱིས་འགྲོ་བ་དང་དེའི་སྐྱེ་འཆི་སོགས་རླུང་སེམས་ཀྱི་རྣམ་འཕྲུལ་དུ་གསུངས་སོ། །སྒྱུ་ལུས་སྒྲུབ་ཚུལ་བསྡུ་ན། སྔར་བཞིན་སེམས་དབེན་ལེགས་པར་གོམས་ནས་མཐར་ཕྱིན་པའི་དཔེའི་འོད་གསལ་ལས་ལུགས་ལྡོག་ཏུ་ལངས་པའི་ཚེ། ཉེར་ཐོབ་གྲུབ་པ་དང་མཉམ་དུ་འགྲུབ་པ་ཡིན་ལ། དེ་ཡང་རླུང་ཐམས་ཅད་སྙིང་ཁའི་རྩ་འཁོར་གྱི་ནང་དུ་བསྡུས་ནས་ཐིམ་པས་སྣང་མཆེད་ཐོབ་གསུམ་དང་། ཁྱད་པར་འོད་གསལ་གྱི་བཞོན་པའི་རླུང་ཤིན་ཏུ་ཕྲ་བས་ཉེར་ལེན་དང་འོད་གསལ་གྱི་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ཆུ་ལས་ཉ་ལྡང་བ་ལྟར་འགྲུབ་པར་འགྱུར་ཞིང་། སྐུ་དེ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པར་ཡོད་དོ། །ལྡང་བ་ནི་ཐོག་མ་སྙིང་ཁ་ནས་གྲུབ་སྟེ་དེ་མ་ཐག་ལུས་ཀྱི་ཕྱིར་ལྡང་བ་དང་། ཐོག་མ་ཉིད་ནས་ལུས་ཀྱི་ཕྱི་རོལ་ཏུ་འགྲུབ་པའི་ཚུལ་གཉིས་སོ། །འདིར་བསྲེ་བ་ལ་བསྡུ་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་བསྲེ་བ་སྟེ་གསུམ་བཤད་ཅིང་། ཕྱེ་ན་རེ་རེ་ལའང་གསུམ་གསུམ་སྟེ་དགུ་བཤད་དེ། དེ་ཡང་སད་དུས་ཀྱི་སྐུ་གསུམ་དང་། གཉིད་དུས་ཀྱི་སྐུ་གསུམ་དང་། འཆི་དུས་ཀྱི་སྐུ་གསུམ་དང་བསྲེ་བའོ། །དེ་དག་ཀྱང་བསྡུ་ན་སད་དུས་ཆོས་སྐུ་དང་བསྲེ་བ་ནི། གཉིད་སད་པའི་དུས་སུ་ལུས་ལ་གནད་དུ་བསྣུན་པ་ལ་བརྟེན་ནས་སྟོང་བཞི་དགའ་བཞིའི་ངོ་བོར་དྲང་སྟེ་འོད་གསལ་གྱི་དུས་སུ་བདེ་སྟོང་སྦྱར་ནས་བསྒོམ་པའོ། །སད་དུས་ཀྱི་ལོངས་སྐུ་དང་བསྲེ་བ་ནི། འོད་གསལ་དེ་ལས་ཡིད་ངོར་རམ་དངོས་གནས་ལ་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུར་ལངས་པའོ། །སད་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ནི། སྔར་གྱི་སྐུ་དངོས་སམ་རྗེས་སུ་མཐུན་པ་དེ་རྣམ་སྨིན་གྱི་ཕུང་པོ་རྡོ་རྗེ་འཆང་གི་སྐུར་བསྒོམས་པའི་སྙིང་ཁར་འཇུག་པའོ། །གཉིད་དུས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དང་བསྲེ་བའི་དང་པོ་ནི། གཉིད་ཀྱི་དུས་སུ་སྔར་ལྟར་བདེ་སྦྱོར་བ་དང་། གཉིས་པ་ནི། རྨི་ལམ་གྱི་ལུས་ཁྱད་པར་ཅན་དེ་རྡོ་རྗེ་འཆང་དུ་བཞེངས་པའམ་མིན་ཀྱང་དེར་སྒོམ་པ་དང་། གསུམ་པ་ནི། སྐུ་དེ་ཉིད་རྣམ་སྨིན་གྱི་ལུས་ལ་འཇུག་པ་སྟེ་གསུམ་མོ། །འཆི་དུས་ཀྱི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་བསྲེ་བ་གསུམ་ལས། འཆི་བའི་ཚེ་འབྱུང་བ་རྣམས་རིམ་གྱིས་ཐིམ་པའི་རྗེས་སུ་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་རང་ཤུགས་ཀྱི་འཆར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་ལ། དེ་དག་ངོ་ཤེས་པར་བྱས་ནས་སྒོམ་པ་དང་སྦྱར་ཏེ། འོད་གསལ་ཤར་བའི་ཚེ་ལྟ་ཐོག་ཏུ་འཇོག་པ་ནི་བུའི་འོད་གསལ་ཏེ་དང་པོ་འཆི་བ་ཆོས་སྐུ་དང་བསྲེ་བའོ། །འོད་གསལ་དེ་ལས་ལངས་པའི་ཚེ་ལྷར་དངོས་སུ་ལྡང་བའམ་ལྡང་བར་མོས་ནས་སྒོམ་པ་ནི་གཉིས་པ་བར་དོ་ལོངས་སྐུ་དང་བསྲེ་བའོ། །ལྡང་བའི་ལྷ་སྐུའམ་བར་དོ་བ་དེ་མངལ་དུ་སྐྱེ་བ་ལེན་པའི་ལུས་རྡོར་སེམས་སུ་བསྒོམས་ནས་དེར་འཇུག་པ་ནི་གསུམ་པ་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བའོ། །གཉིས་པ་ནི། རིམ་པ་གསུམ་པའི་སྒྱུ་ལུས་པ་དེས་བསྲེ་བ་དང་སྤྱོད་པ་གསུམ་ཅི་རིགས་ལ་བརྟེན་ནས་མཉམ་བཞག་ཏུ་སྟོང་པ་བཞི་ཡང་ཡང་དྲངས་ཏེ་བདེ་སྟོང་སྦྱར་ནས་བསྒོམ་པ་དང་། རྗེས་ཐོབ་ཏུ་གང་སྣང་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཏུ་འཆར་བ་ལ་བསླབས་པས་རིམ་གྱིས་སྟོང་པ་དང་པོ་གསུམ་གྱི་མཐར་འོད་གསལ་ཤར་བའི་ཚེ་རིམ་པ་གསུམ་པའི་མ་དག་པའི་སྒྱུ་ལུས་དེ་འཇའ་ཡལ་བ་ལྟར་དག་ནས་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་རྟོགས་པའི་དོན་གྱི་འོད་གསལ་མངོན་དུ་འགྱུར་རོ། །གསུམ་པ་ནི། རིམ་པ་བཞི་པའི་དོན་གྱི་འོད་གསལ་ལས་ལངས་པའི་ཚེ་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་མཉམ་དུ་འོད་གསལ་དེའི་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་པར་འགྱུར་རོ། །དེ་ཡང་སྤངས་པ་ཟུང་འཇུག་ཡིན་གྱི། རྟོགས་པ་ཟུང་འཇུག་ནི་དེའི་རྗེས་སུ་འབྱུང་ངོ་། །དེ་ལྟ་བུའི་སྐུ་དེ་སླར་ལུས་རགས་པ་ལ་ཞུགས་ནས་སེམས་དཔའ་སུམ་བརྩེགས་དང་སྤྱོད་པ་གསུམ་ཅི་རིགས་གོམས་པར་བྱས་ཏེ། དེའི་རྒྱུན་ལས་མི་སློབ་པའི་ཟུང་འཇུག་གི་སྐུར་འཚང་རྒྱ་བ་ཡིན་ནོ། །དེ་ལྟ་བུའི་གོ་རིམ་ནི། བླ་མེད་དུ་དང་བོ་ཉིད་ནས་རིགས་ངེས་པའི་དབང་དུ་མཛད་པ་ཡིན་ལ། གཞན་ཕར་ཕྱིན་ཐེག་པའི་བྱང་སེམས་ཚོགས་སྦྱོར་བ་དང་ས་དང་པོ་སོགས་ནས་ཀྱང་བླ་མེད་དུ་འཇུག་པ་ཡོད་ཅིང་། འཇུག་པའི་མཚམས་ཡང་ཁ་ཅིག་བསྐྱེད་རིམ་ནས་དང་། ཁ་ཅིག་རྫོགས་རིམ་གྱི་ལུས་དབེན་སོགས་ཅི་རིགས་ནས་འཇུག་ལ། ས་བཅུ་པའི་སྲིད་པ་ཐ་མ་བ་བླ་མེད་དུ་འཇུག་པ་ནི་རིམ་པ་བཞི་པའི་དོན་གྱི་འོད་གསལ་ནས་ཡིན་གྱི། དེའི་སྔོན་དུ་མིན་ནོ། །འདི་དག་ནི་གཙོ་བོ་གསང་བ་འདུས་པའི་དབང་དུ་བྱས་པ་སྟེ། ཕ་རྒྱུད་གཞན་ལའང་ཐ་སྙད་མི་འདྲ་བ་ཡོད་པ་ཙམ་མ་གཏོགས་དོན་འདི་དང་འདྲ་བར་སྦྱར་རུང་ངོ་། །འདིར་བཤད་པར་བྱ་བ་མང་དུ་ཡོད་ཀྱང་མང་པར་དོགས་ནས་མ་བྲིས་སོ། །གཉིས་པ། འཇིགས་བྱེད་ཀྱི་རྫོགས་རིམ་དེའི་སྨོན་ལམ་ནས་འབྱུང་བ་ལྟར་མདོར་བསྡུས་ཞིག་བཤད་པར་བྱ་སྟེ། དེ་ཡང་སྨོན་ལམ་ལས། ཟབ་ལམ་རིམ་པ་ལྔ་ཡི་གནད་ཀྱི་དོན། །མ་ལུས་བསྡུས་པ་རྣལ་འབྱོར་རྣམ་པ་བཞི། །ཞེས་འབྱུང་བ་ལྟར་འདིའི་རྫོགས་རིམ་ནི་སྔར་གསང་འདུས་ཀྱི་སྐབས་སུ་བཤད་པ་བཞིན་རིམ་པ་ལྔར་འབྱེད་པ་ཡིན་ཀྱང་། ལྔ་པོ་བསྡུ་ན་རྣལ་འབྱོར་བཞིར་འདུ་བས་དེ་ལྟར་འཆད་པ་ལ་བཞི། སྔགས་ཀྱི་རྣལ་འབྱོར། བྱིན་རླབས་སམ་དམ་ཚིག་གི་རྣལ་འབྱོར། དབྱིབས་ཀྱི་རྣལ་འབྱོར་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །དང་པོ་ལ། སྔོན་འགྲོ་ལྟེ་བར་གནད་དུ་བསྣུན་ཚུལ་དང་། དེ་ནས་བུམ་པ་ཅན་དང་རྡོར་བཟླས་བྱ་ཚུལ་ལོ། །དང་པོ་ནི། དེ་ཉིད་ལས། སྤྲུལ་པའི་འཁོར་ལོར་འདོད་ལྷ་ཡབ་ཡུམ་ལ། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། ལྟེ་བའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་ཟླ་གདན་ལ་འཇིགས་བྱེད་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་བསྒོམས་པའི་ཡབ་ཀྱི་ཐུགས་ཀར་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཆགས་པ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བསྒོམས་ཏེ། རྗེས་གཞིག་གི་སྡུད་རིམ་བྱེད་ཚུལ་ནི། ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པ་སྣོད་བཅུད་ཀྱི་འཇིག་རྟེན་ལ་ཕོག་པས་སྣོད་དག་པའི་ཞིང་དང་བཅུད་ཀྱི་སེམས་ཅན་འཇིགས་བྱེད་ཡུམ་བཅས་སུ་བསྒྱུར། དེ་ནི་སྣོད་ཐམས་ཅད་བཅུད་ཀྱི་སེམས་ཅན་ལ་ཐིམ། དེ་ཐམས་ཅད་རང་དང་རང་ཡབ་ཡུམ་ལྟེ་བའི་ཡེ་ཤེས་སེམས་དཔའ་ཡུམ་ལ་ཐིམ། དེ་ཡང་སྟོད་སྨད་ནས་ཐུགས་ཀའི་ཧཱུཾ་དང་། ཧཱུཾ་ཡང་ཞབས་ཀྱུ་ནས་ནཱ་དའི་བར་རིམ་གྱིས་ཐིམ་ཞིང་། ནཱ་ད་ལ་དམིགས་ནས་རྩེ་གཅིག་ཏུ་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་རྟགས་རྣམས་འབྱུང་ཞིང་མཐར་འོད་གསལ་འཆར་བར་བྱེད་དོ། །གཉིས་པ་ནི། ཆོས་ཀྱི་འཁོར་ལོར་སྔགས་ཀྱི་རྣལ་འབྱོར་མཆོག །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། དང་པོ་བུམ་པ་ཅན་ནི་རང་འཇིགས་བྱེད་དུ་གསལ་བའི་ཐུགས་ཀའི་དྷཱུ་ཏཱིའི་ནང་དུ་ཐིག་ལེ་དཀར་དམར་ཁ་སྦྱར་གྱི་ཚུལ་དུ་ཡོད་བའི་དབུས་སུ་ཧཱུཾ་ཡིག་དཀར་པོ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དེ། སྟེང་འོག་གི་རླུང་གཉིས་དྲངས་ནས་དེ་ལ་ཐིམ་པར་ཡང་ཡང་བསམས་པས་རླུང་དབུ་མར་ཞུགས་གནས་ཐིམ་པའི་རྟགས་རྣམས་འབྱུང་ཞིང་འོད་གསལ་འཆར་བར་བྱེད་དོ། །གཉིས་པ་སྙིང་ཁར་རྡོར་བཟླས་བྱ་ཚུལ་ནི། རང་ཉིད་འཇིགས་བྱེད་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་ཧཱུ ཾ་ལ་དམིགས་པ་གཏད་དེ། རླུང་ནང་དུ་འཇུག་པའི་ཚེ་ༀ་གྱི་གདངས་དང་། ནང་དུ་ཞུགས་ནས་ཧཱུཾ་ལ་ཐིམ་པ་ན་ཨཱཿའི་གདངས་ཀྱིས་གནས་པ་དང་། ཕྱིར་ལྡང་བ་ན་ཧཱུཾ་གི་གདངས་སུ་ཤར་བའི་དམིགས་པ་ཡང་ཡང་བྱས་ཏེ་བསྒོམས་པས་སྙིང་གའི་རྩ་མདུད་གྲོལ་ནས་འོད་གསལ་འཆར་བར་བྱེད་དོ། །གཉིས་པ་བྱིན་རླབས་ཀྱི་རྣལ་འབྱོར་ནི། སླར་ཡང་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱིས། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། རང་ལྷར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྣོད་ཐམས་ཅད་ཞུ་ནས་བཅུད་ལ་ཐིམ་པ་ནས་ཧཱུཾ་ཡིག་ནཱ་ད་ལ་ཐིམ་པའི་བར་སྔར་བཞིན་རྗེས་གཞིག་གི་སྡུད་རིམ་དང་། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་དང་སྙོམས་པར་ཞུགས་པའི་རྐྱེན་གྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པས་དགའ་བཞི་དྲངས་ནས་བདེ་སྟོང་སྦྱོར་ཞིང་། དཔེའི་འོད་གསལ་གྱི་སེམས་དབེན་མཐར་ཐུག་བསྐྱེད་པར་བྱའོ། །གསུམ་པ་ལ་དབྱིབས་ཀྱི་རྣལ་འབྱོར་ནི། འཆི་རིམ་ཇི་བཞིན་རླུང་རྣམས་མ་ལུས་པ། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། སྔར་བཞིན་ཕྱག་རྒྱ་གཉིས་གང་རུང་དང་སྙོམས་འཇུག་བྱས་པས། ཀུན་རྟོག་གཡོ་བྱེད་ཀྱི་རླུང་ཐམས་ཅད་འཆི་རིམ་བཞིན་དུ་སྙིང་གའི་མི་ཤིགས་པ་ལ་ཐིམ་པའི་དཔེའི་འོད་གསལ་མཐར་ཐུག་ལས་ལངས་པ་དང་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་མཉམ་དུ་མ་དག་པའི་སྒྱུ་ལུས་འགྲུབ་པར་འགྱུར་ཏེ་སྔར་བཤད་པ་དང་འདྲའོ། །བཞི་པ་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ལ་གཉིས་ལས། དང་པོ་དོན་གྱི་ལྷན་སྐྱེས་ནི། དབང་པོའི་གཞུ་ལྟར་དྭངས་པའི་སྐུ་དེ་ཉིད། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། མ་དག་པའི་སྒྱུ་ལུས་པ་དེས་ཕྱག་རྒྱ་ལ་བརྟེན་ནས་རྗེས་གཞིག་གི་སྡུད་རིམ་ཡང་ཡང་བྱས་པས་མཐར་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་མངོན་དུ་གྱུར་མ་ཐག་མ་དག་པའི་སྒྱུ་ལུས་དེ་འཇའ་ཡལ་བ་ལྟར་དག་པར་འགྱུར་རོ། །གཉིས་པ་ཟུང་འཇུག་ནི། དོན་གྱི་ལྷན་ཅིག་སྐྱེས་པ་དེ་ཉིད་ལས། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། དོན་གྱི་འོད་གསལ་དེ་ལས་ལངས་མ་ཐག་ཏུ་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་པར་འགྱུར་ཞིང་། དེའི་རྒྱུན་པས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་ཀྱང་འཐོབ་པར་འགྱུར་རོ། །ཞེས་པ་ནི་ལྡེ་མིག་ལྟ་བུ་སྟེ་དོན་བསྡུས་པའོ། །གཉིས་པ་མ་རྒྱུད་ཀྱི་རྫོགས་རིམ་ལ་གཉིས། བདེ་མཆོག་དང་། དུས་འཁོར་གྱི་རྫོགས་རིམ་མོ། །དང་པོ་ནི། སྤྱིར་མ་རྒྱུད་ལ་བདེ་མཆོག་གཉིས་དང་ཀྱཻ་རྡོར་སོགས་མང་ཡང་། འདིར་མ་རྒྱུད་ཀྱི་གཙོ་བོ་བདེ་མཆོག་གཉིས་དོན་ཕལ་ཆེར་འདྲ་བར་སྣང་སྟེ། འདི་ལ་རིམ་པ་ལྔ་དང་དྲུག་ཏུ་འབྱེད་པའང་ཡོད་ལ། རིམ་པ་ལྔར་བྱེད་པ་ཡང་གསང་འདུས་ཀྱི་རིམ་པ་ལྔ་དང་ཆུང་མི་འདྲ་བ་ཡོད་དེ། རང་བྱིན་གྱིས་བརླབས་པའི་རིམ་པ་དང་། སྣ་ཚོགས་རྡོ་རྗེའི་རིམ་པ་དང་། ནོར་བུ་འགེངས་པའི་རིམ་པ་དང་། ཛཱ་ལན་དྷཱ་རའི་རིམ་པ་དང་། བསམ་གྱིས་མི་ཁྱབ་པའི་རིམ་པའོ། །འདིར་རྗེའི་ལཱུ་ཧི་པའི་སྨོན་ལམ་ལས། འབྱུང་བ་དང་བསྟུན་ནས་མདོར་བསྡུས་བརྗོད་པར་བྱ་སྟེ། འདི་ལ་གཉིས། སྲོག་དྷཱུ་ཏཱིར་འཛིན་པའི་རྣལ་འབྱོར་དང་། བཟུང་ནས་བསྒོམ་ཚུལ་ལོ། །དང་པོ་ལ་གསུམ། སྤྲིན་སྒྲ་ལ་སེམས་བརྟན་པར་བྱེད་པ། རྡོར་བཟླས་བྱ་ཚུལ། རྗེས་གཞིག་གི་བསམ་གཏན་ནོ། །དང་པོ་ནི། དེ་ཉིད་ལས། སྤྲུལ་པའི་འཁོར་ལོའི་དབུས་སུ་སྤྲིན་སྒྲ་ལ། །ཞེས་སོགས་རྐང་པ་དྲུག་གིས་སྟོན་ཏེ། སྦྱོར་བ་རྣམས་ཚང་བར་བྱས་ནས། ལྟེ་བའི་བུག་པའི་ཐད་སོར་སྒལ་ཚིག་ལ་ཉེ་བར་སྤྲུལ་པའི་འཁོར་ལོའི་དབུས་དྲང་པོ་ན་རྩ་དབུ་མ་ལ་རོ་རྐྱང་གི་མདུད་པས་བཅིངས་པའི་ཐད་ཀྱི་དབུ་མའི་ནང་དུ་ཐིག་ལེ་དཀར་དམར་གྱི་དབུས་སུ་སྤྲིན་སྒྲའི་ཧཱུཾ་ཡིག་མདོག་དེ་འདྲ་བའི་སྟེང་དུ་ཐིག་ལེ་དང་དེའི་སྟེང་དུ་ནཱ་ད་ཡང་མདོག་དེ་ལྟ་བུ་ཞིག་བསམས་ཏེ། དེ་ལ་དམིགས་པ་གཏད་ནས་བསྒོམས་པས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་སེམས་ཟིན་ན་ཟླ་ཉི་རོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱེད་པ་འབྱུང་ཞིང་། དེ་ལ་བརྟེན་ནས་གསང་གནས་དང་ལྟེ་བའི་ཙཎྜ་ལི་གཏུམ་མོ་སྦས་པས་ལུས་ཀྱི་རྩ་རྣམས་གཡོས་པ་ན་བྱང་སེམས་བབས་ཏེ། ཡས་བབས་དང་མས་བརྟན་གྱི་དགའ་བཞི་སྟོང་བཞིའི་ངོ་བོར་བསྐྱེད་ནས་བདེ་སྟོང་སྦྱར་ནས་བསྒོམ་པའོ། །གཉིས་པ་ནི། འཇུག་དང་གནས་དང་ལྡང་བའི་རླུང་གིས་ནི། །ཞེས་སོགས་དྲུག་གིས་སྟོན་ཏེ། དྷཱུ་ཏཱིའི་ནང་དུ་སྔར་གྱི་ཧཱུཾ་ཡིག་གི་ནཱ་ད་ལ་དམིགས་ཏེ། རླུང་ནང་དུ་འཇུག་པའི་ཚེ་ༀ་གྱི་གདངས་དང་། ཞུགས་ནས་གནས་པའི་དུས་སུ་ཨཱཿཡིག་གི་གདངས་དང་། ཕྱིར་ལྡང་བ་ན་ཧཱུཾ་གི་གདངས་ཀྱི་རྣམ་པར་བསམས་ཏེ་རྡོར་བཟླས་བྱས་པ་ལ་བརྟེན་ནས་རླུང་དྷཱུ་ཏཱིའི་ནང་དུ་འཇུག་ནུས་པ་འོང་ཞིང་། སྔར་བཞིན་གཏུམ་མོ་སྦར་ཏེ་སྤྱི་བོའི་ཧཾ་ཡིག་སོགས་ལས་བྱང་སེམས་བབས་པ་ལ་བརྟེན་ནས་ལྟེ་བ་དང་སྙིང་གའི་རྩ་མདུད་སོགས་ལེགས་པར་གྲོལ་ནས་འོད་གསལ་འཆར་བར་བྱེད་ཏེ་རྡོར་བཟླས་སོ། །གསུམ་པ་ནི། མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་བཞིན་དུ། །ཞེས་སོགས་རྐང་པ་དྲུག་གིས་སྟོན་ཏེ། རང་ཧེ་རུ་ཀ་ཡབ་ཡུམ་དུ་བསྒོམས་ཏེ་ཡབ་ཡུམ་སྙོམས་འཇུག་པའི་དགའ་བའི་སྒྲ་དང་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་རིམ་གྱིས་བསྡུས་ནས་རང་དང་ལྟེ་བའི་ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ་ཐིམ། དེ་གཉིས་ཀྱང་སྙོམས་པར་ཞུགས་པས་ཞུ་སྟེ། ལྟེ་བའི་དྷཱུ་ཏཱིའི་ནང་གི་ཧཱུཾ་ཡིག་ལ་ཐིམ་པས། དེ་ཨཱུ་ནས་ནཱ་དའི་བར་རིམ་གྱིས་ཐིམ་ཞིང་ནཱ་ད་ཡང་མི་དམིགས་པར་བྱས་ཏེ་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་འབྱུང་ལ། དེའི་ཚེ་བྱང་སེམས་ཞུ་བ་མགྲིན་པ་སོགས་སུ་སླེབ་པ་ན་དགའ་བ་ལ་སོགས་པ་དགའ་བཞི་སྟོང་བཞིའི་ངོ་བོར་བསྐྱེད་ཅིང་ཁྱད་པར་ལྷན་སྐྱེས་ཀྱི་དགའ་བའི་དུས་སུ་ཐམས་ཅད་སྟོང་པ་འོད་གསལ་ཤར་བའི་ཚེ་བདེ་སྟོང་སྦྱར་ནས་བསྒོམ་པར་བྱ་སྟེ་རྗེས་གཞིག་གོ །གཉིས་པ་ལ་གཉིས། སྟོང་ཕྱོགས་ཀྱི་རྫོགས་རིམ་དང་། སྣང་ཕྱོགས་ཀྱི་རྫོགས་རིམ་མོ། །དང་པོ་ནི། བསམ་གྱིས་མི་ཁྱབ་འོད་གསལ་ཕྱག་རྒྱ་ཆེ། །ཞེས་སོགས་རྐང་པ་གསུམ་གྱིས་སྟོན་ཏེ། སྔར་ལྟར་ལྟེ་བའི་དབུ་མའི་ནང་དུ་སེམས་བཟུང་བ་ལ་བརྟེན་ནས་ས་ཆུ་ལ་ཐིམ་པའི་རྟགས་སྨིག་རྒྱུ་ལྟ་བུ་སོགས་ལྔ་འཆར་ཞིང་། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་འབྱུང་ལ། ཁྱད་པར་འོད་གསལ་གྱི་དུས་སུ་བདེ་སྟོང་སྦྱར་ནས་རྩེ་གཅིག་ཏུ་བསྒོམ་པར་བྱ་སྟེ། སྟོང་ཕྱོགས་བསམ་མི་ཁྱབ་པའི་རིམ་པ་དངོས་སོ། །གཉིས་པ་ལ་གསུམ། རྗེས་ཐོབ་ཏུ་སྐྱོང་ཚུལ་བསྟན་པ་དང་། སྒྱུ་ལུས་སུ་ལྡང་ཚུལ་དང་། དེ་ལས་ཟུང་འཇུག་བསྒྲུབ་ཚུལ་ལོ། །དང་པོ་ནི། ལངས་པར་གྱུར་ཚེ་གང་ཤར་སྣང་བ་ཀུན། །ཞེས་སོགས་རྐང་པ་ལྔས་སྟོན་ཏེ། མཉམ་གཞག་དེ་ལས་ལངས་པའི་དུས་སུ་དཔེར་ན་ཆུ་ལས་སུ་རླབས་འབྱུང་ཞིང་དེ་ཆུའི་འཕྲུལ་ཡིན་པ་ལྟར། མཉམ་བཞག་ཏུ་ལྷན་སྐྱེས་ཀྱི་ཡེ་ཤེས་གོམས་པ་ལས་རྗེས་ཐོབ་ཏུ་གང་སྣང་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཏུ་འཆར་བ་ལ་བསླབ་པར་བྱའོ། །དེ་ལྟར་འོང་བ་ནི་སྤྱིར་ཆོས་ཐམས་ཅད་བློས་བཏགས་པ་ཙམ་ཡིན་པ་དང་། ཆོས་ཅན་ཐམས་ཅད་ཆོས་ཉིད་སྟོང་པའི་འཕྲུལ་ཡིན་པའི་སྟོབས་སོ། །གཉིས་པ་ནི། རིམ་པ་དེ་ཡིས་དཔེ་ཡི་ལྷན་སྐྱེས་ལས། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། སྔོན་དུ་བསམ་གཏན་གོམས་པ་དང་སྒྱུ་ལུས་སུ་ལྡང་བར་བྱའོ་སྙམ་དུ་འཕེན་པ་བཏང་བའི་དབང་གིས། བསམ་གྱིས་མི་ཁྱབ་པའི་དཔེའི་འོད་གསལ་གྱི་མཐར་ལུགས་ལྡོག་ཏུ་ལྡང་བའི་ཚེ། ཆུ་ལས་ཉ་གློ་བུར་ལ་སྟེང་དུ་འཕར་འོང་བ་ལྟར། འོད་གསལ་དེ་ལས་གློ་བུར་དུ་སྒྱུ་འཕྲུལ་དྲ་བ་སྒྱུ་མའི་སྐུ་འགྲུབ་པར་འགྱུར་རོ། །གསུམ་པ་ལ་གཉིས། སློབ་པའི་ཟུང་འཇུག་དང་། མི་སློབ་པའི་ཟུང་འཇུག་སྒྲུབ་ཚུལ་ལོ། །སྒྱུ་མའི་ལུས་མཛེས་ཡང་ཡང་འོད་གསལ་དུ། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། འདི་ལའང་མཉམ་རྗེས་གཉིས་ལས། དང་པོ་ནི། སྔར་ཐོབ་པ་རིམ་པ་གསུམ་པའི་མ་དག་པའི་སྒྱུ་ལུས་དེ་རྗེས་གཞིག་གིས་འོད་གསལ་དུ་ཡང་ཡང་བཅུགས་པས་མཐར་སྦྱངས་ནས་རིམ་པ་བཞི་པ་དོན་གྱི་ལྷན་སྐྱེས་ཀྱི་འོད་གསལ་མངོན་དུ་འགྱུར་རོ། །གཉིས་པ་ནི། འོད་གསལ་དེ་ལས་ལྡང་བ་དང་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་མཉམ་དུ་སློབ་པའི་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །འདིར་བསྲེ་བ་བྱེད་པའི་སྐོར་ཡོད་ཀྱང་མི་འཆད་དོ། །གཉིས་པ་ནི། དཔའ་བར་འགྲོ་བའི་ཏིང་འཛིན་དེ་ཉིད་ནི། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། སྔར་ཐོབ་པའི་སློབ་པའི་ཟུང་འཇུག་གི་ཏིང་ངེ་འཛིན་ལ་བསྲེ་བ་གསུམ་དང་སྤྱོད་པ་རྣམ་པ་གསུམ་ཅི་རིགས་ལ་བསླབ་པས་གོམས་པར་བྱས་པའི་མཐར་ཡང་། དོན་གྱི་ལྷན་སྐྱེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་བཞིན་པའི་ངང་ནས་སྒྲིབ་པ་སྦྱངས་ཏེ། སྔར་ལྟར་འོད་གསལ་ལ་མི་སློབ་པའི་ཟུང་འཇུག་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་འགྱུར་ཏེ། ཟུང་འཇུག་ནི་གསང་འདུས་ཀྱི་སྐོར་དང་འདྲའོ། །འདི་དག་ནི་སྣང་ཕྱོགས་བསམ་གྱིས་མི་ཁྱབ་པའི་རིམ་པ་སྟེ། དོན་བསྡུས་པའོ། །རང་བྱིན་གྱིས་བརླབ་པའི་རིམ་པ་སོགས་ལྔར་འབྱེད་པའི་ཚེ་གོ་རིམ་ནི་བསམ་གྱིས་མི་ཁྱབ་པའི་འོད་གསལ་གྱི་སྔོན་དུ་ཛཱ་ལན་དྷ་རའི་རིམ་པ་འགྲོ་དགོས་པས་རྗེས་གཞིག་གིས་སྣོད་བཅུད་འོད་གསལ་དུ་བཅུགས་ནས་མཐར་དགའ་བཞི་བསྐྱེད་པའི་སྐོར་ནི་དེའོ། །དེའི་སྔོན་དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་འོད་གསལ་བསྒོམ་པའི་རིམ་པ་འགྲོ་དགོས་པས་དེ་ནི་ནོར་བུ་འགེང་པའི་རིམ་པའོ། །དེའི་སྔོན་དུ་ཧེ་རུ་ཀ་ཡབ་ཡུམ་ཏུ་གསལ་བའི་དབུ་མའི་ཡར་སྣ་དང་མར་སྣར་རྡོ་རྗེ་ཧཱུཾ་གིས་མཚན་པར་སྒོམ་པའི་སྐོར་ནི་འགྲོ་དགོས་པས། དེ་ནི་སྣ་ཚོགས་རྡོ་རྗེའི་རིམ་པའོ། །དེའི་སྔོན་དུ་རྡོར་བཟླས་དང་ལྟེ་བའི་དྷཱུ་ཏཱིའི་ནང་དུ་ཐིག་ལེའི་ནཱ་དར་དམིགས་པ་གཏོད་པའི་སྐོར་ཡང་འགྲོ་དགོས་པས། དེ་ནི་བདག་བྱིན་རླབས་ཀྱི་རིམ་པའོ། །གཞན་ཡང་བདེ་མཆོག་གི་རིམ་ལྔ་ལ་ཕ་རྒྱུད་ཀྱི་རིམ་ལྔ་དང་འདྲ་བ་ཞིག་ཀྱང་ཡོད་པར་རྗེས་བཤད་དེ་མ་བྲིས་སོ། །གཉིས་པ་དུས་འཁོར་ལ་གཉིས། བཤད་བྱའི་ཁུངས་དགོད་པ་དང་། དེའི་དོན་བསྡུས་ནས་བཤད་པའོ། །དང་པོ་ནི། རྗེ་ཞལ་སྔ་ནས་སོ་སོར་སྡུད་དང་བསམ་གཏན་ཡན་ལག་གིས། ཨ་ཝ་དྷཱུ་ཏཱིའི་ཡར་སྣར་སྲོག་སྡུད་ཤེས། །སྒྲ་གཅན་ལམ་ནས་རླུང་སྔགས་མི་ཕྱེད་པས། །ལྷུན་གྱིས་གྲུབ་པའི་ཟབ་མོའི་རྡོར་བཟླས་ཤེས། །བུམ་པ་ཅན་གྱིས་སྲོག་དང་ཐུར་སེལ་གཉིས། །དབུ་མའི་ནང་དུ་ཁ་སྦྱོར་བྱེད་ཚུལ་ཤེས། །འཛིན་པ་ཐིག་ལེ་ལ་ནི་སྲོག་ཞུགས་པས། །དག་པའི་སྐུ་ལ་སྤྲོ་དང་བསྡུ་བ་ཤེས། །རྗེས་དྲན་སྟོང་གཟུགས་ཕྱག་རྒྱའི་ཆུ་སྐྱེས་ཀྱིས། །མི་འགྱུར་བདེ་བ་ཆེན་པོའི་འདྲེན་ཚུལ་ཤེས། །དེ་ཕྱིར་ལུགས་འདི་དུས་འཁོར་ཚུལ་སྨྲ་བ། །ལུགས་གཞན་དག་ལས་ཁྱད་པར་འཕགས་པ་སྟེ། །དེ་ལྟར་མི་ཤེས་དུས་འཁོར་ཚུལ་སྨྲ་བ། །དེ་དག་ཆུ་ནང་ཤར་བའི་ཟླ་གཟུགས་བཞིན། །ཞེས་གསུངས་པའི་རྡོ་རྗེའི་ཚིག་འདིའོ། །གཉིས་པ་ནི། འདིའི་རྫོགས་རིམ་ལ་སོར་སྡུད། བསམ་གཏན། སྲོལ་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་གྱི་ཡན་ལག་སྟེ་སྦྱོར་བ་ཡན་ལག་དྲུག་ཡོད་ལ། དེ་ཡང་སོར་བསམ་གཉིས་ཀྱིས་སྟོང་གཟུགས་ཀྱི་སྐུ་སྔར་མེད་གསར་དུ་སྒྲུབ་ཅིང་གྲུབ་ཟིན་བརྟན་པར་བྱེད། སྲོག་འཛིན་གཉིས་ཀྱིས་རླུང་དུལ་ཞིང་དབང་དུ་བྱེད། རྗེས་དྲན་གྱིས་སྟོང་གཟུགས་ཀྱི་ཕྱག་རྒྱ་ལས་མི་འགྱུར་བའི་བདེ་བ་སྒྲུབ་པར་བྱེད། ཏིང་ངེ་འཛིན་གྱིས་བདེ་བ་དེ་ཉིད་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་གོང་འཕེལ་དུ་བྱེད་དོ། །འོན་ཀྱང་འདིའི་སོར་སྡུད་ནི་གསང་འདུས་ནས་བཤད་པའི་སོར་སྡུད་དང་མིང་འདྲ་ཡང་དོན་མི་འདྲའོ། །འདི་དག་ཉམས་སུ་ལེན་ན། དང་པོར་འདིའི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་སྲུང་བ་གཞིར་བྱས་ཏེ། བསྐྱེད་རིམ་རྒྱས་བསྡུས་ཅི་རིགས་སྔོན་དུ་བཏང་ནས་ལུས་ཀྱི་བྱེད་ཆིངས་སོགས་བྱས་ལ་དང་པོ་སོར་སྡུད་ནི། རང་དུས་ཀྱི་འཁོར་ལོར་གསལ་བའི་རྩ་དབུ་མའི་ཡར་སྣ་སྨིན་མཚམས་སུ་སྲོག་མ་བཅད་པའི་བུག་པ་ལྟར་ཟུག་པའི་ས་དེར། མིག་ཕྱེད་གྱེན་དུ་ཕྱོགས་ཤིང་མིག་དང་རླུང་དང་ཡིད་གསུམ་རྩེ་གཅིག་ཏུ་བྱས་ནས་དམིགས་པ་གཏད་དེ་བསྒོམས་པས་ངེས་པ་དང་མ་ངེས་པའི་རྟགས་སྣ་ཚོགས་འཆར་ཞིང་། རླུང་དབུ་མར་ཞུགས་གནས་ཐིམ་པའི་རྟགས་འཆད་པ་རྣམས་འབྱུང་ལ། ཁྱད་པར་དུ་ཐུར་སེལ་གྱི་རླུང་ཐིམ་པའི་རྟགས་སུ་ཐིག་ལེ་སྔོན་པོ་ཡུངས་འབྲུ་ཙམ་གྱི་ནང་དུ། རེ་ག་ནག་པོ་སྐྲའི་ཚད་ཙམ་གྱི་དབུས་སུ་སྟོང་གཟུགས་རྡོར་སེམས་ཡབ་ཡུམ་གྱི་སྐུ་ཁྱད་ཆོས་ལྔ་ལྡན་འཆར་རོ། །འདི་དང་བསམ་གཏན་གཉིས་ལ་ཉིན་མཚན་གྱི་རྣལ་འབྱོར་བྱེད་ཚུལ་གཉིས་ཡོད་ཅིང་དེ་གཉིས་ཀྱི་སྐབས་སུ་རླུང་དབུ་མར་ཞུགས་གནས་ཐིམ་པའི་རྟགས་སུ་དུ་བ་སྨིག་རྒྱུ་མཁའ་སྣང་མར་མེ་དུས་མེ་ཟླ་ཉི་སྒྲ་གཅན་གློག་གི་རྟགས་དགུའི་རྗེས་སུ་སྔར་ལྟར་སྟོང་གཟུགས་ཀྱི་སྐུ་དེ་བཅུ་འཆར་བ་འདྲ་ཡང་། མཚན་མོའི་རྣལ་འབྱོར་གྱི་སྐབས་སུ་ཆེས་གསལ་ཞིང་བརྟན་པ་འབྱུང་ངོ་། །གཉིས་པ་བསམ་གཏན་ནི། སོར་སྡུད་ཀྱི་སྐབས་ལྟར་བསྒོམས་པས་སྟོང་གཟུགས་སྣ་ཚོགས་འཆར་བ་རྣམས་དུས་འཁོར་ཡབ་ཡུམ་དུ་བསྒྱུར་ནས་རྩ་བའི་སྟོང་གཟུགས་ཀྱི་སྐུ་ལ་བསྡུས་ཏེ་རྩེ་གཅིག་ཏུ་བསམ་གཏན་བྱེད་པའོ། །གསུམ་པ་སྲོག་རྩོལ་ནི། བསམ་གཏན་གྱི་སྐབས་སུ་རླུང་བསྒོམས་པས་རླུང་དབུ་མར་ཞུགས་པའི་རྟགས་བཅུ་འབྱུང་ཞིང་། མཐར་སྟོང་གཟུགས་ཀྱི་སྐུ་སྔར་ལྟར་ཤར་བ་རྣམས་རྩ་བའི་སྟོང་གཟུགས་གཅིག་ཏུ་འདུས་པར་བསམས་ནས་སྐུ་དེ་ༀ་གྱིས་དཔྲལ་བ་ནས་ནང་དུ་འཇུག་ཅིང་ཧཱུཾ་གིས་གནས་པ་དང་ཨཱཿའི་གདངས་ཀྱིས་ཕྱིར་ལྡང་བའི་རྡོར་བཟླས་བྱའོ། །འདིར་བུམ་པ་ཅན་ནི། རང་ལྷར་གསལ་བའི་སྟོད་ཀྱི་རླུང་རྣམས་རྩ་དབུ་མ་ནས་མར་དྲངས་ཏེ་ལྟེ་བའི་སྟོང་གཟུགས་ལ་བསྟིམ། སྨད་ཀྱི་རླུང་རྣམས་ཡར་དྲངས་ཏེ་དེ་ལ་བསྟིམ་ནས་ཁ་སྦྱོར་གྱི་ཚུལ་དུ་བསྒོམས་པས་སྔར་ལྟར་རྟགས་རྣམས་འབྱུང་ལ། དེའི་ཚེ་ལྟེ་བའི་གཏུམ་མོ་སྦར་བ་གཙུག་ཏོར་གྱི་བར་སོང་སྟེ་བྱང་སེམས་བཞུས་པས་དཔྲལ་བ་སོགས་སུ་སླེབ་པ་ན་དགའ་བཞི་སྐྱེ་བས་བདེ་སྟོང་སྦྱོར་བ་དང་། དེ་ལས་ལྡང་བའི་ཚེ་དུས་འཁོར་ཡབ་ཡུམ་གྱི་སྐུར་ལྡང་བར་མོས་པའོ། །བཞི་པ་འཛིན་པ་ནི། སྔར་ལྟར་བསྒོམས་པས་སྟོང་གཟུགས་ཀྱི་སྐུ་ལྟེ་བར་གནས་པ་དེ། གསང་གནས་ལྟེ་བ་སྙིང་ག་མགྲིན་པ་དཔྲལ་བ་གཙུག་ཏོར་གྱི་དབུས་སུ་དྲངས་ཏེ་སྲོག་ཐུར་བསྲེས་ནས་བསྒོམས་པས་གཏུམ་མོ་སྦར་བས་དགའ་བཞི་འདྲེན་པ་སོགས་སྔར་ལྟར་བྱའོ། །ལྔ་པ་རྗེས་དྲན་ནི། གོང་ལྟར་བསྒོམས་པས་རྟགས་རྣམས་རིམ་གྱིས་ཤར་ཏེ་མཐར་རེ་གའི་ནང་དུ་སྟོང་གཟུགས་དུས་འཁོར་ཡབ་ཡུམ་འཁོར་བཅས་ཀྱི་སྐུར་དངོས་སུ་བཞེངས་པ་འབྱུང་ཞིང་དེ་ནས་སྟོང་གཟུགས་ཡབ་ཡུམ་རྣམས་མཉམ་པར་སྦྱར་ནས་མི་འགྱུར་བའི་བདེ་བ་སྒྲུབ་པར་བྱེད་དོ། །དྲུག་པ་ཏིང་ངེ་འཛིན་ནི། རང་ལྷར་གསལ་བའི་ལྟེ་བའི་སྟོང་གཟུགས་ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་དབུ་མའི་ཡར་སྣ་མར་སྣ་ནས་བྱང་སེམས་དཀར་དམར་གྱི་རྡུལ་སྟེང་འོག་ཏུ་རིམ་གྱིས་བརྩེགས་པས་འཕོ་མེད་དུ་གནས་ཏེ་མི་འགྱུར་པའི་བདེ་བས་སྟོང་ཉིད་རྟོགས་པའི་བདེ་སྟོང་སྦྱར་ནས་བསྒོམ་པའོ། །དེ་ལྟར་རིམ་གྱིས་བྱང་སེམས་དཀར་དམར་གྱི་རྡུལ་བརྩེགས་པ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ལས་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐོབ་པའི་མཐར་སྐད་ཅིག་མ་གཅིག་ལ་འཚང་རྒྱ་བར་འགྱུར་རོ། །དེ་དག་ནི་རྗེ་ཡབ་སྲས་ཀྱི་མན་ངག་གི་སྙིང་པོ་བསྡུས་པ་སྟེ། རྒྱས་པར་ཤེས་འདོད་ན་གཞན་དུ་བལྟ་བར་བྱའོ། །བཞི་པ་ལ་གཉིས། མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་ཚུལ་ས་ལམ་དང་བཅས་པ་དང་། ཚེ་འདིར་དེ་མངོན་དུ་བྱེད་མི་ནུས་པས་ཇི་ལྟར་བྱའོ། །དང་པོ་ནི། སྔར་བཤད་པ་ལྟར་རིམ་གཉིས་ཉམས་སུ་བླངས་ཏེ་མཐར་མི་སློབ་པའི་ཟུང་འཇུག་ནམ་ཐོབ་པའི་ཚེ་སངས་རྒྱས་པ་ཡིན་ལ། དེ་ཡང་ཕར་ཕྱིན་ཐེག་པ་ལྟར་ན་རྫོགས་སྨིན་སྦྱངས་གསུམ་བྱས་ནས་མཐར་འདོད་ཁམས་སུ་འཚང་མི་རྒྱ་བར་གཟུགས་ཁམས་ཀྱི་འོག་མིན་ཏུ་འཚང་རྒྱ་བར་བཞེད་ཅིང་། གཟུགས་ཁམས་དེ་ནི་གནས་རིགས་བཅུ་བདུན་གྱི་ནང་ཚན་གྱི་གཟུགས་ཁམས་མིན་གྱི། དེའི་གོང་ན་གཟུགས་ཁམས་ཀྱི་འོག་མིན་གཉིས་པ་གཞན་ཞིག་ཡོད་པ་དེར་འཚང་རྒྱ་བར་འཕགས་པ་ཐོགས་མེད་སོགས་ཀྱིས་བཤད་དོ། །དེ་ལྟར་ན་ཕར་ཕྱིན་ཐེག་པའི་ལུགས་ལ་ལྷའི་རྟེན་ཁོ་ན་ལ་འཚང་རྒྱའི། མིའི་རྟེན་ལ་གསར་དུ་འཚང་རྒྱ་བར་མི་འདོད་དོ། །འོན་ཀྱང་འཚང་རྒྱ་བའི་ཚུལ་སྟོན་པ་ནི་མིའི་རྟེན་ལ་ཡོད་པར་བཞེད་དེ། མཆོག་གི་སྤྲུལ་སྐུ་ནི་མིའི་རྟེན་ལ་འབྱུང་བས་སོ། །སྔགས་བླ་མེད་ཀྱི་ལུགས་ལ་ལྷ་དང་མི་གཉིས་ཀའི་རྟེན་ལ་གསར་དུ་འཚང་རྒྱ་བ་ཡོད་པར་འདོད་དེ། ཚེ་གཅིག་ལ་འཚང་རྒྱ་ན་མི་ཁོ་ན་དང་གཞན་འོག་མིན་དང་འདོད་ལྷའི་རྟེན་ལའང་གསར་དུ་འཚང་རྒྱ་བར་བཞེད་པའི་ཕྱིར་རོ། །ཕར་ཕྱིན་ཐེག་པ་ལྟར་ན་ལོངས་སྐུ་ཐམས་ཅད་ངེས་པ་ལྔ་ལྡན་དུ་བཞེད་པ་མང་ལ། བླ་མེད་ཀྱི་སྐབས་སུ་མི་སློབ་པའི་ཟུང་འཇུག་པའི་སྐུ་ཅན་ཐམས་ཅད་ནི་ལོངས་སྐུར་བཞེད་དེ་མི་འདྲའོ། །ལུགས་གཉིས་ཀ་ལྟར་ན་སྤངས་རྟོགས་ཀྱི་ཆོས་སྐུ་གཉིས་ཧ་ལམ་འདྲ་ཡང་མི་འདྲ་བ་ཡོད་དེ། དེ་ཕྱག་རྒྱ་ལ་བརྟེན་ནས་ཐོབ་མ་ཐོབ་སོགས་ཀྱི་ཁྱ ད་པར་ཡོད་པའི་ཕྱིར་རོ། །གཉིས་ཀ་ལྟར་ན་ལུས་རགས་པ་བཟུང་བའི་སངས་རྒྱས་ཀྱི་སྐུ་ཐམས་ཅད་སྤྲུལ་པའི་སྐུ་ཡིན་པར་མཚུངས་སོ། །ཕར་ཕྱིན་ཐེག་པའི་ལམ་རྐྱང་པས་ས་བཅུ་པའི་བར་བགྲོད་ནུས་ཀྱང་། དེ་ནས་ལམ་ལ་སྔགས་ཀྱི་ལམ་བསྣོན་མ་བཏང་ནས་འཇུག་དགོས་ཤིང་དེ་ཡང་རིམ་པ་བཞི་པ་ནས་ཡིན་གྱི། དེའི་གོང་དུ་འཇུག་མི་དགོས་ཏེ། དེ་དག་གི་དོན་རྣམས་བསྒྲུབས་ཟིན་པའི་ཕྱིར་རོ། །ཕར་ཕྱིན་ཐེག་པ་ཙམ་དུ་མ་ཟད་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་ཁོ་ནས་ཀྱང་འཚང་རྒྱ་བར་མི་ནུས་པས། དེ་དག་ཀྱང་མཐར་བླ་མེད་དུ་འཇུག་དགོས་ཤིང་། འཇུག་པའི་སྐབས་ཀྱང་མཐའ་གཅིག་ཏུ་མ་ངེས་ཀྱི། ཁ་ཅིག་ནི་བསྐྱེད་རིམ་དང་། གཞན་དག་རྫོགས་རིམ་ནས་འཇུག་པར་ཡོད་པ་ནི་སྔར་དང་འདྲ་བའི་ཕྱིར་རོ། །མདོ་སྔགས་གང་གི་དབང་དུ་བྱས་ཀྱང་འབྲས་བུ་མཐར་ཐུག་མངོན་དུ་བྱེད་པ་ལ། ཐོག་མར་དཀོན་མཆོག་ལ་སྐྱབས་སུ་སོང་ནས་དེའི་བསྟན་པ་ལ་འཇུག་དགོས་ལ། དེ་ནས་རང་ཉིད་ངན་སོང་ལས་ཐར་འདོད་དང་། དེ་རྗེས་འཁོར་བའི་སྡུག་བསྔལ་མཐའ་དག་ལས་ཐར་འདོད་ཀྱི་ངེས་འབྱུང་བསྐྱེད་ཅིང་། དེ་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་འདོད་དང་དེ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་བསྐྱེད་དགོས་ཤིང་། དེ་ནས་སེམས་ཅན་ཐམས་ཅད་རྫོགས་བྱང་ལ་འགོད་འདོད་ཀྱི་ལྷག་བསམ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་རྫོགས་བྱང་ཐོབ་པར་འདོད་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་སྤྱོད་པ་ཕར་ཕྱིན་དྲུག་དང་བསྡུ་བཞི་ལ་བསླབ་དགོས་སོ། །ཐེག་ཆེན་གཉིས་ཀ་ལྟར་ནའང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་ཐེག་ཆེན་ལམ་དུ་ཞུགས་པ་དུས་མཉམ་པ་ཡིན་ལ། དེ་ནས་ཕར་ཕྱིན་ཐེག་པ་ལྟར་ན་ཚ ོགས་ལམ་གྱི་རྗེས་སུ་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཐོབ་པ་དང་སྦྱོར་ལམ་ཐོབ་པ་དུས་མཉམ་ཞིང་། དེ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནམ་གསར་དུ་རང་རྒྱུད་སྐྱེས་པའི་ཚེ་མཐོང་ལམ་ཐོབ་པ་དང་ས་དང་པོ་ཐོབ་པ་དུས་མཉམ་ལ། དེ་ཡང་ས་དང་པོ་ཐོབ་མ་ཐག་པའི་ཚེ་ཡེ་ཤེས་དེ་མཐོང་ལམ་བར་ཆད་མེད་ལམ་ཡིན་ཞིང་། དེས་བདེན་འཛིན་ཀུན་བཏགས་དངོས་སུ་སྤངས་པ་དང་ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་མངོན་དུ་བྱས་ནས་འགོག་བདེན་ཀྱང་ཐོབ་ལ། མཉམ་གཞག་དེ་ལས་ལངས་པ་ན་རྗེས་ཐོབ་ཡེ་ཤེས་འབྱུང་ངོ་། །ས་དང་པོའི་དཀྱིལ་སྟོད་མཐོང་ལམ་ཡིན་ཀྱང་། དཀྱིལ་སྨད་ནས་ས་བཅུ་པའི་བར་གྱི་ཡེ་ཤེས་ཐམས་ཅད་སྒོམ་ལམ་ཡིན་ཞིང་། དེ་ལ་སྤང་བྱ་སྤོང་ཚུལ་དང་ཡོན་ཏན་ཐོབ་ཚུལ་གཉིས་ཀྱིས་ས་བཅུར་འབྱེད་དོ། །སྤང་བྱ་སྤོང་ཚུལ་ཡང་དབུ་མ་རང་རྒྱུད་པ་རྣམས་ཀྱིས། མངོན་རྟོགས་རྒྱན་གྱི་རྗེས་སུ་འབྲངས་ནས་བདེན་འཛིན་ཤེས་སྒྲིབ་ཏུ་བྱས་པའི་ཀུན་བཏགས་རྣམས་མཐོང་ལམ་གྱི་སྐབས་སུ་སྤོང་ཞིང་། བདེན་འཛིན་ལྷན་སྐྱེས་ལ་ཆེ་འབྲིང་ཆུང་ངུ་སྒོར་དགུར་ཕྱེ་བ་རྣམས་རིམ་པ་བཞིན་དུ། ས་དང་པོའི་དཀྱིལ་སྨད་ནས་ས་བཅུ་པའི་བར་གྱིས་རིམ་པར་སྤངས་ཏེ། དེ་སྤངས་པ་དང་སངས་རྒྱས་པ་དུས་མཉམ་པར་འདོད་ལ། དབུ་མ་ཐལ་འགྱུར་པ་རྣམས་ཀྱིས་ནི་བདེན་འཛིན་ཉོན་སྒྲིབ་ཏུ་བྱས་ནས་ས་དང་པོ་ནས་བདུན་པའི་བར་གྱིས་རིམ་པར་སྤངས་ཏེ། དེ་སྤངས་པ་དང་ས་བརྒྱད་པ་ཐོབ་པ་དུས་མཉམ་པ་དང་། གཉིས་སྣང་འཁྲུལ་པའི་བག་ཆགས་ལ་ཤེས་སྒྲིབ་ཏུ་མཛད་ནས་ཆེ་འབྲིང་ཆུང་ངུ་སྐོར་གསུམ་དུ་ཕྱེ་བ། དག་པ་ས་གསུམ་གྱིས་རིམ་པར་སྤངས་ཏེ་འཚང་རྒྱ་བར་བཞེད་དོ། །ཡོན་ཏན་ཐོབ་ཚུལ་ལ་ཡང་། ས་རང་རང་གི་ལོངས་སྤྱོད་རྫོགས་མ་རྫོགས་དང་། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཐོབ་མ་ཐོབ་དང་། ཕར་ཕྱིན་བཅུའི་ཉམས་ལེན་ལྷག་པར་ཐོབ་མ་ཐོབ་སོགས་ཀྱི་སྒོ་ནས་འཇོག་གོ །སྤྱིར་ཕར་ཕྱིན་ཐེག་པའི་གདུལ་བྱ་འཚང་རྒྱ་བ་ནི་གྲངས་མེད་གསུམ་གྱི་ཚོགས་རྫོགས་ནས་ཡིན་ལ། དེ་ཡང་ཚོགས་སྦྱོར་གཉིས་སམ། ས་དང་པོའི་སྟོད་དང་བཅས་པས་གྲངས་མེད་དང་པོ། དེའི་སྨད་ནས་མ་དག་ས་བདུན་དུ་གྲངས་མེད་གཉིས་པ། དག་པ་ས་གསུམ་ནས་གྲངས་མེད་གསུམ་པའི་ཚོགས་བསགས་ཏེ་རྫོགས་ནས་འཚང་རྒྱ་བར་བཞེད་ཀྱ ང་། དམིགས་བསལ་གྲངས་མེད་གསུམ་གྱི་བར་འདུག་དགོས་པའི་ངེས་པ་མེད་དེ། སྔགས་ལ་ཞུགས་ཏེ་མྱུར་དུ་འཚང་རྒྱ་བ་ཡང་ཡོད་ལ། གྲངས་མེད་སོ་གསུམ་ནས་དང་། དེ་ལས་ཀྱང་རིང་བ་ནས་འཚང་རྒྱ་བ་ཡོད་པའི་ཕྱིར་རོ། །སྔགས་ཀྱི་སྐབས་སུ་ཕར་ཕྱིན་ཐེག་པ་དང་འདྲ་བར་ས་བཅུ་དང་དེ་ལས་མང་བར་བཤད་པ་ཡོད་ཀྱང་། མིང་འདྲ་ཡང་དོན་འདྲ་བའི་ངེས་པ་མེད་དེ། དེ་ནི་དངོས་མིན་པར་དོད་ཐུབ་བརྩིས་པའི་དབང་དུ་མཛད་པ་ཤིན་ཏུ་མང་བའི་ཕྱིར་རོ། །དེ་བཞིན་དུ་ལམ་ལྔའི་དབྱེ་བ་ཡོད་ཀྱང་ཕར་ཕྱིན་ཐེག་པ་དང་ཇི་མ་ཇི་བཞིན་འདྲ་མི་དགོས་སོ། །དེར་མ་ཟད་བསྐྱེད་རྫོགས་ཀྱི་སྐབས་སོ་སོ་ནས་ཀྱང་ས་དེ་དག་དང་ཆོས་མཐུན་སྦྱོར་ཚུལ་ཡོད་ཅིང་། ཁྱད་པར་རྫོགས་རིམ་གྱི་སྐབས་སུ་ས་བཅུ་དང་ལམ་ལྔའི་དོད་ཐུབ་བརྩི་ཚུལ་ཁྱད་པར་བ་རེ་ཡོད་དོ། །དོད་ཐུབ་དཔེར་མཚོན་ན་ཕར་ཕྱིན་ཐེག་པའི་ས་བརྒྱད་པ་ནས་ཞི་དག་སྦྱོར་ཐོབ་དགོས་ཀྱང་། བླ་མེད་ཀྱི་བསྐྱེད་རིམ་མཐར་ཕྱིན་ན་དེའི་དོད་ཐུབ་པ་དང་། ཕར་ཕྱིན་དུ་ས་དེ་ནས་ཡིད་ལུས་ཁྱད་པར་ཅན་ཞིག་ཐོབ་པ་ཡིན་ཀྱང་། འདིར་རིམ་པ་གསུམ་པའི་སྒྱུ་ལུས་ཀྱི་ས་དེའི་དོད་ཐུབ་པ་དང་། ཕར་ཕྱིན་གྱི་སྐབས་སྒོམ་ལམ་གྱི་མཐའི་བར་ཆད་མེད་ལམ་ཞིག་གིས་ཉོན་སྒྲིབ་དངོས་སུ་སྤོང་བ་ཡིན་ལ། འདིར་རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་མཐོང་ལམ་ཡིན་ཀྱང་ཉོན་སྒྲིབ་དངོས་སུ་སྤོང་ནུས་པས་དེའི་དོད་ཐུབ་ཏུ་འགྱུར་བ་བཞིན་ནོ། །མདོ་སྔགས་གཉིས་ཀྱི་འབྲས་བུ་སངས་རྒྱས་འདྲ་བ་ལ། འབྲས་བུ་ལ་ཉེ་རིང་འོང་བའི་ཁྱད་པར་ཅི་ལྟ་བུ་ཞེ་ན། དེའི་རྒྱུ་མཚན་སྔར་བརྗོད་ཟིན་མོད། འོན་ཀྱང་དཔེར་བྱ་ཚུལ་ཡོད་དེ། འཇིག་རྟེན་གང་དུ་འགྲོ་སའི་གནས་གཅིག་ཡིན་པར་མཚུངས་ཀྱང་། འགྲོ་སའི་ལམ་ལ་རིང་ཐུང་ཡོད་པའི་དབང་གིས། རིང་བའི་སར་ཉིན་ལམ་བཅུ་འགྲོ་དགོས་པ་ལྟ་བུ་ལ། ཐུང་བ་ལ་ཕྱིན་ན་ཉི་མ་གཅིག་གིས་སླེབ་པ་ལྟ་བུ་དང་། བཞོན་རྟ་ཡོད་མེད་སོགས་ཀྱི་ཁྱད་པར་ལྟར་མདོ་སྔགས་ཀྱི་ལམ་ལ་ཡང་འབྲས་བུ་ལ་ཉེ་རིང་དང་མྱུར་བུལ་དང་ས་གཅོད་ཆེ་མི་ཆེ་འོང་བ་ཡིན་ནོ། །གཉིས་པ་ནི། སྔགས་བླ་མེད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་གང་གིས་སྒྱུ་ལུས་ཐོབ་ན་ཚེ་འདིར་ངེས་པར་འཚང་རྒྱ་བར་བཤད་པས་དེ་ནི་དབང་པོ་ཆོས་ཤིན་ཏུ་རྣོན་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་ནང་ནས་དབང་པོ་རྣོ་བ་ཡིན་ལ། ཚེ་འདིར་དེ་ཐོབ་མི་ནུས་པ་ལ་ཡང་གཉིས་ཡོད་དེ། སེམས་དབེན་ཐོབ་པའམ་ཐོབ་ནུས་པ་དང་དེ་མི་ནུས་པའོ། །དང་པོ་ནི། བར་དོ་འགྲུབ་པའི་དོད་ལ་སྒྱུ་ལུས་སུ་ལྡང་སྟེ་འཚང་རྒྱ་བ་འོང་ལ་གཉིས་པ་ལའང་རྫོགས་རིམ་གྱི་ངག་དབེན་མན་ཆད་ཐོབ་པ་དང་། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་དང་། རགས་པ་ཙམ་མཐར་ཕྱིན་པ་དང་། ལེགས་པར་གོམས་པ་དང་། ཅུང་ཟད་གོམས་པ་དང་། དབང་བསྐུར་ཙམ་ཐོབ་པ་སོགས་མང་ངོ་། །དེ་རྣམས་ཀྱིས་འདིར་མཆོག་མི་འགྲུབ་ཀྱང་། དང་པོ་བཞིས་སྐྱེ་འཆི་བར་དོ་གསུམ་གྱི་སྐྱོན་རགས་པ་ཕལ་ཆེར་སྦྱངས་ཏེ། བསྲེ་བ་དང་འཕོ་བའི་མན་ངག་ལ་བརྟེན་ནས་ཕྱི་མ་ལ་སྔགས་འགྲུབ་པའི་རིག་འཛིན་གྱི་རྟེན་ཁྱད་པར་ཅན་དག་ཏུ་སྐྱེ་བ་བསྒྱུར་ཞིང་། རྟེན་དེ་ལ་མཆོག་འགྲུབ་པར་བྱེད་ལ། ཕྱི་མ་གཉིས་ཀྱིས་ཀྱང་རྒྱུད་ལ་སྔགས་ཀྱི་བག་ཆགས་བཞག་པ་དང་ལྷའི་བྱིན་རླབས་ལ་བརྟེན་ནས་ཕྱི་མར་ཞིང་འདིའམ་གཞན་དུ་རྟེན་བཟང་པོ་ཐོབ་སྟེ་སྔགས་ཀྱི་ལམ་ཉམས་སུ་ལེན་པར་འགྱུར་བ་འོང་ཞིང་། འོན་ཀྱང་འཆི་བའི་ཚེ་འཕོ་བའི་མན་ངག་ལ་བརྟེན་དགོས་པའང་ཡིན་ནོ། །དབང་བསྐུར་རྣམ་དག་ཐོབ་ནས་དམ་ཚིག་དང་སྡོམ་པ་ལེགས་པར་སྲུང་བའི་གང་ཟག་གིས་སྔགས་ཀྱི་ལམ་ཆེར་མ་བསྒོམས་ཀྱང་མྱུར་དུ་འཚང་རྒྱ་བར་གསུངས་པས། སྔགས་ལ་ཞུགས་ནས་དམ་ཚིག་དང་སྡོམ་པ་སྲུང་བ་ནི་གནད་དུ་ཤིན་ཏུ་ཆེའོ། །ད་ལྟའི་གང་ཟག་ཁོ་བོ་ལྟ་བུ་ལ་ནི་དེ་ཡང་ཤིན་ཏུ་དཀའ་བས་ན། འཚང་རྒྱ་བ་ལྟ་ཞོག་ལམ་མཐོན་པོར་བགྲོད་པའང་ཤིན་ཏུ་དཀའོ། །འོན་ཀྱང་གསང་སྔགས་ལ་རང་གི་རྙེད་པ་བསྒྲུབ་པའི་ཆེད་དུ་མ་ཡིན་པར་ཐོས་བསམ་སྒོམ་གསུམ་གྱིས་བག་ཆགས་བཟང་པོ་འཇོག་པ་ནི་གལ་ཆེ་སྟེ། སྤྱིར་མི་ལུས་ཐོབ་པར་དཀའ་བས་དམ་པའི་ཆོས་དང་འཕྲད་པར་ཡང་དཀའ། ཁྱད་པར་དུ་གསང་སྔགས་དང་འཕྲད་དཀའ་བས་ན་བག་ཆགས་རེ་མ་བཞག་ན་རྗེས་གསུངས་པ་ལྟར་སྔགས་སྤྱོད་པའི་སྐལ་ཆད་ཅན་དུ་འགྱུར་བའི་ཕྱིར་དང་། རྗེའི་རྟོགས་བརྗོད་ལས་ཀྱང་། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེའི་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང་། །ཤིན་ཏུ་འཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར། །དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེའི་ཐེག །དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །སྨྲས་པ། མཐའ་ཡས་གསུང་རབ་རྒྱ་མཚོའི་དབུས་ཉིད་ནས། །ལྷུན་པོ་མཆོག་ལྟར་མངོན་པར་འཕགས་གྱུར་པ། །གསང་སྔགས་རྒྱུད་སྡེ་བཞི་དང་ཁྱད་པར་དུ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་འོ། །དེ་ཡི་ནང་ནས་ཤིན་ཏུ་ཆེས་ཟབ་པ། །དཔལ་ལྡན་གསང་བ་འདུས་པའི་རྒྱུད་རྒྱལ་ཏེ། །ཚིག་ཉུང་དོན་བསྡུས་ཟབ་ལས་ཆེས་ཟབ་འདིའི། །དགོངས་དོན་ཀླུ་སྒྲུབ་ཡབ་སྲས་རྣམས་ཀྱིས་ཕྱེ། །རྒྱུད་དང་འཕགས་པའི་དགོངས་པ་འགྲེལ་བ་ལ། །ལེགས་པར་ཞུགས་པའི་མཁས་གྲུབ་ཆེས་མང་ཡང་། །ཡོངས་སུ་རྫོགས་པར་ཇི་བཞིན་འགྲེལ་མཁས་པ། །ཀུན་མཁྱེན་ཙོང་ཁ་པ་ལས་གཞན་སུ་ཞིག །གཞུང་ལུགས་ཡངས་པའི་མཁའ་ལ་རབ་འཕགས་ཏེ། །དྲི་མེད་རིགས་པའི་མིག་གིས་བལྟས་པ་ན། །མགོན་འདིའི་ལེགས་བཤད་སྔོན་མེད་ཉི་ཟླའི་དྲུང་། །གཞན་དག་རྒྱུ་སྐར་རྩེ་བ་བཞིན་དུ་མཐོང་། །དེ་ལྟའི་བླ་མ་མཆོག་དེས་མདོ་སྔགས་ཀྱི། །དགོངས་དོན་འགྲེལ་བའི་གསུངས་རབ་མང་མཆིས་ཀྱང་། ཉི་མ་ཟླ་བ་ལྟ་བུར་ཆེར་གྲགས་པ། དེ་ནི་མདོ་སྔགས་ལམ་རིམ་རྣམ་གཉིས་སོ། །དེ་ལས་རྒྱུད་སྡེ་རྣམ་བཞིའི་བརྗོད་བྱ་ཀུན། །གཅིག་བསྡུས་སྟོན་པ་གསང་སྔགས་ལམ་རིམ་གྱི། །དགོངས་པ་འགྲོལ་འདིར་ནོངས་པ་མཆིས་གྱུར་ན། །མཆོག་གསུམ་མཁས་པའི་ཚོགས་ཀྱིས་བཟོད་པར་བཞེས། །ལེགས་བཤད་ཡིན་མིན་དྲི་མེད་རྣམ་དཔྱོད་ཀྱིས། །འབྱེད་པར་མི་ནུས་ཕྱོགས་ལྷུང་གདོན་གྱི་དབང་། །འཐད་དང་འཐད་མིན་ཅི་འདྲ་བརྗོད་བྱེད་ཀྱང་། །བདེན་མིན་བརྫུན་མིན་སྨྲས་པ་ཙམ་དུ་ཟད། །ཟབ་ཅིང་རྒྱ་ཆེ་དཔག་དཀའི་གཞུང་མཆོག་འདིར། །འབད་ཅིང་ལེགས་པར་བཤད་ལས་ཐོབ་པའི་དགེས། །སྐྱེ་ཀུན་ལམ་བཟང་འདི་དང་མི་འབྲལ་ཞིང་། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་ཕྱིར་བསྔོ། །ཞེས་སྔགས་རིམ་ཆེན་མོའི་དགོངས་པ་ཡང་གསལ་སྒྲོན་མེ་ལེགས་པར་བཤད་པའི་སྣང་བ་ཞེས་བྱ་བ་འདི་ནི། མདོ་སྔགས་ཀྱི་གཞུང་དུ་མ་ལ་མཁྱེན་རབ་ཕུལ་དུ་བྱུང་བའི་སྐྱིད་ཐང་གནས་བརྟན་རིག་པ་འཛིན་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་བགྱི་བས། རྗེ་བླ་མའི་དགོངས་པ་དང་མཐུན་པར་འདི་ལྟ་བུ་ཞིག་གྱིས་དང་ཁོ་བོས་དེའི་མཐུན་རྐྱེན་མཐའ་དག་སྦྱར་ནས་པར་དུ་བསྒྲུབ་བོ་ཞེས་གོས་ཀྱི་ཟླ་གམ་གནང་སྦྱིན་བཅས་བསྐུལ་བའི་ངོར་སླར་ཅོ་ནེའི་མཁན་ས་དང་མཚན་ཉིད་ཀྱི་བླས་ཟུང་འབྲེལ་གྱིས་སྐྱོང་བ་ཤཱཀྱའི་དགེ་སློང་རིགས་པ་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས་སློབ་དཔོན་རྡོ་རྗེ་འཆང་བློ་བཟང་སྦྱིན་པ་སོགས་ཀྱི་བཀའ་དྲིན་དང་། ཁྱད་པར་རྡོ་རྗེ་འཆང་གི་ལམ་གྱི་རིམ་པ་སོགས་གསང་སྔགས་ཀྱི་གཞུང་དུ་མ་ལ་ལེགས་པར་འདྲིས་པར་བྱས་ནས། མེ་ལུག་ལོར་ཅོ་ནེ་དགོན་ཉིད་དུ་ལེགས་པར་སྦྱར་བའོ། །

ཡི་དམ་སྒྲུབ་སྐོར་འདོད་རྒུ་འབྱུང་བའི་ཟ་མ་ཏོག

ཡི་དམ་སྒྲུབ་སྐོར་འདོད་རྒུ་འབྱུང་བའི་ཟ་མ་ཏོག་ཅེས་བྱ་བ་བཞུགས།

རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་གཙོ། ཁྱབ་བདག་རྡོ་རྗེ་འཆང་ཆེན་དང་། །དབྱེར་མེད་བླ་མའི་ཞབས་བཏུད་ནས། །སྒྲུབ་ཐབས་རིམ་པ་ཕྱོགས་གཅིག་བྲི། །ཐོག་མར་བླ་མ་དང་རྡོ་རྗེ་འཆང་ཟུང་འབྲེལ་གྱི་རྣལ་འབྱོར་ནི། སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་དུ་བཏང་ནས། རང་གི་མདུན་ནམ་སྤྱི་བོར་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། དྲིན་ཅན་རྩ་བའི་བླ་མ་དང་ངོ་བོ་དབྱེར་མི་ཕྱེད་པའི་ཁྱབ་བདག་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་འཁྱུད་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། མཚན་དཔེས་སྤྲས་ཤིང་། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར་པར་བསམ་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་དང་། གང་གི་དྲིན་གྱིས་བདེ་ཆེན་གནས། །ཞེས་སོགས་ཀྱིས་ཕྱག་བྱ། བདག་པོས་བཟུང་དང་མ་བཟུང་བའི། །དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ལས། །བྱུང་བའི་ཕྱི་ནང་གསང་བ་ཡི། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །བདག་གཞན་ལུས་ངག་ཡིད་གསུམ་སོགས་ཀྱིས་མཆོད་པ་དང་མཎྜལ་འབུལ། དེ་ནས་ཡན་ལག་ལྷག་མ་བྱེད་ན། ཐོག་མེད་ནས་བསགས་སྡིག་ལྟུང་སོ་སོར་བཤགས། །རང་གཞན་དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །ཟབ་དང་རྒྱ་ཆེའི་འཁོར་ལོ་བསྐོར་ཏུ་གསོལ། །བསྐལ་བརྒྱར་མྱ་ངན་མི་འདའ་རྟག་པར་བཞུགས། །དགེ་ཀུན་རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྔོ། །གསོལ་འདེབས་ནི། སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དམ་ཆོས་ཀུན་འདུས༴ འཕགས་ཚོགས་ཀུན་འདུས༴ སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་ལ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་དང་རིམ་པ་གཉིས་ཀྱི་ལམ་རྣམས་མྱུར་དུ་སྐྱེ་བར་བྱིན་གྱིས་བརློབ་ཏུ་གསོལ། ཞེས་ལན་གསུམ་སོགས་ཅི་རིགས་ཤུགས་དྲག་ཏུ་བརྗོད། དེ་ལྟར་གསོལ་བཏབ་བླ་མའི་གནས་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་རིམ་ཅན་དང་། །ཅིག་ཅར་བྱུང་ནས་བདག་གི་གནས་གསུམ་དུ། །རིམ་དང་ཅིག་ཅར་ཐིམ་ནས་སྒྲིབ་བཞི་དག །དབང་བཞི་ཐོབ་ནས་སྐུ་བཞིའི་ནུས་པ་བཞག །དགྱེས་བཞིན་རང་གི་སྤྱི་བོར་བྱོན་ནས་ཀྱང་། །སྙིང་གའི་པདྨོའི་དབུས་སུ་བརྟན་པར་བཞུགས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱང་བརྗོད་པར་བྱའོ། །འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་ནི། མདུན་གྱི་ནམ་མཁར་སྣ་ཚོགས་པད་ཉིའི་སྟེང་། །ཡི་དམ་ཀུན་འདུས་འཇམ་དཔལ་གཤིན་རྗེ་གཤེད། །སྐུ་མདོག་སྔོན་པོ་ཞལ་དགུ་ཕྱག་སོ་བཞི། །ཁྲོ་བོའི་ཉམས་རྫོགས་ཕྱག་མཚན་སྣ་ཚོགས་འཛིན། །བཅུ་དྲུག་ཞབས་ལྡན་དྲེགས་པ་བརྫིས་པའི་སྟེང་། །གཡས་བརྐྱངས་གཡོན་བསྐུམ་ཡུམ་དང་བཅས་པའི་སྐུར། །ཡོངས་གྱུར་རྡོ་རྗེ་གསུམ་མཚན་ཧཱུཾ་ཡིག་ལས། །འོད་འཕྲོས་རང་བཞིན་གནས་ནས་རང་འདྲ་བའི། །རྒྱལ་བ་ཀུན་དངོས་འཇིགས་མཛད་རྡོ་རྗེ་ནི། །སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་བསྟན་སྲུང་ཚོགས་དང་བཅས། །སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་གྱུར། །སྐྱབས་གནས་ཀུན་འདུས་གཤིན་རྗེ་གཤེད་པོ་ལ། །གྲངས་མེད་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །ཇི་སྙེད་ཕྱི་ནང་གསང་བའི་མཆོད་སྤྲིན་དང་། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །ཐོག་མེད་དུས་ནས་སྒོ་གསུམ་གྱིས་བསགས་པའི། །སྡིག་ལྟུང་ཉེས་པའི་ཚོགས་རྣམས་སོ་སོར་བཤགས། །རང་གཞན་སྐྱེ་འཕགས་ཀུན་གྱི་རྣམ་དཀར་ལ། །བསམ་པ་ཐག་པས་རྗེས་སུ་ཡི་རང་ངོ་། །གདུལ་བྱའི་ཁམས་དང་བསམ་པ་ཇི་བཞིན་དུ། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་དུ་གསོལ། །འགྲོ་ཀུན་དོན་ཕྱིར་འཁོར་བ་མ་སྟོངས་པར། །མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། །འདིས་མཚོན་ཇི་སྙེད་མཆིས་པའི་དགེ་བ་རྣམས། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །བླ་མ་མཆོག་གསུམ་དཔའ་བོ་མཁའ་འགྲོ་དང་། །ཡི་དམ་བསྟན་སྲུང་ཚོགས་དང་བཅས་པ་ཡི། །སྐྱབས་མཆོག་ཀུན་འདུས་རྡོ་རྗེ་འཇིགས་བྱེད་ལ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །བདག་གི་ཕྱི་ནང་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་མ་ལུས་ལྷུན་གྱིས་འགྲུབ་པ་སོགས། །མདོར་ན་མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་འགྲུབ་པར་བྱིན་གྱིས་བརློབ་ཏུ་གསོལ། །ཞེས་པ་ལན་གསུམ་སོགས་བརྗོད་ལ། དེ་ནས་དེ་ལྟར་གསོལ་བ་བཏབ་པས་གནས་གསུམ་ལས། །བདུད་རྩི་དཀར་དམར་མཐིང་གསུམ་རིམ་ཅན་དང་། །ཅིག་ཅར་བྱུང་ནས་བདག་གི་གནས་གསུམ་དུ། །ཐིམ་པས་སྒྲིབ་བཞི་དག་ནས་དབང་བཞི་ཐོབ། །སྐུ་བཞི་མངོན་དུ་འགྱུར་བའི་ནུས་པ་བཞག །དགྱེས་བཞིན་བདག་གི་སྤྱི་བོར་བྱོན་ནས་ཀྱང་། །ཐིམ་པས་བྱིན་རླབས་རང་ཉིད་སྐད་ཅིག་གིས། །འཇམ་དཔལ་གཤིན་རྗེ་གཤེད་དུ་གསལ་བར་གྱུར། །བར་བསམ་ལ་སྔགས་གསུམ་ཅི་འགྲུབ་བཟླས་ནས། དགེ་བ་འདི་ཡིས་སོགས་བསྔོ་སྨོན་བྱའོ།། རྗེ་བླ་མའི་རྣལ་འབྱོར་ནི། སྐྱབས་སེམས་སོགས་སྔོན་དུ་བཏང་རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་སྟེང་། །དུས་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་པའི། །རྩ་བའི་བླ་མ་རྒྱལ་བ་བློ་བཟང་གྲགས། །དཀར་དམར་མདངས་ལྡན་དགྱེས་པའི་འཛུམ་ཞལ་ཅན། །ཆོས་འཁོར་ཕྱག་རྒྱས་ཨུཏྤལ་གེ་སར་སྟེང་། །ཡེ་ཤེས་རལ་གྲི་ཤེར་ཕྱིན་གླེགས་བམ་བསྣམས། །ངུར་སྨྲིག་ཆོས་གོས་གསེར་མདོག་པཎ་ཞྭ་གསོལ། །སྐྱིལ་ཀྲུང་ཚུལ་གྱིས་འོད་ཀྱི་གུར་ཁྱིམ་དབུས། །གསལ་རྫོགས་མཚན་དང་དཔེ་བྱད་དཔལ་གྱིས་མཛེས། །ཟབ་དང་རྒྱ་ཆེའི་དམ་པའི་ཆོས་སྒྲ་སྒྲོགས། །དྲི་མེད་མཁྱེན་དང་བརྩེ་བའི་གཏེར་གྱུར་པ། །གདུལ་བྱའི་དཔལ་དུ་ལྷམ་མེར་བཞུགས་པ་ཡི། །གནས་གསུམ་རྡོ་རྗེ་གསུམ་མཚན་འོད་ཟེར་གྱིས། །རྒྱལ་བ་སྲས་བཅས་ཚོགས་ཀྱིས་ཡོངས་བསྐོར་བའི། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །སྤྱན་དྲངས་ཐིམ་པས་ཀུན་འདུས་བདག་ཉིད་གྱུར། །ཤེས་བྱ་ཀུན་ལ་ཐོགས་མེད་འཇམ་པའི་དབྱངས། །མཐའ་ཡས་འགྲོ་བའི་མར་གྱུར་སྤྱན་རས་གཟིགས། །མ་ལུས་བདུད་དཔུང་འཇོམས་མཛད་གསང་བའི་བདག །རིགས་གསུམ་ཀུན་འདུས་བླ་མར་གུས་ཕྱག་འཚལ། །སྲིད་ཞིའི་ཕྱི་ནང་གསང་བའི་མཆོད་པའི་ཚོགས། །དངོས་བཤམས་ཡིད་སྤྲུལ་ནམ་མཁའ་གང་བ་དང་། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །རྗེ་བཙུན་བླ་མ་འཁོར་བཅས་མཉེས་ཕྱིར་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །རང་གཞན་རྣམ་དཀར་ཀུན་ལ་རྗེས་ཡི་རང་། །འགྲོ་ལ་བསྐལ་བརྒྱར་ཆོས་འཁོར་བསྐོར་དུ་གསོལ། །ནམ་མཁའ་ཇི་སྲིད་བར་དུ་བརྟན་པར་བཞུགས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཡན་ལག་བདུན་པ་བྱས་ནས། དམིགས་བརྩེ་མ་བཟླ། དེ་ནས། སྐྱབས་གསུམ་ཀུན་འདུས་བླ་མ་རིན་པོ་ཆེ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ཏེ། །རྫོགས་བྱང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ལན་གསུམ་དེ་ལྟར་གསོལ་བས་བླ་མའི་གནས་གསུམ་ལས། །བདུད་རྩི་དཀར་དམར་མཐིང་གསུམ་རིམ་ཅན་དང་། །ཅིག་ཅར་བྱུང་ཐིམ་སྒྲིབ་བྱ ང་དབང་བཞི་ཐོབ། །སྐུ་བཞི་མངོན་དུ་འགྱུར་བའི་ནུས་ལྡན་གྱུར། །བླ་མ་དགྱེས་བཞིར་རང་གི་སྤྱི་བོར་བྱོན། །འོད་ཀྱི་གོང་བུར་གྱུར་ཏེ་སྤྱི་གཙུག་ནས། །སྙིང་གའི་རླུང་སེམས་ཤིན་ཏུ་ཕྲ་བ་ལ། །ཐིམ་པས་འདྲེས་ཏེ་བྱིན་གྱིས་བརླབས་པར་གྱུར། །ཚེ་རབས་ཀུན་ཏུ་རྒྱལ་བ་བཙོང་ཁ་པས། །ཞེས་སོགས་ཀྱང་བརྗོད་དོ། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྐྱབས་འགྲོ་རྒྱས་བསྡུས་ཅི་རིགས་སྔོན་དུ་བཏང་ནས། རང་གི་སྤྱི་བོར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས་དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་འཁྱུད་པ། གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ཡབ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་དཀར་པོ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་སེམས་དཔའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛ༔ ༀ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ནས། ཤཔྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། པཉྩ་ཀཱུ་ལས་མཆོད་པའམ། མིན་ཀྱང་རུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་ཏུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས། ༀ་སརྦ་ཏ་ཐཱ་ག་ཏ་ནས་ཧཱུཾ་ཞེས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པར་གྱུར་པར་བསམ་ལ། དམིགས་པ་དང་བཅས་ཏེ་ཡིག་བརྒྱ་ཉེར་གཅིག་སོགས་བཟླའོ། །མཐར། བདག་ནི་མི་ཤེས་རྨོངས་པ་ཡི། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ལས་སྒྲིབ་ཐམས་ཅད་སྦྱང་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཞལ་གྱིས་བཞེས་ནས། རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་པར་བསམ་ལ་བསྔོ་སྨོན་ཅི་རིགས་བྱའོ།། ངན་འགྲོ་འཇོམས་མཛད་མི་འཁྲུགས་པའི་སྒྲུབ་ཐབས་ནི། སྐྱབ་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། སྔོན་འགྲོ་ཚོགས་ཞིང་བྱས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ཡང་། མ་བྱས་ཀྱང་ཆད་ལྷག་ཏུ་མི་འགྱུར་བས། འཇུག་པ་བདེ་བའི་ཆེད་སྒྲུབ་ཐབས་ཀྱི་དངོས་གཞི་ནས་དགོད་པར་བྱའོ། །ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་མ ཐིང་ཤུན་གྱི་མདོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ངན་འགྲོར་སྐྱེ་བའི་རྒྱུ་ལས་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱས། བཅོམ་ལྡན་འདས་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་སྔོན་པོ་དབུ་གཙུག་ཏོར་དང་ལྡན་ཞིང་། ཤམ་ཐབས་དང་ཆོས་གོས་གསོལ་བ། སྤྲུལ་སྐུའི་ཆ་བྱད་ཅན། གཡས་ས་གནོན་དང་གཡོན་རྡོ་རྗེས་མཚན་པའི་མཉམ་གཞག་གི་ཕྱག་རྒྱ་མཛད་ཅིང་། པད་ཟླའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྒྱལ་བ་མི་འཁྲུགས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། ༀ་བཛྲ་ས་མཱ་ཛཿས་སྤྱན་དྲངས། མཆོད་པ་ཡོད་ན་བྱིན་གྱིས་བརླབ་ལ། ༀ་བཛྲ་ཨཀྵོ་བྷྱཿ ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏིཙྪའི་བར་གྱིས་མཆོད། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེས་རྟག་ཏུ་མྱ་ངན་མི་འདའ་བར། །མཐའ་ཡས་འགྲོ་བའི་དོན་སྒྲུབ་ལྷུར་མཛད་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་བསྟོད། །ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་འོད་ཟེར་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ལ་སྔར་ལྟར་མཆོད་བསྟོད་བྱ་བའམ། མི་བྱེད་ཀྱང་། ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པར་བསམ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦྦ་ཀརྨཱ་པ་རཾ་པ་རཱ་ཎི་མེ་སརྦྦ་སཏྭཱ་ནཱཉྩ་སྭཱཧཱ། ཞེས་ཅི་ནུས་བཟླ། མཇུག་ཏུ་ཡིག་བརྒྱ་བརྗོད། མཆོད་བསྟོད་བསྡུས་པ་དང་ཉེར་བསྡུ་བྱས་ཏེ་ལངས་པའམ། མ་བྱས་ཀྱང་མི་འགལ་ཞིང་། དགེ་བ་འདི་ཡིས་མྱུར་དུ་བདག །མི་འཁྲུགས་རྒྱལ་པོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་དང་ཤིས་བརྗོད་བྱའོ།། སངས་རྒྱས་སྨན་བླ་ནི། སྐྱབས་སེམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྒྱལ་བ་སྨན་གྱི་བླ་སྐུ་མདོག་བཻ་ཌཱུརྱ་སྔོན་པོ་ལྟར་དྭངས་པ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་དུག་གསུམ་འཇོམས་པའི་ཨ་རུ་ར་དང་། གཡོན་མཉམ་གཞག་གི་ཕྱག་རྒྱས་སྨན་གྱིས་གང་བའི་ལྷུང་བཟེད་བསྣམས་པ། མཚན་དཔེས་སྤྲས་ཤིང་ཆོས་གོས་རྣམ་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འོད་ཟེར་གྱི་ཕུང་པོའི་དབུས་ན་བཞུགས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རྒྱལ་བ་སྨན་གྱི་བླ་མ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ༀ་ནས་དབང་བསྐུར་ལུས་གང་དྲི་མ་དག ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པར་བསམ། ༀ་གུ་རུ་བཻ་ཌཱུརྱ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྱ་ཡི་འོད་ལ་ཕྱག་འཚལ་བསྟོད། །ཞེས་བསྟོད། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམ་ལ། ཏདྱ་ཐཱ། ༀ་བྷཻ་ཥ་ཛྱེ་བྷེ་ཥ་ཛྱེ། མ་ཧཱ་བཻ་ཥ་ཛྱེ་བཻ་ཥ་ཛྱེ་རཱ་ཛཱ་ས་མུངྒ་ཏེ་སྭཱཧཱ། ཅི་ནུས་དང་། གྷུ་མེ་གྷུ་མེ་སོགས་བཟླས་ནའང་ཕུན་སུམ་ཚོགས་པར་འགྱུར། མཐར་ཡིག་བརྒྱ་ད ང་མཆོད་བསྟོད་བྱས་ནས་དགེ་བ་འདི་ཡིས་སོགས་ཀྱི་བསྔོ་སྨོན་བྱའོ།། ཀླུ་དབང་གཙོ་འཁོར་ལྔ་ནི། སྐྱབས་སེམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཧཱུཾ་ཡིག་སྔོན་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱས། འོད་ཟེར་ཚུར་འདུས། ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་ཀླུའི་དབང་ཕྱུག་རྒྱལ་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཞལ་དང་མགྲིན་པ་དུང་ལྟར་དཀར་བ། ཕྱག་གཉིས་དམ་ཚིག་གི་ཕྱག་རྒྱ་མཛད་པ། ཆོས་གོས་མཛེས་པར་གསོལ་ཞིང་། མཚན་དཔེས་སྤྲས་པ་སྤྲུལ་གྱི་གདེངས་ཀའི་རྒྱབ་ཡོལ་ཅན། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མདུན་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་དཀར་པོ་རིན་པོ་ཆེའི་མྱུ་གུ་དང་བུམ་པ་བསྣམས་པ། གཡས་སུ་བྱམས་པ་དམར་པོ་ཀླུ་ཤིང་གི་མེ་ཏོག་དང་རིལ་བ་སྤྱི་བླུགས་བསྣམས་པ། རྒྱབ་ཏུ་འཇམ་དཔལ་སེར་པོ་ཨུཏྤལ་བསྣམས་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་པདྨ་བསྣམས་པ། བཞི་ཀའང་པད་ཟླའི་གདན་ལ་བཞུགས་པའོ། །དེའི་གཡས་སུ་བྱང་ཆུབ་སེམས་དཔའ་དང་གཡོན་དུ་དགྲ་བཅོམ། འོག་ཕྱོགས་སུ་ཀླུའི་ཚོགས་དཔག་ཏུ་མེད་པ་འཁོད་པ། རང་གི་སྤྱི་བོར་ༀ་དཀར་པོ་ནས་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀླུའི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་ལྔའི་རྣམ་པར་སྤྱན་དྲངས། ༀ་བྷ་ག་ཝན་ནཱ་གེནྡྲ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟའི་བར་གྱིས་མཆོད། གང་གི་མཚན་ཙམ་བཟུང་པས་ཀྱང་། །མྱོང་ངེས་ལས་ཀྱི་སྒྲིབ་པ་དང་། །ཀླུ་ནད་མ་ལུས་ཞི་མཛད་པ། །ཀླུ་ཡི་དབང་ཕྱུག་རྒྱལ་པོར་བསྟོད། །ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། འདི་སོགས་ཕལ་ཆེར་ལ་དབང་ལྷ་སྤྱན་འདྲེན་མ་མཛད་པ་ལྟར་བཀོད། དེ་ནས། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་རྣམས་ཀྱི་ལས་སྒྲིབ་དང་། ཁྱད་པར་ཀླུ་ལས་གྱུར་པའི་ནད་དང་གདོན་སོགས་ཞི་བར་བྱས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་བདུད་རྩིའི་རྣམ་པར་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ་ཏདྱ་ཐཱ། ༀ་ཏ་ཐཱ་ག་ཏཱ་བྷ་ག་ཝན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱཧཱ། ཞེས་ཅི་ནུས་བཟླས་ཏེ། ཡིག་བརྒྱས་བརྟན་པར་བྱས་ལ་མཆོད་བསྟོད་བྱ། དགེ་བ་འདི་ཡིས་སོགས་བསྔོ་སྨོན་ཤིས་བརྗོད་ཀྱིས་བརྒྱན་པར་བྱའོ། །ངན་སོང་སྦྱོང་བའི་རྣམ་སྣང་ནི། སྐྱབས་སེམས་སོགས་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྣམ་སྣང་དཀར་པོ་ཞལ་བཞི་དཀར་བ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་འཁོར་ལོ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། བདག་ཉིད་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། མཆོད་པ་ཡོད་ན་བརླབ་ལ། ༀ་བཻ་རོ་ཙ་ན་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །རྣམ་པར་སྣང་མཛད་ལ་ཕྱག་འཚལ། །ཞེས་པས་བསྟོད། རང་གི་ཐུགས་ཀའི་ༀ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་སྡུག་བསྔལ་རྒྱུ་དང་བཅས་པ་ཞི་བར་བྱས། འོད་ཟེར་སླར་འདུས་ནས་རང་ཉིད་ལ་ཐིམ་པར་བསམ་ལ། ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་ཧ་ན་ཧཱུཾ་ཕཊ། ཞེས་ཅི་ནུས་དང་གཟུངས་རིང་ཀྱང་བཟླ། དེ་ལྟར་བྱས་ན་ངན་སོང་མྱོང་ངེས་ཀྱི་ལས་སྒྲིབ་འདག་པར་འགྱུར་རོ། །མཐར་ཡིག་བརྒྱ་བཟླས་ནས། མཆོད་བསྟོད་བསྡུས་པ་དང་། བསྔོ་སྨོན་ཅི་རིགས་བྱའོ། །ཤཱཀ་ཐུབ་ནི། སྐྱབས་སེམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། པད་ཟླའི་གདན་ལ་མུཾ་སེར་པོ། དེ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་གསེར་བཙོ་མའི་མདོག་ལྟར་སེར་བ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང་གཡོན་མཉམ་གཞག་གི་ཕྱག་རྒྱས་ལྷུང་བཟེད་བསྣམས་པ། མཚན་དཔེས་སྤྲས་ཤིང་། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། འོད་ཀྱི་ཕུང་པོའི་དབུས་ན་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ་ནས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ༀ་ཤཱཀྱ་མུ་ནེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟའི་བར་གྱིས་མཆོད་ལ། ཐབས་མཁས་ཐུགས་རྗེ་མས་བསྟོད། ཛ༔ཧཱུཾ་བཾ་ཧོཿརང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་མུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཚོགས་ཞི་ཞིང་བདེ་བ་ད ང་ལྡན་པར་བྱས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་དྲངས་ཏེ་རང་ཉིད་ལ་ཐིམ་པར་བསམ་ལ་ཏདྱ་ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱཧཱ། ཞེས་ཅི་ནུས་བཟླས་ལ། ཡིག་བརྒྱ་བརྗོད་པ་སོགས་བྱའོ། །འོད་དཔག་མེད་ནི། སྐྱབས་སེམས་སོགས་སྔོན་དུ་འགྲོ་བས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་འོད་དཔག་མེད་སྐུ་མདོག་དམར་པོ་སྤྲུལ་སྐུའི་ཆ་བྱད་ཅན། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། འོད་ཀྱི་ཚོགས་མཐའ་ཡས་འཕྲོ་བའི་དབུས་ན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། སྤྱི་བོར་ༀ་ནས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། བདེ་བ་ཅན་ནས་མགོན་པོ་འོད་དཔག་མེད་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་སྤྱན་དྲངས། ༀ་པདྨ་དྷ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཐུགས་བསྐྱེད་སྨོན་ལམ་དག་པའི་མཐུས། །མ་དག་སྙིགས་མའི་འགྲོ་བ་ཀུན། །དག་པའི་ཞིང་དུ་འདྲེན་པའི་དཔལ། །འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཛ༔ཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་འཕྲོས། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་མཐའ་དག་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམ་ལ། ༀ་པདྨ་དྷ་ར་ཧྲཱིཿསྭཱཧཱ། ཞེས་ཅི་ནུས་དང་། ཏདྱ་ཐཱ། ༀ་ཨ་མི་ཏེ། ཨ་མི་ཏེ་ཨུད་བྷ་ཝེ། ཨ་མི་ཏ་སམྦྷ་བ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་གཱ་མི་ནི། ག་ག་ན་ཀཱིརྟི་ཀ་རེ་སརྦ་གླེ་ཤ་ཀྵ་ཡཾ་ཀ་རི་སྭཱཧཱ། ཞེས་བཟླས་ན་ཕན་ཡོན་དཔག་ཏུ་མེད་པར་བཤད་དོ། །མཐར་ཡིག་བརྒྱ་བཟླ། འདོད་ན། ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས་པར་གྱུར་པར་བསམ་ལ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་དང་། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་སོགས་སྨོན་ལམ་བྱས་ན་ཕུན་སུམ་ཚོགས་པར་འགྱུར་ལ་བསྡུ་ན། གོང་གི་མཇུག་ཏུ། དགེ་བ་འདི་ཡིས་སོགས་སྨོན་ལམ་ཅི་རིགས་བྱའོ།། ཚེ་དཔག་མེད་ནི། སྐྱབས་སེམས་སོགས་སྔོན་དུ་བཏང་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་འཕྲོས། དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་བདུད་རྩིས་གང་བའི་བུམ་པ་བསྣམས་པ། མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་ཤིང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། འཇའ་འོད་འཁྲིགས་པའི་དབུས་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་གི་སྤྱི་བོར་ༀ་དཀར་པོ་ནས་ཧཱུཾ་སྔོན་པོས་མཚན་པ། དེ་ལས་འོད་འཕྲོས། བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དང་། དབང་གི་ལྷ་རྣམས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས། ༀ་སརྦ་ནས་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ལ། ༀ་ཨཱརྱ་ཨ་པ་ར་མི་ཏ་ཨ་ཡུར་ཛྙཱ་ན་ཨརྒྷཾ། སོགས་ཀྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་གི་ཚེ་མི་མ་ཡིན་གྱིས་འཕྲོག་པ་དང་། སྣོད་བཅུད་ཀྱི་ནུས་པའི་ཡོན་ཏན་རྣམས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་ལྷན་ཅིག་ཏུ་འོད་དང་བདུད་རྩི་དམར་སེར་གྱི་རྣམ་པར་བསྡུས་ནས་བཀུག་སྟེ་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་དག ཚེ་དང་བསོད་ནམས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་པར་བསམ་ལ། ༀ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱཧཱ། ཞེས་ཅི་ནུས་དང་། གཟུངས་རིང་ཀྱང་བཟླ། མཐར་ཡི་གེ་བརྒྱ་པ་བརྗོད་ཅིང་། དགེ་བ་འདི་ཡིས་སོགས་དང་། དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །ཞེས་སོགས་བསྔོ་སྨོན་བཀྲ་ཤིས་ཀྱིས་བརྒྱན་པར་བྱའོ།། བྱམས་པའི་རྣལ་འབྱོར་ནི། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། རང་གི་མདུན་གྱི་ནམ་མཁའི་དབྱིངས་སུ་སེང་གེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་བྱམས་པ་མགོན་པོ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པའི་གཡོན་པའི་མཐེབ་སྲིན་གྱིས་སྤྱི་བླུགས་ཀྱིས་མཚན་པའི་ཀླུ་ཤིང་གི་སྡོང་པོ་བསྣམས་པ། དབུ་ལ་ཐུབ་པའི་ངོ་བོ་བྱང་ཆུབ་མཆོད་རྟེན་གྱིས་མཛེས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། ཞབས་གཉིས་བཟང་པོའི་འདུག་སྟངས་ཀྱིས་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ༀ་ནས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་དགའ་ལྡན་ལ་སོགས་པའི་རང་བཞིན་གྱི་གནས་ནས་རྗེ་བཙུན་བྱམས་པ་མགོན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། བྱམས་ཆེན་མེ་ཡིས་ཞེས་སོགས་ཀྱིས་བསྟོད་ཅིང་། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་ལན་གསུམ་མམ་བདུན་སོགས་དང་། ཇི་སྙེད་མཆོད་པའི་ཚོགས་མ་ལུས་པ་འབུལ་ལོ། །སྡིག་ལྟུང་ཐམས་ཅད་བཤགས་སོ། །དགེ་བ་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མ ི་འདའ་བར་རྟག་པར་བཞུགས་སུ་གསོལ། དགེ་བ་ཀུན་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །དེ་ནས། ཐུགས་རྗེའི་བདག་ཉིད་རྗེ་བཙུན་བྱམས་པ་མགོན་པོ་ལ་གསོལ་བ་འདེབས་སོ། །བདག་ལ་བྱིན་གྱིས་བརློབ་ཏུ་གསོལ། ཞེས་ཅི་ནུས་བརྗོད་པའི་མཐར། དགྱེས་བཞིན་རང་ལ་ཐིམ་པས་རང་ཉིད་ཀྱང་རྗེ་བཙུན་བྱམས་མགོན་གྱི་སྐུར་གྱུར་པར་བསམ་ལ། ༀ་ཨཱརྱ་མཻ་ཏྲི་སྭཱཧཱ། ཅི་ནུས་དང་། གཟུངས་རིང་ཀྱང་བཟླས་ན་ཕུན་སུམ་ཚོགས་པར་འགྱུར་རོ། །འདི་ཡི་དགེ་བས་སོགས་ཀྱིས་སྨོན་ལམ་བྱའོ།། རྗེ་བཙུན་འཇམ་དབྱངས་དམར་སེར་ནི། སྐྱབས་སེམས་སོགས་སྔོན་དུ་བཏང་། ཚོགས་ཞིང་བྱེད་ན། རང་ཉིད་སྐད་ཅིག་གིས་འཇམ་དབྱངས་སུ་བསྐྱེད། ས་བོན་ལས་འོད་ཟེར་སྤྲོས་ཏེ་ཚོགས་ཞིང་སྤྱན་དྲངས་ནས་ཆུ་གཉིས་ཉེར་སྤྱོད་དང་བཅས་པ་ཙམ་མམ། ཡན་ལག་བདུན་པ་བྱས་ལ་ཚད་མེད་བཞི་བསྒོམ་པ་སྤྱི་ལྟར་བྱ། དངོས་གཞི་ནི། རང་ཐ་མལ་དུ་གནས་པའི་སྙིང་སྒོ་ང་ལྟ་བུའི་རྩེ་མོ་གྱེན་དུ་བསྟན་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྒྱས་པའི་སྟེང་དུ་དྷཱིཿཡིག་དམར་སེར་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་རྨོངས་པ་དང་བཅས་པ་དག །འོད་ཟེར་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། རྒྱལ་བ་སྲས་བཅས་རྣམས་མཆོད་ཅིང་དེ་དག་གི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ལ་ཐིམ། རང་ཉིད་པད་ཟླའི་གདན་ལ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང་། གཡོན་ཨུཏྤ་ལའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་ན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་བརྒྱན། ཕྱག་གདུབ། ཞབས་གདུབ་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ལྷ་རྫས་ཀྱི་དར་གྱི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། རལ་པའི་ཟུར་ཕུད་གཡོན་དུ་སྤུད་པ། བཅུ་དྲུག་ལོན་པའི་ན་ཚོད་ཅན། ཞི་འཛུམ་སྒེག་པའི་ཉམས་ལྡན། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རང་གི་སྤྱི་བོར་ༀ་དཀར་པོ་ནས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། འདི་འཇམ་དབྱངས་ཆོས་སྐོར་ནས་འབྱུང་བ་ལྟར་ཡིན་པས་དབང་བསྐུར་རྒྱས་འདེབས་མ་བྱས་ལ། ས་པཎ་ནས་བརྒྱུད་པ་ལ་དབང་བསྐུར་རྒྱས་འདེབས་སྣང་ངོ་། །ༀ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། གཞོན་ནུའི་ཆ་ལུགས་སོགས་དང་། སྤྲོ་ན། མཚམས་སྤྲིན་གཞོན་ནུ་མས་བསྟོད། དེ་ནས། རང་གི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་དྷཱིཿཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་སོགས་ཀྱི་བྱིན་རླབས་དང་ཤེས་རབ་ཀྱི་སྣང་བ་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམ་ལ། ༀ་ཨ་ར་པ་ཙ་ན་དྷཱིཿ ཞེས་ཅི་ནུས་དང་། མཐར་ཡིག་བརྒྱ་བཟླ་ཞིང་། མཆོད་བསྟོད་བྱ་བའམ། སྤྲོ་ན། ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་ནས་ཞལ་རང་ལ་ཕྱོགས་ཏེ་བཞུགས་པར་གྱུར་ཅེས་བརྗོད་ལ། ཡན་ལག་བདུན་པའམ། མཆོད་བསྟོད་གསོལ་འདེབས་ཅི་རིགས་བྱ། དགེ་བ་འདི་ཡིས་སོགས་དང། བརྩེ་ལྡན་ཁྱོད་ཀྱིས་སོགས་དང་། རྒྱལ་བའི་གསུང་རབ་ཀུན་ལ་དམིགས་པ་ཡི། །ཞེས་སོགས་བསྔོ་སྨོན་ཀྱང་བྱའོ། །འཇམ་དབྱངས་དཀར་པོ་ནི། སྐྱབས་སེམས་སོགས་སྔོན་དུ་བཏང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། བཾ་ལས་འོ་མའི་རྒྱ་མཚོ་དྭངས་ཤིང་གསལ་བ་པདྨོའི་ཚལ་གྱིས་ཁྱབ་ཅིང་། མཐའ་ནེའུ་སིང་གིས་བསྐོར་བ་ལ་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་དུ་མ་དལ་གྱིས་རྒྱུ་བ། མཚོའི་དབུས་སུ་པད་དཀར་འདབ་སྟོང་ལྡན་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་སེམས་ཉིད་ཨ་དཀར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམས་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་གངས་རི་ལྟར་དཀར་བ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་བཟུང་བའི་ཨུཏྤ་ལའི་སྟེང་དུ་ཤེས་རབ་ཀྱི་རལ་གྲི་དང་། གཡོན་ཆོས་འཆད་ཀྱི་ཕྱག་རྒྱས་བཟུང་བའི་པད་དཀར་སྙན་ཐད་དུ་ཁ་བྱེ་བའི་སྟེང་ན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། དབུ་རྒྱན་ལ་སོགས་པ་རིན་པོ་ཆེ་དང་། དར་སྣ་ཚོགས་ཀྱི་ན་བཟས་མཛེས་པ། བཅུ་དྲུག་ལོན་པའི་ན་ཚོ་ཅན། ཞི་འཛུམ་སྒེག་པའི་ཉམས་ལྡན། འོད་ཀྱི་ཕུང་པོའི་དབུས་ན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ་ནས་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱིས་གནས་ནས་རྗེ་བཙུན་འཇམ་དབྱངས་དཀར་པོ་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཛ༔ཧཱུཾ་བཾ་ཧོཿ སླར་ཡང་ནས་སྤྱན་དྲངས། ཁྱེད་རྣམས་ཀྱིས་ནས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ་མོ། །མཆོད་པ་ཡོད་ན་བྱིན་གྱིས་རླབས་ལ། ༀ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ཞིང་། །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་ལྡན་པ། །དགའ་བ་རྒྱ་ཆེན་ཐར་མཆོག་སྤྱན་ནི་པདྨའི་འདབ་ལྟར་ཡངས། །བློ་གྲོས་ངན་པ་སྲེག་མཛད་འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །རང་གི་སྙིང་ཀར་འཁོར་ལོ་དཀར་པོ་རྩིབས་དྲུག་པ་མུ་ཁྱུད་དང་བཅས་པ། ལྟེ་བར་ཟླ་བའི་སྟེང་དུ་ཨ་དཀར་པོ། རྩིབས་དྲུག་ལ་ཡིག་དྲུག་གིས་བསྐོར་བ་ལས་འོད་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། མི་ཤེས་པའི་མུན་པ་བསལ། འོད་ཟེར་ཕྱིར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བློ་གྲོས་སྤོབ་པ་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ༀ་ཝ་ཀྱཻ་དཾ་ན་མཿ ཞེས་བཟླ། དེའི་ཚེ་འཁོར་ལོ་གཡས་དང་ཡིག་དྲུག་གཡོན་དུ་འཁོར་བ་ལྟ་བུའི་དམིགས་པ་དང་། མཇུག་ཏུ་ཡིག་བརྒྱ་བཟླས་ནས་བསྔོ་སྨོན་བྱ། གཏོར་མ་འབུལ་ན། འོག་ནས་ཐུན་མོང་དུ་འབྱུང་བ་ལྟར་བྱ། མ་ཤའི་སྦྱོར་བ་ནི་གཞན་ལས་ཤེས་པར་བྱའོ།། སྤྱན་རས་གཟིགས་ཕྱག་བཞི་པ་ནི། སྐྱབས་སེམས་སོགས་བྱས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཧྲཱིཿདཀར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་ཕྲེང་དང་། གཡོན་འོག་མས་པདྨ་དཀར་པོ་འཛིན་པ། དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། དར་གྱི་སྟོད་གཡོགས་དང་སྨད་གཡོགས་ལྷབ་ལྷུབ་ཏུ་གསོལ་བ། རི་དྭགས་ཀྲྀཥྞ་ས་རའི་པགས་པ་ནུ་མ་གཡོན་པ་ལ་བཀབ་པ། འཇའ་ཟེར་འཁྲུགས་པའི་འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རང་གི་སྤྱི་བོར་ༀ། མགྲིན་པར་ཨཱ། ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས། པོ་ཏ་ལ་ནས་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ༀ་ནས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། མཆོད་པ་ཡོད་ན་བྱིན་རླབས་འོག་ནས་འབྱུང་བ་ལྟར་བྱ། ༀ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་ཡིག་དྲུག་གིས་བསྐོར་བ་ལས་འོད་འཕྲོས། རིགས་དྲུག་གི་སྡུག་བསྔལ་རྒྱུ་དང་བཅས་པ་སྦྱངས་ཏེ་འཕགས་པའི་གོ་འཕང་ལ་བཀོད། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ། སྣང་བ་སྐུའི་ཁྱེར་སོ། །གྲག་སྟོང་གསུང་གི་ཁྱེར་སོ། །དྲན་རྟོགས་ཐུགས་ཀྱི་ཁྱེར་སོ་སྟེ་འཁྱེར་སོ་གསུམ་དང་ལྡན་པར་གྱུར་པར་བསམ་ལ། ཡིག་དྲུག་ཅི་ནུས་བཟླས་ནས་ཡིག་བརྒྱ་བརྗོད་པ་སོགས་བྱའོ།། འདི་ལ་བརྟེན་ནས་རིལ་སྒྲུབ་བྱེད་ན། དམ་རྫས་ལྡན་པའི་རིལ་བུ་མཚལ་གྱི་ན་བཟའ་ཅན་གཤེར་ཐག་ཆོད་པ་བུམ་པ་ཅི་ཙམ་འདོད་པའི་ནང་དུ་བླུགས། མགུལ་བཅིངས་དང་གཟུངས་ཐག་བཏགས་པ་སྟེགས་ཀྱི་ཁར་བཞག་ལ་མདུན་དུ་མཆོད་གཏོར་བཤམས་པ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ཤེས་པར་བྱ། སྒྲུབ་ཚུལ་ལ་ནི། རྒྱལ་དབང་ལྔ་བས་མདོ་སྔགས་ཀྱི་ཕྱོགས་གཉིས་གསུངས་ཀྱང་། སྔགས་ཀྱི་སྐབས་དང་སྦྱར་བ་ནི་འཇུག་པ་བདེ་ཞིང་། དེ་ལ་དགེ་སློང་འཇམ་དབྱངས་གྲགས་པས་ཁ་སྐོང་དང་བཅས་པའི་རིལ་སྒྲུབ་ཀྱི་ཆོ་ག་གནང་བ་འདི། དེང་སང་དར་སོ་ཆེ་བས་འདིར་དེ་དང་བསྟུན་ནས་ཁ་འགེངས་འོས་པས་ཁ་བཀང་། གབ་དབུགས་བསལ་ཏེ། ཕྱག་ལེན་མཐོང་བརྒྱུད་ལྟར་བྲི་བར་བྱའོ། །དེ་ཡང་། ཕྱོགས་བཅུ་དུས་གསུམ་ཞེས་པ་ནས། དགེ་འདུན་ལ་སྐྱབས་སུ་མཆིའོ། །ཡི་དམ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དཔལ་མགོན༴ མཆིའོ། །ཞེས་པ་དང་། བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་པ་ལན་གསུམ་སོགས་བརྗོད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་ལ་འཇུག་པར་བགྱིའོ། །ཞེས་ལན་གསུམ། ཚོགས་ཞིང་དང་བདག་བསྐྱེད་ཀྱི་མཆོད་པ་ཐུན་མོང་དུ་བྱིན་བརླབ་བྱ་བ་ནི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གྱུར། ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་སྤྲིན་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར། ༀ་བཛྲ་ས་མཱ་ཛ༔ འདིར་ཁྲུས་གསོལ་བྱེད་ན། མ་ལུས་མ་སོགས་སྤྱན་འདྲེན་དང་། ཁྲུས་གསོལ་ཀྱང་རྒྱས་བསྡུས་སྐབས་དང་བསྟུན། ཡང་ན། ཡན་ལག་བདུན་པ་ཙམ་དང་། བསྡུ་ན། ༀ་ཨཱརྱ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སོགས་ཀྱིས་མཆོད་ལ། དཀོན་མཆོག་གསུམ་ལ་སོགས་ལན་གསུམ་དང་། ཚད་མེད་བཞི་བསྒོམ། དེ་ནས་བདག་མདུན་གཉིས་ལས། དང་པོ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཧྲཱིཿདཀར་པོ་ནས། མཇུག་གི་མཆོད་བསྟོད་ཀྱི་བར་བྱའོ།། གཉིས་པ་མདུན་བསྐྱེད་ནི། བུམ་པའམ་རིལ་སྒྲུབ་མཛད་པར་ཞུ་ཞེས་སྙན་གསན་ཕབ་ནས། བུམ་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། བུམ་པ་གཉིས་སོགས་ཡོད་ན་སྟོང་པའི་ངང་ལས་བྷྲུཾ་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་དབུས་སུ་རིལ་བུ་རྣམས་མི་དམིགས་པར་གྱུར། སྟོང་པའི་ངང་ལས་ཧྲཱི༔ལས་པདྨ་ཧྲཱིཿས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ནས། རྒྱས་འདེབས་ཀྱི་བར་བྱ། མཆོད་པ་བྱིན་གྱིས་བརླབས་ལ། ཆུ་བོ་གངྒཱ་མ་དང་། ཆོས་དབྱིངས་རྣམ་དག་མ་སོགས་ཀྱི་ཚིགས་བཅད་སྔགས་དང་བཅས་པས་ཕུལ་ཏེ། སྐྱོན་གྱིས་མ་གོས་སོགས་ཚིགས་བཅད་གཅིག་གམ། སྤྲོ་ན། རབ་དཀར་ཆུ་སྐྱེས་བཞད་པའི་ལྟེ་བ་ལ། །ཟླ་བ་ཞུན་མར་འཁྱིལ་བའི་གདན་སྟེང་དུ། །མཚན་དཔེའི་ལང་ཚོ་རྒྱས་པའི་ཟློས་གར་ཅན། །འཇིག་མེད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །འགག་པ་མེད་པ་ཚངས་པའི་དབྱངས་ཀྱི་གདངས། །ཟབ་དོན་དམ་པའི་ཆོས་སུ་ཉེར་འཆར་བའི། །སྐལ་བཟང་རྣ་བའི་བདུད་རྩི་བླ་ན་མེད། །ཡན་ལག་དྲུག་ཅུའི་གསུང་ལ༴ སྐྱེ་འགག་གནས་བྲལ་གདོད་ནས་སྟོང་པའི་དབྱིངས། །འགྱུར་བ་མེད་པ་བདེ་ཆེན་ཆོས་སྐུའི་ཀློང་། །མ་བསྒྲིབས་ཤེས་བྱ་ཐམས་ཅད་ཀུན་གཟིགས་པའི། །ཟག་མེད་ཡེ་ཤེས་ཐུགས་ལ༴ །མ་འདྲེས་ཀུན་ལ་མཛའ་བའི་བཤེས་གྱུར་ཀྱང་། །དུས་མཐར་བོད་ཀྱི་ལྷ་སྐལ་འཇིག་རྟེན་དབང་། །ཐུགས་རྗེ་ཆེན་པོ་འཁོར་བཅས་ཁྱེད་རྣམས་ཀྱིས། །བདག་སོགས་ཕན་བདེའི་དཔལ་ལ་འགོད་པར་མཛོད། །ཞེས་བསྟོད། རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་པ་ཐམས་ཅད་བསྡུས་ནས་ལྷ་སོ་སོ་ལ་ཐིམ་པར་བསམ་ལ། ཡིག་དྲུག་བཟླའ་འོ། །ཐུན་མཐར་ཡིག་བརྒྱ་བཟླ། མཆོད་བསྟོད་བྱས་ལ། རྒྱལ་བའི་སྲས་པོ་འཕགས་མཆོག་སྤྱན་རས་གཟིགས། །གདུང་ཤུགས་དྲག་པོས་ཐུགས་རྗེའི་རྒྱུད་བསྐུལ་ན། །དམ་རྫས་རིལ་བུ་འདི་ལ་བྱིན་རླབས་ལ། །འགྲོ་རྣམས་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཞེས་ལན་གསུམ་དང་། རྩེ་གཅིག་གསོལ་བ་བཏབ་པའི་བྱེད་པོ་ཡིས། །འཕགས་པའི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་ནས། །རྒྱལ་བ་སྲས་བཅས་ཉན་རང་ལ་སོགས་པ། །སྐྱབས་གནས་ཀུན་གྱི་བྱིན་རླབས་ནུས་མཐུའི་ཚོགས། །འོད་དང་འོད་ཟེར་བདུད་རྩིའི་ཆུ་རྒྱུན་དང་། །འཕགས་པའི་སྐུ་འི་རྣམ་པར་ཐོགས་མེད་བསྡུས། །རིལ་བུ་ཐུགས་རྗེ་ཆེན་པོའི་རྣམ་པ་ལ། །ཆུ་ལ་ཆུ་བཞག་བཞིན་དུ་རོ་གཅིག་གྱུར། །ཅེས་བརྗོད། གཏོར་མ་གསུམ་ལས། དང་པོ་ནི། ཨ་མྲྀ་ཏས་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། འཕགས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་ཨཱརྱ་ལོ་ཀེ་ཤྭ་ར་ས་པཱ་རི་ཝཱ་ར་ཨི་དཾ་སོགས་ཀྱིས་ལན་གསུམ་དུ་ཕུལ་ནས་མཆོད་བསྟོད་བྱ། གཉིས་པ་དང་གསུམ་པ་ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་བྱིན་གྱིས་བརླབས་ལ་སྤྱི་ལྟར་ཕུལ་ནས། ཡིག་བརྒྱ་ལན་གསུམ་བརྗོད་དེ། མ་རྙེད་སོགས་ཀྱིས་བཟོད་གསོལ་དང་། འདིར་ནི་གཟུགས་དང་ཞེས་སོགས་ཀྱིས་བརྟན་བཞུགས་དང་ཤིས་བརྗོད་བྱ། གྲོལ་བའི་ཉིན་པར། རྒྱལ་བའི་སྲས་པོ་ཞེས་སོགས་ཀྱི། གསོལ་འདེབས་ནི། བཟོད་གསོལ་གྱི་མཇུག་ཏུ་བླངས་ལ། རྐང་པ་ཐ་མ་གཉིས། རིལ་བུ་ཐུགས་རྗེ་ཆེན་པོར་གསལ་བ་རྣམས། །འོད་ཞུ་གཉིས་སུ་མེད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་རིལ་བུ་ལྷའི་རྣམ་པར་བཞུགས་པ་རྣམས་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར་ཏེ། བསྔོ་སྨོན་སོགས་བྱ། ཉེར་བསྡུ་མ་བྱས་ཀྱང་མི་འགལ་ལོ། །བྱེད་ན་བདག་བསྐྱེད་ཀྱི་མཇུག་ཏུའང་རུང་ལ། འདིར་བྱེད་ན། སུ་པྲ་ཏིཥྛའི་མཇུག་ཏུ་རང་ལྷར་གསལ་བ་འོད་དུ་ཞུ་ནས་ཐུགས་ཀའི་སྔགས་འཕྲེང་ལ་ཐིམ། དེ་ཉིད་ཀྱང་ཧྲཱིཿལ་ཐིམ། དེ་ར་བཏགས་ལ་ཐིམ། ར་བཏགས་ཁོག་པ་ལ་ཐིམ། ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་གི་གུ་ལ་ཐིམ། གི་གུ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གྱུར། ཅེས་བརྗོད་དེ་བསྔོ་སྨོན་ཤིས་བརྗོད་བྱའོ། །དེ་ལྟར་སྒྲུབ་པའི་རིལ་བུ་ནི་མོས་པ་དྲག་པོས་ལོངས་སྤྱད་ན་རྒྱུད་ལ་ལྷའི་བྱིན་རླབས་ཞུགས་ཏེ་ལས་སྒྲིབ་འདགས་ཤིང་རྟེན་བཟང་པོ་འགྲུབ་པ་དང་འཚང་རྒྱ་བར་འགྱུར་བའི་ནུས་པ་འཇོག་པ་སོགས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་ཡོད་དོ། །འདིར་བཅུ་གཅིག་ཞལ་གྱི་མངོན་རྟོགས་དང་སྦྱར་བའི་སྨྱུང་གནས་ཀྱི་ཆོ་ག་མདོར་བསྡུས་པཎ་ཆེན་དང་རྒྱལ་དབང་གི་གསུང་ལས་བྱུང་བ་ལ་ཅུང་ཟད་ཁ་བཀང་སྟེ་འཇུག་པ་བདེ་བར་བྲི་བར་བྱའོ། །དེ་ཡང་། དཀྱིལ་འཁོར་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་བཞིར་སྐུའམ་ཚོམ་བུ་དགོད། བུམ་རྫས་དང་ལྡན་པའི་བུམ་པ་མགུལ་འཆིང་ཅན་འོ་མ་ཅན་གྱི་ཤིང་གིས་བརྒྱན་པ་དང་། མཎྜལ། མཆོད་པ། གཏོར་མ་གསུམ་སོགས་སྟ་གོན་བྱ། ཉམས་ལེན་ལ་སྤྱོར་དངོས་མཇུག་གསུམ་ལས། དང་པོ་ནི། ཐོག་མར་ལངས་ནས་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅས་ཏེ། ༀ་པདྨ་ཨུད་བྷ་ཝ་ཡེ་སྭཱཧཱ། ཞེས་བརྗོད་དེ་ཁྲུས་བྱ། གསོ་སྦྱོང་ནི་བླ་མའམ། རྟེན་གྱི་དྲུང་དུ་ལེན་ན་སངས་རྒྱས་བྱང་སེམས་སོགས་ཀྱི་འདུ་ཤེས་བཞག་ལ་ཕྱག་བཙལ་ནས་མཎྜལ་རྒྱས་བསྡུས་ཅི་རིགས་ཕུལ་ཏེ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས་ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ཡང་དག་པར་བླང་བར་བགྱིའོ། །ཞེས་ལན་གསུམ། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ནི་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་འཁྲུགས་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་འདོན་པར་ཤོག །ཅེས་ལན་གཅིག་བརྗོད་ལ། ༀ་ཨ་མོ་གྷ་ཤཱི་ལ་སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུངྔྷ་སཏྭ། པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀེ་ཏེ་ཧཱུཾ་ཕཊ། ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ཉེར་གཅིག་བཟླའོ། །དེ་ནས། སྐྱབས་འགྲོ་སོགས་བྱས་ལ། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གྱུར། མཆོད་པ་ཨ་མྲཾ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ལས་མཆོད་པ་རྣམས་ལྷ་མིའི་མཆོད་རྫས་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། ཡང་ན་སོ་སོར་བྱིན་གྱིས་བརླབས། ཚོགས་ཞིང་ནི། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། ཐུགས་རྗེ་ཆེན་པོ་ལ་སོགས་པ་བླ་མ་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། བསྡུ་ན། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད་དེ། ཕྱག་སྟོང་སོགས་ཀྱིས་བསྟོད། ཅུང་ཟད་སྤྲོ་ན་མཆོད་པ་བཞག་པས་བསྟོད་པ་དེ་ཉིད་ཀྱི་མཐར། ཌཱ་ཀིའི་གཙོ་མོ་དཔལ་ལྡན་དཔལ་མོའི་ཞབས། །ཞེས་སོགས་ཅི་རིགས་ཀྱིས་ཕྱག་བཙལ་ཏེ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པའང་བྱ། བཤགས་པའི་ཚེ་ལྟུང་བཤགས་སོགས་བྱེད་ན་སྐབས་དང་སྦྱར། གཉིས་པ་དངོས་གཞི་ལ་བདག་མདུན་གཉིས་ལས། དང་པོ་ནི། མཆོད་པ་སྔར་མ་བརླབས་ན་འདིར་བྱ། བསྐྱེད་པའི་ཚུལ་ནི། ལྷ་དྲུག་བསྐྱེད་དང་ཚར་གསུམ་བསྐྱེད་དགོས་བཤད་ཀྱང་། འདིར་འཇུག་པ་བདེ་ཆེད་འདི་བཞིན་དུ་བྱ་སྟེ། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། འདུས་ཡོངས་སུ་གྱུར་པ་པས་རང་ཉིད་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྩ་ཞལ་དཀར། གཡས་ལྗང་གཡོན་དམར། དེའི་སྟེང་མ་དབུས་ལྗང་། གཡས་དམར་གཡོན་དཀར། དེའི་སྟེང་མ་དབུས་དམར། གཡས་དཀར་གཡོན་ལྗང་། དེའི་སྟེང་དུ་ཁྲོ་ཞལ་ནག་པོ། དེའི་སྟེང་དུ་ཞི་ཞལ་དམར་པོ་གཙུག་ཏོར་ཅན། ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་བགྲང་ཕྲེང་། གསུམ་པ་མཆོག་སྦྱིན་གྱི་ཕྱག་རྒྱ། བཞི་པ་ན་འཁོར་ལོ། གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་སྤྱི་བླུགས། བཞི་པ་ན་མདའ་གཞུ། ཕྱག་ལྷག་མ་དགུ་བརྒྱ་དགུ་བཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་མཆོག་སྦྱིན་མཛད་པའི་མཐིལ་ན་སྤྱན་རེ་རེ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། འོད་ཀྱི་ཕུང་པོའི་དབུས་ན་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་སྤྱི་བོར་ༀ་དཀར་པོ། ནས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཐུགས་རྗེ་ཆེན་པོ་ལ་སངས་རྒྱས་ནས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་ཡོངས་སུ་གྱུར་པ་ལས་རིགས་ལྔས་དབུ་བརྒྱན་པར་གྱུར། ༀ་ཨཱརྱ་ལོ་ཀེ་ཤྭ་ར་ཨརྒྷཾ་སོགས་ཀྱིས་མཆོད་ལ་བསྟོད། དེ་ནས། རང་གི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿདཀར་པོ། དེའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བཀྲུག་ནས་རང་ཉིད་ལ་ཐིམ་པར་བསམས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱཱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷད་བྷྱཿ སམ་མྱཀྶཾ་བུདྡྷེ་བྷྱཿ ན་མཿཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏཏྱ་ཐཱ། ༀ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་བཱ་ན་ཡེ་སྭཱཧཱ། ཞེས་པ་ལན་གཅིག་དང་། ཏཏྱ་ཐཱ་མན་བརྒྱ་དང་བདུན་ཏེ་བརྒྱ་རྩ་བརྒྱད་བཟླས་ལ། ཡིག་དྲུག་ལ་གཙོ་བོར་འབད། ཡིག་བརྒྱ་བཟླས་ནས་མཆོད་བསྟོད་བསྡུས་པ་བྱ། གཉིས་པ་མདུན་བསྐྱེད་ནི། སྒྲུབ་གཞི་ལ་དམིགས་ཏེ། ཨ་མྲྀ་ཏས་བསངས། རང་གི་ཐུགས་ཀའི་ཧྲིཿལས་བྷྲུཾ་དཀར་པོ་ཞིག་མདུན་དུ་ཆད། སྭ་བྷཱ་ཝས་སྦྱངས། བྷྲུཾ་དེ་ཉིད་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླའི་གདན་ལ་ཧྲཱིཿཡིག་དཀར་པོ། དེ་ལས་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་འདུས་ཡོངས་སུ་གྱུར་པ་ལས་དབུས་སུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། ཞེས་པ་ནས། སྟབས་ཀྱིས་བཞེངས་པ། དེའི་ཤར་དུ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ། ལྷོར་ཏྲཱཾ་ལས་རིན་འབྱུང་སེར་པོ། ནུབ་ཏུ་ༀ་ལས་རྣམ་སྣང་དཀར་པོ། བྱང་དུ་ཨཱཿལས་དོན་གྲུབ་ལྗང་ཁུ་རྣམས་རང་རང་གི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ་ནས་རྒྱས་འདེབས་ཀྱི་བར་བྱ། མཆོད་པ་བརླབས་ལ། ༀ་ཨཱརྱ་ལོ་ཀི་ཤྭ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། སྤྲོ་ན་ཚིགས་བཅད་སྔགས་དང་བཅས་པས་འབུལ། སྐྱོན་གྱིས་མ་གོས་སོགས་དང་། ཆོས་སྐུ་ནམ་མཁའ་བཞིན་དུ་ཞེས་སོགས་ཀྱིས་བསྟོད། བདག་མདུན་གཉིས་ཀའི་ཕྱག་མཛུབ་ལས་བདུད་རྩི་བབ་པས་བུམ་པ་གང་བར་གྱུར། ཅེས་བརྗོད་ལ། མདུན་བསྐྱེད་དང་བུམ་པ་གཉིས་ཐུན་མོང་དུ་གཟུངས་རིང་ཐུང་ཅི་རིགས་བཟླ། དེ་ནས་བོ་བསྟོད་ནི། ༀ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་ནི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། ཁ་བ་དུང་ལྟར་རྣམ་དག་དྲི་ངད་ལྡན་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་བ་གཉིས་ནི་བརྒྱན་པ་པོ། ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐེ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུག་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་བའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་པ་པོ། །གང་ཞིག་རྟག་ཏུ་མཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པ་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་པའམ་ནི་བུད་མེད་ཡིན་ཡང་རུང་། །སྐྱེ་བ་འདིའམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །ཞེས་པོ་བསྟོད་ཉེར་གཅིག་བཟླ་ཞིང་། དེའི་ཚེ་ལངས་ཏེ་ཕྱག་འཚལ་བའམ། མ་ནུས་ན་མ་བྱས་ཀྱང་རུང་ལ། པོ་བསྟོད་ཉེར་གཅིག་བརྗོད་པ་མ་ལྕོགས་ན་དཔལ་ལྡན་ཡེ་ཤེས་ཀྱིས་ཚར་བདུན་བྱ་བར་བཤད་པ་བཞིན་བྱའོ། །བསྟོད་པ་འདི་ནི་ཤིན་ཏུ་གལ་ཆེ་མོད། འོན་ཀྱང་རྣམ་པ་ཐམས་ཅད་དུ་མེད་མི་རུང་བའི་ཡན་ལག་ནི་མ་ཡིན་ཏེ། རྒྱལ་བའི་དབང་པོ་བློ་བཟང་རྒྱ་མཚོས་མཛད་པའི། སྨྱུང་གནས་ཀྱི་ཆོ་ག་མདོར་བསྡུས་པ་ལས་འདིས་བསྟོད་པར་མ་བཤད་པས་སོ། །གསུམ་པ་མཇུག་མཆོག་ལ། འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་པོ། །ཚེ་རབས་ཀུན་ཏུ་བཤེས་མཛོད་ལ། །སྒྲིབ་སྦྱོང་ལམ་སྟོན་དག་ཞིང་དུ། །སྐྱེས་ནས་སངས་རྒྱས་ཐོབ་བྱིན་རློབས། །ཞེས་ལན་གསུམ་གྱིས་གསོལ་གདབ་བྱ། གཏོར་མ་གསུམ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ལས་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། དང་པོ་ནི། འཕགས་པ་འཁོར་བཅས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། ཨ་ཀཱ་རོ་ལན་གསུམ་གྱིས་འཕགས་པ་འཁོར་བཅས་ལ་ཕུལ་ནས་མཆོད་བསྟོད་མདོར་བསྡུས་བྱ། གཉིས་བ་དེས་ཆོས་སྐྱོང་ལ་ཕུལ་ནས། བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་ལ། མཆོད་སྦྱིན་གྱི་གཏོར་མ་འདི་ནི་ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་བདག་གི་བར་ཆད་ཞི་ཞིང་མཐུན་རྐྱེན་འགྲུབ་པར་མཛད་དུ་གསོལ། ཞེས་དང་། གསུམ་པ་དེས་གཞི་བདག་ལ་ཕུལ་ནས། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དམ་མིན་ཀྱང་། མཆོད་སྦྱིན་གྱི་གཏོར་མ་འདི་ནི། གཞི་བདག་རྣམས་ལ་སྦྱིན་ནོ། །བདག་ཅག་གི་བྱ་བ་ཅི་བྱས་ཀྱང་ཀོ་ལོང་མི་མཛད་པར་མཐུན་རྐྱེན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད། དེ་ནས་ཁྲུས་ནི། མེ་ལོང་ངོས་སུ་བུམ་པའི་ཆུས། མགོན་པོ་སྤྱན་རས་གཟིགས་དབང་ལ། །དྲི་ཞིམ་བདུད་རྩིའི་ཁྲུས་གསོལ་བས། །བདག་དང་འགྲོ་བའི་ཉེས་པ་ཀུན། །བྱང་སྟེ་སྐུ་གསུམ་ཐོབ་པར་ཤོག །ཅེས་ཁྲུས་གསོལ། ཡིག་བརྒྱ་བཟླས་ཏེ། བཅོམ་ལྡན་འདས་ཁྱེད་ལ་བདག་གིས་ཉེས་པའི་ཚོགས་ཅི་བགྱིས་པ་ཐམས་ཅད་བཟོད་པར་གསོལ་གྱིས། བདག་ལ་སྒྲིབ་པ་མི་འགྱུར་བར་མཛད་དུ་གསོལ། ༀ་མ་ཎི་པདྨེ་ཧཱུཾ། ཞེས་བརྗོད་པས། འཕགས་པ་ནམ་མཁར་བྱོན་ནས་བདག་ལ་ཁྲུས་གསོལ་བས་སྒྲིབ་པ་ཐམས་ཅད་དག་པར་གྱུར་པར་བསམས་ལ། བུམ་ཆུ་བཏུང་། དེ་ལྟར་སྦྱོར་དངོས་གཉིས་ལ་ཆོ་ག་ཚར་གསུམ་གསུམ་དགོས་པའི་ཆོ་ག་དང་པོ་གཉིས་ལ་ཁྲུས་བྱ་སྟེ་གསོ་སྦྱོང་ནས་བཟུང་ཚར་རེ་དང་། ཕྱི་མ་གཉིས་ལ་གསོ་སྦྱོང་མ་གཏོགས་མཇུག་གི་ཁྲུས་ཀྱི་བར་ཚར་གཉིས་རེ་བྱའོ། །ཕྱག་ལེན་རྒྱས་པར་གཞན་དུ་ཤེས་དགོས་ཤིང་། རྗེས་ཆོ་ག་ལ་གསོ་སྦྱོང་མ་གཏོགས་ཆར་གཅིག་བྱས་ལ། རྟེན་ཡོད་ན། བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་དང་། མེད་ན། བཛྲ་མུཿཡེ་ཤེས་པ་དང་མགྲོན་གཞན་རྣམས་གཤེགས་ཤིང་། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར་པར་བསམས་ལ་ཤིས་པ་བརྗོད་པར་བྱའོ། །དེ་དག་ནི་མཁས་པའི་མན་ངག་ལ་བརྟེན་ནས་མདོར་བསྡུས་ཏེ་བཀོད་པའོ། །ཕྱག་རྡོར་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་རང་གི་སེམས་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོ་ནག ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་འཕྱར་སྟབས་སུ་འཛིན་ཅིང་། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། རང་གི་སྤྱི་བོར་ༀ་ནས། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། ལྕང་ལོ་ཅན་ནས་གསང་བའི་བདག་པོའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས་ༀ་སརྦ་ནས། ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ༀ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །ཞེས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། རྒྱལ་བ་སྲས་བཅས་ཀྱི་མཐུ་སྟོབས་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ༀ་བཛྲ་པཱ་ཎི་ཧཱུཾ་ཕཊ། སྦྱར་བ་ཅི་ནུས་བཟླ། མཇུག་ཏུ་ཡིག་བརྒྱ་དང་། བསྔོ་སྨོན་བྱའོ། །ཕྱག་རྡོར་གཏུམ་པོ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཉིའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག །ཞལ་གདངས་ནས་མཆེ་བ་གཙིགས་པ། སྤྱན་གསུམ་དང་ལྡན་ཞིང་། ཁྲོ་གཉེར་བསྡུས་པ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་ཕྲག་གོང་དུ་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། དབུ་སྐྲ་དང་སྨ་ར་དམར་སེར་འབར་ཞིང་དབུ་རྒྱན་ལ་སོགས་པ་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། དེའི་སྤྱི་བོར་ཁྱུང་དཀར་པོ། མགྲིན་པར་ཁྱུང་དམར་པོ། ཐུགས་ཀར་ཁྱུང་སྔོན་པོ། ལྟེ་བར་ཁྱུང་སེར་པོ། གསང་གནས་སུ་ཁྱུང་ལྗང་ཁུ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ལྕང་ལོ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ༀ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་ལ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་གི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། རྒྱལ་བ་སྲས་བཅས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་དྲངས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཞེས་ཅི་ནུས་དང་། དེའི་མཇུག་ཏུ། ༀ་བཛྲ་ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱཧཱ། ཞེས་སྦྱར་བའང་ཅི་ནུས་བཟླ། ༀ་བཛྲ་ས་ཏྭ་ཧཱུཾ། ལན་གསུམ་དང་། མཆོད་བསྟོད་བྱས་ལ། དགེ་བ་འདི་ཡིས་སོགས་བསྔོ་སྨོན་བྱའོ། །རྡོ་རྗེ་རྣམ་འཇོམས་ནི། སྐྱབས་འགྲོ་སོགས་སྔོན་ཏུ་བཏང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་རང་གི་སེམས་ཉིད་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ་དཀར་པོ། ནས་དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་འཇོམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དང་། དབང་གི་ལྷ་རྣམས་སྤྱན་དྲངས། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས་ༀ་སརྦ་ནས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ་ཡོད་ན་བརླབས་ལ། ༀ་བཛྲ་བི་དཱ་ར་ཎ་ས་པ་རི་ཝཱ་ར་སོགས་ཀྱིས་མཆོད་ལ། གང་ཐུགས་གཉིས་སུ་མེད་པའི་སོགས་ཀྱིས་བསྟོད། རང་གི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་གྱི་ནད་གདོན་ཉམས་གྲིབ་ཐམས་ཅད་སྦྱངས། སངས་རྒྱས་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་བདུད་རྩིའི་རྣམ་པར་བཀུག་ནས་རང་ལ་ཐིམ་པར་བསམས་ལ། གཟུངས་རིང་ཅི་ནུས་སམ། ཡང་ན་གཟུངས་ཐུང་ཅིག་ཤས་དང་། དེ་ཡང་མི་སྤྲོ་ན། ན་མཿ ཤྩཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ནས་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཞེས་པའི་གཟུངས་ཐུང་ཅི་ནུས་བཟླས་ནས་ཡིག་བརྒྱ་བརྗོད་པ་སོགས་བྱའོ།། འདིའི་སྒོ་ནས་བྱབ་ཁྲུས་འདོད་ན། བདག་བསྐྱེད་སྔོན་དུ་བཏང་ནས་བུམ་བསྐྱེད་བསྡུས་པ་ནི། བུམ་པ་ཕྱག་ལེན་བཞིན་སྟ་གོན་བྱས་པ། མདུན་དུ་སྟེགས་ཀྱི་ཁར་བཀོད། མཆོད་པས་མཐའ་བསྐོར་བ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་མཚན་ཉིད་ཐམས་ཅད་དང་ལྡན་པའི་བུམ་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམ་པར་འཇོམས་པ། ཞེས་པ་ནས། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཅེས་པའི་བར་སྔར་བཞིན་བརྗོད། མཆོད་པ་བྱིན་གྱིས་བརླབས་ཏེ། མཆོད་བསྟོད་བྱ། བུམ་པའི་ལྷའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་བདུད་རྩིའི་རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་རྒྱུ་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། སྔགས་གསུམ་ཅི་རིགས་བཟླས་ནས་ཡིག་བརྒྱ་བརྗོད། གཏོར་མ་འབུམ་ན། བྱ་རྒྱུད་ལྟར་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་བཛྲ་བི་དཱ་ར་ཎ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ་ནས་མཆོད་བསྟོད་བྱ། དེ་ནས་བསྒྲུབ་བྱ་མདུན་དུ་འ བོད་པས། རང་ཉིད་ལྷའི་ང་རྒྱལ་བརྟན་པོས། གཟུངས་ཐུང་ཚར་གཅིག་བརྗོད་ནས། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། དེ་བཞིན་དུ་འོག་མ་ཀུན་ལ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་སྦྱར་ཏེ། ནད༴ རིམས༴ གདོན༴ ཉེ་བར་འཚེ་བ༴ དུས་མ་ཡིན་པར་འཆི་བ༴ ཁོན༴ གྲིབ༴ བདུད༴ བྱུར༴ སྐལ་བ་ངན་པ༴ ལྟས་ངན་པ༴ མཚན་མ་ངན་པ༴ རྨི་ལམ་ངན་པ༴ བཀྲ་མི་ཤིས་པ༴ མཚན་མ་ནག་མོའི་གདོན༴ བདུད་ཀྱི་ཞགས་པ༴ གཤིན་རྗེའི་ཕོ་ཉ༴ བགེགས་དང་ལོག་འདྲེན་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་ལན་མང་དུ་བརྗོད་ཅིང་བཟླའོ། །དེ་ནས་ཁར་ཆུ་ཅུང་ཟད་བཟུང་ཞིང་། བཀྲུས་པའི་ལྷག་མ་མདུན་དུ་གླུད་བཅས་ཀྱི་སྣོད་བཞག་པ་དེར་འཕོ་བར་བསམ་ལ། རྨ་བྱའི་སྒྲོ་ཆུན་གྱི་སྟེང་དུ་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པའི་འོད་ཟེར་གྱིས་ཆེ་གེ་མོའི་ནད་གདོན་ཐམས་ཅད་བྱབས་ཤིང་དེད་པར་གྱུར། དེས་བྱབས་ནས། སྙིང་པོ་བརྗོད་པའི་རྗེས་སུ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། དེ་བཞིན་དུ་གཞན་རེ་རེའི་མཐར་ཨ་པ་ན་ཡེ་སྭཱཧཱ། ཞེས་བརྗོད་པའི་རྗེས་སུ་ཁའི་ཆུ་དེ་སྔར་བཀྲུས་པའི་ཆུ་ནང་དུ་འཕོའོ། །དེ་ནས། ན་མོ་སངས་རྒྱས་ཀྱི་བདེན་པ་དང་། ཞེས་སོགས་བདེན་སྟོབས་ཀྱི་མཇུག་ཏུ། སུམྦྷ་ནི་བརྗོད་ཅིང་། ཡུངས་ཀར་གྱིས་བྲབས། གུ་གུལ་གྱིས་བདུགས། རོལ་མོའི་སྒྲ་དྲག་ཏུ་བྱས་ལ་ཆུ་དེ་ཕྱི་རོལ་དུ་འདོར། སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་རྒྱལ། །དགེ་འདུན་མུ་སྟེགས་རྣམས་ལས༴ དབང་པོ་ལྷ་མིན༴ ལྷ་མིན་ཟླ་བ༴ ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ནི་མེ་ལས་རྒྱལ་བར་འགྱུར། །རླུ ང་ནི་སྤྲིན་ལས་རྣམ་པར་རྒྱལ། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པ་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལ། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་གྱུར་རྫུན་མ་ལགས། །བདེན་པ་དང་བདེན་པའི་ཚིག་འདི་དག་གིས་ཆེ་གེ་མོ་འདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག ཛ་ཡ་ཛ་ཡ་སིདྷི་སིདྷི་ཕ་ལ་ཕ་ལ་ཧོཿ ཞེས་བརྗོད། དེ་ནས་ཡང་། ན་མཿ ཤྩཎྜ་བཛྲ་ནས་ཧཱུཾ་ཕཊ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རཀྵ་རཀྵ་ཡེ་སྭཱཧཱ། དེ་བཞིན་དུ་ཐམས་ཅད་ལའང་སྦྱར་ནས་བརྗོད་ཅིང་། མཐར་རྡོ་རྗེ་འཇོག་པའམ། བཞག་པར་མོས་ཏེ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་མཐུ་སྟོབས་ཀྱིས། །ནས་མ་བྱེད་ཅིག །རཀྵ་རཀྵ་ཡེ་སྭཱཧཱ། ཞེས་དང་། ཤིས་བརྗོད་བྱའོ། །མི་གཡོ་བ་སྔོན་པོ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། ཚོགས་ཞིང་བྱེད་ན། ཐུན་མོང་དུ་འཆད་འགྱུར་ལྟར་བྱས་ནས། རྒྱུན་བཤགས་དང་ཚད་མེད་བཞི་བསྒོམ། དངོས་གཞི་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཀྱི་ངོ་བོ་ཧཱུཾ་ཡིག་མཐིང་ནག་དེ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མི་གཡོ་བ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་དང་སྨིན་མ་དམར་སེར་གྱེན་དུ་འབར་བ། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང་གཡོན་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། དར་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་ཏེ་བགེགས་ཀྱི་རྒྱལ་པོ་གན་རྐྱལ་དུ་སྒྱེལ་བའི་སྟེང་ན་བཞུགས་པའི་སྤྱི་བོར་ༀ་དཀར་པོ། ནས་རང་བཞིན་གྱི་གནས་ནས༴ ས་མཱ་ཛཿ ༀ་ཨ་ཙ་ལ་ཨརྒྷཾ། སོགས་ཀྱིས་མཆོད། སྐུ་མདོག་སྔོན་པོ་རལ་གྲི་ཞགས་པ་ཅན། །བརྐྱངས་བསྐུམས་སྟབས་ཀྱིས་བདུད་བཞི་རབ་ཏུ་འཇོམས། །མ་གཡོ་མི་གཡོ་གཡོ་བ་མི་མངའ་བའི། །བཅོམ་ལྡན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ༀ་བཛྲ་ཀཱུ་ལའི་སྔགས་ཀྱིས་མཆོད། ཁྱེེད་རྣམས་ཀྱིས་ནས་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། རང་གི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་སོགས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་པ་ཐམས་ཅད་བསྡུས་ནས་སྔགས་འཁོར་ལ་ཐིམ་པར་བསམས་ལ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཞེས་པ་ཅི་ནུས་བཟླ། མཐར་ཡིག་བརྒྱ་བརྗོད་ནས་མཆོད་བསྟོད་སོགས་བྱ་ཞིང་། ཉེར་བསྡུ་བྱས་ཀྱང་རུང་ངོ་།། རྟ་མགྲིན་གསང་སྒྲུབ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་རང་གི་སེམས་ཉིད་པཎ་ཆེན་ལྟར་ས་བོན་ལས་བསྐྱེད་ན། ཧྲཱིཿདམར་པོ་དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཅེས་སྦྱོར་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ། ཞལ་གསུམ་ཕྱག་དྲུག་པ། ཞལ་དབུས་དམར། གཡས་ལྗང་། གཡོན་དཀར། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། ཞལ་གདངས་ནས་མཆེ་བ་རྣོན་པོ་བཞི་གཙིགས་ཤིང་། དབུ་སྐྲ་དང་སྨིན་མ་སྨ་ར་ཁམ་སེར་གྱེན་དུ་བརྫེས་པ། དབུ་རེ་རེའི་སྟེང་ན་རྟ་མགོ་ལྗང་ནག་རྟ་སྐད་འཚེར་ཞིང་། རྔོག་མའི་གསེབ་ནས་མེ་སྟག་འཕྲོ་བ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་ཁ་ཊྭཱཾ་ག གསུམ་པ་ན་རལ་གྲི། གཡོན་གྱི་དང་པོས་སྡིགས་མཛུབ། གཉིས་པ་ན་མདུང་ཐུང་། གསུམ་པ་ན་རྒྱུ་ཞགས་བསྣམས་པ། གླང་ཆེན་གྱི་ཀོ་རློན་དང་ཞིང་ཆེན་གྱི་གཡང་བཞིས་སྟོད་གཡོགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཁྲག་ཞག་གི་ཐིག་ལེ་དང་ཐལ་ཆེན་གྱིས་བྱུགས་ཤིང་། རུས་པའི་རྒྱན་གྱིས་བརྒྱན་པ། སྒེག་པ་ལ་སོགས་པའི་གར་དགུའི་ཉམས་ལྡན། སྐུ་ལ་ཁྲོ་ཆུང་གི་ཚོགས་ཀྱིས་གཏམས་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་སུ་ཀླུའི་ངོ་བོ་སྤྲུལ་བརྒྱད་བརྫིས་པའི་སྟེང་ན་ཞབས་བརྒྱད་གཡས་བསྐུམ་ཞིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། འདིར་རྒྱལ་དབང་ལྔ་པའི་སྒྲུབ་ཐབས་སུ་བདག་བསྐྱེད་རྐྱང་པ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་མཆོད་བསྟོད་བྱ་བ་མ་གསུངས་ཀྱང་། རྗེ་དགེ་འདུན་རྒྱ་མཚོ་དང་། པཎ་ཆེན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་བཤད་པ་ལྟར་བྱས་ན་བློ་དང་འཚམ་པས། དེ་ལྟར་ན། བདག་ཉིད་ཀྱི་སྤྱི་བོར་ༀ་དཀར་པོ། ནས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཅེས་པའི་བར་བྱ། ནང་མཆོད་དང་མཆོད་པ་ཡང་ན། ༀ་པདྨཱནྟ་ཀྲྀཏ་ཧཱུཾ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ནང་མཆོད་དང་མཆོད་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པ་ཅན་སོ་སོའི་བྱེད་ལས་ཀྱི་ནུས་པ་ཅན་དུ་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་དང་། ༀ་བཛྲ་ཨརྒྷཾ་ཨཱཿཧཱུཾ། སོགས་ཀྱིས་བྱིན་གྱིས་བརླབས། ༀ་པདྨཱནྟ་ཀྲྀཏ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེའི་མཐར་འབྲུ་གསུམ་གྱིས་ནང་མཆོད་ཀྱང་འབུལ། ཧཱུཾ་འཇིགས་རུང་དུས་མཐའི་མེ་ལྟར་འབར་བའི་སྐུ། །མི་བཟད་དྲག་སྔགས་ང་རོ་སྒྲོག་པའི་གསུང་། །མཁྱེན་བརྩེ་ནུས་པ་དཔག་པར་དཀའ་བའི་ཐུགས། །ཁྲོ་རྒྱལ་དབང་པོའི་སྐུ་ལ་ཕྱག་འཚལ་བསྟོད། །རང་གི་སྐུའི་ཆ་རྣམས་དང་ཐུགས་ཀའི་ཉི་མའི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་མེ་འོད་ལྟ་བུ་ཕྱོགས་བཅུར་འཕྲོས། རང་གཞན་གྱི་ནད་གདོན་ཐམས་ཅད་ཞི་བར་བྱས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པར་བསམ་ལ། ༀ་ཧྲཱིཿཔདྨཱནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྷྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཞེས་པ་ཅི་ནུས་དང་། རྒྱལ་དབང་ལྔ་པའི་དེར་མི་འདྲ་བ་ཞིག་སྣང་ཡང་། རྗེ་དགེ་འདུན་རྒྱ་མཚོའི་གསུང་ལས། ༀ་བཛྲ་ཐུན་བྷྱོཿ ༀ་ཏྲི་ག་ནན་བཛྲ་ཛ་ཛཿ ས་མ་ཡ་སྟྭཾ། ཞེས་པ་དང་། ༀ་ཧཾ་ཤ ཏྲིག་ཏྲིག་ནན། ཏྲིག་ཧུར་ཐུམ་ཛཿམཱ་ར་ཡ་ཕཊ། ༀ་རུ་ཏྲིག་ཏྲིག་རུ་ཏྲིག་ཏྲིག་ནན། ཏྲིག་ཧུར་ཐུམ་ཛཿ མཱ་ར་ཡ་ཕཊ། ཞེས་པ་རྣམས་ཀྱང་བཟླ་བར་བཤད། པཎ་ཆེན་ཀྱི་མངོན་རྟོགས་བསྡུས་པ་གཉིས་ལས་སྔགས་སྔ་མ་ཁོ་ན་ལས་མི་འབྱུང་ཞིང་། དེར་མ་ཟད། དེ་གསུམ་ལས་ཞལ་དང་ཕྱག་མཚན་སྔགས་སོགས་གོ་རིམ་ཅུང་མི་འདྲ་བ་ཞིག་འབྱུང་ཡང་མི་འགལ་ལོ། །མཇུག་ཏུ་ཡིག་བརྒྱ་བཟླས་ནས་མཆོད་བསྟོད་བྱའོ། །རྒྱུན་པའི་མངོན་རྟོགས་ལ་ནི་གཏོར་མ་མེད་ཀྱང་ཆོག་པར་བཤད་ལ། བསྙེན་པའི་སྐབས་ཡིན་ན། གཏོར་མ་སྔར་ལྟར་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ༀ་ཨཱཿཧཱུཾ། ལན་གསུམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དཔལ་རྟ་མགྲིན་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ༀ་པདྨཱནྟ་ཀྲྀཏ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་མམ་བདུན་གྱི་དབུལ། སྔར་ལྟར་ཕྱི་ནང་གི་མཆོད་པ་ཕུལ་ནས་བསྟོད་ལ། བཅོམ་ལྡན་འདས་བདག་གི་བར་ཆད་ཐམས་ཅད་ཞི་ཞིང་དངོས་གྲུབ་མ་ལུས་པ་རྩལ་དུ་གསོལ། ཞེས་གསོལ་བ་གདབ། བཛྲ་མུཿ གཏོར་མགྲོན་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར་པར་བསམ་ལ་ཤིས་བརྗོད་བྱའོ། །འདིར་འཇུག་པ་བདེ་བར་བྱས་ལ། རྒྱས་པར་བྱེད་འདོད་ན་རྒྱལ་དབང་རྣམ་པ་གཉིས་ཀྱིས་སྨན་རག་གཏོར་གསུམ་འབུལ་ཚུལ་བཤད་པ་ལྟར་རིགས་སོ།། སྒྲོལ་ལྗང་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། རང་གི་མདུན་གྱི་ནམ་མཁར་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ལྗང་ཁུ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་ཁུ་ཞི་ཞིང་འཛུམ་པ། ལང་ཚོ་དར་ལ་བབ་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་། གཡོན་ཐུགས་ཀར་མཐེབ་སྲིན་གྱིས་ཨུཏྤ་ལའི་ཡུ་བ་ནས་བཟུང་བའི་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བ། དབུ་སྐྲ་མཐོན་མཐིང་ཕྱེད་ཐོར་ཅོག་གི་ཚུལ་དུ་བཅིངས་ཤིང་ལྷག་མའི་ཟར་བུ་སྐུ་སྟོད་དུ་འཕྱང་བ། དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་། སྨད་གཡོགས་མཛེས་པར་གསོལ་བ། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དབུས་ན་ཞབས་གཡས་བརྐྱངས། གཡོན་བསྐུམ་པའི་ཚུལ་གྱིས་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། ནས་འོད་འཕྲོས། པོ་ཏ་ལ་ནས་འཕགས་མ་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། སླར་ཡང་ནས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། སྒྲོལ་བསྟོད་འདོན་པ་གཙོ་བོར་བྱེད་ན། དེ་ཉིད་རྗེ་བཙུན་མ་དངོས་ཡིན་པར་མོས་ལ། ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། ཉི་ཤུ་རྩ་གཅིག ཞེས་པའི་བར་ཉེར་གཅིག་སོགས་བརྗོད་པའི་མཐར། རྗེ་བཙན་འཕགས་མ་སྒྲོལ་མ་དང་། །ཞེས་སོགས་ཀྱིས་ཡན་ལག་བདུན་པ་བྱ། གཙོ་བོར་མི་བྱེད་ན། ཚར་གཅིག་གམ། ཡང་ན། རྒྱས་བཏབ་མ་ཐག ༀ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་ལ། ལྷ་དང་ལྷ་མིན་སོགས་ཚིགས་བཅད་གཅིག་གིས་བསྟོད། དེ་གཉིས་གང་བྱེད་ཀྱང་། མཐར། ཛཿཧཱུཾ་བཾ་ཧོཿ རྗེ་བཙུན་མ་རང་ལ་ཐིམ་པས། རང་ཉིད་པད་ཟླའི་གདན་ལ་རྗེ་བཙུན་མའི་སྐུར་བཞེངས་པར་གྱུར། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཏཱཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རིགས་ཐམས་ཅད་བསལ། སངས་རྒྱས་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་རྗེ་བཙུན་མའི་སྐུའི་ཚོགས་དང་འོད་ཀྱི་རྣམ་པར་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་ཅི་ནུས་བཟླ། མཐར་ཡིག་བརྒྱ་དང་། མཆོད་བསྟོད་བསྡུས་པ་བྱ། དགེ་བ་འདི་ཡིས་སོགས་ཀྱི་བསྔོ་སྨོན་བྱའོ། །སྒྲོལ་དཀར་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི། རྭ་བ་གུར་བླ་རེ། མེ་རི་དང་བཅས་པའི་དབུས་སུ་བཾ་ལས་པད་དཀར་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཏཱཾ་ཡིག་དཀར་པོ་ལས་ཨུཏྤ་ལ་ཏཱཾ་གྱིས་མཚན་པ། དེ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་དང་། གཡོན་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱ་མཛད་ཅིང་། གཉིས་ཀའང་ཨུཏྤ་ལ་སྔོན་པོས་མཛེས་པ། ཞི་ཞིང་འཛུམ་པའི་ཉམས་ཅན་དཔྲལ་བ་དང་ཕྱག་ཞབས་ཀྱི་མཐིལ་ན་སྤྱན་རེ་རེ་མངའ་བ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པའི་སྤྱི་བོར་རིགས་བདག་ཏུ་ཚེ་དཔག་མེད་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་དར་གྱི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། མཚན་དཔེས་སྤྲས་ཤིང་ཟླ་བའི་རྒྱབ་ཡོལ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ་དཀར་པོ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་ལྷན་ཅིག་སྤྱན་དྲངས། ཛ༔ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་ཡར་ལུད་པ་ལས་ཚེ་དཔག་མེད་དང་དབྱེར་མེད་དུ་འདྲེས་ཏེ་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ལ། ༀ་ཨཱརྱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། རྒྱལ་བའི་འཕྲིན་ལས་གཅིག་བསྡུས་ནས། །ལྷ་མོའི་གཟུགས་སུ་རབ་ཤར་བ། །ཚེ་དང་ཡེ་ཤེས་རྩོལ་མཛད་པའི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད། །དེ་ནས། རང་གི་ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣོད་བཅུད་ཀྱི་ཡོན་ཏན་དང་། སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཐམས་ཅད་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་བཀུག སྤྱི་བོའི་ཚེ་དཔག་མེད་ཀྱི་སྐུའི་ཆ་དང་ཕྱག་གི་བུམ་པར་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབ། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ཚེ་དང་བསོད་ནམས་འཕེལ་ཞིང་རྒྱས་པར་བསམ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཥྚིཾ་ཀུ་རུ་སྭཱཧཱ། ཞེས་ཅི་ནུས་བཟླ། ཡིག་བརྒྱ་འདོན་པ་སོགས་བྱའོ། །སྔ་མ་དང་འདི་ལ་དམིགས་སྐོར་མི་འདྲ་བ་སྣང་ཡང་འདིར་པཎ་ཆེན་གོང་མའི་བཞེད་པ་བཞིན་བཀོད་དོ། །རྣམ་པར་རྒྱལ་མ་ལྷ་དགུ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་ལས་སྣ་ཚོགས་རྡོ་རྗེ་བྷྲུཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར། གཡས་ཞལ་སེར། གཡོན་ཞལ་སྔོན་པོ་ཡིད་ཙམ་ཁྲོ་བ། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་ཞིང་། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་བརྒྱད་ཀྱི་གཡས་དང་པོས་སྣ་ཚོགས་རྡོ་རྗེ། གཉིས་པས་འོད་དཔག་མེད། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་པོས་སྡིགས་མཛུབ་དང་བཅས་ཏེ་ཞགས་པ་འཛིན་པ། གཉིས་པས་མི་འཇིགས་པའི་ཕྱག་རྒྱ། གསུམ་པ་ན་གཞུ། བཞི་པས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། གཡས་རྔ་ཡབ་དཀར་པོ་དང་གཡོན་པདྨ་དཀར་པོ་བསྣམས་པ། གཡོན་དུ་གསང་བའི་བདག་པོ་སྔོན་པོ་གཡས་རྔ་ཡབ་དཀར་པོ་དང་། གཡོན་རྡོ་རྗེས་མཚན་པའི་ཨུཏྤལ་སྔོན་པོ་བསྣམས་པ། གཉིས་ཀའང་ཞི་བའི་ཉམས་ཅན། རིན་པོ་ཆེ་དང་དར་གྱིས་མཛེས་ཤིང་ཟླ་བའི་གདན་དུ་བཞེངས་ནས་གཙོ་བོ་ལ་ཕྱོགས་པའོ། །ཤར་དུ་མི་གཡོ་བ་གཡས་རལ་གྲི། ལྷོར་འདོད་རྒྱལ་གཡས་ལྕགས་ཀྱུ། ནུབ་ཏུ་དབྱུག་སྔོན་ཅན་གཡས་དབྱུག་པ། བྱང་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ། ཐམས་ཅད་ཀྱང་སྐུ་མདོག་སྔོན་པོ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། དབུ་སྐྲ་དང་སྨ་ར་འབར་ཞིང་མཆེ་བ་གཙིགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཉི་གདན་ལ་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། སྟེང་གི་ཆ་ལ་གཡས་གཡོན་དུ་གནས་གཙང་མའི་ལྷ་བུ་གཉིས་སེར་པོ། ལྷའི་དར་གྱིས་བརྒྱན་ཅིང་། ཕྱག་གཉིས་བདུད་རྩིས་གང་བའི་བུམ་པ་བཟུང་ནས་གཙོ་མོ་ལ་ཁྲུས་གསོལ་བ། ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། ནས། ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་གཙོ་མོ་ལ་རྣམ་སྣང་སོགས་རང་གི་རིགས་བདག་སོ་སོས་རྒྱས་བཏབ་པར་གྱུར། ༀ་ཨཱརྱ་ཨུཥྞཱི་ཥ་བི་ཛ་ཡ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། སོགས་ཀྱིས་མཆོད་ལ། དཔལ་ལྡན་ལྷ་མོ་ཞེས་སོགས་དང་། རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་རྒྱལ་དབྱིག་སྔོན་སྟོབས་པོ་ཆེ། །གནས་གཙང་ལྷ་འི་བུ་དང་བཅས་པ་ཡི། །རྣམ་རྒྱལ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཞེས་པས་བསྟོད། རང་གི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་བྷྲུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་མ་ལུས་པ་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་དང་སྣོད་བཅུད་ཀྱི་ནུས་པའི་ཡོན་ཏན་ཐམས་ཅད་འོད་དང་བདུད་རྩི་དཀར་པོའི་རྣམ་པར་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། གཟུངས་རིང་ཅི་ནུས་དང་། ༀ་བྷྲུཾ་སྭཱཧཱ། ཞེས་སྙིང་པོ་དང་། ༀ་ཨ་མྲྀ་ཏ་ཨཱ་ཡུརྡཱཿདེ་སྭཱཧཱ། ཞེས་ཉེ་སྙིང་ཅི་ནུས་བཟླས་ན་ལས་སྒྲིབ་དག་ནས་ཚེ་དང་བསོད་ནམས་སོགས་འཐོབ་པར་འགྱུར་རོ། །མཇུག་ཏུ་ཡིག་བརྒྱ་དང་། མཆོད་བསྟོད་བསྔོ་སྨོན་བྱའོ།། དབྱངས་ཅན་དཀར་མོ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ༀ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཧྲཱིཿདཀར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། ཤེས་རབ་ཀྱི་སྣང་བ་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་དབྱངས་ཅན་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡོན་པས་པི་ཝང་རྒྱུད་སྟོང་དང་ལྡན་པ་འཛིན་ཅིང་། གཡས་པའི་ཕྱག་སོར་གྱིས་མངོན་པར་བརྡུང་པ་ལ་བརྩོན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། དབུ་སྐྲ་མཐོན་མཐིང་ཕྱེད་གྲོལ་བའི་ཟར་བུས་སྐུ་སྟོད་ཁེབས་ཤིང་ཕྱེད་ཐོར་ཅོག་ཏུ་བྱས་པའི་རྩེ་མོར་མེ་ཏོག་གིས་བཅིངས་པ་ལ་རིན་པོ་ཆེ་དང་ཟླ་བ་ཕྱེད་པས་མཛེས་པ། འོད་ཀྱི་ཕུང་པོའི་དབུས་ན་ཞབས་གཉིས་ཅོག་པུར་བཞུགས་པའི་སྤྱི་བོར་ༀ་དཀར་པོ། ནས་ཧཱུཾ་མཐིང་ཁ། དེ་ལས་འོད་འཕྲོས། ལྷོ་ཕྱོགས་དྲི་ཟ་དགའ་བའི་ཚལ་ནས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་རང་གི་སྙིང་གྱེན་དུ་བགྲེང་བའི་ནང་དུ་སྲོག་གི་ངོ་བོ་ཨཾ་དཀར་པོ། དེའི་ནཱ་ད་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དབུགས་དང་ལྷན་ཅིག་སྣ་བུག་གཡས་པ་ནས་འཕྲོས། ལྷ་མོ་དབྱངས་ཅན་མའི་ཤངས་བུག་གཡོན་པ་ནས་ཞུགས། དེའི་ཤེས་རབ་ཀྱི་འཁོར་ལོ་ལ་རེག་པས། ལྕགས་ཀྱུས་འཐེན་པ་བཞིན་དུ་ཤངས་བུག་གཡས་པ་ནས་འཐོན། མདུན་གྱི་ནམ་མཁར་བྱོན་པར་གྱུར། ༀ་སྭ་ར་སྭ་སྟི་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འདིར་བསྟོད་པ་མི་སྣང་ཛཿཧཱུཾ་བཾ་ཧོཿ འོད་ཀྱི་རྣམ་པར་རང་གི་སྣ་བུག་གཡོན་པ་ནས་ཞུགས། ཨཾ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་གི་སྙིང་ཁོང་སྟོང་གི་ནང་དུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་ཧྲཱིཾཿདཀར་པོ། འདབ་མ་བརྒྱད་ལ་དབྱངས་ཡིག་གཉིས་གཉིས་ཏེ་བཅུ་དྲུག་གིས་བསྐོར་བ་ལས་འོད་ཟེར་མར་མེའི་ཕྲེང་བ་ལྟར་དཀར་ཞིང་གསལ་བ་འཕྲོས། ལུས་ཀྱི་ནང་གང་། མི་ཤེས་པའི་མུན་པ་གསལ། བ་སྤུའི་སྒོ་ནས་ཕྱིར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་མཁྱེན་རབས་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཧྲཱིཾཿཧྲཱིཾཿཧྲཱིཾཿ ཞེས་པ་བདུད་སོགས་ཅི་ནུས་དང་། དེ་ནས། རང་གི་ཐུགས་ཀའི་ཧྲཱིཾཿགི་ནཱ་ད་ལས་ཧྲཱིཾཿརེ་རེ་ཆད་རང་གི་ཞལ་ནས་ཐོན། ལྟེ་བར་ཞུགས། མགལ་མེའི་འཁོར་ལོ་ལྟར་འཁོར་བའི་འོད་ཟེར་གྱིས་མི་ཤེས་པའི་རྨོངས་པ་ཐམས་ཅད་བསལ། ཤེས་རབ་ཀྱི་སྣང་བ་ཁྱད་པར་ཅན་ཐོབ་པར་བསམ་ལ། ཧྲཱིཾཿ བརྒྱ་སྟོང་ཁྲི་འབུམ་སོགས་བཟླ། ཡང་སྐབས་དེར་སྐྱེ་འཕགས་ཐམས་ཅད་ཀྱི་ཤེས་བར་ཚུར་སྡུད་པའི་དམིགས་པ་དང་། ཁྱད་པར་ཐུན་འཇོག་པའི་ཚེ་བྱའོ། །འདི་ལ་མ་གྲུབ་ན་སྤོག་ཆོག་ཞིག་གསུངས་ཀྱང་མ་བྲིས། བགེགས་ཟློག་པ་ལ་ཁྲོ་བོ་གང་རུང་དང་། དབུལ་བ་སེལ་ཆེད་ནོར་ལྷ་ཡང་བསྒོམས་ན་ལེགས་པར་གསུང་། མཐར་ཡིག་བརྒྱ་བཟླ་བ་དང་། བསྔོ་སྨོན་བྱའོ། །གཏོར་འབུལ་འོག་ནས་ཐུན་མོང་དུ་འཆད་པར་འགྱུར་རོ།། གདུགས་དཀར་ནི། སྐྱབས་སེམས་སོགས་སྔོན་དུ་འགྲོ་བས། ཤཱུནྱ་ཏས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་ལས་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཏོག་ལ་ༀ་གྱིས་མཚན་པ། དེ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་གདུགས་དཀར་མོ་ཅན་སྐུ་མདོག་ཟླ་བ་ལྟར་དཀར་བ། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་དཀར། གཡས་སྔོ། གཡོན་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་། ཅུང་ཟད་ཁྲོ་ཞིང་འཛུམ་པ། འདི་ལ་ཕྱག་མཚན་གྱི་ངོ་བོ་དང་གོ་རིམ་ཅུང་མི་འདྲ་བ་སྣང་ཡང་རྒྱལ་དབང་ལྟར་བྱས་ན། གཡས་གསུམ་རིམ་པ་བཞིན་འཁོར་ལོ་ལྕགས་ཀྱུ་གཞུ། གཡོན་གསུམ་རིམ་པ་བཞིན། རྡོ་རྗེ་མདའ་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཅན། དབུ་སྐྲ་གནག་སྣུམ་རལ་པའི་ཐོར་ཚུགས་དང་ལྷག་མ་ལན་བུར་འཕྱང་བ། ནུ་འབུར་རྒྱས་ཤིང་། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། འོད་ཕུང་འཕྲོ་བའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ་དཀར་པོ། ནས་ཐུགས་ཀའི་ཧཱུཾ་དང་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་གདུགས་དཀར་མོ་ཅན་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། ༀ་ཨུཥྞཱི་ཥ་སི་ཏ་ཏཱ་པ་ཏྲེ་ཨརྒྷཾ་སོགས་ཀྱིས་མཆོད་ལ། རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ནས། །ལེགས་པར་འཁྲུངས་པའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀར་ཟླ་གདན་ལ་ༀ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐི་པར་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏ་ཏཱ་པ་ཏྲེ་ཧཱུཾ་ཕཊ་སྭཱཧཱ། ཞེས་དང་། ཏདྱ་ཐཱ། ༀ་ཨ་ན་ལེ་ཨ་ན་ལེ། བི་ཥ་དེ་བི་ཥ་དེ། བཻ་རེ་བཻ་རེ། བཛྲ་དྷ་རི་བྷནྡྷ་བྷནྡྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ཅི་ནུས་བཟླ། གཞན་སྔགས་མི་འདྲ་བ་ཞིག་ཀྱང་སྣང་། མཇུག་ཏུ་ཡིག་བརྒྱ་བཟླས་ནས། མཆོད་བསྟོད་བསྔོ་སྨོན་བྱའོ།། ལོ་མ་གྱོན་མ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་སེམས་ཉིད་བཾ་སེར་པོ། དེ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་ལྗང་སེར། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་ལྗང་སེར། གཡས་དཀར། གཡོན་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་། མེ་ཏོག་དམར་པོའི་ཐོད་དང་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པ། ཕྱག་གཡས་གསུམ་རིམ་པ་བཞིན་རྡོ་རྗེ་དགྲ་སྟ་མདའ། གཡོན་གསུམ་རིམ་པ་བཞིན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ཤིང་ལོའི་ཆུན་པོ། གཞུ་བསྣམས་པ། ཤིང་ལོ་གཤིབས་པའི་སྟོད་གཡོགས་དང་། སྟག་པགས་ཀྱི་ཤམ་ཐབས་ཅན་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཞབས་གཡས་པུས་མོ་དང་གཡོན་པའི་མཐིལ་གྱིས་ཟླ་གདན་ལ་བཞུགས་པའི་སྤྱི་བོར་ༀ་དཀར་པོ། ནས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ དབང་གི་ལྷ་རྣམས་ཀྱིས་ༀ་སརྦ་ནས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ༀ་ཨཱརྱ་པརྞ་ཤ་ཝ་རི་ཨརྒྷཾ་སོགས་ཀྱིས་མཆོད་ལ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཞེས་སོགས་ཀྱིས་བསྟོད། རང་གི་ཐུགས་ཀའི་བཾ་ཡིག་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་ཐམས་ཅད་ཞི་བར་བྱས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ༀ་པི་ཤཱ་ཙེ་པརྞ་ཤ་ཝ་རི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱཧཱ། ཞེས་ཅི་ནུས་བཟླ་བ་དང་ཡིག་བརྒྱ་འདོན་པ་སོགས་བྱའོ། །འདིའི་མངོན་རྟོགས་ལ་མི་འདྲ་བའང་སྣང་ངོ་།། ལྷ་མོ་འོད་ཟེར་ཅན་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཕག་སེར་པོ་བདུན་གྱིས་དྲངས་པའི་ཁྲིའི་སྟེང་དུ་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་མཱཾ་སེར་པོ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ལྷ་མོ་འོད་ཟེར་ཅན་སྐུ་མདོག་སེར་པོ། སྐུ་ཤ་སྐེམ་པ། གཅེར་མོ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། འོད་ཀྱི་ཕུང་པོའི་དབུས་ན། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་སྟབས་ཀྱིས་བཞུགས་པའི་སྤྱི་བོར་ༀ་ནས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་རྣམ་སྣང་གིས་དབུ་བརྒྱན་པར་གྱུར། ༀ་ཨཱརྱ་མཱ་རི་ཙྱཻ་ཨརྒྷཾ་སོགས་ཀྱིས་མཆོད། གང་གི་མཚན་ཙམ་བཟུང་བས་ཀྱང། །མི་མཐུན་འཇིགས་པ་ཀུན་ལས་སྐྱོབ། །རེ་བ་ཡིད་བཞིན་སྐོང་མཛད་མ། །འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་གི་ཐུགས་ཀར་ཟླ་གདན་གྱི་སྟེང་དུ་མཱཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། བ་སྤུའི་སྒོ་ནས་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་མཐའ་དག་ཞི་བར་བྱས། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ༀ་མཱ་རི་ཙྱཻ་མཱཾ་སྭཱཧཱ། ཞེས་ཅི་ནུས་བཟླས་ན་འཇིགས་ཚོགས་ལས་གྲོལ་བར་འགྱུར་རོ། །མཐར་ཡིག་བརྒྱ་བརྗོད་པ་སོགས་བྱའོ། །འདི་ལ་མངོན་རྟོགས་མི་འདྲ་བ་མང་།། ཁྲོ་གཉེར་ཅན་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་བྷྲྀཾ་པོ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་ཁྲོ་གཉེར་ཅན་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་མཆོག་སྦྱིན་དང་བགྲང་ཕྲེང་། གཡོན་གཉིས་རིན་པོ་ཆེའི་དབྱུག་པ་དང་སྤྱི་བླུགས་འཛིན་པ། རལ་པའི་ཐོར་ཅོག་ཅན། དབུ་རྒྱན་ལ་སོགས་པའི་རིན་པོ་ཆེ་དང་ལྷ་རྫས་ཀྱི་གོས་སྣ་ཚོགས་པས་སྤྲས་པ། འོད་ཟེར་འཕྲོ་བའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ་ནས་རང་འདྲའི་ཡེ་ཤེས་པ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ༀ་ཨཱརྱ་བྷྲྀཾ་ཀུ་ཊི་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། རྒྱལ་བའི་འཕྲིན་ལས་མ་ལུས་པ། །གཅིག་བསྡུས་ལྷ་མོའི་གཟུགས་སུ་ཤར། །དྲན་པས་དངོས་གྲུབ་མཆོག་རྩོལ་བའི། །ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། སངས་རྒྱས་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་དྲངས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ༀ་བྷྲྀཾ་སྭཱཧཱ། ཞེས་བཟླས་ནས་ཡིག་བརྒྱ་བརྗོད་པ་སོགས་བྱའོ།། རིག་བྱེད་མ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧྲཱིཿདམར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་རིག་བྱེད་མ་དམར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་ཨུཏྤལའི་མདའ་གཞུ་འགེངས་ཤིང་། འོག་མ་གཉིས་སྐྱབས་སྦྱིན་དང་ཨུཏྤལ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་སྒེག་པའི་ཉམས་དང་ལྡན་པ། འོད་དམར་སེར་གྱིས་བསྐོར་བའི་དབུས་ན་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་ནས་བཞེངས་པའི་སྟབས་ཀྱིས་བཞུགས་པའི་སྤྱི་བོར་ༀ་དཀར་པོ། ནས་རང་འདྲའི་ཡེ་ཤེས་པ་ༀ་བཛྲ་ས་མཱ་ཛཿ ནས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ༀ་ཀུ་རུ་ཀུ་ལེ་ཨརྒྷཾ་སོགས་ཀྱིས་མཆོད་ལ། སྐུ་མདོག་དམར་མོ་མདའ་གཞུ་འགེངས། །ཁམས་གསུམ་སྐྱེ་འགྲོ་དབང་དུ་སྡུད། །དྲན་པ་ཡིས་ཀྱང་འདོད་པའི་དོན། །འགུགས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་འཕྲོས། སངས་རྒྱས་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་གྱུར། ༀ་ཀུ་རུ་ཀུ་ལེ་ཧྲཱིཾཿསྭཱཧཱ། ཅི་ནུས་བཟླ་ཞིང་། གང་འདོད་པའི་བསྒྲུབ་བྱ་དེ་འགུགས་པའི་དམིགས་པ་བྱས་ན་དབང་དུ་འགྱུར་རོ། །མཐར་ཡིག་བརྒྱ་བཟླ་བ་སོགས་བྱའོ།། ནོར་རྒྱུན་མ་ནི། སྐྱབས་འགྲོ་སོགས་བྱས་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་སེར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་མོ་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། ལང་ཚོ་རྒྱས་ཤིང་རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་ཀླུབས་པ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་འབྲུའི་སྙེ་མ་དང་རིན་པོ་ཆེའི་བུམ་པ་བསྣམས་པ། འཇའ་ཟེར་འཁྲིགས་པའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ། ནས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ནས་རིན་འབྱུང་གིས་དབུ་བརྒྱན་པར་གྱུར། ༀ་བ་སུ་དྷ་རི་ཨརྒྷཾ་སོགས་ཀྱིས་མཆོད་ལ། ཕུན་ཚོགས་དགེ་ལེགས་ཀུན་འབྱུང་བཅོམ་ལྡན་མ། །དཔལ་དང་འབྱོར་བའི་དབང་ཕྱུག་ནོར་རྒྱུན་མ། །ཡིད་ལ་རེ་བའི་བཀྲ་ཤིས་རྩོལ་མཛད་མ། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀའི་པཾ་ཡིག་སྔགས་ཕྲེང་དང་བཅས་པའི་འོད་ཟེར་གྱིས་སྲིད་པ་གསུམ་གྱི་འདོད་རྒུ་ཐམས་ཅད་ཀྱང་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་ལྷན་ཅིག་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ༀ་བ་སུ་དྷ་རི་ནི་སྭཱཧཱ། ཞེས་མང་དུ་བཟླས་ན་དབུལ་བ་སེལ་བར་འགྱུར་རོ། །མཐར་ཡིག་བརྒྱ་བཟླ་བ་སོགས་བྱའོ།། འཛམ་ལ་སེར་པོ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཛཾ་སེར་པོ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཛཾ་ཡིག་ལ་ཐིམ། ཡོངས་སུ་གྱུར་པ་ལས། རང་ཉིད་ཛམྦྷ་ལ་སེར་པོ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་བི་ཛ་པཱུ་ར་ཀ་དང་། གཡོན་ནེའུ་ལེ་འཛིན་པ། ཨུཏྤལའི་ཕྲེང་བ་ཅན། ལྷའི་དར་དང་རིན་པོ་ཆེས་བརྒྱན་ཅིང་། ཞབས་ཕྱེད་སྐྱིལ་གྱིས་དུང་དང་པདྨའི་གཏེར་མནན་པའི་སྤྱི་བོར་ༀ་ནས་རང་བཞིན་གྱི་གནས་ནས་རང་འདྲའི་ཡེ་ཤེས་པ་དང་། དབང་གི་ལྷ་རྣམས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ། དབང་གི་ལྷ་རྣམས་ཀྱིས་ༀ་སརྦ་ནས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར། ༀ་ཨཱརྱ་ཛམྦྷ་ལས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་རྩོལ་མཛད་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་ཛཾ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དབུལ་འཕོངས་ཞི་བར་བྱས། སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ༀ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཞེས་པ་ཅི་ནུས་དང་། མཐར་ཡིག་བརྒྱ་བཟླས་ནས་མཆོད་བསྟོད་སོགས་བྱའོ། །གཏོར་མ་འབུལ་ན། འོག་ནས་འཆད་པ་ལྟར་བྱིན་གྱིས་བརླབས་ནས། སྤྱན་དྲངས་ལ་ཕུལ་ཏེ། མཆོད་བསྟོད་བྱས་ལ། བཅོམ་ལྡན་འདས་བདག་ལ་འདོད་རྒུའི་དངོས་གྲུབ་མ་ལུས་པ་རྩལ་དུ་གསོལ། ཞེས་གསོལ་བ་བཏབ། བཟོད་པ་གསོལ་ནས། གཤེགས་གསོལ་བྱའོ།། འདིའི་ཆུ་སྦྱིན་བྱེད་པར་འདོད་ན་ཡོ་བྱད་སྟ་གོན་བྱ་སྟེ། དེ་ཡང་སྐུ་ཡོད་ན་ཟངས་གཞོང་དུང་ཞག་ལ། བསངས་སྦྱངས་རང་ཉིད་ཞེས་པའི་ཚིག་འདོར་བ་མ་གཏོགས་གོང་ལྟར་བསྐྱེད་ལ་དབང་བསྐུར་རྒྱས་འདེབས་མཆོད་བསྟོད་ཀྱི་བར་བྱ། དེ་ནས། རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། ཕྱག་མཐིལ་ཟླ་བར་བྷྲུཾ་ཨཾ་ཛིཾ་ཁཾ་ཧཱུཾ། རྣམས་ལས་རིགས་ལྔ་བདུད་རྩིར་ཞུ་བའི་ཆུ། མཛུབ་མོ་ལས་བབས་ཛཾ་ལྷའི་དབུ་ལ་འབུལ། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཞེས་པའི་སྔགས་བརྒྱ་རྩ་བཟླ་ཞིང་ཆུ་སྦྲེང་། མཐར། བཅོམ་ལྡན་འདས་བདག་གི་དབུལ་འཕོངས་ཀྱི་སྡུག་བསྔལ་ཞི་ནས་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། བཟོད་གསོལ་སོགས་བྱའོ།། ཛཾ་ལྷ་དཀར་པོའི་ཆུ་སྦྱིན་བྱེད་པར་འདོད་པས། ཡོ་བྱད་སྟ་གོན་བྱས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་དུ་བཏང་ནས། རང་ཉིད་སྤྱན་རས་གཟིགས་ཁ་སརྦ་ཎིར་གསལ་བར་གྱུར་པར་བསམས་ལ། མདུན་དུ་རྟེན་ཡོད་དམ་མེད་ཀྱང་། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བཾ་ལས་པདྨ་འདབ་མ་བཞི་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛཾ་དཀར་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་རྣམས་ཀྱི་དབུལ་འཕོངས་ཀྱི་སྡུག་བསྔལ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས་འཕགས་པ་ཛཾ་བྷ་ལ་སྐུ་མདོག་གངས་རིའི་མདོག་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་ཅན་ཡིད་ཙམ་ཁྲོས་པ། སྤྱན་གསུམ་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་སྨ་ར་དང་སྨིན་མ་ཁམ་སེར་དུ་འཁྱིལ་བ། ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་དང་། གཡོན་རིན་པོ་ཆེའི་བེ་ཅོན་བསྣམས་པ། དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། དར་གྱི་ཡུག་གོན་སྟོད་གཡོགས་ཀྱི་ཚུལ་དུ་འཕྱང་བ། པཉྩ་ལི་ཀའི་ཤམ་ཐབས་ཅན་གཡུ་འབྲུག་གི་སྟེང་ན་ཞབས་གཉིས་ཕྱེད་སྐྱིལ་གྱི་ཚུལ་དུ་བཞུགས་པ། དེའི་ཤར་གྱི་འདབ་མ་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་རྡོ་རྗེ་ཌཱ་ཀི་མ་ནམ་མཁའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། གཡས་གསེར་གྱི་རྡོ་རྗེ་དང་། གཡོན་པས་རྟེན་འབྲེལ་གྱི་ནོར་རྫས་བསྣམས་པ། ལྷོར་ཏྲཱཾ་ལས་རིན་པོ་ཆེའི་ཏྲཱཾ་གིས་མཚན་པ་ལས། རིན་ཆེན་ཌཱ་ཀི་མ་སེར་མོ་གཡས་ནོར་བུ་རིན་པོ་ཆེ་དང་གཡོན་བུམ་པ་འཛིན་པ། ནུབ་ཏུ་བཾ་ལས་པདྨ་བཾ་གྱིས་མཚན་པ་ལས། པདྨ་ཌཱ་ཀི་མ་དམར་མོ་གཡས་པདྨ་དང་གཡོན་ལྕགས་ཀྱུ་བསྣམས་པ། བྱང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས། ལས་ཀྱི་ཌཱ་ཀི་མ་ལྗང་ཁུ་གཡས་རྡོ་རྗེ་རྒྱ་གྲམ་དང་། གཡོན་ནེའུ་ལེ་ནོར་བུ་སྐྱུགས་པ་བསྣམས་པ། ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་གསོལ་བ། ཞབས་གཡས་བསྐུམས་གཡོན་བརྐྱངས་པའི་དོར་སྟབས་ཀྱིས་བཞུགས་པ། གཙོ་འཁོར་རྣམས་ཀྱི་དཔྲལ་བར་ༀ་ནས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་གཙོ་འཁོར་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་འོད་དཔག་མེད་དང་། འཁོར་རྣམས་ལ་རང་རང་གི་རིགས་བདག་ཀྱིས་དབུ་བརྒྱན་པར་གྱུར་པར་བསམས་ལ། གཙང་ཞིང་དྲི་མེད་རྒྱན་ལྡན་ཆུ་ཕུལ་བ། །མུ་ཏིག་ཕྲེང་བར་གྱུར་ནས་གཙོ་འཁོར་གྱི། །སྐུ་གང་ཟུག་རྔུ་ཞི་ཞིང་བདེ་དང་ལྡན། །ཞལ་ནས་མུ་ཏིག་དངོས་གྲུབ་ཆར་རྒྱུན་ཕོབ། །ཞེས་གསོལ་བ་བཏབ་སྟེ་ཆུ་གཙང་ཟངས་གཞོང་དུ་སྦྲེང་ཞིང་། ༀ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲཾ་ད་ཡ་ཧཱུཾ་ཕཊ། ཞེས་པའི་སྔགས་བརྒྱ་རྩ་བཟླ། དེ་ནས་མཆོད་པ་ཡོད་ན་བྱིན་གྱིས་བརླབས་ལ། ༀ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཤེལ་དཀར་ཞུན་མའི་ཕུང་པོ་དབང་གཞུ་ཡིས། །རབ་དཀྲིས་གར་དགུའི་ཉམས་ལྡན་གནོད་སྦྱིན་དབང་། །འདོད་དགུའི་དངོས་གྲུབ་ཆར་ལྟར་འབེབས་མཛད་པ། །དཔལ་ལྡན་ཛཾ་བྷ་ལ་ལ་ཕྱག་འཚལ་བསྟོད། །ཞེས་བསྟོད། རྟེན་ཡོད་ན། འདི་ཉིད་གཟུགས་དང་ཞེས་སོགས་ཀྱིས་བརྟན་བཞུགས་དང་། མེད་ན། བཛྲ་མུཿཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་བསམས་ལ། ཆུ་མཐེབ་སྲིན་གྱིས་རང་གི་ལྕེ་ཐོག་ཏུ་བཞག་སྟེ་དངོས་གྲུབ་བླང་། ཆུ་ཅུང་ཟད་རེ་ཕྱོགས་བཞིར་གཏོར་ཞིང་ཡིག་བརྒྱ་བཟླ། ལྷག་མ་ལ་ལོངས་སྤྱད་དོ།། སེང་གདོང་མ་ནི། སྐྱབས་འགྲོ་སོགས་བྱས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་རང་གི་སེམས་ཉིད་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཡེ་ཤ ེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན། མགྲིན་པ་ཡན་སེང་གེ་ཁྲོས་པ་ལྟ་བུ་དཀར་པོ། མན་ཆད་མཐིང་ནག །ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའི་མཆན་ཁུང་ན་ཁ་ཊྭཱཾ་ག་བསྣམས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། མི་ལྤགས་ཀྱི་གཡང་གཞིས་སྟོད་གཡོགས་ཤིང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཞབས་གཡས་པའི་རྟིང་པ་བརླ་ལ་བརྟེན་ཅིང་། གཡོན་བརྐྱངས་པའི་གར་སྟབས་ཀྱིས་རོའི་གདན་ལ་བཞུགས་པའི་སྤྱི་བོར་ༀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་དང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ༀ་སིདྷ་མུ་ཁ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་ལ་བསྟོད། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས་ༀ་སརྦ་ནས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་དྲག་ཏུ་འཕྲོས་གདུག་པ་ཅན་ཐམས་ཅད་ཚར་བཅད། རྒྱལ་བ་སྲས་བཅས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་བཀུག་ནས་རང་ཉིད་ལ་ཐིམ་པར་བསམས་ལ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ། ཞེས་བཟླས་ལ། ཐལ་མོ་ཉི་ཟླ་ཁ་སྦྱོར་གྱི་བར་དུ་བརླག་པའི་དམིགས་པས། བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་བདེན་པ་དང་། སངས་རྒྱས༴ ཆོས༴ དགེ་འདུན༴ ཡི་དམ་ཆོས་སྐྱོང་རྣམས་ཀྱི༴ ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་སོགས་པ་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་ཀྱི་བདེན་པ་དང་བདེན་པའི་བྱིན་གྱིས་བརླབས་ཀྱིས། བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་དང་བཅས་པ་ཐམས་ཅད་ལ། ལོ་ཟླ་ཞག་གསུམ་གྱི་སྐེག་དང་རྨི་ལམ་ལྟོས་མཚན་ངན་པ་དང་། ཕ་རོལ་གྱི་དགྲ་བགེགས་མི་མ་ཡིན་ལ་སོགས་པའི་གནོད་ཅིང་འཚེ་བར་བྱེད་པ་ཐམས་ཅད་ཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག ཅེས་ལན་གསུམ་མམ་གཅིག་བརྗོད་ལ་ཐལ་མོ་བརྡབ་བོ། །གདོན་བགེགས་བར་ཆད་ཐམས་ཅད་ཉེར་ཞི་ཞིང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །ཞེས་སོགས་བརྗོད་དོ།། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ནི། ཏིལ་དང་མེ་སྟ་གོན་བྱས་ལ། སྐྱབས་འགྲོ་སོགས་སྔོན་དུ་བཏང་། མེ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རཾ་ལས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་སུ་ཧཱུཾ་ལས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས། ཁྲོ་བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆིང་བ། ཞལ་གནམ་དུ་གདངས་ཤིང་། མཆེ་བ་རྣོན་པོ་བཞི་གཙིགས་པ། ཐོད་སྐམ་ལྔའི་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། སྟག་ཤམས་གསོལ་ཞིང་། ཞབས་གཉིས་ཟླུམ་པོར་བཞུགས་པའི་སྤྱི་བོར་ༀ་དཀར་པོ། ནས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རྡོ་རྗེ་མཁའ་འགྲོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ༀ་བཛྲ་ཌཱ་ཀ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ། །ཞེས་བསྟོད། རང་ཐ་མལ་དུ་གནས་པའི་སྙིང་ཁར་སྡིག་པའི་ས་བོན་པཾ་ནག་པོ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ། རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ། པཾ་ཡིག་ལས་འོད་ཟེར་འཕྲོས། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་བཀུག་ནས་པཾ་ཡིག་ལ་ཐིམ། འོག་གི་རླུང་གཡོས་རྐང་མཐིལ་ནས་ཞུགས། ལྟེ་བའི་མེ་སྦར། དེའི་འོད་ཀྱིས་སྙིང་ཁའི་པཾ་ཡིག་དེད་དེ་སྣ་སྒོ་ནས་ཐོན། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་ཏིལ་ལ་ཐིམ་པས་རྡོ་རྗེ་མཁའ་འགྲོའི་ཞལ་དུ་གསོལ་བར་གྱུར་པར་བསམས་ལ། ༀ་བཛྲ་ཌཱ་ཀ་ཁ་ག་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷཥྨིཾ་ཀུ་རུ་སྭཱཧཱ། བདག་གི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་བརྗོད་པ་དང་ཏིལ་མེར་འདོར་བ་མཉམ་དུ་བྱེད་ཅིང་གྲངས་སྐབས་དང་སྦྱར། མཇུག་ཏུ་མཆོད་བསྟོད་སྔར་བཞིན་བྱས་ལ། མ་རྙེད་ཡོངས་སུ་མ་ཤེས་དང་། །ཞེས་སོགས་ཀྱི་ཚིགས་བཅད་གཅིག་གིས་བཟོད་གསོལ་བྱས། ༀ་བཛྲ་མུཿཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་འོད་དུ་ཞུ་ནས་མེ་འབར་བའི་རྣམ་པ་ཅན་དུ་གྱུར། ཅེས་བརྗོད་ཅིང་། མེ་མ་ཤིའི་བར་མེ་ལ་མི་རེག་ཅིང་ཤི་ནས་ཀྱང་ཐལ་བ་གཙང་སར་བསྐྱལ་ལོ། །འདི་ལྟར་ལན་མང་དུ་བྱས་ན་སྡིག་ལྟུང་སྤྱི་དང་དམ་ཚིག་ཉམས་པ་སོགས་ཀྱི་ཉེས་པ་འདག་ཅིང་། བར་གཅོད་བཟློག་པ་ལ་ཡང་བསྔགས་སོ། །ཞེས་རྗེ་ཡབ་སྲས་ཀྱི་མན་ངག་ལས་འབྱུང་ངོ་། །ཁྱུང་ཁྲ་ནི། སྐྱབས་འགྲོ་སོགས་བྱས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མ་ཟླ་བ་སྒྲ་གཅན་གྱི་སྟེང་དུ་ཀླུའི་རྒྱལ་པོ་སོག་མ་མེད་གན་རྐྱལ་དུ་སྒྱེལ་བའི་གདན་ལ་རང་གི་སེམས་ཉིད་ཁྲོཾ་ལྗང་སྔོན། དེ་ལས་འོད་འཕྲོས། གདོན་རིགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྡོ་རྗེ་ཁྱུང་ཁྲ་བོ་སྣ་ཚོགས་པའི་སྐུ་མདོག་ཅན། བརླ་གཉིས་སའི་རང་བཞིན་སེར་པོ། ལྟོ་བ་ཆུའི་རང་བཞིན་དཀར་པོ། སྟོད་མེའི་རང་བཞིན་དམར་པོ། མགོ་བོ་རླུང་གི་རང་བཞིན་ནག་པོ། སྤྱི་བོ་དང་གཤོག་པ་ནམ་མཁའི་རང་བཞིན་ཁ་དོག་སྣ་ཚོགས་པ། རྡོ་རྗེའི་རང་བཞིན་ཅན་གྱི་མཆུ་དང་རྭ་ཤིན་ཏུ་རྣོ་བ། རྭ་བར་ན་ཡིད་བཞིན་གྱི་ནོར་བུ་དང་། ཕྲག་པ་གཡས་གཡོན་ན་ཉི་ཟླས་བརྒྱན་པ། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་སྡིགས་མཛུབ་མཛད་ཅིང་། སྤྲིན་ཕུང་ལ་སྐུ་རྒྱབ་བརྟེན་ནས་ཞབས་གཉིས་ཙོག་པུའི་ཚུལ་གྱིས་བཞུགས་པ། མགྲིན་པར་པདྨ་འདབ་མ་བཞི་པའི་དབུས་སུ་སངས་རྒྱས་ཀྱི་ཁྱུང་དཀར་པོ་གཡས་འཁོར་ལོ། ཤར་དུ་རྡོ་རྗེའི་ཁྱུང་སྔོན་པོ་གཡས་རྡོ་རྗེ། ལྷོར་རིན་པོ་ཆེའི་ཁྱུང་སེར་པོ་གཡས་རིན་པོ་ཆེ། ནུབ་ཏུ་པདྨའི་ཁྱུང་དམར་པོ་གཡས་པདྨ། བྱང་དུ་ལས་ཀྱི་ཁྱུང་ལྗང་ཁུ་གཡས་རལ་གྲི་འཛིན་ཅིང་། གཡོན་ཐམས་ཅད་རང་རང་གི་ཁ་དོག་ཅན་གྱི་སྦྲུལ་བཟུང་ནས་ཟ་བ། རྭ་དང་མཆུ་སྡེར་ཤིན་ཏུ་མ་བཟད་པ་དང་ལྡན་པ། ཐུགས་ཀར་པད་འདབ་བཞི་ལ་ཁྱུང་ལྔའི་ངོ་བོ། དབུས་སུ་ༀ་དཀར་པོ། ཤར་དུ་བ་སྔོན་པོ། ལྷོར་ཀྵི་སེར་པོ། ནུབ་ཏུ་སྭཱ་དམར་པོ། བྱང་དུ་ཧཱ་ལྗང་ཁུ། སྤྱི་བོར་ༀ་དཀར་པོ། ནས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་ཁྱུང་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ༴ སླར་ཡང་ནས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ་ཡོད་ན། ༀ་བཛྲ་ག་རུ་ཌ་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ནས་རོལ་མོ་རྣམས། བདེ་སྟོང་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱི་བྱིན་གྱིས་བརླབས། ༀ་བཛྲ་ག་རུ་ཌ་ཨརྒྷཾ། སོགས་ཀྱིས་མཆོད་ལ། རིགས་ལྔའི་ཀླུ་འདུལ་རྡོ་རྗེའི་གཤོག་སྒྲོ་ལྡན། །ཉོན་མོངས་དུག་ལྔ་འཇོམས་པའི་སྒྲ་ཆེན་སྒྲོག །ཡེ་ཤེས་ལྔ་ལྡན་མཁའ་ལྡིང་དབང་པོ་ལ། ཡན་ལག་ལྔས་འདུད་གདོན་གསུམ་ཞི་བར་བརྗོད། རང་གི་མགྲིན་པའི་ཁྱུང་དང་། སྙིང་ཁའི་ཡི་གེ་ལས་འོད་ཟེར་སྣ་ཚོགས་པ་འཕྲོས་པའི་སྣེ་ལས་ཁྱུང་ལྔའི་ཚོགས་འཕྲོས། ཀླུ་དང་ས་བདག་གི་གདོན་དང་དུག་ཐམས་ཅད་བཅོམ། སླར་འདུས་སོ་སོ་ལ་ཐིམ་པར་གྱུར། བར་བསམས་ལ། ༀ་པ་ཀྵིཾ་སྭཱཧཱ། འབུམ་ཕྲག་སོགས་བཟླའོ། །སྙིང་ཁར་ཡང་ཁྱུང་ལྔ་དགོད་པ་དཀྱུལ་ལས་བཟློག་ནས་བཤད་ཀྱང་མི་འགལ་ལ། ལས་ཚོགས་ནི་ས་སྐྱ་གོང་མའི་གསུང་ལས་རྒྱས་པར་འབྱུང་ཞིང་། མངོན་རྟོགས་ཅུང་མི་འདྲ་བའང་ཡོད་དོ། །གཏོར་མ་འབུལ་བར་འདོད་ན། བསངས་སྦྱངས། སྟོང་པའི་ངང་ལས་ཨཱ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཅན་གྱི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཡི་གེ་གསུམ་ལན་གསུམ་བརྗོད་དེ། འོད་ཟེར་གྱིས་ནམ་མཁར་སྤྱན་དྲངས། ༀ་བཛྲ་ག་རུ་ཌཱ་ཨི་དཾ་སོགས་ཀྱིས་ཕུལ། མཆོད་བསྟོད་བྱས་ལ། གཏོར་མ གྲོན་རང་གནས་སུ་གཤེགས་གསོལ་བྱའོ།། ཁྱུང་ནག་ནི། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་བཏང་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དུག་གི་རྒྱ་མཚོ་ཆེན་པོའི་དབུས་སུ་མཐོང་དུག་རེག་དུག་ཚོར་དུག་སོགས་དུག་རིགས་ཐམས་ཅད་འདུས་པའི་བདག་ཉིད་ཅན་གྱི་དུག་གི་རི་རབ་གྲུ་བཞི་བའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ། དེའི་སྟེང་དུ་གདོན་གསུམ་ཁྲིར་བརྩེགས་པའི་གདན་ལ། རང་ཉིད་རྡོ་རྗེ་མཁའ་ལྡིང་ནག་པོ་གནམ་ལྕགས་ཀྱི་མཆུ་སྡེར་མི་བཟད་པ་དང་ལྡན་པ། རྩ་བ་རྡོ་རྗེ་རྩེ་གསུམ་པ་དང་རྩེ་མོ་རྡོ་རྗེ་རྩེ་གཅིག་པའི་རང་བཞིན་ཅན་གྱི་རྭ་འབར་བ་གཉིས་ཀྱི་དབུས་སུ་ནོར་བུས་མཚན་པ། གསེར་མིག་འཁྱིལ་པ་ཉི་ལྟར་འབར་བ། ཞལ་དུང་སོ་ངར་མས་གང་ཞིང་གཤོག་པ་རྡོ་རྗེའི་རི་མོ་ཅན་ལས་མེའི་ཚ་ཚ་འབུམ་ཕྲག་འཕྲོ་བ། མགྲིན་པ་ནས་པུས་མོའི་བར་མིའི་རྣམ་པ་ལ་རྐང་པ་བྱའི་སྡེར་མོ་ཅན། སྐུ་ལས་མེ་མདག་དང་བཅས་པའི་གནམ་ལྕགས་དང་། ཁྱུང་ནག་དུ་མ་ཕྱོགས་བཅུར་འཕྲོ་བས་ས་བདག་ཀླུ་གཉན་ཐམས་ཅད་བརྒྱལ་ཞིང་དངངས་པར་བྱེད་པ། རང་གི་སྤྱི་བོར་ༀ་དཀར་པོ། ནས་ཧཱུཾ་ལས་འོད་འཕྲོས་བསྒོམས་པ་དང་འདྲ་བའི་རྡོ་རྗེ་མཁའ་ལྡིང་ནག་པོ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ༀ་བཛྲ་ག་རུ་ཌ་ཨརྒྷཾ་སོགས་ཀྱིས་མཆོད། སྟོང་གསུམ་གཡོ་བའི་གཤོག་སྒྲོ་ཡིས། །གར་མཛད་འབར་བའི་མཆུ་སྡེར་ཅན། །དྲན་པ་ཙམ་གྱིས་གདོན་གསུམ་ཀུན། །ཚར་གཅོད་མཁའ་ལྡིང་དབང་པོར་བསྟོད། །རང་གི་སྙིང་ཁའི་ཉི་གདན་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་བསྐལ་པའི་མེ་དཔུང་ལྟ་བུ་འབར་ཞིང་མཆེད་པས་བརྟན་གཡོའི་སྣོད་བཅུད་ཐམས་ཅད་མེ་འབར་བའི་ཀློང་དུ་གྱུར་ཅིང་། སྟེང་འོག་བར་གསུམ་གྱི་གདོན་བགེགས་ཐམས་ཅད་བསྲེགས་ཤིང་སྦྱ ངས་བར་བསམས་ལ། ༀ་མ་ཎི་ཁྱུང་ཁྱུང་། ཐུཾ་ཐུཾ་རྦད་རྦད་སྭཱཧཱ། ཞེས་ཞི་བའི་སྔགས་ཅུང་ཟད་བཟླས་ནས། ནག་པོ་ཀཱ་ལ་རཀྵ་རྦད་རྦད། སོད་སོད། ཕྱུང་ཕྱུང་། སྤུ་གྲེ་ཟང་ཟང་། ལྕགས་ཀྱི་སྡེར་མོས་སྙིང་ཕྱུང་། གནོད་བྱེད་གདུག་པའི་ཤ་ལ་ཟོ། ༀ་ལྷང་ལྷང་། ཙེར་ཙེར། འུབ་འུབ་སོད། ཞེས་པ་འབུམ་མམ་གང་ལ་བཟླ། གདོན་སྲུང་ན། སྐུད་པ་ནག་པོ་ལ་མདུད་པ་བདུན་བྱས་ལ་སྔགས་གདབ། མདུད་པའི་ནང་དུ་ཁྱུང་རེ་རེ་བཞུགས་པར་བསམས་ལ། རང་ཉིད་ཁྱུང་དུ་གསལ་བས་འདོགས། སེར་བ་སྲུང་ན་རང་ཁྱུང་དུ་གསལ་བས་སྔགས་བཟླས་ལ་སེར་བ་ཕྱོགས་སུ་ཕུས་བཏབ་པས། ཁྱུང་གི་ནམ་མཁའ་གང་ཞིང་སེར་བ་བསྐྲད་པ་དང་། ཁྱུང་རྣམས་ལས་མེ་འབར་བས་སེར་བ་ཞུ་བར་བསམས་པ་གང་རིགས་བྱ། ཡང་ཡུངས་ཀར་ཐལ་བ་བྱེ་མ་སོགས་ལ་སྔགས་བཏབ་སྟེ། སེར་བ་ཕྱོགས་སུ་གཏོར་བར་བྱའོ། །ད་ནི་གོང་དུ་སྨོས་པའི་སྒྲུབ་ཐབས་དེ་དག་གི་སྐབས་སུ་སྐྱབས་འགྲོ་རྒྱས་ཙམ་དང་ཚོགས་ཞིང་བྱས་ནས་བཟླས་པའི་མཐར་གཏོར་མ་ཡང་འཕུལ་བར་འདོད་ན། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནས་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཡི་དམ་དེ་དང་དེའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དཔལ་མགོན་དམ་པ་ནས་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལྷ་དེ་དང་དེའི་སྒོམ་བཟླས་ལ་འཇུག་པར་བགྱིའོ། །ཞེས་ལན་གསུམ། རང་ཉིད་སྐད་ཅིག་གིས་ལྷ་དེ་དང་དེར་གྱུར། ཚོགས་ཞིང་དང་བདག་བསྐྱེད་ཀྱི་མཆོད་པ་ཐུན་མོང་དུ་བྱིན་རླབས་བྱ་བ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ས་ད ང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ལྷ་དེ་དང་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ འཇམ་དབྱངས་ལ་མཚོན་ན། ༀ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་སོགས་སམ། ༀ་སརྦ་ཏ་ཐཱ་ག་ཏཱ་ཨརྒྷཾ་སོགས་ཀྱིས་མཆོད་ལ་བསྟོད། སྤྲོ་ན། ཡན་ལག་བདུན་པ་ཡང་བྱ། དཀོན་མཆོག་གསུམ་ལ་སོགས་ལན་གསུམ་དང་། ཚད་མེད་བཞི་བསྒོམས་ཏེ་དངོས་གཞི་ལ་འཇུག་གོ །བཟླས་པའི་ཚེ་དང་གཞན་སེམས་ཅན་ཐམས་ཅད་ཀྱི་འདོན་པར་བསམས་ན་འགྱུར་ཆེ་བར་བཤད་ལ། བསྙེན་པའི་གྲངས་ནི་ཕལ་ཆེར་ལ་སུམ་འབུམ་དང་། མ་མཐའང་འབུམ་ཕྲག་གཅིག་བྱ་དགོས་སོ། །མཐར་གཏོར་མ་འབུལ་བར་འདོད་ན། རྒྱས་བསྡུས་གཉིས་ལས། དང་པོ་ནི། མདུན་གྱི་ནམ་མཁར་སྒྲུབ་ཐབས་བཞིན་བསྐྱེད་དེ། དགུག་གཞུག་དབང་བསྐུར་རྒྱས་འདེབས་རྣམས་བྱས་ལ་གཏོར་མ་ཕུལ་ནས་མཆོད་བསྟོད་བྱ། འོན་ཀྱང་ཕྱི་མ་འདི་བདེ་བས། གཏོར་མ་ཨམྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། མཆོད་པ་སྔར་བཞིན་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་ལྷ་དེ་དང་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ལྷ་དེ་དང་དེ་འཁོར་བཅས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། འཇམ་དབྱངས་ལྟ་བུ་ལ། ༀ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨི་དཾ་པ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རང་རང་གི་མཚན་སྦྱར་ཏེ་ལན་གསུམ་མམ་བདུན་གྱིས་འབུལ་བའམ། ཡང་ན། ཨ་ཀཱ་རོས་ཕུལ་ནས་མཆོད་བསྟོད་བྱས་ལ་བཅོམ་ལྡན་འདས་འཁོར་དང་བཅས་པས་བདག་ལ་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། བཛྲ་མུཿ གཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ལ་བསྔོ་སྨོན་སོགས་བྱའོ། །གཏོར་མ་མི་འབུལ་ཚེ། སྒྲུབ་ཐབས་ལྟར་རམ། རྒྱལ་དབང་གིས་ཡིག་བརྒྱ་བཟླས་པའི་རྗེས་སུ། ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་ནས་ཞལ་རང་ལ་ཕྱོགས་ཏེ་བཞུགས་པར་བསམས་ལ། མཆོད་བསྟོད་གསོལ་འདེབས་བྱེད་པར་གསུངས་པ་བཞིན་བྱས་ནའ ང་ལེགས་སོ།། ཆོས་སྐྱོང་གི་གཏོར་འབུལ་བསྡུས་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞེས་པ་ནས་བཞེངས་པར་གྱུར་པར་བསམ་ལ། ནང་མཆོད་དང་གཏོར་མ་སོགས་ཡོད་ན་བཅུ་གསུམ་མ་ལྟར་བྱིན་གྱིས་བརླབས་པའམ། བསྡུ་ན། གཏོར་མ། ཧྲཱིཿཥྚཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཨཱཿལས་མི་མགོ་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔའི་སྟེང་དུ་ༀ་ཨཱཿཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཞུ་ཞིང་འཁོལ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་བཀུག་སྟེ་ཡི་གེ་གསུམ་ལ་ཐིམ། ཐོད་པར་ལྷུང་ནས་ཞུ་བས་རྫས་རྣམས་སྦྱངས་རྟོགས་སྦར་གསུམ་བྱས་པའི་ཟག་མེད་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། མཆོད་པ་གཞན་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡ ངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་རྫས་རྣམས་བདེ་སྟོང་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པས་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ། གཉིས་ཀ་ཐུན་མོང་དུ་བྱེད་ན་ནང་མཆོད་དང་མཆོད་རྫས་ཞེས་སྦྱོར། དེ་ལས་ཀྱང་འཇུག་པ་བདེ་བར་འདོད་ན། རང་ཉིད་འཇིགས་མཛད་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །མཆོད་གཏོར་ཀུན་གྱི་ཉེས་སྐྱོན་སྦྱངས་ཤིང་སྦར། ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ་མམ་གཅིག་བརྗོད། རྒྱས་བསྡུས་དེ་གང་རུང་གི་ཕྲོ་ནས་འདི་ལྟར། ཛཿརང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །རྩ་བརྒྱུད་བླ་མ་འཇམ་དཔལ་གཤིན་རྗེའི་གཤེད། །ཡི་དམ་བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས། །དད་པས་། ན་དྲངས་བཛྲ་ས་མཱ་ཛཿ ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་དང་། །ལྷོ་ཕྱོགས་མི་བཟད་ལྕགས་ཀྱི་གྲོང་ཁྱེར་ནས། །མྱུར་མཛད་མགོན་པོ་དམ་ཅན་ཆོས་ཀྱི་རྒྱལ། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །བྱང་ཤར་མུ་ལེ་དིང་གི་ཁྲག་མཚོ་དང་། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །འདོད་ཁམས་དབང་ཕྱུག་རྒྱལ་ཆེན་རྣམ་ཐོས་སྲས། །འཁོར་ཚོགས་རྒྱ་མཚོའི་དཔུང་བཅས་གནས་འདིར་གཤེགས། །འཇིགས་རུང་ཧ་ཧ་རྒོད་པ་ལ་སོགས་དང་། །བྱང་ཤར་མ་རུ་ཙེ་ཡི་དུར་ཁྲོད་ནས། །དཔལ་ལྡན་བྲམ་ཟེ་མགོན་པོ་ཡུམ་ཆེན་བཞི། །དྲེགས་པའི་སྡེ་དཔོན་འཁོར་བཅས་གཤེགས་སུ་གསོལ། །རྡོ་རྗེ་འཆང་དང་པདྨ་ཐོད་ཕྲེང་གི །སྤྱན་སྔར་ཐུབ་བསྟན་སྲུང་བར་དམ་བཅས་པ། །ཐ་འོག་ཆོས་ཀྱི་རྒྱལ་པོ་ཆེན་པོ་སོགས། །ཆོས་སྐྱོང་འཁོར་བཅས་འདིར་གཤེགས་བརྟན་པར་བཞུགས། །བདེ་སྟོང་དབྱེར་མེད་ལྷ་ཡི་ལམ་ཡངས་པར། །སྣ་ཚོགས་མཆོད་པའི་སྤྲིན་ཕུང་འཁྲིགས་གྱུར་པ། །ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །ཁྱད་པར་ཟག་མེད་དམ་རྫས་གཏོར་མའི་ཚོགས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་དང་བཅས་ཏེ། དངོས་བཤམས་ཡིད་སྤྲུལ་མ་ཚང་མེད་པར་ཡང་། །ཡི་དམ་བསྟན་སྲུང་རྒྱ་མཚོ་འཁོར་བཅས་མཆོད། །ཁྱད་པར་མན་གསུམ་བརྗོད་ན་ཕུན་སུམ་ཚོགས་པར་འགྱུར་རོ། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བའི་མཆོད་གཏོར་འདི་བཞེས་ལ། །རྣལ་འབྱོར་དགོན་གནས་སྦྱིན་བདག་འཁོར་བཅས་ཀྱི། །མི་མཐུན་ཀུན་ཞི་མཐུན་རྐྱེན་འགྲུབ་པར་མཛོད། །ཧཱུཾ། མཁྱེན་རབ་དབང་ཕྱུག་འཇམ་དཔལ་གཤིན་རྗེའི་གཤེད། །སྤྱན་རས་གཟིགས་དབང་དཔལ་ལྡན་ཡེ་ཤེས་མགོན། །འཇམ་དཔལ་བཀའ་ཉན་ལས་གཤིན་ཆོས་ཀྱི་རྒྱལ། །འདོད་ཁམས་དབང་ཕྱུག་འཁོར་དང་བཅས་ལ་བསྟོད། །མཐུ་སྟོབས་བདག་པོ་རྣམ་མང་ཐོས་པའི་སྲས། །ཧེ་རུ་ཀ་དཔལ་བྲམ་ཟེ་དཔའ་བོའི་གཟུགས། །སྒྲོལ་གྱིང་དྲག་པོ་སྲོག་བདག་དམར་པོ་དང་། །གནོད་སྦྱིན་ཆེན་པོ་འཁོར་བཅས་བསྟོད་པར་བགྱི། །རྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མ་དང་། །རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་མཛད་པའི། །ཆོས་སྐྱོང་སྲུང་མའི་ཚོགས་རྣམས་རྟག་ཏུ་བསྟོད། །མཆོག་གསུམ་བསྟན་སྲུང་རྒྱ་མཚོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་པས་རྣལ་འབྱོར་དཔོན་སློབ་ཀྱི། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། །མཐུན་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་མཛོད། །རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱིས་བརྟན་བཞུགས་དང་། མེད་ན། ཉེས་ཀུན་བཟོད་བཞེས་རང་བཞིན་གནས་སུ་གཤེགས། །སླར་ཡང་བྱོན་ནས་མཆོག་ཐུན་དངོས་གྲུབ་རྩོལ། །དམ་ཆོས་སྒྲུབ་པའི་ཉེར་འཚེ་ཞི་བ་དང་། །དུས་རྣམས་ཀུན་ཏུ་དགེ་ལེགས་འཕེལ་བར་མཛོད། །བསླབ་པ་གསུམ་ལྡན་སོགས་བརྗོད་པར་བྱའོ།། སྨྲས་པ། དངོས་གྲུབ་མ་ལུས་འབྱུང་བའི་གནས། །ལྷག་པའི་ལྷ་མཆོག་ཡང་དག་གི །སྒྲུབ་ཐབས་འདོད་རྒུའི་གཏེར་ཆེན་པོ། །མཁས་པའི་བཞེད་སྲོལ་ཇི་བཞིན་བཀོད། །འདི་ལ་ནོངས་པའི་ཚོགས་མཆིས་ན། །མཆོག་གསུམ་དམ་པའི་སྤྱན་སྔར་འཆགས། །ལེགས་པར་བཤད་ལས་ཐོབ་པའི་དགེ །བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་ཡི་དམ་སྒྲུབ་སྐོར་འདོད་རྒུ་འབྱུང་བའི་ཟ་མ་ཏོག་ཅེས་བྱ་བ་འདི་ནི། དཔོན་ཆེན་གོང་མའི་རིགས་བརྒྱུད་དུ་འཁྲུངས་ཤིང་མདོ་སྔགས་ཀྱི་གཞུང་ལུགས་དང་རིག་གནས་དུ་མ་ལ་རྣམ་དཔྱོད་ཡངས་པ། ཀོའུ་ཤྲི་ནང་སོའི་བཀའ་བཞིན་ཅོ་ནེའི་སྔགས་དང་མཚན་ཉིད་ཀྱི་བཤད་གྲྭ་ཟུང་འབྲེལ་གྱིས་སྐྱོང་ཁུལ་དུ་གནས་པ་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་སློབ་དཔོན་སེམས་དཔའ་ཆེན་པོ་བློ་བཟང་སྦྱིན་པ་སོགས་ཀྱི་དྲུང་ནས་ཡི་དམ་འདི་རྣམས་ཀྱི་སྒྲུབ་ཐབས་ཀྱི་ལུང་རྗེས་གནང་དང་མན་ངག་ཅི་རིགས་ཐོབ་པར་བརྟེན་དེ་དག་གི་ཉམས་ལེན་གྱི་གནད་ཅུང་ཟད་རིག་ཅིང་བཟླས་པ་ཕྱོགས་རེ་ཙམ་སྔོན་དུ་བཏང་ནས་གཞན་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། རྒྱལ་དབང་རྣམ་གཉིས་དང་། པཎ་ཆེན་གོང་མའི་གསུང་འབུམ་སོགས་ནས་འབྱུང་བའི་སྒྲུབ་ཐབས་རེ་རེ་གཞིར་བཞག ཚིག་ཚོགས་ཧ་ཅང་མང་བ་རྣམས་ཀྱི་དོན་བསྡུས་ཤིང་ཉུང་བ་དག་ལས་འགེངས་འོས་ཀྱིས་ཁ་བསྐང་། དབང་བསྐུར་རྒྱས་འདེབས་ཡོད་མེད་སོགས་ཅུང་མི་འདྲ་བ་རྣམས་བསྲེ་ལྷད་མ་བྱས་པར་རང་རང་གི་བཞེད་སྲོལ་ལྟར་ཉམས་ལེན་དུ་འཁྱེར་བདེ་བར་པར་དུ་བཀོད་པ་སྟེ། འདི་ལ་མཁས་པ་དག་གིས་གཟིགས་ན་ཕྱོགས་ལྷུང་གི་ཟུག་རྔུ་དོར་ནས་རྗེས་སུ་ཡི་རང་བའི་གནས་སུ་བྱའོ། །དེ་ཡང་འཕགས་ཡུལ་དང་བོད་དུ་དཀྱིལ་འཁོར་ཆེན་པོ་དག་ལ་བརྟེན་པའི་གྲུབ་ཆེན་མང་དུ་བྱོན་པ་ལྟར་རྒྱུད་སྡེའི་གནད་རྟོགས་པའི་བློ་གྲོས་ཀྱི་རྩལ་དང་ལྡན་ཞིང་། དམ་ཚིག་དང་སྡོམ་པ་ལ་གནས་པ་དང་། གཞན་དོན་དུ་དཀྱིལ་འཁོར་ཆེན་པོའི་ཉམས་ལེན་ལ་འཇུག་པའི་མཁས་པས། གཙོ་བོར་དཀྱིལ་འཁོར་དེ་དག་ལ་ཚུལ་བཞིན་བརྟེན་ནས་ཆོད་ཆེ་བར་སྣང་མོད། འོན་ཀྱང་རྒྱ་གར་ཆོས་འབྱུང་སོགས་ནས་ལྷག་པའི་ལྷ་འཇམ་དབྱངས་སྤྱན་རས་གཟིགས་སྒྲོལ་མ་སོགས་ཡི་དམ་རེ་རེ་ལ་བརྟེན་ནས་ཀྱང་གྲུབ་པ་ཐོབ་པ་ཤིན་ཏུ་མང་བར་བཤད་པས། ཁོ་བོ་ཅག་ལྟ་བུ་བློ་ཆུང་བ་དག་གིས་རང་གི་བློ་དང་འཚམ་པར་སྔར་བཤད་པའི་ཡི་དམ་དེ་ལྟ་བུ་གང་ཡང་རུང་བ་ལ་དད་བརྩོན་ཤུགས་དྲག་པོས་རིང་དུ་བརྟེན་ན་འདི་ཕྱི་ཀུན་ཏུ་ཡི་དམ་གྱི་ལྷས་རྗེས་སུ་བཟུ ང་སྟེ་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །འདི་ལ་སྤྱིར་ཚད་ལྡན་ཞིག་བྱེད་ན་རྒྱུད་སྡེ་བཞི་གང་དུ་གཏོགས་པའི་དཀྱིལ་འཁོར་དང་དེར་མ་ཟད། ཡི་དམ་གྱི་ལྷ་རེ་རེའི་རྗེས་གནང་ལེན་པ་དང་སྒྲུབ་པ་བྱེད་ནའང་། རྒྱུད་སྡེ་དེའམ་དེའི་གོང་དུ་ཡོད་པའི་དཀྱིལ་འཁོར་གང་ཡང་རུང་བར་དབང་བསྐུར་ལེགས་པར་ཐོབ་པ་ཞིག་དགོས་པར་རྗེ་ཡབ་སྲས་ཀྱིས་གསུངས་ཀྱང་། ད་ལྟ་ནི་དབང་མ་ཐོབ་པར་རྗེས་གནང་དང་ལྷ་རེ་རེའི་སྒོམ་བཟླས་སུ་མ་ཟད་དཀྱིལ་འཁོར་ཆེན་པོའི་ཉམས་ལེན་ལ་འཇུག་པ་ཡང་མང་དུ་སྣང་བས་མཐའ་མ་བཀག་མོད། དེ་ལྟ་ནའང་ལྷ་གང་སྒྲུབ་པས་དབང་ཐོབ་ན་དང་། གལ་ཏེ་མིན་ཀྱང་དེའི་རྗེས་གནང་གི་རིགས་ཞིག་ཡོད་ན་ཐོབ་དགོས་པ་དང་མེད་ནའང་དཔེ་ཡོད་པ་ཙམ་ལ་ཡིད་མི་གཏོད་པར་བླ་མ་བསྟེན་ནས། མངོན་རྟོགས་ཅི་རིགས་ཀྱི་ལུང་ནོད་པར་བྱས་ན་ལེགས་སོ་ཞེས་སྨྲའོ།། །།འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག སརྦ་མངྒ་ལཾ། བཀྲ་ཤིས་པར་གྱུར་ཅིག །དགེའོ།། །།

གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་གནད་དོན་ཀུན་གསལ།

གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་གནད་དོན་ཀུན་གསལ་ཞེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། མཁའ་ལྟར་དངོས་པོ་ཀུན་ལ་ཁྱབ་པའི་ཆོས་སྐུ་དོན་དམ་སྤྲོས་བྲལ་ལས། །རིམ་གཉིས་རླུང་གི་ཤིང་རྟ་ཆེས་དྲངས་ཟུང་འཇུག་ལོངས་སྐུ་ཉིན་མོའི་མགོན། །གྲངས་མེད་གདུལ་བྱའི་ཁམས་ཀྱི་རྒྱ་མཚོར་སྤྲུལ་སྐུའི་གཟུགས་བརྙན་སྟོང་འཆར་བ། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་དང་དེ་སྤྲུལ་ཙོང་ཁ་པ་དེར་འདུད། །ལེགས་བཤད་མཐར་ཐུག་དཔལ་ལྡན་འདུས་པའི་རྒྱུད། །རྒྱུད་དེར་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་ཚུལ། །ཚུལ་བཞིན་གསལ་མཛད་ཀླུ་སྒྲུབ་སྨྲ་བའི་ཟླ། །ཟླ་བའི་ཞབས་སོགས་བརྒྱུད་པར་བཅས་ལ་འདུད། །ཁྱད་པར་བདག་བློ་རིན་ཆེན་ཀཱ་ལ་ཤར། །ལེགས་བཤད་བདུད་རྩིའི་ཆར་འབེབས་དགེ་བའི་བཤེས། །ཐོག་མཐའ་བར་གྱི་ཡོངས་འཛིན་རྣམ་ལྔ་ཡི། །བཀའ་དྲིན་ལན་བརྒྱར་དྲན་པས་རྟག་ཏུ་བསྔགས། །སྐྱེ་ཤི་བར་དོ་རྒྱལ་བའི་སྐུ་གསུམ་དུ། །སྒྱུར་བྱེད་འདུས་པའི་རིམ་པ་དང་པོའི་གནད། །དམ་པས་བསྐུལ་ལས་རང་ཉིད་འདྲིས་ཕྱིར་དང་། །སྐལ་མཉམ་གཞན་ལའང་ཕན་སྲིད་སྙམ་ནས་བྲི། །དེ་ཡང་འདིར་དཔལ་གསང་བ་འདུས་པའི་རིམ་པ་དང་པོའི་རྣམ་གཞག་ཇི་ལྟར་འཚམ་པ་ཞིག་བཤད་པར་བྱ་སྟེ། འདི་ལ་གསུམ། འདུས་པའི་རྒྱུད་ཀྱི་ཆེ་བ་བསྟན་པ་དང་། རྩ་བཤད་ཀྱི་རྒྱུད་དང་དགོངས་འགྲེལ་གྱི་རིམ་པ་བྱོན་ཚུལ། བསྐྱེད་པའི་རིམ་པ་ལ་ཇི་ལྟར་སློབ་པའི་ཚུལ་ལོ། །དང་པོ་ནི། རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ཞེས་གསུངས་ཤིང་། རྒྱུད་ཕྱི་མ་ལས། ཨེ་མ་ཧོ་ཤིན་ཏུ་རྙེད་པར་དཀའ། །བྱང་ཆུབ་སྒྲུབ་པའི་ཐབས་འདི་ཡིན། །རྒྱུད་ཀྱི་ཕྱི་མའི་ཕྱི་མར་གྱུར། །གསང་བ་འདུས་པ་ཞེས་བྱའི་རྒྱུད། །ཅེས་དང་། གང་ཞིག་རབ་གསང་འདུས་པའི་རྒྱུད་འདི་ཉན་པ་དང་། །འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང་། །མཆོད་པར་བྱེད་པ་དང་ནི་འདྲིའམ་འདྲིར་འཇུག་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས་ཀྱང་། སངས་རྒྱས་ཀུན་གྱི་འདུས་པའི་རྒྱུད། །གསང་ཆེན་གསང་བ་ཆེས་གསང་བ། །གོང་ན་མེད་པའི་ལུང་ཆེན་པོ། །ཞེས་དང་། དམར་ནག་གི་རྒྱུད་ལས་ཀྱང་། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་དང་། གསང་བ་གྲུབ་པ་ལས་ཀྱང་། དཔལ་ལྡན་འདུས་ལས་མཆོག་གཞན་མེད། །འཇིག་རྟེན་གསུམ་གྱི་རིན་ཆེན་གྱུར། །ཞེས་དང་། སྒྲོན་གསལ་ལས་ཀྱང་། ཐུབ་པ་ཆེན་པོའི་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་དེ་ནི་རྒྱུད་ཀྱི་རྩེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། སྤྱིར་འདུས་པའི་རྩ་རྒྱུད་ལ་ཤླཽ་ཀ་ཉིས་ཁྲི་ལྔ་སྟོང་ཡོད་པ་གཅིག་དང་། དེ་ལས་བཏུས་པའི་ད་ལྟའི་བསྡུས་རྒྱུད་ཕྱི་མ་དང་བཅས་པ་གཉིས་སོ། །དེའི་བཤད་རྒྱུད་ལ། རྒྱུད་ཕྱི་མ། རྡོ་རྗེ་འཕྲེང་བ། དགོངས་པ་ལུང་སྟོན། ལྷ་མོ་བཞིས་ཞུས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། ལྷའི་དབང་པོས་ཞུས་པ་སྟེ་དྲུག་གོ །རྒྱུད་ཕྱི་མ་ནི། འདུས་པའི་བཤད་རྒྱུད་ཡིན་པར་མ་ཟད་དེའི་རྒྱུད་ཀྱང་ཡིན་ལ། གཞན་ལྔ་ནི་འདུས་པའི་བཤད་རྒྱུད་ཡིན་ཀྱང་དེའི་རྒྱུད་མིན་ནོ། །དགོངས་འགྲེལ་ལ་ནི་འཕགས་པས་མདོར་བྱས། མདོ་བསྲེ་གཉིས་དང་། རིམ་ལྔ། བྱང་ཆུབ་སེམས་འགྲེལ་དང་བཅས་པ་མཛད། འཕགས་པ་ལྷས་ནི་སྤྱོད་བསྡུས་སྒྲོན་མེ་དང་བདག་བྱིན་རླབས་གཉིས་མཛད། ཀླུ་བྱང་གིས་དཀྱིལ་ཆོག་ཉི་ཤུ་པ་དང་ལས་མཐའ་རྣམ་འབྱེད། ཤཱཀྱ་བཤེས་གཉེན་གྱིས་རིམ་པ་གཉིས་པའི་མཇུག ཟླ་བས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་དང་། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་གཉིས་མཛད་ཅིང་། དེ་རྣམས་ཀྱི་རྗེས་འབྲང་རྒྱ་བོད་ཀྱི་མཁས་པ་གཞན་གྱིས་མཛད་པ་མང་ཡང་། རྗེ་ཡབ་སྲས་ཀྱིས་བཀྲལ་བའི་དབང་དུ་བྱས་ན། རྗེ་ཉིད་ཀྱིས་རྒྱུད་འགྲེལ་གྱི་མཆན་བུ་མཐའ་དཔྱོད་བསྡུས་དོན་གསུམ་དང་། སྔགས་རིམ། རིམ་ལྔ་སོགས་མང་དུ་མཛད་ལ། མཁས་གྲུབ་རྗེས་ནི། འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་ཆེན་མོ་སོགས་འགའ་རེ་དང་། དེའི་རྗེས་སུ་མཁས་གྲུབ་ནོར་བཟང་བ་དང་། པཎ་ཆེན་བསོད་ནམས་གྲགས་པ། པཎ་ཆེན་གོང་མ་སོགས་དུ་མས་ཀྱང་འདུས་པའི་རིམ་གཉིས་ཀྱི་དོན་གཏན་ལ་འབེབས་པའི་སྒོ་ནས་དར་རྒྱས་སུ་མཛད། འདིར་ཡང་དེ་རྣམས་ཀྱིས་བཤད་པའི་རྗེས་སུ་འབྲང་སྟེ་དེ་དག་གི་དགོངས་པ་དང་མཐུན་པར་རང་སྐལ་གྱི་དབང་དུ་བྱས་ནས་འཆད་པར་བྱའོ།། གསུམ་པ་ལ་ལྔ། གང་གིས་སྒྲུབ་པའི་རྟེན། གང་དུ་བསྒྲུབ་པའི་གནས། རིམ་གཉིས་ཀྱི་གོ་རིམ་ངེས་ཚུལ། ཇི་ལྟར་སྒྲུབ་པའི་མངོན་རྟོགས་ཀྱི་རྣམ་བཞག བསྐྱེད་རིམ་མཐར་ཕྱིན་པའི་ཚད་འཕྲོས་དང་བཅས་པ་བཤད་པའོ། །དང་པོ་ནི། སྤྱིར་ལམ་འདིའི་སྒྲུབ་པ་པོ་ཁྱད་པར་ཅན་གྱི་དབང་དུ་བྱས་ན་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱངས་པ་ཞིག་དགོས་ལ། དེ་ཡང་ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བྱང་སྡོམ་བཟུང་སྟེ་སྤྱོད་པ་ཕྱིན་དྲུག་ལ་སློབ་འདོད་ཡོད་པ་ཞིག་དགོས་ཏེ། དེ་དག་སྔ་མ་སྔ་མ་ཡོད་ན་ཕྱི་མ་ཕྱི་མ་རྣམས་ཇི་ལྟ་བ་བཞིན་འབྱུང་ཞིང་མེད་ན་མི་འབྱུང་བའི་ཕྱིར། དེ་ནས་བླ་མེད་ལྟར་ན་དབང་བཞི་རྣམ་པར་དག་པ་ཐོབ་པ་ཞིག་དགོས་ཏེ། སྤྱིར་དབང་རྣམ་པར་དག་པ་ནི་སྔགས་ལམ་གྱི་འཇུག་སྒོ་ཡིན་ལ། བླ་མེད་ཀྱི་རིམ་གཉིས་རྫོགས་པར་བསྒོམ་པའི་སྣོད་དུ་གྱུར་པ་ལ་དེའི་དབང་བཞི་ངེས་པར་ཐོབ་དགོས་པའི་ཕྱིར་ཏེ། རྡོ་རྗེ་འཕྲེང་བ་ལས། ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མ་མཚུངས་པར་ནི། །མི་བཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། རྩ་རྒྱུད་ལེའུ་བཅུ་གཉིས་པར། དགོན་པ་ཆེན་པོའི་ས་ཕྱོགས་སུ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པའི་ས་ཕྱོགས་སུ། །དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། །ཞེས་གསུངས་པ་ལྟ་བུའི་གནས་སུ་བསྒོམ་པར་བྱ་སྟེ། དེས་ཡིད་དུ་འོང་བའི་གནས་གཞན་ཡང་མཚོན་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟ་བུའི་རྟེན་གྱི་གང་ཟག་དེས་རིམ་གཉིས་ཀྱི་ནང་ནས་ཐོག་མར་བསྐྱེད་རིམ་དང་དེ་ནས་རྫོགས་རིམ་ལ་སློབ་དགོས་པ་ཡིན་ཏེ། རིམ་ལྔ་ལས། བསྐྱེད་པའི་རིམ་པ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པའི་ཕྱིར། རིམ་གཉིས་གང་སྒོམ་ཡང་དམ་ཚིག་ལ་གནས་པ་ཞིག་དགོས་ཏེ། དམ་ཚིག་སྤྱི་དང་ཁྱད་པར་བླ་མའི་དམ་ཚིག་གི་གཙོ་བོ་རྣམས་དང་འགལ་བ་ཕྱིར་བཅོས་ཚུལ་བཞིན་མ་བྱས་ན། དངོས་གྲུབ་ཁྱད་པར་ཅན་མི་འཐོབ་ཅིང་ངན་འགྲོར་སྐྱེ་བར་འགྱུར་བའི་ཕྱིར་ཏེ། སྡོམ་འབྱུང་ལས། ཇི་ལྟར་ཉེ་བར་བསྟན་པ་བཞིན། །ཕྱི་ནས་དམ་ཚིག་སྤྱོད་ལ་བརྩོན། །ཞེས་པ་ནས། ཡང་དག་མན་ངག་ཕུན་ཚོགས་ཀྱིས། །འགྲུབ་པར་འགྱུར་རོ་གཞན་དུ་མིན། །ཞེས་གསུངས་པའི་ཕྱིར། བཞི་པ་ལ་བཞི། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག །བསྐྱེད་རིམ་གྱི་དམིགས་པ་ཡིད་ལ་བྱེད་ཚུལ་ལོ། །དང་པོ་ལ་གཉིས། མངོན་རྟོགས་ཀྱི་སྦྱོར་བའི་རྣམ་གཞག་དང་། མངོན་རྟོགས་དངོས་ཀྱི་རྣམ་བཞག་གོ །དང་པོ་ལ་གསུམ། སྔོན་དུ་ཇི་ལྟར་བྱ་བ་དང་། མཐུན་རྐྱེན་བསྒྲུབ་པའི་ཕྱིར་ཚོགས་ཞིང་མཆོད་ཅིང་སྡོམ་པ་བཟུང་བ་སོགས་དང་། འགལ་རྐྱེན་འགོག་པའི་ཕྱིར་སྲུང་འཁོར་བསྒོམ་པའོ། །དང་པོ་ལ་ལྔ་རྡོར་དྲིལ་བྱིན་གྱིས་བརླབ་པ། ནང་མཆོད་བྱིན་གྱིས་བརླབ་པ། སྔོན་འགྲོའི་གཏོར་མ་བྱ་ཚུལ། བདག་བསྐྱེད་མཆོད་པ་བྱིན་གྱིས་བརླབ་པ། རྡོར་སེམས་སྒོམ་བཟླས་བྱ་ཚུལ་ལོ། །དང་པོ་ལ་གཉིས། རང་ལྷར་བསྐྱེད་པ་དང་། བྱིན་བརླབ་བྱ་ཚུལ་དངོས་སོ། །དང་པོ་ལ་གཉིས། དགོས་པ་དང་། ཚིག་དོན་ནོ། །དང་པོ་ནི། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཞེས་སོགས་ཀྱིས་རང་ཞེ་སྡང་རྡོ་རྗེར་བསྐྱེད་ནས་རྡོར་དྲིལ་བྱིན་གྱིས་བརླབས་པ་ལ་དགོས་པ་ཡོད་དེ། སྒྲུབ་ཐབས་བསྒོམ་པའི་ཚེ་དམ་ཚིག་གསུམ་དང་ལྡན་པ་ཞིག་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། རང་ལྷ་ཡབ་ཡུམ་དུ་བསྐྱེད་པ་ནི་ཕྱག་རྒྱའི་དམ་ཚིག །རྡོར་དྲིལ་འཛིན་པ་ནི་རྡོར་དྲིལ་གྱི་དམ་ཚིག་དྲན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རང་ཉིད་ཞེ་སྡང་རྡོ་རྗེ་ཞེས་སོགས་བརྗོད་པ་དང་མཉམ་དུ། རང་གི་ཕུང་པོ་ཕྲ་རགས་མ་ཕྱེ་བར་བཏགས་ཆོས་དང་བཅས་པ་བརྟེན་ནས་བཏགས་པ་ཙམ་མ་གཏོགས། རང་ངོས་ནས་གྲུབ་པ་མེད་དོ་སྙམ་དུ་བསམས་ཏེ། རང་ཉིད་ཕུང་པོ་དེ་ཉིད་འོད་དུ་མེར་ཀྱིས་ཞུ་བའི་གོ་ས་དེར་སྟོང་པའི་ངང་ལས། རང་སེམས་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་འོད་སྔོན་པོ་ཁྲུ་གང་བ་ཞིག་གམ། ཡང་ན་སྐད་ཅིག་གིས་ཉི་གདན་གྱི་སྟེང་དུ་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཅེས་པ་ནས་ཤམ་ཐབས་འཕྱར་བར་འགྱུར་ཞེས་པའི་བར་གྱིས་བསྐྱེད། དེ་ཡང་སྐུ་མདོག་དང་རྩ་ཞལ་མཐིང་ནག གཡས་ཞལ་དཀར་པོ་ཞི་བ། གཡོན་ཞལ་དམར་པོ་ཆགས་པའི་ཉམ་ཅན་སོགས་འོག་ནས་སྲུང་འཁོར་གྱི་སྐབས་སུ་འབྱུང་བ་ལྟར་བསམ། དེ་དག་ཀྱང་འདིར་མན་ངག་དང་སྦྱར་ཏེ་བཤད་ན། སྒྱུ་ལུས་འོད་གསལ་ཟུང་འཇུག་མཚོན་པའི་ཞལ་གསུམ། ཞལ་གསུམ་ཀའི་དབུའི་རྫ་མ་དང་མགྲིན་པ་གཅིག་ཡིན་པ་ལ་ཞལ་གསུམ་འབུར་དོད་ཀྱི་རྣམ་པ་ཅན། དབུ་སྐྲ་སྤྱི་བོར་ཐོར་ཅོག་བྱས་པའི་རྩེ་མོར་རྡོ་རྗེ་རྩེ་ལྔ་པས་མཚན་པ། ཐོར་ཅོག་གི་མདུན་ནམ། དབུ་སྐྲ་བཅིངས་ཐག་གི་དབུས་སུ་སྤྱི་བོའི་རྩ་འཁོར་མཚོན་པའི་རྡོ་རྗེ་རྩེ་མོ་སོ་གཉིས་པ་གྱེན་དུ་ལངས་པའི་གཡས་གཡོན་དུ་རྡོ་རྗེ་རྩེ་ལྔ་པས་རྒྱབ་ཀྱི་བར་དུ་འཁོར་བ་ལ། ཡང་མར་གྱི་སྣེ་རྣམས་སུ་མུ་ཏིག་གི་འཕྲེང་བས་སྦྲེལ་ཞིང་། བར་བར་དུ་མུ་ཏིག་གི་འཕྲེང་བ་ཉིས་གཤིབ་ཀྱི་ཀུ་རུ་ཁར་སྦྲེལ་བ། དབུ་རེ་རེའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་པ་རེ། མདུན་ངོས་ཀྱི་རྩིབས་དབུས་མའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་མི་བསྐྱོད་པ། དེའི་གཡས་གཡོན་དུ་རྣམ་སྣང་དང་རིན་འབྱུང་། དེའི་གཡས་གཡོན་དུ་འོད་དཔག་མེད་དང་དོན་གྲུབ་རྣམས་འབུར་དུ་དོད་པའི་རྣམ་པ་ཅན། རྩིབས་རྣམས་ལ་མུ་ཏིག་གི་དྲ་བ་ཉིས་གཤིབ་དང་དབུས་མ་ལ་སུམ་གཤིབ་ཅུང་ཟད་རིང་བ། སྙན་རྒྱན་ནི་རྒྱུ་གསེར་ལས་བྱས་ཤིང་ཟླུམ་པོ་མར་སྣར་རྡོ་རྗེ་རྩེ་ལྔ་པ་ཕྱེད་པས་མཚན་པ་ལ་མུ་ཏིག་གི་ཛར་ཛར་ཡོད་པ། སྙན་གོང་ཨུཏྤ ལའི་གདེངས་ཀ་ནི། ཡུ་བ་སྙན་གྱི་རྒྱབ་དང་འདབ་མ་སྙན་གྱི་གོང་དུ་གདེངས་ཀར་ཡོད་པའི་ཡུ་བའི་ཐད་དང་གསེར་གྱི་འཁོར་ལོའི་འོག་ནས་ཚོན་སྣ་ལྔའི་དར་དཔྱངས་སྙན་རྒྱབ་ནས་མར་འཕྱང་བ། ཨོལ་མདུད་ཀྱི་ཐད་སོར་མགྲིན་པའི་རྩ་འཁོར་མཚོན་བྱེད་རྡོ་རྗེ་རྩེ་བཅུ་དྲུག་པའི་གཡས་གཡོན་དུ་རྡོ་རྗེ་རྩེ་ལྔ་པས་མགྲིན་པ་འཁོར་བ་ལ་ཡར་མར་གྱི་སྣེ་རྣམས་སུ་མུ་ཏིག་གི་འཕྲེང་བ་ཉིས་གཤིབ་ཀྱིས་སྦྲེལ་བ་དང་། བར་རྣམས་སུ་མུ་ཏིག་གི་འཕྲེང་བས་ཀུ་རུ་ཁར་སྦྲེལ་བའི་མགུལ་རྒྱན། སེ་མོ་དོ་ནི། ཐུགས་མཚོན་བྱེད་དུ་མགུལ་རྒྱན་གྱི་ཕྱི་ནས་མུ་ཏིག་གི་དྲ་བ་དྲ་ཕྱེད་ནུ་མ་གཉིས་ཀྱི་བར་དུ་སླེབ་པ་སྟེ། ཁ་ཅིག་ཏུ་གཡས་གཡོན་དུ་སེ་རལ་ཁར་བྱ་བར་བཤད་དེ་བརྟག ག་ཤའམ་སེ་རལ་ཁ་ནི་ནུ་མ་གཉིས་ཀྱི་དབུས་ཀྱི་སྙིང་ཀ་དང་རྒྱབ་ཏུ་སྙིང་ཀའི་རྩ་འཁོར་མཚོན་པའི་རྡོ་རྗེ་རྩེ་བརྒྱད་པའི་ཡར་མར་གྱི་རྭ་རྣམས་ལ་མུ་ཏིག་གི་འཕྲེང་བ་སུམ་གཤིབ་ཕྲག་གོང་གཡས་གཡོན་ནས་མཆན་ཁུང་གཡས་གཡོན་དུ་ཀུ་རུ་ཁར་སྦྲེལ་བ། དོ་ཤལ་ནི། རིན་པོ་ཆེ་དཀར་དམར་སྔོ་བ་ལྔ་བཅུ་སྤེལ་མའི་ཕྲེང་བ་བརླ་ཕྲ་སྦོམ་གྱི་མཚམས་སུ་སླེབ་པ། སྐ་རགས་སམ་འོག་པག་ནི་ལྟེ་བའི་རྩ་འཁོར་མཚོན་པའི་རྡོ་རྗེ་རྩེ་དྲུག་ཅུ་རེ་བཞི་པ་དང་། དེའི་གཡས་གཡོན་ནས་བརྩམས་ཏེ་རྡོ་རྗེ་རྩེ་ལྔ་པས་རྒྱབ་ཀྱི་བར་འཁོར་བ་ལ། ཡར་མར་གྱི་རྭ་རྣམས་སུ་མུ་ཏིག་གི་ཕྲེང་བ་ཉིས་གཤིབ་ཀྱི་སྦྲེལ་བའི་བར་མཚམས་སུ་མུ་ཏིག་གི་ཕྲེང་བ་ཉིས་གཤིབ་ཀྱི་ཀུ་རུ་ཁར་བྱས་པས་སྦྲེལ་བ། འོག་རྭ་རྣམས་ལ་མུ་ཏིག་གི་དྲ་བ་དྲ་ཕྱེད་སུམ་གཤིབ་ཀྱི་སྣེ་མོར་དྲིལ་ཆུང་གཡེར་ཁ་དང་ཟླ་ཕྱེད་རྔ་ཡབ་སོགས་ཀྱིས་སྤྲས་པ། དཔུང་རྒྱན་ནི། ཕྱག་དྲུ ག་གི་དཔུང་བའམ་སོག་པའི་དཀར་ཡོལ་ཁ་རེ་རེ་ནས་སྟེང་འོག་ཏུ་འཐོན་པའི་དཔུང་མགོའི་འོག་དང་གྲུ་ཚིགས་ཀྱི་ནང་དུ་གསེར་གྱི་པ་ཊས་རིས་སྒོར་མོ་ལ་ནོར་བུས་བརྒྱན་པ་དང་། ཕྱག་གི་མཁྲིག་མ་དང་ཞབས་ཀྱི་ལོང་བུ་རྣམས་སུའང་དེ་འདྲ་བའི་རྒྱན་རྣམས་ལ་མུ་ཏིག་གི་དྲ་བ་དྲ་ཕྱེད་དང་བཅས་པའི་ཕྱག་ཞབས་ཀྱི་གདུ་བུ་སྟེ། རིགས་དྲུག་རྒྱན་གྱི་རྣམ་པར་ཤར་བའོ། །ཕྱག་གཡས་ཀྱི་དང་པོས་མི་བསྐྱོད་པའི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། གཡོན་གྱི་དང་པོས་རྡོ་རྗེ་འཆང་གི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པས་ཡུ་བ་བྱས་པའི་དྲིལ་བུ་བཟུང་ནས་ཡུམ་གྱི་མཆན་ཁུང་ནས་འཁྱུད་པ། གཡས་ཀྱི་གཉིས་པས་རྣམ་སྣང་གི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པས་ཡུ་བ་བྱས་པའི་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པ། གསུམ་པས་འོད་དཔག་མེད་ཀྱི་ངོ་བོ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། གཡོན་གྱི་གཉིས་པས་རིན་འབྱུང་གི་ངོ་བོ་རྡོ་རྗེ་ཕྱེད་པས་ཡུ་བ་བྱས་པའི་རིན་པོ་ཆེ་སེར་པོ་ཆ་དགུ་པ། གསུམ་པས་དོན་གྲུབ་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པའི་སྟེང་དུ་པདྨ་དེའི་སྟེང་དུ་ཉི་མ་ལ་རལ་གྲི་སོ་གཉིས་པ་རྩེ་མོར་ཡེ་ཤེས་ཀྱི་མེ་འབར་བ་འཛིན་པ། དེའི་པང་ན་ཡུམ་རེག་བྱ་རྡོ་རྗེ་མ་སྐུ་མདོག་སྔོན་པོ་རྒྱན་ཆ་ལུགས་། མས་ཅད་ཡབ་དང་འདྲ་བ་ལ་སྐུ་བོང་ཡབ་ལས་ཅུང་ཟད་ཆུང་བ། དབུ་སྐྲ་ཕྱེད་ཐོར་ཅོག་དང་ལྷག་མ་ལན་བུར་འཕྱང་བས་སྐུ་སྟོད་ཁེབས་པ་ཕྱག་དང་པོ་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡབ་ཀྱི་མགུལ་པ་ནས་འཁྱུད་པ། གཟུགས་མཛེས་པ། ངག་སྙན་པ། དྲི་ཞིམ་པ། ལྗགས་དང་མ་མཆུའི་རོ་མངར་བ། ལུས་ཀྱི་རེག་བྱ་འཇམ་པ་སོགས་འདོད་ཡོན་ལྔའི་དགའ་བས་རོལ་བ། ཞབས་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། གཉིས་ཀའི་གོས་ཀྱི་ག་ཤལ་ནི་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་ལྷ་རྫས་ཀྱི་གོས་སྟོད་ཅུང་ཟད་ལེབ་ཆགས་པ་མཆན་ཁུང་གཡས་གཡོན་དུ་ག་ཤལ་བྱས་ཤིང་། མདུན་རྒྱབ་ལེབ་ཆགས་པ་ལ་སྟ་ཟུར་རྣམས་སུལ་མང་པོ་ཡོད་པའི་ཤམ་ཐབས་ཕན་ཚུན་རྒྱབ་ཏུ་འཕྱར་བ་སྟེ་བཞུགས་པའོ། །རྒྱན་དང་ཕྱག་མཚན་འདི་རྣམས་ཀྱི་མཚོན་དོན་དང་ངོ་བོ་ནི་ལྷ་ལྷག་མ་འཆད་འགྱུར་རྣམས་ལའང་ཅི་རིགས་ཤེས་པར་བྱའོ། །གཉིས་པ་ནི་རྡོ་རྗེ་ནི་ཐབས་དང་ཞེས་སོགས་བརྗོད་པའི་ཚེ་རྡོར་དྲིལ་བྱིན་གྱིས་བརླབ་པ་དང་མཚོན་དོན་དྲན་པར་བྱ་སྟེ། དེ་ཡང་སྤྱིར་བྱིན་གྱིས་བརླབ་པ་ལ་བསངས་སྦྱངས་བསྐྱེད་ནས་བྱིན་གྱིས་བརླབ་པ་དང་། མཚོན་དོན་དྲན་པ་ཙམ་གྱིས་བྱིན་གྱིས་བརླབ་པའི་ཚུལ་གཉིས་ལས་འདིར་ཕྱི་མ་ལྟར་ཡིན་ནོ། །རྡོར་དྲིལ་དེ་ལ་སྒྲས་བརྗོད་ཀྱིས་དབྱེ་ན་གཉིས་ཏེ། མཚོན་བྱ་དོན་གྱི་རྡོར་དྲིལ་དང་། མཚོན་བྱེད་དཔེའི་རྡོར་དྲིལ་ལོ། །མཚོན་བྱེད་ཀྱི་རྡོ་རྗེ་དེ་ལ་རྩེ་གཅིག་པ་གསུམ་པ་ལྔ་པ་དགུ་པ་སྣ་ཚོགས་རྡོ་རྗེ་རྒྱན་གྱི་རྡོ་རྗེ་རྣམས་སུ་ཡོད་ཅིང་། རྩེ་གཅིག་པ་ནས་སྟོང་གི་བར་ཡོད་པར་བཤད་དེ། དྲིལ་བུ་ལའང་དེ་ལྟར་རོ། །རྡོ་རྗེས་ཐབས་སྒྲུབ་པ་པོ་དང་། དེའི་གསང་གནས་ཀྱི་རྡོ་རྗེ། ཐབས་བདེ་བ་ཆེན་པོའི་ཡེ་ཤེས་སོགས་ཐབས་ཀྱི་རིགས་རྣམས་མཚོན། དྲིལ་བུས་ཤེས་རབ་ཕྱག་རྒྱ་མ་དང་། དེའི་གསང་གནས། ཤེས་རབ་སྟོང་པ་ཉིད་དང་དེ་རྟོགས་པའི་ཤེས་རབ་སོགས་ཤེས་རབ་ཀྱི་ཆ་རྣམས་མཚོན། ཡང་རྡོ་རྗེའི་ལྟེ་བས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་རྡོ་རྗེ་སེམས་དཔའ། སྟེང་རྭ་ལྔས་ཡེ་ཤེས་ལྔ་རིགས་ལྔ། སྟེང་གི་པད་འདབ་བརྒྱད་ཀྱིས་འཕགས་ལམ་ཡན་ལག་བརྒྱད། འོག་རྭ་ལྔས་མཁའ་འགྲོ་ལྔ། འོག་གི་པད་འདབ་ཀྱིས་སྐུལ་བྱེད་མ་སོགས་བཞི་དང་སྒོམ་བཞི། དྲིལ་བུའི་ཞལ་གྱིས་སྟོང་ཉིད་རྟོགས་པའི་ཤེས་རབ་རྡོ་རྗེ་དབྱིངས་ཕྱུག་མ། སྟེང་རྭས་གཤེགས་པ་ལྔ། བུམ་པས་ཡེ་ཤེས་ཀྱི་བདུད་རྩི་དབྱུག་གུས་ལྷན་སྐྱེས། ཆ་གསུམ་གྱིས་ཁམས་གསུམ། ཁོག་པས་སྟོང་ཉིད། ས་བོན་བརྒྱད་ཀྱིས་སྤྱན་སོགས་ཡུམ་བཞི་དང་ནོར་རྒྱུན་མ་སོགས་བཞི། ཡང་རྡོ་རྗེས་ལོངས་སྐུ། དྲིལ་བུས་སྤྲུལ་སྐུ། རྡོར་དྲིལ་མཉམ་པར་སྦྱོར་བས་ཟུང་འཇུག དྲིལ་བུའི་སྒྲས་ཆོས་ཕུང་སྒྲོགས་པ། ཡང་རྡོ་རྗེའི་ལྟེ་བས་ཡབ་ཀྱི་དྷཱུ་ཏཱིའི་མར་སྣ། དྲིལ་བུའི་ལྕེས་ཡུམ་གྱི་དྷཱུ་ཏཱིའི་མར་སྣ་མ ཚོན་པ་སོགས་རྫོགས་རིམ་དང་སྦྱར་ནས་འཆད་ཚུལ་ཡང་ཤེས་པར་བྱའོ། །མདོར་ན་རྡོ་རྗེས་ཟུང་འཇུག་གི་བར་གྱི་ཐབས་ཀྱི་ཆ་ཐམས་ཅད་དང་། དྲིལ་བུས་དེའི་བར་གྱི་ཤེས་རབ་ཀྱི་ཆ་ཐམས་ཅད་མཚོན་པའི་ཚུལ་དྲན་པར་བྱའོ། །རྡོར་དྲིལ་གཉིས་ཀའང་བདེ་སྟོང་དབྱེར་མེད་ཀྱི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་ནོ་སྙམ་པ་དང་། རང་གི་ལུས་ལྷ་ཡབ་ཡུམ་དང་སེམས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དང་། ངག་གིས་བདེ་སྟོང་དབྱེར་མེད་ཀྱི་སྒྲ་སྒྲོགས་པར་བསམ་མོ། །ༀ་སརྦ་ཏ་ཐཱ་ག་ཏ་ཞེས་སོགས་ཀྱི་དོན་ཡོད་དེ། ༀ་ནི་རྒྱུད་རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་དང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་གསུངས་པ་ལྟར་དོན་བདུན་ལ་འཇུག་པའི་མཚོན་དོན་དྲན་པའི་སྒོ་ནས་བརྗོད་ན་ཕན་ཡོན་ཆེན་པོར་འགྱུར་བའི་ཕྱིར་རོ། །ༀ་ལ་ཨ་དང་ཨུ་དང་མ་གསུམ་ཡོད་དེ། ཨ་ལ་ཨུ་བྱིན་པས་ཨོར་སོང་། མ་ཡིག་ཀླད་ཀོར་དུ་བྱིན་པས་ༀ་གཅིག་ཏུ་གྱུར་པའི་ཡི་གེ་སོ་སོ་བས་སྐུ་གསུང་ཐུགས་སོ་སོར་མཚོན་ཞིང་། ༀ་གཅིག་གིས་ནི་དེ་གསུམ་དབྱེར་མེད་པ་དེ་མཚོན་པའི་ཕྱིར་རོ། །སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། སིདྡྷི་ནི་གྲུབ་པ། བཛྲ་ནི་རྡོ་རྗེ། ས་མ་ཡ་ནི་དམ་ཚིག ཏིཥྛ་ནི་མནོས་པའམ་བརྟན་པ། ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་ནི་འདི་བདག་གིས་བཟུང་བར་བགྱིའོ། །བཛྲ་སཏྭ་ནི་རྡོ་རྗེ་སེམས་དཔའ། ཧི་ལྔས་ཡེ་ཤེས་ལྔ་དང་། ཧཱུཾ་གསུམ་གྱིས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་དེ་མཚོན། ཕཊ་ནི་དོན་དེ་གསལ་བར་བྱེད་པ་དང་། སྭཱཧཱས་ནི་སྡིག་པ་འཇོམས་ཤིང་དགེ་བ་འཕེལ་བ་སོགས་དང་དབུགས་འབྱིན་པ་སྟེ། རྩེ་མོ་ལས། སྭཱཧཱ་ཞེས་ནི་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་རྣམ་པར་འཕེལ། །ཉེས་པ་ཐམས་ཅད་འཕྲོག་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཞེས་གསུངས་པ་ལྟར་དོན་དྲན་པའི་སྒོ་ནས་རྡོ་རྗེ་འཛིན་ནོ། །དེ་ནས་བཛྲ་གྷཎྜ་ཧཱུཾ་ཞེས་བརྗོད་ཅིང་། དོན་ནི་རྡོ་རྗེ་དྲིལ་བུ་ཞེས་པ་སྟེ། ཆོས་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་དུ་དྲིལ་ནས་རྟོགས་པའི་ཤེས་རབ་ནི་ངེས་དོན་གྱི་དྲིལ་བུ་ཡིན་ལ། མཚོན་དོན་དེ་དྲན་པའི་སྒོ་ནས་དྲིལ་བུ་འཛིན་ཅིང་། དེའི་སྒྲས་ཀྱང་སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པར་སེམས་པའོ། །ཧཱུཾ་གིས་ནི་ཡེ་ཤེས་ལྔ་མཚོན་ཞིང་། འདི་ལའང་ཧ་ཨཱུ་མ་གསུམ་ཡོད་ཅིང་། གསུམ་སོ་སོས་རྡོ་རྗེ་གསུམ་སོ་སོ་དང་། ཧཱུཾ་གཅིག་ཏུ་གྱུར་པས་དེ་གསུམ་དབྱེར་མི་ཕྱེད་པ་དེ་མཚོན་ནོ། །ངེས་དོན་གྱི་རྡོར་དྲིལ་རང་རྒྱུད་ལ་བསྐྱེད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སངས་རྒྱས་ཐམས་ཅད་མཉེས་པར་བྱའོ་སྙམ་དུ་སེམས་ཤིང་བརྗོད་ནས་ཧཱུཾ་གླུར་བླང་བར་བྱའོ། །དྲང་དོན་གྱི་རྡོ་རྗེ་ལག་གིས་གསོར་ཞིང་། ངེས་དོན་གྱི་རྡོ་རྗེ་རང་རྒྱུད་ལ་བསྐྱེད་པའི་ཚུལ་གྱིས་གསོར་བ་ཡིན་ལ། དེའི་དགེས་པ་ནི། སེམས་ཅན་རྨོངས་དང་འགྲེལ་བ་ཡི། །ཞེས་སོགས་ཀྱིས་སྟོན་ཅིང་། འདིའི་དོན་ནི། ངེས་དོན་གྱི་རྡོ་རྗེ་རང་རྒྱུད་ལ་བསྐྱེད་པ་ནི་མཛེས་པའམ་ལེགས་པ་ཡིན་ཏེ། དེས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་མ་རིག་པ་སྤོང་བའི་ཚུལ་གྱིས་སེམས་ཅན་ཐམས་ཅད་རྨོངས་པ་མ་རིག་པ་དང་འགྲེལ་བ་སྟེ་བྲལ་བར་བྱས་པའི་སྒོ་ནས་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་པའི་བྱ་བ་བྱེད་པའི་ཕྱིར། དེ་ལྟར་བྱེད་ནུས་པའང་ཡིན་ཏེ། དེས་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །དེས་ན་དྲང་ངེས་ཀྱི་རྡོ་རྗེ་སྤྲོ་བ་དང་བཅས་ཏེ་བཟུང་བར་བྱའོ། །ཧཱུཾ་གསུམ་གྱིས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་དང་། ཧོ་གསུམ་གྱིས་ཆུང་འབྲིང་ཆེ་གསུམ་གྱི་སེམས་ཅན་འཁོར་བ་ལས་གྲོལ་བར་བྱེད་པ་དེ་མཚོན་ནོ། །ཡང་དྲིལ་བུ་དཀྲོལ་ཚུལ་དགོས་པ་དང་བཅས་པ་ནི། ༀ་བཛྲ་དྷརྨྨཱཿར་ཎི་ཏ་ཞེས་སོགས་ཀྱིས་བསྟན་ཅིང་། དོན་ནི། ༀ་ནི་སྔར་བཞིན། བཛྲ་ནི་རྡོ་རྗེ་སྟེ་མི་ཕྱེད་པ། དྷརྨྨཱཿནི་ཆོས། ར་ཎི་ཏ་ནི་སྒྲོགས་པ། པྲ་ར་ཎི་ཏ་རབ་ཏུ་སྒྲོག་པ། སཾ་པྲ་ར་ཎི་ཏ་ནི་ཀུན་ཏུ་རབ་ཏུ་སྒྲོག་པ། སརྦ་བུདྡྷ་ནི་སངས་རྒྱས་ཐམས་ཅད། ཀྵེ་ཊ་ནི་ཞིང་། པྲ་ཙ་ལི་ནི་གཡོ་བ། པྲཛྙཱ་པ་ར་མི་ཏ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ནཱ་ད་ནི་སྒྲ། སྭ་བྷཱ་ཝ་ནི་རང་བཞིན། བཛྲ་སཏྭ་ནི་རྡོ་རྗེ་སེམས་དཔའ། ཧྲི་ད་ཡ་ནི་ཐུགས། སནྟོ་ཥ་ནི་ཀུན་ཏུ་དགྱེས་པ། ཧཱུཾ་གསུམ་དང་ཧོ་གསུམ་དང་སྭཱཧཱ་ནི་སྔར་བཞིན་ཏེ། དགོས་དོན་དེ་ལྟར་དྲན་པར་བྱའོ། །གཉིས་པ་ནང་མཆོད་བྱིན་གྱིས་བརླབ་པ་ལ་བཞི། བསང་བ། སྦྱང་བ། བསྐྱེད་ཅིང་། བྱིན་གྱིས་བརླབ་པ། དེའི་དགོས་པ་བཤད་པའོ། །དང་པོ་ནི། ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཞེས་བརྗོད་པ་དང་མཉམ་དུ་རང་གི་ཐུགས་གནས་བགེགས་མཐར་བྱེད་ཀྱི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་ནང་མཆོད་ཀྱི་སྒྲུབ་གཞི་རྫས་ལ་གནས་པའི་བགེགས་ཐམས་ཅད་བསྐྲད་པར་བསམ་མོ། །ༀ་ཨཱཿཧཱུཾ་ནི་སྐུ་གསུང་ཐུགས་ཀྱི་ས་བོན་དང་། བིགྷྣཱནྟ་ཀྲྀཏ་ཞེས་པ་ནི་བགེགས་མཐར་བྱེད་ཅེས་པའི་དོན་ནོ། །གཉིས་པ་ནི། ཤཱུནྱ་ཏཱའི་སྔགས་བརྗོད་ཅིང་དོན་དྲན་པའི་སྒོ་ནས་སྦྱོང་བ་ཡིན་ལ། ཤཱུནྱ་ཏཱ་ནི་སྟོང་པ་ཉིད། ཛྙཱ་ན་ནི་ཡེ་ཤེས། བཛྲ་ནི་རྡོ་རྗེ་སྟེ་མི་ཕྱེད་པ། སྭ་བྷཱ་ཝ་ནི་རང་བཞིན། ཨཱཏྨ་ཀོ་ནི་བདག་ཉིད། ཨ་ཧཾ་ནི་ངའོ་སྟེ། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་དབྱེར་མི་ཕྱེད་པའི་བདག་ཉིད་དེ་ངའོ་སྙམ་དུ་ང་རྒྱལ་འཇོག་པ་ཡིན་ཞིང་། དེའི་ཚེ་སྒྲུབ་གཞི་སོགས་རང་བཞིན་གྱིས་སྟོང་པར་བསམས་ཏེ་ཐ་མལ་གྱི་སྣང་ཞེན་དགག་པར་བྱའོ། །གསུམ་པ་ནི། དེ་ལྟར་སྟོང་པར་སྦྱངས་པའི་བདེ་སྟོང་དབྱེར་མེད་ཀྱི་ངང་ལས། ཧཱུཾ་ཡཾ་ཧཱུཾ་ཞེས་སོགས་ཀྱི་དོན་བསམས་པའི་སྒོ་ནས་བསྐྱེད་པར་བྱ་སྟེ། དེ་ཡང་སྟེང་འོག་ཏུ་ཉལ་སྟབས་ཀྱི་ཧཱུཾ་རེ་རེ་དང་བར་དུ་ས་བོན་རེ་རེ་གྱེན་འགྲེང་དུ་རིམ་པར་བསྐྱེད་ཅིང་། འདིར་ཧཱུཾ་གཉིས་པོའི་ཞབས་ཀྱུ་ཕར་བསྟན་པ་སྟེ། དེ་དག་རིམ་པར་ཡོངས་སུ་གྱུར་པ་ལས། རླུང་དཀྱིལ་བཅད་ཁ་དང་མེ་དཀྱིལ་ཟུར་གཅིག་ཚུར་བསྟན་པའི་སྟེང་འོག་གི་རྡོ་རྗེ་རྩེ་ལྔ་པ་ཉལ་སྟབས་སུ་བསམ། མེའི་ཟུར་གསུམ་གྱི་སྟེང་དུ་མདུན་ནས་གཡས་སྐོར་དུ་ཡི་གེ་གསུམ་དཀར་དམར་སྔོ་བ་ལས། ལྟག་པ་དབུས་སུ་བསྟན་པའི་མི་མགོའི་སྒྱེད་བུ་གསུམ། དེ་གསུམ་གྱི་དབུས་སུ་ཨཱཿདཀར་པོ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དེའི་ནང་དུ་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། དེའི་དབུས་དང་ཤར་ནས་གཡས་སྐོར་དུ་ཧཱུཾ་བྷྲུཾ་ཨཱཾ་ཛཱི་ཁཾ་རྣམས་ལས་རིམ་པ་བཞིན་དུ་མིའི་ཤ་གླང་པོ་ཆེ་རྟ་བ་ལང་ཁྱིའི་ཤ་སྟེ་ཤ་ལྔ་བསྐྱེད་པའི་སྟེང་དུ་ཡི་གེ་སོ་སོས་མཚན་པ། སླར་ཡང་དབུས་དང་ཤར་ནས་ཕྱོགས་བཞིར་ཧཱུཾ་སོགས་ལྔ་ལས་རིམ་བཞིན་དྲི་ཆུ་དྲི་ཆེན་རཀྟ་བྱང་སེམས་ཤ་ཆེན་ཏེ་བདུད་རྩི་ལྔ་བསྐྱེད་པ་ཝ་ཡིག་སོ་སོས་མཚན་པ། ཡི་གེ་རྣམས་རིམ་པ་བཞིན་སྔོ་དཀར་སེར་དམར་ལྗང་ཁུ་གྱེན་བསྒྲེང་། ཤ་ལྔ་པོ་ཤ་པགས་རུས་གསུམ་དུམ་བུར་བཏུབས་པའམ་ཚང་མ། བདུད་རྩི་ལྔ་མར་ཁུ་ལྟ་བུ་ལ་ཕན་ཚུན་གོ་ས་མི་བསྒྲིབས་པའམ། ཡང་ན་མར་ཁུར་ཤ་བཅུག་པ་བཞིན་བསམ། བདུད་རྩི་ལྔ་ལ་ཐུན་མོང་དུ་ཧཱུཾ་ཡིག་གི་ནཱ་ད་ལ་མ་རེག་ཙམ་དུ་ༀ་དཀར་པོ། དེའི་འོག་ཟུར་ནས་འོད་ཟེར་ཁ་དོག་ལྔ་འཕྲོ་བ། སྟེང་གི་བར་སྣང་ལ་ཉི་མའི་དཀྱིལ་འཁོར་དམར་འཁྱིལ་ལེ་བ། དེའི་སྟེང་དུ་ཧཱུཾ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གྱེན་འགྲེང་བ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། ཧཱུཾ་ཡིག་དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས། འོག་གི་རླུང་གཡོས། དེའི་སྟེང་གི་མེ་སྦར་བས་ཐོད་པའི་ནང་གི་རྫས་རྣམས་མར་ཁུ་ལྟར་ཞུ་ཞིང་ཁོལ་བའི་ནང་དུ། སྟེང་གི་རྡོ་རྗེ་ཉི་གདན་དང་བཅས་པ་ལྷུང་ནས་གཡས་བསྐོར་དུ་ལན་གསུམ་དཀྲུགས་པས་རྡོ་རྗེ་དང་རྫས་རྣམས་རོ་མཉམ་དུ་གྱུར་བས་རྫས་ཀྱི་ཁ་དོག་དྲི་རོ་ནུས་པའི་སྐྱོན་ཐམས་ཅད་སྤངས་ནས་ཤེལ་ལྟར་དག་པར་གྱུར་པར་བསམས་ཤིང་། རྫས་ཀྱི་འོག་གི་པདྨ་ཨཱཿདང་བཅས་པ་ཞུ་བ་བདུད་རྩི་དང་འདྲེས་པ་ཉི་མ་འཆར་ཁའི་མདོག་ལྟར་དམར་སེར་གྱི་རྣམ་པ་ཅན་གྱི་ཟག་མེད་ཀྱི་བདུད་རྩིར་བྱས། ཡབ་ཡུམ་གྱི་སྦྱོར་མཚམས་དང་ༀ་ཡིག་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། ཐོད་པའི་བདུད་རྩི་ལ་བསྟིམས་པས་བདུད་རྩི་མིང་པོར་སྦར་ཞིང་སྤེལ་པར་བསམ་མོ། །དེ་ནས་ཡི་གེ་གསུམ་ལན་བདུན་ནམ་གསུམ་བརྗོད་ཅིང་བྱིན་གྱིས་བརླབ། དེའི་ཚེ་རང་གཞན་གྱི་སྒོ་གསུམ་གྱི་ལས་སྒྲིབ་རྣམས་བྲལ་ནས་བདུད་རྩི་ལ་བསྟིམ་པར་མཁས་པ་དུ་མས་བཤད་ཀྱང་། ད་ལྟའི་ཁ་ཅིག་དེ་ལྟ་བུ་ལ་སྐྱོན་འཚོལ་བར་སྣང་ངོ་། །མཚོན་ཚུལ་ནི། ༀ་ཤཱུནྱ་ཏ་སོགས་སྔགས་ཚན་དྲུག་གིས་ཁྱབ་བྱེད་ལ་སོགས་པའི་རླུང་དྲུག་དང་། སྔགས་ཚན་ཟུང་རེས་ལྡང་འཇུག་ནས་གསུམ་གྱི་རྡོར་བཟླས། པདྨས་ནང་གི་རྩ་བརྒྱད། ཟེ་འབྲུའི་ཨཱཿས་ཡུམ་གྱི་དྷཱུ་ཏཱིའི་མར་སྣ། རྡོ་རྗེ་པདྨར་ལྷུང་བས་རྡོ་རྗེ་དང་པདྨ་སྦྱོར་བ། རླུང་གིས་ཕྱག་རྒྱ། མེས་གཏུམ་མོ། སྒྱེད་བུའི་ས་བོན་གྱིས་སྣང་མཆེད་ཐོབ་གསུམ་སྒྱེད་བུས་སྐུ་གསུང་ཐུགས་གསུམ་ལྡན་གྱི་སྒྱུ་ལུས། ཐོད་པ་ཕྱི་དཀར་བས་བདེ་བ། ནང་དམར་བས་སྟོང་པ། ཁ་ཅིག་དེ་ལས་ལྡོག་སྟེ་མཚོན་པར་ཡང་བཤད། དཀར་དམར་གྱི་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་ཤས་ཟུང་འཇུག ཤ་ལྔར་ཕྱེ་བས་ཟུང་འཇུག་རིགས་ལྔ། བཤང་བས་ཟུང་འཇུག་པས་ཡུལ་དྲུག་འོད་གསལ་དུ་སྡུད་པ། དྲི་ཆུས་མིག་ཤེས་སོགས་དང་མིག་དབང་སོགས་འོད་གསལ་སྡུད་པ། ཁྲག་གིས་ཇི་ལྟ་བ་ཐམས་ཅད་མཁྱེན་པའི་འོད་གསལ། ཁུ་བས་ཆོས་ཉིད་རྟོགས་པའི་འོད་གསལ། རྡོ་རྗེ་ཧཱུཾ་དང་བཅས་པས་འབྲས་དུས་ཀྱི་ཐུགས་རྡོ་རྗེ། པདྨ་ཨཱཿདང་བཅས་པས་གསུང་། ༀ་ཡིག་གིས་སྐུ་རྡོ་རྗེ་མ ཚོན། གཞན་ཡང་ཧཱུཾ་གཉིས་དང་རྡོ་རྗེ་གཉིས་ཀྱིས་ཡེ་ཤེས་ལྔ། མི་མགོས་ལུས་ངག་ཡིད་གསུམ། ཐོད་པའི་ས་བོན་ཨཱཿས་སྟོང་ཉིད། ཐོད་པས་བདེ་སྟོང་དབྱེར་མེད་མཚོན་པ་སོགས་མང་ངོ་། །སྤྱིར་ཤ་ལྔ་གཤེགས་པ་ལྔ་དང་བདུད་རྩི་ལྔ་གཤེགས་མ་ལྔའི་ངོ་བོར་མོས་པ་ཡོད་ཀྱང་། འདིར་གཉིས་ཀ་ཕྱོགས་སུ་འགོད་པ་དང་གཤེགས་པ་ལྔའི་ངོ་བོར་བསྐྱེད་པའོ། །བསྟན་ཚུལ་གྱི་དབང་དུ་བྱས་ན། ལས་སྔགས་བརྗོད་པའི་ཚེ་བསངས། ཤཱུནྱ་ཏས་སྟོང་པར་སྦྱངས། ཧཱུཾ་ཡཾ་ཧཱུཾ་ཡཾ་ཞེས་པ་ནས། ༀ་ཡིག་གིས་མཚོན་པའི་བར་གྱིས་བསྐྱེད། དེ་དག་གི་སྟེང་གི་ཞེས་པ་ནས་ཤེལ་ལྟར་དག་པར་གྱུར་པའི་བར་གྱིས་སྦྱང་བ། པདྨ་ཨཱ་དང་ནས་རྟོགས་པར་བྱས་ཞེས་པའི་བར་གྱིས་རྟོགས་པ། ༀ་ཡིག་གི་ནས། སྦྲེལ་བར་གྱུར་པའི་བར་གྱིས་སྤེལ་བར་བྱ་སྟེ། སྦྱངས་རྟོགས་སྦར་གསུམ་གྱི་སྒོ་ནས་བྱིན་གྱིས་བརླབ་པའོ། །དམ་ཚིག་པའི་རྫས་ལ་ཡེ་ཤེས་ཀྱི་བདུད་རྩི་འཇུག་པ་ནི་བྱིན་གྱིས་བརླབ་པ་དང་མང་པོར་སྦྱར་བའི་ཆེད་ཡིན་ཞིང་། ཡི་གེ་གསུམ་བརྗོད་པ་ནི་བྱིན་གྱིས་བརླབས་པའི་ཚེ། གཙོ་བོ་ཡིན་ནོ། །ཤ་ལྔ་ལ་ལྕགས་ཀྱུ་དང་སྒྲོན་མ་ལྔ་ཞེས་བཤད་པ་ནི། དེ་ལྔ་ལྷ་ལ་ཕུལ་ཞིང་རང་གིས་ཚུལ་བཞིན་ལོངས་སྤྱད་པས་དངོས་གྲུབ་མྱུར་དུ་འགུག་པ་དང་གསལ་བར་བྱེད་པས་དེ་ལྟར་བརྗོད་དོ། །བཞི་པ་ནི། དེ་ལྟར་ནང་མཆོད་བྱིན་གྱིས་བརླབས་པ་ལ་དགོས་པ་ཡོད་དེ། བླ་མ་དང་ལྷག་པའི་ལྷ་མཉེས་པ་དང་། བཟའ་བའི་དམ་ཚིག་བསྟེན་པ། མཆོད་གཏོར་བྱིན་གྱིས་བརླབ་པའི་ཚེ་གསང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་གཏོར་མ་ལ་སྤྱིར་འདས་མ་འདས་ཀྱི་གཏོར་མ་གཉིས་ཡོད་ཀྱང་འདིར་སྔོན་འགྲོ་འཇིག་རྟེན་པའི་གཏོར་མ་བྱ་བ་ཡིན་ལ། དེ་ཡང་འཕགས་སྐོར་ནས་དངོས་སུ་མ་བཤད་ཀྱང་མཁའ་འགྲོ་རྒྱ་མཚོ་སོགས་ནས་བཤད་པ་ལྟར་མཛད་པ་ཡིན་ཞིང་། འདི་ལ་གཉིས། མཆོད་གཏོར་བྱིན་བརླབ་བྱ་བ་དང་། མགྲོན་སྤྱན་དྲངས་ནས་འབུལ་བའི་ཚུལ་ལོ། །དང་པོ་ནི། འོག་ནས་འབྱུང་བ་ལྟར་བྱ་ལ། གཏོར་མ་ནི་གོང་དུ་བཤད་པ་ལྟར་བྱིན་གྱིས་བརླབ་པོ། གཉིས་པ་ལ་གཉིས། མགྲོན་སྤྱན་འདྲེན་པ་དང་། མཆོད་གཏོར་འབུལ་བའོ། །དང་པོ་ནི། སྤྱིར་ཕྱོགས་སྐྱོང་ས་བོན་ལས་བསྐྱེད་པའི་ལུགས་ཡོད་ཀྱང་། འདིར་རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་རྣམས་བཀུག་ནས་རང་གི་ཕྱོགས་མཚམས་སུ་འཁོད་པར་བསམ་པ་ཡིན་ལ། དེ་ཡང་དཀར་ཕྱོགས་ནག་ཕྱོགས་པ་གཉིས་ལས་དཀར་ཕྱོགས་པའོ། །དེ་རྣམས་ཀྱི་ཕྱག་མཚན་སོགས་མངོན་རྟོགས་ལྟར་ཡིན་ལ། རྡོ་རྗེ་མཚོན་ཆ་ནི་བརྒྱ་བྱིན། སྒྱུ་མ་རྡོ་རྗེ་ནི་ཁྱབ་འཇུག །རྡོ་རྗེ་མེ་ནི་མེ་ལྷ། རྡོ་རྗེ་དུས་ནི་གཤིན་རྗེ། རྡོ་རྗེ་གཏུན་ཤིང་ནི་སྲིན་པོ། རྡོ་རྗེ་ཀླུ་ནི་རང་མིང་ལྟར། རྡོ་རྗེ་རླུང་ནི་རླུང་ལྷ། རྡོ་རྗེ་འཇིགས་བྱེད་ནི་གནོད་སྦྱིན། རྡོ་རྗེ་སྣ་རིང་ནི་ཚོགས་བདག །རྡོ་རྗེ་ཁྲོ་བོ་ནི་དབང་ཕྱུག་ཆེན་པོ། རྡོ་རྗེ་འཁྱིལ་པ་ནི་ཉི་མ། རྡོ་རྗེ་འོད་ནི་ཟླ་བ། མི་སྨྲ་རྡོ་རྗེ་ནི་ཚངས་པ། ཐག་བཟང་རིས་དད་སའི་ལྷ་མོ་ནི་རང་མིང་གིས་བསྟན་པ་ལྟར་རོ། །དེ་རྣམས་སྐད་ཅིག་གིས་སྟོང་པར་བསམས་ཏེ་ཐ་མལ་གྱི་སྣང་ཞེན་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གི་འདུས་པའི་ལྷ་རྡོ་རྗེ་ཡབ་ཡུམ་བཅས་སུ་བསྐྱེད་དོ། །གཉིས་པ་ལ། དང་པོ་ཆུ་བཞི་འབུལ་བ་ནི། ཐོག་མཐའི་ༀ་ཨཱཿཧཱུཾ་རྣམས་ནི་རྡོ་རྗེ་གསུམ་གྱི་ས་བོན་དང་། ཧྲཱིཿས་ནི་ཤེར་ཕྱིན་མཚོན། པྲ་ནི་རབ། ཝ་ར་ནི་མཆོག་ཏུ། སད་ཀཱ་རཾ་ནི་བསྙེན་བཀུར་བ། ཨརྒྷཾ་ནི་མཆོད་ཡོན། པྲ་ཏཱིཙྪ་ནི་སོ་སོར་བཞེས། སྭཱཧཱ་ནི་དབུགས་འབྱིན་པའོ། །གཞན་སྔར་ལྟར་ལ་པཱཏྱཾ་ནི་ཞབས་བསིལ། ཨཱཉྩ་མ་ཎཾ་ནི་ཞལ་བསིལ། པྲོཀྵ་ཎཾ་ནི་བསང་གཏོར་རོ། །དེ་ནས་ༀ་ཨཱཿདུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། ཞེས་སོགས་ཀྱི་གཏོར་མ་འབུལ་བར་བྱ་སྟེ། དོན་བསྡུ་ན། དུས་གསུམ་སྐྱེས་པ་སྟེ་དངོས་པོ་ཀུན་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐར་ཐུག་པ་རྒྱ་མཚོ་སྤྲིན་གྱི་བཀོད་པའི་རབ་འབྱམས་མ་ལུས་པའི་འཇིག་རྟེན་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་ལྟོས་པའི་རྟེན་འབྲེལ་སྣང་སྟོང་ཟུང་དུ་འཇུག་པ་དང་ཐམས་ཅད་ཀྱང་ཐ་སྙད་དུ་སོ་སོར་སྣང་ཡང་དོན་དམ་པར་མེད་པའི་ཆོས་ཀྱི་དབྱིངས་སུ་གཏོགས་ཤིང་འདུའོ། །ཡང་ནམ་མཁའི་མཐར་ཐུག་པའི་དུས་གསུམ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་འཇིག་རྟེན་སྐྱོང་བ་དང་དེར་མ་ཟད་སེམས་ཅན་ཀུན་ཀྱང་ཕྱོགས་སྐྱོང་གི་རྣམ་པར་བལྟ་བ་ནི། རྡོ་རྗེ་མཚོན་ཆ་ཞེས་སོགས་ཀྱིས་གཏོར་མ་འབུལ་བའི་ཡུལ་ངོས་བཟུང་བ་སྟེ་དོན་ནི་སྔར་ལྟར་སྔ་མ་སྣོད་ཕྱི་མ་བཅུད་ཀྱི་དབང་དུ་བྱས་པའོ། །མེ་ཏོག་དག་དང་ཞེས་སོགས་རྐང་པ་བཞིས་མཆོད་གཏོར་འབུལ་བ་དང་། བདག་གི་དབྱིག་གསེར་ཞེས་པ་ནས་འཇིག་པར་མཛོད་ཅེས་པའི་བར་གྱིས་འགལ་རྐྱེན་སེལ་བ་དང་། བདག་ལ་དབྱིག་གསེར་ཞེས་པ་ནས་མཛད་དུ་གསོལ་ཧཱུཾ་སྭཱཧཱའི་བར་གྱིས་མཐུན་རྐྱེན་སྒྲུབ་པའི་འཕྲིན་ལས་བཅོལ་བའོ། །འགོར་ༀ་ཨཱཿམཇུག་ཏུ་ཧཱུཾཾ་སྭཱཧཱ་འབྱུང་བ་ནི་རྒྱ་གཞུང་ལས་གཏོར་སྔགས་སུ་ཡོད་པ་བོད་སྐད་དུ་བསྒྱུར་བའི་འགོ་མཇུག་རང་སོར་བཞག་པའོ། །དེ་ནས་ཆུ་གཉིས་དང་སོ་རྩི་འབུལ་བ་ནི། རྒྱ་གར་དུ་ཟས་ལ་ལོངས་སྤྱོད་པའི་མཇུག་ཏུ་ཁྲུས་བྱེད་ཅིང་སོ་རྩི་སྐུད་པ་དང་སྒོ་བསྟུན་པའོ། །དེ་ནས་ཕྱི་ནང་གི་མཆོད་པས་མཆོད་པར་བྱ་སྟེ་གོ་སླའོ། །དེ་ནས་ཡིག་བརྒྱ་དང་མ་རྙེད་ཅེས་སོགས་ཀྱ ིས་བཟོད་གསོལ་དང་། ༀ་ཨཱཿཧཱུཾ་བཛྲ་མུཿཞེས་སོགས་ཀྱིས་གཤེགས་གསོལ་བྱའོ། །དེ་ལྟར་སྔོན་འགྲོ་གཏོར་མ་ཕུལ་བ་ལ་དགོས་པ་ཡོད་དེ། སྒྲུབ་ཐབས་དངོས་གཞི་བསྒོམ་པ་ལ་བགེགས་ཀྱི་བར་ཆད་སྲུང་བ་དང་མཐུན་རྐྱེན་སྒྲུབ་པའི་འཕྲིན་ལས་བཅོལ་བའི་ཆེད་ཡིན་པའི་ཕྱིར། བཞི་པ་བདག་བསྐྱེད་མཆོད་པ་བྱིན་གྱིས་བརླབ་པ་ལ་གཉིས། བྱིན་གྱིས་བརླབ་པའི་ཚུལ་དང་། དུས་ནམ་གྱི་ཚེ་འབུལ་བའོ། །དང་པོ་ནི། རང་ཉིད་ཞེ་སྡང་རྡོ་རྗེའི་ང་རྒྱལ་དང་ལྡན་པའི་སྒོ་ནས་ལས་སྔགས་ཀྱིས་བསངས། ཤཱུནྱའི་སྔགས་བརྗོད་ཅིང་དོན་དྲན་པའི་སྒོ་ནས་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་དུ་སྦྱངས་པའི་སྟོང་པའི་ངང་ལས། མཆོད་པའི་གྲངས་དང་མཉམ་པའི་ཨཱཿརེ་རེ་ཐོལ་གྱིས་བྱུང་། དེ་རྣམས་འོད་དུ་ཞུ་བ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་རེ་རེ། རང་གི་གཡས་ནས་བརྩམས་ཏེ་དེ་རྣམས་ཀྱི་ནང་དུ་རིམ་པར་མཆོད་ཡོན་ལ་སོགས་པ་རྣམས་རང་རང་གི་མིང་ཡིག་དང་པོ། ཨ་པཱ་བུ་དྷཱུ་ཨཱ་ག་ནཻ་ཤ་རྣམས་དང་རཱུ་ཤ་རྣམས་ལ་ཐིག་ལེས་བརྒྱན་པས་ཨཾ་པཾ་པུཾ་དྷཱུཾ་ནས་ཤི་རྣམས་དང་རཱུཾ་ནས་སྦཾ་རྣམས་རེ་རེ། དེ་རྣམས་ཡོངས་སུ་གྱུར་པ་ལས་ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཡིན་པ་ལ། རྣམ་པ་མཆོད་ཡོན་ལ་སོགས་པ་སོ་སོའི་རྣམ་པ་ཅན། བྱེད་ལས་མགྲོན་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པའི་ནུས་ལྡན་དུ་བསམ། མཆོད་པ་རྣམས་ལས་སྔགས་ཀྱིས་བསང་བ་ནི། དཔུང་བཟང་ལས་བཤད་པ་ལྟར་མཆོད་ཡོན་ལ་ཆུ་ལྟར་གཡོ་བ་། མེ་ཏོག་ལ་འཇིག་རྟེན་མེ་ཏོག བདུག་སྤོས་ལ་ནག་པོ། མར་མེ་ལ་གཙུག་ཕུད་གཅིག་པ། དྲི་ལ་དྲི་ཟ་བ། ཞལ་ཟས་ལ་གཏོར་མ་ཟ་བ། རོལ་མོ་ལ་ཟློས་གར་མཁན་ཞེས་བྱ་བའི་བགེགས་ཞུགས་ནས་བར་ཆད་བྱེད་པས་དེ་རྣམས་བསྒྲོད་པའི་ཆེད་དང་། སྟོང་པར་སྦྱང་བ་ནི་ཐ་མལ་གྱི་སྣང་ཞེན་སྦྱོང་བ་དང་། ས་བོན་རྣམས་རང་གི་མིང་ཡིག་དང་པོ་བསྐྱེད་པ་ནི་མཆོད་རྫས་རྣམས་མིང་རྐྱང་བཏགས་ཡོད་ཙམ་དུ་གོ་བའི་ཆེད་ཡིན་ལ། དེ་བདེ་སྟོང་གི་རྣམ་པར་ལྟ་བ་ནི། མཆོད་རྫས་ལ་ལོངས་སྤྱོད་པ་དང་སྤྱད་བྱ་དང་ཇི་ལྟར་སྤྱོད་པ་རྣམས་ཀྱང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་རྣམ་རོལ་ཏུ་འཆར་བའི་ཆེད་དོ། །མཆོད་རྫས་རྣམས་ཀྱི་རྣམ་པ་རིམ་བཞིན་མཆོད་ཡོན་ཡན་ལག་བརྒྱད་ལྡན། ལྷའི་མེ་ཏོག ཙན་དན་སོགས་ཀྱི་སྤོས། ཉི་ཟླའམ་མར་དཀར་གྱི་མར་མེ་ག་བུར་སོགས་ཀྱིས་བསྒོམ་པའི་དྲི་ཆབ། རོ་བརྒྱའི་ཞལ་ཟས། ལྷའི་རོལ་མོ་སོགས་དང་། གནས་གང་དུ་འབུལ་བ་ནི། རིམ་བཞིན། ཞལ། ཞབས། དབུ། ཤངས། སྤྱན། ཐུགས་ཀ ལྗགས། སྙན་རྣམས་ལ་འབུལ་ཞིང་། འདོད་ཡོན་ལྔ་ནི། མིག་སོགས་དབང་པོ་ལྔ་ལ་འབུལ་ལོ། །ཐོད་པའི་ས་བོན་ཨཱསཿསྟོང་ཉིད། གཏུམ་མོ། སྲོག་འཛིན་ཕྲ་བ། ལྷན་སྐྱེས་ཀྱི་བདེ་ཆེན་རྣམས་མཚོན། ཐོད་པས་ཁམས་དཀར་དམར་གྱི་འདུ་འཕྲོད་ལ་བརྟེན་པའི་བདེ་ཆེན་བཞོན་པ་རླུང་དང་བཅས་པ་སོགས་མཚོན་ཞིང་ཡི་གེ་གསུམ་གྱིས་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་བྱིན་གྱིས་རླབས་པ་དང་། དགོས་པ་ནི། འདོད་ཡོན་གྱི་རང་བཞིན། ཤེས་པའི་སྒོ་ནས་ལོངས་སྤྱོད་པ། ཐ་མལ་གྱི་སྣང་ཞེན་སྦྱོང་བ། བླ་མ་དང་དཀྱིལ་འཁོར་མཉེས་པ་དང་། འབྲས་དུས་ཀྱི་བདེ་སྟོང་ལ་བློ་སྦྱོང་བ་སོགས་ཀྱི་ཆེད་དོ། །གཉིས་པ་དུས་ནི། བདག་བསྐྱེད་ཟིན་པའི་བསྟོད་པའི་དེ་མ་ཐག་འབུལ་བ་སྟེ། སྐབས་དེར་བྱིན་གྱིས་བརླབས་པས་ཀྱང་ཆོག་གོ །ལྔ་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ཐུན་མཚམས་སུ་ནི་སྤྱད་པར་བྱ། ཞེས་གསུངས་པ་ལྟར་ཐུན་མཚམས་སུའང་རུང་མོད། བླ་མ་སྔ་མའི་ཕྱག་ལེན་ལ་མཚམས་འདིར་བྱེད་ཅིང་། དེ་ཡང་རང་རྡོར་སེམས་སུ་བསྐྱེད་པས་ཀྱང་ཆོག་ལ། ཆོ་ག་ནས་འབྱུང་བ་ལྟར་རང་གི་སྤྱི་བོར་བཾ་ལས་པདྨ་དང་ཨ་ལས་ཟླ་བ་དེའི་སྟེང་དུ་ཧཱུཾ་དཀར་པོ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་བསྐྱེད་པ་སོགས་ཆོ་གའི་ཚིག་རིས་ལྟར་ཏེ་གོ་སླའོ། །སྔགས་དོན་ལ། ༀ་ནི་སྐུ་རྡོ་རྗེའི་ས་བོན་དང་། བཛྲ་སཏྭ་ནི་རྡོ་རྗེ་སེམས་དཔའ། ས་མ་ཡ་ནི་དམ་ཚིག མ་ནུ་པཱ་ལ་ཡ་ནི་རྗེས་སུ་སྐྱོངས། བཛྲ་ས ཏྭ་ཏེ་ནོ་པ་ནི་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཉེ་བར། ཏིཥྛ་ནི་གནས་པར་མཛོད། ཌི་ཌྷོ་ནི་བརྟན་པ། མེ་ནི་བདག བྷ་ཝ་ནི་རང་བཞིན་དུ་མཛོད། སུ་ཏོ་ཥྱོ་ནི་ཤིན་ཏུ་དགྱེས་པ། སུ་པོ་ཥྱོ་ནི་ཤིན་ཏུ་རྒྱས་པ། ཨ་ནུ་རཀྟོ་ནི་རྗེས་སུ་ཆགས་པ། མེ་བྷ་ཝ་གསུམ་ནི་སྔར་བཞིན་ནོ། །སརྦ་སིདྡྷི་ནི་དངོས་གྲུབ་ཐམས་ཅད། མེ་པྲ་ཡཙྪ་ནི་བདག་ལ་སྩལ་དུ་གསོལ། སརྦ་ཀརྨཱ་སུ་ཙ་མེ་ནི་བདག་ལ་ལས་ཐམས་ཅད་སྩལ་དུ་གསོལ། ཙིཏྟཾ་ཤྲི་ཡཾཿནི་སེམས་སམ་སྙིང་གི་དཔལ་དུ། ཀུ་རུ་ནི་མཛོད་ཅིག ཧཱུཾ་ནི་ཐུགས་རྡོ་རྗེའི་ས་བོན་དང་། ཧ་བཞི་དང་ཧོ་དང་ལྔ་ནི་ཡེ་ཤེས་ལྔ། བྷ་ག་ཝན་ནི་བཅོམ་ལྡན་འདས། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། བཛྲ་མ་མེ་མུཉྩ་ནི་རྡོ་རྗེ་བདག་ལ་འདོར་ཅིག བཛྲི་བྷ་ཝ་ནི་རྡོ་རྗེ་ཅན་གྱི་རང་བཞིན། མཧཱ་ས་མ་ཡ་སཏྭ་ནི་དམ་ཚིག་སེམས་དཔའ་ཆེན་པོ། ཨཱཿནི་གསུང་རྡོ་རྗེའི་ས་བོན་དང་སྐྱེ་མེད་མཚོན། ཧཱུཾ་གིས་བདེ་ཆེན་དང་། ཕཊ་ཀྱིས་དོན་དེ་གསལ་བར་བྱེད་པའོ། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་འདི་ལ་སྟོབས་བཞི་ཚང་བ་ཡིན་ཏེ། སྐྱབས་འགྲོ་སེམས་བསྐྱེད་ནི་རྟེན་གྱི་སྟོབས། སྒོམ་བཟླས་ཀྱིས་གཉེན་པོ་ཀུན་ཏུ་སྤྱོད་པ། བདག་ནི་མི་ཤེས་ཞེས་སོགས་ཀྱིས་སུན་འབྱིན་པའི་སྟོབས་བསྟན་ནས་ཤུགས་ལ་སླར་ལྡོག་པའི་སྟོབས་བསྟན་ཏོ། །རྡོར་སེམས་ཀྱི་སྒོམ་བཟླས་འདིའི་སྔོན་དུ་མཎྜལ་འབྱུང་བ་ནི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཚེ་བླ་མ་ལ་འབུལ་བ་ཡིན་པས་མངོན་རྟོགས་རྐྱང་བའི་དུས་སུ་མི་དགོས་ལ། སྐྱབས་སེམས་བྱེད་པའི་ཚིག་དོན་ནི་འོག་ཏུ་འཆད་པར་བྱའོ། །གཉིས་པ་མཐུན་རྐྱེན་བསྒྲུབ་པའི་ཕྱིར་ཚོགས་ཞིང་མཆོད་ཅིང་སྡོམ་པ་བཟུང་བ་ནི། རྗེས་མཛད་པའི་འདུས་པའི་སྨོན་ལམ་ལས། ཞིང་གི་ཕུལ་བྱུང་ཐུགས་ཀྱི་དཀྱིལ་འཁོར་ལ། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། འདི་ལ་གཉིས། ཚོགས་ཞིང་སྤྱན་དྲངས་ནས་མཆོད་པ་སོགས་དང་། སྡོམ་པ་བཟུང་བའོ། །དང་པོ་ལ་སྤྱན་འདྲེན་པ་སོགས་དྲུག་ལས། དང་པོ་ནི། རང་མི་བསྐྱོད་པ་ཞི་བར་གསལ་བའི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས། བླ་མ་དང་མི་བསྐྱོད་པའི་དཀྱིལ་འཁོར་ཚོགས་ཞིང་དུ་མདུན་གྱི་ནམ་མཁར་སྤྱན་དྲངས། བླ་མ་གཙོ་བོའི་རིགས་བདག་ཏུ་མོས་ནས་སྤྱན་འདྲེན་པ་ཡོད་ཀྱང་། འདིར་གཙོ་བོ་དང་བླ་མ་ཐ་མི་དད་དུ་མོས་ནས་སྤྱན་འདྲེན་པ་ཡིན་ལ། གང་ནས་སྤྱན་འདྲེན་ལའང་གཉིས་ཡོད་ཀྱ ང་འདིར་རང་བཞིན་གྱི་གནས་ནས་ཡིན་ལ། དེ་ལའང་ཆོས་སྐུ་ལ་རང་བཞིན་གྱི་གནས་སུ་བྱས་ནས་ལོངས་སྐུའི་རྣམ་པར་དང་། ལོངས་སྐུ་ལ་རང་བཞིན་གྱི་གནས་སུ་བྱས་ནས་སྤྲུལ་སྐུའི་རྣམ་པར་སྤྱན་འདྲེན་པ་གཉིས་ཏེ་གང་བྱས་ཀྱང་རུང་ངོ་། །འབུལ་བ་ལ། མེ་ཏོག་སོགས་རེ་རེ་ལའང་རྫས་སྔགས། ཕྱག་རྒྱ། ཏིང་ངེ་འཛིན། སྒྲུབ་པའི་མཆོད་པ་སྟེ་ཁྱད་པར་ལྔ་ལྡན་དུ་བྱེད་དགོས་ཤིང་། སྔགས་དོན་ནི། ༀ་ནི་བཤད་ཟིན། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། པུཥྤེ་མེ་ཏོག །པཱུ་ཛ་ནི་མཆོད་པ། མེ་གྷ་ནི་སྤྲིན། ས་མུ་དྲ་ནི་རྒྱ་མཚོ། སྤ་ར་ཎ་ནི་འཕྲོ་བ། ས་མ་ཡ་ནི་དམ་ཚིག །ཤྲཱི་ཡེ་ནི་བཞིན་དུ་བཞེས། ཨཱཿདང་ཧཱུཾ་ནི་གསུང་དང་ཐུགས་ཀྱི་ས་བོན་ནོ། །དམིགས་པ་ནི། ༀ་ཞེས་པའི་སྐབས་སུ་མཆོད་ལྷའི་ཚོགས་སྙིང་ཁ་ནས་མཆོད་རྫས་དེ་དག་ཐོགས་བཞིན་པ་དཔག་ཏུ་མེད་པ་སྤྲོས་ཏེ། མཆོད་པས་ཡུལ་རྣམས་ཀྱི་ཐུགས་རྒྱུད་ལ་བདེ་བ་ཁྱད་པར་ཅན་སྐྱེས་པར་བསམ་ཞིང་། ཧཱུཾ་ཞེས་པ་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ནས་མཆོད་པའི་ལྷ་མོ་རྣམས་རིམ་གྱིས་སྙིང་གའི་ཧཱུཾ་ཡིག་ལ་སྡུད་དོ། །དེའི་ཚེ་མཆོད་མཁན་མཆོད་ཡུལ་མཆོད་རྫས་ཐམས་ཅད་བདེ་སྟོང་གི་རྣམ་རོལ་དུ་བལྟའོ། །གཉིས་པ་ཕྱག་འཚལ་བ་ནི། གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང་། ཞེས་སོགས་ཏེ། འདིའི་དོན་ནི། སྒྲུབ་པོས་ཡུལ་ལྷ་གང་ཞིག་ལ་ཕྱག་འཚལ་ཚུལ་ཡོད་དེ། གཟུགས་ཕུང་རྣམ་པར་དག་པའི་ངོ་བོ་རྣམ་སྣང་དང་། དེ་བཞིན་དུ་སྦྱར་ཏེ་ཚོར་བ་རིན་འབྱུང་འདུ་ཤེས་འོད་དཔག་མེད། འདུ་བྱེད་དོན་གྲུབ། རྣམ་ཤེས་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་སྐྱེ་མཆེད་དེ་སྐྱེ་མཆེད་དྲུག་རྣམ་པར་དག་པ་གཟུགས་རྡོ་རྗེ་མ་སོགས་ལྔ་དང་ཀུན་བཟང་། མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་དབང་པོ་སྟེ་དབང་པོ་དྲུག་རྣམ་པར་དག་པས་སྙིང་ཕྱག་རྡོར་ནམ་སྙིང་འཇིག་རྟེན་དབང་ཕྱུག་སྒྲིབ་སེལ་བྱམས་པ། ས་ཆུ་མེ་རླུང་ནམ་མཁའི་ཁམས་ཏེ་ཁམས་ལྔ་རྣམ་པར་དག་པ་ཡུམ་བཞི་དང་འཇམ་དཔལ། གཏི་མུག་དང་ཉེས་པ་ང་རྒྱལ་དང་འདོད་ཆགས་གསུམ་དག་པ་རྣམ་སྣང་རིན་འབྱུང་འོད་དཔག་མེད། རྡོ་རྗེ་དོན་གྲུབ་ཀྱི་རིགས་ཀྱི་ཁྲོ་བོ་རིམ་བཞིན་གཤིན་རྗེ་གཤེད་ཤེས་རབ་མཐར་བྱེད་རྟ་མགྲིན་བགེགས་མཐར་བྱེད་བཞི། སྡུད་པ་འདོད་རྒྱལ། དགའ་བ་དབྱུག་སྔོན་ཅན། རྣམ་པ་སྟོབས་པོ་ཆེ། མི་འགྱུར་མི་གཡོ་བ། རྒྱུ་གནོད་མཛེས། འབྲས་བུ་གཙུག་ཏོར་འཁོར་སྒྱུར་ཏེ་དྲུག་རྣམས་ལ་ཕྱག་འཚལ་བ་ཡིན་པའི་ཕྱིར། དེ་ཐམས་ཅད་ཀྱང་སྤངས་རྟོགས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་རྡོ་རྗེ་འཆང་དང་འདྲ་བ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལྷའི་རྣམ་པར་ཤར་བའོ། །ཚིགས་བཅད་གཉིས་པའི་རྐང་པ་བར་པ་གཉིས་ཀྱི་དོན་ནི། རིག་པ་སྟེ་ཕྱག་རྒྱ་དང་སྦྱོར་བ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་དང་རྟག་ཏུ་རབ་ཏུ་འབྲེལ་བས་རྣམ་པ་སྣ་ཚོགས་པའི་སྣང་བ་ཐམས་ཅད་ཀྱང་བདེ་སྟོང་གི་དགའ་བས་མྱོས་པའི་དངོས་པོ་སྟེ་བདག་ཉིད་དུ་གྱུར་པའི་དོན་ནོ། །གསུམ་པའི་རྨོངས་དང་ཞེས་སོགས་ཀྱིས་མི་གཡོ་བ་སོགས་དྲུག་གི་རིགས་ངོས་འཛིན་པ་ཡིན་ཏེ། རྨོངས་དང་ཞེས་པས་རྣམ་སྣང་གི་རིགས་མི་གཡོ་བ་དང་། ཞེ་སྡང་ཞེས་པས་མི་བསྐྱོད་པའི་རིགས་ཀྱི་ཁྲོ་བོ་གནོད་མཛེས་དང་གཙུག་ཏོར་འཁོར་སྒྱུར་གཉིས། འདོད་ཆགས་རྣམ་དག་འོད་དཔག་མེད་ཀྱི་རིགས་དབྱུག་སྔོན་ཅན། སྒྲིབ་པ་སེར་སྣ་རྣམ་དག་རིན་འབྱུང་གི་རིགས་འདོད་རྒྱལ་དང་། རྡོ་རྗེ་དོན་གྲུབ་ཀྱི་རིགས་སྟོབས་པོ་ཆེ་ཡིན་པར་བསྟན་ཏེ། ཚིགས་བཅད་འདི་ནི་རྒྱུད་ཕྱི་མའི་སྨད་ཆ་ནས་འབྱུང་ངོ་། །གསུམ་པ་ནི། གང་ཞིག་ཐོག་མེད་ཅེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏེ། བཤགས་པར་བྱ་བ་གང་ཞིག་དུས་ཐོག་མ་མེད་པ་ནས་གནས་སྲིད་པའི་ཆུ་ཀླུང་དུ་ཀུན་སློང་དུག་གསུམ་མ་ལུས་པའི་ཀུན་རྟོག་གིས་ཀུན་ནས་བསླངས་ཏེ་བསགས་པའི་ངོ་བོ་ཁ་ན་མ་ཐོ་བའི་རྙོག་པ་རྣམས། བཤགས་ཡུལ་ཐུགས་རྗེ་ཆེ་ལྡན་བླ་མ་དང་དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར། བཤགས་ཚུལ་རྒྱལ་བས་གསུངས་པའི་ཆོ་ག་བཞིན་ཏེ་སྟོབས་བཞི་ཚང་ཞིང་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་གཤག་པར་བགྱིའོ། །བཞི་པ། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །ཞེས་སོགས་རྐང་པ་བཞི་སྟོན་ཏེ། རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་རང་འཕགས་པ་དང་དེ་ལས་གཞན་སོ་སོ་སྐྱེ་བོ་ཀུན་གྱིས་དགེ་བ་གང་མཛད་པ་དེ་དག་ཀུན་ལ་ཡང་དག་པར་དགའ་བས་ཡི་རང་ཞིང་། རང་གིས་དུས་གསུམ་དུ་བསགས་པའི་དགེ་བ་ཀུན་ཀྱང་བླ་མེད་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི་རིགས་ཏེ། དགེ་བ་གོང་འཕེལ་དུ་འགྲོ་བ་དང་། མི་མཛད་པའི་ཐབས་མཆོག་ཏུ་གྱུར་པས་སོ། །ལྔ་པ་སྐྱབས་འགྲོ་ནི། ཡིད་ཀྱི་རོལ་པ་སོགས་ཤླཽ་ཀ་གསུམ་གྱི་སྟོན་ཏེ་འདི་ལ་གསུམ་གྱི་དང་པོ་སང ས་རྒྱས་ལ་སྐྱབས་སུ་འགྲོ་བ་ནི། ཡིད་ཀྱི་རོལ་བས་ཏེ་བཀོད་པ་ཞེས་པ་ཡིན་ལ། དེ་ཡང་ལམ་དུས་ཀྱི་སྟོང་ཉིད་རྟོགས་པའི་ཡེ་ཤེས་གཉིས་སྣང་གི་དྲི་མ་མེད་པ་ཟླ་བ་དང་འདྲ་བར་གོང་ནས་གོང་དུ་འཕེལ་བར་བསྒྲུབས་པའི་གཉིས་སུ་མེད་པའི་ཡེ་ཤེས་དང་། སྙིང་རྗེ་དམ་པ་དང་། སྦྱིན་སོགས་མཐའ་ཡས་པའི་ཐབས་རྣམས་མཐར་ཕྱིན་པས་འབྲས་བུའི་ཐབས་ཤེས་ཀྱི་ཡོན་ཏན་མཐར་ཐུག་པ་ཐམས་ཅད་དུས་གཅིག་ཏུ་རང་གི་ཡིད་ལ་སྟེ་རྒྱུད་ལ་རྟག་ཏུ་གནས་པའི་བདེ་བར་གཤེགས་པ་རྣམས་ལ་སྐྱབས་སྟོན་པ་པོར་ཁས་ལེན་པའི་སྒོ་ནས་སྐྱབས་སུ་མཆིའོ། །གཉིས་པ་ཆོས་ལ་ནི་རགས་པའི་གཉིས་སྣང་གི་རྟོག་པ་མ་ལུས་པ་ལས་རང་དུས་ནས་ངེས་པར་གྲོལ་ཞིང་། བྱང་ཆུབ་སེམས་དཔའ་དམ་པ་འཕགས་པ་རྣམས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་གཞི་མཉམ་གཞག་ཡེ་ཤེས་ལམ་གྱི་བདེན་པ་དང་། ཆོས་ཅན་གྱི་དངོས་པོ་ཐམས་ཅད་གནས་ལུགས་ཀྱི་ངང་དུ་རོ་གཅིག་པའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་འགོག་པའི་བདེན་པ་སྟེ། དེ་ལྟ་བུའི་དམ་པའི་ཆ ོས་དེ་རང་རྒྱུད་ལ་རྟག་ཏུ་ཐོབ་བྱར་ཁས་བླངས་པའི་སྒོ་ནས་སྐྱབས་སུ་འགྲོ་བའོ། །གསུམ་པ་དགེ་འདུན་ལ་ནི། ས་རང་གི་ངོ་སྐལ་གྱི་འཆིང་བ་ཀུན་ལས་ཡང་དག་པར་གྲོལ་བར་གྱུར་ཅིང་། སྙིང་རྗེ་མཆོག་གི་མ་མས་བསྐྲུན་པའི་བྱང་ཆུབ་ཀྱི་སེམས་ཀྱི་དཔལ་དང་ལྡན་པ། རབ་ཏུ་དགའ་བ་ལ་སོགས་པའི་ས་ལ་རབ་ཏུ་བཞུགས་པའི་སྒོ་ནས་ཐེག་པ་ཆེན་པོའི་བརྟུལ་ཞུགས་ཅན་གྱི་སོ་སྐྱེའི་བྱང་སེམས་ལས་དབང་པོ་མཆོག་ཏུ་གྱུར་པའི་ཚོགས་རྣམས་ལ་ལམ་སྒྲུབ་པའི་ཟླ་གྲོགས་སུ་ཁས་ལེན་པའི་སྒོ་ནས་སྐྱབས་སུ་འགྲོ་བས་སོ། །དྲུག་པ་སེམས་བསྐྱེད་ཅིང་ལམ་ལ་བརྟེན་པ་ནི། བསམ་དང་རྣམ་པར་སྨིན་པ་ཞེས་སོགས་ཤླཽ་ཀ་གཉིས་ཀྱི་སྟོན་ཏེ། བསམ་པ་སྨོན་པའི་སེམས་དང་། དེའི་རྣམ་པར་སྨིན་པའི་འབྲས་བུ་སྦྱོར་བ་རྣམ་པར་དག་པར་གྱུར་པས་སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་པར་འབྱིན་ཅིང་། གཞན་དོན་ལ་ལྷག་པར་མོས་པས་རྣམ་པར་བརྒྱན་པའི་འཇུག་སེམས་ནི་ཐོབ་བྱ་བྱང་ཆུབ་དམ་པ་ལ་དམིགས་ཏེ་བསྐྱེད་པར་བགྱིའོ། །ལམ་ལ་བརྟེན་པ་ནི། བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་བགྲོད་པའི་ལམ་གཅིག་པུ་ཐེག་ཆེན་གྱི་ལམ་གྱི་གཞུང་ཤིང་སྦྱིན་སོགས་ཕྱིན་དྲུག་དང་། དཀར་པོའི་དགེ་བ་བཅུའི་ལས་ལམ་གྱི་ཚུལ་ཁྲིམས་ལ་ད་ལྟ་ཉིད་ནས་རྫོགས་པའི་སངས་རྒྱས་མ་ལུས་པའི་བདག་ཉིད་ཀྱི་ངོ་བོར་འབྲས་བུ་ལམ་བྱེད་དུ་མོས་པའི་བློས་གནས་པར་བགྱིའོ། །བཤགས་པ་ནས་འདིའི་བར་འཇམ་རྡོར་གྱི་སྒྲུབ་ཐབས་ཀུན་བཟང་ནས་འབྱུང་བ་ལྟར་བཀོད་པའོ།། གཉིས་པ་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་པ་ནས་སེམས་ཅན་མྱ་ངན་འདས་ལ་འགོད། ཅེས་པའི་བར་གྱི་སྟོན་ཏེ། འདི་ལ་ཡན་ལག་སེམས་བསྐྱེད་པ་དང་། ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་བ་དངོས་དང་། དོན་བསྡུས་ཏེ་དམ་བཅའ་བའོ། །དང་པོ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན་སོགས་རྐང་པ་གཉིས་ཀྱིས་སྙན་གསན་ཕབ་ནས། བྱང་ཆུབ་སེམས་ནི་བླ་ན་མེད། །ཅེས་སོགས་གཉིས་ཀྱིས་དམ་བཅའ་བ་ཙམ་ཞིག་བསྟན་ཏོ། །རྟེན་གང་གིས་ན་བདག་མི་བསྐྱོད་རྡོ་རྗེ་ཞེས་བགྱི་བས་སོ། །དུས་ཇི་སྲིད་དུ་ན། སྔགས་ལ་ཞུགས་པའི་དུས་འདི་ནས་བཟུང་ནས་ནི། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུའང་། ཚུལ་ཇི་ལྟར་བསྐྱེད་ན། ཇི་ལྟར་ཏེ་དཔེར་ན། དུས་གསུམ་གྱི་མགོན་པོ་རྣམས་ཀྱིས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བྱང་ཆུབ་ཏུ་ངེས་པར་སེམས་བསྐྱེད་པའི་ཚུལ་ལྟར་སེམས་བསྐྱེད་པར་བགྱིའོ། །གཉིས་པ་ལ་ལྔ་ལས། དང་པོ་རྣམ་སྣང་གི་དམ་ཚིག་དང་སྡོམ་པ་བཟུང་བ་ནི། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །ནས་སྡོམ་པ་དེང་ནས་བདག་གིས་བཟུང་ཞེས་པའི་བར་གྱི་སྟོན་ཏེ། དོན་བསྡུས་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དང་། སངས་རྒྱས་ཆོས་དང་དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་ཉིན་མཚན་ཐུན་དྲུག་ཏུ་སློབ་འདོད་སྤྱོད་པའོ། །གཉིས་པ་མི་བསྐྱོད་པའི་སྡོམ་པ་ནི། རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྐང་པ་བཞི་སྟོན་ཏེ། ངེས་དོན་གྱི་རྡོ་རྗེ་རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མཚོན་པའི་ཕྱིར་དུ་ཆ་ཚད་དང་ལྡན་པའི་རྡོ་རྗེ་འཛིན་པ་རྡོ་རྗེའི་དམ་ཚིག་དང་། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རྣལ་འབྱོར་པ་རང་གི་སེམས་གཉིས་སུ་མེད་པའི་ཤེས་རབ་ནི་ངེས་དོན་གྱི་དྲིལ་བུ་དང་། དེ་དྲན་པའི་ཕྱིར་དུ་ཆ་ཚད་དང་ལྡན་པའི་དྲིལ་བུ་འཛིན་པ་དྲིལ་བུའི་དམ་ཚིག རང་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་དེ་ཕྱག་རྒྱ་གཉིས་གང་རུང་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་དང་སྟོང་བ་དབྱེར་མེད་དུ་སྦྱོར་བ་ནི་ཕྱག་རྒྱའི་དམ་ཚིག རང་ལ་སྔགས་ཀྱི་ཆོས་སྟོན་པའི་བླ་མ་བསྙེན་བཀུར་བའི་ཞིང་མཆོག་ཏུ་འཛིན་པ་ནི་སློབ་དཔོན་གྱི་དམ་ཚིག་སྟེ་སྔར་བཞིན་སློབ་པའོ། །གསུམ་པ་རིན་འབྱུང་གི་སྡོམ་བཟུང་ནི། རིན་ཆེན་རིགས་མཆོག་སོགས་རྐང་པ་བཞིས་སྟོན་ཏེ། ཟང་ཟིང་གི་སྦྱིན་པ་དང་། དངོས་སུའམ་རང་གི་དགེ་རྩ་གཞན་ལ་གཏོང་བ་ཆོས་ཀྱི་སྦྱིན་པ། བྱམས་པ་ཚད་མེད་བསྒོམ་པ་བྱམས་པའི་སྦྱིན་པ། བཏང་སྙོམས་ཚད་མེད་བསྒོམ་པ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སྟེ་དེ་ལ་སྔར་ལྟར་སློབ་པོ། །བཞི་པ་འོད་དཔག་མེད་ཀྱི་སྡོམ་བཟུང་ནི། བྱང་ཆུབ་ཆེན་པོ་ལས་བྱུང་བའི། །སོགས་རྐང་པ་བཞིས་སྟོན་ཏེ། ཕྱི་བྱ་སྤྱོད་གཉིས་དང་། གསང་བ་རྣལ་འབྱོར་དང་རྣལ་འབྱོར་བླ་མེད་གཉིས། གཞན་ཕར་ཕྱིན་ཐེག་པའི་དམ་པའི་ཆོས་མ་ལུས་པ་ལ་སློབ་འདོད་སྔར་བཞིན་སྦྱོང་བའོ། །ལྔ་པ་དོན་གྲུབ་ཀྱི་སྡོམ་བཟུང་ནི། མེ་ཏོག་སོགས་ཕྱིའི་མཆོད་པ། ནང་མཆོད་བྱིན་གྱིས་རླབས་ནས་འབུལ་བ་ནང་གི་མཆོད་པ། ཕྱག་རྒྱ་དང་སྦྱར་བའི་བདེ་བས་དཀྱིལ་འཁོར་བའི་ལྷ་རྣམས་ཚིམ་པར་བྱེད་པ་གསང་བའི་མཆོད་པ། བདེ་བ་དེས་སྟོང་ཉིད་རྟོགས་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ་སྔར་བཞིན་སློབ་པའོ། །གསུམ་པ་ལ་གསུམ་གྱི་དང་པོ་སེམས་བསྐྱེད་ཀྱི་དོན་བསྡུ་བ་ནི། བྱང་ཆུབ་སེམས་ནི་བླ་ན་མེད། །ཅེས་སོགས་རྐང་པ་གཉིས་གསུང་། གཉིས་པ་སྡོམ་བཟུང་གི་དོན་བསྡུ་བ་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། ཞེས་སོགས་རྐང་པ་གཉིས་གསུང་། གསུམ་པ་མཇུག་བསྡུ་བ་སོགས་ནི་ཉོན་མོངས་པའི་འཆིང་བ་ལས་མ་བསྒྲལ་བ་ཚངས་པ་སོགས་བདག་གིས་བསྒྲལ་བར་བྱ་བ་དང་། ཤེས་སྒྲིབ་ལས་མ་གྲོལ་བའི་ཉན་རང་སོགས་བདག་གིས་སྒྲོལ་བ་དང་། དབུགས་མ་ཕྱིན་པའི་ངན་སོང་བ་རྣམས་བདག་གིས་སྡུག་བསྔལ་ལས་དབུགས་ཕྱུང་སྟེ་མི་གནས་པའི་མྱང་འདས་ལ་འགོད་པར་བགྱིའོ། །སྐབས་འདིར་སྡོམ་པ་འཛིན་པ་ནི་ཐོབ་ཟིན་བརྟན་པ་དང་། མཆོད་པའི་ཡན་ལག་ཡིན་གྱི། སྡོམ་པ་སྔར་མེད་གསར་དུ་སྐྱེ་བ་དང་། ཉམས་པ་སོར་ཆུད་པ་ནི་མིན་ཏེ། དེ་ལ་དབང་བསྐུར་བ་དང་འབྲེལ་དགོས་པའི་ཕྱིར་རོ། །རིགས་ལྔའི་སྡོམ་བཟུང་གི་དོན་དྲིལ་ན་འདི་ལྟར་འགྱུར་ཏེ། དང་པོར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ་རང་གི་ལྷ་གང་སྒྲུབ་པ་དེའི་སྐུར་བསྒོམས་ནས། རང་ལྷར་གསལ་བ་དང་བླ་མ་ལ་མཆོད་ཅིང་མདོ་སྔགས་ཐམས་ཅད་ལ་མཁས་པར་བྱ་བ་དང་། སྒོ་གསུམ་གྱི་ཉེས་སྤྱོད་ལས་ལྡོག་ཅིང་དགེ་བ་མཐའ་དག་སྒྲུབ་པར་བྱེད་པ་དང་། སྦྱིན་པ་བཞིས་སེམས་ཅན་གྱི་དོན་བྱ་དགོས་སོ་ཞེས་པའི་དོན་ནོ། །དམ་ཚིག་སྡོམ་པའི་གྲངས་ནི། རྣམ་སྣང་གི་དྲུག མི་བསྐྱོད་པའི་བཞི། རིན་འབྱུང་གི་བཞི། འོད་དཔག་མེད་ཀྱི་གསུམ། དོན་གྲུབ་ཀྱི་གཅིག་གམ་གཉིས་རྣམས་སོ། །འདའ་བར་མི་བྱ་བས་ན་དམ་ཚིག་དང་། ཉེས་སྤྱོད་ལས་སྡོམ་པས་ན་སྡོམ་པ་སྟེ། འགལ་བ་མིན་ཡང་སྐབས་འདིར་ཐུན་དྲུག་ཏུ་བསྔོ་བགྲང་བྱ་རྒྱུར་བཤད་པ་རྣམས་ནི་དམ་ཚིག་གི་དབང་དུ་བྱས་པའོ། །འོན་ཀྱང་སྡོམ་པ་ཐམས་ཅད་ལྡན་པར་ནི། ཞེས་པའི་དོན་གོང་གི་དམ་ཚིག་རྣམས་ལ་བྱེད་པ་དང་། མཆོད་པའི་དམ་ཚིག་ལ་བྱེད་པ་མི་འདྲ་བའི་ཚུལ་གཉིས་ཡོད་དོ། །མཇུག་ཏུ་ཚོགས་ཞིང་རྣམས་རང་བཞིན་གྱིས་སྟོང་པར་བསམ་པ་དང་། རང་ལ་བསྟིམ་པ་དང་། རང་གནས་སུ་གཤེགས་པ་སོགས་དུ་མ་ཡོད་པ་ལས་འདིར་སྔར་སྤྱན་དྲངས་པའི་རང་གནས་སུ་གཤེགས་པར་བསམ་པའོ། །ཚོགས་ཞིང་མཆོད་པའི་དགོས་པ་ནི། སྒྲུབ་ཐབས་དངོས་གཞི་སྒོམ་པ་ལ་མཐུན་རྐྱེན་ཚོགས་རྫོགས་པའི་ཆེད་དོ། །གསུམ་པ་འགལ་རྐྱེན་འགོག་པའི་ཕྱིར་སྲུང་འཁོར་བསྒོམ་ཚུལ་ནི། སྨོན་ལམ་ལས། དཔལ་ལྡན་ཞེ་སྡང་རྡོ་རྗེ་ཁྲོ་བོ་བཅུའི། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། འདི་ལ་གསུམ། སྲུང་བའི་འཁོར་ལོ་རྩིབས་བཅུ་པ་སྒོམ་ཚུལ་དང་། ཕུར་གདབ་བྱ་ཚུལ་ར་གུར་སོགས་བསྒོམ་ཚུལ་ལོ། །དང་པོ་ནི། སྐབས་འདིར་སྟོང་པའི་ངང་ལས་སྲུང་འཁོར་འཆད་འགྱུར་ལྷར་བསྒོམ་པ་རྩ་རྒྱུད་དང་འཕགས་པ་ཡབ་སྲས་ཀྱིས་གསལ་བ་དངོས་སུ་མ་བཤད་ཀྱང་། འདུས་པའི་རྒྱུད་ཕྱི་མ་ལས། ཀུན་ནས་སེར་བའི་འཁོར་ལོ་ནི། །ཞེས་གསུངས་པའི་དོན་ཨ་བྷྱས་བཤད་པ་བཞིན་བསྒོམ་པར་བྱ་སྟེ། དེའི་ཚུལ་ནི། སྭཱ་བྷཱ་ཝའི་སྔགས་བརྗོད་ཅིང་དོན་དྲན་པའི་སྒོ་ནས་ཆོས་རྣམས་ཀྱི་ངོ་བོ་དང་རྒྱུ་དང་འབྲས་བུ་གསུམ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྟོང་པ་ཉིད་དུ་བསྒོམ་པར་བྱ་ཞིང་། སྔགས་དོན་ནི། སྭཱ་བྷཱ་ཝ་རང་བཞིན། ཤུདྡྷཿདག་པ། སརྦ་དྷརྨཱ་ཆོས་ཐམས་ཅད། སྭཱ་བྷཱ་ཝ་ཤུདྡྷ་ནི་རང་བཞིན་གྱིས་དག་པ། ཨ་ཧཾ་ནི་ངའོ་སྟེ། མདོར་ན་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་བདག་ཉིད་དེ་ངའོ་ཞེས་པའོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པའི་ངང་ལས། བཾ་ལྗང་ཁུ་ཞིག་བྱུང་། དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དེའི་ལྟེ་བར་ཨཱཿདམར་པོ་ལས་ཉི་མའི་དཀྱིལ་འཁོར་དམར་འཁྱིལ་ལེ་བ། དེའི་སྟེང་དུ་བྷྲུཾ་སེར་པོ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ་གཡས་བསྐོར་དུ་མགྱོགས་པར་འཁོར་བ། དབྱིབས་མདུང་སོ་གཉིས་མཇུག་སྤྲད་པ་ལྟ་བུའི་སྦྱར་མཚམས་ནས་ཕྱོགས་མཚམས་ཀྱི་རྩིབས་རྣམས་རལ་གྲི་སོ་གཉིས་པ་ལྟ་བུ་ཧ་ཅང་རིང་བ་མིན་པ་ལྟེ་བའི་རྒྱའི་ཕྱེད་ཙམ་པ། ལྟེ་བའི་དབུས་སུ་པད་ཟླའི་གདན་དང་། ཕྱོགས་མཚམས་ཀྱི་རྩིབས་ཀྱི་རྩེ་མོ་ལ་ཅུང་ཟད་མ་རེག་པའི་གནས་རྣམས་སུ་སྣ་ཚོགས་པད་ཉིའི་གདན་ཟུང་བརྒྱ་དང་། གཙོ་བོ་འོད་མའི་སྟེང་གི་སྦུབས་སྟོང་གི་བར་སྣང་དང་འོག་ཏུ་པད་ཉིའི་གདན་ཟུང་རེ་རེ། དབུས་ཀྱི་གདན་ལ་གཙོ་བོ་རྡོ་རྗེ་འཆང་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་པོ་ཞལ་གསུམ་ཕྱག་དྲུག་པས་འཁྱུད་པ། ཡབ་ཡུམ་གཉིས་ཀའང་རྒྱན་དང་ཕྱག་མཚན་རྣམས་འདྲའོ། །ཡབ་ཀྱི་ཐུགས་ཁར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་དམར་པོ་ཞལ་གཅིག་ཕྱག་གཉིས་པ་དང་། དེའི་ཐུགས་ཁར་ཟླ་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ་སྟེ་སེམས་དཔའ་སུམ་བརྩེགས་བྱ། དེ་ནས་གནས་གསུམ་དུ་ཡི་གེ་གསུམ་བཀོད་དེ། ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མི་བསྐྱོད་པ་ལ་ཁྲོ་བོ་བཅུས་བསྐོར་བའི་རྣམ་པར་སྤྱན་དྲངས། རང་གི་སྤྱི་བོའམ་ཞལ་ནས་ཞུགས། སྐུའི་དབྱིབས་རྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཕྱུང་། ཡུམ་གྱི་ཐུགས་ཁར་སླེབ་པ་ན་ཐིག་ལེ་བཅུ་གཅིག་ཏུ་གྱུར། དེ་རྣམས་རེ་རེ་ནས་ཧཱུཾ་རིང་པོ་རེ་རེར་གྱུར། དེ་རྣམས་ལས་མི་བསྐྱོད་པ་དང་ཁྲོ་བོ་བཅུར་གྱུར་པའི་དབུས་སུ་མི་བསྐྱོད་པ་སྔོ་ནག་ཞལ་གསུམ་ཕྱག་དྲུག་པ་བསམ་པ་རང་གི་རྡོ་རྗེའི་ལམ་ནས་ཐུགས་ཁར་དྲངས། བཛྲ་དྷྲིཀ་ཞེས་པའི་མཚན་སྔགས་བརྗོད་པས་ཐུགས་ཁ་ནས་ཕྱིར་ཕྱུང་སྟེ། དུ་མ་ཕྱོགས་བཅུར་འཕྲོས། མཛད་པ་ཀུན་མཛད་ནས་སྤྲུལ་པ་རྣམས་གཅིག་ཏུ་འདུས། རང་གི་ཡེ་ཤེས་པ་དང་འདྲེས་ནས་ཚུར་བྱོན་རང་ལ་ཞུགས་པས། སྔར་བསྐྱེད་པའི་ཟླ་གདན་དེ་ཉི་གདན་དུ་གྱུར་པའི་སྟེང་དུ་རང་ཞེ་སྡང་རྡོ་རྗེ་སེམས་དཔའ་སུམ་བརྩེགས་ཅན་དུ་བསྐྱེད་པར་བྱ་སྟེ་མངོན་རྟོགས་ལྟར་རོ། །དེ་དང་མཉམ་དུ་ཡུམ་སྔ་མ་རེག་བྱ་རྡོ་རྗེ་མར་བསྒྱུར་བར་བྱ་དགོས་ཏེ། སྐབས་སྟོབས་ཀྱིས་སོ། །དེ་ནས་ཁྲོ་བོ་རྣམས་རེ་རེ་ནས་མཚན་སྔགས་བརྗོད་ཅིང་ཐུགས་ཁ་ནས་ཕྱུང་སྟེ། རང་རང་གི་གདན་ལ་དགོད་པར་བྱ་ཞིང་། ཁྲོ་བོ་རྣམས་ཕྱིར་ཕྱུང་བའི་ཚེ་བརྒྱད་སྲུང་འཁོར་ལ་ཐོགས་མེད་ཐལ་བྱུང་དུ་སོང་སྟེ་རང་རང་གི་གདན་ལ་ཁ་ལྟ་ཕྱོགས་ནི་ཕྱོགས་མཚམས་ཀྱི་ཁྲོ་བོ་རྣམས་ནང་དུ་ལྟ་བ་དང་། སྟེང་གི་འཁོར་བསྒྱུར་ནི་ཅུང་ཟད་མདུན་ངོས་ན་ཞལ་ནུབ་དང་། འོག་གི་གནོད་མཛེས་ནི་ཅུང་ཟད་རྒྱབ་ངོས་ནས་ཞལ་ཤར་དུ་ལྟའོ། །དེའི་ཚེ་འཁོར་ལོ་འཁོར་ནི་ཁྲོ་བོ་རྣམས་མི་འཁོར་ཏེ། བགེགས་དུམ་བུར་གཅོད་པ་དང་ཕྱོགས་མཚམས་བསྲུང་དགོས་པའི་ཕྱིར། ཁྲོ་བོ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཉམས་རྣམས་སྒྲུབ་ཐབས་ལྟར་ཏེ་འདིར་བརྗོད་མི་དགོས་སོ། །གཉིས་པ་ཕུར་གདབ་བྱ་ཚུལ་ནི། རང་ཞེ་སྡང་རྡོ་རྗེས་འོག་གི་གནོད་མཛེས་ལ་སྤྱན་ཧུར་ཏེ་བལྟས་པས། གནོད་མཛེས་དེའི་སྤྲུལ་པ་རང་འདྲ་གཉིས་པ་ཞིག་འོངས་ནས་གཙོ་བོའི་མདུན་དུ་འདུག་སྟེ་བཀའ་ནོད་པ་ལ། གཙོ་བོས་སུམ་བྷ་ནི་བཀའ་བསྒོས་པས། གནོད་མཛེས་ཕྱག་གཡས་གཡོན་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་བཅུར་གྱུར་ཏེ་ཕྱོགས་བཅུར་སོང་། ནག་ཕྱོགས་པའི་ཕྱོགས་སྐྱོང་བཅུ་བཟུང་ཞིང་བཅིངས་ནས་བཀུག་སྟེ་ཁྲོ་བོ་བཅུ་ལ་གཏད་པའི་ཚེ་ཁྲོ་བོ་རྣམས་ཞལ་ཕྱིར་གཟིགས། དེ་མ་ཐག་ཁྲོ་བོ་རྣམས་ཀྱི་ཕྱི་རོལ་གྱི་ཐད་དུ་ཧཱུཾ་རིང་པོ་ལས་བྱུང་བའི་ཁྲོན་པ་འབྲུབ་ཁུང་གི་རྣམ་པ་ཅན་བཅུ་བྱུང་བ་རྣམས་ཀྱི་ནང་དུ་བགེགས་རྣམས་ཁ་ཕྱིར་བསྟན་ཏེ་སོ་སོར་བཅུག་པར་བསམ། སྔགས་དོན་ནི། སུམྦྷ་ནི་ངེས་པར་འདུལ་བ། ནི་སུམྦྷ་ནི་མ་ལུས་པ་ངེས་པར་འདུལ་བ། ཧཱུཾ་ནི་དོན་དེ་གསལ་བར་བྱེད་པ། གྲྀཧ་ན་གཉིས་ནི་ཟུངས་ཟུངས། གྲྀཧ་ན་པཱ་ཡ་གཉིས་ནི་འཛིན་དུ་ཆུག་གཉིས། ཧཱུཾ་ནི་དེར་བསྐུལ་བ། ཨཱ་ནཱ་ཡ་ཧོ་ནི་ཀྱེ་ཁུ ག་ཅིག བྷ་ག་ཝན་ནི་བཅོམ་ལྡན་འདས། བིདྱཱ་རཱ་ཛ་ནི་རིག་པའི་རྒྱལ་པོ་ཞེས་འབོད་པ། ཧཱུཾ་ཕཊ་ནི་གསོད་པའི་ཕྱིར་བསྐུལ་བའོ། །གཙོ་བོས་བྱང་གི་བདུད་རྩི་འཁྱིལ་བ་ལ་གཟིགས་པས། དེས་བདུད་རྩི་འཁྱིལ་བ་གཉིས་པ་ཞིག་སྦྲུལ་ཏེ་བྱུང་བ་དེ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོ་བདུད་རྩི་འཁྱིལ་བ་ལ་སྨད་ཕུར་བུའི་རྣམ་པ་ཅན་བཅུར་གྱུར་ཏེ་བགེགས་ཀྱི་གཙོ་བོ་དེ་རྣམས་ཀྱི་མགོར་ཞལ་ཕྱིར་བསྟན་ནས་ཟུག སྤྲུལ་པའི་གནོད་མཛེས་རྣམས་གཅིག་ཏུ་གྱུར་པ་ལ། གཙོ་བོས་ཕུར་བུས་རྡུངས་ཤིག་ཅེས་བསྐུལ་བས། ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་རབ་ཏུ་འབར་བ་གཅིག་ཏུ་གྱུར་ཏེ། ཕུར་བུའི་མགོར་བརྡུང་བའི་སྟངས་ཀ་ཙམ་བྱས་པས་བགེགས་རྣམས་ཀྱི་མགོ་བོ་ནས་རྐང་མཐིལ་གྱི་བར་དུ་ནུན་ནུན་མར་ཟུག །དེ་ཡང་ཐོག་མར་ཕྱོགས་དང་། དེ་ནས་མཚམས་དང་། དེ་ནས་སྟེང་འོག་གི་བར་རིམ་གྱིས་བརྡུང་བའོ། །སྔགས་དོན་ནི། གྷ་གྷ་ཞེས་ནི་གསོད་བྱེད་གཉིས། གྷཱ་ཏ་ཡ་གཉིས་ནི་ཆོམས་ཤིག་གཉིས། སརྦ་དུཥྚཾ་ནི་མ་རུངས་པ། ཕཊ་ཕཊ་ནི་གསལ་བར་བྱེད་པ། ཀཱི་ལ་ཡ་གཉིས་ནི་ཕུར་བུ་ཐོབ་ཤིག་གཉིས། སརྦ་པཱ་བཾ་ནི་སྡིག་པའི་བསམ་པ་ཅན་ཐམས་ཅད། ཕཊ་ནི་དགས་པའོ། །ཧཱུཾ་གསུམ་ནི་སྐུ་གསུང་ཐུགས་བསྐུལ་བའོ། །བཛྲ་ཀཱི་ལ་ནི་རྡོ་རྗེ་ཕུར་བུ་ཞེས་འབོད་པའོ། །བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི་ནི་རྡོ་རྗེ་འཆང་གི་བཀའ་ཉོན་ཅིག་པའོ། །སརྦ་བིགྷྣཱན་ནི་བགེགས་ཐམས་ཅད། ཀཱ་ཡ་ཝ་ཀ་ཙིཏྟ་ནི་ལུས་ངག་ཡིད་གསུམ། ཧཱུཾ་གསུམ་ནི་གསལ་བ། ཕཊ་ནི་བསྐུལ་བའོ། །སྒྲུབ་ཐབས་ནས་དམིགས་སྐོར་རྣམས་སྔགས་ཀྱི་མཇུག་ཏུ་འབྱུང་ཡང་། སྒོམ་དོན་ལ་སྔགས་བརྗོད་པའི་སྐབས་སུ་བྱ་དགོས་སོ། །དེ་ལྟར་ཕུར་བུ་བཏབ་པས་བགེགས་རྣམས་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་དུ་བཅུག །སླར་ཡང་ཁྲོ་བོ་དང་ཕུར་བུ་ལས་རྡོ་རྗེའི་མེ་འོད་འཕྲོས་པས་འཁོར་གྱི་བགེགས་རྣམས་འཚིག་ནས་ཕྱོགས་ཕྱོགས་སུ་བྲོས་པར་བསམ་མོ། །གསུམ་པ་ར་གུར་ནི། ཊཀྐི་ཧཱུཾ་ཛ་ཞེས་ལན་བཞི་བརྗོད་པ་དང་རིམ་པ་བཞིན་དུ་དང་པོའི་སྐབས་སུ་ལྕགས་ཀྱི་རྡོ་རྗེའི་ར་བ་དང་། དེ་ནས་ཆུ་དང་། མེ་དང་། རླུང་གི་ར་བ་རྣམས་བསྒོམ་པར་བྱ་སྟེ། རྡོ་རྗེའི་ར་བ་ནི་རྡོ་རྗེ་ཆེ་བ་རྣམས་ཀྱི་ཁོངས་སེང་དུ་རྡོ་རྗེ་ཆུང་བའི་རྡུལ་ཕྲ་རབ་ཀྱིས་གཏམ་པ། ཆུ་ནི་ཁྲོ་ཆུའི་ཟེག་མ་ཕྱིར་འཕྲོ་བ། མེ་ནི་གཡས་བསྐོར་དུ་འཁྱིལ་ཞིང་འབར་བ་འོད་ཟེར་ཁ་དོག་ལྔ་འཕྲོ་བ། རླུང་ནི་དྲག་ཅིང་རྩུབ་པའི་སྒྲ་དང་བཅས་པར་གཡས་སུ་འཁོར་བ་ནག་པོའོ། །ལྕགས་ཀྱི་ར་བའི་སྟེང་དུ་རྡོ་རྗེའི་གུར་མཆོད་རྟེན་ལྟ་བུ་སྟེ་ཚ་ཚའི་སོག་གུར་གྱི་སྟོད་ལྟ་བུ། གུར་གྱི་འོག་ར་བའི་བར་དུ་རྡོ་རྗེའི་བླ་རེ། འོག་ཏུ་ཧཱུཾ་ལས་རྡོ་རྗེའི་ས་གཞི། ཕྱི་རོལ་ཏུ་མདའི་དྲ་བ་རྡོ་རྗེ་རྩེ་ལྔ་པའི་མདེའུ་ཅན་ཕྱོགས་མཚམས་ཀུན་ཏུ་བསྣོལ་མར་རྒྱུགས་ཅིང་མེ་འབར་བ། ར་བའི་དབྱིབས་ཟླུམ་པོ། དཔངས་སྟེང་ཚངས་པའི་འཇིག་རྟེན་ལས་འོག་གསེར་གྱིས་གཞི་ལ་ཐུག་པར་ལྭ་བ་པ་དང་། སྟེང་འོག་མིན་ནས་འོག་རླུང་གི་དཀྱིལ་འཁོར་ལ་ཐུག་པར་ཨ་བྷྱས་བཤད་ལ། རྒྱ་ལྕགས་རིང་ཐུག་པར་ནག་པོ་པ་དང་། བློས་ཅི་ཙམ་འདོད་པར་ལྭ་ཝ་པས་བཤད་པས་སྒོམ་དོན་ལ་དེ་གང་རུང་ངོ་། །ལྷ་རྣམས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་འགོད་པ་ནི། རང་གི་ལུས་ངག་ཡིད་གསུམ་སྲུང་བའི་གོ་ཆ་མཛད་པའོ། །དེ་ཡང་སྔོན་དུ་སྟོང་ཉིད་བསྒོམ་པ་ནི་དོན་དམ་པའི་སྲུང་འཁོར་ཡིན་ལ། འདིར་འབྱུང་བའི་ཐུན་མོང་མ་ཡིན་པའི་སྲུང་འཁོར་དང་འོག་ཏུ་འཆད་པའི་ཐུན་མོང་བའི་སྲུང་འཁོར་གཉིས་ནི་ཀུན་རྫོབ་པའི་སྲུང་བའོ། །སྲུང་འཁོར་བསྒོམ་པའི་དགོས་པའི་གཙོ་བོ་ནི་བགེགས་ཀྱི་བར་གཅོད་ཟློག་པའི་ཆེད་ཡིན་ཀྱང་། སྔར་བཤད་པའི་སྲུང་འཁོར་ནི་སྐྱེ་འཆི་བར་དོ་གསུམ་དང་རྣམ་པ་མཐུན་པ་དང་། ཆོས་ལོངས་སྤྲུལ་སྐུ་གསུམ་དང་ཡང་རྣམ་པ་མཐུན་པ་ཡིན་ཏེ། སྟོང་ཉིད་བསྒོམས་པ་ནི་ཆོས་སྐུ་དང་། རྡོར་སེམས་ནི་ལོངས་སྐུ་དང་། ཞེ་སྡང་རྡོ་རྗེར་བསྒྱུར་བ་ནི་སྤྲུལ་སྐུ་དང་རྣམ་པ་མཐུན་ཞིང་། དེའི་སྨིན་བྱེད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་མངོན་རྟོགས་དངོས་གཞི་བསྒོམ་ཚུལ་ནི། སྨོན་ལམ་ལས། གང་དུ་འཚང་རྒྱའི་ཞིང་ཀུན་དག་བྱས་ནས། །ཞེས་སོགས་ཀྱིས་སྟོན་ཏེ། འདི་ལ་བཞི། འཆི་བ་ཆོས་སྐུར་འཁྱེར་བའི་རྣལ་འབྱོར་དང་། བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་དང་། སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་གསུམ་དང་། མྱུར་ལམ་བདེ་བ་ཆེན་པོ་བཤད་པའོ། །དང་པོ་ལ་གསུམ། གང་དུ་འཚང་རྒྱ་བའི་གནས། དེར་འཚང་རྒྱ་བའི་རྟེན། ཇི་ལྟར་འཚང་རྒྱ་བའི་ཚུལ་ལོ། །དང་པོ་ལ་གཉིས། སྣོད་སྔ་མ་ཞིག་ནས་སྟོང་པའི་རིམ་པ་དང་ཆོས་མཐུན་པར་བསྒོམ་ཚུལ། ཕྱི་མ་འཆགས་པའི་རིམ་པ་དང་མཐུན་པར་བསྒོམ་ཚུལ་ལོ། །དང་པོ་ལ་གཉིས། མཐུན་ཡུལ་དང་། མཐུན་ཚུལ་བཤད་པའོ། །དང་པོ་ནི། སྣོད་སྟོངས་པ་ལ་བཅུད་སྟོངས་པ་སྔོན་དུ་འགྲོ་དགོས་པས། དེའི་ཚུལ་བསྡུས་ཏེ་བཤད་ན། བཅུད་དུ་སེམས་ཅན་གསར་སྐྱེ་མེད་ཅིང་། སྐྱེས་ཟིན་ལས་མནར་མེད་སྟོང་པའི་རྗེས་སུ་ཚ་དམྱལ་གཞན་བདུན་སྟོང་། དེ་ནས་གྲང་དམྱལ་བརྒྱད། ཡི་དྭགས་དང་། དུད་འགྲོ་ལས་ཟད་པ་རྣམས་བདེ་འགྲོར་ཚེ་འཕོས་པས་ཚུལ་གྱིས་སྟོང་ཞིང་། མ་ཟད་པ་རྣམས་འཇིག་རྟེན་གཞན་གྱི་ངན་སོང་དག་ཏུ་ཚེ་འཕོས་པའི་ཚུལ་གྱིས་སྟོང་། དེའི་རྗེས་སུ་འཛམ་གླིང་གི་མི་ཞིག་གི་རྒྱུད་ལ་བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེས་ཏེ་བསམ་གཏན་དང་པོར་ཚེ་འཕོས་པའི་ཚུལ་གྱིས་སྟོང་། དེ་བཞིན་དུ་ཤར་དང་ནུབ་ཀྱང་སྟོང་། སྒྲ་མི་སྙན་པ་ནི་འདོད་ལྷར་ཚེ་འཕོས་པའི་ཚུལ་གྱིས་སྟོང་། རྒྱལ་ཆེན་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷ་རྣམས་ཀྱི་རྒྱུད་ལ་ཆོས་ཉིད་ཀྱི་སྟོབས་ཀྱིས་བསམ་གཏན་དང་པོའི་དངོས་གཞི་སྐྱེས་ཏེ་རིམ་བཞིན་བསམ་གཏན་དང་པོར་ཚེ་འཕོས་པའི་ཚུལ་གྱིས་སྟོང་། དེའི་རྗེས་སུ་བསམ་གཏན་དང་པོའི་ལྷ་རྣམས་ཀྱི་རྒྱུད་ལ་བསམ་གཏན་གཉིས་པའི་ཏིང་ངེ་འཛིན་རིམ་གྱིས་སྐྱེས་ནས་བསམ་གཏན་གཉིས་པར་ཚེ་འཕོས་པའི་ཚུལ་གྱིས་སྟོང་། དེའི་ཡུན་ལ་བར་བསྐལ་བཅུ་དགུ་ཡོད། དེ་ནས་སྣོད་སྟོང་ཚུལ་ནི། ཉི་མ་བདུན་རིམ་གྱིས་ཤར་ཏེ་རིམ་གྱིས་ལྗོན་ཤིང་ཆུ་ཕྲན་ཆུ་བོ་ཆེན་པོ་རྒྱ་མཚོ་གླིང་རྣམས་དང་རི་བདུན་རི་རབ་རྣམས་དང་། བསམ་གཏན་དང་པོའི་གཞལ་མེད་ཁང་མན་ཆད་བསྲེགས་ནས་ཐམས་ཅད་ཀྱང་ནམ་མཁའི་རང་བཞིན་དུ་བྱེད་དོ། །དེ་ལ་བར་བསྐལ་གཅིག་གི་ཡུན་ཡོད་དོ། །གཉིས་པ་ལ་གཉིས། སྟོང་ཉིད་བསྒོམ་ཚུལ་དང་། བསྒོམས་པའི་དགོས་པའོ། །དང་པོ་ནི། རྩ་རྒྱུད་ལེའུ་གཉིས་པ་ནས་འབྱུང་བའི་དངོས་པོ་མེད་པས་བསྒོམ་པ་མེད། ཅེས་པའི་ཚིགས་སུ་བཅད་པ་བརྗོད་ནས་ཆོས་རྣམས་རང་བཞིན་གྱིས་སྟོང་པར་བསྒོམ་པར་བྱ་བ་ཡིན་ལ། འདིའི་དོན་ཚུལ་བཞིའི་ནང་ནས་ཡིག་དོན་དང་སྤྱི་དོན་གཉིས་ཀྱིས་འཆད་ཅིང་། ཐོག་མར་ཡིག་དོན་དུ་བཤད་ན། སྣོད་བཅུད་ཀྱི་དངོས་པོ་རྣམས་ལ་རིགས་པས་དཔྱད་པ་ན་སྣོད་བཅུད་མ་རྙེད་པའི་ཚེ། སྣོད་བཅུད་མེད་དོ་སྙམ་དུ་བཟུང་ནས་དེ་ལྟར་སྒོམ་པ་ལ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མེད་དེ། དེ་ལྟར་ན་སྒོམ་པ་པོ་དང་བསྒོམ་པར་བྱ་བ་སོགས་གཏན་མེད་དུ་འགྱུར་བའི་ཕྱིར་རོ། །བསྒོམ་བྱ་རང་བཞིན་གྱིས་གྲུབ་པར་བཟུང་ནས་སྒོམ་པ་དེ་ཡང་དེ་ཁོ་ན་ཉིད་སྒོམ་པ་མ་ཡིན་ཏེ། རང་བཞིན་གྱིས་གྲུབ་པའི་བསྒོམ་པར་བྱ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེ་ལྟར་ན་བསྒོམ་བྱ་སྒོམ་བྱེད་སྒོམ་པ་པོ་གསུམ་ཀའང་རང་བཞིན་གྱིས་དམིགས་སུ་མེད་དེ། སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་གཏན་ནས་མེད་པ་དང་རང་བཞིན་གྱིས་གྲུབ་པ་དང་དེ་གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པར་རང་བཞིན་གྱིས་གྲུབ་པའི་མཐའ་བཞི་དང་བྲལ་བའི་ཕྱིར། མདོར་ན་རྐང་པ་དང་པོས་ཆད་མཐའ་བཀག །རྐང་པ་གཉིས་པས་རྟག་མཐའ་བཀག རྐང་པ་གསུམ་པས་གཉིས་ཀ་ཡིན་པ་བཀག་ནས་སྔ་མའི་དོན་བསྡུས་ཏེ་མཐའ་བཞི་པ་ཤུགས་ལ་བཀག་གོ །སྤྱི་དོན་དུ་བཤད་ན། གཟུགས་ཅན་རྣམས་ལ་ཕྱོགས་ཀྱི་ཆ་དུ་མ་ཡོད་པ་དང་། གཞན་ཤེས་པ་ལྟ་བུ་ལ་རང་རང་གི་སྐད་ཅིག་སྔ་ཕྱིའི་ཆ་དུ་མ་དང་། འདུས་མ་བྱས་རྣམས་ལའང་རང་རང་གི་གདགས་གཞི་ཆོས་ཅན་དང་འབྲེལ་བ་དང་ཡུལ་དུས་སོགས་ཀྱི་ཆ་དུ་མ་འབྱེད་ནུས་པས། དེའི་ཚེ་དེ་རྣམས་ཆ་བཅས་ཡིན་ཞིང་། ཆ་དང་བཅས་པའི་ཕྱིར་རྟེན་འབྲེལ་ཡིན་ལ་དེའི་ཕྱིར་བདེན་པར་གྲུབ་ས་མེད་དོ་སྙམ་དུ་བསྒོམ་པར་བྱ་བ་ཡིན་ནོ། །དེ་ལྟར་དཔྱད་པའི་ཚེ་ཆོས་རྣམས་ཀྱི་ངོ་བོ་བདེན་པར་གྲུབ་པ་མེད་པར་བསམ་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་སྒོམ་ཚུལ་དང་། བསྐྱེད་བྱེད་ཀྱི་རྒྱུ་བདེན་པར་མེད་པར་བསམ་པ་ནི་རྣམ་པར་ཐར་པའི་སྒོ་མཚན་མེད་སྒོམ་ཚུལ་དང་། སྐྱེད་བྱ་དང་ཐོབ་བྱའི་འབྲས་བུ་བདེན་མེད་དུ་སྒོམ་པ་དེ་རྣམ་པར་ཐར་བའི་སྒོ་སྨོན་མེད་སྒོམ་ཚུལ་ལོ། །དེ་ལྟར་ན་བསྒོམ་བྱ་དང་སྒོམ་ཚུལ་དང་སྒོམ་པ་པོ་གསུམ་རང་བཞིན་གྱིས་མ་གྲུབ་སྟེ། དེ་ཐམས་ཅད་སེམས་སམ་རྟོག་པས་བཏགས་པ་ཙམ་ཡིན་པའི་ཕྱིར། སྔ་མ་ཡིག་དོན་ནི་ཚིག་གི་ཐོབ་ཚུལ་ཙམ་བཤད་པ་ཡིན་ལ། འདིར་སྤྱི་དོན་ནི་མདོ་སྔགས་གཉིས་ཀའི་ཐུན་མོང་དུ་ཉམས་སུ་བླང་བྱ་ཡིན་པའི་དོན་ནོ། །བསྒོམ་ཚུལ་བསྡུ་ན། དེ་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ལེགས་པར་དཔྱད་པ་ནི། དགག་བྱ་བཀག་པའི་སྟོང་ཉིད་ཀྱི་རྣམ་པ་བློ་ལ་འཆར་ལ། དེའི་ཚེ་སྟོང་ཉིད་ཀྱི་རྣམ་པ་མ་གཏོགས་ཀུན་རྫོབ་ཀྱི་རྣམ་པ་བློ་ལ་མི་འཆར་ཞིང་ཤར་ཡང་རྗེས་སུ་མི་འབྲང་བར་བཀག་སྟེ་མེད་དགག་གི་རྣམ་པ་འབའ་ཞིག་བློ་ལ་འཆར་དུ་འཇུག་གོ །དེ་ལ་བློ་བྱང་ན་ནི་སྣང་བ་སྡུད་ཚུལ་ཟུར་པ་མི་དགོས་ཀྱང་། མ་བྱང་བས་ནི། སྣོད་བཅུད་ཐམས་ཅད་འོད་ཀྱི་གོང་བུར་མོས་ནས་རིམ་གྱིས་ཡལ་ཏེ་མཐར་རང་ལ་ཐིམ། རང་ཡང་རིམ་གྱིས་མི་སྣང་བར་བྱས་ཏེ་དེ་ཀའི་ངང་ལ་ལྟ་བ་དྲན་པར་བྱས་ནས་ལྟ་ཐོག་ཏུ་འཇོག་གོ །དེ་ལྟར་སྒོམ་པ་ལ་ཡེ་ཤེས་ཀྱི་ས་སྒོམ་པ་ཞེས་ཀྱང་བྱ་སྟེ། སྣོད་སྔ་མ་སྟོངས་པའི་ནམ་མཁས་ཕྱི་མ་འཆགས་པའི་རྟེན་བྱེད་པ་དེ་བཞིན་དུ། དེ་ལྟར་བསྒོམ་པའི་ཡེ་ཤེས་དེས་ལྷག་མོས་ཀྱི་རྟེན་བརྟེན་པ་བསྒོམ་པའི་རྟེན་གཞི་བྱེད་པའི་ཕྱིར་རོ། །གཉིས་པ་ནི། སྐབས་འདིར་སྟོང་ཉིད་བསྒོམས་པ་ལ་དགོས་པ་ཡོད་དེ། སྟོང་ཉིད་སྔར་མ་རྟོགས་པ་གསར་དུ་རྟོགས་པ་དང་། རྟོགས་ཟིན་བརྟན་པ་དང་། ཐ་མལ་གྱི་སྣང་ཞེན་སྦྱོང་བ་དང་། ཡེ་ཤེས་ཀྱི་ཚོགས་གསོག་པ་དང་། རྟེན་བརྟེན་པ་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཏུ་འཆར་བའི་ཆེད་ཡིན་པའི་ཕྱིར་རོ། །སྒོམ་ཚུལ་འདི་ནི་སྣོད་སྔ་མ་ཞིག་ནས་སྟོང་པ་དང་ཆོས་མཐུན་པ་ཡིན་ནོ། །གཉིས་པ་ལ་གཉིས། ཆོས་མཐུན་ཡུལ་དང་། ཆོས་མཐུན་སྦྱར་བའོ། །དང་པོ་ནི། སྟོང་བསྐལ་བར་གྱི་བསྐལ་པ་ཉི་ཤུར་གནས་པ་ལས། སླར་ཡང་འཆགས་པའི་འགོ་རྩོམ་པའི་ཚེ། མེས་ཞིག་པ་ཡིན་ན། བསམ་གཏན་གཉིས་པ་ནས་རླུང་འོག་ཏུ་ཅུང་ཟད་བབས་པས་བསམ་གཏན་དང་པོའི་གཞལ་མེད་ཁང་འཆགས། བསམ་གཏན་དང་པོ། གཞན་འཕྲུལ་དབང་བྱེད་སོགས་སྔ་མ་སྔ་མ་འཆགས་པ་ནས་རླུང་རིམ་གྱིས་བབས་པས་ས་དང་མ་འབྲེལ་བའི་གནས་རྣམས་ཡས་རིམ་གྱིས་འཆགས། དེ་ནས་རླུང་བབས་པས་རླུང་དཀྱིལ། དེ་སྟེང་ཆུ་དཀྱིལ། དེ་སྟེང་ས་དཀྱིལ་རི་རབ་རི་མཚོ་གླིང་ལྗོན་ཤིང་རྣམས་འཆགས་སོ། །འདིར་བསྒོམ་བྱ་ལ་མེ་དཀྱིལ་ཡོད་ཀྱང་། གཞི་ལ་འབྱུང་བ་གཞན་གསུམ་གྱི་གོ་ས་ན་མེའི་རྡུལ་ཙམ་ཡོད་ཀྱི། མེ་དཀྱིལ་དངོས་སུ་མེད། འོན་ཀྱང་མེ་རྡུལ་དང་བྱེད་ལས་ཡོད་པས་མཐུན་ཡུལ་ཆད་པའི་སྐྱོན་མེད་དོ། །གཉིས་པ་ནི། སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་བ་ཞེས་སོགས་ལྟར་སྲུང་འཁོར་ཐུན་མོང་བ་སྐད་ཅིག་གིས་བསྐྱེད། རྗེ་ནོར་བཟང་རྒྱ་མཚོས་ནི། སྐབས་འདིར་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ་པའང་མང་ཅན་དུ་བཞེད་ལ། ཁ་ཅིག་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ་པ་མི་འཐད་ཅེས་གསུང་། རྒྱ་དཔངས་ཀྱི་ཚད་ནི་གོང་དུ་བཤད་པ་ལྟར་རུང་ཞིང་། མེ་རི་ནི་བྲི་བྱ་ལ་ཞེང་སྒོ་ཚད་གཅིག་ཙམ་ཡིན་ཀྱང་བསྒོམ་དོན་ལ་མེ་ལྕེ་ཕྱིར་འཕྲོ་བ་སྟེ། ཁ་དོག་སྣ་ཚོགས་པ་ཕྱོགས་ཀུན་ཏུ་འཁྱིལ་ཞིང་འབར་བས་གདུག་པ་ཅན་རྣམས་ཀྱིས་བལྟར་ཡང་མི་བཟོད་པའོ། །རྡོར་རྭ་ནི་བྲི་བྱ་ལ་ཞེང་ཆུང་ཆ་གཉིས་ཡིན་ཀྱང་བསྒོམ་དོན་ལ་ནི་དེར་མ་ངེས་ཏེ། སྔར་བཞིན་ནོ། །རྡོར་རྭ་བསྒོམས་པའི་དགོས་པ་ནི་སྒྲུབ་ཐབས་དངོས་གཞི་བསྒོམ་པ་ལ་བགེགས་ཀྱི་བར་ཆད་སྲུང་བའི་ཆེད་ཡིན་ལ། མཚོན་དོན་ཡང་བགེགས་ཀྱིས་མི་ཕྱེད་པ་དེ་མཚོན་ནོ། །དེའི་ནང་དུ་ཆོས་འབྱུང་ཁ་དོག་དཀར་པོ་དང་། ཕྱི་དཀར་ལ་ནང་དམར་བ་དང་། དཀར་དམར་འདྲེས་པ་གསུམ་གང་རུང་། དབྱིབས་ཟུར་གསུམ་པ་རྩེ་མོ་ཕྲ་བ་འོག་ཏུ་ཟུག་ཅིང་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པ་ཁོག་པ་སྟོང་པ། ཕྱག་རྒྱའི་སྐྱེས་གནས་ལྟ་བུའམ། དམར་གཏོར་གྲུ་གསུམ་གྱི་ནང་བྲུས་པ་ལྟ་བུ་དང་། དེ་ལས་ཅུང་མི་འདྲ་བ་ཞིག་དང་གསུམ་གསུངས་པས་གང་རུང་གིས་ཆོག་གོ །ཟུར་གསུམ་གྱིས་ནི་རྣམ་ཐར་སྒོ་གསུམ། རྩེ་མོ་ཕྲ་བས་ལས་དང་པོའི་སྐབས་སུ་ཡོན་ཏན་ཆུང་ཞིང་། གདངས་ཀ་ཆེ་བས་མོས་སྤྱོད་ནས་བཟུང་སྟེ་ཡར་ཡོན་ཏན་ཇེ་རྒྱས་སུ་སོང་བ། བྷ་གའི་རྣམ་པས་བདེ་བ་ཆེན་པོ། དཀར་བས་རང་བཞིན་རྣམ་དག་དང་ཁམས་དཀར་པོ། དམར་བས་ཁམས་དམར་པོ། དཀར་དམར་ཐུན་མོང་བས་བདེ་སྟོང་དབྱེར་མེད། ནང་དུ་རྟེན་བརྟེན་པའི་དཀྱིལ་འཁོར་བསྒོམས་པས་འབྲས་དུས་ཀྱི་རྟེན་བརྟེན་པ་འབྱུང་བ་དེ་མཚོན་ནོ། །བྲི་བྱ་ལ་པདྨའི་འདབ་མ་ཆ་ཕྲན་གཉིས་ཡིན་ཞིང་གཉིས་ཀ་གསལ་བར་སྣང་ཡང་། བསྒོམ་དོན་ལ་ཆོས་འབྱུང་གི་དབུས་དཀྱིལ་དུ་ཆུད་པར་ཁ་ཅིག་བཞེད། ཁ་ཅིག་ལྟེ་བ་ནང་དང་འདབ་མ་ཆོས་འབྱུང་གི་ཁ་དང་མཉམ་པར་འདོད། ཡང་ཁ་ཅིག་འདབ་མ་རྫོགས་པར་ཆོས་འབྱུང་གི་ཁར་འཕགས་ཤིང་། ཡུ་བ་ཆོས་འབྱུང་གི་མར་རྩེ་ནས་འཐོན་ཞེས་གསུངས་པས་གང་བདེ། པདྨས་འཁོར་བའི་སྐྱོན་གྱིས་མ་གོས་པ་མཚོན། པདྨའི་ལྟེ་བར་ཉལ་སྟབས་ཀྱི་ཧཱུཾ་མགོ་བོ་ཕར་བསྟན་པ་གཉིས་རེའི་བར་དུ་ཡཾ་རཾ་བཾ་ལཾ་བཞི་རིམ་གྱིས་ཆུད་པ་ལས་ལྷ་མོ་བཞིའི་ངོ་བོར་གྱུར་པའི་འབྱུང་བཞི་སྟེང་འོག་གཉིས་སུ་རྡོ་རྗེས་མཚན་པ་བསྐྱེད་དེ། སྣ་ཚོགས་རྡོ་རྗེར་བསྒྱུར། རྡོ་རྗེའི་ལྟེ་བ་གྲུ་བཞི་པ་སྔོན་པོ། དཔངས་རྭ་ལྔ་མར་སྒོ་ཚད་ལྔའམ་ཕྱེད་ལྔ། རྭའི་སྲིད་ལ་སྒོ་ཚད་བཞི་བཞི། རྭ་སྔ་མའི་དབུས་རྭའི་སྦོམ་ལ་ཆ་ཆེན་གཅིག་དང་རྩ་བར་ཆ་ཕྲན་གསུམ། ཕྱོགས་རྭའི་སྦོམ་ལ་ཆ་ཕྲན་གསུམ་དང་རྩ་བར་གཉིས། རྭ་རྩེ་རྣམས་ཆ་ཕྲན་རེ་རེ། གྲངས་ཕྱོགས་རེ་རེར་ལྔ་ལྔའམ་གསུམ་མ་གང་རུང་དང་། ཁ་དོག་ནག་ཁྲའམ་ཕྱོགས་མདོག་གང་རུང་ངོ་། །མཚོན་དོན་རླུང་དཀྱིལ་གྱིས་མཉམ་གནས། མེས་གྱེན་རྒྱུ། ཆུས་སྲོག་འཛིན། སས་ཐུར་སེལ། ཡང་བཞིས་ཕྱག་རྒྱ་རིགས་བཞི། བཞི་འདྲེས་པས་དཔེ་དོན་གྱི་འོད་གསལ། རྭ་ལྔས་ཡེ་ཤེས་ལྔ། ཉི་ཤུས་འཇིག་ལྟ་ཉི་ཤུ་དང་བཅུ་གཉིས་ཀྱིས་རྟེན་འབྲེལ་བཅུ་གཉིས་དག་པ། ཆུ་སྲིན་གྱི་ཁ་ནས་འཐོན་པས་སེམས་ཅན་སྙིང་རྗེས་མི་གཏོང་བ། སྟེང་དུ་རྟེན་བརྟེན་པ་བསྐྱེད་པས་འོད་གསལ་ལས་སྒྱུ་ལུས་འགྲུབ་པ་སོགས་ཏེ། འདི་དག་གཞི་ལ་རྟེན་དཀྱིལ་འཁོར་འཆགས་པ་དང་ཆོས་མཐུན་ནོ། །རྡོ་རྗེའི་ལྟེ་བར་བྷྲུཾ་དཀར་པོ་རྣམ་སྣང་གི་ཚོགས་ར་བའི་ནང་ཐམས་ཅད་དུ་འཕྲོ་བའམ་རིགས་ལྔའི་ཚོགས་འཕྲོ་བ་གང་རུང་། དེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་མཚན་ཉིད་ཡོངས་རྫོགས་ཅིག་ཅར་བསྐྱེད་ལ་རིམ་གྱིས་གསལ་གདབ། གཞལ་ཡས་ཁང་གི་ནང་མཐའ་ནས་ནང་མཐའི་བར་སྒོ་ཚད་བརྒྱད། ཕོ་བྲང་ནང་མའི་མཐའ་ནས་མཐའི་བར་སྒོ་ཚད་བཞི། སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཐའི་བར་སྒོ་ཚད་བཅུ་གཉིས། རྡོ་རྗེའི་རྭ་རྩེ་དང་པདྨའི་ལྟེ་བའི་མཐའ་ནས་མཐའི་བར་སྒོ་ཚད་ཉི་ཤུ། པདྨ་ནས་པདྨའི་མཐའི་བར་སྒོ་ཚད་ཉེར་གཅིག རྡོར་རྭ་ནས་རྡོར་རྭའི་མཐའི་བར་སྒོ་ཚད་ཉེར་གཉིས། འོད་འཕྲེང་གི་མཐའ་ནས་མཐའི་བར་སྒོ་ཚད་ཉེར་བཞི་སྟེ། ཐམས་ཅད་ཀྱི་རྒྱ་ཚད་ཡིན་ལ། བྲི་བྱའི་དབང་དུ་བྱས་ནས་ཕྱོགས་གཅིག་ཏུ་གོ་བདེ་བར་བརྗོད་པའོ། །གཞལ་ཡས་ཁང་གི་རྩིག་པ་རིམ་པ་ལྔ་པོ་ཕྱི་ནང་ལྔ་སྦྲགས་ཏུ་ཡོད་ཅིང་། ལྔ་ཀ་བསྡོམས་པའི་ཞེང་ཆ་ཕྲན་གཅིག དཔངས་ཆ་ཕྲན་བཅུ་གསུམ། ཕ་གུའི་ཞེང་ཆ་ཆུང་ཕྱེད་གཉིས་ལས་ཕྱེད་ཕྱིར་འཕགས་པ་དཔངས་ཆ་ཆུང་གཅིག རྡོའི་སྙིང་པོའི་ཀ་བ། མུ་ཏིག་དམར་པོའི་བྲེ། སྦུག་གི་གཞུ། ཤེལ་གྱི་ཀ་ཆུང་། བཻ་ཌཱུརྱའི་བྲེ། དངུལ་གྱི་གཞུ་རྣམས་བརྩེགས་པའི་སྟེང་དུ་གསེར་གྱི་སྐ་རགས་ལེབ་མོ་ཞེང་ཆ་ཕྲན་གཅིག་པ་བཞི་སྟེང་ནས་སྟེང་དུ་བརྩེགས་པ་བཞི་ཀ་བསྡོམས་པའི་དཔངས་ཆ་ཕྲན་གཉིས། དེའི་སྟེང་དུ་ཕོ་བྲང་ཁྱམས་ཀྱི་ལྕམ་སྣེ་ཕྱི་མ་བཀལ་བ་ཕྱིར་ཐལ་བའི་སྣེ་ལ་རིན་པོ་ཆེའི་དྲ་བ་དྲ་ཕྱེད། སྐ་རགས་ཀྱི་སྟེང་དུ་བྱ་འདབ་ཞེང་ཆ་ཕྲན་གཉིས་ཕྱིར་འཕགས་པའི་སྣེ་ལས་ཤར་བུ་དཀར་པོ་འཕྱང་བ། བྱ་འདབ་དེའི་མཐའི་སྟེང་དུ་མདའ་ཡབ་དཀར་པོ་ཆ་ཕྲན་གཅིག་པ་པད་འདབ་ཕྱེད་པ་ལྟ་བུ་ལངས་པ། མདའ་ཡབ་ཀྱི་སྟེང་དུ་ཕྱོགས་བཞིར་རྒྱལ་མཚན་གཉིས་དང་བ་དན་གཉིས་ཏེ་སྡེ་བསྡོམས་པས་བཅུ་དྲུག མདའ་ཡབ་དང་བཅས་པའི་གཞལ་ཡས་ཁང་གི་དཔངས་ཆ་ཕྲན་བཅུ་བདུན་པར་བཞེད་ཀྱང་། ཐོག་བཀབ་པའི་ཚད་གང་དུ་གཏོགས་དཔྱད་དགོས་སོ། །གཞལ་ཡས་ཁང་གི་རྩ་ཐིག་དང་ཚངས་ཐིག་འཕྲད་མཚམས་ནས་གཡས་གཡོན་དུ་ཆ་ཕྲན་གཉིས་གཉིས་དོར་བས་སྒོ། དེ་ནས་སྒོ་ཚད་རེ་ཕྱིར་དོར་བས་སྒོ་འཁྱུད། དེ་ནས་གཡས་གཡོན་དུ་སྒོ་ཚད་རེ་སོང་བ་སྒོ་འགྲམ། དེ་ནས་ཕྱིར་སྒོ་ཚད་རེ་སོང་བ་སྒོ་ལོགས་ཏེ། འགྲམ་ལོགས་སྒོ་དང་མཉམ་པ་འདི་ལ་རྩིག་གདོང་ཉིད་རྡོ་རྗེའི་ལྟེ་བ་དང་མཉམ་མོ། །རྩིག་པའི་ཕྱི་རོལ་ཏུ་འོག་མཐའ་ནས་འདོད་སྣམ་དམར་པོ་དཔངས་ཞིང་ཆ་ཕྲན་གཉིས་པ་ལ་མཆོད་པའི་ལྷ་མོ་བཅུ་དྲུག་གོ །ཐོག་འབུབས་ཚུལ་ནི། སྒོ་བཞི་སོ་སོའི་རྩ་ཐིག་དང་ཚངས་ཐིག་འཕྲད་མཚམས་ནས་ནང་དུ་སྒོ་ཚད་གཅིག་སོང་བའི་གཡས་གཡོན་དུ་ཆ་ཆུང་ལྔ་ལྔ་སོང་བའི་སར་ཞེང་ཆ་ཕྲན་གཅིག་དང་། དཔངས་བྲེ་ཕུལ་དང་བཅས་པའི་ཀ་བ་ཆ་ཕྲན་བཅུ་དྲུག་པ་ཕྱོགས་མདོག །ཕྱོགས་རེ་རེར་གཉིས་གཉིས་ཏེ་བརྒྱད་བཙུགས་པའི་སྟེང་དུ་ཕྱོགས་བཞིར་གདུང་མིག་མངས་རིས་སུ་རྒྱུགས་པ་ལ་ལྕམ་སྣེ་ནང་མ་དང་། ཕྱི་མ་གསེར་གྱི་སྐ་རགས་ལ་བཀལ་ཏེ་ཕྱི་ཁྱམས་འབུབས་པ་ཡིན་ནོ། །དབུས་སུ་གར་བུ་དབྱིབས་མཎྜལ་ལྟ་བུ། དཔངས་སྒོ་ཚད་གཅིག་ལྷག་ཙམ་དང་། ཐད་ཀར་སྒོ་བཞི་པའི་སྟེང་གི་མཐར་རྡོ་རྗེ་རྩེ་གསུམ་པ་དཔངས་ཆ་ཕྲན་གཅིག་པས་ཟླུམ་པོར་བསྐོར་བའི་རྭའི་འཕྲད་མཚམས་ནས་ཕྱོགས་རེ་རེར་ཀ་བ་སྔར་བཞིན་བཙུགས་པའི་སྟེང་དུ་གཞུ་འཁྱོགས་དང་གདུང་ཟླུམ་གྱིས་འཁོར་མར་བསྐོར་བའི་སྟེང་དུ་གདུང་བཞི་མིག་མངས་རིས་སུ་བྱས་པ། ལྷོ་བྱང་དུ་རྒྱུགས་པའི་གདུང་གི་ལྷོ་བྱང་མཚམས་སུ་རྩ་བ་ཟུག་པའི་ཀ་བ་བསེགས་ཁ་ཡོད་པ་བཙུགས་པའི་སྟེང་དུ་རྡོ་རྗེའི་གདུང་ལྷོ་བྱང་དུ་རྒྱུགས་པ་ལ་ལྕམ་སྣེ་ནང་དང་། ཕྱི་མ་ཕྱི་ཁྱམས་ཀྱི་སྟེང་དུ་ཀ་ཆུང་བྲེ་ཕུལ་དང་བཅས་པ་བཙུགས་པའི་སྟེང་དུ་གདུང་བཏང་བ་ལ་བཀལ། རྒྱ་ཕིབས་ཀྱི་གུང་གི་དབུས་སུ་རྩ་རྒྱུད་བཞུགས་པའི་ཁང་བུ་རྡོ་རྗེ་ནོར་བུའི་ཏོག་གིས་སྤྲས་པའོ། །སྒོ་བཞིའི་མདུན་དུ་རྩིག་གདོང་དང་རྡོ་རྗེའི་ལྟེ་བ་ནས་ཆ་ཕྲན་གཅིག་སོང་བའི་སར་རྡོ་རྗེའི་རྭ་རྩའི་སྟེང་དུ་སྟེགས་བུ་གྲུ་བཞི་བུམ་པ་དང་བཅས་པ་ལ་གནས་པའི་ཀ་བ་ཞེང་ཆ་ཕྲན་གཅིག །དཔངས་ཆ་ཕྲན་ལྔ། གཡས་གཡོན་དུ་གཉིས་ཆེ་སྟེ་བཞི་བཞི་བཙུགས་པའི་སྟེང་དུ་སྣམ་བུ་བཅུ་གཅིག་སྣམ་བུ་ལྔ་པ་དང་བདུན་པའི་དཔངས་ལ་ཆ་ཕྲན་ཕྱེད་དང་གཉིས་རེ་དང་། གཞན་རྣམས་ཀྱི་དཔངས་སུ་ཆ་ཕྲན་རེ་རེ་བར་མཉམ་མོ། །ཞེང་ནི་ཐམས་ཅད་ཀྱང་ཆ་ཕྲན་གསུམ་གསུམ་བྱས་ན་ལེགས། སྤྱིར་རྟ་བབས་ལ་སྒོ་ཚད་གསུམ་མ་དང་སྒོ་ཚད་གཅིག་མ་གཉིས་ཡོད་པའི་སྔ་མ་ལ་གཉིས་མཉམ་དགུ་མཉམ་དང་ལྔ་མཉམ་གསུམ་གསུམ་མཉམ་པ་གཉིས་ཡོད་ལ། ཕྱི་མ་ལ་ལྔ་མཉམ་གསུམ་གཉིས་མཉམ་པ་ཁོ་ནར་ངེས་སོ། །གཞན་ཡང་རྟ་བབས་སྒོ་ཚད་གསུམ་མ་ལ་འགྲམ་ལོགས་སྒོ་དང་མཉམ་མི་མཉམ་གཉིས་ཡོད་ཅིང་གཅིག་མ་ནི་མི་མཉམ་པའོ། །གཞལ་ཡས་ཁང་གི་མཚན་ཉིད་གཞན་ཇི་ལྟ་བུ་ཡིན་ཚུལ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །མཚོན་དོན་ནི། གཞལ་ཡས་ཁང་གིས་རྣམ་སྣང་དག་པ་མཚོན། ངོས་བཞིས་བདེན་པ་བཞི། གྲྭ་བཞིས་ཚངས་པའི་གནས་བཞི། སྒོ་བཞིས་བསྡུ་བའི་དངོས་པོ་བཞི། སྒོ་འཁྱུད་བཞིས་རྫུ་འཕྲུལ་གྱི་རྐང་པ་བཞི་མཚོན་པ་སོགས་ཡིན་ཏེ། དབང་ཆོག་ཏུ། འཕགས་པའི་བདེན་བཞི་ངོས་བཞིར་འགྱུར། །ཞེས་སོགས་ཀྱིས་མཚོན་ཚུལ་རྒྱས་པར་བཤད་པ་ལྟར་རོ། །གཞལ་ཡས་ཁང་ནི་གཞི་ལ་གསེར་དཀྱིལ་གྱི་སྟེང་དུ་རི་གླིང་སོགས་ཆགས་པ་དང་ཆོས་མཐུན་ཞིང་མ་དག་པའི་སྣོད་སྦྱོང་བ་དང་། འབྲས་དུས་ཀྱི་གཞལ་ཡས་ཁང་འགྲུབ་པ་སོགས་ཀྱི་ཆེད་དོ། །གཞལ་ཡས་ཁང་བྷྲུཾ་ལས་བསྐྱེད་པ་ནི། བྷྲུཾ་རྣམ་སྣང་གི་ས་བོན་ཡིན་ཞིང་། རྣམ་སྣང་གཟུགས་ཕུང་རྣམ་པར་དག་པའི་ལྷ་ཡིན་པས། གཞལ་ཡས་ཁང་དེའི་ངོ་བོར་མོས་དགོས་པའི་དབང་དུ་བྱས་པའོ། །གཉིས་པ་ལ་གསུམ། ལྷག་མོས་ཀྱི་ལྷ་བསྐྱེད་པ། དེའི་མཛད་པ། དེ་ལུས་ལ་བསྡུ་བའོ། །དང་པོ་ལ་གཉིས། མཐུན་ཡུལ་དང་། དེ་དང་མཐུན་པར་བསྒོམ་པའོ། །དང་པོ་མཐུན་ཡུལ་བཅུད་ཆགས་ཚུལ་བསྡུས་ཏེ་བཤད་ན། བསམ་གཏན་གཉིས་པ་ནས་ལྷ་ཞིག་ཤི་འཕོས་ནས་བསམ་གཏན་དང་པོར་སྐྱེས་ཏེ་དེ་རྣམས་འཆགས། དེ་ནས་ཤི་འཕོས་ཏེ་གཞན་འཕྲུལ་དབང་བྱེད་སོགས་འདོད་ལྷ་རིགས་དྲུག་དང་། གླིང་བཞིའི་མི། ཡི་དྭགས། དུད་འགྲོ། གྲང་དམྱལ། ཚ་དམྱལ་རྣམས་ཀྱང་རིམ་གྱིས་འཆགས་པ་ཡིན་ལ། མནར་མེད་དུ་སེམས་ཅན་གཅིག་སྐྱེས་པའི་ཚེ་འཆགས་པའི་མཇུག་རྫོགས་ཤིང་གནས་བསྐལ་གྱི་འགོ་རྩོམ། བསྐལ་པ་དང་པོའི་མི་རྣམས་རྫུས་སྐྱེས་ཚེ་དཔག་མེད་ཐུབ་པ་སོགས་ཁྱད་ཆོས་བདུན་དང་ལྡན་ལ། དེའི་ཚེ་ཁམ་ཟས་མི་ཟ་ཞིང་དགའ་བའི་ཟས་ཙམ་ཟ་བ་ཡིན་པ་ལ། ལས་ཀྱི་དབང་གིས་སའི་ཞག་དང་བཅུད་དང་མྱུ་གུའི་ཚལ་དང་འབྲས་ས་ལུ་རྣམས་རིམ་གྱིས་བྱུང་བ་ཟོས་པས་ཕོ་མོའི་དབང་པོ་དང་ལྡན་པར་གྱུར་ཏེ། ཉི་ཟླ་དང་དུས་ཚིགས་དང་མང་པོས་བཀུར་བའི་རྒྱལ་པོ་དང་བཅས་བྱུང་ངོ་། །གཉིས་པ་ནི། སྐད་ཅིག་གིས་ལྷག་པར་མོས་པ་ཙམ་གྱིས་ལྷ་སུམ་ཅུ་རྩ་གཉིས་དུས་གཅིག་ཏུ་ཡོངས་སུ་གྱུར་པ་ནི་ཞེས་སོགས་གསུངས་པ་ལྟར། དུས་གཅིག་ཏུ་སྐད་ཅིག་གིས་བསྐྱེད་ནས་རྣམ་པ་རྣམས་རིམ་གྱིས་གསལ་འདེབས་པ་ཡིན་ལ། ལྷག་མོས་ཀྱི་ལྷ་ཕོ་མོའི་རྣམ་པར་སྒོམ་པ་ནི། བསྐལ་པ་དང་པོའི་འཛམ་བུའི་གླིང་བའི་མི་རིམ་གྱིས་ཕོ་མོར་སོང་བ་དང་ཆོས་མཐུན་ཞིང་། སྐད་ཅིག་གིས་བསྐྱེད་པ་ནི་བསྐལ་པ་དང་པོའི་མི་རྫུས་ཏེ་སྐྱེས་པ་དང་ཆོས་མཐུན། སེམས་ཅན་གྱི་རྣམ་ཤེས་འཁོར་སེམས་བྱུང་དང་བཅས་པ་ལ་བརྟེན་ནས་སྣོད་ཀྱི་འཇིག་རྟེན་འཆགས་པའི་རྗེས་སུ་བཅུད་ཀྱི་སེམས་ཅན་འཆགས་པ་དང་། རྡོ་རྗེ་འཆང་གིས་ལྷག་མོས་ཀྱི་རྟེན་གཞལ་ཡས་ཁང་སྤྲུལ་པའི་རྗེས་སུ་བརྟེན་པ་ལྷ་སོ་གཉིས་སྤྲུལ་པ་གཉིས་ཆོས་མཐུན་ནོ། །དབུས་ཀྱི་གར་བུའི་སྟེང་དུ་གཙོ་བོ་དང་། གདུང་ཟླུམ་གྱི་སྟེང་གདུང་བཞི་མིག་མངས་རིས་སུ་རྒྱུགས་པའི་སྟེང་དུ་རེའུ་མིག་དབུས་མ་དང་ཤར་མའི་བར་གྱི་སྟེང་དུ་འཁོར་བསྒྱུར་ཞལ་ནུབ་གཟིགས། གར་བུའི་ནང་དུ་གནོད་མཛེས་ཞལ་ཤར་གཟིགས། བྱམས་པ་སོགས་བརྒྱད་ཁ་ནང་ལྟ་བའི་དབང་དུ་བྱས་པའི་སྒོའི་གཡས་གཡོན། རྡོ་རྗེ་མ་བཞི་བཞུགས་པ་ནི་ལྷ་སྣམ་ཕྱི་མ་ལས་ཅུང་ཟད་མཐོ་བ། ལྷ་གཞན་བཞུགས་པ་ནི་གོ་སླ་ཞིང་། གཤེགས་པ་བཞི་དང་སེམས་དཔའ་བརྒྱད་ཞི་བའི་ཉམས་ཅན། ལྷ་མོ་དགུ་ཞི་ཁྲོ་ཕྱེད་མ། ལྷའི་ཞལ་ཕྱག་ཕྱག་མཚན་རྒྱན་སོགས་སྒྲུབ་ཐབས་སུ་གསལ་བ་ལྟར་དང་། འགའ་ཞིག་གོང་དུ་བཤད་པ་རྣམས་འདིར་སྦྱོར། གདན་རྣམས་ནི་ཧ་ཅང་མཐོ་བ་མིན་པར་ཅུང་ཟད་འབུར་བའི་རྣམ་པ་ཅན་ནོ། །གཉིས་པ་ལྷག་མོས་ཀྱི་མཛད་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་ཏེ། སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཐོགས་པ་མེད་པར་ནང་དུ་ཞུགས་ཏེ། ནང་འཁྲིགས་པར་གང་བར་བསམ། ནང་དུ་སླེབ་པའི་ཚེ་ལྷའམ་སེམས་ཅན་གང་གི་རྣམ་པར་བསམ་པ་ནི་གསལ་བར་བཤད་པ་མ་མཐོང་ཡང་། ཕལ་ཆེར་ལྟར་ན་སེམས་ཅན་གྱི་རྣམ་པར་བྱེད་པར་གསལ། འོན་ཀྱང་ངན་སོང་བ་ཐམས་ཅད་ཀྱི་རྣམ་པར་མོས་པ་མི་བདེ་ན་མིའི་རྣམ་པའམ། ཡང་ན་སྤྱི་ཙམ་གྱི་རྣམ་པར་མོས་ཆོག་གམ་སྙམ་མོ། །དེ་ནས་རང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ངོ་བོ་བྱང་ཆུབ་སེམས་ཡིན་པ་ལ་རྣམ་པ་འོད་ཟེར་སེམས་ཅན་གྱི་གྲངས་དང་མཉམ་པ་སྤྲོས། གཞུང་ཆེ་བ་ཕལ་ཆེར་ལས་མི་གསལ་ཡང་། འཁྲིད་རྒྱུན་ལས་འོད་ཟེར་འཕྲོས་པའི་སྣེ་ལས་རྡོ་རྗེ་འཆང་ཡབ་ཡུམ་ཟུང་སེམས་ཅན་གྱི་གྲངས་དང་མཉམ་པ་སྤྲོས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་སྙོམས་པར་ཞུ གས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་ལུས་གང་དྲི་མ་དག་བདེ་བ་ཆེན་པོ་མྱོང་སྟེ་ཐམས་ཅད་ཀྱང་རྡོ་རྗེ་འཆང་དུ་གྱུར། དེ་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པའི་དོན་གཞུང་ཆེ་བ་དུ་མ་ལས་སྤྱིར་བཤད་པ་ཙམ་མ་གཏོགས་མི་གསལ་ཡང་། ཤར་ཕྱོགས་པ་རྣམས་ཤར་ཕྱོགས་སུ་རྣམ་སྣང་གི་ཞིང་དུ་གཤེགས་པར་མོས་པ་འདྲ་སྟེ། དེ་བཞིན་དུ་ཕྱོགས་གཞན་གསུམ་རིམ་བཞིན་རིན་འབྱུང་འོད་དཔག་མེད་དོན་གྲུབ་ཀྱི་ཞིང་དུ་གཤེགས་པར་བསམ། འཁྲིད་རྒྱུན་འགའ་ཞིག་ལས། རང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཐུགས་ཀར་ཐིམ་པར་བསམ་པ་ནི་གཤེགས་པའི་དོན་དུ་མཛད་ཀྱང་། སྔ་མ་བདེ་བར་སེམས་དགོས་པ་ནི། སེམས་ཅན་གྱི་དོན་བྱེད་པའི་སྙིང་རྗེ་ཆེན་པོ་གོང་འཕེལ་དུ་བྱེད་པ་དང་། འབྲས་བུ་སངས་རྒྱས་ཀྱི་མཛད་པ་དང་མཐུན་པར་བྱ་བའི་ཆེད་དོ། །གསུམ་པ་ལྷག་མོས་ལུས་ལ་བསྡུ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཞེས་སོགས་གསུངས་པ་ལྟར་ཡིན་ལ། དེ་ཡང་རང་གཙོ་བོར་གསལ་བའི་ཧཱུཾ་ཡིག་གི་ནཱ་ད་ལས་འོད་ཟེར་ལྷ་གྲངས་དང་མཉམ་པ་འདིར་སོ་གཅིག་སྤྲོས་ཏེ། རྣམ་སྣང་སོགས་རིམ་གྱིས་སྤྱན་དྲངས་ནས་རང་གི་སྤྱི་བོ་ལ་སོགས་པ་ལུས་ཀྱི་ཆ་དེ་དང་དེར་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་གཟུགས་ཕུང་སོགས་དང་ངོ་བོ་དབྱེར་མེད་དུ་མོས། རྣམ་སྣང་རང་གི་སྤྱི་བོར་ཞལ་ཤར་དུ་གཟིགས་པ། དེ་བཞིན་དུ་མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་འོད་དཔག་མེད་སོགས་འོག་མ་སྟེང་མ་ལ་མ་རེག་ཙམ། མཱ་མ་ཀི་སྙིང་གར་ཞལ་གཙོ་བོའི་སྐུ་རྒྱབ་ལ་ཕྱོགས་པ་དང་། གཞན་གསུམ་རིམ་བཞིན་རིན་འབྱུང་འོད་དཔག་མེད་རྣམ་སྣང་ལ་འཁྱུད་པར་བསམ་པ་འཁྲིད་ཡིག་འགའ་ཞིག་ལས་བཤད་ཅིང་། དེ་ལྟར་ན་སྤྱན་མ་དང་སྒྲོལ་མའི་ཡབ་སྤྱི་དང་མི་འདྲ་ལ། གཞུང་ཕལ་ཆེར་ལས་འཁྱུད་པའི་གསལ་ཁ་མི་སྣང་ངོ་། །ས་སྙིང་རྩ་ཞལ་གྱི་ཐད་དུ་སླེབ་པའི་ཚེ་གཉིས་སུ་གྱུར་ནས་ཞལ་མིག་གི་སྒོ་ལ་ཕྱིར་གཟིགས་པ། ཕྱག་རྡོར་གཉིས་སུ་གྱུར་ནས་རྣ་བ་གཉིས་ཀྱི་ནང་ནས་སྔར་བཞིན། ནམ་སྙིང་སྣའི་སུམ་མདོའམ་སྣ་བུག་གཉིས་འཇིག་རྟེན་དབང་ཕྱུག་ལྕེ་ཆུང་གི་དབུས་དང་། འཇམ་དཔལ་སྙིང་ཁར་མཱ་མ་ཀིར་ཕྱོགས་པ། སྒྲིབ་སེལ་ནོར་བུའི་དབུས་ནས་ཞལ་ཕྱིར་ཕྱོགས་པ་ཀུན་བཟང་གཅིག་སྙིང་ཁའི་རུས་པ་གྲུ་བཞི་པའི་དབུས་དང་ཚིག་སུམ་བརྒྱ་དྲུག་ཅུའི་གྲངས་དང་མཉམ་པའི་ཀུན་བཟང་རེ་རེ། བྱམས་པ་རྣམ་སྣང་གི་རྒྱབ་ནས་ཞལ་རྣམ་སྣང་ལ་གཟིགས་པ། གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་གཉིས་རེར་གྱུར་ནས་ས་སྙིང་དང་ཕྱག་རྡོར་ལ་འཁྱུད་པ། དྲི་རྡོ་རྗེ་མས་ནམ་སྙིང་དང་རོ་རྡོ་རྗེ་མས་འཇིག་རྟེན་དབང་ཕྱུག་ལ་འཁྱུད་ཅིང་། གཙོ་བོའི་ཡུམ་རེག་བྱ་རྡོ་རྗེ་མ་སྤྱན་དྲངས་ནས་སྒྲིབ་སེལ་ལ་འཁྱུད་པའི་ཚེ་གཙོ་བོ་ཡབ་རྐྱང་ཡིན་ནོ། །གཤིན་རྗེ་གཤེད་ཀྱི་དབུ་ལག་པ་གཡས་ཀྱི་མཐེ་བོང་དང་ཞལ་ནང་དུ་ཕྱོགས་པར་གསུངས་པའི་ནང་ནི་ལག་མཐིལ་ཕྱོགས་ལ་བལྟ་བའི་དོན་དུ་སེམས། དེ་བཞིན་དུ་གཞན་གྱིས་མི་ཐུབ་པ་ལག་པ་གཡོན། འདི་གཉིས་ལ་རྗེ་ནོར་བཟང་རྒྱ་མཚོས་མི་འདྲ་བ་ཞིག་བཤད། ལྕེ་དང་སོ་བར་ཏུ་རྟ་མགྲིན་དང་འཁྱིལ་པ་སྒྲིབ་སེལ་གྱི་རྒྱབ་ཏུ་ཞལ་ཕྱིར་བལྟ་བ། དཔུང་པ་གཡས་གཡོན་གྱི་རྩ་བར་མི་གཡོ་བ་དང་འདོད་རྒྱལ་གཉིས་དབུ་དཔུང་མགོ་དང་ཞལ་མདུན། དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་གཉིས་པུས་མོའི་ལྷ་ངའི་ནང་། སྤྱི་བོའི་སྒྲོལ་མའི་སྟེང་གཙུག་ཏོར་འཁོར་ལོས་བསྒྱུར་བ་ཞལ་ནུབ་ཏུ་ཕྱོགས་པར་གནམ་དུ་གཟིགས་པ། གནོད་མཛེས་གཉིས་སུ་གྱུར་ནས་རྐང་མཐིལ་གཉིས་སུ་དབུ་ལོང་བུ་ཕྱོགས་ལ་བསྟན་ནས་གནས་དེ་དང་དེར་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་བསྒོམ་མོ། །དགོས་པ་ནི། རང་ཉིད་ལ་འབྱུང་འགྱུར་གྱི་མ་དག་པའི་ཕུང་སོགས་དེ་དང་དེ་རྣམས་སྦྱོང་། དཔེ་དོན་གྱི་འོད་གསལ་གྱི་རྒྱུད་སྨིན་བྱེད་ལྷག་མོས་འོད་གསལ་དུ་སྡུད་པའི་གཞི་འདིང་བ་དང་། འབྲས་བུའི་ལྷ་དེ་རྣམས་འགྲུབ་པའི་ཆེད་དོ། །གསུམ་པ་ནི། བདག་ཉིད་ལུས་ཀྱི་ལྷ་རྣམ་སྣང་སྤྱན་མ་ཞེས་སོགས་འབྱུང་བ་ལྟར་བསྒོམ་པ་ཡིན་ལ། གཞི་ལ་མི་མངལ་སྐྱེས་ཁམས་དྲུག་ལྡན་རིམ་གྱིས་འཆི་བ་ན། གཟུགས་ཕུང་སོགས་ཕུང་པོ་ལྔ། ས་སོགས་ཁམས་བཞི། མིག་སོགས་སྐྱེ་མཆེད་དྲུག གཟུགས་སོགས་ཡུལ་ལྔ། གཞི་དུས་ཀྱི་ཡེ་ཤེས་ལྔ་སྟེ་རགས་པ་ཉེར་ལྔའི་ཐིམ་རིམ་དང་མཐུན་པར་འོད་གསལ་དུ་སྡུད་པ་ཡིན་ལ་དེ་ཡང་རྣམ་སྣང་ནས་མི་གཡོ་བའི་བར་འོད་གསལ་དུ་ཐིམ་པ་ནི། གཟུགས་ཕུང་། གཞི་དུས་ཀྱི་མེ་ལོང་ཡེ་ཤེས། ས་ཁམས། མིག་གི་དབང་པོ། རང་རྒྱུད་ཀྱིས་བསྡུས་པའི་གཟུགས། ལག་པ་གཡས་དང་དཔུང་པ་གཡས་པའི་ཚིགས་ལ་གནས་པའི་རླུང་རྣམས་རིམ་གྱིས་འོད་གསལ་དུ་ཐིམ་པ་དང་ཆོས་མཐུན། དེ་ནས་རིན་འབྱུང་ནས་འདོད་རྒྱལ་གྱི་བར་ཐིམ་པ་ནི། ཚོར་བ། མཉམ་ཉིད་ཡེ་ཤེས། ཆུ་ཁམས། རྣ་བའི་དབང་པོ། སྒྲ་ལག་པ་གཡོན་དང་དཔུང་པ་གཡོན་པའི་ཚིགས་ཀྱི་རླུང་རིམ་གྱིས་ཐིམ་པ་དང་མཚུངས། འོད་དཔག་མེད་སོགས་ཐིམ་པ་ནི། འདུ་ཤེས་སོ་སོར་རྟོག་པའི་ཡེ་ཤེས། མེ་ཁམས་སྣ་དབང་དྲི་ཁ་པུས་མོ་གཡས་པའི་ཚིགས་ཀྱི་རླུང་རྣམས་ཐིམ་པ་དང་མཚུངས། དོན་གྲུབ་སོགས་ཐིམ་པ་ནི། འདུ་བྱེད་བྱ་གྲུབ་ཡེ་ཤེས་རླུང་ཁམས་ལྕེ་དབང་རོ་གསང་གནས་པུས་མོ་གཡོན་པའི་ཚིགས་ཀྱི་རླུང་རྣམས་ཐིམ་པ་དང་མཚུངས། གཙུག་ཏོར་འཁོར་སྒྱུར་སོགས་ཐིམ་པ་ནི། རླུང་སྣང་བ། སྣང་བ་མཆེད་པ། དེ་ཉེར་ཐོབ། དེ་འོད་གསལ་དུ་ཐིམ་པ་དང་ཆོས་མཐུན་ནོ། །རིམ་གྱིས་ཐིམ་པའི་དོན་ནི་ལྷ་རྣམས་ཀྱི་སྟོད་སྨད་ནས་རིམ་གྱིས་ཞུ་བའི་དོན་ནོ། །འཁྲིད་ཡིག་ཁ་ཅིག་ལས་ལྷ་སྡེ་ཚན་རིམ་གྱིས་སྤྱན་དྲངས་ཏེ་རིམ་གྱིས་ཞུ་བའི་མཐར་ཧཱུྃ་གི་ནཱ་ད་ལ་ཐིམ་པར་བཤད་ཀྱང་གཞུང་ཆེ་བ་འགའ་ཞིག་ནས་གནས་དེ་དང་དེ་རྣམས་སུ་འོད་གསལ་དུ་ཐིམ་པར་བཤད་པས་གང་རུང་གིས་ཆོག་གོ །གཙོ་བོ་འོད་གསལ་དུ་ཐིམ་པ་ན་སྔར་བཞིན་ལྟ་བ་དྲན་པར་བྱས་ལ། སྟོང་པ་ཉིད་དང་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དབྱེར་མི་ཕྱེད་པའི་ཆོས་སྐུའི་བདག་ཉིད་དེ་ངའོ་སྙམ་དུ་ང་རྒྱལ་འཇོག་ཅིང་། དེ་བརྟན་པར་བྱ་བའི་ཆེད་དུ་ཤཱུནྱ་ཏའི་སྔགས་བརྗོད་པར་བྱའོ། །འདི་ལ་འཆི་བ་ཆོས་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། གཞིའི་འཆི་རིམ་དང་རྣམ་པ་ལེགས་པར་མཐུན་ཞིང་སྒྲུབ་པ་པོ་རང་ཉིད་ལ་འབྱུང་འགྱུར་གྱི་འཆི་བ་སྦྱོང་བར་བྱེད་པ་དང་། ལམ་འབྲས་ཀྱི་དཔེ་དོན་གྱི་འོད་གསལ་དངོས་གནས་ལ་འགྲུབ་པའི་རྒྱུད་སྨིན་པ་སོགས་ཀྱི་ཁྱད་ཆོས་དུ་མ་དང་ལྡན་པའི་ཕྱིར་རོ། །གཉིས་པ་བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་ནི། གདན་དབུས་པའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ཞེས་སོགས་གསུངས་པ་ལྟར་བསྒོམ་པ་ཡིན་ལ། དེ་ཡང་མཐུན་ཡུལ་གཞི་ལ་འཆི་བ་འོད་གསལ་ལས་བར་དོ་འགྲུབ་པའི་རིམ་པ་དང་མཐུན་པར་བསྒོམ་པར་ཡིན་མོད། གཞི་དུས་ཀྱི་བར་དོ་བ་ནི་རྫུས་སྐྱེས་ཡིན་ཞིང་། འོད་གསལ་ལས་གཞན་གྱིས་བར་ཆོད་པ་མེད་པར་ལུས་རྫོགས་པར་འགྲུབ་པ་ཡིན་ནོ། །དེ་ལྟར་ཡིན་ཀྱང་འདིར་མཚོན་དོན་ཁྱད་པར་ཅན་བསྒྲིག་པའི་ཆེད་དུ་མངོན་བྱང་ལྔའི་སྒོ་ནས་བསྐྱེད་པ་ཡིན་པས་སྔར་གྱི་གདན་དབུས་མ་ཉི་གདན་གྱི་སྟེང་དུ་འོད་གསལ་ལས་རང་གི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད། ཡི་གེ་ཧཱུཾ་སྔོན་པོའི་རྣམ་པར་ཐོལ་གྱིས་བྱུང་། དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ༀ་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱཿདམར་པོ། དེ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། པདྨའི་ལྟེ་བར་དབུས་སུ་ཐོག་མར་ༀ། དེའི་སྟེང་དུ་ཨཱཿ དེའི་སྟེང་དུ་ཧཱུཾ་རྣམས་སྟེང་ནས་སྟེང་དུ་བརྩེགས་པར་མཁས་གྲུབ་ནོར་བཟང་བས་བཤད། ཁ་ཅིག་ༀ་སྟེང་དུ་ཡོད་པར་ཡང་བཞེད། ཡི་གེ་གསུམ་མར་ཞུ་སྟེ་པདྨ་དང་ཟླ་བར་ཐིམ། ཉི་མ་ནས་ཡར་ཞུ་སྟེ་ཟླ་བ་ལ་ཐིམ་ནས་ཐམས་ཅད་འདྲེས་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་རྫོགས་ཞིག་ཏུ་གྱུར་པ་ནི་ཟླ་བ་ལས་བྱང་ཆུབ་པ་ཡིན་ལ། ལྷག་མོས་འོད་གསལ་དུ་བསྡུས་པ་ནི་དང་པོ་དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །ཟླ་བ་དེ་ལས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཕོག དེ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པའམ། ཁ་བའི་གོང་བུ་ཉི་མས་ཞུ་བ་ལྟར་མཐའ་ནས་རིམ་གྱིས་ཞུ་སྟེ། ཟླ་བ་ལ་ཐིམ་པར་བསམ་ཞིང་། སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་རླུང་སེམས་ཙམ་ཟླ་བའི་རྣམ་པར་སྣང་བ་དེ་ངའོ་སྙམ་དུ་ང་རྒྱལ་བཞག་སྟེ། སྔགས་བརྗོད། སྔགས་དོན་ནི། དྷརྨ་ནི་ཆོས། དྷཱ་ཏུ་ནི་དབྱིངས་སམ་ཁམས། སྭཱ་བྷཱ་ཝ་ནི་རང་བཞིན། ཨཱཏྨ་ཀོ྅ཧཾ་ནི་བདག་ཉིད་དེ་ངའོ་ཞེས་པའི་དོན་ཏེ། ངེས་དོན་ནི་ང་རྒྱལ་འཇོག་པ་ལྟར་རོ། །དེ་ནས་ཟླ་བའི་དབུས་ཀྱི་གཡས་སུ་ༀ་དཀར་པོ། གཡོན་དུ་ཨཱཿདམར་པོ། དབུས་སུ་ཧཱུཾ་སྔོན་པོ་གསུམ་ཐོལ་གྱིས་བྱུང་། འདི་ལ་འགོད་ཚུལ་མི་འདྲ་བའང་ཡོད་དོ། །དེ་རྣམས་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་རིགས་ལྔ་འཁོར་བཅས་དཔག་ཏུ་མེད་པ་སྤྱན་དྲངས་སྐུའི་རིགས་རྣམས་ༀ་དང་། གསུང་གི་རིགས་རྣམས་ཨཱཿ ཐུགས་ཀྱི་རིགས་རྣམས་ཧཱུཾ་ལ་ཐིམ་པ་ནི་ས་བོན་ལས་བྱང་ཆུབ་པའོ། །དེ་གསུམ་འོད་དུ་ཞུ་བ་ལས་རྡོ་རྗེ་དཀར་པོ་ལྟེ་བ་ལ་འབྲུ་གསུམ་གྱིས་སྔར་བཞིན་མཚན་པར་བསྒོམ་པ་ནི་ཕྱག་མཚན་ལས་བྱང་ཆུབ་པ་སྟེ། དེ་བརྟན་བྱེད་དུ་སྔགས་བརྗོད། དོན་ནི། རྡོ་རྗེའི་བདག་ཉིད་ངའོ་ཞེས་པའོ། །རྡོ་རྗེ་ཡི་གེ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་དང་པོའི་མགོན་པོ་སྒྲུབ་ཐབས་ལྟར་གསལ་གདབ་པ་ནི་སྐུ་ཡོངས་རྫོགས་ལས་བྱང་ཆུབ་པ་སྟེ་བར་དོ་ལོངས་སྐུའི་ལམ་ཁྱེར་གྱི་རྣལ་འབྱོར་དངོས་སོ། །འདི་ལ་བར་དོ་ལོངས་སྐུའི་རྣལ་འབྱོར་ཞེས་བྱ་སྟེ། གཞི་ལ་འཛམ་བུ་གླིང་པའི་བར་དོ་དང་ཆོས་མཐུན་ཞིང་རང་ཉིད་ལ་འབྱུང་འགྱུར་གྱི་བར་དོ་སྦྱོང་བར་བྱེད། ལམ་དང་འབྲས་བུའི་སྒྱུ་ལུས་དང་རྣམ་པ་མཐུན་ཞིང་དེ་འགྲུབ་པའི་དགེ་རྩ་སྨིན་པར་བྱེད་ཅིང་ལམ་དུ་བྱེད་པའི་ཕྱིར། དང་པོ་དེ་ལྟར་ཡིན་ཏེ། སྟོང་པའི་ངང་ལས་ཟླ་ཉི་པད་གསུམ་སྒོམ་པ་ནི། གཞིའི་འཆི་བ་འོད་གསལ་ལས་ལུགས་ལྡོག་ཏུ་ལྡང་བའི་སྣང་མཆེད་ཐོབ་གསུམ་དང་ཆོས་མཐུན། ཡི་གེ་གསུམ་སྔ་ཕྱི་རྣམས་ཀྱིས་རྣམ་ཤེས་གསུམ་པོ་དེའི་སྐྱེད་བྱེད་དང་རང་དུས་ཀྱི་བཞོན་པའི་རླུང་དང་ཆོས་མཐུན་དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ནི་གཞི་དུས་ཀྱི་རླུང་སེམས་ངོ་བོར་དབྱེར་མེད་དང་ཆོས་མཐུན། ཟླ་བར་གྱུར་ཏེ་སྣོད་བཅུད་དེ་ལ་ཐིམ་པ་ནི་རླུང་སེམས་ཕྲ་བ་དེ་སྣོད་བཅུད་ཀྱི་རྩ་བར་མཆོད། ཡི་གེ་གསུམ་གྱིས་ངག་དང་། རྡོ་རྗེས་ཡིད་དང་། དང་པོའི་མགོན་པོས་ནི་ལུས་འགྲུབ་པ་མཚོན་ཞིང་ཆོས་མཐུན་ནོ། །རྟགས་གཉིས་པ་ལྟར་ཡིན་ཏེ། ཟླ་ཉི་པདྨ་གསུམ་ནི་དཔེ་དོན་གྱི་འོད་གསལ་ལས་ལངས་པའི་ལུགས་ལྡོག་གི་སྣང་བ་དང་ཆོས་མཐུན། ཡི་གེ་སྔ་ཕྱི་རྣམས་ཀྱིས་ཡེ་ཤེས་དེ་རྣམས་སྐྱེད་བྱེད་དང་བཞོན་པའི་རླུང་མཚོན། ཟླ་བས་ནི་དག་མ་དག་གི་སྒྱུ་ལུས་པ་གཉིས་ཀྱི་རྒྱུད་ཀྱི་རླུང་སེམས་ངོ་བོ་དབྱེར་མེད་མཚོན། ཟླ་བའི་སྟེང་གི་ཡི་གེ་རྡོ་རྗེ་དང་པོའི་མགོན་པོ་གསུམ་གྱིས་སྒྱུ་ལུས་པའི་གསུང་ཐུགས་སྐུ་རྣམས་མཚོན་ཞིང་དེ་རྣམས་དང་ཆོས་མཐུན་ལ། འབྲས་བུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སོགས་མཚོན་པ་དང་དེ་རྣམས་འགྲུབ་པའི་རྒྱུད་སྨིན་བྱེད་དུ་འགྱུར་བའི་ཕྱིར། གསུམ་པ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་བཤད་པ་ལ་བཞི། སྦྱང་གཞི་སྐྱེ་བ་ལེན་ཚུལ། སྦྱོང་བྱེད་ཆོས་མཐུན་སྦྱོར་ཚུལ། ལུས་དཀྱིལ་བསྒོམ་ཚུལ། སྐུ་གསུང་ཐུགས་བྱིན་བརློབ་དང་སེམས་དཔའ་སུམ་བརྩེགས་བསྒོམ་ཚུལ་ལོ། །དང་པོ་ནི། བར་དོ་བ་དེས་རང་གི་ཕ་མར་འགྱུར་བའི་གང་ཟག་སྒྱུ་མ་ལྟ་བུར་མཐོང་ནས་ཕའི་ཁའམ་སྤྱི་བོ་དང་མའི་མངལ་གྱི་སྒོ་གསུམ་པོ་གང་རུང་ནས་ཞུགས་ཏེ། བྱང་སེམས་དཀར་དམར་གྱི་དབུས་སུ་ཉིང་མཚམས་སྦྱོར་བ་ཡིན་ཏེ། རྒྱས་པར་འདིར་མི་འཆད་དོ། །གཉིས་པ་ནི། རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་ཡབ་ཡུམ་ཞེས་སོགས་གསུངས་པ་ལྟར་བསྒོམ་པ་ཡིན་ལ། དེ་ཡང་རང་བཞིན་གྱི་གནས་ནས་ཞེས་པའི་དོན་གཞུང་ཆེ་བ་ནས་འབྱུང་བ་ལྟར། སྤྱིར་དེ་བཞིན་གཤེགས་པ་རང་རང་གི་བཞུགས་གནས་སྤྲུལ་སྐུའི་ཞིང་ཁམས་མངོན་དགའ་ལྟ་བུ་སོགས་ལ་བྱེད་དགོས་པར་མངོན་ལ། འཁྲིད་རྒྱུན་འགའ་ཞིག་ལྟར་ན་རང་བཞིན་གྱི་གནས་སྟེང་གི་རེའུ་མིག་དབུས་མའི་བར་སྣང་དེར་བྱས་ནས་དེ་ནས་སྟོང་པའི་ངང་ལས་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལས་མི་བསྐྱོད་པ་ཡབ་ཡུམ་དཔག་ཏུ་མེད་པར་གྱུར་ཏེ། དེས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བས་དེ་ཐམས་ཅད་མི་བསྐྱོད་པར་གྱུར་སྙམ་དུ་བསམ་པར་བཤད། ཁ་ཅིག་ཏུ། རང་དང་པོའི་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱི་སྣེ་ལས་ཡབ་ཡུམ་སྤྲོས་ཏེ་གདུང་ཟླུམ་གྱི་སྟེང་དུ་བཞུགས་པ་དང་། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ཡབ་ཡུམ་གྱི་རྣམ་པར་སྟེང་གི་རེའུ་མིག་གི་ནམ་མཁའ་གང་བར་བཤད། ཚིག་ཟིན་ལྟར་ན་ཕྱོགས་བཅུའི་རང་བཞིན་གྱི་གནས་ན་བཞུགས་བཞིན་པའི་དེ་བཞིན་གཤེགས་པ་རྣམས་ཡབ་ཡུམ་གྱི་རྣམ་པར་བསམས་ཏེ། དེ་ཐམས་ཅད་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ལས་གྲུབ་པའི་མི་བསྐྱོད་པ་ཡབ་ཡུམ་གྱིས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས་ཏེ། སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་རྣམས་ལ་དབང་བསྐུར། བདེ་བ་དང་ཡིད་བདེ་ཐོབ་པའི་ཚུལ་གྱིས་བྱིན་གྱིས་རླབས་ནས་སངས་རྒྱས་པར་བསམ་དགོས་པར་མངོན་ནོ། །གང་ལྟར་ཡང་མི་བསྐྱོད་པ་ཐམས་ཅད་མི་བསྐྱོད་པ་གཅིག་ཏུ་གྱུར་ནས། རང་དང་པོའི་མགོན་པོ་སྟེང་དུ་འཕགས་པ་ན། དེའི་གདན་ལ་མི་བསྐྱོད་པ་དེ་བཞུགས་པའི་སྤྱི་བོ་ནས་ཞུགས་ཏེ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་ཁྲིད་ཡིག་ཁ་ཅིག་ལས་བཤད། གཞུང་ཆེ་བ་འགའ་ཞིག་ནས་མི་བསྐྱོད་པ་རང་གི་མདུན་དུ་སླེབ་པ་ན། རང་ཕར་མི་བསྐྱོད་པའི་སྙིང་ཁར་འཇུག་པ་དང་། ཁ་ཅིག་ཏུ་དང་པོའི་མགོན་པོ་རང་གནས་ནས་མ་གཡོས་བཞིན་དུ་མི་བསྐྱོད་པ་ལ་འཇུག་པར་བཤད་པ་རྣམས་གང་བྱས་ཀྱང་མི་འགལ་བར་མངོན་ལ། འོན་ཀྱང་མི་བསྐྱོད་པ་ལ་ཕར་འཇུག་པ་ཡིན་གྱི། མི་བསྐྱོད་པ་ཚུར་འཇུག་པ་མིན་ཏེ། མི་བསྐྱོད་པ་ཕ་མའི་ཁུ་ཁྲག་གི་དོད་དང་དང་པོའི་མགོན་པོ་བར་དོའི་དོད་ཡིན་པས། བར་དོ་བ་ཁུ་ཁྲག་ལ་འཇུག་གི ཁུ་ཁྲག་བར་དོ་ལ་མི་འཇུག་པའི་ཕྱིར་རོ། །འདི་ལ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། གཞི་ལ་འཛམ་བུའི་གླིང་བའི་མི་མངལ་དུ་སྐྱེ་བ་ལེན་པ་དང་ཆོས་མཐུན་ཞིང་རང་ལ་འབྱུང་འགྱུར་གྱི་སྐྱེ་བ་སྦྱོང་། ལམ་འབྲས་ཀྱི་སྒྱུ་ལུས་པ་གཉིས་ཀྱིས་རགས་པའི་སྤྲུལ་སྐུ་འཛིན་པ་དང་རྣམ་པ་མཐུན་ཞིང་དེའི་དགེ་རྩ་སྨིན་བྱེད་དུ་འགྱུར་བ་དང་། དེ་ལྟ་ནས་འབྲས་བུ་ལམ་དུ་བྱེད་པའི་ཚུལ་གྱིས་བསྒོམས་པས་དེ་མྱུར་དུ་འགྲུབ་པར་འགྱུར་བའི་ཕྱིར་རོ། །དང་པོ་ལྟར་ཡིན་ཏེ། དེ་བཞིན་གཤེགས་པ་ཡབ་ཡུམ་སྙོམས་ཞུགས་པ་ནི་གཞི་ལ་ཕོ་མོ་སྙོམས་པར་འཇུག་པ་དང་ཆོས་མཐུན། མི་བསྐྱོད་པས་ནམ་མཁའ་ཁྱབ་པ་ནི་གཞི་ལ་ཕ་མའི་ཁུ་ཁྲག་གིས་རྩ་སྟོང་ཕྲག་དོན་གཉིས་ཀྱི་ནང་གང་བ་དེ་མཚོན། དེས་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་རླབས་པས་བདེ་བ་ཐོབ་པ་ནི་ཕ་མ་གཉིས་བདེ་བས་བརྒྱལ་བ་དང་ཆོས་མཐུན། མི་བསྐྱོད་པ་ཐམས་ཅད་གཅིག་ཏུ་འདྲེས་པ་ནི་ཁུ་ཁྲག་མངལ་དུ་འདྲེས་པ་དང་ཆོས་མཐུན། མི་བསྐྱོད་པ་དེ་ལ་དང་པོའི་མགོན་པོ་ཞུགས་པ་ནི། བར་དོ་སྐྱེ་གནས་སུ་ཉིང་མཚམས་སྦྱར་བ་དང་ཆོས་མཐུན་ཞིང་། རིགས་ལྔས་སེམས་ཅན་དེའི་ཕུང་པོ། ཡུམ་བཞིས་ཁམས་བཞི། སེམས་དཔའ་དྲུག་གིས་མིག་སོགས། རྡོ་རྗེ་མ་ལྔས་ཡུལ་ལྔ་མཚོན་པ་སོགས་ལྷག་མ་རྣམས་ལའང་སྦྱོར་བའི་ཕྱིར་རོ། །རྟགས་ཕྱི་མ་སྔར་བཞིན་རིགས་འགྲེའོ། །གསུམ་པ་ལུས་ཀྱི་དཀྱིལ་འཁོར་ནི། རང་གི་ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་ཞེས་སོགས་བཤད་པ་ལྟར་བསྒོམ་པ་ཡིན་ལ། དེ་ཡང་ལུས་ཀྱི་ཆ་དེ་དང་དེ་རྣམས་ལས་རིགས་འདྲ་རེ་ཆད་དེ་འོད་ཀྱི་རྣམ་པར་གྱུར་ཏེ་ཕྱི་དཀྱིལ་གྱི་ཆ་དེ་དང་དེ་ལ་ཐིམ་པས་རང་གི་ལུས་ཀྱི་ཆ་དེ་དང་དེས་ཉེར་ལེན་དང་དཀྱིལ་གྱི་ཆ་དེ་དང་དེས་ལྷན་ཅིག་བྱེད་རྐྱེན་བྱས་ནས་ལུས་དཀྱིལ་གྱི་གཞལ་ཡས་ཁང་དེ་དང་དེར་གྱུར་པར་བསམ། འདིར་ཕྱི་དཀྱིལ་གྱི་ཆས་ཉེར་ལེན་བྱེད་པའི་ལུགས་ཀྱང་སྣང་བས་བརྟག དེའི་ཚེ་ལུས་དཀྱིལ་དེ་ལ་ཕྱི་དཀྱིལ་གྱི་སྒྲ་འཇུག་མི་འཇུག་དང་། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ལྷ་བཀོད་ཟིན་པའི་ཚེ་ལུས་རྟེན་གྱི་དཀྱིལ་འཁོར་དུ་གྱུར་པའི་ཆ་མ་བསྡུས་པས་དེ་ལ་ལུས་དཀྱིལ་གྱི་ཐ་སྙད་བྱེད་མི་བྱེད་ཀྱི་བརྒལ་བརྟག་མང་ཡང་མི་བརྗོད་དེ། སྔགས་ཀྱི་སྐབས་སུ་ནི་ཚིག་གཙོ་བོར་མི་བྱེད་པས་སོ། །དཀྱིལ་འཁོར་གྱི་ཟུར་བཞི་ཞེས་པའི་དོན་གཞུང་ཆེ་བ་ཕལ་ཆེར་ནས་མི་གསལ་ལ། འཁྲིད་ཡིག་འགའ་ཞིག་ནས་རང་གི་ལུས་ཀྱི་དབུས་ནས་བགོས་པའི་ཆ་བཞི། དཀྱིལ་འཁོར་གྱི་སྒོ་བཞི་པོ་སོ་སོ་ནས་གཡས་གཡོན་དུ་ཕྱེ་བའི་ཟུར་རམ་གྲྭ་བཞིར་འགྱུར་བར་བཤད་པ་ལྟར་བྱའི། གྲྭ་ཙམ་ལ་མི་བྱེད་དོ། །ལུས་དཀྱིལ་འགོད་པའི་ཚེ་ཤེས་པ་རྣམས་ལ་གཟུགས་མེད་ཀྱང་གཟུགས་ཅན་འོད་དུ་མོས་པ་ནི་དགོས་པའི་དབང་ཡིན་པས་མི་འགལ་ཞིང་། ལུས་དཀྱིལ་གྱི་གཙོ་བོ་ནི་བཀོད་པའི་བརྟེན་པའི་དཀྱིལ་འཁོར་ལ་བྱེད་ཀྱང་། རྟེན་ཡང་ལུས་ཀྱི་ཆ་ལས་གྲུབ་པར་བསྒོམ་དགོས་པས། ལུས་དཀྱིལ་དུ་རུང་སྙམ་སྟེ་བརྟག ལུས་ཀྱི་ཆ་དེ་དང་དེ་རྣམས་གཞལ་ཡས་ཁང་གི་ཆ་དེ་དང་དེར་གྱུར་པ་ན་ལྷག་མ་ལུས་པ་མི་འགྱུར་རམ་སྙམ་དུ་དོགས་མི་དགོས་སོ། །ལུས་དཀྱིལ་གྱི་ལྷ་བསྒོམ་ཚུལ་ནི། རང་གི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་གཟུགས་ཀྱི་ཕུང་པོའི་ངོ་བོ་ༀ་དཀར་པོ་ཞིག་ཏུ་བསམ། དེ་ཡོངས་སུ་གྱུར་པ་ལས་རྣམ་སྣང་སྒྲུབ་ཐབས་ལྟར་བསྐྱེད། དེའི་ཚེ་གཟུགས་ཕུང་ཡོངས་སུ་གྱུར་པ་ལས་ༀ། དེ་ལས་རྣམ་སྣང་བསྐྱེད་པ་ལྟ་བུ་ཞིག་མཁས་གྲུབ་རྗེས་བཤད་ཀྱང་སྒྲུབ་ཐབས་ཀྱི་ཚིག་ཟིན་ལྟར་གཟུགས་ཕུང་གི་ངོ་བོ་རང་ཉིད་ༀ་གྱི་རྣམ་པར་བསམ་པ་གཞན་མང་པོས་བཤད་པས་དེ་ལྟར་བྱ། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་བར་བྱ་ཞིང་། གནས་གང་དུ་གང་བཞུགས་པ་ནི་ཆོ་གར་གསལ་ཞིང་། ཞལ་གང་དུ་བལྟ་བ་སོགས་ཀྱི་ཁྱད་པར་ནི་གོང་དུ་བཤད་པ་དེས་ཤེས་པར་བྱའོ། །གཟུགས་ཕུང་སྤྱིར་ལུས་ཀྱི་ཆ་ལ་ཁྱབ་ཀྱང་། སྤྱི་བོ་ན་གཟུགས་ཕུང་གི་རྒྱུའི་གཙོ་བོ་བྱང་སེམས་ཡོད་པ་དང་། འདུ་ཤེས་སྙིང་གར་ཡོད་ཀྱང་ངག་སྨྲ་བའི་འདུ་ཤེས་ཀྱི་ཆ་གཅིག་མགྲིན་པ་ནས་འབྱུང་བ་དང་། མིག་གི་རྣམ་ཤེས་སོགས་ཡོད་ཀྱང་རྣམ་ཤེས་ཀྱི་གཙོ་བོ་སྙིང་ཁ་ནས་ཡོད་པ་དང་། ཚོར་བ་ལུས་སེམས་ཀྱི་ཆ་རྣམས་ལ་ཡོད་ཀྱང་ཚོར་བའི་རྟེན་གཏུམ་མོ་ལྟེ་བར་ཡོད་པ་དང་། འདུ་བྱེད་ལུས་ཀྱི་ཆ་གཞན་དང་སེམས་བྱུང་ལ་ཡོད་ཀྱང་འདུ་བྱེད་ཀྱི་རྟེན་རླུང་ལྟེ་བ་མན་ཆད་དུ་ཡོད་པས་དེ་དང་དེར་རིགས་ལྔ་དེ་དང་དེ་བསྐྱེད་པ་དང་། གཞན་ལའང་ཕྱོགས་ཙམ་མཚོན། དགོས་པ་ཡང་སྔར་ལྟར་རོ། །བཞི་པ་ལ་གཉིས། སྒོ་གསུམ་བྱིན་གྱིས་བརློབ་པ་དང་། སེམས་དཔའ་སུམ་བརྩེགས་བསྒོམ་ཚུལ་ལོ། །དང་པོ་ནི། རང་གི་སྤྱི་བོར་ༀ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཞེས་སོགས་གསུངས་པ་ལྟར་བསྒོམ་པ་ཡིན་ལ། དེ་ཡང་། རང་གི་སྤྱི་བོར་ༀ་ལས་བྱུང་བ་དང་ལྕེའི་དབུས་སུ་ཨཱ་ལས་བྱུང་བའི་ཞེས་པ་ཙམ་ལས་མི་གསལ་ཡང་། འཁྲིད་ཡིག་འགའ་ཞིག་ལས། སྤྱི་བོའི་རྣམ་སྣང་། མགྲིན་པའི་འོད་དཔག་མེད། སྙིང་ཁའི་མི་བསྐྱོད་པ་གསུམ་གྱི་ཐུགས་ཀར་རིམ་བཞིན་ༀ་ཨཱཿཧཱུཾ་གསུམ་འགོད་པར་བཤད་པ་ལྟར་ན། ཡི་གེ་དེ་གསུམ་ལས་རིམ་པ་བཞིན་དུ་འཁོར་ལོ་པདྨ་ཉི་མ་རེ་རེ་བསྐྱེད་པའི་སྟེང་རིམ་པ་བཞིན་དུ་ༀ་ཨཱཿཧཱུཾ་བཀོད་དེ། དེ་རྣམས་ལ་འོད་ཟེར་འཕྲོས་པའི་སྣེ་མོ་ལས་སྤྱན་སོགས་དཔག་ཏུ་མེད་པ་སྤྲོས། རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་རྣམས་རིམ་གྱིས་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བཞུགས་པ་ལ་གསོལ་བ་གདབ་པ་སོགས་ཡིན་ལ། འོན་ཀྱང་སྒྲུབ་ཐབས་ཀྱི་ཚིག་ཟིན་ལྟར་ན། སྤྱི་བོར་ༀ་དང་ལྕེའི་དབུས་ཀྱི་ཨཱཿསོགས་ལས་སྔར་བཞིན་སྤྲོས་ཏེ། སྤྱན་འདྲེན་པ་ལྟར་གཞུང་ཆེ་བ་ཕལ་ཆེར་ནས་སྒྲས་ཟིན་ལྟར་བཤད། དེ་ཡང་རྣམ་སྣང་ལྟ་བུ་ཆེ་བ་རེ་རེ་དབུས་ན་ཡོད་པའི་མཐར་རྣམ་སྣང་ཡབ་ཡུམ་དཔག་ཏུ་མེད་པས་བསྐོར་བར་བསམ་པ་ཡིན་ལ། ཡང་འཁྲིད་ཡིག་འགའ་ཞིག་ལས་འཆར་བདེ་བའི་དབང་དུ་བྱས་ནས་ལྷ་མོ་བཅུ་གཅིག་རེ་སྤྲོས་སངས་རྒྱས་ཐམས་ཅད་རྣམ་སྣང་སོགས་བཅུ་གཅིག་རེའི་རྣམ་པར་སྤྱན་དྲངས་ནས། གདུང་འཁོར་གྱི་བར་སྣང་དུ་དབུས་སུ་སུམ་བརྩེགས་དང་ཕྱོགས་མཚམས་རྣམས་སུ་བརྒྱད་བཀོད་དེ་གསོལ་བ་འདེབས་པ་སོགས་བྱེད་ཀྱང་། སྔ་མ་ནི་ཆོ་གའི་གཞུང་ཚིག་དང་མཐུན་ཞིང་བདེ། མན་ངག་འགའ་ཞིག་ལས་འབྱུང་བ་ལྟར་གསོལ་གདབ་བྱ་བའི་ཚེ་རྡོར་སེམས་རང་ཉིད་བཞུགས་བཞིན་པའི་སྤྲུལ་པ་གཉིས་པ་ཞིག་སྤྲོས་ནས། གཙོ་བོ་ཡབ་ཡུམ་གྱི་མདུན་དུ་འདུག་སྟེ་གསོལ་འདེབས་བྱེད་པའམ། རྡོར་སེམས་ཉིད་སྟེང་དུ་འཕགས་ནས་སམ་འཕགས་པར་མོས་ནས་འདུག་བཞིན་པར་གསོལ་འདེབས་བྱེད་པའི་མོས་པ་བྱས་ཀྱང་རུང་བར་སེམས། དཔལ་ལྡན་སངས་རྒྱས་སྐུ་འཆར་བ། །ཞེས་སོགས་ཀྱིས་གཙོ་བོ་དང་། ཕྱོགས་བཅུར་བཞུགས་པའི་ཞེས་སོགས་ཀྱིས་འཁོར་རྣམས་ལ་གསོལ་གདབ་བྱ། གཞན་སླ་ཞིང་དཔལ་དང་ལྡན་པའི་དོན་ནི་རང་གི་ཡུམ་སྤྱན་སོགས་དང་ལྡན་པ་དང་། སྐུ་འཆང་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རང་གི་བདག་ཉིད་དུ་འཛིན་པ་དང་། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པ་ནི། དེ་གསུམ་དབྱེར་མེད་པའི་རྡོ་རྗེ་འཆང་བསྒོམས་པའི་སྒྲུབ་པ་པོ་སྟེ་དེར་ཉིད་དུ་རྡོ་རྗེ་གསུམ་དང་འདྲ་བར་བྱིན་གྱིས་བརློབ་པར་གསོལ་བའོ། །དེའི་ཚེ་རྣམ་སྣང་ཡབ་ཡུམ་རྣམས་ཆགས་པ་ཆེན་པོའི་མེས་ཐིག་ལེའི་རྣམ་པར་རམ་འོད་ཟེར་གྱི་རྣམ་པར་ཞུ་སྟེ། གདུང་འོག་ཏུ་སླེབ་པའི་ཚེ་གཅིག་ཏུ་འདུས། རྡོར་སེམས་ཀྱི་སྤྱི་བོར་སླེབ་པ་ན་ཆ་གཉིས་སུ་སོང་། ཆ་གཅིག་རྣམ་སྣང་དང་ཆ་གཞན་རྣམས་ལུས་དཀྱིལ་གྱི་ལྷ་སོ་སོའི་སྤྱི་གཙུག་ནས་ཞུགས་ཏེ་ལུས་གང་། ལྷག་པ་ཕྱིར་འཐོན་པས་གཞིའི་རྡོར་སེམས་ཀྱི་སྐུའི་ཆ་ཐམས་ཅད་གང་ནས་བདེ་ཆེན་གྱི་ཡེ་ཤེས་སྐྱེས། སྤྲུལ་སྐུ་གྲངས་མེད་སྟོན་ནུས་པའི་སྐུའི་དབང་ཕྱུག་ཐོབ་པར་བསམ། གསུང་གི་སྐབས་སུ་རང་གི་མགྲིན་པར་སླེབ་པ་ན་གཉིས་སུ་གྱུར་ཏེ་ཆ་གཅིག་འོད་དཔག་མེད་དང་། ཐུགས་ཀྱི་ཚེ་སྙིང་ཁར་སླེབ་པ་ན་ཆ་གཉིས་སུ་གྱུར་ཏེ་གཅིག་མི་བསྐྱོད་པ་དང་ཆ་གཅིག་ལུས་དཀྱིལ་གྱི་ལྷ་སོ་སོའི་མགྲིན་པ་དང་སྙིང་ཁར་ཐིམ་པས། འགྲོ་བ་མཐའ་དག་གི་སྐད་དང་མཐུན་པར་ཆོས་ཐམས་ཅད་སྟོན་ནུས་པའི་གསུང་དང་། ཤེས་བྱ་ཐམས་ཅད་གཅིག་ཆར་དུ་མངོན་སུམ་གཟིགས་པའི་ཐུགས་ཀྱི་དབང་ཕྱུག་ཐོབ་པར་བསམ་པ་ནི་འཁྲིད་ཡིག་འགའ་ཞིག་ལས་བཤད། སྒྲུབ་ཐབས་ཀྱི་ཚིག་ཟིན་ལྟར་གཞུང་ཆེ་བ་ཕལ་ཆེར་ལས་དང་པོའི་ཚེ་རང་གི་སྤྱི་བོ་དང་། གཉིས་པའི་ཚེ་ལྕེ་སྟེང་དང་། གསུམ་པའི་ཚེ་སྙིང་ག་ནས་ཞུགས་ཏེ་བྱིན་གྱིས་བརླབས་པ་ལས་གཞན་མི་གསལ་ཡང་། དམིགས་པ་རྒྱས་བསྡུས་སུ་མངོན་ནོ། །དེ་གསུམ་སོ་སོའི་མཐར་ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་དང་། དེ་བཞིན་དུ་ཝཱ་ཀ་དང་། ཙིཏྟ་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾ་གསུམ་སོ་སོར་བརྗོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་དང་གསུང་དང་ཐུགས་ཀྱི་བདག་ཉིད་དེ་ངའོ་སྙམ་དུ་སོ་སོའི་ང་རྒྱལ་དང་། མཐར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དེ་ངའོ་སྙམ་དུ་ཟུང་འཇུག་གི་ང་རྒྱལ་བྱའོ། །ཐུན་མོང་དུ་བྱིན་བརླབ་བྱ་བའི་ཚེ། གཞུང་ཆེ་བ་ཕལ་ཆེར་དང་ཆོ་གའི་ཚིག་ཟིན་ལ་མི་གསལ་ཡང་། འཁྲིད་ཡིག་འགའ་ཞིག་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་ཡིད་ཀྱིས་གསོལ་བ་བཏབ་པས་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པས་རང་དང་ལུས་དཀྱིལ་གྱི་ལྷ་སོ་སོ་ལ་བྱིན་གྱིས་བརློབ་པའི་ཚུལ་ཞིག་ཀྱང་བཤད་དོ། །རྩ་རྒྱུད་ལེའུ་གཉིས་པ་ལས་ཁྱེད་ཀྱིས་སེམས་ལུས་ལྟ་བུ་དང་ཞེས་སོགས་ཀྱི་དོན་བསྐྱེད་རིམ་གྱི་སྐབས་སུ་འདི་ལ་སྦྱར་དགོས་སོ། །དགོས་པ་ནི། སྒོ་གསུམ་བྱིན་གྱིས་བརློབ་པ་དང་། འབྲས་བུའི་སྐུ་གསུམ་མྱུར་དུ་འགྲུབ་པའི་ཆེད་དོ། །གཉིས་པ་ནི། རང་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་སྔོན་པོར་གསལ་བའི་ཞེས་གསུངས་པ་ལྟར་བྱ་བ་ཡིན་ཏེ། དེ་ཡང་། རང་དམ་ཚིག་པ་རྡོ་རྗེ་འཆང་གི་ཐུགས་ཁར་སྣ་ཚོགས་པདྨའི་གདན་ལ་ཡེ་ཤེས་སེམས་དཔའ་དམར་པོ་རང་འདྲའི་ཡུམ་ལ་འཁྱུད་པ་དང་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་སྔོན་པོ་དེ་ཡང་རྡོ་རྗེའི་ལྟེ་བའི་ནང་དུ་མེ་ལོང་ངོས་གཟུགས་བརྙན་ཤར་བ་ལྟ་བུ་འོད་དང་ལྡན་པར་བསམ་པའོ། །ཡེ་ཤེས་སེམས་དཔའ་དེ་ནི་སྙིང་ཁའི་མི་བསྐྱོད་པའི་ཐུགས་གར་རམ་མདུན་དུ་གང་བ་དེ། སྤྱིར་གཞིའི་སེམས་དཔའ་གསུམ། ལམ་གྱི་སེམས་དཔའ་གསུམ། འབྲས་བུའི་སེམས་དཔའ་གསུམ་སྟེ་དགུ། དང་པོ་ལ་གསུམ་ནི། རགས་པ་གནས་སྐབས་པའི་ལུས། ཕྲ་བ་གཉུག་མའི་ལུས་ཏེ་ཤིན་ཏུ་ཕྲ་བའི་རླུང་སེམས་དབྱེར་མེད་དུ་གནས་པའི་རླུང་ཕྲ་བ། ཤིན་ཏུ་ཕྲ་བའི་སེམས་སོ། །ཕྱི་མ་གསུམ་ཚན་གཉིས་ཀྱང་དེས་གོ་ནུས་བསྒོམ་པའི་དགོས་པ་ནི། གཞིའི་སེམས་དཔའ་གསུམ་སྦྱངས་ཏེ་ལམ་འབྲས་ཀྱི་སེམས་དཔའ་གསུམ་མངོན་དུ་བྱེད་པའི་ཆེད་དུའོ། །རིགས་བདག་གིས་རྒྱས་གདབ་པའི་ཚེ། སྒྲུབ་ཐབས་སུ་རང་གི་སྤྱི་བོར་རྡོ་རྗེ་འཆང་བསྒོམས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་བབས་ཏེ་རང་གི་ལུས་ཐམས་ཅད་ཚིམ་པར་བྱེད་པ་ཙམ་བཤད་པ་ལྟར་གཞུང་ཆེ་བ་དག་ལས་ཀྱང་དེ་དང་མཐུན། འཁྲིད་ཡིག་ཁ་ཅིག་ལས། རང་གི་སྤྱི་བོའི་ༀ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྣམ་སྣང་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་རང་གི་སྤྱི་བོར་སླེབ་པ་ན་རྣམ་སྣང་ཡབ་ཡུམ་ཟུང་གཅིག་ཏུ་གྱུར། དམ་ཚིག་པའི་སྤྱི་བོ་ནས་ཞུགས་ཏེ་ཡེ་ཤེས་སེམས་དཔའི་སྤྱི་བོར་སྙོམས་པར་ཞུགས་ནས་ཐིམ་པས་སྐུ་གང་། ཕྱིར་ཐོན་དམ་ཚིག་སེམས་དཔའི་སྐུ་གང་སྟེ་ཡར་ལུད་པ་ལས་གཙུག་ཏོར་ཏུ་རིགས་བདག་རྡོ་རྗེ་འཆང་དཀར་པོ་ཞིག་ཏུ་གྱུར་པ་དང་། ཡང་མགྲིན་པ་དང་སྙིང་ཁ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འོད་དཔག་མེད་དང་མི་བསྐྱོད་པ་ཡབ་ཡུམ་གྱི་རྣམ་པར་སྤྱན་འདྲེན་པ་སོགས་འགའ་རེ་བཤད་དེ་མ་བྲིས། དེ་ཡང་དམིགས་སྐོར་རྒྱས་བསྡུས་སུ་སྣང་གི ངེས་པར་དགོས་པའི་ཡན་ལག་ཏུ་མི་སྣང་ངོ་། །བཞི་པ་ནི། སྨོན་ལམ་ལས། རང་དོན་ཕུན་ཚོགས་དེ་ཡི་མྱུར་བའི་ལམ། །ཞེས་སོགས་ཀྱི་རྐང་པ་བཞིས་སྟོན་ཏེ། དེ་ནི་རང་གི་སྙིང་ག་ནས་རང་རིགས་ཀྱི་རིག་མ་ཕྱུང་ཞེས་སོགས་ལྟར་བྱ་བ་ཡིན་ལ། དེ་ཡང་སྐུ་གསུམ་གོ་འཕང་བདེ་ཆེན་གྱི་ལམ་གྱིས་ཐོབ་པར་བསྟན་པའི་ཕྱིར་སྔོན་རྡོ་རྗེ་འཆང་གིས་ལྷ་མོ་སྤྲུལ་ཏེ་སྙོམས་པར་འཇུག་པའི་ཚུལ་བསྟན་པ་ལྟར། འདིར་ཡང་དེ་དང་ཆོས་མཐུན་པར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་སྙོམས་འཇུག་བྱེད་དགོས་པ་ཡིན་ཡང་། ལས་ཀྱི་ཕྱག་རྒྱ་དང་སྒྲུབ་པ་པོ་མཚན་ཉིད་ཚང་དཀའ་བས། ཡེ་ཤེས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ན། རང་གི་སྙིང་ག་ནས་རང་རིགས་ཀྱི་རིག་མ་རྨེ་ཤ་ཅན་གྱི་བུ་མོ་ཐ་མལ་པའི་རྣམ་པ་ཅན་ཞིག་ཕྱུང་སྟེ། ཐ་མལ་གྱི་སྣང་ཞེན་དགག་པའི་ཕྱིར་དུ་ཤཱུནྱ་ཏའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཁཾ་སྔོན་པོ་ཞིག་བྱུང་། དེ་ཞུ་བ་ལས་རྡོ་རྗེ་ཁཾ་གིས་མཚན་པ་དང་། དེ་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མར་སྒྲུབ་ཐབས་ལྟར་བསྐྱེད་དེ། གནས་རྣམས་སུ་རིགས་ལྔ་སོགས་སོ་སོར་འགོད། གང་དུ་ཇི་ལྟར་བཞུགས་པ་ནི་གོང་གི་དེས་ཤེས། འོན་ཀྱང་རལ་གཅིག་མ་ནི་ཡུམ་གྱི་བྱ་རོག་གདོང་གི་བུ་གའི་ནང་ཙམ་རྩ་འཁོར་ཡོད་པ་དེར་འགོད། ཡུམ་དངོས་མིན་པར་བསྒོམ་པ་ཙམ་ལ་ལུས་དཀྱིལ་མཚན་ཉིད་པ་མི་འོང་སྟེ། ལུས་ཀྱི་ཆ་དེ་དང་དེར་འགྱུར་བའི་སྒྲུབ་གཞི་མེད་པའི་ཕྱིར། དེས་ན་ས་བོན་ལས་བསྐྱེད་པ་ཙམ་ཡིན་ནོ་གསུང་། ཁྲོ་བོའི་ཡུམ་རྣམས་ཇི་ལྟ་བུ་ཡིན་པ་གཞན་ལས་མ་མཐོང་ཡང་། མཁས་གྲུབ་ནོར་བཟང་བས་རང་རང་གི་ཡབ་ཁྲོ་བོ་རྣམས་དང་འདྲ་བར་བཤད། འདིར་ཡུམ་གྱི་པང་ནས་ཡབ་ཀྱིས་འཁྱུད་པར་བྱ་དགོས་ཏེ། ཡུམ་གཙོ་ཆེ་བའི་ཕྱིར་རོ། །ཡབ་ཀྱི་རྡོ་རྗེ་ནི་ཕྱི་ཡོངས་གྲགས་ལྟར་ལ། རྡོ་རྗེ་རྩེ་ལྔ་པ་གཟུགས་བརྙན་ཤར་བ་ལྟར་བསྒོམ་པར་བཤད། རིན་འབྱུང་གི་ང་རྒྱལ་གྱིས་ༀ་སརྦ་ཏ་ཐཱ་ག་ཏ་སོགས་བརྗོད་དེ་སྙོམས་འཇུག་གི་སྦྱོར་བ་བརྩམས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་བདག་ཉིད་ངའོ་སྙམ་དུ་ང་རྒྱལ་བྱ། སྙོམས་འཇུག་དངོས་གཞིའི་ཚེ་རྡོ་རྗེ་འཆང་གི་ང་རྒྱལ་དུ་འཕོ། དེ་ནས་དོན་གྲུབ་ཀྱི་ང་རྒྱལ་གྱིས་ཕཊ་བརྗོད་དེ། བྱང་སེམས་ནོར་བུའི་བརྩེ་བའི་བར་དུ་ཕབ་པས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པར་བསམས་ལ། ལུས་ཀྱི་ལྷ་རྣམས་མཆོད་པའི་དུས་སུ་སྐུ་རྡོ་རྗེ་འཆང་དུ་གནས་པ་ལས་ང་རྒྱལ་སྔ་ཕྱི་གཉིས་ཀྱིས་བྱས་ཆོག་པར་མངོན་ཏེ་བརྟག །བྱང་སེམས་འབབས་པའི་ཚེ། རྗེའི་སྨོན་ལམ་ལྟར་ན་ཨ་ཝ་དྷཱུ་ཏཱིའི་ནང་ནས་འབབ་པར་བསམ་དགོས་པར་སྣང་ཞིང་། འཁྲིད་ཡིག་དག་ལས་ལྷ་རྣམས་བདེ་བས་ཚིམ་ནས་སྐུ་ལས་བྱང་ཆུབ་ཀྱི་སེམས་རྔུལ་ཆུ་ལྟར་འབྱུང་བ་བསམ་པར་བཤད་ཅིང་། སྐབས་འདིར་ལྷ་རྣམས་ཡེ་མེད་དུ་ཞུ་བ་མིན་གསུང་། གང་དུ་ཞུ་ན་བདག་བསྐྱེད་གཅིག་པུའི་ཚེ་གསང་མཆོད་ཀྱི་སྐབས་དང་། བདག་མདུན་གཉིས་ཀའི་ཚེ་མདུན་བསྐྱེད་ཀྱི་གསང་མཆོད་ཀྱི་སྐབས་དང་། བདག་འཇུག་བྱེད་ཚེ་གསང་དབང་གི་སྐབས་མ་ཞུ་བ་མན་ངག་ཡིན་གསུང་། འོན་ཀྱང་ཚིག་ཟིན་ལྟར་ན་ལྷ་ཐམས་ཅད་ཞུ་བ་ལྟར་སྣང་བ་དང་། གཞུང་ཆེ་བ་ཕལ་ཆེར་ལས་གོང་ལྟར་ཞིབ་ཆ་མེད་པར་ཞུ་བ་ལྟ་བུར་བཤད་དེ་བརྟག་གོ །དེ་ལྟར་བསྒོམས་པའི་དགོས་པ་ནི། རྟེན་བརྟེན་པ་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཏུ་འཆར་བ་དང་། རྫོགས་རིམ་གྱི་བདེ་ཆེན་འདྲེན་པ་སོགས་ཀྱི་ཆེད་དོ། །འདི་ཡན་ཆད་ནི་དང་པོ་སྦྱོར་བ་སྟེ། སྒྲུབ་ཐབས་བསྡུས་པ་བསྒོམས་ན་འདི་ནས་བསྙེན་པ་ལ་འཇུག་པ་ཡིན་ནོ། །དཀྱིལ་འཁོར་རྒྱལ་མཆོག་མི་བསྒོམས་ན་བྱང་སེམས་ཕྱིར་འབྱིན་པའི་དམིགས་པ་ནི་མི་བྱེད་དོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། སྨོན་ལམ་ལས། མཁའ་དབྱིངས་རྡོ་རྗེ་སྦྱང་བས་སྦར་བ་ཡིས། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་སྟོན་ཏེ། དེ་ཡང་ཞུ་བའི་ཐིག་ལེ་ཡུམ་གྱི་པདྨར་ཕབ་པ་ཞེས་འབྱུང་བ་ལྟར་བྱ་བ་ཡིན་ལ། དེ་ཡང་ཡུམ་གྱི་པདྨར་ཐིག་ལེ་ཕབ་པ་དེ་ཆ་གཉིས་སུ་གྱུར་ཏེ། ཆ་གཅིག་བྷྲུཾ་དང་དེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གདན་དང་བཅས་པར་གྱུར་པར་བསམ་པ་སྟེ། འདི་ལ་རྡོར་ར་སོགས་མི་དགོས་གསུང་། ཆ་གཅིག་གདན་དེ་རྣམས་ཀྱི་སྟེང་དུ་རེ་མིག་གི་དབུས་ནས་གཟུང་སྟེ་ཐིག་ལེ་སོ་གཉིས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་ཡི་གེ་གསུམ་དང་སྤེལ་ཏེ་དབུས་སུ་ཧཱུཾ་དང་ཁཾ་སྔོན་པོ། ཤར་དུ་ༀ་དཀར་པོ། ལྷོར་སྭ་སེར་པོ། ནུབ་ཏུ་ཨཱཿདམར་པོ། བྱང་དུ་ཧཱ་ལྗང་ཁུ། ཤར་ལྷོར་ལཾ་དཀར་པོ། ནས། ཁྲོ་བོ་བཅུའི་གནས་སུ་ཧཱུཾ་རེ་རེར་གྱུར་པར་བསམ་ཞིང་། ས་བོན་རྣམས་ཀྱང་ལྷའི་མདོག་དང་མཐུན་པའོ། །དེ་རྣམས་ཡོངས་སུ་གྱུར་པ་ལས་དབུས་སུ་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་ཁཾ་གིས་མཚན་པ་གཉིས། དེ་བཞིན་དུ་ལྷ་རང་རང་གི་ས་བོན་གྱི་ཕྱག་མཚན་རེ་རེ། དེ་རྣམས་ལས་ལྷ་སོ་གཉིས་གཅིག་ཆར་དུ་བསྐྱེད་ནས་རྣམ་པ་རྣམས་རིམ་གྱིས་གསལ་འདེབས་པ་ནི། རང་ཉིད་མི་བསྐྱོད་པ་ཞི་བ་མཐིང་ནག་སོགས་སྒྲུབ་ཐབས་ལྟར་རོ། །བསྐྱེད་སྔགས་རྣམས་འཕྲེང་བསྒྲིགས་བྱ་ཞིང་། ཕྱག་མཚན་ཡི་གེ་དང་བཅས་པ་ཐམས་ཅད་གྱེན་བསྒྲེང་ངོ་། །འདིར་མངལ་ཞེས་པ་ནི་འདིར་ཡུམ་གྱི་ཁོང་པའི་ནང་ཡིན་གྱི། མངལ་སྒོ་མིན་ནོ། །ལྷ་སྤྲོ་བའི་ཚེ། མི་བསྐྱོད་པ་རང་གི་ཐུགས་ཁར་དྲངས། བཛྲ་དྷྲིཀ་ཐུགས་གནས་ཕྱིར་ཕྱུང་ཞེས་སོགས་རང་རང་གི་མཚན་སྔགས་བརྗོད་དེ་བོས་པ་ལྟར་རེ་རེ་ནས་ཐུགས་ཀར་དྲངས། ཕྱོགས་བཅུར་སྤྲོས་ཞེས་པའི་དོན་གཞུང་ཆེ་བ་མཐོང་བ་ཕལ་ཆེར་ལས་ལྷ་རང་རང་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོ་བར་བཤད་ལ། འཁྲིག་ཡིག་འགའ་ཞིག་ལས་ལྷ་དེ་དང་དེས་གཙོ་བོ་བྱས་པའི་དཀྱིལ་འཁོར་ཡང་དཔག་ཏུ་མེད་པ་སྤྲོ་བར་བཤད་དེ། དམིགས་སྐོར་རྒྱས་བསྡུས་སུ་མངོན་ནོ། །དེའི་ཚེ་ལྷ་ཐམས་ཅད་ཀྱང་ཡུམ་གྱི་པདྨ་ནས་ཡབ་ཀྱི་རྡོ་རྗེ་བརྒྱུད་དེ་ཐུགས་ཁར་དྲངས་ཏེ་ཕྱིར་འབྱིན་པ་ནི་འདྲའོ། །སྤྱི་དང་སྒོས་ཀྱི་མཛད་པ་སོ་སོར་མཛད། སོ་སོའི་སྤྲུལ་པ་རྣམས་གཅིག་ཏུ་འདུས་པ་ལ། རང་འདྲའི་ཡེ་ཤེས་པ་དཔག་ཏུ་མེད་པ་བྱུང་སྟེ་ཐིམ་ནས་དབྱེར་མེད་དུ་གྱུར་རང་གི་རིགས་བདག་ལྷ་གང་ཡིན་ཡབ་ཡུམ་ཏེ་སྤྱི་བོར་བཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར། མི་བསྐྱོད་པ་རང་གི་སྙིང་ཁར་ཞུགས་ནས་རང་དང་འདྲེས་ཏེ་ཞེ་སྡང་རྡོ་རྗེར་གྱུར། སྔར་གྱི་མངོན་བྱང་ལྔའི་སྐབས་ཀྱི་ཟླ་བའི་རྒྱུན་གྱི་ཟླ་བ་དེ་ཉིད་རང་གི་འོག་གི་ཉི་གདན་ལ་ཐིམ། རེག་བྱ་རྡོ་རྗེ་མ་བྱོན་ནས་རང་གི་ཡུམ་རེག་བྱ་རྡོ་རྗེ་མ་ལ་ཐིམ་པས་དབྱེར་མེད་དུ་གྱུར། མི་བསྐྱོད་པ་གཙོ་བོར་སོང་བའི་ཚེ་དེ་ལྟར་ཡིན་གྱི། གཞན་རེག་བྱ་རྡོ་རྗེ་མ་གཙོ་བོར་སོང་བའི་ཚེ། མི་བསྐྱོད་པས་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ་དང་། རྣམ་སྣང་སོགས་བཞི་གཙོ་བོར་སོང་བའི་ཚེ་སྤྱན་སོགས་བཞིས་འཁྱུད་པ་དང་། ཡུམ་བཞི་གཙོ་བོར་སོང་བའི་ཚེ་ཡབ་བཞིས་འཁྱུད་པ་དང་། ལྷག་མ་རྣམས་ལའང་གཙོ་བོ་འཕོ་བའི་ཚུལ་ཤེས་པར་བྱའོ། །འབྱིན་སྔགས་རྣམས་ལས་བཛྲ་དྷྲྀཀ་ནི་རྡོ་རྗེ་འཆང་ངམ་རྡོ་རྗེ་འཛིན། ཛི་ན་ཛིཀ་ནི་རྒྱལ་བས་རྒྱལ་ཏེ་རྣམ་སྣང་། རཏཎ་དྷྲྀཀ་ནི་རིན་ཆེན་འཆང་ངམ་འཛིན། ཨ་རོ་ལིཀ་ནི་འཁོར་བ་འཇིག་ཅེས་པ་སྟེ་པདྨ་འཆང་། པྲཛྙཱ་དྷྲཱྀཀ་ནི་ཤེས་རབ་འཛིན། མོ་ཧ་ར་ཏི་སོགས་བཞི་ནི་གཏི་མུག་དགའ་མ་ཞེ་སྡང་དགའ་མ་འོད་དཔག་མེད་དམ་འདོད་ཆགས་དགའ་མ་རྡོ་རྗེ་དོན་གྲུབ་དགའ་མ་སྟེ་རིགས་བཞིའི་ཡུམ་ཡིན་པའི་དོན་ནོ། །རཱུ་པ་བཛྲ་ན ི་གཟུགས་རྡོ་རྗེ་མ་ཞེས་པ་སྟེ་གཞན་རྣམས་རང་རང་གི་མཚན་སྔགས་ཡིན་ལ། དེ་བརྗོད་ཅིང་ལྟེ་རེ་རེ་ནས་ཕྱུང་སྟེ་རང་རང་གི་གདན་ལ་འགོད་དོ། །མཚན་རྣམས་ལ་ངེས་དོན་གྱི་བཤད་པ་རེའང་ཡོད། མཐར་གཞལ་ཡས་ཁང་ཕྱུང་སྟེ་བསྟིམ་པར་བྱའོ། །ཞལ་གསུམ་གྱི་གཡས་གཡོན་གཉིས་ཀྱིས་སྒྱུ་ལུས་དང་འོད་གསལ་དབུས་མས་ཟུང་འཇུག །ཕྱག་དྲུག་གིས་ལུགས་འབྱུང་ལུགས་ཟློག་གི་སྣང་བ་གསུམ་བཞོན་པའི་རླུང་དང་བཅས་པ་མཚོན་ནོ། །དགོས་པ་ནི་རྫོགས་རིམ་གྱི་མཐོན་པོའི་སྐབས་གཞན་དང་འབྲས་བུའི་ཚེ་རྟེན་བརྟེན་པའི་དཀྱིལ་འཁོར་སྤྲུལ་ཏེ་གཞན་དོན་བྱེད་པའི་དགེ་རྩ་སྨིན་པ་སོགས་ཀྱི་ཆེད་དོ། །གསུམ་པ་ལས་རྒྱལ་མཆོག་ནི། སྨོན་ལམ་ལས། སྲོག་འཛིན་ཐུར་སེར་ལམ་གྱི་སྣ་རྩེར་ནི། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་སྟོན་ཏེ། འདི་ལ་གཉིས། ཐུན་དངོས་དང་འབྲེལ་བའི་རྣལ་འབྱོར་དང་། ཐུན་མཚམས་དང་འབྲེལ་བའི་རྣལ་འབྱོར་རོ། །དང་པོ་ལ་ཕྲ་ཐིག །བཟླས་པ། ཞུ་བ་ཀླུས་བསྐུལ་ཏེ་བཞེད་པ། མཆོད་བསྟོད་བདུད་རྩི་མྱང་བ། ཉེར་བསྡུ་ལྔ་ལས། དང་པོ་ནི། སྟེང་སྐོར་ཕྱག་མཚན་ཕྲ་མོ་བསྒོམ་པ་ཡིན་ཏེ། དེ་ནི་རགས་པའི་རྣལ་འབྱོར་ལ་བརྟན་པ་ཐོབ་ནས་བྱེད་པ་ཡིན་པས། འདིར་རྒྱས་པར་འདིར་མི་འཆད་དོ། །གཉིས་པ་བཟླས་པ་ལ་སྤྱིར་དམ་ཚིག་གི་བཟླས་པ། ཕྱོགས་ཀྱི་བཟླས་པ། ཁྲོས་པ། ཁྲོ་བོ། གོང་བུའི་བཟླས་པ་རྣམས་སུ་ཡོད་ཀྱང་དམ་ཚིག་གི་བཟླས་པ་ནི་བཟླས་བྱའི་སྔགས་ཀྱིས་བསྐོར་བའི་ཞེས་སོགས་དཀྱུས་ལྟར་ཡིན་ལ། ཐོག་མར་བསྐྱེད་རིམ་པའི་རྡོར་བཟླས་བྱེད་ན་ཡིད་ཀྱིས་ཡི་གེ་གསུམ་གྱི་རྡོར་བཟླས་ཉིད་བྱའོ། །གཙོ་བོའི་སྔགས་བཟླ་བའི་ཚེ། ཏིང་ངེ་འཛིན་སེམས་དཔའི་མཐར་སྟེ་སྙིང་། སྙིང་ག་རྩ་སྔགས་རྣམས་གྱེན་འགྲེང་འོད་ཟེར་ལྔ་འཕྲོ་བས་བསྐོར་ནས་བཟླ་སྟེ། འོན་ཀྱང་གཙོ་བོའི་སྔགས་རྡོ་རྗེའི་ལྟེ་བའམ། གདན་གྱི་སྟེང་གང་ལ་འགོད་པ་མི་གསལ་ཡང་གང་རུང་གིས་ཆོག་པར་མངོན་ནོ། །དེ་ཡང་བཛྲ་དྷྲྀཀ་ཅེས་པའམ་ༀ་བཛྲ་དྷྲྀཀ་ཧཱུཾ་ཞེས་པ་ཉེ་སྙིང་། མཚན་སྔགས་འབྲུ་གསུམ་དང་སྤེལ་བ་སྙིང་པོ། ཀཾ་ཀ་ནིའི་སྔགས་རྩ་སྔགས་སུ་བཤད་པ་ལྟར་རོ། །དེའི་ཚེ་ཡུམ་གྱི་ལུས་ལ་བཀོད་པའི་མི་བསྐྱོད་པའི་ཐུགས་ཁར་ཉི་གདན་གྱི་སྟེང་དུ་ས་བོན་སྔགས་འཕྲེང་དང་བཅས་པ་བསམ་དགོས་པར་བཤད། ལྷ་གང་དང་གང་གི་སྔགས་བཟླ་བའི་ཚེ་གཙོ་བོ་ཡབ་ཡུམ་གྱི་ལུས་ལ་བཀོད་པའི་རང་འདྲའི་ལྷ་རྣམས་ཀྱི་ཐུགས་ཁར། ཞི་དྲག་གི་ཁྱད་པར་གྱིས་ཟླ་ཉིའི་གདན་ནམ། ཟླ་གདན་གྱི་སྟེང་གི་ས་བོན་གྱི་མཐར་རང་རང་གི་སྔགས་ཀྱིས་བསྐོར་བར་བསམས་ནས་བཟླ་དགོས་སོ། །རིགས་ལྔའི་རྩ་སྔགས་རྣམ ས་རྩ་བརྒྱུད་ལས་མི་གསལ་ཡང་སྤྱི་འགྲོ་ལྟར་རོ། །དམིགས་པ་ནི་ལྷ་རང་རང་གི་ས་བོན་ལས་ལྷ་རང་རང་གིས་གཙོ་བོ་བྱས་པའི་དཀྱིལ་འཁོར་རྫོགས་པའམ་རང་འདྲ་དཔག་མེད་སྤྲོ་བསྡུའི་དམིགས་པ་བྱ། ལྷའི་རྣམ་པ་གསལ་ཞིང་ང་རྒྱལ་བརྟན་པ་ཉིས་ཚོགས་དགོས་ཀྱང་། ད་ལྟའི་གང་ཟག་བློ་དམན་པས་དམིགས་པ་མི་གསལ་བའི་ཚེའང་ང་རྒྱལ་བརྟན་པོ་ནི་ཅིས་ཀྱང་བྱ་དགོས་སོ། །གཙོ་འཁོར་ཐམས་ཅད་རྒྱུད་གཅིག་ཅིང་བདེ་སྟོང་གི་ངོ་བོར་བལྟ་ཞིང་། སྔགས་གང་བཟླ་ཡང་ལྷ་ཐམས་ཅད་ཀྱི་ཞལ་ནས་འདོན་པར་བསམས་ན་འགྱུར་ཆེ། འཕྲེང་རྡོག་འདྲེན་པའི་ཚེ་དཀྱིལ་འཁོར་བའམ་ལྷ་རེ་རེ་ཆད་ནས་རང་གི་སྙིང་གའི་ས་བོན་ལ་ཐིམ་པར་བསམ། གྲངས་ཀྱི་བསྙེན་པ་ནི་གཙོ་བོ་ལ་འབུམ། འཁོར་རྣམས་ལ་ཁྲི། ཀླུ་བྱང་གིས་བཤད་པ་ལྟར་དེ་ཉིད་རབ་གསལ་གྱི་དགོངས་པས། བགེགས་མཐར་བྱེད་ཀྱི་འཕྲེང་སྔགས་ཁྲི། ཡེ་ཤེས་འབེབས་སྔགས་འབུམ། དེའི་བཅུ་ཆའི་སྦྱིན་བསྲེག་བྱ་བ་ནི་རབ་ཡིན་ལ། སྔགས་རིམ་ལྟར་སྤྱི་འགྲོའི་དབང་དུ་བྱས་ཚེ་གཞན་སྔ་མ་ལྟར་ལ། བགེགས་མཐར་བྱེད་ཀྱི་སྔགས་གཉིས་གང་རུང་དང་ཡེ་ཤེས་འབེབས་སྔགས་གཉིས་ཁྲི། བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་ཅི་འགྲུབ་ཀྱིས་ཀྱང་རུང་བར་མངོན། གསུམ་པ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཞེས་སོགས་ལྟར་བྱ་བ་ཡིན་ལ། དེས་ཡབ་ཡུམ་ཕན་ཚུན་སྙོམས་པར་ཞུགས་པས་དེས་རྐྱེན་བྱས་ཏེ་ཡུམ་ནས་རིམ་གྱིས་འོད་གསལ་དུ་སྡུད་པ་ཡིན་ལ། འདིར་ལྷ་ཐམས་ཅད་སྡུད་པ་མིན་གྱི་གཙོ་བོ་ཡབ་ཡུམ་གྱི་སྣང་བ་ཙམ་བསྡུས་ནས་སྟོང་པར་བསམ་པ་ལ་འོད་གསལ་དུ་བཏགས་པའོ། །དེའི་ཚེ་གཟུགས་སྐུའི་སྣང་བ་བསྡུས་ནས་ཆོས་སྐུ་འབའ་ཞིག་གི་ངང་དུ་ཆུ་ལ་ཆུ་བཞག་པའི་ཚུལ་གྱིས་མི་སྣང་བ་ལྟར་བཞུགས་པར་བསམ་པ་ནི། སྒྱུ་ལུས་འོད་གསལ་དུ་འཇུག་པའི་དགེ་རྩ་སྨིན་བྱེད་དང་། མཆོག་གི་སྤྲུལ་པའི་སྐུ་ནི་གདུལ་བྱའི་དབང་གིས་སྐུའི་སྣང་བ་བསྡུས་ཏེ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་དང་མཐུན་པ་སོགས་ཀྱི་ཆེད་དོ། །དེ་ནས་ལྷ་མོ་བཞིས་སེམས་ཅན་གྱི་དོན་དུ་གཙོ་བོ་འོད་གསལ་ལས་བཞེངས་པར་བསྐུལ་བ་ནི། འོད་གསལ་ལས་སྒྱུ་ལུས་འགྲུབ་པའི་དགེ་རྩ་སྨིན་བྱེད་དང་། མཆོག་གི་སྤྲུལ་སྐུས་སླར་ཞིང་གཞན་དུ་སེམས་ཅན་གྱི་དོན་དུ་འཚང་རྒྱ་བའི་ཚུལ་སྟོན་པ་དང་ཆོས་མཐུན་པ་དང་། དེའི་རྒྱུད་སྨིན་བྱེད་ཀྱི་ཆེད་དོ། །བསྐུལ་ཚིག་གི་དོན་ནི་གཞན་དུ་ཤེས་པར་བྱ་ལ། སྤྱན་མས། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཅེས་སོགས་ཚིགས་བཅད་གཅིག་དང་། མཱ་མ་ཀཱིས། རྡོ་རྗེའི་སྐུ་ཁྱོད་ཅེས་སོགས་དང་། གོས་དཀར་མོས། ཁྱོད་ནི་རྡོ་རྗེ་གསུང་སྟེ་ཞེས་སོགས་དང་། སྒྲོལ་མས་ཁྱོད་ནི་རྡོ་རྗེ་འདོད་པ་ཞེས་སོགས་ཀྱིས་བསྐུལ་བ་སྟེ། རིམ་བཞིན་བྱམས་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཚད་མེད་ཀྱི་ངོ་བོ། གསོན་པར་མཆི་བཞེད་ན་ཞེས་པ་ནི། ཁྱོད་འོད་གསལ་མ་ལས་བཞེངས་ན་ལྷ་མོ་བདག་གསོན་པར་མི་འགྱུར་བས་བདག་གསོན་པོར་གནས་པར་བཞེད་ན་ཞེས་པའོ། །འདི་དག་གི་དོན་ནི། སྒྲོན་གསལ་ལས་བཤད་ཅིང་། ནོར་བཟང་རྒྱ་མཚོའི་བསྐྱེད་རིམ་ཊིཀྐ་ལས་གསལ་བར་འབྱུང་ངོ་། །བཞི་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ཤོ་ལོ་ཀ་ལྔས་བསྟོད་པ་ཡིན་ལ། ཚིག་དོན་ནི་བཤད་མ་ཐག་པའི་གཞུང་གཉིས་ན་གསལ་བས་དེར་བལྟའོ། །ཚིགས་བཅད་ལྔས་རིམ་པ་བཞིན་དུ་མི་བསྐྱོད་པ་རྣམ་སྣང་རིན་འབྱུང་འོད་དཔག་མེད་དོན་གྲུབ་སྟེ་རིགས་ལྔའི་སྒོ་ནས་བསྟོད་པ་ཡིན་ལ། དེ་གང་གིས་བསྟོད་པ་ནི། རྗེ་ནོར་བཟང་བ་དང་། བསོད་གྲགས་པས་འཁོར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གཙོ་བོ་ལ་རིགས་ལྔའི་ཡོན་ཏན་ཚང་བའི་སྒོ་ནས་བསྟོད་པར་བཤད་དེ། གཙོ་འཁོར་རྒྱུད་གཅིག་པའི་དབང་དུ་མཛད་པའོ། །འཁྲིད་ཡིག་ལས་མཆོད་པ་འབུལ་བའི་ཚེ་ལྷ་མོ་སྤྲོས་ཏེ་མཆོད་དགོས་པར་བཤད་པ་ལྟར་ན། ལྷ་མོ་སྤྲོས་ནས་བསྟོད་པས་ཀྱང་རུང་སྙམ་སྟེ། དང་པོ་སྦྱོར་བ་ཙམ་ལ་ནི་འཁོར་མི་འདུག་ཀྱང་། བསྟོད་པ་ཡོད་པའི་ཕྱིར་རོ། །དེ་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་པར་བྱ་བ་ཡིན་པས། ཕྱི་མཆོད་ནི་མཆོད་ལྷ་མགྲོན་གྲངས་དང་མཉམ་པ་སྤྲོས་ཏེ་མཆོད་པའམ། ནམ་མཁའ་གང་བས་མཆོད་པར་བསམས་ནས་ༀ་སརྦ་སོགས་བརྗོད། དེའི་ཚེ་དཀྱིལ་འཁོར་གྱི་ལྷ་གཞན་དང་ལུས་དཀྱིལ་མ་བཞུས་པར་ཡོད་ན་ཐམས་ཅད་ཚིམ་པར་བསམ་མོ། །ནང་མཆོད་ནི། བདག་ཉིད་ཀྱི་ལག་པ་གཡོན་པའི་མཐེ་བོང་ཡི་གེ་ཀྵུཾ་དེ་ཡོངས་སུ་གྱུར་པ་ལས་ས་གཞི་དང་། མིང་མེད་སུམ། དེ་ཞུ་བ་ལས་རི་རབ་ཏུ་བསམས་ལ་རྒྱ་མཚོ་བསྲུབས་པའི་དབུས་ནས་བདུད་རྩི་བླངས་ཏེ་མཆོད་པའི་མོས་པ་བྱ། དེའི་ཚེ་རེ་མིག་དགུ་པའི་གདུང་ཟླུམ་གྱི་སྟེང་ངམ། ཕྱི་འཁྱམས་གྲུ་བཞི་བའི་ཁ་གདངས་ལ་སེང་གེའི་ཁྲིའི་སྟེང་དུ་དབུས་སུ་རང་གི་བླ་མ་དང་། དེའི་གཡས་སུ་དབང་བརྒྱུད། གཡོན་དུ་བཤད་བརྒྱུད་ཀྱི་བླ་མ་རྣམས་བཞུགས་པར་དམིགས་པའམ། མི་གསལ་ན་རང་གི་བླ་མ་དེ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པའི་མོས་པ་བྱས་ཏེ། ལྷ་མོ་སྤྲོས་ནས་མཆོད་པར་བསམས་ལ་མཚན་གྱི་མཐར་འབྲུ་གསུམ་བཏགས་ནས་རིམ་གྱིས་འབུལ། དེ་ནས་བསྒོམ་པའི་དཀྱིལ་འཁོར་བའི་ལྷ་ཚོགས་ལ་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་ནས་འབུལ་ཞིང་། བླ་མ་ལ་དཔྲལ་བའི་ཐད་དང་། དཀྱིལ་འཁོར་བ་དང་ཡི་དམ་ལ་སྙིང་གའི་ཐད་ནས་རང་མགྲོན་གཞན་ལ་ལྟེ་བ་མན་ནས་གཏོར་ཏེ་མཆོད། འདིའི་ཚེ་ནང་མཆོད་འབུལ་ཡུལ་གྱི་དཀྱིལ་འཁོར་བ་ཟུར་དུ་བྱས་ཀྱང་མི་འགལ་ཞིང་། དེ་མ་བྱས་པར་བསྒོམ་པ་ཉིད་ལ་འབུལ་བའང་འཐད་ཅིང་བདེའོ། །དེ་ནས་གསང་མཆོད་ནི། མཁའ་གསང་བྱིན་གྱིས་བརླབས་ཏེ། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བའི་བདེ་བས་ལྷ་ཐམས་ཅད་ཚིམ་པར་བསམས་པའི་སྒོ་ནས་མཆོད་ཅིང་། བདེ་བས་སྟོང་པ་ངེས་པར་བསམ་པ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པར་འགྱུར་རོ། །སྒྲུབ་ཐབས་ལ་ལའི་ཚིག་ཟིན་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་མི་གསལ་ཡང་མན་ངག་གིས་བྱེད་པ་ཡིན་ནོ། །ལྔ་པ་ཉེར་བསྡུ་ནི། རང་གི་ཐུགས་ཀའི་ཞེས་སོགས་ལྟར་བྱ་བ་ཡིན་ལ། དེ་ཡང་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་པ་ཡིན་ན། ལྷག་མོས་ཀྱི་སྐབས་བཞིན་ལྷ་རྣམས་སྤྱན་དྲངས་ནས་གནས་རྣམས་སུ་འགོད་པ་ཡིན་ལ། འོན་ཀྱང་འདིར་ཡུམ་ལུས་ལ་མི་འགོད་པས་རེག་བྱ་རྡོ་རྗེ་མ་ཞེས་མི་བརྗོད་པའི་རྒྱུ་མཚན་དེ་ཡིན་ནོ། །དང་པོ་སྦྱོར་བ་ཙམ་ལ་ནི་ལྷ་ཉེར་བསྡུ་མི་དགོས་ཤིང་། གང་བྱས་ཀྱང་གཞལ་ཡས་ཁང་གི་ཆ་རྣམས་འོད་ཀྱི་རྣམ་པར་ལུས་ལ་བསྡུ་དགོས། དབང་བསྐུར་བའི་ཚེ་ལུས་དཀྱིལ་གྱི་ལྷ་མི་ཞུ་བར་བཤད་པ་ལྟར་ན། ལྷ་སྔ་ཕྱི་གཉིས་དབྱེར་མེད་དུ་མོས་དགོས་པར་མངོན། རང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས་ཏེ་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བ་ནས་རྡོ་རྗེ་འཆང་དུ་གྱུར་པ་རྣམས་རང་གི་འོད་ཟེར་གྱིས་དྲངས་ནས་རང་ཉིད་ལ་ཐིམ་པར་བསམས་ཏེ། ༀ་ཡོ་ག་ཤུདྷ་སོགས་ཀྱི་སྔགས་བརྗོད། ཡོ་ག་ནི་རྣལ་འབྱོར། ཤུདྡྷ་ནི་དག་པ། སརྦ་དྷརྨཱ་ནི་ཆོས་ཐམས་ཅད། ཡོ་ག་ཤུདྡྷོ྅ཧཾ་ནི། རྣལ་འབྱོར་དག་པའི་བདག་ཉིད་པའོ་ཞེས་པའོ། །གཉིས་པ་ཐུན་མཚམས་སུ་གཏོར་མ་དང་ཡུས་བརྟས་པར་བྱེད་པའི་རྣལ་འབྱོར་སོགས་འགའ་ཞིག་གཞན་དུ་ཤེས་པར་བྱ་ཞིང་། གཏོར་སྔགས་ཀྱི་མཇུག་གི་སརྦ་དུཥྚཾ་སོགས་ཀྱི་དོན་ནི། སརྦ་དུཥྚཾ་ནི་གནོད་བྱེད་ཐམས་ཅད། ས་མ་ཡ་ནི་དམ་ཚིག་མུ་དྲ་ནི་ཕྱག་རྒྱ་པྲ་བྷཉྫ་ཀ་ནི་རབ་ཏུ་འཇོམས་པ། མཱ་མ་ནི་བདག ཤནྟི་ནི་ཞི་བ། རཀྵ་ཙ་ནི་སྲུང་བ། ཀུ་རུ་ནི་མཛོད་ཅིག་ཅེས་པའོ། །སྨོན་ལམ་ལས། དེས་ནི་རྫས་སྔགས་འཁྲུལ་འཁོར་བསམ་གཏན་ལ། །ཞེས་སོགས་རྐང་པ་བཞིས་ལས་རྒྱལ་མཆོག་ཀྱང་སྟན་ཏེ་འདིར་མི་འཆད་དོ། །བཞི་པ་ནི། ལུགས་འདིར་སྒྲུབ་ཐབས་རྒྱས་བསྡུས་གཉིས་སུ་ངེས་ཤིང་། ཐུན་བཞིར་བྱེད་པའི་ཚེ། ཐོག་མཐའ་གཉིས་རྒྱས་ཤིང་བར་པ་གཉིས་བསྡུས་པ་དང་། ཐོག་མ་རྒྱས་ཤིང་གཞན་གསུམ་བསྡུ་བ་སོགས་བྱེད་ཚུལ་མི་འདྲ་བ་དུ་མ་ཡོད་པ་ལས་འདིར་རྒྱས་པ་ནི་སྒྲུབ་ཐབས་རྒྱས་པར་བཤད་པ་ལྟར་དང་བསྡུས་པ་ནི་དང་པོ་སྦྱོར་བ་ཙམ་བསྒོམ་པ་དང་སྔགས་བཟླ་བའི་ཚེ་ལུས་དཀྱིལ་གྱི་ཐུགས་ཁར་སྔགས་བཀོད་ནས་བཟླས་པ་བྱེད་པ་ཡིན་ལ། དེ་གཉིས་ཀ་ལ་མངོན་རྟོགས་ཀྱི་ཚིག་ཉུང་ངུར་བྱས་ཏེ་འདོན་ཚུལ་ཁོ་བོས་རྗེ་ཡབ་སྲས་དང་པཎ་ཆེན་གོང་མའི་མན་ངག་ལ་བརྟེན་ནས་འཆད་ནུས་མོད། འདིར་མི་འཆད་དེ། ལོགས་སུ་བཤད་ཟིན་པའི་ཕྱིར་རོ། །རྒྱས་བསྡུས་གང་བསྒོམས་ཀྱང་དམིགས་པ་ཡིད་ལ་བྱ་ཚུལ་མདོར་བསྡུས་ནི། བསྐྱེད་རིམ་གྱི་སྦྱང་བྱའི་གཙོ་བོ་ཐ་མལ་གྱི་སྣང་ཞེན་གཉིས་ཡིན་ལ། ཐ་མལ་གྱི་སྣང་བའི་གཉེན་པོར་གསལ་སྣང་ལ་སློབ་པ་དང་། ཞེན་པའི་གཉེན་པོར་ང་རྒྱལ་ལ་སློབ་པ་ཡིན་ནོ། །སློབ་ཚུལ་ནི། བདེན་སྟོང་སྒྱུ་མ་ལྟ་བུའི་ངང་ནས་འབྲས་དུས་ཀྱི་རྟེན་བརྟེན་པ་དེ་དང་དེའོ་སྙམ་དུ་བསྒོམ་པ་ཡིན་ནོ། །ལྔ་པ་ནི། རྟེན་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ལ་གསལ་སྣང་ཤིན་ཏུ་བརྟན་པོ་གཞུང་ནས་བཤད་པ་ལྟར་ཐོབ་ཅིང་། རང་གི་ངང་གིས་མཉམ་པར་འཇོག་པ་ཡོངས་སུ་རྫོགས་པ་དེའི་ཚེ་ཕྲ་རགས་མཐར་ཕྱིན་པའོ། །འཕྲོས་དོན་སྒྲུབ་ཐབས་ཀྱི་ཆིངས་བསྡུས་ཏེ་བཤད་ན། བསྐྱེད་རིམ་ལ། བསྙེན་སྒྲུབ་བཞི། རྣལ་འབྱོར་བཞི། ཏིང་ངེ་འཛིན་གསུམ། དེ་ཉིད་ཞེ་དགུ རྡོ་རྗེ་བཞིའི་ཆིངས་རྣམས་ལས་དང་པོ་ནི། ཡེ་ཤེས་ཀྱི་ས་བསྒོམ་པ་ནས་ལྷག་མོས་འོད་གསལ་དུ་སྡུད་པའི་བར་བསྙེན་པ་དེ་ནས་ལུས་དཀྱིལ་གྱི་བར་ཉེ་སྒྲུབ། སྒོ་གསུམ་བྱིན་བརླབ་ནས་རིགས་བདག་གི་རྒྱས་འདེབས་ཀྱི་མར་སྒྲུབ་པ། དཀྱིལ་འཁོར་རྒྱལ་མཆོག་ཡན་སྒྲུབ་ཆེན་པོ། གཉིས་པ་ནི། ཡེ་ཤེས་ཀྱི་ས་ནས་ཟླ་བ་ལས་བྱང་ཆུབ་པའི་བར་རྣལ་འབྱོར། མངོན་བྱང་ལྷག་མ་གསུམ་རྗེས་ཀླུ་རྣལ་འབྱོར། ལུས་དཀྱིལ་ཤིན་ཏུ་རྣལ་འབྱོར། སྒོ་གསུམ་བྱིན་རླབས་ནས་རིགས་བཅུ་བྱ་བའི་བར་རྣལ་འབྱོར་ཆེན་པོའོ། །གསུམ་པ་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་སོགས་གསུམ་མོ། །བཞི་པ་ནི། གནས་ཀྱི་དེ་ཉིད་ནས་དངོས་གྲུབ་འབྲིང་སྒྲུབ་པའི་དེ་ཉིད་ཀྱི་བར་ཞེ་དགུའོ། །ལྔ་པ་ནི། རྒྱུད་ཕྱི་མ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། གཉིས་པ་ས་བོན་བསྡུས་པའོ། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། བཞི་པ་ཡིག་དགོད་པའོ། །ཞེས་གསུངས་པ་ལྟར། གནས་སམ་ཡེ་ཤེས་ཀྱིས་ནས་ལྷག་མོས་འོད་གསལ་དུ་བསྡུས་པའི་མར་དང་པོ་དང་། དེ་ནས་ཕྱག་མཚན་རྡོ་རྗེ་ལས་བྱང་ཆུབ་བའི་བར་གཉིས་པ་དང་། དང་པོའི་མགོན་པོ་ནས་ཡུམ་དཀྱིལ་རྫོགས་པའི་བར་གསུམ་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནས་མཆོད་པའི་བར་རམ་དངོས་གྲུབ་འབྲིང་སྒྲུབ་པའི་བར་བཞི་པའོ། །སྤྱིར་བསྐྱེད་རིམ་པའི་དངོས་གྲུབ་དེ་ལ་གསུམ་ཡོད་དེ། སྒྲོན་གསལ་ལས། ཞི་སོགས་བྱ་བའི་ཆོ་ག་དང་། དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཚུལ་བཞིན་ཉམས་སུ་བླངས་ན་གྲུབ་ཆེན་བརྒྱད་དང་སངས་རྒྱས་ཀྱི་གོ་འཕང་ཡང་ཚེ་འདིར་ཐོབ་པར་གསུངས་པ་བཞིན་ཡིན་ནའང་ད་ལྟའི་དུས་ཀྱི་གང་ཟག་གིས་ནི་དེ་ལྟར་མ་གྲུབ་ཀྱང་སྐྱེ་བ་ཕྱི་མ་གཞན་དང་གཞན་དུ་སྔགས་སྒྲུབ་པའི་སྐལ་ལྡན་དུ་གྱུར་ཏེ། ལམ་རིམ་གྱིས་བགྲོད་ནས་འཚང་རྒྱ་བའི་བག་ཆགས་བཟང་པོ་འཇོག་པ་ལ་ནི་གཞན་དང་མི་འདྲ་བའི་ཕན་ཡོན་ཆེན་པོ་ཡོད་ཚུལ་གྱི་ཁུངས་གོང་དུ་སྨོས་ཟིན་པ་རྣམས་དང་གཞན་ཡོད་པས། རང་ནུས་དང་བསྟུན་པའི་བག་ཆགས་བརྟན་པོ་རེ་རང་རྒྱུད་ལ་ལེགས་པར་བཞག་པར་བྱའོ།། །།སྨྲས་པ། ཐུབ་པའི་གསུང་རབ་ཀུན་གྱི་རབ་དང་ཕུལ། །དཔལ་ལྡན་རྣལ་འབྱོར་བླ་ན་མེད་པའི་རྒྱུད། །དེ་ཡི་ནང་ནས་ཤིན་ཏུ་ཆེས་ཟབ་པ། །དཔལ་ལྡན་གསང་བ་འདུས་པའི་རྒྱུད་དུ་གྲགས། །རྒྱུད་འདི་མཐོང་ཐོས་དྲན་དང་རེག་རྣམས་ཀྱང་། །བྱང་ཆུབ་རྡོ་རྗེ་དང་འདྲ་ཕྱག་ཡུལ་དུ། །རྒྱལ་བ་ཉིད་ཀྱིས་དངོས་སུ་གསུངས་གྱུར་ན། །གང་འདི་འཆད་ཉན་ཐོས་པས་སྒོམ་པ་ཀུན། །རྡོ་རྗེ་འཆང་དང་འདྲ་བར་ཅིས་མི་བལྟ། །སྔོན་བསགས་ལེགས་སྤྱད་སྨོན་ལམ་མཐུ་བརྟན་པས། །ཕྱོགས་འདིར་མདོ་སྔགས་བསྟན་པའི་སྲོལ་ཆེན་པོ། །སྔོན་མེད་བཟུང་ནས་སྤེལ་བའི་སྐྱེས་བུ་མཆོག །བསྟན་པའི་གདུགས་དཀར་འཛིན་པ་ཞིག་ཀྱང་བྱོན། །དེ་ཡི་མཐུ་ལས་རྒྱུད་གྲྭ་གསར་བཙུགས་ཀྱི། །ཐོག་མའི་གོ་སར་གྱུར་བའི་མཁས་རློམ་ཞིག །དངོས་གྲུབ་གཉིས་ཀྱི་གཏེར་གྱུར་གཞུང་བཟང་འདིར། །འཇུག་པའི་བརྩོན་པས་རང་ཉིད་ངལ་བ་བྱས། །ཚུལ་འདིར་འབད་ལས་བྱུང་བའི་དགེ་དེས་བདག །རྟག་ཏུ་ལམ་བཟང་འདི་དང་མི་འབྲལ་ཞིང་། །མདོ་རྒྱུད་དགོངས་འགྲེལ་བཅས་པའི་དམ་ཆོས་ཀུན། །ཐུབ་པའི་དགོངས་པ་ཇི་བཞིན་འཛིན་གྱུར་ཅིག །ཅེས་པ་འདི་ཡང་། བསྟན་པའི་མངའ་བདག་ཅོ་ནའི་ཀོའུ་ཤྲི་ནང་སོས་ཕྱོགས་འདིར་རྒྱུད་ཀྱི་འཆད་ཉན་གསར་དུ་བཙུགས་པའི་ཚེ། འདི་ལྟ་བུ་ཞིག་གྱིས་ཞེས་གསུང་གིས། །བསྐུལ་བ་དང་། རང་གི་སློབ་མ་དད་ལྡན་འགའ་ཞིག་གིས་ཀྱང་བསྐུལ་བས་རྐྱེན་བྱས་ཏེ། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་སློབ་དཔོན་རྡོ་རྗེ་འཆང་བློ་གྲོས་རྒྱ་མཚོ་སོགས་ཡོངས་འཛིན་དུ་མའི་བཀའ་དྲིན་ལ་བརྟེན་ནས་འདི་སྐོར་གྱི་དབང་ལུང་མན་ངག་རྣམས་ཐོབ་པའི་མཐུ་ལས། ཚུལ་འདི་ཤུངས་དང་བཅས་ཏེ་རྒྱས་པར་འཆད་ནུས་ཡང་མང་དུ་དོགས་ཏེ་གོ་དོན་གཙོ་བོར་བྱས་ནས་ཅུང་ཟད་བསྡུས་པའི་ཚུལ་དུ་ལེགས་པར་སྦྱར་བ་སྟེ། ཕྱིས་དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་ཀུན་དགའ་ཆོས་གྲགས་ཞེས་བགྱི་བ་རྒྱུད་གྲྭར་ཞུགས་ནས་སྔགས་རམ་པའི་མཚན་གསོལ་བའི་ཚེ། གཞན་ལ་ཕན་པར་བསམས་ཏེ་དད་པས་པར་དུ་བརྐོས་པའོ།། །།བཀྲ་ཤིས།། །།

དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གསལ་བའི་སྒྲོན་མེའི་སྙིང་པོ་བསྡུས་པ་སྐལ་ལྡན་དགྱེས་བྱེད།

དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གསལ་བའི་སྒྲོན་མེའི་སྙིང་པོ་བསྡུས་པ་སྐལ་ལྡན་དགྱེས་བྱེད་ཅེས་བྱ་བ་བཞུགས།

ན་མོ་ཨཱརྱ་མཉྫུ་ཤྲཱི་གྷོ་ཥཱ་ཡེ། མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས་པའི་སྐུ། ཁ་སྦྱོར་བདེ་སྟོང་མཆོག་ལ་རྟག་རོལ་ཞིང་། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་པ་ཡི། །ཡན་ལག་བདུན་ལྡན་རྡོ་རྗེ་འཆང་དེར་འདུད། །གསང་བ་ཀུན་གྱི་མཛོད་འཛིན་རྡོ་རྗེ་ཅན། །ཨིནྡྲ་བྷཱུ་ཏི་བློ་གྲོས་རིན་པོ་ཆེ། །ས་ར་ཧ་དང་ཀླུ་སྒྲུབ་འཕགས་པ་ལྷ། །ཟླ་བའི་ཞབས་དང་བཅས་ལ་གུས་ཕྱག་འཚལ། །རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །རྒྱལ་སྲས་གཞོན་ནུའི་ཚུལ་གྱིས་འཛམ་གླིང་འདིར། །རྒྱལ་བའི་མདོ་སྔགས་བསྟན་པ་གསལ་མཛད་པ། །རྒྱལ་བ་གཉིས་པ་ཙོང་ཁ་པ་དེར་འདུད། །མགོན་དེའི་སྲས་མཆོག་མཁས་གྲུབ་ཆེན་པོ་དང་། །ཤེར་སེང་ཀུན་དགའ་དོན་གྲུབ་པཎ་ཆེན་རྗེ། །བསོད་གྲགས་ཡོངས་འཛིན་བློ་བཟང་སྦྱིན་པ་དང་། །བློ་གྲོས་རྒྱ་མཚོའི་ཞབས་ལའང་གུས་ཕྱག་འཚལ། །རྡོ་རྗེ་འཆང་ཆེན་རྗེ་བཙུན་ཙོང་ཁ་པའི། །ལེགས་བཤད་མཐར་ཐུག་འདུས་པའི་རིམ་གཉིས་སྲོལ། །ཕྱོགས་ཀུན་དར་ཞིང་རྒྱས་མོད་རང་སྐལ་དང་། །གཞན་ཕན་ཆེད་ཕྱིར་རྫོགས་རིམ་མདོར་བསྡུས་བཤད། །འདིར་རྒྱུད་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དཔལ་གསང་བ་འདུས་པའི་རྫོགས་རིམ་འཆད་པ་ལ་གཉིས། ལམ་སྤྱི་ལ་བསླབ་ཚུལ་དང་། འདུས་པའི་ལམ་ལ་བསླབ་ཚུལ་ལོ། །དང་པོ་ནི། ཐར་འདོད་ཀྱི་སྐྱེས་བུས་ལམ་གང་ལ་ཇི་ལྟར་བསླབ་པར་བྱ་བའི་ཚུལ་ཡོད་དེ། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་སྒོ་ནས་ངན་སོང་གསུམ་ལས་ཐར་བར་འདོད་བའི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བསླབ་དགོས། དེ་ནས་འཁོར་བ་སྤྱི་ལས་ཐར་འདོད་ཀྱི་ངེས་འབྱུང་བསྐྱེད་དེ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ལ་བསླབ་དགོས། དེ་ནས་གཞན་དོན་དུ་དམིགས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་སྤྱོད་པ་ཕྱིན་དྲུག་ལ་འཇུག་འདོད་ཀྱི་སྒོ་ནས་སྐྱེས་བུ་ཆེན་པོའི་ལམ་ལ་བསླབ་དགོས་པའི་ཕྱིར། དེར་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་སྔགས་ལམ་ལ་འཇུག་དགོས་པ་ཡིན་ཏེ། དེར་མི་འཇུག་ན་སྐལ་བ་དམན་བའི་དབང་རྟུལ་ཡིན་པའི་ཕྱིར་ཏེ། རྗེས། ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག །ཅེས་གསུངས་ཤིང་། རྟོགས་བརྗོད་ལས་ཀྱང་། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །ཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ལ། །དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང་། །ཤིན་ཏུ་འཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར། །དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །དངོས་གྲུབ་གཉིས་ཀྱི་གཏེར་བྱུང་ཟབ་མོ་དེར། །ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས། །ཞེས་གསུངས་པའི་ཕྱིར་རོ། །སྔགས་ལམ་ལ་འཇུག་པའི་སྒོ་དངོས་ནི་དབང་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེའི་ཐེག །སྨིན་བྱེད་དབང་གི་ཆུ་བོའི་འཇུག་ངོགས་དེར། །ཞུགས་ནས་ཞེས་གསུངས་པ་ལྟར་གཞུང་དུ་མ་ལས་འབྱུང་བའི་ཕྱིར་རོ། །དབང་ཐོབ་ནས་དམ་ཚིག་བསྲུང་དགོས་པ་ཡིན་ཏེ། དམ་ཚིག་ནི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་ཏེ། རྗེས། དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །ཞེས་གསུངས་པའི་ཕྱིར། ཁྱད་པར་དུ་བླ་མེད་ཀྱི་རིམ་གཉིས་སྒོམ་པ་ལ་དབང་བཞི་ཐོབ་དགོས་ཏེ། བསྐྱེད་རིམ་སྒོམ་པ་ལ་བུམ་དབང་ཐོབ་དགོས་ཤིང་། རྫོགས་རིམ་རྫོགས་པར་སྒོམ་པ་ལ་དབང་ཕྱི་མ་གསུམ་ཐོབ་དགོས་པའི་ཕྱིར་ཏེ། བུམ་དབང་གིས་བསྐྱེད་རིམ་སྒོམ་པར་བྱེད་པའི་སྣོད་རུང་དུ་སྒྲུབ་ཅིང་། གསང་དབང་གིས་སྒྱུ་ལུས། ཤེར་དབང་གིས་འོད་གསལ། དབང་བཞི་པས་ཟུང་འཇུག་སྒོམ་པའི་སྣོད་རུང་དུ་བྱེད་པས། རིམ་པ་བཞིན་དུ་སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ཟུང་འཇུག་གི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་ཏེ། རྗེས། དབང་བཞི་བསྐུར་བས་སྐུ་བཞི་འགྲུབ་ངེས་ཀྱི། །ནུས་པ་འཇོག་བྱེད་དྲི་མ་རྣམས་པ་བཞི། །འཁྲུད་ཅིང་རིམ་གཉིས་སྒོམ་ལ་དབང་བར་ཤོག །ཅེས་གསུངས་པའི་ཕྱིར། བསྐྱེད་རིམ་གྱིས་རྒྱུད་སྨིན་པར་བྱས་ནས་རྫོགས་རིམ་བསྒོམ་པ་ལ་འཇུག་དགོས་པ་ཡིན་ཏེ། རིམ་ལྔ་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་འདུས་པའི་ལམ་ལ་བསླབ་ཚུལ་ལ་གཉིས། གཞི་དངོས་པོའི་གནས་ཚུལ་དང་། ལམ་བགྲོད་པའི་རིམ་པའོ། །དང་པོ་ལ་གཉིས། སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། ལུས་ཀྱི་གནས་ཚུལ། སེམས་ཀྱི་གནས་ཚུལ། ལུས་སེམས་ཐུན་མོང་བའི་གནས་ཚུལ་ལོ། །དང་པོ་ལ་རགས་པ། ཕྲ་བ་ཤིན་དུ་ཕྲ་བ་གསུམ་ཡོད་དེ། རྣམ་སྨིན་གྱི་འབྱུང་ལུས་རགས་པ་འདི་དང་པོ་དང་། རྩ་རླུང་ཐིག་ལེ་གསུམ་ནི་གཉིས་པ་དང་། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞི་ཀའི་བཞོན་པར་གྱུར་པའི་རླུང་གསུམ་པ་ཡིན་པའི་ཕྱིར། གཉིས་པ་སེམས་ལའང་གསུམ་ཡོད་དེ། དབང་པོའི་རྣམ་ཤེས་ལྔ་ནི་རགས་པ། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། རང་བཞིན་བརྒྱད་ཅུའི་ཀུན་རྟོག་རྣམས་ཕྲ་བ། སྟོང་པ་བཞི་ཀའི་ངོ་བོར་གྱུར་བའི་སེམས་ནི་ཤིན་དུ་ཕྲ་བ་ཡིན་པའི་ཕྱིར། གསུམ་པ་ལུས་སེམས་ཐུན་མོངས་བའི་གནས་ཚུལ་ལ་གཉིས་ཡོད་དེ། ད་ལྟ་ཀུན་ལ་མངོན་དུ་གྱུར་པའི་ལུས་སེམས་འདི་རགས་པ་དང་། ཤིན་དུ་ཕྲ་བའི་རླུང་སེམས་དངོས་པོ་གཅིག་པ་ནི་ཕྲ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ། རྩ་དང་། རླུང་དང་། ཐིག་ལེ་འཆགས་པའི་ཚུལ་ལོ། །དང་པོ་ནི། མངལ་དུ་འཇུག་པའི་མདོ་ལས་ལུས་ལ་རྩ་བརྒྱད་ཁྲི་ཡོད་པར་བཤད་དེ། ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་རེ་རེར་གཉིས་ཁྲི་ཉིས་ཁྲི་འཆགས་པར་བཤད་པའི་ཕྱིར་བླ་མེད་ནས་བདུན་ཁྲི་ཉིས་སྟོང་འཆགས་པར་བཤད་ཅིང་། དེའི་ནང་ནས་རྩ་བརྒྱ་ཉི་ཤུ་གཙོ་བོ་དང་། དེའི་ནང་ནས་གནས་ཉེར་བཞིའི་རྩ་ཉེར་བཞི་པོ་གཙོ་བོ་དང་། དེའི་ནང་ནས་རོ་རྐྱང་དབུ་མ་གསུམ་གཙོ་བོ་ཡིན་ཏེ། དེ་གསུམ་གྱིས་སྲོག་གི་རླུང་དང་རྣམ་པར་ཤེས་པའི་རྟེན་བྱེད་ཅིང་། རྩ་གཞན་རྣམས་ཀྱང་དེ་གསུམ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །རྩ་ཇི་ལྟར་འཆགས་པའི་ཚུལ་ཡོད་དེ། ཐོག་མར་སྙིང་གའི་རོ་རྐྱང་དབུ་མ་གསུམ། ཤར་གྱི་སུམ་སྐོར་མ། ལྷོའི་འདོད་མ་སྟེ་ལྔ་འཆགས། དེ་རྗེས་ནུབ་ཀྱི་ཁྱིམ་མ། བྱང་གི་གཏུམ་མོ། དབུ་མ་དང་ལྷན་ཅིག་གནས་པའི་བདུད་དྲལ་མ་སྟེ་བརྒྱད་འཆགས། དེ་བརྒྱད་ལ་ནི་སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་ཅེས་བྱ་ཞིང་། དེ་ནས་སུམ་སྐོར་མ་ལས་ཤར་ལྷོའི་རྩ་འདབ། འདོད་མ་ལས་ལྷོ་ནུབ། ཁྱིམ་མ་ལས་ནུབ་བྱང་། གཏུམ་མོ་ལས་བྱང་ཤར་གྱི་རྩ་འདབ་གྱེས་ནས་སྙིང་གའི་རྩ་འདབ་བརྒྱད་འཆགས་པའི་ཕྱིར། དེ་ལྟར་ན་སྙིང་གའི་རྩ་འདབ་བརྒྱད་དང་། སྙིང་གར་ཐོག་མར་འཆགས་པའི་རྩ་འདབ་བརྒྱད་དོན་མི་གཅིག་སྟེ། རོ་རྐྱང་དབུ་མ་གསུམ་དང་བདུད་དྲལ་མ་ནི་སྙིང་གར་ཐོག་མར་འཆགས་པའི་རྩ་ཡིན་ཀྱང་སྙིང་གའི་རྩ་བརྒྱད་ཀྱི་ནང་ཚན་མ་ཡིན་པའི་ཕྱིར། ཕྱོགས་ཀྱི་རྩ་བཞི་ལ་འབྱུང་བའི་རྩ་དང་། མཚམས་ཀྱི་རྩ་བཞི་ལ་མཆོད་པའི་རྩ་ཞེས་བྱ་སྟེ། སྔ་མ་བཞི་ལས་འབྱུང་བ་བཞིན་འབབ་ཅིང་། ཕྱི་མ་བཞི་ལས་གཟུགས་དྲི་རོ་རེག་བྱ་བཞི་འབབ་པའི་ཕྱིར། རྩ་བརྒྱད་པོ་དེ་ལས་རླུང་ཁྲག་ཁུ་བ་གསུམ་གཙོ་བོར་འབབ་པའི་ཆ་ནས་གསུམ་གསུམ་དུ་གྱེས་ཏེ་སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་གནས་པའི་རྩ་དེ་རྣམས་ལ་ནི་གནས་ཉེར་བཞིའི་རྩ་ཞེས་བྱ་སྟེ། དེ་གང་ཞེ་ན། སྐྲ་མཚམས་སུ་མི་ཕྱེད་མ་ལ་སོགས་པའི་རླུང་འབབ་པའི་རྩ་བརྒྱད་དང་། མཆན་ཁུང་གཉིས་སུ་སྐྱོན་ལྡན་མ་ལ་སོགས་པའི་ཁྲག་འབབ་པའི་རྩ་བརྒྱད་དང་། རྟགས་ཀྱི་རྩེར་ཤིན་དུ་བཟང་མོ་ལ་སོགས་པའི་ཁུ་བ་འབབ་པའི་རྩ་བརྒྱད་དེ་བརྒྱད་ཚན་གསུམ་ལ་རིམ་པ་བཞིན་དུ་ཐུགས་དང་གསུང་དང་སྐུའི་རྩ་ཞེས་ཀྱང་བྱ་བའི་ཕྱིར། གནས་ཉེར་བཞིའི་རྩ་དེ་རྣམས་ཀྱི་སྟེང་དུ་སྙིང་གར་ཐོག་མར་འཆགས་པའི་རྩ་བརྒྱད་བསྣན་པའི་རྩ་སོ་གཉིས་པོ་དེ་ལ་རླུང་དང་བྱང་སེམས་འབབ་པའི་རྩ་ཞེས་བྱ་སྟེ། མཉམ་སྦྱོར་ལས་བྱང་ཆུབ་སེམས་ཀྱི་རང་བཞིན་རྩ། སུམ་ཅུ་རྩ་གཉིས་དམ་པ་ཡིན། ཞེས་གསུངས་པའི་ཕྱིར། བདུད་དྲལ་མ་ནས་དེ་འབབ་པར་གསུངས་པ་ནི་འཆི་བའི་ཚེ་དང་ལམ་དུས་ལ་དགོངས་ཀྱི། གཞི་ལ་དེའི་ནང་ནས་རླུང་དང་བྱང་སེམས་གང་ཡང་མི་འབབ་སྟེ། དེ་ལ་བདུད་དྲལ་མ་དང་། དུས་ཀྱི་རྩ་བ་དང་། རྣལ་འབྱོར་མ་རྣམས་ཀྱི་འགོག་པའི་རྩ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། གནས་ཉེར་བཞིའི་རྩ་ཉེར་བཞི་པོ་རེ་རེ་ལས་གསུམ་གསུམ་དུ་གྱེས་པས་བདུན་ཅུ་རྩ་གཉིས་སུ་འགྱུར་ལ། དེ་རེ་རེ་ལས་སྟོང་སྟོང་དུ་གྱེས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ་བདུན་ཁྲི་ཉིས་སྟོང་། དེ་ལས་སྟོང་ཕྲག་ཉེར་བཞི་པ་ཚན་པ་གསུམ་དུ་ཕྱེ་བའི་ཚན་པ་གཅིག་ནས་གཙོ་བོར་ཁུ་བ། ཚན་པ་གཅིག་ནས་གཙོ་བོར་ཁྲག ཚན་པ་གཅིག་ནས་གཙོ་བོར་རླུང་འབབ་པ་གསུམ་ལ་རིམ་པ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྩ་དང་། འཁོར་ལོ་གསུམ་གྱི་རྩ་ཞེས་བྱ་སྟེ། རྡོ་རྗེ་འཕྲེེང་བ་ལས། གསུམ་པོ་ཉི་ཤུ་རྩ་བཞིར་འགྲོ། །དེ་ལས་འཁོར་ལོ་གསུམ་ཕྱེ་བས། །རྩ་ནི་བརྒྱད་ཀྱི་དབྱེ་བ་ལས། །སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ནི། །གསུམ་ཕྱེ་བདུན་ཅུ་རྩ་གཉིས་གསལ། །དེ་ལས་སྟོང་དུ་རབ་ཕྱེ་བས། །སོ་སོར་སྤྲོ་བའི་བདག་ཉིད་ཀྱིས། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་རྣམས་ཀྱི་ནི་གྲངས་ཞེས་བྱ། །ཞེས་གསུངས་པའི་ཕྱིར། བསྡུ་ན་རྩ་དེ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རྩ་གསུམ་དུ་འདུ་བ་ཡིན་ཏེ། བྱང་སེམས་དཀར་པོ་གཙོ་བོར་འབབ་པའི་རྩ་རྣམས་སྐུའི་རྩ་དང་། དམར་མོ་འབབ་པའི་རྩ་རྣམས་གསུང་གི་རྩ་དང་། རླུང་གཙོ་བོར་འབབ་པའི་རྩ་རྣམས་ཐུགས་ཀྱི་རྩར་འདུ་བའི་ཕྱིར། རོ་རྐྱང་དབུ་མ་གསུམ་གྱི་མིང་གི་རྣམ་གྲངས་ཡོད་དེ། དྷཱུ་ཏཱི། ཐུགས་ཀྱི་རྩ། མུན་པའི་རྩ། སྒྲ་གཅན་གྱི་རྩ། གཉིས་སྤངས་ཀྱི་རྩ་རྣམས་དབུ་མའི་མིང་དང་། གསུང་གི་རྩ་། འཛིན་པའི་རྩ། ཉི་མའི་རྩ། ཤེས་རབ་ཀྱི་རྩ། ལོངས་སྤྱོད་ཀྱི་རྩ། ར་ས་ནཱ། རྡུལ་གྱི་རྩ་རྣམས་རོ་མའི་མིང་དང་། སྐུའི་རྩ། ཟླ་བའི་རྩ། ལ་ལཱ་ན། ཐབས་ཀྱི་རྩ། སྙིང་སྟོབས་ཀྱི་རྩ་ཞེས་པ་རྣམས་རྐྱང་མའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། གཞན་ཡང་དབུ་མ་ལ་དབུས་ཀྱི་རྩ་དང་། རོ་མ་ལ་གཡས་ཀྱི་རྩ་དང་། རྐྱང་མ་ལ་གཡོན་གྱི་རྩ་ཞེས་བྱ་སྟེ། གནས་ཚུལ་དེ་ལྟར་དུ་གནས་པའི་ཕྱིར། རོ་མ་གཡས་ཀྱི་རྩ་ཡིན་ཡང་ཁམས་དམར་པོ་འབབ་པས་ཤེས་རབ་ཀྱི་རྩར་བརྗོད་པ་དང་། རྐྱང་མ་གཡོན་གྱི་རྩ་ཡིན་ཡང་ཁམས་དཀར་པོ་འབབ་པས་ཐབས་ཀྱི་རྩར་བརྗོད་པ་ཡིན་གྱི། དེ་ལས་སྡོག་སྟེ་གསུངས་པ་ཡང་ཡོད་དེ། གཡས་གཡོན་གྱི་དབང་དུ་མཛད་པ་ཡིན་པའི་ཕྱིར། རོ་རྐྱང་གཉིས་ཀྱིས་དབུ་མ་ལ་འཁྱུད་པའི་མདུད་པ་གང་ན་ཡོད་པ་དེར་རྩ་འཁོར་རེ་ཡོད་དེ། དེ་གཉིས་རེ་རེས་སྙིང་གར་མདུད་པ་སུམ་བརྩེགས་དང་། གཞན་རྣམས་ན་མདུད་པ་རེ་རེ་ཡོད་པའི་ཕྱིར། མདུད་མཚམས་ནས་གྱེས་པའི་རྩ་འཁོར་ཆེ་བ་དེ་ལ་ལྔ་ཡོད་དེ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོར་རྩ་འདབ་སོ་གཉིས། མགྲིན་པར་ལོངས་སྤྱོད་ཀྱི་འཁོར་ལོར་རྩ་འདབ་བཅུ་དྲུག སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་རེ་བཞི། གསང་གནས་བདེ་སྐྱོང་གི་འཁོར་ལོར་རྩ་འདབ་སོ་གཉིས་རྣམས་སུ་ཡོད་པའི་ཕྱིར། འཁོར་ལོ་དང་པོ་བཞིའི་རྩ་འདབ་རྣམས་སོ་སོར་ཕྱེ་ན་བརྒྱ་ཉི་ཤུ་ཡོད་ཅིང་། རྩ་རྣམས་ཀྱི་གཙོ་བོ་ཡིན་ནོ། །རྩ་འཁོར་ཆུང་བ་ལ་གསུམ་ཡོད་དེ། སྨིན་མཚམས་སུ་རླུང་འཁོར་རྩ་འདབ་དྲུག་པ། མགྲིན་པ་དང་སྙིང་གའི་བར་ན་མེ་འཁོར་རྩ་འདབ་གསུམ་པ། ནོར་བུའི་དབུས་ན་རྩ་འདབ་བརྒྱད་པ་རྣམས་སུ་ཡོད་པའི་ཕྱིར། བདེ་ཆེན་གྱི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། སྤྲུལ་བའི་འཁོར་ལོ་དང་། བདེ་སྐྱོང་གི་འཁོར་ལོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རིམ་པ་བཞིན་དུ་བདེ་བའི་རྟེན་བྱང་སེམས་དཀར་པོ་སྤྱི་བོར་གནས་པ་དང་། རོ་དྲུག་ལ་ལོངས་སྤྱོད་པའི་གནས་མགྲིན་པ་ཡིན་པ་དང་། ཆོས་ཀྱི་རྩ་བ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རྟེན་མི་ཤིགས་པའི་ཐིག་ལེ་སྙིང་གར་གནས་པ་དང་། བདེ་ཆེན་སྤྲུལ་བྱེད་ཀྱི་གཏུམ་མོ་ལྟེ་བར་གནས་པ་དང་། ལྷན་སྐྱེས་ཀྱི་བདེ་བ་གཙོ་བོར་གསང་གནས་ནས་སྐྱོང་བའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པའི་ཕྱིར། རྩ་དེ་རྣམས་ཡིན་བསྡུས་ཀྱི་ཚུལ་གྱིས་རོ་རྐྱང་དབུ་མ་གསུམ་ལ་འདུ་བ་མིན་ཡང་། རྩ་བའི་དབང་དུ་བྱས་ན་དེ་གསུམ་དུ་འདུ་བ་ཡིན་པ། རྩ་གསུམ་གྱི་ནང་ནས་དབུ་མ་གཙོ་བོ་ཡིན་ཏེ། རོ་རྐྱང་གཉིས་ཀྱི་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བ་སོགས་ཡིན་པའི་ཕྱིར། དབུ་མའི་ཡན་མན་གཉིས་ལས་སྙིང་གའི་དབུ་མའི་རྩ་འཁོར་གཙོ་བོ་ཡིན་ཏེ། བཞི་ལ་རྣམ་ཤེས་དང་པོར་འཇུག་པ་དང་བར་དུ་གནས་པ་དང་མཐར་འཕོ་བ་གསུམ་སྙིང་ག་ནས་བྱེད་ཅིང་། ལམ་དུས་སུ་དཔེ་དོན་གྱི་འོད་གསལ་འཆར་བའི་གནས་ཀྱང་སྙིང་གའི་དབུ་མའི་ནང་ཡིན་པའི་ཕྱིར་ཏེ། རྗེས། འོད་གསལ་ཉི་མ་སྙིང་དབུས་འཆར་བར་ཤོག །ཅེས་གསུངས་པའི་ཕྱིར་རོ། །གཞི་ལ་འཆི་དུས་མ་གཏོགས་རླུང་དབུ་མའི་ནང་ནས་ཡས་མན་ཐལ་བྱུང་དུ་རྒྱུ་བ་མེད་དེ། དེར་རོ་རྐྱང་གི་མདུད་པ་དམ་པོས་བཅིངས་པའི་ཕྱིར། འོན་ཀྱང་དབུ་མའི་སྦུབས་སྟེང་ན་རླུང་གནས་པ་ཙམ་ནི་འདོད་དགོས་ཏེ། རྣམ་ཤེས་ཀྱི་བཞོན་པའི་རླུང་དང་སྲོག་ཐུར་གཉིས་ཡོད་པའི་ཕྱིར། གཞི་ལ་འཆི་བའི་དུས་སུ་དབུ་མའི་ནང་ནས་རླུང་རྒྱུ་སྟེ་ལས་ཉོན་གྱི་དབང་གིས་རྩ་མདུད་རྣམས་རྫོགས་པར་གྲོལ་བར་འགྱུར་བའི་ཕྱིར། རྩ་གཉིས་ནས་རླུང་བཞི་རྒྱུ་ཚུལ་ཡོད་དེ། རོ་མའི་ནང་ནས་མེ་རླུང་གྱེན་རྒྱུ་དང་། རྐྱང་མའི་ནང་ནས་རླུང་གི་རླུང་མཉམ་གནས་གཉིས་གཙོ་བོར་རྒྱུ་ལ། སྲོག་ཐུར་གཉིས་རོ་རྐྱང་གཉིས་ནས་མཉམ་རྒྱུ་བྱེད་པའི་ཕྱིར་རོ། །གཉིས་པ་རླུང་འཆགས་ཚུལ་ཡོད་དེ། མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་ཚེ་ལྷན་སྐྱེས་ཀྱི་རླུང་གི་རྒྱུན་ཕྱི་མ་ཞིག་གསར་དུ་སྐྱེ་ལ། དེ་ནས་དེ་ལས་སྲོག་འཛིན་གྱི་རླུང་རགས་པ་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་ཉའི་རྣམ་པ་ལྟ་བུར་ཡོད། དེ་ནི་ཟླ་བ་དང་པོའི་སྐབས་སུ་འབྱུང་། ཟླ་བ་གཉིས་པ་ལ་སྲོག་འཛིན་རགས་པ་ལས་ཐུར་སེལ་གྱི་རླུང་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་འབུར་པོ་ལྔ་དོད་པ་རུས་སྦལ་ལྟ་བུ། ཟླ་བ་གསུམ་པ་ལ་ཐུར་སེལ་ལས་མཉམ་གནས་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་ཅུང་ཟད་སྒུར་བ་ཕག་རྒོད་ལྟ་བུ། ཟླ་བ་བཞི་བ་ལ་མཉམ་གནས་ལས་གྱེན་རྒྱུ་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་སྟོད་ཅུང་ཟད་རྒྱས་པ་སེང་གེའི་རྣམ་པ་ལྟ་བུ། ཟླ་བ་ལྔ་པ་ལ་གྱེན་རྒྱུ་ལས་ཁྱབ་བྱེད་སྐྱེ། དེའི་ཚེ་སེམས་ཅན་དེའི་ལུས་མིའུ་ཐུང་ལྟ་བུར་ཡོད། ཟླ་བ་དྲུག་པ་བདུན་པ་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ་རིམ་པ་བཞིན་དུ། མིག་གི་སྒོར་རྒྱུ་བའི་རླུང་དང་ས་རྣ་བའི་སྒོར་རྒྱུ་བའི་རླུང་དང་ཆུ། སྣའི་སྒོར་རྒྱུ་བའི་རླུང་དང་མེ། ལྕེའི་སྒོར་རྒྱུ་བའི་རླུང་དང་འབྱུང་བ་རླུང་། ལུས་ཀྱི་སྒོར་རྒྱུ་བའི་རླུང་དང་འབྱུང་བ་ནམ་མཁའི་ཁམས་བུ་ག་རྣམས་རྫོགས་པར་སྐྱེ་བའི་ཕྱིར། དེ་ལྔ་ནི་ཡན་ལག་གི་རླུང་ལྔ་དང་དོན་གཅིག་ཏུ་གསུངས་ཤིང་། ཀླུ་དང་རུས་སྤལ་དང་རྩངས་པ་དང་ལྷས་སྦྱིན་དང་གཞུ་ལས་རྒྱལ་ཞེས་པའི་ཐ་སྙད་ཀྱང་མཛད་དོ། །གསུམ་པ་ཐིག་ལེ་འཆགས་ཚུལ་ཡོད་དེ། བར་དོའི་འཆི་བ་འོད་གསལ་ཀྱི་རིགས་འདྲ་ཕྱི་མ་དེ་ཕ་མ་གཉིས་ཀྱི་ཁམས་དཀར་དམར་གྱི་དྭངས་མ་དང་གཅིག་ཏུ་འདྲེས་ནས་གོང་བུའི་གཟུགས་ཅན་དུ་གྱུར་ཏེ། རིམ་གྱིས་སྙིང་ག་འཆགས་པའི་དྷཱུ་ཏཱིའི་སྦུབས་སྟོང་གི་ནང་དུ་གནས་པ་དེ་ལས་ཁམས་དཀར་པོ་ལས་ཆ་གཅིག་ཆད་ནས་སྤྱི་བོར་གནས་པ་ལ་སྤྱི་བོའི་ཧཾ་ཡིག་ཅེས་བྱ་ལ། ཁམས་དམར་པོ་ལས་ཆ་གཅིག་ཆད་ནས་ལྟེ་བར་གནས་པ་ལ་ལྟེ་བའི་ཨཾ་ཡིག་ཅེས་བྱ་ཞིང་། ཁམས་དཀར་པོ་ལས་རང་གི་རིག་རྒྱུན་ཁམས་དང་རྐང་རུས་ཚིལ་རྣམས་སྐྱེ། ཁམས་དམར་པོ་ལས་རང་གི་རིགས་རྒྱུན་ཁམས་དང་ཁྲག་ཤ་ལྤགས་པ་རྣམས་འབྱུང་བའི་ཕྱིར་རོ། །ཐིག་ལེ་དེ་ལ་ངོ་བོའི་སྒོ་ནས་གཉིས་ཡོད་ཀྱང་གནས་སྐབས་སམ་གནས་དང་བྱེད་ལས་ཀྱིས་དབྱེ་ན་བཞི་ཡོད་དེ། སྙིང་ག་དང་ནོར་བུའི་དབུས་ན་གཉིད་ཐུགས་བསྐྱེད་པའི་གནས་སྐབས་ཀྱི་ཐིག་ལེ། མགྲིན་པ་དང་གསང་གནས་སུ་རྨི་ལམ་བསྐྱེད་པའི་ཐིག་ལེ། ལྟེ་བ་དང་སྤྱི་བོ་ན་སད་པ་བསྐྱེད་པའི་ཐིག་ལེ། ལྟེ་བ་དང་གསང་གནས་སུ་བཞི་པ་སྟེ་སྙོམས་འཇུག་གི་གནས་སྐབས་བསྐྱེད་པའི་ཐིག་ལེ་རྣམས་སུ་ཡོད་པའི་ཕྱིར། བསྐྱེད་ཚུལ་ཡོད་དེ། རླུང་དེ་དང་དེར་འདུལ་བའི་དབང་གིས་བསྐྱེད་པའི་ཕྱིར་རོ། །དེ་ལྟར་གཞིའི་གནས་ཚུལ་སྤྱི་དང་བྱེ་བྲག་གི་སྒོ་ནས་བསྟན་པ་ལ་སོགས་པ་ཡོད་དེ། རྫོགས་རིམ་གྱི་རྟོགས་པ་སྐྱེ་བ་ལ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་དགོས་ཤིང་། དེ་ལ་ནི་རྡོ་རྗེའི་ལུས་ཀྱི་གནས་ཚུལ་སྤྱི་དང་བྱེ་བྲག་རྣམས་ལེགས་པར་ཤེས་དགོས་པའི་ཕྱིར་རོ། །གཉིས་པ་ལམ་འགྲོད་བའི་རིམ་པ་བཤད་པ་ལ་ལྔ། རྫོགས་རིམ་གྱི་སྙིང་པོ་ཨེ་ཝཾ་གཉིས་ཀྱི་དོན་བཤད་པ། རྫོགས་རིམ་གྱི་དབྱེ་བ། གྲངས་ངེས། གོ་རིམ། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ལ་གཉིས། ཐུན་མོང་དུ་བཤད་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱི་དོན་རྣམས་ཨེ་ཝཾ་ལ་སོགས་པའི་ཡི་གེ་བཞི་བཅུའི་དོན་དུ་འདུ་ཞིང་། ཁྱད་པར་དུ་ཐོག་མའི་ཡི་གེ་ཨེ་ཝཾ་གྱི་དོན་དུ་འདུ་བ་ཡིན་ལ། ཨེ་ཝཾ་ལ་དབྱེ་ན་གསུམ་ཡོད་དེ། ཐོབ་བྱ་འབྲས་བུའི་ཨེ་ཝཾ། ཐོབ་བྱེད་ལམ་གྱི་ཨེ་ཝཾ། འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལ་གྲངས་ངེས་ཀྱི་བཤད་པ་གཉིས་ཡོད་དེ། དྲང་དོན་གྱི་དབང་དུ་བྱས་ན་ཨེས་སྟོན་པ་བཞུགས་པའི་གནས་རྣམས་མཚོན། ཝས་གནས་དེ་རྣམས་སུ་བཞུགས་ནས་རྒྱུད་གསུངས་པའི་སྟོན་པ་མཚོན། ཐིག་ལེས་ཆོས་སྟོན་པ་དེ་མཚོན་ལ། ངེས་དོན་གྱི་དབང་དུ་བྱས་ན་ཨེས་འབྲས་དུས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་། ཝས་འབྲས་དུས་ཀྱི་བདེ་བ་ཆེན་པོ་དང་། ཐིག་ལེས་བདེ་སྟོང་དབྱེར་མེད་དུ་སྦྱོར་བ་དེ་མཚོན་པའི་ཕྱིར། དེ་ལ་འབྲས་བུའི་བདེ་སྟོང་དབྱེར་མེད་ཀྱི་ཨེ་ཝཾ་ཞེས་བྱ་ལ། བདེན་གཉིས་དབྱེར་མེད་ཀྱི་ཨེ་ཝཾ་གྱི་དབང་དུ་བྱས་ནས་མཚོན་ཚུལ་ཡོད་དེ། འབྲས་དུས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ནི་ཨེ་ཡིག་གི་མཚོན་དོན་དང་། དེའི་གཟུགས་སྐུ་ནི་ཝ་ཡིག་གི་མཚོན་དོན་དང་། དེ་གཉིས་སྐུ་ཐུགས་སུ་དངོས་པོ་གཅིག་ཏུ་སྦྱོར་བ་ནི་ཐིག་ལེའི་མཚོན་དོན་ཡིན་པའི་ཕྱིར། གཉིས་པ་ལམ་དུས་ཀྱི་དབང་དུ་བྱས་ནས་མཚོན་ཚུལ་ཡོད་དེ། ལམ་དུས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ཨེ་ཡིག་གི་མཚོན་དོན་དང་། དེའི་བདེ་བ་ཆེན་པོའི་ཡེ་ཤེས་ཝ་ཡིག་གི་མཚོན་དོན་དང་། དེ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་ནི་ཐིག་ལེའི་མཚོན་དོན་ཡིན་པའི་ཕྱིར། གསུམ་པ་འདྲེན་བྱེད་རྟགས་ཀྱི་ཨེ་ཝཾ་གྱི་མཚོན་དོན་ཡོད་དེ། ཕྱིའི་དབང་དུ་བྱས་ན་ཕྱག་རྒྱའི་པདྨ་ནི་ཨེ་ཡིག་གི་མཚོན་དོན་དང་། ཡབ་ཀྱི་རྡོ་རྗེ་ནི་ཝ་ཡིག་གི་མཚོན་དོན་དང་། དེ་གཉིས་མཉམ་པར་སྦྱོར་བ་ནི་ཐིག་ལེའི་མཚོན་དོན་ཡིན་ལ། ནང་ལ་སྤྱི་བོ་དང་ལྟེ་བའི་རྩ་འཁོར་གྲུ་གསུམ་ཨེ་ཡིག་གི་མཚོན་དོན་དང་། སྙིང་ག་དང་མགྲིན་པའི་རྩ་འཁོར་ཟླུམ་པོ་ཝ་ཡིག་གི་མཚོན་དོན་དང་། རྩ་འཁོར་དེ་དག་ཐབས་ཤེས་སུ་ཕྱོགས་པ་ཐིག་ལེའི་མཚོན་དོན་ཡིན་པའི་ཕྱིར་རོ། །གཉིས་པ་སོ་སོར་བཤད་པ་ལ་གསུམ། སྟོང་པ་བཤད་པ། བདེ་བ་བཤད་པ། བདེ་སྟོང་དབྱེར་མེད་དུ་སྦྱོར་ཚུལ་བཤད་པའོ། །དང་པོ་ནི། ཨེ་ཡིག་གིས་རྣམ་ཐར་སྒོ་གསུམ་མཚོན་པས། སྟོང་ཉིད་རྟོགས་པའི་ལྟ་བ་ཕུ་ཐག་ཆོད་པ་མེད་ན་ཨེ་ཡིག་གི་དོན་མ་ཚང་བས། ཆོས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པར་རྟོགས་པའི་ལྟ་བ་རྣམ་དག་འཚོལ་དགོས་སོ། །ལྟ་བ་དེ་མདོ་སྔགས་ཀྱི་གཞུང་དུ་མ་དང་ཁྱད་པར་རྩ་རྒྱུད་ཀྱི་ལེའུ་གཉིས་པ་དང་དགུ་པ་དང་བཅོ་ལྔ་པ་ནས་རྒྱས་པར་བཤད་ཅིང་། སྟོང་པ་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་བཞི་ཡོད་དེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་ཉིད་དང་། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་དང་། བློའི་དབང་གིས་བཞག་ཙམ་མ་ཡིན་པའི་ཡོད་པ་བཀག་པའི་སྟོང་ཉིད་དང་། གདོད་མ་ནས་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་དང་བཞི་ཡོད་པའི་ཕྱིར། དེའི་དང་པོ་ནི་རང་སྡེ་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་འདོད་པའི་ཐུན་མོང་བ་དང་། གཉིས་པ་སེམས་ཙམ་པ། གསུམ་པ་རང་རྒྱུད་པ། བཞི་པ་ནི་ཐལ་འགྱུར་བས་འདོད་པའི་སྟོང་ཉིད་ཡིན་ལ། འདི་གཙོ་བོ་ནི་ཕྱི་མའི་དབང་དུ་བྱས་ཏེ་བདེ་སྟོང་སྦྱར་ནས་བསྒོམ་དགོས་པ་ཡིན་ཏེ། རྩ་རྒྱུད་ལེའུ་གཉིས་པ་ལས། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་དང་། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །ཞེས་གསུངས་པའི་ཕྱིར། འདིར་བདེ་སྟོང་སྦྱོར་རྒྱུའི་སྟོང་པ་དེ་ལ་ཡུལ་གྱི་དབང་དུ་བྱས་པ་དང་ཡུལ་ཅན་གྱི་དབང་དུ་བྱས་པ་གཉིས་ཡོད་དེ། སྦྱོར་ཚུལ་ལ་ནི་ཡུལ་ཡུལ་ཅན་གཉིས་རོ་མཉམ་དབྱེར་མེད་དུ་སྦྱོར་བ་དང་། ཡུལ་ཅན་ཡེ་ཤེས་དང་བདེ་བ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་ཚུལ་གཉིས་ཡོད་པའི་ཕྱིར་རོ། །གཉིས་པ་བདེ་བ་བཤད་པ་ནི། ཨེ་ཝཾ་གྱི་ཝ་ཡིག་གིས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་མཚོན་པས་བདེ་བ་དེ་མེད་ན་ཝ་ཡིག་གི་དོན་མ་ཚང་བས་དེ་བསྐྱེད་དགོས་སོ། །དེ་ཡང་ཞི་གནས་ལ་བརྟེན་པའི་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་དེ་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་མ་ཡིན་ལ། དེ་བཞིན་དུ་བསམ་གཏན་གྱི་ཉེར་བསྔོགས་དེ་དངོས་གཞི་ཐོབ་པའི་བདེ་བ་དང་སྟོང་ཉིད་རྟོགས་པ་ལ་བརྟེན་ནས་ཐོབ་པའི་ཟག་མེད་ཀྱི་བདེ་བ་དང་དབུགས་འབྱུང་རྔུབ་བཀག་ནས་ལྷའི་རྣལ་འབྱོར་བསྒོམས་པ་ལས་བྱུང་བའི་བདེ་བ་དང་། བསྒོམ་པའི་ལྷ་མོ་ལ་བལྟས་པ་དང་བགོད་པ་དང་ལག་པ་བཅིངས་པ་ཙམ་ལས་བྱུང་བའི་བདེ་བ་དང་། རླུང་དབུ་མའི་ནང་དུ་ཐིམ་པ་མིན་པར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱར་བ་ལས་བྱུང་བའི་བདེ་བ་དང་། ཐ་མལ་པའི་དབང་པོ་གཉིས་སྦྱོར་ལས་བྱུང་བའི་བདེ་བ་རྣམས་སྐབས་འདིར་སྟོང་པ་དང་སྦྱོར་རྒྱུའི་བདེ་བ་མིན་གྱི། འོ་ན་ཇི་ལྟ་བུ་ཡིན་ཞེ་ན། ཡོད་དེ། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་ཉིད། སྐབས་འདིའི་བདེ་སྟོང་སྦྱོར་རྒྱུའི་བདེ་བར་འཇོག་དགོས་པའི་ཕྱིར་རོ། །གསུམ་པ་ལ་གཉིས། དངོས་ཀྱི་དོན་དང་། བདེན་གཉིས་དབྱེར་མེད་ཀྱི་ཨེ་ཝཾ་གྱི་དོན་བཤད་པའོ། །དང་པོ་ནི། ཨེ་ཝཾ་གྱི་ཐིག་ལེས་བདེ་སྟོང་དབྱེར་མེད་དུ་སྦྱོར་བ་མཚོན་པ་ཡིན་ཏེ། དེ་མེད་ན་ཐིག་ལེའི་དོན་མ་ཚང་བའི་ཕྱིར་རོ། །བདེ་སྟོང་དབྱེར་མེད་དུ་སྦྱོར་ཚུལ་ཡོད་དེ། ལྷན་སྐྱེས་ཀྱི་བདེ་བ་དང་དེའི་ཆོས་ཉིད་ངོ་བོ་གཅིག་ཏུ་སྦྱོར་བ་ལྟ་བུ་དང་ལྷན་སྐྱེས་ཀྱི་བདེ་བ་དང་སྟོང་ཉིད་རྟོགས་པའི་བློ་གཉིས་ཟིན་བྱ་ཟིན་བྱེད་དུ་སོང་བ་ལྟ་བུ་ཙམ་ནི་འདིར་བདེ་སྟོང་སྦྱོར་བའི་དོན་མིན་གྱི། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་མཐུས་ཡིད་ཀྱི་ཤེས་པ་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་སྐྱེས་པ་དེས། ཡུལ་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡུལ་ཡུལ་ཅན་རོ་མཉམ་དུ་སྦྱོར་བ་དེ་སྐབས་འདིར་བདེ་སྟོང་བའི་ཚུལ་དང་ཡང་སྟོང་ཉིད་རྟོགས་པའི་བློ་དང་ལྷན་སྐྱེས་ཀྱི་བདེ་བ་ངོ་བོ་དབྱེར་མེད་དུ་སྦྱོར་བ་ཉིད་སྐབས་འདིར་བདེ་སྟོང་སྦྱོང་བའི་དོན་དུ་འདོད་བ་ཡིན་པའི་ཕྱིར་ཏེ། ཐབས་ཤེས་གྲུབ་པ་ལས། ཆུ་དང་འོ་མ་འདྲེས་པ་བཞིན། །གཉིས་མེད་རྣམས་པའི་སྦྱོར་བ་ཡིས། །གཉིས་པོ་འདུས་པ་གང་ཡིན་པ། །ཤེས་རབ་ཐབས་ཞེས་བྱ་བར་གྲགས། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གཉིས། བདེན་གཉིས་དབྱེར་མེད་དུ་སྦྱོར་ཚུལ་དང་། དེ་སྒྲུབ་བྱེད་ཀྱི་རིགས་པ་བསྟན་པའོ། །དང་པོ་ནི། གསུང་རབ་གཞན་ནས་གྲགས་པའི་བདེན་གཉིས་དང་། སྐབས་འདིའི་བདེན་གཉིས་མིང་འདྲ་ཡང་དོན་མི་གཅིག་སྟེ། འདིར་བདེན་པ་གཉིས་ཀྱི་ཐ་སྙད་དེ་རྫོགས་རིམ་པའི་ལམ་དང་འབྲས་བུའི་དབང་དུ་བྱས་པ་ཡིན་པའི་ཕྱིར། དེ་ཡང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སྟོང་ཉིད་རྟོགས་པའི་དོན་གྱི་འོད་གསལ་དེ་འདིར་དོན་དམ་དང་། དག་པའི་སྒྱུ་མའི་སྐུ་དེ་འདིར་ཀུན་རྫོབ་བདེན་པ་དང་། དེ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བ་དེ་འདིར་བདེན་གཉིས་ཟུང་དུ་འཇུག་པའི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་དེ་སྒྲུབ་བྱེད་ཀྱི་རིགས་པ་གང་ཞེ་ན། འདི་ལ་བཞི་ཡོད་དེ། གཟུགས་སྐུའི་རྒྱུ་ལ་བརྟེན་ནས་སྒྲུབ་པ། སྦྱང་གཞི་ལ་བརྟེན་ནས་སྒྲུབ་པ། ལྷ་བསྐྱེད་ཚུལ་ལ་བརྟེན་ནས་སྒྲུབ་པ། ཐབས་ཤེས་སྦྱོར་ཚུལ་གྱི་གནད་ལ་བརྟེན་ནས་སྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར་ཏེ། དང་པོའི་དབང་དུ་བྱས་ན་ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་དང་བསྐྱེད་རིམ་དང་རྫོགས་རིམ་གྱི་རིམ་པ་གསུམ་པ་མན་ཆད་དུ་གཟུགས་སྐུའི་རྒྱུ་ཙམ་ཡོད་ཀྱང་། གཟུགས་སྐུ་དང་རྣམ་པ་ཤིན་ཏུ་མཐུན་པའི་རིགས་འདྲའི་རྒྱུ་ཁྱད་པར་ཅན་མེད་ལ། རིམ་པ་བཞི་པའི་དོན་གྱི་འོད་གསལ་གྱི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་། དེའི་འོད་གསལ་གྱི་སེམས་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་དག་པའི་སྒྱུ་ལུས་དེ་རྡོ་རྗེའི་སྐུ་དངོས་ཡིན་ཞིང་། དེའི་རིགས་འདྲ་ཕྱི་མ་ཞིག་གིས་ནི་གཟུགས་སྐུའི་དངོས་ཀྱི་ཉེར་ལེན་ཁྱད་པར་ཅན་བྱེད་པ་ཡིན་ལ། གཉིས་པའི་དབང་དུ་བྱས་ན་སྦྱང་གཞི་ལ་འཆི་བ་འོད་གསལ་གྱི་རླུང་སེམས་ལས་བར་དོ་འགྲུབ་རུང་གི་རླུང་སེམས་དེ་ཉིད། འདིར་རྣལ་འབྱོར་བ་ལ་སྒྱུ་མའི་སྐུར་སྒྱུར་བར་བྱེད་པའི་ཕྱིར་ཏེ། རིམ་ལྔ་ལས། ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་འགྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས་པའི་ཕྱིར་དང་། གསུམ་པའི་དབང་དུ་བྱས་ན། བསྐྱེད་རིམ་མན་ཆད་དུ་ལྷ་བསྐྱེད་པའི་ཚེ་སྟོང་ཉིད་ཀྱི་ལྟ་བ་སྔོན་དུ་བཏང་ནས། སྟོང་པའི་ངང་ལས་ལྷར་ལྡང་བ་ཞིག་བཤད་ཀྱང་སྐབས་དེར་མོས་བློ་ཙམ་མ་གཏོགས། ལྷའི་སྐུ་དངོས་གནས་སུ་ལྡང་བ་མེད་ལ། རྫོགས་རིམ་གྱི་སྐབས་སུ་ནི་སྟོང་པར་ཞུགས་པའི་མཐར་ལྷའི་སྐུ་དངོས་གནས་སུ་ལྡང་བ་ཅིག་ཡོད་ཅིང་། དེ་མེད་ན་སྔར་དེ་ལྟར་བྱས་པ་ཐམས་ཅད་ཀྱི་དགོས་པའི་གཙོ་བོ་མི་འབྱུང་བས། དཔེ་དོན་གྱི་འོད་གསལ་ལས་དག་མ་དག་གི་ལྷའི་སྐུར་ལྡང་བ་ཡོད་པར་གྲུབ་ལ། བཞི་པའི་དབང་དུ་བྱས་ན་བསྐྱེད་རིམ་མན་ཆད་དུ་ཐབས་ཤེས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་ལྷ་སྐུ་ཐོབ་པར་མི་ནུས་ལ། རྫོགས་རིམ་གྱི་ལྷན་སྐྱེས་འོད་གསལ་གྱི་རླུང་སེམས་དངོས་པོ་གཅིག་པ་ལ་རང་འབྲས་ཆོས་གཟུགས་ཀྱི་སྐུའི་ཉེར་ལེན་ཁྱད་པར་ཅན་ཡོད་པས། དེ་ལས་ཐབས་ཤེས་ངོ་བོ་དབྱེར་མེད་དུ་གྱུར་པའི་གཟུགས་ཀྱི་སྐུ་དངོས་སུ་འགྲུབ་པར་འགྱུར་པའི་ཕྱིར་རོ། །དེ་ལྟ་བུའི་སྐུ་དེ་ནི་ལུས་ལ་གནད་དུ་བསྣུན་པ་མེད་ན་མི་སྐྱེ་བ་ལ་དགོངས་ནས་གནད་དུ་བསྣུན་པའི་ཐབས་གཉིས་དགོས་ཏེ། ཕྱི་ཕྱག་རྒྱས་བརྟེན་པ་དང་། ནང་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་གཉིས་གསུངས་པའི་ཕྱིར་ཏེ། བསྐྱེད་རིམ་གྱི་སྐབས་སུ་སྦྱང་གཞི་སྐྱེ་ཤི་བ་དོའི་རིམ་པ་གསུམ་དང་མཐུན་པའི་ལམ་བསྒོམ་པ་ཡོད་ཀྱང་། གཙོ་བོར་རྫོགས་རིམ་གྱི་སྐབས་སུ་དེ་གསུམ་དང་རྣམ་པ་ཤིན་ཏུ་མཐུན་པའི་ལམ་སྒོམ་པར་བྱེད་པ་ཡིན་ལ། དེ་ཡང་གནད་དུ་བསྣུན་པའི་ཐབས་གཉིས་ལ་བརྟེན་ནས་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཐིམ་པ་ལས་སྐྱེ་འཆི་བར་དོ་གསུམ་དང་རྣམ་པ་ཤིན་ཏུ་མཐུན་པའི་ལམ་དུས་ཀྱི་སྐུ་གསུམ་ལས་འབྲས་དུས་ཀྱིི་སྐུ་གསུམ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར། དེའི་ཚུལ་འཆི་བའི་ཚེ་རླུང་གཞན་རྣམས་སྲོག་འཛིན་ཕྲ་བ་ལ་ཐིམ་ནས་འཆི་ཞིང་། འཆི་བ་འོད་གསལ་ལས་ལས་ཀྱི་རླུང་ཤར་ཏེ་དེ་དང་རྣམ་ཤེས་གཉིས་ལྷན་ཅིག་འཁོར་བར་སྐྱེ་བ་ཡིན་ཏེ། ལས་ཀྱི་རླུང་དེ་ལས་ཆགས་སོགས་ཀྱི་ཉོན་མོངས་རྣམས་སྐྱེ་ལ། དེས་ལས་དཀར་ནག་གཉིས་བསགས་ནས་ཡང་སྐྱེ་ཞིང་ཡང་འཆི་བ་སོགས་འཁོར་ལོ་བསྐོར་བ་བཞིན་འཁོར་བར་འཇུག་ཅིང་། དེའི་གཉེན་པོར་རིམ་ལྔ་བསྒོམས་པས་འཁོར་བ་ལས་ལྡོག་པར་འགྱུར་བའི་ཕྱིར་ཏེ། རྡོ་རྗེ་འཕྲེང་བ་ལས། ཇི་ལྟར་མེས་བསྲེག་དངོས་པོ་མེད། །རྒྱུ་མེད་པར་ནི་ཐིམ་ནས་འགྲོ། །སླར་ཡང་སྲོག་གི་རླུང་ཤར་ནས། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང་། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་ལས་སྐྱེ། །དེ་ལས་ཆགས་སོགས་བག་ཆགས་དང་། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། །སྔོན་བཞིན་རྡོ་རྗེ་བཟླས་པ་སོགས། །རིམ་གྱིས་དེ་ཡི་དབྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར། གནད་དུ་བསྣུན་པ་ནི་གོང་དུ་བཤད་བའི་རྩ་འཁོར་དེ་རྣམས་ཀྱི་དབུས་དང་། ཁྱད་པར་དུ་དྷཱུ་ཏཱིའི་ཡར་སྣ་མར་སྣ་གཉིས་དང་ལྟེ་བ་དང་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་ཡིན་ལ། དེ་ཡང་རྒྱུད་ཐ་དད་ནས་བཤད་པའི་རྗེས་སུ་འབྲང་སྟེ་གྲུབ་ཆེན་གྱི་བཞེད་ཚུལ་ཅུང་ཟད་མི་འདྲ་བ་ཡོད་དེ། དུས་འཁོར་ལ་ནི་དྷཱུ་ཏཱིའི་ཡར་སྣེར་སོར་སྡུད་དང་ལྟེེ་བར་བུམ་པ་ཅན་བསྒོམས་པ་ལ་བརྟེན་ནས་རླུང་དབུ་མའི་ནང་དུ་འཇུག་པར་བྱེད། ཌམྦྷི་བ་སོགས་ཀྱིས་ནི་ལྟེ་བར་གཏུམ་མོ་བསྒོམས་ནས་འཇུག དྲིལ་བུ་པས་ནི་སྙིང་ག་དང་དྷཱུ་ཏཱིའི་ཡར་སྣ་མར་སྣ་གསུམ་ལ་དམིགས་ནས་འཇུག །ལཱུ་ཧི་པས་ནི་གཙོ་བོར་ལྟེ་བའི་ཧཱུཾ་ཡིག་ལ་དམིགས་ནས་འཇུག གསང་འདུས་ཡེ་ཤེས་ཞབས་ལུགས་པ་ནི། དང་པོ་སྙིང་ཁ། དེ་ནས་དྷཱུ་ཏཱིའི་མར་སྣ། སླར་ཡང་སྙིང་གར་གནད་དུ་བསྣུན་ནས་འཇུག །འདུས་པ་འཕགས་ལུགས་པའི་སྐབས་འདིར་དང་པོར་དྷཱུ་ཏཱིའི་མར་སྣ། དེ་ནས་སྙིང་ཁར་གནད་དུ་བསྣུན་པ་ལ་བརྟེན་ནས་དབུ་མའི་ནང་དུ་འཇུག་པར་བྱེད་པའི་ཕྱིར། དེ་ཐམས་ཅད་ཀྱིས་ཀྱང་རླུང་དབུ་མར་བཅུག་ནས་བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་ལ་ཁྱད་པར་མེད་དེ། དེ་ལྟར་བསྒོམས་པས་ལྟེ་གསང་གི་གཏུམ་མོ་སྤར་ཏེ་སྤྱི་བོ་ནས་བྱང་སེམས་ཞུ་ནས་དགའ་བཞི་འདྲེན་ནུས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ལུགས་དེ་ཐམས་ཅད་ཅིག་ཅར་དུ་བྱེད་དགོས་པ་མིན་ཡང་། རྒྱུད་དང་གྲུབ་ཆེན་སོ་སོའི་བཞེད་པ་མི་འདྲ་བ་རྣམས་ཀྱི་ཁྱད་པར་ཤེས་ན་ནི་གནད་ཆེ་བ་ཡིན་ནོ།། གཉིས་པ་དབྱེ་བ་བཤད་པ་ལ་གཉིས། དངོས་དང་། སྦྱོར་དྲུག་རིམ་ལྔར་སྡུད་ཚུལ་ལོ། །དང་པོ་ལ་ཇི་ལྟར་གསུངས་ཚུལ་ཡོད་དེ། རྩ་རྒྱུད་ལེའུ་དྲུག་པའི་སྔགས་ལ་ངེས་རྟོགས་ལུས་ཀྱི་ནི། ཞེས་སོགས་གསུངས་པའི་རྗེས་སུ་འབྲངས་ནས་སྤྱོད་བསྡུས་ལས། ལུས་དབེན། ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་གི་རིམ་པ་དང་དྲུག་ཏུ་མཛད། བཤད་རྒྱུད་རྡོ་རྗེ་འཕྲེང་བའི་རྡོ་རྗེ་བཟླས་པ་རབ་སྦྱོར་བས། ཞེས་སོགས་ཀྱི་རྡོ་རྗེས་སུ་འབྲང་ནས་འཕགས་པའི་རིམ་ལྔ་དང་ཀླུ་བྱང་གི་རྣམ་གཞག་གཉིས་ལས་རྡོར་བཟླས་སམ་ངག་དབེན་དང་པོར་བྱས་པའི་རིམ་པ་ལྔ་བཤད། ཟླ་བས་ལེའུ་དྲུག་པའི་འགྲེལ་པར་རིམ་པ་དྲུག་ཏུ་བཤད་ཅིང་། ལེའུ་དང་པོའི་འགྲེལ་པར་བསྐྱེད་རིམ་དང་པོར་བྱས་པའི་རིམ་པ་ལྔར་བཤད། རྡོ་རྗེའི་འཕྲེང་བའི་གླིང་གཞིར་ལུས་དབེན་དང་ངག་དབེན་གཉིས་སེམས་དབེན་གྱི་སྔོན་འགྲོར་བྱས་ནས་རིམ་པ་བཞིར་ཡང་བཤད་ཅིང་། དེ་ལྟར་བཤད་ཚུལ་ཐ་དད་པ་དེ་དག་གི་དགོངས་པ་ནི་མི་འགལ་ཏེ། དབྱེ་བསྡུ་མཛད་པ་ཙམ་ཡིན་པའི་ཕྱིར་རོ།། གཉིས་པ་ནི། སྨོན་ལམ་ལས། སོ་སོར་སྡུད་དང་བསམ་གཏན་སྲོག་རྩོལ་དང་། །འཛིན་པ་རྗེས་དྲན་ཏིང་འཛིན་ཡན་ལག་དྲུག །ཡོངས་སུ་སྡུད་པའི་ཟབ་ལམ་རིམ་པ་ལྔ། །ཞེས་གསུངས་པ་ལྟར་ཡིན་ལ། སྤྱིར་སྦྱོར་དྲུག་ལ་དུས་འཁོར་ནས་བཤད་པའི་སྦྱོར་བ་ཡན་ལག་དྲུག་སོགས་དུ་མ་ཡོད་ཀྱང་འདིར་རྒྱུད་ཕྱི་མ་ལས་གསུངས་པའི་སྦྱོར་དྲུག་རིམ་ལྔར་སྡུད་ཚུལ་སྟོན་པས། དེའི་ཚུལ་ཡོད་དེ། ལུས་དབེན་རྗེས་ཐོབ་ཏུ་གང་སྣང་བདེ་སྟོང་གི་རྣམ་རོལ་ཏུ་བལྟ་བ་ལ་སོར་སྡུད་དང་། དེའི་གཟུང་རྣམ་ལྷར་ཤར་བ་ལ་དམིགས་པ་བསམ་གཏན་དུ་བཤད་པས། དེ་གཉིས་ལུས་དབེན་གྱི་ནང་དུ་འདུས། སྲོག་རྩོལ་གྱི་གཙོ་བོ་རྡོར་བཟླས་ངག་དབེན་གྱིས་བསྡུས། འཛིན་པ་ནི་དོན་གྱི་འོད་གསལ་དུ་འདུ། རྗེས་དྲན་གྱི་དོན་གྱི་འོད་གསལ་ལས་ལུགས་ལྡོག་ཏུ་བྱུང་བའི་ཉེར་ཐོབ་ནས་སྨིན་རྒྱུའི་བར་ལ་བཤད་ཅིང་། ཏིང་ངེ་འཛིན་ནི་དག་པའི་སྒྱུ་ལུས་ལ་བཤད་པས་དེ་གཉིས་ཟུང་འཇུག་གིས་བསྡུས། སེམས་དབེན་དང་རིམ་པ་གསུམ་པའི་སྒྱུ་ལུས་ནི་སྦྱོར་དྲུག་གི་ཚིག་ཟིན་ལ་མེད་ཀྱང་། དོན་གྱི་འོད་གསལ་གྱི་སྔོན་འགྲོའི་སྣང་བ་གསུམ་དང་སེམས་དབེན་གནད་མཚུངས་ཤིང་། དག་པའི་སྒྱུ་མའི་སྐུ་དང་རིམ་པ་གསུམ་པའི་སྒྱུ་ལུས་གཉིས་ཀྱང་མཚན་ཉིད་མཚུངས་པའི་ཚུལ་གྱིས་བསྡུས་པའི་ཕྱིར་རོ། །སྤྱིར་རིགས་ལྔ་དང་སྐུ་གསུམ་ལ་སྒྲས་བརྗོད་རུང་གི་སྒོ་ནས་དབྱེ་ན་དུ་མ་ཡོད་དེ། གཞི་དང་ལམ་གྱི་རིམ་ལྔ་གཉིས་དང། གཞི་ལམ་འབྲས་གསུམ་གྱི་སྐུ་གསུམ་གྱི་རྣམ་གཞག་ཀྱང་མཛད་པའི་ཕྱིར། འོ་ན། དེའི་ཚུལ་ཇི་ལྟར་ཡིན་ཞེ་ན། ཡོད་དེ། སྐྱེས་ནས་མ་ཤིའི་བར་དུ་རླུང་འབྱུང་འཇུག་བྱེད་པ་ནི་གཞིའི་རྡོར་བཟླས། འཆི་བ་འོད་གསལ་དུ་འཇུག་པའི་སྣང་མཆེད་ཐོབ་གསུམ་ནི་གཞིའི་སེམས་དབེན། འཆི་བ་འོད་གསལ་ནི་གཞིའི་འོད་གསལ། བར་དོའི་ལུས་ནི་གཞིའི་སྒྱུ་མའི་སྐུ་གཉིས་ཀྱི་རིམ་པ་དང་། འཆི་བ་འོད་གསལ་ནི་གཞིའི་ཆོས་སྐུ། བར་དོ་ནི་ལོངས་སྐུ། སྐྱེ་བ་ནི་སྦྲུལ་སྐུ་དང་། ཡང་། ཞག་གཅིག་གི་དབང་དུ་བྱས་ན་སད་དུས་ཀྱི་དབུགས་འབྱུང་འཇུག་ནི་ཞག་གཅིག་གི་རྡོར་བཟླས་ཀྱི་རིམ་པ། གཉིད་ལ་ཕྱོགས་པའི་སྣང་བ་གསུམ་ནི་དེའི་སེམས་དམིགས། གཉིད་ཀྱི་འོད་གསལ་ནི་དེའི་འོད་གསལ། རྨི་ལམ་གྱི་ལུས་ཁྱད་པར་ཅན་ནི་དེའི་སྒྱུ་ལུས། ལུས་ཁྱད་པར་ཅན་ཕུང་པོ་རྙིང་པ་ལ་ཞུགས་པ་ནི་ཞག་གཅིག་གི་སྤྲུལ་སྐུ་དང་། གཉིད་ཀྱི་འོད་གསལ་ནི་ཞག་གཅིག་གི་ཆོས་སྐུ། རྨི་ལམ་གྱི་ལུས་ཁྱད་པར་ཅན་ནི་དེའི་ལོངས་སྐུ། ལུས་དེ་ཕུང་པོ་རྙིང་པ་ལ་ཞུགས་ནས་སད་པ་ནི་དེའི་སྤྲུལ་སྐུར་འཇོག་པ་ཡིན་པའི་ཕྱིར་རོ། །གསུམ་པ་གྲངས་ངེས་ཚུལ་ནི། འདིར་རྫོགས་རིམ་གྱི་ལམ་ལ་རིམ་པ་ལྔར་གྲངས་ངེས་པ་ཡིན་ཏེ། མཐར་ཐུག་གི་འབྲས་བུ་བསྒྲུབ་པ་ལ་ལྟོས་ནས་ལྔ་པོ་དེ་དགོས་ཤིང་། དེ་ལས་མང་མི་དགོས་ལ། ཉུང་ན་མི་ནུས་པའི་ཕྱིར་རོ། །བཞི་པ་གོ་རིམ་ངེས་ཚུལ་ནི། གོ་རིམ་འཆད་པ་ལྟར་ངེས་པ་ཡིན་ཏེ། སྔ་མ་སྔ་མ་སྔོན་སུ་མ་སོང་ན་ཕྱི་མ་ཕྱི་མ་རྣམས་མི་འབྱུང་ཞིང་སོང་ན་འབྱུང་བའི་རྗེས་སུ་འགྲོ་ལྡོག་གྲུབ་པའི་ཕྱིར། དེ་ཡང་མི་སློབ་པའི་ཟུང་འཇུག་གི་སྔོན་དུ་སློབ་པའི་ཟུང་འཇུག་འགྲོ་དགོས་ཏེ། དེ་ཐོབ་པ་ལ་སྔོན་དུ་རིགས་འདྲའི་རྒྱུ་ཐབས་ཤེས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་ཟུང་འཇུག་གཞན་འགྲོ་དགོས་པའི་ཕྱིར། སློབ་པའི་ཟུང་འཇུག་གི་སྔོན་དུ་དོན་གྱི་འོད་གསལ་འགྲོ་དགོས་ཤིང་། དེའི་སྔོན་དུ་རིམ་པ་གསུམ་པའི་སྒྱུ་ལུས་འགྲོ་དགོས་ཏེ། ཟུང་འཇུག་ནི་རིགས་འདྲའི་རྒྱུ་དེ་འདྲ་བ་ལས་གྲུབ་པའི་སྐུ་ཅན་ཡིན་པའི་ཕྱིར་དང་། དེ་འདྲ་བའི་སྒྱུ་ལུས་དེ་བར་དོ་དང་རྣམ་པ་ཤིན་ཏུ་མཐུན་ཞིང་དེའི་སྔོན་དུ་འཆི་བ་དང་རྣམ་པ་ཤིན་ཏུ་མཐུན་པའི་སེམས་དབེན་གྱི་རྟོགས་པ་ཐོབ་དགོས། དེའི་སྔོན་དུ་ངག་དབེན་གྱིས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་དགོས། དེའི་སྔོན་དུ་དྷཱུ་ཏཱིའི་མར་སྣ་ལྟ་བུ་ལ་གནད་དུ་བསྣུན་པའི་སྒོ་ནས་བདེ་ཆེན་ལྷར་ཤར་བའི་ལུས་དབེན་ཁྱད་པར་ཅན་ཐོབ་དགོས་པའི་ཕྱིར། དེ་དག་གི་ཁྱད་པར་འོག་ཏུ་འཆད་པར་འགྱུར་རོ། །ལྔ་པ་ཕྱེ་བ་སོ་སོའི་དོན་བཤད་པ་ལ་གཉིས། དབེན་པ་གསུམ་གྱི་རྫོགས་རིམ་དང་། བདེན་པ་གཉིས་ཀྱི་རྫོགས་རིམ་མོ། །དང་པོ་ལ་གསུམ། ལུས་དབེན་སྐུ་རྡོ་རྗེ། ངག་དབེན་གསུང་རྡོ་རྗེ། སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་བསླབ་ཚུལ་ལོ། །དང་པོ་ལ་དྲུག ལུས་དབེན་རིམ་གཉིས་གང་ཡིན། བསྐྱེད་རིམ་དང་ལུས་དབེན་ཁྱད་པར་ཅན་གྱི་གོ་རིམ། ལུས་དབེན་གྱི་ངོས་འཛིན། དེའི་རབ་དབྱེ། དེ་སོར་བསམ་གྱི་ཡན་ལག་ཏུ་འགྱུར་ཚུལ། དེ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ནི། སྔ་མ་ཁ་ཅིག་ལུས་དབེན་རིལ་པོ་བསྐྱེད་རིམ་ཁོ་ན་དང་། ཡང་རྫོགས་རིམ་ཁོ་ནར་འདོད་པ་སོགས་ཡོད་ཀྱང་། རང་ལུགས་ནི་ལུས་དབེན་ལ་བསྐྱེད་རྫོགས་གཉིས་ཀའི་ཆ་ཡོད་དེ། ལུས་དབེན་ལ་སྤྱིར་སྟོང་ཉིད་རྟོགས་པའི་བློའི་གཟུང་རྣམ་ལྷར་ཤར་མ་ཤར་གཉིས་ཡོད་པའི་དང་པོ་ལ་ཞུ་བ་དེས་སྟོང་ཉིད་རྟོགས་མ་རྟོགས་གཉིས། རྟོགས་པ་ལའང་རླུང་དབུ་མའི་ནང་དུ་ཐིམ་མ་ཐིམ་གཉིས་ཡོད་པ་ལས། སྤྱིར་སྟོང་ཉིད་རྟོགས་པ་དང་། ཞུ་བདེ་ཙམ་གྱིས་སྟོང་ཉིད་རྟོགས་པའི་བློའི་གཟུང་རྣམ་ལྷར་ཤར་བ་ནི་བསྐྱེད་རིམ་ལའང་ཡོད་ཅིང་། དེ་ཡང་ལྷག་མོས་ལུས་ལ་བསྡུ་བ་དང་། ལུས་དཀྱིལ་དང་། ཉེར་བསྡུད་དང་། ཡུལ་སྣང་རྡོ་རྗེ་འཆང་དུ་བསྒོམ་པའི་སྐབས་སུ་ཡོད་ལ། རླུང་དབུ་མར་ཐིམ་པའི་སྒོ་ནས་ཞུ་བདེས་སྟོང་ཉིད་རྟོགས་པའི་བློའི་གཟུང་རྣམ་ལྷར་ཤར་བའི་ཚུལ་གྱིས་ཕུང་སོགས་ལྷར་བསྒོམ་པའི་ལུས་དབེན་ནི་རྫོགས་རིམ་གྱི་ལུས་དབེན་དུ་འཇོག་པའི་ཕྱིར། དེའི་ཚུལ་ཡང་། ཚོན་རྩི་གཅིག་ཉིད་རི་མོ་མཁན་གྱི་དབང་གིས་རི་མོ་སྣ་ཚོགས་སུ་སྣང་བ་དང་། གར་མཁན་གཅིག་ཉིད་འབག་ཆས་ཀྱི་དབང་གིས་གཟུགས་སྣ་ཚོགས་སུ་འགྱུར་བ་ལྟར། བདེ་ཆེན་གྱི་གཟུང་རྣམ་གཅིག་ཉིད་རིགས་ལྔ་ལ་སོགས་པའི་ལྷའི་སྐུ་སྣ་ཚོགས་སུ་སྣང་བར་འགྱུར་ཏེ། ཇི་སྐད་དུ། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུ་ཉམས་ནི་དུ་མའི་གར་མཛད་དོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུ་དེ་ཉིད་འབྲས་དུས་སུ་དངོས་གནས་སུ་ཡོད་ལ། ལམ་དུས་སུ་ནི་བསྒོམས་སྟོབས་ཀྱིས་འབྱུང་ངོ་། །གཉིས་པ་བསྐྱེད་རིམ་དང་ལུས་དབེན་ཁྱད་པར་ཅན་གྱི་གོ་རིམ་ངེས་ཏེ། བསྐྱེད་རིམ་གྱི་སྐབས་སུ་ལུས་དབེན་ཡོད་ཀྱང་ཕལ་པའི་ཚུལ་གྱིས་འབྱུང་ལ། རླུང་དབུ་མར་ཐིམ་པ་ལས་བྱུང་བའི་ལུས་དབེན་ནི་རྫོགས་རིམ་ནས་འབྱུང་བ་ཡིན་པའི་ཕྱིར་ཏེ། སྤྱིར་བསྐྱེད་རིམ་རྫོགས་རིམ་གྱི་རྒྱུད་སྨིན་བྱེད་ཡིན་ཞིང་། བྱེ་བྲག་ཏུ་བསྐྱེད་རིམ་པའི་འོག་སྒོར་ཕྲ་ཐིག་བསྒོམས་པ་ནི་རྫོགས་རིམ་གྱི་ཕྲ་མོའི་རྣལ་འབྱོར་གྱི་རྒྱུད་སྨིན་བྱེད་ཁྱད་པར་ཅན་ཡིན་པའི་ཕྱིར་ཏེ། བསྐྱེད་རིམ་གྱི་སྐབས་སུ་དྷཱུ་ཏཱིའི་མར་སྣར་ཐིག་ལེ་སྔོན་པོ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བསྒོམས་པས། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་བདེ་ཆེན་གྱི་ཡེ་ཤེས་ནས་སྐྱེས་པའི་ཚེ། ལུས་དབེན་རྫོགས་རིམ་དུ་འཕོས་པར་འཇོག་པའི་ཕྱིར་རོ། །གསུམ་པ་ལུས་དབེན་ངོས་འཛིན་ལ། སྔ་མ་ཁ་ཅིག རང་གི་ལུས་རགས་པ་ཉེར་ལྔའི་ངོ་བོར་ལྟ་བ་དེ་གཟུགས་ཀྱི་ལུས་དབེན་དང་། ལུས་མི་གཙང་བའི་རྫས་སོ་དྲུག་གི་ངོ་བོར་ལྟ་བ་དེ་རང་བཞིན་གྱི་ལུས་དབེན། ལུས་སེམས་ཙམ་གྱི་བདག་ཉིད་དུ་ལྟ་བ་དེ་རྣམ་ཤེས་ཀྱི་ལུས་དབེན། ལུས་ལྷར་བསྒོམས་པ་དེ་ཏིང་ངེ་འཛིན་གྱི་ལུས་དབེན་དུ་འདོད་ཀྱང་དང་པོ་གསུམ་མི་འཐད་ཅིང་། ཕྱི་མའི་དབང་དུ་བྱས་ན། དབེན་གཞི་དང་། དབེན་བྱེད་དང་། དབེན་ཚུལ་གསུམ་ལས་དང་པོ་ནི། རྣམ་སྨིན་གྱི་འབྱུང་ལུས་རགས་པ་སྤྱི་དང་། བྱེ་བྲག་ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ་། ཡུལ་ལྔ། གཞིའི་ཡེ་ཤེས་ལྔ་སྟེ་ཉེར་ལྔ་པོ་དེ་ཡིན། དེ་རྣམས་ཅིའི་ཕྱིར་ལུས་ཞེས་བརྗོད་ཅེ་ན་ཡོད་དེ། ལུས་ཀྱི་སྐད་དོད་ཀཱ་ཡ་ཞེས་པ་ནི་ཚོགས་པ་དང་སྤུངས་པ་ལ་འཇུག་པས། ཤ་རུས་གདོས་བཅས་ཀྱི་ཕུང་པོ་ནི་ཤའི་ཁམ་ཚད་བསགས་པའམ་སྤུངས་པ་དང་། རགས་པ་ཉེར་ལྔའི་གཟུགས་ཅན་རྣམས་ཚོགས་པའམ་སྤུངས་པ་དང་། སེམས་སེམས་བྱུང་རྣམས་སྐད་ཅིག་སྔ་ཕྱིའི་ཚོགས་རྒྱུན་དུ་མ་དང་ལྡན་པས་ན་ལུས་ཞེས་བརྗོད་པ་ཡིན་པའི་ཕྱིར། དབེན་བྱེད་ནི་ལྷར་མོས་པ་ཡིན་ལ། ཇི་ལྟར་དབེན་པ་ནི། ཐ་མལ་གྱི་སྣང་ཞེན་བཀག་པའི་ཚུལ་གྱིས་ཡིན་ནོ། །བཞི་པ་ལ་བཞི། དམ་པ་རིགས་བརྒྱའི་ལུས་དབེན། དེ་ཉིད་རིགས་ལྔའི་ལུས་དབེན། གསང་བ་རིགས་གསུམ་གྱི་ལུས་དབེན། གསང་ཆེན་རིགས་གཅིག་གི་ལུས་དབེན་ནོ། །དང་པོ་ལ་བཞི་ལས། དང་པོ་ནི། རྩ་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་སྒྲགས། །ཞེས་གསུངས་པ་ལྟར་གཟུགས་སོགས་ཀྱི་ཕུང་པོ་ལྔ་པོ་རེ་རེ་ལའང་ཆ་ཤས་ལྔ་ལྔར་ཕྱེ་ནས། རིགས་ལྔ་རེ་རེ་ལའང་ལྔ་ལྔར་ཕྱེ་བའི་ཚུལ་གྱིས་སྒོམ་པར་བྱེད་པ་ནི་ཕུང་པོ་ལྔ་རིགས་སྔར་སྒོམ་པའི་ལུས་དབེན་ཡིན་ཏེ། དེ་ཡང་དབྱིབས་ཀྱི་གཟུགས་དང་རྣམ་པའི་གཟུགས་དང་ཁ་དོག་གི་གཟུགས་དང་སྣང་བའི་གཟུགས་དང་རིག་བྱེད་མ་ཡིན་པའི་གཟུགས་ལྔ་ནི་རྣམ་སྣང་གི་རྣམ་སྣང་ནས་རྣམ་སྣང་གི་མི་བསྐྱོད་པའི་བར་དུ་སྒོམ་པར་བྱེད་པ་ཡིན་ལ། དེ་བཞིན་དུ་བཏང་སྙོམས་ཀྱི་ཚོར་བ། བདེ་བ། སྡུག་བསྔལ། པད་རླུང་ལས་བྱུང་བ། འདུས་མཁྲིས་ལས་བྱུང་བའི་ཚོར་བ་ལྔ་ནི་རིན་འབྱུང་གི་རྣམ་སྣང་སོགས་ལྔ་དང་། མི་གཡོ་བའི་འདུ་ཤེས་དང་རྐང་བཞི་རྐང་མེད་རྐང་མང་རྐང་གཉིས་ཀྱི་འདུ་ཤེས་ལྔ་ནི་འོད་དཔག་མེད་ཀྱི་རྣམ་སྣང་སོགས་ལྔ་དང་། ལུས་ཀྱི་འདུ་བྱེད་ཁམས་གསུམ་དག་ཐར་པ་ཡིད་ཀྱི་འདུ་བྱེད་ལྔ་ནི་དོན་གྲུབ་ཀྱི་རྣམ་སྣང་སོགས་ལྔ་དང་། མིག་གི་རྣམ་ཤེས་རྣ་བ་སྣ་ལྕེ་ལུས་ཀྱི་རྣམ་ཤེས་ལྔ་ནི་རིམ་པ་བཞིན་དུ་མི་བསྐྱོད་པའི་རྣམ་སྣང་ནས་མི་བསྐྱོད་པའི་མི་བསྐྱོད་པའི་བར་དུ་སྒོམ་པར་བྱེད་པ་ཡིན་པའི་ཕྱིར། གཉིས་པ་ནི་རྒྱུད་ལས། ས་ནི་སྤྱན་ཞེས་བྱ་བ་ཡིན། །ཞེས་སོགས་གསུངས་པ་ལྟར་ས་ལ་སོགས་པའི་ཁམས་བཞི་ཡུམ་བཞིར་སྒོམ་པར་བྱེད་པ་ནི་ཁམས་ཀྱི་ལུས་དབེན་ཡིན་ཏེ། ས་ཁམས་ལ་ཕྱི་ནང་གཉིས་ལས། ནང་ལ་སྐྲ་རུས་པ་སོགས་དང་། ཕྱི་ལ་རི་རབ་གླིང་བཞི་སྟེ་ཕྱི་ནང་ཚན་པ་ལྔ་ནི་རིམ་པ་བཞིན་དུ་སྤྱན་མའི་རྣམ་སྣང་སོགས་དང་། ཆུ་ལ་ཕྱི་ནང་གཉིས་ལས་ནང་ལ་བད་ཀན་མཆི་མ་སོགས་ལྔ་དང་། ཕྱི་ལ་འབབ་ཆུ་སོགས་ལྔ་ནི་མ་མཱ་ཀིའི་རྣམ་སྣང་སོགས་དང་། མེ་ལ་གཉིས་ལས་ནང་ལ་མགོ་བོའི་དྲོད་སོགས་ལྔ་དང་། ཕྱི་ལ་རྡོ་ལས་བྱུང་བའི་མེ་སོགས་ལྔ་ནི་གོས་དཀར་མོའི་རྣམ་སྣང་སོགས་དང་། རླུང་ལ་གཉིས་ལས་ནང་ལ་ཁྱབ་བྱེད་ལོགས་ལྔ་དང་། ཕྱི་ལ་སྟེང་རླུང་སོགས་ལྔ་ནི་སྒྲོལ་མའི་རྣམ་སྣང་སོགས་སྔར་སྒོམ་པར་བྱེད་པ་ཡིན་པའི་ཕྱིར། གསུམ་པ་ནི་རྒྱུད་ལས། རྡོ་རྗེའི་སྐྱེ་མཆེད་བདག་ཉིད་ཀྱང་། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་པ་ལྟར་དབང་པོ་དྲུག་སེམས་དཔའ་དྲུག་ཏུ་སྒོམ་པ་ནི་དབང་པོའི་ལུས་དབེན་ཡིན་ཏེ། དེ་ཡང་མིག་གིས་གཟུགས་གསུམ་འཛིན་པ་སོགས་ལྔ་ནི་ས་སྙིང་གི་རྣམ་སྣང་སོགས་དང་། རྣ་བའི་རང་བཞིན་སོགས་ལྔ་ནི་ཕྱག་རྡོར་གྱི་རྣམ་སྣང་སོགས་དང་། སྣའི་རང་བཞིན་སོགས་ལྔ་ནི་ནམ་སྙིང་གི་རྣམ་སྣང་སོགས་དང་། ལྕེའི་རང་བཞིན་སོགས་ལྔ་ནི་འཇིག་རྟེན་དབང་ཕྱུག་གི་རྣམ་སྣང་སོགས་དང་། ལུས་ཀྱི་དབང་པོ་སོགས་ལྔ་ནི་སྒྲིབ་སེལ་གྱི་རྣམ་སྣང་སོགས་ལྔར་སྒོམ་པ་ཡིན་ལ། གཞི་དུས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་སོགས་ལྔ་ནི་འཇམ་དཔལ་གྱི་རྣམ་སྣང་ནས་དེའི་མི་བསྐྱོད་པའི་བར་དུ་སྒོམ་པར་བྱེད་པ་ཡིན་པའི་ཕྱིར། བཞི་པ་ནི་རྒྱུད་ལས། གཟུགས་སྒྲ་ལ་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་གསུངས་པ་ལྟར་གཟུགས་སོགས་ལུས་ལྔ་རྡོ་རྗེ་མ་ལྔར་སྒོམ་པར་བྱེད་པ་ནི་ཡུལ་གྱི་ལུས་དབེན་ཡིན་ཏེ། དེ་ཡང་གཟུགས་སྤྱིི་ཙམ་པ་སོགས་ལྔ་ནི་གཟུགས་རྡོ་རྗེ་མའི་རྣམ་སྣང་སོགས་དང་། རྣ་བའི་ནང་གི་སྒྲ་སོགས་ལྔ་ནི་སྒྲ་རྡོ་རྗེ་མའི་རྣམ་སྣང་སོགས་དང་། དྲི་སྤྱི་ཙམ་པ་སོགས་ལྔ་ནི་དྲི་རྡོ་རྗེ་མའི་རྣམ་སྣང་སོགས་དང་། མངར་བའི་རོ་སོགས་ལྔ་ནི་རོ་རྡོ་རྗེ་མའི་རྣམ་སྣང་སོགས་ལྔ་དང་། ཕྱག་རྒྱ་དང་ལྷན་ཅིག་པའི་རེག་བྱ་སོགས་ལྔ་ནི་རེག་བྱ་རྡོ་རྗེ་མའི་རྣམ་སྣང་སོགས་ལྔར་སྒོམ་པར་བྱེད་དགོས་པ་ཡིན་པའི་ཕྱིར། རིགས་བརྒྱའི་ལྷ་རྣམས་ཀྱི་རྣམ་སྣང་གི་རྣམ་སྣང་དཀར་པོ་དང་དེའི་རིན་འབྱུང་སེར་པོ་ཡིན་པ་སོགས་སྐུ་མདོག་མི་འགྱུར་ཞིང་། ཕྱག་མཚན་ནི་རྣམ་སྣང་གི་རིགས་ལྔ་ཐམས་ཅད་གཡས་འཁོར་ལོ་རྡོ་རྗེ་པདྨ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ་ཡིན་ལ། དེས་གཞན་ལའང་གོ་ནུས་སོ། །འདིར་རིགས་བརྒྱ་བཤད་པ་ནི་རྒྱུད་ཀྱི་དངོས་ཟིན་གྱི་དབང་དུ་བྱས་པ་ཡིན་གྱི། སྤྱིར་ཁྲོ་བོ་རྣམས་དང་བྱམས་པ་ཀུན་བཟང་ལའང་ལྔ་ལྔར་དབྱེར་རུང་བ་ཡིན་ཏེ། ལྷ་གཞན་ལ་རིགས་ལྔ་ལྔར་དབྱེར་རུང་ལ། དེ་བཅུ་གཉིས་ལ་ལྔ་ལྔར་འབྱེད་མི་རུང་བའི་ཁྱད་པར་མི་འཐད་པའི་ཕྱིར་རོ། །གཉིས་པ་རིགས་བརྒྱ་པོ་དེ་བསྡུ་ན་རིགས་ལྔར་འདུ་བ་ཡིན་ཏེ། རྣམ་སྣང་ཉི་ཤུ་པོ་རྣམ་སྣང་གཅིག་ཏུ་སྡུད་པ་ནས་མི་བསྐྱོད་པ་ཉི་ཤུ་པོ་མི་བསྐྱོད་པ་གཅིག་ཏུ་བསྡུས་ཏེ་སྒོམ་པར་བྱེད་བའི་ཕྱིར་རོ། །གསུམ་པ་ནི་ལྔ་པོ་དེ་ཡང་རིགས་གསུམ་དུ་འདུ་བ་ཡིན་ཏེ། རིན་འབྱུང་སྐུ་རྡོ་རྗེ་རྣམ་སྣང་། དོན་གྲུབ་གསུང་རྡོ་རྗེ་འོད་དཔག་མེད། རྡོ་རྗེ་འཆང་ཐུགས་རྡོ་རྗེ་མི་བསྐྱོད་པར་བསྡུས་ནས་སྒོམ་པར་བྱེད་པ་ཡིན་པའི་ཕྱིར་ཏེ། དེ་རྣམས་དབེན་གཞི་ལུས་ངག་ཡིད་གསུམ་རྣམ་པར་དག་པ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་འདུ་བའི་ཕྱིར་རོ། །བཞི་པ་ཡོད་དེ། རིགས་གསུམ་པོ་དེ་ཡང་རྡོ་རྗེ་འཆང་གཅིག་ཏུ་བསྡུས་ནས་སྒོམ་པར་བྱེད་པ་ཡིན་པའི་ཕྱིར་རོ། །མདོར་ན་སྔར་ཇི་སྐད་བཤད་པ་དེ་རྣམས་ནི་རིགས་བརྒྱ་དང་ལྔ་དང་གསུམ་དང་གཅིག་གི་ལུས་དབེན་ཡིན་ཏེ། རྒྱུད་ཕྱི་མ་ལས། དེ་ཉིད་རྣམ་པ་ལྔ་རུ་བཤད། །གསལ་བ་རྣམ་པ་གསུམ་དུ་བཤད། །ལྷག་པའི་ལྷ་ནི་གསང་ཆེན་ཏེ། །དམ་པའི་རིགས་ནི་རྣམ་པ་བརྒྱ། །ཞེས་གསུངས་པའི་ཕྱིར་རོ། །ལྔ་པ་ནི། ལུས་དབེན་མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཀྱི་སྐབས་སུ་མིག་སོགས་དབང་པོ་ལྔ་གཟུགས་སོགས་ཡུལ་ལྔ་ལ་འཇུག་པའི་ཚེ། ཡུལ་རྣམས་བདེ་སྟོང་གི་རྣམ་རོལ་དུ་ལྟ་ཞིང་ཡང་ཡང་ལོངས་སྤྱོད་པ་ནི་སོར་སྡུད་ཡིན་ཏེ། རྒྱུད་ཕྱི་མ་ལས། དབང་པོ་བཅུ་པོ་རྣམས་ཀྱི་ཡང་། །རང་གི་འཇུག་གནས་ཐམས་ཅད་དུ། འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། དབང་པོ་བཅུ་པོ་ཞེས་གསུངས་པ་ནི་དབང་པོ་ལྔ་དང་དེའི་ཡུལ་ལྔ་ལ་ཡང་དབང་པོའི་སྒྲས་བརྗོད་པ་ཡིན་ལ། འདོད་པ་ནི་འདིར་འདོད་བྱ་ཡུལ་ལྔ་དང་། སོ་སོར་ནི་ཡང་ཡང་གི་དོན་ཡིན་གྱི། ཐ་དད་པའི་སོ་སོ་བའི་དོན་མིན་ནོ། །སོར་སྡུད་ལ་བརྟེན་ནས་ཡུལ་ལྔ་ལྷར་སྒོམ་པའི་རྣལ་འབྱོར་ནི་བསམ་གཏན་ཡིན་ཏེ། རྒྱུད་ཕྱི་མ་ལས། འདོད་པ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔ་རུ་སྦྱོང་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར། བསམ་གཏན་དེ་ལ་ནི་ཡན་ལག་ལྔ་ཡོད་དེ། དེའི་ཚེ་ལྷའི་ངོ་བོ་ལ་རྟོག་པ་ནི་རྟོག་པའི་ཡན་ལག་དང་། ཞིབ་ཏུ་དཔྱོད་པ་ནི་སྤྱོད་པའི་ཡན་ལག རྟོག་དཔྱོད་གཉིས་ཀྱིས་དྲངས་པའི་སྟོང་ཉིད་རྟོགས་པའི་བདེ་ཆེན་གྱི་ཡིད་བདེ་ནི་དགའ་བའི་ཡན་ལག དེ་དང་མཚུངས་ལྡན་གྱི་ཤིན་སྤྱངས་ཀྱི་བདེ་བ་ནི་བདེ་བའི་ཡན་ལག དགའ་བདེ་དེ་གཉིས་དང་འབྲེལ་བའི་སྟོང་པ་གསུམ་དང་། ཐམས་ཅད་སྟོང་པ་འོད་གསལ་ནི་སེམས་རྩེ་གཅིག་པའི་ཡན་ལག་ཡིན་ཏེ། རྒྱུད་ཕྱི་མ་ལས། གསང་བ་གསུམ་བྱུང་རྟོག་པ་སྟེ། །དེ་ཡི་ལོངས་སྤྱོད་དཔྱོད་པའོ། །དགའ་ལ་རེག་པ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་གྱི་རང་བཞིན་ཞི། །ཐམས་ཅད་ནམ་མཁའ་ལ་རབ་གནས། །ཞེས་གསུངས་པའི་ཕྱིར། ཤེས་པ་དང་ཤེས་བྱ་བྱུང་བ་ཟད་པའི་དོན་ཡོད་དེ། ཤེས་པ་ནི་མིག་གི་རྣམ་ཤེས་སོགས་ཡུལ་ཅན་རྣམས་དང་ཤེས་བྱ་གཟུགས་སོགས་ཡུལ་རྣམས་ཏེ། དེ་ཟད་པ་ནི་གཟུང་འཛིན་རྒྱངས་ཆད་དུ་སྣང་བ་བཀག་ནས་སྟོང་པའི་འོད་གསལ་བསྒོམ་པར་བྱ་བའི་དོན་ཡིན་པའི་ཕྱིར་རོ། །དྲུག་པ་ཇི་ལྟར་ཉམས་སུ་ལེན་ཚུལ་བཤད་པ་ལ་གསུམ། འོག་སྒོར་ཕྲ་མོ་བསྒོམས་པས་རླུང་འདུ་ཚུལ། ཞུ་བདེ་སྐྱེ་ཚུལ། སྐྱེས་པའི་ཚེ་མཉམ་རྗེས་སུ་སྐྱོང་ཚུལ་ལོ། །དང་པོ་ནི། རྫོགས་རིམ་སྒོམ་པའི་རྣལ་འབྱོར་པ་དེས། ལུས་དང་དུས་དང་ཡུལ་དང་རླུང་གི་གནད་བཞི་ལྡན་གྱིས་བསྒོམ་པར་བྱ་སྟེ། ལུས་གནད་ནི་རྣམ་སྣང་གི་ཆོས་བདུན་ལྡན་དང་། དུས་ནི་སྤྱིར་རྒྱུན་དང་ཁྱད་པར་ཐོ་རངས་རིག་པ་དྭངས་པའི་དུས་དང་ཕྱི་དྲོ་མེའི་རླུང་དུས་དང་། རླུང་ནི་འབྱུང་འཇུག་རན་པར་བྱེད་པ་དང་། ཡུལ་ནི་སྤྱིར་དྷཱུ་ཏཱིའི་ནང་དང་སྐབས་འདིར་དེའི་མར་སྣེའི་ནོར་བུའི་ནང་དུ་ཐིག་ལེ་ཕྲ་མོ་ལ་དམིགས་རྟེན་བྱས་ནས་སེམས་ཞུགས་པ་བཞིན་དུ་དམིགས་ནས་སྒོམ་པར་བྱེད་པ་ཡིན་པའི་ཕྱིར་ཏེ། རྩ་རྒྱུད་ལེའུ་གསུམ་པ་ལས། །རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བསྒོམ། །ཞེས་དང་། ལེའུ་དྲུག་པར་ཡང་། ཨུཏྤལ་མཐིང་གའི་མདོག་འདྲ་བ། །རྩེ་མོ་ལྔ་པ་ཁྱད་པར་དུ། །ནས་ཀྱི་འབྲུ་ཙམ་ནན་ཏན་གྱིས། །སྣ་ཡི་རྩེ་མོར་རྣམ་པར་བསམ། །ཞེས་པ་གཉིས་ཀྱིས་བསྟན་ཅིང་། །དེའི་དོན་རྗེས་འདུས་པའི་སྨོན་ལམ་ལས། ནོར་བུ་ཐིག་ལེ་ཕྲ་མོར་སེམས་བརྟན་པས། །ཉི་མས་ཟླ་བ་བཞུས་པའི་བདུད་རྩིའི་རྒྱུན། །ལུགས་འབྱུང་ལུགས་ལྡོག་རིམ་པས་དྲངས་པ་ཡི། །ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། །དེ་ལྟར་བསྒོམས་པས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་གང་དུ་སེམས་བཟུང་བ་དེར་རླུང་ཡང་རིམ་གྱིས་འདུས་ཏེ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་དེ་འབྱུང་ཞིང་། དེ་ལ་བརྟེན་ནས་འོད་གསལ་ཡང་འཆར་ལ། དེའི་རྟགས་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། རླུང་ཞུགས་པའི་རྟགས་ལ་སྣ་བུག་གཉིས་ནས་མཉམ་རྒྱུ་ཤེད་མཚུངས་སུ་འབྱུང་། གནས་པ་ན་སྣ་བུག་གི་རྒྱུ་པ་ཆད། ཐིམ་པ་ལ། ས་ཁམས་ཐིམ་པས་སྨིག་རྒྱུ་ལྟ་བུ། ཆུ་ཐིམ་པས་དུ་བ། མེ་ཐིམ་པས་མེ་འཁྱེར། རླུང་ཐིམ་པས་མར་མེ་ལྟ་བུའི་སྣང་བ་འཆར་བའི་ཕྱིར་ཏེ། ཞལ་ལུང་ལས། དེ་ནས་གསང་བའི་ཐིག་ལེ་ཆེ། །རབ་ཏུ་ཕྲ་བ་གོང་མ་བཞིན། །རང་སེམས་དལ་བུ་དལ་བུས་བཟུང་། །དངོས་པོ་མེད་པའི་གནས་སུ་འགྱུར། །དེ་ཡང་བཟུང་བ་གོམས་པ་ཡིས། །ཕྱིན་ཅི་ལོགས་ནི་རྣམ་པར་ལྡོག །སྨིག་རྒྱུ་ལྟ་བུར་སྣང་བ་ནི། །རྟག་ནི་དང་པོར་ཤེས་པར་བྱ། །ཞེས་སོགས་དང་། རྒྱུད་ཕྱི་མ་ལས་ཀྱང་། མཚན་མའི་ཁམས་ནི་རྣམ་པ་ལྔར་། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡི། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། སྤྱིར་གཏུམ་མོ་སྦར་ནས་བྱང་སེམས་སྤྱི་བོ་ནས་ཞུ་བ་ལ་ནི་ལམ་བསྒོམ་མི་དགོས་ཏེ། དེ་ནི་ལམ་མི་སྒོམ་པ་ལའང་འབྱུང་བའི་ཕྱིར་རོ། །ལམ་བསྒོམས་ནས་གཏུམ་མོ་སྦར་ཏེ་བྱང་སེམས་བཞུས་པའི་དགོས་པ་ནི། བདེ་བ་འབྱུང་པ་ཙམ་གྱི་ཆེད་མིན་གྱི། ལྷན་སྐྱེས་ཀྱི་བདེ་ཆེན་བསྐྱེད་པའི་ཆེད་དུ་ཡིན་ལ། དེ་རྫོགས་པར་སྐྱེ་བ་ལ་ནི་བྱང་སེམས་ལྟེ་བ་མན་ཆད་དང་། ཁྱད་པར་དུ་ནོར་བུའི་རྩེར་སླེབས་པ་རེ་ཞིག་འཛིན་ནུས་པ་གཅིག་དགོས་ཏེ། དེ་མེད་ན་ལྷན་སྐྱེས་མཚན་ཉིད་ཚང་བ་མི་སྐྱེ་བའི་ཕྱིར། རླུང་ཐིམ་བའི་དབང་གིས་བྱང་སེམས་ཞུ་བ་ནི། ལྷན་སྐྱེས་མ་སྐྱེས་བར་དུ་ཕྱིར་མི་འཕོ་སྟེ། དེ་ཕྱིར་བསྐྱོད་པའི་རླུང་གི་འཇུག་པ་ཞི་ནས་སྐབས་དེར་མ་སྐྱེས་པའི་ཕྱིར་རོ། །བྱང་སེམས་སྤྱི་བོ་ནས་མགྲིན་པ། དེ་ནས་སྙིང་ག །དེ་ནས་ལྟེ་བ། དེ་ནས་གསང་གནས་རྣམས་སུ་སླེབས་པ་ན་རིམ་པ་བཞིན་དུ་དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་སྐྱེས་ཀྱི་དགའ་བ་སྟེེ་ལུགས་འབྱུང་དང་། དེ་ལས་ལྡོག་པའི་ལུགས་ལྡོག་གི་དགའ་བཞི་སྐྱེ་བ་ཡིན་ཏེ། རྡོ་རྗེ་འཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་དང་། སྤྲུལ་པའི་འཁོར་ལོར་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་དང་བདེ་བ་ཆེ། །ལུགས་ལྡོག་རིམ་པ་ཞེས་ནི་གསུངས། །ཞེས་གསུངས་པའི་ཕྱིར། །ཡར་མར་གྱི་དགའ་བ་རེ་རེ་ལ་བཞི་བཞིར་ཕྱེ་ནས་བཅུ་དྲུག་དང་། གསུམ་གསུམ་དུ་ཕྱེ་ནས་བཅུ་གཉིས་སུ་འགྱུར་པ་ཡིན་ཏེ། བྱང་སེམས་དཀར་པོ་འབབ་པའི་ལྡོག་ཆ་ནས་བཅུ་དྲུག་དང་། དམར་པོ་འབབ་པའི་ལྡོག་ཆ་ནས་བཅུ་གཉིས་སུ་འཇོག་པའི་ཕྱིར་ཏེ། ཕྱག་ཆེན་ཐིག་ལེ་ལས། རི་བོང་མཚན་མའི་ཆ་འདི་རྣམས། །དགའ་བའི་ཐེག་ལེ་བཅུ་དྲུག་སྟེ། །ཨཱ་ལིའི་ངོ་བོར་ཤེས་པར་བྱ། །འཁོར་ལོ་བཞི་རུ་རིམ་པ་ལས། །ཇི་སྐད་བཤད་རྣམས་དེ་ལྟ་ནའང་། །ཉི་མ་བཅུ་གཉིས་རྣམས་སུ་བཤད། །ཅེས་གསུངས་པའི་ཕྱིར། དེའི་ཚུལ་ཡོད་དེ། སྤྱི་བོ་ནས་མགྲིན་པའི་བར་ཆ་མཉམ་བཞིར་ཕྱེ་བའི་ཆ་མཉམ་དང་པོར་བྱང་སེམས་སླེབས་པ་ན་དགའ་བ། གཉིས་པར་མཆོག་དགའ། གསུམ་པར་ཁྱད་དགའ། བཞི་པར་ལྷན་སྐྱེས་ཀྱི་དགའ་བ་མྱོང་བ་ཡིན་ལ་དེ་བཞིན་དུ་གནས་གཞན་ལའང་རིགས་འགྲེ་བ་དང་། སྤྱི་བོ་ནས་མགྲིན་པའི་བར་ཆ་མཉམ་གསུམ་དུ་ཕྱེ་ནས་དང་པོར་དགའ་བ་ཆུང་ངུ་། བར་བར་འབྲིང་། གསུམ་པར་དགའ་བ་ཆེན་པོ་མྱོང་བར་འཇོག་ཅིང་དེས་གཞན་གསུམ་ལའང་སྦྱོར་བ་ཡིན་པའི་ཕྱིར། ལུགས་ལྡོག་གི་ཚེ་བྱང་སེམས་དམིགས་པས་གྱེན་དུ་ཟློག་དགོས་ཏེ། རྡོར་འཕྲེང་ལས། དེ་ཉིད་སྟེང་དུ་རྒྱུ་བ་ནི། །རྣལ་འབྱོར་བས་ནི་སྒྲུབ་པར་བྱེད། །ཅེས་གསུངས་པའི་ཕྱིར། ཡས་བབས་ཀྱི་དགའ་བ་ལས་མས་བརྟན་གྱི་དགའ་བ་ཁྱད་པར་དུ་འཕགས་པ་ཡིན་ཏེ། མས་བརྟན་གྱི་དགའ་བཞི་གང་རུང་ལ་ལྷན་སྐྱེས་ཀྱིས་ཁྱབ་པའི་ཕྱིར་ཏེ། ཡས་བབས་ཀྱི་འོད་གསལ་གྱི་མཉམ་གཞག་གི་རྒྱུན་ལས་མ་ལངས་པར་མས་བརྟན་གྱི་དགའ་བཞི་འདྲེན་པར་བཤད་པའི་ཕྱིར་རོ། །མས་བརྟན་རྫོགས་པར་འདྲེན་པ་ལ་སྙིང་གའི་རྩ་མདུད་ལྷོད་དུ་འགྲོ་དགོས་ཏེ། དེ་མ་སོང་ན་མས་བརྟན་གྱི་ལྷན་སྐྱེས་རྫོགས་པར་འདྲེན་མི་ནུས་པའི་ཕྱིར་རོ། །གསུམ་པ་མཉམ་རྗེས་སུ་སྐྱོང་ཚུལ་ནི། ཕྲ་མོའི་རྣལ་འབྱོར་བཤད་པ་ལྟར་བསྒོམས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་སྟོབས་ཀྱིས། བྱང་སེམས་དཀར་པོ་སྤྱི་བོ་ནས་དབུ་མའི་ནང་དུ་བབས་པས་རེག་བྱ་ཁྱད་པར་ཅན་སྐྱེ། དེས་གཟུང་དོན་དང་ལུས་དབང་ཁྱད་པར་ཅན་གྱིས་བདག་རྐྱེན་བྱས་ནས་དབང་ཤེས་ཀྱི་ངོ་བོར་གྱུར་པའི་ཚོར་བ་བདེ་བ་སྐྱེ། དེས་དེ་མ་ཐག་རྐྱེན་བྱས་ནས་ཡིད་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་བ་སྐྱེ། བདེ་བ་དེ་ཉིད་ཀྱིས་སྟོང་ཉིད་རྟོགས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་ནས་མཉམ་པར་འཇོག་ཅིང་། རྗེས་ཐོབ་ཏུ་ཆོས་ཐམས་ཅད་རྟོགས་པས་བཏགས་ཙམ་མ་གཏོགས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྣང་སྟོང་ཚོགས་པའི་སྒྱུ་མ་ལྟ་བུར་ལྟ་བ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཡང་ཆོས་ཅན་སྣ་ཚོགས་སུ་འཆར་བ་ནི་རོ་གཅིག་དུ་མར་འཆར་ཚུལ་དང་། སྣ་ཚོགས་པའི་ཆོས་ཅན་རྣམས་ཀྱང་སྟོང་པའི་ངང་དུ་རོ་གཅིག་ཏུ་ལྟ་བ་ནི་དུ་མ་རོ་གཅིག་ཏུ་འཆར་བའི་ཚུལ་ཡིན་པར་ཤེས་ནས་གང་ཤར་སྟོང་པའི་རྣམ་རོལ་ཡིན་པ་དེ་བཞིན་དུ། སྟོང་ཉིད་རྟོགས་པའི་བདེ་བའི་རྣམ་རོལ་ཡང་ཡིན་པར་ཤེས་ཤིང་། དེ་ལྟ་བུའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་གཟུང་རྣམས་རིགས་བརྒྱ་ལ་སོགས་པའི་ལྷར་འཆར་བ་ལ་སློབ་པ་ཡིན་ཏེ། ས་ར་ཧས། བདེ་བ་ཆེན་པོའི་མཆོག་བདེ་ལ། །བདག་དང་གཞན་དུ་ཡོད་མ་ཡིན། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་ཉིད་དུ་མགོན་པོ་ད་ལྟ་འཁྲུལ་བ་ཆོད། །ཞེས་དང་། རྗེས་སྨོན་ལམ་ལས། དེ་ལས་ལངས་ཚེ་གང་ཤར་སྣང་བ་ཀུན། །རིགས་བརྒྱ་རིགས་སྔ་རིགས་གསུམ་རིགས་གཅིག་ཏུ། །འཆད་པའི་སྐུ་ཡི་རྡོ་རྗེའི་ཏིང་འཛིན་གྱིས། །ལུས་དབེན་སོར་སྡུད་བསམ་གཏན་རྫོགས་པར་ཤོག །ཞེས་གསུངས་པའི་ཕྱིར། གཉིས་པ་ངག་དབེན་ལ་དྲུག །ལུས་དབེན་དང་ངག་དབེན་གྱི་གོ་རིམ། ངག་དབེན་བསྐྱེད་རིམ་དུ་འདོད་པ་དགག་པ། ངག་དབེན་གྱི་ཤེས་བྱ་རླུང་གི་དེ་ཉིད། སྔགས་ཀྱི་དེ་ཉིད། ངག་དབེན་སྲོག་རྩོལ་གྱི་ཡན་ལག་ཏུ་འགྱུར་ཚུལ། ངག་དབེན་ཇི་ལྟར་ཉམས་སུ་ཡིན་པའི་ཚུལ་ལོ། །དང་པོ་ནི། ལུས་དབེན་དང་ངག་དབེན་གྱི་གོ་རིམ་ངེས་ཏ ེ། ངག་དབེན་གསུང་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་དུ་ལུས་དབེན་སྐུ་རྡོ་རྗེའི་རྣལ་འབྱོར་འགྲོ་དགོས་པའི་ཕྱིིར་ཏེ། ངག་དབེན་གྱི་རྡོར་བཟླས་མཚན་ཉིད་པ་བྱེད་པ་པོ་ལ་ལུས་དབེན་སྐུ་རྡོ་རྗེའི་རྣལ་འབྱོར་ཐོབ་པ་ཞིག་དགོས་པའི་ཕྱིར་དང་། རྡོར་ཟླས་ཀྱིས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་བར་བྱེད་པ་ལ། དེའི་སྔོན་དུ་དྷཱུ་ཏཱིའི་མར་སྣ་སོགས་ཀྱི་རྩ་མདུད་གཞན་གྲོལ་དགོས་པའི་ཕྱིར། ཕྱི་མ་གྲུབ་སྟེ། གཞན་གྲོལ་ན་སྙིང་གའི་རྩ་མདུད་གྲོལ་སླ་ལ། མ་གྲོལ་ན་ནི་དེ་གྲོལ་དཀའ་བའི་ཕྱིར་རོ། །གཉིས་པ་ལ་ཁ་ཅིག་ངག་དབེན་བསྐྱེད་རིམ་དུ་འདོད་པ་ནི་མི་འཐད་དེ། སྐྱོད་བསྡུས་ལས། ངག་དབེན་བསྐྱེད་རིམ་པའི་མངོན་སུམ་གྱི་ཡུལ་མ་ཡིན་པར་དེ་ལས་འདས་པར་བཤད་པའི་ཕྱིར་དང་། རིམ་ལྔར་རྫོགས་རིམ་གྱི་རིམ་པ་ལྔ་བཤད་པའི་གོ་རིམ་གྱིས་ཀྱང་གནོད་པའི་ཕྱིར་རོ། །གསུམ་པ་ལ་བདུན། རླུང་ངག་རྡོར་བཟླས་གསུམ་ལ་རིམ་གྱིས་བསླབ་པའི་དོན། རླུང་གི་དེ་ཉིད་ཤེས་པ་དང་མ་ཤེས་པའི་སྐྱོན་ཡོན། རླུང་གི་དབྱེ་བ། ཕྱེ་བ་སོ་སོའི་དོན། རླུང་རྣམས་ཇི་ལྟར་འཕོ་ཚུལ། རླུང་གི་བྱེད་ལས། དེ་ལ་བརྟེན་ནས་ཉམས་ལེན་གྱི་གནད་ཤེས་ཚུལ་ལོ། །དང་པོ་ནི། ཐོག་མར་རླུང་གི་དེ་ཉིད་དང་། དེ་ནས་སྔགས་ཀྱི་དེ་ཉིད་གཉིས་ཐོས་བསམ་གྱིས་ཤེས་པར་བྱས་ནས། དེ་རྗེས་རླུང་ངག་དབྱེར་མེད་ཀྱི་རྡོར་བཟླས་ལ་འཇུག་དགོས་པ་ཡིན་ཏེ། རིམ་ལྔ་ལས། རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་བསྐྱེད་པ་རྟོགས་ནས་ནི། །རྡོ་རྗེ་བཟླས་པ་ལ་ནི་སློབ། །ཅེས་གསུངས་པའི་ཕྱིར། གཉིས་པ་ནི། རླུང་གི་དེ་ཉིད་ཤེས་ནས་བསྒོམས་པ་ལ་ཕན་ཡོན་ཆེན་པོ་དང་། མ་ཤེས་ཤིང་མ་བསྒོམས་ན་ཉེས་དམིགས་ཆེ་བ་ཡིན་ཏེ། རྣལ་འབྱོར་པས་ནི་རླུང་བསྒོམས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང་། སྡོམ་འབྱུང་ལས། རླུང་གི་རྣལ་འབྱོར་མི་ཤེས་དང་། །གང་ཞིག་ཤེས་ཀྱང་མི་སྒོམ་པ། །དེ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས། །ཉེར་འཚེ་འཁོར་བའི་སྲིན་བུར་འགྱུར། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། རླུང་བཅུ་མིང་གི་རྣམ་གྲངས་ཀྱི་སྒོ་ནས་བསྟན་ཚུལ་ཡོད་དེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། རླུང་བཅུ་ལ་ཀོ་ཊ་ཁྱ་ལ་སོགས་པ་སྒྲ་ཇི་བཞིན་པ་མ་ཡིན་པར་གསུངས་ལ། རྡོ་རྗེའི་སྒོའི་རྒྱུད་ལས། སྲོག་འཛིན། ཐུར་སེལ། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད་དེ་རྩ་བའི་རླུང་ལྔ་དང་། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་སྟེ་ཡན་ལག་གི་རླུང་ལྔ་སྒྲ་ཇི་བཞིན་པར་གསུངས་ཤིང་། རྒྱུད་རྡོར་འཕྲེང་དང་ལུང་སྟོན་གཉིས་ལས། རྩ་བའི་རླུང་ལྔ་སྒྲ་ཇི་བཞིན་པ་དང་། ཕྱི་མ་ལྔ་ལ། ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷས་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་སྒྲ་ཇི་བཞིན་པ་མ་ཡིན་པར་བཤད་པའི་ཕྱིར་རོ། །བཞི་པ་ལ་གསུམ། རྩ་བའི་རླུང་གི་དོན། ཡན་ལག་གི་རླུང་གི་དོན། རླུང་གཉིས་ཐུན་མོང་བའི་དོན་བཤད་པའོ། །དང་པོ་ལ། སྔར་བཤད་པ་ལྟར་རྩ་བའི་རླུང་ལྔ་ནི་རིམ་པ་བཞིན་མགོན་པོ་ལྔའི་རླུང་དུ་འཇོག་ཚུལ་ཡོད་དེ། མི་བསྐྱོད་པ། རིན་འབྱུང་། དོན་གྲུབ། འདོད་དཔག་མེད། རྣམ་སྣང་གི་རླུང་དུ་འཇོག་པའི་ཕྱིར། དེ་ལྷ་མོའི་དབང་དུ་བྱས་ནས་སྦྱོར་ཚུལ་ཡོད་དེ། མ་མཱ་ཀི སྤྱན་མ། སྒྲོལ་མ། གོངས་དཀར། སྤྱན་མའི་རླུང་དུའང་འགྱུར་བའི་ཕྱིར། འབྱུང་བའི་དབང་དུ་བྱས་ནས་འཇོག་ཚུལ་ཡོད་དེ། ཆུ་ས་རླུང་མེ་ནམ་མཁའི་རླུང་ཡིན་པའི་ཕྱིར། ཁ་དོག་གི་རིམ་པར་འཇོག་ཚུལ་ཡོད་དེ། དཀར་སེར་ལྗང་དམར་སྔོན་པོ་ཡིན་པའི་ཕྱིར། གནས་ཀྱི་ཁྱད་པར་ཡོད་དེ། སྙིང་ཁ་གསང་གནས་ལྟེ་བ་མགྲིན་པ་ལུས་ཀྱི་ཚིགས་རྣམས་ལ་གནས་པའི་ཕྱིར། སྲོག་འཛིན་ལ་ཕྲ་རགས་གཉིས་ལས། ཤིན་ཏུ་ཕྲ་བ་ནི་སྙིང་གའི་དྷཱུ་ཏཱིའི་དབུས་ན་ཡོད་དེ། རྡོ་རྗེ་སྙིང་པོ་རྒྱན་ལས། སྙིང་གའི་དབུས་ན་མི་ཤིགས་པ། །གསལ་ཤིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་གསུངས་པའི་ཕྱིར། དེ་ནི་རླུང་མི་ཤིགས་པ་ཡིན་ལ། སྤྱིར་མི་ཤིགས་པ་དེ་ལ་དུ་མ་ཡོད་དེ། བྱང་སེམས་མི་ཤིགས་པ་དང་། གཞིའི་འོད་གསལ་དང་། སྲོག་འཛིན་ཕྲ་བ་རྣམས་སུ་ཡོད་པའི་ཕྱིར་རོ། །རྒྱུ་ཚུལ་གྱི་ཁྱད་པར་ཡོད་དེ། སྲོག་འཛིན། ཐུར་སེལ། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད་རྣམས་རིམ་པ་བཞིན་དུ་སྣ་བུག་གཉིས་ནས་ཞལ་བར་རྒྱུ་བ་དང་། གཉིས་ཀ་ནས་དྲག་ཏུ་རྒྱུ་བ་དང་། གཡོན་རྐྱང་ནས་དལ་བར་རྒྱུ་བ་དང་། གཡས་རྐྱང་ནས་དྲག་ཏུ་རྒྱུ་བ་དང་། གཞི་ལ་འཆི་དུས་མི་གཏོགས་མི་རྒྱུ་བའི་ཕྱིར། དེ་ནི་རེ་རེས་གཙོ་བྱས་ནས་རྒྱུ་བའི་ཚུལ་ཡིན་གྱི། གཅིག་གཙོ་བོ་དང་གཞན་གསུམ་འཁོར་དུ་བྱས་ནས་རྒྱུ་ཚུལ་ཡོད་དེ། གྱེན་རྒྱུ་ལྟ་བུ་གཅིག་ལ་མཚོན་ན། གྱེན་རྒྱུའི་ཁ་དོག་དམར་པོ་ཡིན་པས་དེའི་ཤན་གྱིས་སྲོག་འཛིན་ལ་དཀར་ལ་དམར་བའི་མདངས་ཆགས། ཐུར་སེལ་སེར་ལ་དམར། མཉམ་གནས་ལྗང་ལ་དམར་བ་སྟེ། འཇའ་ཚོན་བཞིན་དུ་བྱས་ནས་རྒྱུ་བའི་ཕྱིར་ཏེ། རྩ་རྒྱུད་ལེའུ་དྲུག་པ་ལས། འཁོར་ཡང་ཁྱད་པར་དག་ཏུ་སྤྲོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་འཇུག་ལྡང་བྱེད་པའི་རྩ་བའི་གནས་ཡོད་དེ། རྡོར་འཕྲེང་ལས། ལྐོག་མ་སྙིང་ག་ལྟེ་བ་དང་། །གསང་བའི་པདྨ་འགྲོ་འོང་སྟོན། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། མགོན་པོ་བཞིའི་རླུང་བཞི་གང་རུང་རེས་གཙོ་བྱས་ནས་སྔར་ལྟར་དགུ་བརྒྱ་པ་ཕྲག་རེ་རྒྱུ་བ་དེ་ལ། ལྷ་མོ་བཞིས་བགོས་པའི་ཚེ་ཉིས་བརྒྱ་ཉེར་ལྔ་རེ་ཐོབ་ལ། དེའི་དབང་དུ་བྱས་པའི་རྒྱུ་ཚུལ་ཡོད་དེ། དེའི་ཚེ་མགོན་པོ་གང་གི་རླུང་ཡིན་པའི་མགོན་པོ་དེའི་ཡུམ་གྱི་རླུང་གིས་དང་པོར་བྱས་ནས་ལྷ་མོ་བཞིའི་རླུང་རིམ་པར་རྒྱུ་བའི་ཕྱིར་ཏེ། གྱེན་རྒྱུས་གཙོ་བོ་བྱས་ནས་རྒྱུ་བའི་ཚེ་ཉིས་བརྒྱ་ཉེར་ལྔ་པ་དང་པོ་གོས་དཀར་མོའི་རླུང་སྣ་བུའི་སྟེང་ལ་བརྡར་ནས་རྒྱུ་བ་དང་། དེ་ནས་ཉིས་བརྒྱ་ཉེར་ལྔ་པ་གཅིག་སྒྲོལ་མའི་རླུང་སྣ་བུག་གི་ལོགས་སུ་བརྡར་ནས་རྒྱུ་བ་དང་། དེ་ནས་གཉིས་བརྒྱ་ཉེར་ལྔ་པ་གཅིག་སྤྱན་མའི་རླུང་སྣ་བུག་གི་དབུས་ཐད་ནས་རྒྱུ་བ་དང་། དེ་ནས་ཉིས་བརྒྱ་ཉེར་ལྔ་པ་གཅིག་མ་མཱ་ཀིའི་རླུང་སྣ་བུག་གི་འོག་ངོས་སུ་བརྡར་ནས་རྒྱུ་ཞིང་། དེ་ཡང་འབྱུང་བ་ཆུང་བའི་དབང་དུ་བྱས་པ་ཡིན་པའི་ཕྱིར་ཏེ། ལུང་སྟོན་ལས། གོས་དཀར་ལ་སོགས་རིམ་བཞིན་དུ། །སྟེང་དང་གསེག་དང་ཐད་ཀའོ། །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེང་སོ་སོའི་དཀྱིལ་འཁོར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ན་འབྱུང་ཆེན་གྱི་དབང་དུ་བྱས་པའི་མགོན་པོ་བཞིའི་རླུང་དུས་མཉམ་དུ་རྒྱུ་ཡང་། འབྱུང་ཆུང་གི་དབང་དུ་བྱས་པའི་ལྷ་མོ་བཞིའི་རླུང་རིམ་ཅན་ཁོ་ནར་རྒྱུ་སྟེ། གཅིག་རྗེས་སུ་གཅིག་རྒྱུ་བ་བཤད་མ་ཐག་པ་ལྟར་ཡིན་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་རླུང་ལ་རྒྱུ་བ་ལ་སོགས་པའི་ལྔ་པོ་དེ་མགོན་པོ་ལྔའི་རླུང་དུ་འཇོག་ཚུལ་ཡོད་དེ། རྒྱུ་བ་རྣམ་སྣང་། རྣམ་པར་རྒྱུ་བ་རིན་འབྱུང་། ཡང་དག་པར་རྒྱུ་བ་འོད་དཔག་མེད། རབ་ཏུ་རྒྱུ་བ་དོན་གྲུབ། ངེས་པར་རྒྱུ་བ་མི་བསྐྱོད་པའི་རླུང་ཡིན་པའི་ཕྱིར། ལྷ་མོའི་དབང་དུ་བྱས་ནས་སྦྱོར་ཚུལ་ཡོད་དེ། རིམ་པ་བཞིན་གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེའི་རླུང་དང་། འབྱུང་བའི་དབང་དུ་བྱས་ནས་ཆུ་མེ་རླུང་ནམ་མཁའི་རླུང་། ཁ་དོག་ནི་དམར་སྔོ་སེར་དཀར་ལྗང་། གནས་ནི་སྙིང་གའི་སུམ་སྐོར་མ་ལ་སོགས་པའི་རྩ་འདབ་ལྔ་ནས་རིམ་གྱིས་བརྒྱུད་དེ། མིག་རྣ་བ་སྣ་ལྕེ་ལུས་དབང་གི་ཆ་རྣམས་སུ་རྒྱུ་བའི་ཕྱིར། ཡན་ལག་གི་རླུང་ལྔ་པོ་དེ་རྣམས་དང་སྲོག་འཛིན་རགས་པ་སྟེ་དྲུག་གི་སྟེང་ནས་གཟུང་འཛིན་གྱི་རྣམ་རྟོག་བསྐྱེད་པའི་ལྡོག་ཆ་ནས་རླུང་བཅུ་གཉིས་སུ་འགྱུར་བ་ཡིན་ཏེ། རླུང་རང་རང་ལ་བརྟེན་པའི་རྣམ་ཤེས་དྲུག་པོ་ཡུལ་དྲུག་པ་གཡོ་ཞིང་འཛིན་པའི་ཆ་ནས་འཛིན་པའི་རླུང་དྲུག་དང་། ཡུལ་དྲུག་གསལ་བར་སྣང་བ་དང་བཟུང་བའི་ཆ་ནས་གཟུང་བའི་རླུང་དྲུག་ཏུ་འཇོག་པའི་ཕྱིར། སྨོན་ལམ་ལས། གཟུང་དང་འཛིན་པའི་རྣམ་རྟོག་བསྐྱེད་པའི་རླུང་། །བཅུ་གཉིས་མི་ཤིགས་ཐིག་ལེར་སྡུད་པར་ཤོག །ཅེས་གསུངས་པ་ནི་འདི་བཅུ་གཉིས་ལ་དགོངས་པ་ཡིན་ནོ། །གསུམ་པ་རླུང་དེ་རྣམས་ཀྱིས་ཐུན་མོང་དུ་ཇི་ལྟར་བྱེད་པའི་ཚུལ་ཡོད་དེ། སྤྱིར་རླུང་བཅུ་མངལ་དུ་འཆགས་པར་བཤད་ཀྱང་ཕྱིར་མ་བཙས་བར་དུ་དབང་པོའི་སྒོར་འབྱུང་འཇུག་མི་བྱེད་ཅིང་། བཙས་ནས་ཨ་ཐུང་གི་གཞིར་གྱུར་ཏེ་ངག་སྨྲ་བརྗོད་ཀྱི་བྱ་བ་བྱེད་ལ། ཁྱད་པར་དུ་རྩ་བའི་རླུང་གིས་ནི་ལུས་གཡོ་འགུལ་གྱི་བྱ་བ་བྱེད། ཡན་ལག་གི་རླུང་གིས་ནི་དབང་ཤེས་ཡུལ་ལ་འཇུག་པའི་བྱ་བ་བྱེད་ཅིང་། རྣལ་འབྱོར་པ་ལ་ཡི་གེ་གསུམ་གྱི་གཞིར་གྲུབ་ནས་རྡོར་བཟླས་ཀྱི་བྱ་བ་བྱེད་པ་དང་། སྙིང་གའི་མི་ཤིགས་པ་ལ་ཐིམ་ནས་གཞི་ལ མ་གྱི་འོད་གསལ་འཆར་བ་སོགས་ཀྱི་བྱ་བ་བྱེད་པའི་ཕྱིར། རྣམ་ཤེས་ཡུལ་ལ་གཡོ་བ་རླུང་གིས་བྱེད་པས། རྣམ་ཤེས་ཀྱི་བཞོན་པ་ནི་འདིར་རླུང་ཡིན་ཏེ། རིམ་ལྔ་ལས། འདི་ནི་རྣམ་ཤེས་བཞོན་པ་སྟེ། །ཞེས་དང་། ལུང་སྟོན་ལས། འགྲོ་བ་ཡུལ་སོགས་ལས་བྱེད་པ། །འདིར་ནི་དེ་ལ་བརྟེན་པ་ཡིན། །ཞེས་གསུངས་པའི་ཕྱིར། རྣམ་ཤེས་རླུང་གིས་གཡོ་བའི་དོན་ནི་རླུང་གྲོགས་སུ་ཡོད་པའི་སྒོ་ནས་རྣམ་ཤེས་ཡུལ་ལ་འཇུག་པའི་རྒྱུ་མཚན་གྱིས་ཡིན་གྱི། གཟུགས་གཡོ་བ་བཞིན་དུ་རྣམ་ཤེས་ལ་གཡོ་འགུལ་བྱར་མེད་ལ། རྣམ་ཤེས་ཀྱི་བཞོན་པ་ཡིན་པའི་དོན་ནི། རླུང་དང་རྣམ་ཤེས་གཉིས་མི་རྟ་བཞིན་དུ་ངོ་བོ་ཐ་དད་པའི་ཚུལ་དུ་ཡོད་པས་མིན་གྱི། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ཚུལ་གྱིས་རྟེན་དང་བརྟེན་པ་དཔེར་ན། མར་མེ་དང་དེའི་འོད་བཞིན་དུ་འགྲོགས་ནས་ཡུལ་ལ་འཇུག་པས་ཡིན་ནོ། །ཡང་ཞ་བོ་མིག་ཅན་དང་ལོང་པ་རྐང་ཅན་གྱི་དཔེ་ལྟར་ཕན་ཚུན་བརྟེན་ནས་ཡུལ་བགྲོོད་པ་ཡིན་ཡང་ངོ་བོ་ཐ་དད་མིན་ཞིང་། ཡུལ་གསལ་བར་འཆར་མི་འཆར་གཉིས་ཡོད་དོ། །ལྔ་པ་ལ་གསུམ། སྣ་བུག་གི་འཕོ་བ། དཀྱིལ་འཁོར་གྱི་འཕོ་བ། རྩ་འདབ་ཀྱི་འཕོ་བའོ། །དང་པོ་ནི། འདིར་ཞག་གཅིག་ལ་དབུགས་འབྱུང་འཇུག་གཉིས་ལ་གཅིག་ཏུ་བྱས་པའི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་རྒྱུ་བའི་དབང་དུ་བྱས་ཏེ་སྣ་བུག་གི་རྒྱུ་ཚུལ་ཡོད་དེ། སྲོག་ཐུར་གཉིས་ཀྱིས་གཙོ་བོ་བྱས་ནས་དགུ་བརྒྱ་བ་ཕྲག་བཅུ་གཉིས་རྒྱུ་བའི་ཚེ། སྣ་བུག་གཉིས་ག་ནས་དུས་མཉམ་དུ་རྒྱུ་བས་སྣ་བུག་མི་འཕོ་ལ། མི་མཉམ་གཉིས་ཀྱིས་གཙོ་བྱས་ནས་དགུ་བརྒྱ་པ་ཕྲག་བཅུ་གཉིས་རྒྱུ་བའི་ཚེ་རེ་རེ་ལ་འཕོ་བ་དྲུག་དྲུག་སྟེ་བཅུ་གཉིས་སུ་འགྱུར་བའི་ཕྱིར། གཉིས་ལ་ཡོད་དེ། དཀྱིལ་འཁོར་ཆེ་བའི་དབང་དུ་བྱས་ན་བཞི་པོ་རེ་རེ་ལ་འཕོ་བ་དྲུག་དྲུག་སྟེ་ཉེར་བཞིར་ངེས་ལ། ཆུང་བའི་དབང་དུ་བྱས་ན། ཆེ་བའི་འཕོ་བ་རེ་རེའང་ཆུང་བའི་འཕོ་བ་བཞི་བཞི་སྟེ་འཕོ་ཆུང་གོ་དྲུག་ཏུ་འགྱུར་བའི་ཕྱིར། མ་རྒྱུད་སྡོམ་འབྱུང་དང་བརྟག་གཉིས་ལས་ཅུང་ཟད་མི་འདྲ་བ་ཞིག་བཤད་དེ། ཉིན་ཞག་གཅིག་ལ་དཀྱིལ་འཁོར་ཆེ་བའི་འཕོ་བ་བཅུ་དྲུག་དང་། དེ་ལ་ལྷ་མོ་བཞིས་བསྒྱུར་བས་འཕོ་ཆུང་དེ་བཞིར་བཤད་ཅིང་། དེ་ཡང་སྣ་བུག་གི་འཕོ་བ་བརྒྱད་དང་། སྣ་བུག་མི་འཕོ་ཡང་དཀྱིལ་འཁོར་གྱི་འཕོ་བ་བརྒྱད་དུ་འགྱུར་བའི་ཕྱིར། གསུམ་པ་ནི་མ་རྒྱུད་ནས་འབྱུང་བ་ལྟར་ཡིན་ཏེ། དེ་ཡང་ཕྱི་ལ་དབྱུག་གུ་དྲུག་རྩ་བཞི་ཡོད་པ་ལྟར། ནང་ལ་ཞག་གཅིག་གི་ནང་དུ་ལྟེ་བའི་རྩ་འདབ་རེ་བཞི་ནས་དབྱུག་གུ་རེ་བཞིའི་རླུང་རྒྱུ། ཕྱི་ལ་ཆུ་ཚོད་སོ་གཉིས་ཡོད་པ་ལྟར། ནང་ལ་སྤྱི་བོའི་རྩ་འདབ་སོ་གཉིས་ནས་ཆུ་ཚོད་སོ་གཉིས་ཀྱི་རླུང་རྒྱུ། ཕྱི་ལ་འཕོ་བ་བཅུ་དྲུག་ཡོད་པ་ལྟར། ནང་ལ་མགྲིན་པའི་རྩ་འདབ་བཅུ་དྲུག་ནས་འཕོ་བ་བཅུ་དྲུག་གི་རླུང་རྒྱུ། ཕྱི་ལ་ཐུན་ཚོད་བརྒྱད་ཡོད་པ་ལྟར་ནང་དུ་སྙིང་གའི་རྩ་འདབ་བརྒྱད་ནས་ཐུན་ཚོད་བརྒྱད་ཀྱི་རླུང་རྒྱུ་ཞིང་། དེ་ཡང་ལྟེ་བ། སྤྱི་བོ། མགྲིན་པ། སྙིང་གའི་རྩ་འདབ་རྣམས་ལས་ཕྱི་མ་ལས་སྔ་མ་ཉིས་འགྱུར་ཡིན་པས། ལྟེ་བའི་རྩ་འདབ་གཉིས་ཀྱི་རྒྱུ་བ་རྫོགས་པ་ན་སྤྱི་བོའི་རྩ་འདབ་གཅིག་ནས་གཉིས་པར་འཕོ་བ་དང་། སྤྱི་བོའི་རྩ་འདབ་གཉིས་རྫོགས་པ་དང་མགྲིན་པའི་རྩ་འདབ་གཅིག་ནས་གཉིས་པར་འཕོ་བ་དང་། མགྲིན་པའི་རྩ་འདབ་གཉིས་རྫོགས་པ་དང་། སྙིང་གའི་རྩ་འདབ་གཅིག་ནས་གཉིས་པར་འཕོ་བ་དུས་མཉམ་པའི་ཕྱིར་རོ། །འོ་ན་རླུང་བཞི་པོ་སྣ་བུག་གི་འཕོ་ཚུལ་སོགས་དེ་ལྟར་ཡིན་ན། རོ་རྐྱང་དབུ་མ་གསུམ་པོ་གང་ལས་རླུང་གང་རྒྱུ་བ་ཡིན་ཞེ་ན། ཡོད་དེ། གྱེན་རྒྱུ་གཙོ་བོར་རོ་མ་དང་། མཉམ་གནས་གཙོ་བོ་རྐྱང་མ་ནས་རྒྱུ་ཞིང་། སྲོག་ཐུར་གཉིས་རོ་རྐྱང་ནས་མཚུངས་པར་རྒྱུ་བའི་ཕྱིར། དེས་ན་རོ་རྐྱང་ནས་རླུང་རྒྱུ་བ་ལ་རེས་འཇོག་དང་དུས་མཉམ་དུ་རྒྱུ་བ་གཉིས་ཡོད་དེ། མེ་མཉམ་གཉིས་གང་རུང་གིས་གཙོ་བྱས་ནས་རྒྱུ་བའི་ཚེ་རེས་འཇོག་ཏུ་རྒྱུ་ལ། སྲོག་ཐུར་གཉིས་གང་རུང་གིས་གཙོ་བྱས་ནས་རྒྱུ་བའི་ཚེ་དུས་མཉམ་དུ་རྒྱུ་བའི་ཕྱིར། ཞག་རྣམས་ཀྱི་ཐོག་མར་རླུང་གང་རྒྱུ་ཚུལ་ཡོད་དེ། རླུང་ལྟས་མ་ལོག་པ་དང་ཁམས་སྙོམས་པའི་དབང་དུ་བྱས་ཏེ་དཀར་ཕྱོགས་ཀྱི་ཚེས་གཅིག་གཉིས་གསུམ་གྱི་སྔ་དྲོ་དང་པོ་མཉམ་གནས་ཀྱིས་གཙོ་བྱས་ནས་དགུ་བརྒྱ་པ་ཕྲག་གཅིག་སྣ་བུག་གཡོན་རྐྱང་དང་། བཞི་སྔ་དྲུག་གི་སྔ་དྲོ་གྱེན་རྒྱུས་གཙོ་བྱས་ནས་གཡས་རྐྱང་ནས་རྒྱུ་བ་དང་། ཡང་ནག་ཕྱོགས་ཀྱི་གཅིག་གཉིས་གསུམ་གྱི་སྔ་དྲོ་དང་པོ་གྱེན་རྒྱུས་གཙོ་བྱས་ནས་གཡས་རྐྱང་ནས་དང་། བཞི་ལྔ་དྲུག་གི་སྔ་དྲོ་མཉམ་གནས་ཀྱིས་གཙོ་བྱས་ནས་དགུ་བརྒྱ་པ་ཕྲག་གཅིག་གཡོན་རྐྱང་ནས་རྒྱུ་བ་དང་། དེ་བཞིན་དུ་དཀར་ནག་གི་ཕྱོགས་ལ་རེ་མོས་སུ་རྒྱུ་བའི་ཕྱིར་ཏེ། སྡོམ་འབྱུང་ལས། དཀར་པོ་རྣམས་ཀྱི་ཆོས་གཅིག་ནས། །ཡང་དག་བརྩམས་ཏེ་ཉིན་གསུམ་རླུང་། །ཟླ་བ་ལ་རྒྱུ་ཐུན་བྱེད་ལ། །དེ་ནས་ཉིན་གསུམ་ཉི་མ་ལ། །ཡོངས་རྒྱུའི་ཚུལ་གྱིས་ཇི་སྲིད་རླུང་། །དཀར་པོའི་ཚེས་ནི་བཅོ་ལྔའི་བར། །ཞེས་དང་། ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ནས། །བརྩམས་ཏེ་ཉི་མ་གསུམ་དུ་རླུང་། །ཉི་མར་བརྗོད་ལ་སྔ་དྲོ་རྒྱུ། །ཇི་སྲིད་ཚེས་ནི་བཅོ་ལྔའི་བར། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་རླུང་ལྟས་དེ་ལོག་ན་སྐྱོན་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། དེ་ཉིད་ལས། ཉི་མ་དྲུག་ཅུ་ལོག་པ་ལས། །གལ་ཏེ་རླུང་ནི་རྒྱུ་བ་ན། །དེ་ཚེ་རྩོད་པ་ཆེན་པོ་འབྱུང་། །ཕྱོགས་གཅིག་ཕྱིན་ཅི་ལོག་པ་ལས། །ནད་ནི་ཆེན་པོ་ཀུན་ཏུ་འབྱུང་། །ཕྱོགས་གཉིས་ཕྱིན་ཅི་ལོག་པ་ལས། །སྙིང་སྡུག་གཉེན་རྣམས་རྒུད་པར་འགྱུར། །ཕྱོགས་གསུམ་ཕྱིན་ཅི་ལོག་པ་ལས། །ཟླ་དྲུག་རྣམས་ཀྱིས་འཆི་བར་འགྱུར། །ཞེས་གསུངས་པའི་ཕྱིར། འདིར་ཕྱོགས་ཞེས་པ་ནི་ཟླ་བ་གཅིག་གི་ཕྱེད་ལ་བྱེད་པ་ཡིན་ནོ། །རླུང་གང་རྒྱུ་བའི་ཚེ་བྱ་བ་གང་འགྲུབ་མི་འགྲུབ་ཡོད་དེ། ས་ཆུའི་རླུང་རྒྱུ་བའི་ཚེ་བྱ་བ་བཟང་པོ་ལ་ཞུགས་ན་འགྲུབ་ལ། མེ་རླུང་གཉིས་རྒྱུ་བའི་ཚེ་དྲག་པོའི་བྱ་བ་འགྲུབ་ཀྱི། ཞི་རྒྱས་ལྟ་བུ་མི་འགྲུབ་བའི་ཕྱིར། དྲི་བ་འདྲི་བའི་ཚེ་འགྲུབ་མི་འགྲུབ་ཀྱི་ཁྱད་པར་ཡོད་དེ། འདྲི་ཡུལ་དང་དྲི་བ་པོ་གཉིས་ཀའི་རླུང་རྒྱུ་ཚུལ་མཐུན་ན་དྲིས་པའི་དོན་དེ་འགྲུབ་ཀྱི། མི་མཐུན་ན་མི་འགྲུབ་པ་དང་། ཡང་རང་གི་དོན་ལ་རླུང་ནང་དུ་འཇུག་པའི་ཚེ་འདྲི་ན་འགྲུབ་ཅིང་། ཕྱིར་འབྱུང་བའི་ཚེ་མི་འགྲུབ་པ་དང་། གཞན་དོན་ལ་དེ་ལས་ལྡོག་པ་དང་། རླུང་ནང་དུ་གནས་པའི་དུས་སུ་འདྲི་ན་འགྲུབ་མི་འགྲུབ་མ་ངེས་པར་བཤད་པའི་ཕྱིར། དྲུག་པ་རླུང་གི་བྱེད་ལས་ལ་གཉིས་ཡོད་དེ། སྤྱི་དང་བྱེ་བྲག་གཉིས་ཡོད་པའི་ཕྱིར། དང་པོ་རླུང་གིས་འཇིག་རྟེན་པ་ལ་འཁོར་བའི་བྱ་བ་བྱེད་ཚུལ་ཡོད་དེ། སྐྱེ་འཆི་བར་དོ་གསུམ་པོ་དེ་རང་རྒྱུ་རླུང་གིས་བྱེད་པའི་ཕྱིར་ཏེ། ས་ཆུ་ལ་ཐིམ་པ་ནས། ཉེར་ཐོབ་འོད་གསལ་ལ་ཐིམ་པའི་འཆི་རིམ་རྣམས་རླུང་གི་གཡོ་བ་ཇེ་ཞན་ཇེ་ཞན་དུ་སོང་བའི་སྒོ་ནས་འབྱུང་ལ། འཆི་བ་འོད་གསལ་ལས་བར་དོ་དང་ཉེར་ཐོབ་གྲུབ་པ་ཡང་རླུང་གིས་བྱེད་ཅིང་། དེ་ལས་མཆོད་པ། དེ་ལས་སྣང་བ། དེ་ལས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་སྐྱེ་བ་ཡང་རླུང་གི་གཡོ་བ་ཇེ་ཆེ་ཇེ་ཆེར་གྱུར་པའི་སྒོ་ནས་འབྱུང་བ་དང་། སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་དང་། ཉིང་མཚམས་སྦྱར་བའི་ཚེ་སྣང་བ་རྣམས་ཀྱི་ཐིམ་རིམ་དང་སྐྱེ་བའི་རིམ་པ་དང་། ལུས་འཕེལ་བའི་རིམ་པ་ཐམས་ཅད་རླུང་གིས་བྱེད་པའི་ཕྱིར་རོ། །དེ་ལྟར་ཀུན་རྟོག་བཞོན་པའི་རླུང་དང་བཅས་པ་ལས་ཉོན་མོངས་སྐྱེ་ཞིང་། དེས་ལས་དཀར་ནག་གཉིས་བསགས་ནས་འཁོར་བར་སྐྱེ་བས་འཁོར་བའི་འཇུག་རིམ་ནི་རླུང་གིས་བྱེད་དོ། །དེ་ནི་ཐུང་མོང་གི་བྱེད་ལས་ཡིན་ལ། སོ་སོའི་བྱེད་ལས་ཡོད་དེ། སྲོག་འཛིན་གྱིས་ཚེ་གནས་པ་དང་། རླུང་གཞན་དབང་པོའི་སྒོར་འདྲེན། ཐུར་སེལ་གྱིས་བཤང་གཅི་ཁུ་ཁྲག་སོགས་འཕེན་འཛིན་བྱེད། མཉམ་གནས་ཀྱིས་བཟའ་བཏུང་འཇུ་བ་དྭངས་སྙིགས་འབྱེད་ཅིང་དྭངས་མ་ལུས་ལ་འགྲེམ་པར་བྱེད། གྱེན་རྒྱུས་རླུང་སྟོད་དུ་འདྲེན་པ་དང་ནང་དུ་སྡུད་པ་དང་ངག་སྨྲ་བ་དང་། བཟའ་བ་དང་བཏུང་བའི་བྱ་བ་བྱེད། ཁྱབ་བྱེད་ཀྱིས་ལུས་གཡོ་བ་དང་འགྲོ་འོང་སོགས་ཀྱི་བྱ་བ་བྱེད། ཡན་ལག་གི་རླུང་ལྔས་ནི་རིམ་པ་བཞིན་དུ་གཟུགས་མཐོང་། སྒྲ་ཐོས། དྲི་སྣོམ། རོ་མྱོང་། རེག་བྱ་མྱོང་བའི་བྱ་བ་བྱེད་པའི་ཕྱིར། གཉིས་པ་རྣལ་འབྱོར་པ་ལ་བྱ་བ་ལྷག་པ་བྱེད་ཚུལ་ཡོད་དེ། རྡོར་བཟླས་བྱས་པས་དངོས་གྲུབ་རྣམ་པ་གཉིས་དང་། ཁྱད་པར་དུ་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་སྒྱུ་མའི་སྐུ་འགྲུབ་པར་འགྱུར་བའི་ཕྱིར་རོ། །བདུན་པ་དེ་ལ་བརྟེན་ནས་ཉམས་ལེན་གྱི་གནད་ཤེས་ཚུལ་ཡོད་དེ། ཟུང་འཇུག་གི་སྐུ་འགྲུབ་པ་ལ་སྔོན་དུ་སྒྱུ་ལུས་ཐོབ་དགོས་ཤིང་། དེ་འགྲུབ་པའི་ཆེད་དུ་ལུས་ལ་གནད་དུ་བསྣུན་ཚུལ་སྤྱི་དང་། ཁྱད་པར་དུ་རྡོར་བཟླས་བྱས་པ་ལ་བརྟེན་ནས་སྙིང་གའི་རྩ་མདུད་གྲོལ་ཏེ་དགའ་བཞི་སྤྱི་དང་འོད་གསལ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་རྟོགས་དགོས། དེ་ལ་ནི་རླུང་དངོས་དང་བརྒྱུད་པའི་སྒོ་ནས་བསྒོམ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །བཞི་པ་ལ་ལྔ། སྔགས་བཏུ་བ། སྔགས་ཀྱི་བརྡ། སྔགས་ཀྱི་དོན། སྔགས་ཀྱི་དོན་དམ་པ། སྔགས་ཀྱི་རྩ་བ་ཨ་ཐུང་བཤད་པའོ། །དང་པོ་ནི། དྲང་དོན་གྱི་སྔགས་བཏུ་བའི་གཞི་ནི་དབྱངས་གསལ་རྣམས་ཡིན་ཏེ། རྟོག་གསུམ་ལས། ཨཱ་ལི་ཀཱ་ལིའི་གྲོང་ཁྱེར་ནི། །གསང་སྔགས་འབྱུང་བའི་རྩ་བ་སྟེ། །ཞེས་གསུངས་པའི་ཕྱིར། བཏུས་པའི་སྔགས་ལ་སྤྱིར་སྙིང་པོ་ཉེ་སྙིང་རྩ་སྔགས་སོགས་མང་ཡང་འདིར་ནི་ཡི་གེ་གསུམ་བཏུ་བ་ཡིན་ལ། འཐུ་ཚུལ་ཡོད་དེ། ཨ་ཨུ་མ་གསུམ་ལས་ནི་ༀ་དང་། ཨ་ཨ་དང་རྣམ་བཅད་གསུམ་ལས་ཨཱཿ ཧ་ཨཱུ་མ་གསུམ་ལས་ནི་ཧཱུཾ་བཏུ་བ་ཡིན་ལ། དེ་རྣམས་འགྱུར་བ་ལས་ཡི་གེ་གསུམ་འབྱུང་བའི་ཕྱིར་དང་། སྔགས་གཞན་བཏུ་ཚུལ་རྒྱུད་སོ་སོ་ནས་བཤད་པ་ལྟར་ཡིན་པའི་ཕྱིར། བཏུ་གཞི་དང་བཏུས་པའི་སྔགས་རྣམས་རིགས་གསུམ་དུ་འདུ་བ་ཡིན་ཏེ། གསལ་བྱེད་དང་། ལྷ་མོའི་སྔགས་དང་། ༀ་ཡིག་རྣམས་སྐྱེས་པ་དང་། དབྱངས་དང་ལྷ་མོའི་སྔགས་དང་ཨཱཿརྣམས་ནི་བུད་མེད་དང་། རྀ་ལྀ་བཞི་དང་ལྷ་ཕོ་མོ་ཐུན་མོང་བའི་སྔགས་རྣམས་དང་། ཧཱུཾ་ནི་མ་ནིང་གི་ཡི་གེར་འཇོག་པའི་ཕྱིར། བཏུས་པའི་སྔགས་ཐམས་ཅད་ལས་ཡི་གེ་གསུམ་གཙོ་བོ་ཡིན་ཏེ། དེ་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ཡིན་པ་དང་། སྔགས་ཀྱི་ལྷ་རྣམས་ཀྱང་རྡོ་རྗེ་གསུམ་དུ་འདུ་བའི་ཕྱིར། དེས་ན་ཡི་གེ་གསུམ་དུ་སྔགས་ཐམས་ཅད་འདུ་བར་གསུངས་པ་ཡིན་ཏེ། དེ་ཡང་ཡིན་བསྡུས་ཀྱིས་བསྡུས་པ་མིན་གྱི། སྔགས་ཐམས་ཅད་ཀྱི་དངོས་གྲུབ་འགྲུབ་པའི་བྱེད་པའམ་ནུས་པ་ཡི་གེ་གསུམ་གྱི་རྡོར་བཟླས་བྱས་པའི་ནུས་པ་ལ་ཡོད་པ་ཤེས་པའི་ཆེད་ཡིན་པའི་ཕྱིར། ངེས་དོན་གྱི་སྔགས་བཏུ་གཞི་དང་བཏུ་ཚུལ་ཡོད་དེ། རྩ་ནང་སོ་སོ་ནས་དབྱངས་གསལ་གྱི་གདངས་མི་གསལ་བར་སྒྲོགས་པའི་རླུང་རྣམས་ནི་བཏུ་གཞི། རླུང་རྣམས་ལྡང་འཇུག་གནས་གསུམ་བྱེད་པ་སྤྱི་དང་དེ་གསུམ་གྱི་རང་གདངས་ཡི་གེ་གསུམ་གྱི་གདངས་སུ་ཤར་བའི་རྡོར་བཟླས་ནི་བཏུས་པའི་ངེས་དོན་དང་བཏུ་ཚུལ་ཡིན་པའི་ཕྱིར། གཉིས་པ་སྔགས་ཀྱི་བརྡ་ནི་སྔགས་ཀྱི་མིང་སྟེ། དེ་ལ་ཡང་སྦྲུལ་དང་མཐའ་མེད་དང་མགོ་མེད་དང་བཏུས་པ་བཞི་དང་། སྙིང་པོ་དང་ཉེ་སྙིང་དང་འཕྲེང་སྔགས་སོགས་དུ་མ་ཡོད་ཀྱང་། འདིར་ལྔར་འཇུག་གནས་གསུམ་གྱི་རང་གདངས་ཡི་གེ་གསུམ་གྱི་གདངས་སུ་སྦྱར་བ་ནི་སྔགས་ཀྱི་བརྡ་ཡིན་ཏེ། ལུང་སྟོན་ལས། བརྡ་ཡི་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། སྤྱིར་སྔགས་ཀྱི་དོན་ལ་དུ་མ་ཞིག་ཡོད་ཀྱང་། འདིར་ཡི་གེ་གསུམ་གྱི་སྔགས་དོན་འཆད་པ་ཡིན་ལ། དེ་ལ་ནི་མཚོན་དོན་དང་། དགོས་དོན་གཉིས་ལས། དགོས་དོན་ཡོད་དེ། རླུང་སྔགས་དབྱེར་མེད་ཀྱི་རྡོར་བཟླས་བྱས་པས། མི་ཤིགས་པའི་ཐིག་ལེ་ལ་རླུང་ཐིམ་པ་ལས་བྱུང་བའི་འོད་གསལ་གྱི་རླུང་སེམས་དེ་ཉིད་ཡོངས་སུ་གྱུར་བ་ལས་སྒྱུ་མའི་སྐུར་བཞེངས་པ་དེ་སྔགས་ཀྱི་དོན་ཡིན་པའི་ཕྱིར་ཏེ། ལུང་སྟོན་ལས། དེ་ནི་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་དམིགས་པའོ། །ཞེས་གསུངས་པའི་ཕྱིར། མཚོན་དོན་ལ་མང་དུ་ཡོད་དེ། སྐུ་གསུང་ཐུགས་མཚོན་པ་དང་། ལུས་ངག་ཡིད་གསུམ་མཚོན་པ་སོགས་དུ་མ་ཡོད་པའི་ཕྱིར། བཞི་པ་ནི། རྟག་ཆད་དང་བྲལ་བའི་དེ་བཞིན་ཉིད་ནམ་མཁའ་ལྟ་བུ་དང་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡི་ཤེས་གཉིས་རོ་མཉམ་ངོ་བོ་དབྱེར་མེད་དུ་གྱུར་བའི་ཚུལ་གྱིས་རྟོགས་པ་དེ་སྔགས་ཀྱི་དོན་དམ་པ་ཡིན་ཏེ། དེ་ཉིད་ལས། འགག་མེད་རབ་ཏུ་ཞི་བ་སྟེ། །རྟག་དང་ཆད་པ་རྣམས་སྤངས་པ། །དུས་གསུམ་མཁྱེན་པས་མ་བྱས་པ། །རྟོག་པ་ནམ་མཁའ་དབྱེར་མེད་མཚན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོར་རང་རིག་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། ལྔ་པ་ནི། སྔགས་ཐམས་ཅད་ཀྱི་རྩ་བ་ཨ་ཐུང་གི་དྲང་ངེས་ཤེས་དགོས་ཏེ། དེ་ཤེས་ན་སྔགས་ཐམས་ཅད་ཀྱི་ངེས་དོན་ཤེས་པར་འགྱུར་བའི་ཕྱིར། དྲང་དོན་གྱི་སྔགས་ཐམས་ཅད་ཀྱི་རྩ་བ་དྲང་དོན་གྱི་ཨ་ཐུང་ཡིན་ལ། ངེས་དོན་གྱི་སྔགས་ཐམས་ཅད་ཀྱི་རྩ་བ་ངེས་དོན་གྱི་ཨ་ཐུང་ཡིན་ཏེ། དེ་ཉིད་ལས། ཐུང་ངུ་མ་ལུས་ངག་ཏུ་འགྱུར། །གཅིག་མིན་དུ་མ་མ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། དེའི་དོན་སྤྱོད་བསྡུས་ལས་གསུངས་པ་ལྟར་བཤད་ན་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། གང་ཞིག་གང་ལ་ཅི་ཕྱིར་ཅི་ལྟར་འཇུག་པའི་ཚུལ་བཞི་ཡོད་དེ། གང་འཇུག་ན་དབྱངས་གསལ་གྱི་ཡི་གེས་བསྡུས་པའི་ངག་ཚིག་རྣམས་སོ། །གང་ལ་འཇུག་ན་རང་གི་བརྗོད་བྱའི་དོན་ལ་འཇུག །ཅིའི་ཕྱིར་འཇུག་ན་བརྗོད་བྱ་གོ་བའི་ཆེད་དང་ཨ་ཐུང་སྲོག་ཏུ་ཞུགས་པའི་ཚུལ་གྱིས་འཇུག །ཚུལ་ཇི་ལྟར་འཇུག་ན། དེ་ལྟར་ཞུགས་པ་ལ་བརྟེན་ནས་མིང་ཚིག་ཤོ་ལོ་ཀ་ལ་སོགས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གང་ཟག་གི་ངག་གི་ཕུང་པོ་རྣམས་འགྲུབ་པའི་ཚུལ་གིས་འཇུག་གོ །ཞེས་བྱ་ལ། གཉིས་པ་ངེས་དོན་ནི། གང་འཇུག་ན་དབྱངས་གསལ་གྱི་མཚོན་དོན་རྩ་བ་དང་ཡན་ལག་གི་རླུང་རྣམས་སོ། །གང་ལ་འཇུག་ན་ངེས་དོན་གྱི་ཨ་ཐུང་མི་ཤིགས་པའི་ཐིག་ལེ་ལའོ། །དགོས་པ་ཅིའི་ཕྱིར་འཇུག་ན་དོན་གྱི་འོད་གསལ་འདྲེན་པའི་ཕྱིར་དུའོ། །ཚུལ་ཇི་ལྟར་འཇུག་ན་ས་ཆུ་ལ་ཐིམ་པ་སོགས་འབྱུང་བའི་ཐིམ་རིམ་གྱིས་འཇུག་ཅེས་བྱ་བའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་གཞི་ལམ་གྱི་ངེས་དོན་གྱི་ཨ་ཐུང་ལས་བྱུང་བ་ཡིན་ཏེ། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་པ་ནས། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཞེས་དང་། སྤྱོད་བསྡུས་ལས་ཀྱང་། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཨའི་རིགས་སུ་གྱུར་པ་དང་། ཨ་རྒྱུར་གྱུར་པ་དང་། ཨ་ལས་ངེས་པར་འབྱུང་བའོ། །ཞེས་གསུངས་པའི་ཕྱིར། རྡོ་རྗེ་སྙིང་པོ་རྒྱན་ལས། སྙིང་གིའི་དབུས་ན་མི་ཤིགས་པ། །ཞེས་སོགས་སྔར་དྲངས་པའི་ལུང་དེས་ཀྱང་ངེས་དོན་གྱི་ཨ་ཐུང་སྙིང་གའི་མི་ཤིགས་པའི་རླུང་བསྟན་པ་ཡིན་ཏེ། ཨ་ནི་གཙོ་བོ་དམ་པའོ། །ཞེས་གསུངས་པའི་ཕྱིར། མི་ཤིགས་པ་ཕྲ་བའི་རླུང་ནི་རིགས་འདྲ་ནམ་ཡང་རྒྱུན་མི་ཆད་པའི་མི་ཤིགས་པ་ཡིན་ལ། ཐིག་ལེ་མི་ཤིགས་པ་ནི་འཆི་དུས་སུ་འཕོ་འཕྱུགས་བྱེད་དོ། །གཞུང་གཞན་དུ་མ་ལས། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿཞེས་སོགས་འབྱུང་བའི་སྔགས་དོན་ནི། ཨ་ནི་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པའི་དོན་ཡིན་ལ། སྤྱོད་བསྡུས་སུ་ཡང་དེ་ཁུངས་སུ་མཛད་ཅིང་། དེའི་ངེས་དོན་ནི་སྤྱིར་འདུས་བྱས་རང་བཞིན་གྱིས་སྐྱེ་མེད་རྟོགས་པའི་ཤེས་རབ་དང་འདིར་བསྒོམས་སྟོབས་ཀྱིས་རླུང་ཐམས་ཅད་མི་ཤིགས་པའི་རླུང་ཕྲ་བ་ལ་ཐིམ་པ་ལས་རང་བཞིན་གྱིས་སྐྱེ་བ་མེད་པའི་སྟོང་པ་ཉིད་དང་དེ་རྟོགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་རོ་མཉམ་ངོ་བོ་དབྱེར་མེད་དུ་སོང་བ་ནི། སངས་རྒྱས་ཀྱི་ཆོས་ཁྱད་པར་ཅན་ཐམས་ཅད་དང་ཟུང་འཇུག་གི་སྐུ་འབྱུང་པའི་སྒོ་ཡིན་པའི་དོན་ཏེ། མཚན་བརྗོད་ཀྱི་ལུང་དོན་ཡང་དེ་ལྟར་རོ། །ངེས་དོན་གྱི་ཨ་ཐུང་རླུང་ཕྲ་བ་ནི་འོད་གསལ་འཆར་བའི་གཞི་ཡིན་པས་ཡིག་འབྲུའི་མཆོག་དང་། རྒྱུ་མཚན་དེས་དོན་ཆེ་བ་དང་དམ་པ་ཡིན་པ་དང་། ལུས་ཀྱི་ཁོང་ནས་འབྱུང་ཡང་དོན་དམ་པར་སྐྱེ་བ་མེད་པ་དང་། རྗོད་བྱེད་ཀྱི་ཚིག་རྒྱུ་མེད་པའོ། །འོན་ཀྱང་བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཞེས་སོགས་རྐང་པ་གཉིས་ཀྱིས་ངེས་དོན་གྱི་ཨ་ཐུང་མི་ཤིགས་པའི་རླུང་ལས་རླུང་འགའ་ཞིག་དབྱངས་གསལ་གྱི་ངོ་བོར་གྱུར་ནས་མགྲིན་པར་སླེབས་པ་ན་སྒྲ་གསལ་པོར་སྨྲ་བར་འགྱུར་བས། དྲང་དོན་གྱི་ཨ་ཐུང་ཡང་ངག་ཚིག་གཞན་མ་ལུས་པའི་རྩ་བར་བསྟན་པ་ཡིན་ནོ། །འོ་ན་ལུང་སྟོན་གྱི་ཐུང་དུ་མ་ལུས་ངག་ཏུ་འགྱུར། ཞེས་པའི་དོན་ཨ་ཐུང་ངག་ཚིག་མ་ལུས་པའི་རྩ་བར་བསྟན་ཚུལ་དེ་ལྟར་ཡིན་ན། གཅིག་མིན་དུ་མ་མ་ཡིན་ནོ། །ཞེས་པའི་དོན་གང་ཡིན་ཞེ་ན་ཡོད་དེ། ངེས་དོན་གྱི་ཨ་ཐུང་དེ་རིམ་གྱིས་ངག་ཚིག་ཐམས་ཅད་ཀྱི་རྩ་བར་འགྱུར་བས་སྐྱེ་རིམ་གྱི་ཚེ་གཅིག་མ་ཡིན་ལ། ངོ་བོའི་སྒོ་ནས་སམ་ཐིམ་རིམ་གྱི་མཐར་དུ མ་མ་ཡིན་ནོ། །ཞེས་པ་ཡིན་པའི་ཕྱིར་རོ། །ལྔ་པ་ངག་དབེན་སྲོག་རྩོལ་གྱི་ཡན་ལག་ཏུ་འགྱུར་ཚུལ་ནི། རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་བྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པ་བཞག །ཞེས་པས་སྲོག་རྩོལ་གསུམ་བསྒོམ་ཚུལ་བསྟན་ཏེ། རྐང་པ་དང་པོ་བ ཞིས་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་དང་། དེ་ནས་རྐང་པ་གཉིས་ཀྱིས་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་དང་། སྙིང་གར་ཞེས་པ་མན་གྱིས་སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་བསྒོམ་ཚུལ་བསྟན་པའི་ཕྱིར་ཏེ། གཞི་དུས་ཀྱི་ཡེ་ཤེས་ལྔ་དང་། འབྱུང་བ་ལྔའི་ངོ་བོར་གྱུར་བའི་རླུང་ཐིག་ལེའི་གཟུགས་རང་དང་ཕྱག་རྒྱའི་དྷཱུ་ཏཱིའི་མར་སྣ་འཕྲད་མཚམས་སུ་བསྒོམ་པ་དང་། རླུང་ཐིག་དེ་ཉིད་ཡི་གེ་གསུམ་གྱི་གདངས་དང་སྦྱར་ཏེ་སྟེང་སྒོར་རྡོར་བཟླས་བྱེད་པ་དང་། སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་དུ་ཐིག་ལེ་ཨ་ཐུང་དང་བཅས་པ་བསྒོམ་པར་བྱ་བའི་སྲོག་རྩོལ་གསུམ་རིམ་པར་བསྟན་པའི་ཕྱིར། དེ་ལྟར་བསྒོམས་པའི་རྣལ་འབྱོར་གསུམ་ལ་སྲོག་རྩོལ་ཞེས་བྱ་སྟེ། སྲོག་ནི་འདིར་ཚེ་གནས་པའི་རླུང་དང་། རྩོལ་བ་ནི་རིང་དུ་བསྲིང་བ་ལ་འཇུག་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། འོ་ན། སྔགས་རྫས་ཀྱི་ཐིག་ལེ་སྒོམ་པ་ན་རླུང་ལ་དངོས་སུ་དམིགས་པ་མི་འདུག་པས་སྲོག་རྩོལ་དུ་ཇི་ལྟར་འགྱུར་ཞེ་ན། སྐྱོན་མེད་དེ། རླུང་དབུ་མར་འཇུག་པའི་ཐབས་དངོས་ཡིན་པས་སྲོག་རྩོལ་དུ་འགྲོ་བའི་ཕྱིར་རོ། །དྲུག་པ་ལ་གསུམ། སྲོག་རྩོལ་གསུམ་སྒོམ་པའི་རིམ་པ། རྡོར་བཟླས་ཀྱི་ཐུན་མོང་མ་ཡིན་པའི་བྱེད་ལས། དེ་ལྟར་བསྒོམས་པས་ཉམས་མྱོང་སྐྱེ་ཚུལ་ལོ། །དང་པོ་ལ་གསུམ། སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེ། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་བསྒོམ་པའི་ཚུལ་ལོ། །དང་པོ་ནི། སྨོན་ལམ་ལས། ཐིག་ལེའི་རྒྱལ་པོ་སྔགས་ཀྱི་ཐིག་ལེ་མཆོག །ཞེས་སོགས་ཀྱི་རྐང་པ་བཞིས་བསྟན་པ་ལྟར་ཏེ། འདི་ལ་གཉིས། སྔགས་ཐིག་ཉི་ཚེ་བ་དང་། སྔགས་འཁོར་སྒོམ་པའི་ཚུལ་ལོ། །དང་པོ་ནི་རྩ་རྒྱུད་ལས། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཞེས་སོགས་གསུངས་པའི་ལུང་ནི་གོང་དུ་དྲངས་ཟིན་ལ། དེའི་འགྲེལ་པ་ལས། རིན་པོ་ཆེ་ནི་མི་ཤིགས་པར་གྲགས་པ་སྟེ། སངས་རྒྱས་རིན་པོ་ཆེ་བསྐྱེད་པས་སོ། །ཞེས་སོགས་བཤད་པ་ལྟར་ཏེ། འདི་སྒོམ་པར་བྱེད་པ་ལ། གནས་གང་དུ། རྟེན་གང་གིས། ཚུལ་ཇི་ལྟར་དུ། དབྱིབས་དང་ཁ་དོག་གི་ཁྱད་པར། དེ་བ སྒོམ་པའི་ཕན་ཡོན་དང་ལྔའི། དང་པོ་ནི། རྩ་རྒྱུད་ལས། དགོན་པ་ཆེན་པོའི་ས་ཕྱོགས་སུ། །ཞེས་སོགས་ཀྱིས་བསྟན། གཉིས་པ་ནི། ལུས་དབེན་གྱི་གསང་ཆེན་རྡོ་རྗེ་འཆང་གི་རྣལ་འབྱོར་ལ་གནས་པས་སྒོམ། གསུམ་པ་ནི་ལུས་དང་དུས་དང་ཡུལ་དང་རླུང་གི་གནད་བཞི་དང་ལྡན་པས་སྒོམ། བཞི་པ་ནི་ཀུ་ཀུ་རི་པས་ཐིག་ལེ་དཀར་དམར་གའུ་ཁ་སྦྱོར་ལྟ་བུ་དང་། ཞལ་ལུང་ལས་དཀར་ལ་དམར་བའི་མདངས་ཅན་དང་། སྤྱོད་བསྡུས་དང་རིམ་ལྡང་ཨ་ཐུང་དང་བཅས་ཏེ་བསྒོམ་པར་བྱ་བར་བཤད་ཅིང་། རྡོ་རྗེ་འཕྲེང་བར་ཧཱུཾ་དང་བཅས་པར་བཤད་པས་རྒྱས་བསྡུས་སམ་གང་རུང་གིས་ཆོག་པའོ། །ལྔ་པ་ནི། དེ་བསྒོམས་པ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་ཆེན་སྐྱེ་བར་མངོན་བརྗོད་དང་། དྲིལ་བུ་བས་ཀྱང་བཤད་དོ། །གཉིས་པ་སྔགས་ཀྱི་འཁོར་ལོ་སྒོམ་པ་རྒྱུད་དང་འཕགས་པ་ཡབ་སྲས་ཀྱིས་གསལ་བར་མ་བཤད་ཀྱང་། ནཱ་རོ་པས་བཤད་པ་ལྟར་ལེགས་པས། དེའི་ཚུལ་ནི་སྙིང་གར་རྩ་འདབ་བརྒྱད་པ་སུམ་རིམ་མམ། རྩ་འདབ་བརྒྱད་ཀྱི་ངོ་བོར་མོས་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་སུམ་རིམ་གང་རུང་གི་ཕྱིའི་འདབ་མ་ལ་དབྱངས་ཡིག་བཅུ་གཉིས་སྣང་བ་མཚོན་བྱེད་ཁ་དོག་དཀར་པོ། བར་པ་ལ་མ་ཡིག་དང་ཀྵ་ཡིག་དོར་བའི་གསལ་བྱེད་མཆེད་པ་མཚོན་བྱེད་དམར་པོ། ནང་གི་ཕྱོགས་བཞིའི་འདབ་མ་ལ་ཉེར་ཐོབ་མཚོན་བྱེད་རྀ་ལྀ་བཞིན་ནག་པོ། ཡི་གེ་ཐམས་ཅད་ཐིག་ལེས་བརྒྱན་པ། རྩར་བསྒོམས་ན་ནང་དུ་ཕྱི་ནང་དང་། པད་འདབ་ལ་འཕྲེང་བསྒྲིགས་ཀྱི་རྣམ་པར་གསལ་གདབ་ཅིང་། དབུས་སུ་མི་ཤིགས་པའི་ཐིག་ལེ་ཨ་ཐུང་དང་བཅས་པ་ལ་སེམས་འཛིན་པ་སྟེ། དེ་ཡང་དྷཱུ་ཏཱིར་སྡུད་སླ་བའི་ཆེད་དུ་སྒོམ་པར་བྱེད་པ་ཡིན་གྱི། ངེས་པར་བསྒོམ་དགོས་པའི་ཡན་ལག་ནི་མིན་ཏེ། རྒྱུད་དང་འཕགས་པ་ཡབ་སྲས་ཀྱིས་མ་བཤད་ཅིང་མར་ལུགས་ཀྱི་གདམས་པ་གཅིག་ནས་སྔགས་འཁོར་མེད་པར་ཐིག་ལེ་ཨ་ཐུང་དང་བཅས་པ་ཙམ་ཞིག་བསྒོམ་པར་གསུངས་བའི་ཕྱིར་རོ། །གཉིས་པ་འོད་ཀྱི་ཐིག་ལེ་ནི། སྨོན་ལམ་ལས། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་གདངས། །ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏེ། འདི་ལ་བཞི། དགོས་པ་གང་གི་ཕྱིར་རླུང་གང་ལ་རྡོར་བཟླས་བྱ་བ། གནས་གང་ནས། རླུང་ངག་དབྱེར་མེད་དུ་སྦྱོར་ཚུལ། རྡོར་བཟླས་ཀྱི་དབྱེ་བའོ། །དང་པོ་ནི། ཞི་རྒྱས་ཀྱི་དངོས་གྲུབ་ཀྱི་ཆེད་དུ་རྩ་བའི་རླུང་ལ་བྱེད་པ། མངོན་ཤེས་ཀྱི་ཆེད་དུ་ཡན་ལག་གི་རླུང་ལ་བྱེད་པ། སེམས་དབེན་གྱི་སྟོང་པ་རྣམས་བསྐྱེད་པའི་ཆེད་དུ་རླུང་དགུ་ལ་རྡོར་བཟླས་བྱེད་པ་གསུམ་ལས། འདིར་ཕྱི་མ་ཉིད་ཡིན་ནོ། །གཉིས་པ་དང་གསུམ་པ་ནི་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་དམིགས་ནས་རླུང་འཇུག་ལྡང་གནས་གསུམ་གྱི་རང་གདངས་ཡི་གེ་གསུམ་གྱི་གདངས་སུ་ཤར་བའི་སྒོ་ནས་བྱེད་བ་ཡིན་གྱི། རླུང་སྔགས་ངོ་བོ་ཐ་དད་དུ་བྱས་པའི་ཚུལ་གྱིས་མིན་ཏེ། ཐ་དད་དུ་ཞེན་པ་ནི་རྡོར་བཟླས་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ཏེ། རྩ་རྒྱུད་ལས། སློངས་མོ་ཟ་ཞིང་མི་བཟླ་སྟེ། །ཞེས་དང་། དེའི་དོན་ལུང་དོན་ལས། ཐ་དད་ཡི་གེ་སློང ས་མོ་ཡིན། །དེ་འདོན་པ་ནི་ཟ་བ་སྟེ། ཞེས་གསུངས་པའི་ཕྱིར། འདིར་རླུང་ལྡང་འཇུག་གནས་གསུམ་ཡི་གེ་གསུམ་དང་སྦྱོར་ཚུལ་ཡོད་དེ། རླུང་ནང་དུ་འཇུག་པའི་རང་གདངས་ༀ་གྱི་གདངས་དང་། གནས་པའི་རང་གདངས་ཨཱཿའི་གདངས་དང་། ཕྱིར་འབྱུང་བའི་རང་གདངས་ཧཱུཾ་གི་གདངས་སུ་ཤར་བར་མོས་ནས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་འཇུག་སྡང་གནས་གསུམ་བྱེད་པ་ཡིན་པའི་ཕྱིར་རོ། །བཞི་པ་དབྱེ་བ་ལ་གསུམ་སྟེ། ཡུལ་དང་སྔགས་དང་གནས་ཀྱི་སྒོ་ནས་གསུམ་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཏེ། རྩ་བ་དང་ཡན་ལག་གི་རླུང་གི་རྡོར་བཟླས་གཉིས་ཡོད་པའི་ཕྱིར། དང་པོ་ལ་རྩ་བའི་རླུང་བཞི་དང་། གཉིས་པ་ལ་ཡན་ལག་གི་རླུང་ལྔར་ཡང་དབྱེའོ། །གཉིས་པ་ལ་གཉིས་ཏེ། ཧཱུཾ་ཧོ་སྟེ་ཡི་གེ་གཉིས་ཀྱི་རྡོར་བཟླས་དང་། ༀ་ཨཱཿཧཱུཾ་སྟེ་ཡི་གེ་གསུམ་གྱི་རྡོར་བཟླས་གཉིས་ཡོད་པའི་ཕྱིར། འདི་ལ་ཡི་གེ་གཉིས་ཀྱི་རྡོར་བཟླས་བྱེད་པའི་ཚེ་རླུང་འཇུག་ལྡང་གཉིས་དང་སྦྱོར་བ་ཡིན་ལ། ཡི་གེ་གསུམ་གྱི་རྡོར་བཟླས་ལ་འཇུག་ལྡང་གནས་གསུམ་དང་སྦྱོར་བ་ནི་བཤད་པ་ལྟར་རོ། །གལ་ཏེ་གཞི་ལ་རླུང་འཇུག་ལྡང་གཉིས་ལ་མ་གཏོགས་པའི་གནས་བཟུང་དུ་མེད་པས་ཇི་ལྟར་བྱ་སྙམ་ན། སྐྱོན་མེད་དེ། འཇུག་ལྡང་གང་རུང་གི་ཡུན་ཚད་དང་མཉམ་པའི་གནས་པ་རེ་ཆེད་དུ་བྱ་དགོས་པའི་ཕྱིར་རོ། །གཞན་ཡང་རྟེན་གྱི་སྒོ་ནས་གཉིས་ཏེ། བསྐྱེད་རིམ་པ་དང་། རྫོགས་རིམ་པའི་རྡོར་བཟླས་གཉིས་ཡོད་ཅིང་། ཕྱི་མ་ལ་ངག་དབེན། སེམས་དབེན། སྒྱུ་ལུས། ཟུང་འཇུག་གི་བཟླས་པ་དང་བཞི་ཡོད་པའི་ཕྱིར་རོ། །གསུམ་པ་རྫས་ཀྱི་ཐིག་ལེ་ནི། སྨོན་ལམ་ལས། ཐབས་ཤེས་གསང་བའི་རྩ་མཆོག་གཉིས་ཀྱི་རྩེར། །ཞེས་སོགས་རྐང་པ་བཞིས་སྟོན་ཏེ། འདི་ལ་གཉིས། རང་དང་ལས་རྒྱ་གཉིས་དང་། རང་དང་ཡེ་རྒྱ་གཉིས་སྙོམས་པར་ཞུགས་པའི་བྱང་སེམས་དྷཱུ་ཏཱིའི་མར་སྣ་འཕྲད་མཚམས་སུ་ཐིག་ལེ་དམིགས་རྟེན་དུ་བྱས་ནས་སྒོམ་པའི་ཚུལ་གཉིས་ཡོད་པའི་ཕྱིར། དེ་ལྟར་སྒོམ་པར་བྱེད་པ་དེ་ནི་རླུང་དྷཱུ་ཏཱིར་སྡུད་པ་ཙམ་གྱི་ཕྱིར་མ་ཡིན་ཏེ། ལུས་དབེན་གྱི་སྐབས་སུ་རླུང་དྷཱུ་ཏཱིར་སྡུད་པའི་ནུས་པ་ཐོབ་པའི་ཕྱིར་དེས་ན་དེ་ལྟར་སྒོམ་པ་ལ་དགོས་པ་ཡོད་དེ། སྲོག་རྩོལ་སྔ་མ་གཉིས་ཀྱིས་རླུང་བསྡུས་པའི་བོགས་འདོན་དུ་སོང་ནས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་བའི་ཐབས་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར། དེའི་ཚུལ་ཡོད་དེ། དེ་ལྟར་བསྒོམས་པས་བྱང་སེམས་ཞུ་བས་བདེ་བ་དང་སྟོང་པ་ཞི་བདེ་ལས་ཀྱང་ལྷག་པ་ཁྱད་པར་ཅན་འདྲེན་ནུས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། རྡོར་བཟླས་ཀྱིས་སྙིང་གའི་རྩ་མདུད་དགྲོལ་ནུས་བར་བསྟན་པ་དང་། དེ་དགྲོལ་བ་དེ་རྩ་མདུད་གཞན་དགྲོལ་བའི་གཙོ་བོར་བསྟན་པའོ། །དང་པོ་ནི། རྡོར་བཟླས་ཀྱིས་སྙིང་གའི་རྩ་མདུད་དགྲོལ་བར་བྱེད་དགོས་ཏེ། རྡོར་འཕྲེང་ལས། སྔགས་ཀྱི་དེ་ཉིད་ཀྱིས་དེ་འབྱེད། །རྣལ་འབྱོར་མདུད་པ་འགྲོལ་ནས་ནི། །རླུང་གི་དེ་ཉིད་དག་པ་སྟེ། ཁྱད་པར་དབྱེ་བའི་སྦྱོར་བ་ཡིས། །ཞེས་གསུངས་པའི་ཕྱིར། དགྲོལ་ཚུལ་ཡོད་དེ། དཔེར་ན། སྙུགས་མའི་སྦུབས་འགགས་པ་ཐུར་མས་སེལ་བ་ལྟར། རྡོར་བཟླས་ཀྱིས་རིམ་གྱིས་སྙིང་གའི་རྩ་མདུད་ལྷོད་བོར་བྱས་ནས་རྫོགས་པར་འགྲོལ་བར་བྱེད་ནུས་པའི་ཕྱིར། རྫོགས་པར་གྲོལ་བའི་ཚེ་སྙིང་གའི་པདྨ་དེ་ཉིད་གྱེན་དུ་ལོག་དགོས་པ་ཡིན་ཏེ། རྡོར་འཕྲེང་ལས། སྙིང་གའི་པདྨ་སྟེང་བལྟས་འཇིག །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས་ཀྱང་། གང་ཞིག་པདྨ་ཁ་སྦུབས་འདི། །སྐད་ཅིག་གིས་ནི་གྱེན་དུ་འགྱུར། །ཞེས་གསུངས་པའི་ཕྱིར། གཞན་ཡང་སྙིང་གའི་རྩ་མདུད་ནི་རྡོར་བཟླས་ཀྱིས་རྫོགས་པར་འགྲོལ་དགོས་ཏེ། རྩ་མདུད་གཞན་ལས་སྙིང་གའི་རྩ་མདུད་དགྲོལ་དཀའ་ཞིང་། དེ་མ་གྲོལ་ན་སེམས་དབེན་མཐར་ཐུག་མི་སྐྱེ་ལ། དེ་སྐྱེ་བ་ལ་སྲོག་ཐུར་བསྲེ་དགོས། དེ་ལ་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་དགོས་ཞིང་། དེ་ནི་རྡོར་བཟླས་ཀྱིས་བྱེད་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་མདུད་གཞན་ལ་རོ་རྐྱང་གི་མདུད་པ་རེ་རེ་ལས་མེད། སྙིང་གའི་དྷཱུ་ཏཱི་ལ་རོ་རྐྱང་གིས་མདུད་པ་གསུམ་གསུམ་གྱིས་དཀྲིས་པའི་ཕྱིར་ཏེ། རྡོར་འཕྲེེང་ལས། དེ་ཡང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་ཉིད་ལས། སྦྱོར་བ་དེ་ཡང་མི་ཤེས་པར། །རླུང་འཛིན་པ་ལ་རྣལ་འབྱོར་གྱིས། །ཐོབ་པར་དཀའ། ཞེས་དང་། དབུས་ཀྱི་མདུད་པ་དེ་ཡང་ནི། །དེ་ཕྱེ་ན་ནི་དངོས་གྲུབ་འགྱུར། །ཞེས་གསུངས་པའི་ཕྱིར། རྡོར་བཟླས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྡོ་རྗེའི་སྐད་དོད་བཛྲ་ཞེས་པ་ནི་མི་ཕྱེད་པའི་དོན་ཡིན་པས། རླུང་སྔགས་དབྱེར་མི་ཕྱེད་པའི་ཚུལ་གྱིས་བཟླ་བར་བྱ་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ལ། ཡི་གེ་གསུམ་གྱི་དྲང་ངེས་ཀྱི་སྔགས་བཏུ་ཤེས་དགོས་པས་འདི་ལ་གསུམ་སྟེ། དྲང་དོན་གྱི་ༀ་ནི་ཨ་ཨུ་མ་གསུམ་ལས་བྱུང་བ་དེ་བཞིན་དུ་སྙིང་གའི་སྲོག་འཛིན། མགྲིན་པའི་གྱེན་རྒྱུ། སྤྱི་བོའི་བྱང་སེམས་གསུམ་ནི་རིམ་པ་བཞིན་དུ་ཨ་ཨུ་མ་གསུམ་གྱི་ངེས་དོན། རླུང་གཉིས་དང་ཐིག་ལེ་དེ་གསུམ། སྤྱི་བོའི་རྩ་འཁོར་གྱི་དབུ་མའི་ནང་དུ་བསྡུད་པ་ནི། ༀ་ཡིག་སྤྱི་བོར་འགོད་པའི་ངེས་དོན། ཨཱཿ་ནི་ཨ་ཨ་ཧ་གསུམ་ལས་བྱུང་བ་དེ་བཞིན་དུ་སྙིང་གའི་སྲོག་འཛིན། མགྲིན་པའི་གྱེན་རྒྱུ། གསང་གནས་ཀྱི་ཐུར་སེལ་གསུམ་རིམ་པ་བཞིན་དུ་ཨ་ཨ་ཧ་གསུམ་གྱི་ངེས་དོན། རླུང་གསུམ་པོ་མགྲིན་པའི་རྩ་འཁོར་གྱི་དབུ་མའི་ནང་དུ་སྡུད་པ་ནི། ཨཱཿ་ཡིག་མགྲིན་པར་འགོད་པའི་ངེས་དོན། ཧཱུཾ་ནི་ཧ་ཨཱུ་མ་གསུམ་ལས་བྱུང་བ་དེ་བཞིན་དུ་ཐུར་སེལ། གྱེན་རྒྱུ། སྲོག་འཛིན་གསུམ་པོ་རིམ་པ་བཞིན་དུ་ཧ་ཨཱུ་མ་གསུམ་གྱི་ངེས་དོན། རླུང་གསུམ་པོ་སྙིང་གའི་རྩ་འཁོར་གྱི་དབུ་མའི་ནང་དུ་སྡུད་པ་ནི། ཧཱུཾ་ཡིག་སྙིང་གར་འགོད་པའི་ངེས་དོན་ཡིན་པས་སོ། །དྲང་དོན་གྱི་གཏུ་གཞིའི་ཡི་གེ་དེ་རྣམས་ལས་ཡི་གེ་གསུམ་ཇི་ལྟར་འབྱུང་བའི་ཚུལ་ཡོད་དེ། ཨས་ཨུ་མཐོང་ནས་ཨོར་སོང་། དེ་ལ་མ་ཡིག་ཐིག་ལེར་བྱིན་པས་ༀ་དུ་སོང་། ཨས་ཨ་མཐོང་བས་འདྲ་བའི་ཡི་གེ་ལས་ཨཱ་རིང་པོར་སོང་། ཧ་དང་ས་དང་ར་སྲོག་མེད་རྣམ་བཅད་དུ་འགྲོ་བས་འདིར་ཧ་རྣམ་བཅད་དུ་སོང་བས་ཨཱཿཧ་སྲོག་མེད་ཨཱུ་རིང་པོ་ལ་བཙུག་པས་ཧཱུ་ཡིག་ཏུ་སོང་། དེ་ལམ་ཡིག་ཐིག་ལེར་བྱིན་པས་ཧཱུཾ་ཡིག་ཏུ་སོང་བ་ཡིན་པའི་ཕྱིར། གསུམ་པ་ཉམས་མྱོང་ཇི་ལྟར་སྐྱེ་ཚུལ་ལ་གཉིས། སྙིང་གར་མི་ཤིགས་པ་བསྒོམས་པའི་ཉམས་མྱོང་དང་། སྲོག་རྩོལ་ལྷག་མ་བསྒོམས་པའི་ཉམས་མྱོང་སྐྱེ་ཚུལ་ལོ། །དང་པོ་ནི་སྙིང་གར་མི་ཤིགས་པ་བསྒོམས་པ་ལས་མཚོན་ལ་ལྔའམ་བརྒྱད་འབྱུང་བ་ཡིན་ཏེ། ཞལ་ལུང་ལས་གསུངས་པ་ལྟར། ས་ཆུ་ལ་ཐིམ་པ་སོགས་ཀྱི་རྟགས་ལྔ་དང་། ཀུ་ཀུ་རི་བས་བཤད་པ་ལྟར་དེའི་སྟེང་དུ་སྣང་བ་གསུམ་དང་བཅས་པ་བརྒྱད་འབྱུང་བའི་ཕྱིར། གཉིས་པ་ལ་གསུམ། རྡོར་བཟླས་བྱས་པས་ཟླ་བ་སོ་སོའི་ཉམས་མྱོང་དང་། རྡོར་བཟླས་ཀྱིས་རླུང་དྷཱུ་ཏཱིའི་ཐིམ་པར་བྱེད་མུ་དང་། གཏུམ་མོ་སྤོར་ཚུལ་ལོ། །དང་པོ་ཡོད་དེ། རྡོར་བཟླས་བཤད་པ་བཞིན་ཟླ་བ་དྲུག་བྱེད་པའི་ཟླ་བ་དང་པོ་ལ་ཉིན་ཞག་གཅིག་གི་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་ལྷག་ཆད་མེད་པར་སྙོམས་པར་བྱེད། ཟླ་བ་གཉིས་པ་ལ་རླུང་དེ་རྣམས་ཐུན་ཚོད་བརྒྱད་དུ་སྙོམས་པར་བྱེད། གསུམ་པ་ལ་རྩ་འཁོར་རྣམས་གསལ་བོར་མཐོང་། བཞི་པ་ལ་རླུང་གི་རྒྱུ་ལུགས་དང་ཁ་དོག་གསལ་བར་མཐོང་། ལྔ་པའི་རླུང་རྣམས་དབུ་མར་ཞུགས་ནས་ཐིམ་པར་རྩོམ། དྲུག་པ་ལ་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ནས་སེམས་དབེན་གྱི་རྟོགས་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ཡོད་དེ། རྡོར་བཟླས་བྱེད་པའི་ཚེ་དང་པོར་འཇུག་ལྡང་གནས་གསུམ་ཡི་གེ་གསུམ་གྱི་གདངས་སུ་མོས་པ་ཙམ་དང་། དབུ་མའི་ནང་ནས་བྱེད་པ་ཡང་མོས་པ་ཙམ་ཡིན་ཡང་། དེ་ལྟར་མོས་པས་གོམས་པ་ན་མཚམས་ཞིག་ནས་གནས་པ་རིང་དུ་འགྲོ་ཞིང་འབྱུང་འཇུག་ཐུང་དུ་འགྲོ་བས། མཐར་གནས་པ་འབབ་ཞིག་ཏུ་འགྱུར་བའི་ཕྱིར་ཏེ། ལུང་སྟོན་ལས། གསུམ་པོ་དེ་ཉིད་གཅིག་གྱུར་པ། །འགྲོ་བ་མེད་ཅིང་འདྲ་བ་མེད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། རྡོར་བཟླས་བྱས་པས་རླུང་ཐིམ་ནུས་ཀྱང་། དེས་གཏུམ་མོ་ཇི་ལྟར་སྦོར་ཞེ་ན། ཡོད་དེ། ཐུར་སེལ་ལ་རྡོར་བཟླས་བྱས་པས་གཏུམ་མོ་སྤར་ནས་བྱང་སེམས་འཇུ་ཞིང་བདེ་ཆེན་བསྐྱེད་པར་བྱེད་པའི་ཕྱིར་ཏེ། ཞལ་ལུང་ལས། སུམ་མདོར་ཡེ་ཤེས་མེ་འབར་བས། ཁམས་ཞུ་ནས་ནི། ཞེས་གསུངས་པའི་ཕྱིར་རོ། །སྲོག་རྩོལ་གསུམ་བསྒོམས་པའི་དགོས་པའི་སྐབས་དོན་ཡོད་དེ། སེམས་དབེན་སྐྱེ་བའི་ཆེད་ཡིན་པའི་ཕྱིར་ཏེ། སྨོན་ལམ་ལས། སྣ་རྩེ་གསུམ་དུ་ཐིག་ལེ་རྣམ་གསུམ་གྱི། །ཞེས་སོགས་རྐང་པ་བཞིས་དེ་ལྟར་བསྟན་པའི་ཕྱིར་རོ། །གསུམ་པ་སེམས་དབེན་ལ་ལྔ། སེམས་ཀྱི་ཆོས་ཉིད་རྟོགས་དགོས་ཚུལ། སེམས་ཀྱི་རང་བཞིན་གསུང་རབ་ལས་བསྟན་ཚུལ། དེ་རྟོགས་པའི་ཐབས་ཁྱད་པར་ཅན་བླ་མེད་ཀྱི་རྒྱུད་ཡིན་ཚུལ། རྒྱུད་ཀྱི་དོན་སྣང་བ་དང་རང་བཞིན་བཤད་པ། དེ་ཤེས་པའི་ཕན་ཡོན་དང་མ་ཤེས་པའི་ཉེས་དམིགས་བཤད་པའོ། །དང་པོ་ནི། རྡོར་བཟླས་ལ་ལོ་བས་ནས་ཚེ་འདིར་འཚང་རྒྱ་བར་འདོད་པས། སེམས་ཀྱི་ཆོས་ཉིད་རྟོགས་པའི་སེམས་དབེན་ལ་བསླབ་པར་བྱ་དགོས་ཏེ། དེ་དགོས་པར་ཚད་ལྡན་གྱི་གཞུང་དུ་མ་ལས་གསུངས་པའི་ཕྱིར། གལ་ཏེ་སེམས་དབེན་གྱིས་སེམས་ཀྱི་རང་བཞིན་ཆོས་ཉིད་རྟོགས་ན། དོན་གྱི་འོད་གསལ་དང་ཁྱད་མེད་དུ་འགྱུར་ཞེ་ན། སྐྱོན་མེད་དེ། མངོན་སུམ་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་ཡོད་པའི་ཕྱིར་ཏེ། དོན་གྱི་འོད་གསལ་གྱིས་དེ་མངོན་སུམ་དུ་རྟོགས་ཅིང་། སེམས་དབེན་གྱིས་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཕྱིར། གཉིས་པ་སེམས་ཀྱི་ངང་ཚུལ་གསུང་རབ་ནས་བཤད་ཚུལ་ཡོད་དེ། ལང་དཀར་གཤེགས་པ་དང་། བཟང་སྐྱོང་གིས་ཞུས་པའི་མདོ་དང་། རྒྱུད་སྡེ་དུ་མ་ལས་ཀྱང་བཤད་པའི་ཕྱིར། མདོའི་དབང་དུ་བྱས་ན་བཟང་སྐྱོང་གིས་ཞུས་པ་དེར་སེམས་ཀྱི་ངོ་བོ་དང་སྐྱེ་བ་འཛ ིན་ཚུལ་ནི་ཤིན་ཏུ་རྒྱས་ལ་ཟབ་པ་ཞིག་སྣང་ངོ་། གསུམ་པ་ནི། སེམས་ཀྱི་རང་བཞིན་རྟོགས་པའི་ཐབས་ཁྱད་པར་ཅན་ནི་བླ་མེད་ཀྱི་རྒྱུད་ཡིན་ཏེ། འདུས་པ་ལ་སོགས་པའི་བླ་མེད་ཀྱི་རྒྱུད་དང་། དེའི་དགོངས་འགྲེལ་རྣམས་ལས་ནི་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་རྟོགས་པའི་ཚུལ་རྒྱས་པར་བསྟན་གྱི། རྒྱུད་སྡེ་འོག་མ་དང་མདོ་སྡེ་ལས་ནི་དེ་མི་སྟོན་པའི་ཕྱིར་རོ། །བཞི་པ་ལ་བཞི། སྣང་བ་གསུམ་བཤད་པ། རང་བཞིན་གྱི་རྟོག་པ་བཤད་པ། ཕྱི་ནང་གི་ཐབས་ཀྱིས་ཡེ་ཤེས་སྐྱེ་ཚུལ་བཤད་པ། བདེ་སྟོང་སྦྱོར་ཚུལ་བཤད་པའོ། །དང་པོ་ལ་གཉིས། སྣང་བ་གསུམ་གྱི་མིང་གི་རྣམ་གྲངས། སྣང་བ་གསུམ་སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ཡོད་དེ། རིམ་པ་བཞིན་དུ་ཤེས་རབ། ཐབས། ཐབས་ཤེས་འདྲེས་མ་དང་། སེམས་ཡིད་རྣམ་ཤེས་གསུམ་དང་། གཞན་དབང་ཀུན་བཏགས་ཡོངས་གྲུབ་གསུམ་དང་། ཞེ་སྡང་འདོད་ཆགས་གཏི་མུག་གསུམ་གྱི་མིང་གིས་སྣང་བ་མཆེད་བ་ཉེར་ཐོབ་གསུམ་བསྟན་པའི་ཕྱིར་རོ། །གཉིས་པ་དེ་གསུམ་གྱི་མཚན་ཉིད་ཡོད་དེ། འདི་གསུམ་ལའང་ལུགས་འབྱུང་ལུགས་ལྡོག་གི་སྣང་བ་གསུམ་གསུམ་ཡོད་ཀྱང་། ཐུན་མོང་དུ་སྟོན་གནམ་གཡའ་དག་པ་ལ་མཚན་མོ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སངས་དཀར་ལམ་པའི་སྣང་བ་འཆར་གྱི། གཞན་མི་འཆར་བས་རབ་ཏུ་ཕྱེ་བའི་ཡིད་ཀྱི་ཤེས་པ་དེ་སྣང་བ་དང་པོའི་མཚན་ཉིད། སྟོན་གནམ་གཡའ་དག་ལ་ཉིད་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སངས་དམར་ལམ་པའི་སྣང་བ་འཆར་གྱི། གཞན་མི་འཆར་བས་རབ་ཏུ་ཕྱེ་བའི་ཡིད་ཀྱི་ཤེས་པ་དེ། མཆེད་པའི་མཚན་ཉིད། སྟོན་གནམ་གཡའ་དག་ལ་སྲོད་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་སྟོང་སངས་ནག་ལམ་པའི་སྣང་བ་འཆར་གྱི། གཞན་མི་འཆར་བས་རབ་ཏུ་ཕྱེ་བའི་ཡིད་ཀྱི་ཤེས་པ་དེ། ཉེར་ཐོབ་ཀྱི་མཚན་ཉིད་དུ་རིགས་པའི་ཕྱིར། དེ་ལྟ་བུའི་སྟོང་པ་གསུམ་གྱི་སྣང་བ་འཆར་ཚུལ་ལ་དངོས་དང་། ཆ་འདྲ་གཉིས་ཡོད་དེ། གཞི་ལ་འཆི་དུས་སུ་མཚན་ཉིད་པ་དང་། གཉིད་དུས་སུ་ཆ་འདྲ་འཆར་ལ། ལམ་དུས་སུ་སེམས་དབེན་གྱི་སྐབས་ལྟ་བུ་ལ་མཚན་ཉིད་པ་འཆར་ཞིང་། དེའི་སྔོན་དུ་རྗེས་མཐུན་ཙམ་འཆར་བའི་ཕྱིར། སྣང་བ་དང་སྟོང་པའི་ཁྱད་པར་ཅི་ལྟར་ཡིན་ཞེ་ན། ཡོད་དེ། སྣང་བ་གསུམ་ནི་སྣང་བ་འཆར་ཚུལ་གྱིི་སྒོ་ནས་བཏགས་ལ། སྟོང་པ་ནི་ཀུན་རྟོགས་བཞོན་པའི་རླུང་དང་བཅས་པ་དེ་དང་དེས་སྟོང་པའི་སྒོ་ནས་བརྗོད་པའི་ཕྱིར། གཉིས་པ་ནི། སྣང་བའི་རང་བཞིན་གྱི་རྟོག་པ་སོ་གསུམ་ཡོད་དེ། རིམ་ལྔ་ལས། ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོང་པ་དང་། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང་། །འཇིགས་པ་བར་མ་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་དང་། །ཤིན་ཏུ་སྲེད་དང་ཉེར་ལེན་པ། །མི་དགེ་བཀྲེས་དང་སྐོམ་ཉིད་དང་། །ཚོར་དང་ཚོར་བ་བར་མ་དང་། །ཤིན་ཏུ་ཚོར་བའི་སྐད་ཅིག་དང་། །རིག་པ་པོ་དང་རིག་འཛིན་བཞི། །སོ་སོར་རྟོགས་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་བརྩེ་བ་གསུམ། །དོགས་དང་བསགས་པ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང་། །ལུས་ཅན་རྣམས་ཀྱི་རང་རིག་སྟེ། །ཞེས་གསུངས་པའི་ཕྱིར། མཆེད་པའི་རང་བཞིན་བཞི་བཅུ་ཡོད་དེ། དེ་ཉིད་ལས། ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་ཤིན་ཏུ་མགུ་བ་དང་། །ངོ་མཚར་དེ་བཞིན་རྒོད་པ་དང་། །ཚིམ་དང་དེ་བཞིན་འཁྱུད་པ་དང་། །འོ་བྱེད་དེ་བཞིན་འཇིབ་པ་དང་། །བརྟན་དང་བརྩོན་དང་ང་རྒྱལ་དང་། །བྱ་དང་དབྲོག་དང་སྟོབས་དང་ནི། སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང་། །དེ་བཞིན་ལྷན་ཅིག་སྐྱེས་བར་མ། །ཤིན་ཏུ་ལྷན་ཅིག་སྐྱེས་དང་དྲེག །རྣམ་པར་སྒེག་དང་ཞེ་འགྲས་ཉིད། །དགེ་དང་ཚིག་གསལ་བདེན་པ་དང་། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་སྦྱིན་པ་པོ། །བསྐུལ་དང་དེ་བཞིན་དཔའ་བོ་དང་། །ངོ་ཚ་མེད་དང་སྒྱུ་དང་གདུག །མི་བསྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་གང་ཡིན་པ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། ཉེར་ཐོབ་ཀྱི་རང་བཞིན་བདུན་ཡོད་དེ། ཆགས་པ་བར་ཐའི་སྐད་ཅིག་དང་། །བརྗེད་ངས་པ་དང་འཁྲུལ་པ་དང་། །མི་སྨྲར་གྱུར་དང་སྐྱོ་བ་དང་། ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །ཞེས་གསུངས་པ་ལྟར་ཡོད་པའི་ཕྱིར། ཁ་ཅིག་སྣང་བ་གསུམ་དང་དེ་དག་གི་རང་བཞིན་རྣམས་སྤེལ་ནས་སྐྱེ་བར་འདོད་པ་ནི་མི་འཐད་དེ། སྐྱེ་བའི་ཚེ་སྣང་བ་རྣམས་སྐྱེས་པའི་རྗེས་སུ་རང་བཞིན་གྱི་རྟོག་པ་སྐྱེ་ལ། ཐིམ་པའི་ཚེ་རང་བཞིན་རྣམས་ཐིམ་པའི་རྗེས་སུ་སྣང་བ་རྣམས་རིམ་གྱིས་ཐིམ་པ་ཡིན་པའི་ཕྱིར་རོ། །སྣང་བ་གསུམ་ལ་རང་བཞིན་དེ་ལྟར་འཇོག་པའི་རྒྱུ་མཚན་ཡོད་དེ། རང་བཞིན་དེ་རྣམས་རང་རྒྱུ་སྣང་པ་གསུམ་སོ་སོ་ལས་བྱུང་བའི་ལག་རྗེས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །གསུམ་པ་ཡོད་དེ། ཕྱི་ནང་གི་རྐྱེན་གཉིས་ལས་ནང་རྐྱེན་རྡོར་བཟླས་དང་། སྡུད་རིམ་གཉིས་དགོས་ཤིང་། ཕྱི་རྐྱེན་ཚེ་འདིར་འཚང་རྒྱ་བ་ལ་སེམས་དབེན་གྱི་རྟོགས་པ་མཐའ་ཐུག་བསྐྱེད་དགོས། དེ་ལ་ལས་རྒྱ་དང་མཉམ་པར་སྦྱོར་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། རྡོར་བཟླས་ཀྱིས་ལས་རླུང་གི་རྒྱུ་བ་བཀག་ནས་སྟོང་པ་རྣམས་འདྲེན་པའི་ཕྱིར་ཏེ། རྡོ་རྗེ་འཕྲེང་བ་ལས། རྡོ་རྗེ་བཟླས་པ་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། ཕྱི་མ་གྲུབ་སྟེ། ལས་རྒྱ་ལ་མ་བརྟེན་ན་སེམས་དབེན་མཐར་ཐུག་བསྐྱེད་མི་ནུས་པའི་ཕྱིར་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི། སེམས་དང་སེམས་ལས་བྱུང་བ་དག་གི་ཐབས་སུ་གྱུར་བའོ། །ཞེས་སོགས་དང་། བྷ་ག་དང་ལིདྒ་ཡང་དག་པར་སྦྱོར་བར་མི་ནུས་པ་དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། །ཞེས་དང་། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་གསུངས་པའི་ཕྱིར། གལ་ཏེ་སེམས་དབེན་མཐར་ཐུག་འདྲེན་པ་ལས་རྒྱལ་ལྟས་ན། ལས་རྒྱ་ཡང་ཡང་བསྟེན་དགོས་སམ་ཞེ་ན། ཡང་ཡང་བསྟེན་པ་ངེས་པར་དགོས་པ་ནི་མ་ཡིན་ཏེ། རིམ་ལྔ་ལས། ལན་གཅིག་ཙམ་ཞིག་མྱོང་ནས་ཀྱང་། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་པ་ལྟར་ལན་གཅིག་མཚོན་པ་སྔོན་དུ་སོང་ནས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་བརྟེན་ནས་སེམས་དབེན་མཐར་ཐུག་གི་རྣལ་འབྱོར་བསྐྱེད་ནུས་པའི་ཕྱིར། འོན་ཀྱང་མཁས་གྲུབ་ནོར་བཟང་རྒྱ་མཚོ་ནི་ལས་རྒྱ་ལ་རགས་མ་ལས་པར་ཚེ་གཅིག་ལ་འཚང་རྒྱ་ནུས་པ་ཞིག་བཞེད་པར་སྣང་ངོ་། །བཞི་པ་ནི། ཐབས་དེ་ལྟ་བུ་ལ་བརྟེན་ནས་སྔར་བཤད་པ་ལྟར་བདེ་སྟོང་སྦྱར་ནས་བསྒོམ་པར་བྱ་ཞིང་། དེ་ཡང་སྟོང་པ་གསུམ་དང་འོད་གསལ་གྱི་སྐབས་སུ་བདེ་སྟོང་སྦྱར་ནས་སྒོམ་པར་བྱེད་ལ། སྟོང་པ་དང་པོ་གསུམ་གྱི་སྐབས་སུ་སྣང་ངོར་དཀར་དམར་ནག་ལམ་པའི་རྣམ་པ་འཆར་ཡང་། ངེས་ངོར་སྣང་བ་དེ་བཀག་ནས་སྟོང་ཉིད་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་སྒོམ་པར་བྱེད་པ་ཡིན་ནོ། གལ་ཏེ་འདིར་འོད་གསལ་གྱི་སྟོང་པ་བསྒོམས་པ་ཡོད་ན། རྗེས་སྨོན་ལམ་ལས། སྟོང་པ་གསུམ་གྱི་སེམས་དབེན་སྐྱེ་བར་ཤོག །ཅེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྐྱོན་ཡོད་དེ། སྟོང་པ་བཞི་པ་ཉེར་ཐོབ་ཏུ་བསྡུས་ནས་བཤད་པ་ཡིན་པའི་ཕྱིར་ཏེ། འདི་ལྟར་ཉེར་ཐོབ་ལ་དང་པོ་དྲན་པ་རྙེད་པ་ཅིག་དང་། བར་དུ་དྲན་མེད་ཅིག་དང་། མཐར་དྲན་མེད་སངས་པ་ཅིག་དང་གསུམ་ཡོད་པ་ལས་སྟོང་པ་བཞིར་ཕྱེ་བའི་ཚེ་དང་པོ་གཉིས་ཉེར་ཐོབ་དང་། ཕྱི་མ་འོད་གསལ་དུ་སྡུད་པ། གསུམ་དུ་ཕྱེ་བའི་ཚེ་གསུམ་པོ་སྟོང་ཆེན་དུ་སྡུད་པར་བཤད་པའི་ཕྱིར་རོ། །ལྔ་པ་ནི། སྣང་བ་གསུམ་ལམ་གྱི་ངོ་བོར་བསྐྱེད་ཚུལ་ཤེས་མ་ཤེས་ཀྱི་ཕན་ཡོན་དང་ཉེས་དམིགས་ཡོད་དེ། དེ་ཤེས་ཏེ་རྒྱུད་ལ་བསྐྱེད་ན་དཔེ་དོན་གྱི་འོད་གསལ་འཆར་བ་དང་། སྒྱུ་མའི་སྐུ་འགྲུབ་པར་འགྱུར་བ་སོགས་ཀྱི་ཕན་ཡོན་དང་། མ་ཤེས་ན་སྣང་བ་གསུམ་ལས་རང་བཞིན་གྱི་རྟོག་པ་རྣམས་སྐྱེ་ཞིང་། དེས་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གཉིས་པ་བདེན་པ་གཉིས་ཀྱི་རྫོགས་རིམ་བཤད་པ་ལ་གཉིས། བདེན་གཉིས་སོ་སོའི་རྫོགས་རིམ་དང་། བདེན་གཉིས་དབྱེར་མེད་ཀྱི་རྫོགས་རིམ་མོ། །དང་པོ་ལ་གཉིས། ཀུན་རྫོབ་སྒྱུ་ལུས་དང་། དོན་ད མ་འོད་གསལ་ལོ། །དང་པོ་ལ་གཉིས། དངོས་དང་། དེ་དང་འབྲེལ་བའི་གདམས་པའོ། །དང་པོ་ལ་གཉིས། ཉན་པ་པོས་ཇི་ལྟར་བྱ་བ་དང་། འཆད་པ་པོས་བཤད་པའི་རིམ་པའོ། །དང་པོ་ནི། འདིར་བསྟན་སྒྱུ་ལུས་ཀྱི་གདམས་ངག་ཉན་པའི་སློབ་མའི་གཙོ་བོའམ་ཁྱད་པར་ཅན་ནི་ཁྱད་ཆོས་བཞི་དང་ལྡན་པ་ཞིག་དགོས་ཏེ། དབང་སྐུར་ཐོབ་ཅིང་བསྐྱེད་རིམ་མཐར་ཕྱིན་པ། རྒྱུད་སྡེའི་དོན་ལ་མཁས་པ། དབེན་པ་གསུམ་གྱི་རྫོགས་རིམ་ལ་ལོབས་པ། ཟུང་འཇུག་གི་རྫོགས་རིམ་ལ་མོས་པ་ཞིག་དགོས་པའི་ཕྱིར། དེས་དེ་ཉན་པའི་ཕྱིར་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། བླ་མ་ལ་ཕྱི་ནང་གསང་བའི་མཆོད་པ་ཕུལ་ཏེ། འོད་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཅེས་སོགས་ཀྱིས་བསྟོད་ཅིང་གསོལ་བ་འདེབས་དགོས་པའི་ཕྱིར། དེ་ཡང་བསྐྱེད་རིམ་ནས་དབེན་པ་གསུམ་གྱི་བར་ལྷ་སྐུ་མཚན་ཉིད་པ་མེད་འདུག་པས། ལྷ་སྐུ་མཚན་ཉིད་པ་ཇི་ལྟར་བསྐྱེད་ཅེས་འདྲི་བ་ཡིན་ནོ། །གཉིས་པ་ལ་གཉིས། སྒྱུ་ལུས་ཀྱི་སྔོན་དུ་ཇི་ལྟར་བྱ་བ་དང་། སྒྱུ་ལུས་ཀྱི་རིམ་པ་ཉིད་བཤད་པའོ། །དང་པོ་ནི། སློབ་དཔོན་གྱིས་དེ་ལྟ་བུའི་ལྷ་སྐུ་ཁྱད་པར་ཅན་ཇི་ལྟར་བསྐྱེད་པའི་ཚུལ་བཤད་པར་བྱའི་ཉོན་ཅིག་ཅེས་པ་སྔོན་དུ་བཏང་ནས། དེའི་ཚུལ་ནི། བདག་བྱིན་བརླབ་ལས། བསྐལ་པ་དཔག་ཏུ་མེད་པར་ནི། །ཐོས་པའི་ཕ་རོལ་ཕྱིན་པས་ཀྱང་། །བླ་མའི་བཀའ་མེད་སྒྱུ་མ་ནི། །མངོན་དུ་བྱ་བར་མི་ནུས་སོ། །ཞེས་གསུངས་པ་ལྟ་བུའི་རྙེད་དཀའ་བའི་སྒྱུ་མའི་སྐུ་དེ་རྙེད་མ་རྙེད་པའི་སྐྱོན་ཡོན་ནི། རིམ་ལྔ་ལས། བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མ་གྱུར་པ། །མདོ་སྡེ་རྒྱུད་དང་རྟོགས་པ་ལ། །དེ་ཡི་ང ལ་བ་དོན་མེད་འགྱུར། །བདག་ལ་བྱིན་བརླབ་རིམ་ཐོབ་པ། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། མན་ངག་གི་གཞི་འདིང་བ་དང་། སྒྱུ་ལུས་བསྒྲུབ་ཚུལ་བཤད་པའོ། དང་པོ་ནི། གཞི་དུས་སུ་རང་ཆས་སུ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་དངོས་པོ་གཅིག་པ་དེ་སྒྱུ་ལུས་ཀྱི་སྒྲུ བ་གཞི་ཡིན་ཏེ། གཞིའི་སེམས་ཅན་འཆི་བའི་དུས་བྱས་ནས་ཕྱི་མ་གློ་བུར་དུ་རང་དབང་གིས་མི་འབྱུང་གི རང་རྒྱུ་འཆི་བ་འོད་གསལ་གྱི་རླུང་སེམས་ཚོགས་པ་ལས་བར་དོར་སྐྱེ་ཞིང་། དེ་ནས་སྐྱེ་སྲིད་དུ་འཇུག་པ་ཡིན་ལ། དེ་ཉིད་ཐབས་མཁས་ཀྱིས་ལམ་དུ་བསྒྱུར་ནུས་ན་རྣལ་འབྱོར་པ་ལ་སྒྱུ་མའི་སྐུར་ཤར་ནས་འཚང་རྒྱ་བའི་ཕྱིར་ཏེ། རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་བཅིངས་གྱུར་བ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་གསུངས་པའི་ཕྱིར། ཡང་འགྲོ་བའི་སྐྱེ་འཆི་བར་དོ་སོགས་རང་རྒྱུ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རྣམ་འཕྲུལ་དང་། རླུང་སེམས་ཕྲ་མོ་དེ་འགྲོ་བ་སྣ་ཚོགས་སུ་སྐྱེ་བ་ཡིན་ཏེ། རྡོར་འཕྲེང་ལས། སྙིང་པོར་གྱུར་པ་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གིས་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་མཐོང་། །ཞེས་དང་། སྐྱེ་དང་གནས་དང་འཇིག་པ་དང་། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བཏགས་པ། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་དང་། ལུང་སྟོན་ལས་ཀྱང་། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བཏགས་འདིར་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །སླར་ཡང་རླུང་ལས་འགག་པ་ཡིན། །རྣམ་པར་རྟོག་པའི་སེམས་དེ་ནི། །འཁོར་པའི་རྒྱ་མཚོར་གནས་གྱུར་ཀྱང་། །དེ་ནི་ཕྱིན་ཅི་ལོག་སོང་བས། ཁྱི་དང་ཅེ་སྤྱང་གླང་པོ་དང་། །སེམས་དེ་རྟར་ཡང་འགྲོ་བར་འགྱུར། །ཞེས་གསུངས་པའི་ཕྱིར། །གཞིའི་སེམས་ཅན་གྱི་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་ཚོགས་པ་དེ་སྒྱུ་མའི་སྐུའི་སྒྲུབ་བཞི་ཡིན་ཏེ། སེམས་ཅན་གྱི་ལུས་སེམས་ལ་རགས་པ་གནས་སྐབས་པའི་ལུས་སེམས་དང་། ཕྲ་བ་གཉུག་མའི་ལུས་སེམས་གཉིས་ཡོད་པར་ངེས་ཤིང་། རགས་པའི་ལུས་སེམས་འདོར་ཡང་། ཕྲ་བའི་ལུས་སེམས་གཉིས་ཀྱི་རྒྱུན་ལས་སྒྱུ་མའི་སྐུ་སྒྲུབ་པར་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། སེམས་ཅན་གྱི་ལུས་ལ་རྣམ་སྨིན་གྱི་འབྱུང་ལུས་རགས་པ་དང་། དེ་དང་འབྲེལ་བའི་སེམས་དང་། ཤིན་ཏུ་ཕྲ་བའི་རླུང་དང་དེ་དང་འབྲེལ་བའི་སེམས་ཕྲ་བ་གཉིས་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། རགས་པའི་ལུས་སེམས་གཉིས་ནི་ཆུ་ལ་ཚ་བ་ལྟར་གནས་པས་འདོར་རུང་ཡང་། ཕྲ་བའི་ལུས་སེམས་གཉིས་ནི་ཆུ་ལ་གཤེར་བ་བཞིན་གནས་ཏེ་འབྲལ་དུ་མི་རུང་བའི་ཕྱིར། གང་ཟག་གཅིག་ལ་ལུས་སེམས་ཕྲ་རགས་གཉིས་གཉིས་ཡོད་ཀྱང་རྒྱུད་ཐ་དད་པར་ནི་མི་འགྱུར་ཏེ། ཕྲ་རགས་གཉིས་སྤྱིར་རྟེན་བརྟེན་པ་ཡིན་ཞིང་། དེ་གཉིས་ལས་གང་གིས་བྱ་བ་གཙོ་བོར་བྱེད་པའི་ཚེ། ཅིག་ཤོས་བག་ལ་ཞ་བའི་ཚུལ་དུ་འབྱུང་བའི་ཕྱིར་དང་། དུས་ཐ་དད་པའི་དབང་གིས་ནི། ང་དུ་མ་སྲིད་ཀྱང་རྒྱུད་ཐ་དད་པར་མི་འགྱུར་བ་བཞིན་ཡིན་པའི་ཕྱིར། སྤྱིར་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་སྒྱུ་མའི་སྐུར་འགྱུར་ཞེས་པ་དང་། རླུང་སྒྱུ་མའི་སྐུར་འགྱུར་ཞེས་བཤད་པ་ཡོད་ཀྱང་སྦོམ་ཐོག་ནས་ཡིན་པས། ཞིབ་ཏུ་ན་ཤིན་ཏུ་ཕྲ་བའི་རླུང་སྒྱུ་མའི་སྐུའི་ལུས་དང་། ཤིན་ཏུ་ཕྲ་བའི་སེམས་སྒྱུ་ལུས་པའི་སེམས་སུ་འགྱུར་ཞེས་ཁྱད་པར་ཕྱེ་ནས་སྨྲ་བར་བྱའི། སྒྱུ་ལུས་པའི་གདགས་གཞིའི་རླུང་སེམས་གཉིས་སྒྱུ་ལུས་པར་ཁས་བླང་པར་མི་བྱ་སྟེ། རླུང་དང་ཤེས་པ་ཙམ་གང་ཟག་ཏུ། འགྱུར་མི་སྲིད་པས་སྒྱུ་ལུས་པར་མི་འཐད་པའི་ཕྱིར་རོ། །དེས་ན་གདགས་གཞི་རླུང་སེམས་ཕྲ་བ་གཉིས་ཚོགས་པའི་སྟེང་གི་ང་ཞིག་སྒྱུ་ལུས་པར་འདོད་རིགས་ཏེ། སྤྱིར་ལུས་སེམས་གཉིས་སམ་ཕུང་པོ་ལྔ་ཚོགས་པའི་སྟེང་ནས་ངའམ་གང་ཟག་ཏུ་འཇོག་པ་བཞིན་ནོ། །འོ་ན་རྗེས་གསལ་སྒྲོན་ལས། གང་ཟག་ཏུ་ཐ་སྙད་འདོགས་པའི་གཞིའི་གཙོ་བོ་རླུང་སེམས་གཉིས་ཡིན་མོད། ཅེས་གསུངས་པ་འདིས་ཕྲ་བའི་རླུང་སེམས་གཉིས་གང་ཟག་ཏུ་བཤད་པ་མིན་ནམ་ཞེ་ན་མིན་ཏེ། དེས་དེ་གཉིས་པོ་གང་ཟག་གི་གདགས་གཞིར་བསྟན་པས་གདགས་གཞི་བཏགས་ཆོས་སུ་མི་འཐད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། གཞུང་ནས་བཤད་ཚུལ་དང་། སྒྲུབ་ཚུལ་ཡོན་ཏན་དང་བཅས་པའོ། །དང་པོ་ནི། རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། །སྒྱུ་མའི་སྐུ་ཞེས་དེ་ལ་བཤད། །ཅེས་སྒྱུ་ལུས་དེ་རླུང་སེམས་ཙམ་ལས་བསྒྲུབ་པར་བཤད་པ་ལྟར་རོ། །ཙམ་སྒྲས་ནི་འབྱུང་ལུས་རགས་པ་དང་ཀུན་རྟོག་ལྟ་བུ་གཅོད་ཀྱི། སྒྲུབ་གཞི་གཞན་གཅོད་པ་མིན་ནོ། །སྣང་བ་གསུམ་རྣལ་འབྱོར་བའི་སྒྱུ་ལུས་སུ་འགྱུར་བར་བཤད་པ་ནི་དེ་གསུམ་གྱི་བཞོན་པའི་རླུང་དང་བཅས་པ་ལ་དགོངས་སོ། །གཉིས་པ་ནི། སྒྱུ་ལུས་འགྲུབ་པ་ལ་བསྒོམས་སྟོབས་ཀྱིས་ལུས་ཕྲ་རགས་གཉིས་སོ་སོར་འབྱེད་ནུས་པ་ཞིག་དགོས་ཏེ། གཞི་ལ་བར་དོ་འགྲུབ་པ་ལ་ལུས་ཕྲ་རགས་གཉིས་སོ་སོར་ཕྱེ་བ་སྔོན་དུ་འགྲོ་དགོས་པའི་ཕྱིར། ལུས་དེ་གཉིས་སོ་སོར་འབྱེད་པའི་ཐབས་ལ་འཕོ་བ་དང་། གྲོང་འཇུག་དང་། རྡོར་བཟླས་གསུམ་ཡོད་པ་ལས་འདིར་ཕྱི་མས་འབྱེད་དགོས་ཏེ། དང་པོ་གཉིས་ཀྱིས་ལྷ་སྐུ་འགྲུབ་མི་ནུས་པའི་ཕྱིར། རིམ་པ་གསུམ་པའི་སྒྱུ་ལུས་འདི་ལ་ཁྱད་པར་གྱི་ཆོས་དུ་མ་ཡོད་དེ། རྒྱུའི་ཁྱད་པར། དུས་ཀྱི་ཁྱད་པར། གནས་ཀྱི་ཁྱད་པར། ངོ་བོ། ཁ་དོག དབྱིབས། མཐོང་ཚུལ། ཡོན་ཏན། མཚོན་བྱེད། མཚན་གྱི་རྣམ་གྲངས། ཕན་ཡོན་གྱི་ཁྱད་པར་རྣམས་སུ་ཡོད་པའི་ཕྱིར། རྒྱུའི་ཁྱད་པར་ཡོད་དེ། རང་རྒྱུ་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་གྱི་རླུང་སེམས་ཙམ་གྱི་དངོས་ཀྱི་ཉེར་ལེན་ལས་བྱུང་བའི་ཕྱིར། དུས་ཀྱི་ཁྱད་པར་ཡོད་དེ། སེམས་དབེན་མཐར་ཐུག་གི་ལུགས་ལྡོག་གི་ཉེར་ཐོབ་དང་དུས་མཉམ་དུ་འབྱུང་བའི་ཕྱིར། གནས་ཀྱི་ཁྱད་པར་ཡོད་དེ། དྷཱུ་ཏཱིའི་དབུས་ཀྱི་ནང་ངམ་ཕྱི་རོལ་ཅི་རིགས་པར་ལྡང་བ་ཡིན་པའི་ཕྱིར། འདིར་མཁས་པ་ཁ་ཅིག་ནང་ལྡང་ཁོ་ན་དང་། འགའ་ཞིག་ནི་ཕྱི་ལྡང་ཁོ་ན་བཞེད་པའང་ཡོད་དོ། །ངོ་བོའི་ཁྱད་པར་ཡོད་དེ། ཤ་རུས་སོགས་དང་བྲལ་ཞིང་རླུང་སེམས་ཙམ་ལས་གྲུབ་པ་དང་དྭངས་ཤིང་ཐོགས་མེད་ཀྱི་སྐུ་ཅན་ཡིན་པའི་ཕྱིར། ཁ་དོག་གི་ཁྱད་པར་ཡོད་དེ། སྒྲུབ་གཞི་སྲོག་འཛིན་དང་མཐུན་པའི་དཀར་པོར་བཤད་པའི་ཕྱིར། དབྱིབས་ཀྱི་ཁྱད་པར་ཡོད་དེ། འདིར་རྡོ་རྗེ་འཆང་ཡབ་ཡུམ་གྱི་རྣམ་པ་ཅན་དུ་འགྱུར་པའི་ཕྱིར། མཐོང་ཚུལ་གྱི་ཁྱད་པར་ཡོད་དེ། སྒྱུ་ལུས་ཐོབ་བས་མངོན་སུམ་དུ་ཐོང་གི དེ་མ་ཐོབ་པའི་སོ་སྐྱེས་མངོན་སུམ་དུ་མི་མཐོང་བའི་ཕྱིར། ཡོན་ཏན་གྱི་ཁྱད་པར་ཡོད་དེ། མཚན་དཔེས་བརྒྱན་ཅིང་། ནམ་མཁའ་མཛོད་ལ་མངའ་བརྙེས་པ་དང་། ཚེ་དེ་ལ་འཚང་རྒྱ་ནུས་པའི་ཡོན་ཏན་དང་ལྡན་པའི་ཕྱིར། མཚོན་བྱེད་ཀྱི་ཁྱད་པར་ཡོད་དེ། སྒྱུ་མ། ཆུ་ཟླ། མིག་ཡོར། སྨིག་རྒྱུ། རྨི་ལམ། བྲག་ཆ། དྲི་ཟའི་གྲོང་ཁྱེར། མིག་འཕྲུལ། འཇའ་ཚོན། གློག ཆུ་བུར། གཟུགས་བརྙན་ཏེ་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ཕྱིར། མཚན་གྱི་ཁྱད་པར་ཡོད་དེ། ཀུན་རྫོབ་བདེན་པ། སྒྱུ་མའི་སྐུ། བདག་བྱིན་རླབས། ལོངས་སྤྱོད་རྫོགས་སྐུ། རྡོ་རྗེའི་སྐུ། དྲི་ཟའི་སྒྲས་ཀྱང་བརྗོད་པའི་ཕྱིར། ཕན་ཡོན་གྱི་ཁྱད་པར་ཡོད་དེ། ཕན་ཡོན་གྱི་གཙོ་བོ་ནི་དེ་ཐོབ་ན་ཚེ་དེ་ལ་འཚང་རྒྱ་ནུས་པ་སོགས་ཡིན་ལ། དེར་མ་ཟད། སྒྱུ་ལུས་མ་ཐོབ་ཀྱང་དེའི་ཁྱད་པར་ཇི་ལྟ་བུ་ཡིན་པ། ལེགས་པར་ཤེས་ཤིང་མོས་པ་ཙམ་ཡང་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་དང་འདྲ་བའི་ཕན་ཡོན་དང་། སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་འདྲ་བའི་ཕན་ཡོན་འབྱུང་བར་སྤྱོད་བསྡུས་དང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་དང་། དེའི་འབྲེལ་བར་རྗེ་ཉིད་ཀྱིས་གསལ་བར་བཤད་པའི་ཕྱིར་རོ། །གཉིས་པ་ནི། སྨོན་ལམ་ལས། སྒྱུ་མ་ལོངས་སྐུ་འོད་གསལ་ཆོས་སྐུ་དང་། །སྣ་ཚོགས་སྤྲུལ་སྐུ་གསུམ་ལ་རེ་རེ་ཞིང་། །རྣམ་པ་གསུམ་གསུམ་བསྲེ་བ་རྣམ་པ་དགུ །ཡོངས་རྫོགས་མན་ངག་གནད་ལ་མཁས་གྱུར་ཏེ། །ཞེས་གསུངས་པ་ལྟར་འཆད་པ་ལ་གཉིས། གནས་སྐབས་གང་དུ་བསྲེ་བ་གང་སྒོམ་པ་དང་། བསྒོམ་ཚུལ་དངོས་སོ། །དང་པོ་ནི། རླུང་དྷཱུ་ཏཱིར་ཐིམ་པའི་སྟོང་པ་བཞི་འདྲེན་ནུས་པ་ནས་ཟུང་འཇུག་གི་བར་གཉིད་ཀྱི་འོད་གསལ་དང་བསྲེ་བ་དང་རྨི་ལམ་དང་བསྲེ་བ་དང་། ཡང་སེམས་དབེན་མན་ཆད་དུ་འཆི་བ་དང་བསྲེ་བ་དང་བར་དོ་དང་བསྲེ་བ་ཡིན་ཏེ། སྒྱུ་ལུས་ཐོབ་ན་འཆི་བ་དང་བར་དོའི་བསྲེ་བ་མི་དགོས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། དབྱེ་བསྡུ་དང་། བསྲེ་བ་སོ་སོའི་རང་བཞིན་བཤད་པའོ། །དང་པོ་ལ་རྒྱས་པར་དབྱེ་ན། སད་དུས་ཀྱི་སྐུ་གསུམ་གྱི་བསྲེ་བ་དང་། གཉིད་དུས་ཀྱི་སྐུ་གསུམ་དང་། འཆི་དུས་ཀྱི་སྐུ་གསུམ་དང་བསྲེ་བ་སྟེ་དགུ་ཡིན་ལ། དེ་རྣམས་བསྡུ་ན་གསུམ་དུའང་འགྱུར་ཏེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་བསྲེ་བ་གསུམ་དུ་འགྱུར་བའི་ཕྱིར། གཉིས་པ་ལ་གསུམ་གྱི་དང་པོ་སད་དུས་ཀྱི་སྐུ་གསུམ་དང་བསྲེ་ཚུལ་ཡོད་དེ། གཉིད་དུ་མ་སོང་བའི་སྐབས་སུ་དགའ་བཞི་དང་སྟོང་བཞི་དྲངས་ནས་བདེ་སྟོང་སྦྱར་ནས་སྒོམ་པ་ནི་ཆོས་སྐུ་དང་བསྲེ་བ་འོད་གསལ་ལས་ལམ་དངོས་སམ། དངོས་གནས་ལ་སྒྱུ་མའི་སྐུར་ལངས་པ་རྡོ་རྗེ་འཆང་དུ་སྒོམ་པ་ནི་ལོངས་སྐུ་དང་བསྲེ་བ། དེ་ཉིད་ཕུང་པོ་རྙིང་པ་ལྟར་བསྒོམས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་འཇུག་པ་ནི་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། གཉིས་པ་གཉིས་དུས་ཀྱི་བསྲེ་བ་གསུམ་ཡོད་དེ། དེ་ཡང་སད་དུས་ཀྱི་བསྲེ་བ་བྱེད་ནུས་པ་ཞིག་གིས་གཉིད་ཀྱི་འོད་གསལ་གྱི་དུས་སུ་བདེ་སྟོང་སྦྱོར་བ་ནི་ཆོས་སྐུ་དང་བསྲེ་བ། འོད་གསལ་ལས་རྨི་ལམ་གྱི་ལུས་སྒྱུ་ལུས་སུ་ལངས་པ་རྡོ་རྗེ་འཆང་དུ་སྒོམ་པ་ནི་ལོངས་སྐུ་དང་བསྲེ་བ། དེ་ཕུང་པོ་རྙིང་པ་ལ་ཞུགས་ནས་སད་པ་ནི་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། གསུམ་པ་འཆི་དུས་ཀྱི་བསྲེ་བ་གསུམ་ཡོད་དེ། འཆི་དུས་ཀྱི་འཆི་བ་འོད་གསལ་ལ་ཆོས་སྐུ་དང་བསྲེ་བ། བར་དོར་སྒྱུ་མའི་སྐུར་ལངས་པར་མོས་པའམ། དངོས་གནས་སུ་ལངས་པ་ལོངས་སྐུ་དང་བསྲེ་བ། དེ་ཉིད་སྐྱེ་གནས་གཞན་དུ་སྐྱེ་བ་འཛིན་པ་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། བསྲེ་བ་ཕྱི་མ་གསུམ་ནི་ཚེ་འདིར་མཆོག་མི་འགྲུབ་ཀྱང་། བར་དོའམ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གཉིས་ཀ་དང་སྦྱར་བར་བྱ་སྟེ། སྨོན་ལམ་ལས། གལ་ཏེ་འདི་དང་བར་དོར་མཆོག་འགྲུབ་པའི། །ཞེས་པ་ནས། འཆི་ཚེ་ཡིད་ལ་དགའ་བ་རྒྱས་པར་ཤོག །ཞེས་གསུངས་པའི་ཕྱིར། འོན་ཀྱང་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བའི་བསྲེ་བ་ལ་ནི་མོས་པ་ཡིད་བྱེད་ཙམ་གྱིས་བསྲེ་བ་བྱེད་ཚུལ་ཡང་ཡོད་དོ། །གཉིས་པ་དོན་དམ་འོད་གསལ་གྱི་རྫོགས་རིམ་ལ་གཉིས། རིམ་ལྔ་དང་སྤྱོད་བསྡུས་ལས་བཤད་པའི་དོན་དང་། རྒྱུད་ཕྱི་མར་འཛིན་པའི་ཡན་ལག་ཏུ་གསུངས་པའི་དོན་ནོ། །དང་པོ་ལ་གསུམ། གོ་རིམ་ངེས་ཚུལ་སྣོད་རུང་དུ་བྱ་བ་དང་བཅས་པ། འོད་གསལ་གྱི་གདམས་ངག རིམ་པ་དེ་ལམ་གཞན་གྱི་མཐར་འོང་ཚུལ་ལོ། །དང་པོ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཙམ་ནི་རིམ་པ་བཞི་པའི་འོད་གསལ་དུ་མི་འགྱུར་ཏེ། དེ་ནི་ཕར་ཕྱིན་ཐེག་པའི་བྱང་སེམས་དང་། ཉན་རང་འཕགས་པ་ལའང་ཡོད་པའི་ཕྱིར། དེས་ན་སྤྱིར་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པ་ལ་རིམ་པ་གསུམ་པའི་སྒྱུ་ལུས་སྔོན་དུ་འགྲོ་དགོས་པ་ནི་མིན་ནོ། །འོ་ན་ཇི་ལྟར་ཞེ་ན། རིམ་པ་བཞི་པའི་དོན་གྱི་འོད་གསལ་གྱིས་ཉོན་སྒྲིབ་དངོས་སུ་སྤོང་ནུས་ཤིང་། ཤེས་སྒྲིབ་སྤོང་བའི་ནུས་པ་ཁྱད་པར་ཅན་ཐོབ་པ་ལ་སྒྱུ་ལུས་སྔོན་དུ་འགྲོ་དགོས་ཏེ། རིམ་པ་གསུམ་པའི་སྒྱུ་ལུས་དེ་ཐེག་པ་གཞན་གྱི་གྲངས་མེད་གསུམ་གྱི་བསོད་ནམས་ཀྱི་ཚོགས་ཀྱི་དོད་ཐུབ་ཡིན་ལ། སྒྱུ་ལུས་དེ་འོད་གསལ་དུ་སྦྱངས་པའི་མཐུས་རིམ་པ་བཞི་པའི་འོད་གསལ་དེ་སྒྲིབ་གཉིས་སྦྱོར་བའི་ནུས་པ་ཤིན་ཏུ་མཐུ་ཆེན་དུ་འགྱུར་བས། སྐུ་གཉིས་འགྲུབ་པའི་རིགས་འདྲའི་རྒྱུ་ངོ་བོ་དབྱེར་མེད་དུ་སྦྱོར་བ་ཡང་ཆེས་སྟོབས་ལྡན་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། སྐབས་འདིར་འོད་གསལ་གྱི་གདམས་ངག་ཉན་པའི་སློབ་མས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རིམ་ལྔར། བླ་མ་དེ་ནི་མཉེས་བྱས་ལ། །ཅི་ནུས་པས་ནི་མཆོད་པར་བྱ། །ཞེས་འབྱུང་བ་ལྟར། ཕྱི་ནང་གསང་བའི་མཆོད་པ་རྣམས་ཀྱིས་མཆོད་ནས་གསོལ་བ་གདབ་ཅིང་། དབང་གསུམ་པ་དངོས་དབང་དུ་བསྐུར་ནས་འོད་གསལ་གྱི་གདམས་ངག་འབོགས་པ་ཡིན་པའི་ཕྱིར། འོད་གསལ་གྱི་གདམས་ངག་སྔར་ཐོབ་ཀྱང་འདིར་དོན་གྱི་འོད་གསལ་གྱི་ཆེད་དུ་ཡིན་ཏེ། གསལ་སྒྲོལ་ལས། སྔར་འོད་གསལ་གྱི་གདམས་ངག་བཤད་ཀྱང་འདིར་བཤད་མི་དགོས་པ་ག་ལ་ཡིན། ཞེས་གསུངས་པའི་ཕྱིར། འདིར་ཕྱི་ནང་གི་མངོན་བྱང་གཉིས་ཡོད་དེ། རིམ་པ་བཞི་པའི་དོན་གྱི་འོད་གསལ་ཏེ། སྣང་མཆེད་ཐོབ་གསུམ་འདས་པའི་མཐར་མངོན་དུ་བྱས་པའི་ཆ་ནས་ནང་གི་མངོན་བྱང་དང་། ཐོར་རས་ཀྱི་དུས་སུ་མངོན་དུ་བྱས་པའི་སྒོ་ནས་ཕྱིའི་མངོན་བྱང་དུ་འཇོག་པའི་ཕྱིར་ཏེ། རྩ་རྒྱུད་ལས། སྐྱ་རེངས་འཆར་བའི་དུས་སུ་ནི། །བསྒོམས་པའི་མཆོག་ནི་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེའི་ཚེ་བསམ་གཏན་གཉིས་ཀྱི་སྡུད་རིམ་གཙོ་བོར་བྱེད་པ་ཡིན་ཏེ། རང་གི་ལུས་ཀྱི་སྟོད་སྨད་ནས་སྙིང་གར་སྡུད་པའི་རིལ་འཛིན་དང་། སྣོད་བཅུད་སྡུད་པ་སྔོན་དུ་བཏང་ནས་རང་ཉིད་སྡུད་པའི་རྗེས་གཞིག་གི་བསམ་གཏན་གཉིས་གཙོ་བོར་སྒོམ་དགོས་པའི་ཕྱིར། །བསམ་གཏན་གཉིས་སྒོམ་པ་ལ་སེམས་དཔའ་སུམ་བརྩེགས་བྱེད་མི་བྱེད་གཉིས་ཡོད་ཀྱང་། བྱ་དགོས་པ་ཡིན་ཏེ། རང་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བྱས་ཏེ། རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་གསུམ་དུ་རིམ་པ་བཞིན་དུ་སྦྱར་ནས་སྒོམ་པ་བྱེད་པ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་སེམས་དཔའ་དང་། དེ་གསུམ་གྱི་ཐུགས་ཀར་ཡི་གེ་གསུམ་སྒོམ་པ་ནི་ཡེ་ཤེས་སེམས་དཔའ་དང་། དེ་གསུམ་གྱི་ཐིག་ལེའི་ནང་དུ་ཨ་ཐུང་སྒོམ་པ་ནི་ཏིང་ངེ་འཛིན་སེམས་དཔའ་ཡིན་པའི་ཕྱིར་ཏེ། རྩ་རྒྱུད་ལས། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར། །བདག་གི་ལུས་ལ་སྣང་མཛད་བཞག །སྙིང་གར་ཡི་གེ་ༀ་བསམས་ལ། །སྔགས་ལ་རྣམ་པར་ཤེས་པ་བསྒོམ། །ཞེས་དང་། དེ་བཞིན་དུ་འོད་དཔག་མེད་མི་བསྐྱོད་པ་གཉིས་ལའང་གསུང་ཐུགས་དང་སྦྱར་ནས་གསུངས་པའི་ཕྱིར། དེ་ལྟར་བསྒོམས་པས་དོན་གྱི་འོད་གསལ་སྐྱེས་པའི་ཚེ། མ་དག་པའི་སྒྱུ་ལུས་འཇའ་ཡལ་བ་ལྟར་དག་ནས་འགྲོ་ཞིང་། དེའི་ཚེ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པ། བླ་མེད་ཀྱི་མཐོང་ལམ་ཐོབ་པ། དེའི་ས་དང་པོ་ཐོབ་པ། བདེན་འཛིན་ནམ་ཉོན་སྒྲིབ་ཀུན་བཏགས། ལྷན་སྐྱེས་གཉིས་ཀའི་དངོས་གཉེན་ཐོབ་པ་རྣམས་དུས་མཉམ་པའི་ཚུལ་གྱིས་འབྱུང་ངོ་། །སྤྱིར་འོད་གསལ་དེ་ལ་སྒྲས་བརྗོད་རིགས་པ་ཙམ་གྱི་དབང་དུ་བྱས་ན། ཡུལ་གྱི་འོད་གསལ་དང་། ཡུལ་ཅན་གྱི་འོད་གསལ་གཉིས་ཡོད་པའི་དང་པོ་དང་སྟོང་ཉིད་དོན་གཅིག གཉིས་པ་ལའང་སྤྱི་དོན། སྤས་དོན། མཐར་ཐུག་གི་འོད་གསལ་དང་གསུམ། དེར་མ་ཟད། གཞིའི་འོད་གསལ་དང་། ལམ་གྱི་འོད་གསལ་དང་། འབྲས་བུའི་འོད་གསལ་ཞེས་པའི་ཐ་སྙད་ཀྱང་ཡོད་དོ། །གསུམ་པ་ནི། ཁ་ཅིག་ཕར་ཕྱིན་ཐེག་པ་བསྔགས་བླ་མེད་ཀྱི་ལམ་དུ་འཇུག་དགོས་ན། ལམ་གྱི་སྐབས་གང་ནས་འཇུག་སྙམ་ན། འདི་ལ་མཁས་པ་ཁ་ཅིག །ས་དང་པོ་ནས་བཅུ་པའི་བར་གྱི་བྱང་སེམས་སྔགས་ལམ་དུ་འཇུག་པར་ཡོད་དོ་ཞེས་བཞེད། མཁས་པ་ཁ་ཅིག་ནི་ཚོགས་ལམ་ནས་འཇུག་པ་ཡོད་ལ། བྱང་འཕགས་རྣམས་ནི། ས་བཅུ་པ་ཁོ་ན་ནས་འཇུག་ཅིང་། དེ་ཡང་སྲིད་པ་ཐ་མ་ནས་འཇུག་གོ་གསུང་། སྦྱོར་ལམ་ཐོབ་ནས་བླ་མེད་ཀྱི་ལམ་འོག་མ་ནས་མི་འཇུག་པའི་རྒྱུ་མཚན་དུ་སྦྱོར་ལམ་ཆོས་མཆོག་གི་བར་གྱི་བྱང་སེམས་རྣམས་ཀྱིས་བསམ་གཏན་གྱི་དངོས་གཞི་ཐོབ་པས་འདོད་པ་ལ་འདོད་ཆགས་དང་བྲལ་བ་འདོད་ཀྱང་། དེ་ནི་མི་འཐད་དེ། དེ་ལྟ་ན་དེ་རྣམས་སྔགས་ལམ་དུ་གཏན་མི་འཇུག་པར་ཐལ་བའི་ཕྱིར་ཏེ། ས་བཅུ་པའི་མཐར་འཇུག་ན་ནི་དོན་གྱི་འོད་གསལ་ནས་འཇུག་དགོས་པས་དབང་གསུམ་པ་དངོས་དབང་དུ་བསྐུར་བ་ཡང་མི་འཐད་པའི་ཕྱིར་རོ། །དེར་མ་ཟད། སློབ་པའི་ཟུང་འཇུག་པས་ལས་རྒྱ་ལ་བརྟེན་པར་བཤད་པ་ཡང་མི་འཐད་པར་ཐལ་ཏེ། དེས་ཉོན་མོངས་སྤངས་ཟིན་པས་ཆགས་པ་དང་གཏན་ནས་བྲལ་ཟིན་པའི་ཕྱིར་རོ། །དེས་ན་ལུགས་སྔ་མ་ཉིད་འཐད་པར་སེམས་སོ། །ཕར་ཕྱིན་ཐེག་པ་པར་མ་ཟད། རྒྱུད་སྡེ་འོག་མ་པ་གསུམ་ཡང་བླ་མེད་དུ་འཇུག་དགོས་ཏེ། འདི་རྣམས་ལ་རང་རང་གི་རིགས་ངེས་མ་ངེས་གཉིས་སུ་དབྱེ་དགོས་པས་སོ། །སྔོན་སྟོན་པས་ལྷའི་བུ་མོ་ཐིག་ལེ་མཆོག་མར་བརྟེན་ནས་འོད་གསལ་མངོན་དུ་བྱས་ཏེ་བྱང་ཆུབ་ཐོབ་པའི་ཚུལ་བསྟན་པ་ནི་གཞན་དུ་ཤེས་པར་བྱའོ། །འོན་ཀྱང་མཐར་སྔགས་ལ་ཞུགས་པ་ནི་རང་ལམ་དོར་ནས་སྔགས་ལ་ཞུགས་པ་མ་ཡིན་ཏེ། རང་ལམ་གྱི་སྟེང་དུ་སྔགས་ལམ་གྱི་བསྣོན་མ་བྱས་པ་ཙམ་ཡིན་པའི་ཕྱིར་རོ། བསྐྱེད་རིམ་དང་། རིམ་པ་དང་པོ་གསུམ་སྔོན་དུ་མ་སོང་བར་རིམ་པ་བཞི་པ་མངོན་དུ་བྱེད་པ་ནི་འདི་ལ་དམིགས་བསལ་ཡིན་ནོ། །གཉིས་པ་ནི། རིམ་པ་བཞི་པའི་འོད་གསལ་དེ་ཡན་ལག་དྲུག་གི་ནང་ནས་གང་ཡིན་ཞེ་ན། འཛིན་པའི་ཡན་ལག་ཡིན་ཏེ། རྒྱུད་ཕྱི་མ་ལས། རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་བདེན་གཉིས་དབྱེར་མེད་ཀྱི་རྫོགས་རིམ་ནི། རིམ་སྔ་དང་སྤྱོད་བསྡུས་ལས་གསུངས་པ་ལྟར་ཟུང་འཇུག་འགྲུབ་ལུགས་སྟེ། འདི་ལ་གསུམ། དོན་གྱི་འོད་གསལ་ལས་ལྡན་ཚུལ་དང་། མཉམ་རྗེས་ཀྱི་བྱ་འདིར་ཟུང་འཇུག་གང་རྗེས་དྲན་དང་ཏིང་ངེ་འཛིན་གྱི་ཡན་ལག་གང་ལྷ་འཇོག་ཚུལ་དང་བཅས་པ་དང་སྤྱོད་པ་དང་ས་ལམ་གྱི་རྣམ་གཞག་གོ །དང་པོ་ནི། རིམ་ལྔ་ལས། རང་བཞིན་བཅས་འོད་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ཡི། །བདག་བྱིན་རླབས་པའི་རིམ་གྱིས་ཀྱང་། །སེམས་ཅན་དོན་དུ་ལན་འགའ་བྱུང་། །ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་བཤད། ཅེས་གསུངས་པ་ལྟར། དོན་གྱི་འོད་གསལ་ལས་ལངས་མ་ཐག་ཉེར་ཐོབ་གྲུབ་པ་དང་དུས་མཉམ་དུ་དག་པའི་སྒྱུ་མའི་སྐུ་སློབ་པའི་ཟུང་འཇུག་འགྲུབ་པར་འགྱུར་བ་ཡིན་ཏེ། སྤྱོད་བསྡུས་ལས་གཉིད་མྱུར་དུ་སད་པའི་དཔེས་གསུངས་པ་དང་། གཞི་ལ་འཆི་བ་འོད་གསལ་ལས་ལངས་མ་ཐག་བར་དོ་འགྲུབ་པ་དང་ཤིན་ཏུ་མཐུན་ཞིང་། རྒྱུད་ཕྱི་མ་ལས་ཀྱང་། ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཅེས་བྱ་བ་བཤད། །ཅེས་གསུངས་པའི་ཕྱིར། དེའི་དུས་སུ་ཐོབ་པའི་ཟུང་འཇུག་དེ་སྤངས་པ་ཟུང་འཇུག་ཡིན་ཏེ། རིམ་ལྔ་ལས། འཁོར་བ་དང་ནི་མྱ་ངན་འདས། རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་པའི་སྐབས་ནས་བསྟན་པའི་ཟུང་འཇུག་དེ་དེའི་ཚེ་གསར་དུ་ཐོབ་པའི་ཕྱིར། དེའི་རྗེས་སུ་དོན་གྱི་འོད་གསལ་གཞན་མངོན་དུ་མཛད་པ་ན་ཟུང་འཇུག་གི་གཙོ་བོ་རྟོགས་པ་ཟུང་འཇུག་དེ་ཐོབ་པ་ཡིན་ཏེ། དེ་ཉིད་ལས། ཀུན་རྫོབ་དང་ནི་དོན་དམ་གྱི། །རྣམ་དབྱེ་སོ་སོར་ཤེས་ནས་ནི། །གང་དུ་ཡང་དག་འདྲས་གྱུར་པ། །ཟུང་དུ་འཇུག་པ་དེ་བཤད་དོ། །ཞེས་གསུངས་པ་ལྟར་གྱི་ཟུང་འཇུག་དེ་ཐོབ་པ་ཡིན་པའི་ཕྱིར། འོ་ན་སྔགས་རིམ་སོགས་ལས། ལུགས་ལྡོག་གི་སྣང་བའི་མཐར་ཟུང་འཇུག་ཐོབ་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་སྔོན་གྱི་མཁས་གྲུབ་འགའ་རེའི་བཞེད་ཚུལ་བཀོད་པ་ཡིན་གྱི། རང་ལུགས་ཀྱི་བཞེད་པ་མཐར་ཐུག་མིན་པའི་ཕྱིར་ཏེ། བཞེད་པ་མཐར་ཐུག་ནི་གསལ་སྒྲོན་མཐའ་དཔྱོད། དངོས་གྲུབ་སྙེ་མ་སོགས་ནས་བཤད་པ་ལྟར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རིམ་པ་བཞི་པའི་འོད་གསལ་གྱི་བཞོན་པར་གྱུར་པའི་ཟག་མེད་ཀྱི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང་། སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་སྒྱུ་མའི་སྐུ་ཅན་རང་གི་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་ནས་བཞེངས་པའི་སྤངས་པ་ཟུང་འཇུག་པ་དེས་སླར་ཡང་མཉམ་གཞག་ཏུ་ཞུགས་ནས་རྟོགས་པ་ཟུང་འཇུག་མངོན་དུ་བྱེད་ཅིང་། རྗེས་ཐོབ་ཀྱི་ཚེ་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ལ་ཞུགས་ནས་སྤྲུལ་སྐུ་འཛིན་པ་ཡིན་ཏེ། ཀླུ་བྱང་གིས། ཡང་དག་མགོན་པོ་དེ་ཉིད་ནི། །འབད་པས་སྦས་ནས་ཕུང་པོ་ཡིན། །རིན་ཆེན་ཟ་མ་ཏོག་ཏུ་བཞག །ཅེས་གསུངས་པའི་ཕྱིར། སྤངས་པ་ཟུང་འཇུག་དེ་རྗེས་དྲན་དང་ཏིང་ངེ་འཛིན་གཉིས་ཀྱི་ནང་ནས་རྗེས་དྲན་གྱིས་བསྡུས་པ་ཡིན་ཏེ། དེའི་ཚེ་བྱུང་བའི་ལུགས་ལྡོག་གི་སྣང་བ་གསུམ་པོ་རྗེས་དྲན་གྱིས་བསྡུས་པའི་ཕྱིར་ཏེ། སྨོན་ལམ་ལས། ལུགས་སྡོག་རྗེས་དྲན་ཟུང་འཇུག་ཏིང་འཛིན་དང་། །ཞེས་གསུངས་པའི་ཕྱིར། །འོན་ཀྱང་ལུང་འདི་ལྟ་བུ་ལ་བརྟེན་ནས་སློབ་པའི་ཟུང་འཇུག་ཐམས་ཅད་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་བཞེད་པ་ཡང་སྣང་ངོ་། །རྟོགས་པ་ཟུང་འཇུག་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་འཇོག་སྟེ། རྒྱུད་ཕྱི་མའི་ལུང་དང་། སྔར་གྱི་སྨོན་ལམ་གྱི་ལུང་དེས་འགྲུབ་པའི་ཕྱིར་རོ། །གསུམ་པ་ལ་གཉིས། སྤྱོད་པ་དང་། ས་ལམ་གྱི་རྣམ་གཞག་གོ །དང་པོ་ལ་གཉིས། སྤྱོད་པ་སྤྱི་དང་། བྱེ་བྲག་གོ །དང་པོ་ནི། སྤྱིར་སྤྱོད་པ་ལ་གསུམ་ཡོད་དེ། དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་དང་། རྒྱ་ཆེན་པོ་ལ་མོས་པ་ལ་ས་དང་ཕ་རོལ་དུ་ཕྱིན་པའི་སྤྱོད་པ་དང་། ཟབ་མོ་ལ་མོས་པ་ལ་འདོད་ཆགས་ཀྱི་སྤྱོད་པ་གསུམ་བསྟན་པའི་ཕྱིར། ཕྱི་མ་ནི་རྒྱུད་སྡེ་བཞི་ཀའི་གདུལ་བྱའི་དབང་དུ་བྱས་ཤིང་། ཁྱད་པར་དུ་བླ་མེད་ཀྱི་དབང་དུ་མཛད་པ་ཡིན་ཏེ། དེས་ནི་འདོད་ཡོན་སྤྱི་དང་བྱེ་བྲག་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་ཀ་ལ་ལོངས་སྤྱོད་དགོས་པའི་ཕྱིར། དེ་ཡང་གཙོ་བོའི་དབང་དུ་བྱས་ཀྱི། བླ་མེད་ཀྱི་གདུལ་བྱས་ཆགས་བྲལ་གྱི་སྤྱོད་པ་བསྟེན་མི་རུང་བ་ཡང་མ་ཡིན་ཏེ། བླ་མེད་ཀྱི་ལམ་ཉམས་སུ་ལེན་པའི་རབ་བྱུང་གི་རྟེན་ཁྱད་པར་ཅན་ཡོད་པའི་ཕྱིར་ཏེ། ཇི་སྐད་དུ། ཕྱི་རུ་ཉན་ཐོས་སྤྱོད་པ་སྤྱོད། །ནང་དུ་གསང་བ་འདུས་ལ་དགའ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། བླ་མེད་ཀྱི་སྤྱོད་པ་ལ་དབྱེ་ན་གསུམ་ཡོད་དེ། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་ཡོད་པའི་ཕྱིར་ཏེ། སྨོན་ལམ་ལས། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི། །སྤྱོད་མཆོག་རྣམ་གསུམ་ཡོངས་སུ་རྫོགས་པར་ཤོག །ཅེས་གསུངས་པའི་ཕྱིར། ཡང་རྟེན་གྱི་སྒོ་ནས་བསྐྱེད་རྫོགས་གཉིས་ཀྱི་སྤྱོད་པ་དང་། དུས་ཀྱི་སྒོ་ནས་དབྱེ་བ་དང་། འབྲས་བུའི་སྒོ་ནས་དབྱེ་བ་དང་། བོགས་འབྱིན་པའི་སྤྱོད་པ་སོགས་ཡོད་དོ། །སྤྱོད་པ་གསུམ་གྱི་ཁྱད་པར་ཡོད་དེ། ལས་རྒྱ་དང་འདྲ་འབག་ཆས་གོས་སོགས་ཡོད་ཅིང་། བརྡ་དང་བརྡའི་ལན་སོགས་བྱ་བའི་སྤྱོད་པ་དེ་སྤྲོས་བཅས་ཀྱི་སྤྱོད་པ་དང་། ལས་རྒྱ་དང་འདྲ་འབག་སོགས་ཡོད་ཅིང་། བརྡ་དང་དེའི་ལན་སོགས་བྱ་བ་མེད་པའི་སྤྱོད་པ་དེ་སྤྲོས་མེད་ཀྱི་སྤྱོད་པ་དང་། ཕྱིའི་སྤྱོད་པ་དེ་ཐམས་ཅད་སྤངས་ནས་ཡེ་རྒྱ་དང་སྙོམས་པར་འཇུག་ཅིང་། གཉིད་ཀྱི་འོད་གསལ་ཚིག་བསྒྲིལ་དུ་སྐྱོང་བའི་སྒོ་ནས་བདེ་སྟོང་གི་ཡེ་ཤེས་གཙོ་བོར་སྒོམ་པར་བྱེད་བའི་སྤྱོད་པ་དེ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། དོད་ཐུབ་ཀྱི་སྒོ་ནས་བཤད་པ་དང་། ངོ་བོའི་སྒོ་ནས་བཤད་པའོ། །དང་པོ་ནི་བླ་མེད་ཀྱི་རྒྱུད་དག་ལས་སའི་དབྱེ་བ་དུ་མ་བཤད་དེ། ས་བཅུ་དང་། བཅུ་གཅིག་དང་། བཅུ་གཉིས་དང་། བཅུ་གསུམ་དང་། བཅུ་བཞིར་བཤད་པ་ཡང་ཡོད་པའི་ཕྱིར། དེ་དག་ནི་དབྱེ་བསྡུ་མཛད་པ་ཙམ་ཡིན་གྱི། འགལ་བ་ནི་མེད་དེ། དེ་ཡང་ཡོངས་གྲགས་ཀྱི་ས་དང་པོ་ནས་ས་བཅུ་པའི་བར་དང་། དེའི་སྟེང་དུས་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་བསྣན་པས་བཅུ་གཅིག དེའི་སྟེང་དུ་མོས་སྦྱོད་ཀྱི་ས་བསྣན་པས་བཅུ་གཉིས། སློབ་པའི་ས་དགུ་དང་། བཅུ་པ་ལ་བཅུ་པ་ཙམ་དང་། དེའི་ཁྱད་པར་གྱི་ལམ་དང་། བར་ཆད་མེད་པའི་ལམ་གསུམ་དང་། དེའི་སྟེང་དུ་ཀུན་ཏུ་འོད་བསྣན་པས་བཅུ་གསུམ། དེ་རྣམས་དེའི་སྟེང་དུ་མོས་སྤྱོད་ཀྱི་ས་བསྣན་པས་བཅུ་བཞིར་འཇོག་པའི་ཕྱིར། སྤྱོད་བསྡུས་འགྲེལ་པར་མི་འདྲ་བ་ཞིག་ཀྱང་ཡོད་དེ། སྦྱོར་ལམ་དྲོད་སོགས་བཞི་པོ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་དུ་ཕྱེ་ནས་བཅུ་གཉིས་དང་། དེའི་སྟེང་དུ་དོན་གྱི་འོད་གསལ་བསྣན་པས་བཅུ་གསུམ་དུ་བཤད་པའི་ཕྱིར། རིམས་གཉིས་ཀྱི་སྐབས་དང་སའི་དོད་ཐུབ་སྦྱོར་ཚུལ་ཡོད་དེ། བསྐྱེད་རིམ་མཐར་ཕྱིན་པ་ས་བརྒྱད་པའི་དོད་ཐུབ། ངག་དབེན་ནས་དགུ་པ། སེམས་དབེན་དང་སྒྱུ་ལུས་གཉིས་ས་བཅུ་པའི་དཀྱིལ་སྟོད། དོན་གྱི་འོད་གསལ་དང་ཟུང་འཇུག་ས་བཅུ་པའི་དཀྱིལ་སྨད་དང་དོད་ཐུབ་སྦྱོར་བ་ཡིན་པའི་ཕྱིར། དེ་ཡང་བསྐྱེད་རིམ་ས་བརྒྱད་པ་དང་སྦྱོར་ཏེ། སྣོད་བཅུད་ལ་དག་པའི་རྟེན་དང་བརྟེན་པར་འཆར་བའི་གསལ་སྣང་བརྟན་པོ་ཐོབ་པ་ནི། ས་བརྒྱད་པར་ཞིང་དག་སྦྱོར་ཐོབ་པ་དང་ཆོས་མཐུན་པའི་ཕྱིར། རྫོགས་རིམ་གྱི་ལུས་དབེན་དང་ངག་དབེན་གཉིས་ས་དགུ་པར་འཇོག་སྟེེ། ངག་གི་རྩ་བ་རླུང་ལ་དབང་ཐོབ་པ་ནི། ས་དགུ་པར་ཆོས་སྟོན་པ་ལ་དབང་བསྒྱུར་བ་དང་ཆོས་མཐུན་པའི་ཕྱིར། སེམས་དབེན་དང་རིམ་པ་གསུམ་པའི་སྒྱུ་ལུས་ནི་ས་བཅུ་པར་འཇོག་སྟེ། ཤིན་ཏུ་ཕྲ་བའི་རླུང་སེམས་ལྷར་དངོས་སུ་བསྒྱུར་ནུས་པ་དང་བསྒྱུར་བ་ནི་ས་བཅུ་པར་ལུས་དམན་པའི་རྒྱུར་འགྱུར་པ་ཡང་ལུས་ཕུན་གསུམ་ཚོགས་པ་འགྲུབ་པའི་རྒྱུར་བསྒྱུར་ནུས་པ་དང་། སངས་རྒྱས་རྣམས་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་དང་ཆོས་མཐུན་པའི་ཕྱིར། རིམ་པ་ཕྱི་མ་གཉིས་རིམ་པ་བཞིན་དུ་ས་བཅུ་པའི་སྨད་དང་དོད་ཐུབ་སྦྱོར་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་ནུས་པ་མཐུ་ཆེན་དུ་སོང་བ་ནི་ས་བཅུ་པའི་སྨད་ནས་ཚོགས་གཉིས་རྫོགས་པ་དང་ཆོས་མཐུན་ཞིང་། ཟུང་འཇུག་ཐོབ་ནས་ལམ་གཞན་ལ་གསར་དུ་བསླབ་མི་དགོས་པ་ནི་རྒྱུན་མཐའ་དང་ཆོས་མཐུན་པའི་ཕྱིར་རོ། །གཉིས་པ་ངོ་བོའི་སྒོ་ནས་འཇོག་ཚུལ་ཡོད་དེ། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་ཏེ་དགའ་བཞི་འདྲེན་མི་ནུས་པ་ཚུན་ཆད་ཚོགས་ལམ། དེ་ནུས་པ་ནས་སྒྱུ་ལུས་བར་ཚུན་ཆད་སྦྱོར་ལམ། རིམ་པ་བཞི་པའི་དོན་གྱི་འོད་གསལ་མཐོང་ལམ། སློབ་པའི་ཟུང་འཇུག་སྒོམ་ལམ་དུ་འཇོག་ཅིང་། དེ་ལའང་ཤེས་སྒྲིབ་སྤོང་ཚུལ་གྱི་སྒོ་ནས་སྒོམ་ལམ་སྐོར་དགུར་འབྱེད་པ་ཡིན་པའི་ཕྱིར། མདོར་ན་སློབ་པའི་ཟུང་འཇུག་ཐོབ་ནས་བསྲེ་བ་དང་སྤྱོད་པ་གསུམ་ཅི་རིགས་ལ་གོམས་པར་བྱས་པའི་མཐར་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མཆོག་མངོན་དུ་བྱེད་པར་འགྱུར་བ་ཡིན་ཏེ། རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །དེ་ལྟ་བུའི་གོ་འཕང་ཚེ་འདིར་མངོན་དུ་བྱེད་མི་ནུས་པ་ད་ལྟའི་གང་ཟག་གིས་ཀྱང་དེར་བགྲོད་པའི་ལམ་གྱི་རིམ་པ་སྤྱི་དང་བསྲེ་བའི་སྐོར་རྣམས་ལེགས་པར་ཤེས་པར་བྱས་ནས་ཡང་ཡང་ཡིད་ལ་གོམས་པར་བྱས་ནའང་ཁྱད་ཆེ་སྟེ། རྗེའི་གསལ་སྒྲོན་ལས། བསྲེ་བའི་གདམས་ངག་ལ་མཁས་པར་བྱ་སྟེ། དེ་ལེགས་པར་ཤེས་ན་དེ་ཙམ་མི་ནུས་པས་ཀྱང་ཡང་ཡང་ཡིད་ལ་བྱས་ན། རྨད་དུ་བྱུང་བའི་བག་ཆགས་བརྟན་པོ་འཇོག་པའི་ཕྱིར་རོ། །ཞེས་དང་། དེ་ཙམ་གྱི་ནུས་པ་མ་ཐོབ་པས་ནི་འཆི་བའི་དུས་སུ་འོང་བའི་རིམ་པ་རྣམས་ད་ལྟ་ནས་ཡང་ཡང་ཡིད་ལ་དྲན་ཏེ་རྒྱུན་ལྡན་དུ་གོམས་ན། གོམས་པའི་ཤུགས་ཀྱིས་འཆི་ཁར་དྲན་ཐུབ་ནས་འཆི་བའི་སྟོང་པ་རྣམས་ངོས་ཟིན་པ་འབྱུང་བར་མངོན་ཏེ་ཞེས་དང་། རྗེའི་གསུང་འབུམ་ཐོར་བུ་ལས་ཀྱང་། དེ་ལྟ་བུ་མ་ཐོབ་པ་ནའང་ད་ལྟར་གྱི་དུས་སུ་འཆི་བའི་ཚེ་རྟགས་བཞི་དང་སྟོང་པ་བཞི་འཆར་བ་ཡིད་ལ་དྲན་པར་བྱས་ཏེ། ཞེས་པ་ནས། ད་གཟོད་འཆི་བའི་དུས་ཀྱི་ཚེ་རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ངོས་ཟིན་པ་དང། བར་དོའི་དུས་སུ་བར་དོ་ངོས་ཟིན་པ་སོགས་ལ་ཁྱད་པར་ཤིན་ཏུ་ཆེ་བར་མངོན་ནོ། །ཞེས་གསུང་པའི་ཕྱིར་རོ།། །།སྨྲས་པ། རྒྱལ་བའི་གསུང་རབ་མ་ལུས་པའི། །ངེས་དོན་མཐར་ཐུག་བླ་མེད་རྒྱུད། །དེ་ཡི་ནང་ནས་ཆེས་ཟས་པ། །དཔལ་ལྡན་འདུས་པའི་རྒྱུད་དུ་གྲགས། །དོན་ཟབ་རིན་ཆེན་འོད་དཀར་ཅན། །ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ། །མཁས་གྲུབ་གདེངས་ཅན་དབང་རྣམས་ཀྱིས། །ལེགས་བཤད་གདེངས་ཀ་མཆོག་གིས་བཟུང་། །འོན་ཏེ་དུས་ཀྱི་ཆུ་འཛིན་གྱིས། །ཉེ་བར་སྒྲིབ་ལ་མངོན་ཕྱོགས་ཚེ། །རྒྱལ་བ་གཉིས་པར་གྲགས་པ་དེའི། །ལེགས་བཤད་ཉི་མའི་དཀྱིལ་འཁོར་ཤར། །མགོན་དེའི་ཐུགས་བཅུད་མཐར་ཐུག་པ། །རིམ་ལྔ་གསལ་བར་བྱེད་པའི་སྒྲོན། །དོན་འགྲེལ་མཁས་པའི་ལེགས་བཤད་ཀྱང་། །རྒྱུ་སྐར་བཞིན་དུ་རྣམ་པར་བཀྲ། །དེ་ལྟ་ན་ཡང་རང་སྐལ་དང་། མགོན་དེའི་བསྟན་དང་གཞན་ལ་ཡང་། །ཕན་སྲིད་སྙམ་ནས་ཟབ་མོའི་དོན། །ཅུང་ཟད་བརྗོད་པ་ཉིད་དུ་ཐལ། །ཚུལ་འདིར་མ་རྟོགས་ལོག་རྟོག་གིས། །ནོངས་པར་གྱུར་རྣམས་རབ་འཆགས་ཤིང་། །ལེགས་པར་བཤད་ལས་ཐོབ་པའི་དགེ །མདོ་སྔགས་བསྟན་པ་རྒྱས་ཕྱིར་བསྔོ། །ཅེས་འདུས་པའི་རྫོགས་རིམ་རིམ་ལྔ་གསལ་པའི་སྒྲོན་མེའི་སྙིང་པོ་བསྡུས་པ་ཞེས་བྱ་བ་འདི་ནི། ཅོ་ནེའི་ཀཽའུ་ཤྲི་ཡེ་ཤེས་ཀྱིས་རང་དགོན་དུ་རྒྱུད་ཀྱི་འཆད་ཉན་གསར་དུ་བཙུགས་པའི་ཚེ། དེའི་བླ་མའི་གོ་སའི་ཐོག་མར་གྱུར་པ་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་རྗེ་ཡབ་སྲས་སོགས་མཁས་པ་དུ་མའི་མན་ངག་ལ་བརྟེན་ནས་སྦྱར་བ་སྟེ། ཕྱིས་དད་དང་རྣམ་དཔྱོད་ཕུན་སུམ་ཚོགས་པའི་གནས་བརྟན་ཆོས་རིན་ཆེན་ཞེས་བགྱི་བ་རྒྱུད་གྲྭར་ཞུགས་ནས་སྔགས་རམ་པའི་མཚན་གདགས་མཛད་པའི་ཚེ། གཞན་ལ་ཕན་པར་འགྱུར་སྲིད་སྙམ་ནས་དད་པས་པར་དུ་བསྒྲུབས་སོ། །བཀྲ་ཤིས།། །།

ལཱུ་ཧི་བའི་བསྐྱེད་རིམ་འདོད་འཇོའི་དགོངས་པ་རབ་གསལ།

ལཱུ་ཧི་བའི་བསྐྱེད་རིམ་འདོད་འཇོའི་དགོངས་པ་རབ་གསལ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་ཤྲཱི་གྷོ་ཥཱ་ཡ། སྒྲིབ་བྲལ་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཉིད། །རབ་མཛེས་ཨིནྡྲ་ནཱི་ལའི་ལྷུན་པོ་བཞིན། །ཀུན་ནས་རབ་བརྗིད་ཟུང་འཇུག་སྒྱུ་མའི་སྐུར། །རྣམ་རོལ་དཔལ་ལྡན་འཁོར་ལོ་སྡོམ་པར་བདུད། །ཉི་འོད་འབུམ་གྱི་རྩེ་དགའ་དང་འགྲོགས་པའི། །རབ་དམར་བྱུ་རུའི་མདངས་ལྡན་ཆགས་པའི་ཉམས། །མཛེས་སྡུག་ལང་ཚོའི་དཔལ་མངའ་བཅོམ་ལྡན་མ། །རྡོ་རྗེ་ཕག་མོས་བདེ་ཆེན་དངོས་གྲུབ་སྩོལ། །དུས་ཀྱི་མཐའ་འདིར་ཧེ་རུ་ཀ་དཔལ་ཉིད། །ངུར་སྨྲིག་གར་རོལ་གསང་ཆེན་རྒྱུད་སྡེ་ཡི། །དགོངས་པ་འགྲེལ་མཛད་རྒྱལ་བ་གཉིས་པར་གྲགས། །ཡབ་སྲས་བརྒྱུད་པར་བཅས་ལ་གུས་བཏུད་ནས། །གྲུབ་ཆེན་ལཱུ་ཧི་པ་ཡིས་བཤད་པའི་སྲོལ། །འཁོར་ལོ་སྡོམ་པའི་རིམ་པ་དང་པོའི་གནད། །རྗེ་བཙུན་བླ་མའི་མན་ངག་ཇི་ལྟ་བར། །འཆད་པར་འདོད་དོ་མཁའ་འགྲོས་བརྩེ་བས་སྐྱོངས། །འདིར་དཔལ་འཁོར་ལོ་བདེ་མཆོག་གི་བསྐྱེད་རིམ་སྒྲུབ་ཐབས་ཀྱི་གོ་རིམ་དང་མཐུན་པར་འཆད་པ་ལ་གསུམ་སྔོན་དུ་འགྲོ་བ་སྤྱིའི་རྣམ་གཞག་མདོར་བསྡུས་བཤད་པ་དང་། སྒྲུབ་ཐབས་ཀྱི་གཞུང་དོན་སོ་སོར་བཤད་པ་དང་། འཕྲོས་དོན་བཤད་པའོ། །དང་པོ་ལ་གཉིས། རྩ་བཤད་ཀྱི་རྒྱུད་ངོས་བཟུང་པ་དང་། དགོངས་འགྲེལ་གྱི་རིམ་པ་བྱོན་ཚུལ་ལོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་གདུལ་བྱའི་དོན་དུ་མདོ་སྔགས་ཀྱི་ཕྱོགས་གཉིས་གསུངས་པའི་ནང་ནས་བརྗོད་བྱའི་ངོས་ནས་ཚེས་ཟབ་པ་ནི་བླ་མེད་ཀྱི་རྒྱུད་སྡེ་རྣམས་ཡིན་ལ། དེའི་ནང་ནས་ཀྱང་ཕ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་ནི་དཔལ་གསང་བ་འདུས་པ་དང། མ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་ནི་དཔལ་འཁོར་ལོ་བདེ་མཆོག་གི་རྒྱུད་རྣམས་ཡིན་ནོ། །འདིའི་རྩ་རྒྱུད་ལ་ནི་རྒྱས་པ་ཤོ་ལོ་ཀ་འབུམ་ཕྲག་གསུམ་པ་དང་། འབྲིང་པོ་ཤོ་ལོ་ཀ་འབུམ་ཕྲག་གཅིག་པ། བསྡུས་པ་ལེའུ་གཅིག་པ་གསུམ་ཡོད་དེ། ཧེ་རུ་ཀ་མངོན་འབྱུང་ལས། འབུམ་ཕྲག་འབུམ་ཕྲག་གསུམ་ལས་བྱུང་། །རྒྱུད་ཀྱི་སྙིང་པོ་བསྡུས་པ་ཡིན། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། །དེ་ལྟར་ངེས་བརྗོད་འབུམ་གསུམ་ལས། །བྱུང་པ་བདེ་མཆོག་ཉུང་ངུ་སྟེ། །ཞེས་གསུངས་པའི་ཕྱིར། བཤད་རྒྱུད་ལ་ལྔ་ཡོད་དེ། རྡོ་རྗེ་མཁའ་འགྲོ། ཀུན་སྤྱོད། སྡོམ་འབྱུང་དང་ཕག་མོའི་མངོན་འབྱུང་གཉིས་གཅིག་ཏུ་བྱས་པ་དང་། མངོན་བརྗོད། ཁ་སྦྱོར་གྱི་རྒྱུད་དང་བཅས་པ་རྣམས་སུ་ཡོད་པའི་ཕྱིར། ཕྱོགས་མཐུན་གྱི་རྒྱུད་ཀྱང་ཡོད་དེ། ཧེ་རུ་ཀ་མངོན་འབྱུང་། རྣལ་འབྱོར་མ་བཞི་ཞལ་སྦྱོར། མཁའ་འགྲོ་རྒྱ་མཚོ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་དགོངས་འགྲེལ་གྱི་རིམ་པ་ཡོད་དེ། ལཱུ་ནག་དྲིལ་གསུམ་གྱིས་མཛད་པའི་འདིའི་སྐོར་གྱི་གཞུང་ཐམས་ཅད་དང་ཁྱད་པར་ལཱུ་ཧི་པས་མཛད་པའི་མངོན་རྟོགས་དང་བཅས་པ་རྣམས་སུ་ཡོད་པའི་ཕྱིར། ཕྱི་མ་འདི་ལ་འགྲེལ་པ་དུ་མ་ཡོད་དེ། ལྭ་བ་པ། པྲཛྙཱ་རཀྵི་ཏ། བི་བྷུ་ཏི། ཨ་བྷྱ། ཇོ་བོས་མཛད་པའི་འགྲེལ་པ་སོགས་རྒྱ་འགྲེལ་རྣམས་དང་། རྗེས་མཛད་པའི་འདོད་འཇོ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་གཉིས། སྒྲུབ་ཐབས་ཀྱི་ཆིངས་མདོར་བསྟན་པ་དང་། ཉམས་སུ་ལེན་པའི་རིམ་པ་ཉིད་བཤད་པའོ། །དང་པོ་ནི། རྩ་རྒྱུད་ལས། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་གུར། །ཨཱ་ལི་ཀཱ་ལི་ཞེས་བརྗོད་ནས། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བ། །འཇུག་པ་སྒྲ་ལ་སོགས་པ་ནས། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་པ། །བདུད་རྩི་ཚིམ་བྱེད་མྱ་ངན་འདས། །ལག་པའི་མཆོད་པ་དབང་བསྐུར་བས། །གོ་ཆ་ཆེན་པོས་ཡང་དག་བསྲུང་། །སྔགས་རྣམས་ཀུན་གྱིས་མཆོད་པར་བྱ། །དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་གསུངས་པ་ལྟར་དེ་ཉིད་བཅུ་བཞི་ཡོད་དེ། །འདི་ནི་བསྐྱེད་རྫོགས་གཉིས་ཀ་ལ་སྦྱར་བ་ཡོད་ཀྱང་། འདིར་བསྐྱེད་རིམ་གྱི་དབང་དུ་བྱས་ན། གོས་སམ་གནས་ཀྱི་དེ་ཉིད་ལ་ཕྱག་རྒྱའི་ཉིད། སྒྲུབ་གྲོགས་ཀྱི་དེ་ཉིད། སྲུང་འཁོར་གྱི་དེ་ཉིད། ཨཱ་ལིའི་དེ་ཉིད། ཀཱ་ལིའི་དེ་ཉིད། སྟོང་ཉིད་བསྒོམ་པ་རྒྱུ་སོགས་སྟོང་པ་སྔོན་དུ་འགྲོ་བའི་དེ་ཉིད། བར་དོ་མཚོན་བྱེད་སོགས་འཇུག་པ་སྒྲའི་འདི་ཉིད། དམ་ཡེ་གཉིས་གཅིག་ཏུ་བསྲེ་བ་སྦྱོར་བའི་དེ་ཉིད། མཆོད་པ་བཞིས་མཆོད་པ་བདུད་རྩིས་ཚིམ་པར་བྱེད་པའི་འདི་ཉིད། ཉེར་བསྡུ་བྱེད་པ་མྱང་འདས་ཀྱི་དེ་ཉིད། ལག་མཆོད་ཀྱི་དེ་ཉིད། དབང་བསྐུར་བའི་དེ་ཉིད། ཡབ་ཡུམ་གཉིས་ལ་གོ་ཆ་བགོ་བའི་དེ་ཉིད། བཟླས་པ་དང་སྔགས་མཆོད་ཀྱི་དེ་ཉིད་རྣམས་སུ་ཡོད་པའི་ཕྱིར། དེ་ཉིད་བཅུ་བཞིར་བཤད་པ་ལ་དགོས་པ་ཡོད་དེ། རྒྱུ་དོན་ཐམས་ཅད་དེ་ཉིད་བཅུ་བཞིར་འདུ་བར་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང་། ཐུན་མཚམས་སུ་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། ཐུན་གྱི་འགོར་ཇི་ལྟར་བྱ་བ་དང་། དངོས་གཞི་ལ་ཇི་ལྟར་བྱ་བ་དང་། མཇུག་ཏུ་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། ཐོག་མར་བྱ་བའི་རིམ་པ་བཤད་པ་དང་། སྒྲུབ་ཐབས་ཀྱི་ཡན་ལག་དངོས་བཤད་པའོ། །དང་པོ་ལ་བཞི། རྡོར་དྲིལ་དང་ནང་མཆོད་བྱིན་རླབས། སྔོན་འགྲོའི་མཆོད་གཏོར་བྱིན་རླབས་སོགས་དང་། བདག་བསྐྱེད་མཆོད་པ་བྱིན་རླབས་དང་། རྡོར་སེམས་ཀྱི་སྒོམ་བཟླས་བྱ་ཚུལ་ལོ། །དང་པོ་ལ་བཞི། རྡོར་དྲིལ་བྱིན་རླབས་དང་། ནང་མཆོད་བསངས་པ། སྦྱངས་པ། བསྐྱེད་ཅིང་བྱིན་གྱིས་བརླབ་པའོ། །དང་པོ་ནི། ཐོག་མར་སྐད་ཅིག་གིས་རང་ཉིད་ཧེ་རུ་ཀ་སྔོན་པོ་ཞེས་སོགས་ཀྱིས། ཐ་མལ་གྱི་ཕུང་པོ་རང་བཞིན་གྱིས་སྟོང་པར་སྦྱངས་པའི་སྟོང་པའི་ངང་ལས། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་སྐད་ཅིག་གིས་རང་ཉིད་ཧེ་རུ་ཀ་ཡབ་ཡུམ་ཞལ་གཅིག་ཕྱག་གཉིས་པར་བསྒོམ་པར་བྱ་སྟེ། འཆད་པར་འགྱུར་པའི་མཆོད་གཏོར་སོགས་བསངས་སྦྱངས་བསྐྱེད་དེ་བྱིན་གྱིས་བརླབ་པ་ནི་ཐ་མལ་གྱི་སྣང་ཞེན་གྱིས་མི་ནུས་པས་ལྷའི་ང་རྒྱལ་དང་ལྡན་པའི་སྒོ་ནས་བྱེད་དགོས་པའི་ཕྱིར། དེ་ནས་རྡོར་དྲིལ་བྱིན་རླབས་བྱ་བ་ནི་འདིའི་བཤད་པ་ཕལ་ཆེར་ན་མི་གསལ་ཡང་། ཆོ་གའི་གཞུང་ལས་འབྱུང་བ་ལྟར་ཅུང་ཟད་བརྗོད་ན་སྤྱི་ལ་གོ་དོན་གྱི་ཁྱད་ཆེ་བས། དེ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ལམ་དང་འབྲས་བུའི་སྐབས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་སོགས་ཐབས་ཀྱི་ཆ་ཐམས་ཅད་རྡོ་རྗེ་དང་། སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་ཤེས་རབ་ཀྱི་ཆ་ཐམས་ཅད་དྲིལ་བུའི་རྣམ་པར་ཤར་བའི་སྒོ་ནས་དྲིལ་བུ་འཛིན་ཅིང་། དེ་གཉིས་ཀའང་བདེ་སྟོང་དབྱེར་མི་ཕྱེད་པའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་ནོ་སྙམ་དུ་བསམས་ལ། ༀ་ཞེས་སོགས་བརྗོད་པའི་སྒོ་ནས་བྱིན་གྱིས་བརླབ་པ་ཡིན་པའི་ཕྱིར། སྔགས་དང་པོ་འདིའི་དོན་ཡོད་དེ། ༀ་ནི་བཀྲ་ཤིས་པ་སོགས་དོན་བདུན་ལ་འཇུག་པ་དྲན་པའི་སྒོ་ནས་བརྗོད་ན་ཕན་ཡོན་ཆེ་བ་དང་། སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པའི་རྡོ་རྗེ། ས་མ་ཡ་ཏིཥྛ་ཨེ་ཥ་སྟཱཾ་དྷཱ་ར་ཡ་མི་ནི་དམ་ཚིག་མནོས་ཏེ་འདི་བདག་གིས་བཟུང་བར་བགྱིའོ། །བཛྲ་སཏྭ་ནི་རྡོ་རྗེ་སེམས་དཔའ། ཧི་ལྔས་ཡེ་ཤེས་ལྔ་དང་། ཧཱུཾ་གསུམ་གྱིས་ནི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་དེ་མཚོན་ཞིང་། ཕཊ་ནི་གསལ་བ་དང་། སྭཱ ཧཱ་ནི་གཞི་ཚུགས་པའི་དོན་ཡིན་པའི་ཕྱིར། དེ་ནས་བཛྲ་གྷཎྜ་ཧཱུཾ་ཞེས་བརྗོད་ཅིང་འདིའི་དོན་ཡོད་དེ། དྲང་དོན་དུ་རྡོ་རྗེ་དྲིལ་བུ་ཞེས་པ་ཡིན་ལ། ངེས་དོན་དུ་ཧཱུཾ་གིས་ཡེ་ཤེས་ལྔ་དང་ཆོས་ཐམས་ཅད་བདེན་སྟོང་དུ་དྲིལ་ནས་རྟོགས་དགོས་པར་མཚོན་ཞིང་། དྲིལ་བུའི་སྒྲས་ཀྱང་དོན་དེ་སྒྲོག་པར་བསམ་པར་བྱ་དགོས་པའི་ཕྱིར། དེ་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སངས་རྒྱས་ཐམས་ཅད་མཉེས་པར་བྱའོ་སྙམ་ཞིང། སེམས་ཅན་རྨོངས་དང་ཞེས་སོགས་ཀྱི་དོན་ལྟར་བསམ་དགོས་ཏེ། དོན་ནི་དྲང་དོན་དུ་མཚོན་བྱེད་དཔེའི་རྡོ་རྗེ་ལག་གིས་གསོར་ཞིང་། ངེས་དོན་མཚོན་བྱ་དོན་གྱི་རྡོ་རྗེ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་རང་རྒྱུད་ལ་གསོར་བའམ་བསྐྱེད་པ་ནི་མཛེས་པའི་ཕྱིར་ཏེ། དེས་སེམས་ཅན་རྨོངས་པ་མ་རིག་པ་དང་བྲལ་བར་བྱས་པའི་སྒོ་ནས་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་བར་འགྱུར་བའི་བྱ་བ་བྱེད་པའི་ཕྱིར། དེ་ལྟར་བྱེད་པའི་རྒྱུ་མཚན་ཡོད་དེ། ཡེ་ཤེས་དེས་ཆོས་ཀྱི་མཆོག་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་སྤྲོོ་བ་དང་བཅས་ཏེ་ཕྱི་ནང་གི་རྡོར་དྲིལ་བཟུང་བ་བྱའོ། །ཧཱུཾ་གསུམ་དང་ཧོ་གསུམ་གྱི་མཚོན་དོན་ཡང་ཡོད་དེ། ཧཱུཾ་གསུམ་གྱིས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་དང་། ཧོ་གསུམ་གྱིས་ནི་སེམས་ཅན་ཆུང་འབྲིང་ཆེན་པོ་གསུམ་འཁོར་བ་ལས་ཐར་བར་བྱེེད་པ་དེ་མཚོན་པའི་ཕྱིར། ༀ་བཛྲ་དྷརྨཱ་ར་ཎི་ཞེས་སོགས་ཀྱི་དོན་ཡང་ཡོད་དེ། བཛྲ་དྷཱ རྨཱ་ར་ཎི་ཏ་པྲ་ར་ཎི་ཏ་ས་མ་བྲ་ར་ཎི་ཏ་ནི། རྡོ་རྗེ་སྟེ་སྟོང་པ་ཉིད་ཀྱི་ཆོས་སྒྲ་སྒྲོག་རབ་ཏུ་སྒྲོག་ཀུན་ཏུ་རབ་ཏུ་སྒྲོག སརྦ་བུདྡྷ་ཀྵེ་ཊ་པྲ་ཙ་ལི་ནེ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོ་བ། པྲཛྙཱ་པཱ་ར་མི་ཏ་ནཱ་ད་སྭ་བྷཱ་ཝ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་རང་བཞིན། བཛྲ་སཏྭ་ཧྲྀ་ད་ཡ་སནྟོ་ཥ་ཎི་ཞེས་པ་ནི་རྡོ་རྗེ་སེམས་དཔའི་ཐུགས་ཀུན་དུ་དགྱེས་པ། ཧཱུཾ་དང་ཧོ་ནི་སྔར་བཞིན་དང་། སྭཱཧཱ་ནི་ལེགས་པ་སྦྱིན་པ་སོགས་ཀྱི་དོན་ཡིན་པའི་ཕྱིར། གཉིས་པ་ནི། རང་གི་སྙིང་ཁ་ནས་དུམ་སྐྱེས་མ་དཔག་ཏུ་མེད་པ་སྤྲོས་ཏེ་རྫས་ལ་གནས་པའི་བགེགས་ཐམས་ཅད་བསྐྲད་པར་བསམ་པ་ཡིན་ཏེ། ཁཎྜ་རོ་ཧི་ནི་དུམ་སྐྱེས་མ་ཞེས་པའི་དོན་ཡིན་པའི་ཕྱིར། གསུམ་པ་ནི། སྭཱ་བྷཱ་ཝའི་སྔགས་བརྗོད་ཅིང་ནང་མཆོད་ཀྱི་རྫས་སྣོད་དང་བཅས་པ་སྟོང་པར་སྦྱངས་པའི་ཚུལ་གྱིས་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་དུ་འཇུག་དགོས་པ་ཡིན་ཏེ། དེ་རྣམས་ལ་ཐ་མལ་གྱི་སྣང་ཞེན་བསལ་ནས་བདེ་སྟོང་དབྱེར་མེད་ཀྱི་རྣམ་རོལ་ཏུ་བལྟ་དགོས་པའི་ཕྱིར། སྭཱ་བྷཱ་ཝའི་སྔགས་དོན་ཀྱང་ཡོད་དེ། དངོས་ཟིན་ལྟར་ན་རང་བཞིན་གྱིས་དག་པའི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་དེ་ངའོ་ཞེས་པ་ཡིན་ཞིང་། དོན་ལ་ནི་དག་པ་སྔ་ཕྱི་གཉིས་རིམ་པ་བཞིན་གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་བདག་ཉིད་དུ་བལྟ་དགོས་པའི་དོན་ཡིན་པའི་ཕྱིར་རོ། །བཞི་པ་ལ་གཉིས། བསྐྱེད་པ་དང་བྱིན་གྱིས་བརླབ་པའོ། །དང་པོ་བསྐྱེད་ཚུལ་ཡོད་དེ། སྟོང་པའི་ངང་ལས་ཡཾ་དང་རཾ་ལས་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡེ་གེ་གསུམ་དང་། དེ་ལས་མི་མགོའི་སྒྱེད་བུ་ལྟག་པ་དབུས་སུ་བསྟན་པ་གསུམ་གྱི་བར་དུ་ཨཱ་ལས་ཐོད་པ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་ཤ་ལྔ་དང་བདུད་རྩི་ལྔ་ༀ་ལ་སོགས་པ་རང་རང་གི་ས་བོན་ལས་བསྐྱེད་པ་ཡིན་པའི་ཕྱིར། དེ་ལྟར་བྱས་པའི་མཚོན་དོན་དང་དགོས་པ་ཡོད་དེ། སྟོང་པའི་ངང་ལས་བྱུང་པ་ནི་དེ་རྣམས་རང་བཞིན་གྱིས་སྟོང་པའི་རྣམ་འཕྲུལ་དུ་བལྟ་བ་དང་། རླུང་མེ་གཉིས་རང་གི་ས་བོན་ལས་བསྐྱེད་པ་ནི་མིང་རྐྱང་བཏགས་ཡོད་ཙམ་དུ་ཤེས་པ་དང་། སྒྱེད་པུ་གསུམ་གྱིས་ནི་བདེ་བའི་རྟེན་སྒྲུབ་པ་པོའི་སྒོ་གསུམ་མཚོན་ཞིང་། ཐོད་པ་བདེ་སྐྱོང་གི་སྣོད་ཡིན་པས་ཕྱི་དཀར་བས་བདེ་བ་དང་ནང་དམར་བས་སྟོང་པ་དང་། དུམ་བུ་གཅིག་པས་བདེ་སྟོང་དབྱེར་མེད་པ་དེ་མཚོན་པའི་ཕྱིར། ཤ་ལྔ་བདུད་རྩིའི་རྫས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། བྱིན་གྱིས་བརླབས་ནས་རང་གིས་ལོངས་སྤྱོད་ཅིང་ལྷ་ལ་ཕུལ་བས་དངོས་གྲུབ་མྱུར་དུ་འགུགས་པས་ལྕགས་ཀྱུ་དང་གསལ་བར་བྱེད་པས་སྒྲོན་མ་ལྔ་ཞེས་བཤད་པའི་ཕྱིར། དྲི་ཆེན་སོགས་དེའི་རྫས་སུ་འཇོག་པའི་རྒྱུ་མཚན་ཡོད་དེ། ཚུལ་བཞིན་ལོངས་སྤྱོད་ཅིང་ཕུལ་བས་འཆི་མེད་འགྲུབ་པར་འགྱུར་བའི་སྒོ་ནས་ཡིན་པའི་ཕྱིར། སྤྱིར་ཤ་ལྔ་གཤེགས་པ་ལྔ་དང་བདུད་རྩི་ལྔ་གཤེགས་མ་ལྔའི་ས་བོན་ལས་བསྐྱེད་པ་ཡོད་ཀྱང་འདིར་དེ་ལས་ལྡོག་སྟེ་བསྐྱེད་ཅིང་ཡི་གེ་དེ་རྣམས་ཀྱིས་མཚན་པར་བྱས་པ་ལ་དགོས་པ་ཡོད་དེ། ཤ་ལྔ་གཤེགས་མ་ལྔའི་ངོ་བོ་དང་། བདུད་རྩི་ལྔ་གཤེགས་པ་ལྔའི་ངོ་བོར་བྱིན་གྱིས་བརླབ་པའི་ཆེད་ཡིན་པའི་ཕྱིར། ས་བོན་གྱི་ཡི་གེ་རྣམས་གཡས་སྐོར་དུ་འགོད་པའི་ཚུལ་ཡོད་ཀྱང་འདིར་དེ་དང་མི་འདྲ་སྟེ། ཕྱོགས་ཀྱི་ཡེ་གེ་རྣམས་གཡོན་སྐོར་དང་མཚམས་ཀྱི་ཡི་གེ་གཡས་སྐོར་དུ་བྱས་ནས་འགོད་པ་ཡིན་པའི་ཕྱིར། རྫས་དེ་རྣམས་ཀྱི་དབྱིབས་དང་སྡོད་ལུགས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཤ་རྣམས་ཚང་མའམ་དུམ་བུར་བཏུབ་པ་ལྟ་བུ་དང་། ཤ་དང་བདུད་རྩི་ཕན་ཚུན་གོ་ས་སོ་སོ་པའམ་གོ་ས་མི་འགོག་པ་དང་ཤ་རྣམས་བདུད་རྩིའི་ནང་དུ་བཅུག་པའི་རིགས་སུ་བསམ་པར་བྱ་བ་ཡིན་པའི་ཕྱིར། རླུང་མེ་སོགས་ཀྱི་མཚོན་དོན་ཁྱད་པར་བ་ཡོད་དེ། རླུང་གིས་མེ་སྦར་ཏེ་ཐོད་པའི་རྫས་ཞུ་བ་སོགས་ཀྱིས་ནི་རང་རྒྱུད་ཀྱི་རླུང་གིས་གཏུམ་མོ་བསྐུལ་ནས་བྱང་སེམས་ཞུ་སྟེ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེ་བ་དེ་མཚོན་པའི་ཕྱིར་རོ། །འདི་ནི་གསར་འདུས་དང་གཤིན་རྗེ་གཤེད་ཀྱི་སྒོ་ནས་ནང་མཆོད་སོགས་བྱིན་རླབས་བྱ་བའི་ཚུལ་དང་ཡང་ཆོས་མཐུན་ནོ། །གཉིས་པ་བྱིན་གྱིས་བརླབ་པའི་ཚུལ་ཡོད་དེ། རྫས་ཀྱི་སྟེང་དུ་ཧཱུཾ་ལས་ཐུགས་རྡོ་རྗེ་མཚོན་བྱེད་ཀྱི་ཁ་ཊྭཱཾ་ག་བསྐྱེད་པ་ཐོད་པར་ལྷུང་ནས་ཞུ་བས་རྫས་རྣམས་དངུལ་ཆུའི་མདོག་ཅན་དུ་བསྒྱུར་ཞིང་། སྟེང་དུ་འཁོར་ལོ་གསུམ་གྱི་ལྷའི་ངོ་བོར་གྱུར་པའི་དབྱངས་གསལ་རྣམས་བཀོད་དེ་ཡི་གེ་གསུམ་གྱི་ངོ་བོར་བསྒྱུར་ནས། དེ་ལས་འོད་ཟེར་འཕྲོས་པས་རྒྱ་མཚོ་ན་གནས་པའི་བདུད་རྩི་དང་། སངས་རྒྱས་བྱང་སེམས་སོགས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཡི་གེ་གསུམ་ལ་ཐིམ་པས་ཞུ་ནས་ཐོད་པའི་རྫས་རྣམས་བྱིན་གྱིས་བརླབ་པར་བསམ་པ་ཡིན་པའི་ཕྱིར། དེ་ཡང་དམར་སེར་དུ་གྱུར་ཞེས་པ་ཡན་གྱིས་དམ་ཚིག་པའི་རྫས་བསྐྱེད་པ་དང་དེ་མན་གྱིས་ཡེ་ཤེས་པའི་རྫས་འཇུག་པ་ཡིན་ཏེ། ལྷ་དམ་ཚིག་པ་ལ་ཡེ་ཤེས་པ་འཇུག་པ་དང་ཆོས་མཐུན་ཞིང་ཡེ་ཤེས་པའི་རྫས་ཀྱིས་དམ་ཚིག་པའི་རྫས་རྣམས་བྱིན་གྱིས་རློབ་པར་བྱེད་པ་ཡིན་པའི་ཕྱིར། མཇུག་ཏུ་ཡི་གེ་གསུམ་ལན་གསུམ་སོགས་བརྗོད་དགོས་པ་ཡིན་ཏེ། རྫས་རྣམས་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་བྱིན་གྱིས་བརླབ་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། མཆོད་གཏོར་བྱིན་གྱིས་བརླབ་པ་དང། མགྲོན་སྤྱན་དྲངས་ནས་འབུལ་བའི་ཚུལ་ལོ། །དང་པོ་ཡོད་དེ། མཆོད་པ་བྱིན་རླབས་ནི་འཆད་པར་འགྱུར་ཞིང་། གཏོར་མ་བྱིན་རླབས་ནི་ནང་མཆོད་ལྟར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལའང་གཉིས། སྤྱན་དྲངས་ནས་འབུལ་བ་དང་། འཕྲིན་ལས་བཅོལ་ཏེ་གཤེགས་སུ་གསོལ་པའོ། །དང་པོ་ཡོད་དེ། འཕར་བའི་ཕྱག་རྒྱ་བྱས་ནས་ངག་ཏུ་ཕེཾ་ཞེས་བརྗོད་ཅིང་འོད་ཟེར་གྱིས་ཕྱོགས་སྐྱོང་སོགས་སྤྱན་དྲངས་པ་ཐ་མལ་གྱི་སྣང་ཞེན་སྦྱོང་བའི་ཆེད་དུ། འོད་གསལ་དུ་བཅུག་ནས་ཧེ་རུ་ཀ་ཡུམ་བཅས་སུ་བསྐྱེད་དེ་ལྗགས་བྱིན་གྱིས་བརླབས་ནས་སྔགས་ཀྱིས་འབུལ་བ་ཡིན་པའི་ཕྱིར། སྔགས་ལན་གཉིས་ཀྱིས་འབུལ་བའི་རྒྱུ་མཚན་ཡོད་དེ། ཕྱོགས་དང་མཚམས་ཀྱི་འཇིག་རྟེན་པ་རྣམས་ལ་སོ་སོར་འབུལ་པའི་ཆེད་ཡིན་པའི་ཕྱིར། སྔགས་དོན་ཡོད་དེ། ཁ་ཁ་ཁཱ་ཧི་ཁཱ་ཧི་ནི་ཟོ་ཟོ་ཟོ་ཤིག་ཟོ་ཤིག སརྦ་ཡཀྵ་རཀྵ་ནས་ཨ་བ་སྨཱ་རའི་བར་ནི་གནོད་སྦྱིན་ཐམས་ཅད་སྲིན་པོ་དང་འབྱུང་པོ་དང་ཡི་དྭགས་དང་ཤ་ཟ་སྨྱོ་བྱེད་བརྗེད་བྱེད། བཛྲ་ཌཱ་ཀ་ནས་ཡཙྪ་ནྟུའི་བར་ནི་རྡོ་རྗེ་མཁའ་འགྲོ་མཁའ་འགྲོ་མ་རྣམས་ལ་སྟེར་བས་གཏོར་མ་འདི་བཟུང་དུ་གསོལ་དམ་ཚིག་པ་བསྲུང་བར་གྱིས། བདག་ལ་དངོས་གྲུབ་སྩོལ། ཡ་ཐེ་ནས་ཛི་གྷྲ་ཐའི་བར་ནི་ཇི་ལྟར་འདོད་པ་དེ་ལྟར་བཟའ་བ་བཏུང་བ་མྱང་བར་གྱིས། མ་ཏི་ཀྲ་མ་ནས་བྷ་ཝནྟུའི་བར་ནི་རིམ་པ་ལས་མི་འདའ་བར་བདག་གི་དགོས་པ་ཐམས་ཅད་བདེ་བ་དམ་པས་རྣམ་པར་དག་པའི་གྲོགས་མཛད་དུ་གསོལ་ཞེས་པའི་དོན་ཡིན་པའི་ཕྱིར། དེ་ནས་མཆོད་པ་དང་ནང་མཆོད་ཀྱང་འབུལ་ལོ། །གཉིས་པ་ཡོད་དེ། ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཞེས་སོགས་བརྗོད་ཅིང་འཕྲིན་ལས་བཅོལ་ནས་བཛྲ་མུཿཞེས་པས་སེ་གོལ་གདབ་ཅིང་གཤེགས་པར་བསམ་པ་ཡིན་པའི་ཕྱིར། འདིར་ཕྱོགས་སྐྱོང་སོགས་ལ་མཆོད་གཏོར་ཕུལ་པ་ལ་དགོས་པ་ཡོད་དེ། སྒྲུབ་ཐབས་ཀྱི་དངོས་གཞི་བསྒོམ་པ་ལ་བར་ཆད་མི་འབྱུང་བའི་ཆེད་ཡིན་པའི་ཕྱིར་རོ། །གསུམ་པ་བདག་བསྐྱེད་ཀྱི་མཆོད་པ་བྱིན་རླབས་ནི་འོག་ཏུ་ཡང་རུང་མོད་འདིར་བྱེད་པ་ལ་གཉིས། བསངས་སྦྱངས་དང་། བསྐྱེད་ཅིང་བྱིན་གྱིས་བརླབ་པའོ། །དང་པོ་ནང་མཆོད་ཀྱི་སྐབས་ལྟར་བྱའོ། །གཉིས་པ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སྟོང་པའི་ངང་ལས་ཐོད་པའི་མིང་ཡིག་དང་པོ་ཀ་ལ་ཀླད་ཀོར་བྱིན་པའི་ཀཾ་ངཾ་ཨཱ་ལས་ཐོད་པ་རྣམས་ཀྱི་ནང་དུ་འདིར་བདག་བསྐྱེད་ལ་མཆོད་མགོ་རང་གི་གཡོན་དང་མདུན་བསྐྱེད་ལྟ་བུ་ལ་དེ་ཉིད་ཀྱི་གཡོན་ནས་འགོ་བརྩམས་ཏེ་ཧཱུཾ་རེ་རེ། དེ་ཡོངས་སུ་གྱུར་པ་ལས་མཆོད་རྫས་རྣམས་ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཡིན་པ་ལ། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན་དང་། བྱེད་ལས་སམ་ནུས་པ་མགྲོན་རྣམས་ཀྱི་མིག་ལ་སོགས་པའི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་སྟེར་བའི་ཁྱད་ཆོས་གསུམ་ལྡན་དུ་མོས་ནས། ཨརྒྷཾ་སོགས་རང་རང་གི་མིང་ཡི་གེ་གསུམ་དང་སྤེལ་ཏེ་བྱིན་གྱིས་བརླབ་པར་བྱ་བ་ཡིན་པའི་ཕྱིར་རོ། །མཆོད་པ་རྣམས་ཧཱུཾ་གྱི་ས་བོན་ལས་བསྐྱེད་པའི་རྒྱུ་མཚན་ཡོད་དེ། ཧཱུཾ་ནི་སྤྱིར་ཐུགས་རྡོ་རྗེ་མཚོན་བྱེད་ཡིན་ལ་འདིར་ཧེ་རུ་ཀའི་ཐུགས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མཚོན་བྱེད་ཡིན་པས། དེ་ཉིད་མཆོད་རྫས་སོ་སོའི་རྣམ་པར་ཤར་བར་ཤེས་དགོས་པའི་ཆེད་ཡིན་པའི་ཕྱིར། མཆོད་པ་ཡེ་ཤེས་ཀྱི་བདག་ཉིད་དུ་མོས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། དེ་ལ་ལོངས་སྤྱད་པས་རང་རྒྱུད་ལ་ཡེ་ཤེས་དེ་ལྟ་བུ་སྐྱེ་བའི་བག་ཆགས་ཁྱད་པར་ཅན་འཇོག་པའི་ཆེད་ཡིན་པའི་ཕྱིར། ཡི་གེ་གསུམ་དང་སྤེལ་བའི་རྒྱུ་མཚན་ཡོད་དེ། མཆོད་པ་རྣམས་རྡོ་རྗེ་གསུམ་གྱི་སྒོ་ནས་བྱིན་གྱིས་བརླབ་པའི་ཆེད་ཡིན་པའི་ཕྱིར་རོ། །བཞི་པ་ལ་གཉིས། བསྐྱེད་པ་དང་། བཟླས་པ་བྱ་བའོ། །དང་པོ་ནི། སྤྱིར་རང་ཉིད་རྡོར་སེམས་སུ་བསྐྱེད་ནས་ཡིག་བརྒྱ་བཟླས་ཀྱང་རུང་མོད། ཕྱག་ལེན་ལ་རང་གི་སྤྱི་བོར་བསྒོམས་ནས་བྱེད་པ་ལྟར་བྱ་བ་ཡིན་ཏེ། དེ་ཡང་འདིའི་སྔོན་དུ་སངས་རྒྱས་ཆོས་དང་དགེ་འདུན་ལ། །ཞེས་སོགས་འབྱུང་བ་ལྟར་སྐྱབས་སེམས་བྱེད་པའམ། གཞན་གྱིས་ཀྱང་རུང་ལ། དེ་ནས་རང་གི་སྤྱི་བོར་པཾ་ལས་པདྨ་ཞེས་སོགས་ལྟར་བསྐྱེད་ཅིང་ཡེ་ཤེས་པ་བཅུག་ནས་བཟླས་པ་ལ་འཇུག་པ་ཡིན་པའི་ཕྱིར། གཉིས་པ་ནི། ཡིག་བརྒྱ་སྤྱི་འགྲོ་ལྟར་ཡང་རུང་ལ། འདིར་སཱཏྭའི་དོད་ལ་ཧེ་རུ་ཀ་ཞེས་འབྱུང་བ་ལྟར་ན་འདི་ལྟར་ཡིན་ཏེ། བཛྲ་ནི་རྡོ་རྗེ། ཧེ་རུ་ཀ་ཞེས་པ་རྣམས་དོན་འགྱུར་ལ་ཁྲག་འཐུང་ཡིན་ཞིང་། ས་མ་ཡ་ནི་དམ་ཚིག །མ་ནུ་ནི་རྗེས་སུ། པཱ་ལ་ཡཱ་ནི་སྐྱོང་བ། ཏྭེ་ནོ་པ་ཏིཥྛ་ནི་ཉེ་བར་གནས་པར་མཛོད། ཌི་ཌྷོ་ནི་བརྟན་པ། སུ་ཏོ་ཥྱོ་ནི་ཤིན་ཏུ་དགྱེས་པ། སུ་བོ་ཥྱོ་ནི་ཤིན་ཏུ་རྒྱས་པ། ཨ་ནུ་ར་ཏོ་ནི་རྗེས་སུ་ཆགས་པ། མེ་ནི་བདག་དང་བྷ་ཝ་རྣམས་ནི་རང་བཞིན་དུ་མཛོད་ཅིག་ཅེས་པའམ། དངོས་པོར་མཛོད་ཅིག སརྦ་སིདྡྷི་མེ་པྲ་ཡཙྪ་ནི་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་ཅིག སརྦ་ཀརྨཱ་ནས་ཀུ་རུའི་བར་ནི་ལས་ཀུན་ལ་བདག་གི་སེམས་ཀྱི་དཔལ་དུ་མཛོད་ཅིག ཧཱུཾ་ནི་ཐུགས་དང་། ཧ་བཞི་དང་ཧོ་དང་ལྔ་ནི་ཡེ་ཤེས་ལྔ། བྷ་ག་ཝཱན་ནི་བཅོམ་ལྡན་འདས། མ་མེ་མུཉྩ་ནི་བདག་ལ་གྲོལ་བར་མཛོད་ཅེས་པའམ། མ་འདོར་ཅིག་ཅེས་པ། མ་ཧཱ་ས་མ་ཡ་སཏྭ་ནི་དམ་ཚིག་སེམས་དཔའ་ཆེན་པོ། ཨཱཿནི་གསུང་རྡོ་རྗེའི་ས་བོན་ཡིན་པའི་ཕྱིར། ཧཱུཾ་དང་ཕཊ་ནི་ཡི་གེ་བརྒྱ་བར་མི་ཐེ་ཡང་མཇུག་ཏུ་སྦྱར་བ་ཡིན་ལ། ཡི་གེ་བརྒྱ་པ་ཞེས་པ་ནི་སྲོག་ལྡན་གྱི་ཡི་གེའི་དབང་དུ་བྱས་པ་ཡིན་ཏེ། གཞན་དུ་ན་དེ་ལས་མང་བའི་ཕྱིར་རོ། །མཐར་གསོལ་བ་བཏབ་ནས་རང་ལ་བསྟིམ་པས་རང་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །འདི་ལ་སྟོབས་བཞི་ཚང་བ་ཡིན་ཏེ། སྐྱབས་སེམས་ནི་རྟེན་གྱི་སྟོབས། བཟླས་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། བདག་ནི་མི་ཤེས་སོགས་ནི་སུན་འབྱིན་པའི་སྟོབས་ཡིན་ལ། སླར་ལྡོག་པའི་སྟོགས་ནི་ཤུགས་ཀྱིས་བསྟན་པའི་ཕྱིར། རྡོར་སེམས་ཀྱི་སྒོམ་བཟླས་བྱས་པ་ལ་དགོས་པ་ཡོད་དེ། དམ་ཚིག་ཉམས་པ་སོགས་ཀྱི་ཉེས་ལྟུང་སྦྱོང་ཞིང་འཕེལ་ཁ་ཆད་པར་འགྱུར་བའི་ཕྱིར་ཏེ། དེ་སྐད་དུ་ཡང་སྙིང་པོ་རྒྱན་ལས། ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་ནས། །འཕེལ་བར་ཡང་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པ། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་བཞི། སྒོ་གསུམ་དག་པར་བྱས་ནས་ཚད་མེད་བཞི་བསྒོམ་པ། ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ། སྲུང་འཁོར་བསྒོམ་པ། ཚོགས་གསོག་པའོ། །དང་པོ་ནི། ཀུན་སྤྱོད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་འབྱུང་བ་ལྟར་བསྒོམ་པར་བྱ་བ་ཡིན་ཏེ། དེ་ཡང་ཤྲཱི་ཧེ་རུ་ཀ་ཞེས་བརྗོད་ཅིང་དེའི་དོན་བསམས་པའི་སྒོ་ནས་དག་པ་གསུམ་གྱི་རྣལ་འབྱོར་ལ་འཇུག་པ་ཡིན་པའི་ཕྱིར། ཡི་གེ་བཞི་པོ་དེས་བརྗོད་བྱའི་དོན་མཚོན་ཚུལ་ཡོད་དེ། ཧེ་ཡིག་གིས་ནི་ཕུང་སོགས་ཀྱིས་བསྡུས་པའི་ཆོས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པའི་ཆོས་ཀྱི་བདག་མེད་པ་དང་། རུ་ཡིག་གིས་གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པའི་གང་ཟག་གི་བདག་མེད་པ་མཚོན་པས་གཉིས་ཀས་ཀྱང་ཡུལ་གྱི་བདག་མེད་མཚོན་པ་ཡིན་ལ། ཀ་ཡིག་གིས་ནི་ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་ཞིང་། ཤྲཱི་ཡིག་གིས་ཡུལ་ཡུལ་ཅན་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་གཉིས་སུ་མེད་པར་སྦྱོར་བའི་བདེ་སྟོང་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་གྱི་ཆོས་སྐུ་དེ་ངའོ་སྙམ་དུ་ང་རྒྱལ་བཞག་ནས་ཨེ་ཝཾ་གྱི་དོན་བསྒོམ་དགོས་པར་མཚོན་པའི་ཕྱིར་རོ། །དེ་ལྟར་བསྒོམས་པ་དེ་ལ་ཡིད་དག་པར་བྱེད་པའི་རྣལ་འབྱོར་དང་། དེ་ལས་ལྷའི་སྐུར་ལྡང་ནས་ཡི་གེ་དེ་དག་བརྗོད་པ་ལ་ལུས་དག་པར་བྱེད་པའི་རྣལ་འབྱོར་དང་། དེ་ནས་འགོར་ༀ་དང་། མཐར་ཧཱུཾ་ཧཱུཾ་ཕཊ་སྦྱར་བའི་དབྱངས་གསལ་ལན་གསུམ་བརྗོད་ཅིང་རང་གི་ལྟེ་བའི་ཕྱོགས་སུ་གཡོན་དུ་ལན་གསུམ་བསྐོར་བ་ལས་ལྷའི་ཚོགས་སྤྲོ་བསྡུ་བྱེད་པ་ལ་ངག་དག་པར་བྱེད་པའི་རྣལ་འབྱོར་ཞེས་བྱ་སྟེ། རང་གི་སྒོ་གསུམ་གྱི་དྲི་མ་སོ་སོར་དག་པར་བྱེད་པའི་རྣལ་འབྱོར་ཡིན་པའི་ཕྱིར། དེ་ལྟར་བསྒོམས་པ་ལ་དགོས་པ་ཡོད་དེ། སྒྲུབ་པ་པོའི་སྒོ་གསུམ་གྱི་བྱ་བ་ཐམས་ཅད་དག་པ་གསུམ་གྱི་རྣལ་འབྱོར་གྱིས་ཟིན་དགོས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །དེ་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བ་དང་། བདེ་བ་དང་ལྡན་པ་དང་། ཐོབ་ཟིན་པའི་བདེ་བ་བརྟན་པ་དང་། ཡིད་དེ་བཞིན་ཉིད་ལ་གནས་པར་གྱུར་ཅིག གནས་པར་བྱའོ་སྙམ་པའི་སྒོ་ནས་ཚངས་པའི་གནས་བསྒོམ་དགོས་པ་ཡིན་ཏེ། འཆད་པར་འགྱུར་བའི་ལམ་ཐམས་ཅད་ཐེག་ཆེན་གྱི་ཉམས་ལེན་དུ་འགྱུར་བར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་བྱིན་གྱིས་བརླབ་པའི་ཚུལ་ལོ། །དང་པོ་ནི། རང་གི་དཔྲལ་བའི་དབུས་སུ་བྷྲུཾཾ་དཀར་པོ་ཞེས་སོགས་འབྱུང་བ་ལྟར་བྱ་བ་ཡིན་ཞིང་། དེ་ཡང་རྣམ་སྣང་བྷྲུཾཾ་དེར་འགོད་པའི་རྒྱུ་མཚན་ཡོད་དེ། རྣམ་སྣང་ལུས་དག་བྱེད་ཀྱི་ལྷ་ཡིན་ལ། ལུས་སམ་གཟུགས་ཕུང་གི་རྟེན་ཁམས་དཀར་པོ་ནི་དཔྲལ་བ་ན་གནས་པའི་ཕྱིར། རྡོ་རྗེ་ཉི་མ་ལྟེ་བར་འགོད་པ་ཡིན་ཏེ། དེ་ནི་ཚོར་ཕུང་དག་བྱེད་ཡིན་ལ། ཚོར་ཕུང་ནི་གཙོ་བོར་དྲོད་ལ་བརྟེན་ནས་འབྱུང་བས་དྲོད་ཀྱི་གཙོ་བོ་གཏུམ་མོ་ལྟེ་བ་ན་གནས་པའི་ཕྱིར། པདྨ་གར་དབང་ནི་མགྲིན་པར་འགོད་པ་ཡིན་ཏེ། དེ་ནི་འདུ་ཤེས་ཀྱི་ཕུང་པོ་དག་བྱེད་ཡིན་ལ་འདུ་ཤེས་ནི་གཙོ་བོར་མགྲིན་པ་ནས་བྱུང་སྟེ་དབང་པོའི་སྒོར་འཇུག་པའི་ཕྱིར། རྡོ་རྗེ་རྒྱལ་པོ་རྐང་པའི་ལོང་བུའི་འོག་ཏུ་འགོད་པ་ཡིན་ཏེ། དེ་ནི་འདུ་བྱེད་ཀྱི་ཕུང་པོ་དག་བྱེད་ཡིན་ལ་མཚུངས་ལྡན་འདུ་བྱེད་རྩ་ཉོན་དང་ཉེ་ཉོན་རྣམས་གཡོ་བྱེད་ཀྱི་རླུང་གི་གཙོ་བོ་ནི་རྐང་པའི་ལོང་བུའི་ཕྱོགས་ན་གནས་པའི་ཕྱིར། རྡོར་སེམས་སྙིང་ཀར་འགོད་པ་ཡིན་ཏེ། དེ་ནི་རྣམ་ཤེས་ཀྱི་ཕུང་པོ་དག་བྱེད་ཡིན་ལ། རྣམ་ཤེས་ཀྱི་གཙོ་བོ་ཡིད་ཀྱི་རྣམ་ཤེས་སྲོག་འཛིན་དང་བཅས་པ་ནི་སྙིང་ཁ་ན་གནས་པའི་ཕྱིར། ཧེ་རུ་ཀ་སྤྱི་བོར་འགོད་པ་ཡིན་ཏེ། དེ་ནི་ཕུང་པོ་ལྔའི་དེ་བཞིན་ཉིད་དག་བྱེད་ཡིན་པ་དང་། ཕུང་པོ་གཞན་བཞི་གཟུགས་ཕུང་ལ་བརྟེན་ཅིང་གཟུགས་ཕུང་གི་གཙོ་བོར་བྱང་སེམས་ནི་སྤྱི་བོ་ན་གནས་པའི་ཕྱིར་རོ། །ཇི་ལྟར་བསྐྱེད་པའི་ཚུལ་ཡོད་དེ། གནས་དེ་རྣམས་སུ་བྷྲུཾ་དཀར་པོ་སོགས་རང་རང་གི་མངོན་དང་མཐུན་པའི་ས་བོན་ཡི་གེ་དྲུག་ལས་བསྐྱེད་པ་ཡིན་པའི་ཕྱིར། ལྷ་དེ་རྣམས་ནི་རིགས་དྲུག་གི་ངོ་བོ་ཡིན་ཏེ། རིམ་པ་བཞིན་རྣམ་སྣང་རིན་འབྱུང་འོད་དཔག་དོན་གྲུབ་རྡོ་རྗེ་སེམས་དཔའ་མི་བསྐྱོད་པའི་ངོ་བོ་ཡིན་པའི་ཕྱིར། གལ་ཏེ་ཧེ་རུ་ཀ་མི་བསྐྱོད་པའི་ངོ་བོ་ཡིན་ན་མི་འཐད་དེ། རིགས་ཉི་ཚེ་བར་འགྱུར་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། མི་བསྐྱོད་པའི་རིགས་དང་རིགས་དྲུག་པ་མི་འགལ་བའི་ཕྱིར་རོ། །འོན་ཀྱང་སྐབས་འདིར་རྡོ་རྗེ་སེམས་དཔའ་ཉིད་རིགས་དྲུག་པར་བྱའོ། །གཉིས་པ་སྐྱེ་མཆེད་བྱིན་གྱིས་བརླབ་པ་ནི། མིག་གཉིས་སུ་ༀ་དཀར་པོ་ཞེས་སོགས་འབྱུང་བ་ལྟར་བྱ་བ་ཡིན་ཏེ། དེ་ཡང་གནས་དེ་དང་དེར་ས་བོན་ༀ་དཀར་པོ་སོགས་དྲུག་ལས་གཏི་མུག་རྡོ་རྗེ་སོགས་དྲུག་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། ལྷ་དྲུག་པོ་དེ་སེམས་དཔའ་དྲུག་གི་ངོ་བོ་ཡིན་ཏེ། རིམ་པ་བཞིན་ས་སྙིང་ཕྱག་རྡོར་ནམ་སྙིང་འཇིག་རྟེན་དབང་ཕྱུག་སྒྲིབ་སེལ་ཀུན་བཟང་རྣམས་ཀྱི་ངོ་བོ་ཡིན་པའི་ཕྱིར། དེ་དྲུག་གནས་དེ་རྣམས་སུ་འགོད་པའི་རྒྱུ་མཚན་ཡོན་དེ། རང་གི་སྦྱང་གཞིའི་གཙོ་བོ་སྐྱེ་མཆེད་རྣམས་གནས་དེ་དག་ཏུ་ཡོད་པའི་ཕྱིར་རོ། །གསུམ་པ་ཁམས་བྱིན་གྱིས་བརླབ་པ་ནི། ལྟེ་བ་ས་ལ་ལཾ་སེར་པོ་ཞེས་སོགས་འབྱུང་བ་ལྟར་བྱ་བ་ཡིན་ཏེ། གནས་དེ་རྣམས་སུ་ལཾ་སེར་པོ་སོགས་ས་བོན་ལྔ་ལས་རང་རང་གི་མདོག་དང་མཐུན་པའི་ལྟུང་བྱེད་མ་སོགས་ལྷ་ལྔ་པོ་དེར་བསྐྱེད་པར་བྱ་བའི་ཕྱིར། དེ་ལྔ་པོ་གང་གི་ངོ་བོ་ཡིན་པ་ཡོད་དེ། ལྟུང་བྱེད་མ་སྤྱན་མའི་ངོ་བོ་ཡིན་པ་ནས་པདྨའི་དྲ་བ་ཅན་ཆོས་དབྱིངས་རྡོ་རྗེ་མའི་ངོ་བོ་ཡིན་པའི་ཕྱིར། ལྷ་དེ་རྣམས་གནས་དེ་དང་དེར་སྒོམ་པའི་རྒྱུ་མཚན་ཡོད་དེ། སྦྱོང་བྱེད་ལྷ་རྣམས་ཀྱི་སྦྱང་གཞིའི་གཙོ་བོ་ཁམས་རྣམས་དེ་དང་དེར་གནས་པའི་ཕྱིར། གོང་དུ་བཤད་པ་དེ་རྣམས་ཇི་ལྟར་བསྒོམ་པའི་ཚུལ་ཡོད་དེ། ལྷ་དེ་དག་རང་གི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་དང་ངོ་བོ་དབྱེར་མེད་དུ་བལྟ་ཞིང་གནས་དེ་དང་དེར་གཟུགས་བརྙན་ཤར་བ་བཞིན་དུ་བསམ་པ་དང་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལྷ་དེ་དང་དེ་དག་ཏུ་ཤར་བའི་ང་རྒྱལ་དང་གསལ་སྣང་ལ་སློབ་པ་ཡིན་པའི་ཕྱིར། དེ་ནས་པྲ་ཀྲྀ་ཏ་ཞེས་སོགས་བརྗོད་ནས་ང་རྒྱལ་འཛིན་པ་ཡིན་ཏེ། སྔགས་དོན་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་དེ་ངའོ་སྙམ་དུ་ང་རྒྱལ་བཟུང་བའི་དོན་ཡིན་པའི་ཕྱིར་རོ། །གསུམ་པ་སྲུང་འཁོར་བསྒོམ་ཚུལ་ལ་གཉིས། བདེ་མཆོག་གི་སྐོར་ནས་གསུངས་ཚུལ་མདོར་བསྡུས་དགོད་པ་དང་། སྐབས་འདིར་ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ནི་ཡོད་དེ། རྩ་རྒྱུད་ལས། རང་རྣམས་ནི་ཕྱོགས་སུ་དགོད། །ཞེས་སོགས་གསུངས་པའི་དོན་མངོན་བརྗོད་སོགས་ཀྱིས་སྲུང་འཁོར་རྒྱས་འབྲིང་བསྡུས་པ་གསུམ་གྱི་བསྒོམ་ཚུལ་དུ་མཛད་ལ། དེ་ཡང་རྒྱས་པ་ནི་ར་གུར་གྱི་ནང་དུ་འཁོར་ལོ་རྩིབས་བཅུ་པའི་དབུས་སུ་རྡོར་སེམས་དང་ཕྱོགས་མཚམས་རྣམས་སུ་ཁྲོ་བོ་བཅུ་བསྒོམས་ནས་བཟླས་པ་བྱ་ཞིང་འཕྲིན་ལས་མཛད་པ་དང་། འབྲིང་པོ་ནི་འདིར་བསྒོམ་པ་ལྟར་དང་། བསྡུས་པ་ནི་དྲིལ་བུའི་ཐུགས་སུ་བསྒོམ་པ་ལྟར། རྡོ་རྗེའི་ས་གཞི་ར་གུར་བླ་རེ་མདའི་དྲ་བ་མེ་རི་དང་བཅས་པ་བསྐྱེད་ནས་སྔགས་དྲུག་གིས་བྱིན་གྱིས་བརླབ་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ར་གུར་སོགས་ཇི་ལྟར་བྱ་བ་དང་། ཁྲོ་མོ་རྣམས་བསྐྱེད་ནས་བགེགས་ལ་ཕུར་བུས་གདབ་པའི་ཚུལ་ལོ། །དང་པོ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རང་ཉིད་ཧེ་རུ་ཀའི་ང་རྒྱལ་གྱིས་གཡོན་པའི་མཐེབ་མཛུབ་ཀྱིས་སེ་གོལ་ཕྱོགས་བཞིར་གདབ་ཅིང་། ༀ་སུམ་བྷ་ནི་ཞེས་སོགས་ཞལ་བཞི་པའི་སྔགས་བརྗོད་པའི་ཚེ་སྔགས་འོད་ཟེར་དང་བཅས་པ་ལས་ཕྱོགས་མདོག་ཅན་གྱི་སྣ་ཚོགས་རྡོ་རྗེའི་རྭ་བ་གྲུ་བཞི་པ་དང་། འོག་གི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུཾ་གི་འོད་ཟེར་ལས་སྤྲོས་པའི་རྡོ་རྗེའི་ས་གཞི་དང་། ར་བའི་མཐར་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན་གྱི་མདའི་དྲ་བ་མེ་རབ་ཏུ་འབར་བ་ཕན་ཚུན་དུ་རྒྱུགས་པ་དང་སྟེང་དུ་རྭ་བའི་རྒྱ་དང་མཉམ་པའི་དབྱིབས་གྲུ་བཞི་པ་རྩེ་མོ་རིམ་གྱིས་ཕྲ་བའི་རྡོ་རྗེའི་གུར་དང་། དེའི་འོག་ཏུ་རྡོ་རྗེའི་བླ་རེ་སྟེ། རྡོ་རྗེ་ཆེ་བ་རྣམས་ཀྱི་ཁོང་སེང་དུ་རྡོ་རྗེ་ཆུང་བའི་རྡུལ་ཕྲ་རབ་ཀྱིས་བར་མཚམས་མེད་པར་གཏམས་པ། ཐམས་ཅད་ཀྱང་ཕྱི་རོལ་དུམ་བུ་གཅིག་ཏུ་གྱུར་པ་དང་། དེའི་ཕྱི་རོལ་ཏུ་རྡོ་རྗེའི་མེ་རབ་ཏུ་འབར་བས་བསྐོར་བར་བསམ་པ་ཡིན་པའི་ཕྱིར་རོ། །དེ་ནས་ༀ་མེ་དེ་ནི་ཞེས་སོགས་ཀྱི་སྔགས་བརྗོད་ནས་བྱིན་གྱིས་བརླབ་པར་བྱ་བ་ཡིན་ཏེ། སྔགས་དང་པོའི་དོན་ནི་ས་གཞི་རྡོ་རྗེའི་རང་བཞིན་དུ་འཆིང་བ་དང་། གཉིས་པ་ནི་རྡོ་རྗེའི་དྲ་བ། གསུམ་པ་ནི་རྡོ་རྗེའི་གུར། བཞི་པ་ནི་རྡོ་རྗེའི་བླ་རེ། ལྔ་པ་ནི་རྡོ་རྗེའི་མདའི་དྲ་བ། དྲུག་པ་ནི་རྡོ་རྗེའི་ཉི་མ་མེ་འབར་བ་སྟེ་ཧཱུཾ་དང་བཅས་པས་དེ་རྣམས་བྱིན་གྱིས་བརློབ་པ་ཡིན་པའི་ཕྱིར། བཾ་གཉིས་དང་སཾ་དང་ཁཾ་རྣམས་འབྱུང་བའི་རྒྱུ་མཚན་ཡོད་དེ། རིམ་པ་བཞིན་ར་བ་གུར་མདའ་དང་བླ་རེ་རྣམས་ཀྱི་མིང་ཡིག་དང་པོ་དང་ས་བོན་ཡིན་པའི་ཕྱིར་རོ། །གཉིས་པ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སུམ་བྷ་ནི་སོགས་སྔགས་ཚན་བཞི་བརྗོད་དེ་ར་བའི་ཕྱོགས་བཞིར་བཀོད་ནས་དེ་ལས་སྒོམ་བཞི་དང་། ཡང་སྔགས་ཚན་གཉིས་གཉིས་མཚམས་བཞིར་བཀོད་པ་ལས་མཚམས་མ་བཞི་སྟེ་བརྒྱད་དང་། ཤར་ནུབ་ཀྱི་སྔགས་གཉིས་ལས་སྟེང་འོག་ཏུ་ཁྭ་གདོང་མ་དང་ཁྱི་མདོང་མ་གཉིས་པ་རེ་སྟེ་བཅུ། སྨད་ཕུར་བུའི་རྣམ་པར་བསྐྱེད་ཅིང་། དེའི་འོད་ཟེར་ལས་སྤྲོས་པའི་ཁྲོ་མོ་རྣམས་ཀྱིས་བགེགས་འགུག་པ་དང་ཕུར་གདབ་བྱ་བ་སོགས་ཡིན་པའི་ཕྱིར། ཧཱུཾ་བཅུ་ལས་ཁྲོན་པ་བཅུ་བསྐྱེད་པའི་ཚེ་སྟེང་འོག་གཉིས་གང་དུ་བྱ་བའི་ཚུལ་ཡོད་དེ། སྟེང་གི་དོད་ཤར་གྱི་ཤར་དང་འོག་གི་དོད་ནུབ་ཀྱི་ནུབ་ཏུ་བསྐྱེད་པ་ཡིན་པའི་ཕྱིར་རོ། །ཕུར་གདབ་ཀྱི་སྔགས་དོན་ཡོད་དེ། གྷ་གྷ་ནི་གྷ་ཏ་གྷ་ཏ་སྟེ་གསོད་བྱེད་ལ་བོད་པ་དང་། གྷཱ་ཏ་ཡ་གཉིས་ནི་ཆོམས་ཤིག་གཉིས། སརྦ་དུཥྚཾ་ནི་མ་རུངས་པ་ཐམས་ཅད། ཕཊ་ནི་གསལ་བར་བྱེད་པ། ཀཱི་ལ་ཡ་གཉིས་ནི་ཕུར་བུས་ཐོབ་ལ་མི་འགུལ་བར་གྱིས། སརྦ་པཱ་བཾ་ནི་སྡིག་པའི་བསམ་པ་ཅན་ཐམས་ཅད། ཕཊ་ནི་དགས་པ་དང་ཧཱུཾ་གསུམ་ནི་བསྐུལ་བ། བཛྲ་ཀཱི་ལ་ཡཱ་ནི་རྡོ་རྗེ་ཕུར་བུ་ཞེས་བོད་པ། བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི་ནི་རྡོ་རྗེ་འཆང་གི་བཀའ་ཉོན་ཅིག སརྦ་དུཥྚཱཾ་བིགྷྣན་ཀཱ་ཡ་ཝཱ་ཀྩིིཏྟཱ་བཛྲ་ཀཱི་ལ་ཡ་ནི་བགེགས་གདུག་པ་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕུར་བུས་ཐོབ་ཅིག ཧཱུཾ་དང་ཕཊ་ནི་བསྐུལ་བ་དང་གསལ་བའི་དོན་ཡིན་པའི་ཕྱིར་རོ། །བཛྲ་མུདྒ་ར་སོགས་ཀྱི་དོན་ཡང་ཡོད་དེ། རྡོ་རྗེ་ཐོ་བས་ཕུར་བུ་རྡུངས་ཤིག་ཅེས་པའི་དོན་ཡིན་པའི་ཕྱིར་རོ། །དེ་ནས་ཕུར་གདབ་སོགས་བྱ་བའི་ཚུལ་ཡོད་དེ། ཕྱོགས་གཡོན་སྐོར་དང་མཚམས་གཡས་སྐོར་དང་སྟེང་འོག་གི་བགེགས་ཀྱི་གཙོ་བོ་རྣམས་ཀྱི་སྤྱི་བོ་ནས་ཕུར་བུ་ཟུག་པ་ལ་ཁྲོ་མོ་རྣམས་ཀྱི་ཐོ་བས་བརྡུང་པས། བགེགས་ཐམས་ཅད་བདེ་སྟོང་དང་དབྱེར་མེད་ཀྱི་ངོ་བོར་གྱུར། ཁྭ་གདོངས་སོགས་ཀྱིས་བགེགས་ལྷག་མ་རྣམས་རྒྱང་རིང་དུ་བསྐྲད་ནས། རང་ཕྱོགས་ཀྱི་རྡོ་རྗེའི་ར་བ་ལ་ཐིམ་པས་ཆུ་ལས་ཆུ་བརྡབས་པས་ཟེགས་མ་ཕྱིར་འཐོར་བ་བཞིན་དུ། ར་བ་ལས་འོད་ཟེར་ཕྱིར་འཕྲོས་པས་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ར་བ་ཟླུམ་པོ་གསུམ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་རྡོ་རྗེའི་མེ་གཡོན་སྐོར་དུ་འཁྱིལ་ཞིང་འབར་བས་ཕྱོགས་ཐམས་ཅད་དུ་ཁྱབ་པས་འགྲོ་བ་ཐམས་ཅད་ཀྱང་བགེགས་དང་བྲལ་བར་བསམ་པ་ཡིན་པའི་ཕྱིར། འདིར་འདོད་འཇོ་ལས། རབ་ཟླུམ་པོ་གསུམ་སྔར་གྱི་ར་བ་གྲུབ་ཞི་བ་དང་བར་མཚམས་མེད་པར་འགྱུར་བར་གསུངས་པ་ལྟར་ན། དེའི་ཚེ་ཐམས་ཅད་ཀྱང་ཟླུམ་པོར་བྱ་དགོས་བར་སེམས་ཏེ། གཞན་དུ་ན་བར་མཚམས་མེད་པར་འོང་དཀའ་བའི་ཕྱིར་རོ། །འཁོར་ལོ་དང་པད་ར་ཡང་དཔངས་མཐོ་སྟེ། རྡོར་ར་དང་མཉམ་དགོས་པའི་ཕྱིར་རོ། །བགེགས་རྣམས་བདེ་སྟོང་དབྱེར་མེད་དུ་བསྒོམ་པ་ལ་དགོས་པ་ཡོད་དེ། དེ་རྣམས་ལ་ཕན་གདགས་པའི་ཆེད་ཡིན་པའི་ཕྱིར། འདིའི་སྲུང་འཁོར་རྒྱས་པའི་སྐབས་དང་གཞུང་གཞན་ནས་ཕུར་གདབ་བྱེད་མཁན་དང་ཕུར་བུ་ཁྲོ་བོར་བསྐྱེད་པར་གསུངས་ཀྱང་། འདིར་ཁྲོ་མོས་དེ་བྱེད་པར་བཤད་པའི་དགོས་པ་ཡོད་དེ། བུད་མེད་ཀྱི་རྣམ་པས་འདུལ་དགོས་པ་ལ་ཁྲོ་བོ་རྣམས་ལྷ་མོའི་རྣམས་པར་བསྟན་ནས་སྣ་ཚོགས་པའི་ཐབས་ཀྱིས་སེམས་ཅན་གྱི་དོན་མཛད་པར་བཤད་པ་བཞིན་ཡིན་པའི་ཕྱིར། སྲུང་འཁོར་བསྒོམ་པ་ལ་དགོས་པ་ཡོད་དེ། འགལ་རྐྱེན་བར་ཆད་ཀྱིས་མི་ཚུགས་པའི་ཆེད་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་བགེགས་དང་བྲལ་བར་བསམ་པ་ལ་དགོས་པ་ཡོད་དེ། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྲུང་འཁོར་དུ་འགྱུར་བའི་ཆེད་ཡིན་པའི་ཕྱིར། འོ་ན་འདིར་བཤད་པའི་འབྲིང་པོ་དེ་ཁོ་ན་ལྟར་བསྒོམ་པར་བྱ འམ་ཞེ་ན། དེར་མ་ངེས་ཏེ་སྲུང་འཁོར་རྒྱས་འབྲིིང་བསྡུས་གསུམ་གྱི་རྣམ་གཞག་ཤེས་ནས་ལཱུ་དྲིལ་ནག་གསུམ་གྱི་སྐབས་སུའང་། རྒྱས་འབྲིང་བསྡུས་གསུམ་གང་བསྒོམས་ཀྱང་མི་འགལ་བར་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །བཞི་པ་ཚོགས་གསོག་པ་ལ་གཉིས། སྦྱང་གཞི་འཛམ་བུ་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་དུ་སྐྱེ་བ་ལེན་པའི་རྒྱུར་སྐྱེས་ནས་མྱོང་འགྱུར་གྱིས་ལས་གསོག་པ་དང་ཆོས་མཐུན་བར་བསོད་ནམས་ཀྱི་ཚོགས་བསགས་པ་དང་། དེའི་འོག་ཏུ་འཆི་བ་འོད་གསལ་མངོན་དུ་བྱས་པ་དང་ཆོས་མཐུན་པར་འཆི་བ་ཆོས་སྐུར་འ ཁྱེར་བའི་ལམ་འཁྱེར་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དང་པོ་ལ་གཉིས། ལྷ་སྤྱན་འདྲེན་པ་དང་། མཆོད་པའོ། །དང་པོ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སྲུང་འཁོར་གྱི་དབུས་སུ་རང་ཉིད་ཧེ་རུ་ཀར་གསལ་པའི་ཐུགས་དཀར་བཾ་སེར་པོ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར་ལྭ་བ་པ་སོགས་ཀྱིས་བཤད་པ་ལྟར་ཨཾ་ལས་བྱུང་བའི་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དངུལ་ཆུའི་མདོག་ཅན་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་འོད་ཟེར་གྱིས་སྒོ་གསུམ་གྱི་དྲི་མ་དག་པར་བྱས་ཏེ་ཕྱིར་འཕྲོས་པའི་འོད་ཟེར་གྱིས་ཚོགས་ཞིང་རྣམས་སྤྱན་འདྲེན་པ་ཡིན་པའི་ཕྱིར། ཧཱུཾ་གིས་ཡེ་ཤེས་ལྔ་མཚོན་ཚུལ་ཡོད་དེ། ཨ་བྷྱས། ཨུས་དོན་གྲུབ། ཧས་སྣང་མཐའ། མགོ་བོས་རིན་འབྱུང་། ཟླ་ཚེས་ཀྱིས་རྣམ་སྣང་། ཐིག་ལེ་ནཱ་ད་དང་བཅས་པས་མི་བསྐྱོད་པ་མཚོན་པར་བཤད་པའི་ཤུགས་ཀྱིས་ཡེ་ཤེས་ལྔ་མཚོན་ཚུལ་ཡང་གོ་བའི་ཕྱིར་རོ། །ཚོགས་ཞིང་གནས་གང་ནས་སྤྱན་འདྲེན་པའི་ཚུལ་ཡོད་དེ། བདེ་སྟོང་དབྱེར་མེད་ཀྱི་ཆོས་སྐུ་ལ་རང་བཞིན་གྱིས་གནས་སུ་བྱས་ནས་གཟུགས་སྐུའི་རྣམ་པར་སྤྱན་འདྲེན་པ་དང་། དང་པོར་ལོངས་སྐུར་སངས་རྒྱས་པའི་རང་བཞིན་གྱི་གནས་ནས་སྤྲུལ་སྐུའི་རྣམ་པར་སྤྱན་འདྲེན་པ་དང་འོག་མིན་ནས་སྤྱན་འདྲེན་པ་རྣམས་ལས་འདིར་ཕྱི་མ་གཉིས་ལྟར་བྱ་བ་ཡིན་པའི་ཕྱིར། གང་གི་རྣམ་པར་སྤྱན་འདྲེན་པའི་ཚུལ་ཡོད་དེ། སངས་རྒྱས་བྱང་སེམས་སྤྱིའི་དབང་དུ་མཛད་པ་དང་། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དང་། གཙོ་བོའི་རིགས་བདག་གི་ཚུལ་དང་། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་དང་དབྱེར་མེད་ཀྱི་ཚུལ་དང་། བླ་མ་དུར་ཁྲོད་ན་བཞུགས་པའི་རྣམ་པར་སྤྱན་འདྲེན་པ་སོགས་དུ་མ་ཡོད་པ་ལས་འདིར་བླ་མ་དང་དཀྱིལ་འཁོར་པའི་ལྷ་ཚོགས་ཐ་དད་པའི་ཚུལ་གྱིས་སྤྱན་འདྲེན་ཞིང་། དེ་ཡང་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་དང་། ཚོགས་ཞིང་གཞན་རྣམས་བསྒོམ་པར་འགྱུར་བའི་འཁོར་ལོ་སྡོམ་པའི་ལྷ་ཚོགས་འཁོར་བཅས་ཀྱི་རྣམ་པར་སྤྱན་འདྲེན་པ་ཡིན་པའི་ཕྱིར། སྤྱིར་གནས་གང་ནས་དང་རྣམ་པ་གང་གིས་སྤྱན་འདྲེན་པ་ནི་གོང་དུ་བཤད་པ་དེ་རྣམས་གང་བྱས་ཀྱང་ཁྱད་པར་ཤེས་ན་མི་འགལ་ཏེ། ཚད་ལྡན་དུ་མས་བཤད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་གྱི་དང་པོ་ཕྱག་འཚལ་བའི་ཚུལ་ཡོད་དེ། གང་གི་དྲིན་གྱིས་ཞེས་སོགས་ཀྱིས་བླ་མ་དང་། ཧེ་རུ་ཀ་དཔལ་ཞེས་སོགས་ཀྱིས་གཙོ་བོ་ཡབ་ཡུམ་དང་། གནས་དང་ཉེ་བའི་ཞེས་སོགས་ཀྱིས་འཁོར་རྣམས་ལ་ཕྱག་འཚལ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ཡོད་དེ། ཐུགས་ཀ་ནས་མཆོད་པའི་ལྷ་མོ་རྣམས་སྤྲུལ་ཏེ་ཤྲཱི་ཧེ་རུ་ཀ་ཨརྒྷཾ་སོགས་ཀྱི་སྔགས་བརྗོད་དེ་མཆོད་ནས་སླར་བསྡུ་བ་ཡིན་པའི་ཕྱིར། ཨརྒྷཾ་ནས་ཤཔྟའི་བར་གྱི་སྔགས་དོན་ཡོད་དེ། མཆོད་ཡོན་ནས་རོལ་མོའི་བར་གྱི་མིང་ཡིན་པའི་ཕྱིར། བཛྲ་ཝི་ནི་ཞེས་སོགས་ཀྱི་དོན་ཡོད་དེ། རྡོ་རྗེ་པི་ཝང་མ་གླིང་བུ་མ་རྔ་ཟླུམ་མ་རྫ་རྔ་མ་དང་། རྡོ་རྗེ་བཞད་མ་སྒེག་མོ་གླུ་མ་གར་མ་དང་། རྡོ་རྗེ་མེ་ཏོག་འདུག་སྤོས་མར་མེ་དྲི་ཆབ་མ་དང་། གཟུགས་རོ་རེག་བྱ་ཆོས་དབྱིངས་རྡོ་རྗེ་མ་ཞེས་པའི་དོན་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། བཅོམ་ལྡན་དཔའ་བོ་དབང་ཕྱུག་ཞེས་སོགས་རྐང་བརྒྱད་ཀྱིས་བསྟོད་ཅིང་། དཀོན་མཆོག་གསུམ་ལ་ཞེས་སོགས་ཀྱིས་སྐྱབས་འགྲོ་སྡིག་བཤགས་ཡི་རང་སེམས་བསྐྱེད་ཅིང་ལམ་ལ་བརྟེན་པར་དམ་འཆའ་བ་ལུས་འབུལ་དང་བཅས་པ་རྣམས་བྱ་བ་ཡིན་པའི་ཕྱིར། རྐང་བརྒྱད་ཀྱི་འགོར་ༀ་དང་མཐར་ཧཱུཾ་ཧཱུཾ་ཕཊ་འབྱུང་བའི་རྒྱུ་མཚན་ཡོད་དེ། དེ་ནི་རྒྱ་སྐད་ལ་ༀ་ན་མོ་བྷ་ག་ཝ་ཏེ་ཝི་རེ་ཤཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཞེས་སོགས་འབྱུང་བའི་འགོ་མཇུག་གཉིས་རང་སོར་བཞག་པ་ཡིན་པའི་ཕྱིར། མཐར་ཚོགས་ཞིང་རྣམས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། རང་གནས་སུ་གཤེགས་པ་དང་མི་དམིགས་པར་བསམ་པ་དང་། རང་ལ་སྡུད་པ་རྣམས་ལས། འདིར་ཡིག་བརྒྱ་བརྗོད་པའི་རྗེས་སུ་ཕྱི་མ་ལྟར་བྱ་བ་ཡིན་པའི་ཕྱིར། དེ་ལྟར་བྱས་པ་ལ་དགོས་པ་ཡོད་དེ། བྱིན་གྱིས་བརླབ་པའི་ཆེད་ཡིན་པའི་ཕྱིར། གང་དུ་ཐིམ་པར་བསམ་པའི་ཚུལ་ཡོད་དེ། སྨིན་མཚམས་སམ་སྙིང་གར་ཐིམ་པར་བསམ་པ་ཡིན་པའི་ཕྱིར། ཚོགས་ཞིང་མཆོད་པ་ལ་དགོས་པ་ཡོད་དེ། བསོད་ནམས་ཀྱི་ཚོགས་རྫོགས་པར་འགྱུར་བའི་ཆེད་ཡིན་པའི་ཕྱིར་རོ། །དག་པ་གསུམ་གྱི་རྣལ་འབྱོར་ནས་འདིའི་བར་རྗེའི་སྨོན་ལམ་ནས་བསྟན་ཚུལ་ཡོད་དེ། སྒོ་གསུམ་སྤྱོད་པ་དཔལ་ལྡན་ཧེ་རུ་ཀའི། །སྐུ་གསུང་ཐུགས་ཀྱི་དག་བྱེད་ལྷ་རྣམས་ཀྱི། །བྱིན་གྱིས་བརླབས་པས་བགེགས་ཀུན་བཟློག་པ་དང་། རླབས་ཆེན་བསོད་ནམས་ཚོགས་ནི་རྫོགས་པར་ཤོག །ཅེས་པས་བསྟན་པའི་ཕྱིར་རོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་གསོག་པ་ལ་གཉིས། དངོས་དང་ཆོས་མཐུན་སྦྱོར་ཚུལ་བཤད་པའོ། །དང་པོ་ཇི་ལྟར་བསྒོམ་པའི་ཚུལ་ཡོད་དེ། སྔར་བཤད་པའི་མཆོད་ཡུལ་ལྷ་དང་། མཆོད་མཁན་རང་དང་། མཆོད་བྱ་རྫས་ཀྱི་འཁོར་གསུམ་དོན་དམ་པར་མ་གྲུབ་པས། རྣམ་པར་རིག་པའི་སེམས་སམ་རྟོག་པས་བཏགས་པ་ཙམ་དུ་བལྟ་ཞིང་། རང་གི་གནས་གསུམ་དུ་ཧེ་རུ་ཀ་ཞེས་པའི་ཡི་གེ་གསུམ་རིམ་པར་བཀོད་ནས་དེས་མཚོན་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ཀྱང་ཐ་སྙད་ཙམ་དུ་བྱ་བྱེད་འཐད་པའི་སྣང་སྟོང་ཟུང་དུ་འཇུག་པ་སྒྱུ་མ་ལྟ་བུའོ་སྙམ་དུ་བསྒོམ་པར་བྱ་བ་སོགས་ཡིན་པའི་ཕྱིར། དེ་ལྟར་ཡིན་ཀྱང་དེ་མ་རྟོགས་པའི་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་བདག་གིས་ཐར་བར་བྱའོ་སྙམ་དུ་ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྒོམས་ནས་རྟེན་འབྲེལ་གྱི་སྣང་བ་ཙམ་དེ་ཡང་སྡུད་པ་ཡིན་ཏེ། ༀ་སྭཱ་བྷཱ་ཞེས་སོགས་ཀྱི་དོན་བསམ་པའི་སྒོ་ནས་ཁམས་གསུམ་པོ་རང་བཞིན་གྱིས་སྟོང་པར་བསྒོམ་དགོས་པའི་ཕྱིར། སྔགས་འདིའི་ཚིག་དོན་ནི་སྔར་བཤད་ཟིན་པ་ལྟར་ཡིན་ཏེ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཚུལ་དེ་ཉིད་བསྒོམ་པར་སྟོན་པའི་སྐབས་ཡིན་པའི་ཕྱིར། དེ་ནས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ་ཧེ་རུ་ཀ་ཞེས་པའི་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས། སྨོན་ལམ་གྱི་དབང་གིས་ༀ་ཨཱཿཧཱུཾ་གསུམ་སྟེང་ནས་སྟེང་དུ་བརྩེགས་པ་ལས་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་རྣམས་སྤྲོས་ཏེ། མཐོ་རིས་སོགས་འཁོར་ལོ་གསུམ་གྱི་ལྷའི་ངོ་བོར་བྱས་ནས་དེ་རྣམས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ཡི་གེ་གསུམ་ལ་ཐིམ། ཡི་གེ་གསུམ་རིམ་གྱིས་ཐིམ་པའི་མཐའ་ཧཱུཾ་གི་ནཱ་ད་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་བཤགས་པའི་ཚད་ཙམ་དུ་གནས་པར་བསམས་ལ། སེམས་ཅན་ཐམས་ཅད་ཀྱིས་ཆོས་ཉིད་མ་རྟོགས་པས་བདག་གིས་དེ་རྟོགས་པར་བྱས་ནས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱའི་སྙམ་དུ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་བསྒོམས་ནས་ཤཱུནྱ་ཏའི་སྔགས་བརྗོད་དེ་ནཱ་ད་ཡང་འོད་གསལ་དུ་ཞུགས་པར་བསྒོམ་པ་ཡིན་པའི་ཕྱིར། ཤཱུནྱ་ཏའི་སྔགས་དོན་ཡང་ཡོད་དེ། ཤཱུནྱ་ཏ་ནི་སྟོང་པ་ཉིད། ཛྙཱ་ན་ནི་ཡེ་ཤེས། བཛྲ་ནི་རྡོ་རྗེ་སྟེ་མི་ཕྱེད་པ། སྭཱ་བྷཱ་ཝ་ནི་རང་བཞིན། ཨཏྨ་ཀ་ནི་བདག་ཉིད། ཨ་ཧཾ་ནི་ངའོ་ཞེས་པ་ཡིན་ལ། མདོར་ན་ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་དབྱེར་མི་ཕྱེད་པའི་བདག་ཉིད་དེ་ངའོ་སྙམ་དུ་རྒྱལ་པའི་ཐུགས་ཆོས་སྐུ་ལ་ང་རྒྱལ་བཞག་ནས་བསྒོམ་པར་བྱ་བའི་དོན་ཡིན་པའི་ཕྱིར་རོ། །ལས་དང་པོ་པའི་སྐབས་སུ་སྣང་ངོར་གཉིས་སྣང་ཕྲ་མོ་ཁེགས་པ་མི་འོང་ཡང་མོས་པ་ཡིད་བྱེད་ཀྱིས་ཁེགས་པར་བསམ་དགོས་པ་ཡིན་ཏེ། ནཱ་ད་ཕྲ་མོའི་སྣང་བ་སྡུད་བའི་རྒྱུ་མཚན་ནི་ཀུན་རྫོབ་ཀྱི་སྣང་བ་ཕྲ་མོ་ཡང་སྡུད་པའི་དོན་ཡིན་པའི་ཕྱིར་རོ། །འདིར་དམིགས་མེད་ཀྱི་སྙིང་རྗེ་བསྒོམ་པར་གསུངས་པ་ནི་སྤྱི་དོན་གྱི་སྙིང་རྗེ་ཡིན་ཏེ། སྤྱིར་སྙིང་རྗེ་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་ཀྱང་། འདིར་སྔ་མ་ཡིན་ལ། མོས་པ་ཙམ་གྱིས་སྦྱོང་བ་ལ་ནི་སྦས་དོན་དང་མཐར་ཐུག་གི་སྙིང་རྗེ་ཡང་ཡོད་པར་འདོད་འཇོ་ལས་བཤད་པའི་ཕྱིར། ཐུན་མོང་མ་ཡིན་པའི་སྙིང་རྗེ་ཡང་ཡོད་དེ། བླ་མེད་ཀྱི་སྐབས་སུ་བདེ་ཆེན་གྱི་ཡེ་ཤེས་ལ་སྙིང་རྗེར་བཤད་པ་ཡོད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། དགོས་པ་དང་། ཆོས་མཐུན་སྦྱོར་ཚུལ་དངོས་སོ། །དང་པོ་ནི། འདིར་སྟོང་ཉིད་བསྒོམ་པ་ལ་དགོས་པ་ཡོད་དེ། སྟོང་ཉིད་གསར་དུ་རྟོགས་པ་དང་། དྲན་པ་གསོ་བ་དང་། རྟོགས་ཟིན་བརྟན་པ་དང་། ཡེ་ཤེས་ཀྱི་ཚོགས་བསག་པ་དང་། ཐ་མལ་གྱི་སྣང་ཞེན་སྦྱོང་བ་དང་། བསྒོམ་བྱའི་རྟེན་བརྟེན་པ་རྣམས་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་རྣམ་རོལ་དུ་འཆར་བ་དང་། བདེན་འཛིན་སྤོང་བ་དང་། སྲུང་བའི་མཆོག་ཏུ་འགྱུར་བ་སོགས་ཀྱི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ཤཱུ ནྱ་ཏའི་སྔགས་དོན་ལྟར་སྟོང་ཉིད་བསྒོམ་ཚུལ་འདི་ལ་འཆི་བ་ཆོས་སྐུར་འཁྱེར་པའི་རྣལ་འབྱོར་ཞེས་བྱ་སྟེ། སྦྱང་གཞི་འཛམ་བུའི་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་ཞིག་ཕུང་སོགས་རིམ་གྱིས་ཐིམ་ནས་འཆི་བ་འོད་གསལ་མངོན་དུ་བྱེད་པ་དང་རྣམ་པའམ་ཆོས་མཐུན་ཞིང་། རྣལ་འབྱོར་པ་རང་ཉིད་ལ་འབྱུང་འགྱུར་གྱི་འཆི་བ་སྦྱོང་བར་བྱེད། ལམ་རྫོགས་རིམ་གྱིི་སྐབས་སུ་དཔེ་དང་དོན་གྱི་འོད་གསལ་དང་རྣམ་པ་མཐུན་ཞིང་། དེ་འདྲ་བའི་རྟོགས་པ་རྒྱུད་ལ་སྐྱེ་བའི་དགེ་རྩ་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར། འབྲས་བུའི་སྐབས་སུ་རྒྱལ་བའི་ཐུགས་ཆོས་སྐུ་དང་རྣམ་པ་མཐུན་ཞིང་། ད་ལྟ་ནས་ཀྱང་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་ང་རྒྱལ་བཞག་ནས་བསྒོམས་པས། དེ་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་རོ། །དེ་ལྟར་བསྒོམ་པ་དེ་སྦྱང་གཞི་ལ་འཆི་བ་འོད་གསལ་མངོན་དུ་བྱས་པ་དང་ཆོས་མཐུན་པ་ཡང་ཡིན་ཏེ། ༀ་དཀར་པོ་ནི་འཆི་བ་འོད་གསལ་དུ་འཇུག་པའི་སྣང་བ་དཀར་ལམ་པ་དང་ཆོས་མཐུན། དེ་ཨཱཿདམར་པོ་ལ་ཐིམ་པ་ནི་སྣང་དེ་མཆེད་པ་དམར་ལམ་པ་ལ་ཐིམ་པ་དང་ཆོས་མཐུན། དེ་ཧཱུཾ་སྔོན་པོ་ལ་ཐིམ་པ་ནི་མཆེད་པ་དེ་ཉེར་ཐོབ་ནག་ལམ་པར་ཐིམ་པ་དང་ཆོས་མཐུན། ཧཱུཾ་ཡིག་ནཱ་ད་དང་བཅས་པ་སྟོང་པར་ཐིམ་པ་ནི་ཉེར་ཐོབ་འོད་གསལ་དུ་ཐིམ་པ་དང་ཆོས་སམ་རྣམ་པ་མཐུན་པའི་ཕྱིར་རོ། །གཉིས་པ་ཐུན་གྱི་དངོས་གཞི་ལ་ཇི་ལྟར་བྱ་བ་ལ་གསུམ། བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་བཤད་པ། གཞལ་ཡས་ཁང་གང་ལ་གནས་པའི་རྟེན་བསྐྱེད་པ། རྣལ་འབྱོར་བཞི་བསྒོམ་པའི་ཚུལ་ལོ། །དང་པོ་ལ་གཉིས། དངོས་དང་ཆོས་མཐུན་སྦྱོར་ཚུལ་ལོ། །དང་པོ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། དེ་ལྟར་སྣང་བ་ཐམས་ཅད་བསྡུས་པའི་སྟོང་པ་ཉིད་ཀྱི་ངང་ལས་རང་གི་སེམས་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ནམ་མཁར་ནཱ་དའི་གཟུགས་གྱེན་དུ་བགྲེང་བ་ཤིན་ཏུ་ཕྲ་བ་དཀར་ལ་དམར་བའི་མདངས་ཆགས་པའི་རྣམ་པར་བཞག་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། དེ་ལྟར་བསྒོམ་པའི་ཚུལ་འདི་ལ་བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། སྦྱང་གཞི་ལ་འཆི་བ་འོད་གསལ་ལས་བར་དོའི་ལུས་འགྲུབ་པ་དང་རྣམ་པ་མཐུན་ཞིང་དེ་སྦྱོང་བར་བྱེད། རིམ་པ་གཉིས་པའི་སྐབས་སུ་དག་མ་དག་གི་སྒྱུ་མའི་སྐུ་གཉིས་དང་རྣམ་པ་མཐུན་ཞིང་དེ་འདྲ་བའི་རྫོགས་རིམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་དགེ་རྩ་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར། འབྲས་བུའི་སྐབས་སུ་ལོངས་སྤྱོད་རྫོགས་པའི་སྐུ་དང་རྣམ་པ་མཐུན་ཞིང་། ད་ལྟ་ནས་ཀྱང་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བྱས་ནས་བསྒོམས་པས་ལོངས་སྐུ་དེ་མྱུར་དུ་འགྲུབ་པར་བྱེད་པའི་བག་ཆགས་ཁྱད་པར་ཅན་འཇོག་པའི་ཕྱིར་རོ། །སྟོང་ཉིད་ལས་ལངས་མ་ཐག་ཏུ་ནཱ་ད་ནམ་མཁར་བཞག་དགོས་པ་ཡིན་ཏེ། གཞི་ལ་འཆི་བ་འོད་གསལ་ལས་ལངས་མ་ཐག་བར་དོ་འགྲུབ་པ་དང་། ལམ་དུས་སུ་དཔེ་དོན་གྱི་འོད་གསལ་ལས་ལངས་མ་ཐག་དག་མ་དག་གི་སྒྱུ་མའི་སྐུ་གཉིས་འགྲུབ་པ་དང་ཆོས་མཐུན་པར་བསྒོམ་པ་ཡིན་པའི་ཕྱིར་རོ། །ནཱ་ད་དཀར་བའི་མདངས་ཅན་དུ་བྱས་པ་ལ་དགོས་པ་ཡོད་དེ། བར་དོ་དང་ལམ་དང་འབྲལ་བུའི་སྒྱུ་ལུས་ཀྱི་སྒྲུབ་གཞི་སྲོག་འཛིན་གྱི་རླུང་ཁ་དོག་དཀར་པོ་ཡིན་པ་དེ་མཚོན་པའི་ཕྱིར། དམར་པོའི་མདངས་ཅན་དུ་བྱས་པ་ལ་དགོས་པ་ཡོད་དེ། གཞི་ལ་བར་དོ་དེ་ཉིད་ཆགས་པས་བཅིངས་པ་དང་། ལམ་དུས་ཀྱི་སྒྱུ་ལུས་པའི་ཐུགས་བདེ་ཆེན་གྱིས་བཅིངས་པ་དེ་མཚོན་པའི་ཕྱིར། འདུས་པ་དང་འཇིགས་བྱེད་སོགས་ལ་བར་དོའི་མཚོན་བྱེད་ལྷའི་རྣམ་པ་ཅན་དུ་བསྒོམ་པ་ཡོད་ཀྱང་འདིར་དེའི་མཚོན་བྱེད་ནཱ་དའི་གཟུགས་སུ་བསྒོམ་པའི་རྒྱུ་མཚན་ཡོད་དེ། སྦྱང་གཞི་བར་རོའི་སེམས་ཅན་ལུས་ཀྱི་དབྱིབས་ཚད་སོགས་མི་འདྲ་བ་དུ་མ་འབྱུང་བས་དེ་མཚོན་པའི་ཆེད་དུ་དེ་ལྟར་དུ་བསམ་པ་ཡིན་པའི་ཕྱིར་རོ། །ནཱ་ད་སུམ་འཁྱོག་ཏུ་བསྒོམ་པར་བཤད་པ་ལྟར་ན་མཚོན་ཚུལ་ཡོད་དེ། བར་དོའི་ལུས་ངག་ཡིད་གསུམ་མཚོན་པའི་ཕྱིར། མདོར་ན་འདིར་ནཱ་ད་ནམ་མཁར་འཇོག་པའི་རྒྱུ་མཚན་ཡོད་དེ། སྦྱང་གཞི་ཐ་མལ་གྱི་བར་དོ་མཚོན་པའི་སྒོ་ནས་དེ་སྦྱོང་ཞིང་ལམ་འབྲས་ཀྱི་སྒྱུ་མའི་སྐུ་འགྲུབ་པའི་རྒྱུ་བྱེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། འབྱུང་བ་རིམ་བ རྩེགས་དང་རི་རབ་བསྐྱེད་ཚུལ། སྣ་ཚོགས་པདྨ་རྡོ་རྗེ་དང་བཅས་པ་བསྐྱེད་ཚུལ་ལོ། །དང་པོ་ལ་འབྱུང་བཞི་ཇི་ལྟར་བསྐྱེད་པའི་ཚུལ་ཡོད་དེ། རྩ་རྒྱུད་ལས། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་དང་། བ་ལང་གནས་དང་སྟེང་ལྡིང་བ། །ལྷག་མ་རྩ་བསྐམས་དེ་ནས་ནི། །དུང་ཆེན་པོ་ཡི་རང་བཞིན་བྱ། །ཡང་ན་རུས་སྦལ་དག་གིའོ། །ཞེས་གསུངས་པའི་ཕྱི་མས་སོ་སོར་བསྟན་པ་ལྟར་བསྐྱེད་པ་ཡིན་པའི་ཕྱིར། དེའི་དོན་ཡང་ཡོད་དེ། བ་ལང་གནས་ནི་ས་དཀྱིལ་དང་། སྟེང་ལྡིང་ནི་ཆུ་དཀྱིལ་དང་། ལྷག་མ་བསྐམས་ནི་མེ་དཀྱིལ་དང་། རྩ་ཞེས་པ་ནི་རླུང་དཀྱིལ་དང་། རུས་སྦལ་ཞེས་པའི་ནི་རི་རབ་བསྒོམ་པར་བསྟན་པ་ཡིན་པའི་ཕྱིར། དེ་ཡང་རླུང་དཀྱིལ་ནས་རིམ་བརྩེགས་སུ་བསྐྱེད་པ་ཡིན་ཏེ། སྟོང་པའི་ངང་ལས་ས་བོན་ཡཾ་རཾ་བཾ་ལཾ་སུཾ་རྣམས་ལས་འབྱུང་བཞི་དང་རི་རབ་རྣམས་སྒྲུབ་ཐབས་སུ་བཤད་པ་ལྟར་རིམ་གྱིས་བསྐྱེད་པ་ཡིན་པའི་ཕྱིར། འབྱུང་བཞིའི་ཁ་དོག་ནི་གསལ་བ་ལྟར་ཡིན་ལ། རི་རབ་ཀྱི་ཁ་དོག་ཇི་ལྟར་བསྒོམ་པའི་ཚུལ་ཡོད་དེ། ཤར་ཤེལ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག བྱང་གསེར་གྱི་མདོག་ཏུ་བྱ་བ་སྡོམ་འགྱུར་སོགས་ནས་བཤད་པ་ལྟར་ཡིན་པའི་ཕྱིར། ལྕོག་བརྒྱད་བསྒོམ་ཚུལ་ཡང་ཡོད་དེ། སྟེང་གི་ཕྱོགས་མཚམས་བརྒྱད་དུ་རི་གྲུ་བཞི་པའི་རྣམ་པ་ཅན་ཇི་ལྟར་འཚམ་པ་བརྒྱད་བསྒོམ་པ་ཡིན་པའི་ཕྱིར། དེ་རྣམས་བསྒོམ་པ་ལ་དགོས་པ་ཡོད་དེ། ཕྱི་དཀྱིས་དང་ལུས་དཀྱིལ་གྱི་རྟེན་གྱི་དོན་དུ་དང་། རྫོགས་རིམ་གྱི་སྐབས་སུ་རྡོ་རྗེའི་ལུས་ཀྱི་གནས་ལུགས་རྟོགས་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ཇི་ལྟར་བསྒོམ་པའི་ཚུལ་ཡོད་དེ། རི་རབ་ཀྱི་སྟེང་གི་དབུས་སུ་པཾ་སེར་པོ་ལས་སྣ་ཚོགས་པདྨ་དང་། དེའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་ལྟེ་བ་དང་ཚད་མཉམ་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཞིག་ཀྱང་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །གསུམ་པ་རྣལ་འབྱོར་བཞི་བསྒོམ་པའི་ཚུལ་ལ་གཉིས། སྤྱིའི་རྣམ་གཞག་དང་། བསྒོམ་ཚུལ་དངོས་སོ། །དང་པོ་ནི། སྤྱིར་བདེ་མཆོག་གི་སྐབས་འདིར་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའི་ཚུལ་ལ་མི་འདྲ་བ་དུ་མ་ཞིག་འབྱུང་བ་ཡིན་ཏེ། སྡོམ་འབྱུང་ལས་རྟེན་བརྟེན་པ་གཉིས་ཅིག་ཅར་བསྐྱེད་པའི་རྣམ་གཞག་དང་། བཤད་རྒྱུད་མངོན་བརྗོད་དང་སཾ་བྷུ་ཊི་ནས་རིམ་ཅན་དུ་བསྐྱེད་པར་བཤད་པ་ལྟར། གྲུབ་ཆེན་ནག་པོ་སྤྱོད་པས་ཕྱི་མ་གཉིས་ཀྱི་རྗེས་སུ་འབྲང་ནས་རིམ་ཅན་དུ་བསྐྱེད་ལ། ལཱུ་ཧི་པས་ནི་སྔ་མའི་རྗེས་སུ་འབྲང་ནས་ཅིག་ཅར་དུ་བསྐྱེད་པའི་ཚུལ་གཉིས་ལས། སྤྱིར་དེ་གང་བྱས་ཀྱང་མི་འགལ་ཡང་འདིར་ལཱུ་ཧི་པའི་ལུགས་ལྟར་བྱ་བ་ཡིན་པའི་ཕྱིར། ལཱུ་ཧི་པའི་ལུགས་འདི་སྒོང་སྐྱེས་སྦྱོང་བ་ལ་མཆོས་མཐུན་སྦྱར་དུ་ཡོད་ཀྱང་གཙོ་བོ་མངལ་སྐྱེས་སྦྱོང་བ་ལ་སྦྱར་དགོས་ཏེ། སྡོམ་འབྱུང་ལས་དེ་ལྟར་བཤད་པའི་ཕྱིར་རོ། །གཉིས་པ་ལ་བཞི། བར་དོ་གང་དུ་སྐྱེ་བ་ལེན་པའི་ཁུ་བྲག་གི་ཐིག་ལེ་དང་རྣམ་པ་མཐུན་པར་བསྒོམ་པ་རྣལ་འབྱོར་དང་། ཁུ་ཁྲག་གི་དབུས་སུ་ཉིང་མཚམས་སྦྱར་ནས་ལུས་འཕེལ་བ་དང་རྣམ་པ་མཐུན་པར་བསྒོམ་པ་རྗེས་སུ་རྣལ་འབྱོར་དང་། ཕྱིར་བཙས་པ་དང་རྣམ་པ་མཐུན་པར་བསྒོམ་པ་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་ཤིན་ཏུ་རྣལ་འབྱོར་དང་། རྫོགས་རིམ་རྣལ་འབྱོར་ཆེན་པོ་བསྒོམ་པའི་ཚུལ་ཅུད་ཟད་བཤད་པའོ། །དང་པོ་ཇི་ལྟར་བསྒོམ་ཚུལ་ཡོད་དེ། རྒྱུད་དང་རྒྱ་གཞུང་གཞན་ནས་ཟླ་བ་དང་ཉི་མ་གཉིས་ཀ་བསྒོམ་པ་སོགས་བཤད་པ་ཡོད་ཀྱང་། འདིར་ལཱུ་ཧི་པའི་སྒྲུབ་ཐབས་ཀྱི་ལུགས་ལྟར་པདྨའི་ལྟེ་བར་དབྱངས་གསལ་ལུགས་འབྱུང་ལུགས་ལྡོག་ཏུ་བཀོད་པ་ཡོངས་སུ་གྱུར་པ་ལས། དབྱངས་གསལ་གྱི་གཟུགས་བརྙན་དང་ལྡན་པའི་ཟླ་བའི་དཀྱིལ་འཁོར་དཀར་ལ་དམར་པའི་མདངས་ཅན་དུ་བསྒོམ་པ་ཡིན་པའི་ཕྱིར། དབྱངས་གསལ་གྱི་མཚོན་དོན་ཡོད་དེ། དབྱངས་སོ་གཉིས་ཀྱིས་མཚན་སོ་གཉིས་དང་། གསལ་བྱེད་བརྒྱད་ཅུས་དཔེ་བྱད་བརྒྱད་ཅུ་མཚོན་པའི་ཕྱིར། དབྱངས་སོ་གཉིས་སུ་འབྱེད་པའི་རྒྱུ་མཚན་ཡོད་དེ། སྡོམ་འབྱུང་ལས། དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། ཇི་སྲིད་ཟླ་བ་རྫོགས་པའི་བར། །དཀར་པོའི་ཚེས་གཅིག་ལ་ཨ་ཡིག །རྒད་པའི་སོར་མོར་ཡི་གེ་ལ། །ཞེས་པ་ནས། ནག་པོའི་ཚེས་གཅིག་ནས་བརྩམས་ཏེ། ཇི་སྲིད་གཞན་ནམ་དེ་སྲིན་ལ། །འཕོ་བ་དེ་བཞིན་ཉིད་དུ་འགྱུར། །ཞེས་པའི་བར་གྱིས་བསྟན་པ་ལྟར་ཟླ་བ་ཡར་ངོ་མར་ངོའི་དབྱེ་བས་ལུས་ཀྱི་ཐིག་ལེ་དཀར་པོ་རྐང་པ་ནས་ཡར་བརྩེགས་པ་དང་སྤྱི་བོ་ནས་མར་འབབ་པའི་ཆ་སོ་གཉིས་དང་སྦྱོར་བའི་ཆེད་ཡིན་པའི་ཕྱིར། གསལ་བྱེད་བརྒྱད་ཅུར་འབྱེད་པའི་རྒྱུ་མཚན་ཡོད་དེ། གསལ་བྱེད་རྣམས་ས་སོགས་ཁམས་ལྔར་བསྡུས་ནས་དགའ་བ་བཞི་བཞི་སྟེ་ཉི་ཤུ། དེ་རེ་རེར་ཡང་ཁམས་དམར་པོའི་རྡུལ་རེ་རེ་གནས་པས་བཞི་བཅུ། དེ་ལའང་ཐབས་ཤེས་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཅུར་བཞག་པའི་ཕྱིར་རོ། །ཟླ་བ་དང་དབྱངས་གསལ་གཉིས་ཀྱིས་ཡེ་ཤེས་གང་མཚོན་པ་ཡང་ཡོད་དེ། ཨཱ་ལི་དང་ཟླ་བའི་དཀར་ཆས་མེ་འོད་ལྟ་བུའི་ཡེ་ཤེས་མཚོན་ཞིང་དེ་ལས་བྱང་ཆུབ་པ་དང་། ཀཱ་ལི་དང་ཟླ་བའི་དམར་ཆས་མཉམ་པ་ཉིད་ཀྱི་ཡེ་ཤེས་མཚོན་ཞིང་དེ་ལས་བྱང་ཆུབ་པ་ཡིན་པའི་ཕྱིར་རོ། །གསལ་བྱེད་ཀྱི་ཡི་གེ་ལ་ལྷག་པ་བསྣོན་ཚུལ་ཡོད་དེ། ཌ་ཌྷ་ད་དྷ་ཡ་ལ་སྟེ་དྲུག་བསྣོན་པར་བྱ་བའི་ཕྱིར་རོ། །དེ་ལྟར་བསྒོམ་པ་ལ་རྣལ་འབྱོར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དབྱངས་གསལ་གཉིས་ནས་གཅིག་གི་ངོ་བོར་སྦྱོར་བ་དང་། ཟླ་བ་གཅིག་ཉིད་ཡེ་ཤེས་གཉིས་ཀྱི་ངོ་བོར་སྦྱོར་བའི་རྣལ་འབྱོར་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །གཉིས་པ་ཇི་ལྟར་བསྒོམ་པའི་ཚུལ་ཡོད་དེ། རང་ནམ་མཁའི་ནཱ་དས་ཟླ་བ་དཀར་ལ་དམར་བའི་མདངས་ཅན་མཐོང་བ་ན། སངས་རྒྱས་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གྱི་དབུས་སུ་སྐྱེ་བ་བླང་བར་བྱའོ་སྙམ་པ་སོགས་ཀྱི་འཕེན་པས་དེ་ལ་ཞུགས་པ་ལས། རྒྱུ་རྡོ་རྗེ་འཛིན་པའི་ངོ་བོ་ཧཱུཾ་ཡིག་དཀར་ལ་དམར་པའི་མདངས་ཅན་ཞིག་ཏུ་རིམ་གྱིས་རྫོགས་པར་གྱུར་པ་ནི་སོར་རྟོགས་ཡེ་ཤེས་ལས་བྱང་ཆུབ་པ་ཡིན་ལ། དེ་ལས་འཁོར་ལོ་ལྔའི་ལྷ་ཚོགས་ཀྱི་སྤྲོ་བསྡུ་བྱེད་པ་ནི་བྱ་གྲུབ་ཡེ་ཤེས་ལས་བྱང་ཆུབ་པ་ཡིན་པའི་ཕྱིར་རོ། །ཡེ་ཤེས་དེ་གཉིས་ལ་རྗེས་སུ་རྣལ་འབྱོར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྔར་བཤད་པའི་ཟླ་བ་དེ་བདེ་བ་ཆེན་པོའི་རྒྱུ་ཡིན་པ་དེ་བཞིན་དུ་ཧཱུཾ་ཡིག་འདིའང་འདིའི་རྗེས་སུ་མཐུན་པའི་རྒྱུ་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །དེ་ལྟ་བུའི་རིམ་པ་འདི་ལ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་ཞེས་བྱ་སྟེ། སྦྱང་གཞི་ལ་བར་དོའི་རྣམ་ཤེས་ཕ་མའི་ཁུ་ཁྲག་གི་དབུས་སུ་སྐྱེ་བ་བླངས་པ་དང་ཆོས་མཐུན་ཞིང་སྒྲུབ་པ་པོ་རང་ཉིད་ཀྱི་སྐྱེ་བ་སྦྱོང་བར་བྱེད། ལམ་རྫོགས་རིམ་གྱི་སྐབས་སུ་དག་མ་དག་པའི་སྒྱུ་མའི་སྐུས་རགས་པའི་སྤྲུལ་སྐུ་བཟུང་བ་དང་ཆོས་མཐུན་ཞིང་དེ་ལྟ་བུའི་རྟོགས་པ་རྒྱུད་ལ་སྐྱེ་བའི་དགེ་རྩ་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར། འབྲས་བུའི་སྐབས་སུ་ལོངས་སྤྱོད་རྫོགས་པའི་སྐུས་མཛད་པ་བཅུ་གཉིས་སོགས་མཛད་པའི་སྤྲུལ་སྐུའི་རྣམ་པ་བསྟན་པ་དང་ཆོས་མཐུན་ཞིང་། ད་ལྟ་ནས་ཀྱང་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བྱས་ནས་བསྒོམས་པས་སྤྲུལ་སྐུ་དེ་མྱུར་དུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་རོ། །དེ་ལྟ་བུ་དེ་སྦྱང་གཞི་དང་ཡང་ཆོས་མཐུན་པ་ཡིན་ཏེ། འབྱུང་བཞི་རི་རབ་དང་བཅས་པ་ནི་ཕ་མ་གཉིས་ཀྱི་ལུས་སྤྱི་དང་ཆོས་མཐུན། སྣ་ཚོགས་པདྨ་ཆུང་ངུ་ནི་དེ་གཉིས་ཀྱི་རྩ་འཁོར་དང་ཆོས་མཐུན། དབྱངས་གསལ་དཀར་དམར་བ་ནི་དེ་གཉིས་ཀྱི་ཁམས་དཀར་དམར་དང་ཆོས་མཐུན། དབྱངས་གསལ་གཉིས་འདྲེས་ནས་ཟླ་བ་དཀར་ལ་དམར་བའི་མདངས་ཅན་དུ་སོང་བ་ནི། ཁམས་དཀར་དམར་གཉིས་མའི་མངལ་དུ་འདྲེས་པ་དང་ཆོས་མཐུན། ཟླ་བའི་དབུས་སུ་ནཱ་ད་ཞུགས་པ་ནི་ཐིག་ལེའི་དབུས་སུ་བར་དོའི་རྣམ་ཤེས་ཞུགས་པ་དང་ཆོས་མཐུན། དེ་ནས་ཧཱུཾ་ཡིག་ཏུ་རིམ་གྱིས་རྫོགས་པ་ནི། མངལ་དུ་ལུས་རིམ་གྱིས་འཕེལ་བ་དང་ཆོས་མཐུན། དེ་ལས་འབྲས་བུ་ཧེ་རུ་ཀའི་སྐུ་རྫོགས་པར་བསྐྱེད་པ་ནི་མངལ་ནས་ཕྱི་རོལ་དུ་བཙས་པ་དང་ཆོས་མཐུན་པའི་ཕྱིར་རོ། །ལམ་རྫོགས་རིམ་གྱི་སྐབས་དང་སྦྱར་བའི་མཚོན་དོན་ཁྱད་པར་ཅན་ཡོད་དེ། སྣ་ཚོགས་པདྨས་ནི་རྫོགས་རིམ་པའི་ཕོ་མོ་གཉིས་ཀྱི་རྩ་འཁོར་དེ་མཚོན། དབྱངས་གསལ་གྱིས་དེ་གཉིས་ཀྱི་ཁམས་དཀར་དམར་དེ་མཚོན། ཟླ་བ་དཀར་དམར་གྱི་ཁམས་དཀར་དམར་གྱི་འདུ་འཕྲོད་དེ་མཚོན། དེར་ནཱ་ད་ཞུགས་ཏེ་ཧཱུཾ་ཡིག་ཏུ་གྱུར་པས་ནི་འདུ་འཕྲོད་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་མཚོན་པའི་ཕྱིར་རོ། །རྫོགས་རིམ་པས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་བདེ་ཆེན་འདྲེན་ཚུལ་ཡང་མཚོན་པ་ཡིན་ཏེ། པདྨས་སྒྲུབ་པ་པོའི་རྩ་འཁོར་དང་། གསལ་བྱེད་ཀྱིས་ལྟེ་བར་གནད་དུ་བསྣུན་པས་གཏུམ་མོ་སྦར་བ་དང་། དབྱངས་ཀྱིས་ཁམས་ཞུ་བ་དང་། དེ་ཉིད་ཡོངས་སུ་བྱུང་བ་ལས་ཟླ་བ་དཀར་ལ་དམར་བའི་མདངས་ཅན་དུ་བསྐྱེད་པས་ནི་ཁམས་དཀར་དམར་གྱི་འདུ་འཕྲོ་དང་། ཟླ་བའི་དབུས་སུ་ནཱ་ད་ཞུགས་པ་ལས་ཧཱུཾ་ཡིག་ཏུ་གྱུར་པས་ནི། འདུ་འཕྲོ་བྱས་པ་ལས་བྱུང་བའི་ཡས་བབ་མས་བརྟན་གྱི་ལྷན་སྐྱེས་ཁྱད་པར་ཅན་མཚོན་པའི་ཕྱིར་རོ། །དེ་ནས་སྐད་ཅིག་མའི་སྔགས་བརྗོད་ཅིང་དེའི་དོན་བསྒོམ་ཚུལ་ཡོད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པའི་ཆོས་ཀྱི་སྐུའི་བདག་ཉིད་དེ་ངའོ་སྙམ་དུ་ང་རྒྱལ་བཟུང་ནས་བསྒོམ་པ་ཡིན་པའི་ཕྱིར་རོ། །དམིགས་མེད་ཀྱི་སྙིང་རྗེ་བསྒོམ་པ་ནས་འདིའི་བར་རྗེས་སྨོན་ལམ་ནས་བསྟན་ཚུལ་ཡོད་དེ། སྤྲོས་ཀུན་འོད་གསལ་གནས་སུ་སྡུད་པ་དང་། །ཞེས་པ་ནས། དེ་འདྲའི་རྫོགས་རིམ་སྐྱེ་བའི་སྣོད་གྱུར་ཅིག ཅེས་པའི་བར་གྱིས་བསྟན་པའི་ཕྱིར་རོ། །གསུམ་པ་ལ་ལྔ། རྟེན་བརྟེན་པ་བསྐྱེད་ཚུལ་མདོར་བསྟན་པ། གསལ་གདབ་པ་རྒྱས་པར་བཤད་པ། ཕྱོགས་མཐུན་གྱི་དག་པ་དང་ལུས་དཀྱིལ་བསྒོམ་ཚུལ། གོ་བགོས་ཏེ་ཡེ་ཤེས་པ་བཅུག་ནས་དབང་བསྐུར་བ། མཆོད་བསྟོད་དང་དག་པ་དྲན་ཚུལ་ལོ། །དང་པོ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཟླ་བ་དབྱངས་གསལ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྟེན་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ཏུ་གྱུར་པའི་ཚུལ་གྱིིས་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པ་ཡིན་པའི་ཕྱིར་རོ། ཁ་ཅིག་ཚུལ་འདི་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་ཡིན་ན་སྦྱང་གཞི་ལ་སྣོད་བཅུད་རིམ་གྱིས་གྲུབ་ཅིང་འདིར་རྟེན་བརྟེན་པ་ཅིག་ཅར་དུ་གྲུབ་པས་ཆོས་མི་མཐུན་པས་ཇི་ལྟར་བྱ་ཞེ་ན། སྐྱོན་མེད་དེ། དེ་དང་གོ་རིམ་ཆོས་མཐུན་ཇི་ལྟ་བ་བཞིན་མི་སྦྱོར་ཡང་རྟེན་གཞལ་ཡས་ཁང་བསྒོམ་པ་ནི་གང་དུ་སྐྱེ་བའི་གནས་དང་ཆོས་མཐུན་ཞིང་། བརྟེན་པའི་ལྷ་ནི་སེམས་ཅན་མངལ་དུ་སྐྱེ་བ་བླངས་ནས་ཕྱི་རོལ་ཏུ་བཙས་པ་དང་འདྲ་བས་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་འཁྱེར་དུ་འཇོག་པ་ཡིན་པའི་ཕྱིར། དེ་ལྟར་བསྒོམས་པ་ལ་དགོས་པ་ཡོད་དེ། ལམ་དང་འབྲས་བུའི་སྐབས་སུ་རྟེན་བརྟེན་པའི་དཀྱིལ་འཁོར་དུས་མཉམ་དུ་གྲུབ་པ་དང་རྣམ་པ་མཐུན་ཞིང་དེ་འགྲུབ་པའི་དགེ་རྩ་སྨིན་བྱེད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས། རྟེན་གསལ་གདབ་པ་དང་། བརྟེན་པ་ལ་གསལ་གདབ་པའོ། །དང་པོ་ལ་གཉིས། དུར་ཁྲོད་དང་། གཞལ་ཡས་ཁང་བསྒོམ་པའི་ཚུལ་ལོ། །དང་པོ་ནི། སྒྲུབ་ཐབས་ལས་གཞལ་ཡས་ཁང་གི་རྩིག་པ་སོགས་དུར་ཁྲོད་ཀྱི་སྔོན་དུ་བྱུང་ཡང་འདིར་དུར་ཁྲོད་སྔོན་དུ་འཆད་པ་ཡིན་ཏེ། གཞལ་ཡས་ཁང་གི་རྣམ་གཞག་རྣམས་ལྷན་ཅིག་འཆད་པར་འགྱུར་པའི་ཕྱིར་རོ། །དེ་ལྟར་ན་དུར་ཁྲོད་བསྒོམ་པའི་ཚུལ་ཡོད་དེ། ཤར་དུ་གཏུམ་དྲག་ཞེས་སོགས་སྒྲུབ་ཐབས་སུ་ཤིན་ཏུ་གསལ་བ་ལྟར་བསྒོམ་པའི་ཕྱིར་རོ། །དུར་ཁྲོད་བསྒོམ་ཚུལ་འདི་རྒྱས་པའི་དབང་དུ་བྱས་པ་ཡིན་གྱི། བསྡུས་ཏེ་བསྒོམ་པར་འདོད་ནའང་རུང་སྟེ། ལྷ་སྔ་དང་གཤིན་རྗེ་གཤེད་ཀྱི་དུར་ཁྲོད་ལྟར་ཡིན་པའི་ཕྱིར་རོ། །དུར་ཁྲོད་ཀྱི་མཚོན་དོན་ཡོད་དེ། དེར་རོ་བདག་མེད་པ་ལྟར་མི་རྟག་པ་དང་བདག་མེད་པ་དང་ཡིད་འབྱུང་བ་མཚོན་པའི་ཕྱིར་རོ། །གཉིས་པ་ལ། དུར་ཁྲོད་ཀྱི་ནང་དུ་རྡོར་ར་མེ་རི་དང་བཅས་པ་བསྒོམ་དགོས་ཏེ། སྒྲུབ་ཐབས་དངོས་གཞི་བསྒོམ་པ་ལ་བར་ཆད་མི་འབྱུང་བའི་ཆེད་ཡིན་པའི་ཕྱིར་རོ། །འོ་ན་འདིར་བསྒོམ་པའི་རྡོར་ར་སོགས་སྔར་སྲུང་འཁོར་གྱི་སྐབས་སུ་བསྒོམ་པ་དེ་ཡིན་ནམ། གསར་དུ་བསྐྱེད་པ་ཡིན་ཞེ་ན། གཞན་ནས་དེ་ཙམ་དུ་མི་གསལ་ཡང་། སྔ་མ་འོད་གསལ་དུ་བསྡུས་ནས་ཕྱི་མ་གསར་དུ་བསྐྱེད་པ་ཡིན་ཏེ། རྗེའི་འདོད་འཇོ་ལས། དེ་རྣམས་འོད་གསལ་དུ་བསྡུས་ཏེ་གཞལ་ཡས་ཁང་གྲུབ་པའི་དུས་སུ་སླར་ཡང་རྡོ་རྗེའི་རབ་གྲུབ་པར་བཤད་ཀྱི། གཞན་གཉིས་མ་བྱུང་ཡང་མེད་ཀྱང་ཆོག་གོ ཞེས་གསུངས་པའི་ཕྱིར། འདིར་སྔ་མ་འོད་གསལ་དུ་བསྡུས་ནས་ཕྱི་མ་བསྐྱེད་པ་ཡང་མི་འགལ་ཏེ། འཕགས་ལུགས་ཀྱི་སྲུང་འཁོར་ཐུན་མོང་མ་ཡིན་པ་འོད་གསལ་དུ་བསྡུས་ནས་ཕྱི་མ་བསྐྱེད་པ་ལྟ་བུ་ཡིན་པའི་ཕྱིར་རོ། །དེའི་ནང་དུ་སྣ་ཚོགས་པདྨའི་ལྟེ་བར་སྣ་ཚོགས་རྡོ་རྗེ་བསྒོམ་དགོས་པ་ཡིན་ཏེ། སྔ་མ་ཕྱི་མའི་རྟེན་གཞི་ཡིན་ཞིང་། གཉིས་ཀའང་གཞལ་ཡས་ཁང་གི་རྟེན་གཞི་ཡིན་པའི་ཕྱིར། སྣ་ཚོགས་རྡོ་རྗེའི་དབྱིབས་སོགས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ལྟེ་བའི་དབྱིབས་གྲུབ་བཞི་པ་བྲེ་ལེབ་ཀྱི་རྣམ་པ་ཅན། རྒྱར་སྒོ་ཚད་བཅུ་གཉིས། དཔངས་སུ་སྒོ་ཚད་ལྔའམ་ཕྱེད་ལྔ། རྭའི་གྲངས་ནི་ཕྱོགས་རེ་རེར་ལྔ་ལྔ་སྟེ་ཉི་ཤུ་པའམ་གསུམ་གསུམ་སྟེ་བཅུ་གཉིས། སྲིད་རྟ་བབས་སྒོ་ཚད་གསུམ་མ་ལ་རྭ་སྒོ་ཚད་བཞི་དང་། རྟ་བབས་སྒོ་ཚད་གཅིག་མ་ལ་རྭ་སྒོ་ཚད་གཉིས་ཡིན་ཞིང་། མདོག་ནི་རྭ་ཁྲའམ་ཕྱོགས་མདོག་གང་བྱས་ཀྱང་མི་འགལ་བའི་ཕྱིར། གཞལ་ཡས་ཁང་གི་རྩིག་པ་སོགས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཕྱོགས་སོ་སོའི་ལྟེ་བའི་ཟད་མཚམས་ནས་ནང་དུ་སྒོ་ཚད་གཉིས་གཉིས་དོར་བའི་མཚམས་ཀྱི་མཐའ་ནས་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་པ་ལྔ་ཀ་བསྡོམས་པའི་ཞེང་ཆ་ཕྲན་གཅིག དཔངས་ཆ་ཕྲན་བཅུ་གསུམ། དེའི་སྟེང་དུ་ཕ་གུ་དཔངས་ཆ་ཕྲན་གཅིག་དང་ཞེང་ཆ་ཕྲན་ཕྱེད་གཉིས་ཡོད་པའི་ཕྱིར་འཕགས་པ། དེའི་ཕྱི་ངོས་སུ་རིན་པོ་ཆེ་དབྱིབས་དང་ཁ་དོག་སྣ་ཚོགས་པས་སྤྲས་པ། དེའི་སྟེང་དུ་གསེར་གྱི་སྐ་རགས་སྣམ་བུ་ལེབ་མོར་བརྐྱང་བ་ལྟ་བུ་བཞི་སོ་སོའི་འོག་གི་བར་བར་དུ་ཀ་ཆུང་བྲེ་ཕུལ་དང་བཅས་པ་བཙུགས་པའི་བཞི་ཀ་བསྡོམས་པའི་དཔངས་ཆ་ཕྲན་གཉིས་དང་ཞེང་ཆ་ཕྲན་གཅིག་པས་ཁོར་ཡུག་ཏུ་བསྐོར། དེའི་ཕྱི་ངོས་སུ་དྲ་བ་དང་དྲ་ཕྱེད་རྔ་ཡབ་དང་བཅས་པ། དེའི་སྟེང་ངོས་སུ་གཞལ་ཡས་ཁང་གི་ཐོག་གི་ཕྱི་སྣེ་བྱ་འདབ་འོག་གི་འདོད་སྣམ་དང་མཉམ་པར་ཆ་ཕྲན་གཉིས་ཕྱིར་འཕགས་པའི་ཕྱི་ངོས་སུ་རིན་པོ་ཆེའི་ཤར་བུ་ཐུར་དུ་འཕྱང་བ། དེའི་ཐད་ཀྱི་སྟེང་ཕྱོགས་སུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་རྒྱར་ཆ་ཕྲན་གཅིག་དང་དཔངས་ཆ་ཕྲན་གཅིག་གམ་ཕྱེད་པ་དེའི་སྟེང་དུ་རྒྱལ་མཚན་དང་བ་དན་སོགས་ཀྱིས་མཛེས་པར་བྱས་པ་ཡིན་པའི་ཕྱིར། དཔངས་ཚད་ཀྱང་ཡོད་དེ་གཞལ་ཡས་ཁང་གི་ནང་གི་དཔངས་སུ་ཆ་ཕྲན་བཅུ་དྲུག་ཡོད་པའི་ཕྱིར་རོ། །སྒོ་དང་སྒོ་འཁྱུད་སོགས་ཀྱི་ཁྱད་པར་ཡོད་དེ། རྩ་ཐིག་དང་ཚངས་ཐིག་འཕྲད་མཚམས་ནས་བརྒྱད་ཆ་ཕྱིའི་སྒོ། དེ་ནས་ཆ་ཕྲན་བཞི་ཕྱིར་སོང་བས་སྒོ་འཁྱུད། དེ་ནས་ཆ་ཕྲན་གཉིས་རེ་གཡས་གཡོན་དུ་སོང་བས་སྒོ་འགྲམ། དེ་ནས་ཆ་ཕྲན་གཉིས་རེ་ཐད་ཀར་སོང་བས་སྒོ་ལོགས་སུ་འགྱུར་བའི་ཕྱིར་རོ། །འགྲམ་ལོགས་གཉིས་སྒོ་དང་མི་མཉམ་པའི་ཕྱོགས་འདི་ལ་སྒོ་ལོགས་ཀྱི་གདོང་དང་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཟད་མཚམས་ཀྱི་བར་ལ་ཆ་ཕྲན་གཅིག་ཡོད་པར་བཤད་ཀྱང་། འགྲམ་ལོགས་སྒོ་དང་མཉམ་པ་ལ་ནི་སྔ་མ་དང་མི་འདྲ་སྟེ། དེ་ལ་ནི་རྡོ་རྗེའི་ལྟེ་བའི་ཟད་མཚམས་དང་རྩིག་གདོང་གཉིས་ཁ་ད་ཆད་དུ་ཡོད་པའི་ཕྱིར་རོ། །ནང་གི་འཁོར་ལོ་ཐོག་དང་བཅས་པ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། སྐུ་འཁོར་གྱི་རྩིབས་རྣམས་ཀྱི་བར་སྟོང་ནི་དམ་ཚིག་གི་འཁོར་ལོའི་ལྟེ་བ་ཡིན་པས་ཕྱོགས་མདོག་དང་། དེ་བཞིན་དུ་གསུང་དང་ཐུགས་ཀྱི་འཁོ་ལོའི་རྩིབས་རྣམས་ཀྱི་བར་གྱི་གཞི་ནི་རང་རང་གི་འོག་མའི་ལྟེ་བའི་མདོག་ཡིན་ཞིང་། བདེ་ཆེན་གྱི་འཁོར་ལོ་ཡང་ཐུགས་ཀྱི་འཁོར་ལོའི་ལྟེ་བ་ན་ཡོད་པས་སྔ་མ་དང་མཚུངས་པའི་ཕྱིར། དམ་ཚིག་གི་འཁོར་ལོ་ནི་འོག་གཞི་དང་མཉམ་ཞིང་སྐུ་འཁོར་ནས་རིམ་གྱིས་མཐོ་བ་ཡིན་ཏེ། འཁོར་ལོ་བཞི་ནི་རིམ་པ་བཞིན་ཆ་ཕྲན་གཉིས་དང་། གཅིག་དང་། ཕྱེད་དང་། ཆ་ཕྲན་གཅིག་གི་བཞི་ཆས་ཕྱི་མ་ཕྱི་མ་མཐོ་བའི་ཕྱིར། འཁོར་ལོའི་ཞིང་ཚད་ཀྱི་ཁྱད་པར་ཡོད་དེ། བདེ་ཆེན་གྱི་འཁོར་ལོའི་ལྟེ་བ་ལ་སྒོ་ཚད་གཅིག་དང་། འདབ་མ་དང་འཁོར་ལོའི་རྩིབས་རྣམས་ལ་ཆ་ཕྲན་གསུམ་གསུམ། མུ་ཁྱུད་རྣམས་ལ་ཆ་ཕྲན་ཕྱེད་རེ་ཡིན་པའི་ཕྱིར། ལྷའི་དབང་དུ་བྱས་ན་མཐོ་དམན་དུ་འགྱུར་ཚུལ་ཡོད་དེ། ལྷ་ཐམས་ཅད་ཀྱི་སྐུའི་དཔངས་ལ་སྒོ་ཚད་རེ་རེ་ཡིན་ཡང་འཁོར་ལོའི་དཔངས་ཀྱི་ས་དམ་ཚིག་སྐུ་གསུང་ཐུགས་བདེ་ཆེན་གྱི་འཁོར་ལོའི་ལྷ་རྣམས་རིམ་པ་བཞིན་གཙོ་བོའི་ཞབས་དང་། ལྟེ་བ་དང་། ཐུགས་ཀ་དང་། མགྲིན་པ་དང་། མཛོད་སྤུའི་ཐད་ཀར་སླེབས་ཙམ་གྱི་ཚུལ་དུ་ཡོད་པའི་ཕྱིར་རོ། །དེ་ལྟར་ན་སྐུ་འཁོར་གྱི་ལྷའི་ཞབས་བཙུགས་ས་ནས་ཆ་ཕྲན་གཅིག་གིས་མཐོ་བའི་ས་ནས་གསུང་འཁོར་གྱི་ལྷ་རྣམས་ཀྱི་ཞབས་བཞག་པ་ཡིན་ཏེ། རིགས་པ་སྔ་མ་དེ་ཉིད་ཀྱིས་འགྲུབ་པའི་ཕྱིར་རོ། །འོ་ན། འཁོར་རྣམས་ལ་དེ་ལྟར་མཐོ་ཁྱད་བྱུང་བ་དེ་ནི་འཁོར་ལོ་རྣམས་གནས་པའི་གཞི་དང་བཅས་པ་ཡིན་ནམ། འཁོར་ལོ་གཅིག་པུ་ཡིན་ཞེ་ན། མཁས་པ་ཕལ་ཆེར་ཁྱད་པར་མི་འབྱེད་པར་འཁོར་ལོ་ཉིད་ཡིན་པ་ལ་བྱེད་ཀྱང་ཁྱད་པར་འབྱེད་དགོས་ཏེ། རྗེའི་འདོད་འཇོ་ལས། དེ་ལྟར་འོག་མ་འོག་མ་ལས་གོང་མ་གོང་མ་ཡར་འཕགས་པའང་འཁོར་ལོ་གང་ལ་གནས་པའི་གཞི་ལ་བྱ་དགོས་ལ། འཁོར་ལོའི་རྩིབས་རྣམས་དང་མུ་ཁྱུད་རྣམས་ནི་ཚད་དེ་ལས་མཐོ་བ་མིན་པས་ངོ་མཐོང་ཙམ་དུ་བྱའོ། །ཞེས་གསལ་པར་བཤད་པའི་ཕྱིར་རོ། །ཐོག་གི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། དམ་ཚིག་གི་འཁོར་ལོའི་ཟུར་གྱི་ཐོག་ནི་གདུང་གྲུ་ཆོད་དུ་བཏང་བའི་ཚུལ་གྱིས་འབུབས་པ་ཡིན་ལ། སྐུ་འཁོར་གྱི་རྩིབས་དང་ལྟེ་བའི་ཟད་མཚམས་ནས་ཀ་བ་དཔངས་ཆ་ཕྲན་བཅུ་གསུམ་བྲེེ་ཕུལ་དང་བཅས་པ་དང་། ཞེད་ཆ་ཕྲན་གཅིག་པ་ཕྱོགས་རེ་རེར་གཉིས་གཉིས་ཏེ་བརྒྱད་བཙུགས་པའི་སྟེང་དུ་གདུང་ཟླུམ་འཁོར་མར་བཏང་བ་ལ་ལྕམ་སྣེ་ནང་མ་དང་། ཕྱི་མ་དམ་ཚིག་གི་འཁོར་ལོའི་ཐོག་ཅུང་ཟད་ཡོད་པའི་ཁ་གདངས་ལ་ཀ་ཆུང་བྲེ་ཕུལ་དང་བཅས་པ་བཙུགས་པའི་སྟེང་དུ་གདུང་ཟླུམ་འཁོར་མར་བྱས་པ་ལ་བཀལ་ནས་འབུབས་པ་ཡིན་པའི་ཕྱིར། དེ་བཞིན་དུ་གསུང་དང་ཐུགས་ཀྱི་འཁོར་ལོ་གཉིས་པའང་སྦྱར་བར་བྱ་སྟེ། ཀ་བ་སྔར་ལྟར་བཙུགས་པའི་ལྟེང་དུ་གདུང་བཏང་པ་ལ་ལྕམ་སྣེ་ནང་མ་དང་། ཕྱི་མ་རང་རང་གི་འོག་ཐོག་གི མཐའི་སྟེང་དུ་ཀ་ཆུང་སོགས་བྱས་པ་ལ་བཀལ་པའི་ཚུལ་གྱིས་འབུབས་པ་དང་། བདེ་ཆེན་གྱི་འཁོར་ལོའི་ཕྱོགས་མཚམས་ཀྱི་པདྨའི་འདབ་མའི་བར་མཚམས་ཀྱི་ཐད་ཕྱིའི་མུ་ཁྱུད་ཀྱི་ཕྱོགས་རེ་རེར་ཀ་པ་གཉིས་གཉིས་ཏེ་བརྒྱད་ཀྱི་སྟེང་དུ་གདུང་འཁོར་བཏང་པ་ལ་ཕྱོགས་བཞིར་གདུང་བཞི་མིག་མངས་རིས་སུ་བྲེས་ཤིང་ཐོག་བྱ་ལ། དབུས་ཀྱི་རེ་མིག་གི་སྟེང་དུ་རྡོ་རྗེ་ནོར་བུའི་ཏོག་གིས་སྤྲས་པའི་རྒྱ་ཕིབས་གུར་རམ་མཆོད་རྟེན་ལྟར་བྱ་བ་ཡིན་པའི་ཕྱིར་རོ། །ཀ་བ་རྣམས་བསྡོམས་པའི་གྲངས་ཀྱང་ཡོད་དེ། རྟ་བབས་ཀྱི་ཀ་བ་བཅུ་དྲུག སྒོ་ལོགས་ཀྱི་ཀ་བ་བརྒྱད། འཁོར་ལོ་བཞིའི་ཀ་བ་སོ་གཉིས་ཏེ་ང་དྲུག་ཡོད་པའི་ཕྱིར་རོ། །རྟ་བབས་གང་ན་གནས་པ་དང་སྣམ་བུའི་གྲངས་ཀྱང་ཡོད་དེ། སྒོ་བཞི་སོ་སོར་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་ཞེས་སོགས་སྒྲུབ་ཐབས་ནས་འབྱུང་བ་ལྟར་ཡོད་པའི་ཕྱིར། སྣམ་བུ་རྣམས་ཀྱི་ཚད་དབྱིབས་དང་ལྷག་མ་གཞན་རྣམས་འདིར་རེ་ཞིག་མི་འཆད་དེ། མང་དུ་དོགས་པས་གཞན་དུ་ཤེས་པར་བྱ་དགོས་པའི་ཕྱིར་རོ། །དེ་ལྟ་བུའི་གཞལ་ཡས་ཁང་བསྒོམ་པ་ལ་དགོས་པ་ཡོད་དེ། སྦྱང་གཞི་རང་ཉིད་ལ་འབྱུང་འགྱུར་གྱི་མ་དག་པའི་སྣོད་ཀྱི་འཇིག་རྟེན་ལ་ལོངས་སྤྱོད་དགོས་པའི་ལས་ཀྱི་ནུས་པ་སྦྱོང་། ལམ་རྫོགས་རིམ་གྱི་སྐབས་སུ་དག་མ་དག་གི་སྒྱུ་ལུས་པའི་རྟེན་གཞལ་ཡས་ཁང་དངོས་གནས་ལ་འགྲུབ་པའི་དགེ་རྩ་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར། འབྲས་བུ་སངས་རྒྱས་ཀྱི་སའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་དང་རྣམ་པ་མཐུན་ཞིང་། ད་ལྟ་ནས་ཀྱང་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བྱས་ནས་བསྒོམས་པས་དེ་འདྲ་བ་མྱུར་དུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་རོ། །གཉིས་པ་ལ་གཉིས། གཙོ་བོ་ཡབ་ཡུམ་གསལ་གདབ་པ་དང་། འཁོར་རྣམས་གསལ་གདབ་པའོ། །དང་པོ་ནི། དབུས་ཀྱི་པདྨའི་ལྟེ་བར་ཞེས་སོགས་འབྱུང་བ་ལྟར་ཡིན་ལ། འདི་ལ་གཉིས། བཤད་ཚུལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བཤད་རྒྱུད་མངོན་བརྗོད་སོགས་ནས་བདེ་མཆོག་ལ་ཞལ་ཕྱག་ཕྱག་མཚན་སོགས་མི་འདྲ་བ་དུ་མ་ཞིག་བཤད་པ་ཡོད་དེ། ཞལ་བཞི་ཕྱག་བཅུ་གཉིས་པ་འདི་ལྟ་བུ་དང་། ཞལ་གསུམ་ཕྱག་དྲུག་པ། ཞལ་དྲུག་ཕྱག་བཅུ་གཉིས་པ། ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞལ་བཅུ་གཉིས་ཕྱག་ཉེར་བཞི་པ་དང་། དེ་ལས་ཀྱང་ཆེས་མང་བ་སོགས་བཤད་པའི་ཕྱིར། འོན་ཀྱང་དེ་ཐམས་ཅད་ངོ་བོའམ་རྒྱུད་ཐ་དད་པ་ནི་མ་ཡིན་ཏེ། ཆེད་དུ་བྱ་བའི་གདུལ་བྱའི་དབང་གིས་སྐུའི་རྣམ་པ་མི་འདྲ་བར་བསྟན་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ལུགས་འདིར་དང་པོ་ལྟར་ཡིན་ཏེ། རྩ་རྒྱུད་ཀྱི་དགོངས་པ་འགྲེལ་བའི་བཤད་རྒྱུད་མངོན་བརྗོད་ཀུན་སྤྱོད་སོགས་ནས་གསུངས་པ་ལྟར། ལཱུ་དྲིལ་ནག་གསུམ་རྗེས་འབྲང་དང་བཅས་པའི་གྲུབ་ཆེན་གྱིས་ཀྱང་དེ་ལྟར་དུ་བཞེད་པའི་ཕྱིར་རོ། །ཡབ་ཡུམ་གཉིས་ཀྱི་སྐུ་མདོག་ཕྱག་མཚན་སོགས་སྒྲུབ་ཐབས་ལས་གསལ་བ་ལྟར་ཡིན་ལ། དེ་དག་གིས་མཚོན་ཚུལ་གྱི་ཁྱད་པར་ཡོད་དེ། དེ་ཡང་ཕྱག་དང་པོ་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡུམ་ལ་འཁྱུད་པས་ནི་ཤེས་རབ་སྟོང་པ་ཉིད་ཀྱིས་ཐབས་བདེ་བ་ཆེན་པོ་ལ་འཁྱུད་པ་མཚོན་ཞིང་། རྡོ་རྗེས་བདེ་བ་ཆེན་པོ་དང་། རྭ་ལྔས་ནི་ཡེ་ཤེས་ལྔ་མཚོན་ལ། དྲིལ་བུས་སྟོང་ཕྱོགས་ཀྱི་ཤེས་རབ་མཚོན། དེ་གཉིས་བཟུང་ནས་ཡབ་ཡུམ་མཉམ་པར་སྦྱོར་བས་ནི་བདེ་སྟོང་དབྱེར་མེད་དུ་སྦྱོར་པ་དེ་མཚོན། ཟླ་བ་དབུའི་གཡོན་དུ་ཅུང་ཟད་ཡོ་བས་ནི་སྤྱི་བོ་ནས་བྱང་སེམས་འབེབ་པ་དེ་མཚོན། མི་རུས་ཀྱི་ཐལ་བས་ལུས་ལ་བྱུགས་པས་ནི་བྱང་སེམས་ཀྱིས་ལུས་ཀྱི་གནས་རྣམས་ཁྱབ་པ་དེ་མཚོན། ཁ་ཊྭཱཾ་ཀས་ནི་སེམས་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་སྐྱེས་པ་དེ་མཚོན། ཞལ་བཞིས་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུ་བྱ་བ་མེད་པའི་རྣམ་ཐར་སྒོ་བཞི་མཚོན། དེ་བཞིན་དུ་གླང་པོ་ཆེའི་པགས་པ་བཤུས་ཏེ་གྱོན་པས་ནི་གཏི་མུག་སྤངས་པ་དང་། ཌ་མ་རུས་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་པ་དང་། དགྲ་སྟས་ནི་སྒོ་གསུམ་གྱི་སྐྱོན་གཅོད་པ་དང། གྲི་གུག་གིས་ནི་མཐར་འཛིན་གཅོད་པ་དང་། མདུང་རྩེས་ནི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་འབིགས་པ་དང་། ཐོད་པས་ནི་བདེ་བ་ཆེན་པོ་དང་། ཞགས་པས་ནི་བདེ་བ་ཆེན་པོས་རང་རྒྱུད་འཆིང་བ་དང་། ཚངས་པའི་མགོས་མྱ་ངན་ལས་འདས་པའི་གོ་འཕང་མངོན་དུ་བྱས་པ་དང་། རྡོ་རྗེ་རྩེ་ལྔ་པས་ནི་ཡེ་ཤེས་ལྔ་དང་། མགོ་རློན་ལྔ་བཅུས་ནི་བདེ་ཆེན་གྱི་ཡེ་ཤེས་ཐབས་ཤེས་ཀྱི་བདག་ཉིད་ཅན་དུ་སྦྱོར་བ་དང་། སྤྱན་གསུམ་གྱིས་ནི་དུས་གསུམ་གྱི་ཆོས་ཐམས་ཅད་གཟིགས་པ་དང་། སྟག་ལྤགས་ཀྱིས། འདོད་ཆགས་དང་བྲལ་བ་དང་། ཞལ་འགྱུར་བས་ལོག་ལྟ་སྤངས་པ་དང་། མཆེ་བ་བཞི་གཙིགས་པས་བདུད་བཞི་འཇོམས་པ་དང། ཕྱག་བཅུ་གཉིས་ཀྱིས་རྟེན་འབྲེལ་བཅུ་གཉིས་སྤྱངས་པ་དང་། ཐོད་བསྐམ་གྱིས་འོད་གསལ་ལས་གཟུགས་སྐུར་བཞེངས་པ་དང་། སྤྱི་བོའི་སྣ་ཚོགས་རྡོ་རྗེས་ནི་འཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད་པ་དང་། མགུལ་རྒྱན་གདུ་བུ་རྣ་རྒྱན་ནོར་བུ་ཐལ་ཆེན་མཆོད་ཕྱིར་ཐོགས་ཏེ། ཕྱག་རྒྱ་དྲུག་གིས་ནི་ཕྱིན་དྲུག་དང་། ཉམས་དགུས་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཞི་ལྷག་གཉིས་དག་པ་དང་། རལ་པ་གྱེན་དུ་བརྫེས་པས་ནི་ཡོན་ཏན་གོང་དུ་འཕེལ་བ་དང་། དྲག་པོ་ཡུམ་བཅས་མནན་པས་ནི་རྟག་ཚད་གཉིས་མནན་པ་དང་། ཚུལ་དེ་ལས་མི་འདའ་བས་ནི་འགྲོ་བ་ཀུན་ཟིལ་གྱིས་མནན་པ་དེ་མཚོན་པའི་ཕྱིར་རོ། །དེ་ལྟར་གཙོ་བོ་ཡབ་ཡུམ་གསལ་བཏབ་སྟེ་གསང་གནས་བྱིན་གྱིས་བརླབས་ནས་གནས་བཞི་བྱིན་གྱིས་བརླབ་པའི་ཚུལ་ཡོད་དེ། ཡབ་ཡུམ་གཉིས་ཀྱི་ལྟེ་བ་ལ་སོགས་པའི་གནས་བཞིིར་ཟླ་ཉིའི་དཀྱིལ་འཁོར་མེ་ལོང་གྱེན་དུ་བསླང་བ་ལྟ་བུ་རེ་རེ་བཀོད་ནས་དེའི་ངོས་སུ་ཉི་གདན་ལ་ཡབ་ཀྱི་སྔགས་དང་། ཟླ་གདན་ལ་ཡུམ་གྱི་སྔགས་རྣམས་འགོད་པར་བཤད་པ་ལྟར་བྱས་ནས་བྱིན་གྱིས་བརླབ་པ་ཡིན་པའི་ཕྱིར། དེ་ནས་དགའ་བཞི་མོས་པ་ཡིད་བྱེད་ཚུན་ཆད་ཀྱིས་དྲངས་པ་ལ་དགོས་པ་ཡོད་དེ། རིམ་པ་དང་པོའི་སྐབས་སུ་དགའ་བཞི་དངོས་གནས་ལ་འགྲུབ་པ་དང་། རྟེན་བརྟེན་པ་རྣམས་བདེ་སྟོང་གི་རྣམ་རོལ་ཏུ་འཆར་བ་དང་། རྫོགས་རིམ་གྱི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྱུར་བ་དང་། རྩ་རླུང་ཐིག་ལེ་རྣམས་བྱིན་གྱིས་བརླབ་པ་དང་། ཕོ་ཉ་ཁྱད་པར་ཅན་དང་འདུ་བ་རྙེད་བའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་འཁོར་གྱི་ལྷ་གསལ་གདབ་པ་ལ། ཐོག་མར་བདེ་ཆེན་གྱིི་འཁོར་ལོར་ལྷ་མོ་བཞི་ཐོད་པ་དང་བཅས་པ་འགོད་པ་ཡིན་ཏེ། ཕྱོགས་བཞིར་སྤྱན་སོགས་ལྷ་མོ་བཞིའི་ངོ་བོར་གྱུར་པའི་མཁའ་འགྲོ་མ་སོགས་བཞི་དང་མཚམས་བཞིར་བདུད་རྩི་ལྔས་གང་བའི་ཐོད་པ་བཞི་དགོད་པ་ཡིན་པའི་ཕྱིར། སྤྱན་སོགས་སྐུའི་རྣམ་པ་དེ་ལྟར་བསྟན་པའི་རྒྱུ་མཚན་ཡོད་དེ། སྔོན་དྲག་པོའི་ཆུང་མ་བཞི་འདུལ་བའི་ཚེ་ཚུལ་དེ་ལྟར་བསྟན་ཅིང་དེའི་རྣམ་པས་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་ཆེད་ཡིན་པའི་ཕྱིར། དེ་ནས་འཁོར་ལོ་གསུམ་གྱི་ལྷ་རྣམས་བསྐྱེད་ཚུལ་ཡོད་དེ། ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་པུལླི་ར་མ་ལ་ཡར་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ་གཉིས་འགོད་པ་ནས། དབང་ལྡན་གྱི་རྩིབས་མཱ་ལ་ཝར་རྡོ་རྗེ་སྐུ་དང་ཤིང་གྲིབ་མ་ཡབ་ཡུམ་འགོད་པ་དང་། གསུང་གི་འཁོར་ལོའི་ཤར་རྩིབས་ཀཱ་མ་རཱུ་པར་མྱུ་གུ་ཅན་དང་ས་སྲུང་མོ་ཡབ་ཡུམ་འགོད་པ་ནས། དབང་ལྡན་གྱི་རྩིབས་ལ་མིག་མི་བཟང་དང་བྱ་གདོང་མ་ཡབ་ཡུམ་འགོད་པ་དང་། སྐུའི་འཁོར་ལོའི་ཤར་རྩིབས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་ཡབ་ཡུམ་འགོད་པ་ནས། དབང་ལྡན་གྱི་རྩིབས་ལ་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་ཡབ་ཡུམ་འགོད་པ་ཡིན་པའི་ཕྱིར། དེ་ནས་དམ་ཚིག་གི་འཁོར་ལོར་ལྷ་མོ་བརྒྱད་འགོད་པའི་ཚུལ་ཡོད་དེ། ཤར་ལ་སོགས་པའི་སྒོ་བཞིར་ཁྭ་གདོང་མ་སོགས་བཞི་དང་། མེ་ལ་སོགས་པའི་མཚམས་བཞིར་གཤིན་རྗེ་བརྟན་མ་སོགས་བཞི་སྒྲུབ་ཐབས་ནས་འབྱུང་བ་བཞིན་འགོད་པ་ཡིན་པའི་ཕྱིར། འོ་ན་སྒོ་མཚམས་མ་བརྒྱད་ལ་ཡབ་མེད་པ་ཅི་ཡིན་ཞེ་ན། དངོས་སུ་མེད་ཀྱང་དོན་གྱིས་ཡོད་པ་ཡིན་ཏེ། སྒོམ་བཞིས་ཡབ་རྣམས་གདོང་བརྙན་གྱི་ཚུལ་དུ་སྦས།མཚམས་མ་བཞིས་ཡབ་རྣམས་ཕྱེད་གཟུགས་ཀྱི་ཚུལ་དུ་སྦས་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་ལ་གནས་གསུམ་གྱི་མིང་གིས་འདོགས་པའི་རྒྱུ་མཚན་ཡོད་དེ། སྔོན་ཁཎྜ་ཀ་པཱ་ལ་ལ་སོགས་པའི་མིང་ཅན་གྱི་ལྷ་བཞི་དང་དྲི་ཟ་བཞི་ན མ་མཁའ་ནས་འོངས་ཏེ། པཱུ་ལླི་ར་མ་ལ་ཡ་ལ་སོགས་པའི་ཡུལ་བརྒྱད་བཟུང་བ་དང་། མྱུ་གུ་ཅན་ལ་སོགས་པའི་མིང་ཅན་གྱི་གནོད་སྦྱིན་བཞི་དང་སྲིན་པོ་བཞིས་སྟེང་ནས་འོངས་ཏེ་ཀཱ་མ་རཱུ་པ་ལ་སོགས་པའི་ཡུལ་བརྒྱད་བཟུང་བ་དང་། སྟོབས་པོ་ཆེ་ལ་སོགས་པའི་མིང་ཅན་གྱི་ཀླུ་བཞི་དང་ལྷ་མ་ཡིན་བཞི་ས་འོག་ནས་འོངས་ཏེ་པྲེ་ཏ་པཱུ་རི་ལ་སོགས་པའི་ཡུལ་བརྒྱད་བཟུང་ནས་སྤྱོད་པའི་ཚེ། དེ་རྣམས་རིམ་པ་བཞིན་འཁོར་ལོ་གསུམ་གྱི་ལྷ་ཡབ་ཡུམ་རྣམས་ཀྱིས་བཏུལ་ནས་མིང་ཆ་ལུགས་འདྲ་བར་མཛད་པས་འདུལ་བྱེད་ཀྱི་ལྷ་ལ་གདུལ་བྱའི་མིང་དུ་བཏགས་པ་ཡིན་པའི་ཕྱིར། དམ་ཚིག་གི་འཁོར་ལོའི་ལྷ་ལ་མིང་དེ་ལྟར་འདོགས་པའི་རྒྱུ་མཚན་ཡོད་དེ། དེ་དག་གི་མིང་ཅན་གྱི་མིའམ་ཅི་བཞི་དང་ཕྲ་མེན་མ་བཞིས་དུར་ཁྲོད་བརྒྱད་དམ། འཐུང་གཅོད་སོགས་བཟུང་ནས་གནས་པའི་ཚེ་སྒོ་མཚམས་མ་བརྒྱད་ཀྱིས་བཏུལ་ཏེ་རྒྱན་མིང་ཆ་ལུགས་དེ་རྣམས་དང་འདྲ་བར་མཛད་པས་དེ་ལྟར་དུ་བཏགས་པའི་ཕྱིར་རོ། །གདུལ་བྱ་དེ་རྣམས་སྔོན་གང་གི་འཁོར་ཡིན་པ་ཡོད་དེ། དྲག་པོ་དབང་ཕྱུག་ཆུང་མ་དང་བཅས་པའི་འཁོར་ཡིན་པའི་ཕྱིར། དེ་རྣམས་ཇི་ལྟར་བཏུལ་པའི་ཚུལ་ཡོད་དེ། སྔོན་སྟོན་པ་རྡོ་རྗེ་འཆང་ཉིད་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་སྐུར་བཞེངས་ནས་དྲག་པོ་ཆུང་མ་དང་བཅས་པ་ཞབས་འོག་ཏུ་མནན་ནས་བཏུལ་བའི་ཚེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། འཇིག་རྟེན་དབང་ཕྱུག་དང་། སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། བྱམས་པ་དང་། ནམ་མཁའི་སྙིང་པོ་དང་། ནམ་མཁའ་མཛོད་རྣམས་དང་། སྒྲིབ་སེལ་དང་། སྤོས་ཀྱི་གླང་པོ་དང་། བློ་གོས་མི་ཟད་པ་དང་། ཡེ་ཤེས་ཏོག་དང་། སྤོབས་པ་བརྩེགས་པ་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་སེལ་བ་དང་། ངན་སོང་ཀུན་འདྲེན་དང་། དྲ་བ་ཅན་གྱི་འོད་རྣམས་དང་། ཟླ་བའི་འོད་དང་། རིན་ཆེན་འོད་དང་། ཉི་མའི་འོད་དང་། རྡོ་རྗེའི་འོད་དང་། ནོར་བཟང་དང་། མཐུ་ཆེན་ཐོབ་དང་། བློ་གྲོས་རྒྱ་མཚོ་དང་། བཟང་སྐྱོང་རྣམས་ནི་རིམ་པ་བཞིན་དུ་ཁཎྜ་ཀ་པཱ་ལ་ལ་སོགས་པའི་དཔའ་བོ་ཉེར་བཞི་དང་། རྡོ་རྗེ་ཕོ་ཉ་མོ་དང་། སྐུལ་བྱེད་མ་དང་། རིན་ཆེན་སྒྲོལ་མ་དང་། རྡོ་རྗེ་འོད་བྱེད་མ་དང་། རོ་ལངས་མ་དང་། རྡོ་རྗེ་གཞོན་ནུ་དང་། ཀམྤོ་ཛི་དང་། དབང་ཕྱུག་མ་རྣམས་དང་། ཡེ་ཤེས་སྒྲོལ་མ་དང་། རྡོ་རྗེ་འཇིགས་མ་དང་། གནྡྷ་རི་དང་། རྒྱལ་བ་ཅན་དང་། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང་། སོ་སོར་འབྲང་མ་དང་། རྨ་བྱ་ཆེན་མོ་དང་། རི་ཁྲོད་ལོ་མ་ཅན་དང་། རྡོ་རྗེ་ལྕགས་སྒྲོགས་མ་དང་། ཕྱིར་ཟློག་མ་དང་། གཙུག་གཏོར་མ་དང་། འཇིགས་བྱེད་མ་རྣམས་ནི་རིམ་པ་བཞིར་རབ་གཏུམ་མ་ལ་སོགས་པའི་དཔའ་མོ་གཉིས་བཞིར་སྤྲུལ་པ་དང་། ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་སོགས་སྒོ་མཚམས་མ་བརྒྱད་དུ་སྤྲུལ་ནས་གདུལ་བྱ་དེ་དག་བཏུལ་བའི་ཕྱིར་རོ། །ཕྱིའི་ཡུལ་ཉེར་བཞི་པོ་རྣམས་ནི་འཛམ་བུའི་གླིང་དུ་ཡོད་ཀྱང་འཕགས་ཡུལ་ཁོ་ནར་མ་ངེས་ཏེ། དྲག་པོ་འཇིགས་བྱེད་ཡབ་ཡུམ་ཡུལ་མ་ག་དྷ་ན་གནས་ཤིང་། གཞན་རྣམས་འཕགས་ཡུལ་དང་བོད་སོགས་ཀྱི་ཡུལ་གཞན་དག་ནའང་ཡོད་པར་བཤད་པའི་ཕྱིར་རོ། །འོ་ན་ཁྭ་གདོང་མ་ལ་སོགས་པའི་གདོང་བརྙན་བཞི་པོ་དེ་དབུ་རིལ་པོ་ཡིན་ནམ། མིན་ཞེ་ན། ཕྱི་མ་ལྟར་བྱ་སྟེ། འདིའི་དོགས་གཅོད་ལ་རྗེས་འདོད་འཇོ་ལས། བྱ་རོག་གདོང་ལ་སོགས་པ་ནི་དབུ་རིལ་པོ་མིན་གྱི། གདོང་གི་ཕྱོགས་ཙམ་ཞིག་དེ་རྣམས་ཀྱི་གདོང་ཡིན་ཏེ། དེ་ལྟ་མ་ཡིན་ན་རྣ་རྒྱན་སོགས་གདགས་སུ་མི་རུང་ངོ་ཞེས་བོད་ཀྱི་བླ་མ་དག་གསུང་ངོ་། །ཞེས་སྔ་མའི་བཞེད་པ་བཀོད་པ་ལྟར་བྱས་ཆོག་པའི་ཕྱིར་རོ། །དེ་ལྟ་བུའི་དཔའ་བོ་དང་མཁའ་འགྲོ་རྣམས་ཀྱི་ངོ་བོ་གང་ཡིན་ཤེས་པར་བྱས་ནས་དེ་ལྟར་བསྒོམས་པ་ལ་དགོས་པ་ཡོད་དེ། སྒྲུབ་པ་པོ་རང་ཉིད་ལ་བྱིན་གྱིས་རློབ་པ་དང་དངོས་གྲུབ་སྟེར་བར་འགྱུར་བའི་ཆེད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ལྷ་རེ་གཉིས་པའི་སྒྲུབ་ཐབས་འདི་ནི་བདེ་མཆོག་གི་སྒྲུབ་ཐབས་གཞན་ཐམས་ཅད་ཀྱི་ནང་ནས་གཙོ་བོ་ཡིན་ཏེ། དཀྱིལ་འཁོར་འདི་ནི་བདེ་མཆོག་གི་རྩ་བའི་དཀྱིལ་འཁོར་དུ་གསུངས་ཤིང་། རིགས་དྲུག་པའི་དབང་དུ་བྱས་པར་མ་ཟད། རིགས་ཐམས་ཅད་བསྡུས་པའི་དབང་དུ་བྱས་པའི་ཕྱིར་ཏེ། འཁོར་གྱི་ལྷ་ཐམས་ཅད་ཀྱང་དཔྲལ་པར་རྡོ་རྗེའི་འཕྲེང་བ་འཛིན་པ་ལ་མཚོན་དོན་ཁྱད་པར་ཅན་ཡོད་པའི་ཕྱིར་རོ། །གསུམ་པ་ཕྱོགས་མཐུན་གྱི་དག་པར་བརྗོད་པ་དང་ལུས་དཀྱིལ་བསྒོམ་ཚུལ་ལ་གཉིས། དག་པ་བསྒོམ་ཚུལ་དང་། ལུས་དཀྱིལ་བསྒོམ་ཚུལ་ལོ། །དང་པོ་ལ་སྤྱིར་དག་པ་བསྒོམ་པ་ནི་སྐབས་འདི་ཁོ་ནར་མ་ངེས་ཏེ། བཟླས་པའི་མཇུག་ཏུ་བསྒོམ་པ་དང་། ལས་དཀྱིལ་གྱི་དེ་མ་ཐག་བསྒོམ་པ་དང་། མཆོད་བསྟོད་ཀྱི་མཇུག་ཏུའང་བསྒོམ་པར་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །བྱང་ཕྱོགས་སོ་བདུན་པོ་འདི་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་འབྱུང་བའི་དང་པོ་ཡོད་དེ། སྤྱི་འགྲོ་ལྟར་དྲན་པ་ཉེར་ཞག་བཞི། ཡང་དག་སྤོང་པ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་དང་བཅས་པ་རྣམས་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བྱང་ཕྱོགས་སོ་བདུན་གྱི་བྱེད་ལས་དང་ལྡན་པའི་བདེ་ཆེན་གྱི་ཡེ་ཤེས་ལ་ལྡོག་པའི་སྒོ་ནས་སྔར་ལྟར་འབྱེད་པ་ཡིན་པའི་ཕྱིར། སྒྲུབ་པ་པོ་དབང་པོ་རྣོ་རྟུལ་གྱི་སྒོ་ནས་བསྒོམ་ཚུལ་ཡོད་དེ། དབང་པོ་རྟུལ་པོས་སོ་བདུན་ལྷར་ཤར་བ་ཙམ་བསྒོམ་པ་དང་། རྣོན་པོས་ནི་སོ་བདུན་པོ་རང་བཞིན་མེད་པར་རྟོགས་པའི་བདེ་ཆེན་གྱི་ཡེ་ཤེས་དེ་ཉིད་ལྷ་རེ་གཉིས་སུ་ཤར་བའི་ཚུལ་གྱིས་སྒོམ་པ་ཡིན་པའི་ཕྱིར། གལ་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་ཡོད་ཅིང་། ལྷ་ལ་རེ་གཉིས་ཡོད་པས་གྲངས་མི་མཐུན་ནོ་སྙམ་ན། དེའི་སྐྱོན་མེད་དེ། དཔའ་བོ་དང་དཔའ་མོ་ཉེར་བཞི་ཡབ་ཡུམ་ཟུང་རེ་གྲངས་གཅིག་ཏུ་བྱས་པ་ཡིན་པའི་ཕྱིར། དག་པ་དཔའ་མོ་ཉེར་བཞི་དང་སྦྱར་ནས་དཔའ་བོ་ཉེར་བཞི་དང་དངོས་སུ་མ་སྦྱར་ཡང་ཉེས་པ་མེད་དེ། ཡུམ་གྱི་དག་པས་ཡབ་རྣམས་ཀྱང་དོན་གྱིས་གོ་བར་བྱ་བ་ཡིན་པའི་ཕྱིར་རོ། །སོ་སོར་སྦྱོར་ཚུལ་ཡོད་དེ། སྒྲུབ་ཐབས་ལས་གསལ་བ་ལྟར་ཡིན་པའི་ཕྱིར་རོ། །དག་པ་འདི་ལྟར་དྲན་པ་ནི་རྒྱས་པའི་དབང་དུ་བྱས་པ་ཡིན་གྱི། བསྡུས་ནས་དྲན་པར་བྱས་ཀྱང་རུང་སྟེ། འདོད་འཇོ་ལས། ལྷ་རྣམས་རེ་རེ་ནས་སམ། སྤྱིར་བསྡུས་ནས་བལྟ་བར་བྱ་སྟེ། ཆོས་སོ་བདུན་གྱི་ངོ་བོར་ལྟ་བའི་གཙོ་བོའི་དོན་དེ་ཡིན་པའི་ཕྱིར་དང་། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྒོམ་པར་བསྟན་པ་ལ་དགོས་པ་ཡོད་དེ། ལམ་འདིའི་གདུལ་བྱས་ཕར་ཕྱིན་ཐེག་པའི་ལམ་རྣམས་ཤེས་དགོས་པར་བསྟན་པ་དང་། ཐེག་པ་གསུམ་གྱི་ལམ་གྱི་གནད་ཐམས་ཅད་བྱེད་ལས་ཀྱི་སྒོ་ནས་ལམ་འདིར་འདུས་པར་ཤེས་པ་དང་། རིམ་པ་དང་པོའི་སྐབས་སུ་གཟུགས་ཅན་གྱི་ལྷའི་སྣང་བ་ཙམ་ལ་ཞེན་པ་སྤངས་ནས་བདེ་ཆེན་གྱི་ཡེ་ཤེས་ཀྱི་གཟུང་རྣམ་ལྷའི་རྣམ་པར་ཤར་བ་ཤེས་པ་དང་། རྫོགས་རིམ་དང་འབྲས་བུའི་སྐབས་སུ་བྱང་ཕྱོགས་སོ་བདུན་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་བདེ་ཆེན་གྱི་ཡེ་ཤེས་དེ་ཉིད་ལྷ་རེ་གཉིས་ཀྱི་སྐུར་བཞེངས་པའི་དགེ་རྩ་སྨིན་བྱེད་དུ་འགྱུར་བར་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ལུས་དཀྱིལ་སྤྱིའི་རྣམ་གཞག་མདོར་བསྟན་པ་དང་། བསྒོམ་ཚུམ་དངོས་སོ། །དང་པོ་ནི། སྤྱིར་ལུས་དཀྱིལ་བསྒོམ་ཚུལ་ལ་གོ་རིམ་མི་འདྲ་བ་ཡོད་དེ། མངོན་བརྗོད་ལས་གསུངས་པའི་རྗེས་སུ་འབྲངས་ནས་ལུས་དཀྱིལ་སྔོན་ལ་བསྒོམས་ནས་ཕྱི་དཀྱིལ་རྗེས་སུ་བསྒོམ་པ་དང་། ལུས་དཀྱིལ་དང་ཕྱི་དཀྱིལ་དུས་མཉམ་དུ་སྒོམ་པ་དང་། ཕྱི་དཀྱིལ་གྱི་རྗེས་སུ་ལུས་དཀྱིལ་བསྒོམ་པར་བྱེད་པའི་ཚུལ་གསུམ་ལས་འདིར་ཕྱི་མ་ལྟར་བྱ་བ་ཡིན་པའི་ཕྱིར། དེར་མ་ཟད་ཕྱིན་དཀྱི་ལོགས་སུ་མི་སྒོམ་པར་ལུས་དཀྱིལ་ཙམ་བསྒོམ་པའི་ཚུལ་ཡོད་དེ། དྲིལ་བུ་པས་དེ་ལྟར་དུ་བཤད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྒོམ་པ་དང་། བརྟེན་པའི་དཀྱིལ་འཁོར་དུ་བསྒོམ་པའི་ཚུལ་ལོ། །དང་པོ་ལ་རྗེ་ས་སྐྱ་བ་དག་ན་རེ། སྒྲུབ་པ་པོའི་ལུས་འདི་ལ་བདེ་མཆོག་གི་རྟེན་བརྟེན་པ་གདོད་ནས་གྲུབ་པ་གསལ་འདེབས་པ་ཡིན་ནོ་གསུང་། དེ་ནི་འཐད་པ་མ་ཡིན་ཏེ། ལུས་ཅན་རྣམས་སངས་རྒྱས་སུ་ཐལ་བ་དང་། གསར་དུ་བསྐྱེད་མི་དགོས་པ་སོགས་སུ་འགྱུར་བའི་ཕྱིར་རོ། །བསྒོམ་པའི་ཚུལ་ཡོད་དེ། རྐང་པ་གཉིས་པ་བགྲད་པ་གཞུའི་དབྱིབས་སུ་ཡོད་པ་ཞེས་སོགས་འབྱུང་བ་ལྟར་ཡིན་ལ། དེ་ཡང་དཔེར་ན། སྣམ་བུ་སྐད་ཅིག་སྔ་མས་ཉེར་ལེན་དང་རྒྱ་སྐྱེགས་སྐད་ཅིག་སྔ་མས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་སྣམ་བུ་སྐད་ཅིག་ཕྱི་མ་ཚོན་ཅན་དུ་འགྱུར་པ་དེ་བཞིན་དུ། ཕྱི་དཀྱིལ་གྱི་རླུང་དཀྱིལ་བསྒོམས་པའི་རྒྱུན་དང་རང་གི་རྐང་པ་གཉིས་བགྲད་པ་མཉམ་དུ་ཚོགས་པས་ཉེར་ལེན་དང་བྱེད་རྐྱེན་བྱས་ནས་ཕྱི་དཀྱིལ་གྱི་རླུང་དཀྱིལ་སྐད་ཅིག་ཕྱི་མ་ལུས་དཀྱིལ་གྱི་རླུང་དཀྱིལ་དུ་འགྱུར་བ་ཡིན་ལ། དེ་བཞིན་དུ་ཕྱི་དཀྱིལ་གྱི་མེ་སོགས་དང་སུམ་མདོ་སོགས་ལུས་ཀྱི་ཆ་དེ་དང་དེ་འཕྲད་པ་ལས་ལུས་དཀྱིལ་གྱི་གཞལ་ཡས་ཁང་གི་ཆ་དེ་དང་དེར་འགྱུར་པར་སྒོམ་པ་ཡིན་པའི་ཕྱིར། ལུས་ཀྱི་ཆ་དེ་དང་དེ་རྟེན་དང་བརྟེན་པ་དེ་དང་དེར་གྱུར་པར་བསྒོམས་པའི་ཚུལ་གྱིས་ལུས་དཀྱིལ་དུ་འགྲོོ་བ་ཡིན་གྱི། ལུས་ལ་བཀོད་པ་ཙམ་གྱིས་ནི་ལུས་དཀྱིལ་དུ་མི་འགྲོ་སྟེ། དེ་ནི་རྒྱུད་སྡེ་འོག་མ་ལ་ཡང་ཡོད་པའི་ཕྱིར་རོ། །དེས་ན་གཞལ་ཡས་ཁང་གཉིས་བྲེ་ནང་དུ་བྲེ་བཅུག་པའི་ཚུལ་གྱིས་གནས་པ་ནི་མ་ཡིན་ཏེ། ཕྱི་དཀྱིལ་གྱི་རིགས་རྒྱུན་ཉིད་ལུས་དཀྱིལ་གྱི་རྟེན་གཞལ་ཡས་ཁང་དུ་འགྱུར་བའི་ཕྱིར། དཔེར་ན། འདུས་པའི་ལུས་དཀྱིལ་གྱི་གཞལ་ཡས་ཁང་བཞིན་ནོ། །དེ་ལྟར་བསྒོམས་པ་ལ་དགོས་པ་ཡོད་དེ། འབྲས་བུའི་སྐབས་སུ་ལུས་ཀྱི་ཆ་དེ་དང་དེ་ལུས་དཀྱིལ་གྱི་གཞལ་ཡས་ཁང་གི་ཆ་དེ་དང་དེར་དངོས་གནས་སུ་འགྱུར་བའི་ཆེད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་པཱུ་ཛ་ལ་སོགས་པ་ཡུལ་ཉེར་བཞིའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་རྣམས་ཡོངས་སུ་གྱུར་པ་ལས། རྩིབས་ཁོང་སྟོང་རྩིབས་ཤུན་གྱི་རྣམ་པ་ཅན་དུ་བསྐྱེད་ནས་ཕྱིའི་ཡུལ་ཉེར་བཞིའི་ངོ་བོར་བསྒོམས་པ་ལ་དགོས་པ་ཡོད་དེ། ཡུལ་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་སྒྲུབ་པ་པོའི་རྩ་རླུང་ཐིག་ལེ་རྣམས་བྱིན་གྱིས་རློབ་པར་འགྱུར་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ལ་ལུས་དཀྱིལ་འགོད་པའི་གཞི་ལ་མི་འདྲ་བ་ཡོད་དེ། ནག་པོ་སྤྱོད་པས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་བསྐྱེད་པ་ཞུ་བ་ལས་བྱུང་བའི་འབྲས་བུ་རྡོ་རྗེ་འཛིན་པའི་ལུས་ལ་འགོད་པ་དང་། དྲིལ་བུ་པས་ཕྱི་དཀྱིལ་སྔར་མི་སྒོམ་པའི་གཞིའི་ཧེ་རུ་ཀའི་ལུས་ལ་འགོད་པ་ཡིན་ལ། ལཱུ་ཧི་བས་ནི་ཕྱིར་དཀྱིལ་གྱི་རྟེན་བརྟེན་པ་རྣམས་ཅིག་ཅར་དུ་བསྐྱེད་པའི་ཧེ་རུ་ཀའི་ལུས་ལ་འགོད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་འགོད་པའི་ཚུལ་ཡོད་དེ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་བྱང་སེམས་བ་མོ་འཛག་པ་ཉུངས་ཀར་སྦོམ་པོའི་ཚད་ཀྱི་དཔྱིད་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་གཙོ་བོ་དང་། ལྟེ་བའི་དམར་ཆ་གཏུམ་མོའི་མེའི་གཟུགས་ཀྱི་ཐིག་ལེ་ཡོངས་སུ་གྱུར་པ་ལས་ཡུམ་བསྐྱེད་དེ། དཔྱིད་དང་ཐིག་ལེ་གཉིས་སྙིང་གར་འཕྲད་ནས་སྙོམས་པར་འཇུག་པར་མོས་པ་ཡིན་པའི་ཕྱིར་རོ། །ཡབ་ཀྱི་སྙིང་གའི་མི་ཤིགས་པའི་ཐིག་ལེ་དེ་ལ་དཔྱིད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དཔྱིད་དུས་དེས་རྩི་ཤིང་སོགས་རྒྱས་པར་བྱེད་ཅིང་། གཞན་ཡིད་དགའ་བར་བྱེད་པ་ལྟར། ཐིག་ལེ་དེས་ཀྱང་བདེ་སྟོང་གི་ཡེ་ཤེས་བསྐྱེད་ཅིང་རྒྱས་པར་བྱེད་པའི་སྒོ་ནས་སྒྲུབ་པ་པོའི་ཡིད་དགའ་བར་བྱེད་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །དེ་ནས་འཁོར་རྣམས་བསྐྱེད་ཚུལ་ཡོད་དེ། སྙིང་གའི་ཕྱོགས་ཀྱི་རྩ་འདབ་བཞི་ལས་མཁའ་འགྲོ་མ་སོགས་བཞི་དང་། མཚམས་ཀྱི་རྩ་འདབ་བཞི་ལས་ཐོད་པ་བཞི་དང་། སྐྲ་མཚམས་སོགས་ལུས་ཀྱི་གནས་ཉེར་བཞིའི་རྩ་ཁམས་རྣམས་ལས་དཔའ་བོ་དཔའ་མོ་རྣམས་དང་། ལྕེའི་རྩ་བར་གནས་པའི་རྩ་སོགས་ལས་སྒོ་མཚམས་མ་རྣམས་བསྐྱེད་པ་ཡིན་པའི་ཕྱིར། རྩ་ཁམས་ཐུན་མོང་དུ་ལྷར་བསྐྱེད་པའམ། ཁམས་ལས་དཔའ་བོ་རྣམས་དང་རྩ་ལས་དཔའ་མོ་རྣམས་བསྐྱེད་པར་ཡང་རུང་སྟེ། མཁའ་འགྲོ་རྒྱ་མཚོར། ཉི་ཤུ་རྩ་བཞིར་དབྱེ་བ་ཡིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིན། །གནས་རྣམས་དག་ནི་ཐམས་ཅད་དུ། །རྩ་རྣམས་ཀུན་ནི་ཡང་དག་བཤད། །ཡུལ་འདི་རྣམས་ཀྱི་བུ་མོ་གང་། །རྩ་ཡི་གཟུགས་ཀྱི་གནས་སོ་ཞེས། །ཞེས་དང་། དྲིལ་བུ་ཞབས་ཀྱིས་ཀྱང་། འདི་དག་གནས་སུ་རྣལ་འབྱོར་མ། །རྩྭ་ཡིན་དཔའ་བོ་ཉི་ཤུ་བཞི། །ལུས་ཀྱི་ཁམས་སུ་བརྟག་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །འཁོར་ལོའི་རྣམ་པ་ཅན་གྱི་རྩིབས་རྣམས་ཕྱིའི་ཡུལ་ཉེར་བཞི་དངོས་དང་བསྐྱེད་པའི་ལྷ་རྣམས་ཡུལ་དེ་ན་བཞུགས་པའི་དཔའ་བོ་རྣལ་འབྱོར་མ་རྣམས་དངོས་གནས་སུ་མོས་ནས་བསྒོམས་དགོས་པ་ཡིན་ལ། དེ་ལྟར་བསྒོམས་པ་ལ་དགོས་པ་ཡོད་དེ། གནས་དེ་དག་གི་རྩ་རླུང་ཐིག་ལེ་རྣམས་དཔའ་བོ་རྣལ་འབྱོར་རྣམས་ཀྱིས་བྱིན་གྱིས་བརླབས་པ་ལ་བརྟེན་ནས། ལུས་ཀྱི་རྩ་བདུན་ཁྲི་ཉིས་སྟོང་གི་རླུང་དང་ཐིག་ལེ་རྣམས་གནས་ཉེར་བཞིའི་རྩ་ནས་བརྒྱུད་དེ་དྷཱུ་ཏཱིའི་ནང་དུ་འཇུག་པའི་རྒྱུད་སྨིན་བྱེད་དུ་འགྱུར་བའི་ཆེད་ཡིན་པའི་ཕྱིར་རོ། །དབང་པོའི་སྒོ་བརྒྱད་ཀྱི་རྩ་རྣམས་སྒོ་མཚམས་མ་བརྒྱད་དུ་བསྒོམས་པ་ལ་དགོས་པ་ཡོད་དེ། གནས་དེ་དག་གི་རྩ་རླུང་ཐིག་ལེ་རྣམས་དེ་རྣམས་ཀྱིས་བྱིན་གྱིས་རླབས་ཏེ། དབང་པོའི་སྒོ་ནས་རྒྱུ་བའི་ལས་རླུང་རྣམས་དྷཱུ་ཏཱིར་འཇུག་པའི་རྒྱུད་སྨིན་བྱེད་དུ་འགྱུར་བའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཡིན་ཏེ། རྗེས་སྐབས་འདིའི་སྨོན་ལམ་ལས། སྒོ་མཚམས་མ་རྣམས་དབང་པོའི་སྒོར་བསྒོམས་པས། །ལས་རླུང་དབང་པོའི་སྒོ་ནས་ལྡོག་པར་ཤོག །ཉེར་བཞིའི་ཡུལ་དུ་དཔའ་བོ་དཔའ་མོ་རྣམས། །བསྒོམས་པས་རླུང་རྣམས་ཉེར་བཞིའི་རྩར་འདུས་ཤོག །ཞེས་གསུངས་པའི་ཕྱིར་རོ། །སྙིང་གའི་ཕྱོགས་མཚམས་སུ་ལྷ་མོ་བཞི་དང་ཐོད་པ་བཞི་བསྒོམས་པ་ཡང་ཚུལ་དེ་ལྟར་ཡིན་ཏེ། དེ་ཉིད་ལས། ཆོས་ཀྱི་འཁོར་ལོའི་འདབ་མར་བདེ་ཆེན་གྱི། །ལྷ་རྣམས་བསྒོམས་པས་སླར་ཡང་རླུང་རྣམས་ནི། །སྙིང་གའི་ཕྱོགས་དང་མཚམས་ཀྱི་རྩ་བརྒྱད་དུ། །འདུས་ནས་དབུས་ཀྱི་དྷཱུ་ཏཱིར་འཇུག་པར་ཤོག །ཞེས་གསུངས་པའི་ཕྱིར་རོ། །སྙིང་གར་གཙོ་བོ་ཡབ་ཡུམ་བསྒོམས་པའི་གནད་ཀྱང་དེ་ལྟར་ཡིན་ཏེ། མཐར་རླུང་ཐམས་ཅད་སྙིང་གའི་དྷཱུ་ཏཱིར་ཐིམ་ནས་རྫོགས་རིམ་གྱི་ལམ་ཐམས་ཅད་རྫོགས་པར་སྐྱེ་བའི་དགེ་རྩ་སྨིན་བྱེད་དུ་འགྱུར་བའི་ཆེད་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། ནང་གི་རྗེ་བཙུན་ཡབ་ཡུམ་བསྒོམས་པ་ལས། །དཔྱིད་དང་ཐིག་ལེ་ཕན་ཚུན་སྙོམས་ཞུགས་ནས། །རྫོགས་པའི་རིམ་པ་མཆོག་རྣམས་སྐྱེ་བ་ཡི། །དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཤོག །ཅེས་གསུངས་པའི་ཕྱིར་རོ། །མདོར་ན་འདི་ལྟ་བུའི་ལུས་དཀྱིལ་བསྒོམས་པ་ནི་གནད་ཤིན་ཏུ་ཆེ་བ་ཡིན་ཏེ། དེ་ནི་ལུགས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་འགྱུར་བའི་ཕྱིར་ཏེ། དེ་ལྟར་བསྒོམས་པས་ཕྱིའི་ཡུལ་ཉེར་བཞིན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཡིད་ལྟར་མགྱོགས་པའི་ཤུགས་ཀྱིས་བྱོན་ནས། གཟིགས་པ་ཙམ་གྱིས་རྒྱུད་བྱིན་གྱིས་བརླབས་ཏེ་རླུང་ཐིམ་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེ་བའི་ནུས་པ་ཁྱད་པར་ཅན་འཇོག་པར་འགྱུར་བའི་ཕྱིར་ཏེ། རྩ་རྒྱུད་ལས། དེ་རྣམས་འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིན། །ཞེས་དང་། མངོན་བརྗོད་ལས་ཀྱང་། དེ་རྣམས་དགྱེས་ནས་དངོས་གྲུབ་མཆོག །ཇི་ལྟར་འདོད་བཞིན་སྩོལ་བར་མཛད། །ཞེས་གསུངས་པའི་ཕྱིར། དེ་ལྟར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་སྒྲུབ་པ་པོ་ལ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ཕོ་ཉ་གསུམ་པོ་གང་རུང་དང་འདུ་བ་རྙེད་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་ཁྱད་པར་ཅན་མངོན་དུ་བྱེད་པར་འགྱུར་བའི་ཚུལ་ཡོད་དེ། དང་པོར་སྔགས་སྐྱེས་ཀྱི་རྣལ་འབྱོར་མ་རྣམས་དང་འདུ་བ་རྙེད། དེ་ནས་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་རྣམས་དང་འདུ་བ་རྙེད། དེ་ནས་ལྷན་སྐྱེས་ཀྱི་རྣལ་འབྱོར་མ་རྣམས་དང་འདུ་བ་རྙེད་ཅིང་། དེ་རྣམས་ཀྱིས་ལམ་བགྲོད་པའི་གྲོགས་མཛད་པ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་ཞིང་བདེ་བ་དེས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་བསྒོམས་པ་ལ་བརྟེན་ནས་ཟུང་འཇུག་གི་གོ་འཕང་ཡང་མྱུར་དུ་འཐོབ་པར་འགྱུར་བའི་ཕྱིར་ཏེ། མངོན་བརྗོད་ལས། དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ། །རྣམ་དག་ཡེ་ཤེས་ཅན་རྣམས་ཀྱིས། །རྣལ་འབྱོར་རྡོ་རྗེ་ཅན་རྣམས་གཟིགས། །ཞེས་པ་ནས། དཔལ་ལྡན་རྡོ་རྗེ་འཛིན་དངོས་སུ། །འགྱུར་བ་འདི་ལ་ཐེ་ཚོམ་མེད། ཅེས་དང་། རྗེའི་ལཱུ་ཧི་པའི་ཤིས་བརྗོད་ལས། ཐུགས་ཀྱི་རིགས་ཀྱི་སྔགས་སྐྱེས་ཞིང་སྐྱེས་སོགས། །ཕོ་ཉའི་གྲོགས་དང་མྱུར་དུ་འདུས་པ་ལས། །བདེ་བའི་དགའ་སྟོན་འབར་བའི་བཀྲ་ཤིས་ཤོག །ཅེས་དང་། དེ་བཞིན་དུ་གསུང་དང་སྐུ་ལའང་སྦྱར་ནས་གསུངས་ཤིང་། རྗེའི་རྒྱུད་འགྲེལ་སྦས་དོན་ཀུན་གསལ་ལས་ཀྱང་། ཁྱད་པར་བདེ་མཆོག་གི་ལམ་ལེགས་པར་ཤེས་ནས་སྒྲུབ་པ་བྱེད་པ་རྣམས་ལ་མཁའ་འགྲོ་མའི་ཕོ་ཉ་ཅན་རྣམས་ཀྱིས་བྱིན་གྱིས་རློབ་པ་དང་། ལམ་གྱི་གྲོགས་མཛད་པས་ཆེས་མྱུར་བ་ཡིན། ཞེས་དང་། འདི་རྣམས་བསྒོམས་པས་ཡུལ་ཁྱད་པར་ཅན་དེ་རྣམས་ན་གནས་པའི་དཔའ་མོ་རྣམས་དང་མྱུར་དུ་འཕྲད་ལ། དེ་ལ་བརྟེན་ནས་ལམ་ཚེགས་མེད་པར་ཆོས་ཤིན་ཏུ་མྱུར་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཕོ་ཉ་དེ་གསུམ་གྱི་ངོས་འཛིན་དང་། ནང་གསེས་མཆོག་དམན་གྱི་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན། ངོས་འཛིན་ཚུལ་ལ་འདོད་པ་མི་འདྲ་བ་ཡོད་ཀྱང་རྗེའི་བཞེད་པ་ནི་འདི་ལྟར་ཡིན་ཏེ། ལྷན་སྐྱེས་ཀྱི་ཕོ་ཉ་ནི་རྫོགས་རིམ་གྱི་དོན་གྱི་ལྷན་སྐྱེས་རང་རྒྱུད་ལ་སྐྱེས་པའི་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་མ་རྣམས་ཡིན་ལ། ཞིང་སྐྱེས་ནི་ཞིང་ཁྱད་པར་ཅན་དུ་སྐྱེས་སྟོབས་ཀྱིས་རྣལ་འབྱོར་མར་སོང་བ་དང་། སྔགས་སྐྱེས་ནི་བསྐྱེད་རིམ་ལ་གནས་པའི་རྣལ་འབྱོར་མ་སྟེ། མཆོག་དམན་ཡང་དེ་གསུམ་གྱི་སྔ་མ་སྔ་མ་མཆོག་ཡིན་པའི་ཕྱིར་ཏེ། རྒྱུད་འགྲེལ་དེ་ཉིད་ལས། ཕོ་ཉ་གསུམ་ངོས་འཛིན་ལ་མི་འདྲ་བ་མང་དུ་འདུག་ནའང་། དང་པོ་ནི། དོན་གྱི་ལྷན་སྐྱེས་ཐོབ་པ་ཡན་ཆད་དེ་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མའོ། །གཉིས་པ་ནི་གནས་སོ་གཉིས་ལ་སོགས་པར་སྐྱེས་པ་རྣལ་འབྱོར་མས་རྗེས་སུ་བཟུང་བས་རྣལ་འབྱོར་མར་གྱུར་པའོ། །གསུམ་པ་ནི་དབང་ལ་སོགས་པས་རྒྱུད་ལེགས་པར་སྦྱངས་པ་རིམ་པ་དང་པོའི་རྣལ་འབྱོར་ལ་བྱེད་པ་སྟེ། དེ་གཉིས་ནི་འཇིག་རྟེན་པའི་རྣལ་འབྱོར་མའོ། །ཞེས་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །ཕྱི་དཀྱིལ་ནས་ལུས་དཀྱིལ་གྱི་བར་སྒོམ་པ་འདི་ལ་ནི་སྐུ་གསུམ་གྱི་སྒྲུབ་ཐབས་སུ་གསུངས་པའི་རྒྱུ་མཚན་མོད་དེ། ཕྱི་དཀྱིལ་སྒོམ་པ་སྤྲུལ་སྐུའི་རྣལ་འབྱོར། བྱང་ཕྱོགས་སོ་བདུན་གྱི་དག་པ་སྒོམ་པ་ཆོས་སྐུའི་རྣལ་འབྱོར། ལུས་དཀྱིལ་སྒོམ་པ་ལོངས་སྐུའི་རྣལ་འབྱོར་དུ་འགྱུར་བའི་རྒྱུ་མཚན་གྱིས་དེ་ལྟར་དུ་གསུངས་པའི་ཕྱིར་རོ། །དེ་ནི་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི། གཞན་དུ་ན་ཕྱོགས་མཐུན་སྔར་བཤད་པའི་ལམ་འཁྱེར་གསུམ་པོ་ཡང་དེ་ལྟར་ཡིན་ཏེ། ཤཱུནྱ་ཏའི་སྔགས་དོན་སྒོམ་པ་ནི་ཆོས་སྐུའི་རྣལ་འབྱོར། ནཱ་ད་འཇོག་པ་ནི་ལོངས་སྐུའི་རྣལ་འབྱོར་དེ་ལས་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་བསྐྱེད་པ་ནི་སྤྲུལ་སྐུའི་རྣལ་འབྱོར་དུ་འགྱུར་བའི་ཕྱིར་རོ། །བཞི་པ་གོ་བགོས་ཤིང་ཡེ་ཤེས་པ་བཅུག་ནས་དབང་བསྐུར་བ་ལ་གཉིས། གོ་ཆ་བྱ་ཞིང་ཡེ་ཤེས་པ་གཞུག་པ་དང་། དབང་བསྐུར་ནས་རྒྱས་གདབ་པའི་ཚུལ་ལོ། །དང་པོ་ལ་གཉིས། གོ་ཆ་བཅིང་བ་དང་། ཡེ་ཤེས་པ་གཞུག་པའོ། །དང་པོ་ནི། སྤྱིར་གོ་ཆ་འགོད་པའི་གཞི་དེ་ལ་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་དེ། དཀྱིལ་འཁོར་པའི་ལྷ་ཐམས་ཅད་ལ་འགོད་པ་དང་། ཡབ་ཡུམ་རེ་རེ་ཁོ་ནར་འགོད་པ་དང། ཡབ་ཡུམ་གཉིས་ཀ་ལ་འགོད་པའི་ཚུལ་གསུམ་ཡོད་པའི་ཕྱིར་རོ། །འདིར་གཙོ་བོ་ཡབ་ཡུམ་གཉིས་ཀ་ལ་དགོད་ཀྱི་གཞན་ལ་ནི་མ་ཡིན་ཏེ། ལཱུ་ནག་དྲིལ་གསུམ་གྱི་གྲུབ་ཆེན་གྱི་གཞུང་ལས་དེ་ལྟར་དུ་འབྱུང་ཞིང་། བཤད་རྒྱུད་མངོན་བརྗོད་ལས་ཀྱང་གོ་ཆ་གཉིས་པོ་འགོ་བར་བྱ། ཞེས་ཡབ་ཡུམ་གཉིས་ཀྱི་གོ་ཆ་དགོད་པ་ལས་གཞན་མ་བཤད་པའི་ཕྱིར་རོ། །ཇི་ལྟར་བསྒོམ་པའི་ཚུལ་ཡོད་དེ། རང་གི་སྙིང་གར་ༀ་ཧ་དཀར་པོ་ཡོངས་སུ་གྱུར་པ་ལས་ཞེས་སོགས་འབྱུང་བ་ལྟར་ཡབ་ཀྱི་གོ་ཆ་དྲུག་དང་། གཙོ་མོའི་ལྟེ་བར་ༀ་བཾ་དམར་པོ་ཞེས་སོགས་འབྱུང་བ་ལྟར་ཡུམ་གྱི་གོ་ཆ་དྲུག་འགོད་པར་བྱ་བ་ཡིན་པའི་ཕྱིར། དེ་ཡང་ས་བོན་དྲུག་ཚན་གཉིས་ལས་ལྷ་དེ་རྣམས་ཡུམ་བཅས་སུ་བསྐྱེད་པ་ཡིན་ཀྱང་ཁྱད་པར་ཡོད་དེ། ཡབ་ཀྱི་གོ་ཆ་དྲུག་ནི་ཡུམ་གྱིས་ཡབ་ལ་འཁྱུད་པ་ཡིན་ལ། ཡུམ་གྱི་གོ་ཆ་དྲུག་ནི་ཡབ་ཡུམ་གྱི་པང་ནས་ཚུར་འཁྱུད་པའི་ཚུལ་དུ་བྱེད་དགོས་པའི་ཕྱིར་རོ། །ལུས་ཀྱི་གནས་དེ་རྣམས་སུ་དེ་དང་དེར་ངོ་བོ་དབྱེར་མེད་དུ་བྱས་ནས་བསྒོམ་དགོས་པ་ཡིན་ཏེ། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་ཆ་དེ་ཉིད་གནས་དེ་དང་དེའི་ངོ་བོར་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་བལྟ་དགོས་པའི་ཕྱིར་རོ། །དེ་ལྟར་བསྒོམ་པ་ནི་རྒྱས་པའི་དབང་དུ་བྱས་པ་ཡིན་གྱི། བསྡུ་ན་ༀ་ཧ་སོགས་ཀྱི་ཡི་གེ་ཙམ་བཀོད་ནས་ལྷ་དེ་རྣམས་དང་ངོ་བོ་དབྱེར་མེད་དུ་མོས་པས་ཀྱང་ཆོག་པ་ཡིན་ཏེ། རྩ་རྒྱུད་ལས། ཡ་སོགས་བརྒྱད་པའི་ས་བོན་དང་། །དེ་བཞིན་གུག་སྐྱེད་བཅུ་གཉིས་ཀྱི། །ཡི་གེ་བར་མ་དོར་བྱས་པ། །ཡན་ལག་དྲུག་ཧེ་རུ་ཀར་བརྗོད། །དཔའ་བོ་དྲུག་དང་མཉམ་སྦྱོར་བ། །ཡི་གེ་གཅིག་ཏུ་ཡང་དག་གནས། །ༀ་ན་མ་སྭཱཧཱ་བཽ་ཥ་ཊ། ཧཱུཾ་ཧཱུཾ་ཕཊ་དང་ཡང་དག་ལྡན་ཞེས་དང་། འདོད་འཇོ་ལས་ཀྱང་། ༀ་ཧ་སྙིང་གར་དགོད་ལ། རྡོ་རྗེ་སེམས་དཔའ་དང་ངོ་བོ་དབྱེར་མེད་དུ་བྱ་བའམ། ཡང་ན་སྔགས་དེ་ཡོངས་སུ་གྱུར་པ་ལས་རྡོར་སེམས་སུ་སྔར་བཤད་པ་ལྟར་བསྐྱེད་དེ། ཞེས་གསུངས་པའི་ཕྱིར་རོ། །ལུས་དབང་ལུས་ཀྱི་ཆ་ཐམས་ཅད་ལ་ཁྱབ་པས་དེའི་ངོ་བོ་ནི་དེ་ཐམས་ཅད་དུ་སྒོམ་རིགས་ཀྱི། དཔྲལ་པར་སྒོམ་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། ལུས་དབང་གི་གཙོ་བོ་དཔྲལ་བའི་ཕྱོགས་ན་གནས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་རོ། །གོ་ཆ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གོ་ཆ་བཙན་པོ་དང་འདྲ་བའི་སྲུང་བ་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །གོ་ཆ་བསྒོམས་པ་ལ་དགོས་པ་ཡོད་དེ། བགེགས་ཀྱིས་མི་ཚུགས་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ཡེ་ཤེས་པ་ནི། འབར་བའི་ཕྱག་རྒྱ་དང་སྔགས་ཀྱིས་སྤྱན་འདྲེན་པ་ཡིན་ཏེ། དེ་ཡང་འཛུབ་མོ་གཉིས་མདུད་ཅིང་གུང་མོ་གཉིས་རྩེ་མོ་སྦྱར་ཞིང་མཐེ་བོང་གཉིས་བརྟན་པོར་སྦྱར་ནས་ཐུར་དུ་བསྟན་ལ། མིང་མེད་དང་མཐེའུ་ཆུང་རྣམས་བརྐྱང་བ་དཔྲལ་པར་བཞག་ནས་གཡས་གཡོན་དུ་བསྐོར་ཞིང་། ངག་ཏུ་ཕེཾ་ཞེས་བརྗོད་དེ་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ལ་སོགས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། འོད་ཟེར་རང་གི་སྙིང་ཁར་ཐིམ་པར་བསམ་པར་བྱ་བ་ཡིན་པའི་ཕྱིར། ཕེཾ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་མཁའ་འགྲོ་བསྐུལ་བའི་སྙིང་པོ་ཡིན་པའི་ཕྱིར་རོ། །དེ་ནས་མཆོད་པ་སོགས་བྱ་དགོས་པ་ཡིན་ཏེ། ༀ་བཛྲ་ཝཱི་ཎི་ཞེས་སོགས་བརྗོད་ནས་རིག་མ་བཅུ་དྲུག་གིས་མཆོད་ཅིང་། སྒོ་བ་བཞིའི་སྔགས་ཀྱིས་དགུག་བཞུག་བཅིངས་མཉེས་བྱ་བ་ཡིན་པའི་ཕྱིར། དེ་ལྟར་བྱས་པ་ལ་དགོས་པ་ཡོད་དེ། རང་དང་ཡེ་ཤེས་པ་ཐ་དད་དུ་འཛིན་པ་འགོག་པ་དང་། ཡེ་ཤེས་པ་དང་དབྱེར་མེད་དུ་བལྟ་བ་དང་། ཡེ་ཤེས་པས་བྱིན་གྱིས་རློབ་པ་སོགས་ཀྱི་ཆེད་ཡིན་པའི་ཕྱིར་རོ། །དེའི་བརྟན་བྱེད་དུ་ༀ་ཡོ་ག་ཞེས་སོགས་ཀྱི་སྔགས་བརྗོད་དགོས་ཞིང་དེའི་དོན་ཡང་ཡོད་དེ། ཡོ་ག་ནི་རྣལ་འབྱོར། ཤུདྡྷཱ་ནི་དག་པ། སརྦ་དྷརྨཱ་ནི་ཆོས་ཐམས་ཅད། ཡོ་ག་ཤུདྡྷོ་ཧཾ་ནི་རྣལ་འབྱོར་དག་པ་དེ་ངའོ་ཞེས་པ་ཡིན་པའི་ཕྱིར། དེ་ཚིག་གི་དོན་ཙམ་ཡིན་ལ། ངེས་དོན་ཡོད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་དེ་ཁོ་ན་ཉིད་དང་བདེ་བ་ཆེན་པོའི་ཡེ་ཤེས་དབྱེར་མེད་པའི་བདག་ཉིད་དེ་ངའོ་ཞེས་པའི་དོན་ཡིན་ཞིང་། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་རོ་མཉམ་དུ་སྦྱར་བ་ནི་ཞེས་སོགས་ཀྱི་དོན་ཡང་དེ་ཡིན་པའི་ཕྱིར་རོ། །བརྟན་བྱེད་དུ་སརྦ་བཱི་ར་ཞེས་སོགས་ཀྱི་སྔགས་བརྗོད་ཅིང་དེའི་དོན་ཡང་ཡོད་དེ། སརྦ་ནི་ཐམས་ཅད། བཱི་ར་ནི་དཔའ་བོ། ཡོ་གི་ནཱི་ནི་རྣལ་འབྱོར་མ། ཀཱ་ཡ་ཝཱ་ཀ་ཙིཏྟ་ནི་སྐུ་གསུང་ཐུགས། སྭཱ་བྷཱ་ཝ་སོགས་ནི་རང་བཞིན་གྱི་བདག་ཉིད་དེ་ངའོ་ཞེས་ང་རྒྱལ་འཛིན་པའི་དོན་ཡིན་པའི་ཕྱིར་རོ། །དེའི་ང་རྒྱལ་དྲིལ་ནས་འཛིན་ཚུལ་ཡོད་དེ། དཔའ་བོ་དང་རྣམ་འབྱོར་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་དེ་ངའོ་སྙམ་དུ་ང་རྒྱལ་འཛིན་དགོས་པའི་ཕྱིར། འདི་ལྟ་བུ་ལ་ང་རྒྱལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ང་རྒྱལ་དངོས་མིན་ཀྱང་ང་རྒྱལ་དེ་ནི་སེམས་ཁེངས་པའི་རྣམ་པ་ཅན་ཡིན་པས་དེ་དང་རྣམ་པ་ཕྱོགས་འདྲ་བས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །གཉིས་པ་ནི། སྔར་ཡེ་ཤེས་པ་དང་མཉམ་དུ་སྤྱན་དྲངས་པའི་དབང་ལྷ་རྣམས་ལ་རིག་མ་བཅུ་དྲུག་གིས་མཆོད་དགོས་པ་ཡིན་ཏེ། འདིར་མཆོད་པ་དེ་དབང་ལྷ་ལ་ཡིན་པར་རྗེའི་འདོད་འཇོ་ལས་བཤད་པའི་ཕྱིར་རོ། །དབང་ལྷ་ཡང་ཡེ་ཤེས་པའི་འཁོར་ལོ་དང་ལྷན་ཅིག་སྤྱན་འདྲེན་པ་ནི་མན་ངག་ཡིན་པའི་ལྭ་ཝ་པས་བཤད་ཅིང་། དྲིལ་བུ་པ་ཡང་དེ་དང་འདྲ་སྟེ། སྙིང་གའི་ཧཱུཾ་གྱི་ས་བོན་གྱིས། །ཡེ་ཤེས་དཀྱིལ་འཁོར་དབང་བསྐུར་ལྷ། །སྤྱན་དྲངས། ཞེས་གསུངས་པའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་ཏུ་གསོལ་ཞེས་སོགས་འབྱུང་བ་ལྟར་དབང་བཞི་བསྐུར་བ་ཡིན་ཏེ། ཆུ་དབང་བསྐུར་བ་ལས་བུམ་པའི་དབང་། ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་ལྕེ་ལ་བཞག་པ་ལས་གསང་དབང་། ཧེ་རུ་ཀས་ཕག་མོ་ཕྱག་རྒྱར་གནང་བ་དང་སྙོམས་པར་ཞུགས་པས་རླུང་ཐིམ་པའི་མོས་པ་བྱས་པ་ལས་ཤེར་དབང་། ཧེ་རུ་ཀས་དོན་གྱི་དབང་བཞི་པ་དེ་ཉིད་ཚིག་གིས་བསྟེན་པའི་དོན་གོ་བ་ལས་དབང་བཞི་པར་འཇོག་པ་ཡིན་པའི་ཕྱིར། དབང་བཞི་པའི་སྐབས་སུ་འབྲས་དུས་ཀྱི་ཟུང་འཇུག་གི་སྐུ་ལ་ངོ་སྤྲོོད་པ་ཡིན་ཏེ། འོད་གསལ་མཐོང་བ་ཡིན་ནོ་ཞེས་པ་ཡན་ཆད་ཀྱིས་དོན་དམ་འོད་གསལ་དང་། ཀུན་རྫོབ་ཏུ་རླུང་སེམས་ཙམ་ལས་གྲུབ་པའི་ཞེས་པ་མན་ཆད་སྒྱུ་མའི་སྐུ་དང་ཟུང་འཇུག་ལ་བརྡ་སྤྲོས་པ་ཡིན་པའི་ཕྱིར་རོ། །འདི་དག་གིས་དབང་སྔར་མ་ཐོབ་པ་གསར་དུ་ཐོབ་པ་བྱེད་པ་མིན་ཀྱང་དགོས་པ་ཡོད་དེ། ཐོབ་ཟིན་བརྟན་པ་དང་། དེ་དང་དེའི་ནུས་པ་ཁྱད་པར་ཅན་རེ་འཇོག་པའི་ཆེད་ཡིན་པའི་ཕྱིར་རོ། །ལྷ་རྣམས་ལ་རྒྱས་འདེབས་དེ་ལྟར་བྱེད་པའི་རྒྱུ་མཚན་ཡོད་དེ། གཙོ་བོ་ལ་མི་བསྐྱོད་པས་རྒྱས་འདེབས་བ་དེ་རྒྱུ་ལ་འབྲས་བུའི་རྒྱས་གདབ་པ་ཡིན་ནོ། །ཡུམ་ལ་རྣམ་སྣང་གིས་རྒྱས་གདབ་པ་ནི་ཆོས་སྐུ་ལ་གཟུགས་སྐུའི་རྒྱས་གདབ་པ་དང་། གཞན་རྣམས་ནི་རིགས་ཅན་ལ་རིགས་ཀྱིས་རྒྱས་གདབ་པ་ཡིན་པའི་ཕྱིར་ཏེ། མཁའ་འགྲོ་མ་སོགས་བཞི་ནི་རིན་འབྱུང་གི་རིགས་དང་། འཁོར་ལོ་བཞིའི་ལྷ་རྣམས་རིམ་པ་བཞིན་མི་བསྐྱོད་པ་དང་། སྣང་མཐའ་དང་། སྣམ་སྣང་དང་། དོན་གྲུབ་ཀྱི་རིགས་སུ་འཇོག་པའི་ཕྱིར་རོ། །དེ་ནས་དབང་ལྷ་རྣམས་རང་ལ་བསྟིམ་ཞིང་། དེ་ལྟར་དབང་བསྐུར་པ་ལ་དགོས་པར་ཁྱད་པར་ཅན་ཡོད་དེ། བགེགས་ཀྱིས་མི་ཚུགས་པ་དང་། སྒྲིབ་པ་ཀུན་སྦྱོང་བ་དང་། སྒོམ་བཟླས་ཀྱི་སྣོད་དུ་རུང་བ་དང་། ཞི་སོགས་ཀྱི་ལས་འགྲུབ་སླ་བ་དང་། བྱང་སེམས་ཉམས་པ་གསོ་བ་དང་། དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་དང་། མ་འོངས་པ་ན་སངས་རྒྱས་ཀྱིས་དབང་བསྐུར་བར་འགྱུར་བའི་དགོས་པ་དང་བཅས་པ་ཇོ་བོ་ཆེན་པོས་བཤད་པ་ལྟར་ཡོད་པའི་ཕྱིར་རོ། །ལྔ་པ་མཆོད་བསྟོད་དང་བསྒོམ་ཞིང་དག་པ་དྲན་ཚུལ་སོགས་ནི་སྔར་མཆོད་པ་བྱིན་རླབས་མ་བྱས་ན་འདིར་བྱ་བ་ཡིན་ཏེ། སྐབས་དེ་གཉིས་གང་དུ་བྱས་ཀྱང་མི་འགལ་བའི་ཕྱིར་རོ། མཆོད་པ་ལ་ཆུ་བཞི་དང་གསུམ་དང་གཉིས་གང་བྱས་ཀྱང་མི་འགལ་ཏེ། སྡོམ་འབྱུང་ལས་ཆུ་བཞི་བཤད་ཅིང་། སྒྲུབ་ཐབས་ཚད་ལྡན་འགའ་ལས་གསུམ་དང་གཉིས་ཀྱང་བཤད་པའི་ཕྱིར་དང་། ལཱུ་ཧི་པ་རང་གི་སྒྲུབ་ཐབས་ལས་ནི་སྐབས་འདིར་སྔགས་མཆོད་ཙམ་ལས་མ་བྱུང་བའི་ཕྱིར་རོ། །དེ་ནས་ཆུ་བཞི་སོགས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་འདོད་ཡོན་རིག་མ་བཅུ་དྲུག་དང་བཅས་པའི་ཕྱིའི་མཆོད་པ་རྣམས་བྱ་བ་ཡིན་ཏེ། ལྷ་མོ་སྤྲོོས་ཏེ་མཆོད་བྱེད་ཀྱི་སྔགས་ནི་གཞན་ནམ་ༀ་ཨཱཿགུ་རུ་བཛྲ་ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏིཙྪ་སོགས་ཀྱིས་མཆོད་པ་ཡིན་པའི་ཕྱིར། མཆོད་པའི་ལྷ་མོ་རྣམས་ཀྱི་སྐུ་མདོག་སོགས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། མེ་ཏོག་མ་སོགས་ཀྱི་སྐུ་མདོག་ཕྱག་མཚན་སོགས་རྒྱས་པར་འདོད་འཇོ་ལས་འབྱུང་བ་ལྟར་ཡིན་པའི་ཕྱིར། མཆོད་པ་འདི་རྣམས་དབང་བཞི་གང་དང་འབྲེལ་བའི་ཚུལ་ཡོད་དེ། བུམ་པའི་དབང་ནི། ཕྱི་བུམ་དབང་དང་འབྲེལ་བའི་མཆོད་པ། ནང་མཆོད་མྱང་བ་ནི་ནང་གསང་དབང་དང་འབྲེལ་བའི་མཆོད་པ། ཡབ་ཡུམ་སྙོམས་ཞུགས་ཏེ་དགའ་བཞི་དྲངས་པ་ནི་དབང་གསུམ་པ་དང་འབྲེལ་བའི་མཆོད་པ། ལྷན་སྐྱེས་ཀྱི་དགའ་བས་སྟོང་ཉིད་རྟོགས་པར་མོས་པའམ་རྟོགས་པའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི་དབང་བཞི་པ་དང་འབྲེལ་བའི་མཆོད་པ་ཡིན་པའི་ཕྱིར་རོ། །དེ་ནས་ནང་མཆོད་ཇི་ལྟར་འབུལ་བའི་ཚུལ་ཡོད་དེ། མགྲོན་རྣམས་ཀྱི་ལྗགས་བྱིན་གྱིས་བརླབས་ནས་ཨ་མྲྀ་ཏའི་སྔགས་དང་། ༀ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ། དངོས་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་སྔགས་ཀྱི་མཐར་ཡི་གེ་གསུམ་བཏགས་ནས་ཕུལ་པའི་རྗེས་སུ། དཀྱིལ་འཁོར་པའི་ལྷ་ཐམས་ཅད་ལ་རང་རང་གི་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་ནས་འབུལ་ཞིང་། དེ་ནས་ཕྱོགས་སྐྱོང་སོགས་འཇིག་རྟེན་པ་རྣམས་ལ་འབུལ་བ་ཡིན་པའི་ཕྱིར་རོ། །དེའི་ཚེ་ཐུགས་ཀ་ནས་ལྷ་མོ་རོ་རྡོ་རྗེ་མ་སྤྲོས་ནས་འབུལ་པ་ཡིན་ཏེ། དེས་ཐོད་པ་བཟུང་ནས་བདུད་རྩི་བཅུས་ཏེ་མགྲོན་རྣམས་ལ་སྟབས་པས་གསོལ་བས་ཚིམ་པར་བསམ་དགོས་པའི་ཕྱིར་རོ། །མཐར་ༀ་ཨ་མྲྀ་ཏ་ཞེས་སོགས་བརྗོད་དེ་མཆོད་པའི་ང་རྒྱལ་འཛིན་དགོས་པ་ཡིན་ཏེ། མ་མྲྀ་ཏ་ནི་འཆི་མེད་དམ་པ་བདུད་རྩི། སྭ་ད་ནི་མཉེས་པ། སྭཱ་བྷཱ་ཝ་ནི་རང་བཞིན། ཨཱཏྨ་ཀཾ་ནི་བདག་ཉིད། ཨ་ཧཾ་ནི་ངའོ་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །དེ་ནས་གསང་མཆོད་དང་དེ་ཁོ་ན་ཉིད་ཀྱིས་མཆོད་པ་ཇི་ལྟར་བྱ་བའི་ཚུལ་ཡང་ཡོད་དེ། རང་གི་སྙིང་གའི་ཧཱུཾ་ལས་བྱུང་བའི་རྣལ་འབྱོར་མ་བཞི་དང་། སྒོ་མཚམས་བརྒྱད་ཀྱིས་ཐོད་པ་ན་གནས་པའི་བདུད་རྩི་ལྔས་མཆོད་ལ། ༀ་སརྦ་བཛྲ་ཀཱ་མི་ནི་ཞེས་སོགས་མཇུག་ཏུ་ཡི་གེ་གསུམ་བརྗོད་ཅིང་ཕུལ་བའི་རྗེས་སུ། གནས་བཞི་དང་གསང་གནས་སྔར་བྱིན་གྱིས་བརླབས་པ་དྲན་པར་བྱས་ནས་དགའ་བཞི་དྲངས་པ་ནི་གསང་མཆོད་དང་། ལྷན་སྐྱེས་ཀྱི་དགའ་བས་དེ་ཁོ་ན་ཉིད་དངོས་སུ་རྟོགས་པའམ་རྟོགས་པར་མོས་པ་ནི། དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡིན་པའི་ཕྱིར་རོ། །རང་གཙོ་བོ་ཡབ་ཡུམ་གཉིས་ཀྱིས་དགའ་བ་མྱོང་བའི་ཚེ་ཕྱི་དཀྱིལ་དང་ལུས་དཀྱིལ་གྱི་ལྷ་རྣམས་ཀྱིས་ཀྱང་ཅིག་ཅར་དུ་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བསམ་དགོས་པ་ཡིན་ཏེ། འདིར་འཁོར་ཐམས་ཅད་ཀྱང་གཙོ་བོ་དང་རྒྱུད་གཅིག་ཅིང་དེའི་ཆ་ཤས་ཙམ་དུ་ཟད་དོ་སྙམ་དུ་བལྟ་དགོས་པའི་ཕྱིར་རོ། །སྤྱིར་སྔགས་ཀྱི་སྐབས་སུ་ཟབ་གསལ་གཉིས་མེད་སྒོམ་པ་ལ་ལྟ་བ་དགོས་ཤིང་། ཁྱད་པར་ཆོས་སྐུའི་ལམ་འཁྱེར་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་། བདེ་སྟོང་དབྱེར་མེད་སྒོམ་པ་ལ་བདག་མེད་རྟོགས་པའི་ལྟ་བ་དྲན་པ་ནི་མེད་མི་རུང་གི་ཡན་ལག་ཡིན་ཏེ། དེ་ལ་ཐོས་བསམ་ཙམ་ཡང་མེད་ན་ནི་དགོས་དོན་ཇི་ལྟ་བ་བཞིན་འགྲུབ་པར་དཀའ་བའི་ཕྱིར་རོ། །དེ་ནས་སྔགས་མཆོད་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་། སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས། འཁོར་ལོ་གསུམ་གྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྔགས། སྒོ་མཚམས་མ་བརྒྱད་དང་ཡབ་ཡུམ་གྱི་རྐང་བརྒྱད་ཀྱི་སྔགས་མཆོད་རྣམས་སྒྲུབ་ཐབས་ནས་འབྱུང་བ་བཞིན་རིམ་པར་བྱ་བ་ཡིན་པའི་ཕྱིར། སྔགས་དེ་རྣམས་བརྗོད་པ་ནི་མཆོད་པར་འགྱུར་བའི་ཚུལ་ཡོད་དེ། འདོད་འཇོ་ལས། རྩ་རྒྱུད་ལས། སྔགས་རྣམས་ཀུན་གྱིས་ཡང་དག་མཆོད། །ཅེས་གསུངས་པས་བསྟོད་པའི་མཆོད་པའི་སྔགས་སོ། །ཞེས་བཤད་པ་ལྟར་བསྟོད་ཅིང་བསྐུལ་བའི་སྒོ་ནས་ལྷ་མཉེས་པར་བྱེད་པས་ན་མཆོད་པར་བཞད་པའི་ཕྱིར་རོ། །མཆོད་པའི་འཁོར་གསུམ་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་མོས་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། དེས་ཚོགས་གཉིས་བདེ་བླག་ཏུ་རྫོགས་པར་འགྱུར་བར་བཤད་པའི་ཕྱིར་རོ། །དེ་ནས་ལྷའི་འཁོར་ལོ་བསྒོམ་ཞིང་དག་པ་དྲན་པར་བྱ་བ་ཡིན་ལ། བསྒོམ་པའི་ཚུལ་ཡོད་དེ། རིམ་པ་དང་པོའི་སྤང་བྱའི་གཙོ་བོ་ནི་ཐ་མལ་གྱི་སྣང་ཞེན་གཉིས་ཡོད་ལ། དེ་ལ་ཐ་མལ་གྱིི་སྣང་བའི་གཉེན་པོར་ལྷའི་རྣམ་པ་ལ་སློབ་པ་དང་། ཐ་མལ་གྱི་ཞེན་པའི་གཉེན་པོར་ལྷའི་ང་རྒྱལ་ལ་སློབ་པ་ཡིན་ཞིང་། དེ་དག་གི་ཚེ་རྣམ་པ་ལྷར་གསལ་བ་ལ་དམིགས་ནས་བསྒོམས་པས་ཡིད་ངོར་ཐ་མལ་གྱི་སྣང་བ་འཆར་བ་རེ་ཞིག་བཀག་པའི་ཚུལ་གྱིས་དེའི་གཉེན་པོར་འགྱུར་ལ། དངོས་པོ་ལ་ལྷར་མ་སོང་ཡང་ལྷའི་ང་རྒྱལ་བཅོས་མིན་དུ་བྱས་པས་ཡིད་ངོར་ཐ་མལ་གྱི་ཞེན་པ་རེ་ཞིག་བཀག་པའི་ཚུལ་གྱིས་དེའི་གཉེན་པོར་འགྲོ་བ་ཡིན་པའི་ཕྱིར་རོ། །དེའི་ཚེ་ཟབ་གསལ་གཉིས་སུ་མེད་པའི་ཚུལ་གྱིས་སྒོམ་པར་བྱེད་པ་ཡིན་ཏེ། དམིགས་པ་ལྷ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་དྲན་པ་གཉིས་ཟུང་འབྲེལ་དུ་སྐྱོང་བའི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ནི་སྐབས་འདིར་ཉམས་ལེན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ནས་དག་པ་དྲན་ཚུལ་ཡོད་དེ། ལྷའི་དག་པ་ནི་སྔར་ཕྱི་དཀྱིལ་དང་ལུས་དཀྱིལ་ཀྱི་སྐབས་སུ་བཤད་ཟིན་ཅིང་། རྒྱན་གྱི་དག་པ་དྲན་ཚུལ་ཡང་ཡོད་དེ། སྔགས་རྣམས་དང་རྒྱན་དེ་རྣམས་ཚོགས་པ་ལས་བྱུང་བའི་ཕྱག་རྒྱ་དྲུག་དང་ཐོད་སྐམ་ལ་སོགས་པ་ཡོད་ན་དངོས་སུ་བརྒྱན་པའམ། མེད་ནའང་རྒྱན་དེ་རྣམས་ཀྱིས་བརྒྱན་པར་བསམ་པ་ཡིན་ཞིང་། དག་པའི་དོན་ནི་སྔགས་དེ་རྣམས་ལས་རྒྱན་དེ་དག་བྱུང་བར་སྒོམ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ནས་ཁ་ཊྭཱཾ་ཀ་ནི་ལྷ་ཡིས་སྐུ། །ཞེས་སོགས་ཀྱི་དོན་ཡང་ཡོད་དེ། ཁ་ཊྭཱཾ་ཀ་ནི་ཧེ་རུ་ཀའི་སྐུ་བདེ་བ་ཆེན་པོའི་ངོ་བོ་དང་། ཌ་མ་རུ་ནི་རྣལ་འབྱོར་མ་སྟེ་ཤེས་རབ་སྟོང་པ་ཉིད་ཀྱི་སྒྲ་སྒྲོག་པ་དང་། ཧེ་རུ་ཀ་ནི་ཉིན་མོའི་སྒྲས་བརྗོད་པའི་དག་པ་སྒྱུ་མའི་སྐུའི་རང་བཞིན་དང་། ཕག་མོ་ནི་མཚན་མོའི་སྒྲས་བསྟན་པའི་ཤེས་རབ་དོན་དམ་འོད་གསལ་གྱི་རང་བཞིན་དུ་བསྒོམ་པར་བྱ་བ་ཡིན་ལ། དེ་འདྲ་བའི་ཧེ་རུ་ཀ་ནི་འཁོར་བ་བག་ཆགས་དང་བཅས་པ་སྤངས་པ་ལས་བྱུང་བས་ན། མྱ་ངན་འདས་བྱུང་དཔའ་བོ་སྟེ། །ཞེས་གསུངས་ཤིང་། དེ་ཉིད་ཀྱང་སྒྲུབ་པ་པོར་རང་ཉིད་ཀྱི་རླུང་སེམས་ཙམ་གྱི་ཉེར་ལེན་ལས་སྤྲུལ་པའི་རིག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད་ཡིན་པས་ན། དྲུག་པ་སེམས་ཀྱི་སྤྲུལ་པ་སྟེ། །ཞེས་འབྱུང་བ་དང་། རྡོ་རྗེ་ཕག་མོ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་ལྷ་མོའི་གཟུགས་སུ་བསྟན་པར་བསམ་པ་ནི། དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཞེས་པའི་དོན་ཡིན་ལ། ལྷག་མའི་དོན་ནི་གོང་དུ་བཤད་ཟིན་པ་ལྟར་དྲན་པར་བྱ་དགོས་པའི་ཕྱིར་རོ། །ཕྱི་དཀྱིལ་གྱི་དག་པ་དྲན་པ་ནས་འདིའི་བར་གྱི་ཉམས་ལེན་རྣམས་ཀྱིས་ཕར་ཕྱིན་ཐེག་པའི་མཁྱེན་གསུམ་གྱི་ལམ་གྱི་གནད་ཐམས་ཅད་བསྡུས་པ་ཡིན་ཏེ། གཞི་ཕུང་ཁམས་སྐྱེ་མཆད་ཀྱི་ཆོས་རྣམས་རང་བཞིན་མེད་པར་རྟོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བསྡུས་པའི་ཆོས་སོ་བདུན་ལྷ་སོ་བདུན་དུ་ཤར་བར་བསྒོམས་པས་གཞི་ཤེས་ཀྱི་ལམ་གྱི་གནད་དང་། ཡེ་ཤེས་དེ་ཉིད་ས་བཅུར་བཞག་པ་ལ་ལུས་ཀྱི་གནས་དང་ཉེ་བའི་གནས་ལ་སོགས་པར་མོས་པའི་ལུས་དཀྱིལ་བསྒོམས་པས་ནི་ལམ་ཤེས་ཀྱི་གནད་དང་། རྣལ་འབྱོར་པ་རང་གི་གཞི་ལམ་ཁྱད་གཞིར་བྱས་པའི་སྟེང་ནས་ཁྱད་ཆོས་གོ་ཆ་འཆིང་བ་སོགས་བསྒོམས་པས་ནི་རྣམ་མཁྱེན་གྱི་ལམ་གྱི་གནད་བསྡུས་པར་འདིའི་རྒྱ་འགྲེལ་དུ་མ་དང་རྗེ་ཉིད་ཀྱིས་ཀྱང་བཤད་པའི་ཕྱིར་རོ། །བཞི་པ་རྫོགས་རིམ་རྣལ་འབྱོར་ཆེན་པོ་ཅུང་ཟད་བསྒོམ་པའི་ཚུལ་ཡོད་དེ། དེ་ཡང་གཙོ་བོར་བསྐྱེད་རིམ་བསྒོམ་པའི་ཞར་བྱུང་གི་ཚུལ་དུ་བྱེད་པ་ཡིན་པས། དབྱངས་གསལ་ངག་ཏུ་བརྗོད་པ་ལས། དབྱངས་གསལ་གྱི་འཕྲེང་བ་འོད་ཟེར་ལྔ་ལྡན་འོད་ཟེར་གྱི་སྣེ་ལས། འཁོར་ལོ་གསུམ་གྱི་ལྷ་ཚོགས་སྣ་བུག་གཡས་པའི་རླུང་དང་འགྲོགས་ནས་སྤྲོས་པས། འགྲོ་བ་རྣམས་འཁོར་ལོ་གསུམ་གྱི་གོ་འཕང་ལ་བཀོད་པ་སོགས་བྱས་ནས། རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་ལྟེ་བར་གནས་པ་ཡོངས་སུ་གྱུར་པ་ལས་རིམ་གྱིས་ཧེ་རུ་ཀ་དཀར་པོ་ཡུམ་ཕག་མོ་དང་བཅས་པར་བསྐྱེད་པའི་གསང་གནས་བསྐྱེད་པའི་དགའ་བའི་སྒྲས་འགྲོ་བ་རྣམས་བཀུག་སྟེ་དུར་ཁྲོད་ལ་ཐིམ་པ་སོགས་ཀྱི་སྡུད་རིམ་བཤད་པ་ལྟར་བྱས་པའི་མཐར་ནཱ་ད་ཕྲ་མོ་ལ་སེམས་འཛིན་དེ་ནས་ནཱ་ད་ཡང་མི་དམིགས་པར་བསམས་ཏེ་བདེ་སྟོང་གི་རྣལ་འབྱོར་སྒོམ་པར་བྱེད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ཐུན་གྱི་མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ལ་གཉིས། བཟླས་པ་དང་། གཏོར་མ་སོགས་ཀྱི་རིམ་པའོ། །དང་པོ་ལ་གཉིས། རྡོར་བཟླས་དང་། ངག་བཟླས་སོ། །དང་པོ་འདིར་བསྐྱེད་རིམ་པའི་རྡོར་བཟླས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། དེ་ནས་སླར་རྟེན་བརྟེན་པའི་དཀྱིལ་འཁོར་དུ་སྐད་ཅིག་གིས་ལྡང་ནས་རང་གི་ལྟེ་བར་ཟླ་བ་ལ་གནས་པའི་ཧཱུཾ་མམ། ནཱ་ད་དཀར་ལ་དམར་བའི་མདངས་ཅན་ལས་རླུང་ཕྱིར་འབྱུང་བ་ཧཱུཾ་གྱི་གདངས་ཀྱིས་འཁོར་ལོ་ལྔའི་ལྷ་ཚོགས་སྤྲོས་ཏེ་འགྲོ་བའི་དོན་བྱས། ༀ་གྱི་གདངས་ཀྱིས་ནང་དུ་ཞུགས་ནས་ཧཱུཾ་མམ་ནཱ་ད་ལ་ཐིམ། ཨཱཿའི་གདངས་ཀྱིས་གནས་པར་བསམས་ཏེ་རླུང་ཅུང་ཟད་འཛིན་པ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ངག་བཟླས་ལ་སྤྱིར་བྱ་ཚུལ་ལྔ་ཡོད་དེ། དམ་ཚིག་གི་བཟླས་པ། དོ་ལིའི་བཟླས་པ། ཁྱོགས་ཀྱི་བཟླས་པ། གོང་བུའི་བཟླས་པ། ཁྲོ་བོའི་བཟླས་པ་རྣམས་སུ་ཡོད་པའི་ཕྱིར་རོ། །དེ་རྣམས་གང་བྱེད་ཀྱང་འཕྲེང་བ་བསྐྱེད་ཆོག་རྒྱས་པ་སྔགས་རིམ་ནས་འབྱུང་བ་ལྟར་རམ། བསྡུས་པ་སྐབས་འདིར་མངོན་རྟོགས་ནས་འབྱུང་བ་བཞིན་པདྨ་གར་དབང་དུ་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམ་མཆོད་ནས་འཕྲེང་བར་གྱུར་པར་བསམས་ཏེ་བཟླས་པ་བྱེད་པ་ཡིན་ལ། དེའི་ཚེ་གཙོ་འཁོར་དུ་ཡོད་ཀྱི་ཞལ་ནས་འདོན་པར་མོས་དགོས་པ་ཡིན་ཏེ། དེ་ལྟར་བཟླས་ནས་དེ་སྙེད་ཀྱི་གྲངས་ཀྱི་འགྱུར་ཁྱད་འབྱུང་བ་དྲིལ་བུ་པ་སོགས་ཀྱིས་བཤད་པའི་ཕྱིར་རོ། །དེ་ཡང་ཐུན་གྱི་ངོ་བོ་ལ་ལྷའི་ང་རྒྱལ་གྱིས་སེམས་མ་གཡེང་བར་བཟླས་པ་རྣམས་དེའི་གྲངས་སུ་གཞུག་པར་བྱའི། ཐུན་མཚམས་སུ་བཟླས་པ་རྣམས་བཟླས་པའི་གྲངས་སུ་མི་འདྲེན་ཡང་བཟླ་དགོས་པ་ཡིན་ཏེ། ལས་སྒྲིབ་སྦྱོང་བ་དང་བར་ཆད་ཞི་བ་སོགས་ཀྱི་ཆེད་དུ་སྤྱོད་ལམ་ཐམས་ཅད་ཀྱི་ཚེ་བཟླས་ཆོག་པར་འདིའི་རྒྱ་འགྲེལ་སོགས་དུ་མ་ཞིག་ལས་བཤད་པའི་ཕྱིར་རོ། །བཟླས་བྱའི་སྔགས་ནི་གོང་དུ་བརྗོད་པའི་སྔགས་རྣམས་ཡིན་ཀྱང་། གྲངས་དང་བཟླ་ཚུལ་གྱི་དབང་དུ་བྱས་ན་ཁྱད་པར་ཡོད་དེ། རང་ཉིད་བདག་འཇུག་བྱེད་པ་དང་། གཞན་ལ་དབང་བསྐུར་བ་སོགས་ཀྱི་ལས་རུང་དུ་བྱེད་པ་ལ། འདིའི་བསྙེན་པ་རྒྱས་པའི་དབང་དུ་བྱས་ན། དཱ་རི་ཀ་པ་དང་ནག་པོ་པས་བཤད་པ་ལྟར། གཙོ་བོ་ཡབ་ཡུམ་ལ་ཁྲི་ཕྲག་གསུམ་གསུམ་དང་། འཁོར་ལོ་གསུམ་གྱི་ལྷ་རེ་རེ་ལ་ཁྲི་ཕྲག་གཉིས་གཉིས། ལྷ་མོ་གཞན་བཅུ་གཉིས་པོ་རེ་རེ་ལ་སྟོང་ཕྲག་ཕྱེད་དྲུག་རེ་བཟླ་ཞིང་། འབྲིང་དང་། བསྡུས་པ་གཉིས་ལ་ནི་གཙོ་བོ་ལ་འབུམ། འཁོར་རྣམས་ལ་ཁྲི་ཕྲག་རེ། རྒྱས་བསྡུས་གཉིས་ཀ་ལ་ཡེ་ཤེས་འབེབ་སྔགས་ཁྲི་ཕྲག་གཅིག་བཟླ་དགོས་པའི་ཕྱིར་རོ། །ཡབ་ཀྱི་བཟླས་བྱའི་སྔགས་ནི་རྩ་སྔགས་རབ་ཡིན་ལ། དེ་མིན་སྙིང་པོའི་སྔགས་སུ་གསུངས་པས་ཡུམ་ལའང་མཚོན་ཞིང་། ཡབ་ཡུམ་གྱི་རྩ་སྔགས་གོང་དུ་བླངས་ནས་འདོན་པ་ཡོད་ཀྱང་དེ་གཙོ་བོར་མི་འདོན་ན་འཁོར་ལོ་ལྔའི་ལྷ་རྣམས་ཀྱི་སྔགས་བཟླས་པའི་མཇུག་ཏུ་ཅི་འགྲུབ་བཟླས་ཀྱང་ཆོག་སྟེ། ཚད་ལྡན་གྱི་གཞུང་འགའ་ལས་དེ་ལྟར་དུ་འབྱུང་ཞིང་། རིགས་པ་གཞན་གྱིས་ཀྱང་གྲུབ་པའི་ཕྱིར་རོ། །གོ་ཆའི་སྔགས་བཟླ་བ་ཁ་ཅིག་ནས་མི་འབྱུང་ཡང་རྩ་སྔགས་ཀྱི་མཐར་བཟླ་བར་བྱ་སྟེ། རྩ་རྒྱུད་ལས། ས་སྟེང་འདི་ན་རིན་ཆེན་བཞི། །ཞེས་བཤད་པའི་བཞིའི་ཡ་གྱལ་ཡིན་པའི་ཕྱིར་རོ། །འོན་ཀྱང་བསྙེན་པའི་གྲངས་སུ་ངེས་པར་འདྲེན་མི་དགོས་པར་སེམས་ཏེ་བརྟག་ལ། རྐང་བརྒྱད་ཀྱི་སྔགས་ནི་བཟླས་པའི་གྲངས་སུ་བྱས་ནས་ཏོན་ཀྱང་མི་འགལ་ཞིང་། དེ་མ་བྱས་པར་ཇི་ལྟར་འཚམ་པ་ཞིག་བཟླ་བའམ་མིན་ཀྱང་ཆོག་སྟེ། འདི་བསྟོད་སྔགས་ཡིན་པས་གདམ་པ་ཅན་དུ་བཤད་པའི་ཕྱིར་རོ། །བཟླས་པ་འབྲིང་བྱ་ཚུལ་ནི་བཤད་རྒྱུད་མངོན་བརྗོད་ལས་བཤད་དེ། དེ་ཉིད་ལས། སྔོན་དུ་བསྙེན་པ་བྱ་བ་ནི། །ཆོ་ག་བཞིན་དུ་འབུམ་དུ་བཟླ། །འཁོར་ལོའི་གསང་སྔགས་འབུམ་བཟླ་ཞིང་། །རང་གི་ལྷ་ཡིའང་འབུམ་དུ་བཟླ། །གཞན་ནི་ཁྲི་རུ་བཟླ་བར་བྱ། །ཞེས་དང་། སྔགས་རྣམས་སྔོན་མའི་དབང་དུ་བྱས་ནས། ལྭ་ཝ་པས་ཀྱང་གཙོ་བོ་ལ་འབུམ་འཁོར་ལ་ཁྲི་ཕྲག་རེ་བཟླ་བར་བཤད་ལ། ཡང་དཱ་རི་ཀ་བས་འབྲིང་པོའི་དབང་དུ་མཛད་ནས་དེ་ཁོ་ན་ལྟར་པ་བཤད་ཅིང་། ཐུན་མོང་དུ་ཡེ་ཤེས་འབེབས་སྔགས་ཁྲི་དང་། བཟླས་པའི་ཁ་སྐོང་གི་སྦྱིན་སྲེག་ཀྱང་བྱ་བར་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །འཁོར་གྱི་ལྷ་དྲུག་ཅུའི་སྔགས་བསྡུས་པ་བྱེད་པ་ལ་ཚུལ་གཉིས་ཡོད་ཀྱང་། འདིར་བཤད་རྒྱུད་མངོན་བརྗོད་ལས་གསུངས་པ་བཞིན་བྱ་ན་འདི་ལྟར་ཡིན་ཏེ། གཙོ་བོ་ཡབ་ཡུམ་གཉིས་འབྲིང་པོ་ལྟར་ཡིན་ཞིང་འཁོར་རྣམས་ལ་ནཱི་རྀ་ལྀ་བཞི་དང་། མ་ཡིག་དོར་བའི་ཀ་ཙ་ཊ་ཏ་བའི་སྡེ་ཚན་གྱི་ཡི་གེ་ཉེར་བཞི་དང་། ཡ་ར་ལ་ཝ་བཞིི་དང་། ཤ་ཥ་ས་ཧ་བཞིའི་མགོར་ཐིག་ལེ་བྱིན་ནས་རེ་རེའི་ཐོག་མར་ༀ་དང་མཐར་ཧཱུཾ་ཧཱུཾ་ཕཊ་སྦྱར་བ་རྣམས་རིམ་པ་བཞིན་སྙིང་པོའི་རྣལ་འབྱོར་མ་བཞི་དང་། འཁོར་ལོ་གསུམ་གྱི་ལྷ་ཟུང་ཉེར་བཞི་དང་། སྒོ་མ་བཞི་དང་། མཚམས་མ་བཞིའི་སྔགས་སུ་བཤད་པ་ལྟར་རམ་རྀ་སོགས་ས་བོན་སོ་དྲུག་པོ་སྤྲེལ་ནས་ཐོག་མཐར་སྔར་བཞིན་སྦྱར་ཏེ་བཟླས་པས་ཀྱང་ཆོག་པར་རྗེ་ཡབ་སྲས་རྗེས་འབྲང་དང་བཅས་པ་དུ་མས་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །བཟླ་བྱའི་སྔགས་རྣམས་ཀྱི་ནང་ནས་ཡབ་ཀྱི་སྙིང་པོའི་སྔགས་དོན་ཡོད་དེ། ༀ་ནི་སྔགས་ཀྱི་འགོ་འདྲེན་ཡིན་ཞིང་དེའི་ཨ་ཨུ་མ་གསུམ་གྱིས་ནི་སྐུ་གསུང་ཐུགས་མཚོན་པ་དང་སྔར་བཤད་པ་ལྟར་བཀྲ་ཤིས་པ་སོགས་ལ་འཇུག་པ་ཡིན་ལ། ཤྲཱི་ནི་དཔལ། བཛྲ་ནི་རྡོ་རྗེ། ཧེ་རུ་ཀ་ནི་ངེས་ཚིག་གིས་བཤད་ན་ཐོད་ཁྲག་ལ་རོལ་པའམ་ཁྲག་འཐུང་། ཌཱ་ཀཱི་ནཱི་ནི་མཁའ་འགྲོ་མ། ས་མཱ་རཾ་ནི་སྡོམ་པའམ་བདེ་མཆོག སྭཱ་ཧཱ་ནི་གཞི་ཚུགས་ཅེས་པའི་དོན་ཡིན་པའི་ཕྱིར་རོ། །ཉེ་སྙིང་ལ་བསྒྱུར་རྒྱུ་མེད་ཀྱང་མཚོན་དོན་ཡོད་དེ། ཧྲཱིཿལ་སོགས་པའི་ཡི་གེ་ལྔས་ཡེ་ཤེས་ལྔ་མཚོན་པ་ཡིན་པའི་ཕྱིར། ཡུམ་གྱི་སྙིང་པོ་དང་ཉེ་སྙིང་གི་དོན་ཡང་ཡོད་དེ། དང་པོ་ནི་རྡོ་རྗེ་རྣམ་པར་སྣང་མཛད་ཅེས་པ་ཡིན་ལ། ཕྱི་མ་ནི་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་མཁའ་འགྲོ་མ་ཞེས་པར་འགྱུར་བའི་ཕྱིར་རོ། །ཌཱ་ཀཱི་ནཱི་ཞེས་སོགས་བཞིའི་དོན་ཡོད་དེ། གཞན་གསུམ་བསྒྱུར་པ་ལྟར་ཡིན་ལ། ལཱ་མ་ནི་མཛེས་མ་ཞེས་པར་འགྱུར་བའི་ཕྱིར་རོ། །ཀ་ར་ཀ་ར་སོགས་ཀྱི་དོན་ལ་དྲང་ངེས་གཉིས་ཡོད་པའི་དྲང་དོན་བཤད་ན་དཔའ་བོའི་སྔགས་ཀྱི་དོན་ཀྱང་ཤེས་པར་འགྱུར་བས་བསྡུས་ཏེ་བཤད་ན་འདི་ལྟར་དུ་འགྱུར་ཏེ། ཀ་ར་གཉིས་ནི་གྱིས་ཤིག་གཉིས། ཀུ་རུ་གཉིས་ནི་མཛོད་གཉིས། དེ་བཞིན་དུ་སྦྱར་ཏེ། བྷནྡྷ་འཆིང་། ཏྲཱ་ས་ཡ་སྐྲག་པར་གྱིས། ཀྵོ་བྷ་ཡ་བསྐྱོད་པར་གྱིས། ད་ཧ་སྲེགས། པ་ཙ་ཚོས། བྷཀྵ་ཟོ། པ་ས་ཞག རུ་དྷི་ར་གྲག ཨནྟྲ་རྒྱུ་མ། མཱ་ལཱ་བ་འཕྲེང་བ། ལཾ་པི་ནི་འཕྱང་བ། སཔྟ་བདུན། པཱ་ཏ་ལ་ས་འོག ག་ཏ་གནས་པ། བྷུ་ཛི་གི་ལག་འགྲོ། ས་ར་བ་པཱ་སྦྲུལ་རྣམས། ཏ་རྫི་ལ་བསྡིགས། ཨ་ཀཊ་ཌྷྱ་ཡུག་ཅེས་པ་ཡིན་ལ། ཧྲཱིཾ་ཧྲཱིཾ་སོགས་ལ་བསྒྱུར་པ་མེད་ཀྱང་མཚོན་དོན་ཁྱད་པར་ཅན་ཡོད་ཚུལ་ནི་འོག་ཏུ་འཆད་པར་འགྱུར་བའི་ཕྱིར་རོ། །རྩ་སྔགས་ཀྱི་ངེས་དོན་ཤེས་པ་གལ་ཆེ་སྟེ། རྩ་རྒྱུད་ལེའུ་དགུ་པ་ལས་དེ་མ་ཤེས་ན་རྩ་སྔགས་ཀྱི་དེ་ཉིད་མི་ཤེས་པས་དངོས་གྲུབ་འགྲུབ་དགའ་བར་གསུངས་པའི་ཕྱིར་རོ། །དེས་ན་འདིའི་ངེས་དོན་ཅུང་ཟད་ཅིག་བཤད་ན་འདི་ལྟར་ཡིན་ཏེ། དེ་ཡང་རྒྱུད་འགྲེལ་ནས་འབྱུང་བ་ལྟར་རྩ་སྔགས་བཏུ་བའི་ངེས་དོན་དང་། བཏུས་པའི་རྩ་སྔགས་ཀྱི་ངེས་དོན་གཉིས་ཡོད་པའི་ནང་ནས་ཕྱི་མ་འཆད་པ་ལ། ཀ་ར་གཉིས་ནི་ལས་སྒྲིབ་ཡང་ཡང་ཟད་པར་བྱེད་པ། ཀུ་རུ་ནི་ཉོན་མོངས་ཡང་ཡང་ཟད་པར་བྱེད་པ། བྷྱནྡྷ་ནི་ལྷའི་འཁོར་ལོ་རྣམས་རང་བཞིན་མེད་པར་རྟོགས་པའམ་འཆིང་བ་། ཏྲཱ་ས་ཡ་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ནས་མི་སྐྲག་པ། ཀྵོ་བྷ་ཡ་ནི་ཆོས་རྣམས་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ནས་ཅུང་ཟད་ཀྱང་མ་རྙེད་པའི་སྟོང་ཉིད་སྒོམ་པ། ཧྲཾ་ལ་ནི་ཆ་དུ་མ་ཡོད་པའི་ནང་ནས་རས་སྒྲུབ་པ་པོའི་རྡོ་རྗེ་དེར་ལྟར་བྱས་པས་ནི་ཕྱག་རྒྱའི་པདྨ། ཧ་ས་ནི་སྒྲུབ་པ་པོའི་བྱང་སེམས། དེའི་སྲོག་གི་ཨུའམ་ན་རོས་ནི་ཕུང་ཁམས་སྐྱེ་མཆེད་འོད་གསལ་དུ་སྡུད་པ། ཟླ་ཚེས་ཀྱིས་ནི་སྤྱི་བོ་ནས་བྱང་སེམས་འབབ་པ། ཐིག་ལེས་ནི་བདེ་སྟོང་དབྱེར་མེད་མཚོན། ཧྲཿའི་ཧས་ནི་སྒྲུབ་པ་པོའི་བྱང་སེམས། ར་སྟས་ནི་ཕྱག་རྒྱའི་ཁམས་དམར་པོ། རྣམ་བཅད་ཀྱིས་ནི་ཐིག་ལེ་གཉིས་ཡུམ་གྱི་པདྨར་འདྲེས་པ་དེ་མཚོན། ཕེཾ་གྱི་ཕས་ནི་ཟུང་འཇུག ཟླ་ཚེས་ཀྱིས་ནི་དོན་དམ་འོད་གསལ། ཐིག་ལེས་ནི་དེ་གཉིས་དབྱེར་མེད་དུ་སྦྱོར་བ་དེ་མཚོན། ཕཊ་གྱིས་ནི་འོད་གསལ་གྱི་ཡེ་ཤེས། ད་ཧས་ནི་ཡེ་ཤེས་དེས་མཚན་འཛིན་སྲེག་པ། པ་ཙས་ནི་ཟག་བཅས་ཀྱི་ཕུང་པོ་ཆོས་པ། བྷཀྵས་ནི་རྣམ་རྟོག་དེ་ཟད་པར་བྱེད་པ། བ་ས་ནས་ལམྦྷིའི་བར་ནི་ལྷ་ལ་བསྟོད་ཅིང་འབོད་པ། བོས་ནས་གྲྀཧྣ་དང་ཏ་རྫ་ཡས་ནི་བསྡིགས་ལ་ཚར་ཆོད་ཅིག་སྟེ་སཔྟ་ནས་སརྦཾ་བཱའི་བར་གྱིས་སྦྲུལ་གདུག་དང་འདྲ་བའི་བདེན་འཛིན་གྱི་རྣམ་རྟོག་དེ་ནི་ཚར་ཆོད་ཅིག ཨ་ཀཌྷྱ་ས་ནི་རྣམ་ཐར་སྒོ་གསུམ་གྱི་རིགས་པས་མཚན་འཛིན་ཐམས་ཅད་ཆོད། ཧྲི་ལ་ཡི་གེའི་ཆ་བཞི་ཡོད་པའི་ཧ་ས་ཐབས། ར་སྟས་ཤེས་རབ། ཨི་ས་ཡེ་ཤེས་བཞི། ཐིག་ལེས་དེ་རྣམས་ངོ་བོ་དབྱེར་མེད་དུ་སྦྱོར་བ་དེ་མཚོན། ཛཽཾཎ་ལ་ཚ་དུ་མ་ཡོད་པའི་ཛཎས་ནི་ཕུང་ཁམས་སོགས་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་འཆིང་བ། ན་རོ་གཉིས་ཀྱིས་ནི་དབང་པོ་དང་ཡུལ་ལྔ། ཟླ་ཚེས་ཀྱིས་ཁམས། ཐིག་ལེས་ནི་བདེ་སྟོང་དབྱེར་མེད་དུ་བྱེད་པ་དེ་མཚོན། ཀྵྨཾ་གྱིས་ནི་གཟུང་འཛིན་གཉིས་ཀྱི་སྣང་བ་ཐམས་ཅད་འོད་གསལ་དུ་བསྡུས་ནས་ཉམས་སུ་མྱོང་བ། ཧཾ་གིས་ནི་བདེ་སྟོང་གི་ངང་དུ་རོ་གཅིག་པ། ཧིཾ་གིས་ནི་སོར་རྟོར་ཡེ་ཤེས། ཧཱུཾ་གིས་ནི་ཆོས་དབྱིངས་ཡེ་ཤེས། ཀི་ལིའི་ཀ་ལ་ཐིག་ལེ་བྱིན་པའི་ཀཾ་གིས་ནི་ལྷན་སྐྱེས་ཀྱི་བདེ་བ་དང་། སི་ལིའི་ས་དང་ཨི ས་ནི་བདེ་སྟོང་དབྱེར་མེད་དུ་བསྡོམས་པ། དྷི་ལིས་ནི་ཡེ་ཤེས་དེ་ལ་ལོངས་སྤྱོད་པ་མཚོན་ཞིང་དེའི་ངེས་དོན་ཡིན་ལ། སྔགས་ཕལ་ཆེར་ལ་ལན་གཉིས་རེ་ཟློས་ཏེ་བྱུང་བ་ནི་ཡང་ཡང་གི་དོན་དུ་བཤད་པ་ལྟར་ཡིན་པའི་ཕྱིར་རོ། །དཔའ་བོའི་མཚན་གཞན་བོད་སྐད་དུ་བསྒྱུར་བ་ལྟར་ཡིན་ལ། མ་བསྒྱུར་པ་ཁཎྜ་ཀ་པཱ་ལ་དང་། མ་ཧཱ་ཀངྒ་ལ་དང་། ཀདྒ་ལ་དང་། སུ་ར་བཻ་རི་ཎཱ་ཞེས་པ་རྣམས་ཀྱི་དོན་ཡང་ཡོད་དེ། རིམ་པ་བཞིན་དུ་ཐོད་པའི་དུམ་བུ། ཀང་རུས་ཆེན་མོ། ཀེང་རུས། ཆང་དགྲ་ཞེས་པར་འགྱུར་བའི་ཕྱིར་རོ། །འཁོར་ལོ་གསུམ་གྱི་དཔའ་མོ་རྣམས་ཀྱི་སྔགས་དོན་ཡོད་དེ། པྲ་ཙནྚི་ནི་རབ་གཏུམ་མ་ཡིན་པ་ནས་མ་ཧཱ་བཱིརྱ་ནི་བརྩོན་འགྲུས་ཆེན་མོའི་བར་ཡིན་པའི་ཕྱིར། སྒོ་མཚམས་མ་བརྒྱད་ཀྱི་སྔགས་དོན་ཡང་ཡོད་དེ། ཀཱ་ཀ་སྱ་ནི་ཁ་གདོང་མ་ཡིན་པ་ནས། ཡ་མ་མ་ཐ་ནཱི་གཤིན་རྗེ་འཛོམས་མའི་བར་ཡིན་པའི་ཕྱིར་རོ། །ཡབ་དང་ཡུམ་གྱི་རྐང་པ་བརྒྱད་ཀྱི་སྔགས་དོན་ཡང་ཡོད་དེ། དང་པོ་ནི་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཞེས་སོགས་ལྟར་ཡིན་ལ། ཕྱི་མ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཞེས་སོགས་འབྱུང་བ་ལྟར་ཡིན་པའི་ཕྱིར་རོ། །གཉིས་པ་གཏོར་མ་སོགས་ཇི་ལྟར་བྱ་བའི་ཚུལ་ལ་གཉིས། གཏོར་མ་དང་། ཐུན་གྱི་སྔ་ཕྱིའི་བར་སོགས་ལ་ཇི་ལྟར་བྱ་བའོ། །དང་པོ་ནི། བྱིན་རླབས་སྔོན་འགྲོའི་སྐབས་བཞིན་བྱས་ནས་ཇི་ལྟར་སྤྱན་འདྲེན་པའི་ཚུལ་ཡོད་དེ། རང་གི་ཐུགས་ཀའི་ཧཱུཾ་གྱི་འོད་ཟེར་གྱིས་འདས་མ་འདས་ཀྱི་གཏོར་མགྲོན་རྣམས་ལྷན་ཅིག་སྤྱན་འདྲེན་པ་ཡིན་པའི་ཕྱིར། དེ་ནས་ལག་པ་བྱིན་རླབས་བྱ་བའི་ཚུལ་ཡོད་དེ། དབྱངས་གསལ་ལས་ལག་པ་གཉིས་ཟླ་ཉི་ཧཱཾ་དང་བཅས་པར་བསྐྱེད་ནས་ༀ་ཨ་ནྱོ་ནྱ་ཞེས་སོགས་ཀྱི་སྔགས་བརྗོད་པའི་སྒོ་ནས་ལག་པ་གཉིས་རྡོ་རྗེ་ཐལ་མོར་བསྒྱུར་ནས་བདེན་པ་བརྗོད་ཅིང་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར། སྔགས་དེའི་དོན་ཡོད་དེ། ཨ་ནྱོ་ནྱ་ནས་སརྦ་དྷ རྨཱཿནི། ཕན་ཚུན་རྗེས་སུ་རབ་ཏུ་ཞུགས་པའི་ཆོས་ཐམས་ཅད། པ་ར་སྥ་ར་ནས་སརྦ་དྷརྨྨཱཿནི། མཆོག་ཏུ་ཤིན་ཏུ་རབ་ཏུ་ཞུགས་པའི་ཆ ོས་ཐམས་ཅད་། ཨཏྱནྟ་ནས་སརྦ་དྷརྨྨཱཿ་ནི། དང་པོར་རབ་ཏུ་རྗེས་སུ་གནས་པའི་ཆོས་ཐམས་ཅད་ཅེས་པ་ཡིན་ཞིང་། དེ་ཡང་ལག་པ་གཉིས་ཐབས་ཤེས་དབྱེར་མེད་པའི་རྡོ་རྗེའི་ཐལ་མོར་བྱིན་གྱིས་རློབ་པར་བྱེད་པའི་དོན་ཡིན་པའི་ཕྱིར་རོ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། ཞེས་སོགས་ཀྱི་དོན་ཡང་ཡོད་དེ། དཀྱིལ་འཁོར་པའི་ལྷ་རྣམས་ནི་མི་བསླུ་བའི་ཡེ་ཤེས་དང་ལྡན་པའི་ཚད་མའི་སྐྱེས་བུ་ཡིན་པས། དེའི་ཡེ་ཤེས་དང་དམ་ཚིག་ཀྱང་མི་བསླུ་བས་ན་ཚད་མ་ཡིན་ལ། དེ་དག་སྟོན་པའི་གསུང་ངག་ཀྱང་མི་བསླུ་བའི་ཚད་མ་ཡིན་པའི་བདེན་པ་དེས། ཁྱེད་རྣམས་ལ་གཏོར་མ་ཕུལ་བ་ནི་བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་ཅེས་པ་ཡིན་པའི་ཕྱིར་རོ། །འདས་པའི་མགྲོན་ལ་འབུལ་བའི་ཚུལ་ཡོད་དེ། ལྗགས་བྱིན་གྱིས་བརླབས་ནས་ༀ་ཨཱཿབཛྲ་ཨ་ར་ལི་ཞེས་སོགས་ཀྱི་སྔགས་བརྗོད་དེ་ཕུལ་ནས་མཆོད་བསྟོད་བྱ་བ་ཡིན་པའི་ཕྱིར། སྔགས་དེའི་དོན་ཡང་ཡོད་དེ། བཛྲ་ཨ་ར་ལི་ཧོ་ནི་རྡོ་རྗེ་རོལ་པ། བཛྲ་ཌཱ་ཀི་ནྱ་ནི་རྡོ་རྗེ་མཁའ་འགྲོ། ས་མ་ཡ་སྟྭཾ་ནི་དམ་ཚིག་ལྡན་པ་ཁྱོད། ཏྲི་ཤྱ་ཧོཿནི་ཀྱེ་གཟིགས་ཤིག་ཅེས་པ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པ་རྣམས་ལ་འབུལ་བའི་ཚུལ་ཡོད་དེ། སྔོན་འགྲོའི་སྐབས་ལྟར་འབུལ་བ་སོགས་ཡིན་པའི་ཕྱིར་རོ། །མཐར་གཤགས་གསོལ་བྱ་བའི་ཚུལ་ཡོད་དེ། ཡིག་བརྒྱ་བཟླས་ནས་ༀ་ཡོ་ག་ཤུདྡྷ་སརྦ་དྷརྨྨཱཿཞེས་སོགས་ཀྱི་མཐར་ༀ་བཛྲ་མུཿཞེས་བརྗོད་ཅིང་། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་ཤིང་། དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་ཐིམ་ནས་བྱིན་གྱིས་བརླབས་པར་བསམ་ཞིང་སྨོན་ལམ་གདབ་པ་ཡིན་པའི་ཕྱིར། ཡོ་ག་ཞེས་སོགས་ཀྱི་དོན་ནི་སྔར་བཤད་ཟིན་ལ། བཛྲ་མུཿཞེས་པའི་དོན་ཡོད་དེ། ངེས་ཚིག་གིས་བཤད་ན་མཱུ་ལ་ནི་རྩ་བའི་དོན་ཡིན་པས། རྩ་བའམ་རང་གནས་སུ་གཤེགས་པའི་དོན་ཡིན་པའི་ཕྱིར་རོ། །དེ་ནས་ཉེར་བསྡུ་སོགས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཡེ་ཤེས་སེམས་དཔའ་ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ནཱ་དའི་བར་སྡུད་རིམ་བྱས་ཏེ། སླར་ཡང་ལྷའི་སྐུར་སྐད་ཅིག་གིས་ནི་ལྡང་ནས་གོ་ཆ་བགོ་ཞིང་། པཱུ་ཛ་ལ་སོགས་པའི་གནས་ཉེར་བཞིའི་མིང་ཡིག་དང་པོ་ལ་ཐིག་ལེས་བརྒྱད་པ་ལུས་ལ་བཀོད་ནས་ཞལ་བཞི་པའི་སྔགས་བརྗོད་དེ་བགེགས་ཐམས་ཅད་བསྐྲད་པར་བྱ་བ་སོགས་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ཐུན་སྔ་ཕྱིའི་བར་དང་། ཐུན་བཞི་ལ་རྒྱས་བསྡུས་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གཉིས། སྤྱི་དང་། ཁ་ཟས་ཀྱི་རྣལ་འབྱོར་རོ། དང་པོ་ནི། ཧེ་རུ་ཀའི་རྣལ་འབྱོར་ལ་གནས་པའི་སྒོ་ནས་འདོད་ཡོན་སོགས་ལ་འཇུག་དགོས་པ་ཡིན་ཏེ། ལྷའི་རྣལ་འབྱོར་དང་མ་བྲལ་ན་ལུས་ཀྱི་སྒུལ་བསྐྱོད་དང་ངག་གི་སྨྲ་བརྗོད་བཏང་སྙོམས་པ་རྣམས་ཀྱང་ཚོགས་རྫོགས་པའི་ཡན་ལག་ཏུ་འགྱུར་བའི་ཕྱིར་ཏེ། ཀུན་སྤྱོད་ལས། ཧེ་རུ་ཀའི་གོ་འཕང་གནས། །ཡན་ལག་གི་ནི་བསྐྱོད་པ་དང་། །ཚིག་གི་རབ་འབྱམས་ཇི་སྙེད་པ། །དེ་སྙེད་ཕྱག་རྒྱ་གསང་སྔགས་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཁ་ཟས་ཀྱི་རྣལ་འབྱོར་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། བཟའ་བཏུང་གཏོར་མ་ལྟར་བྱིན་གྱིས་བརླབ་པའམ། ཡང་ན་སྡོམ་འབྱུང་ལས་བཤད་པ་ལྟར། ཡི་གེ་གསུམ་དང་ཧ་ཧོ་ཧྲིཿའི་སྒོ་ནས་བྱིན་གྱིས་བརླབས་པའི་ཕུད་ལྷ་དང་བླ་མ་ལ་ཕུལ་བའི་རྗེས་སུ། ལུས་དཀྱིལ་སྐད་ཅིག་གིས་གསལ་བཏབ་ནས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱད་ན་ཉེས་པ་སྦྱོང་ཞིང་བསོད་ནམས་ཀྱང་འཕེལ་བར་འགྱུར་བའི་ཕྱིར་ཏེ། གདན་བཞི་ལས། གང་ཞིག་ཅུང་ཟད་བཟའ་བཏུང་རྣམས། །བསྔོ་བ་བྱས་ཏེ་བཟའ་བྱས་ན། །འདི་ལྟར་སྤྱོད་པའི་རྣལ་འབྱོར་པ། །བུ་ལོན་དུ་ཡང་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་མ་བྱས་པར་སྲེད་པ་དང་བཅས་པས་སྤྱད་ན་ཉེས་པར་འགྱུར་བ་ཡིན་ཏེ། སྡོམ་འགྱུར་ལས། གལ་ཏེ་སྲེད་ལྡན་འཐུང་གྱུར་ན། །དེ་ནི་དུག་ཏུ་འགྱུར་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཐུན་བཞིའི་སྐབས་སུ་རྒྱས་བ སྡུས་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཐུན་དང་པོ་ལ་བཟའ་བཏུང་གི་བར་བྱས་ནས། ཐུན་གཞན་གསུམ་གྱི་ཚེ་རྒྱས་པར་ན་དག་པ་གསུམ་ནས་བརྩམས་ཏེ་སྔ་མ་དང་འདྲ་ལ། ཅུང་ཟད་བསྡུ་ན་ནི་འདོད་འཇོ་ལས། སྐད་ཅིག་མའི་སྔགས་གསུམ་བརྗོད་ནས་རྟེན་བརྟེན་པའི་དཀྱིལ་འཁོར་སྐད་ཅིག་གིས་བསྐྱེད་ནས་གསལ་འདེབས་པ་མན་གཞན་སྔར་དང་འདྲ་བ་ལ། ཆོས་སོ་བདུན་གྱི་དག་པ་རྒྱས་བསྡུས་ཅི་རིགས་བྱ་བར་བཤད་པ་ལྟར་བྱ་བ་ཡིན་པའི་ཕྱིར། དེས་ན་ཐུན་ཕྱི་མ་གསུམ་ལ་དག་པ་གསུམ་ནས་ཚོགས་བ སག་པའི་བར་ནི་བསྡུ་བའི་ཚེ་སྤྱིར་མ་བྱས་ཀྱང་མི་འགལ་ཏེ། འདིའི་རྒྱ་གཞུང་རྣམས་ནས་དེ་ལྟར་བྱ་བ་མ་བཤད་ཅིང་། རྗེ་ཉིད་ཀྱིས་ཀྱང་ལས་དང་པོ་པས་བྱས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བར་བཤད་ཀྱི། ངེས་པར་བྱ་དགོས་པར་མི་བཞེད་པའི་ཕྱིར་རོ། །འདིར་འདོད་འཇོ་ལས་སྔགས་གསུམ་བརྗོད་ནས་རྟེན་བརྟེན་པ་སྐད་ཅིག་གིས་བསྐྱེད་པ་འདི་ལ་མངོན་བྱང་སྔོན་མ་རྣམས་མ་མཛད་པར་སེམས་ཏེ། འདི་ལྟར་མཛད་པ་ནི་ལྭ་ཝ་པ་དང་དྲིལ་བུ་ཞབས་ཀྱི་བཞེད་པ་དང་བསྟུན་པར་སྣང་པས། དེ་གཉིས་ཀྱིས་ཐུན་བར་པ་གཉིས་ཀྱི་སྐབས་སུ་ཧཱུཾ་ལས་སྐད་ཅིག་གིས་རྟེན་བརྟེན་པ་བསྐྱེད་པའི་ཚུལ་སྔགས་རིམ་ནས་བཤད་པ་ལྟར་ཡིན་པའི་ཕྱིར། གཞན་ཡང་སྔགས་རིམ་ལས་བསྡུ་ཚུལ་མི་འདྲ་བ་འགའ་ཞིག་བཀོད་པའི་རྗེས་སུ་དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་ན་ཐུན་ཐོག་མཐའ་གཉིས་རྒྱས་ལ། བར་པ་གཉིས་བསྡུས་པའི་ལུགས་གཅིག་དང་། དང་པོ་རྒྱས་ལ་གཞན་གསུམ་བསྡུས་པ་ནི་དལ་བྲེལ་གྱིས་མིན་གྱི། རྒྱུན་པའི་བྱེད་ལུགས་སོ། །བྲེལ་པས་ཀྱང་དང་པོ་རྒྱས་ལ་ཐ་མ་གསུམ་བསྡུས་ཏེ་བྱེད་པ་དང་། ཐུན་དང་པོ་ལའང་དལ་བྲེལ་གཉིས་ཀྱི་དབང་གིས་རྒྱས་བསྡུས་གཉིས་བྱེད་ལ། གཞན་གསུམ་བསྡུས་ཏེ་བྱེད་པ་མན་སྙེའི་ལུགས་རྣམས་གང་རུང་བྱ་ལ། ཞེས་གསུངས་པ་ལྟར་བྱར་རུང་བ་ཡིན་ཏེ། བྱེ ད་ཤེས་ན་ནི་མཁས་གྲུབ་ཚད་ལྡན་གྱི་ལུགས་ཡིན་པས་ཤིན་ཏུ་ཡང་མི་འགལ་བའི་ཕྱིར་རོ། །དེར་མ་ཟད་མན་ངག་གིས་རྒྱས་བསྡུས་བྱེད་ལུགས་གཞན་སྣང་ཡང་འདིར་མི་འཆད་དེ། སླ་ཆོས་བྱེད་པར་འགྱུར་བའི་སྐྱོན་འོང་བའི་ཕྱིར་རོ། །ཐུན་གྱི་མཐར་ཉལ་བ་དང་ལྡང་བའི་རྣལ་འབྱོར་ཇི་ལྟར་བྱ་བའི་ཚུལ་ཡོད་དེ། ཉལ་བའི་ཚེ་དབྱངས་གསལ་ཚར་གཅིག་བརྗོད་དེ་སྡུད་རིམ་བྱས་ནས་གཉིད་ཀྱི་འོད་གསལ་དུ་འཇུག་ལ། ལྡང་བའི་ཚེ་འོད་གསལ་ལས་ལུས་དཀྱིལ་དང་བཅས་པའི་ཧེ་རུ་ཀའི་སྐུར་ལྡང་བར་བྱེད་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་ཉམས་སུ་བླངས་ན་ཕན་ཡོན་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་ཡིན་ཏེ། རྩ་རྒྱུད་ལས། མི་མཆོག་གང་ཞིག་ཀུན་སྤྱོད་པ། །སྡིག་པ་ཐམས་ཅད་རྣམ་དག་བདག །དེ་བཞིན་གཤེགས་པའི་ས་འཐོབ་ཅིང་། །སྐྱེ་དང་སྐྱེ་བར་བདག་གཤེགས་ཀྱི། །རིགས་ཀྱི་རྒྱལ་པོ་ཆོས་ལྡན་འགྱུར། །ཞེས་པ་ནས། དེ་བཞིན་ཤྲཱི་ཧེ་རུ་ཀ་ཡི། །མཚན་གྱིས་སྡིག་པ་འཇིག་པར་འགྱུར། །བསམ་གཏན་བསམ་པ་ཙམ་གྱིས་སམ། །ཀློག་ཅིང་ཁ་ཏོན་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་འཐོབ་འགྱུར་བའམ། །ཡང་ན་འཁོར་ལོས་བསྒྱུར་བ་འཐོབ། །ཅེས་པའི་བར་གསུངས་པའི་ཕྱིར་རོ། །ཚུལ་འདི་ལ་ཤར་སྒོམ་བྱས་པ་ཙམ་གྱིས་ཀྱང་ཕན་ཡོན་གཞན་དང་མི་འདྲ་བ་འཐོབ་པར་འགྱུར་ཏེ། རྗེའི་གསུང་འབུམ་ཐོར་བུ་ལས། འདི་དག་གང་ཤར་སྒོམ་ཙམ་རེ་བྱེད་པ་ལ་ཡང་། ལམ་གྱི་ལུས་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་གནད་ཚང་བ་ཡིན་པས། ས་ཆོད་དང་དགེ་སྦྱོར་གྱི་བྱེད་ཚུལ་གཏན་མི་འདྲའོ། །ཞེས་གསུངས་པའི་ཕྱིར་རོ། ཁྱད་པར་དུ་འདི་སྐོར་ལ་ལེགས་པར་སྦྱངས་པའི་སྒོ་ནས་ཉམས་ལེན་བྱས་ན་ཕན་ཡོན་ལྷག་པར་ཆེ་བར་ངེས་ཏེ། དེ་ཉིད་ལས། དེས་ན་དཔལ་འཁོར་ལོ་བདེ་མཆོག་གི་སྐོར་ལ་མཁས་པར་བྱས་ཤིང་རྒྱུད་ལ་སྐྱེ་དགོས་ཏེ། ཞེས་པ་ནས། དེ་ཡང་ལྷུན་པོའི་རྩེ་ལ་དངོས་སུ་བཞུགས་ཏེ་བྱིན་རླབས་མྱུར་བའོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ། སྦྱངས་མ་སྦྱངས་ལ་མ་བལྟས་པ་འདོན་པའི་བརྩོན་འགྲུས་བྱས་ན་འདྲའོ་སྙམ་ན་དེ་ནི་མི་འདྲ་སྟེ། དོན་ཤེས་མི་ཤེས་པའི་དབང་གིས་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་ལྟ་བུ་ལའང་མཆོག་དམན་གྱི་ཁྱད་པར་ཡོད་པའི་ཕྱིར་ཏེ། འདོད་འཇོ་ལས། དཀྱིལ་འཁོར་སར་ལྟར་བསྒྲུབས་ནས་མཆོད་ན་ནི། དེ་འདྲ་བའི་གོ་བ་མེད་པར་དཀྱིལ་འཁོར་མཆོད་པ་ལས་ཆེས་མཆོག་ཏུ་འགྱུར་བ་ཡིན། ཞེས་གསུངས་པའི་ཕྱིར་རོ། །འདིར་སྨྲས་པ། རྣལ་འབྱོར་མ་རྒྱུད་དུང་འཕྱུར་གཅིག་དང་ནི། །བྱེ་བ་དྲུག་གསུངས་དེ་ཡིི་ནང་ནས་ཀྱང་། །རབ་དང་ཕུལ་བྱུང་འཁོར་ལོ་སྡོམ་པའི་རྒྱུད། །ཇི་བཞིན་འགྲེལ་མཛད་ཀུན་མཁྱེན་བཙོང་ཁ་པ། །གང་དེའི་བཞེད་གཞུང་དགོངས་དོན་ཀུནྡའི་ཚལ། །སྔོན་བྱོན་མཁས་པའི་ལེགས་བཤད་འོད་དཀར་གྱིས། །གསལ་བར་ཕྱེ་མོད་ལམ་འདིའི་འཆད་ཉན་རྒྱུན། །ཡུན་རིང་གནས་དང་འཕེལ་ཕྱིར་འདི་ཉིད་བགྱིས། །དེ་ཡང་རྒྱལ་བའི་བསྟན་པ་སྤྱི་དང་ནི། །རྗེ་བཙུན་བླ་མའི་མདོ་སྔགས་དམ་པའི་ཆོས། །དུས་མཐར་ཕྱོགས་འདིར་འཛིན་པའི་སྨོན་འགྲུབ་པ། །དེ་ཡི་བསྐུལ་ལས་ཡིན་གྱི་གཞན་མ་ཡིན། །རྗེ་བཙུན་བླ་མའི་དགོངས་ཟབ་དཔག་དཀའ་བས། །ཚུལ་འདིར་མ་རྟོགས་ལོག་བཤད་ཉེས་པ་གང་། །སྙིང་ནས་ཆགས་སོ་ལེགས་པར་བཤད་པའི་དགེ །འཁོར་ལོ་སྡོམ་པའི་བསྟན་པ་རྒྱས་ཕྱིར་བསྔོ། །ཞེས་དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་བསྐྱེད་རིམ་འདོད་འཇོའི་དགོངས་པ་རབ་གསལ་ཞེས་བྱ་བ་འདི་ཡང་། བསྟན་པའི་མངའ་བདག་ཅོ་ནེའི་ཀོའུ་ཤྲི་ནང་སོས་སྨོན་ལམ་དང་ཐུགས་བསྐྱེད་ཟུང་དུ་འབྲེལ་བའི་རྣམ་དཔྱོད་ཀྱིས་ཕྱོགས་འདིར་རྒྱུད་ཀྱི་བཤད་གྲྭ་གསར་དུ་བཙུགས་ཤིང་། ཁྱད་པར་དུ་འཁོར་ལོ་བདེ་མཆོག་གི་འཆད་ཉན་འཛུག་པའི་ཚེ་དེའི་རྒྱུན་ལ་ཕན་པར་དགོངས་ནས་གནང་སྦྱིན་དང་བཅས་འདིའི་བསྐྱེད་རིམ་ཞིག་གྱིས་ཤིག་ཅེས་བསྐུལ་བ་ལ་བརྟེན་ནས། སློབ་དཔོན་རྡོ་རྗེ་འཆང་བློ་གྲོས་རྒྱ་མཚོ་ལ་སོགས་པའི་བཤེས་གཉེན་དུ་མའི་བཀའ་དྲིན་གྱིས་ལམ་འདི་ལ་ཐོས་བསམ་ཅུང་ཟད་བྱས་ཤིང་མོས་པའི་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་འདི་སྐོར་གྱི་གཞུང་དུ་མ་ལ་རིང་དུ་འདྲིས་པར་བྱས་ནས། ཅོ་ནེའི་མཁན་ས་དང་། རྒྱུད་པའི་འཆད་ཉན་གྱི་བླ་མའི་གོ་སར་གནས་པའི་ཚེ་སྦྱར་བ་སྟེ། འདིས་ཀྱང་རྒྱལ་བའི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག །བཀྲ་ཤིས།། །