cover

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

པོད་བ༷ཞི་པ།

ཅོ་ནེ་གྲགས་པ་བཤད་སྒྲུབ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མདོ་ནས་དངོས་སུ་གསུངས་པའི་བསླབ་བྱ་མདོར་བསྡུས།

མདོ་ནས་དངོས་སུ་གསུངས་པའི་བསླབ་བྱ་མདོར་བསྡུས་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། འདིར་ནི་མདོ་སྡེ་ཟབ་མོ་ལས། །གསུངས་པའི་དོན་འགའ་མདོར་བསྡུས་ནས། །རང་གཞན་དག་ལ་ཕན་པའི་ཆེད། །འགོད་པར་བྱ་སྟེ་དེ་ཡང་ནི། །དཀོན་མཆོག་བརྩེགས་པ་ནས་འབྱུང་བའི། །བློ་གྲོོས་བཟང་མོས་ཞུས་པ་ལས། ཁོང་ཁྲོ་སྤོང་དང་བྱམས་ལ་གནས། །ཆོས་འདོད་སངས་རྒྱས་གཟུགས་བྱེད་ན། །རྟག་ཏུ་གཟུགས་མཛེས་འཐོབ་པར་བཤད། །དུས་སུ་སྦྱིན་གཏོང་འགྱོད་མེད་སྦྱིན། །ཡིད་འོང་སྦྱིན་དང་རྣམ་སྨིན་ལ། །རེ་བ་མེད་པར་སྦྱིན་བྱེད་ན། །རྟག་ཏུ་ལོངས་སྤྱོད་ཆེན་པོར་འགྱུར། །ཕྲ་མ་སྤོང་དང་ལོག་ལྟ་སྤོང་། །དམ་ཆོས་སྲུང་དང་སེམས་ཅན་གཞན། །བྱང་ཆུབ་ཡང་དག་འཛིན་འཇུག་ན། །མི་ཕྱེད་འཁོར་དང་ལྡན་པར་འགྱུར། །བདེ་གཤེགས་མེ་ཏོག་ཚོགས་ཀྱིས་མཆོད། །གནོད་སེམས་སྤོང་ཞིང་སྐུ་གཟུགས་བྱེད། །རྫོགས་སངས་མོས་པ་རྒྱ་ཆེ་ན། །སངས་རྒྱས་ཞིང་དུ་རྫུས་སྐྱེ་འགྱུར། །གཞན་གྱིས་དགེ་བ་སྒྲུབ་པ་དང་། །ཆོས་ཉན་པ་ལ་བར་མི་གཅོད། །མཆོད་རྟེན་མར་མེ་འབུལ་བ་དང་། །རྗེས་དྲན་ཏིང་འཛིན་སྒོམ་བྱེད་ན། །སངས་རྒྱས་ཞིང་དུ་འགྲོ་བར་འགྱུར། །གཡོ་མེད་དགེ་བའི་བཤེས་གཉེན་བསྟེན། །གཞན་གྱི་རྙེད་ལ་སེར་སྣ་མེད། །བྱང་ཆུབ་སྤྱོད་ལ་དགའ་བྱེད་ན། །རྟག་ཏུ་དགྲ་ནི་མེད་པར་འགྱུར། །ཇི་སྐད་སྨྲས་བཞིན་བྱེད་པ་དང་། །མཛའ་བོའི་རང་བཞིན་མི་འཆབ་ཅིང་། །ཀླན་ཀ་མེད་པར་ཆོས་ཉན་དང་། །ཆོས་སྨྲས་དབྱངས་སྐུར་མི་བྱེད་ན། །རྟག་ཏུ་ངག་ཚིག་བཙུན་པར་འགྱུར། །སྡོམ་པ་རྣམ་གསུམ་ཡང་དག་ལེན། །མདོ་སྡེ་ཟབ་མོར་རྟག་ཏུ་མོས། །སེམས་ཅན་རྣམས་ལ་བྱམས་སེམས་ལྡན། །བྱང་ཆུབ་སེམས་དཔར་སངས་རྒྱས་ལྟར། །མོས་ནས་ལས་སྒྲིབ་བྱང་བར་འགྱུར། །ཆོས་ཀུན་བདེན་སྟོང་མཉམ་ཉིད་ལྟ། །དགེ་ལ་རབ་བརྩོན་སངས་རྒྱས་དྲན། །སྡིག་བཤགས་དགེ་བ་སངས་རྒྱས་སར། །བསྔོས་ན་བདུད་ལས་ཀྱིས་མི་ཚུགས། །གཞན་གྱི་བསམ་པ་རབ་རྫོགས་བྱེད། །སྐྱབས་ལ་མོས་པ་ཤུགས་དྲག་དང་། །རྒྱ་ཆེན་སྦྱིན་པ་ལ་འཇུག་ཅིང་། །དཀོན་མཆོག་མཆོད་ལ་བརྩོན་བྱེད་ན། །འཆི་ཚེ་སངས་རྒྱས་མངོན་མཐོང་བཤད། །གསང་བ་བསམ་གྱིས་མི་ཁྱབ་མདོར། །སྟོང་པ་ཉིད་ལ་མོས་པ་དང་། །བྱང་ཆུབ་སེམས་ནི་མི་གཏོང་ཞིང་། །དམ་པའི་ཆོས་ནི་འཛིན་བགྱིད་ན། །བསོད་ནམས་ཐམས་ཅད་སྡུད་པར་གསུངས། །གཞན་ཡང་མདོ་སྡེ་ཐར་ཆེན་ལས། །སྙིང་རྗེ་ཆེན་པོ་བསྐྱེད་པ་དང་། །ལེ་ལོ་མེད་ཅིང་བརྩོན་འགྲུས་བསྐྱེད། །སྐྱེ་ཤི་འཁོར་བ་རྨི་འདྲར་ཤེས། །སངས་རྒྱས་ཡེ་ཤེས་བསམ་བྱེད་ན། །སེམས་ལ་གདུང་བ་མེད་པར་འགྱུར། །ཆོས་ཀུན་བདག་མེད་ཅེས་བརྗོད་དང་། །སྐྱེ་གནས་ཆོག་ལ་དགའ་མེད་བརྗོད། །ཐེག་ཆེན་བསྔགས་པ་བརྗོད་བྱེད་ཅིང་། །དགེ་སྡིག་འབྲས་བུ་མི་བརླག་ཅེས། །བརྗོད་ན་ངེས་ཚིག་འགྱོད་མི་འགྱུར། །ཚུལ་ཁྲིམས་སྲུང་དང་མང་དུ་ཐོས། །སྦྱིན་གཏོང་རབ་ཏུ་འབྱུང་བྱེད་ན། །དགེ་བའི་རྩ་བ་འཕེལ་བར་འགྱུར། ཁེ་སྟོར་མི་སྙན་གྲགས་པ་དང་། །སྨད་ཅིང་དམའ་དབབ་སྡུག་བསྔལ་ཀྱང་། །མི་གཡོ་ལེགས་པའི་ཕྱིར་འཇུག་ན། །ཆོས་ཀྱི་ཚུལ་ལས་གཡོ་མི་འགྱུར། །ཞན་ལ་ལས་འབྲས་ཡིད་ཅེས་སྟོན། །སྦྱིན་པ་ལ་ནི་ལན་མི་རེ། །དམ་པའི་ཆོས་ནི་སྲུང་བ་དང་། །བྱང་ཆུབ་སེམས་དཔར་བསྟོད་བྱེད་ན། །དཀར་ཆོས་ཐམས་ཅད་ཡོངས་རྫོགས་འགྱུར། །དགེ་བ་ཡུན་དུ་སྒྲུབ་བྱེད་དང་། །ཉེས་པ་བྱུང་རྣམས་སེལ་བར་བྱེད། །ཐབས་མཁས་བརྩོན་འགྲུས་དགེ་བ་ཀུན། །བྱང་ཆུབ་ཆེན་པོར་བསྔོ་བྱེད་ན། །ས་བཅུའི་བར་དུ་བགྲོད་པར་འགྱུར། །སེམས་ཅན་ཡིད་དང་མཐུན་འཇུག་དང་། །དགེ་ལ་ཡི་རང་སེམས་བསྐྱེད་ཅིང་། །སྡིག་བཤགས་ཆོས་འཁོར་བསྐོར་བསྐུལ་ནི། །ཐབས་ལ་མཁས་པ་འཐོབ་པར་འགྱུར། །གཞན་གྱི་ཕན་བདེ་སྒྲུབ་བྱེད་ཅིང་། །རང་གི་དགའ་བ་ཡོངས་འདོར་དང་། །བཟོད་བསྒོམ་ལེ་ལོ་སྤོང་བྱེད་ན། །སེམས་ཅན་ཀུན་གྱི་སྟོན་པར་འགྱུར། །རྟག་ཏུ་སངས་རྒྱས་རྗེས་དྲན་དང་། །དགེ་ཀུན་རྫོགས་བྱང་ཕྱིར་བསྔོ་དང་། །དགེ་བའི་བཤེས་གཉེན་བསྟེན་པ་དང་། །ཐེག་ཆེན་བསྔགས་པ་སྒྲོག་བྱེད་ན། །སེམས་བསྐྱེད་ཆུད་མི་ཟ་བར་འགྱུར། །ཉན་རང་ཡིད་བྱེད་བློ་འདོར་དང་། །དམ་ཆོས་སྒྲུབ་པས་མི་སྐྱོ་དང་། །ཐོས་པའི་ཆོས་ཀུན་སྟོན་བྱེད་ན། །སྤྱོད་པ་གཅིག་ཏུ་ཡོངས་དག་འགྱུར། །ཐེག་ཆེན་ཆོས་ལ་རིན་ཆེན་དང་། །སྨན་དང་དབྱིག་དང་འདྲར་བལྟ་དང་། །སྡུག་བསྔལ་ཞི་བར་ལྟ་བྱེད་ན། །རིན་ཆེན་ཆོས་རྣམས་བསྒྲུབ་པར་འགྱུར། །འདུས་བྱས་ཆོས་ཀུན་རང་བཞིན་གྱིས། །འོངས་མེད་འགོག་མེད་མི་གནས་དང་། །རྟེན་ཅིང་འབྲེལ་བར་འབྱུང་ཤེས་ན། །ཉེས་པའི་ལས་ཀུན་བྱང་བར་འགྱུར། །དྲན་པ་ཉེར་གཞག་དབང་པོ་བསྡམས། །དགེ་བའི་རྩ་བ་སྟོབས་བསྐྱེད་དང་། །དབེན་པར་འདུའི་ཛི་སྤོང་བྱེད་ན། །ཉོན་མོངས་ཐམས་ཅད་ཞི་བར་འགྱུར། །གཞན་ལས་མཐོ་སྙམ་མི་སེམས་དང་། །རྟག་ཏུ་ཀུར་བསྟི་གུས་སེམས་ལྡན། །གཞན་ཕན་སྒྲུབ་ཅིང་བདག་མི་བསྟོད། །རྙེད་དང་བཀུག་བསྟི་གྲགས་པ་ཀུན། །འཚོལ་མེད་གཞན་ལ་ཆོས་སྟོན་ན། །ཚོགས་མང་ཀུན་དང་མཐུན་པར་འགྱུར། །དམ་ཆོས་སྲུང་ཞིང་སྟོན་པ་དང་། །རྟག་ཏུ་ཡ་རབས་ཆོས་ལ་སྤྱོད། །ཀུན་ལ་རྣམ་པར་རྟོག་མེད་ན། །ཆོས་ཀྱི་སྦྱིན་པའི་སྒོ་འབྱེད་འགྱུར། །གཞན་གྱི་སྐྱོན་ལ་མི་རྟོག་དང་། །ཞེ་སྡང་ཅན་ལ་བྱམས་པ་སྒོམ། །ཆོས་ཀུན་རྟེན་འབྲེལ་དུ་སྟོན་དང་། །བླ་མེད་བྱང་ཆུབ་རྟག་དྲན་ན། །དགེ་བའི་རྩ་བ་ཟད་མི་འགྱུར། །རྟག་ཏུ་ཆོས་ཀྱི་སྦྱིན་བྱེད་དང་། །གཞན་གྱི་སྐྱོན་རྣམས་བརྗོད་མི་བྱེད། །ཆོས་ཀྱིས་བསྡུས་ཏེ་སྟོན་མཁས་དང་། །ཟབ་མོའི་ཆོས་རྣམས་ཤེས་གྱུར་ན། །ཕ་རོལ་ཕྱིན་རྣམས་རྫོགས་པར་འགྱུར། །ཞི་དུས་མཉེན་དེས་སེམས་དང་ལྡན། །དགེ་རྩ་མཐུ་ལྡན་བྱེད་པ་དང་། །སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །ཐབས་ཤེས་སྟོབས་ལྡན་སྒོམ་བྱེད་ན། །བསམ་བཞིན་འདོད་པར་སྐྱེ་བར་འགྱུར། །རྟག་ཏུ་སེམས་ཅན་དོན་མི་སྐྱོ། །སངས་རྒྱས་ཚད་མེད་མཆོད་པ་དང་། །བྱམས་སེམས་ཚད་མེད་སྒོམ་པར་བྱེད། །སངས་རྒྱས་ཡེ་ཤེས་ལ་མོས་ན། །བྱང་ཆུབ་ཕྱིར་མི་ལྡོག་པར་འགྱུར། །སེམས་ཅན་དོན་ཕྱིར་སྨོན་ལམ་འདེབས། །སྦྱིན་པའི་སྤྱོད་ལམ་ལ་དད་ལྡན། །བརྩོན་འགྲུས་ཆེ་ལ་འདུན་པ་དང་། །རྒྱལ་བའི་ཆོས་ལ་མོས་སྤྱོད་ན། །སངས་རྒྱས་རང་བཞིན་མི་ཆད་བཤད། །དྲི་མེད་བྱིན་གྱིས་ཞུས་པ་ལས། །ཕྲག་དོག་མི་བྱ་ཕྲ་མ་སྤོང་། །སྐྱེ་བོ་མང་པོ་དགེ་ལ་སྦྱོར། །བྱམས་པ་རྒྱ་ཆེན་སྒོམ་བྱེད་ན། །བདུད་རྣམས་འདུལ་བར་བྱེད་ནུས་འགྱུར། །ཇི་སྐད་སྨྲས་བཞིན་བྱེད་པ་དང་། །ཟབ་མོའི་ཆོས་ལ་མོས་བྱེད་ཅིང་། །ཡིད་དམ་ཤིན་ཏུ་བརྟན་པ་དང་། །གཞན་དག་བྱང་ཆུབ་འཛིན་འཇུག་ན། །ཞིང་རྣམས་གཡོ་བར་བྱེད་ནུས་འགྱུར། །མར་མེ་སྦྱིན་དང་དམ་ཆོས་འཛིན། །བག་མེད་རྣམས་ལའང་ཆོས་སྟོན་དང་། །མཆོད་རྟེན་རིན་ཆེན་དྲ་ཕུལ་ན། །འོད་ཟེར་ལྡན་པའི་ལུས་འཐོབ་འགྱུར། །སྣ་ཚོགས་རྒྱན་དང་བུ་མོ་སྦྱིན། །རྟག་ཏུ་སངས་རྒྱས་བསྔགས་པ་བརྗོད། །ཤེས་རབ་ཕ་རོལ་ཕྱིན་སྒོམ་ན། །གཟུངས་ནི་རབ་ཏུ་འཐོབ་པར་འགྱུར། །འཁོར་བ་ལ་ནི་ཡིད་འབྱུང་དང་། །རང་ཉིད་གཅིག་བུར་གནས་ལ་དགའ། །དགེ་ལ་བརྩོན་འགྲུས་རྩོམ་པ་དང་། །བྱ་བ་མཐའ་རུ་ཕྱིན་བྱེད་ན། །ཏིང་འཛིན་ཡང་དག་འགྲུབ་པར་འགྱུར། །རང་ལུས་ཡང་བར་ཡིད་བྱེད་དང་། །སེམས་ཀྱང་ཡང་བར་ཡིད་ལ་བྱེད། །ཆོས་རྣམས་ཀུན་ལ་མངོན་ཞེན་བྲལ། ཁམས་བཞི་མཁའ་དང་མཉམ་ཤེས་ན། །རྫུ་འཕྲུལ་ལྡན་པ་འཐོབ་པར་འགྱུར། ཁོང་ཁྲོ་མེད་ཅིང་རྩོད་པ་མེད། །བདེ་གཤེགས་རྟེན་ལ་བྱི་དོར་བྱེད། །ཚུལ་ཁྲིམས་ལ་གནས་ལེགས་འོངས་སྨྲ། །ཆོས་སྨྲར་ཁྲོ་བ་མེད་གྱུར་ན། །མཛེས་པའི་གཟུགས་ནི་འཐོབ་པར་འགྱུར། །པདྨར་འདེབས་གཤེགས་གཟུགས་བྱས་མཆོད། །གཞན་སྐྱོན་མི་འཛིན་དགའ་བར་བྱེད། །དགེ་རྩ་སངས་རྒྱས་སར་བསྔོ་ན། །སངས་རྒྱས་དྲུང་དུ་སྐྱེ་བར་འགྱུར། །སློང་ལ་མི་བརྙས་སྦྱིན་བྱིན་དང་། །སེར་སྣ་མེད་པར་དངོས་པོ་གཏོང་། །རྒྱལ་མོས་ལྟ་ངན་ཀུན་སྤོང་ན། །རྟག་ཏུ་ལོངས་སྤྱོད་འཐོབ་པར་འགྱུར། །ཆོས་ལ་སེར་སྣ་མེད་སྦྱིན་དང་། །མི་མཐུན་མེད་ཅིང་འགྱོད་པ་སེལ། །ཡང་དག་གདམས་ངག་ཇི་བཞིན་སྟོན། །སྟོང་ཉིད་ཟབ་མོ་སྒོམ་བྱེད་ན། །ཤེས་རབ་ཆེན་པོ་འཐོབ་པར་འགྱུར། །ལུང་ནོད་ཁ་ཏོན་གདམས་ངག་འདོམས། །གཞན་ལ་ཡིད་འོང་ངག་ཚིག་སྨྲ། །ཐར་འདོད་གཞན་ལ་ཆོས་སྟོན་དང་། །དགེ་བསྔོ་ཏིང་འཛིན་ལ་མཁས་ན། །རྟག་ཏུ་ཚེ་རབས་དྲན་པར་འགྱུར། །དམ་ཆོས་སྲོག་ཕྱིར་མི་སྤོང་ཞིང་། །སྡིག་པའི་གྲོགས་ལ་མི་བསྟེན་དང་། །ཆོས་སྨྲ་བ་ལ་སྐུར་མི་འདེབས། །སངས་རྒྱས་རྗེས་སུ་དྲན་སྒོམ་ན། །སངས་རྒྱས་རྣམས་དང་འཕྲད་པར་འགྱུར། །མཆོད་རྟེན་ལ་ནི་རིན་ཆེན་གཏོར། །དྲི་ཞིམ་བདུད་རྩིས་མཆོད་རྟེན་འཁྲུ། །སྤོས་དང་མེ་ཏོག་རྣམས་ཀྱིས་མཆོད། །མཁན་སློབ་གུས་པས་བསྟེན་བྱེད་ན། །སུམ་ཅུ་རྩ་གཉིས་མཚན་འཐོབ་འགྱུར། །ཆོས་ལ་ཁྲི་སྟན་སྣ་ཚོགས་འབུལ། །བསྟི་སྟང་བྱེད་པས་མི་སྐྱོ་དང་། །ཆོས་སྨྲ་བ་ལ་རྒོལ་མི་བྱེད། །སེམས་ཅན་བྱང་ཆུབ་ལ་འཇུག་ན། །དཔེ་བྱད་བརྒྱད་ཅུ་འཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན། །ཉིན་མཚན་ཕུང་པོ་གསུམ་པ་འདོན། །སངས་རྒྱས་བྱང་ཆུབ་མཆོག་ལ་མོས། །ལུས་སྲོག་མི་ལྟ་ཆོས་སྒྲུབ་ན། །སྤོབས་པ་རྣམ་དག་འཐོབ་པར་འགྱུར། །ཕྲག་དོག་མེད་ཅིང་སེར་སྣ་མེད། །ཀུན་ལ་ཕན་པའི་སེམས་སྙམ་དང་། །འཁོར་དང་ཆོས་མིན་མི་འདྲེ་ན། །སངས་རྒྱས་ཞིང་དག་འཐོབ་པར་འགྱུར། །གཞན་གྱི་འཁོར་ནི་འབྱེད་མི་བྱེད། །མི་མཐུན་པ་དག་སྡུམ་བྱེད་ཅིང་། །ལུང་ནོད་ཁ་ཏོན་བྱེད་འཇུག་དང་། །ཕྲ་མའི་ཚིག་རྣམས་སྤོང་བྱེད་ན། །དགེ་འདུན་ཕུན་ཚོགས་ལྡན་པར་འགྱུར། །གཞན་མཆོད་བྱེད་ལ་ཕྲག་དོག་མེད། །ཕ་རོལ་ཕྱིན་རྣམས་གུས་པས་འཚོལ། །ཆུལ་འཆོས་མེད་ཅིང་བྱང་སེམས་ལ། །སྟོན་པ་ལྟ་བུར་གུས་བྱེད་ན། །གང་འདོད་ཞིང་དུ་སྐྱེ་འགྱུར་བཤད། །ཀླུ་རྒྱལ་རྒྱ་མཚོས་ཞུས་པ་ལས། །དཀོན་མཆོག་གསུམ་གྱི་བསྔགས་བརྗོད་ཅིང་། །ཆོས་འདོད་གཡེང་བར་མི་བྱེད་དང་། །གཞན་གྱི་འགྱོད་པ་སེལ་བྱེད་ན། །མི་ཁོམ་གནས་ལས་གྲོལ་བར་འགྱུར། །བྱང་ཆུབ་སེམས་ནི་མི་གཏོང་དང་། །ཚུལ་ཁྲིམས་སྲུང་ཞིང་ཉམས་མི་བྱེད། །སྨོན་ལམ་རྣམ་དག་འདེབས་པ་དང་། །གཞན་ཕྱིར་སྙིང་རྗེ་ཆེར་བསྐྱེད་ན། །ལྷ་མིའི་སྐྱེ་བ་འཐོབ་པར་འགྱུར། །སངས་རྒྱས་རྗེས་དྲན་བསྙེན་བཀུར་མཆོད། །བསྔགས་བརྗོད་སྐུ་བཞེངས་ལྟ་བར་འདོད། །སངས་རྒྱས་ཞིང་དུ་སྐྱེ་བར་སྨོན། །སངས་རྒྱས་ཡེ་ཤེས་ཆོས་མོས་ན། །རྟག་ཏུ་སངས་རྒྱས་མཐོང་བར་འགྱུར། །དགེ་བའི་བཤེས་ལ་བསྙེན་བཀུར་ཞིང་། །ཆོས་ལ་གཅེས་སྤྲས་ང་རྒྱལ་མེད། །བཀའ་བློ་བདེ་ཞིང་མོས་བྱེད་ན། །སྐྱེ་ཀུན་བཤེས་གཉེན་འཕྲད་པར་འགྱུར། །རྒྱལ་བའི་ཡུམ་དང་སྡུད་པ་ལས། །སྟོང་ཉིད་ཟབ་མོ་སྒོམ་པ་དང་། །སེམས་ཅན་ཡོངས་སུ་མི་གཏོང་ཞིང་། །ཇི་སྐད་སྨྲས་བཞིན་བྱེད་པ་དང་། །སངས་རྒྱས་བྱིན་གྱིས་བརླབས་གྱུར་ན། །བདུད་རྣམས་ཀུན་གྱིས་ཚུགས་མི་འགྱུར། །སྦྱིན་པ་ཡིས་ནི་ལོངས་སྤྱོད་ལྡན། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོ་ཐོབ། །བཟོད་པའི་སྟོབས་ཀྱིས་གཟུགས་མཛེས་དང་། །བརྩོན་འགྲུས་ཡོན་ཏན་གོང་དུ་འཕེལ། །བསམ་གཏན་མངོན་ཤེས་ལ་སོགས་འགྲུབ། །ཤེས་རབ་ཀྱིས་ནི་གྲོལ་བར་བཤད། །གཞན་ཡང་མདོ་སྡེ་དུ་མ་ལས། །ངེས་འགྱུར་སེམས་བསྐྱེད་ཡང་དག་ལྟ། །ལམ་གྱི་གཙོ་བོ་རྣམ་གསུམ་དང་། །སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི། །ཐུན་མོང་ཐུན་མོང་མིན་པའི་ལམ། །རྣམ་གསུམ་བཤད་ཅིང་དེ་ཡང་ནི། །འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི། །མངོན་མཐོ་ཙམ་ཞིག་དོན་གཉེར་ལམ། །སྐྱེས་བུ་ཅུང་ངུའི་ལམ་དངོས་དང་། །ཐར་པ་ཙམ་ཞིག་དོན་གཉེར་ལམ། །སྐྱེས་བུ་འབྲིང་གི་ལམ་དངོས་དང་། །སངས་རྒྱས་དོན་དུ་གཉེར་བའི་ལམ། །སྐྱེས་བུ་ཆེན་པོའི་ལམ་དངོས་དང་། །ཐམས་ཅད་མཁྱེན་པ་དོན་གཉེར་བ། །གཞིར་བྱས་མངོན་མཐོ་ངེས་ལེགས་དང་། །སངས་རྒྱས་བྱང་ཆུབ་དོན་གཉེར་གསུམ། །སྐྱེས་བུ་གསུམ་དང་ཐུན་མོང་བའི། །ལམ་དུ་བཤད་དེ་ཁྱད་པར་དབྱེ། །ཐོག་མར་འཁོར་བའི་སྡུག་བསྔལ་ལས། །ཐར་འདོད་ངེས་འབྱུང་གལ་ཆེ་སྟེ། །དེ་མེད་ལེགས་སྤྱད་འཁོར་བ་དང་། །དེས་ཟིན་ཐར་པའི་རྒྱུར་འགྱུར་བཤད། །རྫོགས་བྱང་བསྔོས་པའི་དགེ་རྩ་ནི། །ཆུང་ཡང་ཟད་པ་མེད་དོ་ཞེས། །གསུངས་ཕྱིར་དགེ་བ་ཅི་བསགས་པ། །བསམ་པ་ཐག་པས་རྫོགས་བྱང་བསྔོ། །དེ་སོགས་མདོ་ལས་གསུངས་པའི་ཚུལ། །མཐའ་ཡས་དཔག་མེད་མཆིས་ན་ཡང་། །འདིར་ནི་རང་ཉིད་དད་པ་ཡིས། །ཀུན་ནས་བསླངས་ཏེ་ཆ་ཙམ་བྲིས། །ཅི་ཕྱིར་ཞེ་ན་མདོ་ལས་ནི། །གངྒཱའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བཀར་སྟེ་རྒྱལ་མཆོད་པས། །གང་གིས་རྒྱལ་བའི་གསུང་ལྟར་དུ། །དམ་ཆོས་ཚིགས་བཅད་གཅིག་བྱིན་ཡང་། །བསོད་ནམས་ཆེ་བར་གསུངས་ཕྱིར་རོ། །ཞེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་དད་པས་སྦྱར་བའོ། །

སྐྱེས་བུ་གསུམ་དང་བསླབ་པ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་དཀའ་གནས་ལེགས་པར་བཤད་པའི་སྙིང་པོ།

སྐྱེས་བུ་གསུམ་དང་བསླབ་པ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་དཀའ་གནས་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བ་བཞུགས།

ཐུབ་དབང་དམ་པ་མི་ཕམ་འཇམ་པའི་དབྱངས། །འཛམ་གླིང་རྒྱན་དྲུག་དཔལ་ལྡན་ཨ་ཏི་ཤ། །རྒྱལ་བ་གཉིས་པ་ཡབ་སྲས་བཅས་པ་ལ། །སྙིང་ནས་འདུད་དོ་བརྩེ་བའི་ལྕགས་ཀྱུས་གཟུང་། །དེ་ལ་འདིར་ཉེ་བར་མཁོ་བའི་དཀའ་གནད་འགའ་ཞིག་མཐའ་དཔྱོད་ཀྱི་སྒོ་ནས་བརྗོད་པར་བྱ་སྟེ། འདི་ལ་གསུམ། སྐྱེས་བུ་གསུམ་གྱི་འཇོག་ཚུལ། བསླབ་པ་གསུམ་གྱི་ཁྱད་པར། ཐོས་བསམ་སྒོམ་གསུམ་གྱི་ཁྱད་པར་རོ། །དང་པོ་ལ་གཉིས། གསུང་རབ་ཀྱི་དོན་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་ཉམས་ལེན་གྱི་རིམ་པར་འདུ་ཚུལ་དང་སྐྱེས་བུ་གསུམ་གྱི་ཁྱད་པར་དང་། ལམ་དེའི་ཆེ་བ་བསྟན་པའོ། །དང་པོ་ནི། རྒྱལ་བས་ཆོས་ཇི་སྙེད་ཅིག་བསྟན་པ་ཐམས་ཅ ད་ཀྱང་སེམས་ཅན་གྱི་དོན་དུ་ཡིན་ལ། སེམས་ཅན་གྱི་དོན་ལ་གཉིས་ཏེ་མངོན་མཐོ་དང་ངེས་ལེགས་ལ་འགོད་པའོ། །དེ་ཡང་གནས་སྐབས་མངོན་མཐོ་ལྷ་མིའི་རྟེན་སྒྲུབ་པ་ལས་བརྩམས་ཏེ་ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་སྐྱེས་བུ་ཆུང་ངུ་དངོས་སམ་ཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། །ངན་འགྲོའི་སྡུག་བསྔལ་བསམ་ཚུལ་དང་བདེ་འགྲོའི་ཡོན་ཏན་འཐོབ་ཚུལ་ཙམ་གཙོ་བོར་སྟོན་པའི་མདོ་རྣམས་དེར་འདུ་བའི་ཕྱིར་རོ། །ངེས་ལེགས་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཡོད་པའི་དང་པོའི་དབང་དུ་བྱས་ནས། ཉན་རང་གི་ཐེག་པ་ལས་བརྩམས་ཏེ་ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་སྐྱེས་བུ་འབྲིང་དངོས་སམ་དེ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། །འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་ཙམ་གཙོ་བོར་སྟོན་པའི་མདོ་རྣམས་དེར་འདུ་བའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་སྒྲུབ་པ་ལས་བརྩམས་ཏེ་ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་སྒྲུབ་པའི་ཐབས་གཙོ་བོར་སྟོན་པའི་མདོ་སྔགས་ཀྱི་གཞུང་རྣམས་ནི་དེར་འདུ་བའི་ཕྱིར་རོ། །ངན་འགྲོའི་ཉེས་དམིགས་དང་བདེ་འགྲོའི་ཡོན་ཏན་གཙོ་བོར་སྟོན་པའི་ཐེག་ཆེན་གྱི་མདོ་དང་། འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་གཙོ་བོར་སྟོན་པའི་ཐེག་ཆེན་གྱི་མདོའི་ཆ་འགའ་ཞིག་ལ་ནི། སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་སྐོར་ཞེས་བྱའི། དེ་དག་དངོས་ནི་མིན་ཏེ། དཔེར་ན། མི་རྟག་པ་དང་གང་ཟག་གི་བདག་མེད་རྟོགས་པའི་ཐེག་ཆེན་གྱི་ལམ་འགའ་ཞིག་རང་ལྡོག་ནས་སྐྱེས་བུ་ཆེན་པོའི་ལམ་ཡིན་ཀྱང་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་དུ་འཇོག་པ་བཞིན་ནོ། །དེ་ལ་ཚེ་འདིའི་བདེ་བ་ཙམ་དོན་དུ་གཉེར་བའི་སྐྱེས་བུ་རྣམས་ནི་སྤྱིར་སྐྱེས་བུ་ཆུང་ངུའམ་ཐ་མ་ཡིན་ཀྱང་། དེ་སྐྱེས་བུ་ལ་གསུམ་དུ་ཕྱེ་བའི་ཆུང་ངུ་ནི་མིན་ཏེ། དེ་ལ་གསུམ་དུ་ཕྱེ་བའི་ཆུང་ངུ་ནི་ཚེ་འདིའི་བདེ་བ་ཙམ་ལ་གཙོ་བོར་མི་བྱེད་པར་ཕྱི་མའི་མངོན་མཐོའི་བདེ་བ་གཙོ་བོར་དོན་དུ་གཉེར་བ་ཞིག་ལ་བྱེད་པའི་ཕྱིར་ཏེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས་ཞེས་གསུངས་པའི་ཕྱིར་རོ། །མངོན་མཐོ་ཙམ་དོན་དུ་གཉེར་བ་ལའང་གཉིས་ཏེ། ཐབས་ནོར་བ་ལ་ཞུགས་པ་དང་། མ་ནོར་བ་ལ་ཞུགས་པའོ། །འདིར་ནི་ཕྱི་མ་ཡིན་གྱི་སྔ་མ་ནི་མ་ཡིན་ཏེ། ཡིན་ན་མངོན་མཐོ་དོན་དུ་གཉེར་བའི་ཕྱི་རོལ་པའང་སྐྱེས་བུ་དེར་ཐལ་བའི་ཕྱིར་རོ། །དེས་ན་ཕྱི་མའི་མངོན་མཐོ་ཙམ་དོན་གཉེར་གྱི་ཐབས་མ་ནོར་བསྒྲུབ་པ་ལ་གཙོ་བོར་ཞུགས་པའི་གང་ཟག་རྣམས་ནི་སྐྱེས་བུ་ཆུང་ངུ་དངོས་ཡིན་ལ། མངོན་མཐོ་དོན་དུ་གཉེར་བའི་ཐེག་ཆེན་པ་ཡོད་ཀྱང་། །དེ་དག་གིས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་ཉམས་སུ་ལེན་པ་ཡིན་གྱི། སྐྱེས་བུ་ཆུང་ངུ་དངོས་ནི་མིན་ནོ། །ཐེག་དམན་གྱི་རིགས་ཅན་རྣམས་ནི་སྐྱེས་བུ་ཆེ་ཆུང་གཉིས་སུ་ཕྱེ་བའི་ཆུང་ངུ་ཡིན་ཀྱང་སྐྱེས་བུ་གསུམ་དུ་བྱས་པའི་ཆུང་ངུ་མ་ཡིན་གྱི། འབྲིང་ཡིན་ཏེ། དེ་གསུམ་དུ་ཕྱེ་བའི་འབྲིང་ནི་འཁོར་བ་ལས་གྲོལ་བའི་ཐར་པ་ཙམ་གཙོ་བོར་དོན་དུ་གཉེར་བ་ཞིག་ལ་བྱེད་པའི་ཕྱིར་ཏེ། ལམ་སྐྲོན་ལས། སྲིད་པའི་བདེ་ལས་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཆེད་དུ་བྱ་བ་ཐར་པ་ཙམ་གཙོ་བོ་དོན་དུ་གཉེར་བའི་གང་ཟག་རྣམས་ནི་སྐྱེས་བུ་གསུམ་དུ་ཕྱེ་བའི་འབྲིང་དངོས་ཡིན་ཀྱང་། ཐར་པ་དོན་དུ་གཉེར་བའི་ཐེག་ཆེན་གྱི་རིགས་ཅན་གྱིས་ནི། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ཉམས་སུ་ལེན་པ་ཡིན་གྱི། འབྲིང་དངོས་ནི་མ་ཡིན་ནོ། །སྐྱེས་བུ་ཆེན་པོ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་ཆེད་དུ་རང་ཉིད་ཀྱང་སངས་རྒྱས་ཐོབ་འདོད་ཞིག་ལ་བྱེད་པ་ཡིན་ཏེ། ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཐིག་ཆེན་པ་ཡིན་ན་སྐྱེས་བུ་ཆེན་པོ་ཡིན་དགོས་པས། དེའི་རྒྱུད་ཀྱི་ལམ་ཡིན་ནའང་སྐྱེས་བུ་ཆེན་པོའི་ལམ་ཡིན་དགོས་སོ། །དེའི་རྒྱུད་ཀྱི་དམྱལ་བའི་སྡུག་བསྔལ་སོགས་ངན་འགྲོའི་ཉེས་དམིགས་བསམ་པའི་ལམ་དེ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དང་། འཆི་བ་མི་རྟག་པ་སོགས་འཁོར་བའི་ཉེས་དམིགས་བསམ་པའི་ལམ་དེ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལཾ་ཡིན་གྱི། སྐྱེས་བུ་ཆུང་འབྲིང་གི་ལམ་དངོས་གནས་པ་མ་ཡིན་ནོ། །རིགས་ཅན་གསུམ་ཀ་ལ་ལམ་མ་ཞུགས་ཡོད་ཀྱང་། ཐེག་པ་གསུམ་པོ་གང་རུང་ལ་གནས་པའི་གང་ཟག་ཡིན་ན། ལམ་ཞུགས་ཡིན་དགོས་པས་དེ་གང་རུང་གི་ལམ་ཡིན་ནའང་ལམ་ཡིན་དགོས་ལ། །སྐྱེས་བུ་གསུམ་པོ་གང་རུང་གི་ལམ་ཡིན་ན་ལམ་དངོས་ཡིན་མི་དགོས་ཏེ། ལམ་མ་ཞུགས་ན་དེ་གསུམ་དང་དེ་གསུམ་གྱི་ལམ་ཡོད་པའི་ཕྱིར་ཏེ། དེ་ན་ངན་འགྲོ་དང་འཁོར་བའི་སྡུག་བསྔལ་ཚུལ་བཞིན་དུ་བསམ་པ་དང་ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བ་ཡོད་པའི་ཕྱིར་རོ། །གཞན་ཡང་། སྐྱེས་བུ་གསུམ་པོ་གང་རུང་གི་ལམ་ལ་ལམ་གྱིས་མ་ཁྱབ་སྟེ། དཔེར་ན། ངན་འགྲོའི་ལམ་དང་བདེ་འགྲོའི་ལམ་ལ་ལམ་གྱིས་མ་ཁྱབ་པ་བཞིན་ཡིན་པའི་ཕྱིར་ཏེ། མི་དགེ་བ་བཅུ་ངན་འགྲོའི་ལམ་དང་། དགེ་བ་བཅུ་བདེ་འགྲོའི་ལམ་ཡིན་པ་བཞིན་ནོ། །འོ་ན་རིམ་པ་དེ་ལྟར་འཁྲིད་པའི་རྒྱུ་མཚན་གང་ཡིན་ཞེ་ན་ཡོད་དེ། སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་རྣམས་སྐྱེས་བུ་ཆེན་པོའི་ལམ་གྱི་སྔོན་འགྲོར་ཤེས་པའི་ཚེ་དང་། བློ་རབ་འབྲིང་ཐ་གསུམ་ལ་ཕན་པའི་ཆེད་ཡིན་པའི་ཕྱིར། དེ་ཡང་བྱང་ཆུབ་ལམ་གྱི་རིམ་པའི་སྐབས་སུ་ནི་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་ལ་འཁྲིད་པ་ཡིན་གྱི། དེའི་ལམ་དངོས་ལ་འཁྲིད་པ་ནི་མ་ཡིན་ཏེ། དེ་དངོས་ལ་འཁྲིད་ན་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་གོ་སར་ལྟུང་བའི་དགག་བྱ་ཡོད་པའི་ཕྱིར་རོ། །མདོར་ན་རང་ཉིད་ངན་སོང་ལས་ཐར་འདོད་མེད་ན་འཁོར་བ་ལས་ཐར་འདོད་མི་འབྱུང་ལ། དེ་མ་བྱུང་ན་གཞན་དེ་དག་ལས་སྐྱོབ་འདོད་མི་འབྱུང་བས། གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱང་མི་འོང་ལ། དེ་འོང་བ་ལ་ནི་ཟློག་ཕྱོགས་སྔ་མ་སྔ་མ་སྔོན་དུ་འགྲོ་དགོས་སོ། །གོམ་རིམ་སྔར་བཤད་པ་ལྟར་སྦྱོང་དགོས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །ཞེས་དང་། འཕགས་པ་ལྷས་ཀྱང་། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། ཞེས་དང་། བསོད་ནམས་མིན་པ་དང་པོར་ཟློག །བར་དུ་བདག་ནི་བཟློག་པ་དང་། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན། རྒྱལ་བའི་བསྟན་པ་ལ་རིམ་གྱིས་བཀྲི་བའི་གནད་དམ་གོ་རིམ་ཡང་དེ་ལྟར་དུ་ཤེས་དགོས་སོ། །གཉིས་པ་ཆེ་བ་ནི། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་དོན་སྐྱེས་བུ་གསུམ་གྱི་ལམ་ཉམས་ལེན་གྱི་རིམ་པར་འདུ་ཚུལ་ལེགས་པར་ཤེས་དགོས་ཤིང་ཤེས་ན་ནི། ལམ་རིམ་གྱི་ཆེ་བའམ་ཁྱད་ཆོས་བཞི་པོ་དེ་རང་ཉིད་ཀྱི་ཀྱང་འཐོབ་པར་འགྱུར་ཏེ། ལམ་རིམ་བསྡུས་དོན་ལས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གད མས་པར་འཆང་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་། །ཞེས་གསུངས་པ་ལྟར་ཐོབ་པར་འགྱུར་བའི་ཕྱི་རོ། །དེ་ཡང་སྔར་བཤད་པ་ལྟར་ཤེས་ན་ནི་རྒྱལ་བའི་གསུང་རབ་ཁ་ཅིག་གིས་ནི་ལམ་གྱི་གཙོ་བོ་སྟོན་ལ། ཁ་ཅིག་གིས་ནི་ལམ་གྱི་ཡན་ལག་སྟོན་པར་ཤེས་ནས་དེ་རྣམས་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་འཚང་རྒྱ་བའི་ཆ་རྐྱེན་དུ་གོ་བས་ན། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དེ་འབྱུང་། །དེ་བྱུང་ན་མདོ་སྔགས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པས་ཀྱང་ཉམས་ལེན་གྱི་གནད་སྟོན་པར་གོ་བས་ན། གསུངས་རབ་ཐམས་ཅད་གདམ་ངག་ཏུ་འཆར་བ་དེ་འབྱུང་། དེ་བྱུང་ན་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ཀྱི་དོན་ལ་ཐོས་བསམ་བྱ་དགོས་པར་ཤེས་ནའང་བློ་ཆུང་བས་དེ་དག་གི་དོན་རྟོགས་དཀའ་བར་རིག་སྟེ་བླ་མའི་མན་ངག་དང་ལམ་རིམ་རྒྱས་བསྡུས་ལྟ་བུ་ལ་བརྟེན་ནས་དེ་རྣམས་ཀྱི་དོན་དཀའ་ཚེགས་མེད་པར་རྙེད་པར་འགྱུར་བས་ན། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པ་དེ་འབྱུང་། དེ་བྱུང་ན་ནི་རྒྱལ་བའི་བཀའ་ཐམས་ཅད་ཀྱིས་འཚང་རྒྱ་བའི་ཐབས་སྟོན་པའོ་སྙམ་སྟེ། བཀའ་འགའ་ཞིག་བླང་བྱ་དང་འགའ་ཞིག་འ དོར་བྱར་འཛིན་པའི་ལོག་རྟོག་ཐམས་ཅད་ལྷག་མ་མེད་པར་ལྡོག་ནས། ཆོས་སྤོང་གི་ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་དེ་འབྱུང་ངོ་། །དེ་དག་ཇི་ལྟ་བ་བཞིན་རྫོགས་པར་འབྱུང་བ་ལ་ནི། །ལམ་རིམ་གྱི་དོན་མཐར་ཆགས་སུ་ཤེས་ནས་ཅི་ལྟར་རིགས་པར་ཉམས་སུ་ལེན་པ་དང་། དེ་རྒྱལ་བའི་གསུང་རབ་འདི་དང་འདི་ནས་བསྟན་པའི་དོན་ནོ་ཞེས་ལམ་རིམ་གྱི་གཞུང་དོན་དང་རྒྱལ་བའི་གསུང་རབ་རྣམས་ཕན་ཚུན་སྦྱོར་ཤེས་དགོས་ཏེ། རྒྱལ་བའི་བསྟན་པ་སྤྱི་ལ་གོ་བ་རྙེད་པའང་དེ་ལྟར་དུ་ཤེས་པར་བྱའོ། །གཉིས་པ་བསླབ་པ་གསུམ་གྱི་ཁྱད་པར་བཤད་པ་ལ་གསུམ་སྟེ། ཚུལ་ཁྲིམས། ཏིང་འཛིན། ཤེས་རབ་ཀྱི་བསླབ་པའོ། །འདི་དག་སྲུང་ཚུལ་ཕན་ཡོན་སོགས་རྒྱས་པར་འདིར་མི་འཆད་ཀྱི། ངོ་བོ་དང་དབྱེ་བའི་དཀའ་གནས་འགའ་ཞིག་མཐའ་དཔྱོད་ཀྱི་སྒོ་ནས་བཤད་པར་བྱའོ། །དེ་ཡང་ཚུལ་ཁྲིམས་ནི་བསླབ་པ་གཞན་གཉིས་ཀྱི་རྩ་བ་ལྟ་བུ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་བཤད་པ་ལྟར། ཚུལ་ཁྲིམས་ལ་བརྟེན་ནས་སེམས་མཉམ་པར་འཇོག་པའི་ཏིང་ངེ་འཛིན་འབྱུང་། དེ་ལས་སེམས་རྣམ་པར་གྲོལ་བའི་ཤེས་རབ་ཀྱི་བསླབ་པ་འབྱུང་བའི་ཕྱིར་རོ། །སྡེ་སྣོད་གསུམ་བསྟན་པ་ཡང་བསླབ་པ་གསུམ་གྱི་དབང་དུ་མཛད་པ་ཡིན་ཏེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་སྒོ་ནས་འདུལ་བའི་སྡེ་སྣོད་དང་། དེ་བཞིན་དུ་ལྷག་པ་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་གཉིས་གཙོ་བོར་སྟོན་པའི་སྒོ་ནས་རིམ་པ་བཞིན་དུ་མདོ་སྡེ་དང་། མངོན་པའི་སྡེ་སྣོད་དུ་བཞག་པའི་ཕྱིར་རོ། །སྤྱི་ཚུལ་ཁྲིམས་ཀྱི་བསླབ་པ་ཙམ་ཞིག་ཕྱི་རོལ་པའམ། དེ་དང་འདྲ་བའི་གང་ཟག་གཞན་ལའང་ཡོད་མོད་ཀྱང་། །འདིར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ངེས་འབྱུང་དང་། སངས་རྒྱས་དོན་གཉེར་གྱི་བསམ་པ་ཅི་རིགས་པས་ཟིན་ན་གཞན་གྱི་བསླབ་པ་ལས་ལྷག་པར་འགྱུར་བའི་ཕྱིར། །དེར་མ་ཟད་བསླབ་པ་གཞན་གཉིས་ཀྱང་དེའི་རྒྱུད་ལ་ཡོད་དེ། དེའི་རྒྱུད་ལ་སྲོག་གཅོད་སྤོང་བ་སོགས་ཡོད་པས་ཚུལ་ཁྲིམས་ཡོད་ལ། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་ཀྱང་ཡོད་པས་ཏིང་ངེ་འཛིན་གྱི་བསླབ་པའང་ཡོད་ཅིང་། བདག་མེད་རྟོགས་པའི་ཤེས་རབ་མེད་ཀྱང་སྒྲ་དང་གཏན་ཚིགས་རིག་པ་སོགས་ཤེས་པ་ཡོད་པས་ཤེས་རབ་ཀྱི་བསླབ་པ་ཡང་ཡོད་པའི་ཕྱིར་རོ། །དེས་ན་འདིར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བཤད་པ་ལ་བསྡུ་ན་གཉིས་ཏེ། ཚུལ་ཁྲིམས་ཀྱི་ངོ་བོར་བྱེ་བ་དང་བཅས་པ་དང་། དེའི་འཕྲོས་དོན་ནོ། །དང་པོ་ནི། སྤྱིར་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ཡིད་ཕྱིར་ལོག་པའི་སྤོང་སེམས་ནི་ཚུལ་ཁྲིམས་ཡིན་ལ། དེ་སེམས་བསྐྱེད་བསྔོ་བ་ཤེས་རབ་ཁྱད་པར་ཅན་གསུམ་པོའམ་གང་རུང་གིས་ཟིན་ན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དུའང་འགྱུར་ཏེ། སྤྱོད་འཇུག་ལས། ཉ་ལ་སོགས་པ་གང་ཞིག་ཏུ། །དེ་དག་གསོད་མི་འགྱུར་བར་བསྐྲད། །སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་དང་། འཇུག་པའི་ཊིཀ་ཆེན་ལས། སྦྱིན་པ་ལ་བཤད་པ་དེས་ཚུལ་ཁྲིམས་ལ་སོགས་པ་ལའང་སེམས་བསྐྱེད་དང་བསྔོ་བ་དང་ཤེས་རབ་ཀྱིས་ཟིན་པ་སོ་སོ་བ་དང་གཉིས་ཀ་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནི། ཕ་རོལ་ཏུ་ཕྱིན་ཟིན་པའི་དབང་དུ་བྱས་ནས་སངས་རྒྱས་ཀྱི་སར་ཡོད་ལ། ཕྱིན་པར་བྱེད་པ་ལ་སྦྱར་ན་སློབ་ལམ་ནའང་ཡོད་དོ། །དེ་ལྟ་ནའང་ཚུལ་ཁྲིམས་ཀྱི་ངོ་བོ་ལ་ནི་ཤེས་པས་མ་ཁྱབ་སྟེ། སོ་ཐར་གྱི་ཚུལ་ཁྲིམས་ལ་གཟུགས་ཅན་ཡོད་པའི་ཕྱིར་རོ། །དབྱེ་ན་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དང་པོ་ནི། སོ་ཐར་གྱི་སྡོམ་ལྡན་གྱི་ཁྱིམ་པ་དང་རབ་བྱུང་གི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་དངོས་དང་དེ་དག་དང་ཐུན་མོང་གི་སྤོང་སྡོམ་ནི་སྡོམ་པའི་ཚུལ་ཁྲིམས་ཏེ། ལྷ་ལྟ་བུ་སོ་ཐར་གྱི་རྟེན་དུ་མི་རུང་བའི་གང་ཟག་གི་རྒྱུད་ལ་སོ་ཐར་དང་ཐུན་མོང་བའི་མི་དགེ་བ་བཅུ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཅི་རིགས་སྤོང་བའི་སྤོང་སྡོམ་ཡོད་པས་དེ་ཡང་སྡོམ་པའི་ཚུལ་ཁྲིམས་ཡིན་ནོ། །དེ་ལ་ཡང་ཀུན་སློང་དང་བཅས་པའི་དབང་དུ་བྱས་ན་མི་དགེ་བ་བཅུ་སྤོང་བའི་སྤོང་སྡོམ་བཅུ་ཡོད་ལ། ངོ་བོའི་སྒོ་ནས་ལུས་ངག་གི་མི་དགེ་བ་བདུན་སྤོང་བའི་སྤོང་བ་བདུན་ཡོད་དོ། །དེས་ན་སོ་ཐར་གྱི་སྡོམ་པ་མ་བླངས་པའི་ཁྱིམ་པའི་རྒྱུད་ལ་སོ་ཐར་གྱི་སྡོམ་པ་དངོས་མེད་ཀྱང་། དེ་དག་དཀོན་མཆོག་ལ་སྐྱབས་སུ་སོང་བའི་སྒོ་ནས་མི་དགེ་བཅུ་ཅི་རིགས་སྤོང་བ་ཡོད་པས་སོ་ཐར་དང་ཐུན་མོང་བའི་ཚུལ་ཁྲིམས་ཡོད་ཅིང་། དེ་ལྟར་སྤོང་བའི་སྤོང་སེམས་ས་བོན་དང་བཅས་པ་ཅི་རིགས་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དངོས་སམ་རྗེས་སུ་མཐུན་པ་གང་རུང་ཡིན་ལ། དཀོན་མཆོག་ལ་སྐྱབས་སུ་མ་སོང་བའི་གང་ཟག་གི་རྒྱུད་ཀྱི་སྲོག་གཅོད་སྤོང་བའི་སེམས་པ་ནི་སྡོམ་པ་མ་ཡིན་ཀྱང་། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་ཕྱོགས་གཏོགས་ཙམ་ཏུ་སེམས་སོ། །དེས་ན་སྡོམ་པ་ཡིན་ན་ཚུལ་ཁྲིམས་ཡིན་པས་ཁྱབ་ཀྱང་ཚུལ་ཁྲིམས་ཡིན་ན་སྡོམ་པ་ཡིན་པས་མ་ཁྱབ་བོ། །དེ་ཡང་ངན་སོང་གསུམ་དང་གཟུགས་མེད་ན་ཆོས་ཉིད་ཀྱི་ཐོབ་པའི་ཚུལ་ཁྲིམས་ཡོད་ཀྱང་སྡོམ་པ་ལེན་པ་ནི་མེད་ལ། འདོད་ལྷ་དང་མི་ལ་ནི་ཆོས་ཉིད་ཀྱིས་ཐོབ་པ་དང་གཞན་ལས་ལེན་པ་གཉིས་ཀ་ཡོད། བྱང་སེམས་ཀྱི་སྡོམ་པ་ཁམས་གསུམ་ན་ཡོད་ཀྱང་། སོ་ཐར་ནི་མིའི་རྟེན་ཉིད་ལའོ། །སོ་ཐར་རིགས་བརྒྱད་གང་རུང་གི་སྡོམ་པ་ཡིན་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན་དགོས་ཀྱང་།དེ་བརྒྱད་པོ་གང་རུང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་སྡོམ་པ་ཡིན་ན་དེ་ཡིན་མི་དགོས་ཏེ། དགེ་སློང་གི་རྒྱུད་ཀྱི་སྡོམ་པ་ཡིན་ན། དགེ་སློང་གི་སྡོམ་པ་ཡིན་མི་དགོས་པའི་ཕྱིར་ཏེ། དགེ་སློང་གི་རྒྱུད་ཀྱི་བྱང་སེམས་ཀྱི་སྡོམ་པ་དང་། ཟག་མེད་ཀྱི་སྡོམ་པ་རྣམས་དགེ་སློང་གི་སྡོམ་པ་མ་ཡིན་པའི་ཕྱིར་རོ། །བྱང་སེམས་ཀྱི་རྒྱུད་ཀྱི་སྡོམ་པ་ཡིན་ན། བྱང་སེམས་ཀྱི་སྡོམ་པ་ཡིན་པས་ཀྱང་མ་ཁྱབ་སྟེ། བྱང་སེམས་ཀྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་ཡོད་པའི་ཕྱིར་ཏེ། དགེ་སློང་གི་སྡོམ་པ་ནི་སོ་ཐར་གྱི་སྡོམ་པ་ཡིན་ལ། བྱང་སེམས་ཀྱི་སྡོམ་པ་ཞེས་པ་ནི་འཇུག་སྡོམ་ལ་བྱེད་པའི་ཕྱིར་རོ། །དེས་ན་ཁ་ཅིག་བྱང་སེམས་ཀྱི་སྡོམ་པ་འཇུག་སྡོམ་ལས་གཞན་དུ་སེམས་པ་ནི་མ་གོ་བ་ཆེན་པོའོ། །རྟེན་གྱི་སྒོ་ནས་ཁྱིམ་པ་དང་རབ་བྱུང་གི་རྒྱུད་ཀྱི་སྡོམ་པའི་ཚུལ་ཁྲིམས་གཉིས་ཏེ། དེ་ཡང་དགེ་སློང་ཕ་མ་གཉིས་དང་དགེ་ཚུལ་ཕ་མ་གཉིས་དང་དགེ་སློབ་མའི་སྡོམ་པ་ལྔ་ནི་རབ་བྱུང་གི་ཕྱོགས་དང་། དགེ་བསྙེན་ཕ་མ་གཉིས་དང་བསྙེན་གནས་ཀྱི་སྡོམ་པ་གསུམ་ནི་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པའོ། །གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། ཕྱིན་དྲུག་ལ་སོགས་པའི་དགེ་བ་རྣམས་ཅི་རིགས་པར་སྐྱེ་བ་དང་གནས་པ་དང་གོང་འཕེལ་དུ་བྱེད་པའི་ཚུལ་ཁྲིམས་ཏེ། དེ་ཡང་གསུང་རབ་ལ་ཐོས་བསམ་བྱེད་པའི་སྐབས་ཀྱི་སེམས་པ་དང་། དེ་བཞིན་དུ་ཁ་ཏོན་བྱེད་པ་ད ང་། ཡན་ལག་བདུན་པ་བྱེད་པ་དང་། བག་ཡོད་བསྟེན་པ་དང་། ཚོགས་བསོག་སྒྲིབ་སྦྱོང་བྱེད་པའི་ཚུལ་ཁྲིམས་རྣམས་ཡིན་ལ། མདོར་ན་དགེ་བའི་ཆོས་སྲུང་ཞིང་སྤེལ་བར་བྱེད་པ་རྣམས་སོ། །གསུམ་པ་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། དོན་བྱ་བ་བཅུ་གཅིག་ལྟ་བུའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཏེ། གཞན་གྱི་གྲོགས་བྱེད་པ་དང་ཐབས་སྟོན་པ་དང་ཕན་འདོགས་པ་དང་འཇིགས་པ་དང་མྱ་ངན་གྱིས་གཟིར་བ་དང་ཡོ་བྱད་ཀྱིས་ཕོངས་པ་དང་གནས་འཆའ་བ་དང་བློ་མཐུན་པར་འདོད་པ་དང་ཡང་དག་པར་ཞུགས་པ་དང་ལོག་པར་ཞུགས་པ་དང་རྫུ་འཕྲུལ་གྱིས་འདུལ་དགོས་པ་རྣམས་ཀྱི་དོན་ཅི་རིགས་པར་སྒྲུབ་པར་བྱེད་པའི་ཚུལ་ཁྲིམས་སོ། །སྡོམ་པ་བླངས་སམ་མ་བླངས་ཀྱང་སྲོག་གཅོད་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་གང་སྤོང་ཡང་དེ་སྤོང་བའི་སེམས་པ་ནི་ཚུལ་ཁྲིམས་ཡིན་ལ། འོན་ཀྱང་སྲོག་གཅོད་སོགས་མི་བྱེད་པ་ཙམ་ལ་ནི་དེ་སྤོང་བའི་ངེས་པ་མེད་དེ། བྱིས་པ་ཆུང་ངུ་བཞིན་ནོ། །མདོར་ན་མི་དགེ་བ་བཅུ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཅི་རིགས་གཙོ་བོར་སྤོང་བའི་སྒོ་ནས་བཤག་པའི་ཚུལ་ཁྲིམས་དེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། ཕྱིན་དྲུག་ལྟ་བུ་དགེ་བའི་ཆོས་གཙོ་བོར་སྒྲུབ་པའི་སྒོ་ནས་བཞག་པའི་ཚུལ་ཁྲིམས་དེ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། །སེམས་ཅན་གྱི་དོན་གཙོ་བོར་བྱེད་པའི་སྒོ་ནས་བཞག་པའི་ཚུལ་ཁྲིམས་དེ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དེ་ཡང་བྱེད་ལས་ཀྱི་གཙོ་བོའི་དབང་དུ་བྱས་པ་སྟེ། མི་འགལ་བར་སེམས་ཏེ་བརྟག །གཉིས་པ་ནི། སྔགས་ཀྱི་སྐབས་སུའང་ཚུལ་ཁྲིམས་དེ་གསུམ་ལ་གཙོ་བོར་བསླབ་དགོས་པ་ཡིན་ཏེ། རྒྱུད་རྡོ་རྗེ་རྩེ་མོ་སོགས་ལས། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་བཟུང་། །ཞེས་གསུངས་པ་ལྟ་བུའོ། །འདི་རྣམ་སྣང་གི་དམ་ཚིག་དང་སྡོམ་པའི་སྐབས་སུ་འབྱུང་ཡང་། རིགས་ལྔ་ཀ་ལ་སྦྱོང་བར་རྗེེ་ཉིད་ཀྱིས་རྩ་ལྟུང་ཊིཀ་ཆེན་ལས་བཤད་དོ། །དམ་ཚིག་དང་སྡོམ་པའི་ཁྱད་པར་ནི། ཇི་ལྟར་ཁས་བླངས་པ་ལས་མི་འདའ་བས་ན་དམ་ཚིག་དང་། བྱ་རྒྱུ་མི་བྱེད་པ་འགོག་ཅིང་མི་བྱ་རྒྱུ་བྱེད་པ་སྡོམ་པས་ན་སྡོམ་པ་སྟེ། དེ་གཉིས་འགལ་བ་ཡང་མ་ཡིན་ནོ། །འོ་ན་བྱང་སེམས་ཀྱིས་སྔགས་སྡོམ་བླང་བའི་ཚེ། སྔར་གྱི་ཚུལ་ཁྲིམས་གསུམ་པོ་དེ་སྔགས་སྡོམ་ཡིན་ནམ་མ་ཡིན་ཞེ་ན། འདིའི་ལན་རྒྱས་པར་བྱས་ན་མང་དུ་དོགས་པས་ཅུང་ཟད་ཅིག་བརྗོད་ན། ས་སྐྱ་བའི་བླ་ཆེན་ཁ་ཅིག་སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གསུམ་རིམ་གྱིས་གནས་འགྱུར་དུ་བཞེད་པ་ཡིན་ཏེ། དགེ་སློང་གིས་བྱང་སེམས་ཀྱི་སྡོམ་པ་ཐོབ་པའི་ཚེ་སོ་ཐར་དེ་བྱང་སེམས་ཀྱི་སྡོམ་པར་འགྱུར་ཞིང་། དེ་ནས་སྔགས་སྡོམ་ཐོབ་པའི་ཚེ་སྔ་མ་ཐམས་ཅད་གསང་སྔགས་ཀྱི་སྡོམ་པར་འགྱུར་བར་བཞེད་པའི་ཕྱིར་རོ། །རང་ལུགས་གནས་འགྱུར་གྱི་ཚུལ་མི་འདོད་ཏེ། སྔགས་སྡོམས་ཐོབ་པའི་དགེ་སློང་བྱང་སེམས་ཀྱི་རྒྱུད་ལ་སྔར་གྱི་ཚུལ་ཁྲིམས་གསུམ་སོ་སོར་ཡོད་པར་མ་ཟད། སོ་ཐར་དང་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གསུམ་ཡང་ལྡོག་པ་ཐ་དད་པའི་ཚུལ་གྱིས་ཡོད་དོ། །དེའི་ཕྱིར་དགེ་སློང་དེས་སྡོམ་པ་དེ་གསུམ་ཀ་སྲུང་དགོས་པ་ཡིན་ཏེ། འོན་ཀྱང་གཙོ་གང་ཆེ་བ་དང་སྤྱིར་བཏང་དམིགས་བསལ་རྣམས་ཀྱང་ཤེས་དགོས་སོ། །སོ་ཐར་དངོས་སམ་དེ་དང་ཐུན་མོང་བའི་སྡོམ་པའི་ཁྱད་པར་ནི་གོང་དུ་བརྗོད་པ་ལྟར་ཡིན་ལ། བྱང་སེམས་ཀྱི་སྡོམ་པ་ནི་འཇུག་སེམས་ཆོ་གས་བཟུང་ནས་སྤྱོད་པ་ལ་བསླབ་པར་ལས་བླངས་པའི་ལྡོག་ཆ་ནས་འཇོག་ཅིང་། སྔགས་སྡོམ་ནི་རིགས་ལྔའི་སྡོམ་བཟུང་གི་ཆོ་ག་ལ་བརྟེན་ནས་དེའི་མི་མཐུན་ཕྱོགས་སྤོང་བར་ཁས་བླངས་པའི་ཆ་ནས་འཇོག་གོ །འོ་ན། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །ཞེས་སོགས་འབྱུང་བ་ལྟར་བླངས་པའི་སྔགས་སྡོམ་ཡང་འདུག་པས། དེ་ལྟར་ན་སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གསུམ་ཡང་མི་འགལ་བར་འགྱུར་རོ། །ཞེ་ན། འདི་ལ་མཁས་པ་ཁ་ཅིག་སྡོམ་པ་དེ་གསུམ་གྱི་གཞི་མཐུན་ཡོད་པ་ལྟ་བུར་བཞེད་ལ། ཁ་ཅིག་དེ་གསུམ་གཏོང་ཐོབ་ཀྱི་རྒྱུ་སོ་སོ་བ་ཡིན་པའི་ཕྱིར་འགལ་བ་ཁོ་ནའོ་ཞེས་བཞེད་དོ། །རྗེ་ཡབ་སྲས་ཀྱིས་གནས་འགྱུར་མི་བཞེད་ཀྱང་འགལ་མི་འགལ་གསལ་བར་བཤད་པ་མི་འདུག་པས། དོན་འདི་ཅུང་ངེས་དཀའ་བར་སྣང་ངོ་། །འོན་ཀྱང་རིགས་ལྔའི་སྡོམ་བཟུང་གི་སྐབས་སུ་སྐྱབས་འགྲོ་དང་ཚུལ་ཁྲིམས་གསུམ་སོགས་མདོ་ཕྱོགས་དང་ཐུན་མོང་བ་མང་དུ་འབྱུང་བས། དེ་བཟུང་བའི་ཚེ་སྲོག་གཅོད་སྤོང་བ་སོགས་ཐུན་མོང་བ་འགའ་ཞིག་སྔགས་ཀྱི་བསམ་པས་ཟིན་པའི་དབང་གིས་སྔགས་སྡོམ་གྱི་ཡན་ལག་ཏུ་འགྱུར་ཡང་། ངོ་བོའི་སྒོ་ནས་ཐུན་མོང་པའི་སྡོམ་པ་ཉིད་དུ་འཐད་པར་སེམས་མོད། འོན་ཀྱང་དགེ་བསྙེན་སོགས་སྡོམ་གསུམ་རིམ་གྱིས་བླངས་པའི་དགེ་སློང་གི་རྒྱུད་ཀྱི་སྲོག་གཅོད་སློང་བའི་དགེ་བསྙེན་གྱི་སྡོམ་པ་སོགས་གསུམ་པོ་དེ་འགལ་བར་འདོད་པ་ལྟར་ན་ནི། སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གསུམ་རིམ་གྱིས་བླངས་པའི་གང་ཟག་གི་རྒྱུད་གྱི་སྡོམ་པ་གསུམ་ཡང་འགལ་བར་ཁས་ལེན་དགོས་པར་མངོན་ཏེ་དཔྱད་པར་བྱའོ། །དགེ་སློང་བྱང་སེམས་ཀྱིས་སྔགས་སྡོམ་ཐོབ་པའི་ཚེ། དེའི་རྒྱུད་ཀྱི་ཚུལ་ཁྲིམས་གསུམ་པོ་དེ། བྱང་སེམས་ཀྱི་ཚུལ་ཁྲིམས་ཡིན་ཀྱང་། བྱང་སེམས་ཀྱི་སྡོམ་པ་ཡིན་མི་དགོས་ཏེ། དེ་གཉིས་འཇོག་ཚུལ་གྱི་དོན་མི་འདྲ་བའི་ཕྱིར་རོ། །སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གསུམ་པོ་རྫས་ཐ་དད་དུ་བཞེད་པའི་ལུགས་སྣང་མོད་དེ་ལྟར་འདོད་མི་འདོད་ཅི་ལྟར་ཡང་། ལྡོག་པ་ཐ་དད་དུ་ངེས་པར་ཁས་ལེན་དགོས་ཏེ། བསྙེན་གནས་མ་གཏོགས་སོ་ཐར་རིགས་བདུན་དངོས་གནས་པ་རྣམས་ནི་ཇི་སྲིད་འཚོ་བར་གྱི་མཐའ་ཅན་གྱི་རིགས་གནས་དང་། བྱང་སེམས་དང་སྔགས་སྡོམ་ནི་བྱང་ཆུབ་ཀྱི་སྙིང་པོའི་མཐའ་ཅན་གྱི་རིགས་གནས་ཡིན་ཡང་སྔགས་སྡོམ་ལྟ་བུ་སྔགས་ལ་ཞུགས་པའི་སྐབས་དེར་ཡོད་པར་འཇོག་དགོས་ཀྱི། དེ་ཡིན་ན་སྐྱེ་བ་ཐམས་ཅད་དུ་འཇུག་པར་ངེས་པས་མ་ཁྱབ་པའི་ཕྱིར་ཏེ། ཁྱབ་ན་ཚེ་འདི་སྔགས་པ་ཡིན་པ་དེ་སྐྱེ་བ་ཕྱི་མ་ཐམས་ཅད་དུའང་སྔགས་པར་ཐལ་བར་འགྱུར་སྙམ་སྟེ་དཔྱད་པར་བྱའོ། །གཉིས་པ་ཏིང་ངེ་འཛིན་གྱི་བསླབ་པ་ལ་གཉིས་ཏེ། ངོ་བོ་དང་། དབྱེ་བའོ། །དང་པོ་ནི། དམིགས་པ་ལས་གཞན་དུ་མི་གཡེང་བའི་སེམས་རྩེ་གཅིག་པའི་སེམས་པ་སྟེ། རྒྱུན་རིང་ཐུང་གང་ཡིན་ཀྱང་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པ་ཙམ་གྱིས་ནི་བསམ་གཏན་ནམ་ཏིང་ངེ་འཛིན་དུ་འགྱུར་རོ། །དེ་ལྟར་ཡང་སྔགས་རིམ་ཆེན་མོ་ལས། དགེ་བའི་སེམས་རྩེ་གཅིག་པ་ཅིག་བྱུང་ན་ཡུན་རིང་ཐུང་གང་ཡིན་ཡང་ཏིང་ངེ་འཛིན་ཡོད་པ་ཡིན་པས། ཏིང་ངེ་འཛིན་ཙམ་ཞིག་མི་འགྲུབ་པར་འདོད་པ་མི་རིགས་ལ། ཞེས་གསུངས་པའི་ཕྱིར་དང་། ཡུལ་ངེས་ལྔའི་ནང་ཚན་དུའང་ཏིང་ངེ་འཛིན་འབྱུང་བས་ཏིང་ངེ་འཛིན་ཙམ་དང་ཞི་གནས་ཀྱི་ཁྱད་པར་ཕྱེད་པར་བྱའོ། །འོ་ན་རང་རེ་ཚོའི་རྒྱུད་ལའང་ཏིང་ངེ་འཛིན་ཡོད་པར་འགྱུར་རོ་ཞེ་ན། བསམ་གཏན་གཟུགས་མེད་ཀྱིས་བསྡུས་པའི་ཏིང་ངེ་འཛིན་དཀའ་ཡང་། འདོད་པའི་སས་བསྡུས་པའི་རྩེ་གཅིག་པའི་ཏིང་ངེ་འཛིན་ཡོད་དེ། ཡུལ་ངེས་ལྔའི་ནང་ཚན་གྱི་ཏིང་ངེ་འཛིན་ཡོད་པའི་ཕྱིར་རོ། །དབྱེ་ན། ངོ་བོའི་སྒོ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་དེ་གཉིས་ཀའི་ཕྱོགས་ཀྱི་སྒོ་ནས་གསུམ་དང་། བྱེད་ལས་ཀྱི་སྒོ་ནས་ལུས་སེམས་བདེ་བར་གནས་པ་དང་། ཡོན་ཏན་བསྒྲུབ་པ་དང་། སེམས་ཅན་དོན་བྱེད་ཀྱི་བསམ་གཏན་ཏེ་གསུམ་མོ། །དེའི་དང་པོ་ནི། ལུས་སེམས་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་བསམ་གཏན། གཉིས་པ་ནི། མངོན་ཤེས་སོགས་སྒྲུབ་པར་བྱེད་པའི་བསམ་གཏན་དང་། གསུམ་པ་ནི། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །ཡུམ་གྱི་མདོ་ལས་ནི། ཏིང་ངེ་འཛིན་གྱི་རྣམ་གྲངས་མང་པོ་དང་། ཁྱད་པར་ཉན་རང་གི་ཡིད་བྱེད་དང་བྲལ་བའི་སྒོ་ནས་རྫོགས་བྱང་འདོད་པའི་དགེ་སེམས་རྩེ་གཅིག་པ་ཐམས་ཅད་ལ་ནི་བསམ་གཏན་དུ་བཤད་དོ། །འདིར་གོ་བདེ་བར་བྱས་ན། བླ་མ་དང་དཀོན་མཆོག་དང་ལས་འབྲས་ལ་ཡིད་རྩེ་གཅིག་པའི་དད་པ་དང་ལྷན་ཅིག་འཇུག་པའི་དགེ་སེམས་དང་། འཁོར་བ་དང་ངན་སོང་གི་སྡུག་བསྔལ་དང་འཆི་བ་མི་རྟག་པ་ལྟ་བུ་དྲན་པའི་ཡིད་རྩེ་གཅིག་པ་དང་། གསུང་རབ་ཀྱི་དོན་དེ་དང་དེ་ལ་དེའོ་སྙམ་པའི་ཡིད་རྩེ་གཅིག་པ་དང་། སྟོང་ཉིད་དང་ལྷ་སྐུ་སོགས་སྒོམ་པར་བྱེད་པའི་ཡིད་རྩེ་གཅིག་པ་རྣམས་ཀྱང་བསམ་གཏན་གྱི་ཕྱོགས་སོ། །ད་ལྟའི་གང་ཟག་གི་རྒྱུད་ལ་ཞི་གནས་དང་ལྷག་མཐོང་སྐྱེ་དཀའ་ཡང་། དགེ་བའི་དམིགས་པ་ལས་མ་གཡེངས་པའི་སེམས་རྩེ་གཅིག་པ་ཐམས་ཅད་ནི་ཞི་གནས་ཀྱི་ཕྱོགས་དང་། གསུང་རབ་ཀྱི་ཚིག་དོན་ཡང་དག་པར་དཔྱོད་པའི་ཤེས་རབ་རྣམས་ནི་ལྷག་མཐོང་གི་ཕྱོགས་སུ་འདུ་བ་ཡིན་ཏེ། ལམ་རིམ་ལས། མ་གཡེངས་པའི་སེམས་ནི་ཞི་གནས་ཀྱི་ཕྱོགས་སེམས་རྩེ་གཅིག་པ་ཡིན་ལ། དོན་དང་ཆོས་ཡང་དག་པར་སེམས་པ་ནི་ལྷག་མཐོང་གི་ཕྱོགས་སོ་སོར་རྟོགས་པའི་ཤེས་རབ་བོ། །ཞེས་དང་། ཡང་དེ་ཉིད་ལས། དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་པ་ཡན་ཆད་ཀྱི་ཏིང་ངེ་འཛིན་རྣམས་ནི་ཞི་གནས་ཀྱི་ཕྱོགས་སུ་འདུ་ལ། ཇི་ལྟ་བའམ་ཇི་སྙེད་པའི་དོན་སོ་སོར་འབྱེད་པའི་ཤེས་རབ་རྣམས་ལྷག་མཐོང་གི་ཕྱོགས་སུ་འདུ་བས། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་རང་ལའང་ཏིང་ངེ་འཛིན་གང་ཡོད་མེད་ཀྱི་ཁྱད་པར་ཕྱེད་པར་བྱ་ཡི། དབྱེ་བ་མེད་པར་ཐམས་ཅད་གཅིག་ཏུ་འཁྲུལ་པར་མི་བྱའོ། །འོ་ན། མི་དགེ་བའི་དམིགས་པ་ལ་རྩེ་གཅིག་པའི་བློ་ཡོད་པས་དེ་ཏིང་ངེ་འཛིན་དུ་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། ཤེས་རབ་ཉོན་མོངས་ཅན་དེ་ཤེས་རབ་མ་ཡིན་པ་བཞིན་ཡིན་པའི་ཕྱིར་རོ། །གསུམ་པ་ཤེས་རབ་ཀྱི་བསླབ་པ་ལ་གཉིས་ཏེ། ངོ་བོ་དང་། དབྱེ་བའོ། །དང་པོ་ནི། བཏགས་པའི་དངོས་པོ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་ཤེས་རབ་ཀྱི་ངོ་བོ་ཡིན་ལ། དབྱེ་ན་གསུམ་སྟེ། དོན་དམ་རྟོགས་པ་དང་། ཀུན་རྫོབ་རྟོགས་པ་དང་། སེམས་ཅན་དོན་བྱེད་ཀྱི་ཤེས་རབ་བོ། །དང་པོ་ལ་ནི། བདག་མེད་ཕྲ་མོ་དོན་སྤྱིའི་སྒོ་ནས་རྟོགས་པ་དང་མངོན་སུམ་དུ་རྟོགས་པའི་ཤེས་རབ་གཉིས་སོ། །དེར་མ་ཟད་བདག་མེད་རགས་པ་རྟོགས་པའང་འདིའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །གཉིས་པ་ནི། བཟོ་དང་གསོ་བ་དང་སྒྲ་དང་གཏན་ཚིགས་དང་ནང་རིགས་པ་སྟེ་རིག་པའི་གནས་ལྔ་ལ་མཁས་པའི་ཤེས་རབ་རྣམས་ཏེ། འཕགས་པ་བྱམས་པས་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་གཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་དང་། ཐོགས་མེད་ཀྱིས་བྱང་ས་ལས་ཀྱང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་རིག་པའི་གནས་ལྔ་པོ་ནང་རིག་པ་དང་གཏན་ཚིགས་རིག་པ་དང་གསོ་བ་རིག་པ་དང་སྒྲ་རིག་པ་དང་བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ལ་དམིགས་པས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པ་རིག་པར་བྱའོ། །ཞེས་དང་། ལམ་རིམ་ལས་ཀྱང་། སྐབས་འདིར་ནི་རིག་པའི་གནས་ལྔ་ལ་མཁས་པ་ལ་སོགས་པའི་ཤེས་རབ་སྟེ། ཞེས་གསུངས་པ་ལྟར་རོ། །འོ་ན། ཕྱི་རོལ་པའང་རིག་གནས་དང་པོ་བཞི་ཡོད་པས་ལྷག་པ་ཤེས་རབ་ཀྱི་བསླབ་པ་ཡོད་པར་མི་འགྱུར་རམ་སྙམ་ན། དེ་དག་ལ་དེ་རྣམས་ཡོད་པས་ཤེས་རབ་ཀྱི་བསླབ་པ་ཡོད་ཀྱང་། སྐྱབས་འགྲོ་རྣམ་དག་དང་ཐར་པ་དོན་གཉེར་གྱི་བསམ་པ་མེད་པས་ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི་མེད་དོ། །དེས་ན་སྤྱིར་རིག་གནས་དང་པོ་བཞི་ཙམ་ཤེས་པའི་ཤེས་རབ་རྣམས་ནི། སངས་རྒྱས་ཐོབ་པའི་ཐབས་ཁྱད་པར་ཅན་མིན་ཀྱང་། སྐྱབས་འགྲོ་དང་ངེས་འབྱུང་དང་སྙིང་རྗེ་ཆེན་པོ་དང་སེམས་བསྐྱེད་དང་རྫོགས་བྱང་དུ་བསྔོ་བའི་བསྔོ་བ་ཁྱད་པར་ཅན་གྱིས་ཟིན་ན་ནི། དེ་ཐམས་ཅད་ཀྱང་སངས་རྒྱས་ཐོབ་པའི་རྒྱུར་འགྱུར་ཏེ། དཔེར་ན། སྤྱིར་ཟས་སྦྱིན་པ་ཙམ་ཞིག་ནི། སངས་རྒྱས་ཐོབ་པའི་ཐབས་མིན་ཀྱང་། རྣམ་མཁྱེན་དོན་གཉེར་གྱི་བསམ་པས་ཟིན་པའི་སྒོ་ནས་གཞན་ལ་ཟས་སྦྱིན་པ་ནི་སངས་རྒྱས་ཐོབ་པའི་རྒྱུར་འགྱུར་བ་བཞིན་ནོ། །དེས་ན་བསམ་པ་ཁྱད་པར་ཅན་གྱིས་ཟིན་ཕྱིན་ཆད་ཅི་ཙམ་ཐོས་པ་མང་བ་དང་གསུང་རབ་ཀྱི་དོན་རྟོགས་པའི་ཤེས་རབ་མང་བ་དེ་ཙམ་དུ་ལྷག་པ་ཤེས་རབ་ཀྱི་བསླབ་པ་ཡང་མང་བར་རྟོགས་ཏེ། དཔེར་ན། ཇི་ཙམ་བསྲུང་བའི་ཚུལ་ཁྲིམས་མང་ན་དེའི་བསླབ་པ་དང་། ཅི་ཙམ་མི་གཡེང་བའི་སེམས་མང་ན་ཏིང་ངེ་འཛིན་གྱི་བསླབ་པའང་མང་དུ་འབྱུང་བ་བཞིན་ནོ། །ཤེས་རབ་ཀྱི་བསླབ་པ་ཐམས་ཅད་ཀྱི་གཙོ་བོ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་སྤྱི་དང་ལྷག་མཐོང་སྟེ། སྔ་མ་ལ་བདག་མེད་རྟོགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱི་བསླབ་པ་གསུམ་ཡོད་དོ། །དེའི་ཕྱིར་བདག་མེད་པའི་དོན་སྒོམ་པ་ལྟ་ཅི། ཐོས་བསམ་ཙམ་ཞིག་བྱེད་པའང་དོན་ཆེའོ། །གསུམ་པ་སེམས་ཅན་གྱི་དོན་བྱེད་པའི་ཤེས་རབ་ནི། སེམས་ཅན་གྱི་དོན་བསྒྲུབ་ཚུལ་ལེགས་པར་ཤེས་པའོ། །དེ་ལྟར་རང་ལ་ཤེས་རབ་ཀྱི་བསླབ་པ་གང་ཡོད་པ་དང་མེད་པའི་ཁྱད་པར་ཡང་བྱེད་པར་བྱའོ། །གསུམ་པ་ཐོས་བསམ་སྒོམ་གསུམ་གྱི་ཁྱད་པར་བཤད་པ་ལ་གཉིས། དེའི་གོ་རིམ་དང་། ཁྱད་པར་རོ། །དང་པོ་ནི། བྱམས་མགོན་གྱིས་མདོ་སྡེའི་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པའང་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་པ་གོམས་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། མཛོོད་ལས། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ག་དོན་ཡུལ་ཅན། །ཞེས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་ནི་རིམ་པ་བཞིན་དུ་གསུང་རབ་ཀྱི་ཚིག་དང་དོན་གཉིས་ཀ་དང་དོན་རྐྱང་ལ་དམིགས་པའི་སྒོ་ནས་འཇོག་པར་བཤད་ཀྱང་། རང་ལུགས་ནི། ལམ་རིམ་ཆེན་མོ་ལས། དེས་ན་གང་ཉམས་སུ་བླངས་རྒྱུ་དེ་དང་པོར་གཞན་ལས་ཉན་ནས་གཞན་སྟོབས་ཀྱིས་ངེས་པར་བྱེད། དེས་ནས་ཐོབ་པའི་དོན་དེ་རང་གིས་ལུང་དང་རིགས་པས་ཚུལ་བཞིན་དུ་བསམས་ཏེ་ངང་སྟོབས་ཀྱིས་ངེས་པར་བྱེད། དེ་ལྟར་ཐོས་བསམ་གྱིས་ངེས་པར་བྱས་ཏེ་ཐེ་ཚོམ་དང་བྲལ་བ་ན་ཡང་དང་ཡང་དུ་འདྲིས་པར་བྱེད་པ་ལ་བསྒོམ་པ་ཞེས་ཟེར་བས། ཡང་ཡང་དཔྱད་གྱིན་བསྒོམ་པ་དང་མི་དཔྱོད་པའི་འཇོག་སྒོམ་གཉིས་ཀ་དགོས་ཏེ། ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ལ་མི་དཔྱོད་པར་འཇོག་པ་དང་སོ་སོར་རྟོག་པས་དཔྱད་ནས་བསྒོམ་པ་གཉིས་ཀ་སྣང་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར། གཞུང་གང་ཡིན་པ་དེ་དང་པོར་གཞན་ལ་ཉན་ནས་ཐོས་པ་ནི་ཐོས་པ་ཙམ་ཡིན་ལ། ཉན་པ་ལྟར་དོན་དེ་ལེགས་པར་གོ་བའི་ཤེས་རབ་ནི། ཐོས་བྱུང་གི་ཤེས་རབ་སྟེ། དེ་ནི་གཞན་སྟོབས་ཀྱིས་སྐྱེའོ། །དེ་ནས་སྔར་ཐོས་པའི་སྟོབས་ཀྱིས་གོ་བའི་དོན་དེ་རང་གིས་ལུང་དང་རིགས་པས་ལེགས་པར་དཔྱོད་པ་ནི་བསམ་པ་ཡིན་ལ། དཔྱད་པ་ལྟར་ངེས་པའི་ཤེས་རབ་སྐྱེས་པ་ནི། བསམ་བྱུང་གི་ཤེས་རབ་སྟེ། དེ་ནི་རང་སྟོབས་ཀྱིས་སྐྱེའོ། །དེ་ལྟར་ཐོས་བསམ་གྱིས་ངེས་པར་བྱས་པའི་དོན་དེ་བློ་ལ་ཡང་ཡང་འདྲིས་པར་བྱེད་པ་ནི་སྒོམ་པ་སྟེ། དེ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཡོད་དོ། །དེ་ལྟར་ཡང་ཡང་འདྲིས་པར་བྱས་པའི་སྒོམ་པ་ལ་བརྟེན་ནས་ནི་བསྒོམས་བྱུང་གི་ཤེས་རབ་སྐྱེ་སྟེ། ལམ་རིམ་ལས། དེ་ཡང་ཐོས་བྱུང་གི་སྔོན་དུ་ཐོས་པ་དང་བསམ་བྱུང་གི་སྔོན་དུ་བསམ་པ་འགྲོ་དགོས་པ་ལྟར་བསྒོམ་བྱུང་གི་སྔོན་དུའང་བསྒོམ་པ་བགྲོད་དགོས་ཏེ། ཤེས་རབ་དེ་ནི་བསྒོམ་པ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་བྱས་ན་བསྒོམ་བྱུང་གིཤེས་རབ་ཀྱི་སྔོན་དུ་འགྲོ་བའི་བསྒོམ་པ་དེ་བསམ་བྱུང་གི་ཤེས་རབ་ཀྱིས་ངེས་པར་བྱེད་པ་དེ་ཉིད་གོམས་པ་ཡིན་པས་བསམ་བྱུང་གི་ཤེས་རབ་ལས་བསྒོམས་བྱུང་གི་ཤེས་རབ་འབྱུང་བར་གསུངས་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །དེ་ལྟར་ཐོས་བསམ་བསྒོམ་གསུམ་དང་། དེ་ལས་བྱུང་པའི་ཤེས་རབ་གསུམ་པོ་ཚད་མ་གང་ཡིན་གྱི་བྱེད་པར་ཡང་ལེགས་པར་ཤེས་དགོས་ཏེ། མཁས་གྲུབ་རིན་པོ་ཆེས་སྡེ་བདུན་མུན་སེལ་ལས། གོ་འཕངས་མཆོག་འཚོལ་བདག་གིས་ནི། ཐོས་པ་དང་བསམ་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་གསུམ་ལམ་གྱི་ལུས་སུ་མ་བྱས་པར་ཐར་པ་དང་ཐམས་ཅད་མཁྱེན་པ་གང་ཡང་ཐོབ་པར་མི་ནུས་པས། ཤེས་རབ་གསུམ་པོ་དེའི་རང་བཞིན་ལ་བརྟག་པ་བྱ་དགོས་ལ། ཤེས་རབ་གསུམ་པོ་དེ་དག་གི་རང་བཞིན་ནི་འདི་ལྟར། བསྒོམས་པ་ལས་བྱུང་བའི་ཤེས་རབ་གང་ཡིན་རྟགས་ལ་བརྟེན་ནས་སྐྱེས་པས་མ་ཁྱབ་ཀྱི། མྱོང་སྟོབས་ཀྱིས་སྒྲོ་འདོགས་ཀྱི་ས་བོན་འཇོམས་པར་བྱེད་ནུས་པའི་རྣལ་འབྱོར་མངོན་སུམ་ཡང་ཡོད་ལ། ཤེས་རབ་གཞན་གཉིས་ནི་རྟགས་ལ་བརྟེན་ནས་སྐྱེས་པས་ཁྱབ་ཅིང་། འོན་ཀྱང་ཚད་མ་དང་དེས་དྲངས་པའི་དཔྱད་ཤེས་ཀྱི་ངོ་བོ་གཉིས་སུ་ཡོད་དེ། །དེ་ལ་ཐོས་བྱུང་གི་ཤེས་རབ་ནི། གང་ཟག་གཞན་གྱི་ངག་ཐོས་པའི་སྟོབས་ཀྱིས་ཚུལ་གསུམ་ལ་དྲན་པ་སྐྱེས་པའི་རྟགས་ལ་བརྟེན་ནས་སྐྱེས་པས་ཁྱབ་པའི་ཕྱིར་ཐོས་བྱུང་གི་ཤེས་རབ་སྐྱེད་པའི་རྟགས་ཡང་དག་ལ་གཞན་དོན་གྱི་རྟགས་ཡང་དག་ཅེས་བྱའོ། །བསམ་བྱུང་གི་ཤེས་རབ་ནི། གང་ཟག་གཞན་གྱིས་བསྟན་པ་ལ་མ་བལྟོས་པར་རང་ཉིད་ཀྱིས་ཚུལ་བཞིན་བསམས་པའི་སྟོབས་ཀྱིས་རྙེད་པའི་སྒྲུབ་བྱེད་ཡང་དག་ལ་བརྟེན་ནས་དཔག་པར་བྱ་བའི་དོན་རྟོགས་པའི་རྗེས་དཔག་དང་། དེས་དྲངས་པའི་དཔྱད་ཤེས་ཀྱི་ངོ་བོ་གཉིས་སུ་ངེས་པ་ཡིན་ལ། དེའི་ཕྱིར་བསམ་བྱུང་གི་ཤེས་རབ་ཀྱི་རྟེན་དུ་གྱུར་པའི་རྟགས་ཡང་དག་ནི་རང་དོན་གྱི་རྟགས་ཡང་དག་ཅེས་བྱའོ། །དེས་ན་ཐོས་བྱུང་གི་ཤེས་རབ་ཅེས་པ་སྒྲུབ་བྱེད་ཡང་དག་ལ་མ་བལྟོས་པར་གཞན་གྱི་ཚིག་ཐོས་པ་ཙམ་ལས། དོན་རྟོགས་པའི་བློ་ལ་འདོད་པ་དག་ནི། གཞལ་བྱ་རྟོགས་པ་ཚད་མ་ལ་རག་མ་ལས་པར་ཚིག་ཙམ་གྱིས་བླང་དོར་ཁོང་དུ་ཆུད་པར་འདོད་པ་ཡིན་པས་ཡང་དག་པའི་ཤེས་པའི་དགྲ་བོ་མི་བཟད་པ་ཡིན་མོད་ཀྱང་། ཅེས་གསུངས་པའི་ཕྱིར་རོ། །དེས་ན་གཞན་ལ་གཞུང་གི་ཚིག་ཐོས་ཀྱང་དོན་མ་གོ་བའི་ཐོས་པ་ཙམ་ནི་ཐོས་བསམ་གཉིས་སུ་ཕྱེ་བའི་ཐོས་པ་མཚན་ཉིད་ཚང་བ་ཡིན་ཏེ། དེའི་གཉིས་སུ་ཕྱེ་བའི་ཐོས་པ་ཡང་དག་ལ་ནི་ཐོས་པའི་དོན་དེ་རགས་ཙམ་ཞིག་ཡིན་ཡང་ལེགས་པར་གོ་དགོས་པའི་ཕྱིར་རོ། །འོ་ན་ཐོས་བསམ་སྒོམ་གསུམ་འགལ་ལམ་ཞེ་ན། ཐོས་བསམ་སྒོམ་གསུམ་རིམ་པར་སྐྱེ་བའི་དབང་དུ་བྱས་ན་འགལ་ཡང་། སྤྱིར་ཐོས་བསམ་གཉིས་མི་འགལ་ཏེ། དོན་དེ་གཞན་ལས་ཐོས་ནས་དེ་སྟོབས་ཀྱིས་ཐོག་མར་ངེས་པ་དེ། ཐོས་པ་གཙོ་ཆེ་ཡང་བསམ་པ་ཙམ་ཞིག་ཀྱང་ཡིན་པའི་ཕྱིར་ཏེ། མ་བསམས་ན་ནི་མི་ངེས་པའི་ཕྱིར་རོ། །བསམ་སྒོམ་གཉིས་ཀྱང་མི་འགལ་ཏེ། བསྒོམས་པ་རྣམས་བསམ་པ་ཡིན་པའི་ཕྱིར་ཏེ། མ་བསམས་ན་ནི་བསྒོམ་པ་མེད་པའི་ཕྱིར་རོ། །ཐོས་བསམ་གཉིས་གོང་དུ་བཤད་པ་དེས་ཤེས་པར་བྱ་ཞིང་། སྒོམ་ཞེས་པ་ལ་ཡང་ཡང་དཔྱད་ན་སྒོམ་པ་དང་མི་དཔྱོད་པར་འཇོག་པའི་འཇོག་སྒོམ་གཉིས་ཡོད་པའི་དང་པོ་ནི། ལམ་རིམ་ལས། དེ་ལྟར་ན་དད་པ་བསྒོམ་པ་དང་ཚད་མེད་བཞི་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་བདེ་བ་དང་ལྡན་པ་དང་སྡུག་བསྔལ་བསྒོམ་པ་ཞེས་གསུངས་པ་ལྟ་བུ་ཡང་དང་ཡང་དུ་དཔྱད་ནས་སྐྱོང་དགོས་པ་ལ་སྒོམ་དུ་གསུངས་པ་མཐའ་ཡས་པ་ཞིག་སྣང་སྟེ། ཞེས་དང་། ཡང་དེ་ཉིད་ལས། བཤེས་གཉེན་ལ་དད་པ་བསྒོམ་པ་དང་དལ་འབྱོར་དོན་ཆེ་ཞིང་རྙེད་དཀའ་བ་དང་འཆི་བ་མི་རྟག་པ་དང་ལས་རྒྱུས་འབྲས་དང་འཁོར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལྟ་བུ་ལ་ནི་དཔྱད་སྒོམ་དགོས་སོ། །ཞེས་གསུངས་པ་ལྟར་ཡིན་ལ། འཇོག་སྒོམ་ལ་ནི་དམིགས་པ་ལ་ཡང་ཡང་མི་དཔྱོད་པར་རྩེ་གཅིག་ཏུ་གནས་པས་ཞི་གནས་བསྒྲུབ་པའི་སྐབས་ལྟ་བུ་སྟེ་དེ་ལ་ནི་འཇོག་སྒོམ་དགོས་སོ། །གཞན་ཡང་ལམ་རིམ་ལས། དེས་ན་ཐོས་བསམ་གྱི་ཤེས་རབ་ཀྱི་ངེས་པ་དེ་ཉིད་ལ་འདྲིས་པར་བྱེད་པ་ཙམ་དེ་བསྒོམས་བྱུང་མ་ཡིན་མོད་ཀྱང་བསྒོམ་པ་ཡིན་པ་ཅི་ཞིག་འགལ་ཞེས་དང་། སྒོམ་ཞེས་གྲགས་པ་སེམས་དགེ་བའི་དམིགས་པ་ལ་ཡང་དང་ཡང་དུ་གཏོང་བའི་དམིགས་རྣམ་སྐྱོང་བ་འདི་ཞེས་དང་། དེས་ན་སྒོམ་ཞེས་པ་ནི་ཕར་ཕྱིན་གྱི་འགྲེལ་བཤད་ཚིག་གསལ་ལས། སྒོམ་པར་བྱེད་པ་ཞེས་བྱ་བ་ནི་ཡིད་དེའི་སྐལ་བ་ཅན་དུ་བྱེད་པའམ། དེའི་དངོས་པོར་བྱེད་པའོ་ཞེས་བཤད་པ་ལྟར་གོ་བར་བྱ་སྟེ། དཔེར་ན། དད་པ་སྒོམ་སྙིང་རྗེ་སྒོམ་ཞེས་པ་ནི་ཡིད་དེ་དང་དེར་བསྐྱེད་པ་ལ་བྱ་དགོས་པ་བཞིན་ནོ། །དེའི་ཕྱིར་ལོ་ཙྪ་བ་ཆེན་པོ་རྣམས་ཀྱིས་ཀྱང་རེས་འགའ་སྒོམ་པའི་ལམ་ཞེས་པར་བསྒྱུར་ལ། རེས་འགའ་ནི་མངོན་རྟོགས་རྒྱན་ལས། མཐོང་དང་གོམས་པའི་ལམ་དག་ལ། །ཞེས་གསུངས་པ་ལྟར་གོམས་པར་འགྱུར་ཏེ་བསྒོམ་པ་དང་གོམས་པ་གཉིས་དོན་གཅིག་གོ །ཞེས་གསུངས་པ་ལྟར་སྤྱིར་སྒོམ་ཞེས་པ་དེ་ཅི་འདྲ་ཞིག་ལ་བྱེད་ཤེས་པར་བྱ་སྟེ། ཐོས་བསམ་གྱི་དོན་ལ་རིགས་པས་ཡང་ཡང་དཔྱོད་ཅིང་འདྲིས་པར་བྱེད་པ་ལ་དཔྱད་སྒོམ་དང་། དེ་ལྟར་མི་དཔྱོད་པར་ཡིད་རྩེ་གཅིག་ཏུ་གནས་པ་ལ་འཇོག་སྒོམ་དུ་བཤད་པའི་ཕྱིར་རོ། །དེ་ལྟར་མི་ཕྱེད་པར་སྒོམ་ཐམས་ཅད་རྩེ་གཅིག་ཏུ་གནས་པའི་འཇོག་སྒོམ་དུ་འདོད་པ་ནི་ཆེར་འཁྲུལ་ཏེ། ལམ་རིམ་ལས། དེས་ན་སྒོམ་ཐམས་ཅད་འཇོག་སྒོམ་དུ་འདོད་པ་ནི་དཔེར་ན་ནས་རྡོག་གཅིག་བཟུང་ནས་འབྲུ་ཐམས་ཅད་འདི་ཁོ་ན་ཡིན་ནོ་ཞེས་ཟེར་བ་དང་འདྲ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །བྱེད་ཤེས་ན་ཐོས་བསམ་མང་ཉུང་གི་དབང་གིས་སྒོམ་པའང་མང་ཉུང་དུ་འགྱུར་ཏེ། ལམ་རིམ་ཆེན་མོ་ལས། ཐོས་པ་ཅི་ཙམ་མང་བ་དེ་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་ལ། དེ་མང་བ་ཙམ་དུ་བསམ་པ་མང་བ་དང་དེ་མང་བ་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་བ་དང་། དེ་ཅི་ཙམ་མང་བ་བཞིན་དུ་སྒོམ་པས་ཉམས་སུ་ལེན་པ་མང་ལ། དེ་ལ་ངན་སྐྱོན་འགོག་པ་དང་ཡོན་ཏན་སྒྲུབ་པའི་ཚུལ་ཡང་མང་བས། སྒོམ་བྱེད་པ་ལ་ཐོས་བསམ་གལ་ཆེ་བར་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་གསུངས་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར་རོ། །དཔྱད་སྒོམ་དང་འཇོག་སྒོམ་གྱི་ཁྱད་པར་སྔར་ལྟར་ཡིན་ན། འཆི་བ་མི་རྟག་པ་སྒོམ་པ་ཙམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀ་འོང་ངམ་མི་འོང་ཞེ་ན། འོང་སྟེ། འཆི་བ་མི་རྟག་པའི་ཚུལ་ལུང་དང་རིགས་པས་ཡང་ཡང་དཔྱོད་པ་ཙམ་བྱེད་ཅིང་སེམས་པའི་ཚེ་དཔྱད་སྒོམ་གཙོ་ཆེ་ཡང་། དཔྱད་མཐར་དེས་ན་འཆི་བ་མི་རྟག་པ་ཉིད་དོ་ཞེས་རྩེ་གཅིག་ཏུ་སེམས་པ་ལ་འཇོག་སྒོམ་གཙོ་ཆེ་སྟེ། བླ་མ་དང་དཀོན་མཆོག་དང་ལས་འབྲས་ལ་དད་པ་དང་ངན་སོང་དང་འཁོར་བའི་སྡུག་བསྔལ་སེམས་པ་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ལྷ་སྐུ་སྒོམ་པ་ལྟ་བུ་ལའང་ཚུལ་དེ་གཉིས་སུ་གོ་བར་བྱའོ། །གལ་ཏེ་ཟག་བཅས་ཀྱི་ཡུལ་ལ་སྲེད་པས་ཡང་ཡང་དཔྱོད་པ་དང་རྩེ་གཅིག་ཏུ་སེམས་པའང་ཡོད་པས། དེ་དག་ལ་དཔྱད་སྒོམ་དང་འཇིག་སྒོམ་ཡོད་པར་འགྱུར་ཞེ་ན། སྐྱོན་མེད་དེ། འདིར་ཡང་དག་པའི་དོན་ཐོས་ནས་བསམ་ཞིང་འདྲིས་པར་བྱེད་པ་ལ་ཐོས་བསམ་སྒོམ་པའི་ཐ་སྙད་བྱེད་པ་ཡིན་གྱི། ཕྱིན་ཅི་ལོག་གི་མཐོང་ཐོས་ནས་འདྲེས་པ་ཡོད་ཀྱང་དེ་དག་ལ་ཐོས་བསམ་སྒོམ་པའི་ཐ་སྙད་མི་བྱེད་པའི་ཕྱིར་ཏེ། དཔེར་ན། རྐང་པ་འདེགས་འཇོག་གི་གཞིར་ལམ་ཞེས་འཇིག་རྟེན་ན་གྲགས་ཀྱང་འདིར་དེ་ལམ་དུ་མི་འདོད་པ་བཞིན་ནོ། །གལ་ཏེ་འདོད་ན། སེམས་ཅན་ཐམས་ཅད་ཀྱང་ལམ་ཞུགས་སུ་ཐལ་བ་འགྱུར་རོ། །རྟེན་གྱི་དབང་དུ་བྱས་ན་ཚོགས་ལམ་མན་ཆད་ལ་གནས་པའི་སོ་སྐྱེའི་རྒྱུད་ལ་ཐོས་བསམ་གྱི་ཤེས་རབ་མང་ལ། སློབ་པ་འཕགས་པ་ལ་ཐོས་བསམ་ཡོད་ཀྱང་བསྒོམ་བྱུང་གི་ཤེས་རབ་གཙོ་ཆེ་ཞིང་། སངས་རྒྱས་འཕགས་པའི་རྒྱུད་ལ་ནི་བསྒོམ་བྱུང་གི་ཤེས་རབ་ཡོད་ཀྱི། ཐོས་བྱུང་དང་བསམ་བྱུང་གི་ཤེས་རབ་གཉིས་མེད་དེ། དེ་གཞན་གྱིས་བསྟན་པ་ལ་རག་ལས་པ་མེད་པའི་ཕྱིར་རོ། །མདོར་ན་རབ་ཏུ་བྱུང་བ་རྣམས་ཀྱི་བྱ་བའི་གཙོ་བོ་ནི། ལུང་རྟོགས་གཉིས་ཀྱིས་བསྡུས་པའི་ཐོས་བསམ་སྒོམ་གསུམ་སྟེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར། རྒྱལ་བའི་བསྟན་པ་ལ་ནི་ལུང་རྟོགས་ཀྱི་བསྟན་པ་གཉིས་ཡོད་ཀྱི། གཞན་མེད་ལ། དེ་ཡང་ལུང་གི་བསྟན་པ་ལ་ཐོས་བསམ་གཙོ་བོར་བྱེད་ཅིང་། རྟོགས་པའི་བསྟན་པ་བསྒོམ་པས་ཉམས་སུ་ལེན་པ་གཙོ་བོར་བྱེད་དགོས་ཏེ། ལུང་རྟོགས་ཀྱི་བསྟན་པ་གཉིས་ངོ་བོའི་སྒོ་ནས་འཛིན་ཚུལ་ཡང་དེ་ལྟར་རོ། །ལུང་དང་རྟོག་པའི་ཡོན་ཏན་གྱི་ཁྱད་པར་ནི། སྤྱིར་གསུང་རབ་ཀྱི་གཞུང་རྣམས་ཅི་ལྟར་རིག་པ་ཐོས་ནས་རང་སྟོབས་སམ་གཞན་སྟོབས་ཀྱི་དེའི་དོན་ལེགས་པར་གོ་བ་ཡོད་ན་ནི་ལུང་གི་ཡོན་ཏན་ཡོད་པ་ཡིན་ལ། གོ་བ་ལྟར་ཉམས་སུ་ལེན་པ་ཡོད་ན་ནི་རྟོགས་པའི་ཡོན་ཏན་ཡོད་ཅེས་བྱའོ། །དེ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་བསླབ་པ་གསུམ་ཕར་ཕྱིན་དྲུག་རིམ་གཉིས་ཀྱི་ཉམས་ལེན་རྣམས་ནི་རྟོགས་པའི་ཡོན་ཏན་བསྡུས་པ་ཡིན་ལ། ཁྱད་པར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ལྟ་བུ་ནི་རྟོགས་པའི་ཡོན་ཏན་གྱི་གཙོ་བོ་ཡིན་ནོ། །མངོན་ཤེས་མཚན་ཉིད་པ་ནི་རྟོགས་པའི་ཡོན་ཏན་མཆོག་ཡིན་ཀྱང་། ཁ་ཅིག་སྔར་བཤད་པ་ལྟར་མི་ཤེས་པར་རང་གི་ཚོད་ཀྱང་མི་ཐིང་བའི་ལུང་བསྟན་ཐར་ཐོར་སྨྲ་བ་ཙམ་དང་བླུན་སྒོམ་བྱེད་པ་ཙམ་ལ་རྟོགས་པའི་ཡོན་ཏན་གྱི་མཆོག་ཡོད་པར་ངེས་པར་སྙམ་པ་ནི་དབང་པོ་རྟུལ་པོར་གསལ་ལོ། །གལ་ཏེ་ལམ་རིམ་དང་བསྐྱེད་རྫོགས་ཀྱི་འཆད་ཉན་ལྟ་བུ་ལ་ཐོས་བསམ་སྒོམ་གསུམ་ཡོད་པ་འཐད་ཀྱང་། མཚན་ཉིད་ཀྱི་འཆད་ཉན་ལ་དེ་གསུམ་ཀ་ཡོད་དམ་མེད་ཅེ་ན། ཡོད་དེ། དབུ་ཕར་འདུལ་མཛོད་བཞིའི་འཆད་ཉན་ལ་དེ་གསུམ་ཡོད་པ་ནི་གཞིར་བཅས་མོད། བསྡུས་གྲྭའི་འཆད་ཉན་ཙམ་ལའང་དེ་གསུམ་ཡོད་པའི་ཕྱིར་ཏེ། དེ་ལ་ཐོས་བསམ་ཡོད་པ་ལ་རྩོད་པ་མེད་མོད། སྒོམ་པའང་ཡོད་པའི་ཕྱིར་ཏེ། བསྡུས་གཞུང་འདི་རྒྱལ་བའི་གསུང་རབ་སྤྱི་དང་དེའི་དགོངས་འགྲེལ་ཚད་མ་སྡེ་བདུན་མདོ་དང་བཅས་པ་ནས་འབྱུང་བའི་དོན་ཚན་བསྡུས་ནས་སྟོན་པ་ཡིན་ལ། འདིའི་དོན་རྟག་མི་རྟག་དང་རྒྱུ་འབྲས་དང་འགལ་འབྲེལ་སོགས་གཞན་ལས་ཐོས་ནས་གཞན་སྟོབས་ཀྱིས་ངེས་པ་ཡོད་པས་ཐོས་པ་ཚད་ལྡན་ཡོད་ལ། དེ་ནས་རང་གི་ལུང་དང་རིགས་པས་དཔྱད་ནས་ལེགས་པར་ངེས་པ་ཡོད་པས་བསམ་པ་ཡོད་ཅིང་། དེ་ལྟར་ཐོས་བསམ་བྱས་པའི་དོན་དེ་ལ་བློ་ཡང་ཡང་འདྲིས་ནས་གོམས་པ་ཡོད་པས་དཔྱད་སྒོམ་ཀྱང་ཡོད་པའི་ཕྱིར་ཏེ། དཔེར་ན། འཆི་བ་མི་རྟག་པ་དང་ལས་འབྲས་ལ་དཔྱད་ནས་སྐྱོང་བ་ལ་དཔྱད་སྒོམ་དུ་བཤད་པ་བཞིན་ནོ། །དེས་ན་མཚན་ཉིད་སྐོར་གྱི་གཞུང་སོགས་ནང་རིག་པ་སྟོན་པའི་གསུང་རབ་ཀྱི་གཞུང་ཐམས་ཅད་ཀྱང་ཐོས་བསམ་གྱི་གཞུང་ཡིན་པར་མ་ཟད། རང་གིས་མ་ཤེས་པ་མ་གཏོགས་ཉམས་ལེན་གྱི་གཞུང་ཀྱང་ཡིན་ཏེ། བཤད་སྒྲུབ་གཉིས་སམ་ཐོས་བསམ་དང་། ཉམས་ལེན་གྱི་གཞུང་གཉིས་སོ་སོར་རིས་སུ་གཅོད་པ་མ་རིགས་པའི་ཕྱིར་ཏེ། ལམ་རིམ་ཆེན་མོ་ལས་དམ་པའི་ཆོས་ལ་བཤད་པ་དང་བསྒྲུབ་པའི་ཆོས་ལོགས་ལོགས་པ་གཉིས་ཡོད་པར་འཛིན་པ་ནི། དྲི་མ་མེད་པའི་མདོ་རྒྱུད་དང་དྲི་མ་མེད་པའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་གུས་པ་ཆེན་པོ་སྐྱེ་བའི་གེགས་བྱེད་ཅིང་། དེ་དག་ལ་ནང་གི་དོན་མི་སྟོན་པའི་ཕྱིའི་གོ་རྒྱ་གཅོད་པའོ་ཞེས་རྙེས་པའི་གནས་སུ་འཛིན་པ་ནི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་གསོག་པ་ཤེས་པར་བྱའོ། །ཞེས་དང་། རྒྱལ་ཚབ་རིན་པོ་ཆེས་ཕར་ཕྱིན་གྱི་སྐབས་བཞི་པའི་རྣམ་བཤད་ལས། ཐོས་བསམ་བྱེད་པ་དང་ཉམས་ལེན་བྱེད་པའི་གཞུང་ཚད་ལ་མི་འདྲ་བ་སོ་སོར་གཅོད་པ་ནི་སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱེད་པའི་ཚིག་ཡིན་པས་དོར་བར་རིག་པ་ཁོ་ནའོ། །ཞེས་དང་། ཐོས་བསམ་དང་ཉམས་ལེན་གྱི་གཞུང་སོ་སོར་གཅོད་པ་གཞུང་ཆེན་པོ་རྣམས་ནུབ་པའི་རྐྱེན་བྱེད་པས་རྣ་བར་མི་འོང་བའི་ཚིག་ཏུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཐོས་བསམ་ཀུན་གྱི་དོན་ཉམས་ལེན་བྱེད་ཤེས་པ་ནི་ཆེས་དཀོན་པར་བཤད་དོ། །བསྒོམ་པས་ཉམས་སུ་ལེན་པ་དང་ཤེས་རབ་འཕེལ་བ་ལའང་ཐོས་བསམ་གལ་ཆེ་སྟེ། ལམ་རིམ་ལས། དེ་ལྟར་ཆོས་ཚུལ་བཞིན་བསྒྲུབ་པར་འདོད་པ་རྣམས་ལ་ལམ་གྱི་སྲོག་དམ་པ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་རྒྱུད་བླ་ན་མེད་པ་དྲི་མ་མེད་པའི་གསུང་རབ་དང་བསྟན་བཅོས་ལ་མང་དུ་ཐོས་པ་དགོས་སོ། །ཞེས་དང་། སྔགས་རིམ་ལས་ཀྱང་། རང་གིས་སྒྲུབ་པ་དང་གཞན་ལ་སྟོན་པ་སོགས་གང་བྱེད་ཀྱང་ཐོག་མར་ཐོས་བསམ་གྱིས་གོ་བ་མ་ནོར་བ་ཅིག་བཙལ་དགོས་ཏེ། རང་གིས་མི་ཤེས་ན་གཞན་ལ་སྟོན་མི་ནུས་པའི་ཕྱིར་དང་། མ་ཤེས་པར་ཉམས་སུ་བླངས་པ་མེད་པའི་ཕྱིར་དང་། རང་གིས་ཅི་ཙམ་ཞིག་གོ་བ་དེ་བཞིན་དུ་ཉམས་སུ་ལེན་པས་གོ་བ་ནོར་ན་སྒྲུབ་པ་ནོར་ལ། སྒྲུབ་པ་མ་ནོར་བ་ཡང་གོ་བ་མ་ནོར་བ་ལ་རག་ལས་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །ཐོས་བསམ་སྒོམ་གསུམ་བྱས་པ་ལ་ཕན་ཡོན་རྒྱ་ཆེར་བཤད་དུ་ཡོད་མོད། འདིར་ཐོས་པའི་ཕན་ཡོན་གཙོ་བོར་བརྗོད་ན། ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཞེས་དང་། མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་དང་། སྐྱེས་རབས་ལས་ཀྱང་། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ཤེས་ཀྱང་དེ་ནི་ཉོ་བའི་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །ཞེས་དང་། སློབ་དཔོན་དཔའ་བོས། ཐོས་ཉུང་དམུས་ལོང་བ སྒོམ་པའི་ཚུལ་མི་ཤེས། དེ་མེད་དེས་ཀོ་ཅི་ཞིག་བསམ་པར་བྱ། །དེ་བས་ཐོས་ལ་བརྩོན་བྱ་དེ་རྒྱུ་ལས། །བསམས་བཞིན་བསྒོམས་པས་ཤེས་རབ་ཡངས་པ་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་སངས་རྒྱས་ཀྱང་ཐོས་བསམ་བསྒོམས་པ་ལས་འབྱུང་ན་གཞན་ལྟ་ཅི་སྨོས། ཐོས་པ་སྒོམ་གསུམ་ཞེས། ཐམས་ཅད་ལ་རླུང་ལྟར་གྲགས་ནའང་། མིང་ཙམ་ཞིག་མ་གཏོགས་དེའི་ཁྱད་པར་རྗེ་ཡབ་སྲས་ཀྱི་བཞེད་པ་བཞིན་ལེགས་པར་ཤེས་པ་ནི་དཀོན་པར་སྣང་བས། འདིར་དེ་ལྟར་ཤེས་པའི་ཆེད་དུ་དེ་གསུམ་གྱི་ཁྱད་པར་གཞུང་ཆེན་པོ་ནས་འབྱུང་བའི་ཚུལ་རང་གི་གོ་ཚོད་ཙམ་ཞིག་བརྗོད་པ་སྟེ། རྣམ་དཔྱོད་ཅན་གྱིས་ད་དུང་ལེགས་པར་དཔྱད་པར་འཚལ་ལོ། །སྨྲས་པ། གསུང་རབ་དགོངས་འགྲེལ་བཅས་པ་དུ་མ་ལས། །སྐྱེས་བུ་གསུམ་དང་བསླབ་གསུམ་ཐོས་བསམ་སོགས། །བཤད་པའི་དཀའ་བའི་གནས་ལ་མཐའ་དཔྱོད་ཀྱིས། །ལེགས་པར་བརྒྱན་ཏེ་མཁས་པའི་དགོངས་བཞིན་བཤད། ཅེས་པ་འདིའང་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་གཞན་འགའ་ལ་ཕན་འདོད་ཀྱི་འདུན་པས་ཅོ་ནེ་དགོན་ཉིད་དུ་སྦྱར་བ་སྟེ། འདིས་ཀྱང་རྒྱལ་བའི་བསྟན་པ་ལ་ཕན་པར་གྱུར་ཅིག །ཤུ་བཾ། སརྦ་མངྒལཾ།

རྒྱུ་དང་འབྲས་བུའི་རྣམ་གཞག་ལེགས་བཤད་སྙིང་པོ།

རྒྱུ་དང་འབྲས་བུའི་རྣམ་གཞག་ལེགས་བཤད་སྙིང་པོ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་ཤྲཱེ་ཡེ། གནས་དང་གནས་མིན་མཁྱེན་པའི་སྟོབས་ཉིད་ཀྱིས། །རྒྱུ་དང་འབྲས་བུའི་རྣམ་དབྱེ་མངོན་སུམ་དུ། །ཇི་བཞིན་གཟིགས་གང་འགྲོ་ལ་གསལ་མཛད་པ། །ཐུབ་དབང་སྐྱབས་ཀྱི་དམ་པར་གུས་ཕྱག་འཚལ། །དེ་ལ་འདིར་བླང་དོར་གྱི་གནས་ལ་རིགས་པ་ཡང་དག་གིས་ངེས་པ་རྙེད་པ་ལ་རྒྱུ་དང་འབྲས་བུའི་རྣམ་གཞག་ཤེས་དགོས་པས་ན། བཅོམ་ལྡན་འདས་ཀྱིས་གསུང་རབ་དུ་མར་དེའི་རྣམ་གཞག་མང་དུ་བསྟན་པའི་དགོངས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་ལུང་དང་རིགས་པའི་སྒོ་ནས་གཏན་ལ་ཕབ་ཅིང་། ཁྱད་པར་དུ་ཤིང་རྟ་ཆེན་པོའི་ཐོགས་མེད་སྐུ་མཆེད་གཉིས་ཀྱིས་མངོན་པ་གོང་འོག་གིས་གཞུང་གཉིས་སུ་ལེགས་པར་གསལ་བར་མཛད་དོ། །དེ་ལྟ་ནའང་དེ་དག་གི་གཞུང་ནི་རྒྱ་ཆེ་ཞིང་དགོངས་པའི་གནས་ཟབ་མོ་གཞན་དག་གིས་རྟོགས་དཀའ་བས་ན། འདིར་དགོངས་པ་ཕྱོགས་གཅིགཏུ་བསྒྲིགས་ནས་འཆད་ཅིང་གཙོ་བོར་མངོན་པ་གོང་མའི་ལུགས་བཞིན་དུ་བཤད་པར་བྱའོ། །འདི་ལ་གསུམ། རྒྱུ་དང་། རྐྱེན་དང་། འབྲས་བུའི་རྣམ་གཞག་བཤད་པའོ། །དང་པོ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། སྐྱེད་བྱེད། རྒྱུའི་མཚན་ཉིད། འདིར་མཚན་ཉིད་ཅེས་པ་ནི། དོན་ལྡོག་ཡིན་པས་མཚོན་བྱ་དེ་ཉིད་ཀྱི་དོན་ཀྱང་ཡ ིན་ནོ། །ཆོས་དེའི་སྐྱེད་བྱེད། ཆོས་དེའི་རྒྱུའི་མཚན་ཉིད་ཡིན་ཏེ། མྱུ་གུའི་སྐྱེད་བྱེད། མྱུ་གུའི་རྒྱུའི་མཚན་ཉིད་ཡིན་པ་བཞིན་ནོ། །དེ་བཞིན་དུ་ཆོས་དེའི་དངོས་སུ་སྐྱེད་བྱེད། ཆོས་དེའི་དངོས་རྒྱུའི་མཚན་ཉིད། ཆོས་དེའི་བརྒྱུད་ནས་སྐྱེད་བྱེད། ཆོས་དེའི་བརྒྱུད་རྒྱུའི་མཚན་ཉིད་ཡིན་ཏེ། ཚུལ་དེ་མྱུ་གུ་སོགས་ལའང་སྦྱར་བར་བྱའོ། །འོན་ཀྱང་རྣམ་སྨིན་གྱི་སྐྱེད་བྱེད། རྣམ་སྨིན་གྱི་རྒྱུའི་མཚན་ཉིད་མིན་པ་ལྟ་བུའི་དམིགས་བསལ་ཡོད་དོ། །གཉིས་པ་དབྱེ་བ་ལ། གཉིས་ཏེ། ངོ་བོ་དང་། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་ཉེར་ལེན་དང་། ལྷན་ཅིག་བྱེད་རྐྱེན་གཉིས། དང་པོ་ལ་མཚན་ཉིད་དང་། མཚན་གཞི་དང་། སྒྲ་དོན་ནོ། །རང་གི་ཉེར་འབྲས་རང་གི་རྫས་རྒྱུན་དུ་གཙོ་བོར་སྐྱེད་བྱེད། རང་ཉིད་ཉེར་ལེན་ཡིན་པའི་མཚན་ཉིད། གཞི་དང་སྦྲེལ་ན། མྱུ་གུ་རང་གི་རྫས་རྒྱུན་དུ་གཙོ་བོར་སྐྱེད་བྱེད། རང་ཉིད་མྱུ་གུའི་ཉེར་ལེན་ཡིན་པའི་མཚན་ཉིད། དེ་བཞིན་དུ་ཀ་བུམ་སོགས་ལའང་སྦྱོར། མཚན་གཞི་ནི། མྱུ་གུའི་ས་བོན་མྱུ་གུའི་ཉེར་ལེན་ཡིན་པ་ལྟ་བུའོ། །སྒྲ་དོན་ནི། རང་གི་ཉེ་བར་བླང་བྱའི་འབྲས་བུ་གང་ཡིན་པ་དེར་འགྱུར་རུང་བ་སྟེ། དཔེར་ན། མྱུ་གུའི་ས་བོན་མྱུ་གུ་དང་། འཇིམ་པ་རང་གི་ཉེར་འབྲས་རྫས་བུམ་ལྟ་བུར་འགྱུར་དགོས་པ་བཞིན་ནོ། །འོན་ཀྱང་རང་གི་རྫས་རྒྱུན་ཕྱི་མ་དེར་འགྱུར་བ་ཙམ་གྱིས་རང་ཉིད་འབྲས་བུ་སྤྱི་ཙམ་པ་གང་ཡིན་པ་དེར་འགྱུར་ཞེས་ཁས་ལེན་དགོས་པ་ནི་མིན་ཏེ། སྐུད་པ་ཚོགས་ནས་སྣམ་བུར་སྐྱེ་ཡང་། སྐུད་པ་རེ་རེ་ནས་སྣམ་བུར་མི་འགྱུར་བ་བཞིན་ནོ། །གཉིས་པ་ལྷན་ཅིག་བྱེད་རྐྱེན་ལ་མཚན་ཉིད། མཚན་གཞི། སྒྲ་དོན་ནོ། །རང་གི་ལྷན་ཅིག་བྱེད་འབྲས་རང་གི་རྫས་རྒྱུན་མ་ཡིན་པར་གཙོ་བོར་སྐྱེད་བྱེད། རང་ཉིད་ལྷན་ཅིག་བྱེད་རྐྱེན་ཡིན་པའི་མཚན་ཉིད། གཞི་ལ་སྦྱར་ན། མྱུ་གུ་རང་གི་རྫས་རྒྱུན་མ་ཡིན་པར་གཙོ་བོར་སྐྱེད་བྱེད། རང་ཉིད་མྱུ་གུའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་མཚན་ཉིད། དེ་བཞིན་དུ་ཀ་བུམ་སོགས་གཞན་ལའང་སྦྱར། མཚན་གཞི་ནི། མྱུ་གུའི་རྒྱུར་གྱུར་པའི་ཆུ་ལུད་དྲོད་བཤེར་དང་ས་བོན་འདེབས་པ་པོའི་སྐྱེས་བུ་ལྟ་བུའོ། །གཞི་གཅིག་ལ་ལྟོས་ཏེ་ཉེར་ལེན་དང་དེའི་ལྷན་ཅིག་བྱེད་རྐྱེན་གཉིས་འགལ་ཡང་སྤྱིར་དེ་གཉིས་མི་འགལ་ཏེ། རྒྱུན་བཅས་ཀྱི་དངོས་པོ་ཐམས་ཅད་ཉེར་ལེན་ཡིན་ལ། དངོས་པོ་ཡིན་ན་ལྷན་ཅིག་བྱེད་རྐྱེན་ཡིན་པར་ཁྱབ་པའི་ཕྱིར་ཏེ། རང་གི་འབྲས་བུ་མེད་པའི་དངོས་པོ་མི་སྲིད་པའི་ཕྱིར་རོ། །སྒྲ་དོན་ནི། ཉེར་ལེན་མི་བྱེད་ཀྱང་དེ་དང་ལྷན་ཅིག་ཕན་འདོགས་བྱེད་ཀྱི་གྲོགས་བྱེད་པ་སྟེ། དཔེར་ན། མྱུ་གུའི་རྒྱུར་གྱུར་པའི་ཆུ་ལུད་སོགས་ཀྱིས་མྱུ་གུའི་ཉེར་ལེན་མི་བྱེད་ཀྱང་། དེ་བསྐྱེད་པའི་གྲོགས་བྱེད་པ་བཞིན་ནོ། །རྣམ་འགྲེལ་ལས། ཕན་འདོགས་གང་ཡིན་བསྐྱེད་པ་ཡིན། ཞེས་གསུངས་པ་ལྟར་འབྲས་བུ་དེའི་རྒྱུ་ཡིན་ན། འབྲས་བུ་དེ་ལ་ཕན་འདོགས་བྱེད་ཞིག་དགོས་པས། ཤིང་གཅོད་པ་པོས་རྟ་རེས་ཤིང་བཅད་པ་ན། དེའི་ཚེ་བཅད་བྱའི་ཤིང་དེ་ལ་གནོད་པས་དེ་དེའི་རྒྱུ་མིན་ཀྱང་ཤིང་བཅད་པ་དང་བཅད་པའི་ཤིང་དེ་ཉིད་གཅོད་པ་པོ་དང་རྟ་རེས་བྱས་ཤིང་དེ་ལ་ཕན་བཏགས་པས་ན་གཅོད་པ་པོ་དང་རྟ་རེ་གཉིས་བཅད་པའི་ཤིང་དང་དེ་བཅད་པའི་རྒྱུར་འགྲོ་བ་ཡིན་ཏེ། དེ་བཞིན་དུ་གཞན་ལ་རིགས་པ་སྒྲེའོ། །བསྡུ་ན། རྒྱུ་གང་ཡོད་ན་འབྲས་བུ་གང་འབྱུང་བའི་འབྱུང་སའི་གཞི་དེ་ལ། དེའི་རྒྱུ་ཞེས་བརྗོད་པ་ཡིན་ཏེ། རྣམ་འགྲེལ་ལས། གང་ཡོད་ན་ནི་གང་སྐྱེ་བའམ། །གང་འགྱུར་ན་ཡང་རྣམ་འགྱུར་ན། །དེ་ནི་རྒྱུ་ཞེས་རབ་ཏུ་བརྗོད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ལ་བྱེད་རྒྱུ། ལྷན་ཅིག་འབྱུང་བ། མཚུངས་ལྡན། སྐལ་མཉམ། ཀུན་འགྲོ། རྣམ་སྨིན་གྱི་རྒྱུ་སྟེ་རྒྱུ་དྲུག་བཤད་པ་ལ། དང་པོ་བྱེད་རྒྱུ་ལ། ངོ་བོ་དང་། དབྱེ་བའོ། །དངོས་པོ་དེ་དང་ཕན་ཚུན་ཐ་དད་ཀྱང་ཡིན། གཞི་དེ་སྐྱེ་བ་ལ་གེགས་མི་བྱེད་པ་ཡང་ཡིན་པའི་གཞི་འཐུན་པའི་དངོས་པོ་དེ། གཞི་དེའི་བྱེད་རྒྱུའི་ངོ་བའམ། མཚན་ཉིད་དོ། །ཆོས་དེའི་བྱེད་རྒྱུ་ཡིན་ན། ཆོས་དེའི་རྒྱུ་ཡིན་མི་དགོས་སོ། །དབྱེ་ན་ནི། མངོན་པ་ཀུན་བཏུས་འགྲེལ་པ་དང་བཅས་པ་ལས་དུ་མ་བཤད་དེ། རྐྱེན་གསུམ་ཚོགས་ནས་རྣམ་ཤེས་བསྐྱེད་པ་ལྟ་བུ་འབྱུང་བའི་རྒྱུ་དང་། ཟས་བཞིས་ལུས་འཚོ་བ་ལྟ་བུ་གནས་པའི་རྒྱུ་དང་། སས་རྟེན་བྱེད་པ་ལྟ་བུ་བརྟེན་པའི་རྒྱུ་དང་། སྒྲོན་མེས་གཟུགས་གསལ་བར་བྱེད་པ་ལྟ་བུ་གསལ་བྱེད་ཀྱི་རྒྱུ་དང་། མེས་བུད་ཤིང་འགྱུར་བར་བྱེད་པ་དང་། ཟོར་བས་རྩ་གཅོད་པར་བྱེད་པ་དང་། མགར་པས་གསེར་བརྡུང་བའི་སྒོ་ནས་བསྒྱུར་བར་བྱེད་པ་ལྟ་བུ་བསྒྱུར་བའི་བྱེད་རྒྱུའི་རིགས་རྣམས་དང་། དེ་བཞིན་དུ་དུ་བའི་རྟགས་ལས་མེ་རྟོགས་པའི་རྗེས་དཔག་འབྱུང་བ་དང་། སྒྲུབ་ངག་གི་སྒོ་ནས་གཞན་གྱི་བསམ་དོན་གོ་བ་ལྟ་བུ་ཤེས་བྱེད་ཀྱི་རྒྱུ་དང་། ལམ་གྱི་མྱང་འདས་ཐོབ་པར་བྱེད་པ་ལྟ་བུ་ཐོབ་བྱེད་ཀྱི་རྒྱུ་དང་། དེས་སྐྱོན་འགོག་པ་ལྟ་བུ་འགོག་པའི་རྒྱུ་དང་། བརྡ་ལས་མིང་དང་མིང་ལས་དོན་དང་དེ་ལས་ཐ་སྙད་བྱེད་པ་འབྱུང་བ་ལྟ་བུ་དང་། བཀྲེས་པས་ཁ་ཟས་དོན་དུ་གཉེར་བའི་བྱེད་རྒྱུ་རྣམས་དང་། མ་རིག་པས་ལས་གསོག་པ་ལྟ་བུ་ཉེ་བའི་རྒྱུ་དང་། མ་རིག་པས་རྒ་ཤི་སྐྱེད་པ་ལྟ་བུ་རིང་བའི་བྱེད་རྒྱུ་རྣམས་ཡོད་པའི་ཕྱིར། གཞན་ཡང་ཞིང་དང་ཆུ་ལུད་སོགས་ལོ་ཏོག་འཛིན་པའི་བྱེད་རྒྱུ་དང་། རྐྱེན་གང་གིས་གཞན་དགའ་བ་དང་མི་དགའ་བར་བྱེད་པ་དང་། ལས་དཀར་ནག་གིས་གནས་དང་འགྲོ་བ་སོ་སོར་འཕེན་པ་དང་། རྒྱུ་རྐྱེན་ཚོགས་པས་འབྲས་བུ་གཞན་དང་གཞན་སྐྱེ་ཞིང་།གཞན་དང་གཞན་འགག་པར་བྱེད་པའི་བྱེད་རྒྱུ་སོགས་མང་ངོ་། །མདོར་ན་ཀུན་བཏུས་རྩ་འགྲེལ་རྣམས་སུ་རྒྱུ་ཐམས་ཅད་བྱེད་རྒྱུར་འདུས་པར་བཤད་པས་བྱེད་རྒྱུ་ནི་ཁྱབ་ཆེའོ། །དེས་ན་རྒྱུ་གཞན་ལྔ་ཡང་བྱེད་རྒྱུར་འདུ་མོད། དགོས་པ་དང་བྱ་བ་བྱེད་ཚུལ་མི་འདྲ་བའི་སྒོ་ནས་ཕྱེ་བའོ། ཁ་ཅིག །བྱེད་རྒྱུ་ཡིན་ན་ཐ་དད་ཡིན་པས་ཁྱབ་གསུངས་པ་ལ་ནི། བྱེད་རྒྱུ་དེ་རྒྱ་ཆུང་བའི་སྐྱོན་ཡོད་པས། ཁོ་བོ་ནི་དངོས་པོ་ཡིན་ན་རྒྱུ་འབྲས་གཉིས་ཀ་ཡིན་པས་ཁྱབ་པ་དེ་བཞིན་དུ། རྒྱུ་ཡིན་ན་བྱེད་རྒྱུ་ཡིན་དགོས་པ་རྒྱ་བོད་ཀྱི་མཁས་པའི་དགོངས་པ་ཡིན་ཞེས་སྨྲའོ། །དེས་ན་སྤྱིར་བྱེད་རྒྱུའི་མཚན་ཉིད་ལ་ཕན་ཚུན་ཐ་དད་ཅེས་མི་སྦྱོར་ཞིང་། མཛོད་ལས། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་པ་ནི་གཞི་ལ་སྦྱར་བའི་དབང་དུ་མཛད་པར་མངོན་ནོ། །གཞི་ལ་སྦྱར་བའི་ཚེ་ནའང་ཆོས་དེའི་ལྷན་ཅིག་བྱེད་རྐྱེན་ཡིན་ན། དེའི་བྱེད་རྒྱུ་ཡིན་དགོས་པ་ལ་རྩོད་པ་མེད་དོ། །གཉིས་པ་ལྷན་ཅིག་འབྱུང་བའི་རྒྱུ་ལ། ངོ་བོ་དང་། མཚན་གཞིའོ། །ཕན་ཚུན་ཚོགས་པ་དུས་མཉམ་ཐ་དད་ཀྱང་ཡིན། ཕན་ཚུན་སྐྱེ་བ་ལ་གེགས་མི་བྱེད་པ་ཡང་ཡིན་པའི་གཞི་འཐུན་པ་དེ། ལྷན་ཅིག་འབྱུང་བའི་རྒྱུའི་ངོ་བོའོ། །འདི་ནི་ཕན་ཚུན་རྒྱུ་འབྲས་སུ་བཏགས་པ་ཙམ་ཡིན་གྱི། རྒྱུ་འབྲས་དངོས་མིན་ནོ། །མཚན་གཞི་ནི། ཚོགས་པ་གཅིག་ན་གནས་པའི་འབྱུང་བ་བཞི་འབྱུང་གྱུར་དང་བཅས་པ་དང་། དུས་མཉམ་ཐ་དད་པའི་སེམས་དང་སེམས་བྱུང་ཕན་ཚུན་མེད་ན་མི་འབྱུང་བ་རྣམས་སོ། །གསུམ་པ་མཚུངས་ལྡན་གྱི་རྒྱུ་ལ། ངོ་བོ་དང་། མཚན་གཞིའོ། །ཕན་ཚུན་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཀྱང་ཡིན། ཕན་ཚུན་སྐྱེ་བ་ལ་གེགས་མི་བྱེད་པ་ཡང་ཡིན་པའི་གཞི་འཐུན་པ་དེ། མཚུངས་ལྡན་གྱི་རྒྱུའི་ངོ་བོའོ། །འདི་དང་སྔ་མ་གཉིས་མི་འགལ་བར་བཞེད་པ་ལྟར་ཡིན་གྱི། སྔ་མ་ལ་རྫས་ཐ་དད་ཀྱིས་ཁྱབ་པར་འདོད་པའི་ལུགས་ལྟར་མི་བྱའོ། །མཚུངས་ལྡན་ལྔ་ནི། རྟེན་དང་དམིགས་པ་དང་རྣམ་པ་དང་རྫས་དང་དུས་མཚུངས་པའོ། །མཚན་གཞི་ནི། སེམས་དང་དེའི་འཁོར་སེམས་བྱུང་རྣམས་སོ། །འདི་ཡང་གྲོགས་ཕན་ཚུན་གཅིག་ཡོད་ན་གཅིག་ཤོས་འབྱུང་ཞིང་མེད་ན་མི་འབྱུང་བའི་དོན་ལ་རྒྱུ་འབྲས་སུ་བཏགས་པ་ཙམ་མོ། ཁ་ཅིག་སེམས་དང་དེའི་འཁོར་སེམས་བྱུང་གཉིས་རྫས་ཐ་དད་ཡིན་ཞེས་འདོད་ཀྱང་། རྒྱལ་ཚབ་མཁས་གྲུབ་གཉིས་ཀྱིས་རྫས་གཅིག་ཏུ་བཞེད་དོ། །བཞི་པ་སྐལ་མཉམ་གྱི་རྒྱུ་ལ། ངོ་བོ་དང་། མཚན་གཞིའོ། །རང་གི་རིགས་འདྲ་ཕྱི་མ་རང་དང་འདྲ་བར་སྐྱེད་བྱེད། རང་ཉིད་སྐལ་མཉམ་རྒྱུའི་ངོ་བོའོ། །མཚན་གཞི་ལ། ཉོན་མོངས་ཅན་དང་། ཉོན་མོངས་ཅན་མིན་པའི་སྐལ་མཉམ་གཉིས་ཡོད་པའི་དང་པོ་ནི། ཉོན་མོངས་སྔ་མས་རིགས་འདྲ་ཕྱི་མའི་ཉོན་མོངས་སྐྱེད་པ་སྟེ། མ་རིག་པས་མ་རིག་པ་དང་། འདོད་ཆགས་ཀྱིས་འདོད་ཆགས་ཕྱི་མ་སྐྱེད་པ་ལྟ་བུའོ། །གཉིས་པ་ནི། སོ་སྐྱེ་བ་ཡེ་ཤེས་སྔ་མས་ཕྱི་མ་དང་། འཕགས་པའི་ཡེ་ཤེས་སྔ་མས་རང་གི་རིགས་འདྲ་ཕྱི་མའི་རྒྱུ་བྱེད་པ་ལྟ་བུ་སྟེ། མདོར་ན་ཀ་བུམ་སོགས་ཆོས་དེའི་ཉེར་ལེན་ཕལ་ཆེར་དེའི་སྐལ་མཉམ་གྱི་རྒྱུའོ། །ལྔ་པ་ཀུན་འགྲོའི་རྒྱུ་ལ་ངོ་བོ་དང་། མཚན་གཞིའོ། །རང་དང་ས་གཅིག་པའི་ཉོན་མོངས་ཕྱི་མ་སྐྱེད་བྱེད་ཀྱི་ཉོན་མོངས་ཅན་དེ། ཀུན་འགྲོའི་རྒྱུའི་ངོ་བོའོ། །མཚན་གཞིའི། ཁམས་གསུམ་ས་དགུ་རང་རང་གི་ཉོན་མོངས་སྔ་མས་རང་སའི་ཉོན་མོངས་ཕྱི་མ་སྐྱེད་པ་ལྟ་བུའོ། །དྲུག་པ་རྣམ་སྨིན་གྱི་རྒྱུ་ལ་མཚན་ཉིད་དང་། དབྱེ་བའོ། མངོན་པ་གོང་འོག་ལྟར་ན། མི་དགེ་བ་དང་དགེ་བ་ཟག་བཅས་གང་རུང་གིས་བསྡུས་པ་དེ། རྣམ་སྨིན་གྱི་རྒྱུའི་མཚན་ཉིད། དབྱེ་ན་ཟག་བཅས་ཀྱི་དགེ་བ་དང་མི་དགེ་བ་གཉིས་སོ། །འཕགས་པའི་ཟག་མེད་ཀྱི་ལས་དང་ཡེ་ཤེས་རྣམས་དང་། ལུང་མ་བསྟན་གྱི་ལས་ནི་རྣམ་སྨིན་གྱི་རྒྱུ་མིན་ཀྱང་། བྱེད་རྒྱུ་དང་སྐལ་མཉམ་གྱི་རྒྱུ་ཡིན་ནོ། །གཉིས་པ་རྐྱེན་བཤད་པ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ་དང་། དོགས་གཅོད་དོ། །དང་པོ་ནི། གྲོགས་བྱེད་པ། རྐྱེན་གྱི་མཚན་ཉིད། དབྱེ་ན་བཞི་སྟེ། རྒྱུ་རྐྱེན། དམིགས་རྐྱེན། བདག་རྐྱེན། དེ་མ་ཐག་རྐྱེན་ནོ། །དང་པོ་དང་རྐྱེན་གཉིས་དོན་གཅིག་ཅིང་སྤྱིར་རྒྱུ་ཡིན་ན་རྐྱེན་ཡིན་པས་ཁྱབ་པོ། །འོན་ཀྱང་ཆོས་དེའི་ཉེར་ལེན་ནི་ཆོས་དེའི་རྒྱུ་ཡིན་ལ། ལྷན་ཅིག་བྱེད་རྐྱེན་ནི་དེའི་རྒྱུ་རྐྱེན་གཉིས་སུ་ཕྱེ་བའི་རྐྱེན་ནོ། །ཆོས་དེའི་འགལ་རྐྱེན་ནི་ཆོས་དེའི་རྐྱེན་དུ་བཏགས་པ་ཙམ་ཡིན་གྱི་རྐྱེན་དངོས་མིན་ནོ། །གཉིས་པ་དམིགས་རྐྱེན་ལ་མཚན་ཉིད་དང་། མཚན་གཞིའོ། །རང་འཛིན་མངོན་སུམ་རང་གི་རྣམ་ལྡན་དུ་གཙོ་བོར་སྐྱེད་བྱེད། རང་ཉིད་དམིགས་རྐྱེན་ཡིན་པའི་མཚན་ཉིད་དང་། གཞི་ལ་སྦྱར་ན། སྔོན་འཛིན་དབང་པོའི་མངོན་སུམ་སྔོན་པོའི་རྣམ་པ་ཅན་དུ་གཙོ་བོར་སྐྱེད་བྱེད། སྔོན་འཛིན་དབང་པོའི་མངོན་སུམ་གྱི་དམིགས་རྐྱེན་གྱི་མཚན་ཉིད། གཞན་ལ་འགྲེ། མཚན་གཞི་ནི་སྔོན་པོ་ལྟ་བུ་དང་སྤྱིར་དངོས་པོ་ཡིན་ན་དམིགས་རྐྱེན་ཡིན་དགོས་ཏེ། དེ་ཡིན་ནའང་རང་འཛིན་དབང་ཤེས་སམ་ཡིད་ཤེས་གང་རུང་གི་དམིགས་པ་དང་རྐྱེན་གཉིས་ཀ་ཡིན་དགོས་པའི་ཕྱིར་རོ། །གསུམ་པ་བདག་རྐྱེན་ལ་མཚན་ཉིད་དང་། མཚན་གཞིའོ། །རང་འཛིན་མངོན་སུམ་རང་དབང་དུ་གཙོ་བོར་སྐྱེད་བྱེད། རང་ཉིད་བདག་རྐྱེན་ཡིན་པའི་མཚན་ཉིད། གཞི་ལ་སྦྱར་ན། སྔོན་འཛིན་དབང་པོའི་མངོན་སུམ་རང་དབང་དུ་གཙོ་བོར་སྐྱེད་བྱེད། སྔོན་འཛིན་དབང་པོའི་མངོན་སུམ་གྱི་བདག་ཀྱེན་གྱི་མཚན་ཉིད། གཞན་ལའང་འགྲེ །མཚན་གཞི་མིག་གི་དབང་པོ་ལྟ་བུ་དང་དེ་བཞིན་དུ་རྣ་བ་ནས་ཡིད་ཀྱི་དབང་པོའི་བར་དང་། ལས་དཀར་ནག་སོགས་རང་རང་གི་འབྲས་བུའི་བདག་རྐྱེན་ཡིན་ལ། འདུས་བྱས་ཡིན་ན། ཁྱོད་ཀྱི་དངོས་ཀྱི་ལྷན་ཅིག་བྱེད་རྐྱེན་ཕལ་ཆེར་ཁྱོད་ཀྱི་བདག་པོའི་རྐྱེན་ཡིན་ནོ། །མིག་གི་རྣམ་ཤེས་སོགས་ལ་རང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བདག་རྐྱེན་གཉིས་རེ་ཡོད་དེ། མིག་ཤེས་ལ་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་དབང་དང་། ཐུན་མོང་བའི་བདག་རྐྱེན་ཡིད་དབང་ལྟ་བུ་གཉིས་ཡོད་པའི་ཕྱིར་རོ། །བཞི་པ་དེ་མ་ཐག་རྐྱེན་ལ་མཚན་ཉིད་དང་། མཚན་གཞིའོ། །དང་པོ་ནི། རང་འཛིན་ཤེས་པ་མྱོང་བ་གསལ་རིག་ཙམ་དུ་གཙོ་བོར་སྐྱེད་བྱེད་ཀྱི་རིག་པ། དེ་མ་ཐག་རྐྱེན་གྱི་མཚན་ཉིད། གཞི་དང་སྐྱར་ན། སྔོན་འཛིན་ཤེས་པ་མྱོང་བ་གསལ་རིག་ཙམ་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཀྱི་རིག་པ། སྔོན་འཛིན་ཤེས་པའི་དེ་མ་ཐག་རྐྱེན་གྱི་མཚན་ཉིད། གཞན་ལའང་སྦྱོར། མཚན་གཞི་ནི། སྔོན་འཛིན་མིག་ཤེས་ཀྱི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་ཤེས་པ་ལྟ་བུའོ། །ཤེས་པ་དོན་འཐུན་ཡིན་ན། ཁྱོད་ཀྱི་རྐྱེན་ཤིག་ཡོད་པས་ཁྱབ་ཅེས་ཁས་བླངས་ཀྱང་མིང་འགལ་ལ། དངོས་པོ་ཡིན་ན། ཁྱོད་ཀྱི་རྒྱུ་རྐྱེན་དང་བདག་རྐྱེན་གཉིས་ཀ་ཡོད་པས་ཁྱབ་ཀྱང་། གཞན་གཉིས་ཡོད་པས་མ་ཁྱབ་བོ། །གསུམ་པ་དོགས་གཅོད་ལ། ཁ་ཅིག་ཆོས་ཐམས་ཅད་དམིགས་རྐྱེན་ཡིན་ཏེ། མཛོད་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཞེས་གསུངས་སོ། །ཞེ་ན་སྐྱོན་མེད་དེ། ཆོས་ཐམས་ཅད་བློའི་དམིགས་པ་ཡིན་ཀྱང་། དམིགས་རྐྱེན་མིན་ནོ། །ཤེས་པ་དེའི་དམིགས་རྐྱེན་ནི་ཤེས་པ་དེ་དང་དུས་མཉམ་མ མ་མི་མཉམ་ཞེ་ན་འདི་ལ་བྱེ་བྲག་སྨྲ་བས་ནི། སྔོ་འཛིན་མིག་གི་རྣམ་ཤེས་ཀྱི་དམིགས་རྐྱེན་ལྟ་བུ་དེ་དམིགས་བྱེད་ཀྱི་ཤེས་པ་དང་དུས་མཉམ་པར་འདོད་ལ། མདོ་སྡེ་པས་དམིགས་རྐྱེན་ནི་དམིགས་བྱེད་ཀྱི་ཤེས་པ་དང་དུས་མི་མཉམ་པར་འདོད་ཅེས་བཞེད་པ་མང་ཞིང་། དུས་མཉམ་པར་བཞེད་པའང་སྣང་ངོ་། །མཁས་གྲུབ་རྗེ་སོགས་དུས་མི་མཉམ་པར་བཞེད་པ་དག་གིས་ནི། སྔོན་འཛིན་མིག་ཤེས་ཀྱིས་སྔོན་པོ་བཟུང་ཟིན་མ་ཐག་པའི་ཚེ་སྔོན་པའི་རྣམ་པ་ཤར་ཡང་། དེའི་ཚེ་དམིགས་རྐྱེན་དུ་སོང་བའི་སྔོན་པོ་འགགས་ཀྱང་རྣམས་པ་ཤར་བ་མ་འགགས་ཅིང་། རྣམ་པ་ཤར་བའི་དུས་སུ་ཡོད་པའི་སྔོན་པོ་དེ། དེའི་དམིགས་རྐྱེན་དུ་མི་འདོད་དེ། དེའི་དམིགས་རྐྱེན་ཡིན་ན། དེའི་རྒྱུ་ཡིན་དགོས་པས་རྒྱུ་འབྲས་དུས་མཉམ་མི་སྲིད་པའི་ཕྱིར་རོ། །དམིགས་བྱེད་རང་དུས་སུ་རང་གི་དམིགས་རྐྱེན་འགགས་ཀྱང་། དམིགས་རྐྱེན་མི་འཐད་པའི་སྐྱོན་མེད་དེ། འབྲས་བུ་སྐྱེས་པའི་ཚེ་རྒྱུ་འགགས་ཀྱང་རྒྱུ་འབྲས་འཐད་པ་བཞིན་ནོ། །དམིགས་རྐྱེན་རང་གི་དམིགས་བྱེད་ཀྱི་ཤེས་པའི་དུས་སུ་མེད་ཀྱང་དེའི་ཡུལ་མིན་པའི་སྐྱོན་མེད་དེ། རྣམ་པ་ཤར་བ་དེ་ཉིད་ཡུལ་དུ་བྱས་པའི་དོན་ཡིན་པའི་ཕྱིར་གསུང་། མིག་ཤེས་གཟུགས་ཀྱི་རྣམ་ལྡན་དུ་སྐྱེས་པའི་ཆ་དེ་དམིགས་རྐྱེན་གྱིས་བསྐྱེད་ཅིང་། དེས་གཟུགས་འཛིན་ལ་སྒྲ་སོགས་མི་འཛིན་པའི་ཁྱད་པར་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་གྱིས་གཙོ་བོར་བྱས་པ་སྟེ། དེ་ཡང་མིག་གི་དབང་པོ་ཡིན་གྱི། བདག་རྐྱེན་གཞན་མིན་ནོ། །དེ་བཞིན་དུ་རྣ་ཤེས་ཀྱི་སྒྲ་ཐོས་ཀྱི་གཟུགས་མི་འཛིན་པའི་ཁྱད་པར་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་རྣ་བའི་དབང་པོས་བྱས་པ་སོགས་གཞན་ལ་འགྲེའོ། མིག་ཤེས་ལྟ་བུ་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་དེ། དེ་མ་ཐག་རྐྱེན་གྱི་ལག་རྗེས་ཡིན་པས་འདི་ཤེས་པ་ཐམས་ཅད་ལའང་སྦྱར་རུང་ངོ་། །མཁས་གྲུབ་རྗེས་ནི་སེམས་ཙམ་པས་དབང་ཤེས་སྔ་མས་དབང་ཤེས་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་པའི་ནུས་པ་དེ། དབང་ཤེས་ཕྱི་མའི་དམིགས་རྐྱེན་དང་། བདག་རྐྱེན་དབང་པོ་ཡང་ནུས་པའི་ཁྱད་པར་ཞིག་ལ་འདོད་ཅེས་གསུང་། བྱེ་བྲག་སྨྲ་བས་ནི། མིག་ཤེས་ཀྱི་གཟུགས་མཐོང་བའི་ཚེ་དེ་ལ་གཟུགས་ཀྱི་རྣམ་པ་མ་ཤར་བར་རྣམ་མེད་རྗེན་ཅེར་དུ་འཛིན་ཞེས་འདོད་ཀྱང་། མདོ་སྡེ་པ་ཡན་ཆད་ཀྱིས་རྣམ་པ་ཤར་བའི་སྒོ་ནས་མཐོང་བར་འདོད་དོ། །ཤར་བའི་རྣམ་པ་དེ་ཁ་ཅིག་ཤེས་པའི་རྣམ་པ་ཡིན་ཀྱང་ཤེས་པ་མིན་ཞེས་བཞེད་ལ། མཁས་གྲུབ་རྗེས་ནི་དེ་ལ་ཤེས་པའི་གཟུང་རྣམ་ཟེར་བས་ཤེས་པ་ཡིན་ཞེས་བཞེད་དོ། །སྤྱིར་རྣམ་པ་འདི་ལ་རྣམ་པ་འཆར་རྒྱུའི་དོན་རྣམ་དང་ཤར་བའི་ཤེས་རྣམ་གཉིས་བྱ་དགོས་ཏེ། འཆར་བྱ་ཡུལ་གྱི་རྣམ་པ་དང་འཆར་བྱེད་ཤེས་པའི་རྣམ་པ་གཉིས་ཡོད་པའི་ཕྱིར་ཏེ། དཔེར་ན། བུམ་པའི་དོན་སྤྱི་ནི། འཆར་སྤྱི་ཡུལ་གྱི་རྣམ་པ་དང་། དེའི་རྣམ་པ་ཤར་བའི་ཤེས་པ་ནི་འཆར་བྱེད་ཡུལ་ཅན་གྱི་རྣམ་པ་ཡིན་པའི་ཕྱིར་རོ། །ཚུལ་འདི་དཀའ་བའི་གནས་ཡིན་པས་ཞིབ་མོར་དཔྱད་དགོས་པ་ཡོད་དོ། །དེ་མ་ཐག་རྐྱེན་སྤྱིར་འཇོག་སླ་ཡང་། གཉིད་འཐུག་པོ་ལས་སད་མ་ཐག་པར་མིག་ཤེས་དང་། འདུ་ཤེས་མེད་པའི་སྙོམས་འཇུག་ལས་ལངས་མ་ཐག་པའི་དབང་ཤེས་དང་། སྟོང་ཉིད་མངོན་སུམ་རྟོགས་པའི་མཉམ་གཞག་ལས་ལངས་མ་ཐག་པའི་དབང་ཤེས་རྣམས་ཀྱི་དེ་མ་ཐག་རྐྱེན་ལ་ནི་རྒྱ་བོད་ཀྱི་མཁས་པ་དག་བཞེད་པ་མི་འདྲ་བ་མང་དུ་ཡོད་ཀྱང་། བསྡུ་ན་གཉིས་ཏེ། མཚོན་ན། འདུ་ཤེས་མེད་པའི་སྙོམས་འཇུག་ལས་ལངས་མ་ཐག་པའི་དབང་ཤེས་ཀྱི་དངོས་ཀྱི་དེ་མ་ཐག་རྐྱེན་ནི། རྗེ་བཙུན་རེ་མདའ་བ་སོགས་སྙོམས་པར་འཇུག་ཁ་མའི་དབང་ཤེས་དེ་ལ་བྱེད་པ་དང་། མཁས་གྲུབ་རྗེ་སོགས་སྙོམས་འཇུག་དེ་ལས་ལྗང་ཁ་མའི་ཡིད་ཀྱི་ཆ་ཞིག་ལ་བྱེད་པའི་ཚུལ་གཉིས་སྣང་བ་ལས། ཁོ་བོ་ནི་ཡིད་ཤེས་ཀྱི་ཆ་ལས་དགེ་མི་དགེ་ལུང་མ་བསྟན་དང་འདོད་ཆགས་ཞེ་སྡང་སོགས་ཟག་བཅས་ཟག་མེད་ཀྱི་ཤེས་པ་སྣ་ཚོགས་འབྱུང་བ་མཐོང་བས་ཕྱི་མ་འཐད་པར་མངོན་ལ། འོན་ཀྱང་ཡིད་ཤེས་ཀྱི་ཆ་དབང་ཤེས་སུ་འགྱུར་བའི་ཚུལ་འདི་ལ་རིགས་པ་སྨྲ་བ་རྣམས་དོགས་གཞི་ནི་ཆེའོ། ཁ་ཅིག་རང་འབྲས་ཤེས་པའི་ཉེར་ལེན་ལ་ལྡན་མིན་འདུ་བྱེད་ཡོད་པར་བཞེད་པའི་ལུགས་ལྟར་བྱེད་ན་དེ་མ་ཐག་རྐྱེན་ནི་ཤེས་པས་མ་ཁྱབ་པར་འདོད་དགོས་སོ། །གསུམ་པ་འབྲས་བུ་བཤད་པ་ལ་གསུམ། མཚན་ཉིད་དང་། དབྱེ་བ་དང་། འཕྲོས་དོན་ནོ། །དང་པོ་ནི། བསྐྱེད་བྱ། འབྲས་བུའི་མཚན་ཉིད། ཆོས་དེའི་བསྐྱེད་བྱ། ཆོས་དེའི་འབྲས་བུའི་མཚན་ཉིད་དོ། །བྲལ་བའི་བསྐྱེད་བྱ་བྲལ་བའི་འབྲས་བུ་མིན་པ་ལྟ་བུ་ནི་ཡོད་ཀྱང་། འདིར་དོན་གཙོ་བོར་བྱས་པའོ། །མྱུ་གུའི་བསྐྱེད་བྱ། མྱུ་གུའི་འབྲས་བུའི་མཚན་ཉིད། དེ་བཞིན་དུ་ཆོས་དེའི་དངོས་སུ་བསྐྱེད་བྱ། ཆོས་དེའི་དངོས་འབྲས་ཀྱི་མཚན་ཉིད། ཆོས་དེའི་བརྒྱུད་ནས་བསྐྱེད་བྱ། ཆོས་དེའི་བརྒྱུད་འབྲས་ཀྱི་མཚན་ཉིད་ཡིན་ཏེ། ཚུལ་དེ་མྱུ་གུ་སོགས་ལའང་སྦྱོར་བར་བྱའོ། །གཉིས་པ་དབྱེ་བ་ལ་གཉིས། ངོ་བོ་སྒོ་ནས་དང་། སྒྲས་བརྗོད་རིགས་ཀྱིས་དབྱེ་བའོ། །དང་པོ་ལ། ཉེར་འབྲས་དང་། ལྷན་ཅིག་བྱེད་འབྲས་གཉིས། དང་པོ་ལ་མཚན་ཉིད་དང་། མཚན་གཞིའོ། །རང་གི་ཉེར་ལེན་གྱི་རྫས་རྒྱུན་དུ་གཙོ་བོར་བསྐྱེད་བྱ། རང་ཉིད་ཉེར་འབྲས་ཡིན་པའི་མཚན་ཉིད། མཚན་གཞི་ནི། གྲོ་ནས་ཀྱི་ས་བོན་ལས་བྱུང་བའི་མྱུ་གུ་ལྟ་བུའོ། །རང་གི་ལྷན་ཅིག་བྱེད་རྐྱེན་གྱི་རྫས་རྒྱུན་མ་ཡིན་པར་གཙོ་བོར་བསྐྱེད་བྱ། རང་ཉིད་ལྷན་ཅིག་བྱེད་འབྲས་ཡིན་པའི་མཚན་ཉིད། མཚན་གཞི་ནི། རྫ་མཁན་གྱི་འབྲས་བུར་གྱུར་པའི་རྫ་བུམ་ལྟ་བུའོ། །གཞི་གཅིག་ལ་བལྟོས་ཏེ་དེ་གཉིས་འགལ་ཡང་སྤྱིར་དེ་གཉིས་མི་འགལ་ཏེ། དངོས་པོ་ཡིན་ན། ཉེར་འབྲས་དང་ལྷན་ཅིག་བྱེད་འབྲས་གཉིས་ཀ་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན། ཁྱོད་ཀྱི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་ཀ་ཡོད་དགོས་པའི་ཕྱིར་ཏེ། འབྲས་བུ་གཅིག་བསྐྱེད་པ་ལའང་རྒྱུ་རྐྱེན་གཉིས་ཆ་ཚང་དགོས་ཀྱི། རྒྱུ་གཅིག་ཁོ་ན་ལས་འབྲས་བུ་འབྱུང་བ་མི་སྲིད་པའི་ཕྱིར་རོ། །མདོར་ན་བལ་དང་སྐུད་པ་ལས་སྣམ་བུ་དང་། འཇིམ་པ་ལས་རྫ་བུམ་སོགས་དང་། གསེར་ལས་གསེར་བུམ་སོགས་དང་། ས་བོན་ལས་མྱུ་གུ་སྣ་ཚོགས་དང་། མི་ཤི་འཕོས་ནས་ལྷ་སོགས་འགྲོ་བ་གཞན་དང་མཐར་སངས་རྒྱས་སུ་འགྱུར་བ་ལྟ་བུ་རྣམས་ནི་རང་གི་ཉེར་ལེན་ལས་བྱུང་བའི་ཉེར་འབྲས་ཡིན་ལ། འཐག་མཁན་དང་རྫ་མཁན་དང་གསེར་མགར་དང་ས་བོན་འདེབས་པ་པོ་འམ་ཆུ་ལུད་དང་ལས་དཀར་ནག་དང་ཚོགས་གསོག་སྒྲིབ་སྦྱོང་བྱེད་པ་ལས་རིམ་བཞིན་དེ་རྣམས་བྱུང་བ་ནི། ལྷན་ཅིག་བྱེད་རྐྱེན་ལས་བྱུང་བས་དེའི་ལྷན་ཅིག་བྱེད་འབྲས་ཡིན་ནོ། །དེས་ན་སྣམ་བུ་སོགས་རང་རྒྱུ་སྐུད་པ་དང་བལ་སོགས་ལ་བལྟོས་ཏེ་ཉེར་འབྲས་ཡིན་ཀྱང་། འཐག་མཁན་སོགས་ལ་བལྟོས་ཏེ་ལྷན་ཅིག་བྱེད་འབྲས་ཡིན་ནོ། །གཉིས་པ་འབྲས་བུ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་ལྔ་ཡོད་དེ། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་དེ། བདག་པོའི་དེ། སྐྱེས་བུ་བྱེད་པའི་དེ། བྲལ་བའི་འབྲས་བུ་རྣམས་ཡོད་པའི་ཕྱིར། དང་པོ་རྣམ་སྨིན་གྱི་འབྲས་བུ་དུ་མ་ཡོད་དེ། རྣམ་སྨིན་གྱི་རྒྱུ་དགེ་མི་དགེ་གང་རུང་ལས་སྐྱེས་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ལྟ་བུ་དང་། བྱེ་བྲག་ཏུ་དགེ་བས་འཕངས་པའི་རྣམ་སྨིན་གྱི་འབྲས་བུ་ནི། བདེ་འགྲོའི་ལུས་རྟེན་ཐམས་ཅད་དང་། མི་དགེ་བའི་རྣམ་སྨིན་གྱི་འབྲས་བུ་ནི། ངན་འགྲོའི་ལུས་རྟེན་ཐམས་ཅད་དོ། །རྣམ་སྨིན་དང་རྣམ་སྨིན་གྱི་འབྲས་བུ་གཉིས་དོན་གཅིག་ཅིང་། རྣམ་སྨིན་གྱི་འབྲས་བུ་ལུང་མ་བསྟན་ཞིག་དགོས་ཀྱི་དགེ་མི་དགེ་མེད་དེ། མཛོད་ལས། རྣམ་སྨིན་ཆོས་ནི་ལུང་མ་བསྟན། །ཞེས་གསུངས་པ་ལྟར་རོ། །ད་ལྟ་ལུས་ལ་ཚོར་བ་བདེ་སྡུག་བྱུང་བ་ནི་རྣམ་སྨིན་གྱི་འགྱུར་བ་ཡིན་པས་རྣམ་སྨིན་དུ་བཏགས་པ་ཙམ་ཡིན་གྱི། རྣམ་སྨིན་དངོས་མིན་ནོ། །འོ་ན་ཚོར་བ་བདེ་སྡུག་མྱོང་བ་འདི་ལ་སྔོན་གྱི་ལས་ཞེས་བརྗོད་པ་ཅི་ཞེ་ན། དེ་ནི་རྒྱུ་མཚན་སྔར་ལྟར་དང་རྒྱུ་མིང་འབྲས་ལ་བཏགས་པའོ། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ལ་དུ་མ་ཡོད་དེ། གཞུང་ཆེ་བ་ལས་འབྱུང་བ་ལྟར་དགེ་བའི་རྒྱུ་མཐུན་ཚེ་རིང་བ་དང་། ལོངས་སྤྱོད་ཆེ་བ་དང་། བསྟོད་བཀུར་དང་། མཛའ་བ་དང་ཡིད་དུ་འོང་བ་མང་བ་དང་དགེ་བའི་ཕྱོགས་ལ་སྤྲོ་བ་སོགས་མང་ལ། མི་དགེ་བའི་རྒྱུ་མཐུན་ནི། ཚེ་ཐུང་བ་དང་ནད་མང་བ་དང་ལོངས་སྤྱོད་ཆུང་བ་དང་། གཞན་གྱིས་སྡང་བ་དང་ཡིད་དུ་མི་འོང་བ་མང་བ་དང་། སྨོད་པ་དང་དགེ་བའི་ཕྱོགས་ལ་མི་དགའ་བ་སོགས་མང་ངོ་། །གསུམ་པ་བདག་པོའི་འབྲས་བུ་ལ། དགེ་བའི་བདག་འབྲས་ནི། རང་སྐྱེས་པའི་ཡུལ་དེ་ཡིད་དུ་འོང་བ་དང་བཟའ་བཏུང་སོགས་མཐུ་ནུས་ཆེ་བ་དང་འབྲས་བུ་མང་བ་དང་ཐན་པ་ཆུང་བ་དང་ལྗན་ལྗིན་སོགས་མི་མང་བ་དང་འཇིགས་པའི་རྒྱུ་ཉུང་བ་དང་ནད་འགོ་བ་མི་མང་བ་སོགས་མདོར་ན་ཕྱོགས་དེ་དག་ཏུ་ཡིད་དུ་འོང་ཞིང་འདོད་པ་མང་དུ་འབྱུང་བ་ཡོད་ལ། མི་དགེ་བ་ལ་ནི་སྔར་བཤད་པ་ལས་བཟློག་སྟེ་འབྱུང་ངོ་། །འོན་ཀྱང་བདག་འབྲས་འདི་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་བདག་འབྲས་གཉིས་ཡོད་པའང་ཤེས་དགོས་སོ། །བཞི་པ་སྐྱེས་བུ་བྱེད་པའི་འབྲས་བུ་ནི། ཞིང་པས་བསྒྲུབ་པའི་ལོ་ཏོག་ལྟ་བུ་དང་བཟོ་བོས་ཁང་བཟང་དང་། མགར་བས་གསེར་སོགས་བརྡུང་བ་དང་། ལྷ་བཟོ་དང་། ཡིག་མཁན་གྱིས་ལྷ་སྐུ་སོགས་དང་ཡི་གེ་བྲིས་པ་དང་། ཤོ་དང་ཚོང་ལས་ཁེ་སྤོགས་ཐོབ་པ་དང་། སྨན་བཏང་བ་དང་རིམ་གྲོ་བྱས་པས་ནད་ཞིབ་སོགས་མང་ངོ་། །ལྔ་པ་བྲལ་འབྲས་ནི། སོ་སོར་བརྟགས་འགོག་སྟེ། འགོག་བདེན་དང་དོན་གཅིག་ཅིང་འདི་འཕགས་པ་མ་གཏོགས་སོ་སྐྱེ་ལ་མེད་དོ། །མྱང་འདས་ས་མཐར་པའང་བྲལ་འབྲས་ཡིན་ལ། དེ་ཡང་ལམ་བསྒོམས་པའི་སྟོབས་ཀྱིས་ཐོབ་ཅིང་སྤང་བྱ་ཅི་རིགས་དང་བྲལ་བས་འབྲས་བུ་མིང་གིས་བཏགས་པ་ཙམ་ཡིན་གྱི། འབྲས་བུ་དངོས་མིན་ཏེ། རྒྱུ་དང་འབྲས་བུ་གང་རུང་ཡིན་ན། འདུས་བྱས་ཡིན་པའི་ཕྱིར་རོ། །དེས་ན་བྲལ་འབྲས་ནི་འདུས་མ་བྱས་ཡིན་ལ། གཞན་རྣམས་ནི་འདུས་བྱས་སོ། །ས་བོན་དང་མྱུ་གུ་ལྟ་བུ་དང་། སྐྱེ་འཆི་ལྟ་བུ་རྣམས་རྒྱུ་འབྲས་ཡིན་པར་ངེས་སླ་ཡང་། ཅིག་སྔ་མ་དང་ཕྱི་མ་རྒྱུ་འབྲས་སུ་འགྲོ་བའི་ཚུལ་ནི་ཅུང་ངེས་དཀའ་སྟེ། དཔེར་ན། སྔ་དྲོ་ཕྱི་དྲོ་རྒྱུ་འབྲས་ཡིན་པ་དང་། ལངས་པ་དང་འགྲོ་བ་དང་ཉལ་བ་དང་འདུག་པ་དང་། བརྐྱང་པ་དང་བསྐུམ་པ་དང་སྨྲ་བ་དང་མི་སྨྲ་སོགས་ཀྱང་རང་རང་གི་ཕྱི་མ་ཕྱི་མའི་རྒྱུ་དང་སྔ་མ་སྔ་མའི་འབྲས་བུ་ཡིན་པ་དང་། སྐད་ཅིག་མ་དང་མི་རྟག་པའི་དོན་དུ་འགྱུར་ཡང་རྟོགས་དཀའ་བ་བཞིན་ནོ། །དེ་ཡང་གོ་བ་དེར་མཚོན་ན། ལག་པའི་སོར་མོ་རྣམས་ཁུ་ཚུར་བྱེད་པ་ན་དེའི་རྒྱུར་འགྲོ་ཞིང་། ཁུ་ཚུར་བཅངས་པ་དེ་ཡང་ཁུ་ཚུར་བཤིགས་པའི་རྒྱུར་འགྲོ་ལ་བཤིགས་པ་དེ་སླར་བཅང་བ་ན་དེའི་རྒྱུར་འགྲོ་བ་བཞིན་ཏེ། དེ་ལྟ་བུ་ཆེས་མང་ངོ་། །གསུམ་པ་འཕྲོས་དོན་ལ། སྤྱིར་སྐྱེད་བྱེད་ཀྱི་རྒྱུ་གང་ཡིན་པ་དེ་སྐྱེ་བཞིན་པ་དང་། དེའི་བསྐྱེད་བྱའི་འབྲས་བུ་གང་ཡིན་པ་དེ་འགག་བཞིན་པ་གཉིས་དུས་མཉམ་ལ། འབྲས་བུ་དེ་སྐྱེས་ཟིན་པ་དང་རྒྱུ་དེ་འགགས་ཟིན་པ་གཉིས་ཀྱང་དུས་མཉམ་མོ། །དེ་ཡང་མཚོན་ན་མྱུ་གུའི་ས་བོན་གྱི་དུས་སུ་མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་ཀྱང་མྱུ་གུ་མེད་ལ། མྱུ་གུ་སྐྱེས་ཟིན་པའི་ཚེ་ས་བོན་གྱིས་བྱ་བ་བྱས་ཟིན་ནས་འགགས་པའི་ཕྱིར་ས་བོན་དེ་མེད་དོ། །མྱུ་གུ་ལྟ་བུ་རང་གི་རྒྱུའི་དུས་སུ་མེད་ཀྱང་། དེ་རང་གི་རྒྱུ་ལས་སྐྱེ་བ་དང་སྐྱེས་ཞེས་ཐ་སྙད་བྱས་ཆོག་པ་དེ་བཞིན་དུ། འབྲས་བུ་ཐམས་ཅད་ལའང་འདྲའོ། །གལ་ཏེ། ཉེར་ལེན་གྱི་རིགས་ལ་དེ་འཐད་ཀྱང་ལྷན་ཅིག་བྱེད་རྐྱེན་རྫ་མཁན་དེ་རང་གིས་བྱས་པའི་རྫ་བུམ་གྱི་དུས་དང་། ཁང་པ་བྱེད་བཞིན་པའི་བཟོ་བོ་དེ་རང་གིས་བྱས་པའི་ཁང་པའི་དུས་དང་། མ་ཡང་རང་གིས་བསྐྱེད་པའི་བུའི་དུས་སུ་ཡོད་དམ་མེད། མེད་ན་རྫ་བུམ་གྱི་དུས་སུ་རྫ་མཁན་དང་། ཁང་པའི་དུས་སུ་བཟོ་བོ་དང་། བུའི་དུས་སུ་རང་གི་མ་ཡོད་པ་ནི་ཐམས་ཅ ད་ཀྱིས་མངོན་སུམ་མཐོང་བ་དང་འགལ་ལ། ཡོད་ན་ཁྱོད་ཀྱིས་འབྲས་བུ་སྐྱེས་པའི་ཚེ་རྒྱུ་འགགས་པར་བཤད་པ་དེ་ཇི་ལྟར་འཐད་ཅེ་ན། བདེན་མོད། ཁོ་བོས་ཇི་སྐད་སྨྲས་པ་དེ་འཛམ་གླིང་བརྒྱན་དྲུག་སོགས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་བཞེད་པ་ཡིན་ནའང་། ཁྱོད་དང་བླུན་པོ་རྣམས་ཀྱང་ལྟ་ཞོག །ད་ལྟའི་མཁས་པ་རིགས་པ་ཤེས་ཤིང་རྒྱུ་འབྲས་ཀྱི་ཚུལ་རིག་པར་རློམ་པ་དག་ལའང་། དེ་སྐད་སྨྲས་པ་ན་ཐེ་ཚོམ་ཟ་བ་ཁོ་ན་དང་ཅང་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་པར་མཛད་དོ། །དེ་ལྟ་ནའང་འདིར་ལན་རྒྱས་པར་བརྗོད་ན་མང་དུ་དོགས་པས། མཚོན་ན། རྒྱུ་འབྲས་ཀྱི་སྐྱེ་འགག་དུས་མཉམ་མི་མཉམ་དེ་ལྟར་ཡིན་ཀྱང་། སྐྱོན་དུ་མི་འགྱུར་ཏེ། རྫ་མཁན་གྱིས་སྔར་རང་གིས་བྱེད་རྒྱུའི་རྫ་བུམ་དེ་བྱས་མ་ཟིན་གྱི་བར་ལ་དེའི་རྒྱུར་འཇོག་ཅིང་། དེས་རྫ་བུམ་དེ་བྱས་ཟིན་པ་དེའི་ཚེ་རྒྱུར་བཞག་པའི་རྫ་མཁན་དེ་འགགས་པའི་ཐ་སྙད་བྱེད་ལ། རྫ་བུམ་དེ་གྲུབ་ཟིན་པའི་རྗེས་སུ་ཡོད་པའི་རྫ་མཁན་དེ། སྔར་བྱས་ཟིན་པའི་རྫ་བུམ་དེའི་བྱེད་པ་པོ་མིན་ཀྱང་དེའི་རྒྱུན་ཕྱི་མ་ཡིན་ནོ། །དེ་ལྟར་ཡིན་ཀྱང་རྫ་བུམ་བྱས་ཟིན་གྱི་དུས་སུ་ཡོད་པའི་རྫ་མཁན་དེས། ཁོ་བོས་སྔར་གྱི་རྫ་བུམ་དེ་བྱས་སོ་ཞེས་བརྗོད་པ་དང་མི་འགལ་ཏེ། སྔ་ཕྱིའི་དུས་རེ་རེ་ཁོ་ནའི་ཁྱད་པར་དུ་མ་བྱས་པར། རྫ་མཁན་གྱི་སྔ་ཕྱིའི་དུས་གཉིས་ཀ་ལ་རྗེས་སུ་འགྲོ་བའི་རྫ་མཁན་གྱི་ང་ཞིག་ཡོད་ལ། སྔ་ཕྱིའི་རྫ་མཁན་གཉིས་ཀྱང་དེའི་ཆ་ཤས་ཡིན་པས། རྫ་མཁན་ཕྱི་མ་དེས་ངས་སྔར་གྱི་རྫ་བུམ་དེ་བྱས་སོ་སྙམ་པ་ནི་ཆ་ཅན་གྱི་ང་པའི་དབང་གིས་དེ་ལྟར་དྲན་པ་ཡ ིན་གྱི། ད་ལྟའི་དུས་ཀྱི་རྫ་མཁན་གྱི་ཕྱི་མ་ང་ཉིད་ཀྱིས་སྔར་གྱི་རྫ་བུམ་དེ་བྱས་སོ་ཞེས་མི་དྲན་པའི་ཕྱིར་ཏེ། རྫ་མཁན་སྔ་ཕྱི་གཉིས་དུས་ཐ་དད་ཀྱིས་འགལ་བ་ཡིན་པའི་ཕྱིར་རོ། །མི་འགལ་ན་དེ་གཉིས་གཅིག་ཏུ་འགྱུར་རོ། །དཔེར་ན། དེ་ངས་སྔར་འདི་དང་འདི་བྱས། ཕྱིས་འདི་དང་འདི་བྱ་ཞེས་བརྗོད་པའི་ཚེ། དེ་རིང་གི་དུས་ཀྱི་མི་དེ་རང་གི་དུས་སྔ་ཕྱི་ཐམས་ཅད་ལ་རྗེས་སུ་འགྲོ་བའི་ང་ཞིག་ཡོད་པ་དེའི་ཆ་ཤས་ཡིན་པས། ཆ་ཤས་དེས་བྱ་བ་དེ་དང་དེ་བྱས་པ་དང་བྱེད་པའི་ཚེ། ཆ་ཅན་དེས་ཀྱང་བྱ་བ་དེ་དང་དེ་བྱས་པ་དང་བྱེད་པར་འགྱུར་བའི་ཐ་སྙད་བྱེད་པ་ཡིན་གྱི། དེ་རིང་གི་མི་དེ་ཁོ་ནས་བྱ་བ་སྔ་ཕྱི་ཐམས་ཅད་བྱས་པ་དང་བྱེད་པར་འགྱུར་བ་མིན་པ་བཞིན་ནོ། །གལ་ཏེ་ཡིན་ན། དེ་རིང་གི་དུས་ཀྱི་མི་དེ་དུས་སྔ་ཕྱི་ཐམས་ཅད་ཡོད་དགོས་པས་རྒན་གཞོན་གཅིག་ཏུ་འགྱུར་བར་མ་ཟད། མེ་དེ་རྟག་པ་ཉིད་དུ་ཐལ་བར་འགྱུར་བ་དང་། ཚེ་འདིའི་མི་དེ་ཡང་སྐྱེ་བ་སྔ་ཕྱི་ཐམས་ཅད་དུ་ཡོད་དགོས་པར་འགྱུར་ཏེ། ཚེ་འདིའི་དུས་ཀྱི་མི་དེས་ཀྱང་ང་སྔར་སྐྱེ་བ་འདི་བླངས། ཕྱིས་སྐྱེ་བ་འདི་དང་འདི་ལེན་ཞེས་པའི་ཐ་སྙད་བྱེད་པའི་ཕྱིར་རོ། །དེ་སྐྱེ་བ་སྔ་ཕྱི་ཐམས་ཅད་དུ་ཡོད་པར་མི་རུང་སྟེ། དེ་ཡོད་ན་འགྲོ་བ་རིགས་དྲུག་གི་གཞི་འཐུན་ཡོད་པར་ཐལ་བའི་ཕྱིར་རོ། །སྔར་ཁང་པ་བྱེད་བཞིན་པའི་བཟོ་བོ་དེ་རང་གིས་བྱས་པའི་ཁང་པ་དེའི་རྒྱུ་ཡིན་ཀྱང་། ཁང་པ་བྱས་ཟིན་པའི་དུས་སུ་ཡོད་པའི་བཟོ་བོ་དེ་ཉིད། རང་གིས་སྔར་བྱས་པའི་ཁང་པ་དེའི་རྒྱུ་མིན་ལ། འོན་ཀྱང་དེ་རང་གིས་བྱེད་པར་འགྱུར་བའི་ཁང་པ་རྣམས་ཀྱི་རྒྱུ་ཡིན་ནོ། །དེ་བཞིན་དུ་མ་དེ་རང་གིས་བསྐྱེད་ཟིན་པའི་བུའི་རྒྱུ་མིན་ཀྱང་བུ་དེ་དང་དུས་མཉམ་དུ་ཡོད་པའི་མ་དེ། བུ་དེའི་སྐྱེད་བྱེད་ཀྱི་རྒྱུ་མིན་ནོ། །འོ་ན་དེ་ལ་མ་ཞེས་པའི་ཐ་སྙད་བྱེད་པ་ཅི་ཞེ་ན། སྐྱོན་མེད་དེ། སྔར་སྐྱེད་བྱེད་དུ་སོང་བའི་རྒྱུན་དེ་གསོ་བའི་མ་ཡིན་པ་ལ་བསམས་པས་མི་འགལ་བའི་ཕྱིར་ཏེ། དཔེར་ན་ལུག་ཤི་བའི་ཤའམ་མགོ་ལུག་གི་ཤ་དང་མགོ་ཟེར་བ་བཞིན་ནོ། །དེ་མ་བརྟགས་པའི་ཚེ་འཐད་པ་ལྟར་སྣང་ཡང་། བརྟགས་ཤིང་དཔྱད་པའི་ཚེ་ལུག་གི་ཤ་དང་མགོ་མིན་ཏེ། སེམས་ཅན་ཞིག་གི་ཤ་དང་མགོ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ལུག་ཡིན་ན། སེམས་ཅན་ཡིན་དགོས་པའི་ཕྱིར་རོ། །དེ་བཞིན་དུ་ཁང་པའི་ཀ་བ་སྔར་བྱས་ཟིན་པ་དང་བྱེད་རྒྱུ་ལའང་དེའི་ཀ་བ་ཞེས་ཟེར་བས་འཇིག་རྟེན་པའི་ཐ་སྙད་ཁས་ལེན་ཡང་ཐམས་ཅད་ལ་དོན་བདེན་པ་ག་ལ་ཡོད་དེ། །དཔལ་ལྡན་ཟླ་བས་འཇུག་པ་ལས། །གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཅིག་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚང་མར་རིགས་པའང་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་མ་ཡིན་པར་བུ་ཤི་བའི་ཚེ་ཡང་རང་སྐྱེད་བྱེད་ཀྱི་མ་དེ་ཡོད་ན། རྒྱུ་འབྲས་གོ་ལྡོག་པར་འགྱུར་བ་སོགས་ཀྱི་སྐྱོན་ཆེས་མང་སྟེ། མཚོན་པ་ཙམ་ཞིག་སྨྲས་སོ། །ཇི་སྐད་ལྟར་བཤད་པ་དེ་ཡང་རྗེའི་བཞེད་པར་འགྲོ་ཚུལ་ནི་ཁོ་བོས་ལེགས་པར་རྟོགས་པ་ལྟར་གཞན་དུ་ཤེས་བྱེད་དང་བཅས་ཏེ་བཤད་ཟིན་པས་འདིར་མི་སྤྲོའོ། །དེ་ལྟར་རྒྱུ་འབྲས་ཀྱི་ཁྱད་པར་མང་ཡང་། ལས་དཀར་ནག་གི་རྒྱུ་འབྲས་ཀྱི་ཚུལ་ལེགས་པར་ཤེས་ནས་བླང་དོར་བྱེད་པ་ནི། གནད་ཀྱི་སྙིང་པོ་ཡིན་ནོ། །ལས་ཀྱིས་འབྲས་བུ་འབྱིན་ཚུལ་མི་འདྲ་བ་ཡོད་དེ། ལས་དཀར་ནག་ལ་ལས་འབྲས་བུ་དེ་མ་ཐག་འབྱིན་ལ། འགའ་ཞིག་གིས་སྐྱེ་བ་ཕྱི་མ་དང་དེའི་ཕྱི་མ་སོགས་དང་། འགའ་ཞིག་གིས་རང་གི་རྣམ་སྨིན་གྱི་འབྲས་བུ་བསྐལ་པས་བར་དུ་ཆོད་ཀྱང་འབྱིན་པ་ཡོད་དོ། །གཞན་ཡང་ལས་སྣ་ཚོགས་ལས་འབྲས་བུ་སྣ་ཚོགས་འབྱུང་བ་དང་། ལུས་སྣ་ཚོགས་དང་། འགྲོ་བ་སྣ་ཚོགས་དང་། གནས་སྣ་ཚོགས་འགྲུབ་པ་རྣམས་ཡོད་དོ། །དེ་ཡང་འགྲོ་བའི་ལུས་དང་ཡན་ལག་དང་ཉིང་ལག་དང་དབང་པོ་དང་ཕྱི་ནང་གི་བཀོད་པ་སྣ་ཚོགས་འགྲུབ་པའི་ལས་སྤྱི་དང་བྱེ་བྲག་རྨ་བྱའི་མདོངས་ལྟ་བུའི་དབྱིབས་དང་ཁ་དོག་གི་ཁྱད་པར་འགྲུབ་པ་སོགས་ལས་སྣ་ཚོགས་ལས་འབྲས་བུ་སོ་སོར་མ་འཆོལ་བར་འབྱུང་བ་རྣམས་དང་། སྨོན་ལམ་དང་རྫུ་འཕྲུལ་གྱི་མཐུ་ལས་འབྱུང་བ་ལྟ་བུ་ནི་ལས་སམ་རྟེན་འབྲེལ་གྱི་ཆོས་ཉིད་ཀྱི་ཡིན་པས་དེ་ཡང་བསམ་གྱིས་མི་ཁྱབ་པོ། །ལས་བྱ་བྱེད་གཉིས་སུ་ཕྱེ་བའི་ལས་སུ་བྱ་བ་ཡིན་ན་ལས་ཡིན་མི་དགོས་ཏེ། ཞིང་ལས་དང་ཚོང་ལ་སོགས་དེ་གཉིས་སུ་ཕྱེ་བའི་ལས་ཡིན་ཀྱང་། སྤྱིར་ལས་མིན་ནོ། །ལས་ཀྱིས་ཐར་པ་ལྟ་བུ་འཐོབ་པའི་རྒྱུ་བྱེད་པ་ཡིན་གྱི། སྐྱེད་བྱེད་ཀྱི་རྒྱུ་མི་བྱེད་ལ། བདེ་འགྲོ་ངན་འགྲོར་སྐྱེ་བའི་རྒྱུ་བྱེད་པ་ཡིན་ནོ། །རྒྱུ་རྐྱེན་སྤྱི་དང་ཁྱད་པར་ལས་ཀྱིས་འབྲས་བུ་བསྐྱེད་ཚུལ་ནི་ཟབ་པ་ཡིན་ཏེ། ལས་དཀར་ནག་དང་དེའི་འབྲས་བུ་རྣམས་ཆོས་ཅན། རྒྱུས་ཟབ་སྟེ། རྒྱུ་མེད་ལས་མི་འབྱུང་ཡང་། འདི་ལྟར་བྱེད་དོ་སྙམ་པའི་བློའི་གཡོ་བ་སྔོན་དུ་བཏང་བའི་བྱེད་པ་པོ་དོན་གཞན་མེད་པར་རྒྱུ་རྐྱེན་ཚོགས་ནས་གློ་བུར་དུ་འབྱུང་ཞིང་ལས་འབྲས་ཀྱང་ཆུད་ཟ་བར་མི་འགྱུར་བའི་ཕྱིར། མཚན་ཉིད་ཀྱིས་ཟབ་སྟེ། གང་ཟག་གི་བདག་མེད་ཀྱང་ཡོད་པ་ལྟར་ཞིང་ཐ་སྙད་དུ་དབང་སྒྱུར་བའི་བདག་ཙམ་ཞིག་ནི་ཡོད་པའི་ཕྱིར། སྐྱེ་བས་ཟབ་སྟེ། རྒྱུ་རྐྱེན་གྱིས་འདི་དང་འདི་བཞིན་བྱའོ་སྙམ་ནས་མི་བྱེད་ཀྱང་རྒྱུ་རྐྱེན་ལ་རག་ལས་ཤིང་རང་གི་ངོ་བོ་སོ་སོར་མ་འཆོལ་བར་འབྱུང་བ་ནི་རྐྱེན་གྱི་ནུས་པ་སོ་སོར་ངེས་པ་ལ་བལྟོས་པའི་ཕྱིར། གནས་པ་ཟབ་སྟེ། སྐྱེས་ཟིན་ནས་སྐད་ཅིག་རེ་རེ་ཞིང་སྐྱེ་འཇིག་བྱེད་ཀྱང་མི་བྱེད་པའི་གནས་པ་ལྟར་སྣང་ཞིང་མཐོང་བའི་ཕྱིར་རོ། །འདུས་བྱས་རྣམས་སྐད་ཅིག་རེ་རེ་ཞིང་སྐྱེ་འཇིག་བྱེད་ཀྱང་འཁྲུལ་པའི་བློ་ངོར་གནས་པ་ལྟར་མངོན་པ་ཡིན་ཏེ། དཔེར་ན་ལོ་ཟླ་ཞག་དུས་ཚིགས་རྣམས་སྔ་མ་སྔ་མ་འགགས་ནས་ཕྱི་མ་ཕྱི་མ་སྐྱེ་ཡང་བློ་ངོར་སྔ་ཕྱི་མི་འཇིག་པའི་གནས་པ་ལྟར་སྣང་པའི་ཕྱིར། ཡང་གཞི་གང་དུ་སྐྱེ་ཞེས་བརྟགས་པ་ན་གང་དུ་སྐྱེ་བར་རྟོགས་པར་དཀའ་ཞིང་སྐྱེ་བ་ཙམ་ཞིག་ཀྱང་མཐོང་བ་ཡིན་ནོ། །བདག་ལས་མི་སྐྱེ་སྟེ། ས་བོན་གྱི་དུས་སུ་འབྲས་བུ་དེ་ཉིད་མེད་ཀྱང་སྐྱེ་བའི་ཕྱིར། ངོ་བོས་གྲུབ་པའི་རྒྱུ་གཞན་ལས་མི་སྐྱེ་སྟེ། རྒྱུ་ལ་ལྟོས་མེད་དུ་མི་སྐྱེ་བའི་ཕྱིར། གཉིས་ཀ་ལས་མི་སྐྱེ་སྟེ། གང་རུང་རེ་རེ་ལས་མི་སྐྱེ་བའི་ཕྱིར། རྒྱུ་མེད་ལས་མི་སྐྱེ་སྟེ། ཚོགས་པ་ལས་སྐྱེ་བ་མཐོང་བའི་ཕྱིར་རོ། །མདོར་ན། ཏིང་ངེ་འཛིན་རྒྱལ་པོ་ལས། ལས་རྣམས་བྱས་པ་མེད་པར་མི་འགྱུར་ཏེ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད། །རིགས་པའི་ཚུལ་གྱི་སྒོ་འདི་བཟང་པོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། །ཞེས་གསུངས་པ་ལྟར། ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་ནི་རྒྱལ་བ་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ལོ། །རྒྱུ་འབྲས་ཀྱི་རྣམ་གཞག་ལེགས་པར་ཤེས་དགོས་པ་ཡིན་ཏེ། །རྒྱལ་བའི་ཡུལ་རྒྱས་འབྲིང་གཉིས་ལས་ཀྱང་། རྒྱུ་དང་དེ་མ་ཐག་པ་དང་དམིགས་པ་དང་བདག་པོའི་རྐྱེན་རྣམས་རྟོགས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་སོགས་མང་དུ་གསུངས་ཤིང་། གཞན་ལས་ཀྱང་འབྱུང་ངོ་། །སྨྲས་པ། རང་བཞིན་སྟོང་པའི་དོན་དམ་ཟབ་མོད་ཀྱི། ཀུན་རྫོབ་རྟེན་འབྲེལ་མི་བསླུའི་གནས་ཚུལ་ཀུན། །ཇི་བཞིན་རྟོགས་པར་དཀའ་ཕྱིར་ཆེས་ཟབ་ཅིང་། །ལས་དང་འབྲས་བུའི་རབ་དབྱེ་བསམ་མི་ཁྱབ། །ཚུལ་དེར་བློ་ཁ་ཅུང་ཟད་ཕྱོགས་པ་ན། །ཆེས་ཆེར་རྨད་དུ་བྱུང་བའི་དགའ་བ་དང་། །ཞུམ་ཞིང་སྐྲགས་པའི་འཇིགས་ཆེན་ལྷན་ཅིག་ཏུ། །ཕན་ཚུན་འགྲན་པའི་ཚུལ་གྱིས་མངོན་པར་སྐྱེས། །མཁའ་ལ་མཐའ་དབུས་མེད་པར་ལེགས་རྟོགས་ཤིང་། །སངས་རྒྱས་ཞིང་གི་བཀོད་པ་མཐོང་བའི་ཚེ། །གླིང་བཞི་འདི་ཡང་ཡུལ་ཕྲན་བཞིན་ནམ་སྙམ། །འཁོར་ལོས་སྒྱུར་རྒྱལ་སྡེ་དཔོན་བཞིན་ནམ་སྙམ། །རྣམ་ཐོས་སྲས་ཀྱང་ཁྱིམ་བདག་བཞིན་ནམ་སྙམ། །རྒྱལ་ཕྲན་གཞན་དག་དམངས་རིགས་བཞིན་ནམ་སྙམ། །མཁས་རློམ་ཕལ་ཆེར་རྒྱུ་སྐར་བཞིན་ནམ་སྙམ། །བློ་དམན་བདག་ལྟ་ས་སྲིན་བཞིན་ནམ་སྙམ། །དེ་ལྟ་ན་ཡང་རྣམ་དཔྱོད་སྐལ་ལྡན་པས། །རྒྱུ་འབྲས་རྣམ་པར་གཞག་པའི་ཚུལ་ཉིད་ལས། །ཆ་ཤས་ཙམ་ཞིག་བཤད་པའི་དགེ་དེས་བདག །ཐར་པའི་གོ་འཕང་མཆོག་དེ་ཐོབ་གྱུར་ཅིག །ཅེས་པ་འདི་ཡང་རྒྱུད་དང་། མཚན་ཉིད་ཀྱི་གདན་ས་ཕན་ཚུན་ཟུང་འབྲེལ་གྱི་སྐྱོང་བ་ཤཱཀྱའི་དགེ་སློང་རིགས་པ་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས་སྦྱར་བའོ། །མངྒལཾ།། །།

བྱང་ཆུབ་ལམ་གྱི་རིམ་པའི་དམར་འཁྲིད་འཁྱེར་བདེ་ཀུན་ཕན།

བྱང་ཆུབ་ལམ་གྱི་རིམ་པའི་དམར་འཁྲིད་འཁྱེར་བདེ་ཀུན་ཕན་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥྚཱ་ཡ། ཐུབ་དབང་དམ་པ་མི་ཕམ་འཇམ་པའི་དབྱངས། །ཀླུ་སྒྲུབ་ཞབས་དང་ཐོགས་མེད་ཨ་ཏི་ཤ །འབྲོམ་སྟོན་ཀུན་མཁྱེན་བཙོང་ཁ་བ་ལ་སོགས། །བརྒྱུད་པའི་བླ་མ་རྣམས་ལ་གུས་ཕྱག་འཚལ། །དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་རྩ་བའི་བླ་མའི་བར་རིམ་པར་བརྒྱུད་པའི་བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་དམིགས་དམ་པའི་མན་ངག་བཞིན་ཉམས་ལེན་དུ་འཁྱེར་བདེ་མདོར་བསྡུས་དགོད་པ་ལ་གསུམ། སྦྱོར་བ་དང་། དངོས་གཞི། མཇུག་གོ །དང་པོ་ལ་གཉིས། སྔོན་གྲོ་སྐྱབས་སེམས་དང་། དངོས་གཞི་བཤེས་གཉེན་བསྟེན་ཚུལ་ལོ། །དང་པོ་ནི། གནས་ཁང་བྱི་དོར་བྱས་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། མཆོད་པ་ལེགས་པར་བཤམས་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི། བླ་མ་རྒྱལ་བ་སྲས་དང་བཅས་པའི་དཀོན་མཆོག་གསུམ་པོ་ཐམས་ཅད་མདུན་གྱི་ནམ་མཁར་མངོན་སུམ་དུ་བྱོན་ནས་བཞུགས་པར་གྱུར་ཅེས་བརྗོད་དམ། མིན་ཀྱང་དེའི་མོས་པ་ཤུགས་ཅན་བྱ། རང་བཞིན་སྤྱི་དང་ཁྱད་པར་བདག་ཉིད་ཐོག་མ་མེད་པ་ནས་ད་ལྟའི་བར་འཁོར་བ་དང་ངན་སོང་གསུམ་དུ་སྡུག་བསྔལ་མི་བཟད་པ་མྱོང་ཞིང་། ད་དུང་ཡང་མྱོང་བར་འགྱུར་བའི་ཚུལ་དྲན་པར་བྱས་ཏེ། ཡིད་སྐྱོ་ཞིང་འཇིགས་པའི་བློ་ཤུགས་དྲག་པོ་དང་ཁྱེད་མཁྱེན་སྙམ་པའི་རེ་བལྟོས་འཆའ་བའི་ཡིད་གཏད་ཀྱི་བློ་ལིངས་སྐྱུར་གྱི་སྒོ་ནས་དེ་དག་གི་ཡོན་ཏན་དྲན་བཞིན་པར་ངག་ཏུ། བདག་སོགས་འགྲོ་བ་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ བདུན་ནམ་ཉེར་གཅིག་བརྒྱ་སྟོང་སོགས་ཅི་ནུས་བརྗོད་པའི་བར་སྐབས་རྣམས་སུའམ་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་བདུན་ནམ་ཉེར་གཅིག་སོགས་བརྗོད་ཅིང་། འདིར་མི་གསལ་ཡང་དེའི་ཚེ་སྐྱབས་གནས་དེ་དག་གི་སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་སྟེ། རང་གི་སྤྱི་བོ་སོགས་སུ་ཞུགས་ནས་ཉེས་པའི་ཚོགས་མ་ལུས་པ་དག་སོང་སྙམ་དུ་བསམས་ནའང་ཁྱད་ཆེ་བར་སེམས། དེ་ནས་སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་སོགས་དོན་དྲན་བཞིན་པས་བརྗོད། གཉིས་པ་ལ་གཉིས། བསམ་པ་དང་། སྦྱོར་བས་བསྟེན་ཚུལ་ལོ། །དང་པོ་ལ་གཉིས། རྩ་བ་དད་པ་སྦྱང་བ་དང་། བཀའ་དྲིན་དྲན་པའི་སྒོ་ནས་གུས་པ་བསྐྱེད་པའོ། །དང་པོ་ནི། རྒྱུད་ལས། སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་ནི་ནམ་ཡང་བཟུང་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ། །སྐྱོན་རྣམས་བཟུང་ན་དངོས་མི་འགྲུབ། །ཅེས་གསུངས་པ་ལྟར། བླ་མ་ལ་དད་པ་སྐྱེ་བ་ལ་ཐོག་མར་དེ་ལ་སྐྱོན་རྟོག་གི་བློ་འགོག་དགོས་ཏེ། དེ་མ་བཀག་ན་དད་པ་ཚུལ་བཞིན་དུ་མི་སྐྱེ་ལ། དེ་མ་སྐྱེས་ན་རང་ལ་ཚེ་འདི་ཕྱི་ཐམས་ཅད་དུ་ལེགས་ཚོགས་འབྱུང་བའི་སྒོ་འགགས་ནས་འདུག་ཅིང་། ཁྱད་པར་ཚེ་ཕྱི་མ་རྣམས་སུ་ནི་དགེ་བའི་བཤེས་གཉེན་དང་འཕྲད་པའི་སྐལ་དང་བྲལ་ནས་ངན་འགྲོར་ལྟུང་བར་འགྱུར་བའི་ཕྱིར་རོ། །དེས་ན་རང་ལ་ཆོས་སྟོན་པའི་བླ་མས་མཚོན་ནས་ཆོས་འབྲེལ་ཡོད་པ་རྣམས་ལེགས་པར་གསལ་བཏབ་སྟེ། བླ་མ་དེ་དག་གི་ངོས་ནས་སྐྱོན་ཡོད་དམ་མེད་ཀྱང་བླའི། རང་ངོས་ནས་སྐྱོན་ལྟར་སྣང་བའི་ཆ་རྣམས་བློ་ངོར་འཆར་བཅུག་ལ། ག་རེ་བདག་གི་བླ་མ་འདི་ལ་སྐྱོན་འདི་དག་ཡོད་ནས་སྣང་ངམ། མེད་བཞིན་དུ་སྣང་སྙམ་དུ་རྟོག་གོ །དེའི་ཚེ་འདི་སྙམ་དུ་བདག་ནི་ལས་མ་དག་པའི་དབང་གིས་འདི་དག་ལ་སྐྱོན་ཡོད་པ་ལྟར་སྣང་གི །བླ་མ་སངས་རྒྱས་འདི་ལ་སྐྱོན་ག་ལ་སྲིད་སྙམ་དུ་ལེགས་པར་བསམ། སྐྱོན་མེད་ནས་སྣང་མི་སྲིད་སྙམ་ན། དེ་ནི་སྲིད་དེ། དཔེར་ན། འཁྲུལ་པའི་ཤེས་ངོར་དུང་དཀར་སེར་པོ། གངས་རི་སྔོན་པོར་སྣང་བ་སོགས་དང་། སྐྱོན་ཀུན་ཟད་ཀྱི་སངས་རྒྱས་དེ་ཉིད་ཀྱང་ལེགས་སྐར་མུ་སྟེགས་བྱེད་སོགས་ལ་སྐྱོན་ཅན་དུ་སྣང་བ་བཞིན་ནོ་སྙམ་དུ་བསམ། དེ་ལྟར་སྐྱོན་རྟོག་གི་བློ་བཀག་ནས་དད་པ་ལ་སྦྱང་དགོས་ཏེ། དད་པ་རྣལ་མ་སྐྱེས་ན་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་འབྱུང་བར་མ་ཟད། དངོས་གྲུབ་ཀྱི་རྩ་བ་བླ་མ་ཡིན་པ་དེ་བཞིན་དུ་དད་པ་ཡང་བདེ་ལེགས་ཐམས་ཅད་ཀྱི་རྩ་བར་གསུངས་པའི་ཕྱིར་རོ། །དེས་ན་བླ་མ་དེ་ལ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཁྱད་པར་ཅན་ཡོད་ན་ལྟ་ཅི། ཐ་ནའང་དངོས་ཞེན་ཆུང་བ་ཀློག་འཛིན་བཟང་བ་སོགས་ཡོན་ཏན་ཕྲན་ཚེགས་ཡོད་པ་རྣམས་གསལ་བཏབ་སྟེ། བདག་གི་བླ་མ་ལ་ཡོན་ཏན་འདི་ལྟ་བུ་ཡོད་སྙམ་དུ་ཡང་ཡང་བསམས་ནས་སངས་རྒྱས་དང་འདྲ་བར་དད་པ་ཤུགས་ཅན་བསྐྱེད། གཉིས་པ་བཀའ་དྲིན་དྲན་ནས་གུས་པ་བསྐྱེད་པ་ནི། སྤྱིར་ནམ་མཁའ་དང་སེམས་ཅན་གྱི་ཁམས་ལ་མཐའ་མེད་པ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་དག་སྲིད་ནའང་། དེ་རྣམས་ཀྱི་རང་བཞིན་གྱི་སྐུ་དངོས་ནི་བདག་ཅག་ལྟ་བུ་སྐལ་བ་དམན་པའི་མཐོང་ཡུལ་དུ་འགྱུར་བ་མིན་ལ། གལ་ཏེ་འགྱུར་སྲིད་ནའང་དགེ་བའི་བཤེས་གཉེན་འདིས་ནི་རྒྱལ་བའི་གདུང་འཚོབ་ཀྱི་རྣམ་པས་བདག་ལ་ཆོས་ཀྱིས་ཕན་བཏགས་པ་ལས་ལྷག་པའི་དོན་མཛད་རྒྱུ་མི་འདུག་པས། རང་ངོས་ནས་བླ་མ་འདི་ནི་སངས་རྒྱས་དེ་དག་ལས་ཀྱང་བཀའ་དྲིན་བླ་ལྷག་ཏུ་ཆེ་བར་ངེས། ཆོས་བསྟན་པའི་དོན་བཞིན་རང་གིས་བསྒྲུབ་ནུས་ན་སངས་རྒྱས་ཀྱི་གོ་འཕང་ཀྱང་སྟེར་བའི་ཕྱིར་བཀའ་དྲིན་འདི་ནི་སྟོང་གསུམ་གསེར་གྱིས་བཀང་ཡང་གཞལ་ནུས་པ་མིན་ནོ་སྙམ་དུ་བསམ་པའི་ཚུལ་གྱིས་གུས་པ་བསྐྱེད་དོ། །གཉིས་པ་སྦྱོར་བས་བསྟེན་ཚུལ་ནི། བསྡུ་ན་བླ་མ་མཉེས་པ་ནི་སྒོ་དུ་མ་ནས་བསྒྲུབ་ཅིང་། མི་མཉེས་པ་ཅུང་ཟད་ཀྱང་མི་བསྒྲུབ་པར་ཁྲུས་དང་སྐུ་མཉེ་དྲིལ་ཕྱིས་སོགས་མུས་ཀྱིས་བཀུར་ཞིང་ངག་གིས་བསྟོད་པ་དང་། ཅི་གསུང་བཀའ་བཞིན་དུ་བསྒྲུབ་པར་བྱ། དེ་ལྟར་མི་ནུས་ནའང་ཇི་སྙམ་དུ་མི་འཇོག་པར་ཤད་སྦྱང་ལེགས་པར་བྱ་བ་ལ་འབད། གཙོ་བོར་སྒྲུབ་པའི་མཆོད་པས་མཉེས་པར་བྱ་དགོས་ཀྱང་། རང་ཉིད་ཀྱི་ཚོགས་བདེ་བླག་ཏུ་རྫོགས་པ་སོགས་ཀྱི་དགོས་པ་ཁྱད་པར་ཅན་ཡོད་པས་ན་ཟང་ཟིང་གི་དངོས་པོ་གྱ་ནོམ་པ་སོགས་ཀྱིས་མཆོད་པར་བྱའོ། །བླ་མ་དངོས་སུ་བསྟེན་བཞིན་པའི་ཚེ་དེ་ལྟར་བྱ་དགོས་ལ། རང་ཉིད་གཅིག་པུ་ལྟ་བུས་ཉམས་སུ་ལེན་པའི་སྐབས་ཡིན་ན། བསྙེན་བཀུར་སྤྱི་དང་ཁྱད་པར་ཁྲུས་སོགས་དངོས་སུ་མ་གྲུབ་པའི་དོད་ལྟ་བུར། དངོས་བརྒྱུད་ཀྱི་བླ་མ་ཀུན་ལ་ཐུན་མོང་དུ་ཕྱག་འཚལ་བ་དང་མཆོད་པ་སོགས་ཀྱི་ལག་ལེན་དམིགས་པས་བྱ་བ་ལ། ཐོག་མར། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་ཚོགས་གཉིས་ཡོངས་སུ་རྫོགས་ཤིང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། བདག་གི་དད་མོས་ཀྱི་མཐུས་ས་གཞི་རིན་པོ་ཆེའི་རང་བཞིན་བདེ་བ་ཅན་ལྟར་དག་ཅིང་ཕུན་སུམ་ཚོགས་པར་གྱུར་ཅིག །ཐམས་ཅད་དུ་ནི་ས་གཞི་དག ཞེས་སོགས་དང་། དེའི་དབུས་སུ་རིན་པོ་ཆེའི་སེང་གེའི་ཁྲི་རྩ་བརྒྱུད་ཀྱི་བླ་མའི་གྲངས་དང་མཉམ་པ་བང་རིམ་གྱི་རྣམ་པས་བཀོད་པ་མཛེས་པར་གྲུབ་པར་གྱུར་ཅིག །ཅེས་པས་ས་གཞི་གདན་ཁྲི་བཅས་གསལ་གདབ། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། ཞེས་སོགས་དང་། མ་ལུས་སེམས་ཅན་སོགས་ཤླཽ་ཀ་གསུམ་མམ་གཅིག་གིས་སྐྱབས་ཡུལ་རྣམས་སྤྱན་དྲངས། ཁྲུས་ཀྱི་ཁང་བ་སོགས་ཀྱིས་ཁྲུས་ཁང་བསྐྱེད། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ། སྟོང་གསུམ་ཀུན་དུ་སོགས་ཀྱིས་དྲི་བཟང་བྱུག །སྲབ་འཇམ་ཡང་བ་སོགས་ཀྱིས་གོས་འབུལ། བདག་དང་འགྲོ་ལ་སོགས་ཀྱིས་བཞུགས་སུ་གསོལ། དེ་ནས་ཡན་ལག་བདུན་པ་འབུལ་བ་ལ། ཐོག་མར་ཕྱག་འཚལ་བ་ནི། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ནས་རྗེའི་བར་བརྒྱུད་རིམ་གཉིས་ལམ་རིམ་གསོལ་འདེབས་ལྟར་ལ། ལྷག་མ་ནི་འཇམ་དཔལ་ཞལ་ལུང་བཞིན་ཏེ་དེར་མ་ཟིན་པ་ནི་བློ་བཟང་རྒྱ་མཚོའི་སྡེ་ཞེས་པའི་འཕྲོར། སྦྱིན་པ་རྒྱ་མཚོ་བློ་གྲོས་གཞན་ཕན་པ། །རྗེ་བཙུན་བློ་བཟང་སྦྱིན་པར་གསོལ་བ་འདེབས། །ཅེས་པ་ཕྱག་འཚལ་ལོ། །ཞེས་པར་བསྒྱུར་བ་དང་། ཇི་སྙེད་སུ་དག་སོགས་ཀྱིས་ཕྱག་འཚལ། དེ་ནས་མཎྜལ་ཚོམ་བུ་སོ་བདུན་མ་གང་ལྕོགས་དང་བདུན་མ་གང་མང་གི་རྗེས་སུ། མཆོད་ཡོན་ཕལ་ཆེར་སོགས་སམ། རྒྱལ་བ་རྒྱ་མཚོ་སོགས་ཀྱིས་ཆུ་གཉིས་ཉེར་སྤྱོད་རོལ་མོ། །འཛམ་བུ་གླིང་དང་གླིང་ཞེས་སོགས་དང་། ཞིང་འདིར་སོགས་ཀྱིས་འདོད་ཡོན་ལྔ་རྒྱལ་སྲིད་བདུན་དང་། མེ་ཏོག་དམ་པ་སོགས་ཀྱིས་བླ་ན་ཡོད་མེད་ཀྱི་མཆོད་པ་རྣམས་འབུལ། འདོད་ཆགས་ཞེ་སྡང་སོགས་ཤླཽ་ཀ་གཅིག་གིས་བཤགས་པ་བྱ། འདིར་བཤགས་པའི་ཚིག་གཞན་བརྗོད་ཀྱང་ཕུན་སུམ་ཚོགས་པར་འགྱུར་བ་ལས་མི་འགལ། ཕྱོགས་བཅུའི་རྒྱལ་བ་ནས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། ཞེས་པའི་བར་གྱིས་ཡན་ལག་གཞན་དང་། དེ་ནས་ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། སོགས་ཀྱིས་བྱིན་རླབས་ཞུ། ཡང་ན། གོང་དུ་བླ་བརྒྱུད་ཀྱི་ཕྱག་འཚལ་མདོར་བསྡུས་ཞིག་དང་འདིར་གསོལ་འདེབས་རྒྱས་པ་བྱས་ཏེ་མཐར་ཡོན་ཏན་ཀུན་གྱི་སོགས་སྦྱར་ནའང་ལེགས། མཇུག་ཏུ་ཕྱག་འཚལ་བ་དང་སོགས་བསྔོ་སྨོན་ཅི་རིགས་བྱའོ། །དེ་ལྟར་ཉམས་སུ་ལེན་པའི་ཚེ་ཐུན་རིང་ཐུང་དང་གྲངས་ཀྱང་སྐབས་བསྟུན་གྱིས་བྱ། སྔ་ཕྱི་དུམ་བུར་བཅད་ཅིང་ཉམས་སུ་བླངས་ཆོག་པས་སྟན་ཐོག་གཅིག་ཏུ་དམིགས་སྐོར་ལྷག་མ་རྣམས་ཚངས་དགོས་པའི་ངེས་པ་མེད་པས་ན། དཔེ་ཆ་བཤད་སྦྱང་བྱེད་པ་ལྟར་མཇུག་གི་བར་དུ་ངེས་པར་འདོན་དགོས་པ་ཡང་མིན་ནོ། །དེས་ན་སྐབས་གང་ཡིན་གྱི་དམིགས་པ་ལ་དཔྱད་སྒོམ་གཙོ་བོར་བྱ་ཞིང་། འཇོག་སྒོམ་ཀྱང་བྱ་དགོས་པ་ཡང་ཡོད་ལ། ཤེས་ན་བྲིས་པ་ལྟར་བྱེད་པར་ཡང་མ་ངེས་སོ། །ཐུན་འཚམས་སུ་དངོས་གཞིའི་སྐབས་ཀྱི་དམིགས་རྣམ་དྲན་པ་དང་། བསག་སྦྱང་ལ་གཙོ་བོར་འབད་ཅིང་། བག་ཡོད་བསྟེན་པ། དབང་པོའི་སྒོ་སྡོམ་པ། ཟས་ཀྱི་ཚོད་རིག་པ། ནམ་གྱི་ཐུན་སྟོད་སྨད་དུ་རྣལ་འབྱོར་ལ་བརྩོན་པ་སོགས་ལ་བསླབ་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དལ་འབྱོར་ལ་སྙིང་པོ་ལེན་པའི་ཕྱིར་དུ་བསྐུལ་བ་དང་། སྙིང་པོ་ཇི་ལྟར་ལེན་ཚུལ་ལོ། །དང་པོ་ལ་གསུམ། དལ་འབྱོར་ངོས་བཟུང་བ། དོན་ཆེ་བ། རྙེད་དཀའ་བར་བསམ་པའོ། །དང་པོ་ནི། ངན་འགྲོ་གསུམ་དང་ལྷ་ཚེ་རིང་པོ་བཞི་ནི་མི་མ་ཡིན་པའི་མི་ཁོམ་པ་དང་། མིར་སྐྱེས་ཀྱང་གླེན་ལྐུག ལོག་ལྟ་ཅན། མཐའ་འཁོབ་ཏུ་སྐྱེས་པ། རྒྱལ་བའི་བཀའ་མེད་པའི་སར་སྐྱེས་པ་བཞི་ནི་མིར་གྱུར་པའི་མི་ཁོམ་པ་སྟེ། དེ་དང་བྲལ་བ་ནི་དལ་བ་བརྒྱད་དོ། །སྤྱིར་མི་ཡིན་པ། ས་ཚིག་གམ་ཆོས་ཚིག་གང་རུང་གིས་ཕྱེ་བའི་ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། ལས་མཐའ་མ་ལོག་པ། གནས་ལ་དད་པ་ལྔ་རང་འབྱོར་དང་། སངས་རྒྱས་བྱོན་ནམ། དེའམ་དེའི་ཉན་ཐོས་ཀྱིས་ཆོས་སྟོན་བཞིན་པ། སྒྲུབ་པའི་བསྟན་པ་མ་ཉམས་པ། ཆོས་བསྟན་པ་ཉམས་སུ་བླངས་ནས་འབྲས་བུ་ཐོབ་པའི་རྗེས་སུ་འཇུག་པ། གཞན་གྱིས་སྙིང་བརྩེ་བར་བྱེད་པ་ལྔ་གཞན་འབྱོར་ཡིན་པས་དེ་ལྟ་བུའི་དལ་འབྱོར་རང་ལ་ཚང་མ་ཚང་དཔྱད་པའི་ཚེ། རང་ཉིད་མིར་སྐྱེས་ཤིང་དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་ཡོད་པ་དང་། གསུང་རབ་ལ་ཐོས་བསམ་བྱེད་ནུས་པ། དབང་བོོ་ཚང་ཞིང་འཚམས་མེད་མ་བྱས་པ། སངས་རྒྱས་འཇིག་རྟེན་དུ་བྱོན་ཅིང་དེས་ཆོས་གསུངས་པ་གནས་པ། སྦྱིན་བདག་སོགས་ཀྱིས་མཐུན་རྐྱེན་སྦྱོར་བ་ཡང་ཡོད་པས་དལ་འབྱོར་རྣམས་དོན་གྱིས་ཚང་འདུག་སྙམ་ནས་དགའ་བ་བསྒོམ་པར་བྱའོ། །གཉིས་པ་དོན་ཆེ་བར་བསམ་པ་ནི། ལྷ་ཀླུ་ལྷ་མིན་སོགས་འགྲོ་བ་གཞན་གྱི་རྟེན་ལ་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུར་འགྱུར་བའི་ལས་གསོག་པའི་ནུས་པ་མཐུ་ཆུང་ཞིང་། མིའི་རྟེན་ལ་ལས་དེ་དག་གསོག་པའི་ནུས་པ་སྟོབས་ཆེ་བ། འཛམ་བུའི་གླིང་པ་ལས་ཀྱ་ས་བ་ཡིན་པས་ལས་དཀར་ནག་གང་བསྒྲུབས་ཀྱང་སྟོབས་ཤིན་ཏུ་ཆེ། ཁྱད་པར་དལ་འབྱོར་ཚང་བའི་མིའི་ལུས་རྟེན་ལ་ནི། མངོན་མཐོ་དང་ངེས་ལེགས་ཉན་རང་གི་བྱང་ཆུབ་འམ། ཀུན་མཁྱེན་གྱི་གོ་འཕང་ཡང་བསྒྲུབས་ཕྱིན་འགྲུབ་པར་འགྱུར་བས། ཇི་སྐད་དུ། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །ཅེས་གསུངས་པ་ལྟར། བདག་གི་འདི་ལྟ་བུའི་རྟེན་ཐོབ་པ་ནི་རྙེད་པ་ལེགས་པར་རྙེད་པའོ་སྙམ་དུ་དགའ་བ་ཤུགས་ཅན་བསྐྱེད། དེས་ན་རྟེན་འདི་དོན་མེད་དུ་མི་བཏང་བར་སྙིང་པོ་བླང་བའི་སྒོ་ནས་དོན་ལྡན་དུ་བྱའོ་སྙམ་དུ་ཡང་ཡང་བསམ། གསུམ་པ་རྙེད་དཀའ་བར་བསམ་པ་ལ་གསུམ། དཔེ། རྒྱུ། ངོ་བོའི་སྒོ་ནས་རྙེད་པར་དཀའ་བའོ། །དང་པོ་ནི། འདི་ལྟ་བུའི་རྟེན་ནི། ད་རེས་སྟེས་དབང་གིས་རྙེད་པ་མ་གཏོགས་ཤིན་ཏུ་རྙེད་པར་དཀའ་སྟེ། དཔེར་ན་གྱང་ལོགས་ལ་སྲན་མ་གཏོར་བའི་ཚེ་ཆགས་སྲིད་པ་དཀའ་བ་དང་། རྒྱ་མཚོ་ཆེན་པོར་གཡེང་བའི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་དཀའ་བ་དང་། ངན་འགྲོར་འགྲོ་བ་ནི་ས་ཆེན་པོའི་རྡུལ་དང་མཚུངས་ཤིང་བདེ་འགྲོར་སྐྱེ་བ་ཐུབ་པའི་ཕྱག་སེན་གྱི་རྩེ་མོས་བཞེས་པའི་རྡུལ་དང་འདྲ་བར་དཀོན་པར་གསུངས་པ་ལྟར་རོ་སྙམ་དུ་བསམ། གཉིས་པ་ནི། སྤྱིར་བདེ་འགྲོ་ཙམ་ཐོབ་པ་ལ་ཡང་ཚུལ་ཁྲིམས་རྣམ་དག་སྣ་གཅིག་ཡན་ཆད་བསྲུང་དགོས་ཤིང་། ཁྱད་པར་དལ་འབྱོར་ཚང་བའི་རྟེན་ཐོབ་པའི་རྒྱུར་ཚུལ་ཁྲིམས་རྣམ་པར་དག་པས་གཞི་གཟུང་། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་འཚམས་སྦྱོར་བ་སོགས་དགོས་ན། དེ་ལྟར་བསྒྲུབ་པ་དཀོན་པས་བདག་གི་སྤྱོད་པ་འདི་ལྟ་བུས་དལ་འབྱོར་ཤིན་ཏུ་རྙེད་པར་དཀའོ་སྙམ་དུ་བསམ་མོ། །གསུམ་པ་ནི། དམྱལ་བ་ལས་ཡི་དྭགས། དེ་ལས་ཀྱང་དུད་འགྲོ་ཉུང་ཞིང་། དེ་ལས་ནི་མིའི་འགྲོ་བ་ཤིན་ཏུ་ཉུང་བ་དབྱར་གྱི་སྲིན་བུའི་གྲངས་ཀྱིས་ཤེས་ལ། དལ་འབྱོར་མ་ཚང་བའི་མིའི་འགྲོ་བ་ནས་ཀྱི་ཕུང་བོོའི་ཚོད་དུ་བྱས་ན། དེ་ཚང་བ་ནི་ནས་རྡོག་གཅིག་གི་གྲངས་ཚད་ལྟར་ཤིན་དུ་དཀོན་པའོ་སྙམ་དུ་བསམ། མདོར་ན། བཞི་བརྒྱ་བ་ལས། ཕལ་མོ་ཆེར་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེ་བས་སོ་སོ་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་གསུངས་པ་ལྟར། བདག་ཀྱང་དལ་འབྱོར་ཐོབ་ནས་ཆོས་མ་བསྒྲུབ་ན། ངན་འགྲོར་འགྲོ་བས་རྟེན་འདི་ལ་ད་ལྟ་ནས་ཆོས་རྣམ་དག་ཅིག་བསྒྲུབ་དགོས་སྙམ་དུ་ངེས་པ་ཤུགས་ཅན་བསྐྱེད་པར་བྱའོ། །གཉིས་པ་སྙིང་བོོ་ཇི་ལྟར་ཉམས་སུ་ལེན་པ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དང་། འབྲིང་དང་ཐུན་མོང་བའི་ལམ་དང་། ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ། །དང་པོ་ནི། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །ཞེས་གསུངས་པ་ལྟར། འདིར་བསྟན་པའི་སྐྱེས་བུ་ཆུང་ངུའི་ལམ་ཉམས་སུ་ལེན་པ་ལ་གཉིས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང་། ཕྱི་མའི་བདེ་ཐབས་བསྟན་པའོ། །དང་པོ་ལ་གཉིས། འཆི་བ་མི་རྟག་པ་བསམ་པ། ངན་འགྲོའི་སྡུག་བསྔལ་བསམ་པའོ། །དང་པོ་ནི། འཆི་བ་མི་རྟག་པ་མ་བསམས་ན་ཚེ་འདིའི་སྣང་ཤས་ཀྱི་དབང་དུ་སོང་ནས་ཕྱི་མའི་བདེ་ཐབས་བསྒྲུབ་པར་མི་འགྱུར་ལ། དེ་བསམས་ན་རང་ངམ་ཤུགས་ཀྱིས་ཕྱི་མའི་དོན་དུ་ཆོས་བསྒྲུབ་པ་ལ་འཇུག་པ་འོང་བས་དེ་བསམ་པ་ལ་གསུམ། ངེས་པར་འཆི་བ། ནམ་འཆི་ཆ་མེད་པ། ཤི་བའི་ཚེ་ཆོས་མ་གཏོགས་གཞན་གྱིས་མི་ཕན་པར་བསམ་པའོ། །དང་པོ་ནི། སྔོན་བྱོན་པའི་སངས་རྒྱས་བྱང་སེམས་སྐྱེ་འཆི་ལ་དབང་ཐོབ་པ་རྣམས་ཀྱང་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཅིང་། འཕགས་བོད་ཀྱི་པཎ་གྲུབ་དང་རྒྱལ་བློན་སོགས་མདོར་ན་སྔར་འདི་མ་ཤི་བར་ཚེ་ཐར་བྱ་བ་ནི་གཅིག་ཀྱང་མེད་ན། བདག་གཅིག་པུ་ལྟ་ཅི། དེ་ཡང་དུས་ངེས་པ་ཅན་གྱི་འཆི་བ་ནི་སྔགས་རྫས་སོགས་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པས་ངེས་པར་འཆི། །སྐྱེས་ཙམ་ཉིད་ནས་ཉི་རྒས་གྲང་སོ་བཞིན་དུ་མི་སྡོད་པར་ཉིན་རེ་ཞག་རེ་བཞིན་འཆི་བདག་གི་དྲུང་དུ་རིམ་གྱིས་མྱུར་བར་འགྲོ་ཞིང་། ཚེ་ཟད་པ་ལ་གསར་སྣོན་ནི་ཅུང་ཟད་མེད་པས་ངེས་པར་འཆི། བྱིས་པའི་དུས་སུ་བསྒྲུབ་འདོད་མི་སྐྱེ་ཞིང་རྒས་པའི་ཚེ་བསྒྲུབ་མི་ནུས། བར་སྐབས་སུ་ལྟོ་གོས་སོགས་ཀྱི་ཆེད་དང་། གཉིད་ཀྱིས་གཡེངས་ནས་ཆོས་བསྒྲུབ་པའི་ལོང་མེད་བཞིན་པར་འཆི་དགོས་པར་འདུག་སྙམ་དུ་བསམ། གཉིས་པ་ནམ་འཆི་ཆ་མེད་བསམ་པ་ལ། སྤྱིར་སྒྲ་མི་སྙན་པ་མ་གཏོགས་གཞན་རྣམས་ལ་ཚེ་ཚད་བཤད་པ་ལྟར་ཐུབ་པའི་ངེས་པ་མེད་ཅིང་། ཁྱད་པར་འཛམ་བུའི་གླིང་བ་རྣམས་ནི་བསྐལ་བ་དང་པོའི་དུས་སུ་ཚེ་ལོ་དཔག་ཏུ་མེད་ལ། མཐར་ཚེ་ལོ་བཅུ་ལ་ཐུག་གི་བར་དུ་འགྱུར་བས་ཤིན་དུ་ཡང་མ་ངེས། ད་ལྟ་རང་ལས་རྒས་གཞོན་མང་པོ་ཞིག་ཀྱང་གོ་རིམ་མ་ངེས་པར་ཤི་བ་ནི་མངོན་སུམ་དུ་གྱུར་པས་ནམ་འཆི་ཆ་མེད། ཕྱིའི་དགྲ་གདོན་མེ་ཆུ་སོགས་དང་། ནང་གི་འབྱུང་བ་འཁྲུགས་པའི་ནད་སོགས་འཆི་རྐྱེན་ནི་ཤིན་དུ་མང་ལ། གསོན་རྐྱེན་ཟས་སྨན་མི་འཕྲོད་པ་དང་ལོངས་སྤྱོད་སོགས་ལ་བརྟེན་ནས་འཐབ་རྩོད་ལྟ་བུས་ཀྱང་འཆི་བས་ནམ་འཆི་ཆ་མེད། ས་ཆེན་པོ་འདི་རི་རབ་དང་བཅས་པའང་འཇིག་པར་འགྱུར་སྲིད་ན། བདག་གི་ལུས་ཕྲན་བུ་འདི་ཕྱི་ནང་གི་རྐྱེན་ཅུང་ཟད་ཙམ་གྱིས་ཀྱང་འཆི་བར་འགྱུར་བས་དེ་རིང་རང་མི་འཆི་བའི་ངེས་པ་མེད་པས་ནམ་འཆི་ཆ་ག་ལ་ཡོད་སྙམ་དུ་བསམ། གསུམ་པ་ཤི་བའི་ཚེ་ཆོས་མ་གཏོགས་གཞན་གྱིས་མི་ཕན་པ་ནི། འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་ཚེ། གཉེན་གྲོགས་སོགས་གཅིག་ཀྱང་འཁྲིད་ས་མེད། ནོར་གྱི་ཕུང་པོ་ཡོད་ཀྱང་རྡུལ་ཙམ་ཡང་འཁྱེར་དུ་མེད། ཚེ་འདིའི་ཕུན་ཚོགས་གཞན་ལྟ་ཅི། རང་གི་ལུས་འདི་ཉིད་ཀྱང་མལ་དུ་ཅམ་གྱིས་བཞག་ནས་རྣམ་ཤེས་གཅིག་པུ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་ཚེ། ཕན་པ་ནི་དམ་པའི་ཆོས་ལས་གཞན་མི་འདུག་སྙམ་དུ་ཡང་ཡང་བསམ་སྟེ། ངེས་པར་ད་ལྟ་ཉིད་ནས་ཆོས་འབའ་ཞིག་བྱ་བར་ཐག་གཅད་པར་བྱའོ། །གཉིས་པ་ངན་འགྲོའི་སྡུག་བསྔལ་བསམ་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིང་བ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །ཞེས་གསུངས་པ་ལྟར་ངན་འགྲོའི་སྡུག་བསྔལ་བསམ་དགོས་ཏེ། མ་བསམས་ན་དེའི་རྒྱུ་ལས་མི་ལྡོག་ཅིང་། དེ་མ་ལོག་ན་ནི་སྡུག་བསྔལ་མྱོང་བ་ལས་མ་འདས་པས་སོ། །དེས་ན་ངན་འགྲོའི་སྡུག་བསྔལ་བསམས་ན་དེ་ལ་སྐྲག་པ་འབྱུང་ཞིང་བྱུང་ན་དེའི་རྒྱུ་ལ་འཛེམ་པ་འོང་བས་དེ་ཟློག་པའི་ཐབས་སྐྱབས་འགྲོ་སོགས་ལ་འབད་པར་འགྱུར་བ་སོགས་ཀྱི་དགོས་པ་མང་བས་ན་བསམ་ཚུལ་ནི། དེ་ལྟར་འཆི་བ་ཞིག་ངེས་པར་འོང་ལ། ཤི་བའི་འོག་ཏུ་རྒྱུན་ཆད་ནས་མི་འགྲོ་བས་འགྲོ་བ་གཉིས་གང་རུང་ཞིག་ཏུ་སྐྱེ་བ་ལེན་པར་འགྱུར་རོ། །དེ་ཡང་དགེ་བའི་ལས་ཀྱིས་བདེ་འགྲོ་དང་མི་དགེ་བའི་ལས་ཀྱིས་ངན་འགྲོར་སྐྱེ་བར་ངེས་པས། བདག་གིས་ནི་ངན་འགྲོའི་རྒྱུ་མི་དགེ་བ་རྒྱལ་བོོའི་བང་མཛོད་ལྟར་མང་དུ་བསགས་ཤིང་གསོག་བཞིན་པར་འདུག་ལ། བདེ་འགྲོའི་རྒྱུ་དགེ་བ་གདེང་ཁེལ་སྣ་གཅིག་ཀྱང་བསགས་པ་མི་སྣང་། དེས་ན་ངན་སོང་དུ་སྐྱེ་བ་ལས་འོས་མི་འདུག་པས། དེར་སྐྱེས་པའི་ཚེ་སྡུག་བསྔལ་མྱོང་ཚུལ་ནི་གཞན་གྱི་སྡུག་བསྔལ་ལ་ཕར་བལྟ་བ་ལྟ་བུའི་ཤེས་པ་ཁ་ཕྱིར་བལྟས་ཀྱིས་རང་གི་རྒྱུད་ཐོག་ཏུ་ཁེལ་དཀའ་བས་ན། སྡུག་བསྔལ་དེ་རང་ཉིད་ཀྱིས་མྱོང་བར་བསམ་པར་བྱའོ། །འདི་ལ་གསུམ། དམྱལ་བ། དུད་འགྲོ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ལ། ཚ་དམྱལ་འཁོར་བཅས་དང་། གྲང་དམྱལ་གྱི་སྡུག་བསྔལ་བསམ་ཚུལ་ལོ། །དང་པོ་ནི། སྤྱིར་དམྱལ་བ་རྣམས་ཀྱི་སྡུག་བསྔལ་རིམ་གྱིས་མྱོང་དགོས་པ་མིན་ནའང་། འདིར་རིམ་པར་བསྒོམས་ན་མྱོང་བ་ཐོན་པ་ལ་ཁྱད་ཆེ་བས་དེ་ལྟར་དུ་བསམ་པ་ནི། ཚ་དམྱལ་བརྒྱད་ཀའི་འོག་ཐམས་ཅད་ལྕགས་བསྲེགས་ཀྱིས་གཞི་ལོགས་ལྕགས་བསྲེགས་ཀྱི་ར་བ། སྟེང་འོག་ཕྱོགས་འཚམས་ཐམས་ཅད་དུ་མེ་ལྕེ་འབར་བས་ཁྱབ་པར་མཚུངས་པས། དེ་འདྲ་ཞིག་གི་ནང་དུ་རང་ཉིད་ད་ལྟ་སྐྱེས་པར་མོས་ཏེ། བརྒྱད་ཀྱི་དང་པོ་ཡང་སོས་ནི། དམྱལ་བ་དེར་སྐྱེས་པའི་ཚེ་རང་དང་འདྲ་བའི་སེམས་ཅན་མང་པོ་དེར་ཚོགས་ཏེ་ཕན་ཚུན་གཅིག་ལ་གཅིག་གིས་ཞེ་སྡང་དྲག་པོས་མཚོན་ཆ་སྣ་ཚོགས་བསྣུན་པ་ལ་བརྟེན་ནས། ལུས་ཚལ་པ་དུ་མར་སོང་སྟེ་ས་ལ་འགྱེལ་ནས་སྡུག་བསྔལ་མྱོང་བ་ན། ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བ་དང་། ཡང་སྔར་བཞིན་སོས་ཏེ་ཕན་ཚུན་མཚོན་བསྣུན་པ་སོགས་ཀྱིས་སྡུག་བསྔལ་ཁོར་ཡུག་ཏུ་མྱོང་བར་བསམ། ཐིག་ནག་ནི། དེ་ནས་བྲོས་པས་དམྱལ་བའི་སྲུང་མ་དག་གིས་བཟུང་ནས་ས་གཞི་ལ་གན་རྐྱལ་དུ་བསྐྱེལ་ཏེ་ལུས་ལ་ཐིག་བརྒྱད་སོགས་བཏབ་ནས་མཚོན་རྣོན་པོས་དེ་བཞིན་དུ་གཤེགས་པར་བྱེད། བསྡུས་འཇོམས་ནི། ཡང་བྲོས་པས་དམྱལ་སྲུང་རྣམས་ཀྱིས་རིར་ལུག་གླང་སེང་གདོང་ལྟ་བུའི་རི་གཉིས་བརྡབ་པའི་བར་དུ་བཅུག་ནས་བཙིར་བས་དབང་པོའི་སྒོ་ཐམས་ཅད་ནས་ཁྲག་གི་རྒྱུན་དམར་ཆལ་གྱིས་འབབ་པར་བྱེད། ངུ་འབོད་ནི། ཡང་བྲོས་བས་ལྕགས་ཀྱི་ཁང་བ་ཞིག་ཏུ་སླེབ་པ་ན་སྒོ་དབྱེར་མེད་དུ་འགྲིག་སྟེ་ཕྱོགས་ཀུན་ནས་མེ་ལྕེ་འབར་བས་བསྲེག་ཅིང་ད་འཕྲོགས་ཡང་མི་འདུག་སྙམ་ནས་ངུ་འབོད་ལྷང་ལྷང་བྱེད། ངུ་འབོད་ཆེན་པོ་ནི། ཡང་བྲོས་པ་ན་ལྕགས་ཁང་ཉིས་རིམ་དུ་ཆུད་དེ་སྔ་མ་བཞིན་བསྲེག་ཅིང་། ལྕགས་ཁང་ནང་མ་ནས་ཐོན་སྲིད་ཀྱང་ཕྱི་མ་ནས་མི་ཐོན་པའི་དབང་གིས་ངུ་འབོད་ཆེན་པོ་བྱེད། ཚ་བ་ནི། ཡང་བྲོས་པ་ན་སྲུང་མས་ལྕགས་ཀྱི་གསལ་ཤིང་མེ་འབར་བས་འཕོང་ནས་སྤྱི་བོའི་བར་དུ་ཕུག་པས་སྒོ་ཐམས་ཅད་ནས་མེ་འབར་བ་དང་ཁྲོ་ཆུ་ཁོལ་མའི་ནང་དུ་འཚོད་པར་བྱེད། རབ་ཏུ་ཚ་བ་ནི། ཡང་བྲོས་པས་སྲུང་མ་རྣམས་ཀྱིས་རབ་ཏུ་འབར་བའི་གསལ་ཤིང་རྩེ་གསུམ་པས་འཕོང་ནས་ཕུག་སྟེ་རྩེ་མོ་དབུས་མ་སྤྱི་བོ་དང་གཡས་གཡོན་གཉིས་ཕྲག་པ་ནས་ཐོན་པ་དང་། ལྕགས་བསྲེགས་ལེབ་མོས་ལུས་ལ་སྣམ་བུ་ལྟར་དཀྲེ་ཞིང་ཁྲོ་ཆུ་ཁོལ་མའི་ནང་དུ་ཀེང་རུས་ལ་ཐུག་གི་བར་འཚོད་པར་བྱེད། མནར་མེད་ནི། ཡང་བྲོས་པས་ཕྱོགས་བཞི་ནས་མེའི་ཤུགས་འོང་ནས་འཚིག་སྟེ། ཤ་རྒྱུས་རུས་པ་རྣམས་བཤིག་ནས་མར་མེའི་སྙིང་པོ་བཞིན་དུ་ལུས་ཐམས་ཅད་མེ་ལྕེ་འབར་བས་ཁྱབ་ཅིང་། སྨྲེ་སྔགས་འདོན་པས་སེམས་ཅན་དུ་འདུ་ཤེས་པ་ཙམ་དང་། གཞན་ཡང་ལྕགས་ཀྱི་ཐུ་ལུམ་འབར་བ་ཁར་འཇུག་པ་སོགས་ཀྱིས་སྡུག་བསྔལ་དཔག་མེད་མྱོང་བ་རྣམས་ཡང་དང་ཡང་དུ་བསམས་པའི་ཚུལ་གྱིས་སྙིང་ཐག་པ་ནས་འཇིགས་ཞུམ་ཞུམ་པ་ཞིག་འོང་བར་བྱ། དེ་ལྟ་བུའི་སྡུག་བསྔལ་དེ་ཡང་རྒྱུན་ཐུང་ངུ་ཙམ་མ་ཡིན་པར། མིའི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞི་པའི་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་བཞི་པའི་ཚེ་ཚད་དང་། དེ་ཐམས་ཅད་བསྡོམས་པ་ལ་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་ནི། ཡང་སོས་པའི་ཚེ་ཚད་ཡིན་ཞིང་། དེ་བཞིན་དུ་མི་ལོ་བརྒྱ། ཉིས་བརྒྱ། བཞི་བརྒྱ། བརྒྱད་བརྒྱ། སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་ནས་ལོ་སྟོང་། ཉིས་སྟོང་། བཞི་སྟོང་། བརྒྱད་སྟོང་། ཁྲི་དྲུག་སྟོང་ནི་རིམ་པ་བཞིན་སུམ་ཅུ་རྩ་གསུམ་པ་ནས་གཞན་འཕྲུལ་དབང་བྱེད་པའི་བར་གྱི་ཚེ་ཚད་ཡིན་ལ། ལྷའི་ཚེ་དེ་དག་རིམ་པ་བཞིན་དུ་ཐིག་ནག་ནས་ཚ་བའི་བར་གྱི་ཞག་གཅིག་རེར་བྱས་ནས་ལོ་སྟོང་ནས་ཁྲི་དྲུག་སྟོང་གི་བར་ཐུབ། རབ་ཏུ་ཚ་བ་བར་བསྐལ་བྱེད་དང་མནར་མེད་ནི་བར་གྱི་བསྐལ་བ་གཅིག་གི་བར་དུ་སྡུག་བསྔལ་མྱོང་བའི་ཚུལ་བསམ་ཞིང་། དམྱལ་བ་བརྒྱད་ཀྱི་ནང་གི་ཚེ་ཐུང་ཤོས་ཡང་སོས་པའི་ཚེ་ཚད་ནི་ལོ་ཁྲག་ཁྲིག་གཅིག་ཐེར་འབུམ་ཆེན་པོ་དྲུག་ཐེར་འབུམ་གཉིས་ཏེ། ལྷག་མ་རྣམས་བརྒྱད་འགྱུར་གྱིས་རིང་བས། ད་ལྟ་མེ་སྟག་ལྟ་བུས་ཚ་བའི་སྡུག་བསྔལ་རྒྱུན་ཐུང་དུ་བྱུང་བ་ཙམ་ཡང་མི་བཟོད་ན། སྔར་ལྟར་སྡུག་བསྔལ་ཤིན་དུ་ཆེ་ཞིང་རྒྱུན་རིང་བ་དེ་ཇི་ལྟར་བཟོད་སྙམ་དུ་བསམ། དེ་ནས་དམྱལ་བ་བརྒྱད་པོ་དེ་དག་རེ་རེ་ལ་ཡང་རྩིག་ངོས་བཞི་བཞི་དང་སྒོ་བཞི་ཡོད་ལ། དེ་དག་གི་ཕྱི་རོལ་ཏུ་ལྕགས་ཀྱི་ར་བས་བསྐོར་ཞིང་དེ་ལ་ཡང་སྒོ་བཞི་བཞི་ཡོད་པའི་སྒོ་རེ་རེ་ན། མེ་མ་མུར་གྱི་འོབས་སོགས་འཁོར་གྱི་དམྱལ་བ་བཞི་བཞི་ཡོད་པ་ལས། སྒོའི་ཐད་སོར་མེ་མ་མུར་གྱི་འོབས་དང་དེ་ནས་རིམ་པ་བཞིན་དུ་རོ་མྱགས་ཀྱི་འདམ་དང་། སྤུ་གྲིའི་ལམ་སོགས་དང་། ཆུ་ཀླུང་རབ་མེད་རྣམས་ན་སྡུག་བསྔལ་གྱི་ཁྱད་པར་དཔག་མེད་མྱོང་བའི་ཚུལ་བསམ། གཉིས་པ་གྲང་དམྱལ་ནི། གྲང་དམྱལ་བརྒྱད་ཀའི་གནས་ཀྱི་འོག་ཁ་བའི་ཐང་དང་འཁྱག་རོམ། མཐའ་གངས་རིའི་ཕྲེང་བ། ནང་མུན་པས་ཁྱབ་ཅིང་ཁ་བ་རླུང་དང་འཐབ་པའི་བུ་ཡུག་འཚུབ་པར་འདྲ་བས་དེའི་ནང་དུ་རང་ཉིད་སྐྱེས་ཡང་བསམ། དང་པོ་ཆུ་བུར་ཅན་ནི། ལུས་ལ་ཁ་བའི་བུ་ཡུག་ཆེན་པོ་རླུང་གི་ཕྱོགས་ཀུན་ནས་བཏབ་པས་ཆུ་བུར་འབྱུང་ཞིང་འཁུམས་པའི་སྡུག་བསྔལ་མྱོང་བར་བསམ། ཆུ་བུར་རྡོལ་བ་ནི། དེ་ལས་ཀྱང་གྲང་ནས་ཆུ་བུར་རྡོལ་ཏེ་རྣག་ཁྲག་སོགས་འཛག །ཨ་ཆུ་ཟེར་བ་ནི། དེ་ལས་གྲང་ནས་སྐད་གདངས་དྲག་པོས་དེ་ལྟར་དུ་འདོན། ཀྱི་ཧུད་ཟེར་བ་ནི། དེ་བས་ཀྱང་གྲང་ནས་སྐད་ཀྱི་ཕུགས་ནས་གདེངས་དེ་སྐད་འདོན། སོ་ཐམ་ཐམ་པ་ནི། སྔར་ལས་ཀྱང་གྲང་ནས་སྐད་འདོན་མི་ནུས་པར་སོ་ཐམ་ཐམ་ཕྱེད། ལ་ལྟར་གས་པ་ནི། དེ་ལས་ཀྱང་གྲང་ནས་ལུས་ཀྱི་མདོག་སྔོན་པོར་གྱུར་ཏེ་ཁ་ལྔའམ་དྲུག་ཅུ་གས། པདྨ་ལྟར་གས་པ་ནི། དེ་བས་ཀྱང་གྲང་ནས་ཤའུ་དམར་ཧུ་རེ་བར་གྱུར་ནས་ཚལ་པ་བཅུ་སོགས་སུ་གས། པདྨ་ཆེན་པོ་ལྟར་གས་པ་ནི། དེ་ལས་ཀྱང་ཤིན་དུ་གྲང་ནས་ལུས་ཀྱི་མདོག་དམར་པོར་གྱུར་ཏེ་ཁ་བརྒྱའམ་དེ་ལས་མང་དུ་གས་པའི་སྡུག་བསྔལ་དཔག་མེད་མྱོང་བར་བསམ། ཡུན་ཚད་ནི། ཏིལ་གྱི་སྦྱར་མ་གཉིས་བྲེ་བོ་ཆེའི་ཁལ་བརྒྱད་ཅུ་བ་ཞིག་ཏིལ་གྱིས་བྱུར་བུར་བཀང་སྟེ། ལོ་བརྒྱ་བརྒྱ་ནས་ཏིལ་རེ་རེ་བྱུང་བས་ཏིལ་དེ་མ་ལུས་པར་ཟད་པའི་ཡུན་ནི། ཆུ་བུར་ཅན་གྱི་ཚེ་ཚད་དང་། གཞན་རྣམས་སྔ་མ་ལས་ཕྱི་མ་ཉི་ཤུ་ཉི་ཤུས་རིང་བར་གསུངས་པས། ད་ལྟ་དགུན་གྱི་ལྷག་པ་ཤིན་དུ་གྲང་བའི་ནང་དུ་གཅེར་བུར་རིང་དུ་གནས་པ་ལྟ་ཅི། ཅུང་ཟད་གནས་ནའང་གྲང་བའི་སྡུག་བསྔལ་བཟོད་དཀའ་ན། སྔར་གྱི་སྡུག་བསྔལ་ཆེས་ཡུན་རིང་བ་དེ་ཇི་ལྟར་བཟོད་སྙམ་དུ་རང་རྒྱུད་ལ་བཀར་ནས་བསམ། གཞན་ཡང་དམྱལ་བ་གཉིས་ཀྱི་འཁོར་དང་མིའི་ཡུལ་དང་མཚོ་འགྲམ་སོགས་ན་ཉེ་ཚེ་བའི་དམྱལ་བ་ཐག་པ་དར་གཏུན་དང་ཕྱག་མ་དང་ཀ་བ་དང་རྩིག་པ་དང་ཕྲུ་ཆེན་ལ་སོགས་པའི་དབྱིབས་ཅན་ཡོད་པར་བཤད་པ་རྣམས་ཀྱི་སྡུག་བསྔལ་ཡང་བསམ་མོ། །གཉིས་པ་དུད་འགྲོ་ནི། དབྱིངས་ན་གནས་པ་ནི་ཆུ་མཚམས་མན་ཆད་ཀྱི་ཁོངས་སུ་འབྲུའི་ཕུང་བོོ་ལྟར་སྤུངས་ནས་ཡོད་ཅིང་། ཆེ་བས་ཆུང་བ་དག་ཟ་ཞིང་ཆུང་བས་ཆེ་བའི་ལུས་འབིག་པ་དང་། མུན་ནག་འཐིབ་པོར་རང་གི་རྐང་ལག་བརྐྱང་བསྐུམ་ཙམ་ཡང་མི་མཐོང་ཞིང་གཅིག་གིས་གཅིག་མནན་པའི་སྡུག་བསྔལ་དང་། ཀླུའི་རིགས་ལ་བྱེ་ཚན་དང་ནམ་མཁའ་ལྡིང་གི་འཇིགས་པ་དང་། བྱ་དང་རི་དྭགས་སོགས་སུ་སྐྱེས་ན་རྔོན་པ་སོགས་ཀྱིས་གཙེས་པ་དང་། རྟ་གླང་བོང་བུ་སོགས་ལ་བཀོལ་སྤྱད་བརྡེག་པ་སོགས་ཀྱི་སྡུག་བསྔལ་ཡོད་ཚུལ་རྣམས་བསམ། མདོར་ན་ད་ལྟར་ང་ལ་གཞན་གྱིས་བརྡེག་པའི་སྡུག་བསྔལ་ཅུང་ཟད་ཀྱང་མྱོང་མི་འདོད་ན། ཕྱི་མར་བོང་བུ་ལྟ་བུར་གྱུར་ནས་གཞན་ཞིག་གིས་ཁུར་བ་ཀལ་བཞིན་པར་རྡེག་འཚོག་ཡང་ཡང་བྱེད་ན་དེའི་སྡུག་བསྔལ་ཇི་ལྟར་བཟོད་སྙམ་དུ་བསམ་པར་བྱའོ། །གསུམ་པ་ཡི་དྭགས་ནི། འདོད་པའི་དངོས་པོ་མཐའ་དག་གིས་དབེན་ཞིང་ཤིན་དུ་ཉམ་ང་བའི་གནས་སུ་སྐྱེས་པར་མོས་ཏེ། དེ་ལ་ཕྱིའི་སྒྲིབ་པ་ཅན་ནི་བཟའ་བཏུང་གི་རིགས་མི་རྙེད་ཅིང་། གལ་ཏེ་ཆུ་ཀླུང་དང་ལྗོན་ཤིང་འབྲས་བུ་ཅན་སོགས་མཐོང་ནས་རྩར་ཕྱིན་པ་ན་མཚོན་ཆ་ཐོགས་པའི་སྲུང་མས་འགེགས་པའམ། ཡང་ན་རྣག་ཁྲག་སོགས་སུ་མཐོང་བ་དང་། ནང་གི་སྒྲིབ་པ་ཅན་ནི་ཁ་ཁབ་མིག་ཙམ་མགྲིན་པ་རྟ་རྔ་ཙམ་ལྟོ་བ་ཡུལ་ལྗོངས་ཙམ་ཡན་ལག་འཇག་མ་ཙམ་དུ་གྱུར་ནས། ཟས་སྐོམ་མི་རྙེད་ཅིང་རྙེད་ཀྱང་ཁར་མི་ཤོང་ལ་ཤོང་ཡང་མགྲིན་པར་མི་ཐར་ཐར་ཀྱང་ལྟོ་བ་མི་ཁེངས། ཟས་སྐོམ་གྱི་སྒྲིབ་པ་ཅན་ནི་ཟོས་ཤིང་འཐུངས་པ་རྣམས་མེར་འབར་ནས་ཁོང་པ་འཚིག་ཅིང་། མི་གཙང་བ་དང་རང་གི་ཤ་ཡང་བཅད་ཀྱིན་ཟ་བ་དང་། དབྱར་ཟླ་ཟེར་ཡང་ཚ་ལ་དགུན་ཉི་ཟེར་ཡང་གྲང་བའི་སྡུག་བསྔལ་མྱོང་ཚུལ་རྣམས་བསམ། མདོར་ན་ད་ལྟ་རང་ཟས་སྐོམ་མེད་པར་ཉིན་ཞག་གཅིག་ཀྱང་འདུག་དཀའ་ན་ཡི་དྭགས་ཞིག་ཏུ་སྐྱེས་ནས་ཟས་སྐོམ་མི་རྙེད་པའི་བཀྲེས་སྐོམ་གྱི་སྡུག་བསྔལ་རྒྱུན་རིང་དུ་མྱོང་བར་འགྱུར་བ་ཇི་ལྟར་བཟོད་སྙམ་དུ་ཡང་ཡང་བསམ། དེའི་ཕྱིར་དེ་དག་ལས་ཐར་པའི་ཐབས་ད་ལྟ་ཉིད་ནས་བསྒྲུབ་པར་བྱའོ་སྙམ་དུ་བསམ། གཉིས་པ་ཕྱི་མར་བདེ་བའི་ཐབས་ལ་གཉིས། བསྟན་པའི་འཇུག་སྒོ་སྐྱབས་འགྲོ་སྦྱང་བ་དང་། བདེ་ལེགས་ཀྱི་རྩ་བ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །དང་པོ་ལ་གཉིས། དངོས་དང་། བསླབ་བྱའོ། །དང་པོ་ནི། གོང་དུ་བརྗོད་པའི་ངན་འགྲོའི་སྡུག་བསྔལ་དེ་རྣམས་ལས་སྐྱོབ་པའི་སྐྱབས་ཡང་དག་ཞིག་འཚོལ་དགོས་པར་འདུག་པས། དེ་ནི་ཇི་སྐད་དུ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། ཐར་པ་འདོད་པ་རྣམས་ཀྱི་སྐྱབས། ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་དེ་སྐུ་མཚན་དཔེས་སྤྲས་ཤིང་མཐོང་ན་མི་མཐུན་པ་མེད་པ། གསུང་ཡན་ལག་དྲུག་ཅུ་རྩ་བཞི་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ཀྱི་སྐད་དང་མཐུན་པའི་དྲི་བའི་ལན་འདེབས་ནུས་པ། ཐུགས་ཤེས་བྱ་མཐའ་དག་མངོན་སུམ་དུ་གཟིགས་ཤིང་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་རྒྱུན་ཆད་མེད་པར་གཟིགས་པ། འཕྲིན་ལས་འགྲོ་བའི་དོན་ལ་འབད་མེད་ལྷུན་གྲུབ་ཏུ་འཇུག་པའི་སྒོ་ནས་རྒྱུན་མི་ཆད་དུ་ཕན་འདོགས་པ། རང་འཇིགས་པ་མཐའ་དག་ལས་གྲོལ་ཞིང་གཞན་སྒྲོལ་བ་ལ་མཁས་པ་སོགས་ཀྱི་ཡོན་ཏན་དང་ལྡན་པས་སྐྱབས་སྟོན་པ་པོར་འོས། དེ་ལྟ་བུའི་སངས་རྒྱས་དེ་སྤངས་རྟོགས་ཀྱི་ཆོས་སྔ་མ་མངོན་དུ་མཛད་པ་ལས་བྱུང་བས་ལུང་གི་བརྗོད་བྱར་གྱུར་པའི་སྤངས་རྟོགས་ཀྱིས་བསྡུས་པའི་རྟོགས་པའི་ཆོས་དཀོན་མཆོག་རྣམས་སྐྱབས་དངོས་སུ་འོས། ཆོས་དཀོན་མཆོག་དེ་ཡང་སློབ་པ་འཕགས་པ་རྣམས་ཀྱིས་ཚུལ་བཞིན་དུ་བསྒྲུབ་པར་མཛད་པ་ལ་རག་ལས་པས་འཕགས་པ་དེ་རྣམས་སྐྱབས་བསྒྲུབ་པའི་ཟླ་གྲོགས་སུ་འོས་པའི་ཚུལ་རྣམས་བསམས་ཏེ། དེ་དག་གི་ཡོན་ཏན་དྲན་པའི་སྒོ་ནས་དད་པ་ཤུགས་ཅན་བྱ་ཞིང་དཔུང་གཉེན་ཞུ་འདོད་ཀྱི་བློ་དུང་དུང་བ་ཞིག་བསྐྱེད་པས། དེའི་མཐུས་ཇི་སྐད་དུ། གང་ཞིག་མོས་པ་གཙོར་བྱེད་པ། །དེའི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར། སྐྱབས་ཡུལ་དེ་རྣམས་ཐུགས་རྗེས་དབང་གིས་མདུན་གྱི་ནམ་མཁར་མངོན་སུམ་དུ་བྱོན་བྱུང་སྙམ་དུ་བསམས་ལ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བའི་སྟོན་པ་མཛད་དུ་གསོལ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །མ་དག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བའི་སྐྱབས་དངོས་མཛད་དུ་གསོལ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བའི་ཟླ་གྲོགས་མཛད་དུ་གསོལ། ཞེས་ཉེར་གཅིག་གམ་བདུན་སོགས་བརྗོད་ཅིང་འོད་ཟེར་འཕྲོ་སྦྱང་བྱ། གཉིས་པ་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་མི་འགྲོ་ཞིང་དེའི་སྐུ་བརྙན་རྣམས་ལའང་སངས་རྒྱས་དངོས་ཀྱི་འདུ་ཤེས། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང་ཞིང་ཚིག་བཞི་བ་ཡན་ལའང་ཆོས་དཀོན་མཆོག་གི་འདུ་ཤེས། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་ནམ་སྡིག་གྲོགས་དང་འདྲིས་མི་ཆེ་ཞིང་རབ་བྱུང་གི་རྟགས་ཅན་ཙམ་ལའང་དགེ་འདུན་དངོས་ཀྱི་འདུ་ཤེས་འཇོག་པ་དང་། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པར་བྱའོ། །སྐྱབས་སུ་སོང་བའི་ཕན་ཡོན་ནི། ནང་བ་སངས་རྒྱས་པར་ཚུད་པ་དང་། ལས་སྒྲིབ་འདགས་པ། ཚོགས་རྫོགས་པར་འགྱུར་བ་སོགས་མང་ངོ་། །གཉིས་པ་རྩ་བ་ཡིད་ཆེས་ཀྱི་དད་པ་སྦྱང་བ་ནི། དཀོན་མཆོག་ལ་སྐྱབས་སུ་སོང་ཡང་ལས་དཀར་ནག་ལ་བླང་དོར་ཕྱིན་ཅི་ལོག་ཏུ་སྤྱད་ན་དཀོན་མཆོག་གིས་ཀྱང་སྐྱོབ་མི་ནུས་པས། ལས་དཀར་ནག་ལ་འདོར་ལེན་ཚུལ་བཞིན་དུ་བྱ་དགོས་ལ། དགེ་མི་དགེའི་ལས་ལ་ནང་གསེས་ཀྱིས་ཕྱེ་ན་རྣམ་གྲངས་མང་ཡང་། རགས་པ་རྣམས་བསྡུས་ན་དཀར་ནག་གི་ལས་ལམ་བཅུ་ཚན་གཉིས་སུ་འདུ་བས། འདི་ལ་གསུམ། ནག་པོའི་ལས་འབྲས། དཀར་པོའི་ལས་འབྲས། དེ་དག་ལ་འཇུག་ལྡོག་ཇི་ལྟར་བྱའོ། །དང་པོ་ལ་བཅུ་ལས། སྲོག་གཅོད་ནི། གཞི་རང་ལས་གཞན་པའི་སེམས་ཅན་བསམ་པའི་ཁྱད་པར་དེར་འདུ་ཤེས་ཤིང་ཉོན་མོངས་དུག་གསུམ་གང་རུང་གི་སྒོ་ནས་ཀུན་སློང་གསོད་པར་འདོད་དེ་སྦྱོར་བ་རང་ངམ་གཞན་ལ་བྱེད་དུ་བཅུག་པས་མཚོན་དུག་སོགས་ཅི་རིགས་བྱས་པའི་རྐྱེན་གྱིས་མཐར་ཐུག་རང་གི་སྔོན་དུ་ཤི་བ་ན་སྲོག་གཅོད་ཀྱི་མི་དགེ་བའི་ལས་ཀྱི་དངོས་གཞི་རྫོགས། མ་བྱིན་ལེན་ནི། གཞི་རང་མི་དབང་ཞིང་གཞན་གྱིས་བདག་ཏུ་བཟུང་བའི་གསེར་སོགས་ལ་དེར་འདུ་ཤེས་ཤིང་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་འབྲལ་བར་འདོད་དེ་སྦྱོར་བ་ཐབས་སྣ་ཚོགས་ཀྱིས་བླངས་ཏེ་མཐར་ཐུག་ཐོབ་བློ་སྐྱེས་པ་ན་རྫོགས། ལོག་གཡེམ་ནི། གཞི་གཞན་གྱིས་བདག་ཏུ་བཟུང་བའམ་རང་གི་ཉེ་དུ་སོགས་བགྲོད་བྱ་མིན་པ་དང་བགྲོད་བྱ་ཡིན་ཀྱང་ཁ་དང་བཤང་ལམ་སོགས་ཡན་ལག་མིན་པ་དང་། རྟེན་གྱི་དྲུང་སོགས་གནས་མིན་པ་དང་བསྙེན་གནས་པ་སོགས་དུས་མ་ཡིན་པ་གང་རུང་ལ་དེར་འདུ་ཤེས་ཤིང་། ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་བགྲོད་པར་འདོད་དེ་སྦྱོར་བ་དེའི་དོན་ལ་བརྩོན་པས་མཐར་ཐུག་གཉིས་ཀྱི་གཉིས་སྤྲད་པ་སོགས་ལས་རྫོགས། རྫུན་དུ་སྨྲ་བ་ནི། གཞི་མངོན་ཤེས་སོགས་མེད་པ་ལྟ་བུ་ལ་དེར་འདུ་ཤེས་ཤིང་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་འདུ་ཤེས་བསྒྱུར་ནས་སྨྲ་བར་འདོད་དེ་སྦྱོར་བ་ལུས་ངག་གང་རུང་གི་རྣམ་འགྱུར་བསྟན་པས་མཐར་ཐུག་ཕ་རོལ་བོས་དོན་གོ་བ་ན་རྫོགས། ཕྲ་མ་ནི། གཞི་གང་ཟག་གཉིས་ལྟ་བུ་ལ་དེར་འདུ་ཤེས་ཤིང་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་དབྱེ་བར་འདོད་དེ་སྦྱོར་བ་འབྱེད་ནུས་ཀྱི་ཚིག་སྨྲས་པ་མཐར་ཐུག་དོན་གོ་བ་ན་རྫོགས། ཚིག་རྩུབ་ནི། གཞི་མནར་སེམས་སྐྱེ་བའི་གཞིར་གྱུར་པའི་སེམས་ཅན་ལ་དེར་འདུ་ཤེས་ཤིང་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་ངག་རྩུབ་པོ་སྨྲ་བར་འདོད་དེ་སྦྱོར་བ་ཕ་རོལ་བོའི་སྐྱོན་བརྗོད་པས་མཐར་ཐུག་དོན་གོ་བ་ན་རྫོགས། ངག་ཀྱལ་ནི། གཞི་དོན་མེད་པ་དང་ལྡན་པ་ལ་དེར་འདུ་ཤེས་ཤིང་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་བྱུང་རྒྱལ་དུ་སྨྲ་བར་འདོད་དེ་སྦྱོར་བ་ངག་ཀྱལ་སྨྲ་བར་རྩོམ་པས་མཐར་ཐུག་སྨྲས་ཟིན་པ་ན་རྫོགས། བརྣབ་སེམས་ནི། གཞི་གཞན་གྱི་ནོར་དང་ལོངས་སྤྱོད་ལ་དེར་འདུ་ཤེས་ཤིང་རང་ནོར་ལ་ཆགས་སེམས་དང་གསོག་སེམས། གཞན་ནོར་ལ་རོ་མྱང་སེམས་དང་འཁུ་སེམས་ངོ་ཚ་དང་ཉེས་དམིགས་ཐིལ་གྱིས་ནོན་པའི་ཆོས་ལྔ་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་བདག་གིར་བྱ་བར་འདོད་དེ་སྦྱོར་བ་རང་ལ་འབྱུང་བའི་ཆེད་དུ་ཡིད་ཀྱིས་རྩོལ་བས་མཐར་ཐུག་དེར་སྨོན་ཅིང་ཐག་བཅད་པ་ན་རྫོགས། གནོད་སེམས་ནི། གཞི་ཡིད་དུ་མི་འོང་བའི་སེམས་ཅན་ལ་དེར་འདུ་ཤེས་ཤིང་གནོད་བྱེད་ཀྱི་རྒྱུ་ལ་མཚན་མར་འཛིན་པའི་ཞེ་སྡང་། གནོད་བྱེད་ལ་མི་བཟོད་པ། ཚུལ་མིན་ཡིད་ཕྱེད་དྲན་པའི་འཁན་འཛིན། བརྡེག་པ་སོགས་བྱས་ན་སྙམ་པའི་འཁུ་སེམས། ངོ་ཚ་དང་ཉེས་དམིགས་ཟིལ་གྱིས་ནོན་པའི་ཆོས་ལྔ་ལྡན་གྱི་ཉོན་མོངས་གང་རུང་གི་སྒོ་ནས་ཀུན་སློང་བརྡེག་གསོད་སོགས་བྱ་བར་འདོད་དེ་སྦྱོར་བ་དེ་བྱེད་པར་རྩོལ་ཞིང་མཐར་ཐུག་དངོས་སུ་ནུས་ན་བྱེད་པར་ཐག་བཅད་པ་ན་རྫོགས། ལོག་ལྟ་ནི། གཞི་དཀོན་མཆོག་དང་ལས་འབྲས་ལྟ་བུ་ཡོད་པའི་དོན་ལ་མེད་པར་འདུ་ཤེས་ཤིང་ཉོན་མོངས་དུག་གསུམ་གང་རུང་གི་སྒོ་ནས་ཀུན་སློང་སྐུར་བ་འདེབས་པར་འདོད་དེ་སྦྱོར་བ་བསམས་པ་ལྟར་མེད་པར་ཐག་བཅད་པ་ན་ལོག་ལྟའི་དངོས་གཞི་རྫོགས་པར་འགྱུར་ཚུལ་རྣམས་གསུམ། དེ་དག་ནང་གསེར་ཀྱི་ལྕི་ཡང་ནི། ལུས་ངག་གི་བདུན་སྔ་མ་སྔ་མ་ལྕི་ལ་ཡིད་ཀྱི་གསུམ་ཕྱི་མ་ཕྱི་མ་ལྕི། སྤྱིར་བླ་མ་དཀོན་མཆོག་ཕ་མ་སོགས་ལ་ཕན་གནོད་གང་བྱས་ཀྱང་ཞིང་གི་སྒོ་ནས་སྟོབས་ཆེ། བསམ་པ་ཤུགས་དྲག་ཅིང་རྒྱུན་རིང་པོར་བྱས་པ་དང་། ཤེས་བཞིན་གྱི་ཁྱད་གསོད་དང་སེམས་ཅན་མང་པོའི་དོན་དུ་བྱས་པ་སོགས་བསམ་པའི་སྒོ་ན་སྟོབས་ཆེ། མཆོད་སྦྱིན་རྣམ་དག་དང་སྒྲུབ་པའི་མཆོད་པ་སོགས་དངོས་པོའི་སྒོ་ནས་སྟོབས་ཆེ། སྤྱིར་སྡོམ་པ་དང་ལྡན་མི་ལྡན་གཉིས་ལས་ལྡན་པས་བྱས་པ་ནི་རྟེན་གྱི་སྒོ་ནས་སྟོབས་ཆེ་བའི་ཚུལ་སོགས་ཀྱང་ཤེས་པར་བྱ། དེ་དག་གི་འབྲས་བུ་ཇི་ལྟ་བུ་ཡིན་པ་ནི། ས་བོན་སྣ་ཚོགས་བཏབ་ཀྱང་འབྲས་བུ་མི་འཚོལ་བ་ལྟར། སྡིག་པ་ཤིན་ཏུ་ལྕི་བས་རྣམ་སྨིན་གྱི་འབྲས་བུ་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་སྲོག་གཅོད་ཀྱིས་ཚེ་ཐུང་། མ་བྱིན་ལེན་གྱིས་ལོངས་སྤྱོད་དབུལ། ལོག་གཡེམ་གྱིས་ཆུང་མ་བསྲུང་དུ་མི་བཏུབ། རྫུན་གྱིས་མི་ཁ་སྡང་། ཕྲ་མས་མཛའ་བཤེས་ཉུང་། ཚིག་རྩུབ་ཀྱིས་མི་སྙན་པ་ཐོས། ངག་ཁྱལ་གྱིས་ཚིག་མི་བཙན། བརྣབ་སེམས་ཀྱིས་རེ་བ་མི་འགྲུབ། གནོད་སེམས་ཀྱིས་འཇིགས་སྐྲག་ཆེ། ལོག་ལྟས་ཡང་དག་པའི་དོན་ལ་རྨོངས། བདག་པོའི་འབྲས་བུ་ཡང་རིམ་པར་སྦྱར་ཏེ། གང་དུ་སྐྱེས་པ་དེར་བཟའ་བཏུང་རང་སྨན་གྱི་ནུས་པ་ཉམས། ལོ་འབྲས་ཉུང་ཞིང་སྨིན་མི་ནུས། འདམ་རྫབ་མང་། འཇིགས་སྐྲག་ཆེ། ས་ཕྱོགས་མི་སྙོམས་ཤིང་བགྲོད་དཀའ་སྡོང་དུམ་དང་ཚེར་མ་དང་རྡོ་སོགས་མང་། ལྗོན་ཤིང་ལ་འབྲས་བུ་མི་ཆགས། ཕུན་ཚོགས་འགྲིབ། དགྲ་གདོན་གྱིས་འཚེ། བཟང་ངན་གོ་ལྡོག་པར་འགྱུར་བ་ལ་སོགས་བསམ། གཉིས་པ་དཀར་བོའི་ལས་ལམ་ནི། གོང་དུ་བཤད་པ་ལྟར་མི་དགེ་བ་བཅུ་གོ་ལྡོག་པ་ནི་དགེ་བ་བཅུ་ཡིན་ལ། དགེ་བའི་ལས་ཆུང་འབྲིང་ཆེན་པོ་གསུམ་གྱིས་རྣམ་སྨིན་གྱི་འབྲས་བུ་རིམ་པ་བཞིན་དུ་མ་འདོད་ལྷ་གོང་མའི་ལྷར་སྐྱེ། རྒྱུ་མཐུན་ནི་ཚེ་རིང་བ་སོགས་དང་། བདག་འབྲས་ནི་སྨན་མཐུ་ཆེ་བ་སོགས་སྔར་ལས་ལྡོག་སྟེ་སྦྱར་བ་འབྱུང་བའི་ཚུལ་བསམ། སྦྱིན་པ་ལྟ་བུ་གཞི་ནས་མཐར་ཐུག་གི་བར་དགེ་སེམས་ཁོ་ནས་ཟིན་པ་ནི་གཅིག་ཏུ་དཀར་བའི་ལས་དང་། སྲོག་གཅོད་ལྟ་བུ་དེ་དག་སྡིག་སེམས་ཁོ་ནས་ཟིན་པ་ནི་གཅིག་ཏུ་ནག་པའི་ལས་ཡིན་ལ། དེ་བཞིན་དུ་བསམ་པའི་དབང་གིས་ལས་ནག་ལ་རྣམ་སྨིན་དཀར་བ་དང་ལས་དཀར་ལ་རྣམ་སྨིན་ནག་པ་ནི་འདྲེས་མའི་ལས། འཕེན་བྱེད་དགེ་བས་འཕངས་ལ་རྫོགས་བྱེད་མི་དགེ་བས་རྫོགས་པ་དང་མི་དགེ་བས་འཕངས་ཤིང་དགེ་བས་རྫོགས་པ། མྱོང་བར་ངེས་པ་མྱོང་བར་མ་ངེས་པ་ཚེ་འདི་ལ་མྱོང་བ་ཕྱི་མར་མྱོང་བའི་ལས་ཀྱི་ཁྱད་པར་རྣམས་བསམས་ནས་བླང་དོར་བྱེད་འདོད་བསྐྱེད་ཅིང་དཔྱད་སྒོམ་བྱ། ཁྱད་པར་རྣམ་མཁྱེན་སྒྲུབ་པའི་རྟེན་དུ་ས་ཆོད་ཆེ་བས། ཚེ་ཁ་དོག་རིགས་དབང་ཕྱུག་ཚིག་བཙན་པ་དབང་ཆེ་བ་སྐྱེས་པ་ཡིན་པ་སྟོབས་དང་ལྡན་པ་སྟེ་རྣམ་སྨིན་གྱི་ཡོན་ཏན་བརྒྱད་ལྡན་གྱི་ལུས་རྟེན་ཐོབ་པའི་ཐབས་སུ། གཞན་གྱི་སྲོག་སྐྱོབ་པ། རྟེན་ལ་མར་མེ་འབུལ་བ་ལ་སོགས་རྒྱུ་བརྒྱད་བསྒྲུབ་པ་ལ་འབད་པར་བྱའོ། །གསུམ་པ་འཇུག་ལྡོག་ཇི་ལྟར་བྱ་བ་ནི། དེ་ལྟར་ལས་འབྲས་ཀྱི་རྣམ་གཞག་ཤེས་ནས་རྒྱལ་བས་གསུངས་པ་ལ་ཡིད་ཆེས་པའི་སྒོ་ནས་དགེ་སྡིག་ལ་བླང་དོར་ལེགས་པར་བྱ། དེ་ལྟར་བྱས་ཀྱང་བག་མེད་པ་དང་ཉོན་མོངས་པའི་དབང་གིས་ཉེས་པ་བྱུང་བ་ལ་འཇིགས་པས་ཡིད་བློང་བློང་བོར་གྱུར་པ་ན། དཀོན་མཆོག་གི་རྟེན་གྱི་དྲུང་དུ་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་མི་བྱེད་པ་སླར་ལྡོག་པའི་སྟོབས། ཕྱག་འཚལ་ཞིང་ཕུང་པོ་གསུམ་པ་འདོན་པ་སོགས་གཉེན་པོ་ཀུན་དུ་སྤྱོད་པའི་སྟོབས་རྣམས་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །གཉིས་པ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་བ་ནི། ལམ་སྒྲོན་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པ་ལྟར་ཉམས་སུ་ལེན་པ་ལ། གོང་དུ་བརྗོད་པ་ལྟར་ཉམས་སུ་བླངས་པས་ངན་འགྲོ་ལས་ཐར་བ་ཞིག་བྱུང་ཀྱང་དེ་ཙམ་གྱིས་མི་ཆོག་གི །ལས་ཉོན་གྱི་དབང་གིས་འཁོར་བའི་གནས་སུ་ཉིང་འཚམས་སྦྱོར་བའི་བཅིངས་པ་ལས་གྲོལ་བའི་ཐར་བ་ཐོབ་པར་བྱ་དགོས་པས་འདི་ལ་གཉིས། ཐར་བ་དོན་གཉེར་གྱི་བློ་བསྐྱེད་པ་དང་། དེར་བགྲོད་པའི་ལམ་གྱི་རང་བཞིན་བཤད་པའོ། །དང་པོ་ལ་གཉིས། སྡུག་ཀུན་གཉིས་ཀྱི་སྒོ་ནས་བསམ་པ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པའོ། །དང་པོ་ལ་གཉིས། སྡུག་བསྔལ་འཁོར་བའི་ཉེས་དམིགས་དང་། ཀུན་འབྱུང་འཁོར་བའི་འཇུག་རིམ་མོ། །དང་པོ་ལ་གསུམ། ངན་འགྲོའི་སྡུག་བསྔལ་བསམས་པ་གོང་དུ་སོང་བས་ན་མི་དང་བདེ་འགྲོ་གཞན་གཉིས། རིགས་དྲུག་ཐུན་མོང་བའི་སྡུག་བསྔལ་བསམ་པའོ། །དང་པོ་ནི། ལས་ཉོན་གྱི་དབང་གིས་སྐྱེ་བ་བླངས་པ་འདི་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་སྣ་ཚོགས་པའི་གནས་སུ་གྱུར་བ་སྟེ། དེ་ཡང་སྐྱེ་བའི་སྡུག་བསྔལ་ནི་མངལ་སྐྱེས་ལ་མཚོན་ན། མའི་མངལ་དུ་ཉིང་མཚམས་སྦྱར་ནས་བཙལ་བ་ལ་ཐུག་གི་བར་མས་བཟའ་བཏུང་ཧ་ཅང་ཚ་བ་དང་གྲང་བ་བསྟེན་པའི་རྐྱེན་གྱིས་ཚ་གྲང་གི་སྡུག་བསྔལ་དང་། འཆོང་བ་དང་བརྒྱུགས་པ་སོགས་ཀྱི་ཚེ་སྡུག་བསྔལ་སྣ་ཚོགས་མྱོང་བཞིན་པའི་ངང་ནས་ཞག་ཕྱེད་དང་སུམ་བརྒྱ་ལྷག་ཙམ་སོང་བ་ན། ལས་ཀྱི་རླུང་གིས་མགོ་བོ་ཐུར་དུ་བསྟན་ནས་ཕྱིར་བཙའ་བའི་ཚེ་མངལ་སྒོར་བཙིར་བ་དང་། བཙས་ནས་སྟན་ལ་བཞག་པ་དང་གཞན་གྱིས་ལག་ཏུ་བླངས་པ་སོགས་ཀྱི་ཚེ་ཚ་ཞིང་རྩུབ་པའི་སྡུག་བསྔལ་སྣ་ཚོགས་མྱོང་བའི་ཚུལ་བསམ། རྒ་བའི་སྡུག་བསྔལ་ནི། ན་ཚོད་དར་བའི་སྐབས་ཀྱི་མདངས་སྟོབས་ཉམས་ནས་ལུས་རྒུད་སྐྲ་དཀར་སོ་ཐོན་འགྲོ་འདུག་དཀའ་མིག་མི་གསལ་བ་སོགས་འཆི་བ་ལ་ཕྱོགས་པའི་སྡུག་བསྔལ། ན་བའི་སྡུག་བསྔལ་ནི། ཚོར་བ་སྡུག་བསྔལ་གྱིས་ལུས་སེམས་གདུངས་ཤིང་ཟས་སྐོམ་སྤྱད་དུ་མི་བཏུབ་པ་སོགས་ཀྱི་སྡུག་བསྔལ། འཆི་བའི་སྡུག་བསྔལ་ནི། སྨན་པ་སོགས་ཀྱིས་བོར་ཏེ་བཀྲག་མདངས་ཉམས། ཁ་སྐམས། མཆུ་བརྫེས། སྣ་ཞོམས། མི་གདོང་མོར་སོང་། གཉེན་བཤེས་རྣམས་ཀྱིས་བསྐོར་ནས་སྨྲེ་སྔགས་འདོན་བཞིན་དུ་འཁོར་ལོངས་སྤྱོད་ཕུན་ཚོགས་རྣམས་དང་ལུས་འདི་ཉིད་ཀྱང་མལ་དུ་བཞག་ནས་མི་འདོད་བཞིན་དུ་འཆི་དགོས་པའི་སྡུག་བསྔལ། མི་སྡུག་པ་དང་འཕྲད་པ་ནི། དགྲ་དང་འཕྲད་པའམ་གཏམ་ངན་གྱིས་འཇིགས་པ་སོགས་ལས་སྡུག་བསྔལ། སྡུག་པ་དང་བྲལ་བ་ནི་འཕངས་ཤིང་སྡུག་པའི་གཉེན་སོགས་དང་བྲལ་བ་ལས་སྡུག་བསྔལ། འདོད་པ་བཙལ་ཏེ་མ་རྙེད་པ་ནི། རང་གི་འདོད་དོན་བསྒྲུབས་ཀྱང་མ་གྲུབ་པས་སྡུག་བསྔལ་འབྱུང་བའི་ཚུལ་རྣམས་སྙིང་ཐག་པ་ནས་བསམ་མོ། །གཉིས་པ་བདེ་འགྲོ་གཞན་གཉིས་ཀྱི་སྡུག་བསྔལ་ནི། ལྷ་མིན་རྣམས་ལྷའི་དཔལ་འབྱོར་ལ་མི་བཟོད་པའི་ཕྲག་དོག་ལ་བརྟེན་ནས་འཐབ་ཅིང་རྩོད་པའི་སྡུག་བསྔལ་དང་བཅས། ལྷའི་ནང་ཚན་འདོད་ལྷ་རྣམས་འཆི་བར་ཉེ་བའི་ཚེ། ལུས་ཀྱི་བཀྲག་མདངས་ཉམས་པ་སོགས་འཆི་ལྟས་ལྔ་དང་ལུས་ཀྱི་འོད་ཆུང་བ་སོགས་ཉེ་བའི་འཆི་ལྟས་ལྔ་བྱུང་བར་རིག་ནས་སྡུག་བསྔལ་བ་སོགས་དང་བཅས། གོང་སའི་ལྷ་རྣམས་སྡུག་བསྔལ་རགས་པ་མེད་ཀྱང་གནས་པ་དང་འཆི་འཕོ་བ་རང་དབང་མ་ཐོབ་པའི་གནས་ངན་ལེན་གྱི་སྡུག་བསྔལ་དང་བཅས་པའི་ཚུལ་རྣམས་བསམ། གསུམ་པ་རིགས་དྲུག་ཐུན་མོང་བའི་སྡུག་བསྔལ་ནི། འཁོར་བ་ལས་མཐར་ཕྱིན་ཚངས་པར་གྱུར་ཀྱང་སླར་བྲན་དུ་འགྱུར་བ་ལྟ་བུ་ནི་འགྲུབ་པའི་སྡུག་བསྔལ། སྐྱེ་རྒ་ན་འཆི་བཞི་ནི་གྲུབ་པའི་སྡུག་བསྔལ། རྨ་འབྲས་ཚ་བའི་སྡུག་བསྔལ་ཆེར་སོང་བ་ལྟ་བུ་སྡུག་བསྔལ་གྱི་སྡུག་བསྔལ། ཕྱིན་ནས་ངལ་བ་ན་བསྡད་པས་བདེ་བར་སྣང་ཡང་བསྡད་དྲག་ན་སླར་ན་བ་ལྟ་བུ་འགྱུར་བའི་སྡུག་བསྔལ། འཁྱགས་པའི་སྦུབས་སུ་ཆུད་པ་ཞིག་དེ་ལས་མ་ཐར་བར་དུ་འགྲོ་བའི་སྐབས་མེད་པ་ལྟ་བུ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ལ། མདོར་ན་ཉེར་ལེན་གྱི་ཕུང་པོ་འདི་བླངས་ཕྱིན་ད་ལྟ་དང་མ་འོངས་པའི་སྡུག་བསྔལ་འདྲེན་པ་ལས་འོས་མེད་སྙམ་དུ་བསམ། ཉེར་ལེན་གྱི་ཕུང་བོ་ཞེས་པ་ནི་རྒྱུ་འབྲས་གཉིས་ཀྱི་སྒོ་ནས་བཏགས་པ་ཡིན་ལ། དེ་ཡང་ཉེར་ལེན་ནི་འདུན་པ་དང་འདོད་ཆགས་ལ་ཟེར་ཞིང་། མ་འོངས་པའི་ཕུང་བོ་ཐོབ་འདོད་ཀྱི་འདུན་པ་དང་ད་ལྟའི་ཕུང་བོ་ལ་ཆགས་པའི་འདོད་ཆགས་ཀྱི་དབང་གིས་ཕུང་བོ་ཕྱི་མ་འགྲུབ་པས་རྒྱུའི་སྒོ་ནས་དང་། ད་ལྟའི་ཕུང་བོ་ལ་བརྟེན་ནས་ཀྱང་ཕུང་བོ་ཐོབ་འདོད་ཀྱི་འདུན་པ་དང་འདོད་ཆགས་འདྲེན་པས་འབྲས་བུའི་སྒོ་ནས་བཏགས་པ་སྟེ། དེ་ལྟར་གཅིག་ལས་གཅིག་འབྱུང་བའི་ཚུལ་གྱིས་འཁོར་བར་འཁོར་བའི་ཚུལ་བསམ། གཞན་ཡང་འཁོར་བ་ན་ཕ་བུ་དང་བུ་ཕར་འགྱུར་ཞིང་དབང་ཆེ་བ་ཆུང་བ་དང་ཆུང་བའང་ཆེ་བར་འགྱུར་ལ། དགྲ་གཉེན་གོ་བཟློག་སྟེ་འགྱུར་བ་སོགས་ངེས་པ་མེད་པས་འཁོར་བ་ལ་ཡིད་གཏན་མི་འདུག་སྙམ་དུ་མྱོང་བ་མ་ཐོན་གྱི་བར་དུ་བསྒོམ་མོ། །གཉིས་པ་ཀུན་འབྱུང་འཁོར་བའི་འཇུག་རིམ་ནི། དེ་ལྟར་འཁོར་བའི་སྡུག་བསྔལ་ཤེས་པར་བྱས་ནས་དེ་མི་འདོད་ན། དེའི་རྒྱུ་ངོས་བཟུང་ནས་སྤོང་དགོས་པས་རྒྱུ་གང་ཡིན་ན། འདི་ལ་ལས་ཉོན་གཉིས་ཡོད་ཀྱང་ཉོན་མོངས་གཙོ་བོ་ཡིན་ལ། དེ་ནི་སེམས་རྒྱུད་མ་ཞི་བར་བྱེད་པའི་ཤེས་པ་ཞིག་གི་སྟེང་ནས་འཇོག་ཅིང་རྣམ་གྲངས་མང་ཡང་གཙོ་བོའི་དབང་དུ་བྱས་ན་ལྟ་བ་ལྔ་དང་ལྟ་མིན་ལྔར་འདུ་བས་དེ་དག་རང་རྒྱུད་ཀྱི་སྟེང་དུ་ངོས་བཟུང་ན། འདོད་ཆགས་ནི་རང་ཉིད་གང་ལ་ཆགས་པ་སྐྱེ་བའི་ཡུལ་དེ་ལ་རྗེས་སུ་ཆགས་པས་ལྟ་བ་དང་རེག་པ་སོགས་ལོངས་སྤྱོད་འདོད་ཀྱི་བློ་དུང་དུང་ཡོད་པའི་ཉོན་མོངས། ཁོང་ཁྲོ་ནི། དགྲ་ལྟ་བུ་ཞིག་ལ་དམིགས་ནས་མནར་སེམས་རྩུབ་པོས་ཞེ་སྡང་སོལ་མེ་རླུང་གིས་སྦར་བ་ལྟ་བུ་ལམ་ལམ་སྐྱེ་བའི་ཉོན་མོངས། ང་རྒྱལ་ནི། འཇིག་ལྟའི་དབང་གིས་རིགས་ནོར་ཡོན་ཏན་ལོངས་སྤྱོད་སོགས་ལ་བརྟེན་ནས་གང་ཟག་འདིས་བདག་གི་བ་སྤུའི་ཆ་ཙམ་ཡང་མི་བདོ་སྙམ་དུ་རང་ཉིད་ལ་མཆོག་ཏུ་འཛིན་པ་ཁེངས་པའི་རྣམ་པ་ཅན་གྱི་ཉོན་མོངས། མ་རིག་པ་ནི། ལས་འབྲས་དང་ཆོས་ཀྱི་གནས་ལུགས་བསྒྲིབ་ཅིང་མི་གསལ་བར་བྱེད་པའི་ཉོན་མོངས། ཐེ་ཚོམ་ཉོན་མོངས་ཅན་ནི། དཀོན་མཆོག་དང་ལས་འབྲས་སོགས་ཡོད་དམ་མེད་བདེན་ནམ་མི་བདེན་སྙམ་ནས་དོན་མི་འགྱུར་དུ་དོགས་པའི་ཉོན་མོངས། འཇིག་ལྟ་ནི། ཉེར་ལེན་གྱི་ཕུང་པོའི་སྟེང་ནས་ང་དང་ངའི་ཞེས་རང་དབང་བའི་བདག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན། མཐར་ལྟ་ནི། འཇིག་ལྟས་བཟུང་བའི་བདག་དེ་རྟག་པ་ཐེར་ཟུག་ཏུ་ལྟ་བའམ་འདི་ནས་ཕྱི་མར་ཉིང་འཚམས་སྦྱོར་བ་མེད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན། ལྟ་བ་མཆོག་འཛིན་ནི། འཇིག་ལྟ་སོགས་ལྟ་ངན་གསུམ་གང་རུང་དང་དེ་དག་ལས་བྱུང་བའི་ཕུང་བོ་ལ་དམིགས་ནས་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་ནི། རང་གི་བློ་ངོར་ཚུལ་འཆལ་སྤངས་པའི་ཚུལ་ཁྲིམས་དང་། ཚུལ་དང་ཆ་བྱད་དང་ལུས་ངག་གི་འཇུག་པ་ངེས་པའི་བརྟུལ་ཞུགས་དང་། དེ་དག་ལས་བྱུང་བའི་ཕུང་བོ་ལ་དམིགས་ནས་གྲོལ་བར་འདོད་པའི་ཤེས་རབ་ཉོན་མོངས་ཅན། ལོག་ལྟ་ནི་ལས་འབྲས་སོགས་མེད་པར་ལྟ་བའམ་སྣོད་བཅུད་རྣམས་དབང་ཕྱུག་སོགས་ཀྱིས་བྱས་པར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ། །དེ་དག་ངོ་ཤེས་པར་བྱས་ནས་ནམ་རང་རྒྱུད་ལ་སྐྱེས་པ་ན་དང་དུ་མི་ལེན་ཅིང་སྤོང་བར་བྱ་སྟེ། ཉོན་མོངས་དེ་དག་གིས་ལས་བསགས་ནས་དེའི་དབང་གིས་འཁོར་བ་དང་ངན་སོང་དུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཉོན་མོངས་པས་བསྐྱེད་པའི་ལས་ལ་སེམས་པའི་ལས་དང་། བསམ་པའི་ལས་གཉིས་ལས། དང་པོ་ནི། རང་དང་མཚུངས་ལྡན་གྱི་སེམས་ཡུལ་ལ་གཡོ་ཞིང་བསྐུལ་བར་བྱེད་པའི་སེམས་བྱུང་ཡིན་ལ། གཉིས་པ་ནི། སེམས་པ་ནི་སེམས་པ་དེས་ཀུན་ནས་སླངས་པའི་ལུས་ངག་གི་རིག་བྱེད་དང་མཉམ་དུ་འཇུག་པའི་སེམས་པ་ཡིན་ཞིང་། འཕེན་བྱེད་ཀྱི་ལས་གསོག་པ་པོ་སོ་སྐྱེ་རྣམས་ཡིན་ལ། ལས་དེ་ལ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ། དང་པོ་ནི། འདོད་ཁམས་ཀྱི་སྦྱིན་པ་གཏོང་བ་སོགས་དགེ་བའི་ལས། གཉིས་པ་ནི། སྲོག་གཅོད་པ་སོགས་མི་དགེ་བའི་ལས། གསུམ་པ་ནི་ཁམས་གོང་མའི་སས་བསྡུས་པའི་ཞི་གནས་སོགས་བསྒོམས་པའི་ལས་སོ། །སྨིན་ཚུལ་ནི། མངོན་པ་ལས། ལས་ཀྱིས་འཁོར་བར་ལྕི་གར་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་པའི་ཚུལ་གྱིས་འབྱུང་། ལས་ཀྱི་དབང་གིས་འཆི་བ་དང་ཉིང་འཚམས་སྦྱོར་ཚུལ་ནི། རྐྱེན་གང་རུང་གིས་འཆི་བ་ན་ཕྱི་དབུགས་ཆད་ཀའི་ཚེ། དགེ་མི་དགེ་ལུང་མ་བསྟན་གྱི་སེམས་གསུམ་ཅི་རིགས་འབྱུང་ལ། འདིའི་སྐབས་སུ་སྡིག་སེམས་མ་སྐྱེས་པ་གལ་ཆེ། ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་བར་དེར་འཆི་སེམས་ཕྲ་མོར་འགྱུར་བས་ལུང་མ་བསྟན་གྱི་སེམས་ཁོ་ན་འབྱུང་། སྤྱིར་བཏང་དགེ་བ་བྱེད་པ་རྣམས་གནད་གཅོད་ཆུང་ཞིང་གཟུགས་ཡིད་དུ་འོང་བ་རྨི་ལམ་བཞིན་དུ་མཐོང་ལ། མི་དགེ་བ་བྱེད་པ་རྣམས་དེ་ལས་ལྡོག་སྟེ་འབྱུང་ཡང་དམིགས་བསལ་མ་ངེས། སྙིང་ཁ་ནས་རྣམ་ཤེས་འཕོས་པ་དང་མཉམ་དུ་སྲང་མདའི་མཐོ་དམན་ལྟར་བར་དོར་འགྲོ་བ་གང་དུ་སྐྱེ་འགྱུར་གྱི་བྱད་དབྱིབས་ཅན་གྱི་བར་དོ་འགྲུབ་པོ། དེར་ཞག་ཞེ་དགུ་ཚུན་ཆད་བདུན་ཕྲག་ཅི་རིགས་པར་གནས་ནས། གང་གི་ཚེ་སྐྱེ་གནས་སྒྱུ་མ་བཞིན་དུ་མཐོང་སྟེ་དེར་ཆགས་སྡང་གི་དབང་གིས་ཉིང་འཚམས་སྦྱོར་བའི་ཚུལ་རྣམས་བསམ། གཉིས་པ་སྡུག་ཀུན་གཉིས་ཀྱི་སྒོ་ནས་བསམས་པས་མྱོང་བ་ཐོན་ན་རྟེན་འབྲེལ་གྱི་སྒོ་ནས་བསམ་དགོས་པའི་ངེས་པ་མེད་ཀྱང་། འགའ་ཞིག་ལ་འཆར་བདེ་བས་དེའི་དབང་དུ་བྱས་ཏེ་ཅུང་ཟད་བརྗོད་པ་ལ། མ་རིག་པ་ལ་ལས་འབྲས་ལ་རྨོངས་པ་ཡོད་ནའང་གཙོ་བོར་ཡན་ལག་དང་པོ་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པའི་དབང་གིས་འདུ་བྱེད་ཀྱི་ལས་དཀར་ནག་གང་རུང་ཞིག་བསགས་ཏེ་ལས་དེའི་བག་ཆགས་རྒྱུ་དུས་ཀྱི་རྣམ་ཤེས་ཀྱི་སྟེང་དུ་བསྒོས་པ་ལ་འདོད་སྲེད་སོགས་ཀྱི་སྲེད་པ་དང་དེར་ཆགས་པའི་ལེན་པ་གཉིས་ཀྱིས་གསོས་བཏབ་པས། སྲིད་པའི་རྟེན་འབྲེལ་མཐུ་ཅན་དུ་སོང་ནས། རྒྱུ་དུས་ཀྱི་རྣམ་ཤེས་དེ་ཉིད་ཕྱི་མར་འགྲོ་བ་གཉིས་གང་རུང་ཞིག་ཏུ་ཉིང་འཚམས་སྦྱར་བའི་ཚེ་འབྲས་དུས་ཀྱི་རྣམ་ཤེས་ཀྱི་རྟེན་འབྲེལ་གྲུབ་པ་དང་མཉམ་དུ་ཚོར་བ་སོགས་མིང་དང་མེར་མེར་བོ་སོགས་གཟུགས་ཀྱི་རྟེན་འབྲེལ་དང་སྐྱེ་བ་ཡང་གྲུབ། དེ་འཕེལ་བས་མིག་ལ་སོགས་པ་སྐྱེ་མཆེད་ཀྱི་རྟེན་འབྲེལ། དེ་ནས་ཡུལ་དབང་རྣམ་ཤེས་གསུམ་འདུས་ཏེ་རེག་པའི་རྟེན་འབྲེལ། དེ་ལས་ཚོར་བའི་རྟེན་འབྲེལ། ཕུང་བོ་ན་ཚོད་གཞན་དུ་འགྱུར་བའི་ཆ་ནི་རྒ་བ་དང་ཕུང་བོའི་རིགས་མཐུན་དོར་བ་ནི་ཤི་བའི་རྟེན་འབྲེལ་ལོ། །དེ་ནི་ཚེ་གཉིས་ལ་རྫོགས་པའི་དབང་དུ་བྱས་པ་སྟེ། ཚེ་གསུམ་ལ་རྫོགས་པའང་ཡོད་དོ། །བསྡུ་ན་འཕེན་བྱེད་ཀྱི་རྒྱུ་འབྲས་གཉིས་དང་། འགྲུབ་བྱེད་ཀྱི་རྒྱུ་འབྲས་གཉིས་སུ་འདུ་སྟེ། མ་རིག་པ་འདུ་བྱེད་རྒྱུ་དུས་ཀྱི་རྣམ་ཤེས་གསུམ་ནི་འཕེན་བྱེད་ཀྱི་རྒྱུ་དང་རྣམ་ཤེས་ཀྱི་ཕྱེད་འབྲས་དུས་ཀྱི་རྣམ་ཤེས་ནས་ཚོར་བའི་བར་ལྔ་འཕངས་པའི་འབྲས་བུ་ཡིན་ལ། སྲེད་ལེན་སྲིད་ལས་གསུམ་འགྲུབ་བྱེད་ཀྱི་རྒྱུ་དང་སྐྱེ་བ་དང་རྒ་ཤི་གཉིས་འགྲུབ་པའི་འབྲས་བུར་འདུ་བའི་ཕྱིར་རོ། །དེ་ཡང་གང་གིས་འཕེན་ན་མ་རིག་པ་ལ་བརྟེན་པའི་འདུ་བྱེད་ཀྱི་ལས་དཀར་ནག་གང་རུང་གིས་འཕེན་ཅིང་ཇི་ལྟར་འཕངས་ན་རྒྱུ་དུས་ཀྱི་རྣམ་ཤེས་ལ་ལས་དེའི་བག་ཆགས་བསྒོས་པའི་ཚུལ་གྱིས་འཕངས། གང་གིས་འགྲུབ་ན་སྲེད་པའི་རྐྱེན་དང་ལྡན་པའི་ལེན་པས་འགྲུབ་ལ་དེས་གང་གྲུབ་པ་ནི་སྐྱེ་རྒ་གཉིས་སོ། །དེ་ལྟ་བུའི་ཚུལ་གྱིས་འཁོར་བའི་གནས་སུ་མགལ་མེའི་འཁོར་ལོ་བཞིན་དུ་ཡང་ཡང་འཁོར་བའི་ཚུལ་བསམས་ནས་ཡིད་སྐྱོ་ཤས་དྲག་པོས་དེ་ལས་ཐར་འདོད་ཀྱི་བློ་ཤུགས་དྲག་བསྐྱེད་ཅིང་གོང་འཕེལ་དུ་གཏང་བར་བྱ་ལ། དེ་ཡང་ངན་འགྲོའི་རྟེན་འབྲེལ་བསམས་ཏེ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བ་དང་། བདེ་འགྲོའི་རྟེན་འབྲེལ་བསམས་ནས་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱང་བར་བྱའོ། །གཉིས་པ་ཐར་བར་བགྲོད་པའི་ལམ་གྱི་རང་བཞིན་ནི། འཁོར་བའི་ཉེས་དམིགས་མཐོང་ནས་དེ་ལས་ངེས་པར་འབྱུང་འདོད་སྐྱེས་པ་དེས། ལྷག་པའི་བསླབ་པ་གསུམ་ལ་འབད་དགོས་པས། ཚུལ་ཁྲིམས་ཀྱི་བསླབ་པ་ནི། སོ་ཐར་སོགས་རང་གིས་གང་ཁས་བླངས་པ་རྣམས་དང་། རང་བཞིན་གྱི་ཁ་ན་མ་ཐོ་བའི་གཙོ་བོ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུང་བ་ལ་འབད་ཅིང་། ཏིང་ངེ་འཛིན་གྱི་བསླབ་པ་དང་ཤེས་རབ་ཀྱི་བསླབ་པའི་གཙོ་བོ་ནི་ཞི་གནས་དང་ལྷག་མཐོང་གིས་བསྡུས་པས་འོག་ནས་འཆད་པ་ལྟར་བསླབ་པར་བྱ་དགོས་ཏེ། ཚུལ་ཁྲིམས་ཀྱི་བསླབ་པས་ཉོན་མོངས་པ་མངོན་གྱུར་རྣམས་སུན་འབྱིན། ཏིང་ངེ་འཛིན་གྱིས་མགོ་མནོན། ཤེས་རབ་ཀྱིས་ཉོན་མོངས་པའི་ས་བོན་སྤངས་ནས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་རོ། །ཚུལ་ཁྲིམས་བསྲུང་བ་ལ་རང་ངོས་ནས་ཅི་ནུས་སུ་འབད་ཀྱང་བག་མེད་སོགས་ཀྱིས་ཉེས་ལྟུང་བྱུང་ན་ལྟུང་བ་འབྱུང་བའི་སྒོ་བཞི་བོ་ཤེས་ནས་བསྲུང་། ད་དུང་ཡང་ཉེས་པ་འབྱུང་ན་ཀྱེ་མ་འདི་ནི་རང་གིས་རང་ལ་ངེས་པར་གནོད་པར་བྱས་པ་སྟེ། ལས་འབྲས་མི་བསླུ་བས་འདི་ལྟར་བྱས་ན་ཕྱི་མར་ངན་འགྲོར་ལྟུང་བར་འགྱུར་དུ་འོང་སྙམ་དུ་བསམས་ནས་སྟོབས་བཞི་བཤགས་སྡོམ་ལ་རྒྱུན་དུ་འབད་པར་བྱ་སྟེ། ལས་ཉོན་གཉིས་ལས་ཉོན་མོངས་གཙོ་ཡང་ལས་དང་པོ་བས་ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བར་རྗེ་ཉིད་ཀྱིས་བཤད་པས་སོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་ནི། དེ་ལྟར་འཁོར་བ་ལས་གྲོལ་བའི་ཆེད་དུ་བསླབ་པ་གསུམ་ལ་འབད་ནས་འཁོར་བ་ལས་གྲོལ་བར་བྱེད་པ་ནི་མཆོག་ཡིན་ཀྱང་། འདིར་དེ་ཙམ་གྱིས་མི་ཆོག་པར། ཇི་སྐད་དུ་ལམ་སྒྲོན་ལས། རང་རྒྱུད་རྟོག་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུང་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་དགོས་པས། དེ་ལ་ནི་ཐེག་ཆེན་གྱི་ལམ་དུ་འཇུག་དགོས་སོ། །འདི་ལ་གཉིས། སྤྱོད་པའི་རྟེན་སེམས་བསྐྱེད་པ་དང་། སྤྱོད་པ་ལ་སློབ་ཚུལ་ལོ། །དང་པོ་ནི། ཐེག་ཆེན་ལ་འཇུག་པའི་སྒོ་གང་ཡིན་སྙམ་ན། དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། འདི་རྒྱུད་ལ་སྐྱེས་ཙམ་ནས་ཐེག་ཆེན་པར་ཆུད་ཅིང་མ་སྐྱེས་པའམ་ཉམས་ན་ཡོན་ཏན་གཞན་ཇི་ལྟ་བུ་ཡོད་ཀྱང་དེར་མི་ཆུད་པའི་ཕྱིར་ན་སངས་རྒྱས་ཀྱི་རྒྱུ་ཐུན་མོང་མ་ཡིན་པའི་ས་བོན་ལྟ་བུ་ཡིན་པས་སོ། །འདི་སྦྱོང་བའི་མན་ངག་ལ་གཉིས། ཇོ་བོ་ཆེན་པོ་དང་། རྒྱལ་སྲས་ཞི་བ་ལྷ་ནས་བརྒྱུད་པའོ། །དང་པོ་ནི། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སྦྱོང་ཚུལ་ཏེ། འབྲས་བུ་སངས་རྒྱས་ནི་བྱང་ཆུབ་ཀྱི་སེམས་ལས་འབྱུང་། དེ་ལྷག་བསམ་རྣམ་དག་ལས། དེ་སྙིང་རྗེ་ཆེན་པོ་ལས། དེ་བྱམས་པ་ལས། དེ་དྲིན་གཟོ་བ་ལས། དེ་དྲིན་དྲན་པ་ལས། དེ་མར་ཤེས་པ་ལས་འབྱུང་བས་སོ། །དེས་ན་འདི་ལ་གཉིས། གཞན་དོན་དོན་གཉེར་དང་། བྱང་ཆུབ་དོན་གཉེར་བསྐྱེད་ཚུལ་ལོ། །དང་པོ་ལ་གཉིས། དེའི་གཞི་བསྒྲུབ་པ་དང་། དེ་བསྐྱེད་ཚུལ་ལོ། །དང་པོ་ནི། སྔར་ལྟར་སྐྱེས་བུ་ཆུང་འབྲིང་གི་སྐབས་ཇི་ལྟར་འཚམ་པ་སྔོན་དུ་སོང་ནས་སེམས་ཅན་ཐམས་ཅད་མར་ཤེས་པ་སོགས་ཀྱི་སྔོན་དུ་བཏང་སྙོམས་བསྒོམ་པ་གནད་ཆེ་བས། དགྲ་གཉེན་བར་མའི་སེམས་ཅན་ཞིག་མདུན་དུ་གསལ་བཏབ་སྟེ། རྟོག་པ་གང་སྐྱེ་བལྟས་པས་ཆགས་པ་སྐྱེ་ན་འདིས་སྔོན་བདག་གི་དགྲ་མང་དུ་བྱས་ནས་གནོད་པ་ཡོད་པས་ན་ཅིའི་ཕྱིར་ཆགས། སྡང་བ་སྐྱེ་ན་འདིས་སྔོན་བདག་གི་གཉེན་བྱས་ནས་ཕན་བཏགས་པའང་སྲིད་པས་སྡང་དུ་ག་ལ་རུང་སྙམ་སྟེ་ཆགས་སྡང་གི་རྟོག་པ་བཀག་ནས་སེམས་སྙོམས་པར་བསྒྲུབ། དེ་ནས་ཕ་མ་དང་གཉེན་གཞན་དང་དགྲ་སོགས་ལ་སྦྱར་ནས་བསྒོམ། མདོར་ན་དགྲ་གཉེན་གོ་ལྡོག་སྟེ་གྱུར་བ་དང་འགྱུར་བའང་མང་བས་ན། བདག་གིས་འདིར་གང་ལ་ནི་ཆགས་ཤིང་སུ་ལ་སྡང་བར་བྱ་སྙམ་ནས་བཏང་སྙོམས་བསྒོམ་པར་བྱའོ། །དེ་ནས་མར་ཤེས་པ་སོགས་གསུམ་ལས། དང་པོ་ནི། རང་གི་མ་གསལ་བཏབ་སྟེ། མ་འདིས་འཁོར་བ་ཐོགས་མ་མེད་པ་ནས་ད་ལྟའི་བར་དུ་བདག་གི་མ་ཡང་ཡང་བྱས་ཤིང་ད་དུང་བྱེད་པར་འགྱུར་སྙམ་དུ་བསམ། དེ་ནས་ཕ་དང་གཉེན་གཞན་དང་། བར་མ་དང་། དགྲ་སོགས་ལའང་དེ་ལྟར་དུ་སྦྱར་ནས་སེམས་ཅན་ཐམས་ཅད་མ་ལྟ་བུར་ཤེས་པར་བྱ། གཉིས་པ་ནི། མ་འདིས་བདག་ཟླ་བ་བཅུའི་བར་དུ་ལྟོར་བཟུང་ནས་ཕན་པའི་སྤྱོད་ལམ་ཐམས་ཅད་བསྟེན། དལ་འབྱོར་གྱི་ལུས་སྲོག་འདི་བསྐྱེད་པས་དང་པོར་དྲིན་ཆེ། དེ་ནས་བཙས་པའི་ཚེ་འཇམ་པའི་སྟན་ལ་བཞག །བརྩེ་བའི་སེམས་ཀྱིས་བསྐྱངས། བྱམས་པའི་མིག་གིས་བལྟས། དགའ་བའི་འཛུམ་གྱིས་བསུས། སྙན་པའི་མིང་ནས་བོས། ཤའི་དྲོད་ལ་བཅར། མངར་བའི་ནུ་ཞོ་བསྣུན། ཟས་ལྕེས་སྙོད། སྣབས་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས། འཇིགས་པ་ཀུན་ལས་སྐྱབས་པ་སོགས་མདོར་ན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཕན་དཔག་ཏུ་མེད་པ་བཏགས་པས་དྲིན་ཤིན་དུ་ཆེའོ་སྙམ་དུ་བསམ། དེ་ནས་ཕ་སོགས་གཞན་ལ་ཁ་སྦོས་ནས་དེ་ལྟར་བསྒོམས་པས་དྲིན་དྲན་པར་བྱ། གསུམ་པ་ནི། དེ་ལྟར་ཤིན་ཏུ་དྲིན་ཆེ་བའི་མ་འདི་རྣམས་བདེ་བས་ཕོངས་ཤིང་འཁོར་བ་དང་ངན་སོང་གི་གནས་སུ་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བས་འདི་རྣམས་ཀྱིས་བདག་ལ་མི་རེ་ན་སུ་ལ་རེ། འདི་རྣམས་ཀྱི་དོན་བྱེད་པའི་ཁུར་བདག་ལ་མི་འབབ་ན་སུ་ལ་འབབ། དེས་ན་བདག་གིས་འདི་རྣམས་ཀྱི་དོན་བྱ་དགོས་ནའང་ཟས་སྐོམ་ནོར་རྫས་སོགས་ཀྱིས་ཕན་བཏགས་ཀྱང་ཕན་དེ་ཙམ་མི་ཆེ་བས། ངེས་པར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་སྙིང་ཐག་པ་ནས་བསམ། དེ་ནས་ཕ་སོགས་ལ་རིམ་གྱིས་དེ་ལྟར་སྦྱར་ཏེ་དྲིན་གཟོ་བའི་ཚུལ་བསམ། གཉིས་པ་གཞན་དོན་དོན་གཉེར་གྱི་བློ་བསྐྱེད་ཚུལ་ལ་གསུམ་ལས། དང་པོ་བྱམས་པ་ནི། དེ་བསྒོམས་པ་ལས་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བའི་ཚུལ་དྲན་པར་བྱས་ནས། མ་གསལ་བཏབ་སྟེ་མ་རྒན་འདི་བདེ་བ་དང་འཕྲད་ན་ཅི་མ་རུང་། བདེ་བ་དང་འཕྲད་པར་གྱུར་ཅིག །ཅི་ནས་ཀྱང་བདེ་བ་དང་འཕྲད་པར་བདག་གིས་བྱའོ་སྙམ་དུ་བསམ་ཞིང་ངག་ཏུ་ལན་མང་བོར་བརྗོད་ཅིང་། བདེ་བ་སྣ་ཚོགས་ཡིད་ཀྱིས་སྦྱིན་པར་བྱ། དེ་ནས་ཕ་སོགས་ལ་རིམ་གྱིས་དེ་ལྟར་བསྒོམ་མོ། །གཉིས་པ་སྙིང་རྗེ་ནི། ཕན་ཡོན་དྲན་པར་བྱས་ནས། མ་རྒན་འདི་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །ཅི་ནས་ཀྱང་སྡུག་བསྔལ་དང་བྲལ་བར་བྱའོ། །སྙམ་དུ་བསམ་ཞིང་ལན་མང་དུ་བརྗོད་ཅིང་སྡུག་བསྔལ་ཡིད་ཀྱིས་བླངས། དེ་ནས་ཕ་སོགས་ལ་དེ་བཞིན་སྦྱོར། གསུམ་པ་ལྷག་བསམ་ནི། བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་གཟིར་བའི་མ་རྒན་འདི་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བ་ཞིག་ངེས་པར་བདག་གིས་བྱའོ། །སྙམ་དུ་དམ་བཅའ་ཞིང་ལན་མང་དུ་བརྗོད་ལ། ཕ་སོགས་ལའང་སྦྱར་ནས་བསྒོམ། གཉིས་པ་བྱང་ཆུབ་དོན་གཉེར་གྱི་བློ་བསྐྱེད་ཚུལ་ནི། དེ་ལྟ་བུའི་དམ་བཅའི་དོན་བཞིན་སངས་རྒྱས་ན་མ་གཏོགས་ད་ལྟའི་གནས་སྐབས་འདི་ལྟ་བུས་བསྒྲུབ་མི་ནུས་པས། སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་འདུན་པ་ཤུགས་དྲག་པོས་སྐྱབས་འགྲོའི་སྐབས་བཞིན་སངས་རྒྱས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཅི་མ་རུང་། ཐོབ་པར་གྱུར་ཅིག ཅི་ནས་ཀྱང་ཐོབ་པར་བྱའོ། །སྙམ་དུ་བསམ་ཞིང་ངག་ཏུ་བརྗོད་པར་བྱའོ། །གཉིས་པ་ཞི་བ་ལྷ་ནས་བརྒྱུད་པ་ནི། རང་གཅེས་འཛིན་ལ་སྐྱོན་དུ་བལྟ་ཞིང་གཞན་གཅེས་འཛིན་ལ་ཡོན་ཏན་དུ་བལྟས་པའི་སྒོ་ནས་སྦྱོང་བ་ལ་དེ་ཡང་མ་མདུན་དུ་གསལ་བཏབ་སྟེ། སྙིང་ཐག་པ་ནས་རང་གི་སྣ་བུག་གི་རླུང་སངས་ཀྱིས་བུས་པ་དང་མཉམ་དུ་རང་རྒྱུད་ཀྱི་བདེ་དགེ་ཐམས་ཅད་འོད་ཟེར་དཀར་བོའི་རྣམ་པས་རླུང་དང་འགྲོགས་ཏེ་སྣ་བུག་གཡས་ནས་ཐོན། མདུན་གྱི་མ་དེའི་སྣ་བུག་གཡོན་པ་ནས་ཞུགས་པས་ལུས་སེམས་ཐམས་ཅད་བདེ་དགེས་ཁྱབ་སོང་སྣམ་དུ་བྱམས་པ་བསྒོམ་པ་དང་། ཡང་སྣ་བུག་གི་རླུང་རྔུབ་པ་དང་མཉམ་དུ་དེའི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་འོད་ཟེར་ནག་བོའི་རྣམ་པས་རླུང་ལ་ཞོན་ནས་དྲངས་ཏེ་མའི་སྣ་བུག་གཡས་ནས་ཐོན། རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་ཁར་ནག་ཕུང་ངེ་བྱུང་བས་དེ་སྡུག་བསྔལ་ཐམས་ཅད་དང་བྲལ་སོང་སྙམ་དུ་སྙིང་རྗེ་བསྒོམ་པ་སྤེལ་མར་ཡང་ཡང་བྱ་ཞིང་། དེ་ནས་ཕ་སོགས་ལའང་རིམ་གྱིས་དེ་ལྟར་སྦྱངས་ནས། དེ་རྣམས་ཀྱི་ཆེད་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །མ་སོགས་ལ་རིམ་གྱིས་བསྒོམས་པ་ནི་ངེས་པ་བརྟན་པོ་འོང་བའི་ཆེད་ཡིན་པས། བསྡུས་ནས་ཉམས་སུ་ལེན་པའི་ཚེ། སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་དམིགས་པས་དེ་ལྟར་བསམ་པར་བྱས་ནའང་ལེགས། གཉིས་པ་སྤྱོད་པ་ལ་སློབ་ཚུལ་ལ་གཉིས། ཕྱིན་དྲུག་དང་། བསྡུ་བཞི་ལ་སློབ་ཚུལ་ལོ། །དང་པོ་ནི། སེམས་བསྐྱེད་ཀྱང་རྒྱལ་སྲས་ཀྱི་སྤྱོད་པ་ལ་མ་བསླབ་ན་འཚང་མི་རྒྱ་ཞིང་། སྤྱིར་སྤྱོད་པའི་དབྱེ་བ་མཐའ་ཡས་ཀྱང་བྱམས་མགོན་གྱིས་སྤྱོད་པ་རྣམས་བསྡུ་ན་ཕྱིན་དྲུག་ཏུ་འདུ་བར་གསུངས་པ་ལྟར་འདུ་ཞིང་གྲངས་ངེས་ཚུལ་ལ། མངོན་མཐོ་དང་། དོན་གཉིས་བསྒྲུབ་པ་དང་། ཐེག་ཆེན། སྡུད་པ་དང་། ཐབས་ཀྱི་རྣམ་པ་དང་། བསླབ་གསུམ་ལ་བལྟོས་པའི་གྲངས་ངེས་སོགས་ཡོད་ཀྱང་། འདིར་སྐབས་དོན་བསྡུས་ཏེ་བརྗོད་ན་དྲུག་ལས། དང་པོ་ནི། གཏོང་བའི་སེམས་པ་དགེ་བ་དང་དེས་ཀུན་ནས་བསླངས་པའི་ལུས་ངག་སྦྱིན་པ་ལ་འཇུག་བཞིན་པའི་དུས་ཀྱི་སེམས་པ་ནི་སྦྱིན་པའི་ངོ་བོ་ཡིན་ལ། དེ་རྫོགས་བྱང་དུ་བསྔོ་བའི་བསྔོ་བས་ཟིན་པའི་སྒོ་ནས་གོམས་པ་ཡོངས་སུ་རྫོགས་པ་ན་སྦྱིན་པའི་ཕར་ཕྱིན་དུ་འགྱུར་རོ། །དབྱེ་ན་ཆོས། མི་འཇིགས། ཟང་ཟིང་གི་སྦྱིན་པ་གསུམ། ཇི་ལྟར་གཏོང་ཚུལ་ནི། འདི་ལ་བརྟེན་ནས་སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱའོ་སྙམ་པ་དགོས་པ་ལ་དམིགས་པ་དང་། དང་པོ་ནས་བདག་གིས་བཏང་ཟིན་པ་ཡིན་པས་བཅོལ་བ་ལེན་པ་དང་མཚུངས་སོ་སྙམ་དུ་དངོས་པོ་ལ་དམིགས་པ་དང་། ལེན་པ་པོ་འདི་རྣམས་བདག་གི་སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱེད་པའི་དགེ་བའི་བཤེས་གཉེན་ནོ་སྙམ་པའི་ཞིང་ལ་དམིགས་པ་སྟེ་ཁྱད་པར་གསུམ་དང་ལྡན་པའི་སྒོ་ནས་བཞིན་མདངས་གསལ་བ་སོགས་ཀྱིས་སྦྱིན་པར་བྱའོ། །ཆོས་ཀྱི་སྦྱིན་པ་ནི། དངོས་སུ་ཆོས་སྟོན་པའམ། གླེང་མོའི་ཚུལ་གྱིས་བླང་དོར་བསྟན་པ་སོགས་བྱ། མི་འཇིགས་སྦྱིན་པ་ནི། གཞན་རྒྱལ་བོའམ་དགྲ་དང་མེ་ཆུ་སོགས་ཀྱི་འཇིགས་པ་ལས་རང་སྟོབས་ཀྱིས་དངོས་སུ་སྐྱོབ་པ་དང་དེ་ལས་ཐར་པའི་ཐབས་སོགས་བྱ། ཟང་ཟིང་གི་སྦྱིན་པ་ནི། བཟའ་བཏུང་གོས་རིན་པོ་ཆེ་རྟ་སོགས་ཅི་རིགས་གཏོང་བར་བརྩོན་ཞིང་། རང་གིས་དངོས་སུ་མི་འགྲུབ་ནའང་ཡིད་ཀྱིས་རང་གི་ལུས་ལོངས་སྤྱོད་བདེ་དགེ་ཐམས་ཅད་གང་ལ་གང་འཚམས་ཀྱི་རྣམ་པས་གཏོང་བའི་བློ་གོམས་པར་བྱའོ། །དེ་ཡང་རང་གི་སྣ་བུག་ནས་རླུང་ཕར་འགྲོ་བ་ན་ལུས་ལོངས་སྤྱོད་སོགས་ཡིད་ཀྱིས་གང་དགོས་སུ་སྤྲུལ་ཏེ་བཏང་བས་དེ་རྣམས་ཀྱི་རེ་བ་རྫོགས་པར་གྱུར་སྙམ་དུ་བསམས་པ་ནི། ཤེས་རབ་ཅན་གྱི་སྦྱིན་པར་གསུངས་སོ། །གལ་ཏེ་གཏོང་བའི་སྐབས་མིན་པའམ། མི་ནུས་པ་ལྟ་བུ་ཞིག་ཡིན་ནའང་དངོས་པོ་དེ་རྣམས་དཀོན་མཆོག་ལ་བསྔོས་ནས་འདི་ལྟར་བསམ་པར་བྱ་སྟེ། དངོས་པོ་འདི་རྣམས་ནི་བདག་གི་དབང་བྱར་ག་ལ་འགྱུར། འདི་དག་སངས་རྒྱས་བྱང་སེམས་སོགས་ཀྱི་ཡིན་ནོ་སྙམ་དུ་རྣམ་པར་བརྟགས་ཏེ་བཅངས་ནའང་ཐབས་མཁས་ཡིན་པས་ཕན་ཡོན་ཆེ་བར་བཤད། གཉིས་པ་ནི། གཞན་གནོད་གཞི་བཅས་ལས་ཡིད་ཕྱིར་ལོག་པའི་སྤོང་སེམས་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན་ལ། ཚུལ་ཁྲིམས་ལ་ཉེས་སྤྱོད་སྡོམ་པ་དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གསུམ། བསྲུང་ཚུལ་ལ་ཉེས་སྤྱོད་སྡོམ་པ་ནི། རང་གིས་ཁས་བླངས་པའི་སོ་ཐར་དངོས་དང་། མི་དགེ་བཅུ་སྤོང་བའི་སྡོམ་པ་རྣམས་བསྲུང་བ་དང་། དེ་དག་གི་ཉེས་པས་གོས་མ་གོས་རང་རྒྱུད་ལ་བརྟག་པར་བྱ་ཞིང་། གལ་ཏེ་ཉེས་པས་གོས་ན་ཕྱིར་བཅོས་དང་སྟོབས་བཞིའི་བཤགས་བསྡམ་ལ་འབད་པར་བྱའོ། །དགེ་བ་ཆོས་སྡུད་ནི། བྱང་སེམས་ཀྱི་ལུས་ངག་གི་དགེ་བ་རྣམས་ཡིན་ལ། དེ་ཡང་ཐོས་བསམ་སྒོམ་གསུམ་ལ་འབད་ཅིང་བླ་མ་དང་ཕ་མ་དང་ནད་པའི་རིམ་གྲོ་བྱེད་པ། དཀོན་མཆོག་དང་། ཆོས་སྨྲ་བ་དང་ཡོན་ཏན་ཅན་གྱི་བསྔགས་པ་བརྗོད་ཅིང་དགེ་བ་ལ་དགའ་བ་བསྒོམ་པ། དཀོན་མཆོག་གསུམ་ལ་མཆོད་ཅིང་དགེ་བ་རྫོགས་བྱང་དུ་བསྔོ་སྨོན་བྱེད་པ། བཤེས་གཉེན་དང་བག་ཡོད་བསྟེན་ཅིང་ཉེས་པ་འཆགས་པ་སོགས་ཀྱི་དགེ་སྦྱོར་ལ་བརྩོན་པར་བྱའོ། །སེམས་ཅན་དོན་བྱེད་ནི། བྱང་སེམས་ཀྱིས་སེམས་ཅན་ལ་ཕན་འདོགས་པ་ཡིན་ལ། དེ་ལ་དོན་བྱ་བ་བཅུ་གཅིག་ཏུ་བཤད་ཀྱང་དེར་ངེས་པ་ནི་མ་ཡིན་ཏེ། བྱང་སེམས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཚུལ་དཔག་ཏུ་མེད་པ་ཡོད་པའི་ཕྱིར་རོ། །མདོར་ན་སེམས་ཅན་ལ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཕན་པའི་བྱ་བ་ཅི་ནུས་བསྒྲུབ་པའི་ཕྱིར་ད་ལྟ་ནས་འབད་ཅིང་མི་ནུས་པ་རྣམས་སྨོན་ཡུལ་དུ་བྱའོ། །གསུམ་པ་ནི། གནོད་བྱེད་དང་སྡུག་བསྔལ་སོགས་ཀྱིས་མི་བརྫི་ཞིང་ཆོས་ལ་མོས་པ་ཤིན་དུ་བརྟན་པའི་སེམས་པ་ནི་བཟོད་པའི་ངོ་བོ་ཡིན་ལ། དེ་ལ་གནོད་པ་ལ་ཇི་མི་སྙམ་པ་དང་། སྡུག་བསྔལ་དང་ལེན་དང་། ཆོས་ལ་ཆོས་སེམས་དང་གསུམ། དང་པོ་ནི། གནོད་བྱེད་ཀྱིས་གནོད་པ་བྱས་པ་ལ་བཟོད་པ་སྟེ། མ་བཟོད་པར་ཁྲོ་ན་ཉེས་དམིགས་དུ་མ་ཡོད་པས་སོ། །སྤྱིར་ཡུལ་གང་ལའང་ཁྲོ་མི་རིགས་ཤིང་། ཁྱད་པར་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་དང་། བྱང་སེམས་ལ་ཁོང་ཁྲོས་ན་དགེ་བ་མང་དུ་འཇོམས་པ་སོགས་ཉེས་དམིགས་ཤིན་དུ་ཆེ་བས་ཁོང་ཁྲོ་དགག་པར་བྱའོ། །དེ་ཡང་ད་ལྟ་གནོད་པ་བྱས་པའི་གང་ཟག་ཞིག་ལ་དམིགས་ནས། འདིས་བདག་ལ་གནོད་པ་བྱེད་པ་ནི་གང་གིས་དབང་ཡིན་སྙམ་དུ་བརྟག་གོ །དེའི་ཚེ་དེ་ལྟར་བྱེད་པ་དེ་ནི་ཉོན་མོངས་པའི་དབང་ཡིན་པར་ཤེས་ནས་ཁྲོ་བ་དགག །ཡང་དངོས་སུ་གནོད་པ་ནི་དབྱུག་པས་བྱས་ལ་བརྒྱུད་ནས་ཡང་ཞེ་སྡང་གིས་རྦད་པས་དངོས་བརྒྱུད་གང་གི་དབང་བྱས་ཀྱང་གང་ཟག་ལ་ཁྲོ་མི་རིགས་ལ་རྩ་བའི་རྒྱུ་ལ་ཁྲོ་ན་རང་གིས་སྔོན་གཞན་ལ་གནོད་པའི་འབྲས་བུ་ཡིན་པས་རང་གི་སྔོན་ལས་ལ་ཁྲོ་རིགས་ཀྱི། གང་ཟག་དེ་ཉིད་ལ་ཁྲོ་མི་རིགས་སོ། །ཡང་གཞན་གྱིས་ངན་སྨྲས་བྱས་པ་མི་བཟོད་སྙམ་ན། དེ་ཙམ་མི་བཟོད་ན་དམྱལ་བའི་སྡུག་བསྔལ་ཇི་ལྟར་བཟོད་སྙམ་དུ་བསམ། སྡུག་བསྔལ་དང་ལེན་ནི། སྡུག་བསྔལ་དེ་བཅོས་སུ་ཡོད་ན་མི་དགའ་བ་བྱེད་མི་དགོས་ལ་བཅོས་སུ་མེད་ན་ནི་མི་དགའ་བ་བྱས་ཀྱང་གནོད་པ་ལས་མི་ཕན་པའི་ཚུལ་བསམ། གཞན་ཡང་སྡུག་བསྔལ་ཡོད་ན། དེས་ཡིད་ཐར་པ་ལས་བསྐུལ། དྲེག་པ་སེལ། སྡིག་ལ་འཛེམ། དགེ་བ་བསྒྲུབ་པ་ལ་དགའ། གཞན་ལ་སྙིང་རྗེ་སྐྱེ་བའི་ཡོན་ཏན་རྣམས་འབྱུང་བས་སྡུག་བསྔལ་འདི་ནི་དགེ་བའི་བཤེས་གཉེན་དང་འདྲ་བར་འདོད་པའི་གནས་སོ་སྙམ་དུ་བསམ། འདི་ཡོད་ན་རང་གིས་སྔོན་བྱས་པའི་ལས་ངན་གྱི་འབྲས་བུ་མཛད་ཅིང་། སྡུག་བསྔལ་དེའམ་སེམས་ཅན་གཞན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་དང་དུ་ལེན་པའི་བློ་མྱོང་ཐོག་ནས་འདྲེན་པ་སོགས་ཡོན་ཏན་མང་དུ་འབྱུང་བར་བསམ་མོ། །ཆོས་ལ་ངེས་སེམས་ནི། དཀོན་མཆོག་གསུམ་དང་ལས་འབྲས་དང་བདག་མེད་གཉིས་སོགས་དང་། གསུང་རབ་ཀྱི་དོན་ལ་ཐོས་བསམ་ཕྱོགས་རིས་མེད་པར་བྱེད་པར་མོས་པ་སོགས་སོ། །བཞི་པ་ནི། དགེ་བ་བསྡུ་བ་དང་སེམས་ཅན་གྱི་དོན་དུ་སེམས་མངོན་པར་སྤྲོ་བ་ནི་བརྩོན་འགྲུས་ཀྱི་ངོ་བོ་ཡིན་ལ། དེ་ལ་གོ་ཆ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དང་གསུམ། དང་པོ་ནི། སེམས་ཅན་མང་བོའི་དོན་དུ་ལྟ་ཞོག །སེམས་ཅན་གཅིག་གི་དོན་དུའང་བསྐལ་བ་ཆེན་པོ་གྲངས་མེད་པའི་བར་དམྱལ་བར་གནས་ཏེ་སངས་རྒྱས་བསྒྲུབ་དགོས་པ་བྱུང་ཡང་བརྩོན་པ་མི་གཏོང་བའོ། །དགེ་བ་ཆོས་སྡུད་ནི། ཕྱིན་དྲུག་རྫོགས་པར་བྱ་བའི་ཕྱིར་དེ་དག་ལ་སློབ་ཅིང་དཀོན་མཆོག་མཆོད་པ་སོགས་ལ་བརྩོན་པའོ། །སེམས་ཅན་དོན་བྱེད་ནི། དོན་བྱ་བ་བཅུ་གཅིག་གི་སྒོ་ནས་སེམས་ཅན་གྱི་དོན་ལ་བརྩོན་པའོ། །བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལ། ད་རུང་ལོང་ཡོད་སྙམ་ནས་ཕྱི་བཤོལ་བྱེད་པའི་ལེ་ལོ། གནས་སྐབས་ཀྱི་དམན་པའི་བདེ་བ་ཕྲ་མོ་ལ་ཆགས་ཤིང་གཡེང་བའི་ལེ་ལོ། །དེ་འདྲ་བདག་གིས་མི་ནུས་སྙམ་ནས་སྒྱིད་ལུག་པ་དང་བྱ་དཀའ་བ་དང་སྡུག་བསྔལ་ལ་འཇིགས་ནས་ཞུམ་པའི་ལེ་ལོ་རྣམས་བྱུང་ན་དགག་པར་བྱའོ། །ལྔ་བ་ནི། དགེ་བའི་དམིགས་པ་ལ་མི་གཡེང་བར་གནས་པའི་སེམས་རྩེ་གཅིག་པ་ནི་བསམ་གཏན་གྱི་ངོ་བོ་ཡིན་ལ། དེ་ལ་ལུས་སེམས་བདེར་གནས། ཡོན་ཏན་མངོན་གྲུབ། སེམས་ཅན་དོན་བྱེད་དང་གསུམ། དང་པོ་ནི། ལུས་སེམས་ཤིན་སྦྱངས་བསྐྱེད་པའི་བསམ་གཏན། གཉིས་པ་ནི། མངོན་ཤེས་སོགས་ཡོན་ཏན་སྒྲུབ་པའི་བསམ་གཏན། གསུམ་པ་ནི། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །བསམ་གཏན་གྱི་གཙོ་བོ་ཞི་ལྷག་གཉིས་ལས་འདིར་ཞི་གནས་བསྒོམ་ཚུལ་མདོར་བསྡུས་ཏེ་བསྟན་པ་ལ། བསྒོམ་པའི་གནས་ནི། མཐུན་རྐྱེན་རྙེད་སླ་བ། གནས་བཟང་བ། ས་བཟང་བ་སོགས་ཀྱི་ཡིད་དང་མཐུན་པར། རྟེན་གྱི་གང་ཟག་འདོད་ཆུང་ཆོག་ཤེས་པ་སོགས་ཀྱི་ཡོན་ཏན་དང་ལྡན་པས། སྤྱིར་དམིགས་པའི་ཡུལ་མང་ཡང་སངས་རྒྱས་རྗེས་སུ་དྲན་པ་དང་ཚོགས་རྫོགས་པ་སོགས་ཀྱི་དགོས་པ་ཡོད་པས་ན། སངས་རྒྱས་ཀྱི་སྐུ་བརྙན་དམིགས་རྟེན་དུ་བྱ་བ་ནི། སྟན་བདེ་བ་ལ་སྤྱོད་ལམ་ཚུལ་མཐུན་གྱིས་འཁོད་དེ། སྟོན་པའི་སྐུ་བརྙན་བྲིས་འབུར་ལེགས་པ་གཅིག་ལ་ཡང་ཡང་བལྟ་ཞིང་དེའི་མཚན་མ་བཟུང་ནས་ཡིད་ཡུལ་དུ་འཆར་བ་གོམས་སུ་བཅུག་སྟེ། དབུ་སོགས་སྐུའི་ཆ་ཤས་གསལ་གདབ། མཐར་སྐུའི་སྤྱི་ཡིད་ལ་བྱས་ནས་ཡན་ལག་རགས་པ་རྣམས་ཆ་ཕྱེད་ཙམ་འཆར་ཐུབ་པ་བྱུང་ཡང་དམིགས་རྟེན་ཡིན་པས་དེས་ཆོག་ཤེས་པར་བྱ། གཞུང་ནས་བཤད་པའི་སྤྱོད་ལམ་བརྒྱད་ལ་གནས་བཞིན་པར་རླུང་འགྲོ་འོང་ཉེར་གཅིག་སོགས་བགྲང་། དེ་ནས་ཏིང་ངེ་འཛིན་བསྒྲུབ་པ་ལ་མི་སྤྲོ་བའི་ལེ་ལོ་དང་། དམིགས་པ་བརྗེད་པ་དང་། བྱིང་རྒོད་དང་། འདུ་བྱེད་དང་། འདུ་མི་བྱེད་པ་སྟེ་ཉེས་པ་ལྔའི་གཉེན་པོར་བརྩོན་འགྲུས་དང་། འདུན་པ་དང་། དད་པ་དང་། ཤིན་སྦྱངས་དང་། དྲན་པ་དང་། ཤེས་བཞིན། གཉེན་པོ་འདུ་བྱེད་པ་དང་། འདུ་མི་བྱེད་པའི་བཏང་སྙོམས་ཏེ་འདུ་བྱེད་བརྒྱད་བསྟེན་པའི་སྒོ་ནས་བསྒྲུབ་དགོས་པས། དེ་ལ་ཐོག་མར་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་དད་པས་དྲང་པའི་འདུན་པ་དྲག་པོས། འདྲིས་པར་བྱས་པའི་སངས་རྒྱས་ཀྱི་སྐུ་དེ་གསེར་བཙོ་མ་ལྟ་བུ་མཚན་དཔེས་སྤྲས་ཤིང་འོད་ཟེར་འཕྲོ་བ་ཆེ་ཆུང་འཚམས་པ་ཞིག་སངས་རྒྱས་དངོས་ཀྱི་རྣམ་པ་རང་གི་སྨིན་འཚམས་ཀྱི་ནམ་མཁར་གསོལ་བཏབ་ལ། དམིགས་ཡུལ་དེ་ཉིད་ངེས་པའི་འཛིན་སྟངས་དམ་པ་ངེས་ཤེས་ཀྱི་ངར་ཐོན་པའི་གསལ་ཆ་དང་། དྲན་པས་མི་གཡེང་པའི་གནས་ཆ་བརྟན་པོ་གཉིས་དང་ལྡན་པའི་སྒོ་ནས་མི་བརྗེད་པར་བྱ། དེའི་མུ་ནས་བྱིང་རྒོད་བྱུང་མ་བྱུང་བརྟགས་ཏེ་སྐྱེ་བའི་གྲབ་བྱེད་ན་ཤེས་བཞིན་གྱིས་རིག་པར་བྱ། དམིགས་པའི་དྭངས་ཆ་ཡོད་ཀྱང་གསལ་ཆ་དང་འཛིན་སྟངས་ཀྱི་ངར་ཆའི་ཤུགས་ཅུང་ཟད་ཞན་དུ་སོང་ན་བྱིང་བ་ཕྲ་མོ་སྐྱེས་པ་ཡིན་པས་སེམས་ཀྱི་འཛིན་སྟེངས་བསྒྲིམས་ཏེ་བསྒོམ། གསལ་ཆའི་ངར་ཧད་ཀྱིས་ཤོར་ནས་དྭངས་ཆ་ཙམ་ལས་མི་འདུག་ན་བྱིང་བ་རགས་པ་ཡིན་པས་ངོ་ཤེས་པར་བྱས་ལ་བཟློག་ཐབས་བྱ། འདོད་པའི་ཡུལ་ཡིད་དུ་འོང་བ་འཆར་ལ་ཁད་བྱུང་ན་རྒོད་པ་ཕྲ་མོ་ཡིན་པས་སེམས་འཕྲོ་གྲབ་བྱེད་པ་བཀག་ནས་དམིགས་པར་གདགས། འདོད་ཆགས་ཀྱི་རྣམ་པ་ཧད་ཀྱིས་བྱུང་ན་རྒོད་པ་རགས་པ་ཡིན་པས་ངོས་ཟིན་པར་བྱས་ནས་འགོག །དེ་ལྟར་བྱིང་རྒོད་བཀག་ནས་གྲིམ་ལྷོད་རན་པའི་མཚམས་ཟིན་པར་བྱས་ཏེ་རང་ཉམས་ལ་དཔག་ནས་བསྒོམས་པས་ཏིང་ངེ་འཛིན་སྐྱོན་མེད་འགྲུབ་པོ། དེས་མ་གྲུབ་ནའང་སྟོབས་དྲུག་གི་སྒོ་ནས་སེམས་གནས་དགུ་དང་ཡིད་བྱེད་བཞིའི་རིམ་པས་བསྒྲུབ་པ་ནི། ཐོག་མར་དང་པོ་ཐོས་པའི་སྟོབས་ཀྱིས་སེམས་གནས་དང་པོ་དམིགས་པ་ལ་སེམས་འཇོག་པ་བསྒྲུབ། དེ་ནས་གཉིས་པ་བསམ་པའི་སྟོབས་ཀྱིས་སེམས་གནས་གཉིས་པ་དམིགས་པ་ལ་རྒྱུད་དུ་འཇོག་པ་བསྒྲུབ། དེ་ནས་གསུམ་པ་དྲན་པའི་སྟོབས་ཀྱིས་སེམས་གནས་གསུམ་པ་དམིགས་པ་ལ་བླན་ཏེ་འཇོག་པ་དང་། བཞི་པ་གོང་དུ་ཉེ་བར་འཇོག་པ་བསྒྲུབ། དེ་ནས་བཞི་པ་ཤེས་བཞིན་གྱི་སྟོབས་ཀྱིས་སེམས་གནས་ལྔ་བ་ཏིང་ངེ་འཛིན་ལ་དགའ་བ་དུལ་བར་བྱེད་པ་དང་། དྲུག་པ་ཏིང་ངེ་འཛིན་ལ་མི་དགའ་བ་འགོག་པ་ཞི་བ་བྱེད་པ་བསྒྲུབ། དེ་ནས་ལྔ་པ་བརྩོན་འགྲུས་ཀྱི་སྟོབས་ཀྱི་སེམས་གནས་བདུན་པ་གཉིད་རྨུགས་སོགས་རྣམ་པར་ཞི་བར་བྱེད་པ་དང་། སེམས་གནས་བརྒྱད་པ་བྱིང་རྒོད་སོགས་ཀྱིས་བར་གཅོད་མི་ནུས་པར་རྒྱུན་ཆགས་སུ་སྐྱེ་བ་གཅིག་ཏུ་བྱེད་པ་བསྒྲུབ། དེ་ནས་དྲུག་པ་འདྲིས་པའི་སྟོབས་ཀྱིས་སེམས་གནས་དགུ་པ་དམིགས་པ་ལ་རང་གི་རང་གིས་མཉམ་པར་འཇོག་པ་ཞེས་བྱ་བ་བསྒྲུབ་པོ། དེ་ཡང་སེམས་གནས་དང་པོ་གཉིས་ཀྱི་སྐབས་སུ་ཡིད་བྱེད་བཞིའི་ནང་ནས་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་དང་། གསུམ་པ་ནས་བདུན་པའི་བར་ཆད་ཅིང་འཇུག་པའི་ཡིད་བྱེད་དང་། བརྒྱད་པའི་ཚེ་ཆད་མེད་དུ་འཇུག་པའི་ཡིད་བྱེད་དང་། དགུ་པའི་དུས་སུ་རྩོལ་མེད་དུ་འཇུག་པའི་ཡིད་བྱེད་ཀྱི་སྐབས་སོ། །སེམས་གནས་དགུ་པ་དེ་ཉིད་ཞི་གནས་རྗེས་མཐུན་པ་ཡིན་ལ། དེ་ནས་སེམས་ཤིན་སྦྱངས་སྐྱེ་ཞིང་དེ་ལ་བརྟེན་ནས་ལུས་ཤིན་སྦྱངས་སྐྱེས་པ་དེའི་མཐུས་ལུས་ལ་བདེ་བའི་ཉམས་སྐྱེ། དེ་ནས་སེམས་ཤིན་སྦྱངས་ཀྱི་བདེ་བ་སྐྱེའོ། །ལུས་ཤིན་སྦྱངས་སྐྱེས་མ་ཐག་ཏུ་ཞི་གནས་ཅུང་མ་ཐོབ་ཀྱང་། དེ་ནས་སེམས་དམིགས་པ་ལ་ལྷན་ནེར་སྡོད་པའི་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའི་ཤིན་སྦྱངས་མི་གཡོ་བ་ཐོབ་པ་དང་མཉམ་དུ་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་འགྲུབ་པ་ཡིན་ལ། གེགས་སེལ་བོགས་འདོན་སོགས་རྒྱས་པར་གཞུང་ཆེ་བ་རྣམས་ནས་ཤེས་པར་བྱའོ། །དེ་འདྲའི་ཞི་གནས་དེ་ཐེག་པ་གཉིས་ཀའི་ཏིང་འཛིན་ཐུན་མོང་བ་ཡིན་བམ་གང་གི་བསམ་པས་ཟིན་ན་དེའི་བྱང་ཆུབ་ཐོབ་པའི་རྒྱུར་འགྱུར་རོ། །དྲུག་པ་ནི། བརྟགས་པའི་དངོས་པོ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་ཤེས་རབ་ཀྱི་ངོ་བོ་ཡིན་ལ། ཤེས་རབ་དེ་རྫོགས་བྱང་ཉིད་དུ་བསྔོ་བའི་བསྔོ་བས་ཟིན་ནས་གོམས་པ་ཡོངས་སུ་རྫོགས་པ་ནི་དེའི་ཕར་ཕྱིན་ཏེ། ཤེར་ཕྱིན་དང་ཤེས་རབ་ཀྱི་ཕར་ཕྱིན་དོན་གཅིག་ཏུ་མི་འདོད་པ་ནི་ལེགས་སྙམ། དེ་ལ་དོན་དམ་དང་ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་བྱེད་པའི་ཤེས་རབ་གསུམ། དང་པོ་ནི། བདག་མེད་པའི་རྟོགས་པའི་ཤེས་རབ། གཉིས་པ་ནི། རིག་པའི་གནས་ལྔ་གང་རུང་ལ་མཁས་པའི་ཤེས་རབ། གསུམ་པ་ནི། སེམས་ཅན་གྱི་དོན་ལེགས་པར་བསྒྲུབ་པའི་ཤེས་རབ་པོ། འདིར་ཤེས་རབ་ཀྱི་གཙོ་བོ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་གཏན་ལ་དབབ་པར་བྱའོ། །འདི་ལ་གཉིས། མཉམ་གཞག་དང་། རྗེས་ཐོབ་པོ། དང་པོ་ལ་གཉིས། བདག་མེད་གཏན་ལ་དབབ་པ་དང་། ལྷག་མཐོང་བསྒོམ་ཚུལ་ལོ། །དང་པོ་ལ་གཉིས། གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའོ། །དང་པོ་ལ་དགག་བྱ་ངེས་པའི་གནད་སོགས་བཞི་ལས། དང་པོ་ནི། དཔེར་ན། རང་ལ་མི་ཞིག་གིས་ཕན་ཆེན་པོ་ཞིག་བཏགས་པའམ་གནོད་པ་ཆེན་པོ་ཞིག་བྱས་པའི་ཚེ། ང་ལ་ཕན་བཏགས་བྱུང་སྙམ་པ་དང་། གནོད་པ་བྱས་བྱུང་སྙམ་པའི་ཕན་གནོད་བྱ་ཡུལ་གྱི་ང་ཚང་བ་ཞིག་སྙིང་དཀྱིལ་ནས་ལྷང་ལྷང་འཆར་བ་ཡོད་པས། དེའི་ཚེ་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་ཚུལ་གསལ་ལོ། །དེ་ད་ལྟ་མེད་ཀྱང་གསལ་བཏབ་སྟེ་སྐྱེར་བཅུག་ནས་བློའི་བྱིངས་དེ་ངའོ་སྙམ་པའི་བློ་ཇི་ལྟར་སྐྱེས་པ་དེ་ལ་དམིགས་ནས། བློའི་ཟུར་ཞིག་གིས་ངར་འཛིན་དེས་ང་དེ་གང་དུ་བཟུང་། ཇི་ལྟར་བཟུང་སྙམ་དུ་བལྟ། དེ་ལྟར་བལྟས་པས་དེ་རེས་ལུས་ཀྱི་སྟེང་དུ་ཡོད་པ་དང་རེས་སེམས་ཀྱི་སྟེང་དུ་ཡོད་པ་འདྲ་བ་སོགས་འཆར་ཚུལ་སྣ་ཚོགས་ཞིག་བྱུང་བའི་མཐར་ལུས་སེམས་གཉིས་དང་འདྲེས་པ་ལྟར་འབྱེད་མི་ཐུབ་པ་འདྲ་བ་ཞིག་གི་སྟེང་ནས། གང་ལ་ཡང་བལྟོས་པ་མེད་པར་ང་རང་གི་ངོས་ནས་ཡོད་པའི་ཚུགས་ཐུབ་གདོད་མ་ནས་གྲུབ་གྲུབ་པ་ཞིག་འཆར་འོང་བ་ངོས་ཟིན་པ་ནི་དགག་བྱ་ངེས་པའི་གནད་དེ་ལེགས་པར་ངེས་པར་བྱ། གཉིས་པ་ནི། དེ་ལྟར་བཟུང་བའི་ང་དེ། རང་གི་ལུས་སེམས་འདི་དང་གཅིག་དང་ཐ་དད་གང་ཆུང་ངམ། དེ་གང་རུང་མ་ཡིན་པ་ཞིག་སྙམ་པ་ན། ཡོད་ཕྱིན་གཅིག་དང་ཐ་དད་གང་རུང་ཡིན་དགོས་པས་དེ་གཉིས་གང་རུང་མ་ཡིན་པའི་ཕུང་གསུམ་མེད་པར་རྟོགས་པ་ནི་ཁྱབ་པ་ངེས་པའི་གནད། གསུམ་པ་ནི། དེ་འདྲའི་ང་དེ་ལུས་སེམས་གཉིས་དང་གཅིག་ཏུ་གྲུབ་བམ་སྙམ་ན། མི་འཐད་དེ། གཅིག་ཏུ་གྲུབ་ན་དབྱེར་མེད་ཀྱི་གཅིག་ཏུ་སོང་བས་དབྱེར་མེད་ཀྱི་གཅིག་པ་ནི་ང་ཞེས་ལུས་སེམས་གཉིས་ཀྱི་ཉེ་བར་ལེན་པ་པོ་དང་། ངའི་ལུས་སེམས་ཞེས་དེའི་ཉེ་བར་བླང་བྱའི་ཁྱད་པར་ཐ་དད་དུ་མེད་པར་འགྱུར་བའི་ཕྱིར་རོ། །ང་ལུས་སེམས་ལས་ཐ་དད་མེད་པར་ཁས་བླངས་དུ་མི་རུང་ལྟ། དེ་ལྟར་ན་ངའི་ལུས་ངའི་སེམས་ཞེས་པ་སོགས་མི་འཐད་པས། ལུས་ཞི་བ་དང་སེམས་ནི་ངའོ་ཞེས་པ་ཙམ་དུ་འགྱུར་བས་ཕུང་པོ་འདོར་ལེན་བྱེད་པའི་བདག་ཁས་ལེན་པ་དོན་མེད་དུ་ཐལ་བའི་ཕྱིར་རོ། །གཞན་ཡང་ང་ལུས་དང་གཅིག་ཡིན་ན་མི་འཐད་དེ། ཤི་བའི་འོག་ཏུ་ལུས་མེར་བསྲེགས་པའི་ཚེ་ང་ཡང་མེར་བསྲེགས་དགོས་པ་དང་། ང་ཕྱི་མར་ཉིང་འཚམས་སྦྱོར་བའི་ཚེ་ལུས་འདི་དང་བཅས་བཞིན་དུ་སྐྱེ་དགོས་པ་སོགས་སུ་འགྱུར་རོ། །སེམས་དང་གཅིག་ཡིན་ནའང་མི་འཐད་དེ། ང་ལ་མགོ་རྐང་ལག་སོགས་ཡོད་པ་བཞིན་དུ་སེམས་ལ་ཡང་དེ་དག་ཡོད་པར་འགྱུར་བའི་ཕྱིར་རོ། །ཡང་ན། ལུས་སེམས་གཉིས་ཡོད་པ་ལྟར་ང་ཡང་མི་འདྲ་བ་གཉིས་ཡོད་པར་འགྱུར་བས། དེ་ལྟར་གཅིག་ཏུ་མ་གྲུབ་སྙམ་དུ་ངེས་པ་ནི། བདེན་པའི་གཅིག་བྲལ་ངེས་པའི་གནད་དོ། །བཞི་བ་ནི། གཅིག་ཏུ་མི་རུང་བས་དེ་འདྲའི་ང་དེ་ལུས་སེམས་གཉིས་ལས་ཐ་དད་དོ་སྙམ་ན། སྤྱིར་ཐ་སྙད་ཙམ་དུ་ང་ལུས་སེམས་གཉིས་དང་ཐ་དད་དུ་འཇོག་ཀྱང་སྔར་ལྟར་གཞན་ལ་རག་མ་ལས་པ་ལྟ་བུའི་ང་དེ་ལུས་སེམས་དང་ཐ་དད་དུ་གྲུབ་ནའང་མི་རུང་སྟེ། དེ་ལྟ་ན་རང་བཞིན་གྱིས་གྲུབ་པའི་ཐ་དད་དུ་སོང་བས་གཏན་ནས་མ་འབྲེལ་བའི་ཐ་དད་དུ་གྲུབ་པར་འགྱུར་བའི་ཕྱིར་འདི་ནི་ལུས་སོ། །འདི་ནི་སེམས་མོ་ཞེས་བློས་འཛིན་རྒྱུར་ཡོད་པ་ལྟར་ལུས་སེམས་སོ་སོར་བསལ་བའི་འོག་ཏུ་འདི་ནི་ངའོ་ཞེས་འཛིན་རྒྱུ་ཡོད་དགོས་པ་ལས་དེ་མི་འདུག་པའི་ཕྱིར་ཏེ། ལུས་སེམས་ཚོགས་པའི་སྟེང་ནས་ངར་འདོགས་པའི་ཕྱིར་རོ། །དེ་ལྟར་དཔྱད་ནས་ངེས་པ་རྙེད་པ་ནི་བདེན་པའི་དུ་བྲལ་ངེས་པའི་གནད་དོ། །ཡང་ན་ལུས་སེམས་གཉིས་ཀྱི་དོད་དུ་གཟུགས་སོགས་ཕུང་པོ་ལྔ་ཞེས་སྦྱོར། དེ་ལྟར་གནད་བཞིའི་དཔྱད་པ་བྱས་པས་སྔར་ལྟར་རང་བཞིན་གྱིས་གྲུབ་པའི་ཚུགས་སེ་བའི་ང་མ་རྙེད་པར་སྟོང་ཆམ་གྱིས་སོང་བ་ན་དབུ་མའི་ལྟ་བ་རྙེད་པ་ཡིན་གསུངས། གཉིས་པ་ནི། རང་གི་ལུས་འདིའི་སྟེང་དུ་ཡན་ལག་ཚོགས་པ་ལ་མ་བལྟོས་པར་ལུས་ལིངས་པོ་ཞིག་ཡུལ་སྟེང་ནས་གྲུབ་གྲུབ་པར་འཆར་བ་ངོས་ཟིན་པར་བྱས་ནས་དེ་ལྟར་ཤར་བ་ལྟར་བཟུང་བའི་ལུས་དེ། ཡན་ལག་རྣམས་དང་གཅིག་གམ། ཐ་དད། དང་པོ་ལྟར་ན་མི་འཐད་དེ། ཡན་ལག་སྤྱི་ཙམ་དང་གཅིག་ཡིན་ན་ནི་ལུས་དང་ཡན་ལག་གཅིག་ཏུ་ཐལ་བས། དེ་ལྟ་ན་བྱ་བྱེད་ཐམས་ཅད་ཀྱང་གཅིག་ཏུ་འགྱུར་ལ། ཡན་ལག་སོ་སོ་དང་གཅིག་ན། ཡན་ལག་མང་པོ་ཡོད་པ་དེ་བཞིན་དུ་ལུས་ཀྱང་ཚང་བ་མང་པོ་ཡོད་པར་འགྱུར་བའི་ཕྱིར་རོ། །ཐ་དད་ནའང་མི་འཐད་དེ། སྤྱིར་ལུས་ཡན་ལག་དང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱང་། སྔར་ལྟར་བཟུང་བའི་ལུས་དེ་ཡན་ལག་རྣམས་དང་ཐ་དད་ན་ནི་དེ་དག་ལ་མ་བལྟོས་པར་ལུས་གྲུབ་དགོས་པས། ཡན་ལག་རྣམས་སོ་སོར་བསལ་པའི་འོག་དུ་ད་དུང་ཡང་ལུས་རིལ་བོ་ཞིག་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཀ་བུམ་སོགས་ཆོས་གཞན་ལའང་སྦྱོར། གཉིས་པ་ནི། ཐོག་མར་གང་ཟག་གི་བདག་མེད་གཏན་ལ་ཕབ་པ་ལྟར་ང་མེད་པ་ལྷང་གིས་ངེས་པ་ན་དགག་བྱ་བཀག་ཙམ་གྱི་མེད་དགག་ལ་ངེས་ཤེས་ཀྱི་རྒྱུན་འཐུད་ནས་མཉམ་པར་འཇོག་ཅིང་། ཤུགས་ཞན་དུ་སོང་ན་གནད་བཞིའི་དཔྱད་པ་ཅུང་ཟད་རེ་བྱས་ནས་དེ་ལྟར་དུ་གྲུབ་པ་མེད་སྙམ་དུ་མཉམ་པར་བཞག་སྟེ། སྔར་ཞི་གནས་གྲུབ་པ་ཡིན་ན། དཔྱད་བསྒོམ་སྤེལ་མར་བྱས་པའི་མཐུས་ལྷག་མཐོང་ཐོབ་ནས་ཞི་ལྷག་ཟུང་འབྲེལ་དུ་འགྱུར་རོ། །གཉིས་པ་རྗེས་ཐོབ་ཏུ། སྔར་དཔྱད་པ་ལྟར་ཡུལ་སྟེང་ན་མེད་བཞིན་དུ། སྒྱུ་མའི་རྟ་གླང་ལྟར་བཏགས་ཡོད་མིང་རྐྱང་ཙམ་དུ་འཆར་བ་ཞིག་འོང་། གལ་ཏེ་རང་བཞིན་གྱིས་གྲུབ་པར་ལམ་ལམ་ལྟར་བྱུང་ནའང། ལྟ་བ་དྲན་ཙམ་བྱས་ནས་སྣང་ཚུལ་ལྟར་མ་གྲུབ་སྙམ་དུ་ཐག་བཅད་པའི་དྲན་ཤེས་ཀྱིས་སྐྱོང་། གཞན་ཡང་ཆོས་གང་དང་གང་ཡང་མིང་བརྡས་བཞག་ཙམ་གྱི་རྟེན་འབྱུང་དུ་ངེས་པ་ཉིད་ཀྱིས་རང་བཞིན་མེད་པའི་ཚུལ་ལ་ངེས་ཤེས་འདྲོངས་པ་དང་། དེ་ལྟར་ངེས་པ་ཉིད་ཀྱིས་བྱ་བྱེད་ཐམས་ཅད་འཐད་པའི་རྟེན་འབྱུང་ལ་ངེས་པ་འདྲེན་པའི་ཚུལ་ཤེས་པའི་སྒོ་ནས་སྟོང་པ་རྟེན་འབྲེལ་གྱི་དོན་དུ་འཆར་བ་ལ་བསླབ་པར་བྱའོ། །གཉིས་པ་བསྡུ་བཞི་ལ་སློབ་ཚུལ་ནི། དེ་ལྟར་རང་རྒྱུད་སྨིན་བྱེད་ཀྱི་ཕྱིན་དྲུག་ལ་བསླབ་ནས་ཟང་ཟིང་སོགས་སྦྱིན་པ་གསུམ་གྱིས་འཁོར་བསྡུ། ཆོས་གཏམ་སོགས་ཀྱི་སྙན་པར་སྨྲ་བས་ཐེ་ཚོམ་གཅོད་པ་སོགས་ཀྱིས་མགུ་བར་བྱ། མངོན་མཐོ་སོགས་གདུལ་བྱའི་བློ་དང་འཚམས་པར་བསྟན་པའི་དོན་སྤྱོད་པས་ཡང་དག་པའི་ལམ་ལ་བཀྲི། རང་ཉིད་ཚུལ་འཐུན་བསྒྲུབ་པའི་དོན་མཐུན་པས་དེའི་དོན་དུ་འགྱུར་བའི་ཚུལ་ལ་བསླབ་པར་བྱའོ། །གསུམ་པ་མཇུག་གི་རིམ་པ་ལ་ནི། སྔར་བཤད་པ་ལྟར་ཉམས་ལེན་བྱས་ནས་སྙིང་པོ་བསྒྲིལ་ཏེ་ཉམས་སུ་ལེན་པ་ནི། དལ་འབྱོར་རྙེད་དཀའ་བ་སོགས་བསམས་ནས་སྐྱབས་སེམས་བྱས་རྗེས། ཚོགས་ཞིང་བླ་མའི་རྣལ་འབྱོར་དང་འབྲེལ་བའི་སྡིག་བཤགས་ཚོགས་གསོགས་ལ་འབད་ཅིང་། དངོས་གཞི་གཏོང་ལེན་སྤེལ་བའི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལ་དམིགས་པའི་ཞི་ལྷག་བསྒྲུབ་པ་ལ་གཙོ་བོར་འབད་པ་དང་མཐར་དགེ་བ་རྫོགས་བྱང་དུ་བསྔོ་བར་བྱའོ། །ལམ་སྤྱིའི་དོན་བསྡུ་ན། ཐོག་མར་བཤེས་གཉེན་བསྟེན་པ་ལ་འབད། དེ་ནས་དལ་འབྱོར་གྱི་སྐོར་བསམ་ཞིང་འཆི་བ་མི་རྟག་པ་དང་ཤི་ནས་ངན་འགྲོར་འཁྱམས་ཚུལ་བསམས་ཏེ་སྐྱབས་འགྲོའི་སྐོར་ལ་འབད། དེ་ནས་ལས་འབྲས་བསམས་ནས་སྟོབས་བཞི་ལ་འབད་དོ། །དེ་ལྟར་ཆུང་ངུའི་ཆོས་སྐོར་རྣམས་ཚགས་སུ་ཆུད་པ་ན། འཁོར་བའི་ཉེས་དམིགས་བསམས་ཏེ་འཁོར་བ་ལས་ཐར་འདོད་བསྐྱེད། དེ་ནས་འཁོར་བའི་རྒྱུ་ངོས་བཟུང་ནས་དེ་སྤོང་འདོད་བསྐྱེད་ཅིང་། རྟེན་འབྲེལ་གྱི་སྐོར་ལའང་དེ་ལྟར་བྱ། དེ་ནས་འཁོར་བ་ལས་གྲོལ་བྱེད་ཀྱི་ལམ་སྤྱི་དང་སོ་ཐར་ལ་འབད་དོ། །དེ་ལྟར་འབྲིང་གི་སྐོར་རྣམས་ཚགས་སུ་ཆུད་པ་ན། བྱམས་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྦྱངས་ནས་སྤྱོད་པ་ཕྱིན་དྲུག་ལ་ཅི་ནུས་སུ་བསླབ་པར་བྱའོ། །དེ་ལྟ་བུའི་ལམ་གྱི་རིམ་པ་ནི་རྒྱལ་བ་དགྱེས་པའི་ལམ་སྲོལ་རྨད་དུ་བྱུང་ཞིང་། གསུང་རབ་ཀུན་གྱི་གནད་དོན་བསྡུས་པ་ཡིན་པས་ཐོས་བསམ་ཅུང་ཟད་རེ་བྱས་པས་ཀྱང་ཕན་ཡོན་ཆེན་པོ་མང་དུ་འབྱུང་སྟེ། རྗེའི་ཞལ་ནས། གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ་། རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། ཞེས་གསུངས་པའི་ཕྱིར་ན་ཉམས་ལེན་སྙིང་པོར་བྱེད་པར་རིགས་སོ། །སྨྲས་པ། རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལས། །ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་པའི་སྲོལ། །སྐྱེས་བུ་གསུམ་གྱི་ལམ་མཆོག་ཡིད་བཞིན་ནོར། །ཐུབ་བསྟན་རྒྱལ་མཚན་རྩེ་མོར་མངོན་པར་མཆོད། །འདིར་འབད་ལས་བྱུང་དགེ་ཚོགས་གསེར་འཁོར་ཆེས། །སྒྲིབ་གཉིས་ཕས་རྒོལ་གཡུལ་ལས་རྣམ་རྒྱལ་ཏེ། །གཏན་བདེ་བླ་མེད་བྱང་ཆུབ་ཆེན་པོའི་སར། །མངོན་པར་སྤྱོད་པའི་སྐལ་བཟང་མྱོང་བར་ཤོག །དེ་ལྟ་བུའི་ལམ་གྱི་རིམ་པ་འདི་ནི། ཕྱོགས་འདིའི་མཁས་པ་ཆེན་པོ་བཟང་བོ་རྒྱལ་མཚན་པའི་དྲུང་ནས་ལམ་རིམ་ཆེན་མོའི་ལུང་དང་། ཁྱད་པར་སློབ་དཔོན་སེམས་དཔའ་ཆེན་པོ་བློ་བཟང་སྦྱིན་པའི་སྐུ་ཞབས་ནས་ཞལ་ལུང་གི་དམར་འཁྲིད་སྩལ་པའི་ཚེ། རང་གིས་ཞལ་ལུང་ནས་སྐྱེས་བུ་ཆུང་འབྲིང་གི་སྐོར་བློ་འཛིན་དང་ཆེན་པོའི་སྐོར་ལ་དེ་ཙམ་བྱེད་པ་མ་བྱུང་ཡང་འཁྲིད་རྒྱུན་ཉན། སྟོང་འཁོར་སྤྲུལ་སྐུ་དང་། སློབ་དཔོན་བློ་བཟང་དོན་གྲུབ་པའི་དྲུང་ནས་ཀྱང་དམར་འཁྲིད་ཀྱི་ལུང་རྒྱུན་བླངས་ཏེ། ཚིག་དོན་གྱི་ཆ་ལ་ཡིད་བཤད་རྒྱས་པར་བྱེད་པའི་རྒྱུན་འཐུད་མ་ལྕོགས་ཀྱང་དོན་གྱི་གནད་དྲིལ་བའི་རྒྱུན་གྱི་ཉམས་ལེན་འཁྱེར་བདེར་བསྡུས་ནས་འབད་ཁུལ་བྱས། གཞན་ལ་ཉམས་འཁྲིད་འབོགས་པ་སོགས་ཀྱི་སྒོ་ནས་རྒྱུན་རྒྱ་ཆེར་སྤེལ་ཐུབ་པ་ཞིག་མ་བྱུང་ཡང་། ཕྱོགས་འདིའི་བསྟན་པའི་མངའ་བདག་ཀཽ་ཤྲི་ནང་སོ་ཡེས་ཀྱིས་རྗེ་བླ་མའི་ལེགས་བཤད་ལ་བརྟེན་ནས་ཚུལ་འདི་ཐོས་བསམ་གྱིས་ཐུགས་སུ་ཆུད་པའི་ཚེ། ལམ་སྲོལ་འདི་ཉིད་བསྟན་པའི་སྙིང་པོར་གཟིགས་ནས། རང་ཕྱོགས་འདིར་གཞན་འགའ་ལའང་ཕན་སྲིད་པར་དགོངས་ཏེ་བཀས་བསྐུལ་བ་དང་། སྡོམ་བརྩོན་རི་ཁྲོད་པ་གྲགས་པ་འོད་ཟེར་གྱིས་ཀྱང་རང་གི་ཉམས་སུ་ལེན་པར་བཞེད་ནས་བསྐུལ་བའི་ཚེ། ཤཱཀྱའི་དགེ་སློང་རིགས་པ་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས་རྒྱལ་དབང་ལྔ་པས། ན་ཚོད་ཆེས་ཕྲའི་སྒོ་ངའི་སྦུབས་རྒྱ་ནས། །རྣམ་དཔྱོད་རྩལ་ཀུན་རྫོགས་པ་རབ་དཀའ་མོད། །ལང་ཚོའི་སྒྲོ་གཤོག་རྒྱས་ཀྱང་བཤད་སྒྲུབ་ཀྱི། །ནམ་མཁའ་འཕུར་ནུས་མིན་པའི་བྱ་དེས་ཅི། །ཞེས་གསུངས་པ་ལྟར། རང་ཉིད་ཀྱིས་ཐོས་བསམ་ཅུང་ཟད་བྱས་པའི་འབྲས་རྟགས་ཞིག་ཀྱང་དགོས་སྙམ་ནས་དམར་འཁྲིད་འཇམ་དཔལ་ཞལ་ལུང་གི་དགོངས་པ་གཙོ་བོར་བྱས་ཤིང་ལམ་རིམ་གཉིས་ནས་ཟུར་བརྒྱན་ཧ་ཅང་བཤད་ཡམས་སུ་སོང་ན་དམིགས་པའི་ཐོག་ཏུ་འདྲིལ་དཀའ་བར་མཐོང་ནས་དོན་གྱི་གནད་མ་ཆད་པས་མདོར་བསྡུས་ཏེ་ཅོ་ནེ་ཏིང་འཛིན་དར་རྒྱས་གླིང་ཏུ་སྦྱར་བའོ། །འདིས་ཀྱང་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་བསྟན་པ་ལ་ཕན་པར་གྱུར་ཅིག །བཀྲ་ཤིས།། །།

ལམ་རིམ་སོགས་ནས་འབྱུང་བའི་ཉམས་ལེན་གྱི་རིམ་པ་དང་ཡན་ལག་བདུན་པ་བྱེད་ཚུལ་རྣམ་པ་གཉིས།

ལམ་རིམ་སོགས་ནས་འབྱུང་བའི་ཉམས་ལེན་གྱི་རིམ་པ་དང་ཡན་ལག་བདུན་པ་བྱེད་ཚུལ་རྣམ་པ་གཉིས་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །སྤངས་རྟོགས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས། །སྐྱེས་པ་བླ་ན་མེད་པ་དམ་པའི་ཆོས། །རིག་གྲོལ་གཉིས་ཀྱི་དཔལ་ལྡན་དགེ་འདུན་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདིར་ནི་དམ་པའི་ལེགས་བཤད་དང་། །མཐུན་པའི་ཆོས་འགའ་བརྗོད་པར་བྱ། ཁམས་གསུམ་སེམས་ཅན་གྲངས་མང་ཡང་། །བདེ་འགྲོའི་ལུས་རྟེན་རྙེད་པར་དཀོན། ཁྱད་པར་དལ་འབྱོར་ཚང་བ་ཡི། །མི་ལུས་ཡིད་བཞིན་ནོར་ལྟར་དཀོན། །སངས་རྒྱས་བསྟན་དང་མཇལ་བ་དཀོན། །དམ་ཆོས་ཐོས་བསམ་བྱེད་པ་དཀོན། །སྒྲུབ་པས་ཉམས་སུ་ལེན་པ་དཀོན། །འཁོར་བའི་ཕ་རོལ་བགྲོད་པ་དཀོན། །དེ་བས་སངས་རྒྱས་བསྒྲུབ་པ་དཀོན། །དེ་ཕྱིར་ཚེ་འདིའི་བདེ་བ་ཙམ། །དོན་གཉེར་ལྟོ་དང་གོས་ཀྱི་ཆེད། །འཇུག་པའི་སྐྱེས་བུ་གྲངས་མང་ཡང་། །གཏན་གྱི་བདེ་བ་བྱང་ཆུབ་ཕྱིར། །འཇུག་པ་ཉིན་མོའི་སྐར་མ་བཞིན། །ཕྱི་མ་བྱང་ཆུབ་བསྒྲུབ་པའི་ཆེད། །འབད་གང་དོན་གྱི་མཆོག་ཡིན་ལ། ཁ་ཟས་ཙམ་ཕྱིར་རྒྱུགས་པ་ནི། །མི་ཡི་ཤ་ཚུགས་ཕྱུགས་བཞིན་ཏེ། །བླུན་པོའི་ཕྱུགས་ཀྱང་ལྟོ་ཡི་ཆེད། །འབད་པས་འཇུག་པ་མཐོང་མིན་ནམ། །དེ་ལྟ་བས་ན་ཐར་འདོད་ཀྱི། །སྐྱེས་བུ་འདི་ལྟར་བསམ་བྱ་སྟེ། །མདོ་རྒྱུད་དགོངས་འགྲེལ་བཅས་པ་ལས། །མཚན་ཉིད་ལྡན་པའི་དགེ་བའི་བཤེས། །རྒྱུན་དུ་བསྟེན་པར་བྱེད་པ་ཉིད། །འདི་ཕྱིའི་ལེགས་ཚོགས་རྩ་བ་རུ། །གསུངས་ཕྱིར་བསམ་སྦྱོར་རྣམ་གཉིས་ཀྱིས། །ཐོག་མ་ཉིད་ནས་བསྟེན་པར་རིགས། །དེ་ཚེ་བླ་མ་ལྔ་བཅུ་བར། །འདིར་མང་སྨོས་པས་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བརྟག །དངོས་གྲུབ་སློབ་དཔོན་རྗེས་འབྲང་བར། །རྡོ་རྗེ་འཛིན་པ་ཉིད་གསུང་བར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུག་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚེད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཞེས་དང་དགྲ་ནག་དཀའ་འགྲེལ་ལས། །ཚིགས་བཅད་གཅིག་ཙམ་ཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས། །རྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་པའི་དོན་ལྟར་སྤངས་བླང་བྱ། །དེ་ནས་ཤིན་ཏུ་རྙེད་དཀའ་ཞིང་། །རྙེད་ན་དོན་ཆེའི་དལ་འབྱོར་འདི། །ཡིད་བཞིན་ནོར་ལྟར་དཀོན་མཐོང་ནས། །སྙིང་བོ་ལེན་པའི་ཚུལ་ལ་འབད། །ངན་སོང་གསུམ་དང་ཡུལ་མཐའ་འཁོབ། །དབང་བོ་མ་ཚང་ལོག་ལྟ་ཅན། །རྒྱལ་བའི་བཀའ་མེད་ཚེ་རིང་ལྷ། །མི་ཁོམ་འདི་བརྒྱད་བྲལ་བ་ལ། །དལ་བ་རྣམ་པ་བརྒྱད་ཅེས་བྱ། །མི་ཉིད་དབུས་སྐྱེས་དབང་བོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་བརྩེ་འབྱོར་བ་བཅུ། །དལ་བརྒྱད་འབྱོར་བཅུ་ཚང་བ་ཡི། །རྟེན་འདི་རྒྱུ་འབྲས་ངོ་བོ་དང་། །དཔེ་ཡི་སྒོ་ནས་རྙེད་དཀའ་བར། །རྒྱལ་བས་གསུངས་ཕྱིར་ལྟ་ཅི་སྨོས། །སྤྱིར་ནི་བདེ་འགྲོའི་རྟེན་ཙམ་ཡང་། །ཐོབ་ཕྱིར་དཀར་ཆོས་སྔོན་འགྲོ་སྟེ། །དགེ་བ་ལས་ནི་ཕན་བདེའི་རྒྱུ། །གཞན་དག་ཡོད་པ་མིན་ཕྱིར་རོ། །འདི་འདྲའི་དལ་བ་རྙེད་གྱུར་ནས། །དགེ་ལ་འབད་པར་མ་བྱས་ན། །དེ་ལས་བསླུས་པ་གཞན་མེད་ཅིང་། །དེ་ལས་རྨོངས་པ་གཞན་མེད་གསུང་། །ཕལ་མོ་ཆེ་ཡི་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོ་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོ་རུ། །འགྲོ་བར་གསུངས་ཕྱིར་ཅི་ནུས་ཀྱིས། །སྡིག་པ་སྤོང་ལ་དགེ་བ་སྒྲུབས། །དེ་ལ་ཐོག་མར་མི་རྟག་ཚུལ། །བསམ་པ་ཤིན་ཏུ་གལ་ཆེའི་ཕྱིར། །དེ་ཡང་ངེས་པར་འཆི་བ་སྟེ། །ནམ་འཆི་ཆ་ནི་མེད་པ་དང་། །ཤི་བའི་ཚེ་ན་ཆོས་མ་གཏོགས། །གཞན་གྱིས་ཕན་པར་མི་ནུས་བསམ། །ལས་ཉོན་དབང་གིས་བླངས་པ་ཡི། །ལུས་ནི་ཇི་འདྲ་ཡིན་ཕྱིན་ཆད། །ངེས་པར་འཆི་བ་ཆོས་ཉིད་དེ། །ཡུལ་དང་ས་ཕྱོགས་གང་གནས་ཀྱང་། །འཆི་བས་མི་ཚུགས་ཡོད་མ་ཡིན། །དཔེར་ན་བྱིས་པས་ནམ་མཁའ་ལ། །འཕངས་པའི་རྡོ་ནི་ལྟུང་བ་བཞིན། །ཡང་ན་ཉི་རྒས་གྲིབ་མ་བཞིན། །འཆི་བདག་བདུད་ནི་ཚུར་ཚུར་འོང་། །དེ་ཡང་དུས་ལ་བབ་པ་ན། །སྨན་སོགས་ཀུན་གྱིས་བཟློག་མི་ནུས། །དེ་ཕྱིར་ངེས་པར་འཆི་བ་ཉིད། །མི་རྟག་ཚོམས་ལས་འདི་སྐད་གསུང་། །དེ་ལ་མི་འདི་གཞོན་ཞེས་པའི། །གསོན་པའི་གདེངས་དྲོད་ཅི་ཞིག་ཡོད། ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུགས་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་འཆི་བར་གསུངས་པའི་ཕྱིར། །ནམ་འཆི་ལ་ནི་ཆ་མ་མཆིས། །མ་འོངས་དུས་ཚེ་གླིང་བཞི་ནི། །རི་རབ་བཅས་པའི་སྟོང་གསུམ་གྱི། །འཇིག་རྟེན་འདི་ཡང་ཆུ་ཡིས་གཤིག །མེ་ཡིས་འཚིག་གམ་རླུང་གིས་གཏོར། །རྡུལ་ཕྲན་ཙམ་ཡང་མེད་འགྱུར་ན། །འདུས་བྱས་གཞན་དག་ལྟ་ཅི་སྨོས། །འདུས་པ་ཀུན་གྱི་མཐར་འབྲལ་ཞིང་། །བསགས་པ་ཀུན་གྱི་མཐའ་ཡང་འཛད། །མཐོན་པོའི་མཐའ་ནི་རྒུད་འགྱུར་ལ། །སྐྱེས་པ་ཀུན་གྱི་མཐའ་མར་འཆི། །མདོར་ན་རྒྱུ་རྐྱེན་ལས་བྱུང་བའི། །འདུས་བྱས་ཀུན་ཀྱང་མི་རྟག་གོ །ཤི་ནས་རྒྱུན་ཆད་འགྱུར་མིན་ཏེ། །རང་རང་ཇི་ལྟར་བསགས་པ་ཡི། །དཀར་ནག་ལས་ཀྱིས་འཕངས་པ་ལྟར། །བདེ་འགྲོ་ངན་འགྲོ་གང་རུང་དུ། །ངེས་པར་སྐྱེ་བ་ལེན་ཕྱིར་རོ། །དེ་ཡང་དགེ་བའི་ལས་ཀྱིས་ནི། །མཐོ་རིས་སྐྱེ་ཞིང་བདེར་འགྱུར་ལ། །མི་དགེའི་ལས་ཀྱིས་ངན་འགྲོ་རུ། །སྐྱེ་འགྱུར་སྡུག་བསྔལ་ཆོས་ཉིད་དོ། །དཔེར་ན་གྲོ་ཡི་ས་བོན་ལས། །འབྲས་བུ་གྲོ་ཉིད་སྐྱེ་འགྱུར་གྱི། །ནས་ལ་སོགས་པར་མི་འགྱུར་བཞིན། །གཞན་ཡང་འཇིག་རྟེན་ཁམས་འདི་ན། །ལོ་ཏོག་རྣམས་དང་རྩི་ཤིང་སོགས། །ཁྱད་པར་ཇི་སྙེད་ཡོད་པ་ཀུན། །གེགས་བྱེད་མེད་ན་རང་རང་གི །འབྲས་བུ་སོ་སོར་མ་ནོར་བར། །འབྱིན་པ་ཀུན་གྱིས་མཐོང་བ་བཞིན། །གལ་ཏེ་མི་དགེའི་ལས་ཀྱིས་ནི། །ངན་སོང་གནས་སུ་སྐྱེས་གྱུར་ན། །མི་བཟད་སྡུག་བསྔལ་འདི་ལྟར་ཡོད། །དམྱལ་བ་ཚ་གྲང་སྡུག་བསྔལ་ཆེ། །ཡི་དྭགས་བཀྲེས་ཤིང་སྐོམ་པས་གཟིར། །དུད་འགྲོ་གཅིག་ལ་གཅིག་ཟ་དང་། །རྨོངས་པའི་སྡུག་བསྔལ་དུ་མས་མནར། །དམྱལ་བའི་གནས་ནི་འཛམ་གླིང་འདིའི། །འོག་ཏུ་དཔག་ཚད་སུམ་ཁྲི་དང་། །ཉིས་སྟོང་གིས་ནི་ཆོད་པ་ན། །ཡང་སོས་དམྱལ་བ་ཡོད་པ་སྟེ། །དེ་ནས་བཞི་སྟོང་བཞི་སྟོང་གི །དཔག་ཚད་ཀྱིས་ནི་ཆོད་པ་ན། །ཚ་དམྱལ་གཞན་དག་བདུན་པོ་ཡོད། །དམྱལ་བ་དང་པོ་ཡང་སོས་ཀྱི། །སྡུག་བསྔལ་ཁྱད་པར་འདི་ལྟ་སྟེ། །སེམས་ཅན་དེ་དག་ཚོགས་པའི་ཚེ། །ལས་ཀྱི་དབང་གིས་ཕན་ཚུན་ཀུན། །གཅིག་ལ་ཡང་ནི་གཅིག་གིས་ཀྱང་། །མཚོན་ཆ་སྣ་ཚོགས་སྣུན་པར་བྱེད། །དེ་ཡི་རྐྱེན་གྱིས་ཤི་བ་ན། །ནམ་མཁའ་ལས་ནི་ཁྱེད་ཅག་ཀུན། །སོས་པར་གྱུར་ཅིག་ཅེས་པའི་སྒྲ། །བྱུང་ཚེ་སླར་ཡང་ལངས་ནས་ནི། །སྔར་བཞིན་ཕན་ཚུན་མཚོན་རྡེག་པས། ཁོར་ཡུག་སྡུག་བསྔལ་དཔག་མེད་མྱོང་། །གཉིས་པ་དམྱལ་བ་ཐིག་ནག་ནི། །དམྱལ་བའི་སྲུང་མས་སེམས་ཅན་དེ། །བཟུང་ནས་ལུས་ལ་ཐིག་བཏབ་སྟེ། །སོག་ལེ་ལ་སོགས་མཚོན་རྣོན་པོས། །བཏབ་པ་ཇི་བཞིན་གཤེག་པར་བྱེད། །གསུམ་པ་དམྱལ་བ་བསྡུས་འཇོམས་ནི། །སེམས་ཅན་དེ་རྣམས་ལྷན་ཅིག་ཏུ། །འདུས་ཚེ་དམྱལ་བའི་སྲུང་མ་ཡིས། །ལྕགས་ཀྱི་རི་ཡི་བར་དག་ཏུ། །བཙིར་ནས་རྡུལ་བཞིན་རློག་བྱེད་ཅིང་། །དབང་བོའི་སྒོ་ལ་སོགས་པ་ནས། །ཁྲག་རྒྱུན་དམར་ཆལ་འབབ་པར་འགྱུར། །བཞི་པ་དམྱལ་བ་ངུ་འབོད་ནི། །སེམས་ཅན་དེ་དག་ལྕགས་ཁང་ནང་། །བཅུག་སྟེ་མེ་འབར་འཚིག་པར་བྱེད། །ལྔ་པ་ངུ་འབོད་ཆེན་པོ་ནི། །ལྕགས་ཁང་ཉིས་རིམ་ནང་བཅུག་ནས། །མེས་སྲེག་ངུ་འབོད་ཆེན་པོ་བྱེད། །དྲུག་པ་ཚ་བའི་དམྱལ་བ་ནི། །དམྱལ་བའི་སྲུང་མས་སེམས་ཅན་དེ། །བཟུང་ནས་ལྕགས་ཟངས་འབར་བའི་ནང་། །ཉ་ནི་གསོན་པོར་སྲེག་བཞིན་བྱེད། །ལྕགས་ཀྱི་གསལ་ཤིང་འབར་བ་ཡིས། །འཕོངས་ནས་ཕུག་སྟེ་སྤྱི་བོར་འབྱིན། །དེ་ཚེ་ཁ་མིག་རྣ་བ་དང་། །སྣ་བུག་བ་སྤུའི་བུ་ག་ནས། །མེ་ལྕེ་འབར་བས་སྲེག་པས་འཚིག །ལྕགས་ཀྱི་ས་གཞི་འབར་བ་ལ། །གན་རྐྱལ་བཞག་ནས་མེ་འབར་བའི། །ལྕགས་ཀྱི་ཐོ་བས་རྡུང་ཞིང་དམྱལ། །བདུན་པ་རབ་ཏུ་ཚ་བ་ནི། །ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པས། །འཕོངས་སུ་བཅུག་སྟེ་རྩེ་མོ་གསུམ། །སྤྱི་བོ་ཕྲག་པ་གཡས་གཡོན་འབྱིན། །དེ་ཚེ་ཁ་སོགས་དབང་བོའི་སྒོར། །མེ་ལྕེ་ཀུན་ནས་འབར་བས་སྲེག །ལྕགས་གླེགས་ཚ་ཞིང་འབར་བ་ཡིས། །ལུས་དཀྲིས་ལྕགས་ཟངས་འབར་བའི་ནང་། །སྲན་མ་བཞིན་དུ་བཙོས་པ་ན། །པགས་པ་ཤ་ཁྲག་ཀུན་ཞིག་སྟེ། །ཀེང་རུས་འབའ་ཞིག་ལུས་པའི་ཚེ། །ཕྱུང་སྟེ་ལྕགས་ཀྱི་ས་གཞིར་འགྲེམ། །སླར་ཡང་པགས་པ་སྐྱེས་པ་ན། །སྔར་བཞིན་ནང་བཅུག་ཁོར་ཡུག་ཏུ། །སྡུག་བསྔལ་དཔག་མེད་ཉམས་སུ་མྱོང་། །བརྒྱད་པ་མནར་མེད་དམྱལ་བ་ནི། །ཕྱོགས་བཞིའི་ལྕགས་ཀྱི་ས་གཞི་ནི། །ཤིན་ཏུ་འབར་ལས་མེ་ཡི་ཤུགས། །འོངས་ནས་སེམས་ཅན་དེ་དག་གི །པགས་པ་ཤ་རུས་རྒྱུ་མ་རྣམས། །རིམ་གྱིས་ཚིག་ནས་རྐང་ལ་ཐུག །དེ་ཚེ་མར་མེའི་སྡོང་བུ་བཞིན། །ལུས་ཀུན་མེ་ལྕེ་འབར་བས་ཁྱབ། །ལྕགས་ཀྱི་ཞིབ་མའི་ནང་དུ་ནི། །མེ་མདོག་འབར་བར་འཁྲབ་ཏུ་འཇུག །ལྕགས་ཀྱི་རི་ལ་འབབ་འཛེག་བྱེད། ཁ་ནས་ལྕེ་ཕྱུང་ཕུར་བུ་བརྒྱས། །རྒྱང་ཞིང་འཐེན་ནས་རྨོ་བར་བྱེད། །ལྕགས་ཀྱི་ཐུ་ལུམ་དམར་འབར་བ། ཁ་ཡི་ནང་དུ་འཇུག་པ་དང་། །ཚ་བའི་ཟངས་བསྐོལ་སྡུད་པར་བྱེད། །དེ་ཚེ་ཁ་དང་མགྲིན་པ་དང་། །རྒྱུ་མ་རྣམས་འཚིག་སྨད་ནས་འབྱུང་། །དེ་སོགས་སྡུག་བསྔལ་དཔག་ཏུ་མེད། །དེ་རྣམས་ཀྱི་ནི་ཚེ་ཡི་ཚད། །སྤྱིར་ན་མི་དགེའི་ལས་གང་ཡིན། །མ་ཟད་བར་དུ་མྱོང་བ་སྟེ། །བྱེ་བྲག་ཕྱེ་ན་འདི་ལྟར་རོ། །མི་ལོ་ལྔ་བཅུ་བསྡོམས་པ་ལ། །རྒྱལ་ཆེན་རིགས་བཞིའི་ཞག་གཅིག་སྟེ། །དེ་སུམ་ཅུ་ལ་ཟླ་བ་དང་། །དེ་བཅུ་གཉིས་ལ་ལོར་བྱས་པའི། །ལོ་ནི་ལྔ་བརྒྱ་རྒྱལ་ཆེན་བཞིའི། །ལྷ་ཡི་ཚེ་ཚད་ཡིན་པ་སྟེ། །དེ་རྣམས་གཅིག་ཏུ་བསྡོམས་བྱས་པ། །ཡང་སོས་དམྱལ་བའི་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་དང་། །བཅུ་གཉིས་ལོར་བྱས་ལྔ་བརྒྱ་ནི། །ཡང་སོས་དམྱལ་བའི་ཚེ་ཚད་དེ། །མི་ཡི་ལོ་ལྟར་བརྩིས་པའི་ཚེ། །དུང་ཕྱུར་སྟོང་ལས་ཆེས་ལྷག་པའི། །མི་ལོ་ཁྲག་ཁྲིག་ཆེན་པོ་གཅིག །ཁྲག་ཁྲིག་དྲུག་དང་ཐེར་འབུམ་ནི། །ཆེན་པོ་གཉིས་སུ་འགྱུར་བ་ཡིན། །འོན་ཀྱང་ཚ་དམྱལ་གཞན་ཀུན་ལས། །འདི་ཉིད་ཚེ་ལོ་ཐུང་བ་སྟེ། །དེ་ཡང་མི་ལོ་བརྒྱ་དང་ནི། །ཉིས་བརྒྱ་བཞི་བརྒྱ་བརྒྱད་བརྒྱ་དང་། །སྟོང་དང་དྲུག་བརྒྱ་རྣམས་རིམ་བཞིན། །སུམ་ཅུ་རྩ་གསུམ་འཐབ་བྲལ་དང་། །དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་དབང་། །སོ་སོའི་ཞག་རེ་ཡིན་པ་སྟེ། །རིམ་བཞིན་རང་གི་ལོ་སྟོང་དང་། །ཉིས་སྟོང་བཞི་སྟོང་བརྒྱད་སྟོང་དང་། །ཁྲི་དང་དྲུག་སྟོང་ཐུབ་འགྱུར་ཞིང་། །སུམ་ཅུ་རྩ་གསུམ་ལྷ་ཡི་ལོ། །སྟོང་ཕྲག་གཅིག་ཏུ་བསྡོམས་བྱས་པ། །ཐིག་ནག་དམྱལ་བའི་ཞག་གཅིག་ཡིན། །རང་ལོ་སྟོང་ཕྲག་གཅིག་ཐུབ་སྟེ། །དེ་ལ་མི་ལོ་རབ་བཀྲམ་གཅིག །ཁྲག་ཁྲིག་ཆེན་པོ་རྣམ་གཉིས་དང་། །ཁྲག་ཁྲིག་དགུ་དང་ཐེར་འབུམ་ནི། །ཆེན་པོ་དྲུག་ཏུ་འགྱུར་བ་ཡིན། །འཐབ་བྲལ་ལྷ་ཡི་ལོ་ཉིས་སྟོང་། །གཅིག་བསྡོམས་བསྡུས་འཇོམས་ཉིན་ཞག་གཅིག །རང་ལོ་ཉིས་སྟོང་ཐུབ་པོ་དེར། །མི་ལོ་རབ་བཀྲམ་ཆེན་པོ་གཅིག །ཁྲག་ཁྲིག་ཆེན་པོ་གསུམ་དང་ནི། །ཁྲག་ཁྲིག་དྲུག་དང་ཐེར་ཆེན་བརྒྱད། །དགའ་ལྡན་ལྷ་ཡི་ལོ་བཞི་སྟོང་། །གཅིག་བསྡོམས་ངུ་འབོད་ཉིན་ཞག་གཅིག །རང་ལོ་བཞི་སྟོང་ཐུབ་པོ་དེར། །མི་ལོ་རབ་བཀྲམ་ཆེན་པོ་བརྒྱད། །རབ་བཀྲམ་གཉིས་དང་ཁྲག་ཆེན་དགུ། །ཁྲག་ཁྲིག་བཞི་དང་ཐེར་ཆེན་བཞི། །འཕྲུལ་དགའི་ལྷ་ཡི་ལོ་བརྒྱད་སྟོང་། །གཅིག་བསྡུས་ངུ་འབོད་ཆེན་པོ་ཡི། །ཞག་གཅིག་རང་ལོ་བརྒྱད་སྟོང་ལ། །མི་ལོ་གཏམས་དྲུག་བཀྲམ་ཆེན་དྲུག །རབ་བཀྲམ་གསུམ་དང་ཁྲག་ཆེན་ལྔ། །ཁྲག་ཁྲིག་ལྔ་དང་ཐེར་ཆེན་གཉིས། །གཞན་འཕྲུལ་དབང་བྱེད་ལྷ་ཡི་ལོ། ཁྲི་དང་དྲུག་སྟོང་ཀུན་བསྡོམས་པ། །ཚ་བ་ཡི་ནི་ཞག་གཅིག་སྟེ། །རང་ལོ་ཁྲི་དང་དྲུག་སྟོང་སྟེ། །མེ་ལོའི་གྲངས་ནི་གཏམས་ཆེན་ལྔ། །གཏམས་གསུམ་རབ་བཀྲམ་བརྒྱད་དང་ནི། །ཁྲག་ཁྲིག་ཆེ་བཞི་ཁྲག་ཁྲིག་གཅིག །ཐེར་འབུམ་ཆེན་པོ་དྲུག་ཏུ་འགྱུར། །མདོར་ན་དེ་དག་ཀུན་གྱི་ཚེ། །སྔ་མ་སྔ་མ་རྣམས་ལས་ནི། །ཕྱི་མ་ཕྱི་མ་བརྒྱད་འགྱུར་རིང་། །རབ་ཏུ་ཚ་བ་བར་བསྐལ་ཕྱེད། །མནར་མེད་དམྱལ་བའི་ཚེ་ཚད་ནི། །བར་གྱི་བསྐལ་པ་གཅིག་ཐུབ་བོ། །དམྱལ་བ་བརྒྱད་པོ་རེ་རེ་ཡི། །ཕྱོགས་བཞིར་མེ་མ་མུར་གྱི་འོབས། །རོ་མྱགས་འདམ་དང་སྤུ་གྲིའི་ལམ། །ཆུ་བོ་རབ་མེད་རྣམ་པ་བཞི། །སྤུ་གྲིའི་ལམ་དང་ཉེ་བ་ན། །ཤ་མ་ལི་ཡི་ནགས་ཚལ་ཡོད། །དེ་དག་རེ་རེ་ན་ཡང་ནི། །སྡུག་བསྔལ་ཁྱད་པར་དཔག་མེད་མྱོང་། །ཚ་དམྱལ་བརྒྱད་ཀྱི་ཐད་སོ་ཡི། །དཔག་ཚད་ཁྲི་ཡི་ཕ་རོལ་ན། །གངས་རིའི་ཁོར་ཡུག་རླུང་འཚུབ་པའི། །གྲང་བའི་དམྱལ་བ་བརྒྱད་ཡོད་ལ། །དང་པོ་གྲང་དམྱལ་ཆུ་བུར་ཅན། །གྲང་བས་ལུས་ལ་ཆུ་བུར་བྱུང་། །གཉིས་པ་ཆུ་བུར་རྡོལ་བ་ནི། །ཤིན་ཏུ་གྲང་ནས་ཆུ་བུར་རྡོལ། །གསུམ་པ་གྲང་ནས་སོ་ཐམ་ཐམ། །བཞི་བ་གྲང་ནས་ཀྱི་ཧུད་ཟེར། །ལྔ་བས་ཨ་ཆུ་ཆུ་ཞེས་ཟེར། །དྲུག་པ་ཤིན་ཏུ་གྲང་བའི་སྟོབས། །ལུས་ནི་ཨུཏྤ་ལ་ལྟར་གས། །བདུན་པ་དེ་ལས་ཆེས་གྲང་ནས། །ལུས་ནི་པདྨ་ལྟ་བུར་གས། །བརྒྱད་པ་ཆེས་གྲང་ལུས་ཀྱི་མདོག །རབ་དམར་ཚལ་པ་བརྒྱར་གས་ཏེ། །པདྨ་ཆེན་པོ་ལྟ་བུར་གྱུར། །དང་པོའི་ཚེ་ཚད་མི་ལོའི་གྲངས། ཁྲག་ཁྲིག་བརྒྱད་དང་ཐེར་ཆེན་གཅིག །ལྷག་མ་བདུན་གྱི་ཚེ་ཚད་ནི། །ཉི་ཤུ་ཉི་ཤུས་འཕར་ཞིང་རིང་། །དམྱལ་བའི་སྡུག་བསྔལ་ཆེ་ཁྱད་ནི། །དཔེར་ན་མདུང་ཐུང་སུམ་བརྒྱ་ཡིས། །སུ་ལ་དུས་གཅིག་དྲག་བཏབ་སྟེ། །སྡུག་བསྔལ་བྱུང་བ་དེ་ཡིས་ནི། །དམྱལ་བའི་སྡུག་བསྔལ་ཆུང་ངུར་ཡང་། །འགྲན་པར་ནུས་པ་མིན་ནོ་གསུང་། །ཡི་དྭགས་གནས་སུ་སྐྱེས་པ་ཡང་། །ཟས་སྐོམ་མི་རྙེད་བཀྲེས་ཤིང་སྐོམ། །ཤ་པགས་སྡོང་དུམ་མེས་འཚིག་བཞིན། །ཆུ་ཀླུང་མཐོང་སྟེ་བརྒྱུགས་པ་ན། །དེ་ཚེ་རལ་གྲི་མདུང་ཐོགས་པའི། །སྐྱེས་བུས་འཐུང་དུ་མི་སྟེར་ཞིང་། །ཆུ་ཀླུང་རྣག་དང་ཁྲག་ཏུ་འགྱུར། །ཡི་དྭགས་རྣམ་པ་སྣ་ཚོགས་ལས། ཁ་ཅིག་གསུས་པ་ཡུལ་ལྗོངས་བཞིན། ཁ་ནི་ཁབ་ཀྱི་མིག་ཙམ་ཞིག །ཟས་སྐོམ་མི་རྙེད་རྙེད་གྱུར་ཀྱང་། ཁར་མི་ཤོངས་ཤིང་ཤོངས་ན་ཡང་། །གསུས་པ་ཁེངས་པར་མི་འགྱུར་རོ། །ཡང་ན་ལྟོ་བ་རྒྱུ་སོགས་འཚིག །ལ་ལ་མི་གཙང་ལྗན་ལྗིན་ཟ། ཁ་ཅིག་རང་ཤ་བཅད་ནས་ཟ། །ལ་ལ་མེ་བདག་ཟོས་ནས་འཚིག །དེ་དག་རྣམས་ཀྱི་ཚེ་ཡི་ཚད། །མི་ཡི་ཟླ་བ་གཅིག་ལ་ནི། །ཡི་དྭགས་ཀྱི་ནི་ཞག་གཅིག་སྟེ། །དེ་ལྟར་བརྩིས་པས་རང་གི་ལོ། །ལྔ་བརྒྱ་ཐུབ་པར་འགྱུར་བ་ཡིན། །དེ་དག་རྣམས་སུ་སྐྱེ་བའི་རྒྱུ། །མི་དགེ་སྤྱི་དང་ཁྱད་པར་དུ། །སྦྱིན་པ་ལ་སོགས་དགེ་ཕྱོགས་སུ། །སེར་སྣ་བྱས་ལས་འགྱུར་བ་ཡིན། །དུད་འགྲོར་སྐྱེས་ཚེ་གཅིག་གིས་གཅིག ། གསོད་དང་ཟ་བའི་སྡུག་བསྔལ་དང་། །རྨོངས་ཤིང་ལེགས་ཉེས་འབྱེད་མི་ཤེས། །ལྷ་དང་མི་ཡི་དབང་འགྱུར་བ། ཁུར་བསྐུར་བཅིངས་དང་རྡེག་སོགས་ཀྱིས། །སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་། །ཚེ་ཚད་རིང་བ་བསྐལ་བ་དང་། །ཐུང་བ་ཉིན་ཞག་གཅིག་ཀྱང་སྲིད། །དེ་ཕྱིར་ངན་སོང་གསུམ་དག་ན། །དུས་མིན་འཆི་བ་ཡོད་པ སྟེ། །ལས་སྟོབས་ཆེ་ཆུང་ཁྱད་པར་གྱིས། །ལ་ལ་སྐྱེས་ཙམ་ཉིད་ནས་ཐར། །འགའ་ཞིག་བར་སྐབས་ནས་ཀྱང་ཐར། །གཞན་དག་ཚེ་ནི་རྫོགས་ཀྱི་བར། །གལ་ཏེ་མི་དགེའི་ལས་དེ་ཉིད། །ཟད་ན་བདེ་འགྲོར་སྐྱེ་འགྱུར་ཡང་། །མ་ཟད་དམྱལ་བ་ནས་འཕོས་ཏེ། །ཡི་དྭགས་གནས་སུ་སྐྱེ་བའམ། །ཡང་ན་དུད་འགྲོར་སྐྱེ་འགྱུར་ལ། །ཡི་དྭགས་ནས་ནི་དམྱལ་བ་དང་། །དུད་འགྲོར་སྐྱེ་བར་འགྱུར་བའམ། །དུད་འགྲོ་ནས་ནི་དམྱལ་བ་དང་། །ཡི་དྭགས་གནས་སུ་སྐྱེ་བའང་ཡོད། །འགྲོ་དྲུག་གནས་ནས་ངན་འགྲོ་རུ། །སྐྱེ་བ་ས་ཡི་རྡུལ་འདྲ་སྟེ། །དེ་ནས་བདེ་འགྲོར་སྐྱེ་བ་ནི། །ཐུབ་པའི་ཕྱག་སེན་རྩེ་མོ་ཡིས། །བཞེས་པའི་རྡུལ་བཞིན་ཤིན་ཏུ་ཉུང་། །མི་དགེ་ཁོ་ནས་ངན་སོང་དང་། །དགེ་བ་ཁོ་ནས་བདེ་འགྲོ་རུ། །སྐྱེ་བར་ངེས་མོད་དགེ་སྡིག་གཉིས། །འདྲེས་མར་སྤྱད་པས་འབྲས་བུ་ཡང་། །བདེ་སྡུག་འདྲེས་མར་མྱོང་བར་འགྱུར། །དཔེར་ན་ཁ་ཅིག་ཚེ་སྟོད་བདེ། །ཚེ་སྨད་སྡུག་བསྔལ་མྱོང་བ་དང་། །ལ་ལ་ཚེ་སྟོད་སྡུག་པ་ལས། །ཚེ་སྨད་བདེ་བར་འགྱུར་བ་བཞིན། །ལ་ལ་སྔོན་ལས་གཙོ་ཆེ་བར། །གནས་སྐབས་རྐྱེན་གྱིས་བསྒྱུར་བའང་སྲིད། །ཚེ་འདིར་དགེ་ལ་མི་སྤྱོད་པའི། །སྐྱེས་བུ་ཁ་ཅིག་ལོངས་སྤྱོད་སོགས། །བདེ་བར་ལྡན་པར་སྣང་དེ་ནི། །སྔོན་ལས་རྒྱུ་བྱས་འཕྲལ་རྐྱེན་ལ། །བརྟེན་ནས་བྱུང་མེད་ལས་འབྲས་ཀྱི། ཁྱད་པར་མི་ཤེས་སྐྱེས་བུ་འགས། །རང་སྟོབས་ཁོ་ནས་བྱས་སྙམ་ཡང་། །དེ་ལྟར་ཡིན་ན་ཁྱོད་ཉིད་ཀྱིས། །གྲོ་ནས་སྲན་མ་ལ་སོགས་པའི། །ས་བོན་བཏབ་པ་གང་ཡིན་ལས། །འབྲས་བུ་སོ་སོར་མ་ནོར་བར། །བསྐྱེད་ཅིང་དེ་ཡི་ཁ་དོག་དང་། །རིང་ཐུང་ལ་སོགས་དབྱིབས་རྣམས་ཀྱི། ཁྱད་པར་ཇི་སྙེད་ཡོད་གྱུར་གང་། །དེ་དག་ཁྱོད་ཀྱིས་བྱས་སམ་ཅི། །བྱས་ན་ཁྱོད་ནི་ངོ་མཚར་ཆེ། །ཡང་ན་ཁྱོད་རང་ཇི་ལྟར་འཇོག །ཁྱོད་ཀྱི་མགོ་དང་རྐང་ལག་དང་། །མིག་རྣ་ལ་སོགས་ཁྱོད་ཡིན་ནམ། །ཡང་ན་རྣམ་པར་ཤེས་པ་ཁྱོད། །དེ་ལས་གཞན་པ་གང་ཞིག་ཡིན། །ཡིན་ན་ཁྱོད་ཀྱིས་བརྗོད་པར་གྱིས། །མགོ་ལ་སོགས་པ་ཁྱོད་ཡིན་ན། །སྔོན་མེད་མ་མཐོང་ཡ་མཚན་ཆེ། །དེ་ལྟ་ན་ནི་ཁྱོད་ཉིད་གཟུགས། །གཟུགས་ཡིན་གྱུར་པའི་གང་ཟག་སུ། །མིག་སོགས་ཡིན་ནའང་དེ་བཞིན་འགྱུར། །རྣམ་པར་ཤེས་པ་ཁྱོད་ཡིན་ན། །རྣམ་ཤེས་གཟུགས་ཅན་ཁྱོད་མཐོང་ངམ། །གལ་ཏེ་དེ་དག་ལས་གཞན་ན། །ཁྱོད་ཀྱི་ལུས་དང་ཡན་ལག་ལས། །དོན་གཞན་ཡན་གར་ཡོད་ན་དེ། །ཁྱོད་ཀྱིས་དེ་ལྟ་སྟོན་པར་རིགས། །གལ་ཏེ་རང་ཉིད་ཚུལ་བཞིན་དུ། །འཇོག་མི་ཤེས་སོ་ཟེར་ན་ནི། །རང་ཉིད་འཇོག་ཀྱང་མི་ཤེས་པ། །ཁྱོད་ཀྱིས་ལས་འབྲས་ཕྲ་བ་ཡི། །འཇོག་ཚུལ་ཇི་ལྟར་ཤེས་པར་ནུས། །དེ་ཕྱིར་འཇིག་རྟེན་མཐོང་བ་ཡི། །སྣང་ཚུལ་འདི་ཙམ་རྗེས་འབྲང་ནས། །ཤིན་ཏུ་ཕྲ་བའི་ལས་འབྲས་ལ། །ལོག་པར་ལྟ་བར་མ་བྱེད་ཅིག །ཅི་ཕྱིར་ཞེ་ན་སངས་རྒྱས་དང་། །རྒྱལ་སྲས་རིགས་པའི་དབང་ཕྱུག་གིས། །ལས་འབྲས་ངེས་པ་བསྐྱེད་པའི་ཕྱིར། །རིགས་པའི་རྣམ་གྲངས་བྱེ་བ་བརྒྱས། །ལེགས་པར་གཏན་ལ་ཕབ་པའི་ཚུལ། །ཕྲ་ཞིང་རྟོགས་པར་དཀའ་བ་ཉིད། །མཁས་པ་ཡིས་ཀྱང་ངེས་དཀའ་ན། །རྨོངས་པ་ཁྱོད་ལྟས་ཇི་ལྟར་ཤེས། །དེ་ཕྱིར་ལས་དང་འབྲས་བུའི་ཚུལ། །བསམ་གྱིས་མི་ཁྱབ་ཉིད་དོ་ཞེས། །གུས་པར་བྱས་ན་ངན་འགྲོ་ལས། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །འཇིག་རྟེན་པ་ཡི་ཡང་དག་ལྟ། །མི་གང་སུ་ལ་ཡོད་གྱུར་པ། །དེ་ནི་བསྐལ་པ་སྟོང་རྣམས་སུ། །ངན་འགྲོར་འགྲོ་བར་མི་འགྱུར་གསུང་། །གཞན་དུ་ལོག་ལྟས་ངན་འགྲོར་འཕེན། །གཞན་ཡང་ངན་འགྲོ་ལས་ཐར་ཏེ། །བདེ་འགྲོར་སྐྱེ་བར་འདོད་གྱུར་ན། །སྐྱབས་གནས་དཀོན་མཆོག་གསུམ་པོ་ལ། །ཚིག་ཙམ་བརྗོད་པ་མ་ཡིན་པར། །འཇིགས་པ་དག་ལས་སྐྱོབ་པའི་ཆེད། །རེ་བལྟོས་སྙིང་ནས་འཆའ་བ་ཡི། །སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་དགོས། །དེ་ཡང་དཀར་ནག་ལས་འབྲས་ལ། །བླང་དོར་བྱེད་པར་རག་ལས་སོ། །དེ་ལ་ཐོག་མར་དད་པ་དགོས། །དད་པ་ཡིས་ནི་ངན་སོང་སྤོང་། །དད་པས་མཐོ་རིས་འཁྲིད་པར་བྱེད། །དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལས། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །སུ་ཞིག་དཀོན་མཆོག་གསུམ་པོ་ལ། །སྐྱབས་སུ་མ་སོང་གང་ཡིན་པ། །དེ་ནི་ནང་བ་མ་ཡིན་ཏེ། །ནང་པའི་ཁྱད་པར་དཀོན་མཆོག་ལ། །སྐྱབས་སུ་སོང་ནས་འཇོག་ཕྱིར་རོ། །དེ་ཡང་སྐྱབས་གནས་སངས་རྒྱས་ཉིད། །དོན་གཉིས་མཐའ་རུ་ཕྱིན་པ་སྟེ། །དབྱེ་ན་ཆོས་དང་གཟུགས་སྐུ་གཉིས། །ཆོས་ལ་གྲོལ་བྱེད་ལམ་བདེན་དང་། །གྲོལ་བ་འགོག་པའི་བདེན་པ་གཉིས། །དགེ་འདུན་སྐྱེ་འཕགས་རྣམ་གཉིས་ལས། །གཙོ་བོ་འཕགས་པའི་གང་ཟག་སྟེ། །འདིར་ནི་རྒྱས་པར་བརྗོད་མི་བྱེད། །མི་ཤེས་རྨོངས་པ་ཁ་ཅིག་ནི། །ཕྱོགས་བཅུའི་ནམ་མཁའི་ཁྱོན་གྱི་མཐའ། །ཇི་སྙེད་སངས་རྒྱས་ཞིང་རྣམས་ན། །སུས་ཀྱང་གྲངས་ཀྱིས་མི་ལང་བའི། །གྲངས་མེད་སངས་རྒྱས་བཅོམ་ལྡན་འདས། །མཆིས་ཤིང་དེ་ཡང་ལ་ལ་ནི། །ཤིན་ཏུ་དག་པའི་ཞིང་རྣམས་ན། །དགྱེས་དགུར་སྤྱོད་ཅིང་བཞུགས་པ་དང་། ཁ་ཅིག་གདུལ་བྱའི་དབང་གིས་ནི། །ཅི་ལྟར་རིགས་པའི་ཞིང་དག་ན། །བཞུགས་པའི་ཁྱད་པར་ལུང་དང་ནི། །རིགས་པ་ཡིས་ནི་མི་ཤེས་པར། །སངས་རྒྱས་སྤྲུལ་པའི་སྐྱེས་ཆེན་ནམ། །རྒྱལ་སྲས་འགྲོ་བའི་དོན་བྱེད་པའི། །དམ་པའི་སྐྱེས་བུ་ཀུན་མཁྱེན་དུ། །བཏགས་པ་འགའ་ཞིག་སངས་རྒྱས་སུ། །བཟུང་ནས་སངས་རྒྱས་ཀུན་ཀྱང་ནི། །འདི་འདྲའི་ངང་ཚུལ་ཡིན་ནམ་སེམས། །སངས་རྒྱས་ཉིད་ཀྱང་ཐ་མལ་པའི། །སྐྱེས་བུ་བཞིན་དུ་འཆི་སྙམ་སྟེ། །ལས་འབྲས་ལོག་པར་ལྟ་བྱེད་པའི། །ལྟ་ངན་རྒྱུད་ལ་གོམས་པར་བྱེད། །དེ་ལྟར་ལྟ་བའི་སྐྱེས་བུ་དེས། །ནམ་མཁའ་ཁམས་ཀྱི་རྒྱ་ཆོད་དམ། །ཤེས་བྱའི་མཐའ་ཡང་འཛིན་འདོད་ཕྱིར། །འདི་ལས་རྨོངས་པ་གཞན་སུ་ཞིག །སེམས་ཅན་ཁམས་དང་སངས་རྒྱས་ཀྱི། །མཐའ་ཚད་ཀུན་མཁྱེན་ཡེ་ཤེས་ཀྱིས། །མ་རྙེད་གང་དེ་འདི་འདྲའི་མིས། །ཤེས་པར་འདོད་ཕྱིར་ཨེ་མ་མཚར། །དེ་བས་གདུལ་བྱའི་བསམ་པ་དང་། །བསྟུན་པའི་ཚུལ་ལས་གཞན་དུ་ནི། །སངས་རྒྱས་རང་ཉིད་ཀྱིས་བརྙེས་པའི། །སྐུ་གསུང་ཐུགས་ཀྱི་གསང་བའི་གནས། །བསམ་གྱིས་མི་ཁྱབ་ཇི་སྙེད་ཚུལ། །རྒྱལ་སྲས་ཉན་རང་འཕགས་པ་དང་། །ལྷ་དང་མི་སོགས་འཇིག་རྟེན་གྱིས། །ཇི་བཞིན་ཤེས་པར་མི་ནུས་ན། །གཞན་པ་སུ་ཞིག་གིས་ནི་ཤེས། །དེས་ན་སངས་རྒྱས་རྣམས་ཀྱི་ནི། །གསང་བ་བསམ་གྱིས་མི་ཁྱབ་ཅེས། །ཡོངས་སུ་ཤེས་པ་གང་ཡིན་དེས། །སངས་རྒྱས་ཆོས་རྣམས་ཤེས་ནུས་ཤིང་། །ཀུན་མཁྱེན་ཉིད་ཀྱང་འཐོབ་བཤད་ན། །བདེ་འགྲོར་སྐྱེ་བ་ལྟ་ཅི་སྨོས། །སངས་རྒྱས་ལ་ནི་སྐྱབས་སོང་བས། །འཇིག་རྟེན་ལྷ་ལ་སྐྱབས་མི་འགྲོ། །ཆོས་ལ་སྐྱབས་སུ་སོང་བས་ནི། །སེམས་ཅན་གཞན་ལ་གནོད་འཚེ་སྤོང་། །དགེ་འདུན་ལ་ནི་སྐྱབས་སོང་ཚེ། །གྲོགས་ངན་མུ་སྟེགས་ཅན་མི་འགྲོགས། །དུས་ཀུན་ཕྱག་མཆོད་སྡིག་བཤགས་སོགས། །ཡན་ལག་བདུན་པའི་ཚུལ་ལ་འབད། །བདེ་འགྲོར་སྐྱེ་བའི་རྒྱུ་མང་ཡང་། །གཙོ་བོ་དགེ་བ་བཅུ་ཉིད་དེ། །བཟློག་ན་མི་དགེ་རྣམ་པ་བཅུ། །དེ་ཡང་སྲོག་གཅོད་མ་བྱིན་ལེན། །ལོག་གཡེམ་རྫུན་དུ་སྨྲ་བ་དང་། །ཕྲ་མ་ཚིག་རྩུབ་ངག་ཀྱལ་དང་། །བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ། །ལུས་ཀྱི་གསུམ་དང་ངག་གི་བཞི། །ཡིད་ཀྱི་གསུམ་སྟེ་བཅུ་རྣམས་སོ། །དགེ་བ་ཆེ་འབྲིང་ཆུང་གསུམ་གྱིས། །རིམ་བཞིན་གོང་མའི་ལྷ་དག་དང་། །འདོད་ལྷ་མི་རུ་སྐྱེ་འགྱུར་ལ། །མི་དགེ་ཆེ་འབྲིང་ཆུང་གསུམ་རིམ། །དམྱལ་བ་ཡི་དྭགས་དུད་འགྲོར་སྐྱེ། །ལས་ཀྱི་འབྲས་བུ་ཚེ་འདི་འམ། །ཕྱི་མ་ཉིད་དུ་མྱོང་བ་དང། །ཕྱི་མའི་ཕྱི་མར་མྱོང་བ་གསུམ། །གཞན་ཡང་མྱོང་བར་ངེས་པ་དང་། །མྱོང་བར་མ་ངེས་ལས་རྣམ་གཉིས། །མ་བྱས་མ་བསགས་བྱས་ཤིང་བསགས། །བསགས་ལ་མ་བྱས་ལས་རྣམ་གསུམ། །འཕེན་བྱེད་དགེ་བས་འཕངས་པ་ལ། །རྫོགས་བྱེད་དགེ་བས་རྫོགས་པ་དང་། །མི་དགེས་རྫོགས་པ་གཉིས་ཡོད་དེ། །དཔེར་ན་བདེ་འགྲོར་སྐྱེས་པ་གང་། །དུས་ཀུན་དུ་ནི་བདེ་བ་དང་། །བདེར་འགྲོར་སྐྱེས་ཀྱང་དབུལ་བོ་བཞིན། །འཕེན་བྱེད་མི་དགེས་འཕངས་པ་ལ། །མི་དགེའི་ལས་ཀྱིིས་རྫོགས་པ་དང་། །དགེ་བས་རྫོགས་པ་རྣམ་གཉིས་ཏེ། །དཔེར་ན་ངན་འགྲོར་སྐྱེས་པ་གང་། །དུས་རྣམས་ཀུན་ཏུ་སྡུག་བསྔལ་དང་། །དུད་འགྲོར་སྐྱེས་ཀྱང་བདེ་བ་བཞིན། །དེ་ཡང་རིན་ཆེན་ཕྲེང་བ་ལས། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཞེས་པའི་ཚུལ་གྱིས་ལས་གཉིས་ལས། །འབྲས་བུ་སོ་སོར་མི་འཁྲུལ་པར། །འབྱུང་གི་གཞན་དུ་འགྱུར་བ་མེད། །ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་འཐོབ་འགྱུར་བར། །གསུངས་ཕྱིར་ལས་འབྲས་ཕྲ་བ་ཀུན། །སངས་རྒྱས་ཀྱིས་མཁྱེན་གཞན་གྱིས་མིན། །ལུས་ཅན་ཀུན་གྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པ་ཉིད་འགྱུར་བར། །གསུངས་ཕྱིར་མི་དགེའི་ལས་ཀྱིས་ནི། །བཤགས་པ་ལ་སོགས་རྐྱེན་མེད་ན། །འབྲས་བུ་སྡུག་བསྔལ་འབྱིན་འགྱུར་བས། །དེ་ཕྱིར་སྟོབས་བཞི་བསྟེན་པར་བྱ། །མི་དགེའི་ལས་ལ་འགྱོད་པའི་སེམས། །མང་དུ་བྱས་ཏེ་བཤགས་པ་ནི། །དང་པོ་རྣམ་པར་སུན་འབྱིན་སྟོབས། །མདོ་སྡེ་ཟབ་མོ་གཟུངས་སྔགས་འདོན། །རྟེན་བཞེངས་མཆོད་པ་འབུལ་བ་དང་། །སྟོང་པ་ཉིད་ལ་མོས་པ་དང་། །སངས་རྒྱས་བྱང་སེམས་རྣམས་ཀྱི་མཚན། །བརྗོད་སོགས་གཉེན་པོ་ཀུན་སྤྱོད་སྟོབས། །ཕྱིན་ཆད་སྡིག་པ་མི་བྱེད་པར། །དམ་བཅའ་བརྟན་པོ་བྱེད་པ་ནི། །ཉེས་པ་ལས་ནི་སླར་ལོག་སྟོབས། །སྐྱབས་འགྲོ་བྱང་ཆུབ་སེམས་སྒོམ་སོགས། །རྟེན་གྱི་སྟོབས་སུ་རྒྱལ་བས་བཤད། །འདི་བཞི་རྒྱུན་དུ་བསྟེན་བྱེད་ན། །ལས་ཀྱི་སྒྲིབ་པ་ཀུན་བྱང་སྟེ། །ངན་འགྲོ་ལས་གྲོལ་ཐེ་ཚོམ་མེད། །ལས་དང་ཉོན་མོངས་རྣམ་གཉིས་ལས། །དང་པོའི་ལས་ཅན་གང་ཟག་གིས། །ལས་སྒྲིབ་སྦྱོང་པ་གནད་ཆེ་བར། །བློ་བཟང་རྒྱལ་པ་གཉིས་པས་བཤད། །ཐར་བ་འདོད་པས་ཐོག་མར་འདི་ལྟར་བསམ། །བདེ་འགྲོ་ན་ཡང་བདེ་སྡུག་འདྲེས་མ་དང་། །ཚེ་ལའང་རིང་ཐུང་སྣ་ཚོགས་འདི་ལྟ་སྟེ། །སྒྲ་མི་སྙན་པ་ཚེ་སྟོང་ཐུབ་ངེས་ཤིང་། །ནུབ་ཏུ་ལྔ་བརྒྱ་ཤར་དུ་ཕྱེད་སུམ་བརྒྱ། །འཛམ་གླིང་འདི་ན་ད་ལྟ་བརྒྱད་ཅུ་མན། །སྔོན་ཚེ་དཔག་མེད་མ་འོངས་བཅུ་བར་འགྱུར། །རྒྱལ་ཆེན་རིགས་བཞིའི་ལྷ་ཡི་ཚེ་ཚད་ནི། །མི་ལོ་ས་ཡ་དགུའོ་ལྷག་མ་ནི། །བཞི་འགྱུར་གྱིས་རིང་སུམ་ཅུ་རྩ་གསུམ་ནི། །མི་ལོ་བྱེ་བ་གསུམ་དང་ས་ཡ་དྲུག །འཐབ་བྲལ་དུང་གཅིག་བྱེ་བཞི་ས་ཡ་བཞི། །དགའ་ལྡན་དུང་ལྔ་བྱེ་བདུན་ས་ཡ་དྲུག །འཕྲུལ་དགའ་ཐེར་འབུམ་གཉིས་དང་དུང་འཕྱུར་གསུམ། །ས་ཡ་བཞིར་འགྱུར་གཞན་འཕྲུལ་དབང་བྱེད་པ། །མི་ལོ་ཐེར་འབུམ་དགུ་དང་དུང་འཕྱུར་གཉིས། །བྱེ་བ་གཅིག་དང་ས་ཡ་དྲུག་ཐུབ་འགྱུར། །གཟུགས་ཁམས་ཚངས་རིས་ཚེ་ནི་བར་བསྐལ་ཕྱེད། །འདུན་ན་འདོན་དང་ཚངས་ཆེན་ཕྱེད་ཕྱེད་རིང་། །འོད་ཆུང་ནས་བཟུང་བསྐལ་བ་ཆེན་པོའོ། །གཟུགས་མེད་ནམ་མཁའ་མཐའ་ཡས་ལ་སོགས་བཞི། །རིམ་བཞིན་ཚེ་ཚད་བསྐལ་ཆེན་ཉི་ཁྲི་དང་། །བཞི་ཁྲི་དྲུག་ཁྲི་བརྒྱད་ཁྲི་ཐུབ་པར་བཤད། །འོན་ཀྱང་དེ་དག་དུས་མིན་འཆི་བ་ཡོད། ཁ་དོག་ལོངས་སྤྱོད་སོགས་ཀྱི་ཁྱད་པར་ནི། །སྒྲ་མི་སྙན་དང་གཟུགས་ཁམས་ལྷ་རྣམས་དཀར། །གླིང་གཞན་གསུམ་དང་འདོད་ལྷ་རིགས་དྲུག་ན། ཁ་དོག་སྣ་ཚོགས་ཉིད་དུ་གྱུར་བ་ཡོད། ཁ་ཟས་སྒྲ་མི་སྙན་ན་མ་འབད་པར། །མ་རྨོས་ལོ་ཏོག་དཔག་བསམ་ཤིང་སོགས་ལས། །བྱུང་བའི་ཟས་དང་གོས་ལ་ལོངས་སྤྱོད་ཅིང་། །གླིང་གཞན་གསུམ་ན་འབད་པས་བསྒྲུབས་ཏེ་སྤྱོད། །འདོད་ལྷ་དྲུག་ལ་རང་གིས་བསྒྲུབས་པ་དང་། །མ་བསྒྲུབས་དཔག་བསམ་ཤིང་ལས་བྱུང་བ་ཡི། །ཟས་དང་གོས་ཀྱི་ཁྱད་པར་རྣམས་ལ་སྤྱོད། །བསྒྲུབ་པའང་སྤྲུལ་པའི་ཟས་གོས་ལྟ་བུ་སྟེ། །ཞིང་གི་སོ་ནོམ་བྱས་ལས་བྱུང་བ་མིན། །ནོར་དང་འབྲུ་ནི་ལྷ་གནས་ཡོད་མ་ཡིན། །གཟུགས་ཁམས་གཙོ་བོར་ཏིང་འཛིན་ཟས་ལ་སྤྱོད། །ཚ་གྲང་སྡུག་བསྔལ་ལྷ་དང་བྱང་ན་མེད། །གཟུགས་ཁམས་ཡན་ན་དབྱར་སོགས་དུས་བཞི་དང་། །ཉིན་མཚན་ཕ་མ་བྲན་གྱི་ཁྱད་པར་མེད། །འདོད་ཁམས་ལྷ་རུ་རྫུས་ཏེ་སྐྱེ་བ་ནི། །ལྷ་མོའི་པང་དང་ཕྲག་པར་ཐོལ་གྱིས་འབྱུང་། །གཟུགས་ཁམས་ལྷ་རྣམས་གོས་དང་བཅས་པར་སྐྱེ། །གཟུགས་མེད་ཁམས་ན་ཁྱད་པར་དེ་དག་མེད། །སྒྲ་མི་སྙན་དང་ལྷ་ཡི་གནས་དག་ན། །ཟག་བཅས་བདེ་བའི་ཁྱད་པར་དུ་མ་མྱོང་། །དེ་དག་དགེ་བའི་ལས་སྟོབས་ཆེ་ཆུང་གིས། །ལོངས་སྤྱོད་ཆེ་ཆུང་ཁྱད་པར་དག་ཀྱང་འབྱུང་། །འོན་ཏེ་སྡུག་བསྔལ་དག་ཀྱང་འདི་ལྟར་ཡོད། །རྒྱལ་ཆེན་རིགས་བཞི་སུམ་ཅུ་རྩ་གསུམ་རྣམས། །ལྷ་མ་ཡིན་དང་འཐབ་པས་ལུས་ཀྱི་གནད། །བཅད་ཅིང་བཏུབ་པའི་སྡུག་བསྔལ་དུ་མ་དང་། །འཐབ་བྲལ་སོགས་ན་དེ་ལྟར་ཡོད་མིན་ཀྱང་། །འཆི་ལྟས་མཐོང་བས་སྡུག་བསྔལ་དཔག་ཏུ་མེད། །གཟུགས་དང་གཟུགས་མེད་ཁམས་ཀྱི་ལྷ་རྣམས་ལ། །འཇིག་རྟེན་གྲགས་པའི་སྡུག་བསྔལ་རིགས་མེད་ཅིང་། །ཏིང་འཛིན་བདེ་ལ་ཡུན་རིང་གནས་མོད་ཀྱང་། །འདུ་བྱེད་སྡུག་བསྔལ་ཉིད་ཀྱིས་བཅིངས་པའི་ཕྱིར། །ནམ་མཁར་འཕུར་བའི་བྱ་ནི་ཇི་བཞིན་དུ། །སླར་ཡང་འོག་མའི་གནས་སུ་ལྟུང་བར་འགྱུར། །ལྷ་མིན་འཐབ་ཅིང་རྩོད་པའི་སྡུག་བསྔལ་དང་། །མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཏེ། །དེ་ལྟར་འགྲོ་བ་རིགས་དྲུག་ཐམས་ཅད་ཀྱང་། །འདུ་བྱེད་སྡུག་བསྔལ་འགྱུར་བའི་སྡུག་བསྔལ་དང་། །སྡུག་བསྔལ་གྱི་ནི་སྡུག་བསྔལ་གསུམ་པོ་ལས། །གང་ཡང་རུང་བས་གཟིར་བའི་ཚུལ་བསམ་བྱ། །དེ་ཡང་ཉེ་བར་ལེན་པའི་ཕུང་བོ་ལྔ། །རང་དབང་མི་ཐུབ་མི་རྟག་འཇིག་པའི་ཕྱིར། །ཁྱབ་པ་འདུ་བྱེད་སྡུག་བསྔལ་ཅེས་བྱ་ལ། །ཤིན་ཏུ་ཚ་ཚེ་བསིལ་བར་གྱུར་པ་དང་། །ཟས་ཀྱི་ཚོར་བ་བདེ་བ་མྱོང་བ་དག །འགྱུར་བའི་སྡུག་བསྔལ་ཉིད་དུ་རྣམ་པར་བཞག །ནད་ལ་སོགས་པའི་རྐྱེན་ལས་བྱུང་བ་ཡི། །ཚོར་བ་སྡུག་བསྔལ་གཟིར་བ་གང་ཡིན་དེ། །སྡུག་བསྔལ་གྱི་ནི་སྡུག་བསྔལ་ཞེས་བྱ་སྟེ། །མདོར་ན་ཁམས་གསུམ་འཁོར་བ་གར་སྐྱེས་ཀྱང་། །སྡུག་བདེན་རང་བཞིན་ཉིད་ལས་མ་འདས་པས། །ཐར་བ་འདོད་ཕྱིར་ངེས་འབྱུང་བསམ་པ་བསྐྱེད། །སྡུག་བསྔལ་གང་ལས་བྱུང་བའི་དང་པོའི་རྒྱུ། །ཉོན་མོངས་ཉིད་ཡིན་དེ་ལས་ལས་སོགས་འབྱུང་། །དེ་ཕྱིར་ཉོན་མོངས་འདོད་ཆགས་ཞེ་སྡང་དང་། །གཏི་མུག་ང་རྒྱལ་ཕྲག་དོག་སེར་སྣ་སོགས། །ཇི་ལྟར་ནུས་པའི་གཉེན་པོས་སྤོང་བར་རིགས། །དེ་ཡང་སྡུག་བསྔལ་གསུམ་གྱི་རིགས་རྣམས་ཀུན། །ཚུལ་བཞིན་ཤེས་པ་སྡུག་བསྔལ་བདེན་པ་ཤེས། །ཉོན་མོངས་ཚོགས་ཀྱི་སྐྱེ་དང་གནས་ཚུལ་རིག །ཀུན་འབྱུང་འཕགས་པའི་བདེན་པ་ཤེས་པ་ཉིད། །སྡུག་བསྔལ་ལས་ནི་གྲོལ་བའི་ཐབས་ཤེས་ན། །དེ་ཚེ་ལམ་གྱི་བདེན་པ་ཤེས་པ་སྟེ། །ལམ་གྱིས་སྡུག་བསྔལ་འགོག་ཅིང་འགགས་པ་ཤེས། །འགོག་པ་འཕགས་པའི་བདེན་པ་ཤེས་པའོ། །ཉོན་མོངས་རྒྱུ་ཡིན་སྡུག་བསྔལ་འབྲས་བུ་སྟེ། །ལམ་བདེན་རྒྱུ་སྟེ་འགོག་བདེན་འབྲས་བུའོ། །གཞན་ཡང་མ་རིག་འདུ་བྱེད་རྣམ་ཤེས་དང་། །མིང་གཟུགས་སྐྱེ་མཆེད་རེག་པ་ཚོར་བ་དང་། །སྲེད་དང་ལེན་པ་སྲིད་པ་སྐྱེ་བ་དང་། །རྒ་ཤི་ཡན་ལག་བཅུ་གཉིས་འཁོར་ལོ་འདིས། །འཁོར་བའི་སེམས་ཅན་བར་མཚམས་མེད་པར་འཁོར། །དེ་ཡང་མ་རིག་དབང་གིས་ལས་བསགས་ཏེ། །དེ་ཡི་བག་ཆགས་རྣམ་ཤེས་ལ་བསྒོས་པ། །སྲེད་ལེན་གཉིས་ཀྱིས་ལེགས་པར་གསོས་བཏབ་ནས། །རྣམ་ཤེས་ཕྱི་མར་ཉིང་མཚམས་སྦྱར་བ་ན། །མིང་གཟུགས་སྐྱེ་མཆེད་རེག་པ་ཚོར་བ་དང་། །སྐྱེ་དང་རྒ་ཤིའི་རྟེན་འབྲེལ་རིམ་པར་འགྲུབ། །མ་རིག་འདུ་བྱེད་འཕེན་པའི་རྒྱུ་ཡིན་ལ། །འབྲས་དུས་རྣམ་ཤེས་མིང་གཟུགས་ནས་བཟུང་སྟེ། །ཚོར་བའི་བར་ལྔ་འཕངས་པའི་འབྲས་བུའོ། །ཇི་ལྟར་འཕངས་ན་རྒྱུ་དུས་རྣམ་ཤེས་ལ། །ལས་ཀྱིས་བག་ཆགས་བསྒོས་པའི་ཚུལ་གྱིས་འཕེན། །སྲེད་ལེན་སྲིད་ལས་འགྲུབ་པའི་རྒྱུ་ཉིད་དེ། །སྐྱེ་དང་རྒ་ཤི་གྲུབ་པའི་འབྲས་བུའོ། །ཇི་ལྟར་འགྲུབ་ན་བག་ཆགས་བསྒོས་པ་དེ། །ནུས་མཐུ་ཅན་དུ་བྱས་པའི་ཚུལ་གྱིས་སོ། །མ་རིག་པ་དང་སྲེད་པ་ལེན་པ་གསུམ། །ཉོན་མོངས་ཡིན་ཏེ་འདུ་བྱེད་སྲིད་པ་ལས། །རྣམ་ཤེས་མིང་གཟུགས་སྐྱེ་མཆེད་རེག་ཚོར་དང་། །སྐྱེ་བ་རྒ་ཤི་བདུན་ནི་སྡུག་བདེན་ནོ། །ཉོན་མོངས་གསུམ་ལས་ལས་ནི་གཉིས་འབྱུང་ཞིང་། །དེ་ལས་སྡུག་བསྔལ་བདུན་འབྱུང་བདུན་ལས་སླར། །ཉོན་མོངས་སོགས་འབྱུང་མགལ་མེའི་འཁོར་ལོ་བཞིན། །བཅུ་གཉིས་རྣམ་པས་སྲིད་པའི་འཁོར་ལོ་བསྐོར། །དེ་དག་རྩ་བ་མ་རིག་པ་ཡིན་ཏེ། །བསླབ་པ་གསུམ་དང་ཁྱད་པར་ཆོས་ཀུན་གྱི། །རང་བཞིན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས། །མ་རིག་སྤོང་བའི་ཚུལ་ལ་འབད་པར་བྱ། །གལ་ཏེ་སེམས་ཅན་དོན་ཕྱིར་སངས་རྒྱས་ཀྱི། །གོ་འཕང་འདོད་ན་བྱང་ཆུབ་སེམས་མཆོག་བསྐྱེད། །ཐེག་པ་ཆེན་པོར་འཇུག་པའི་སྒོ་གཅིག་བུ། །བྱང་ཆུབ་སེམས་ལས་གཞན་ནི་ཡོད་མ་ཡིན། །གང་གིས་སེམས་འདི་བསྐྱེད་པར་མ་བྱས་ན། །དེ་ལ་ཡོན་ཏན་བརྒྱ་ཕྲག་གཞན་ཡོད་ཀྱང་། །བྱང་ཆུབ་སེམས་དཔར་ནམ་ཡང་མི་འགྱུར་ལ། །གང་གིས་འདི་བསྐྱེད་ཡོན་ཏན་གཞན་མེད་ཀྱང་། །རྒྱལ་བའི་སྲས་འགྱུར་ལྷར་བཅས་ཀུན་གྱི་སྐྱབས། །འདི་ལ་སྦྱོང་ཚུལ་རྣམ་པ་མང་ན་ཡང་། །བསྡུ་ན་གཉིས་ཏེ་སེམས་ཅན་ཐམས་ཅད་ནི། །རང་གི་མར་ཤེས་དེ་ཡི་དྲིན་དྲན་དང་། །དྲིན་དུ་གཟོ་དང་ཡིད་འོང་བྱམས་པ་དང་། །སྙིང་རྗེ་ཆེན་པོ་ལྷག་བསམ་རྣམ་དག་དྲུག །འབྲས་བུ་བྱང་ཆུབ་སེམས་ཏེ་རྣམ་བདུན་གྱིས། །སྦྱོང་བ་རྒྱུ་འབྲས་མན་ངག་བདུན་གྱིས་དང་། །སེམས་ཅན་ཀུན་གྱི་སྡུག་བསྔལ་རང་གིས་ལེན། །རང་གི་བདེ་དགེ་གཞན་ལ་གཏོང་བ་ཡིས། །སྦྱོང་ཚུལ་བྱམས་དང་སྙིང་རྗེས་སྦྱོང་བ་སྟེ། །མདོར་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །སྐྱོབ་འདོད་སྙིང་རྗེ་བཅོས་མ་མ་ཡིན་པ། །སུ་ཞིག་ལ་ཡོད་བྱང་ཆུབ་སེམས་མཆོག་ནི། །སྐྱེས་སམ་སྐྱེ་འགྱུར་རྒྱུ་ཡི་གཙོ་བོ་ཡིན། །སེམས་ཅན་གཞན་ལ་ཅུང་ཟད་མི་འཚེ་བར། །ཞི་དུལ་གནས་པ་ཙམ་གྱིས་བྱང་སེམས་མིན། །ཡིན་ན་ཉན་ཐོས་རང་རྒྱལ་དགྲ་བཅོམ་ཀྱང་། །བྱང་ཆུབ་སེམས་དཔའ་ཉིད་དུ་ཐལ་བར་འགྱུར། །གཞན་དག་འགའ་ལ་གནོད་པ་ཙམ་གྱིས་ཀྱང་། །རྒྱལ་བའི་སྲས་སུ་འཇོག་ཏུ་མི་རུང་མིན། །གལ་ཏེ་ཡིན་ན་སངས་རྒྱས་བྱང་སེམས་ནི། །རྒྱལ་བོའི་ཚུལ་བཟུང་ལོག་པར་ཞུགས་པ་གཞན། །བཅིངས་དང་རྡེག་སོགས་མེད་པར་ཐལ་བ་དང་། །བྱང་ཆུབ་སེམས་དཔས་མངོན་སྤྱོད་ལས་དག་ཀྱང་། །གཞན་གྱི་དོན་དུ་བྱེད་པར་མི་རུང་འགྱུར། །གཞན་ཡང་སོ་སོ་སྐྱེ་བོའི་བྱང་སེམས་ཅན། ཁོང་ཁྲོ་སོགས་ཀྱང་མེད་པར་ཐལ་འགྱུར་ཕྱིར། །ཕྱི་ཡི་སྤྱོད་ཚུལ་ཙམ་གྱིས་རྒྱལ་བའི་སྲས། །ཡིན་མིན་ཇི་བཞིན་ངེས་པར་མི་ནུས་སོ། །དེ་ཕྱིར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །བསྒྲལ་ཏེ་སངས་རྒྱས་ཉིད་ལ་འགོད་པའི་ཆེད། །རང་ཉིད་ཀུན་མཁྱེན་དོན་དུ་གཉེར་བྱེད་པའི། །སེམས་མཆོག་ཚིག་ཙམ་མིན་པ་ཞིག་ཡོད་ན། །བྱང་ཆུབ་སེམས་དཔའ་ཉིད་དུ་རྣམ་པར་བཞག །འདི་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ལ། །ཕན་ཡོན་རྒྱ་ཆེར་མདོ་ལས་གསལ་བར་བཤད། །སེམས་དེ་བསྐྱེད་ནས་སྤྱོད་པ་ཕྱིན་དྲུག་ལ། །འཇུག་པར་བྱ་སྟེ་རྒྱལ་སྲས་སྤྱོད་པའི་སྡོམ། །ཕ་རོལ་ཕྱིན་པ་དྲུག་ཏུ་འདུས་གསུངས་པས། །ཚུལ་འདིར་བསླབ་པར་བྱ་བ་གནད་དུ་ཆེ། །སྦྱིན་པ་ལ་ནི་རྣམ་པ་གསུམ་ཡོད་དེ། །ཆོས་དང་ཟང་ཟིང་མི་འཇིགས་སྦྱིན་པའོ། །གཞན་ལ་ཆོས་སྟོན་ཆོས་ཀྱི་སྦྱིན་པ་སྟེ། །ཟས་སོགས་སྟེར་བ་ཟང་ཟིང་སྦྱིན་པ་ཉིད། །འཇིགས་པ་ལས་སྐྱོབ་མི་འཇིགས་སྦྱིན་པའོ། །ཚུལ་ཁྲིམས་གསུམ་སྟེ་སྡོམ་པའི་ཚུལ་ཁྲིམས་དང་། །དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་དོ། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །ཉེས་པ་སྤོང་བ་སྡོམ་པའི་ཚུལ་ཁྲིམས་དང་། །ཕྱིན་དྲུག་བསྐྱེད་དང་གནས་དང་སྤེལ་བའི་ཕྱིར། །འཇུག་པར་བྱེད་པ་དགེ་བ་ཆོས་སྡུད་ཡིན། །སེམས་ཅན་དོན་ནི་ཚུལ་བཞིན་སྒྲུབ་བྱེད་པ། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཞེས་བྱའོ། །བཟོད་པ་གསུམ་སྟེ་གནོད་པ་བཟོད་པ་དང་། །སྡུག་བསྔལ་དང་ལེན་ཆོས་ལ་ངེས་ཐོབ་བཟོད། །རང་ལ་གནོད་བྱེད་བཟོད་པ་དང་པོ་སྟེ། །སྡུག་བསྔལ་བྱུང་བ་བཟོད་པ་གཉིས་པ་ཡིན། །ཆོས་ཉིད་ཤེས་ཤིང་མོས་པ་གསུམ་པར་འདོད། །བརྩོན་འགྲུས་གསུམ་སྟེ་གོ་ཆའི་བརྩོན་འགྲུས་དང་། །དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་གསུམ། །མི་སྐྱོ་སེམས་ཅན་དོན་བརྩོན་དང་པོ་ཉིད། །དགེ་ཆོས་སེམས་ཅན་དོན་བྱེད་སྔར་བཞིན་ཡིན། །བསམ་གཏན་གཉིས་ཏེ་འཇིག་རྟེན་འདས་མ་འདས། །ཡང་ན་ཞི་ལྷག་ཟུང་འབྲེལ་བཅས་པའོ། །ཤེས་རབ་རྣམ་པ་གསུམ་སྟེ་ཀུན་རྫོབ་དང་། །དོན་དམ་རྟོགས་པའི་ཤེས་རབ་རྣམ་གཉིས་སྟེང་། །སེམས་ཅན་དོན་སྒྲུབ་བྱེད་པའི་ཤེས་རབ་པོ། །བསམ་གཏན་ཤེས་རབ་རྣམ་གཉིས་སོ་སོ་ལ། །ཞི་གནས་ལྷག་མཐོང་ཞེས་ནི་རབ་བཤད་པ། །དེ་ཡི་དབྱེ་བ་རྒྱས་པར་གཞན་དུ་ཤེས། །སྦྱིན་གཏོང་སྙན་པར་སྨྲ་བས་དམ་ཆོས་སྟོན། །བསྟན་པའི་དོན་ལ་གདུལ་བྱ་སྤྱོད་འཇུག་དང་། །རང་ཉིད་དོན་མཐུན་སྤྱོད་པ་བསྡུ་དངོས་བཞི། །ཕར་ཕྱིན་དྲུག་གིས་རང་རྒྱུད་སྨིན་བྱེད་ཅིང་། །བསྡུ་བ་བཞི་ཡིས་གཞན་དོན་བསྒྲུབ་བྱ་སྟེ། །འཁོར་སྡུད་པ་ལའང་འདི་ཉིད་མཆོག་ཏུ་གསུང་། །སྦྱིན་པས་ལོངས་སྤྱོད་འབྱོར་བ་འཐོབ་པར་འགྱུར། །རང་གིས་མཛའ་བཤེས་བྱམས་ཤིང་སྙན་པ་འཐོབ། །ཚུལ་ཁྲིམས་ཀྱིས་ནི་ངན་འགྲོ་ལས་ཐར་ནས། །བདེ་འགྲོའི་ལུས་རྙེད་རྒྱན་གྱི་མཆོག་ཀྱང་ཡིན། །བཟོད་པས་གཟུགས་བཟང་དགྲ་རྣམས་ཞི་བར་བྱེད། །དགེ་བ་སྒྲུབ་བྱེད་དཀའ་ཐུབ་ཀུན་གྱི་མཆོག །བརྩོན་འགྲུས་ཀྱིས་ནི་འདི་དང་ཕྱི་མ་ཡི། །དོན་ཆེན་མ་ལུས་སྒྲུབ་པར་བྱེད་པར་འགྱུར། །བསམ་གཏན་གྱིས་ནི་མངོན་པར་ཤེས་པ་སོགས། །གོང་མའི་ཡོན་ཏན་ཁྱད་པར་འགྲུབ་པར་བྱེད། །ཤེས་རབ་ཀྱིས་ནི་ཉོན་མོངས་མི་ཤེས་ཀུན། །དྲུང་ནས་ཕྱུང་སྟེ་ཀུན་མཁྱེན་ཉིད་ཀྱང་འགྲུབ། །གཞན་ཡང་མདོ་སྡེ་ལས་ནི་འདི་ལྟར་གསུང་། །བག་ཡོད་ཡོན་ཏན་ཀུན་གྱི་གཞི་ཡིན་ཏེ། །འདོད་ཆུང་ཆོག་ཤེས་ཕྱུག་པོ་ཉིད་དུ་འདོད། །དད་པ་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་སྟེ། །བདུན་པོ་འཕགས་པའི་ནོར་གྱི་མཆོག་ཡིན་པས། །གང་ལ་འདི་ཡོད་ནོར་དང་ལྡན་ཞེས་བྱ། །མེད་ན་དོན་གྱིས་དབུལ་བོ་ཉིད་དུ་གསུང་། །དེས་མཚོན་རྒྱལ་སྲས་སྤྱོད་པའི་རབ་དབྱེ་ནི། །མདོ་ལས་བཤད་རྣམས་ཤེས་ཤིང་ཅི་ནུས་སློབ། །གཞན་ཡང་ཞི་གནས་ལྷག་མཐོང་གི །ཁྱད་པར་ཅུང་ཟད་བསྟན་པར་བྱ། །ཞི་གནས་ངོ་བོ་བསམ་གཏན་ཏེ། །སེམས་ནི་རྩེ་གཅིག་པ་ཉིད་ཡིན། །དེ་ཡང་སྤྱོད་ལམ་ཚུལ་མཐུན་པས། ཁ་དོག་གསེར་ལྟར་མཛེས་པ་ཡི། །རྒྱལ་བའི་སྐུ་བརྙན་ལ་དམིགས་ཏེ། །བྱིང་རྒོད་ལ་སོགས་སྐྱོན་བྲལ་བའི། །ཞི་གནས་བསྒྲུབ་པར་བྱའོ་གསུང་། །དེ་ཚེ་ལེ་ལོ་གདམས་ངག་བརྗེད། །བྱིང་རྒོད་འདུ་བྱེད་འདུ་མི་བྱེད། །ཉེས་པ་རྣམ་པ་ལྔ་སྤངས་ནས། །དད་དང་འདུན་པ་རྩོལ་བ་དང་། །ཤིན་སྦྱངས་དྲན་དང་ཤེས་བཞིན་དང་། །བཏང་སྙོམས་འདུ་བྱེད་གཉེན་པོ་བརྒྱད། །བསྟེན་པར་དབུས་མཐའ་ལས་གསུངས་དང་། །འཇོག་དང་རྒྱུན་དུ་འཇོག་པ་དང་། །བླན་ཏེ་འཇོག་དང་ཉེ་བར་འཇོག །དུལ་བར་བྱེད་དང་ཞི་བར་བྱེད། །རྣམ་པར་ཞི་བྱེད་རྩེ་གཅིག་བྱེད། །མཉམ་པར་འཇོག་དང་རྒྱུད་གཅིག་བྱེད། །གསུངས་བཞིན་སེམས་གནས་ཐབས་དགུ་དང་། །ཐོས་པའི་སྟོབས་དང་བསམས་པ་དང་། །དྲན་དང་ཤེས་བཞིན་བརྩོན་འགྲུས་དང་། །ཡོངས་སུ་འདྲིས་པའི་སྟོབས་དྲུག་གམ། །བསྒྲིམ་སྟེ་འཇུག་དང་ཆད་ཅིང་འཇུག །ཆད་པ་མེད་པར་འཇུག་པ་དང་། །རྩོལ་མེད་འཇུག་པའི་ཡིད་བྱེད་བཞི། །ཚུལ་བཞིན་བསྟེན་ཏེ་ཞི་གནས་བསྒྲུབ། །གང་ཚེ་སེམས་དང་ལུས་ཀྱི་ཡང་། །ཤིན་སྦྱངས་སྐྱེས་པའི་མཇུག་ཉིད་ནས། །ཡིད་ནི་རྩེ་གཅིག་དམིགས་པ་ལ། །ལྷན་ནེར་བརྟན་པར་གྱུར་པའི་ཚེ། །ཞི་གནས་ཐོབ་པར་རབ་ཏུ་བཤད། །ལྟ་བ་སྒོམ་པར་བྱེད་པའི་སྔོན། །བླ་མའི་རྣལ་འབྱོར་སོགས་བྱས་ཏེ། །རྟེན་འབྲེལ་གྱི་ནི་གཏན་ཚིགས་སོགས། །དོན་དམ་དཔྱོད་བྱེད་རིགས་པ་ལ། །བརྟེན་ནས་ལྟ་བ་བཙལ་བར་བྱ། །འདིར་ནི་གཅིག་དང་དུ་བྲལ་གྱི། །གཏན་ཚིགས་མདོར་བསྡུས་བརྗོད་བྱས་ན། །འདི་ལ་གནད་ནི་རྣམ་པ་བཞི། །དང་པོ་དགག་བྱ་ངེས་པའི་གནད། །རང་ཅག་རྣམས་ལ་ངའོ་སྙམ། །སྤྲིང་སྦྲིང་སྙིང་གི་ཐད་ཉིད་དུ། །འཛིན་པའི་བློ་འདིས་ང་གང་དུ། །ཇི་འདྲ་ཅི་ཞིག་ལྟར་བཟུང་བརྟག །དེ་ལྟར་བརྟགས་ཚེ་དེ་ཡིས་ནི། །ལུས་སེམས་སོ་སོའི་སྟེང་ཉིད་ནས། །རེ་རེ་ཁོ་ན་མ་ཡིན་པར། །ལུས་སེམས་འཚོགས་པ་འདི་ཡི་ཐོག །མིང་བརྡས་བཞག་ཙམ་མ་ཡིན་པར། །བཏགས་དོན་ང་ཞིག་ཡུལ་སྟེང་ནས། །བལྟོས་མེད་རང་རྐྱ་ཐུབ་པ་ཞིག །ཡོད་པར་བཟུང་བར་ཤེས་པར་བྱ། །གཉིས་པ་ཁྱབ་པ་ངེས་པའི་གནད། །དེ་ལྟར་བཟུང་བཞིན་གྲུབ་པའི་ང་། །ལུས་སེམས་འདི་དང་གཅིག་པའམ། །ཐ་དད་གྲུབ་པ་གང་རུང་ཞིག །ཡིན་གྱི་གཞན་དུ་མེད་ཤེས་བྱ། །གསུམ་པ་བདེན་པའི་གཅིག་བྲལ་ནི། །བདེན་འཛིན་ལྷན་སྐྱེས་ཀྱིས་བཟུང་བའི། །ང་དེ་ལུས་སེམས་འདི་གཉིས་དང་། །གཅིག་གམ་ཐ་དད་གང་ཡིན་བརྟག །གཅིག་གོ་ཞེ་ན་ང་ཉིད་ཀྱང་། །ལུས་སེམས་གཉིས་ཀར་ཐལ་བར་འགྱུར། །གལ་ཏེ་ལུས་དང་གཅིག་ཡིན་ན། །ང་ཉིད་གཟུགས་སུ་འགྱུར་ཕྱིར་དང་། །ང་ཡི་ལུས་ཞེས་བརྗོད་པའི་ཚེ། །ང་ནི་ལུས་ལས་ཐ་དད་དུ། །བརྗོད་ཅིང་བློ་ལའང་ཐ་དད་པར། །སྣང་གི་གཅིག་ཏུ་སྣང་མ་ཡིན། །གལ་ཏེ་གཅིག་ན་ལུས་ཞིག་ནས། །ང་ཉིད་སྐྱེ་བ་ལེན་པའི་ཚེ། །ལུས་ཀྱང་སྐྱེ་བ་ལེན་དགོས་ན། །དེ་ནི་སུས་ཀྱང་མ་མཐོང་ཕྱིར། །ལུས་དང་གཅིག་ཏུ་མ་གྲུབ་བོ། །སེམས་དང་ཡང་ནི་གཅིག་མིན་ཏེ། །ང་ཡི་སེམས་ཞེས་བརྗོད་པའི་ཚེ། །ང་སེམས་གཉིས་ཀ་ཐ་དད་དུ། །སྣང་གི་གཅིག་ཏུ་སྣང་མི་སྲིད། །སྣང་ནའང་ང་ཉིད་ཤེས་པར་འགྱུར། །ཤེས་པ་ཡིན་ན་མིག་ཤེས་ཀྱིས། །ཡན་ལག་གཟུགས་དང་ལྡན་པ་ཡི། །ང་ཉིད་ཁྱོད་ཀྱིས་ཨ་མཐོང་ཐམ། །བཞི་བ་བདེན་པའི་དུ་བྲལ་ནི། །གལ་ཏེ་ངར་འཛིན་གྱིས་བཟུང་ལྟར། །ང་དེ་ལུས་སེམས་གཉིས་ཀ་དང་། །མ་འབྲེལ་ཐ་དད་གྲུབ་ཅེ་ན། །འོ་ན་ལུས་སེམས་སོ་སོར་ཡང་། །བསལ་བའི་འོག་ཏུ་དེ་འདྲའི་ང་། ཁྱོད་ཀྱིས་བསྟན་པར་ནུས་སམ་ཅི། །ལུས་སེམས་གཉིས་ལས་དོན་གཞན་དུ། །བལྟོས་མེད་ཡན་གར་ང་མེད་པས། །དེ་ལྟར་ཐ་དད་གྲུབ་མ་ཡིན། །གཞན་ཡང་སྐྱེས་བུ་རང་ལུས་ཀྱི། །ཤ་རུས་པགས་པ་ཁྲག་ཆུ་སེར། །དྲོད་དང་དབུགས་དང་བུ་ག་དང་། །རྣམ་པར་ཤེས་སོགས་མ་ཡིན་ལ། །དེ་ལས་གཞན་ལའང་མ་ཡིན་ཏེ། །སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང་། །ཞེས་སོགས་གསུངས་པ་ཉིད་ཕྱིར་རོ། །གཞན་ཡང་ངར་འཛིན་ལྷན་སྐྱེས་ཀྱིས། །ཡན་ལག་རྣམ་པ་ལྔ་ཡི་སྟེང་། །ལུས་ཞེས་བཏགས་པ་ཙམ་མིན་པར། །ཡུལ་སྟེང་ནས་ནི་ཚུགས་སེ་བ། །གྲུབ་གྲུབ་ཞིག་ཏུ་བཟུང་བ་ནི། །བརྟགས་ལ་དགག་བྱ་ངོས་ཟིན་བྱ། །དེ་ནས་དེ་ལྟར་བཟུང་བའི་ལུས། །ལིངས་པོ་གཟུགས་བཞིའི་སྟེང་ཡོད་ན། །ལུས་འདིའི་ཡན་ལག་རྣམ་ལྔ་དང་། །གཅིག་གམ་ཐ་དད་གང་ཞིག་ཡིན། །ཐག་གཅོད་ཁྱབ་པ་ངེས་པའི་གནད། །གཅིག་ཏུ་གྲུབ་ན་ལུས་ཚང་མ། །ཡན་ལག་ལྔ་རུ་འགྱུར་བའི་ཕྱིར། །མགོ་ལའང་རྐང་ལག་ཡོད་པར་འགྱུར། །དེ་ཕྱིར་ཡན་ལག་རེ་རེ་ལ། །ལུས་ནི་ཚང་བ་རེ་རེ་དང་། །ཡང་ན་ཡན་ལག་རྣམ་ལྔ་ཡི། །གཞི་འཐུན་ལུས་ཀྱང་ཡོད་པར་འགྱུར། །དེ་ཕྱིར་གཅིག་ཏུ་མ་གྲུབ་བསམ། །གལ་ཏེ་བལྟོས་མེད་ཐ་དད་དུ། །གྲུབ་ནའང་ཡན་ལག་ལྔ་བོ་ལས། །མ་གཏོགས་ལུས་ནི་ཚང་བ་ཞིག ཁྱོད་ཀྱིས་གང་དུ་རྙེད་པར་ནུས། །དེ་ཕྱིར་ཐ་དད་མ་གྲུབ་བསམ། །དེ་བཞིན་རི་དང་ཁང་ཁྱིམ་དང་། །བུམ་པ་སོགས་ཀྱང་རང་རང་གི །སྟོད་སྨད་གཡས་གཡོན་ལ་སོགས་ཀྱི། །རྡུལ་དང་གཅིག་གམ་ཐ་དད་པར། །བརྟགས་ལ་སྔར་བཞིན་འགོག་པར་བྱེད། །དེ་བཞིན་དེ་རིང་ཤེས་པ་ཡང་། །སྔ་དྲོ་ཕྱི་དྲོའི་ཤེས་པ་དང་། །ལོ་ནི་ཟླ་བ་བཅུ་གཉིས་དང་། །བལྟོས་མེད་གཅིག་དང་ཐ་དད་དུ། །གྲུབ་པ་བརྟགས་ལ་གཞག་པར་བྱ། །མདོར་ན་ཤིང་རྟ་ལྟ་བུ་ནི། །རང་གི་གདགས་གཞི་ཚོགས་པ་ལ། །བརྟེན་ནས་མིང་བརྡས་བཞག་ཙམ་ཞིག །མ་གཏོགས་རང་གི་ངོས་ནས་ནི། །གྲུབ་པ་མེད་པར་ཐག་བཅད་དེ། །ཆོས་རྣམས་ཀུན་ཀྱང་རང་རང་གི །ཆ་ཤས་ཚོགས་པ་ལ་བརྟེན་ནས། །བཞག་པའི་ཚུལ་ནི་ཤེས་པར་བྱ། །དེ་ཚེ་དོན་དམ་དཔྱོད་བྱེད་ཀྱི། །རིགས་པས་དཔྱད་ངོར་མི་རྙེད་ཀྱང་། །རྨི་ལམ་སྒྱུ་མ་ཇི་བཞིན་དུ། །ལས་དང་འབྲས་བུའི་རྣམ་གཞག་ཀུན། །ཐ་སྙད་དུ་ནི་འཐད་པའི་ཚུལ། །རྒྱས་པར་གཞན་དུ་ཤེས་པར་བྱ། །རྣམ་མང་གཞུང་ལུགས་རྒྱ་མཚོའི་འཇིང་། །རྣམ་དཔྱོད་རི་དབང་བསྒྲིལ་བ་ལས། །རྣམ་དག་ལེགས་བཤད་བདུད་རྩི་ཡིས། །རྣམ་ཀུན་གང་བའི་བུམ་བཟང་བསྐྲུན། །འདིར་འབད་ལས་བྱུང་རབ་དཀར་དགེ །ཇི་སྙེད་བདག་གིས་ཐོབ་དེ་ཡང་། །མཐའ་དག་འགྲོ་འདི་ཀུན་མཁྱེན་གྱི། །གོ་འཕང་མཆོག་དེ་ཐོབ་ཕྱིར་བསྔོ། །ཅེས་པ་འདི་ནི་གནས་བརྟན་ངག་དབང་རྒྱལ་མཚན་དང་། གྲགས་པ་དཔལ་འབྱོར་གཉིས་ཀྱིས་འདི་ལྟ་བུ་ཞིག་གྱིས་ཞེས་བསྐུལ་བ་ལྟར། ཤཱཀྱའི་དགེ་སློང་རབ་འབྱམས་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས་གཞན་ལའང་ཕན་སྲིད་སྙམ་སྟེ་ཅོ་ནེ་ཏིང་འཛིན་དར་རྒྱས་གླིང་དུ་བགྱིས་པའོ། །མངྒ་ལཾ།། །། ན་མོ་གུ་རུ་བྷྱཿ འདིར་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པའི་ཉམས་ལེན་རྒྱུན་ཁྱེར་དུ་བྱེད་པའི་ཚུལ་ལ་གཉིས། སྦྱོར་བ་དང་དངོས་གཞིའོ། །དང་པོ་ནི། དཀོན་མཆོོག་གི་རྟེན་གྱི་དྲུང་དུ་མཆོད་པ་བཤམས་པ་སོགས་བྱས་ཏེ། སྐྱབས་འགྲོ་སོགས་སྔོན་དུ་བཏང་ནས། མཆོག་གསུམ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་བདེན་སྟོབས་ཀྱིས། །ཞིང་འདི་བདེ་བ་ཅན་ལྟར་སྣོད་བཅུད་ཀྱི། །འབྱོར་ལྡན་མཆོད་ཚོགས་རྒྱ་མཚོས་གང་གྱུར་ཅིག །ཅེས་སམ་བདེན་པའི་བྱིན་བརླབ་བྱ། རབ་འབྱམས་ཞིང་ནས་རྩ་བརྒྱུད་བླ་མ་དང་། །ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་ཚོགས། །དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོར་བཅས། །སྤྱན་འདྲེན་འདིར་གཤེགས་དགོངས་ཤིང་བཞུགས་སུ་གསོལ། །ཞེས་པས་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པའི་མོས་པ་ཤུགས་ཅན་བྱའོ། །གཉིས་པ་དངོས་གཞི་ལ། བདུན་གྱི་དང་པོ་ཕྱག་འཚལ་བ་ནི། །ལྷར་བཅས་འགྲོ་བའི་སྟོན་པ་ཟས་གཙང་སྲས། །བྱམས་བརྩེའི་བདག་ཉིད་མི་ཕམ་ཆོས་ཀྱི་རྗེ། །རྒྱལ་བའི་སྲས་པོ་ཐོགས་མེད་སྐུ་མཆེད་སོགས། །རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་ཕྱག་འཚལ་ལོ། །རྒྱལ་བའི་མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས། །རྟེན་འབྲེལ་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །དེ་སྲས་ཐུ་བོ་ཟླ་བ་གྲགས་པ་སོགས། །ཟབ་མོ་ལྟ་བའི་བརྒྱུད་ལ་ཕྱག་འཚལ་ལོ། །བསྟན་པའི་སྒྲོན་མེ་ཇོ་བོ་ཡབ་སྲས་དང་། །རྒྱལ་བ་ཀུན་དངོས་རྗེ་བཙུན་བཙོང་ཁ་བ། །རྒྱལ་ཚབ་འདུལ་འཛིན་མཁས་གྲུབ་ཆེན་པོ་སོགས། །བཤེས་གཉེན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་པའི་རྗེ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་དཔལ། །མཆོག་སྤྲུལ་དམ་པ་བློ་བཟང་ཡེ་ཤེས་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་ཆེན་ཨིནྡྲ་བྷོ་དྷི་དང། །ལཱུ་ཧི་དཱ་རི་ཀ་དང་དྲིལ་བུ་བ། །ས་ར་ཧ་དང་ཤ་བ་རི་ལ་སོགས། །གྲུབ་ཆེན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་ལས་མདོ་རྒྱུད་དབང་ལུང་མན་ངག་གི །ཆ་ཤས་ཕྲ་མོ་ཡན་ཆད་ཙམ་ཞིག་ཀྱང་། །བཀའ་དྲིན་མནོས་པའི་བཤེས་གཉེན་དམ་པ་སོགས། །དྲིན་ཅན་བླ་མ་རྣམས་ལ་ལ་ཕྱག་འཚལ་ལོ། །མཚན་ལེགས་ཡོངས་བསྒྲགས་དཔལ་སོགས་བདེ་གཤེགས་བརྒྱད། །ཤཱཀ་ཐུབ་ལ་སོགས་རྒྱལ་བ་སུམ་ཅུ་ལྔ། །འཁོར་བ་འཇིག་སོགས་སངས་རྒྱས་སྟོང་ཕྲག་བཅས། །དུས་གསུམ་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཉི་ཟླ་མར་མེ་གསལ་ཉི་ཁྲི། །མར་མེ་མཛད་དཔལ་ཞེས་གྲགས་སུམ་ཁྲི་དང་། །འོད་མི་འགྱུར་བ་འབུམ་ཕྲག་བརྒྱ་ལ་སོགས། །འདས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་གསལ་རྒྱལ་འབུམ་ཕྲག་རྣམ་པ་བཅུ། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ས་ཡ་གཅིག །མི་འཁྲུགས་སྨན་བླ་ཚེ་དཔག་མེད་ལ་སོགས། །ང་ལྟའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་དཔལ་བ་སུམ་ཁྲི་དང་། །འོད་མི་འགྱུར་བ་བཞི་ཁྲི་སྟོང་ཕྲག་བརྒྱད། །འོད་ཟེར་རྣམ་པར་བཀོད་པ་འབུམ་བརྒྱད་སོགས། །མ་བྱོན་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །མདོ་སྡེ་ལུང་བསྟན་ཚིགས་བཅད་དབྱངས་ཀྱིས་བསྙད། །ཆེད་བརྗོད་གླེང་གཞི་རྟོགས་དང་འདས་པ་བརྗོད། །སྐྱེས་རབས་ཤིན་རྒྱས་རྨད་བྱུང་གཏན་ཕབ་སྡེའི། །ཡན་ལག་བཅུ་གཉིས་གསུང་ལ་ཕྱག་འཚལ་ལོ། །འདུལ་བ་མངོན་པ་མདོ་སྡེ་རྣམ་གསུམ་དང་། །བྱ་སྤྱོད་ཡོ་ག་རྣལ་འབྱོར་བླ་ན་མེད། །གང་གི་དགོངས་འགྲེལ་ལེགས་པར་བཤད་པ་སོགས། །ལུང་གི་དམ་ཆོས་རྣམས་ལ་ཕྱག་འཚལ་ལོ། །བསླབ་གསུམ་ངེས་འབྱུང་བྱང་སེམས་ཡང་དག་ལྟ། །ཕྱིན་དྲུག་ས་བཅུ་ལམ་ལྔ་རིམ་གཉིས་སོགས། །གྲོལ་བྱེད་ལམ་དང་གྲོལ་བའི་འགོག་པ་སྟེ། །རྟོགས་པའི་དམ་ཆོས་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས། །ས་སྙིང་སྒྲིབ་སེལ་ནམ་སྙིང་ཀུན་ཏུ་བཟང་། །བློ་གྲོས་མི་བཟང་ནམ་མཁའ་མཛོད་ལ་སོགས། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཕྱག་འཚལ་ལོ། །བཟང་སྐྱོང་དབང་བོ་ཞི་སོགས་རྒྱལ་བའི་སྲས། །གདུང་སེལ་སྣང་བ་བརྩེགས་སོགས་རང་སངས་རྒྱས། །འོད་སྲུང་རབ་འབྱོར་ལ་སོགས་ཉན་ཐོས་ཏེ། །འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །ཤཱ་རིའི་བུ་སོགས་ཉན་ཐོས་ཆེན་པོ་བརྒྱད། །ལེགས་མཐོང་ལ་སོགས་བསྟན་པའི་གཏད་རབས་བདུན། །ཡན་ལག་འབྱུང་སོགས་གནས་བརྟན་བཅུ་དྲུག་བཅས། །འཕགས་པ་ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་གསང་བ་འདུས་པ་འཁོར་ལོ་སྡོམ། །དགྱེས་རྡོར་དུས་ཀྱི་འཁོར་ལོ་གཤིན་རྗེ་གཤེད། །རྡོར་དབྱིངས་ཀུན་རིག་ལ་སོགས་རྒྱུད་སྡེ་བཞིའི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །གདུགས་དཀར་སྒྲོལ་མ་རྣམ་རྒྱལ་དབྱངས་ཅན་མ། །སེང་གདོང་རི་ཁྲོད་མ་དང་འོད་ཟེར་ཅན། །རལ་གཅིག་ཕག་མོ་མཁའ་འགྲོ་སྡེ་ལྔ་སོགས། །ཞི་ཁྲོ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱོགས་དང་མཚམས་ཀྱི་གདོན་བགེགས་འབྱུང་བའི་ཚོགས། །ཚར་གཅོད་དྲག་པོའི་སྐུར་བཞེངས་འཇིགས་ཚུལ་ཅན། །ཧཱུཾ་མཛད་འཁོར་བསྒྱུར་གཤིན་རྗེ་གཤེད་ལ་སོགས། །རབ་བརྗིད་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་ལོ། །དཔལ་ལྡན་མགོན་པོ་ཕྱག་དྲུག་ཞལ་བཞི་པ། །ཕྱག་བཞི་གུར་མགོན་བྲམ་གཟུགས་ཆོས་ཀྱི་རྒྱལ། །དམག་ཟོར་རྒྱལ་མོ་རྣམ་སྲས་བེག་ཙེ་སོགས། །ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ། །བསྡུ་ན། དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །ཡི་དམ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས་ཀྱང་བྱའོ། །གཉིས་པ་མཆོད་པ་ནི། མ་ལུས་ཕྱོགས་བཅུའི་ཞིང་ན་གང་མཆིས་པའི། །ཡིད་འོང་མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་དང་། །གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས་རྣམས་འབུལ། །འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང་། །གླང་ཆེན་རྟ་མཆོག་དམག་དཔོན་རིན་པོ་ཆེ། །གདུགས་དང་གསེར་ཉ་བུམ་པ་པདྨ་དུང་། །དཔལ་བེའུ་རྒྱལ་མཚན་འཁོར་ལོ་རྣམས་ཀྱང་འབུལ། །ཁྲུས་རྫིང་གོས་དང་རིན་ཆེན་གཞལ་མེད་ཁང་། །དབུ་རྒྱན་ཅོད་པན་བསྟོད་དབྱངས་སྙན་པའི་སྒྲ། །གླིང་བཞི་སྟོང་གསུམ་ཉི་ཟླ་རི་རབ་སོགས། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །ཇི་ལྟར་རྒྱལ་སྲས་ཀུན་བཟང་ལ་སོགས་པས། །ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་མཆོད་པའི་སྤྲིན་ཚོགས་ཀྱིས། །སྐྱབས་མགོན་དམ་པ་འཁོར་བཅས་མཆོད་པར་བགྱི། གསུམ་པ་བཤགས་པ་ནི། ཐོག་མེད་དུས་ནས་ཉོན་མོངས་དབང་གྱུར་ཏེ། །མི་དགེ་བཅུ་དང་མཚམས་མེད་ལྔ་ལ་སོགས། །གང་ཡང་ལུས་ངག་ཡིད་ཀྱིས་སྡིག་པའི་ལས། །ཇི་སྙེད་བགྱིས་པ་ཐམས་ཅད་སོ་སོར་བཤགས། །དཀོན་མཆོག་གསུམ་དང་མཁན་སློབ་ཕ་མ་དང་། །དམ་ཆོས་སྨྲ་བ་རྣམས་ལ་མ་ཞུས་ཤིང་། །ལས་དང་འབྲས་བུའི་བླང་དོར་ཕྲ་རགས་ལ། །རྨོངས་པས་ལོག་ལྟ་བྱས་རྣམས་མཐོལ་ལོ་བཤགས། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་ཡི། །བསླབ་བྱ་རྣམས་དང་འགལ་བར་རབ་ཏུ་སྤྱད། །འཕགས་པའི་ཚོགས་རྣམས་མཉེས་པར་མི་འགྱུར་བའི། །བཅས་རང་སྡིག་ལྟུང་ཀུན་ཀྱང་སོ་སོར་བཤགས། །མདོར་ན་མཐོ་རིས་ཐར་པའི་གེགས་བྱེད་ཅིང་། །ངན་སོང་འཁོར་བའི་རྒྱུར་གྱུར་ཉེས་པའི་ཚོགས། །གང་ཡིན་དེ་ཀུན་མི་འཆབ་འགྱོད་སེམས་ཀྱིས། །བཤགས་ཤིང་སླན་ཆད་མི་བགྱིད་ཡང་དག་སྡོམ། །ཡན་ལག་ལྷག་མ་རྣམས་ནི། རང་བཞིན་སྐྱེ་འཕགས་ཡོངས་ཀྱིས་དུས་གསུམ་དུ། །བསགས་པའི་རྣམ་དཀར་ཕུང་བོ་ཇི་སྙེད་དང་། །སྲས་བཅས་རྒྱལ་བའི་མཛད་པ་མཐའ་དག་ལ། །བསམ་པ་ཐག་པས་རྗེས་སུ་ཡི་རང་ངོ་། །མ་ལུས་ཕྱོགས་བཅུའི་ཞིང་ན་རབ་བཞུགས་པའི། །རྒྱལ་བ་སྲས་བཅས་ཉན་རང་འཕགས་ཚོགས་ལ། །འགྲོ་རྣམས་ཕན་བདེའི་དཔལ་ལ་འགོད་པའི་ཆེད། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །གང་དག་མྱ་ངན་འདའ་ཚུལ་སྟོན་བཞེད་པ། །དེ་ཀུན་ཇི་སྲིད་འཁོར་བའི་ཕྱི་མཐའི་རྒྱུན། །མ་སྟོང་དེ་སྲིད་དུ་ཡང་འཇིག་རྟེན་འདིར། །མྱ་ངན་མི་འདའ་རྟག་པར་ལེགས་བཞུགས་གསོལ། །འདི་ལྟར་བགྱིས་པ་ལས་བྱུང་རྣམ་དཀར་དགེ །དུས་གསུམ་ལེགས་ཚོགས་གཅིག་ཏུ་བསྡོམས་བྱས་གང་། །མཐའ་ཡས་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །མཆོག་གསུམ་སྐྱབས་མགོན་དམ་པ་འཁོར་བཅས་ལ། །བདག་ནི་གདུང་ཤུགས་དྲག་པོས་གུས་གསོལ་བས། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་སོགས། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །དེ་ཡི་མཐུ་ལས་ཚེ་རབས་ཐམས་ཅད་དུ། །མི་ཁོམ་ལས་གྲོལ་དལ་པའི་རྟེན་ཐོབ་ཅིང་། །དུས་ཀུན་དགེ་བའི་བཤེས་དང་འཕྲད་གྱུར་ནས། །མདོ་སྔགས་དམ་ཆོས་མ་ལུས་འཛིན་པར་ཤོག །ཅེས་བྱའོ། །ཡང་ན་ཡན་ལག་དང་པོ་གསུམ་ལ། སངས་རྒྱས་ཐམས་ཅད་འདུས་སོགས་དང་། བླ་མ་སངས་རྒྱས་སོགས། སྐུ་འགྱུར་བ་མེད་སོགས་དང་། ཟབ་མོ་ལྟ་བའི་སོགས་དང་། རབ་འབྱམས་གསུང་རབ་སོགས་དང་སངས་རྒྱས་རྣམ་གཟིགས་སོགས་དང་། མཚན་ལེགས་རིན་ཆེན་སོགས་དང་། མཐུན་པའི་སྨོན་ལམ་སོགས་དང་། ཕྱོགས་བཅུའི་འགྲོ་ལ་སོགས་དང་། མར་མེ་མཛད་སོགས་སོགས་དང་། སྨྲ་བསམ་བརྗོད་མེད་སོགས་དང་། ཀུན་འབྱུང་མུན་པའི་སོགས་དང་། འཇམ་དབྱངས་ཕྱག་ན་སོགས་དང་། སྤངས་དང་ཡེ་ཤེས་སོགས་དང་། སྟོན་པ་སངས་རྒྱས་སོགས་དང་། སྒྲུབ་པ་པོ་ལ་སོགས་དང་། དཔལ་ལྡན་དུས་འཁོར་རྗེ་བཙུན་སྒྲོལ་མ་རྣམ་རྒྱལ་སོགས་དང་། བཅོམ་ལྡན་འདས་ཀྱི་སོགས་ཅི་རིགས་ཀྱིས་ཕྱག་འཚལ་བ་དང་། མེ་ཏོག་དམ་པ་ནས་མཆོད་པར་བགྱིའི་བར་དང་། བདག་གཞན་ལུས་ངག་སོགས་ཀྱིས་མཆོད་པ་འབུལ་བ་དང་། ལུས་ཀྱི་ལས་ནི་སོགས་དང་། ཐོག་མ་མེད་ནས་སོགས་ཀྱིས་བཤགས་པ་བྱས་ཀྱང་རུང་ལ། ཡན་ལག་ལྷག་མ་ནི་སྔར་ལྟར་རོ། བདུན་པོ་ཤིན་ཏུ་བསྡུ་ན། ཇི་སྙེད་སུ་དག་སོགས་ཀྱིས་བྱའོ། །དེ་ཡང་ཕྱག་འཚལ་དང་མཆོད་པ་བསྐུལ་བ་གསོལ་བ་རྗེས་སུ་ཡི་རང་བ་རྣམས་ནི་མཐུན་རྐྱེན་ཚོགས་གསོག་པའི་ཡན་ལག་དང་། བཤགས་པའི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་ཡིན་ལ། བསྔོ་བ་ནི་དགེ་བ་རྣམས་ལས་ཆུང་ངུ་ཆེན་པོ་དང་ཉུང་ངུ་མང་བོར་སྤེལ་ཞིང་འབྲས་བུ་ནམ་ཡང་མི་ཟད་པའི་ཐབས་སོ། །དེར་མ་ཟད་ཡོན་ཏན་དང་ཡོན་ཏན་ཅན་ནམ་དགེ་བ་བྱེད་པ་གཞན་ལ་དགའ་ཞིང་དེ་དག་གི་དགེ་བ་ལ་རྗེས་སུ་ཡི་རང་བར་བྱས་ན་ཕན་ཡོན་ཆེན་པོ་ཐོབ་ཅིང་རང་གིས་བྱས་པའི་དགེ་བ་ལ་དགའ་བ་བསྒོམས་ན་དགེ་བ་གོང་འཕེལ་དུ་འགྲོ་བར་བཤད་པས། དེའི་ཤུགས་ཀྱིས་ན་གཞན་དང་དེའི་དགེ་བ་བྱེད་པ་ལ་ཕྲག་དོག་གིས་མི་དགའ་བའམ། རང་གིས་བྱས་པའི་དགེ་བ་ལ་ཕྱིས་འགྱོད་པར་གྱུར་ན་ནི་རང་གི་བསོད་ནམས་དང་དགེ་བ་འགྲིབ་པར་འགྱུར་བ་བསྟན་ཏོ། །ཡན་ལག་དེ་དག་བསྡུ་ན་ཚོགས་གསོག་སྒྲིབ་སྦྱོང་གཉིས་སུ་འདུ་སྟེ། གཉིས་ཀ་འགལ་བ་ཡང་མིན་ནོ། །དེ་ལྟར་ཡན་ལག་བདུན་པ་ལ་རིང་དུ་འབད་ན་ནི་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་པོ་རྣམས་འགྲུབ་པར་འགྱུར་ཞིང་། ཁྱད་པར་དུའང་དེང་དུས་བསྡུས་ལམ་གྱི་ཡོན་ཏན་ཕྲན་ཚེགས་རྒྱུད་ལ་སྐྱེ་བ་ནི། རྟེན་གྱི་དྲུང་དུ་ཚོགས་གསོག་སྒྲིབ་སྦྱོང་བྱེད་པ་ལ་རག་ལས་པ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། ལམ་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་ཚོགས་བསག་པ་དང་འགལ་རྐྱེན་སྒྲིབ་པ་སྦྱོང་བའི་ལྷན་ཅིག་བྱེད་རྐྱེན་མེད་ན་ཉེར་ལེན་གྱི་རྒྱུ་དམིགས་རྣམ་སྐྱོང་བ་ཙམ་ལ་འབད་ཀྱང་ལམ་ཤིན་ཏུ་སྐྱེ་དཀའ་བས་བསག་སྦྱང་གི་གནད་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱང་དགོས་སོ། །ཞེས་དང་། དེ་ལྟར་ཞིང་དམ་པ་ལ་དགེ་རྩ་བསྐྲུན་པའི་མཐུ་ལས་ལམ་གྱི་རིམ་པ་རྣམས་ལ་བློའི་མཐུ་ཇེ་རྒྱས་སུ་འགྲོ་བས། མཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ནོ། །ཞེས་གསུངས་པས་སོ། །སྨྲས་པ། གསུང་རབ་དགོངས་འགྲེལ་ཀུན་གྱི་བརྗོད་བྱའི་དོན། །མཆོག་དམན་བར་མའི་ཁྱད་པར་གྱིས་ཕྱེ་སྟེ། ལག་ཏུ་ལེན་པའི་རིམ་པ་ཆེས་མང་ཡང་། །གནད་ཀུན་གཅིག་བསྒྲིལ་ཡན་ལག་བདུན་པའོ། །ཚུལ་འདི་སྔོན་བྱོན་བཤེས་གཉེན་དུ་མས་ཀྱང་། །དུས་ཀུན་ཉམས་ལེན་གཙོ་བོར་མཛད་གྱུར་ན། །དེང་དུས་སྙིགས་མར་སྤྱོད་པ་བདག་ཅག་གིས། །འཇུག་བྱའི་སྙིང་བོ་ཉིད་དུ་ཅིས་མི་འཐད། །དེ་ཕྱིར་གཞན་ལ་ཕན་འདོད་ལྷག་བསམ་གྱིས། །འདིར་འབད་ལས་བྱུང་དགེ་ཚོགས་ཅི་མཆིས་པ། །བསྟ ན་དང་འགྲོ་ལ་ཡུན་རིང་ཕན་པ་དང་། །མཐར་ཡང་སངས་རྒྱས་འགྲུབ་པའི་རྒྱུར་བསྔོའོ། །ཅེས་པ་འདི་ནི། དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་དཔལ་འབྱོར་རྒྱ་མཚོས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་རབ་འབྱམས་སྨྲ་བ་བཤད་སྒྲུབ་མིང་ཅན་གྱིས་རྒྱས་བསྡུས་ཅི་ལྟར་འཚམས་པ་ཉིད་དུ་ལེགས་པར་སྦྱར་བས། གཞན་ལ་ཕན་ཐོགས་པར་གྱུར་ཅིག །འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། མངྒ་ལཾ།། །།

བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཡིག་སྙིང་བོའི་དོན་བསྡུས་པ།

བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཡིག་སྙིང་བོའི་དོན་བསྡུས་པ་ཞེས་བྱ་བ་བཞུགས།

བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་བྱང་ཆུབ་ལམ་གྱི་རིམ་པའི་དམར་འཁྲིད་ཀྱི་དོན་བསྡུས་ཏེ་སྟན་ཐོག་གཅིག་ལ་བཤར་བསྒོམ་གྱི་ཚུལ་དུ་ཉམས་སུ་ལེན་པ་ལ། སྦྱོར་དངོས་མཇུག་གསུམ་ལས། དང་པོ་ནི། གནས་གཙང་མར་རྟེན་གྱི་དྲུང་དུ་མཆོད་པ་བཤགས་པ་སོགས་བྱས་ལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན་ནས་བཞུགས་པར་མོས་ཏེ། བསམ་པ་ཐག་པ་ནས་ངག་ཏུ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་བརྗོད་པའི་མཇུག་ཏུ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཅི་ནུས་ཀྱི་མཐར། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། །དེའི་ཆེད་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་ཉམས་སུ་བླངས་བར་བགྱིའོ། །ཞེས་པ་ལན་གསུམ་བརྗོད། ཡང་ན་སྐྱབས་སེམས་སྤྱི་ལྟར་བྱ། དེ་ནས་བླ་མ་བསྟེན་པ་ལ་བསམ་སྦྱོར་གཉིས་ལས། དང་པོ་ནི། རང་ལ་ཆོས་འབྲེལ་ཡོད་པའི་བླ་མ་གང་ཡིན་གསལ་བཏབ་ནས། དེ་ལ་སྐྱོན་རྟོག་གི་བློ་འགོག་ཅི་ཐུབ་དང་། ཡོན་ཏན་དང་བཀའ་དྲིན་དྲན་པའི་དད་པ་ཅི་སྐྱེ་བྱ་སྟེ། དངོས་གྲུབ་ཀྱི་རྩ་བ་བླ་མར་གསུངས་པས། དེའི་སྐྱོན་གྱི་ངོས་ནས་བརྟགས་ཤིང་མ་དད་ན་དངོས་གྲུབ་མི་འབྱུང་བར་མ་ཟད། ངན་འགྲོར་སྐྱེ་བའི་ཉེས་དམིགས་དང་། དད་ཅིང་གུས་ན་རང་ལ་ལེགས་ཚོགས་ཐམས་ཅད་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་སོ། །སྙམ་དུ་བསམ་ཞིང་ཇི་ལྟར་འཚམས་པ་ཞིག་དྲན་ནས་དཔྱད་བསྒོམ་བྱ། སྦྱོར་བས་བསྟེན་པ་ནི། བླ་མ་དེ་དག་ལ་དངོས་སུ་ལུས་ངག་གིས་བསྙེན་བཀུར་བྱ་དགོས་ནའང་། རང་ཉིད་གཅིག་པུ་ལྟ་བུས་ཉམས་སུ་ལེན་པའི་ཚེ་ལག་ལེན་དུ་དམིགས་པས་བྱ་བ་ནི། མདོ་ཕྱོགས་ཁོ་ན་དང་བསྟུན་པ་རྒྱལ་དབང་གི་མན་ངག་བཞིན་འཁྲིད་ཡིག་ལོགས་སུ་བཀོད་པ་ལྟར་ལ། འདིར་རང་དང་སྐལ་བ་མཉམ་པ་འགའ་ཞིག་གི་དོན་དུ་ཚོགས་ཞིང་སྔགས་ཕྱོགས་སྤྱི་དང་མཐུན་པར་མདོར་བསྡུས་བརྗོད་པ་ནི། མདུན་གྱི་ནམ་མཁའི་དབྱིངས་སུ་སེངྒེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་ས་གནོན་དང་། གཡོན་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། མཚན་དཔེས་སྤྲས་ཤིང་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། འོད་ཀྱི་ཕུང་བོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་པད་ཟླའི་གདན་རྣམས་ལ་རིམ་པར་བྱམས་མགོན་ལ་སོགས་པ་རྒྱ་ཆེན་སྤྱོད་བརྒྱུད་དང་། གཡོན་དུ་པད་ཟླའི་གདན་རྣམས་ལ་རིམ་པར་འཇམ་དབྱངས་ལ་སོགས་པ་ཟབ་མོ་ལྟ་བརྒྱུད། སྟེང་གི་ཆར་པད་ཟླའི་གདན་ལ་རྩ་བའི་བླ་མ་དང་ངོ་བོ་དབྱེར་མི་བྱེད་པའི་རྗེ་བཙུན་ཆོས་ཀྱི་རྒྱལ་བོ་བཙོང་ཁ་བ། དེ་རྣམས་ཀྱི་རྒྱབ་ཕྱོགས་དང་མཐའ་སྐོར་དུ་རང་རང་གི་གདན་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པ་དེ་རྣམས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་ཐུབ་པའི་དབང་བོ་ལ་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་སྤྱན་དྲངས། མ་ལུས་སེམས་ཅན་སོགས་གཅིག་དང་ཐུགས་རྗེའི་བདག་ཉིད་སོགས་ཀྱི་མཐར། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར་བར་བསམ། གལ་ཏེ་སྔགས་ཕྱོགས་སུ་སྦྱོར་མི་འདོད་ན་ནི་འདི་ལྟར། མཆོག་གསུམ་རྒྱལ་བ་སྲས་བཅས་བདེན་བྱིན་དང་། །ཚོགས་གཉིས་ཡོངས་རྫོགས་ཆོས་དབྱིངས་དག་པའི་མཐུས། །ཞིང་འདི་བདེ་བ་ཅན་ལྟར་སྣོད་བཅུད་ཀྱི། །འབྱོར་ལྡན་མཆོད་ཚོགས་རྒྱ་མཚོས་ཁྱབ་གྱུར་ཅིག །དེར་ནི་སེང་ཁྲི་རིམ་པར་འཁོད་པའི་སྟེང་། །ཐུབ་དབང་མི་ཕམ་འཇམ་པའི་དབྱངས་ལ་སོགས། །རྒྱ་ཆེན་ཟབ་མོའི་བརྒྱུད་རིམ་བླ་མ་རྣམས། །བཞུགས་ནས་མཆོད་སྤྲིན་ཀུན་ནས་སྤྱོད་གྱུར་ཅིག །ཅེས་བྱ་ཞིང་འདི་ལྟར་ན་འོག་ཏུ་འོད་ཟེར་འཕྲོ་སྦྱངས་ཙམ་བྱས་ན་བདེ། དེ་ནས། རྣམ་དག་ཆོས་དབྱིངས་མ་དང་། མ་ལུས་སེམས་ཅན་མ་དང་། ཆོས་རྣམས་རང་བཞིན་སོགས་ཀྱིས་སྤྱན་འདྲེན་བྱ། །སྔ་ཕྱེ་གང་བྱེད་ཀྱང་། །ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ། སྟོང་གསུམ་ཀུན་དུ་སོགས་ཀྱིས་དྲི་བྱུག །སྲབ་འཇམ་ཡང་བ་སོགས་ཀྱིས་གོས་འབུལ། བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་བྱ། །དེ་ནས་ཡན་ལག་བདུན་པ་བྱ་བ་ལ། ཕྱག་འཚལ་བ་ནི། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ་ནས་མར་མེ་མཛད་ལ་འདུད། །ཞེས་པའི་བར་དང་། དམིགས་མེད་བརྩེ་བའི་སོགས་དང་། ཟབ་མོ་ལྟ་བའི་བརྒྱུད་སོགས་དང་། མགོན་པོ་ཐུགས་རྗེ་སོགས་དང་། ཇི་སྙེད་སུ་དག་ནས། བསྟོད་ཅེས་པའི་བར་དང་། ཕྱག་བྱར་འོས་པ་སོགས་ཀྱིས་ཕྱག་འཚལ། མེ་ཏོག་དམ་པ་སོགས་ཀྱིས་བླ་ན་ཡོད་མེད་ཀྱི་མཆོད་པ་དང་། རྒྱལ་བ་རྒྱ་མཚོའི་གང་མོས་བྱ། བསྡུ་ན། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཚོགས་ཇི་སྙེད་ཡོད་པ་རྣམས། །བླ་མ་རྒྱལ་བ་སྲས་བཅས་ལ། །འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ཞེས་སོགས་ལྟ་བུ་ཅི་རིགས་ཀྱིས་མཆོད་པ་དང་། མཎྜལ་རྒྱས་བསྡུས་གཉིས་སམ་གང་རུང་དང་། །ཡང་ན་བདག་གཞན་ལུས་ངག་ཡིད་གསུམ་སོགས་ཀྱིས་མཎྜལ་འབུལ། འདོད་ཆགས་ཞེ་སྡང་སོགས་དང་། བཤགས་པའི་ཚེ་གཞན་གྱིས་ཀྱང་སྡིག་བཤགས་བྱར་རུང་། དེ་ནས་ཕྱོགས་བཅུའི་རྒྱལ་བ་ནས། བྱང་ཆུབ་ཆེན་པོར་བསྔོ། ཞེས་པའི་བར་གྱིས་ཡན་ལག་ལྷག་མ་རྣམས་བྱ། དེ་ནས་འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས་སོགས་དང་། སྨྲ་བ་ཟླ་མེད་ནས་རྗེའི་བར་གྱི་གསོལ་འདེབས་དང་། དེ་ནས། མཁས་གྲུབ་ཆེན་པོ་ཤེས་རབ་སེངྒེའི་ཞབས། །དགེ་འདུན་གྲུབ་དང་ནོར་བཟང་རྒྱས་ཚོའི་དཔལ། །དགེ་འདུན་རྒྱ་མཚོ་དགེ་ལེགས་དཔལ་བཟང་བོ། །བསོད་ནམས་དཔལ་བཟང་ཞབས་ལ༴ བསོད་ནམས་རྒྱ་མཚོ་ཆོས་དཔལ་བཟང་བོ་དང་། །དཔལ་འབྱོར་རྣམ་གཉིས་བློ་བཟང་རྒྱ་མཚོའི་སྡེ། །སྦྱིན་པ་རྒྱ་མཚོ་བློ་གྲོས་གཞན་ཕན་པ། །རྗེ་བཙུན་བློ་བཟང་སྦྱིན་པར་གསོལ་བ་འདེབས། །རབ་འབྱམས་གསུང་རབ་སོགས་དང་། །སྟོན་པ་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །སོགས་དང་། རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་སོགས་ཀྱིས་གསོལ་བ་བཏབ་ནས། །ཡོན་ཏན་གཞིར་གྱུར་མའམ། འཇིག་རྟེན་དགེ་ལེགས་མ་གང་རུང་བྱ། ཤིན་ཏུ་བསྡུས་ན་འདིར་འོད་དང་བདུད་རྩི་འབེབས་སྦྱངས་བྱ་ཞིང་། མཐར་དེ་རྣམས་འོད་ཞུ་བྱས་ནས་རང་ལ་བསྟིམ། ཅུང་ཟད་རྒྱས་པར་ན། ཐུབ་པའི་དབང་བོ་ལ་སོགས་པ་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་གུས་པས་གསོལ་བ་འདེབས་སོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་ལ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལམ་གྱི་རིམ་པ་མཐའ་དག་མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་སོགས་གསོལ་བ་དྲག་ཏུ་གདབ། གཉིས་པ་དངོས་གཞི་ལ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བ། འབྲིང་དང་ཐུན་མོང་བ། ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་བྱིན་རླབས་ཞུ་བའི་ཚུལ་དུ་གསོལ་འདེབས་བྱེད་པ་གསུམ་ལས། དང་པོ་ནི། འཇུག་པ་བདེ་བའི་ཕྱིར་ཚིགས་བཅད་དུ་བྱ་བ་ལ། ཐོག་མར་བླ་མའི་བརྟེན་ཚུལ་ལ་ཡང་བསྡུས་ན། དེ་ལྟར་མཆོད་ཅིང་གུས་པས་གསོལ་བཏབ་མཐུས། །འདིའི་ཕྱིར་ཕན་བདེའི་འབྱུང་གནས་བླ་མ་ལ། །མ་དད་ལོག་པར་ལྟ་བ་གཏན་སྤངས་ནས། དད་གུས་ཤུགས་དྲག་སྐྱེ་བར་བྱིན་གྱིས་རློབས། །ཤིན་ཏུ་རྙེད་དཀའ་རྙེད་ན་དོན་ཆེ་བའི། །དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་འདི་ཉིད། །ཡིད་བཞིན་ནོར་བུ་བས་ཀྱང་དཀོན་མཐོང་ནས། །དོན་ཆེན་སྙིང་བོ་ལེན་པར་༴ དེ་ཚེ་མི་རྟག་ངེས་པར་འཆི་བ་དང་། །ནམ་འཆི་ཆ་མེད་ཤི་ཚེ་ཆོས་མ་གཏོགས། །གང་གིས་ཀྱང་ནི་མི་ཕན་རབ་ཤེས་པའི། །ལོང་མེད་རྒྱུད་ལ༴ ཤི་ཡང་ལས་གཉིས་ལུས་དང་གྲིབ་མ་བཞིན། །རྗེས་སུ་འབྲང་ཕྱིར་གལ་ཏེ་མི་དགེ་བའི། །ལས་ཀྱི་དབང་གིས་ངན་འགྲོར་སྐྱེས་གྱུར་ན། །སྡུག་བསྔལ་མྱོང་ཚུལ་དྲན་པར༴ འོག་གཞི་ཐམས་ཅད་ལྕགས་ཀྱི་ས་གཞི་དང་། །ལོགས་རྣམས་ལྕགས་ཀྱི་ར་བ་རབ་འབར་ཞིང་། །ཕྱོགས་མཚམས་མེ་ལྕེ་འཁྲིགས་པས་ཆེར་གཟིར་པའི། །ཚ་དམྱལ་སྡུག་བསྔལ་དྲན་པར༴ ཡང་སོས་ཐིག་ནག་བསྡུས་འཇོམས་ངུ་འབོད་དང་། །ངུ་འབོད་ཆེན་པོ་ཚ་དང་རབ་ཚ་བ། །མནར་མེད་ཚ་དམྱལ་བརྒྱད་རྣམས་སོ་སོ་ཡི། །སྡུག་བསྔལ་ཁྱད་པར་དྲན་པར༴ འོག་གཞི་ཁ་བའི་ཐང་དང་འཁྱགས་རོང་ཟབ། །མཐའ་ཀུན་གངས་རིའི་ཁོར་ཡུག་མུན་བཏིབ་པར། ཁ་བ་རླུང་གི་བུ་ཡུག་ཆེར་འཚུབ་པའི། །གྲང་དམྱལ་སྡུག་བསྔལ་དྲན་པར༴ ཆུ་བུར་ཅན་དང་བརྡོལ་དང་ཨ་ཆུ་ཟེར། །ཀྱི་ཧུད་སོ་ཐམ་ཨུཏྤལ་ལྟར་གས་དང་། །པདྨ་པདྨ་ཆེ་ལྟར་རབ་གས་པའི། །སོ་སོའི་སྡུག་བསྔལ་དྲན་པར༴ འདོད་པའི་དངོས་པོ་ཅི་ཡང་མེད་པ་ཡི། །ཤིན་ཏུ་ཉམ་ངའི་གནས་སུ་མི་སྡུག་གཟུགས། །བཀྲེས་ཤིང་སྐོམས་པས་རབ་གཟིར་ཉམ་ཐག་པའི། །ཡི་དྭགས་སྡུག་བསྔལ་དྲན་པར༴ ཟས་སྐོམ་མི་རྙེད་རྙེད་ཀྱང་སྤྱོད་མི་ནུས། །ཟོས་འཐུང་མེ་འབར་འཚིག་ཅིང་རང་ཤ་ཟ། །རྣག་ཁྲག་ལ་སོགས་མི་གཙང་དངོས་པོ་ཀུན། །ཟ་བའི་སྡུག་བསྔལ་དྲན་པར༴ མི་ཤེས་ཀུན་དུ་རྨོངས་པའི་སེམས་ལྡན་པས། །ལེགས་ཉེས་བླང་དོར་འབྱེད་པའི་མཐུ་མེད་ཅིང་། །ཕན་ཚུན་གཅིག་གིས་གཅིག་གསོད་ཟ་བ་སོགས། །དུད་འགྲོའི་སྡུག་བསྔལ་དྲན་པར༴ མུན་ནག་འཐིབ་པོར་རང་གི་ཡན་ལག་དག །བརྐྱངས་བསྐུམ་མི་མཐོང་མནན་དང་ཁྱུར་མིད་དམ། །ལུས་འབུག་ཁུར་བཀལ་བཅིངས་ཤིང་བརྡེགས་པ་དང་། །གསོད་པའི་སྡུག་བསྔལ་དྲན་པ༴ གང་ཚེ་ཤི་ནས་ངན་འགྲོའི་སྡུག་བསྔལ་ཀུན། །རང་གིས་མྱོང་བར་འགྱུར་བའི་ཚུལ་བསམས་ཏེ། །དེ་ལས་སྐྱོབ་པའི་སྐྱབས་གནས་མཆོག་གསུམ་པོར། །རེ་བལྟོས་ཤུགས་དྲག་སྐྱེ་བར༴ དེ་ལྟར་སྐྱབས་སུ་སོང་ཡང་ལས་གཉིས་ལ། །བླང་དོར་ཕྱིན་ཅི་ལོག་ཏུ་རབ་སྤྱད་ན། །སྐྱོབ་པར་མི་འགྱུར་ངན་འགྲོར་ལྟུང་བའི་ཕྱིར། །དཀར་པོའི་ལས་ཀུན་བསྒྲུབ་པར༴ སྲོག་གཅོད་མ་བྱིན་ལེན་དང་ལོག་པར་གཡེམ། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་ཀྱལ་དང་། །བརྣབ་སེམས་གནོད་སེམས་ལོག་ལྟ་བཅུ་སྤངས་ནས། །དགེ་བཅུ་ཚུལ་བཞིན་བསྒྲུབ་པར༴ གལ་ཏེ་བག་མེད་ཉོན་མོངས་རྐྱེན་དབང་གིས། །མི་དགེའི་ལས་ལ་ཞུགས་པར་གྱུར་བ་ན། །རྣམ་སྨིན་སྡུག་བསྔལ་མྱོང་བའི་ཚུལ་བསམས་ཏེ། །སྟོབས་བཞིའི་བཤགས་སྡོམ་བྱེད་པར༴ གཉིས་པ་འབྲིང་དང་ཐུན་མོང་བ་ནི། དེ་ལྟར་བསྒྲུབས་པས་མངོན་མཐོའི་གོ་འཕང་ཙམ། །རྙེད་ཀྱང་ཡང་དག་ཉིད་དུ་བདེ་མེད་ཅིང་། །སྡུག་བསྔལ་ལས་ནི་མ་འདས་ཤེས་གྱུར་ནས། །ཐར་འདོད་ཤུགས་དྲག་སྐྱེ་བར༴ དེ་ཚེ་སྐྱེ་རྒ་ན་འཆི་མི་སྡུག་འཕྲད། །སྡུག་པ་དང་བྲལ་མི་འདོད་ཐོག་ཏུ་བབ། །འདོད་པ་བཙལ་ཀྱང་མ་རྙེད་མྱ་ངན་སོགས། །མི་ཡི་སྡུག་བསྔལ་དྲན་པར༴ ལྷ་མིན་འཐབ་རྩོད་རྐྱེན་གྱིས་ལུས་བཅད་དྲལ། །འདོད་ལྷ་འཆི་ལྟས་རྣམ་ལྔ་འབྱུང་བ་དང་། །གོང་མའི་ལྷ་རྣམས་འདུ་བྱེད་སྡུག་བསྔལ་གྱིས། །བཅིངས་པའི་ཚུལ་རྣམས་དྲན་པར༴ མདོར་ན་ཁམས་གསུམ་འཁོར་བ་གང་སྐྱེས་ཀྱང་། །སྡུག་བསྔལ་གསུམ་པོ་གང་ཡང་རུང་བ་ཡིས། །གཟིར་ལས་མ་འདས་དེ་ཕྱིར་འཁོར་བ་ལས། །ཐར་འདོད་ངེས་འབྱུང་སྐྱེ་བར༴ སྡུག་བསྔལ་བསྐྱེད་པའི་རྒྱུ་ནི་ཀུན་འབྱུང་སྟེ། །གཙོ་བོ་ལྟ་བ་ལྔ་དང་ལྟ་མིན་ལྔ། །ངོས་བཟུང་ཤེས་ནས་སྤོང་བར་འདོད་པ་ཡི། །དོན་གཉེར་ཆེན་པོ་སྐྱེ་བར༴ འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ། །ཐེ་ཚོམ་འཇིག་ལྟ་མཐར་ལྟ་ལོག་པར་ལྟ། །ལྟ་བ་མཆོག་དང་ཚུལ་ཞུགས་མཆོག་འཛིན་གྱི། །ཉོན་མོངས་བཅུ་སྤོང་ནུས་པར༴ མ་རིག་འདུ་བྱེད་རྣམ་ཤེས་མིང་དང་གཟུགས། །སྐྱེ་མཆེད་རེག་ཚོར་སྲེད་ལེན་སྲིད་པ་དང་། །སྐྱེ་དང་རྒ་ཤི་ཡན་ལག་བཅུ་གཉིས་ཀྱིས། །འཁོར་བར་འཁོར་ཚུལ་ཤེས་པར༴ འཁོར་བའི་འཇུག་རིམ་ལེགས་པར་ཤེས་བྱས་ནས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་པ་གསུམ། །ཉམས་སུ་བླངས་ཏེ་ཐར་བའི་གོ་འཕང་མཆོག །འཐོབ་ཕྱིར་བརྩོན་པས་འཇུག་པར༴ གསུམ་པ་སྐྱེས་བུ་ཆེན་པོ་ནི། དེ་ལྟར་འབད་པས་ཐར་པ་ཙམ་ཐོབ་ཀྱང་། །རང་གཞན་དོན་གཉིས་རྫོགས་པར་མི་ནུས་པས། །ཐེག་པ་ཆེན་པོར་འཇུག་པའི་སྒོ་གཅིག་བུ། །བྱང་ཆུབ་སེམས་མཆོག་བསྐྱེད་པར༴ དེ་ཚེ་སེམས་ཅན་མར་ཤེས་དྲིན་དྲན་དང་། །དྲིན་གཟོ་བྱམས་པ་སྙིང་རྗེ་ལྷག་བསམ་དྲུག །གོམས་པར་བྱས་ནས་བྱང་ཆུབ་སེམས་ཉིད་ལ། །མྱོང་བ་ཚུལ་བཞིན་ཐོན་པར༴ སེམས་ཅན་རྣམས་ལ་བདེ་དགེ་གཏོང་བ་དང་། །དེ་ཡི་སྡུག་བསྔལ་རང་ལ་ལེན་འདོད་པའི། །གཏོང་ལེན་ཚུལ་བཞིན་སྤེལ་བའི་ཐབས་མཁས་ཀྱིས། །བདག་གཞན་མཉམ་བརྗེ་ནུས་པར༴ བྱང་ཆུབ་སེམས་ལ་ཚུལ་བཞིན་གོམས་བྱས་ཀྱང་། །རྒྱལ་སྲས་སྤྱོད་པའི་གནས་ལ་མ་ཞུགས་ན། །རྫོགས་བྱང་ཐོབ་པར་མི་ནུས་ཤེས་གྱུར་ཏེ། །ཕྱིན་དྲུག་སྤྱོད་ལ་འཇུག་པར༴ ཟང་ཟིང་ཆོས་དང་མི་འཇིགས་སྦྱིན་པ་རྣམས། །སེམས་ཅན་རང་རང་འདོད་པའི་དངོས་ཇི་བཞིན། །བསྒྱུར་ནས་མ་ཆགས་གཏོང་བའི་བློ་གྲོས་གྱིས། །སྦྱིན་པའི་ཕར་ཕྱིན་རྫོགས་པར༴ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམ་པ་གསུམ། །ཇི་བཞིན་བསྲུང་བའི་ཚུལ་ལ་རབ་འབད་པས། །ཚུལ་ཁྲིམས་ཕར་ཕྱིན་རྫོགས་པར༴ གནོད་པར་བྱེད་པའི་རྐྱེན་ལ་མི་ཁྲོ་ཞིང་། །སྡུག་བསྔལ་བྱུང་བ་ཡིད་ཀྱིས་དང་དུ་ལེན། །ཆོས་ལ་ངེས་སེམས་ལེགས་པར་གོམས་པ་ཡིས། །བཟོད་པའི་ཕར་ཕྱིིན་རྫོགས་པར༴ སེམས་ཅན་རེ་རེའི་ཕྱིར་ཡང་གྲངས་མེད་པའི། །བསྐལ་བར་བྱང་ཆུབ་ཕྱིར་དུ་སློབ་དགོས་ཀྱང་། །མི་སྐྱོ་དགེ་ཆོས་སེམས་ཅན་དོན་བསྒྲུབ་པའི། །བརྩོན་འགྲུས་ཕར་ཕྱིན་རྫོགས་པར༴ དགེ་བའི་དམིགས་པ་དག་ལ་རྩེ་གཅིག་པའི། །ཏིང་འཛིན་ལུས་སེམས་བདེ་བར་གནས་པ་དང་། །ཡོན་ཏན་མངོན་གྲུབ་སེམས་ཅན་དོན་བྱེད་པའི། །བསམ་གཏན་ཕར་ཕྱིན་རྫོགས་པར༴ བརྟགས་པའི་དངོས་པོ་ཆོས་ཀུན་རྣམ་འབྱེད་པའི། །ཇི་ལྟ་ཇི་སྙེད་རྟོགས་པའི་ཤེས་རབ་དང་། །གཞན་དོན་ཚུལ་བཞིན་རབ་ཏུ་སྒྲུབ་བྱེད་པའི། །ཤེས་རབ་ཕར་ཕྱིན་རྫོགས་པར༴ ཕུང་པོའི་སྟེང་དུ་བཏགས་ཙམ་མ་ཡིན་པར། །གང་ལའང་མ་བལྟོས་ང་ཞིག་རང་ངོས་ནས། །གྲུབ་གྲུབ་འདྲ་བ་འཆར་བའི་ཚུལ་ཤེས་ཏེ། །ཐོག་མར་དགག་བྱ་ངེས་པར༴ དེ་ནས་ང་དེ་ལུས་སེམས་འདི་གཉིས་དང་། །གཅིག་གམ་ཐ་དད་གང་རུང་ཡིན་དགོས་པར། །ཐག་ཆོད་ཕུང་གསུམ་མེད་པར་རྟོགས་པ་ཡིས། ཁྱབ་པ་ཇི་བཞིན་ངེས་པར༴ དེ་འདྲའི་ང་དེ་ལུས་སེམས་གཉིས་ཀ་དང་། །གཅིག་ན་ལུས་སེམས་ང་གསུམ་ཆ་མེད་ཀྱི། །གཅིག་ཏུ་འགྱུར་ཕྱིར་སོ་སོར་མེད་ཐལ་བས། །བདེན་པའི་གཅིག་བྲལ་ངེས་པར༴ ཐ་དད་ན་ཡང་ལུས་སེམས་སོ་སོ་རུ། །ཕྱེ་བའི་འོག་ཏུ་ང་ཞིག་ཡོད་དགོས་ན། །དེ་ནི་སུས་ཀྱང་བསྟན་དུ་མེད་པའི་ཕྱིར། །བདེན་པའི་དུ་བྲལ་ངེས་པར༴ དེ་ལྟར་གནད་བཞིའི་དཔྱད་པ་ལ་བརྟེན་ནས། །ཕུང་པོའི་སྟེང་དུ་བཏགས་པ་ཙམ་ཡིན་པའི། །ང་དེ་གཏན་ནས་མེད་པར་ངེས་པ་ཡི། །བདག་མེད་གནས་ལུགས་རྟོགས་པར༴ དེ་བཞིན་མགོ་སོགས་ཡན་ལག་ལྔ་ཡི་སྟེང་། །ལུས་ཞེས་རྟོག་པས་བཏགས་ཙམ་མ་ཡིན་པར། །ཡན་ལག་ཀུན་ལ་བལྟོས་མེད་ཚུགས་སེ་བའི། །ལུས་ཉིད་མེད་པར་རྟོགས་པར༴ དེ་ལྟར་ཆོས་རྣམས་ཀུན་ཀྱང་རང་རང་གི །ཆ་ཤས་སོགས་ལ་བརྟེན་ནས་བཏགས་པ་ལས། །གཞན་དུ་གྲུབ་པ་ཅུང་ཟད་མེད་རྟོགས་ནས། །རྩེ་གཅིག་མཉམ་པར་འཇོག་པར༴ དེ་ལས་ལངས་ཚེ་གཟུགས་སོགས་ཇི་སྙེད་ཆོས། །རང་བཞིན་མེད་ཀྱང་སྒྱུ་མ་རྨི་ལམ་ལྟར། །སྣང་སྟོང་ཟུང་དུ་འཇུག་པར་ངེས་རྙེད་ནས། །ཉམས་ལེན་སྙིང་བོར་བྱེད་པར༴ སྦྱིན་དང་སྙན་པར་སྨྲ་དང་དོན་མཐུན་དང་། །དོན་སྤྱོད་བསྡུ་བ་རྣམ་བཞིས་གཞན་གྱི་དོན། །ཚུལ་བཞིན་སྒྲུབ་པར་བྱེད་པའི་སྤྱོད་པ་ཡིས། །རྒྱལ་བའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །དེ་ལྟར་གུས་པས་གསོལ་བ་བཏབ་པའི་མཐུས། །སྐྱབས་གནས་རྣམས་ཀྱི་སྐུ་ལས་འོད་ཟེར་དང་། །བདུད་རྩིའི་ཚོགས་བྱུང་རང་གི་གནས་རྣམས་སུ། །ཞུགས་ནས་སྡིག་སྒྲིབ་ཉེས་ལྟུང་མ་ལུས་སྦྱངས། །དགྱེས་བཞིན་བདག་གི་སྤྱི་བོར་བྱོན་ནས་ཀྱང་། །འོད་ཀྱི་ཕུང་བོར་གཅིག་འདྲེས་ཐིམ་པ་ཡིས། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས། །རྒྱུད་ལ་སྐྱེ་བའི་ནུས་ལྡན་བྱིན་བརླབས་གྱུར། །ཅེས་དམིགས་པ་དང་བཅས་ཏེ་ཤུགས་དྲག་ཏུ་གསོལ་བ་གདབ། །ཚིགས་བཅད་འདི་གཉིས་གོང་གི་ཤིན་ཏུ་བསྡུས་པ་བྱེད་པའི་མཐར་ཡང་རུང་། །ཚོགས་ཞིང་སྔགས་ཕྱོགས་ལ་མི་སྦྱོར་ན། །སྐུ་ལས་འོད་ཟེར་ཚོགས་དཀར་གསལ་ཆེམ་ཕྱུང་ཞེས་པ་ལམ་འོད་ཞུ་བྱེད་མི་བྱེད་ཀྱང་འདམ་ཀའོ། །དེ་ནས་ཅུང་ཟད་མཉམ་པར་བཞག་སྟེ། དལ་འབྱོར་གྱི་རྟེན་འདི་རྙེད་པར་དཀའ་འོ་སྙམ་དུ་ཅུང་ཟད་ཅིག་བསམ། དེ་ནས་ངན་སོང་གི་སྡུག་བསྔལ་སྙེད་ནས་དྲན་པར་བྱས་ལ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱང་ཚེ་རབས་ཀུན་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སྐྱེ་གནས་ཐམས་ཅད་ལས་ཐར་བར་གྱུར་ཅིག །ཐར་ན་ཅི་མ་རུང་ཐར་བར་བདག་གིས་བྱའོ། །སྙམ་དུ་བསམ་ཞིང་ལན་འགའ་བརྗོད། །དེ་ནས་འཁོར་བ་སྦྱིན་དང་བྱེ་བྲག་གི་སྡུག་བསྔལ་དྲན་པར་བྱས་ཏེ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱང་མི་འདོད་བཞིན་དུ་སྐྱེ་གནས་གང་དུ་ཉིང་འཚམས་སྦྱོར་བའི་འཁོར་བའི་རྒུད་པ་ཀུན་ལས་གྲོལ་བར་གྱུར་ཅིག །གྲོལ་ན་ཅི་མ་རུང་སོགས་སྔར་བཞིན་དང་། དེ་ནས་མ་སོགས་སེམས་ཅན་ཐམས་ཅད་མདུན་དུ་གསལ་བཏབ་ལ། སྣ་བུག་གི་རླུང་ཕྱིར་བུས་པ་དང་མཉམ་དུ་རང་གི་བདེ་དགེ་ཐམས་ཅད་འོད་ཟེར་དཀར་བོའི་རྣམ་པར་རླུང་ལ་ཞོན་ཏེ་རང་གི་སྣ་བུག་གཡས་ནས་ཐོན། སེམས་ཅན་ཐམས་ཅད་ཀྱི་སྣ་བུག་གཡོན་ནས་ཞུགས་པས་དེ་རྣམས་བདེ་སང་སང་སོང་བར་བསམ་ཞིང་ངག་ཏུ །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །ལྡན་ན་ཅི་མ་རུང་ལྡན་པར་བདག་གིས་བྱའོ་སྙམ་དུ་བསམས་ནས་ལན་གསུམ་སོགས་བརྗོད་དེ་བྱམས་པ་བསྒོམ། ཡང་རང་གི་སྣ་བུག་ནས་རླུང་རྔུབ་པ་དང་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་རླུང་དང་འགྲོགས་ནས་འོད་ཟེར་ནག་པོའི་རྣམ་པར་དེ་རྣམས་ཀྱི་སྣ་བུག་གཡས་ནས་ཐོན། རང་གི་སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་དཀར་ནག་ཕུང་ངེར་བྱུང་བར་བསམས་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་བྲལ་ན་ཅི་མ་རུང་སོགས། སྔར་བཞིན་བརྗོད་ཅིང་བསམས་ལ་སྙིང་རྗེ་ཤུགས་དྲག་ཏུ་བསྒོམ། དེ་ནས་བདག་སོགས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ནས་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ཐོབ་ན་ཅི་མ་རུང་ཞེས་སོགས་སྔར་བཞིན་བརྗོད་ཅིང་བསམས་ལ་སེམས་སྐྱེད་པར་བྱའོ། །དེ་ནས་ཡང་། བདག་གིས་ཚེ་རབས་ཀུན་དུའང་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བ་རྣམ་བཞི་སོགས་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་ལེགས་པར་སློབ་པར་གྱུར་ཅིག །སློབ་ན་ཅི་མ་རུང་བསླབ་པར་བདག་གིས་བྱའོ། །ཞེས་བསམ་ཞིང་བརྗོད། དེ་ནས་ཞི་གནས་ཀྱི་ཕྱོགས་བསྒོམ་པ་ཡོད་ན་དེ་དང་། མེད་ཀྱང་ལྟ་བའི་སྐོར་ལ་གནད་བཞིའི་དཔྱད་པ་བྱེད་པའམ། བསྡུ་ན་འདི་ལྟར་གདགས་གཞི་ས་རྡོ་ཤིང་སོགས་དུ་མ་འདུས་པ་ལ་བརྟེན་ནས་མཐོ་ཡོར་རམ་ཁང་བ་ཞེས་སྒྱུ་མ་བཞིན་རྟོག་པས་ཕར་བཏགས་ཙམ་ཞིག་གློ་བུར་དུ་བྱུང་ཡང་དཔྱད་པའི་ཚེ་ས་རྡོ་ཤིང་སོགས་རེ་རེ་ནས་མཐོ་ཡོར་རམ་ཁང་བ་མིན་ལ། དེ་རྣམས་ལས་ངོ་བོ་ཐ་དད་པར་རང་དབང་ཐུབ་པའི་དེ་དག་ཀྱང་བཞག་ཏུ་མེད་པ་ལྟར། གཟུགས་སོགས་ཕུང་བོ་ལྔ་ཚོགས་རྒྱུན་གྱི་སྟེང་དུ་ངའོ་ཞེས་འབྱུང་ཡང་། ང་དེ་ནི་ཕུང་བོ་ལྔ་ཚོགས་པའི་གདགས་གཞིའི་སྟེང་དུ་མིང་བརྡའམ་རྟོག་པས་བཞག་པ་ཙམ་ལས། གཟུགས་སོགས་ཕུང་བོ་ལྔའི་ཡ་གྱལ་རེ་རེ་དང་ཚོགས་པ་དང་རྒྱུན་གང་ཡང་ང་མིན་ལ། དེ་རྣམས་ལ་ངོ་བོ་ཐ་དད་པའི་ང་ཡང་མེད་པས་ན་ང་དེ་ཕུང་བོའི་སྟེང་དུ་རང་དབང་ཐུབ་པའི་ཚུལ་གྱིས་མེད་དོ། །དེའི་ཕྱིར་ང་ནི་རང་བཞིན་གྱིས་གྲུབ་པ་མེད་སྙམ་དུ་དཔྱད་བསྒོམ་བྱ། དེ་ལས་ལངས་པའི་ཚེ་དེ་ལྟ་ནའང་མེ་ལོང་ངོས་སུ་ཤར་བའི་གཟུགས་བརྙན་ལྟར་ཐ་སྙད་ཙམ་དུ་བྱ་བྱེད་ཐམས་ཅད་འཐད་པའོ་སྙམ་དུ་སྣང་སྟོང་ཚོགས་པ་ལ་ངེས་པ་དྲང་བར་བྱའོ། །གསུམ་པས་མཇུག་ཏུ་དགེ་བ་རྣམས་རྫོགས་བྱང་དུ་བསྔོའོ། །དམིགས་སྐོར་ཕྱི་མ་འདི་རྣམས་ཁྱད་ཆེ་ཡང་། མ་ལྕོགས་ན་གོང་དུ་འོད་ཞུ་བྱས་པའི་མཐར་བསྔོ་སྨོན་བྱའོ། །འདིར་ཚོགས་ཞིང་སྔགས་ཕྱོགས་ལ་བརྟེན་པ་ཙམ་བྱས་པ་ནི་འགལ་བ་མེད་པར་མ་ཟད། ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བའི་ཕྱིར་ན། བློ་གསལ་བ་དག་མཐོང་རྒྱ་ཆུང་བའི་རྟགས་མ་སྟོན་ཅིག །ཅེས་པ་འདི་ནི་རང་གི་སློབ་མ་རྣམ་དཔྱོད་དང་ལྡན་པའི་གནས་བརྟན་ཆོས་རིན་ཆེན་གྱིས་ཉེ་བར་བསྐུལ་ཞིང་། ཁྱད་པར་དུ་ལྷ་རིས་སོགས་བཟོ་རིགས་པའི་གནས་ལ་བློ་གྲོས་རྣམ་པར་ཕྱོགས་པའི་དགེ་སློང་ངག་དབང་དཔལ་འབྱོར་གྱིས་གཞན་ལ་ཕན་ཐོགས་པར་འགྱུར་སྲིད་སྙམ་སྟེ། རང་ཉིད་ཀྱི་ཆོས་སྐལ་དུ་དད་པས་ཀུན་ནས་བསླངས་ནས་པར་དུ་བསྒྲུབ་པར་བཞེད་པའི་ཚེ་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ།། །།འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །།སརྦ་མངྒ་ལཾ།། །།

བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ་རྗེ་བླ་མའི་དགོངས་པ་གསལ་བར་བྱེད་པ་རྒྱལ་སྲས་འཇུག་ངོགས།

བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ་རྗེ་བླ་མའི་དགོངས་པ་གསལ་བར་བྱེད་པ་རྒྱལ་སྲས་འཇུག་ངོགས་ཞེས་བྱ་བ་བཞུགས།

ན་མོ་སུ་མ་ཏི་ཀཱིརྟི་ཡེ། རྒྱལ་བའི་དབང་བོ་རྣམ་འདྲེན་ཟས་གཙང་སྲས། །རྒྱལ་ཚབ་མི་ཕམ་རྗེ་བཙུན་མཁྱེན་པའི་གཏེར། །རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་སོགས། །རྒྱལ་སྲས་འཛམ་གླིང་མཁས་པའི་ཚོགས་ལ་འདུད། །འདིར་ཐེག་པ་ཆེན་པོའི་གསུང་རབ་དུ་མའི་བརྗོད་བྱའི་སྙིང་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ་བཤད་པར་བྱ་སྟེ། འདིའི་རྣམ་གཞག་རྒྱས་པར་ནི་རྗེའི་གསུང་རབ་ལས་འབྱུང་ཡང་འདིར་རང་ཉིད་ཀྱིས་ཕན་ཡོན་ཐོབ་ཅིང་གཞན་ལའང་གོ་བདེ་ཞིང་ཕན་སྲིད་སྙམ་ནས་འཆད་པ་ལ་དགུ། རྒྱུ་མཚན་ཕན་ཡོན་དང་བཅས་པ། རྟེན། རྒྱུ་རྐྱེན། ངོ་བོ། དབྱེ་བ། སྦྱོང་ཚུལ། སྐྱེས་པའི་ཚད། ཆོ་གས་འཛིན་ཚུལ། འཕྲོས་དོན་དུ་སྤྱོད་པ་གང་ལ་བསླབ་ཚུལ་ལོ། །དང་པོ་ནི། ཐེག་ཆེན་ལམ་དུ་འཇུག་པར་འདོད་པ་རྣམས་ཀྱིས། བྱང་ཆུབ་ཏུ་སེམས་བསྐྱེད་དགོས་པ་ཡིན་ཏེ། དེ་ལྟར་དགོས་པ་ལ་རྒྱུ་མཚན་དང་། ཕན་ཡོན་གྱི་ཁྱད་པར་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལམ་རིམ་ཆེན་མོ་ལས། དེ་ལ་རྒྱལ་བས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་གསུངས་ཀྱི། དེ་ལས་གཞན་པའི་ཐེག་པ་ཆེན་པོ་ནི་མེད་དོ། །དེ་གཉིས་གང་གི་སྒོར་འཇུག་ཀྱང་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ། དེ་རྒྱུད་ལ་ནམ་སྐྱེས་པ་ན་གཞན་གང་ཡང་མ་སྐྱེས་ཀྱང་ཐེག་ཆེན་པོར་འཇོག་པ་ཡིན་ལ། དེ་དང་ནམ་བྲལ་བ་ན་སྟོང་པ་ཉིད་ཀྱི་རྟོགས་པ་ལ་སོགས་པའི་ཡོན་ཏན་ཅི་ཡོད་ཀྱང་ཉན་ཐོས་ལ་སོགས་པའི་སར་ལྟུང་ཞིང་། ཐེག་ཆེན་ལས་ཉམས་པར་ཡིན་པར་ཐེག་པ་ཆེན་པོའི་གཞུང་དུ་མ་ལས་གསུངས་ཤིང་རིགས་པས་ཀྱང་འགྲུབ་པ་ཡིན་ནོ། །ཞེས་དང་། འདི་ལ་འབད་ནས་བཅོས་མ་མ་ཡིན་པ་ཞིག་སྐྱེ་རྒྱུ་བྱུང་ན། དེས་ཟིན་པའི་བྱ་རོག་ལ་ཟན་ཆང་ཟད་ཅིག་བྱིན་པའང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བའི་གྲངས་སུ་འགྲོ་ཡི། འདི་མེད་ན་སྟོང་གསུམ་རིན་པོ་ཆེས་བཀང་སྟེ་བྱིན་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པར་མི་ཆུད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དང་ལྷ་བསྒོམ་པ་དང་རྩ་རླུང་ཐིག་ལེ་སོགས་བསྒོམ་པའང་བྱང་ཆུབ་སེམས་དཔའི་སྤྱོད་པར་མི་ཆུད་དོ། །ཞེས་དང་། ཉམས་མགུར་ལས་ཀྱང་། སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། ནས། རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །གཉིས་པ་ཕན་ཡོན་གྱི་ཁྱད་པར་ཡོད་དེ། ལམ་རིམ་ལས། ཕན་ཡོན་ཡང་བསྡུ་ན་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལའང་ངན་འགྲོར་མི་ལྟུང་བ་དང་བདེ་འགྲོར་སྐྱེ་བ་གཉིས་ཏེ། སེམས་དེ་སྐྱེས་ན་ངན་འགྲོའི་རྒྱུ་སྔར་བསགས་དུ་མ་འདག་པ་དང་། ཕྱིས་གསོག་པ་རྣམས་རྒྱུན་ཆད་པ་དང་། བདེ་འགྲོའི་རྒྱུ་སྔར་བསགས་རྣམས་དེས་ཟིན་པས་རྒྱ་ཆེར་འཕེལ་བ་དང་། གསར་དུ་བྱེད་པ་རྣམས་ཀྱང་དེས་ཀུན་ནས་སློང་བས་ཟད་པའི་མཐའ་མེད་པའོ། །མཐར་ཐུག་གི་དོན་ཐར་བ་དང་ཐམས་ཅད་མཁྱེན་པ་རྣམས་ཀྱང་སེམས་དེ་ལ་བརྟེན་ནས་བདེ་བླག་ཏུ་འགྲུབ། ཞེས་དང་། མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། སྤྱོད་འཇུག་ལས་ཀྱང་། དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲ་ག་ལ་ཡོད། །ཞེས་དང་། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཞེས་དང་། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །དེས་ན་དེ་ལྟ་བུའི་ཕན་ཡོན་མཐོང་བའི་དད་པས་ཡིད་དྲངས་ནས་བྱང་ཆུབ་ཀྱི་སེམས་དངོས་སམ་དེའི་གཟུགས་བརྙན་ཙམ་ཡིན་ཡང་རུང་སྟེ། བསྒོམ་པ་ལ་ཅི་ནུས་སུ་འབད་པར་བྱ་སྟེ། རྗེའི་ཞལ་ནས། འོན་ཀྱང་གཟུགས་བརྙན་ཙམ་ལས་མ་བྱུང་ཡང་དགེ་རྩ་སྒྲུབ་པ་ཐམས་ཅད་འདིས་རྒྱས་བཏབ་ཅིང་སྨོན་ལམ་གྱིས་ཁ་བསྒྱུར་ན་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བས་འདི་ལ་ངེས་ཤེས་འདྲོངས་པ་མཛོད། ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་སེམས་བསྐྱེད་པ་དཀའོ་སྙམ་དུ་ཞུམ་སྟེ། དེ་རང་རྒྱུད་ལ་བསྐྱེད་པའི་རྩིས་ཅི་ཡང་མེད་པར་ངག་ནས་ཐེག་ཆེན་སེམས་བསྐྱེད་ཞེས་མང་དུ་བརྗོད་ཀྱང་ཁ་ཕྱིར་བལྟས་ཀྱི་ཤེས་པ་ཁོ་ནས་དལ་བ་དོན་མེད་པར་མི་བྱའོ། །གཉིས་པ་རྟེན་གང་ལ་སྐྱེ་ན། ལུས་རྟེན་ནི། སྤྱིར་རིགས་དྲུག་གི་རྟེན་ལ་སྐྱེ་ཞིང་། སེམས་རྟེན་ནི། དད་པ་དང་བྱམས་སྙིང་རྗེ་སོགས་ལ་བརྟེན་ནས་སྐྱེའོ། །གསུམ་པ་རྒྱུ་རྐྱེན་གང་ལ་བརྟེན་ནས་སྐྱེ་ན། སྤྱིར་རྒྱུ་བཞི། རྐྱེན་བཞི། སྟོབས་བཞི་ལས་སྐྱེ་བ་ཡོད་དེ། རྒྱུ་བཞི་ནི། རིགས་ཕུན་སུམ་ཚོགས་པ། དགེ་བའི་བཤེས་གཉེན་ལ་བརྟེན་པ། སེམས་ཅན་ལ་སྙིང་རྗེ་ཆེ་བ། སེམས་ཅན་གྱི་དོན་དུ་འཁོར་བའི་དཀའ་སྤྱད་ལ་མི་སྐྱོ་བའོ། །རྐྱེན་བཞི་ན། སངས་རྒྱས་བྱང་སེམས་ཀྱི་ཆོ་འཕྲུལ་མཐོང་ངམ་ཐོས་པ། ཐེག་ཆེན་གྱི་སྡེ་སྣོད་ཐོས་པ། ཐེག་ཆེན་གྱི་ཆོས་ནུབ་པར་མ་བཟོད་པ། སྙིགས་དུས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྙེད་དཀའ་བར་བསམ་པའོ། །སྟོབས་བཞི་ནི། རང་གི་མཐུས་རྫོགས་བྱང་འདོད་པ་རང་གི་སྟོབས། གཞན་གྱི་མཐུས་དེ་འདོད་པ་གཞན་གྱི་སྟོབས། །སྔོན་ཐེག་ཆེན་ལ་གོམས་པས་ད་ལྟ་སངས་རྒྱས་བྱང་སེམས་ཀྱི་བསྔགས་པ་ཐོས་ནས་མོས་པ་རྒྱུའི་སྟོབས། སྔོན་དགེ་བ་ལ་རིང་དུ་གོམས་པ་སྦྱོར་བའི་སྟོབས་ཏེ། དེ་དག་ཅི་རིགས་ལ་བརྟེན་ནས་སྐྱེ་བ་ཡོད་དོ། །དོན་བསྡུས་པའི་ཁྱད་ཆེ་བ་ནི། སེམས་ཅན་དཔག་ཏུ་མེད་པའི་དོན་བྱའོ། །རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་བསླབ་པར་བྱའོ། །སངས་རྒྱས་ཀྱི་ཆོས་ཚད་མེད་པ་བསྒྲུབ་པར་བྱའོ་སྙམ་དུ་ཡང་ཡང་བསམ་ཞིང་སྨོན་ན། སེམས་དེ་སྐྱེ་བའི་རྒྱུར་ཕུལ་དུ་བྱུང་བར་འགྱུར་རོ། །གཞན་ཡང་དེ་སྐྱེ་བའི་རྒྱུར་ཚོགས་གསོག་སྒྲིབ་སྦྱོང་བྱེད་པ་དང་། ཁྱད་པར་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སྦྱོང་བ་དང་། །བདག་གཞན་མཉམ་བ རྗེའི་སྒོ་ནས་སྦྱོང་ཚུལ་ཡང་སེམས་བསྐྱེད་སྐྱེ་བའི་རྒྱུ་རྐྱེན་ཡིན་ལ། འོན་ཀྱང་འདི་སྐྱེ་བའི་རྒྱུའི་གཙོ་བོ་ནི། སེམས་ཅན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོ་ཉིད་ཡིན་ཏེ། རྒྱུ་རྐྱེན་གཞན་ཇི་ལྟ་བ་བཞིན་ཚང་ཡང་འདི་ངེས་པར་དགོས་པའི་ཕྱིར་རོ། །བཞི་བ་ངོ་བོ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར། རང་གི་རྒྱུར་གྱུར་པའི་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་གཞན་དོན་གཉེར་གྱི་འདུན་པ་ལས་བྱུང་ཞིང་། རང་གི་གྲོགས་སུ་གྱུར་པའི་རང་དོན་དུའང་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་དུ་གྱུར་པའི་ཐེག་ཆེན་ལམ་གྱི་འཇུག་སྒོའི་རིགས་སུ་གནས་པའི་ཐེག་ཆེན་གཙོ་བོ་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་དམ་ངོ་བོ་ཡིན། འདིར་གཞན་དོན་དོན་གཉེར་ནི། སེམས་ཅན་ལ་དམིགས་པའི་བྱམས་པ་དང་སྙིང་རྗེ་སོགས་ཀྱིས་ཀུན་ནས་བསླངས་ཏེ། དེ་དག་གི་དོན་དུ་རྫོགས་བྱང་དོན་དུ་གཉེར་བ་ཡིན་ལ། རྫོགས་བྱང་དོན་གཉེར་ནི། རང་དོན་དུའང་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་སྟེ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་ལ་ནི་དེ་གཉིས་ཀ་ཚོགས་དགོས་ཀྱི། གང་རུང་རེས་མི་ཆོག་སྟེ། ལམ་རིམ་ལས། མཚན་ཉིད་ཡོངས་སུ་རྫོགས་པའི་སེམས་བསྐྱེད་པ་ནི། གཞན་དོན་ལ་དགོས་པར་མཐོང་བ་ཙམ་གྱིས་དྲངས་པའི་སངས་རྒྱས་ཐོབ་འདོད་ཙམ་གྱིས་མི་ཆོག་པས། རང་དོན་ལའང་སངས་རྒྱས་མེད་དུ་མི་རུང་བར་མཐོང་བའི་ཐོབ་འདོད་དང་། དེ་ཡང་གཞན་གྱི་དོན་ཡལ་བར་བཞག་པ་མིན་པར་གཞན་གྱི་ཕྱིར་དུའང་དོན་དུ་གཉེར་བ་ཞིག་དགོས་ཏེ། ཞེས་གསུངས་པའི་ཕྱིར་རོ། །ལྔ་པ་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། སྨོན་སེམས་དང་། འཇུག་སེམས་གཉིས་ཏེ། དེ་གཉིས་ཀྱི་ཁྱད་པར་ནི། སྒོམ་རིམ་ལས། འགྲོ་བ་མཐའ་དག་ལ་ཕན་པའི་སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི། སྨོན་པའི་སེམས་སོ། །གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་ནི་འཇུག་པའི་སེམས་སོ། །ཞེས་གསུངས་པའི་དོན། ལམ་རིམ་ལས། སྦྱིན་པ་ལ་སོགས་པའི་སྤྱོད་པ་ལ་སློབ་ཀྱང་རུང་མི་སློབ་ཀྱང་རུང་། ཇི་སྲིད་དུ་སྡོམ་པ་མ་བཟུང་བ་དེ་སྲིད་དུ་སྨོན་པའི་སེམས་ཡིན་ལ། སྡོམ་པ་བཟུང་བ་ནས་སེམས་དེ་འཇུག་སེམས་སུ་ཤེས་པར་བྱ་སྟེ། ཞེས་བཤད་པ་ལྟར་རོ། །འདི་ལ་བཞེད་པ་མི་འདྲ་བ་མང་དུ་ཡོད་ཀྱང་རྗེ་ཡབ་སྲས་ཀྱི་དགོངས་པ་ཕྱོགས་གཅིག་ཏུ་བསྡུ་ན། སྨོན་སེམས་ནི། སྡོམ་པ་བླངས་སམ་མ་བླངས་ཀྱང་རུང་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པ་ལ་བལྟོས་མི་དགོས་པའི་རིགས་གནས་ཞིག་ཡིན་ལ། འཇུག་སེམས་ནི། འཇུག་སྡོམ་ཐོབ་ཅིང་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པ་ལ་བལྟོས་དགོས་པ་ཞིག་ཡིན་ནོ། །ས་མཚམས་ལ། སྨོན་སེམས་ནི་ཚོགས་ལམ་ནས་ས་མ་ཐོབ་ཀྱི་བར་དང་། ས་བདུན་པའི་བར་དུ་ཡོད་པར་བཞེད་པའི་ཚུལ་སོགས་མང་ལ། འཇུག་སེམས་ནི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་ཅིང་། དབྱེ་བའི་སྒོ་གཞན་ཡང་མང་ངོ་། །དྲུག་པ་སྦྱོང་བའི་རིམ་པ་ལ་གཉིས་ཏེ། ཇོ་བོ་ཆེན་པོ་ནས་བརྒྱུད་པ་དང་། །ཞི་བ་ལྷ་ནས་བརྒྱུད་པའི་སྦྱོར་ཚུལ་ལོ། །དང་པོ་ནི། རྒྱུ་འབྲས་མན་ངག་བདུན་ཏེ། བྱང་ཆུབ་ཀྱི་སེམས་ནི། ལྷག་བསམ་དང་། དེ་སྙིང་རྗེ། དེ་བྱམས་པ། དེ་དྲིན་གཟོ་བ། དེ་དྲིན་དྲན་པ། དེ་སེམས་ཅན་མར་ཤེས་པ་ལས་འབྱུང་ངོ་། །གོང་དུ་བཤད་པ་ལྟར་སེམས་བསྐྱེད་སྐྱེ་བའི་རྒྱུ་རྐྱེན་མང་ཡང་། གཙོ་བོ་ནི་བྱམས་པ་དང་འབྲེལ་བའི་སྙིང་རྗེ་ཉིད་དེ། འདི་ནི་སྤྱིར་སེམས་ཅན་གཞན་སྡུག་བསྔལ་གྱིས་མནར་ཚུལ་ཡང་ཡང་བསམས་ནས་སྐྱེ་མོད། དེ་ཤུགས་དྲག་པ་དང་ཤིན་ཏུ་བརྟན་པོ་སྐྱེ་བ་ལ་ནི། སྔོན་དུ་སེམས་ཅན་དེ་ཡིད་འོང་གི་རྣམ་པ་ཅན་དུ་བསམ་པ་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་མར་ཤེས་པ། དྲིན་དྲན་པ་སོགས་གོམས་པར་བྱེད་པའོ། །དེ་དག་བསྡུ་ན། གཞན་དོན་གཉེར་གྱི་བློ་སྦྱོང་བ་དང་། བྱང་ཆུབ་དོན་གཉེར་གྱི་བློ་སྦྱོང་བ་གཉིས་སུ་འདུ་བས། དང་པོ་ལ་གཉིས། བློ་དེ་སྐྱེ་བའི་གཞི་དང་། བསྐྱེད་ཚུལ་དངོས་སོོ། དང་པོ་ལ། བཏང་སྙོམས་དང་། ཡིད་འོང་གི་རྣམ་པ་ཅན་དུ་བསམ་པ་གཉིས་ཀྱི། དང་པོ་ནི། བྱམས་པ་དང་སྙིང་རྗེ་རིས་སུ་མ་ཆད་པ་ཞིག་སྐྱེ་བ་ལ་སྔོན་དུ་བཏང་སྙོམས་བསྒོམ་དགོས་ཏེ། གཞན་དུ་ན་དེ་གཉིས་གང་སྐྱེ་ཡང་ཕྱོགས་རིས་ཅན་དུ་སྐྱེ་བ་སོགས་སུ་འགྱུར་བའི་ཕྱིར་རོ། །བཏང་སྙོམས་དེ་ཡང་དང་པོར་བར་མ། དེ་ནས་དགྲ། དེའི་རྗེས་སུ་སེམས་ཅན་གཞན་ལ་དམིགས་ནས་བསྒོམ་པར་བྱའོ། །བསྒོམ་ཚུལ་ནི། སེམས་ཅན་གྱི་ངོས་ནས་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ཤ་སྟག་ཡིན་པས། དེ་རྣམས་ལ་མཐའ་གཅིག་ཏུ་ཆགས་སྡང་བྱེད་མི་རིགས་སོ་སྙམ་པ་དང་། རང་གི་ངོས་ནས་ནི། སེམས་ཅན་རྣམས་ལ་མར་གྱུར་མ་མྱོང་བ་མེད་པས་གང་ལ་ནི་ཆགས་ལ། གང་ལ་ནི་སྡང་པར་བྱ་སྙམ་དུ་བསམ་པའོ། །ཆགས་སྡང་སྐྱེ་བའི་གཞི་ངེས་མེད་དུ་བསམ་པ་ནི། ཇི་ལྟ་བུའི་གཉེན་བྱམས་པ་ཡིན་ཞིག་ཀྱང་། དེ་ལ་གནོད་པ་ཆེན་པོ་ཕར་བྱས་པའམ། ཚུར་རང་ལ་བྱས་པ་གང་བྱུང་ཡང་། རང་གཞན་གང་ཡིན་ཀྱང་སྡང་བ་སྐྱེ་བར་འགྱུར་ལ། ཅི་འདྲ་བའི་དགྲ་སྡང་བ་ཞིག་ཡིན་ཡང་རུང་སྟེ། དེ་ལ་ཕན་ཚབས་ཆེན་པོ་ཞིག་ཕར་བཏགས་པའམ། ཚུར་རང་ལ་བཏགས་བྱུང་ན་ནི། དེའི་ཚེ་རང་གཞན་གང་ཡིན་ཀྱང་སྡང་པའི་སེམས་འགྱུར་ནས་བྱམས་པའི་སེམས་ལྟ་བུ་ཞིག་སྐྱེ་བས། དགྲ་གཉེན་ལ་མཐའ་གཅིག་ཏུ་ཡིད་བརྟན་ངེས་པར་མི་ཐུབ་པོ་སྙམ་དུ་ཡང་ཡང་བསམས་ན་ཁྲོ་ཆགས་བཟློག་ནས་བཏང་སྙོམས་སྐྱེ་བར་འགྱུར་རོ། །གཉིས་པ་སེམས་ཅན་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པ་ལ་གསུམ། སེམས་ཅན་ཐམས་ཅད་མར་ཤེས་པ། དྲིན་དྲན་པ། དྲིན་གཟོ་བའོ། །དང་པོ་ནི། སྐྱེ་བ་ཐོག་མ་མེད་པ་ནས་འཁོར་བར་ལུས་འདི་མ་བླངས་བྱ་བ་ཅི་ཡང་མེད་པས། སེམས་ཅན་འདི་ནི་སྔོན་རང་གི་མར་མ་གྱུར་ཞེས་བྱ་བའང་མེད་དོ་སྙམ་དུ་བསམ་པའོ། །གཉིས་པ་དྲིན་དྲན་པ་ནི། དེ་དག་མར་གྱུར་ནས་ནི་ད་ལྟའི་མས་ཇི་ལྟར་ཕན་བཏགས་པ་ལྟར་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བཏགས་པར་ངེས་པས་དྲིན་ཆེའོ། །སྙམ་དུ་བསམ་པའོ། །གསུམ་པ་དྲིན་གཟོ་བ་ནི། དེ་ལྟ་བུའི་དྲིན་ཅན་དེ་ཡལ་བར་འདོར་ན་ནི་མ་རབས་ཡིན་པས། ནམ་ཡང་ཡལ་བར་འདོར་མི་རིགས་སོ། །སྙམ་ནས་དྲིན་ལན་བསྐོར་བའི་ཁུར་འཁྱེར་བའོ། །དེ་ལྟར་བྱས་ན་ནི། སེམས་ཅན་ཐམས་ཅད་བུ་སྡུག་ལྟར་མཐོང་བའི་ཡིད་འོང་གི་རྣམ་པ་ཅན་གྱི་བྱམས་པ་སྐྱེའོ། །གཉིས་པ་གཞན་དོན་དོན་གཉེར་གྱི་བློ་བསྐྱེད་པ་དངོས་ལ་གསུམ་སྟེ། བྱམས། སྙིང་རྗེ། ལྷག་བསམ་བསྒོམ་པའོ། །དང་པོ་བྱམས་པ་ནི། དམིགས་པ་སེམས་ཅན་ལ་དམིགས་ནས། རྣམ་པ་སེམས་ཅན་དེ་བདེ་བ་དང་ལྡན་འདོད་ཀྱི་རྣམ་པ་ཅན་ཡིན་པས། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་། ཕྲད་པར་གྱུར་ཅིག །ཕྲད་པར་བྱའོ་སྙམ་དུ་ཡང་ཡང་བསམ་ཞིང་བརྗོད་པའོ། །དེའི་ཕན་ཡོན་ནི། ཏིང་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། རྗེས་སུ་ཆོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་སྦྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་ཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད། །ཅེས་གསུངས་པ་ལྟར་དྲན་པར་བྱའོ། །གཉིས་པ་སྙིང་རྗེ་ནི། དམིགས་པ་སེམས་ཅན་ལ་དམིགས་ནས། རྣམ་པ་སེམས་ཅན་དེ་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་ཡིན་པས། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་། བྲལ་བར་གྱུར་ཅིག །བྲལ་བར་བྱའོ་སྙམ་དུ་ཡང་ཡང་བསམ་ཞིང་བརྗོད་པའོ། །ཕན་ཡོན་ནི། མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །ཞེས་སོགས་ཕན་ཡོན་དཔག་མེད་བཤད་དོ། །གཞན་ཡང་སྙིང་རྗེ་ཆེན་པོ་ནི། ཐེག་ཆེན་ལམ་གྱི་རྩ་བར་འགྱུར་བ་དང་། ཐོག་མཐའ་བར་གསུམ་དུ་གལ་ཆེ་ཚུལ་ལ་སོགས་ཀྱང་བསམ་པར་བྱའོ། །བྱམས་སྙིང་རྗེ་གཉིས་བསྒོམ་པའི་གོ་རིམ་ནི། ཐོག་མར་གཉེན་དང་མཛའ་བཤེས། དེ་ནས་བར་མ། དེའི་རྗེས་སུ་དགྲ་ལ་དམིགས་ནས་བསྒོམ་པར་བྱ་བ་ལ་འདྲའོ། །དེ་ལ་གོམས་ན་སེམས་ཅན་སྤྱི་ལ་དམིགས་ནས་བསྒོམ་པར་བྱ་སྟེ། གཞན་དུ་ན་ཕྱོགས་རིས་ཅན་དུ་སྐྱེ་བ་སོགས་སུ་འགྱུར་རོ། །སེམས་ཅན་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་ལས་ཐར་འདོད་ཀྱི་སྙིང་རྗེ་ནི། ཉན་རང་ལའང་ཡོད་ལ། སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོ་ནི། དེ་དག་ལ་མེད་ཅིང་ཐེག་ཆེན་གྱི་ཁྱད་ཆོས་སུ་འགྱུར་བས་འདིར་དེ་ལྟར་བསྒོམ་པ་ཡིན་ནོ། །སྤྱིར་བྱམས་སྙིང་རྗེ་གཉིས་ཀྱི་ཚད་རྫོགས་པ་སླར་ཡང་དེ་ལྟ་བུའི་བྱམས་པ་དང་སྙིང་རྗེ་སྐྱེས་པའི་ཚད་ནི། དཔེར་ན། བུ་གཅིག་པ་ལ་མས་དམིགས་ནས་བདེ་བ་ལ་འགོད་འདོད་དང་། སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་བློ་སྐྱེ་བའི་ཚོད་ཙམ་དུ། སེམས་ཅན་གང་ལ་དམིགས་ཀྱང་དེ་བདེ་བ་ལ་འགོད་འདོད་དང་། སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་བློ་རང་གི་ངང་གིས་སྐྱེ་བ་ན། སྔར་བཤད་པའི་བྱམས་སྙིང་རྗེ་གཉིས་རྫོགས་པ་ཡིན་ནོ། །དེ་ཡང་དགོས་པའི་དབང་གིས་སེམས་ཅན་འགའ་ཞིག་ལ་ཅུང་ཟད་གནོད་པ་དང་། རེ་ཞིག་ལ་བཏང་སྙོམས་སུ་འཇོག་དགོས་པའང་སྲིད་ཀྱང་། སྤྱིར་སེམས་ཅན་དེ་བྱམས་པ་དང་སྙིང་རྗེའི་དམིགས་ཡུལ་དུ་བྱེད་པ་འདོར་དུ་མི་རུང་བ་ཡིན་ནོ། །མ་ལ་ནི་བུ་དེ་སྡུག་བསྔལ་གྱིས་གཟིར་བའི་ཚེ་རང་ཡང་སྡུག་བསྔལ་དུ་འགྱུར་བའི་བརྩེ་བ་སྐྱེ་ཡང་། སངས་རྒྱས་དང་སེམས་དཔའ་ཆེན་པོ་རྣམས་ལ་ནི་དེ་ལྟར་མི་འབྱུང་སྟེ། འབྱུང་ན་སངས་རྒྱས་ཡང་སྡུག་བསྔལ་དང་བཅས་པར་ཐལ་བར་འགྱུར་རོ། །དེས་ན། མ་བུ་གཅིག་པ་ལ་བརྩེ་བའི་ཚོད་ཙམ་ཞིག་སེམས་ཅན་གཞན་ལ་བྱམས་སྙིང་རྗེ་སྐྱེ་དགོས་པར་གསུངས་པའི་དོན་ལ་ཞིག་ཆ་འབྱེད་དགོས་ཀྱི་ཚིག་ཙམ་ཞིག་ལ་འཁྲུས་པར་མི་བྱའོ། །གསུམ་པ་ལྷག་བསམ་ནི། དེ་ལྟར་བྱམས་པ་དང་སྙིང་རྗེ་གཉིས་བསྒོམ་པའི་མཐར། ཀྱེ་མ་སེམས་ཅན་འདི་མཐའ་དག་བདེ་བ་ཐམས་ཅད་དང་ལྡན་པ་དང་སྡུག་བསྔལ་ཐམས་ཅད་ལས་ཐར་པར་ངེས་པར་བདག་གིས་བྱའོ། །བྱེད་ནུས་པར་གྱུར་ཅིག་སྙམ་དུ་སྙིང་ཐག་པ་ནས་ཡང་ཡང་བསམ་ཞིང་བརྗོད་དེ་སྦྱོང་བའོ། །གཉིས་པ་བྱང་ཆུབ་དོན་གཉེར་གྱི་བློ་སྦྱོང་བ་ནི། གཞན་དོན་དུ་རྫོགས་བྱང་ཐོབ་དགོས་པར་མ་ཟད། རང་གི་དོན་དུའང་དེ་ཐོབ་པ་མེད་དུ་མི་རུང་བ་ལ་ངེས་པ་དྲངས་ནས། སངས་རྒྱས་ཀྱི་ཡོན་ཏན་རྣམས་དྲན་པར་བྱས་ཏེ། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་བདག་གིས་ཐོབ་པར་བྱའོ་སྙམ་པའི་བློ་བརྟན་པོ་བསྐྱེད་པར་བྱའོ། །གཉིས་པ་རྒྱལ་སྲས་ཞི་བ་ལྷ་ནས་བརྒྱུད་པ་ནི། བདག་གཞན་མཉམ་པ་བརྗེའི་སྒོ་ནས་སྦྱོང་ཚུལ་ཏེ། དེ་ནི་སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་སོགས་གསུངས་པ་ལྟར་རོ། །སྦྱོང་ཚུལ་བསྡུ་ན་འདི་ལྟར་བྱ་སྟེ། སེམས་ཅན་ཐམས་ཅད་མ་དང་འདྲ་བའི་དྲིན་ཆེ་ཚུལ་སོགས་སྔར་ལྟར་བསམ་པ་ཡང་ཡིན་མོད། དྲིན་ཆེའམ་ཆུང་ཡང་བླའི། རང་ཉིད་ཀྱི་ངོས་ནས་ནི། སྤྱོད་འཇུག་ལས། སེམས་ཅན་རྣམས་དང་རྒྱལ་བ་ལས། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། ཞེས་གསུངས་པ་ལྟར། ཡོན་ཏན་སྤྱི་དང་། ཁྱད་པར་དུ་སངས་རྒྱས་ཐོབ་པར་འདོད་ན་ནི། སེམས་ཅན་གྱི་དོན་བྱེད་དགོས་ཤིང་། དེ་ལ་རང་གཙོ་བོར་གཅེས་སུ་འཛིན་པ་འགོག་ཅི་ཐུབ་དང་། སེམས་ཅན་གཞན་གཙོ་བོར་གཅེས་སུ་འཛིན་པ་བསྐྱེད་ཅི་ཐུབ་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་པ་ལ་ངེས་པ་དྲངས་ཏེ། རང་གི་སྣ་བུག་གཡས་ཀྱི་རླུང་ཕྱིར་བུས་པ་དང་མཉམ་དུ་རང་གི་བདེ་དགེ་ཐམས་ཅད་རླུང་ལ་ཞོན་ནས་འོད་ཟེར་དཀར་བོའི་རྣམ་པར་སོང་སྟེ། སེམས་ཅན་ཐམས་ཅད་ཀྱི་སྣ་བུག་གཡོན་པ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་བདེ་དགེས་ཁྱབ་སོང་སྙམ་དུ་བསམ་པ་དང་། ཡང་རང་གི་སྣ་བུག་གཡོན་ནས་རླུང་ནང་དུ་རྔུབ་པ་དང་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་དེའི་རྒྱུ་ལས་ཉོན་དང་བཅས་པ་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་རླུང་ལ་ཞོན་ནས་དེ་རྣམས་ཀྱི་སྣ་བུག་གཡས་པ་ནས་དྲངས་ཏེ། རང་གི་སྣ་བུག་གཡོན་པ་ནས་ཞུགས། སྙིང་གར་ནག་ཕུང་ངེར་གནས་པར་གྱུར་སོང་སྙམ་དུ་སྙིང་ཐག་པ་ནས་ཡང་ཡང་བསམ་ཞིང་། གཏོང་ལེན་བྱ་སྟེ། པཎ་ཆེན་རིན་པོ་ཆེས། གཏོང་ལེན་རླུང་ལ་བསྐྱོན་པའི་འཕྲུལ་བདེག་ཅན། །ཞེས་སོགས་གསུངས་པའི་དོན་ཡང་དེ་ལྟར་རོ། །ལུགས་དེ་གཉིས་གང་བྱས་ཀྱང་སྦྱོང་ཤེས་ན་ནི། བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་ཁྱད་པར་མི་སྣང་ཞིང་། གདུལ་བྱའི་རིགས་འགའ་ཞིག་ལ་སྔ་མ་དང་། འགའ་ཞིག་ལ་ནི་ཕྱི་མ་སྐྱོང་བདེ་བར་འོང་ངོ་། །བདུན་པ་སྐྱེས་པའི་ཚད་ནི། སྔར་ངོ་བོ་བཤད་པའི་སྐབས་ལྟར་དང་། སྒོམ་རིམ་ལས་ཀྱང་། དེ་ལྟར་སྙིང་རྗེ་ཆེན་པོ་གོམས་པའི་སྟོབས་ཀྱིས་སེམས་ཅན་མ་ལུས་པ་དྲང་བར་དམ་བཅས་ནས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་བསྒྲིམ་མི་དགོས་པར་སྐྱེ་སྟེ། ཞེས་གསུངས་ཏེ། འདིའི་དོན་ནི་ལམ་རིམ་ལས། འདིས་ནི་བྱང་ཆུབ་ཀྱི་སེམས་སྐྱེས་པའི་ཚད་ཀྱང་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །གོ་བདེར་བརྗོད་ན། ཐེག་ཆེན་སེམས་བསྐྱེད་དངོས་ནི། སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་ལས་སྐྱོབ་འདོད་སྙིང་རྗེ། ལྷག་བསམ་དང་བཅས་པ་རྫོགས་པར་རང་རྒྱུད་ལ་སྐྱེས་པའི་མཇུག་དེ་མ་ཐག་སྐྱེ་བར་འགྱུར་བ་ཡིན་ནོ། །དེས་ན་ཐེག་ཆེན་སེམས་བསྐྱེད་མཚན་ཉིད་ཡོངས་སུ་རྫོགས་པ་ལ། རང་གཞན་གྱི་དོན་དུ་རྫོགས་བྱང་དོན་གཉེར་གྱི་འདུན་པ་གཉིས་ཚང་དགོས་ཀྱང་། རང་གཞན་རེ་རེ་བ་ཙམ་གྱི་ཆེད་དུ་རྫོགས་བྱང་ཐོབ་འདོད་ཀྱི་སེམས་ལ་ཡང་། སེམས་བསྐྱེད་ཞེས་མང་དུ་གསུངས་པ་ཡོད་དེ། ལམ་རིམ་ལས། གསུང་རབ་དང་བསྟན་བཅོས་གཞན་ལས་ཀྱང་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུའི་ཡོན་ཏན་མཐོང་བ་ཙམ་གྱིས་དྲངས་པའི་སངས་རྒྱས་ཐོབ་འདོད་ལ་སེམས་བསྐྱེད་དུ་བཤད་པ་མང་པོ་སྣང་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་པར་ཡིད་དམ་བཅས་པའང་སེམས་བསྐྱེད་དུ་གསུངས་པ་སྣང་བས་དེ་གཉིས་རེ་རེ་ཡང་སེམས་བསྐྱེད་པ་ཙམ་གྱི་གྲངས་སུ་བགྲངས་དགོས་ལ། ཞེས་གསུངས་པའི་ཕྱིར་རོ། །བརྒྱད་པ་སེམས་དེ་མ་སྐྱེས་པ་མྱུར་དུ་སྐྱེ་བ་དང་སྐྱེས་ཟིན་བརྟེན་པའི་ཕྱིར་དུ་ཚོགས་འཛིན་ཚུལ་ཀླུ་སྒྲུབ་ཐོགས་མེད་ཞི་བ་ལྷ་གསུམ་གྱི་བཞེད་པ་གཅིག་ཏུ་བསྒྲིལ་ནས་འཆད་པ་ལ་གསུམ། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པ་སྲུང་བ། ཉམས་ན་ཕྱིར་བཅོས་པའོ། །དང་པོ་ལ་གསུམ་ལས། ཡུལ་གང་ལ་ལེན་པ་ནི། སེམས་བསྐྱེད་ཅིང་འཇུག་སྡོམ་ཐོག་པ་ཞིག་ལས་ལེན་དགོས་སོ། །རྟེན་གང་གིས་ལེན་པ་ནི། ལམ་རིམ་ལས། སྔར་བཤད་པ་ལྟར་ལམ་གྱི་རིམ་པ་ལ་བློ་སྦྱངས་པས་བྱང་ཆུབ་ཀྱི་སེམས་ལ་ཡིད་འགྱུར་བའི་ཉམས་མྱོང་ཅུང་ཟད་རྙེད་པ་ཞིག་ལ་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ཇི་ལྟར་ལེན་པའི་ཆོ་ག་ལ་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ལ། སྐྱབས་སུ་འགྲོ་བ། ཚོགས་གསོག་པ། བསམ་པ་སྦྱང་བ་གསུམ་ལས། དང་པོ་ནི། གནས་བརྒྱན་ཅིང་རྟེན་བཀྲམ་ནས་མཆོད་པ་བཤམ་པ་དང་། གསོལ་བ་གདབ་ཅིང་སྐྱབས་སུ་འགྲོ་བ་དང་། དེའི་བསླབ་བྱ་བརྗོད་པའོ། །དེ་ཡང་གནས་བཟང་ཞིང་དབེན་པའི་ས་ཕྱོགས་སུ་ས་གཞི་ལ་བ་བྱུང་དང་ཙན་དན་ལ་སོགས་པའི་དྲི་ཆུས་བྱུག་ཅིང་མེ་ཏོག་གི་གསོལ་མ་གཏོར་ལ། སྟེགས་ལ་སོགས་པའི་སྟེང་དུ་སྟོན་པའི་སྐུ་ལ་སོགས་པ་དཀོན་མཆོག་གསུམ་གྱི་རྟེན་གང་འཛོམ་བཞུགས་སུ་བཅུག །བླ་རེ་དང་གདུགས་སོགས་དང་མེ་ཏོག་དང་ཞལ་ཟས་ལ་སོགས་པའི་མཆོད་པ་བཟང་བ་རྣམས་སྟ་གོན་བྱ་ཞིང་། བླ་མ་ལ་གདན་ཁྲི་མེ་ཏོག་གིས་བརྒྱན་པའང་བཤམ། མཆོད་པ་སོགས་འབྱོར་ན་ནི་ཕུན་སུམ་ཚོགས་པ་ཞིག་བྱེད་དགོས་ལ། མེད་ན་ཅི་འགྲུབ་ཀྱིས་ཀྱང་འཐུས། དེ་ནས་བླ་མས་འཕགས་པའི་ཚོགས་སྤྱན་དྲངས་ཏེ་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་གདོན་ཅིང་བསྟོད་པ་བྱས་ནས། སློབ་མས་ཁྲུས་བྱས་གོས་བཟང་བོ་གྱོན་ཏེ་ཐལ་མོ་སྦྱོར་བ་ལ། བླ་མས་ཚོགས་ཞིང་གི་ཡོན་ཏན་ལ་སྙིང་ཐག་པ་ནས་དང་བ་བསྐྱེད་དུ་བཅུག་སྟེ། སངས་རྒྱས་བྱང་སེམས་དེ་དག་རེ་རེའི་དྲུང་དུ་རང་ཉིད་འདུག་པར་བསམས་ནས། དལ་བུས་ཡན་ལག་འདུན་པ་བྱེད་དུ་གཞུག་གོ །དེ་ནས་བླ་མ་ལ་སྟོན་པའི་འདུ་ཤེས་བཞག་སྟེ། ཕྱག་འཚལ་བ་དང་ཡོན་དང་མཎྜལ་རྣམས་ཕུལ་ལ། པུས་མོ་གཡས་པ་བཙུགས་ནས་ཐལ་མོ་སྦྱར་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་དོན་དུ་གསོལ་བ་གདབ་པ་ནི། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བའང་སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཞེས་ལན་གསུམ་བརྗོད་པའི་རྗེས་ཟློས་བྱར་གཞུག །དེ་ནས་སྐྱབས་འགྲོ་ཁྱད་པར་ཅན་ནི། ཐེག་པ་ཆེན་པོའི་དཀོན་མཆོག་གསུམ་ལ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་བར་འདོད་པའི་འདུན་པ་དྲག་པོས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ། ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ། ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་ཅིང་རྗེས་ཟློས་བྱ། སྐྱབས་སུ་སོང་བའི་བསླབ་བྱ་བརྗོད་པ་ནི། སྤྱི་དང་འདྲའོ། །གཉིས་པ་ཚོགས་གསོག་པ་ནི། འདིར་ཡང་བཟང་སྤྱོད་སོགས་ནས་འབྱུང་བའི་ཡན་ལག་བདུན་པ་བྱའོ། །གསུམ་པ་བསམ་པ་སྦྱང་བ་ནི། སྔར་ལྟར་བྱམས་སྙིང་རྗེའི་དམིགས་པ་དང་རྣམ་པ་གསལ་གདབ་པར་བྱའོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། སློབ་དཔོན་གྱི་མདུན་དུ་ཙོག་པུའམ་སྔར་བཞིན་འདུག་སྟེ་ཐལ་མོ་སྦྱར་ནས་སེམས་བསྐྱེད་པར་བྱ་སྟེ། དེ་ཡང་སེམས་བསྐྱེད་པ་དེ་བྱང་ཆུབ་ཀྱི་བར་དུ་མི་བཏང་ངོ་སྙམ་དུ་དམ་བཅའ་བའི་བསམ་པ་ཆོ་ག་ལ་བརྟེན་ནས་བསྐྱེད་པ་ཡིན་ནོ། །དེ་ལྟ་བུ་ནི་སྨོན་སེམས་ཀྱི་བསླབ་བྱ་ལ་སློབ་ནུས་ན་བྱ་ཞིང་མི་ནུས་ན་མི་བྱ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་ཙམ་ཆོ་གས་བསྐྱེད་ན་ནི། སེམས་བསྐྱེད་ཀྱི་བསླབ་བྱ་ལ་སློབ་ནུས་མི་ནུས་ཀུན་ལ་བྱས་ཆོག་པར་བཤད་དོ། །སྨོན་སེམས་ལ་དེ་ལྟར་རུང་གི །འཇུག་སེམས་ཆོ་གས་འཛིན་པ་ནི། དེའི་བསླབ་བྱ་ལ་སློབ་མི་ནུས་ན་རྣམ་པ་ཐམས་ཅད་དུ་བྱར་མི་རུང་ངོ་། །སེམས་བཟུང་བའི་ཆོ་ག་དངོས་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ། སྦྱིན་པའི་རང་བཞིན་དང་ཚུལ་ཁྲིམས་ཀྱི་རང་བཞིན་དང་བསྒོམས་པའི་རང་བཞིན་གྱི་དགེ་བའི་རྩ་བ་དང་བདག་གིས་བགྱིས་པ་དང་བགྱིད་དུ་སྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་གྲོལ་བར་བགྱིའོ། །དབུགས་མ་བྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ་བརྗོད་པའི་རྗེས་ཟློས་བྱའོ། །དེ་ནི་སློབ་དཔོན་ཡོད་པའི་ལུགས་ཡིན་ལ། སློབ་དཔོན་མ་རྙེད་ན་ནི། ཐུབ་དབང་སོགས་རྒྱལ་བ་སྲས་བཅས་ལ་དམིགས་ཏེ། ཕྱག་འཚལ་བ་དང་མཆོད་པའི་ཆོ་ག་ལ་སོགས་པ་བྱས་ནས་གསོལ་བ་གདབ་པ་དང་། སློབ་དཔོན་ཞེས་བྱ་བའི་ཚིག་དོར་བའི་སྐྱབས་འགྲོ་སོགས་གོ་རིམ་སྔར་བཞིན་བྱ་བར་གསུང་། དེ་དག་ནི་སྨོན་སེམས་ཆོ་གས་འཛིན་ཚུལ་ཏེ། འཇུག་སེམས་ཆོ་གས་འཛིན་ཅིང་འཇུག་སྡོམ་ལེན་ཚུལ་ནི་རྗེའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་རྣམ་བཤད་ལས་ཤེས་པར་བྱ་ཞིང་། སྔགས་རིམ་སོགས་ལས་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ཀྱིས་འཇུག་སྡོམ་འཛིན་པར་ཡང་བཤད་དོ། །གསུམ་པ་མཇུག་ཆོག་ནི། བླ་མས་སྨོན་སེམས་ཀྱི་བསླབ་བྱ་འཆད་པ་ལྟར་སློབ་མ་ལ་བརྗོད་པར་བྱ་བའོ། །གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བའི་བསླབ་བྱ་ལ་གཉིས། ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་དང་། སྐྱེ་བ་གཞན་དུ་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པའོ། །དང་པོ་ལ་བཞི། ཕན་ཡོན་དྲན་པ་དང་། ལན་དྲུག་ཏུ་བསྐྱེད་པ་དང་། སེམས་ཅན་བློས་མི་སྤང་བ་དང་། ཚོགས་གཉིས་ལ་བསླབ་པའོ། །དང་པོ་ནི། སྔར་བཤད་ཟིན་ཅིང་། སྡོང་བོ་བཀོད་པའི་མདོ་སོགས་ལ་བལྟ་བར་བྱའོ། །གཉིས་པ་ལ་གཉིས། སྨོན་སེམས་མི་གཏོང་བ་དང་། སྤེལ་བའོ། །དང་པོ་ནི། སེམས་དེ་བསྐྱེད་ནས་ནམ་ཡང་མི་གཏོང་བ་ལ་བསླབ་པར་བྱ་སྟེ། དེ་མ་བཏང་ན་བྱང་སེམས་ཀྱི་ཚུལ་ཁྲིམས་མི་ཉམས་པའི་ཕན་ཡོན་སོགས་ཡོད་ལ་བཏང་ན་དེ་ཉམས་ནས་སོར་ཐར་ཀྱི་ཕམ་པ་ལས་ཀྱང་ཉེས་པ་ཆེས་ཤིན་ཏུ་ལྕི་བ་འབྱུང་བའི་ཕྱིར་ཏེ། ཉན་རང་ཡིད་བྱེད་འགོགས་པའི་སྡོམ་པ་ནི། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མཆོག་ཡིན་པས། དེ་མ་དོར་ན་འདོད་ཡོན་ལ་འཛེམ་མེད་སྤྱོད་ཀྱང་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་སྡོམ་པ་མ་ཞིག་པ་ཡིན་ལ། དེ་དོར་ན་ནི་སོ་ཐར་དག་ཀྱང་བྱང་སེམས་ཀྱིི་ཐུན་མོང་མ་ཡིན་པའི་ཚུལ་ཁྲིམས་འཆལ་བར་འགྱུར་བ་ལམ་རིམ་ལས་བཤད་ཅིང་། སྡུད་པ་ལས་ཀྱང་གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། གལ་ཏེ་བསྐལ་བ་བྱེ་བར་དགེ་བའི་ལས་ལམ་བཅུ། སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་གཉིད་ལ་འདོད་བསྐྱེད་ན། དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། སེམས་བསྐྱེད་དེ་ནི་ཕས་ཕམ་ལས་ཀྱང་ཤིན་ཏུ་ལྕི། ཞེས་གསུངས་པའི་ཕྱིར་རོ། །དེར་མ་ཟད། རང་དོན་ཙམ་གྱི་ཡིད་བྱེད་དང་བྲལ་ཞིང་ཐེག་པ་ཆེན་པོའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པའི་གོ་ཆ་མ་ཉམས་ན་གྲོང་དང་ཚོགས་མང་བོའི་ནང་དུ་གནས་ཀྱང་བྱང་སེམས་ཀྱི་དབེན་པ་མཆོག་ཏུ་གནས་པ་ཡིན་ལ། དེ་ཉམས་པའི་གང་ཟག་ནི་ལོ་བྱེ་བར་ཡང་མི་གཞན་དང་མི་ཕྲད་པར་འདུ་འཛི་སྤངས་པའི་དབེན་པར་གནས་ཀྱང་། བྱང་སེམས་ཀྱི་དབང་དུ་བྱས་པའི་དབེན་པ་མཆོག་ལ་གནས་པ་དང་བྲལ་ཞིང་འདྲེ་བར་གནས་པ་ཡིན་ཏེ། སྡུད་པ་ལས། གང་ཞིག་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང་། །ཐེག་པ་གཉིས་ཀྱི་སེམས་བྲལ་བྱང་ཆུབ་མཆོག་ངེས་ན། །འདི་ནི་འགྲོ་དོན་ཞུགས་པ་རྣམས་ཀྱི་དབེན་པ་སྟེ། ཞེས་དང་། རྟག་ཏུ་གྲོང་དང་ཡུལ་འཁོར་གྲོང་རྡལ་གནས་བྱེད་ཅིང་། །སེམས་ཅན་སྨིན་བྱེད་བྱང་ཆུབ་བརྩོན་པ་མི་གཏོགས་པར། །དེ་ནི་དགྲ་བཅོམ་རང་རྒྱལ་འདོད་པ་གཞར་མི་བསྐྱེད། །འདི་ནི་བདེ་བར་གཤེགས་པའི་སྲས་ཀྱི་དབེན་པར་གསུང་། །གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཡི་སུལ། །སྦྲུལ་གྱིས་གང་བ་ལོ་མར་བྱེ་བར་གནས་བྱེད་ཀྱང་། །དབེན་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའ་དེ། །ལྷག་པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན། །ཞེས་གསུངས་པའི་ཕྱིར་དང་། དེ་བཞིན་དུ་རྒྱས་འབྲིང་བསྡུས་གསུམ་ལས་ཀྱང་འབྱུང་ངོ་། །གཉིས་པ་སྤེལ་བ་ནི། དེ་ལྟར་མ་བཏང་བ་ཙམ་གྱིས་མི་ཆོག་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཟུང་ཞིང་སྤེལ་བར་བྱའོ། །དེ་ཡང་སྔར་བཤད་པའི་ཆོ་ག་རྒྱས་པ་གྲུབ་ན་དེ་བཞིན་དུ་བྱ་ལ། མ་གྲུབ་ན་ཚོགས་ཞིང་གསལ་བཏབ་ནས་མཆོད་པ་དང་བྱམས་སྙིང་རྗེ་སོགས་སྦྱངས་ཏེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ཀྱི་ཚིགས་བཅད་འདི་ལན་གསུམ་གསུམ་བརྗོད་ནས་བཟུང་བར་བྱ་སྟེ། འདི་ནི་སྨོན་སེམས་ཀྱི་བསླབ་བྱ་ཐུན་མོང་མ་ཡིན་པའོ། །སྤྱིར་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པ་མ་ལྕོགས་པའི་ཚེ་ཡང་ཕྱག་ལེན་བཞིན། རྟེན་གྱི་དྲུང་དུ་སྐྱབས་འགྲོ་ཡན་ལག་བདུན་པ་རྣམས་སྤྱི་འགྲོ་ལྟར་བྱས་ནས། འདི་ལན་གསུམ་བརྗོད་དེ། བཟུང་ཡང་རུང་ངོ་། །གསུམ་པ་སེམས་ཅན་བློས་མི་སྤང་བ་ནི། སེམས་ཅན་ཐམས་ཅད་བྱམས་སྙིང་རྗེའི་དམིགས་ཡུལ་དུ་བྱས་ནས་ཡལ་བར་མི་འདོར་བ་ཡིན་ལ། བློས་སྤངས་པའི་ཚད་ནི། སུས་མི་འཐད་པ་ཞིག་བྱས་པའི་རྐྱེན་གྱིས། ད་ནི་ནམ་དུའང་འདིའི་དོན་མི་བྱའོ་སྙམ་པའི་བསམ་པ་སྐྱེས་པ་སྟེ། འདི་བྱུང་ན་སེམས་བསྐྱེད་ཟིན་པའང་གཏོང་བས་ཤིན་ཏུ་གཟབ་པར་བྱའོ། །བཞི་བ་ཚོགས་གཉིས་ལ་བསླབ་པ་ནི། སྨོན་སེམས་ཆོ་གས་བཟུང་བ་ནས་ཞག་རེ་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་འཕེལ་བའི་རྒྱུར་དཀོན་མཆོག་མཆོད་པ་དང་བསྔོ་སྨོན་སོགས་ལ་འབད་པར་བྱའོ། །གཉིས་པ་སྐྱེ་བ་གཞན་དུ་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པ་ལ་གཉིས། ནག་ཆོས་བཞི་སྤོང་བ་དང་། དཀར་ཆོས་བཞི་བླང་བའོ། །དང་པོ་ནི། མཁན་སློབ་དང་བླ་མ་དང་སྦྱིན་གནས་ལ་བརྫུན་གྱིས་དབུ་སྐོར་བྱེད་པ་དང་། འགྱོད་པའི་གནས་མ་ཡིན་པ་དགེ་བ་བྱས་པ་ལྟ་བུ་ལ་འགྱོད་དུ་བཅུག་པ་དང་། བྱང་སེམས་ལ་ཞེ་སྡང་གིས་སྨོད་པ་དང་། བྲེ་སྲང་སོགས་ལ་གཡོ་སྒྱུ་བྱེད་པ་སྟེ་བཞི་བོ་སྤོང་བ་ལ་བསླབ་པར་བྱའོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་ལ་བརྫུན་སྨྲ་བ་སྤོང་བ་དང་། དེ་རྣམས་ལ་གཡོ་སྒྱུ་མི་བྱེད་པ་དང་། བྱང་སེམས་ཐམས་ཅད་ལ་སྟོན་པ་དང་འདྲ་བའི་འདུ་ཤེས་བསྐྱེད་ཅིང་བསྔགས་པ་བརྗོད་པ་དང་། རང་གི་གདུལ་བྱ་རྣམས་རྫོགས་བྱང་ལ་འགོད་པར་འདོད་པ་སྟེ་བཞི་ཡིན་ལ། དེ་དག་ནི་ནག་ཆོས་བཞིའི་གཉེན་པོའོ། །འདི་རྣམས་ནི་སྨོན་འཇུག་ཐུན་མོང་བའི་བསླབ་བྱའོ། །སྨོན་སེམས་ཙམ་ཆོ་གས་བཟུང་བས་ནི། སྤྱོད་པ་ཕྱིན་དྲུག་ལ་བསླབ་ནུས་ན་མ་གཏོགས། མི་ནུས་ན་མ་བསླབས་ཀྱང་མི་འགལ་ཡང་། འཇུག་སྡོམ་ཆོ་གས་བླངས་ཕྱིན་དེ་དག་ལ་ངེས་པར་བསླབ་དགོས་པར་བཤད་དོ། །གསུམ་པ་ཉམས་ན་ཕྱིར་བཅོས་པ་ནི། སངས་རྒྱས་ཐོས་འདོད་ཀྱི་སྨོན་སེམས་དང་སེམས་ཅན་གྱི་དོན་བྱ་འདོད་བཏང་ན་ནི་སེམས་བསྐྱེད་ཀྱང་གཏོང་ལ། བསླབ་བྱ་གཞན་དང་འགལ་ན་སྟོབས་བཞིའི་བཤགས་སྡོམ་མང་དུ་བྱ་ཞིང་། ཁྱད་པར་བྱང་སེམས་ཀྱི་སྡོམ་པ་ཐོབ་ནས་ནི། ཕྱིར་བཅོས་ཇི་ལྟར་གསུངས་པ་བཞིན་བྱ་དགོས་སོ། །བྱང་སེམས་ཀྱི་སྡོམ་པ་ནི། འདིར་འཇུག་སྡོམ་ལ་བྱེད་ཅིང་། འདི་སོ་ཐར་དང་སྔགས་ཀྱི་སྡོམ་པ་དང་མི་འདྲ་བས་ཐོག་མ་ཉིད་ནས་ལེན་ཡུལ་བླ་མ་མ་རྙེད་ན། རང་གིས་རྟེན་གྱི་དྲུང་དུ་བླངས་ཀྱང་སྐྱེ་བར་བཤད་དོ། །དགུ་པ་འཕྲོས་དོན་སེམས་བསྐྱེད་ནས་སྤྱོད་པ་གང་ལ་སློབ་པ་ལ་གཉིས་ཏེ། རང་རྒྱུད་སྨིན་བྱེད་ཕྱིན་དྲུག་དང་། གཞན་རྒྱུད་སྨིན་བྱེད་བསྡུ་བཞི་ལ་བསླབ་པའི་ཚུལ་ལོ། །འདི་དག་གི་རྣམ་གཞག་ནི་རྒྱས་པར་གཞན་ནས་ཤེས་པར་བྱ་ཞིང་། འདིར་ཕར་ཕྱིན་དྲུག་པོ་རེ་རེ་ལའང་དྲུག་ལྡན་དུ་བྱ་བའི་ཚུལ་ཙམ་ནི། བྱང་སེམས་ཀྱིས་ཆོས་སྦྱིན་ལྟ་བུ་ཞིག་བྱེད་པ་ན། ཉན་རང་གི་ཡིད་བྱེད་སྡོམ་པའི་སེམས་པ་ནི་ཚུལ་ཁྲིམས། རྣམ་མཁྱེན་དང་ཆོས་ཟབ་མོ་ལ་མོས་ཤིང་གཞན་གྱིས་གཤེ་བ་ལ་བཟོད་པ་ནི་བཟོད་པ། དགེ་བའི་ཆོས་འཕེལ་བའི་ཕྱིར་དུ་དེར་བརྩོན་པ་ནི་བརྩོན་འགྲུས། དམན་པའི་ཡིད་བྱེད་དང་མ་འདྲེས་པར་དགེ་བ་རྫོགས་བྱང་དུ་བསྔོ་བའི་སེམས་རྩེ་གཅིག་པ་ནི་བསམ་གཏན། སྦྱིན་སོགས་ཀྱི་འཁོར་གསུམ་བདེན་སྟོང་སྒྱུ་མ་ལྟ་བུར་ཤེས་པ་ནི་ཤེས་རབ་པོ། །ཚུལ་ཁྲིམས་སྲུང་བའི་ཚེ་རང་ཚུལ་ཁྲིམས་ལ་གནས་ནས་གཞན་དེ་ལ་འགོད་པ་ནི་ཚུལ་ཁྲིམས་ཀྱི་སྦྱིན་པ། དེ་བཞིན་དུ་བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་རྣམས་ལ་རང་གནས་ནས་གཞན་ཡང་དེ་ལ་འགོད་པ་ནི། དེ་དག་ནི་སྦྱིན་པ་ཡིན་ལ། ལྷག་མ་རྣམས་སྦྱིན་པ་ལ་བཤད་པ་བཞིན་སྦྱར་བར་བྱའོ། །སྨྲས་པ། ཐོབ་བྱ་ཕུལ་བྱུང་འབྲས་བུ་ཆོས་ཀྱི་སྐུ། །ཐོབ་བྱེད་ཕུལ་བྱུང་བྱང་ཆུབ་སེམས་མཆོག་ཉིད། །མཁས་པའི་ཕུལ་བྱུང་རྗེ་བཙུན་བཙོང་ཁ་བའི། །མན་ངག་ཕུལ་བྱུང་ལམ་རིམ་ཇི་བཞིན་བཤད། །གང་དག་ཐེག་པ་ཆེན་པོའི་གཞུང་ལུགས་ལ། །ཅི་ཙམ་མང་དུ་ཐོས་ཤིང་སྦྱངས་བྱས་ཀྱང་། །ཚུལ་འདིར་ཉམས་ལེན་ཕྱོགས་ཙམ་མེད་གྱུར་ན། །དགོས་དོན་སྙིང་བོ་སྟོང་པ་ཡིན་ནམ་སྙམ། ཞེས་པ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་རང་གི་སློབ་མ་རི་ཁྲོད་འཛིན་པའི་དགེ་སློང་ཤེས་རབ་བཀྲ་ཤིས་ལ་ཕན་པར་འགྱུར་སྙམ་པའི་བསམ་པས་བགྱིས་པ་སྟེ། འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཕན་ཐོགས་པར་གྱུར་ཅིག །།།མངྒ་ལམ།། །།

སྡོམ་པ་གསུམ་གྱི་རྣམ་གྲངས་བསྟན་པ་དོན་བསྡུས་གསལ་བའི་སྒྲོན་མེ།

སྡོམ་པ་གསུམ་གྱི་རྣམ་གྲངས་བསྟན་པ་དོན་བསྡུས་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྣམ་དཀར་ཚོགས་གཉིས་རིན་ཆེན་ཁམས་ལས་གྲུབ། །སྤང་རྟོགས་བང་རིམ་མཐོན་པོས་མངོན་པར་མཛེས། །མཁྱེན་བརྩེ་ཉི་ཟླ་ཟུང་གི་སྣང་བ་ཅན། །ཐུབ་དབང་ལྷུན་པོ་མཆོག་གིས་དགེ་ལེགས་སྩོལ། །མངོན་མཐོའི་རྟེན་བཟང་འགྲུབ་པའི་རྒྱུ་ཉིད་དུ། །རྣམ་དག་ཚུལ་ཁྲིམས་མཆོག་ཏུ་གསུངས་ཕྱིར་འདིར། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་གསུམ་ཉིད། །སྤང་བྱའི་གྲངས་ཀྱི་ལྡོག་པས་བཤད་པར་བྱ། །དེ་ལ་སྡོམ་པ་གསུམ་གྱི་དང་པོ་སོ་ཐར་གྱི་སྡོམ་པ་ཐོབ་པ་མི་ཉམས་པར་སྲུང་བར་བྱེད་པ་ལ། སྡོམ་པའི་མི་མཐུན་ཕྱོགས་ངོ་ཤེས་དགོས་པས། དེ་ལ་སོ་སོའི་སྤང་བྱ་ངོས་བཟུང་བ་དང་། བདེ་བར་གནས་པའི་རྐྱེན་བསྟེན་པ་གཉིས། དང་པོ་ལ། གང་ཟག་ཁྱིམ་པ་དང་། རབ་བྱུང་གི་ཕྱོགས་གཉིས་ལས། དང་པོ་ལ། དགེ་བསྙེན་གྱི་སྤང་བྱ་ནི། སྲོག་གཅོད། མ་བྱིན་ལེན། ལོག་གཡེམ། བརྫུན་དུ་སྨྲ་བ་སྟེ་རྩ་བ་བཞི་དང་། ཡན་ལག་ཆང་འཐུང་བ་བཅས་ལྔའོ། །ཉིན་ཞག་གཅིག་པའི་བསྙེན་གནས་ཀྱི་སྤང་བྱ་ནི། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། བརྫུན་སྨྲ་སྟེ་རྩ་བཞིའི་སྟེང་དུ། ཆང་འཐུང་བ། གླུ་གར་སོགས་དང་། ཁྲི་སྟན་ཆེ་མཐོ། དུས་མིན་གྱི་ཟས་ཟ་བ་བཞི་སྟེ་བརྒྱད་དོ། །གཉིས་པ་རབ་བྱུང་ལ་བསྙེན་པར་མ་རྫོགས་པ་དང་རྫོགས་པ་གཉིས། དང་པོ་ལ། བར་མ་རབ་བྱུང་དང་། དགེ་ཚུལ་གཉིས། དང་པོའི་སྤང་བྱ་ནི། སྐྱབས་འགྲོ་འདོར་བ། མཁན་སློབ་ལ་མི་གུས་པ། ཁྱིམ་པའི་རྟགས་ལེན་ཅིང་། རབ་བྱུང་གི་རྟགས་སྤོང་བའོ། །གཉིས་པ་དགེ་ཚུལ་གྱི་སྤང་བྱ་ལ་ཆར་གཏོགས་དང་ནང་ཚན་གྱིས་ཕྱེ་ན་བཞི་བཅུ་ཡོད་ཀྱང་། གཙོ་བོ་ནི། རྩ་བཞིའི་སྟེང་དུ། ཆང་། གར་སོགས་། འཕྲེང་སོགས། མལ་སྟན་ཆེ་མཐོ། དུས་མིན་གྱི་ཟས། གསེར་དངུལ་ལེན་པ་སྟེ་བཅུའོ། །གཉིས་པ་དགེ་སློང་གི་སྤང་བྱ་ལ། ལྟུང་བ་སྡེ་ལྔའི་ཐོག་མ་ཐམ་པའི་སྡེ་ཚན་ལ་བཞི་ཡོད་པ་ལས། དང་པོ་མི་ཚངས་སྤྱོད་ཀྱི་ཕམ་པ་ནི། ཕོ་མོ་སོགས་གང་ཟག་གསོན་པོའམ། ཤི་བའི་རོ་ལུས་ཕྱེད་དུ་ལོངས་པ་ལྟ་བུའི་ཁ་བཤང་ལམ་མོའི་ཟག་བྱེད་གསུམ་པོ་གང་རུང་དུ། ནོར་བུ་བཅུག་ཅིང་རེག་པ་ལས་བྱུང་བའི་བདེ་བ་རྫོགས་པར་ལུས་ཀྱིས་མྱོང་ཞིང་ཡིད་ཀྱིས་དང་དུ་བླངས་པ་ན་མི་ཚངས་སྤྱོད་ཀྱི་ཕམ་པར་འགྱུར་རོ། །དེ་ཡང་ཡུལ་དེར་རེག་པར་བརྩམས་པ་ནས་མཐར་ཐུག་གི་བདེ་བ་མ་མྱོང་ཚུན་ཆད་སྦོམ་པོ། ཀུན་སློང་སྐྱེས་ནས་ལུས་ངག་ཏུ་མ་ཐོན་གྱི་བར་བསྡམ་བྱ། ཐོན་ནས་སྦྱོར་བ་ལ་འཇུག་པ་ཚུན་ཆད་ཀྱི་དུས་སུ་ནི་བཤགས་བྱའི་ཉེས་བྱས་བསྐྱེད་དོ། །དེར་མ་ཟད་ཕམ་པའི་དངོས་གཞི་འབྱུང་བ་ལའང་དེར་འཇུག་འདོད་ཀྱི་ཀུན་སློང་ཡོད་པ་དང་། ཤེས་པ་རང་བཞིན་དུ་གནས་པ་སོགས་ཡན་ལག་ཏུ་དགོས་ཀྱི། གཞན་དུ་སྦོམ་པོ་དང་ཉེས་བྱས་ཅི་རིགས་སུ་འགྱུར་ཏེ། དེ་དག་ལྷག་མ་རྣམས་དང་གཞན་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །གཉིས་པ་མ་བྱིན་ལེན་གྱི་ཕམ་པ་ནི། རང་དོན་དུ་རང་དང་ནོར་མི་གཅིག་པའི་མིའི་ནོར་རྫས་རང་གིས་བརྐུས་པའམ་གཞན་ལ་བརྐུར་བཅུག་པ་དང་འཕྲོག་པའང་རུང་སྟེ་ཐོབ་བློ་སྐྱེས་པའི་ཆེད་དེར་འགྱུར་རོ། །རིན་ཐང་ནི་རྒྱ་གར་དུ་ཀཪྴ་པ་ཎའི་བཞི་ཆའི་ཚད་དང་མཉམ་པའི་དངོས་པོ་བརྐུས་པ་ལ་བཤད་ལ། འདིར་ཡུལ་དུས་ཀྱི་དབང་གིས་རིན་ཐང་ཆེ་ཆུང་མི་འདྲ་བ་འབྱུང་ཡང་རགས་བརྩིས་སུ་དངུལ་ཞོ་གསུམ་ཡན་ཆད་ཀྱི་རིན་ཐང་ཚང་བའི་དངོས་པོ་ལ་བརྐུས་པ་ལ་བྱའོ། །གཞན་དོན་དུ་བརྐུས་པ་དང་། མི་འགྲོ་བ་ལས་གཞན་པའི་དངོས་པོ་བརྐུས་པ་དང་། གཡར་པོ་མི་སྟེར་བ་སོགས་ལ་ཉེས་པ་སྦོམ་ཕྲ་ཅི་རིགས་སུ་འགྱུར་རོ། །གསུམ་པ་སྲོག་གཅོད་ཀྱི་ཕམ་པ་ནི། འདུ་ཤེས་མ་འཁྲུལ་བར་མིའམ་མངལ་གྱི་མིར་ཆགས་པ་ལ་སོགས་པ་རང་གིས་མཚོན་དུག་ལ་སོགས་པའི་ཐབས་ཀྱིས་གསོད་དམ། གསོད་དུ་བཅུག་ཀྱང་རུང་སྟེ། རང་གི་སྔར་ཤི་བའི་ཚེ་དེར་འགྱུར་རོ། །གསོད་སེམས་མེད་པར་བསད་པ་སོགས་ལས་དངོས་གཞིའི་ལྟུང་བ་མེད་དོ། །བཞི་པ་བརྫུན་དུ་སྨྲ་བའི་ཕམ་པ་ནི། མིའི་རྟེན་ལ་བསྒྲུབ་དཀའ་བའི་ཡོན་ཏན་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་གམ། མངོན་ཤེས་དང་གྲུབ་རྟགས་ཁྱད་པར་ཅན་སོགས་མེད་བཞིན་དུ་ཡོད་པ་དང་། ལྷ་སོགས་མ་མཐོང་བར་མཐོང་ཞེས་ཤེས་བཞིན་དུ་སྨྲ་བ་སོགས་དང་། གཞན་གྱིས་རང་ལ་དེ་ལྟར་སྨྲས་པ་དང་དུ་ལེན་ནའང་འདིར་འགྱུར་རོ། །དེས་ན་མངོན་ཤེས་དང་མི་ལྡན་པར་འདས་མ་འོངས་ལུང་སྟོན་པ་ནི་ཕན་སེམས་ཁྱད་པར་ཅན་ཡོད་ན་མ་གཏོགས་འདིི་ཕྱོགས་སུ་གཏོགས་པར་འགྱུར་རོ། །གཉིས་པ་དགེ་འདུན་གྱི་ལྷག་མ་ལ་བཅུ་གསུམ་ཡོད་པ་ལས། དང་པོ་ཁུ་བ་འབྱིན་པའི་ལྷག་མ་ནི། གཞན་གྱི་རྨའི་ལམ་གསུམ་པོ་གང་རུང་ལས་གཞན་པའི་ལུས་ཀྱི་ཆ་ཤས་སམ། རང་གི་སོར་མོ་ལྟ་བུས་ཡིན་ཀྱང་རུང་སྟེ་ཁུ་བ་ཕྱུང་བའི་ཚེ་དེར་འགྱུར་རོ། །གཉ ིས་པ་རེག་པ་ནི། ཆགས་སེམས་ཀྱིས་ཀུན་ནས་བསླངས་ཏེ་བུད་མེད་ཀྱི་ལུས་དང་ལུས་ཀྱི་སྐྲ་སོགས་ལ་རེག་པའོ། །གསུམ་པ་འཁྲིག་ཚིག་སྨྲ་བ་ནི། ཆགས་སེམས་ཀྱིས་བུད་མེད་ལ་འཁྲིག་ཚིག་སོགས་བཙོག་གཏམ་སྨྲས་པའོ། །བཞི་པ་བསྙེན་བཀུར་བསྔགས་པ་ནི། ཆགས་སེམས་ཀྱིས་བུད་མེད་ལ་ཁྱོད་ཀྱིས་བདག་ལ་འཁྲིག་པས་བསྙེན་བ ཀུར་ན་ལེགས་སོ་ཞེས་བརྗོད་ནས་ཐོས་པའོ། །ལྔ་པ་གཉེན་བྱེད་པ་ནི། ཕོ་མོ་སྔར་མ་མཐུན་པ་གཉིས་གཉེན་བྱེད་པའི་ཕྱིར་འཕྲིན་བསྐྱལ་བའི་སྒོ་ནས་མཐུན་པར་བྱས་པའོ། །དྲུག་པ་ཁང་བ་ནི། དཀོན་མཆོག་གི་ཆེད་དུ་མ་ཡིན་པར་རང་དོན་དུ་གཞི་མ་དག་པ་དང་རྩོད་པ་དང་བཅས་པའི་སར་སྲིད་དུ་ཁྲུ་བཅོ་བརྒྱད་ཞེང་དུ་ཕྱེད་དང་བཅུ་གཅིག་གི་ཚད་ལས་ལྷག་པའི་ཁང་པ་བརྩིགས་པའོ། །བདུན་པ་ཁང་ཆེན་ནི། གཞི་དང་དངོས་པོ་མ་དག་བཞིན་དུ་དཀོན་མཆོག་གམ་དགེ་སློང་བཞི་ཡན་གྱི་ཆེད་དུ་ཁང་པ་བྱས་པའོ། །བརྒྱད་པ་གཞི་མེད་ནི། དགེ་སློང་གཞན་ལ་ཕམ་པའི་མཐོང་ཐོས་དོགས་གསུམ་པོ་གང་རུང་མེད་བཞིན་དུ་འདིས་འདི་བྱས་སོ་ཞེས་བྱ་བྱེད་སྦྱར་བའི་སྒོ་ནས་སྒྲོ་བཏགས་ཏེ་སྙིང་ནས་བསྐུར་བ་བཏབ་པའོ། །དགུ་བ་བག་ཙམ་ནི། དེ་ལྟར་མེད་བཞིན་དུ་བྱ་བྱེད་མ་སྦྱར་བས་སམ། ཡང་ན་བསྐུར་པ་འདེབས་པའི་གཞི་བག་ཙམ་ཡོད་པ་ལ་བརྟེན་ནས་བསྐུར་བ་བཏབ་པའོ། །བཅུ་བ་དབྱེན་ནི། དགེ་སློང་བཞི་ཚན་དུ་ཡོངས་པའི་དགེ་འདུན་ཕན་ཚུན་གྱི་བར་དུ་ཆོས་མ་ཡིན་པས་དབྱེན་བྱེད་པར་ཞུགས་པ་ལ། དགེ་འདུན་གྱིས་བཟློག་པ་ལྔས་བཟློག་ཡང་བརྗོད་པ་གསུམ་པའི་མཐར་ཡང་མི་གཏོང་བའོ། །བཅུ་གཅིག་པ་དེ་རྗེས་ཕྱོགས་པ་ནི། དགེ་འདུན་གྱི་དབྱེན་བྱེད་པའི་གྲོགས་སུ་ཞུགས་པ་ལ་སྔར་ལྟར་བཟློག་ཀྱང་མི་ཉན་པའོ། །བཅུ་གཉིས་པ་ཁྱིམ་སུན་འབྱིན་པ་ནི། སྤྱོད་པ་ངན་པས་ཁྱིམ་བདག་དགེ་འདུན་ལ་མ་དད་པར་བྱས་པ་ན་དེའི་ཉེས་པས་རང་བསྐྲད་པའི་ཚེ་སྐྲོད་པ་པོའི་དགེ་འདུན་ལ་བསྐུར་བ་འདེབས་པར་བྱེད་པ་གཞན་གྱིས་སྔར་བཞིན་བཟློག་ཀྱང་མི་ཉན་པའོ། །བཅུ་གསུམ་པ་བཀའ་བློ་མི་བདེ་བའི་ལྷག་མ་ནི། རང་ལ་ལྟུང་བ་བྱུང་བ་ན་དགེ་སློང་གཞན་གྱིས་ཚུལ་བཞིན་དུ་གླེང་བ་དང་དུ་མི་ལེན་ཞིང་ཕྱིར་འགོག་པ་སྔར་བཞིན་བཟློག་ཀྱང་མི་གཏོང་བའི་ཚེ་དེར་འགྱུར་རོ། །གསུམ་པ་ལྟུང་བྱེད་ལ་གཉིས་ལས། དང་པོ་སྤང་ལྟུང་སུམ་ཅུ་ལས་བཅུ་ཚན་སྔ་མའི། དང་པོ་འཆང་པའི་སྤང་ལྟུང་ནི། ཆོས་གོས་ཀྱི་རྒྱུར་མ་བསྔོས་ཤིང་ཁྲུ་གང་གི་ཚད་དུ་ལོངས་པ་ཡན་ཆད་ཀྱི་གོས་རང་ཉིད་དབང་བྱར་ཡོད་པ་བྱིན་གྱིས་མ་བརླབས་པའམ་བརླབས་ཀྱང་ཤན་ཞུགས་པ་རང་དོན་དུ་ཞག་བཅུ་མ་རྫོགས་ཀྱི་བར་དུ་བཞག་པའི་ཚེ་དེར་འགྱུར་རོ། །གཉིས་པ་འབྲེལ་བ་ནི། རང་གི་ཆོས་གོས་བྱིན་རླབས་ཅན་གསུམ་པོ་གང་རུང་རང་ཉིད་གནས་པའི་མཚམས་ལས་ཐ་དད་པ་གཞན་དུ་བཞག་པ་ཉིན་ཞག་གཅིག་འདས་ནས་བྲལ་བའོ། །གསུམ་པ་ཟླ་འཇོག་ནི། ཆོས་གོས་ཀྱི་རྒྱུར་བསྔོས་པ་ཁྲུ་གང་གི་ཚད་དུ་ལོངས་ཤིང་པུས་མོ་གཉིས་ལྟེ་བའི་འཁོར་གསུམ་མི་ཁེབས་པའི་གོས་བྱིན་གྱིས་བརླབས་པར་ཟླ་བ་གཅིག་འདས་ཀྱི་བར་དུ་འཆང་བའོ། །འདི་དང་འཆད་པ་གཉིས་ལ་ཤན་བརྡེག་བྱ་རྡེག་བྱེད་ཀྱི་ཁྱད་པར་དང་འབྲལ་བ་ལ་མཚམས་ཐ་དད་མི་དད་ཀྱི་དབྱེ་བ་མང་ངོ་། །བཞི་བ་གོས་འཁྲུར་འཇུག་ནི། རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་ཆོས་གོས་བྱིན་བརླབས་ཅན་འཚེད་དམ་འཁྲུར་བཅུག་པའོ། །ལྔ་བ་གོས་ལེན་ནི། རང་ལ་ཆོས་གོས་དེ་ཉིད་ཡོད་བཞིན་དུ་བརྗེ་ཚོང་ཕྱིར་དུ་མ་ཡིན་པར་འཁོར་གསུམ་ཁེབས་པའི་གོས་རང་དང་ནོར་མི་གཅིག་པའི་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་རང་དོན་དུ་བསླངས་པའོ། །དྲུག་པ་སློང་བ་ནི། དེ་ལྟ་བུའི་གོས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་བསླངས་པའོ། །བདུན་པ་སློང་བ་རིགས་པ་ནི། ཆོས་གོས་གསུམ་པོ་གང་རུང་མེད་པའི་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་གཅིག་ཉིད་ལས་སྟོད་གཡོགས་སྨད་གཡོགས་ཟུང་ལས་ལྷག་པ་བསླངས་པའོ། །བརྒྱད་པ་དཔགས་པ་སློང་བ་ནི། ཁྱིམ་པ་ཉེ་དུ་མ་ཡིན་པས་བློས་གང་དཔོགས་བྱིན་པ་ལས་ལྷག་པའམ་བཟང་བོ་བསླངས་པའོ། །དགུ་བ་སོ་སོ་ནས་དཔགས་པ་སློང་བ་ནི། ཁྱིམ་གཅིག་ནས་ཕོ་མོ་གཉིས་སོ་སོ་ནས་སྔར་ལྟར་བསླངས་པའོ། །བཅུ་པ་རིན་བསྐུར་བ་ནི། གོས་ཀྱི་རིན་དུ་རིན་པོ་ཆེ་ཞལ་ཏ་བ་ལ་གཏད་པ་ལས་ལན་གསུམ་བསྐུལ་ཞིང་ལན་གསུམ་གྱི་བར་དུ་མཐོང་སར་བསྡད་པས་ཀྱང་མ་ཐོབ་ཚེ་ད་དུང་ཡང་ལེན་ཕྱིར་དུ་བསྐུལ་བར་བྱས་ནས་གོས་ཐོབ་པའོ། །བཅུ་ཚན་གཉིས་པ་ལས། དང་པོ་སྲིན་བལ་གྱི་གདན་གྱི་སྤང་བ་ནི། སྲིན་བལ་ཁོ་ན་ལས་འཁོར་གསུམ་ཁེབས་པའི་མཐའི་ཚད་དུ་ལོངས་པའི་གདན་གྲུབ་པར་བྱས་པའི་ཚེ་དེར་འགྱུར་རོ། །གཉིས་པ་བལ་ནག་གི་གདན་ནི། བལ་ནག་འབའ་ཞིག་ལས་གྲུབ་པའི་གདན་བྱས་པའོ། །གསུམ་པ་ཆ་གཉིས་བསྲེས་པ་ནི། གདན་ལ་ཆ་བཞིར་བགོས་པའི་ཆ་གཉིས་ལས་ལྷག་བལ་ནག་འདྲེས་པར་བྱས་པའོ། །བཞི་པ་ལོ་དྲུག་གི་ནང་དུ་གདན་བྱས་པ་ནི། ལོ་དྲུག་གི་བར་ལོངས་སྤྱད་རྒྱུའི་སྟན་རང་ལ་ཡོད་བཞིན་དུ་གདན་གསར་པ་བྱས་པའོ། །ལྔ་བ་མཐོ་གང་མ་གླན་པ་ནི། གདིང་གསར་བ་བྱས་པའི་ཚེ་རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་གི་ཚད་མ་སྦྱར་བའོ། །དྲུག་པ་བལ་ཐོགས་པ་ནི་ཆགས་སེམས་ཀྱིས་ཀུན་ནས་བསླངས་ཏེ་བལ་སོགས་ཁུར་ཆེན་པོ་ཁྱེར་ནས་ཉིན་གཅིག་རྒྱང་གྲགས་འདས་པར་ཕྱིན་པའོ། །བདུན་པ་འཁྲུར་འཇུག་པ་ནི། ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་བལ་འཚེད་པ་དང་རྨེལ་བ་དང་འཁྲུར་བཅུག་པ་སྟེ། མདོར་ན་རང་གི་ཉེ་དུ་མ་ཡིན་པའི་བུད་མེད་ལ་རང་དགར་བྱ་བ་གང་བྱེད་པ་འཆོལ་ཡང་ཉེས་བྱས་སུ་འགྱུར་བར་བཤད་དོ། །བརྒྱད་པ་གསེར་དངུལ་ལེན་པ་ནི། ཆུད་ཟ་བ་སོགས་ཀྱི་རྐྱེན་མེད་པར་ཆགས་སེམས་ཀྱིས་གསེར་དངུལ་སོགས་ལ་རེག་པའང་རེག་ཏུ་བཅུག་པའོ། །དགུ་པ་མངོན་མཚན་ཅན་ནི། ཆགས་སེམས་ཀྱིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་རང་དོན་དུ་གསེར་སོགས་ཀྱིས་ཁེ་སྦོགས་བྱེད་བཅུག་པའོ། །བཅུ་བ་ཉོ་ཚོང་ནི། དེར་རིན་པོ་ཆེ་མ་ཡིན་པའི་དངོས་པོ་གཞན་ལ་ཁེ་སྦོགས་བྱེད་བཅུག་པའོ། །བཅུ་ཚན་གསུམ་པ་ལས། དང་པོ་ལྷུང་བཟེད་ཞག་བཅུ་འཆང་བའི་སྤང་བ་ནི། གོས་འཆང་བ་དང་མཚུངས་སོ། །གཉིས་པ་ལྷུང་བཟེད་ལྷག་པོ་འཚོལ་བ་ནི། ལྷུང་བཟེད་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་ལྷུང་བཟེད་འབད་པས་བཙལ་བའི་ཚེ་དེར་འགྱུར་རོ། །གསུམ་པ་འཐག་ཏུ་འཇུག་པ་ནི། ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་གླ་རྔན་མ་བྱིན་པར་ཐགས་འཐག་ཏུ་བཅུག་པའོ། །བཞི་པ་འཐག་པ་བསྐྱེད་པ་ནི། ཁྱིམ་པ་ཉེ་དུ་མ་ཡིན་པས་ཐགས་བཏགས་ནས་རང་ལ་སྟེར་བར་ཁས་བླངས་པ་ན་ཐགས་མཁན་ལ་གླ་རྔན་བྱིན་ནས་སྦྱིན་མཁན་གྱི་བློ་དང་མི་འཚམ་པའི་བཟང་ཆེན་འཐག་ཏུ་བཅུག་པའོ། །ལྔ་པ་བྱིན་འཕྲོག་ནི། རང་གི་དངོས་པོ་དགེ་སློང་གཞན་ལ་བྱིན་པ་སླར་འཕྲོག་པའོ། །དྲུག་པ་བརྟད་པ་ལས་བྱུང་བ་ནི། དབྱར་གྱི་རྙེད་པ་དབྱར་གྱི་མཚམས་ནང་དུ་ལོངས་སྤྱད་པའོ། །བདུན་པ་དགོན་པའི་འབྲལ་བ་ནི། དགེ་སློང་དགོན་པ་བ་སྣམ་སྦྱར་དང་བྲལ་ནས་ཞག་བདུན་སོང་བའོ། །བརྒྱད་པ་རས་ཆེན་བཅངས་པ་ནི། དབྱར་གྱི་རས་ཆེན་དབྱར་ཁས་ལེན་གྱི་སྔ་རོལ་ཟླ་གཅིག་ཕན་ནས་འཚོལ་བ་དང་། དགག་དབྱེ་གྲོལ་ནས་ཟླ་གཅིག་ཕན་འདས་པར་བཅངས་པའོ། །དགུ་པ་བསྔོས་བསྒྱུར་ནི། སྦྱིན་བདག་གིས་དགེ་འདུན་ལ་བསྔོས་པ་རང་ཉིད་ལ་བསྒྱུར་བའོ། །བཅུ་བ་གསོག་འཇོག་གི་སྤང་པ་ནི། སྨན་བཞི་པོ་གང་རུང་བྱིན་ལེན་བྱས་པ་མ་བཤིག་པར་དུས་ལས་འདས་པར་འཇོག་པ་ན་དེར་འགྱུར་རོ། །གཉིས་པ་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལས། བཅུ་ཚན་ཐོག་མའི། དང་པོ་བརྫུན་སྨྲའི་ལྟུང་བྱེད་ནི། ཕམ་པ་སྦོམ་པོ་ཉེས་བྱས་ཀྱི་ནང་ཚན་མ་ཡིན་པའི་བརྫུས་ཤེས་བཞིན་སྨྲས་པ་ཕ་རོལ་བོས་གོ་བའི་ཚེ་དེར་འགྱུར་རོ། །གཉིས་པ་སྐྱོན་སྨྲ་བ་ནི། བདེན་ནམ་བརྫུན་ཡང་རུང་ངན་སེམས་ཀྱིས་དགེ་སློང་དེའི་རིགས་རུས་དབང་བོ་སོགས་ཀྱི་སྐྱོན་དེ་ཉིད་ཀྱི་མངོན་སུམ་དུ་བརྗོད་པའོ། །གསུམ་པ་ཕྲ་མ་ནི། བསམ་བཞིན་དུ་མཐུན་པའི་དགེ་སློང་ནང་ཕན་ཚུན་གྱི་བར་དུ་ཕྲ་མ་བྱེད་པའོ། །བཞི་བ་སྐྱོན་འདོགས་ནི། དགེ་སློང་གཉིས་ཕན་ཚུན་གྱི་རྩོད་པ་དགེ་འདུན་གྱིས་ཆོས་བཞིན་ཞི་བར་བྱས་པ་ལ་སླར་སྐྱོན་འདོགས་བྱས་ནས་རྩོད་པ་སློང་བའོ། །ལྔ་བ་བུད་མེད་ལ་ཆོས་སྟོན་པ་ནི། གྲོགས་སྐྱེས་པ་མེད་པའི་སར་བུད་མེད་ལ་ཆོས་ཚིག་དྲུག་ལས་ལྷག་སྟོན་པའོ། །དྲུག་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་འདོན་པ་ནི། རྒོད་བག་གི་བསམ་པས་དགེ་སློང་མ་ཡིན་པ་དང་ལྷན་ཅིག་ཆོས་ཀྱི་ཚིག་གདངས་སྣ་ཚོགས་འདོན་པའོ། །བདུན་པ་གནས་ངན་ལེན་བརྗོད་པ་ནི། རང་ཉིད་ཀྱིས་དེའི་ལྟུང་བ་གླེང་མི་འོས་བཞིན་དུ་དགེ་སློང་གཞན་ལ་ཕ་མ་ལྷག་གི་ལྟུང་དབྱུང་ངམ་བསྙེན་པར་མ་རྫོགས་པ་ལ་བརྗོད་པའོ། །བརྒྱད་པ་མི་ཆོས་བླ་མ་བདེན་པར་སྨྲ་བ་ནི། དགོས་པ་ཁྱད་པར་ཅན་མེད་བཞིན་དུ་རང་གིས་ཐོབ་པའི་མངོན་ཤེས་སོགས་མི་ཆོས་བླ་མའི་ཡོན་ཏན་དེ་ཉིད་བསྙེན་པར་མ་རྫོགས་པ་ལ་བརྗོད་པའོ། །དགུ་བ་བཤེས་ངོར་བྱེད་པ་ནི། དགེ་འདུན་སྤྱིའི་ལས་བྱེད་པའི་དགེ་སློང་གིས་གཞན་ལ་སྤྱི་རྫས་ཀྱི་སྟེང་ནས་སྟེར་འོས་པ་བྱིན་པ་ལ་སྐྱོན་བརྗོད་པའོ། །བཅུ་བ་ཁྱད་གསོད་ནི། གསོ་སྦྱོང་སོགས་ཀྱི་ཚེ་བསླབ་པའི་གཞི་ཕྲ་མོ་འདི་འདྲ་བས་ཅི་བྱ་ཞེས་ཁྱད་གསོད་ཀྱི་ཚིག་བརྗོད་པ་གཞན་གྱིས་ཐོས་པའོ། །བཅུ་ཚན་གཉིས་པ་ལས། དང་པོ་ས་བོན་འཇིག་པའི་ལྟུང་བྱེད་ནི། མེ་སོགས་ཀྱིས་རུང་བར་མ་བྱས་པའི་གྲོ་ནས་སོགས་ཀྱི་ས་བོན་དང་བུར་ཤིང་སོགས་བརྡུང་གཅོད་སོགས་ཀྱི་སྒོ་ནས་ཉམས་པར་བྱས་པའི་ཚེ་དེར་འགྱུར་རོ། །གཉིས་པ་འཕྱ་བ་ནི། དགེ་འདུན་གྱི་གནས་མལ་སྟོབ་པའི་ལས་བྱེད་པའི་དགེ་སློང་གིས་ཚུལ་བཞིན་བྱས་ཀྱང་འཕྱ་བར་བྱེད་པའོ། །གསུམ་པ་བསྒོ་བ་རྣལ་གཟོན་པ་ནི། དགེ་འདུན་གྱིས་ཕྱིར་བཅོས་ལ་འགོད་པའི་ཆེད་དུ་ཚུལ་ཁྲིམས་ཀྱི་སྒོ་ནས་ཚུལ་བཞིན་གླེང་བ་ན་གཡོ་ཐབས་ཀྱིས་གཞན་དུ་བསྒྱུར་བའོ། །བཞི་པ་གནས་མལ་ལས་གྱུར་བ་ནི། དགེ་འདུན་གྱི་གནས་མལ་ལ་ལོངས་སྤྱད་དེ་ཆུད་ཟ་བར་འགྱུར་བ་ཡོད་ན་མ་བསྡུས་པར་འདོམ་ཞེ་དགུའི་གནས་སུ་ཕྱིན་ནས་དེ་དག་མེ་ཆུ་སོགས་ཀྱིས་ཆུད་ཟ་བར་བྱས་པའོ། །ལྔ་པ་གདིང་བ་ལས་གྱུར་པ་ནི། གཙུག་ལག་ཁང་དུ་རང་གི་གདིང་བའི་འོག་ཏུ་རྩྭ་སོགས་བཏིང་བ་ཡོད་ན་རྗེས་སུ་མ་བསྡུས་པར་བཞག་པའོ། །དྲུག་པ་སྐྱོད་པ་ནི། གནོད་སེམས་ཀྱིས་དགེ་སློང་གཞན་གནས་ཁང་ནས་ཕྱི་རོལ་དུ་སྐྲོད་པའོ། །བདུན་པ་ཕྱིས་གནོན་བྱེད་པ་ནི། གནོད་པར་འདོད་པས་རང་གི་ལུས་ངག་གང་རུང་གིས་དགེ་སློང་གཞན་ཟིལ་གྱིས་གནོན་ཅིང་མཐོ་བཙམས་པའོ། །བརྒྱད་པ་རྩ་བ་འབྱུང་བ་ལ་འདུག་པ་ནི། གནོད་སེམས་ཀྱིས་དགེ་སློང་གཞན་གྱི་གནས་ཁང་ཐོག་ཏུ་ཁྲི་རྐང་བ་ཅན་རང་གི་ལུས་ཀྱིས་མནན་ནས་གནོད་པར་འགྱུར་བའི་ལས་བྱེད་པའོ། །དགུ་བ་འདེབས་པ་ནི། ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་རྩྭ་ཆུ་ཤིང་སོགས་ལ་ལོངས་སྤྱོད་པའོ། །བཅུ་བ་རིམ་པ་ལྷག་པར་བརྩིག་པ་ནི། དཀོན་མཆོག་གི་ཆེད་དུ་གཙུག་ལག་ཁང་བརྩིག་པའི་ཚེ་ཆར་ཆུའི་དུས་སུ་གནོད་པ་མ་བསྲུང་བར་ཉིན་གཅིག་རིམ་པ་གསུམ་ལས་ལྷག་བརྩིག་པའོ། །བཅུ་ཚན་གསུམ་པ་ལས། དང་པོ་དགེ་སློང་མ་ལ་ཆོས་སྟོན་པའི་ལྟུང་བྱེད་ནི། དགེ་སློང་མའི་སྟོན་པར་མ་བསྐོས་བཞིན་དུ་དེ་ལ་དམ་པའི་ཆོས་བསྟན་པའི་ཚེ་དེར་འགྱུར་རོ། །གཉིས་པ་ཉི་མ་ནུབ་ཀྱི་བར་སྟོན་པ་ནི། དགེ་སློང་མའི་སྟོན་པ་ཡིན་ཡང་འཇིགས་པ་དང་བཅས་པའི་སར་ཉི་མ་ནུབ་ནས་ཀྱང་ཆོས་སྟོན་པའོ། །གསུམ་པ་ཟས་ཀྱི་ཆེད་དུ་ཆོས་སྟོན་ནོ་ཟེར་བ་ནི། དགེ་སློང་མའི་སྟོན་པར་བསྐོས་པའི་དགེ་སློང་ལ་ཕྲག་དོག་གིས་འདིས་ཟས་ཀྱི་ཕྱིར་དུ་ཆོས་སྟོན་པར་བྱེད་དོ་ཞེས་བསྐུར་བ་འདེབས་པའོ། །བཞི་བ་གོས་བྱིན་པ་ནི། དགེ་སློང་མ་ཉེ་དུ་མ་ཡིན་པར་བཤེས་ངོ་ཙམ་གྱི་ཕྱིར་རང་གི་གོས་བྱིན་པའོ། །ལྔ་པ་གོས་བྱེད་པ་ནི། དེ་ལྟ་བུའི་དགེ་སློང་མའི་གོས་བཙེམ་པའོ། །དྲུག་པ་ལམ་དུ་འགྲོ་བ་ནི། དགེ་སློང་མ་དང་ལྷན་ཅིག་ལམ་དུ་རྒྱང་གྲགས་ལས་ལྷག་འདས་པར་ཕྱིན་པའོ། །བདུན་པ་གྲུར་འཇུག་ནི། དགེ་སློང་མ་དང་ལྷན་ཅིག་གྲུར་ཞུགས་ནས་ཆུའི་རྒྱུན་ཕྱོགས་སུ་རྒྱང་གྲགས་ཀྱི་བར་དུ་ཕྱིན་པའོ། །བརྒྱད་པ་དབེན་པ་སྐྱབས་ཡོད་ན་འདུག་པ་ནི། བུད་མེད་ཉེ་དུ་མ་ཡིན་པ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་ན་འདུག་པའོ། །དགུ་པ་དེར་འགྲེང་བ་ནི། འགྲེང་བའི་ཁྱད་པར་མ་གཏོགས་སྔར་བཞིན་ནོ། །བཅུ་པ་ཟས་སྦྱོར་བཅུག་པ་ནི། རང་དང་ནོར་མི་གཅིག་པའི་ཉེ་དུ་མ་ཡིན་པའི་དགེ་སློང་མ་བརྒྱུད་ནས་ཁྱིམ་བདག་གི་བཟའ་བཏུང་རང་ལ་སྦྱོར་བཅུག་པའོ། །བཅུ་ཚན་བཞི་བ་ལས། དང་པོ་ཡང་ཡང་ཟ་བའི་ལྟུང་བྱེད་ནི། དགོས་པ་ཁྱད་པར་ཅན་མེད་པར་ཉེ་དུ་མ་ཡིན་པའི་ཁྱིམ་ནས་ཉིན་གཅིག་ཁོ་ནར་དུས་རུང་གི་ཟས་ལན་གཉིས་གསུམ་སོགས་བསླངས་ཏེ་ཟོས་པའི་ཚེ་དེར་འགྱུར་རོ། །གཉིས་པ་འདུག་གནས་གཅིག་ཏུ་ཟ་བ་ནི། མུ་སྟེགས་ཁོ་ནའི་སྦྱིན་བདག་བྱེད་པའི་ཁྱིམ་དུ་མུ་སྟེགས་དང་ལྷན་ཅིག་ཉིན་ཞག་གཅིག་ལས་ལྷག་གནས་ཏེ་ཟས་ཟ་བའོ། །གསུམ་པ་ལྷག་པ་ལེན་པ་ནི། ཉེ་དུ་མ་ཡིན་པའི་ཁྱིམ་ནས་དུས་གཅིག་ལ་ལྷུང་བཟེད་གསུམ་ལས་ལྷག་བསླངས་པའོ། །བཞི་བ་སྤངས་པ་ཟ་བ་ནི། བྱིན་ལེན་བྱས་པའི་དུས་རུང་གི་ཟས་ཟ་བ་ལུས་ངག་བསམ་སྦྱོར་གྱིས་སྤངས་པ་ལས་སྤང་ཟས་བྱུང་བ་ལྷག་པོར་མ་བྱས་པར་ཟ་བའོ། །ལྔ་པ་སྤངས་པ་སྟོབ་པ་ནི། དགེ་སློང་གཞན་གྱིས་ཟས་ཟ་བ་སྤངས་པ་ལས་སླར་ཟ་བ་ན་ལྷག་པོར་མ་བྱས་བཞིན་དུ་ཉིན་ཞག་དེ་ལ་སྟོབ་པར་བྱས་ཏེ་ཚིག་ཀྱང་སྨྲ་བའོ། །དྲུག་པ་འདུས་ཤིང་ཟ་བ་ནི། མི་མཐུན་པའི་བསམ་པས་མཚམས་ནང་ལས་ལོགས་སུ་འདུས་ནས་ཟ་བའོ། །བདུན་པ་དུས་མ་ཡིན་པར་ཟ་བ་ནི། གླིང་འདིའི་ཉི་མ་ཕྱེད་ཡོལ་ནས་སང་གི་སྐྱ་རེངས་མ་ཤར་གོང་དུ་དུས་རུང་གི་ཟས་ཟ་བའོ། །བརྒྱད་པ་གསོག་འཇོག་བྱེད་པ་ནི། སྨན་བཞི་བོ་གང་རུང་བྱིན་ལེན་བྱས་པ་མ་ཞིག་པའི་ལྷག་མ་གསོག་འཇོག་བྱས་ནས་ལོངས་སྤྱོད་པའོ། །དགུ་པ་བྱིན་ལེན་མ་བྱས་པར་ཟ་བ་ནི། སྨན་བཞི་པོ་གང་རུང་བྱིན་ལེན་མ་བྱས་པར་ཟ་བའོ། །བཅུ་པ་ཟས་བསོད་པ་སློང་བ་ནི། ཉེ་དུ་མ་ཡིན་པའི་ཁྱིམ་པ་ལ་རང་འདོད་ཀྱིས་ཟས་བཟང་བོ་སློང་བའོ། །བཅུ་ཚན་ལྔ་པ་ལས། དང་པོ་སྲོག་ཆགས་ཡོད་པའི་ཆུར་ལོངས་སྤྱོད་པའི་ལྟུང་བྱེད་ནི། རང་དོན་དུ་སྲོག་ཆགས་དང་བཅས་པའི་རྩྭ་ཆུ་ཤིང་སོགས་ལ་ལོངས་སྤྱོད་དེ་སེམས་ཅན་ཤི་བའི་ཚེ་དེར་འགྱུར་རོ། །གཉིས་པ་ཉལ་བོ་བྱེད་པའི་ཁྱིམ་ན་འདུག་པ་ནི། ཁྱིམ་པ་ཕོ་མོ་ཉལ་བོ་བྱེད་པར་བཤམས་པ་ཤེས་བཞིན་དུ་དེར་འདུག་སྟེ་བར་དུ་གཅོད་པའོ། །གསུམ་པ་འགྲེང་བ་ནི། དེའི་ཁྱད་པར་མ་གཏོགས་སྔར་ལྟར་རོ། །བཞི་བ་གཅེར་བུ་པ་ལ་ཟས་བྱིན་པ་ནི། དགོས་པ་ཁྱད་པར་ཅན་མེད་པར་མུ་སྟེགས་པའི་བུད་མེད་ལ་ཟས་གོས་སྟེར་བའོ། །ལྔ་པ་དམག་ལ་ལྟ་བ་ནི། མཚམས་ཀྱི་ཕྱི་རོལ་ལས་འདས་ཏེ་བརྒྱད་ཡན་ཆད་ཀྱི་དམག་ལ་ལྟ་བའོ། །དྲུག་པ་དམག་ནང་དུ་གནས་པ་ནི། དགོས་པ་ཁྱད་པར་ཅན་མེད་བཞིན་དུ་དམག་གི་ནང་དུ་ཞག་གཅིག་འདས་པར་གནས་པའོ། །བདུན་པ་གཡུལ་དཀྲུགས་པ་ནི། དོན་མེད་པར་དམག་གི་གཡུལ་དཀྲུགས་པའོ། །བརྒྱད་པ་བརྡེག་པ་ནི། དགེ་སློང་གཞན་ལ་བརྡེག་གམ་བརྡེག་ཏུ་འཇུག་པའོ། །དགུ་པ་བརྡེག་པར་གཟས་པ་ནི། གོ་སླའོ། །བཅུ་བ་གནས་ངན་ལེན་འཆང་བ་ནི། དགེ་སློང་གཞན་ལ་ཕམ་ལྷག་གི་ལྷུང་བ་བྱུང་བ་དགོས་མེད་དུ་འཆབ་པའོ། །བཅུ་ཚན་དྲུག་པ་ལས། དང་པོ་ཟས་གཅོད་དུ་འཇུག་པའི་ལྟུང་བྱེད་ནི། གནོད་སེམས་ཀྱིས་གྲོགས་དགེ་སློང་ལ་གཞན་གྱི་དུས་རུང་གི་ཟས་སྦྱོར་བ་བཀག་པའི་ཚེ་དེར་འགྱུར་རོ། །གཉིས་པ་མེ་ལ་རེག་པ་ནི། དུས་དྲན་པ་མ་བྱས་པར་རང་དགར་མེ་ལ་རེག་ཅིང་རེག་ཏུ་འཇུག་པའོ། །གསུམ་པ་འདུན་པ་ཕྱིར་བསྒྱུར་བ་ནི། སྔར་དགེ་འདུན་ལ་འདུན་པ་ཕུལ་བ་སླར་མི་མཐུན་པའི་བསམ་པས་ཕྱིར་སྒྱུར་བར་བྱེད་པའོ། །བཞི་པ་ནུབ་ལྷག་ཉལ་བ་ནི། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་ཉལ་བའོ། །ལྔ་པ་སྡིག་ལྟ་མི་གཏོང་བ་ནི། སྟོན་པའི་གསུང་ལ་ཡིད་མི་ཆེས་པའི་ལོག་ལྟ་སྐྱེས་པ་གཞན་གྱིས་བཟློག་ཀྱང་མི་གཏོང་བའོ། །དྲུག་པ་སྤངས་པའི་རྗེས་སུ་ཕྱོགས་པ་ནི། དགེ་འདུན་གྱིས་གནས་ནས་ཕྱུང་བའི་དགེ་སློང་དང་ལྷན་ཅིག་སྤྱོད་ལམ་མཐུན་པར་བྱེད་པའོ། །བདུན་པ་དགེ་ཚུལ་བསྙིལ་བ་སྡུད་པ་ནི། །དགེ་ཚུལ་ཞེས་སྦྱོར་བ་མ་གཏོགས་དེ་ལྟར་རོ། །བརྒྱད་པ་གོས་མ་སྒྱུར་བ་ནི། རུང་བའི་ཚོན་གྱིས་ཁ་མ་བསྒྱུར་བའི་གོས་གཞན་གྱིས་གཡོགས་མེད་པར་གྱོན་པའོ། །དགུ་བ་རིན་པོ་ཆེ་ལ་རེག་པ་ནི། འདོད་སེམས་ཀྱིས་རིན་པོ་ཆེའི་རིགས་ལ་རོག་པའོ། །བཅུ་བ་ཁྲུས་བྱེད་པ་ནི། ཚ་བ་དང་ནད་ཀྱིས་བཏབ་པའི་དུས་མ་ཡིན་པར་ལྟེ་བར་སླེབ་པའི་ཆུ་ནང་དུ་ཞུགས་ནས་ཁྲུས་བྱེད་པའོ། །བཅུ་ཚན་བདུན་པ་ལས། དང་པོ་དུད་འགྲོ་གསོད་པའི་ལྟུང་བྱེད་ནི། བསམ་བཞིན་དུ་དུད་འགྲོ་གསོད་དམ་གསོད་དུ་བཅུག་ནས་ཤི་བའི་ཚེ་ན་དེར་འགྱུར་རོ། །གཉིས་པ་འགྱོད་པ་བསྐྱེད་པ་ནི། དགེ་སློང་གཞན་དག་ལ་སྡོམ་པ་མ་སྐྱེས་སོ་ཞེས་བརྗོད་ནས་ཡིད་མི་བདེ་བར་བྱས་པའོ། །གསུམ་པ་གག་ཚིལ་བྱེད་པ་ནི། སྐྱི་གཡའ་བར་འདོད་པའི་བསམ་པས་སོར་མོ་སོགས་ཀྱིས་དགེ་སློང་གཞན་གྱི་ལུས་ཀྱི་ཆ་ལ་རེག་པའོ། །བཞི་བ་ཆུ་ལ་རྩེ་བ་ནི། རྒོད་བག་གི་བསམ་པས་ཆུར་རྩེ་བའོ། །ལྔ་བ་བུད་མེད་དང་ལྷན་ཅིག་ཉལ་བ་ནི། མཚམས་ནང་གཅིག་ཏུ་ཉེ་དུ་མ་ཡིན་པའི་བུད་མེད་དང་ལྷན་ཅིག་ཉལ་བའོ། །དྲུག་པ་སྤངས་པར་བྱེད་པ་ནི། གནོད་སེམས་ཀྱིས་དགེ་སློང་གཞན་ལ་འཇིགས་ཚུལ་སྟོན་པའོ། །བདུན་པ་སྦེད་པ་ནི། རྐུ་སེམས་མེད་ཀྱང་གནོད་སེམས་ཀྱིས་དགེ་སློང་གཞན་གྱི་ཡོ་བྱད་སྦེད་པའོ། །བརྒྱད་པ་བྱིན་པས་འཚོ་བ་ནི། ནོར་མི་གཅིག་པའི་དགེ་སློང་ལ་རང་གིས་བྱིན་ཟིན་པའི་གོས་རང་དགར་ལོངས་སྤྱོད་པའོ། །དགུ་བ་སྐུར་འདེབ་པ་ནི། བསམ་བཞིན་དུ་དགེ་སློང་གཞན་ལ་ལྷག་མའི་ལྟུང་བ་བྱུང་ཞེས་ངན་དུ་བརྗོད་པའོ། །བཅུ་བ་བུད་མེད་དང་ལྷན་ཅིག་འགྲོ་བ་ནི། ཉེ་དུ་མ་ཡིན་པའི་བུད་མེད་དང་ལྷན་ཅིག་ལམ་དུ་རྒྱང་གྲགས་འདས་པར་ཕྱིན་པའོ། །བཅུ་ཚན་བརྒྱད་པ་ལས། དང་པོ་རྐུན་པོ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་ནི། དེ་དང་ལྷན་ཅིག་སྔར་བཞིན་སོང་བའི་ཚེ་དེར་འགྱུར་རོ། །གཉིས་པ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པ་ནི། བསྒྲུབ་བྱ་ལོ་ཉི་ཤུ་མ་ལོན་པར་ཤེས་བཞིན་དུ་བསྙེན་པར་རྫོགས་པའོ། །གསུམ་པ་ས་རྐོ་བ་ནི། དགོས་པར་ཁྱད་པར་ཅན་མེད་བཞིན་དུ་སྲ་ཞིང་འཐས་པ་ནས་སྦར་གང་ཡན་ཆད་རྐོ་བར་བྱེད་པའམ་ཕུར་བུ་འདེབས་པ་སོགས་བྱེད་པའོ། །བཞི་བ་མགྲོན་དུ་གཉེར་བ་རིང་དུ་འཇུག་པ་ནི། སྦྱིན་བདག་གིས་མགྲོན་དུ་བོས་པའི་དུས་ཚོད་ལས་འདས་པའམ་ཞག་གྲངས་མེད་ཀྱང་ཟླ་བ་བཞི་ལས་ལྷག་དེའི་བསྙེན་བཀུར་ལ་ལོངས་སྤྱོད་པའོ། །ལྔ་པ་བསླབ་པ་ཉེར་འཇོག་ནི། འདུལ་བ་ཤེས་པས་བསླབ་པ་ལ་འདི་ལྟར་བསླབ་དགོས་ཞེས་བརྗོད་པ་མི་ཉན་པར་ཐབས་ཀྱིས་སྤོང་བའོ། །དྲུག་པ་ཉན་རྣ་བྱེད་པ་ནི། རྩོད་ཟླ་དེ་གཞན་དང་གྲོས་བྱེད་པ་ལ་མི་མཐུན་པའི་བསམ་པས་ལྐོག་ཏུ་ཉན་པའོ། །བདུན་པ་མི་སྨྲ་བར་འགྲོ་བ་ནི། ལས་གྲལ་དུ་འཁོད་ཟིན་ནས་འདུན་པ་མ་ཕུལ་བར་གཞན་དུ་འགྲོ་བའོ། །བརྒྱད་པ་མ་གུས་པ་ནི། དགེ་འདུན་གྱིས་ཆོས་ལྡན་གྱི་བྱ་བ་ལ་མ་གུས་པའི་ཚུལ་གྱིས་འདའ་བར་བྱེད་པའོ། །དགུ་པ་ཆང་འཐུང་བ་ནི། མྱོས་འགྱུར་གྱི་རིགས་འཐུང་བའོ། །བཅུ་པ་ཕྱི་དྲོ་གྲོང་དུ་འཇུག་པ་ནི། ཉེ་དུ་མ་ཡིན་པའི་ཁྱིམ་དུ་གུང་ཡོལ་ནས་སང་གི་སྐྱ་རེངས་མ་ཤར་གྱི་བར་གནས་པའོ། །བཅུ་ཚན་དགུ་པ་ལས། དང་པོ་སྔ་དྲོ་གྲོང་དུ་རྒྱུ་བའི་ལྟུང་བྱེད་ནི། རང་གྲོང་གཞན་དུ་རྒྱུ་བ་ལ་བརྟེན་ནས་དགེ་འདུན་གྱི་གདུགས་ཚོད་ཡོལ་བར་བྱས་པའི་ཚེ་དེར་འགྱུར་རོ། །གཉིས་པ་རྒྱལ་བོའི་ཕོ་བྲང་དུ་འཇུག་པ་ནི། མཚན་མོ་རྒྱལ་པོའི་བཙུན་མོ་ཡོད་པའི་ཕོ་བྲང་དུ་འཇུག་པའོ། །གསུམ་པ་ཁྱད་གསོད་ནི། གསོ་སྦྱོང་གི་དུས་སུ་བསླབ་བྱ་ཕྲ་མོ་ཁྱད་དུ་གསོད་པའི་ཚིག་སྨྲ་བའོ། །བཞི་བ་ཁབ་རལ་བྱེད་པ་ནི། རིན་ཆེ་བའི་དངོས་པོ་ལ་ཁབ་རལ་བྱེད་པའོ། །ལྔ་བ་ཁྲི་རྐང་འཆོས་པ་ནི། ཁྲི་རྐང་ཁྲུ་གང་ལས་མཐོ་བར་བྱེད་པའོ། །དྲུག་པ་ཤིང་བལ་གོས་པ་ནི། དགེ་འདུན་གྱི་གནས་མལ་བསམ་བཞིན་དུ་ཤིང་བལ་སོགས་ཀྱིས་གོས་པར་བྱེད་པའོ། །བདུན་པ་གདིང་བ་དང་། བརྒྱད་པ་གཡན་པ་དགབ་པ་དང་། དགུ་པ་དབྱར་གྱི་གོས་རས་ཆེན་གསུམ་རང་རང་གི་ཚད་ལས་ལྷག་བྱེད་པའོ། །བཅུ་པ་ཆོས་གོས་ཀྱི་ཚད་ལས་གྱུར་བའི་ལྟུང་བྱེད་ནི། ཆོས་གོས་རྣམ་གསུམ་རང་དང་མི་འཚམས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱས་ན་དེར་འགྱུར་རོ།། །།བཞི་བ་སོར་བཤགས་ཀྱི་སྡེ་ལ་བཞི་ལས། དང་པོ་དགེ་སློང་ཐས་ཁས་ལེན་པའི་སོར་བཤགས་ནི། རང་ཉིད་འཚོ་བའི་ཆེད་དུ་དགེ་སློང་མ་ཉེ་དུ་མ་ཡིན་པའི་བསོད་སྙོམས་བསླངས་ནས་ཟོས་ན་དེར་འགྱུར་རོ། །གཉིས་པ་གྲལ་རིམ་མིན་པར་འགྲིམ་དུ་འཇུག་པ་ནི། དགེ་འདུན་མགྲོན་དུ་བོས་པའི་སྦྱིན་བདག་གི་གནས་སུ་རང་ལ་དགེ་སློང་མས་ཟས་བཟང་བོའམ་ལྷག་པ་འདྲེན་དུ་བཅུག་པའོ། །གསུམ་པ་བསླབ་པ་བྲལ་ཏེ་ཁྱིམ་དུ་འཇུག་པ་ནི། ཟས་མི་ལེན་པར་ཁྲིམས་བཅས་པའི་ཁྱིམ་དུ་ཟས་བསླངས་ཏེ་ཟ་བའོ། །བཞི་བ་ནགས་མ་བརྟགས་པ་ལས་གྱུར་པ་ནི། འཇིགས་པ་ཡོད་སར་ནགས་སུ་རྐུན་པོ་སོགས་ཡོད་མེད་མ་བརྟགས་པར་ཟས་ཟ་བའོ། །གོང་དུ་བཤད་པའི་དགེ་སློང་མས་བསྐྱེད་པའི་ལྟུང་བ་དངོས་ད་ལྟ་མི་འབྱུང་ཡང་། བཙུན་མ་ལྟ་བུ་ལ་བརྟེན་ནས་རིགས་མཚུངས་ཀྱི་ཉེས་པ་འབྱུང་བ་ཡོད་དོ། །ལྔ་པ་ཉེས་བྱས་ལ་བརྒྱ་དང་བཅུ་གཉིས་ཡོད་པའི་སྡེ་ཚན་བརྒྱད་ལས། དང་པོ་གོས་ཀྱི་སྡེ་ཚན་ལ། ཤམ་ཐབས་ཀྱི་མ་མཐའ་མཉམ་པོར་མ་གྱོན་པ། པུས་མོ་ལས་ཡར་བརྫེས་པ། ལོང་བུ་ལས་མར་འཇོལ་པ། མདུན་ཕྱོགས་ནས་མར་སྣ་ལུག་པ། ཡ་མཐའི་མགོ་ནང་དུ་ལྟེབ་པ། དེ་ཕྱིར་མཐོ་དམན་དུ་བྱས་པ། སྐ་རགས་ཀྱི་བར་ནས་འབྲུའི་ཕུམ་བུ་ལྟར་དོན་པ་སྟེ་བདུན། སྟོད་གཡོགས་ཀྱི་མ་མཐའ་ལ་ཟླུམ་པོར་མ་གྱོན་པ། པུས་མོ་ལས་ཡར་བརྫེས་པ། ལོང་བུ་ལས་མར་འཇོལ་བ་སྟེ་གསུམ་མོ། །གཉིས་པ་ཁྱིམ་དུ་འགྲོ་བའི་སྡེ་ཚན་ལ། དྲན་ཤེས་མ་བསྟེན་པ། གོས་ལེགས་པར་མ་གྱོན་པ། ཅ་ཅོའི་གཏམ་མང་དུ་སྨྲ་བ། མིག་ཕྱོགས་ཀུན་ཏུ་ལྟ་བ། གཉའ་ཤིང་གང་ལས་རིང་བར་ལྟ་ཞིང་འགྲོ་བ་སྟེ་ལྔ། མགོ་ལ་གོས་གཡོགས་པ། ཤམ་ཐབས་འདོམས་སྣང་བར་བརྫེས་པ། གཟན་ཕྲག་པ་གཡས་གཡོན་ལ་བཀལ་བ། ལག་པ་མདུན་ནས་གཉའ་བར་བསྣོལ་བ། རྒྱབ་ལག་ཏུ་སོར་མོ་བསྣོལ་ནས་འགྲོ་བ་སྟེ་ལྔ། མཆོངས་ནས་འགྲོ་བ། ཙོག་པུས་འགྲོ་བ། རྐང་བའི་བྲང་གིས་འགྲོ་བ། གྲུ་མོ་དཀུར་བརྟེན་ནས་འགྲོ་བ། དཔུང་པ་རྒྱང་ནས་འགྲོ་བ་སྟེ་ལྔ། ལུས་ཡང་ཡང་སྒྱུར་བ། ལག་པ་བསྐྱོད་པ། མགོ་སྒྲིལ་བ། གཞན་དང་ཕྲག་པ་སྤྲོད་པ། ལག་པ་སྦྲེལ་ནས་འགྲོ་བ་སྟེ་ལྔའོ། །གསུམ་པ་ཁྱིམ་དུ་འདུག་པའི་སྡེ་ཚན་ལ། མ་བསྒོས་པར་སྟན་ལ་འདུག་པ། མ་བརྟགས་པར་སྡོད་པ། ལྗིད་ཀྱིས་སྡོད་པ། རྐང་བ་གཉིས་བསྣོལ་ནས་བརྐྱང་བ། བརླ་གཉིས་བསྣོལ་བ། ལོང་བུ་བསྣོལ་བ་གདན་འོག་ཏུ་རྐང་པ་བཀུག་པ། རྐང་མགོ་ཕྱིར་གདེངས་པ། འདོམས་གཞན་ལ་སྣང་བར་བྱེད་པ་སྟེ་དགུའོ། །བཞི་བ་ཟས་ཀྱི་སྡེ་ཚན་ལ། ཟས་ལེགས་པར་མ་བླངས་པ། ལྷུང་བཟེད་ལས་མཐོ་བར་ལེན་པ། འབྲས་ཆན་དང་ཆོད་མ་མཉམ་པོར་བླངས་པ། མཐར་ཆགས་སུ་མ་བླངས་པ། ལྷུང་བཟེད་ལ་མ་བལྟས་པར་ལེན་པ། ཟས་མ་བྱུང་བར་ལྷུང་བཟེད་ཁ་གདངས་པ། ཟས་ལྷག་པོ་འདོད་ནས་གཅིག་གིས་གཅིག་སྦེད་པ། བཟའ་བཅའི་སྟེང་དུ་ལྷུང་བཟེད་འཇོག་པ་སྟེ་བརྒྱད་དོ། །ལྔ་བ་ཟས་ཟ་བའི་སྡེ་ཚན་ལ། ལེགས་པར་མ་ཟོས་པ། ཧ་ཅང་ཁམ་ཆེ་བ། ཧ་ཅང་ཆུང་བ། རན་པ་མ་ལེན་པ། ཟས་མ་བྱུང་བར་ཁ་གདངས་པ། ཁ་ཟས་ཀྱིས་བཀང་ནས་གཏམ་སྨྲ་བ་སྟེ་དྲུག །མངར་བ་ལ་ཙུག་ཙུག །སྐྱུར་བ་ལ་ཅག་ཅག །གྲང་བ་ལ་ཧུ་ཧུ། ཚ་བ་ལ་ཕུ་ཕུ། ལྕེ་ཕྱིར་ཕྱུང་ནས་ཟ་བ་སྟེ་ལྔ། འབྲུ་རེ་རེ་ནས་ཟ་བ། ཟས་ལ་སྨོད་པ། མཁུར་བ་ཕན་ཚུན་སྤོ་བ། རྐན་སྒྲ་ཏོག་པ། ཁམ་འཕྲ་ོགཅོད་ཅིང་ཟ་བ་སྟེ་ལྔ། ལག་པ་ལ་ཟས་ཆགས་པ་བལྡག་པ། ལྕེ་དང་མཛུབ་མོས་ལྷུང་བཟེད་འབྱོག་པ། ཟས་བགོས་པའི་ལག་པ་སྤྲུག་པ། ལྷུང་བཟེད་སྐྱོམ་པ། ཟས་ལ་མཆོད་རྟེན་གྱི་གཟུགས་བཅོས་ནས་ཟ་བ་སྟེ་ལྔའོ། །དྲུག་པ་ལྷུང་བཟེད་ཀྱི་སྡེ་ཚན་ལ། གཞན་གྱི་ལྷུང་བཟེད་ལ་བལྟས་ཏེ་འཕྱ་བ། ཟས་བགོས་པའི་ལག་པས་ཆུ་སྣོད་འཛིན་པ། སྦགས་པའི་ཆུ་གཞན་ལ་འཐོར་བ། ཁྲུད་ཆུ་རང་དགར་འདོར་བ་སྟེ་བཞི། ལྷག་རོལ་ལྷུང་བཟེད་དུ་བླུག་ནས་འདོར་བ། ལྷུང་བཟེད་སྟེགས་མེད་པར་ས་ལ་འཇོག་པ། གཡང་ས། གད་ཁ། དཀན་གཟར་སོགས་སུ་འཇོག་པ། དེ་གཡང་། གད་ཁ། དཀན་གཟར་གསུམ་དུ་འཁྲུ་བ། འགྲེང་ནས་འཁྲུ་བ། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་ནས་ཆུ་བཅུ་པ་སྟེ་བཅུའོ། །བདུན་པ་ཆོས་བཤད་པའི་སྡེ་ཚན་ལ། ལངས་པ། ཉལ་བ། མཐོ་སར་བསྡད་པ། སྔོན་དུ་འགྲོ་བ། ལམ་གྱི་འགྲམ་ནས་ཉན་པ་པོ་མིན་པ་ལ་ཆོས་འཆད་པ་སྟེ་ལྔ། མགོ་ལ་གོས་སོགས་གཡོགས་པ། གོས་བརྫེས་པ། གོས་ཕྲག་གོང་གཉིས་སུ་གཟར་བ། ལག་པ་གཉིས་གཉའ་གོང་དུ་བསྣོལ་བ། ལྟག་པར་བསྣོལ་བ་ལ་འཆད་པ་སྟེ་ལྔ། སྐྲའི་ཐོར་ཅོག་བྱས་པ། དར་གྱི་ཅོད་པན་བཅིངས་པ། ཞྭ་གྱོན་པ། ཐོད་དཀྲིས་བཅིངས་པ། མེ་ཏོག་གི་ཕྲེང་བ་བཏགས་པ་ལ་ཆོས་འཆད་པ་སྟེ་ལྔ། གླང་བོ་དང་། རྟ་དང་། དེ་ལས་གཞན་ཞོན་པ། ཁྱོགས་ལ་འདུག་པ། ལྷམ་གྱོན་པ་ལ་འཆད་པ་སྟེ་ལྔ། ལག་ན་མཁར་བ། གདུགས། མཚོན་ཆ། རལ་གྲི། དགྲ་ཆ་ཐོགས་པ། གོ་ཆ་གྱོན་པ་ལ་འཆད་པ་སྟེ་དྲུག་གོ །བརྒྱད་པ་སྒྲུབ་པའི་སྡེ་ཚན་ལ། འགྲེང་ནས་བཤང་གཅི་འདོར་བ། ཆུ་ལ་བཤང་གཅི་དང་ལུད་པ་འདོར་བ། རྩྭ་སྔོན་གྱི་སྟེང་དུ་དེ་འདོར་བ། ཤིང་འདོམ་གང་ཡན་ཆད་ལ་འཛེག་པ་དང་བཞི་སྟེ། མདོར་ན་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མོ། །དེར་མ་ཟད་བསླབ་བྱ་གཞན་མང་དུ་བཤད་པ་རྣམས་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་གྲངས་མེད་པ་ཡོད་པ་རྣམས་ཀྱང་ཅི་ནུས་སུ་བསྲུང་བར་བྱ་དགོས་པ་ཡིན་ནོ། །གཉིས་པ་བདེ་བར་གནས་པའི་རྐྱེན་བསྟེན་པ་ལ་གཙོ་བོ་ནི་གཉིས་ཏེ། གོས་དང་། སྨན་ནོ། །དང་པོ་ལ་དབྱེ་བ་དང་། བྱིན་བརླབ་བྱ་ཚུལ་གཉིས། དང་པོ་འཚོ་བའི་ཡོ་བྱད་ནི། སྣམ་སྦྱར། བླ་གོས། མཐང་གོས། ཤམ་ཐབས། དེའི་གཟན། རྡུལ་གཟན། དེའི་གཟན། གདོང་ཕྱིས། རྣག་གཟན། གཡན་པ་དགབ་པ། སྐྲ་བཟེད། གདིང་བ། དབྱར་གྱི་རས་ཆེན་ཏེ་བཅུ་གསུམ་མོ། །མཁོ་བའི་ཡོ་བྱད་ནི། འཚོ་བའི་ཡོ་བྱད་དང་ལྷག་པའི་ཡོ་བྱད་ལས་གཞན་ཟོང་གོས་སུ་ངེས་མ་ངེས་གཉིས་ཏེ་ཁྲུ་གང་ཡན་ལོངས་པའོ། །ལྷག་པའི་ཡོ་བྱད་ནི་སྣམ་སྦྱར་ལྷག་པོ་སོགས་སོ། །འཆོ་བའི་ཡོ་བྱད་ཕྲན་ཚེགས་ནི། ཞྭ་ལྷམ་སྐ་རགས་སྟན་ལ་སོགས་པ་མཁོ་བའི་ཡོ་བྱད་རྣམས་སོ། །ལྷག་པའི་ཡོ་བྱད་ཕྲན་ཚེགས་ནི། དེ་དག་གི་རྒྱུར་བསྟོས་ཤིང་ཁྲུར་མ་ལོངས་པའོ། །ཚད་མ། སྣམ་སྦྱར་བླ་གོས་གཉིས་ཀྱི་ཚད་ནི་དཔངས་སུ་ཁྲུ་གསུམ་དང་སྲིད་དུ་ལྔ། ཆུང་ཚད་ནི་ཁྲུ་ཕྱེད་ལྔ་དང་ཕྱེད་གསུམ། དེའི་བར་འབྲིང་། མཐང་གོས་ཀྱི་ཚད་ནི་དཔངས་སུ་ཁྲུ་དོ་སྲིད་དུ་ལྔ། རལ་ཁ་དཔུང་ཆད་ནི་དེའི་ཚད་ལ་མི་གཏོགས་སོ། །ཤམ་ཐབས་དང་དེའི་གཟན་གཉིས་མཐར་གོས་དང་། རྡུལ་གཟན་དང་དེའི་གཟན་གཉིས་བླ་གོས་དང་མཚུངས་སོ། །གདིང་བ་ནི་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་དོ་དང་སོར་དྲུག་གོ །གཉིས་པ་བྱིན་བརླབ་བྱ་བའི་ཚེ། ཡུལ་རྟེན་གཉིས་ཀས་ལྷམ་ཕུད། ཕྱག་བྱ་བའི་ཡུལ་ཡིན་ན་ཕྱག་བྱ། སྣམ་སྦྱར་སོགས་བྱིན་གྱིས་བརླབ་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ་ཞེས་བརྗོད་ནས་གཉིས་ཀ་འགྲེང་སྟེ། དངོས་པོ་དེ་ཉིད་གཉིས་ཀའི་ལག་པས་བཟུང་ལ། གནས་བརྟན་ནས་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ། རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་བརྗོད། ཐབས་ལེགས་བྱ། བཀའ་དྲིན་ཞུ་བའམ། མ་བྱས་ཀྱང་རུང་། དེ་བཞིན་དུ་བླ་གོས་སོགས་ཡོ་བྱད་གཞན་ལའང་སྣམ་སྦྱར་ཞེས་པའི་མིང་བརྗེ་བ་མ་གཏོགས་འདྲའོ། །སྣམ་སྦྱར་སོགས་དངོས་མེད་ན། དེའི་དོད་དུ་ཡོད་པའི་དངོས་པོ་དེ་གཉིས་ཀས་བཟུང་སྟེ། གནས་བརྟན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་དང་། ཐབས་ལེགས་བྱ། དེ་བཞིན་དུ་གཞན་གཉིས་ལའང་སྦྱོར། སྣམ་སྦྱར་སོགས་ཀྱི་དེ་ཙམ་ཡིན་ན་དེས་ཆོག་པར་ཡང་བཤད་ལ། དེ་དག་གི་རྒྱུར་དམིགས་ཤིང་རུང་བ་ཡིན་ན། འཚལ་ན་སྣམ་ཕྲན་དགུ་བ་ལ་སོགས་པར་བགྱིའོ། །ཞེས་སོགས་འབྱུང་བ་ལྟར་བྱའོ། །བྱིན་རླབས་དབྱུང་བའི་ཚེ། སྔར་ལྟར་ལ་ཁྱད་པར་ནི་བྱིན་གྱིས་བརླབ་བོ། །ཞེས་པའི་ཚེ། བྱིན་གྱིས་བརླབས་པ་ལས་དེ་ལྟ་བས་ན་དངོས་པོ་དེ་སླར་དབྱུང་བར་བགྱིའོ། །ཞེས་སྦྱར་བ་ལན་གསུམ་དང་། ཐབས་ལེགས་བྱ། དབྱུང་རྒྱུའི་དངོས་པོ་དེ་དངོས་སུ་མེད་ན་ཡིད་ཀྱིས་བསམ་ཀྱང་ཆོག་ཅིང་། གཞན་རྣམས་ཇི་ལྟར་བྱ་བ་ལས་ཆོག་སོགས་ནས་ཤེས་པར་བྱའོ། །གཉིས་པ་སྨན་བཞི་ལས། དུས་རུང་གི་སྨན་ནི། འབྲས་ཆན། ཟན། ཤ། ལྡེ་གུ། འཁུར་བ་སྟེ་བཟའ་བ་ལྔ། རྩ་བ་སྡོང་བུ་མེ་ཏོག་འབྲས་བུ་ཡལ་འདབ་སྟེ་བཅའ་བ་ལྔའོ། །ཐུན་ཚོད་ཀྱི་སྨན་ནི། ཚགས་ཀྱིས་བཙགས་པའི་ཅོ་མཐོང་ཤིན་ཏུ་སླ་བ་དང་། ཇ་ལ་སོགས་པའོ། །ཞག་བདུན་པའི་སྨན་ནི། ཞུན་མར་འབྲུ་མར་སྦྲང་རྩི་ལ་སོགས་པའོ། །འཚོ་བཅང་གི་སྨན་ནི། སྨན་གྱི་གཞུང་ལས་གྲགས་པ་རྣམས་ཏེ། དེ་རྣམས་བྱིན་གྱིས་བརླབ་པའི་ཚུལ་སོགས་མང་ཡང་འདིར་མ་བྲིས་སོ། །གཞན་ཡང་། སྔར་བཤད་པ་དེ་དག་གི་གླེང་གཞི་དང་། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་པའི་ཚུལ་སོགས་རྒྱ་ཆེར་གཞན་ནས་ཤེས་པར་བྱའོ།། །།ན་མོ་སརྦ་བུད་དྷཱ་བོ་དྷིས་ཏྭ་བྷྱཿ གཉིས་པ་བྱང་སེམས་ཀྱི་སྡོམ་པའི་མི་མཐུན་ཕྱོགས་ངོས་བཟུང་བ་ལ་གཉིས། རྩ་ལྟུང་དང་། ཉེས་བྱས་སོ། །དང་པོ་ལ་གཉིས། རྩ་ལྟུང་བསྐྱེད་པའི་རྒྱུ་དང་། རྩ་ལྟུང་གི་གྲངས་ངེས་སོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་གང་ཟག་ལ། བྱང་ཆུབ་ཀྱི་སེམས་འདོར་བ་མ་གཏོགས་པའི་བྱང་སེམས་ཀྱི་རྩ་ལྟུང་རྣམས་འབྱུང་བའི་རྒྱུར་ཀུན་དཀྲིས་ཆེན་པོ་ཚང་དགོས་ཏེ། ཉེས་པ་དེ་ལ་སྔར་འཇུག་པར་འདོད་པ། ཚུལ་དེར་ངོ་ཚ་དང་ཁྲེལ་ཡོད་ཅུང་ཟད་ཙམ་ཡང་མེད་པ། ད་དུང་བྱེད་པ་ལ་དགའ་བ། བྱ་བ་དེ་ལ་ཉེས་དམིགས་སུ་མི་ལྟ་བ་བཞི་བོ་ཚང་དགོས་ལ། བཞི་བོ་གང་རུང་ཞིག་མ་ཚང་ན་ཟག་པ་ཆུང་འབྲིང་གིས་བསྡུས་པའི་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་བྱང་སེམས་ཀྱི་རྩ་ལྟུང་ལ་བཅོ་བརྒྱད་ཡོད་པ་ལས། ཀུན་དཀྲིས་ཆེན་པོ་གཞིར་བྱས་ཏེ། དང་པོ་ནི། རྙེད་པ་དང་བཀུར་སྟི་ལ་ཆགས་ཤིང་ཞེན་པའི་སྒོ་ནས་བདག་བསྟོད་གཞན་སྨོད་བྱེད་པའོ། །གཉིས་པ་ནི། མགོན་མེད་པའི་སེམས་ཅན་གཞན་སློང་བའི་ཕྱིར་འོངས་པ་ན་ཆགས་པ་དང་སེར་སྣས་ཆོས་ནོར་གང་རུང་མི་སྟེར་བའོ། །གསུམ་པ་ནི། གཞན་གྱིས་རང་ལ་གནོད་པ་བྱས་པ་སླར་སྙིང་ནས་བཟོད་པ་གསོལ་བ་ལ་ཤད་སྦྱང་མི་ལེན་པར་ཁོན་དུ་འཛིན་ཅིང་གནོད་པར་བྱེད་པའོ། །བཞི་བ་ནི། བྱང་སེམས་ཀྱི་སྡེ་སྣོད་ལ་སྨོད་ཅིང་དམ་པའི་ཆོས་ལྟར་བཅོས་ནས་གཞན་ལ་སྟོན་པའོ། །བཞི་བོ་རེ་རེར་གཉིས་སུ་ཕྱེ་ནས་བརྒྱད་དུ་བཞེད་པའང་ཡོད་དོ། །ལྔ་པ་ནི། དཀོན་མཆོག་གསུམ་དང་སོ་སྐྱེའི་དགེ་སློང་བཞི་ཡན་གྱི་དཀོར་མ་བྱིན་པར་ལེན་པའོ། །དྲུག་པ་ནི། ཤེས་བཞིན་དུ་ཐེག་པ་གསུམ་པོ་གང་རུང་གི་སངས་རྒྱས་ཀྱི་བཀའ་སྤོང་བའོ། །བདུན་པ་ནི། རབ་ཏུ་བྱུང་བའི་གོས་ངུར་སྨྲིག་སོགས་འཕྲོག་གམ་འཕྲོག་ཏུ་འཇུག་པ་དང་རྡེག་འཚོག་སོགས་བྱེད་པའོ། །བརྒྱད་པ་ནི། མཚམས་མེད་གྱི་ལས་ལྔ་པོ་གང་རུང་བྱེད་པའོ། །དགུ་པ་ནི། དཀོན་མཆོག་དང་ལས་འབྲས་དང་སྐྱེ་བ་སྔ་ཕྱི་ལ་ཡིད་མི་ཆེས་ཤིང་ལོག་ལྟ་བྱེད་པའོ། །བཅུ་པ་ནི། གནོད་སེམས་ཀྱིས་གྲོང་དང་གྲོང་ཁྱེར་སོགས་འཇིག་པར་བྱེད་པའོ། །བཅུ་གཅིག་པ་ནི། སྟོང་ཉིད་ཟབ་མོ་ལ་མི་དད་པའི་གང་ཟག་ལ་དེ་བསྟན་ནས་སྐྲག་པར་བྱས་ཏེ་རྫོགས་བྱང་ལས་ཕྱིར་ལྡོག་པའོ། །བཅུ་གཉིས་པ་ནི། ཐེག་ཆེན་གྱི་ཆོས་ལ་མོས་པ་བཟློག་ནས་ཐེག་དམན་དུ་བསྒྱུར་བའོ། །བཅུ་གསུམ་པ་ནི། སོ་ཐར་གྱི་སྡོམ་པ་བསྲུང་བ་གཏོང་དུ་བཅུག་ནས་ཉམས་པར་བྱེད་པའོ། །བཅུ་བཞི་བ་ནི། ཐེག་དམན་ལམ་གྱིས་ཉོན་མོངས་ཐམས་ཅད་སྤོང་ནུས་པ་མི་སྲིད་ཅེས་སྐུར་པ་འདེབས་པའོ། །བཅོ་ལྔ་བ་ནི། རང་གིས་སྟོང་ཉིད་མངོན་སུམ་དུ་མ་རྟོགས་བཞིན་དུ་རྟོགས་སོ་ཞེས་གཞན་ལ་སྨྲས་པའོ། །བཅུ་དྲུག་པ་ནི། དགེ་སྦྱོང་ལ་ཆད་པ་གཅོད་ཅིང་དཀོན་མཆོག་གི་དཀོར་རྐུར་བཅུག་པ་རང་གིས་ལེན་པའོ། །བཅུ་བདུན་པ་ནི། ཞི་ལྷག་གི་བསམ་གཏན་ལ་བརྩོན་པའི་དགེ་སྦྱོང་ལ་གནོད་པའི་ཁྲིམས་འཆའ་ཞིང་དེའི་རྫས་འཕྲོག་ནས་ཁ་ཏོན་ཙམ་བྱེད་པ་ལ་སྦྱིན་པར་བྱེད་པའོ། །བཅོ་བརྒྱད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སྨོན་སེམས་འདོར་བའོ། །གཉིས་པ་ཉེས་བྱས་ཞེ་དྲུག་ཡོད་པ་ལས། བཅུ་ཚན་དང་པོ་ནི། དཀོན་མཆོག་གསུམ་གང་ཡང་རུང་བའི་ཡོན་ཏན་བརྗོད་པ་སྔོན་དུ་བཏང་ནས་ལུས་ཀྱིས་ཕྱག་དང་ངག་གི་ཚིགས་བཅད་ཙམ་མ་བརྗོད་པར་ཉིན་ཞག་གཅིག་འདས་ཤིང་དེ་ཡང་ལེ་ལོས་འདས་ནས་ཉོན་མོངས་ཅན་གྱི་ཉེས་པ་དང་། བརྗེད་ངས་ཀྱིས་འདས་ན་ཉོན་མོངས་ཅན་མ་ཡིན་པའི་ཉེས་པ་དང་། འདོད་པ་ཆོག་མི་ཤེས་པ་དང་། ང་རྒྱལ་གྱིས་བསླབ་པ་མཐོ་བའི་བྱང་སེམས་ལ་མི་འདུད་པ་དང་། གཞན་གྱིས་བསམ་པ་ཐག་པས་ཆོས་དང་གཏམ་འདྲི་བ་ལ་ཤེས་བཞིན་ལེན་མི་འདེབས་པ་དང་། གཞན་གྱིས་མགྲོན་དུ་བོས་པའི་ཚེ་ཀུན་སློང་ངན་པས་མི་འགྲོ་བ་དང་། རང་ལ་གཞན་གྱིས་བསམ་པ་ཐག་པས་གསེར་སོགས་བྱིན་པའི་ཚེ་མི་ལེན་པ་དང་། སེར་སྣ་མེད་ཀྱང་ཆོས་དོན་དུ་གཉེར་བ་ལ་མི་སྟེར་བ་དང་། ཚུལ་ཁྲིམས་འཆལ་བ་དང་མཚམས་མེད་སོགས་བྱེད་པ་འདུལ་ནུས་བཞིན་དུ་མི་འདུལ་བ་དང་། གཞན་དོན་དུ་སོ་ཐར་གྱི་བསླབ་བྱ་ལ་སློབ་པར་མི་བྱེད་པའི་ཉེས་པ་སྟེ་བཅུ་དང་། བཅུ་ཚན་གཉིས་པ་ནི། བྱང་སེམས་ཀྱི་བསླབ་བྱའི་ཆ་ལ་གཙོ་བོར་མི་སློབ་པར་རང་དོན་དུ་དོན་ཉུང་བ་དང་བྱ་བ་ཉུང་བ་སོགས་སོ་ཐར་གྱི་བཅས་རྐྱང་གི་དབང་དུ་བཏང་ནས་འཇུག་པ་དང་། ལོག་འཚོ་འབད་པས་སྒྲུབ་པ་དང་། རྒོད་བག་སོགས་བག་མེད་ལ་འཇུག་པ་དང་། འཁོར་བར་གནས་པའི་ཚེ་ཉོན་མོངས་ལ་འཇིགས་མི་དགོས་ཞེས་སྨྲ་བ་དང་། རང་ལ་གཏམ་ངན་འབྱུང་བའི་གཞི་ཡོད་པ་མི་སེལ་བ་དང་། སྦྱོར་བ་རྩུབ་མོས་འདུལ་བར་བྱས་ན་ཕན་པའི་དགོས་པ་རྒྱ་ཆེན་པོ་ཡོད་པར་ཤེས་ཏེ་ནུས་བཞིན་དུ་མི་བྱེད་པ་དང་། གཞན་གྱིས་རང་ལ་གཤེ་བ་དང་མཚང་འབྲུ་བ་སོགས་ལ་སྨད་དེ་བཞིན་བྱེད་པ་དང་། གཞན་ལ་ཁྲོས་ཏེ་གནོད་པར་བྱས་སམ་བྱས་པར་སོང་དོགས་པ་ལ་ང་རྒྱལ་གྱིས་ཤད་སྦྱང་མི་བྱེད་པ་དང་། གཞན་གྱིས་ཤད་སྦྱང་ཚུལ་བཞིན་བྱེད་པ་མི་ལེན་པ་དང་། གཞན་ལ་ཁྲོས་པའི་བསམ་རྒྱུན་འགོག་པར་མི་བྱེད་པའི་ཉེས་པ་སྟེ་བཅུ་དང་། བཅུ་ཚན་གསུམ་པ་ནི། རྙེད་བཀུར་ཙམ་འདོད་ནས་འཁོར་སྡུད་པ་དང་ལེ་ལོས་ཉལ་ཚོད་མ་ཟིན་པ་དང་། འདུ་འཛི་ལ་ཆགས་པའི་ཅ་ཅོའི་གཏམ་མང་དུ་སྨྲ་བ་དང་། བསམ་གཏན་གྱི་གདམ་ངག་མི་འཆོལ་བ་དང་། བསམ་གཏན་ལ་གནོད་པའི་སྒྲིབ་པ་མི་སྤོང་བ་དང་། བསམ་གཏན་རྒྱུད་ལ་སྐྱེས་པའི་ཚེ་དེའི་བདེ་བ་ལ་ཆགས་པ་དང་། བྱང་སེམས་ཀྱིས་ཉན་ཐོས་ཀྱི་ཆོས་ལ་སློབ་པར་མི་བྱེད་ཅེས་བརྗོད་པ་དང་། ཐེག་ཆེན་གྱི་སྡེ་སྣོད་ལ་བརྩོན་པར་བྱར་ཡོད་བཞིན་དུ་དེ་དོར་ནས་ཉན་ཐོས་ཀྱི་སྡེ་སྣོད་ལ་བརྩོན་པར་བྱེད་པ་དང་། སངས་རྒྱས་ཀྱི་གསུང་ལ་མི་བརྩོན་པར་ཕྱི་རོལ་པའི་བསྟན་བཅོས་ལ་འཇུག་པ་དང་། ཤེས་རབ་ཆེ་བས་ཕྱི་རོལ་པའི་བསྟན་བཅོས་ལ་བརྩོན་པར་བྱས་ཀྱང་དེ་ལ་དགའ་ཞིང་རངས་པའི་ཉེས་པ་སྟེ་བཅུ་དང་། བཅུ་ཚན་བཞི་པ་ནི། ཟབ་པ་དང་རྒྱ་ཆེ་བའི་བྱང་སེམས་ཀྱི་སྡེ་སྣོད་ལ་སྐུར་བ་འདེབས་པ་དང་། དགོས་པ་མེད་པར་ང་རྒྱལ་ཙམ་གྱིས་བདག་བསྟོད་གཞན་སྨོད་བྱེད་པ་དང་། ཆོས་ཉན་པ་དང་འབེལ་གཏམ་བྱེད་པ་སོགས་ཀྱི་ཐོས་པ་ལ་མི་དགའ་བ་དང་། ཆོས་སྨྲ་བའི་གང་ཟག་ལ་སྨོད་ཅིང་དོན་བཟང་བོ་ལ་རྟེན་པར་མི་བྱེད་པ་དང་། གཞན་གྱིས་བསོད་ནམས་བསྒྲུབ་པའི་གྲོགས་བྱེད་དགོས་པ་མི་བྱེད་པ་དང་། ནད་པའི་རིམ་གྲོ་སོགས་ལ་མི་འཇུག་པ་དང་། གཞན་སྡུག་བསྔལ་གྱིས་མནར་བ་སེལ་བའི་ཐབས་མི་བྱེད་པ་དང་། གཞན་ཚེ་འདི་ཕྱིའི་དོན་ལ་བག་མེད་དུ་འཇུག་པ་བཟློག་ནུས་བཞིན་དུ་མི་ལྡོག་པ་དང་། གཞན་གྱིས་རང་ལ་ཕན་བཏགས་པའི་ལན་དུ་ཕན་མི་འདོགས་པ་དང་། ཉེ་དུ་ལོངས་སྤྱོད་སོགས་དང་བྲལ་བའི་གང་ཟག་གི་མྱ་ངན་སེལ་ནུས་བཞིན་དུ་སེལ་བ་ལ་མི་བརྩོན་པའི་ཉེས་པ་སྟེ་བཅུ་དང་། སེར་སྣ་མེད་ཀྱང་ཟས་སྐོམ་སོགས་སློང་རིགས་པའི་ནོར་སློང་བ་མི་སྦྱིན་པ་དང་། མནར་སེམས་ཀྱིས་རང་གི་འཁོར་ལ་ཆོས་འདོམས་པ་སོགས་ཀྱི་སྒོ་ནས་དོན་མི་བྱེད་པ་དང་། གཞན་གྱི་སེམས་དང་མཐུན་པར་བྱེད་དགོས་པའི་ཚེ་མི་བྱེད་པ་དང་། གཞན་ལ་ཡོད་པར་ངེས་པའི་ཡོན་ཏན་བརྗོད་འོས་རྣམས་མི་བརྗོད་པ་དང་། ནུས་པ་ཡོད་ན་ཆད་པས་གཅོད་པ་སོགས་དྲག་ཤུལ་བྱ་དགོས་པ་རྣམས་ལ་དེ་ལྟར་མི་བྱེད་པ་དང་། མཐུ་དང་རྫུ་འཕྲུལ་ཡོད་ན་བསྡིགས་ཤིང་སྐྲག་པར་བྱ་རིགས་པ་རྣམས་ལ་དེ་ལྟར་མི་བྱེད་ན་ཉེས་པར་འགྱུར་བ་སྟེ་དྲུག་གོ །དམིགས་བསལ་དེ་དག་སྤྱད་ན་ཉེས་མེད་དུ་འགྱུར་བའང་ཡོད་དེ། ཇི་སྐད་དུ། སྙིང བརྩེར་ལྡན་ཞིང་བྱམས་ཕྱིར་དང་། སེམས་དགེ་བ་ལ་ཉེས་པ་མེད། །ཅེས་དང་། སྙིང་བརྩེར་བཅས་ན་ཉེས་པ་མེད། ཅེས་དང་། སེམས་ནི་ཤིན་ཏུ་ཉོན་མོངས་དང་། །སྡུག་བསྔལ་ཚོར་བ་ཉེན་པ་དང་། །གཉིད་དང་མྱོས་པ་དག་ལ་ནི། །ཕྱུང་བ་ལ་ཡང་ཉེས་པ་མེད། །ཅེས་འབྱུང་བས་སོ། །བྱང་སེམས་ཀྱི་བསླབ་བྱའི་ཁྱད་པར་གཞན་མང་དུ་སྣང་བ་རྣམས་ནི་རྒྱས་པར་རྗེས་ཉིད་ཀྱིས་མཛད་པའི་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་ལེའུའི་རྣམ་བཤད་དུ་བལྟ་བར་བྱའོ།། །།ན་མོ་བཛྲ་དྷཱ་ར་ཡེ། གསུམ་པ་སྔགས་ཀྱི་སྡོམ་པའི་མི་མཐུན་ཕྱོགས་ངོས་བཟུང་བ་ལ་གཉིས། རྩ་ལྟུང་དང་། སྦོམ་པོའོ། །དང་པོ་ནི། རྒྱུད་སྡེ་གོང་མ་གཉིས་ཀྱི་སྐབས་སུ་རྩ་ལྟུང་བཅུ་བཞི་བཤད་ཅིང་། འདི་ལ་ཡང་བྱང་ཆུབ་ཀྱི་སེམས་འདོར་བ་མ་གཏོགས་པའི་རྩ་ལྟུང་དུ་འགྱུར་བ་ལ་ཀུན་དཀྲིས་ཆེན་པོ་ཚང་དགོས་སོ། །ཀུན་དཀྲིས་ཆེན་པོ་ནི། ད་དུང་བྱ་བ་དེ་བྱེད་འདོད་རྒྱུན་མི་འཆད་པ། བྱ་བ་དེ་ལ་དགའ་ཞིང་སྤྲོ་བ་དང་འགྱོད་པའམ་ཉེས་དམིགས་སུ་མི་བལྟ་བ། ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་མེད་པ་སྟེ། བཞི་པོ་བྱ་བ་དེའི་ཀུན་སློང་སྐྱེས་པའི་སྐད་ཅིག་གཉིས་པ་ནས་བྱ་བ་དེ་མ་རྫོགས་ཀྱི་བར་ཚང་བར་ཡོད་ན་ཕམ་པར་འགྱུར་ཞིང་། དེའི་བར་གང་རུང་གཅིག་མ་ཚང་ན་བྱ་བ་དེ་བྱས་ཀྱང་སྦོམ་པོར་འགྱུར་གྱི་ཕམ་པར་མི་འགྱུར་རོ། །དེས་ན་ཀུན་དཀྲིས་ཚང་བ་རྒྱུར་བྱས་ཏེ། སྔགས་ཀྱི་སྡོམ་ལྡན་ལ་རྩ་ལྟུང་དུ་འགྱུར་བའི་དང་པོ་ནི། རང་ལ་དབང་བསྐུར་རྒྱུད་བཤད་མན་ངག་གི་ཆ་ཤས་ཕྲ་མོ་ཞིག་ཡན་ཆད་སྟོན་པའི་བླ་མ་གསུམ་པོ་གང་ཡང་རུང་བ་ཞིག་ཡོན་ཏན་ཆེ་ཆུང་གང་ཡིན་ཀྱང་བསྙེན་བཀུར་བའི་ཞིང་མཆོག་ཏུ་འཛིན་པ་བོར་ནས་སྙིང་ཐག་པ་ནས་སྨོད་པར་བྱས་པའོ། །གཉིས་པ་ནི། སྡོམ་པ་གསུམ་གང་རུང་སྟོན་པའི་སངས་རྒྱས་ཀྱི་བཀའ་ལ་ཤེས་བཞིན་ཁྱད་དུ་བསད་ནས་དེའི་བརྗོད་བྱའི་བཅས་པ་ལས་འདས་པའོ། །གསུམ་པ་ནི། བླ་མ་གཅིག་ལས་དབང་ལེགས་པར་ཐོབ་པའི་རྡོ་རྗེའི་སྤུན་ལ་ཤེས་བཞིན་ཁྲོས་ནས་དེའི་སྐྱོན་བརྗོད་བྱས་པ་དེ་ཉིད་ཀྱིས་གོ་བའོ། །བཞི་བ་ནི། སེམས་ཅན་གང་ཡང་རུང་བ་ལ་དམིགས་ནས་དེ་བདེ་བ་ཐམས་ཅད་དང་བྲལ་ན་སྙམ་སྟེ་དཀའ་བར་བྱེད་པའོ། །ལྔ་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སྨོན་སེམས་བཏང་བའོ། །དྲུག་པ་ནི། མདོ་སྔགས་གང་ཡང་རུང་བའི་སངས་རྒྱས་ཀྱི་བཀའ་ལ་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྙིང་ནས་སྐུར་བ་བཏབ་པའོ། །བདུན་པ་ནི། དགོས་པ་ཁྱད་པར་ཅན་མེད་པར་དབང་བསྐུར་མ་ཐོབ་པའི་གང་ཟག་སྔགས་ལ་མི་དད་པ་ལ་དེར་འདུ་ཤེས་བཞིན་དུ་གསང་སྔགས་ཀྱི་ཆོས་བསྟན་པའོ། །བརྒྱད་པ་ནི། ཕུང་བོ་རྒུད་འདོད་ཀྱིས་དཀའ་ཐུབ་བྱེད་པའམ་མི་གཙང་བའི་ཕུང་བོ་འདི་ལྟར་བསྒོམ་དུ་མི་རུང་ཞེས་ལྟ་བའོ། །དགུ་པ་ནི། བདག་མེད་ཕྲ་རགས་གང་ཡང་རུང་བ་ཡིད་མི་ཆེས་པའི་སེམས་ཀྱིས་སྤོང་བའོ། །བཅུ་བ་ནི། མཚམས་མེད་ལྔ་སོགས་སྡིག་པ་སྟོབས་ཆེན་བྱེད་པའི་གང་ཟག་མངོན་སྤྱོད་བྱ་བའི་ཡུལ་དུ་གསུངས་པ་རྣམས་དང་རང་དོན་དུ་བྱམས་ཤིང་མཛའ་མཐུན་བྱས་པའོ། །བཅུ་གཅིག་པ་ནི། ཆོས་ཀྱི་བདག་མེད་ཕྲ་རགས་གང་རུང་རྟོགས་པའི་ལྟ་བ་རྙེད་ནས་མོས་བློ་ཚུན་ཆད་ཀྱིས་མ་དྲན་པར་ཉིན་ཞག་གཅིག་འདས་པའོ། །བཅུ་གཉིས་པ་ནི། ཐེག་པ་ཆེན་པོའི་ཆོས་ལ་མོས་པའི་གང་ཟག་ཐེག་ཆེན་གྱི་གདམ་ངག་གང་རུང་ལ་དད་པ་བཟློག་ཐབས་བྱས་ནས་ལོག་པའོ། །བཅུ་གསུམ་པ་ནི། ནང་གི་བསྒོམ་པ་ཁོ་ན་ལས་གཞན་དུ་ཕྱིའི་ཕྱག་རྒྱ་དང་དམ་རྫས་སོགས་དགོས་པ་མེད་པར་བཟུང་ནས་འདོར་བའོ། །བཅུ་བཞི་པ་ནི། སྤྱིར་བཏང་དང་དམིགས་བསལ་མེད་པར་བུད་མེད་ཀྱི་རིགས་ཀུན་སྐྱོན་ཅན་དུ་བལྟས་ཏེ་ཞེ་ཐག་པ་ནས་སྨོད་པའོ། །གཉིས་པ་སྦོམ་པོ་བརྒྱད་ལས། དང་པོ་ནི། སྔགས་རྒྱུད་ལེགས་པར་མ་སློབ་པའི་རིག་མ་རང་དགར་བསྟེན་པའོ། །གཉིས་པ་ནི། རིག་མ་ཡིན་ཡང་ལོངས་སྤྱོད་ཚུལ་རྒྱུད་ནས་བཀག་པ་ལྟར་སྤྱད་པའོ། །གསུམ་པ་ནི། དབང་བསྐུར་མ་ཐོབ་པའམ་ཐོབ་ཀྱང་སྔགས་ལ་མི་དད་པ་ལ་བྲིས་སྐུ་གླེགས་བམ་རྒྱན་དྲུག་རྡོར་དྲིལ་སོགས་བསྟན་པའོ། །བཞི་བ་ནི། ཚོགས་འཁོར་བྱེད་པའི་ཚེ་ཕན་ཚུན་བརྡེག་འཚོག་དང་གཤགས་འབྱེད་སོགས་བྱེད་པའོ། །ལྔ་བ་ནི། དད་པ་དང་ལྡན་པས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་དྲི་བ་བྱས་པའི་ཚེ་ཤེས་བཞིན་དུ་ལན་ལོག་པར་བཏབ་པའོ། །དྲུག་པ་ནི། གསང་སྔགས་ལ་མི་དད་པའི་ཉན་ཐོས་ཀྱི་ནང་དུ་བསམས་བཞིན་དགོས་པ་མེད་པར་ཞག་བདུན་གནས་པའོ། །བདུན་པ་ནི། ལྷའི་སྒྲུབ་ཐབས་ཙམ་ཞིག་ཤེས་པས་ལྷ་དང་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ང་རྒྱལ་བྱེད་པའོ། །བརྒྱད་པ་ནི། དབང་བསྐུར་ཐོབ་ཀྱང་སྔགས་ལ་མི་དད་པར་རྒྱུན་འཆད་པ་དང་མན་ངག་སོགས་སྟོན་པའོ། །ལས་རུང་གི་བསྙེན་པ་མ་བྱས་པར་དབང་བསྐུར་རབ་གནས་སྦྱིན་བསྲེག་སོགས་བྱེད་པ་ནི་སྦོམ་པོ་རྒྱུར་བཤད་དོ། །བསྲུང་ཚུལ་བསྡུ་ན། ལྟུང་བ་འབྱུང་བའི་སྒོ་བཞི་བོ་ཤེས་ནས་བསྲུང་དགོས་པར་གསུངས་ཏེ། དེ་ཡང་རྒྱུ་གང་ལས་ལྟུང་བ་འབྱུང་བ་མི་ཤེས་པ་ན། དེ་ལྟུང་བའི་སྒོ་ཡིན་པས། ལྟུང་བ་ཇི་ལྟར་འབྱུང་ཚུལ་རྣམས་ཤེས་དགོས། ཤེས་ཀྱང་བསླབ་པ་ལ་མི་གུས་ན་དེ་ལྟུང་བའི་སྒོ་ཡིན་པས། ལས་འབྲས་བསམས་ནས་དེ་ལ་གུས་དགོས། གུས་ཀྱང་དྲན་ཤེས་མི་བསྟེན་ན། དེ་ལྟུང་བའི་སྒོ་ཡིན་པས། རྒྱུན་དུ་བག་ཡོད་ལ་གནས་དགོས། དེ་ལྟར་བྱས་ཀྱང་ཉོན་མོངས་ཤས་ཆེ་ན། དེ་ལྟུང་བའི་སྒོ་ཡིན་པས། ཉོན་མོངས་གང་ཤས་ཆེ་བ་དེའི་གཉེན་པོ་བསྟེན་དགོས་སོ། །དམིགས་བསལ་ན་བ་དང་ངལ་བ་དང་མི་ནུས་པ་དང་གཞན་དོན་གཙོ་བོར་བྱེད་པ་དང་ཕན་པའི་དགོས་པ་མཐོང་བ་སོགས་ཀྱིས་དེ་དག་སྤྱད་ཀྱང་། ཉེས་པ་ཆེ་བ་ཆུང་བར་དང་ཆུང་བ་ཉེས་མེད་དུ་འགྲོ་བའང་སྲིད་དེ། ཇི་སྐད་དུ། བཀག་པ་རྣམས་ནི་སྤྱད་བྱས་ཀྱང་། །དགེ་སེམས་ཅན་ལ་སྡིག་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་། རིགས་ལྔ་སོ་སོའི་དམ་ཚིག་དང་། རིགས་ལྔ་སྤྱིའི་དམ་ཚིག་གཉིས་ལས། དང་པོ་ལ་ལྔ་ལས། དང་པོ་རྣམ་སྣང་གི་རིགས་ཀྱི་སྡོམ་པའི། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །ནས། སྡོམ་པ་དེང་ནས་བདག་གིས་བཟུང་། །ཞེས་པའི་བར་དང་། གཉིས་པ་མི་བསྐྱོད་པའི་རིགས་ཀྱི་སྡོམ་པ་ནི། རྡོ་རྗེའི་རིགས་མཆོག་ནས་བཟུང་བར་བགྱི། ཤེས་པའི་བར་དང་། གསུམ་པ་རིན་འབྱུང་གི་རིགས་ཀྱི་སྡོམ་པ་ནི། རིན་ཆེན་རིགས་མཆོག་ནས་རྟག་ཏུ་སྦྱིན། ཞེས་པའི་བར་དང་། བཞི་པ་འོད་དཔག་མེད་ཀྱི་རིགས་ཀྱི་སྡོམ་པ་ནི། བྱང་ཆུབ་ཆེན་པོ་ནས་བཟུང་བར་བགྱི། ཞེས་པའི་བར་དང་། ལྔ་པ་དོན་གྲུབ་ཀྱི་རིགས་ཀྱི་སྡོམ་པ་ནི། ལས་ཀྱི་རིགས་མཆོག་ནས་ཅི་ནུས་བགྱི། ཞེས་པའི་བར་གྱིས་བསྟན་པ་ལྟར་རོ། །གཉིས་པ་རིགས་ལྔ་སྤྱིའི་དམ་ཚིག་ལ་རྩ་བ་དང་། ཡན་ལག་གཉིས་ལས། དང་པོ་ནི། སྔར་བཤད་པའི་རྩ་ལྟུང་བཅུ་བཞི་པོ་ཐམས་ཅད་སྲུང་བར་བྱེད་པའོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ་བསྡུ་ན་གཉིས། སྤོང་བའི་དམ་ཚིག་དང་། བསྟེན་པའི་དམ་ཚིག་གོ །དང་པོ་ནི། རྩ་བ་བཞི་དང་། ཆང་འཐུང་བ། མི་དགེ་བ་བཅུ་སོགས་སྤོང་བའོ། །གཉིས་པ་ནི། བླ་མ་བསྟེན་པ། དགེ་བཅུ་སོགས་སྒྲུབ་པར་བྱེད་པའོ། །དེ་དག་ནི་མཚོན་པ་ཙམ་སྟེ་རྒྱས་པར་རྗེ་ཡབ་སྲས་ཀྱི་མན་ངག་ལས་ཤེས་པར་བྱའོ། །ད་ནི་སྔར་བཤད་པ་དེ་དག་ལས། སྤྱིར་སོ་ཐར་གྱི་རྩ་ལྟུང་བྱུང་ན་ཕྱིས་བླངས་ཀྱང་མི་སྐྱེ་བར་བཤད་ལ། ངོ་ཚ་ཁྲེལ་ཡོད་ཤུགས་ཅན་ཡོད་པའི་གང་ཟག་ལ་སྐྱེ་སྲིད་པའི་སྐབས་ཡོད་པར་དགོངས་ནས་སླར་སྡོམ་པ་འབོག་པའི་ཕྱག་ལེན་ཀྱང་ཡོད་འདུག་ཅིང་། གང་ལྟར་ཡང་རང་རང་གི་འབོག་ཆོག་ལ་མ་བསྟེན་པར་མི་སྐྱེའོ། །བྱང་སེམས་ཀྱི་རྩ་ལྟུང་བྱུང་ན་སླར་སྡོམ་པའི་ཆོ་གས་བླངས་ན་སྐྱེ་ལ། སྔགས་ཀྱི་རྩ་ལྟུང་བྱུང་ན་བླ་མ་ལས་དབང་ཚུལ་བཞིན་དུ་ནོད་པའམ། རང་གིས་བླངས་ན་སྐྱེ་བར་གསུངས་ཀྱང་། དབང་གི་གཟུགས་བརྙན་ཙམ་གྱིས་ནི་མི་ཆོག་གོ །གཞན་སོ་ཐར་གྱི་ལྷག་མ་སོགས་དང་། བྱང་སེམས་ཀྱི་ཟག་པ་ཆུང་འབྲིང་གི་ལྟུང་བ་སོགས་དང་། སྔགས་ཀྱི་སྦོམ་པོ་རྣམས་ཕལ་ཆེར་རང་རང་གི་སྐབས་ནས་བཤད་པ་ལྟར་དགེ་འདུན་ནམ་གང་ཟག་ཅི་རིགས་ཀྱི་དྲུང་དུ་ཕྱིར་བཅོས་ཀྱིས་བཤགས་པར་བྱ་དགོས་པར་གསུངས་སོ། །འོན་ཀྱང་ད་ལྟ་དུས་དབང་གིས་དེ་བཞིན་བྱེད་པ་ནི་ཤིན་ཏུ་དཀའ་ཞིང་དཀོན་པར་སྣང་ངོ་། །དེ་ལྟ་ནའང་ཉེས་ལྟུང་མི་ཆགས་པར་རང་དགར་བསྡད་དུ་མི་རུང་སྟེ། སྡོམ་པ་གསུམ་ཚུལ་བཞིན་བསྲུང་བ་ལས་ཕན་ཡོན་མངོན་མཐོ་ངེས་ལེགས་འགྲུབ་པར་གསུངས་པ་དང་། མ་བསྲུངས་ན་ནི་ཉེས་དམིགས་ངན་འགྲོ་མི་ཟད་པར་སྐྱེ་བར་བཤད་པའི་ཕྱིར་ཏེ། སྡུད་པ་ལས། ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང་། མི་ཁོམ་བརྒྱད་སྤོང་དེ་ཡི་དལ་བ་རྟག་ཏུ་རྙེད། །ཅེས་དང་། མདོ་ལས། ཇི་ལྟར་བུམ་པ་བཟང་བོ་རིན་ཆེན་སྣང་། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། །ཞེས་གསུངས་པ་དང་། ཡང་མདོ་ལས། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་སླའི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བདག་ཉིད་ལ་ཕན་པར་འདོད་པས་ནི་ཉིན་རེ་བཞིན་ཉེས་ལྟུང་འདགས་པའི་ཐབས་སྤྱི་དང་། བྱེ་བྲག་ཡིག་བརྒྱ་ལ་སོགས་པའི་གཟུངས་བཟླ་བ་དང་། སྟོང་ཉིད་སྒོམ་པ། མདོ་སྡེ་ཟབ་མོ་འདོན་པ། སྐྱབས་སུ་འགྲོ་བ། ཕྱག་འཚལ་བ། སངས་རྒྱས་བྱང་སེམས་ཀྱི་མཚན་བརྗོད་པ། ཚ་ཚ་གདབ་པ་སོགས་དང་། ཁྱད་པར་དུ་སྟོབས་བཞིའི་བཤགས་བསྡམ་ལ་ཅི་ནུས་སུ་ངེས་པར་འབད་པར་བྱ་དགོས་སོ། །འོན་ཀྱང་འཇུག་པ་བདེ་ཆེད་སྡོམ་གསུམ་གྱི་ཉེས་ལྟུང་རྣམས་ཐུན་མོང་དུ་བཤགས་པར་འདོད་ན། འདི་ལྟར་བྱ་སྟེ། མདུན་གྱི་ནམ་མཁར་ཐུབ་དབང་རྡོ་རྗེ་འཆང་གཉིས་ཀྱི་མཐར་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་ཉན་རང་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་ནས་མངོན་སུམ་དུ་བཞུགས་པར་མོས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་འཕགས་པའི་ཚོགས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་དུ་གྱུར་ཏེ། བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པ་སྤྱི་དང་། བྱེ་བྲག་ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། སྤང་ལྟུང་སུམ་ཅུ་དང་། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་དང་། སོ་སོར་བཤགས་པ་བཞི་དང་། ཉེས་བྱས་བརྒྱ་དང་བཅུ་གཉིས་པོ་གང་ཡང་རུང་བ་བྱས་པ་སོགས་ཀྱི་སྒོ་ནས་སོ་སོ་ཐར་པའི་སྡོམ་པ་དང་འགལ་བ་དང་། རྩ་ལྟུང་བཅོ་བརྒྱད་དང་ཉེས་བྱས་ཞེ་དྲུག་པོ་གང་ཡང་རུང་བ་བྱས་པ་སོགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ་དང་། རྩ་ལྟུང་བཅུ་བཞི་དང་སྦོམ་པོ་བརྒྱད་ཅི་རིགས་པར་བྱས་ཤིང་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་དང་སྡོམ་པ་གང་ཡང་རུང་བ་ལས་འདས་པ་སོགས་ཀྱི་སྒོ་ནས་གསང་སྔགས་ཀྱི་དམ་ཚིག་དང་འགལ་བས་མཚོན་ཏེ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་འགྱུར་བའི་ཉེས་ལྟུང་གི་ཚོགས་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ། །འཆགས་སོ། །མི་འཆབ་བོ། །སླན་ཆད་ཀྱང་ཅི་ནུས་སུ་གཅོད་ཅིང་སྡོམ་པར་བགྱི་བས། བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་ལན་གསུམ་མམ་བདུན་སོགས་ཅི་རིགས་བརྗོད་ཅིང་། མཇུག་ཏུ་མཐོལ་ཞིང་བཤགས་ན་སོགས་བརྗོད་ཀྱང་རུང་ངོ་། །དེ་ཡང་བཤགས་ཚུལ་ཚིག་ཙམ་དུ་སོང་ན་ནི་ནུས་པ་ཆུང་བས། སྐྱབས་ཡུལ་རྣམས་ལ་སྙིང་ཐག་པ་ནས་འཇིགས་པ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པའི་ཚུལ་གྱིས་རེ་བལྟོས་འཆའ་བའི་བློས་སྐྱབས་སུ་འགྲོ་བ་ནི། རྟེན་གྱི་སྟོབས། སྔར་བྱས་ཀྱི་ཉེས་པ་ལ་དུག་ཁོང་དུ་སོང་བ་ལྟར་འགྱོད་ཅིང་འཆགས་པ་ནི། རྣམ་པར་སུན་འབྱིན་པའི་སྟོབས། བསམ་པ་ཐག་པས་ཕྱིན་ཆད་མི་བྱེད་པར་དམ་བཅའ་བ་ནི། སླར་ལྡོག་པའི་སྟོབས། བྱིན་རླབས་ཞུ་ཞིང་བཤགས་ཡུལ་དང་བཤགས་བྱ་དང་བཤགས་པའི་ཚུལ་ལ་སོགས་པ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་སྣང་བ་ལས་རང་བཞིན་མེད་པར་དྲན་པ་ནི། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་ལ་འབད་པར་བྱའོ། །སྨྲས་པ། ཐུབ་པའི་བཅས་མཚམས་ཕྲ་རགས་ལས་འདས་ཀྱང་། །མི་མཐོལ་མི་འཆགས་མཁས་བླུན་སུ་སྲིད་པ། །ངན་སོང་སྡུག་བསྔལ་མེ་ཆེན་རབ་འབར་ནང་། །བསྐལ་བར་བསྲེག་པར་འགྱུར་ཕྱིར་ཀྱེ་མའོ། །ཚུལ་དེ་ཚུལ་བཞིན་མཐོང་བའི་བློ་ལྡན་འགས། །རང་དང་རང་འདྲ་གཞན་ལ་ཕན་པའི་ཆེད། །རྣམ་གསུམ་རྣམ་དག་བསླབ་བྱའི་གཞུང་བཟང་གི །དོན་བསྡུས་དོན་གསལ་དགོས་ཞེས་བསྐུལ་བའི་ཚེ། །ཡང་ཡང་སྐྱེ་བ་བརྒྱུད་པར་མ་ངེས་ཤིང་། །མང་མང་འཁོར་སློབ་འབྱོར་དང་མི་ལྡན་ཀྱང་། །མཁས་མཁས་དམ་པའི་ལེགས་བཤད་དང་འབྲེལ་བར། །ངེས་ངེས་གསུང་རབ་དོན་བཞིན་བཤད་སྙམ་སེམས། །བསླབ་བྱའི་གནས་རྣམས་ཟབ་ཅིང་རྒྱ་ཡང་ཆེ། །བདག་ནི་བློ་ཆུང་སྦྱངས་པའི་སྟོབས་ཀྱང་དམན། །ཉུང་ངུར་འདོད་ནས་བསྡུས་ཏེ་བརྗོད་པ་ན། །མ་གསལ་ལོག་པར་བརྗོད་པ་བདག་གིས་འཆགས། །ཇི་བཞིན་བཤད་ལས་ཐོབ་པའི་རབ་དཀར་དགེས། །ཐར་འདོད་རྐང་དྲུག་བསླབ་གསུམ་པད་ཚལ་དུ། །རྣམ་རོལ་མངོན་པར་མཐོ་བའི་བཅུད་མྱངས་ནས། །ངེས་ལེགས་མཁའ་ལ་ཐོགས་མེད་བགྲོད་གྱུར་ཅིག །ཅེས་སོ་ཐར་བྱང་སེམས་གསང་སྔགས་ཀྱི་བསླབ་པ་གསུམ་སོ་སོའི་སྤང་བླང་གི་ཁྱད་པར་མདོར་བསྡུས་ཏེ་བསྟན་པ་འདི་ནི། དོན་གཉེར་ཅན་དག་གིས་བསྐུལ་བས་རྐྱེན་བྱས་ཏེ། ཤཱཀྱའི་དགེ་སློང་རབ་འབྱམས་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས་གཞན་ལའང་ཕན་སྲིད་སྙམ་ནས་སྦྱར་བའི་ཚེ། དཔོན་སྲས་དཔོན་ཆུང་རིན་པོ་ཆེའི་སྐུ་ཞབས་ནས་པར་ཤིང་བཅོ་ལྔའི་གནང་སྦྱིན་སྩལ་བ་ལ་བརྟེན་ནས་མཛེས་བྱེད་ཀྱི་ལོར་པར་དུ་བསྒྲུབས་པའོ།། །།སརྦ་མདྒ་ལཾ། ཤུ་བཾ།། །།

བདེན་བཞི་དང་རྟེན་འབྲེལ་གྱི་རྣམ་པར་བཞག་པ་ཐར་ལམ་གསལ་བྱེད།

བདེན་བཞི་དང་རྟེན་འབྲེལ་གྱི་རྣམ་པར་བཞག་པ་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། རྒྱལ་བའི་གསུང་རབ་ཀུན་གྱི་དྲང་ངེས་ཚུལ། །རྒྱལ་བ་ཉིད་ཀྱི་དགོངས་པ་བཞིན་འགྲེལ་བར། །རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་སོགས། །རྒྱལ་སྲས་འཛམ་གླིང་རྒྱན་གྱུར་རྣམས་ལ་འདུད། །དེ་ལ་འདིར་ཐུབ་པའི་གསུང་རབ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་དག་ལས་འབྱུང་བའི་དོན་གྱི་གཙོ་བོ་འགའ་ཞིག་བཤད་པར་བྱ་སྟེ། འདི་ལ་གསུམ། བདེན་བཞིའི་རྣམ་གཞག །རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་གཞག །འཆི་འཕོ་ཇི་ལྟར་བྱེད་པའི་རིམ་པའོ། །དང་པོ་ལ་བདུན། བདེན་བཞིའི་གྲངས་ངེས། གོ་རིམ། ངོ་བོའི་ཁྱད་པར། རྒྱུད་གང་ལ་ཡོད་མེད། རྣམ་པ་སྒྲུབ་ཚུལ། སྒྲ་དོན། དགོས་པའོ། །དང་པོ་ནི། ཐར་འདོད་ཀྱི་སྐྱེས་བུས་གཏན་ལ་དབབ་བྱ་དང་འཇུག་ལྡོག་གི་གཙོ་བོ་ལ་བདེན་པ་བཞིར་གྲངས་ངེས་པ་ཡིན་ཏེ། འཁོར་བར་འཇུག་ལྡོག་གི་རིམ་པ་ལ་དེ་བཞིར་ངེས་པའི་ཕྱིར་ཏེ། འཁོར་བར་འཇུག་པའི་རྒྱུ་ཀུན་འབྱུང་དང་བཅིངས་པའི་འབྲས་བུ་སྡུག་བདེན་གཉིས་སུ་ངེས་ལ། འཁོར་བ་ལས་ལྡོག་པའི་རྒྱུ་ལམ་བདེན་དང་བྲལ་བའི་འབྲས་བུ་འགོག་བདེན་གཉིས་སུ་ངེས་པའི་ཕྱིར་རོ། །གཉིས་པ་གོ་རིམ་ནི། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དུ་མར་བདེན་བཞི་སྟོན་པའི་རིམ་པ་གཉིས་གསུངས་ཏེ། དེ་ཡང་རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་ནས་དང་པོར་ཀུན་འབྱུང་། དེ་ནས་ལམ་བདེན། དེ་རྗེས་སྡུག་བདེན། དེ་ནས་འགོག་བདེན་བསྟན་ལ། མངོན་རྟོགས་སྐྱེ་བའི་རིམ་པའི་དབང་དུ་བྱས་ན། དང་པོར་སྡུག་བདེན། དེ་ནས་ཀུན་འབྱུང་། དེ་རྗེས་འགོག་བདེན། དེ་ནས་ལམ་བདེན་བསྟན་པ་ཡིན་པའི་ཕྱིར། སྐབས་འདིར་ཕྱི་མའི་དབང་བྱས་ཏེ་བཤད་ན། རིམ་པ་དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། བདེན་བཞིའི་བླང་དོར་ལ་འཇུག་པའི་ཚེ། ཐོག་མར་རང་ཅག་རྣམས་སྐྱེ་རྒ་ན་འཆི་སོགས་འཁོར་བའི་སྡུག་བསྔལ་གྱིས་གཟིར་བའི་ཚུལ་ཤེས་པར་བྱས་ནས་སྡུག་བསྔལ་དེ་སྤོང་འདོད་ཀྱི་བློ་བསྐྱེད་དགོས་པས་སྡུག་བདེན་དུས་དང་པོར་བསྟན། དེ་ནས་སྡུག་བསྔལ་དེ་གང་ལས་བྱུང་ན་ཆགས་སོགས་ཀྱི་ཉོན་མོངས་དང་ལས་ཀྱི་ཀུན་འབྱུང་ལས་བྱུང་བར་ཤེས་ནས་དེ་སྤོང་འདོད་ཀྱི་བསྐྱེད་དགོས་པས་ཀུན་འབྱུང་དུས་གཉིས་པར་བསྟན། དེ་རྗེས་སྡུག་ཀུན་གཉིས་སྤངས་པའི་འགོག་བདེན་ཐར་པ་ལ་ཐོབ་འདོད་ཀྱི་བློ་བསྐྱེད་དགོས་པས་འགོག་བདེན་དུས་གསུམ་པར་བསྟན། དེ་ནས་ཐར་བ་དེ་ཐོབ་པའི་ཐབས་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་སོགས་ལམ་བདེན་རང་རྒྱུད་ལ་བསྟེན་དགོས་པས་ལམ་བདེན་དུས་བཞི་པར་བསྟན་པའི་ཕྱིར་ཏེ། དེ་ཡང་། དཔེར་ན་དང་པོར་རང་ཅག་ལྟ་བུ་ནད་ཀྱིས་གདུངས་པའི་སྡུག་བསྔལ་དེ་ཤེས་དགོས། དེ་ཤེས་ན་དེའི་རྒྱུ་སྤོང་འདོད་སྐྱེ་ལ། དེ་སྐྱེས་ན་ནད་ཀྱི་སྡུག་བསྔལ་དེ་དང་བྲལ་བའི་བདེ་བ་ལ་ཐོབ་འདོད་སྐྱེ་ཞིང་། དེའི་ཆེད་དུ་སྨན་བསྟེན་པ་ལ་འཇུག་པ་བཞིན་ཡིན་པའི་ཕྱིར་ཏེ། རྗེ་བཙུན་བྱམས་པས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། བདེན་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟན་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བདེན་བཞི་བསྒོམ་ཚུལ་གྱི་གོ་རིམ་ཡང་དེ་ལྟར་རོ། །རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་ན། ཉོན་མོངས་ཕྱོགས་ཀྱི་ཀུན་འབྱུང་ལས་སྡུག་བདེན་འབྱུང་ལ། རྣམ་བྱང་ཕྱོགས་ཀྱི་ལམ་བདེན་ལས་འགོག་བདེན་ཐོབ་པར་འགྱུར་རོ། །གསུམ་པ་ངོ་བོའི་ཁྱད་པར་ནི། འཕགས་པ་ཐོགས་མེད་ཀྱིས་མངོན་པ་ཀུན་བཏུས་ལས། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །ཞེས་དང་། སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང་། སྣོད་ཀྱི་འཇིག་རྟེན་གང་ཡིན་པ། ལས་དང་ཉོན་མོངས་པའི་དབང་གིས་སྐྱེས་པ། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་འདི་དག་ནི་སྡུག་བསྔལ་གྱི་བདེན་པ་ཞེས་བྱའོ། །ཞེས་དང་། ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཉོན་མོངས་པ་དང་དེའི་དབང་གིས་བྱུང་བའི་ལས་སོ། །ཞེས་གསུངས་པ་ལྟར་ཡིན་ལ། འོན་ཀྱང་འདི་དག་གི་མཚན་གཞི་ལ་མི་མཐུན་པ་ཆེར་མེད་ནའང་། མཚན་ཉིད་ལ་ནི་བཞེད་ཚུལ་མི་འདྲ་བ་མང་ངོ་། །དེ་ལྟར་ནའང་གོ་བ་གཙོ་བོར་བྱས་ཚེ། རང་གི་རྒྱུར་གྱུར་པའི་ཀུན་འབྱུང་བདེན་པས་ལག་རྗེས་བཞག་པའི་ཉེར་ལེན་གྱི་ཕུང་པོ་དེ། སྡུག་བསྔལ་བདེན་པའི་མཚན་ཉིད། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ། དང་པོ་ནི། ལུས་ལ་ཚོར་བ་དྲག་པོས་གཟིར་བའི་གནད་གཅོད་ཀྱི་སྡུག་བསྔལ་ལྟ་བུ། གཉིས་པ་ནི། ཟས་བཟང་བོ་ནི་རོ་ལ་སྲེད་ནས་ཉམས་སུ་མྱོང་བའི་ཚོར་བ་བདེ་བ་ལྟ་བུ། གསུམ་པ་ནི། ལས་ཉོན་གྱིས་ལག་རྗེས་བཞག་པའི་ཟག་བཅས་ཀྱི་ཕུང་པོ་ལྔ་ལྟ་བུའོ། །གཞན་ཡང་། དེ་ལ་དབྱེ་ན། མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་། མ་དག་པའི་བཅུད་ཀྱི་སེམས་ཅན་གཉིས། དང་པོ་ནི། འདོད་ཁམས་ཀྱི་གནས་འདི་ལྟ་བུ། གཉིས་པ་ནི། རང་ཅག་ལྟ་བུའི་སོ་སྐྱེ་རྣམས་སོ། །ཡང་དེ་ལ་དབྱེ་ན། དེར་གྱུར་བའི་རྣམ་སྨིན་གྱི་འབྲས་བུ་དང་། བདག་པོའི་འབྲས་བུ་གཉིས། དང་པོ་ནི། སོ་སྐྱེའི་ཉེར་ལེན་གྱི་ཕུང་པོ་ལྔ་ལྟ་བུ། གཉིས་པ་ནི། དམྱལ་བའི་ལྕགས་སྲེགས་ཀྱི་ས་གཞི་ལྟ་བུའོ། །ཡང་། མྱོང་ཚུལ་གྱིས་དབྱེ་ན། སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། དགྲ་སྡང་བ་དང་ཕྲག་དོགས་པའི་སྡུག་བསྔལ། གཉེན་སྡུག་པ་དང་བྲལ་དོགས་པའི་སྡུག་བསྔལ། འདོད་པ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ། གནས་ངན་ལེན་གྱི་སྡུག་བསྔལ་དང་བརྒྱད་ཡོད། རང་འབྲས་སྡུག་བསྔལ་བདེན་པ་བསྐྱེད་བྱེད་ཀྱི་རིགས་སུ་གནས་པའི་ཉེར་ལེན་གྱི་ཕུང་བོ་དེ། ཀུན་འབྱུང་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན། ཉོན་མོངས་པའི་ཀུན་འབྱུང་དང་། ལས་ཀྱི་ཀུན་འབྱུང་། དེ་ལས་གཞན་པའི་ཀུན་འབྱུང་དང་གསུམ། དང་པོ་ལ། དེར་གྱུར་པའི་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་ཉོན་མོངས་ཅན། ལྟ་བ་ཉོན་མོངས་ཅན་ཏེ་རྩ་བའི་ཉོན་མོངས་དྲུག་དང་། ཁྲོ་བ་དང་། ཁོན་འཛིན་འཆབ་པ། འཚིག་པ་སོགས་ཉེར་ཉོན་ཉི་ཤུ། གཉིས་པ་ལ། དེར་གྱུར་པའི་བསོད་ནམས་ཀྱི་ལས། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་དང་གསུམ། དང་པོ་ནི། འདོད་པའི་བདེ་འགྲོར་འཕེན་བྱེད་ཀྱི་སྲོག་གཅོད་སྤོང་པའི་ལས་དང་སྦྱིན་པ་བྱིན་པའི་ཟག་བཅས་ཀྱི་ལས་ལྟ་བུ། གཉིས་པ་ནི། ངན་འགྲོར་འཕེན་བྱེད་ཀྱི་སྲོག་གཅོད་དང་མ་བྱིན་ལེན་ལྟ་བུ། གསུམ་པ་ནི། གཟུགས་དང་གཟུགས་མེད་ཀྱི་ལྷར་སྐྱེ་བ་འཕེན་བྱེད་ཀྱི་བསམ་གཏན་བཞི་དང་གཟུགས་མེད་བཞི་བསྒོམ་པའི་ལས་རྣམས་ལྟ་བུའོ། །གསུམ་པ་ནི། ཉོན་མོངས་དང་ལས་ཀྱི་ཀུན་འབྱུང་དང་མཚུངས་ལྡན་དུ་གྱུར་པའི་གཙོ་སེམས་ལྟ་བུའོ། །ཡང་ལས་ཀྱི་ཀུན་འབྱུང་ལ། དེར་གྱུར་པའི་སྒོ་གསུམ་གྱི་ལས་དང་། ལུང་མ་བསྟན་གྱི་ལས་རྣམས་སུ་ཡོད། རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ལམ་བདེན་གྱི་བྲལ་བའི་འབྲས་བུར་གྱུར་པའི་སོ་སོར་བཏགས་འགོག །འགོག་བདེན་གྱི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། སོ་སོར་བཏགས་མིན་གྱི་འགོག་པའམ་བརྡར་བཏགས་པའི་འགོག་པ། དོན་དམ་པའི་འགོག་པ། དེ་བཞིན་དུ་རྒྱན་བཅས། རྒྱན་མེད། ལྷག་བཅས། ལྷག་མེད། ཡོངས་སུ་རྫོགས་པ། ཡོངས་སུ་མ་རྫོགས་པའི་འགོག་པ་རྣམས་སུ་ཡོད། དང་པོ་ནི། སྦྱོར་ལམ་རྩེ་མོ་བའི་རྒྱུད་ཀྱི་ཁོང་ཁྲོས་དགེ་རྩ་གཅོད་པ་སྤངས་པའི་ཆ་དང་། སྦྱོར་ལམ་བཟོད་པ་ནས་ངན་འགྲོར་སྐྱེ་བ་སྤངས་པའི་ཆ་དང་། སོ་སྐྱེའི་རྒྱུད་ཀྱི་འདོད་པའི་ཉོན་མོངས་མངོན་གྱུར་བ་ལ་རེ་ཞིག་ཆགས་པ་དང་བྲལ་བའི་ཆ་དང་། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ཀྱི་བདེན་འཛིན་ཀུན་བཏགས་འགག་པའི་ཆ་ལྟ་བུའོ། །གཉིས་པ་དང་འགོག་བདེན་དོན་གཅིག །གསུམ་པ་ནི། མངོན་ཤེས་དྲུག་ཐོབ་པའི་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་ལྟ་བུ། བཞི་བ་ནི། མངོན་ཤེས་མ་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་འགོག་བདེན་ལྟ་བུ། ལྔ་བ་དང་དྲུག་པ་ནི། ཉེར་ལེན་གྱི་ཕུང་བོ་དང་བཅས་མ་བཅས་སམ། ཐལ་འགྱུར་བ་ལྟར་ན་བདེན་སྣང་གི་ལྷག་མ་དང་བཅས་མ་བཅས་ཀྱི་མྱང་འདས་གཉིས། བདུན་པ་དང་བརྒྱད་པ་ནི། སློབ་པའི་རྒྱུད་ཀྱི་འགོག་བདེན་དང་། མི་སློབ་པའི་རྒྱུད་ཀྱི་འགོག་བདེན་ནོ། །མཁས་པ་ཁ་ཅིག་ནི་མྱང་འདས་ཐམས་ཅད་རྫོགས་པའི་འགོག་བདེན་ཡིན་གསུང་། རང་གི་བྲལ་འབྲས་སུ་གྱུར་པའི་འགོག་བདེན་གྱི་བྲལ་རྒྱུ་བྱེད་པའི་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ། ལམ་བདེན་གྱི་མཚན་ཉིད། དེ་ལ་དངོས་བཏགས་མ་ཕྱེ་བར་དབྱེ་ན། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་ཏེ་ལྔ། ངོ་བོའི་སྒོ་ནས་ཐེག་པ་གསུམ་གྱི་འཕགས་པའི་རྒྱུད་ཀྱི་ལམ་བདེན་རྣམས་སུ་དབྱེའོ། །འགོག་ལམ་གཉིས་ཇི་ལྟར་ཐོབ་ཚུལ་ནི། རང་གི་ངོ་སྐལ་གྱི་སྤང་བྱ་ཀུན་བཏགས་དང་ལྷན་སྐྱེས་གང་དངོས་སུ་སྤོང་བའི་གཉེན་པོ་བྱེད་པའི་འཕགས་པའི་ཡེ་ཤེས་ཀུན་གྱིས་ཀྱང་རང་གིས་དངོས་སུ་ཐོབ་པར་འགྱུར་བའི་འགོག་བདེན་རྣམས་ཀྱི་བྲལ་རྒྱུ་བྱས་ནས། ནམ་ཡེ་ཤེས་དེ་དག་གིས་རང་རང་གི་སྤང་བྱ་དེ་རྣམས་དངོས་སུ་སྤངས་པ་དེའི་ཚེ། སྤང་བྱ་དེ་ཤེས་རྒྱུད་ཀྱི་སྟེང་དུ་སླར་མི་སྐྱེ་བའི་ཚུལ་གྱིས་སྤངས་པའི་ཆ་ཐོབ་པར་འགྱུར་བས། དེ་ལ་ནི་འགོག་བདེན་ཞེས་བྱ་ཞིང་། དེ་དང་དུས་མཉམ་པའི་རྣམ་གྲོལ་རྣམས་ཀྱང་འགོག་བདེན་གྱི་བྲལ་རྒྱུ་བྱེད་པའི་རིགས་སུ་གནས་པའི་ལམ་བདེན་དུ་འཇོག་པ་ཡིན་ནོ། །བཞི་བ་དེ་རྣམས་གང་གི་རྒྱུད་ལ་ཡོད་མེད་ནི་སྡུག་ཀུན་གཉིས་སོ་སྐྱེའི་རྒྱུད་ལ་ཡོད་པ་གཙོ་ཆེ་ཞིང་འགོག་བདེན་དང་ལམ་བདེན་གཉིས་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད། མ་དག་པའི་ཞིང་སྡུག་བདེན་ཡིན་ཀྱང་དག་པའི་ཞིང་སྡུག་བདེན་མིན་པར་གསུངས་པས་བདེ་བ་ཅན་དང་དེའི་སོ་སྐྱེ་རྣམས་ནི་སྡུག་བདེན་མིན་ལ། དེ་ལས་གཞན་སོ་སྐྱེ་རྣམས་དང་དེའི་ཉེར་ལེན་གྱི་ཕུང་བོ་དང་དེ་དག་གི་རྒྱུད་ཀྱི་ལས་ཉོན་རྣམས་ནི། སྡུག་ཀུན་ཅི་རིགས་སུ་ངེས། ཐེག་དམན་འཕགས་པའི་རྒྱུད་ལ་ཉེར་ལེན་གྱི་ཕུང་བོ་ཡོད་པས། སྡུག་བདེན་དང་ལས་ཀྱི་ཀུན་འབྱུང་གཉིས་ཀ་ཡོད་ཀྱང་། ཐེག་ཆེན་འཕགས་པའི་རྒྱུད་ལ་སྡུག་ཀུན་གཉིས་ཀ་མེད་པས་དེའི་རྒྱུད་ཀྱི་ལས་དང་ཉོན་མོངས་རྣམས་ཀྱང་ཀུན་འབྱུང་མིན་ནོ། །སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གཉིས་འདོད་ཁམས་ན་ཡོད་ཅིང་ཁམས་གོང་མ་ན་མེད་ལ། འདུ་བྱེད་ཀྱི་སྡུག་བསྔལ་ནི་ཁམས་གསུམ་ཀ་ན་ཡོད་དོ། །མཁས་པའི་དབང་བོ་ཁ་ཅིག །སྡུག་ཀུན་གཉིས་ཡིན་ཁྱབ་མཉམ་དུ་བཞེད་ལ། ཁ་ཅིག་དེ་གཉིས་འགལ་བར་འདོད་ཅིང་། གཞན་དག་ཀུན་འབྱུང་བདེན་པ་ཡིན་ན། སྡུག་བདེན་ཡིན་པས་ཁྱབ་ཀྱང་། སྡུག་བདེན་ཡིན་ན། ཀུན་འབྱུང་བདེན་པ་ཡིན་པས་མ་ཁྱབ་ཅེས་བཞེད་དོ། །དེས་ན་དཔྱད་དཀའ་ཙམ་སྣང་ཡང་། ཤིང་རྟ་ཆེན་པོ་ཐོགས་མེད་ཀྱིས་དངོས་སུ་བཤད་ཚུལ་ནི་གོང་དུ་དྲངས་པ་ལྟར་རོ། །གཞན་ཡང་། མཁས་པ་ཁ་ཅིག །སྡུག་བདེན་ཡིན་ན། སྡུག་བསྔལ་ཡིན་པས་ཁྱབ་ཅེས་བཞེད་ལ། ཁ་ཅིག་ནི། སོ་སྐྱེའི་རྒྱུད་ཀྱི་བསམ་གཏན་གྱི་ཡན་ལག་ཏུ་གྱུར་པའི་དགའ་བ་དེ་དང་། རྒྱུ་དགེ་བ་བྱས་པ་ལས་བྱུང་བའི་རྣམ་སྨིན་གྱི་འབྲས་བུ་ཚོར་བ་བདེ་བ་ལྟ་བུ་རྣམས་ནི་སྡུག་བདེན་ཡིན་ཀྱང་། སྡུག་བསྔལ་མིན་ཞེས་བཞེད་པར་སྣང་བ་ལས། ཁོ་བོ་ནི་ཕྱི་མ་འདི་འཐད་པར་སེམས་ཡང་དཔྱད་པར་བྱའོ། །ལམ་རིམ་ལས། སོ་སྐྱེའི་རྒྱུད་ཀྱི་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་པའི་དགེ་བ་ཁྱད་པར་ཅན་རྣམས་དང་། བྱང་ཆུབ་ཀྱི་སེམས་དང་། བདག་མེད་རྟོགས་པའི་ཤེས་པ་ལྟ་བུ་ཀུན་འབྱུང་བདེན་པ་མིན་ལ། དེ་དག་དང་དེ་ལྟ་བུས་མ་ཟིན་པའི་དགེ་བ་ཕལ་ཆེར་ཀུན་འབྱུང་བདེན་པར་འགྲོ་བར་བཤེད་དོ། །ལྔ་པ་རྣམ་པ་སྒྲུབ་ཚུལ་ལ། བདེན་བཞིའི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་ཡོད་པ་ལས། སྡུག་བདེན་གྱི་རྣམ་པ་ལ་མི་རྟག་སྡུག་བསྔལ་སྟོང་བ་བདག་མེད་བཞི་སྟེ། ཉེར་ལེན་གྱི་ཕུང་བོ་ཆོས་ཅན། མི་རྟག་པའི་རྣམ་པ་ཡིན་ཏེ། རེ་འགའ་སྐྱེ་བའི་ཕྱིར། སྡུག་བསྔལ་བ་ཡིན་ཏེ། ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར། དོན་གཞན་གྱིས་སྟོང་སྟེ། དབང་སྒྱུར་བ་པོའི་བདག་དོན་གཞན་གྱིས་སྟོང་བའི་ཕྱིར། བདག་མེད་པའི་རྣམ་པ་ཡིན་ཏེ། རང་དབང་བའི་བདག་ཏུ་མ་གྲུབ་པའི་ཕྱིར། དེ་ལྟར་དྲན་ཅིང་བསྒོམས་པས་རིམ་པ་བཞིན་དུ་ཉེར་ལེན་གྱི་ཕུང་བོ་རྟག་པར་འཛིན་པ། བདེ་བར་འཛིན་པ། གཙང་བར་འཛིན་པ། བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་སྤོང་བར་བྱེད། ཀུན་འབྱུང་བདེན་པའི་རྣམ་པ་ལ་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞི་སྟེ། ཟག་བཅས་ཀྱི་ལས་ཉོན་གཉིས་ཆོས་ཅན། རྒྱུའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར། ཀུན་འབྱུང་བ་ཡིན་ཏེ། རང་འབྲས་སྡུག་བསྔལ་ཀུན་ཡང་བསྐྱེད་པའི་ཕྱིར། རབ་སྐྱེ་ཡིན་ཏེ། སྡུག་བསྔལ་དེ་ཤུགས་དྲག་ཏུ་བསྐྱེད་པའི་ཕྱིར། རྐྱེན་གྱི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བསྔལ་གྱི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། དེ་ལྟར་བསྒོམས་པས། རིམ་པ་བཞིན་དུ་སྡུག་བསྔལ་རྒྱུ་མེད་དུ་འཛིན་པ། དེ་རྒྱུ་གཅིག་ཁོ་ནས་བྱས་པར་འཛིན་པ། དེ་དབང་ཕྱུག་སོགས་ཀྱིས་བྱས་པར་འཛིན་པ། དེ་རང་བཞིན་རྟག་ལ་གནས་སྐབས་འགྱུར་བར་འཛིན་པའི་རྟོག་པ་རྣམས་སྤོང་བར་བྱེད། འགོག་བདེན་གྱི་རྣམ་པ་ལ་འགོག་པ་ཞི་བ་གྱ་ནོམ་པ་ངེས་འབྱུང་བཞི་སྟེ། སྡུག་ཀུན་གཏན་ནས་སྤངས་པའི་བྲལ་བ་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། ཞི་བ་ཡིན་ཏེ། ཉོན་མོངས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གྱ་ནོམ་པ་ཡིན་ཏེ། ཕན་བདེའི་ངོ་བོར་གྱུར་པའི་ཐར་བ་ཡིན་པའི་ཕྱིར། ངེས་འབྱུང་ཡིན་ཏེ། སླར་མི་ལྡོག་པའི་ཐར་བ་ཡིན་པའི་ཕྱིར། དེ་ལྟར་བསྒོམས་པས། རིམ་པ་བཞིན་དུ་ཐར་བ་ཡེ་མེད་དུ་འཛིན་པ། ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་བར་འཛིན་པ། སྡུག་བསྔལ་གྱི་རང་བཞིན་འགའ་ཞིག་ཐར་བར་འཛིན་པ། ཐར་བ་ཡོད་ཀྱང་སླར་ལྡོག་པར་འཛིན་པའི་རྟོག་པ་རྣམས་སྤོང་བར་བྱེད། ལམ་བདེན་གྱི་རྣམ་པ་ལ་ལམ་སྒྲུབ་པ་རིག་པ་ངེས་འབྱིན་བཞི་སྟེ། བདག་མེད་མངོན་སུམ་དུ་རྟོགས་བའི་ཡེ་ཤེས་ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། ཐར་བར་བགྲོད་བྱེད་ཀྱི་ལམ་དངོས་སམ་དེར་གཏོགས་ཀྱི་ལམ་ཡིན་པའི་ཕྱིར། སྒྲུབ་པ་ཡིན་ཏེ། བདག་མེད་ཅི་རིགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། རིག་པ་ཡིན་ཏེ། ཉོན་མོངས་ཀྱི་གཉེན་པོ་བྱེད་པའི་ལམ་ཡིན་པའི་ཕྱིར། ངེས་འབྱིན་གྱི་རྣམ་པ་ཡིན་ཏེ། སྡུག་བསྔལ་སླར་མི་ལྡོག་པར་བྱེད་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ལྟར་བསྒོམས་པས་རིམ་པ་བཞིན་དུ། ཐར་ལམ་ཡེ་མེད་དུ་འཛིན་པ། བསམ་གཏན་གྱི་ངོ་བོ་འགའ་ཞིག་ཐར་ལམ་དུ་འཛིན་པ། ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་ལམ་དུ་འཛིན་པ། སྡུག་བསྔལ་གཏན་ཟད་པའི་ཐར་ལམ་མེད་པར་འཛིན་པའི་རྟོག་པ་རྣམས་སྤོང་བར་བྱེད་དོ། །དྲུག་པ་སྒྲ་དོན་ནི། བཞི་བོ་དེ་དག་ལ་འཕགས་པའི་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་གང་ཞེ་ན། ཡོད་དེ། དེ་རྣམས་འཕགས་པས་གཟིགས་པ་ལྟར་བདེན་ཅིང་། བྱིས་པ་སོ་སྐྱེས་པ་བ ཟུང་བ་ལྟར་མི་བདེན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཏེ། མཛོད་འགྲེལ་ལས། འཕགས་པ་རྣམས་ཀྱིས་བདེན་པའི་དོན་དེ་ཁོ་ན་ལྟར་ཡིན་པའི་ཕྱིར་བདེན་པ་སྒོམ་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་གཟིགས། བྱིས་པ་རྣམས་ཀྱིས་མི་ཤེས་མི་མཐོང་བས་དེའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །བདུན་པ་དགོས་པ་ནི། བདེན་བཞིའི་རྣམ་གཞག་ཤེས་དགོས་པ་ཡིན་ཏེ། ལམ་རིམ་ལས། དེ་ལྟ་ན་བདེན་བཞི་ནི་ཐེག་པ་ཆེ་ཆུང་ཀུན་དུ་ལན་དུ་མར་གསུངས་ཤིང་། འཁོར་བར་འཇུག་པ་དང་ལྡོག་པའི་གནད་རྣམས་བདེ་བར་གཤེགས་པས་བསྡུས་པ་ཡིན་པས་རྣམ་གྲོལ་བསྒྲུབ་པ་ལ་ཤིན་དུ་གལ་ཆེ་ཞིང་། ཉམས་ལེན་གྱི་འགག་སྡོམ་ཡང་ཆེ་བས་རིམ་པ་དེ་ལྟར་དུ་སློབ་མ་འཁྲིད་དགོས་ཏེ། ཞེས་དང་། ཉམས་མགུར་ལས་ཀྱང་། སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། །ཐར་བ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང་། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམས་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། སྲིད་ལས་ངེས་འབྱུང་སྐྱོ་ཤས་བསྟེན་པ་དང་། །འཁོར་བར་གང་གིས་བཅིངས་པ་ཤེས་པ་གཅེས། །ཞེས་གསུངས་པའི་ཕྱིར་རོ།། །།གཉིས་པ་རྟེན་འབྲེལ་བཅུ་གཉིས་ཀྱི་རྣམ་གཞག་བཤད་པ་ལ་བདུན། སྤྱིའི་མཚན་ཉིད། སོ་སོའི་དབྱེ་བ། བསྡུ་བ། བྱེད་ལས། ཚེ་དུས་ལ་རྫོགས། བསྒོམ་ཚུལ། བསྒོམས་པའི་ཕན་ཡོན་ནོ། །དང་པོ་ནི། ས་ལུ་ལྗང་པའི་མདོ་ལས། དགེ་སློང་དག་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །ཞེས་པ་ནས། འདི་ཡོད་པའི་ཕྱིར་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། ཞེས་སོགས་ཀྱིས་བསྟན་པའི་དགོངས་པ་རྟེན་འབྲེལ་མདོ་འགྲེལ་སོགས་ལས་རྒྱས་པར་བཤད་ལ། དེ་དག་གི་དངོས་བསྟན་ནི། འདུས་བྱས་ཀྱི་རྟེན་འབྲེལ་གྱི་དབང་དུ་བྱས་ལ། སྤྱིར་བལྟོས་ནས་གྲུབ་པ། རྟེན་འབྲེལ་གྱི་མཚན་ཉིད། །རང་གི་རྒྱུ་རྐྱེན་ལ་བལྟོས་ནས་གྲུབ་པ། །འདུས་བྱས་ཀྱི་རྟེན་འབྲེལ་གྱི་མཚན་ཉིད་དོ། །གཉིས་པ་དེ་ལ་དབྱེ་ན་རྣམ་པ་བཅུ་གཉིས་ཡོད་དེ། མ་རིག་པ་ནས་རྒ་ཤིའི་བར་བཅུ་གཉིས་ཡོད་པའི་ཕྱིར། དང་པོ་ནི། སྤྱིར་མ་རིག་པ་དེ་ལ་ལས་འབྲས་ལ་རྨོངས་པ་དང་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་གཉིས་ཡོད་ཅིང་། སྔ་མས་ནི་ངན་འགྲོར་འཕེན་བྱེད་ཀྱི་ལས་གསོག་ལ། ཕྱི་མས་ནི་བདེ་འགྲོ་དང་ངན་འགྲོ་གཉིས་ཀར་འཕེན་བྱེད་ཀྱི་ལས་གསོག་པ་ཡོད་དོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་མ་རིག་པ་ནི། ཐལ་རང་གཉིས་ཀ་ལྟར་ནའང་བདེན་འཛིན་ཐམས་ཅད་ལ་བྱེད་པ་ཡིན་ཀྱང་། ཐལ་འགྱུར་བས་ནི་བདེན་འཛིན་ཡིན་ན། མ་རིག་པ་ཡིན་པས་ཁྱབ་ཅེས་བཞེད་ལ། རང་རྒྱུད་པས་ནི། དེ་ལྟར་མི་བཞེད་དོ། །རང་རྒྱུད་པ་མན་ཆད་ཀྱི་རང་སྡེ་ལྟར་ན། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་རྣམས་ནི། མ་རིག་པ་ཡིན་པས། ཐལ་རང་གཉིས་ཀྱི་ལུགས་ལ་འཁོར་བའི་རྩ་བ་ངོས་འཛིན་ཚུལ་མི་འདྲའོ། །གང་ལྟར་ནའང་རང་རང་གི་ལུགས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་སོ་སྐྱེའི་རྒྱུད་ཀྱི་དེ་འདྲའི་མ་རིག་པ་དེ། འཁོར་བའི་རྩ་བར་བཞེད་པར་ནི་འདྲའོ། །དེས་ན་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ཡང་བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་སྟེ། འདི་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀ་ཡོད་པར་བཤད་ཀྱང་། འཕགས་པའི་རྒྱུད་ལ་ནི། ཡན་ལག་བཅུ་གཉིས་ཀྱི་ཐོག་མར་གྱུར་པའི་མ་རིག་པ་མེད་དོ། །མཁས་པ་ཕལ་ཆེར་འདུ་བྱེད་ཀྱི་ལས་ཀྱི་རྒྱུའི་ཀུན་སློང་གི་མ་རིག་པ་ལ་ནི་ལས་འབྲས་ལ་རྨོངས་པའི་མ་རིག་པ་མི་སྲིད་ཅེས་བཞེད་པར་སྣང་ཡང་དུས་ཀྱི་ཀུན་སློང་ལ་ནི་དེ་ཡོད་དོ། །གཉིས་པ་འདུ་བྱེད་ནི་ལས་ཡིན་ལ། དེ་ལའང་ངན་འགྲོར་འཕེན་བྱེད་ཀྱི་བསོད་ནམས་མ་ཡིན་པ་དང་། འདོད་ཁམས་ཀྱི་བདེ་འགྲོར་འཕེན་པའི་བསོད་ནམས་དང་། ཁམས་གོང་མའི་བདེ་འགྲོར་འཕེན་པའི་མི་གཡོ་བའི་ལས་དང་གསུམ་མོ། །གསུམ་པ་རྣམ་པར་ཤེས་པ་ནི། མདོ་ལས་རྣམ་ཤེས་ཚོགས་དྲུག་གསུངས་ཀྱང་འདིར་ནི་གཙོ་བོའི་དབང་དུ་བྱས་ན་ཡིད་ཀྱི་རྣམ་ཤེས་ཏེ། དེ་ལ་དགེ་མི་དགེའི་ལས་གང་བསགས་པའི་བག་ཆགས་བསྒོས་པའི་ཚེ་འདིའི་རྣམ་ཤེས་ནི་རྒྱུ་དུས་ཀྱི་རྣམ་ཤེས་ཡིན་ལ། ཕྱི་མར་སྐྱེ་གནས་སུ་ཉིང་མཚམས་སྦྱར་བ་ན་འབྲས་དུས་ཀྱི་རྣམ་ཤེས་སུ་འགྱུར་བས། གཉིས་ཀ་ལ་རྣམ་ཤེས་ཀྱི་རྟེན་འབྲེལ་ཞེས་གཅིག་ཏུ་བགྲང་བའོ། །བཞི་བ་མིང་གཟུགས་ཀྱི་མིང་ནི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་གཟུགས་ཅན་མ་ཡིན་པའི་མིང་བཞིའི་ཕུང་བོ་དང་། གཟུགས་ནི་མེར་མེར་བོ་ལ་སོགས་པ་སྟེ། གཟུགས་མེད་དུ་སྐྱེ་ན་གཟུགས་ཀྱི་ས་བོན་ཙམ་ཡོད་ཀྱི། གཟུགས་ནི་མེད་དོ། །གཉིས་ཀ་བསྡོམས་པས་མིང་གཟུགས་ཅེས་བྱའོ། །ལྔ་བ་སྐྱེ་མཆེད་དྲུག་ནི། མངལ་དུ་སྐྱེ་ན། དང་པོར་རྣམ་ཤེས་ཞུགས་པའི་ཁུ་ཁྲག་གི་མེར་མེར་བོ་དང་མིང་རྣམས་འཕེལ་ནས་གྲུབ་པའི་མིག་དང་རྣ་བ་ལ་སོགས་པའི་སྐྱེ་མཆེད་རྣམས་ཏེ། ལུས་དང་ཡིད་ཀྱི་སྐྱེ་མཆེད་ནི་སྔར་ནས་ཡོད་དོ། །བརྫུས་ཏེ་སྐྱེ་ན་དབང་བོ་རྣམས་ཅིག་ཅར་དུ་འགྲུབ་པས་རིམ་པ་དེ་ལྟར་མེད་ལ། སྒོང་སྐྱེས་དང་དྲོད་སྐྱེས་ལ་ནི་མངལ་མ་གཏོགས་ཆ་འདྲ་བར་བཤད། དྲུག་པ་རེག་པ་ནི། ཡུལ་དང་དབང་བོ་དང་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཡུལ་གཟུགས་སོགས་ཡིད་དུ་འོང་མི་འོང་བར་མ་གསུམ་གང་རུང་ཡོངས་སུ་གཅོད་པའི་སེམས་བྱུང་དང་པོ་གྲུབ་པ་སྟེ། འདི་ལ་མིག་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་ཅི་རིགས་ཡོད་དོ། །བདུན་པ་ཚོར་བ་ནི། རེག་པས་ཡུལ་གསུམ་གང་རུང་གཅད་པ་དང་རྗེས་སུ་མཐུན་པར་ཟག་བཅས་ཀྱི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གང་རུང་སྐྱེས་པའོ། །འདི་ལའང་སྔར་བཞིན་ཡོད། བརྒྱད་པ་སྲེད་པ་ནི། ཚོར་བ་བདེ་བ་ལ་མི་འབྲལ་བ་དང་སྡུག་བསྔལ་ལ་འབྲལ་འདོད་ཀྱི་སྲེད་པའམ། བཏང་སྙོམས་ལ་སྲེད་པ་གང་རུང་སྟེ། འདི་ལ་འདོད་སྲེད། སྲིད་སྲེད། འཇིག་སྲེད་གསུམ། དགུ་བ་ལེན་པ་ནི། སྲེད་པ་དེ་ཉིད་ཆེར་འཕེལ་བར་བྱེད་པའི་གནས་སྐབས་ཀྱི་འདོད་ཆགས་ཏེ། འདི་ལ་འདོད་པ་ཉེར་བ་ལེན་པ། ལྟ་བ་ཚུལ་ཞུགས། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞིའོ། །དང་པོ་ནི། གཟུགས་སྒྲ་སོགས་འདོད་ཡོན་ལ་ཆགས་པ། གཉིས་པ་ནི་འཇིག་ལྟ་མ་ཡིན་པའི་ལྟ་ངན་ལ་ཆགས་པ། གསུམ་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ལ་ཆགས་པ། བཞི་པ་ནི་འཇིག་འཇིག་ལྟ་ལ་འདུན་ཞིང་ཆགས་པའི་སྲེད་པའོ། །བཅུ་པ་སྲིད་པ་ནི། སྔར་འདུ་བྱེད་ཀྱི་ལས་ཀྱི་བག་ཆགས་རྣམ་ཤེས་ལ་བསྒོས་པ་དེ་ཉིད་སྲེད་ལེན་གཉིས་ཀྱིས་གསོས་བཏབ་ནས་ཡང་སྲིད་ཕྱི་མ་འདྲེན་པ་ལ་ནུས་པ་མཐུ་ཅན་དུ་སོང་བའི་སྐབས་ཀྱི་ལས་ཏེ། སྲིད་པ་ཞེས་པ་ནི་འབྲས་མིང་རྒྱུ་ལ་བཏགས་པའོ། །འདི་ལ་ཁམས་གསུམ་གྱི་ལས་གསུམ། བཅུ་གཅིག་པ་སྐྱེ་བ་ནི། སྲིད་ལས་ཀྱི་མཐུས་སྐྱེ་གནས་བཞི་བོ་གང་རུང་དུ་རྣམ་ཤེས་དང་པོར་ཉིང་མཚམས་སྦྱར་བ་སྟེ། འདི་ལ་མངལ་དུ་ཉིང་མཚམས་སྦྱར་བ་སོགས་བཞིའམ། ཁམས་གསུམ་དུ་ཉིང་མཚམས་སྦྱར་བ་གསུམ། ཁ་ཅིག །འདིའི་སྐྱེ་བ་ལ་ཉིང་མཚམས་སྦྱར་མ་ཐག་པའི་གནས་སྐབས་ཀྱི་ཕུང་བོ་ལྔ་དང་། ཁ་ཅིག་མངལ་ནས་ཕྱི་རོལ་དུ་བཙའ་བ་དེ་འཇོག་པར་སྣང་ཡང་། ལམ་རིམ་དུ་ཉིང་འཚམས་སྦྱར་བ་ཞེས་པ་ཙམ་ལས་མི་གསལ་ལ། ཁོ་བོ་ནི་མཁས་པ་ཁ་ཅིག །ཉིང་འཚམས་སྦྱར་བའི་ཆ་དང་པོ་ཞེས་གསུང་བ་འདི་འཐད་པར་མཐོང་སྟེ། གཞན་གྱི་ལྟར་ན་དེའི་སྐབས་སུ་ཕུང་བོ་ལྔ་འཁོར་བར་ཐལ་བ་དང་། ལམ་རིམ་དང་འགལ་བའི་ཉེས་པར་འགྱུར་བའི་ཕྱིར་རོ། །བཅུ་གཉིས་པ་རྒ་ཤིའི་རྒ་བ་ནི་ཕུང་བོ་སྨིན་ཅིང་གཞན་དུ་འགྱུར་བའི་ཆ་ཡིན་ལ། ཤི་བ་ནི་ཕུང་བོའི་རིས་མཐུན་འདོར་བའམ་དོར་བའོ། །འདིར་རྒ་བ་ནི་སྐྱེས་པའི་སྐད་ཅིག་གཉིས་པ་ནས་ན་ཚོད་རྙིང་བར་གྱུར་པའི་ཆ་རྣམས་ཡིན་གྱི། འཇིག་རྟེན་ན་གྲགས་པའི་རྒས་པ་ཁོ་ནར་མ་ངེས་ལ། ཤི་བ་ནི་ཤི་ཟིན་པ་ཁོ་ནར་བྱེད་པར་ཡང་མ་ངེས་སོ། །རྒ་ཤི་གཉིས་ཡན་ལག་གཅིག་ཏུ་འཇོག་པ་ནི། དེ་གཉིས་གོ་རིམ་མ་ངེས་པའི་རྒྱུ་མཚན་གྱིས་ཡིན་ནོ། །མྱ་ངན་དང་སྨྲེ་ངག་འདོན་པ་སོགས་ནི་ཡན་ལག་ཏུ་འགྱུར་བར་མ་ངེས་པས་ཞར་བྱུང་ཙམ་ཏེ། སྐྱོ་བ་བསྐྱེད་པའི་ཆེད་དུ་གསུངས་པའོ། །གསུམ་པ་བསྡུ་བ་ལ་གཉིས་ཏེ། མདོར་བསྡུ་བ་དང་། ཀུན་ནས་ཉོན་མོངས་པའི་བསྡུ་བའོ། །དང་པོ་ནི། ཡན་ལག་བཅུ་གཉིས་པོ་དེ། རྒྱུ་འབྲས་གཉིས་ཀྱིས་བསྡུས་ཏེ། འཕེན་བྱེད་ཀྱི་རྒྱུ་འབྲས་དང་། འགྲུབ་བྱེད་ཀྱི་རྒྱུ་འབྲས་གཉིས་ཀྱིས་བསྡུས་པའི་ཕྱིར། དེ་ཡང་། མ་རིག་པ། འདུ་བྱེད། རྒྱུ་དུས་ཀྱི་རྣམ་ཤེས་གསུམ་ནི། འཕེན་བྱེད་ཀྱི་རྒྱུ་དང་། འབྲས་དུས་ཀྱི་རྣམ་ཤེས་དང་མིང་གཟུགས་སྐྱེ་མཆེད་དྲུག་རེག་པ་ཚོར་བ་སྟེ་ཕྱེད་དང་ལྔ་ནི་འཕངས་པའི་འབྲས་བུ། སྲེད་ལེན་སྲིད་པ་གསུམ་འགྲུབ་བྱེད་ཀྱི་རྒྱུ་དང་། སྐྱེ་རྒ་གཉིས་ནི། གྲུབ་པའི་འབྲས་བུའི་ཡན་ལག་ཏུ་འདུའོ། །གང་འཕངས་ན། འབྲས་དུས་ཀྱི་རྣམ་ཤེས་ནས་ཚོར་བའི་བར་ཡན་ལག་ཕྱེད་དང་ལྔའོ། །གང་གིས་འཕངས་ན། མ་རིག་པའི་རྐྱེན་ཅན་གྱི་འདུ་བྱེད་ཀྱི་ལས་ཀྱིས་སོ། །ཇི་ལྟར་འཕངས་ན། རྒྱུ་དུས་ཀྱི་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པའི་ཚུལ་གྱིས་སོ། །འཕངས་པའི་དོན་ནི། སྲེད་པ་སོགས་ཀྱི་འགྲུབ་བྱེད་ཡོད་ན། འབྲས་བུ་དེ་རྣམས་འགྲུབ་རུང་དུ་བྱས་པའོ། །གང་གིས་འགྲུབ་པར་བྱེད་ན། སྲེད་པའི་རྐྱེན་ཅན་གྱི་ལེན་པས་སོ། །གང་འགྲུབ་ན། སྐྱེ་བ་དང་རྒ་ཤིའོ། །ཇི་ལྟར་འགྲུབ་པར་བྱེད་ན། འདུ་བྱེད་ཀྱིས་རྣམ་ཤེས་ལ་བསྒོས་པའི་ལས་ཀྱི་བག་ཆགས་དེ་ནུས་མཐུ་ཅན་དུ་བྱས་ཚུལ་གྱིས་སོ། །དེས་ན་འདིའི་འཕངས་པའི་ཡན་ལག་དང་གྲུབ་པའི་ཡན་ལག་གཉིས་ངོ་བོ་གཅིག་གོ །གཉིས་པ་ཉོན་མོངས་པའི་བསྡུ་བ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་གསུངས་པ་ལྟར། མ་རིག་པ་སྲེད་ལེན་གསུམ་ཉོན་མོངས་པའི་ཀུན་འབྱུང་། འདུ་བྱེད་དང་སྲིད་ལས་གཉིས་ལས་ཀྱི་ཀུན་འབྱུང་། འབྲས་དུས་ཀྱི་རྣམ་ཤེས་སོགས་བདུན་ནི་སྡུག་བདེན་དུ་འདུའོ། །བཞི་བ་བྱེད་ལས་ནི། མ་རིག་པས་དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད། འདུ་བྱེད་ཀྱིས་ཡང་སྲིད་ཕྱི་མའི་ཕུང་བོའི་ས་བོན་འདེབས་པར་བྱེད། རྣམ་ཤེས་ཀྱིས་སྐྱེ་གནས་སུ་འཁྲིད་པར་བྱེད། མིང་གཟུགས་ཀྱིས་ལུས་འཛིན་པར་བྱེད། སྐྱེ་མཆེད་ཀྱིས་ལུས་རྫོགས་པར་བྱེད། རེག་པས་ཡུལ་གྱི་འགྱུར་བ་སྤྱོད་པར་བྱེད། ཚོར་བས་རྣམ་སྨིན་ལ་ལོང་སྤྱོད་པར་བྱེད། སྲེད་པས་ཕུང་བོ་སླར་སྡུད་པར་བྱེད། ལེན་པས་ཕུང་བོ་འགྲུབ་པ་ལ་སྦྱོར་བར་བྱེད། སྲིད་པས་ཕྱི་མའི་ཕུང་བོ་མངོན་དུ་འགྱུར་བར་བྱེད། སྐྱེ་བ་དང་རྒ་ཤིས་རང་གང་ལ་ལྡན་པའི་གང་ཟག་དེ་སྡུག་བསྔལ་བར་བྱེད་དོ། །ལྔ་བ་ཚེ་དུ་ལ་རྫོགས་པ་ནི། བཅུ་གཉིས་པོ་དེ་མྱུར་ན་ཚེ་གཉིས་ལ་རྫོགས་ནུས་ཞིང་། བུལ་ན་ཚེ་གསུམ་ལ་རྫོགས་པར་འགྱུར་ལ། མཁས་པ་ཁ་ཅིག་ཚེ་བཞི་ལ་རྫོགས་པའང་ཡོད་ཅེས་གསུང་ཡང་། ལམ་རིམ་གྱི་བཞེད་པ་ནི་སྔར་ལྟར་རོ། །དེ་ཡང་ཚེ་གཉིས་ལ་རྫོགས་ཚུལ་ནི་སྐྱེས་ནས་མྱོང་འགྱུར་གྱི་དབང་དུ་བྱས་པ་སྟེ། དཔེར་ན། མི་འགའ་ཞིག་གིས་མ་རིག་པ་ཀུན་ནས་བསླངས་ཏེ། རྒྱུ་དུས་ཀྱི་རྣམ་ཤེས་ཀྱི་སྟེང་དུ་འདོད་ལྷར་སྐྱེ་བའི་འདུ་བྱེད་ཀྱི་ལས་བསགས། ལས་དེ་ལ་འཆི་ཀ་ཚུན་ཆད་དུ་སྲེད་ལེན་གཉིས་ཀྱིས་གསོལ་བཏབ་ནས་སྲིད་ལས་ནུས་ལྡན་དུ་བྱས་ནས་སྐྱེ་བ་བླངས་ན་ཚེ་སྔ་མ་ལ་ཕྱེད་དང་དྲུག་དང་། ཕྱི་མ་ལྷར་སྐྱེས་པའི་ཚེ་འབྲས་དུས་ཀྱི་རྣམ་ཤེས་སོགས་ཕྱེད་དང་བདུན་འགྲུབ་པར་འགྱུར་བས་སོ། །ཚེ་གསུམ་ལ་རྫོགས་པ་ནི། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་དབང་དུ་བྱས་པ་སྟེ། དཔེར་ན་མི་ཞིག་གིས་རྟེན་དེ་ལ་མ་རིག་པའི་སྟོབས་ཀྱིས་རྣམ་ཤེས་ཀྱི་སྟེང་དུ་ལས་ཀྱི་བག་ཆགས་བཞག་པ་དེ་ལ་སྲེད་ལེན་གཉིས་ཀྱིས་གསོས་མ་བཏབ་པར་དུད་འགྲོར་སྐྱེས་ནས། རྟེན་དེ་ལ་སྲེད་ལེན་གཉིས་ཀྱིས་གསོས་བཏབ་སྟེ་སྲིད་ལས་ནུས་པ་མཐུ་ཅན་དུ་བྱས་ནས་འདོད་ལྷར་སྐྱེ་བ་བླངས་པའི་ཚེ་ཡན་ལག་དང་པོ་གཉིས་ཚེ་དང་པོ་དང་། སྲེད་ལེན་སྲིད་པ་གསུམ་ཚེ་གཉིས་པ་དང་། ལྷག་མ་རྣམས་ཚེ་གསུམ་པ་ལ་རྫོགས་པ་བཞིན་ནོ། །ཚེ་བཞི་ལ་རྫོགས་སྲིད་པར་ཁས་ལེན་ན་ནི་སྲེད་པས་གསོས་བཏབ་ཀྱང་ལེན་པས་གསོས་མ་བཏབ་པ་ཞིག་འདོད་དགོས་སོ། །འདི་དག་ནི་ཐེག་ཆེན་པའི་དབང་དུ་བྱས་པ་སྟེ། མདོ་སྡེ་པ་དང་བྱེ་བྲག་སྨྲ་བའི་ལུགས་ལ་ཅུང་མི་འདྲ་བ་ཞིག་ཡོད་དོ། །འོ་ན། འཕེན་བྱེད་ཀྱི་ལས་ངན་པའམ། བཟང་བོ་གཅིག་གིས་ཁྱི་དང་། ལྷའི་རྣམ་སྨིན་གྱི་ཕུང་བོ་བརྒྱ་འཕངས་པ་ན། བརྒྱ་བོ་དེ་ཐམས་ཅད་རྟེན་འབྲེལ་ཚར་གཅིག་གམ། ཐ་དད་ཞེ་ན། འདི་ལ་མཁས་པའི་དབང་བོ་ཁ་ཅིག ཁྱིའམ་ལྷའི་ཚེ་བརྒྱ་བོ་དེ་ཐམས་ཅད་ཀྱང་རྟེན་འབྲེལ་ཚར་གཅིག་གི་དབང་དུ་བྱས་པའི་ཚེའི་ཆར་གཏོགས་ཞེས་འདོད་ལ། ཁ་ཅིག་ནི་ལམ་རིམ་ལས། འཕེན་བྱེད་དང་འགྲུབ་བྱེད་ཀྱི་བར་དུ་ཚེ་དུ་མས་ཆོད་ཀྱང་རྟེན་འབྲེལ་གཞན་གྱི་ཚེ་ཡིན་གྱི། རྟེན་འབྲེལ་དེའི་ཚེ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས། འཕེན་བྱེད་གཅིག་གིས་འཕངས་ཀྱང་འགྲུབ་བྱེད་སོ་སོ་བ་ཡིན་པས། ཚེ་དང་པོ་མ་གཏོགས་ཕྱི་མ་རྣམས་རྟེན་འབྲེལ་ཚར་གཞན་གྱི་དབང་དུ་བྱས་པའི་ཚེ་ཡིན་ཞེས་བཞེད་པར་སྣང་བ་ལས་ཁོ་བོ་ནི་ཕྱི་མ་འཐད་པར་སེམས་ཡང་བརྟག་པར་བྱ་ཞིང་། འགྲུབ་བྱེད་དང་གྲུབ་པའི་འབྲས་བུའི་བར་དུ་ནི་ཚེ་གཞན་གྱིས་ཆོད་མི་སྲིད་ཅེས་རྒྱལ་ཚབ་རིན་པོ་ཆེས་བཤད་པ་ལྟར་རོ། །དྲུག་པ་བསྒོམ་ཚུལ་ནི། ཇི་སྐད་དུ། འཇིག་རྟེན་རྒུད་པ་ཇི་སྙེད་པ། དེ་ཡི་རྩ་བ་མ་རིག་སྟེ། ཞེས་གསུངས་པ་ལྟར། ཡན་ལག་དང་པོའི་མ་རིག་པ་འཁོར་བའི་རྩ་བར་འགྱུར་ཚུལ་སྤྱི་དང་ཁྱད་པར་དེའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བ་ནི་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་མཐུན་དང་། རྒ་ཤི་ནི་གང་ལས་འབྱུང་ན་སྐྱེ་བ་ལས་འབྱུང་བ་ནས། འདུ་བྱེད་མ་རིག་པ་ལས་འབྱུང་བའི་བར་ནི་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་ལྡོག མ་རིག་པ་འགགས་པས་འདུ་བྱེད་འགག་པར་འགྱུར་བ་ནས། སྐྱེ་བ་འགགས་པས་རྒ་ཤི་འགག་པའི་བར་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་མཐུན་དང་། གང་འགགས་པས་རྒ་ཤི་འགག་སྙམ་ན་སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་པ་ནས། མ་རིག་པ་འགགས་པས་འདུ་བྱེད་འགག་པའི་བར་ནི་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་ལྡོག་ཏུ་བསྒོམ་པར་བྱའོ། །དེ་ཡང་དང་པོ་གཉིས་ལྟར་བསམ་པ་ནི། རིམ་པ་བཞིན་དུ་སྡུག་ཀུན་གཉིས་ཤེས་པར་བྱེད་པ་ཡིན་ལ། ཕྱི་མ་གཉིས་ལྟར་བསམ་པ་ནི། འགོག་ལམ་གཉིས་སྒོམ་པར་བྱེད་པ་ཡིན་ནོ། །བདུན་པ་ཕན་ཡོན་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཅིག་ཅེས་པ་ཟབ་མོ་སྟེ། གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམས་མཆོག་མཐོང་། །ཞེས་དང་། ལམ་རིམ་ལས་ཀྱང་། སྔར་བཤད་པ་ལྟར་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་སྡུག་བསྔལ་གྱི་ཕུང་བོ་འགྲུབ་ཚུལ་དང་། ཁྱད་པར་དུ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་སྲིད་པའི་འཁོར་ལོ་འཁོར་ཚུལ་རྣམས་ལེགས་པར་ཤེས་པར་བྱས་ནས་དེ་ལ་གོམས་པར་བྱེད་པ་ནི། རྒུད་པ་ཐམས་ཅད་ཀྱི་རྩ་བ་རྨོངས་པའི་མུན་པ་མི་བཟད་པ་འཇོམ་པར་བྱེད་པ། རྒྱུ་མེད་མི་མཐུན་པའི་རྒྱུ་ལས་ཕྱི་ནང་གི་འདུ་བྱེད་རྣམས་འབྱུང་བར་འཛིན་པའི་ལོག་པར་ལྟ་བ་ཐམས་ཅད་སེལ་ཏེ། རྒྱལ་བའི་གསུང་གི་མཛོད་ཀྱི་གཅེས་པའི་ནོར་སྤེལ་བ། འཁོར་བའི་མཚན་ཉིད་ཇི་ལྟ་བ་བཞིན་རིག་ནས་སྐྱོ་ཤེས་དྲག་པོས་ཐར་ལམ་ལ་ཡིད་བསྐུལ་བ། སྔར་དེ་ལྟར་གོམས་པ་རྣམས་ལ་འཕགས་པའི་གོ་འཕང་འཐོབ་པའི་བག་ཆགས་སད་པར་བྱེད་པའི་ཐབས་དམ་པ་ཡིན་ནོ། །ཞེས་གསུངས་པ་ལྟར་གྱི་ཕན་ཡོན་རྣམས་དང་། གཙོ་བོ་ནི་ཐར་བ་ཐོབ་པར་འགྱུར་བའི་ཕན་ཡོན་འབྱུང་བ་ཡིན་པས། དེ་ལྟར་དུ་འབད་པར་བྱའོ། །གསུམ་པ་འཆི་འཕོ་ཇི་ལྟར་བྱེད་པའི་ཚུལ་ལ་གཉིས། དངོས་དང་། ཞར་བྱུང་ངོ་། །དང་པོ་ལ་ལྔ། འཆི་བའི་རྐྱེན། འཆི་བའི་སེམས། དྲོད་སྡུད་ཚུལ། བར་དོ་འགྲུབ་ལུགས། སྐྱེ་སྲིད་དུ་ཉིང་འཚམས་སྦྱོར་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཚེ་ཟད་ནས་འཆི་བ་དང་། དེ་མ་ཟད་པར་འཆི་བ་གཉིས་ཀྱི་དང་པོ་ནི་དུས་ཀྱི་འཆི་བ་ཡིན་ལ། གཉིས་པ་ནི་དུས་མིན་པར་འཆི་བའོ། །ཕྱི་མ་ལ་བསོད་ནམས་ཟད་ནས་ནད་སོགས་ཀྱིས་འཆི་བ་དང་། གཞན་ཡང་དུས་མིན་གྱི་འཆི་རྐྱེན་དགུ་མདོ་ལས་གསུངས་སོ། །གཉིས་པ་འཆི་བའི་སེམས་ནི་གསུམ་སྟེ། དགེ་མི་དགེ་ལུང་མ་བསྟན་གྱི་སེམས་གསུམ་ཅི་རིགས་དང་ལྡན་པར་འབྱུང་ངོ་། །དེ་ཡང་སྤྱིར་དགེ་བ་བྱེད་པ་རྣམས་འཆི་བའི་ཚེ་དགེ་སེམས་དང་། མི་དགེ་བ་བྱེད་པ་རྣམས་འཆི་བའི་དུས་སུ་སྡིག་སེམས་འབྱུང་ལ། དམིགས་བསལ་ནི་ངེས་པ་མེད་དོ། །དགེ་མི་དགེའི་སེམས་ཀྱིས་འཆི་བ་ནི་འདུ་ཤེས་རགས་པ་རྒྱུ་བའི་ཚེ་ཡིན་གྱི། འདུ་ཤེས་ཕྲ་མོ་རྒྱུ་བའི་སྐབས་སུ་ནི་དགེ་མི་དགེའི་སེམས་ལོག་ནས་ལུང་མ་བསྟན་གྱི་སེམས་ཁོ་ནར་འགྱུར་རོ། །གསུམ་པ་དྲོད་སྡུད་ཚུལ་ནི། མི་དགེ་བ་ཆེན་པོ་བྱེད་པ་རྣམས་ཀྱི་དྲོད་སྟོད་ནས་སྡུད་པར་བྱེད་ལ། དགེ་བ་བྱེད་པ་རྣམས་ཀྱི་དྲོད་སྨད་ནས་སྡུད་ཅིང་། གཉིས་ཀ་ཡང་དྲོད་སྙིང་གའི་བར་བསྡུས་ཏེ་དེ་ནས་རྣམ་ཤེས་འཕོའོ། །བཞི་བ་བར་དོ་འགྲུབ་ལུགས་ནི། རྣམ་ཤེས་ཕྱིར་འཕོ་བ་དང་བར་ཆད་མེད་པར་སྲང་མདའི་མཐོ་དམན་བཞིན་དུ་བར་དོ་འགྲུབ་སྟེ། འགྲོ་བ་གང་དུ་སྐྱེ་བར་འགྱུར་བ་དེའི་ལུས་ཀྱི་དབྱིབས་ཅན་དུ་འགྱུར་རོ། །འོན་ཀྱང་གཟུགས་མེད་ཁམས་སུ་སྐྱེ་བའི་ཚེ་བར་དོ་མེད་དོ། །ལྔ་པ་ཉིང་འཚམས་སྦྱོར་ཚུལ་ལ་གཉིས། དངོས་དང་། འཕྲོས་དོན་ནོ། །དང་པོ་ནི། མངལ་དུ་སྐྱེ་ན་ནི། བར་དོ་བ་དེས་རང་དང་རིས་མཐུན་པའི་སེམས་ཅན་དག་མཐོང་ནས་དེ་དག་ལ་ལྟ་བ་དང་རྩེ་བ་སོགས་བྱེད་ལ། ཕ་མའི་ཁུ་ཁྲག་ལ་ནི་ཕྱིན་ཅི་ལོག་ཏུ་མཐོང་བའི་བློ་སྐྱེ་སྟེ། དེར་ཕ་མ་གཉིས་ཉལ་པོ་བྱེད་པ་མེད་བཞིན་དུ་དེ་བྱེད་པ་སྒྱུ་མ་བཞིན་དུ་མཐོང་ནས་དེ་ལ་ཆགས་པར་འགྱུར་རོ། །དེའི་ཚེ་མོར་སྐྱེ་ན་ནི་བུད་མེད་དང་བྲལ་བར་འདོད་ཅིང་། སྐྱེས་པ་ལ་ཆགས་ཏེ་ཉལ་བར་འདོད་ལ། ཕོར་སྐྱེ་ན་ནི་འདུ་ཤེས་དེ་ལས་ལྡོག་སྟེ་འབྱུང་ངོ་། །དེ་ལྟ་བུའི་འདོད་པ་སྐྱེས་ནས་དེར་ཉེ་བར་ཕྱོགས་པ་ན། སྐྱེས་པ་དང་བུད་མེད་དེའི་དབང་པོ་ཙམ་ཞིག་མ་གཏོགས། གཞན་གང་ཡང་མི་སྣང་བར་གྱུར་པ་ན་དེ་ལ་ཁྲོས་ནས་ཤི་འཕོས་ཏེ་ཉིང་འཚམས་སྦྱར་རོ། །ཉིང་འཚམས་སྦྱར་མ་ཐག་པའི་རྣམ་པར་ཤེས་པ་ནི། ཡིད་ཀྱི་རྣམ་ཤེས་ཉིད་ཡིན་གྱི། དབང་ཤེས་ནི་དེའི་ཚེ་མེད་དོ། །དེར་མེར་མེར་བོ་དང་དེ་ལས་གཞན་པའི་འབྱུང་བ་ཆ་ཕྲ་བ་རྣམས་དང་འདྲེས་ནས་རིམ་གྱིས་འཕེལ་ཏེ། ཞག་བདུན་ཕྲག་སོ་བརྒྱད་ལྷག་ཙམ་ནས་ཕྱི་རོལ་ཏུ་བཙའ་བར་འགྱུར་ཏེ། འདི་དག་གི་རྣམ་གཞག་ནི་དགའ་བོ་མངལ་འཇུག་གི་མདོ་ལས་རྒྱས་པར་འབྱུང་ངོ་། །དམྱལ་བ་ཕལ་ཆེར་དང་དུད་འགྲོ་དང་ཡིད་དྭགས་དང་མི་དང་འདོད་གཟུགས་ཀྱི་ལྷར་སྐྱེ་ན་ནི། རང་དང་རིགས་མཐུན་གྱི་སེམས་ཅན་མཐོང་སྟེ་དེར་སོང་བ་ན་སྐྱེ་གནས་ལ་ཁྲོས་པའི་རྐྱེན་གྱིས་བར་སྲིད་འགགས་ནས་སྐྱེ་སྲིད་དུ་ཉིང་འཚམས་སྦྱོར་ལ། འོན་ཀྱང་ལུག་དང་ཕག་དང་བྱ་རི་དྭགས་མང་བོ་གསོད་པའི་སྡིག་ཅན་དམྱལ་བར་སྐྱེ་ངེས་རྣམས་ལ་བར་སྲིད་ན། ལུག་དང་ཕག་ལ་སོགས་པ་དེ་དག་རྨི་ལམ་བཞིན་དུ་མཐོང་ནས་སྔོན་གྱི་གོམས་པའི་དགའ་བས་དེར་རྒྱུག་གོ །དེ་ནས་སྐྱེ་བའི་གནས་ལ་ཁྲོས་ནས་བར་སྲིད་འགགས་ཏེ་སྐྱེ་སྲིད་དུ་འཕོ་བར་འགྱུར་རོ། །སྒོ་ང་ལས་སྐྱེ་བ་ནི་ཕལ་ཆེར་མངལ་དང་འདྲ་ལ། དྲོད་གཤེར་ལས་སྐྱེ་ན་དྲི་དང་། བརྫུས་ཏེ་སྐྱེ་ན་གནས་འདོད་ཅིང་། ཚ་དམྱལ་དུ་སྐྱེ་ན་དྲོད་དང་། གྲང་དམྱལ་དུ་སྐྱེ་བ་ན་ནི་བསིལ་བར་འདོད་པས་རྐྱེན་བྱས་ཏེ་ཉིང་འཚམས་སྦྱོར་བར་བཤད་དོ། །གཉིས་པ་འཕྲོས་དོན་ནི། དབུ་མ་པའི་ལུགས་ཀྱི་དབང་དུ་བྱས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་ཚུལ་ལེགས་པར་ཤེས་དགོས་ཏེ། དེ་ཡང་ཕུང་བོ་འདི་ཉིད་བདག་མ་ཡིན་ལ། ཕུང་བོ་འདི་ལས་དོན་གཞན་པའི་རང་རྐྱ་ཐུབ་པའི་བདག་ཞིག་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་མ་ཡིན་གྱི། ཕུང་བོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཞིག་སྒྱུ་མ་ལྟ་བུའི་ཆོས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་བརྟེན་པའི་ཚུལ་གྱིས་ཀུན་རྫོབ་ཙམ་དུ་འཁོར་བར་འཁོར་བར་འགྱུར་བའི་ཚུལ་ཤེས་དགོས་པའི་ཕྱིར་རོ། །དེ་ལྟར་མ་ཤེས་པས་ནི་འཁོར་བར་འཁོར་བར་འགྱུར་བ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། འབྲས་བུའི་ཡན་ལག་དེ་རྣམས་གྲུབ་པའི་ཚེ་ན་ཡང་། ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོའི་གང་ཟག་གི་བདག་ནི་མེད་ཀྱི། སྔར་བཤད་པ་ལྟར་ཆོས་ཙམ་གྱི་རྒྱུའི་ཡན་ལག་ལས་ཆོས་ཙམ་གྱི་འབྲས་བུའི་ཡན་ལག་དེ་རྣམས་འབྱུང་ཞིང་འཁོར་བའི་ཚུལ་མ་ཤེས་པར་དེ་ལ་རྨོངས་ནས་བདག་ཏུ་བཟུང་ཞིང་། བདག་བདེ་བར་འདོད་ནས་དེའི་ཕྱིར་དུ་སྒོ་གསུམ་གྱི་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱས་པས་སླར་ཡང་འཁོར་བས་ན། ཉོན་མོངས་པ་གསུམ་ལས་ལས་གཉིས་དང་དེ་ལས་སྡུག་བསྔལ་བདུན་འབྱུང་ཞིང་། བདུན་ལས་ཀྱང་ཉོན་མོངས་དང་དེ་ལས་ཀྱང་སྔར་ལྟར་འཁོར་བས་སྲིད་པའི་འཁོར་ལོ་རྒྱུན་ཆད་མེད་པར་འཁོར་སྟེ། ཞེས་གསུངས་པས་སོ། །དེ་ལྟར་འཁོར་བའི་ཚེ་རྣམ་ཤེས་ཉིད་འདི་ནས་ཕྱི་མར་ཉིང་འཚམས་སྦྱོར་ཚུལ་དང་། དེ་ལ་དཔེ་ཇི་འདྲ་བ་ཞིག་ཡོད་ཅེ་ན། བཤད་པར་བྱ་སྟེ། ཐེག་པ་ཆེན་པོའི་ལུགས་ཀྱི་རྣམ་ཤེས་ཕྱི་མར་ཉིང་འཚམས་སྦྱོར་ཚུལ་མདོ་ལས་བཤད་པའི་དོན་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རྟེན་འབྲེལ་སྙིང་བོ་ལས། འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལ་སེམས་ཅན་གཞན་ཅིའང་མེད། །སྟོང་བ་ཁོ་ནའི་ཆོས་རྣམས་ལས། །སྟོང་བའི་ཆོས་རྣམས་འབྱུང་བར་ཟད། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་བོ་ཉིང་འཚམས་སྦྱོར་བ་ཡང་། ཞེས་གསུངས་པ་ལྟར། འཇིག་རྟེན་ཕ་རོལ་ཏུ་འཕོ་བའི་རང་རྐྱ་ཐུབ་པའི་བདག་གམ་གང་ཟག་ཅི་ཡང་མེད་ཀྱང་། རང་བཞིན་གྱིས་སྟོང་བའི་ང་ཙམ་ཞིག་ཀུན་རྫོབ་ཏུ་ཡན་ལག་བཅུ་གཉིས་ཀྱི་རྒྱུ་འབྲས་ལ་བརྟེན་ནས་ཕྱི་མར་ཉིང་འཚམས་སྦྱོར་བར་འགྱུར་རོ། །སྦྱོར་ཚུལ་འདི་ལ་དཔེ་བརྒྱད་ཡོད་དེ། སློབ་དཔོན་ལས་སློབ་མའི་ཁ་ཏོན་འབྱུང་བ་ནས་སྒྲ་ལས་སྒྲ་བརྙན་འབྱུང་བའི་བར་རྣམས་ཏེ། འཆད་པར་འགྱུར་རོ། །དེ་དག་གི་དོན་ནི་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་དབུ་མ་རྟེན་འབྲེལ་སྙིང་བོའི་རྣམ་བཤད་ལས། དཔེར་ན། བླ་མའི་ཁ་ནས་བརྗོད་པ་རྣམས་སློབ་མར་འཕོ་ན་ནི། བླ་མས་བརྗོད་པ་དེ་མེད་པར་ཡང་འགྱུར་བས་མི་འཕོའོ། །སློབ་མས་སྨྲས་པ་ཡང་གཞན་མ་ཡིན་ཏེ། རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་བླ་མའི་ཁ་ནས་བརྗོད་པ་ལྟར་འཆི་ཀའི་སེམས་ཀྱང་དེ་བཞིན་ཏེ། རྟག་པའི་སྐྱོན་དུ་འགྱུར་བས་འཇིག་རྟེན་ཕ་རོལ་ཏུ་མི་འགྲོའོ། །འཇིག་རྟེན་ཕ་རོལ་ཡང་གཞན་ལས་མི་འབྱུང་སྟེ། རྒྱུ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་བླ་མས་བརྗོད་པའི་རྒྱུ་ལས་སློབ་མ་དེ་ཉིད་དང་གཞན་ནོ་ཞེས་བརྗོད་པར་མི་ནུས་པ་ལྟར། འཆི་ཀའི་སེམས་ལ་བརྟེན་ནས་སྐྱེ་བའི་ཆར་གཏོགས་པའི་སེམས་ཀྱང་དེ་བཞིན་ཏེ། བདག་ཉིད་དང་དེ་ལས་གཞན་ནོ་ཞེས་བརྗོད་པར་མི་ནུས་སོ། །དེ་བཞིན་དུ་ཇི་ལྟར་མར་མེ་ལས་མར་མེ་དང་། ཞེས་པ་ནས། སྒྲ་ལས་བྲག་ཆ་འབྱུང་བར་འགྱུར་ཞིང་། དེ་དག་ཀྱང་དེ་ཉིད་དང་དེ་ལས་གཞན་ནོ་ཞེས་ཤེས་པར་སླ་བ་མ་ཡིན་པ་དེ་བཞིན་དུ། ཕུང་བོ་ཉིང་འཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་བཤད་པ་ལྟར་རོ། །དེ་དག་གི་དོན་མདོར་བསྡུས་ཏེ་གོ་སླ་བར་བརྗོད་ན། དཔེར་ན། བླ་མས་སློབ་མ་ལ་ན་མོ་བུདྡྷ་ཡ་ཞེས་པ་ལྟ་བུའི་ཁ་ཏོན་བློ་ཐོག་ནས་ངག་གིས་སློབ་པ་དེ་སློབ་མས་བློ་ལ་བཟུང་ནས་དེ་ལྟར་བརྗོད་པའི་ཚེ། སློབ་དཔོན་གྱི་དེ་འདྲའི་ངག་དེ། སློབ་མའི་ངག་དེ་ཉིད་དུ་འཕོས་པ་མ་ཡིན་ཏེ། ཡིན་ན་སླར་བླ་མ་ལ་ངག་དེ་འདྲ་བརྗོད་རྒྱུ་མེད་པར་འགྱུར་རོ། །སློབ་མས་བླ་མའི་གསུང་བཞིན་དུ་སྨྲས་པ་དེ། བླ་མའི་ངག་ལ་མ་བརྟེན་པར་བྱུང་བའང་མིན་ཏེ། ཡིན་ན། རྒྱུ་མེད་པར་འགྱུར་བས་སོ། །དཔེ་དེ་བཞིན་དུ་ཤི་ནས་ཕྱི་མར་ཉིང་འཚམས་སྦྱོར་བའི་ཚེ་འཆི་ཀའི་རྣམ་ཤེས་དེ་ཉིད་ངོ་བོ་འགྱུར་མེད་དུ་ཕྱི་མའི་རྣམ་ཤེས་སུ་འཕོ་བ་ནི་མ་ཡིན་ཏེ། ཡིན་ན། དེ་རྟག་པར་འགྱུར་བས་སྐྱེ་བ་ལེན་པ་ཡང་མི་འཐད་དོ། །ཕྱི་མའི་རྣམ་ཤེས་དེ་འཆི་ཀའི་རྣམ་ཤེས་ལ་མ་བརྟེན་པར་མི་འབྱུང་སྟེ། འབྱུང་ན་ཕྱི་མའི་རྣམ་ཤེས་ལ་རྒྱུ་མེད་པར་འགྱུར་བས་སོ། །དེ་ལྟ་ནའང་བླ་མས་བརྗོད་པའི་རྒྱུ་ལས་སློབ་པའི་ངག་འབྱུང་བ་ལྟར། སྔ་མའི་རྣམ་ཤེས་ཀྱི་རྒྱུན་ལས་ཕྱི་མའི་རྣམ་པར་ཤེས་པ་ཉིད་འབྱུང་ལ། བླ་མའི་ངག་དང་སློབ་མའི་ངག་གཅིག་ཏུ་མི་རུང་བ་དེ་བཞིན་དུ་ཚེ་འདིའི་འཆི་ཀ་མའི་རྣམ་ཤེས་དང་ཕྱི་མར་ཉིང་འཚམས་སྦྱར་བའི་རྣམ་ཤེས་གཉིས་གཅིག་མ་ཡིན་ཞིང་། སློབ་མའི་ངག་དེ་བླ་མའི་ངག་ཐོས་པ་ལ་བརྟེན་ནས་བྱུང་བ་ལྟར་ཕྱི་མའི་རྣམ་ཤེས་ཡང་སྔ་མའི་རྣམ་ཤེས་ལ་བརྟེན་ནས་བྱུང་བ་ཡིན་གྱི། མི་བརྟེན་པར་གློ་བུར་དུ་བྱུང་བའི་གཞན་ཡང་མ་ཡིན་ནོ། །ཞེས་པ་སྟེ། དེ་བཞིན་དུ། མར་མེ་ལས་མར་མེ་གཉིས་པ་བྱུང་བ་དང་། མེ་ལོང་ལ་བྱད་བཞིན་གྱི་གཟུགས་བརྙན་འཆར་བ་དང་། ལྷ་སྐུ་སོགས་ཀྱི་པར་གྱི་རྒྱ་ལས་དེ་འདྲའི་འབུར་རམ་རིང་མོ་འབྱུང་བ་དང་། མེ་ཤེལ་ལས་མེ་འབྱུང་བ་དང་། ས་བོན་ལས་མྱུ་གུ་འབྱུང་བ་དང་། ཤིང་ཏོག་སོགས་ཁ་ཟས་སྐྱུར་མོ་མཐོང་བ་ལས་འགྲམ་ཆུ་ལྡང་བ་དང་། སྒྲ་གྲགས་པ་ལས་བྲག་ཅ་འབྱུང་བ་རྣམས་ལའང་སྔར་བཤད་པའི་རིགས་པ་སྦྱར་བར་བྱ་སྟེ། དེ་དག་ཀྱང་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའི་དཔེ་ལྟར། སྐྱེ་བ་སྔ་མ་དང་རྣམ་ཤེས་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་ཚུལ་ཤེས་པར་བྱའོ། །དཔེ་འདི་དག་ཀྱང་མདོ་ལས་གསལ་བར་བཤད་པའི་དོན་བདག་གིས་ཅུང་ཟད་རྒྱས་པར་གཞན་དུ་བཤད་ཟིན་པས། འདིར་མང་དུ་དོགས་ནས་མ་བྲིས་སོ། །གཞན་ཡང་། འཆི་འཕོ་ཐ་སྙད་དུ་ཡོད་ཀྱང་། མདོ་ལས། རྒྱལ་བོ་ཆེན་པོ། དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ཡང་མེད་ལ། འཆི་འཕོ་བ་དང་སྐྱེ་བ་ཡོད་པར་མངོན་ས་ཡང་ཡོད་དེ། རྒྱལ་བོ་ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགགས་པ་དེ་ནི་འཆི་འཕོ་བ་ཞེས་བྱ་ལ། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་འགགས་པའི་ཚེ་ཡང་གང་དུའང་མི་འགྲོ་ལ། རྣམ་པར་ཤེས་པ་སྐྱེ་བའི་ཆར་གཏོགས་པ་བྱུང་བའི་ཚེ་གང་ནས་ཀྱང་འོང་བ་མེད་དོ། །ཞེས་པ་དང་། གོང་དུ་དྲངས་པ་ལྟར། ཕུང་བོ་ཉིང་འཚམས་སྦྱོར་བ་ཡང་། མི་འཕོ་བ་ཡང་མཁས་རྟོགས་བྱ། ཞེས་པ་འདི་དག་གིས་དོན་དམ་པར་འཆི་འཕོ་མི་བྱེད་ཀྱང་། ཐ་སྙད་དུ་བྱེད་པར་བསྟན་པ་ཡིན་ཏེ། དེ་ཡང་རྣམ་ཤེས་སམ་སྐྱེ་བ་སྔ་མའི་ངོ་བོ་རྣམ་པར་མ་འགྱུར་བར་ཕྱི་མའི་བདག་ཉིད་དུ་མི་འཕོ་ལ། ཕྱི་མ་དེ་སྔ་མ་ལ་མ་བལྟོས་པར་གཞན་ཞིག་ནས་ཚུར་རང་ངོས་ནས་འོང་བ་མེད་ཀྱང་། ཐ་སྙད་ཙམ་དུ་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའི་འཆི་འཕོ་བྱེད་པར་བཤད་པའི་ཕྱིར་རོ། །དེ་ལྟར་ཤེས་ན་ནི་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བར་འགྱུར་ཏེ། གཞན་དུ་ན་བདེན་གྲུབ་ཏུ་ཞེན་ན་ནི་རྟག་མཐར་ལྟུང་ལ། གཏན་མེད་པར་འཛིན་ན་ནི་ཆད་མཐར་ལྟུང་བར་འགྱུར་བའི་ཕྱིར་རོ། །འཆི་འཕོ་ཐ་སྙད་དུ་ཡོད་ཅིང་རང་བཞིན་གྱིས་མེད་པས་མཐའ་གཉིས་དང་བྲལ་བ་ལྟར་འདུས་བྱས་ཐམས་ཅད་ཀྱི་སྐྱེ་བ་དང་འགགས་པ་ཡང་དེ་བཞིན་ཡིན་ཏེ། རྒྱ་ཆེར་རོལ་བ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ཕྱིར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་དང་། རྒྱ་ལས་རྒྱ་ཡིི་འབུར་ནི་སྣང་མོད་ཀྱི། །རྒྱ་དེ་འཕོས་པར་དམིགས་པའང་ཡོད་མ་ཡིན། །དེ་ལ་དེ་མེད་གཞན་ལའང་མ་ཡིན་ཏེ། །དེ་ལྟར་འདུས་བྱས་རྟག་མེད་ཆད་པ་མེད། །ཅེས་གསུངས་ཤིང་། ལུང་དང་པོའི་དོན་ནི་རྩ་བ་ཤེས་རབ་ཀྱིི་རྣམ་བཤད་ལས་རྗེས་འདིས་ནི་ས་བོན་ཉིད་མྱུ་གུ་ཕར་འཕོ་ཞིང་འགྲོ་བ་དང་། མྱུ་གུ་ས་བོན་ལས་གཞན་ཞིག་ནས་ཚུར་འོང་བ་བཀག་སྟེ། ཞེས་དང་། གཉིས་པའི་དོན་ནི་རྒྱ་ལས་རྒྱའི་འབུར་གྱི་རྣམ་པ་རྒྱས་བཏབ་པའི་གཞི་ལ་སྣང་བ་ན་རྒྱ་དེ་དེར་འཕོ་ཞིང་འགྲོ་བ་དང་། རྒྱ་ལས་གཞན་ནས་ཀྱང་དེ་འོངས་པ་མིན་པ་དཔེར་བྱས་ནས། འདུས་བྱས་ཐམས་ཅད་ཀྱང་འབྲས་བུ་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་བ་དང་རྒྱུ་འགགས་པའི་ཚེ་གང་དུ་ཡང་མི་འགྲོ་བར་རྟག་ཆད་དང་བྲལ་བར་གསུངས་སོ། །ཞེས་བཤད་པ་ལྟར་རོ། །དེས་ན། འཇིག་རྟེན་རྨོངས་པ་དག་གི་བསམ་ཚོད་དང་། དངོས་སྨྲ་བ་རྣམས་ཀྱི་འདོད་པ་ཁོ་ན་ལྟར་མི་ཞེན་པར། དབུ་མའི་ལུགས་ཀྱི་འཆི་འཕོ་བྱེད་ཚུལ་སོགས་འདུས་བྱས་རྣམས་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བར་ཤེས་པ་ལ་འབད་པར་བྱའོ།། །།གཉིས་པ་ཞར་བྱུང་ནི། བླ་མེད་ཀྱི་ལུགས་ལ་བདེན་འཛིན་གྱི་མ་རིག་པས་འཁོར་བའི་རྩ་བ་བྱས་ཏེ། ཤིན་དུ་ཕྲ་བའི་རླུང་སེམས་ཙམ་ལ་བརྟེན་ནས་བཏགས་པའི་ང་ཉིད་ཀྱི་སྟེང་དུ་ལས་ཀྱི་བག་ཆགས་བསྒོས་ནས་ཕྱི་མར་སྐྱེ་གནས་རྣམས་སུ་ཉིང་འཚམས་སྦྱོར་བར་འགྱུར་བ་ཡིན་ཏེ། དགོངས་པ་ལུང་སྟོན་ལས། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བཏགས་འདི་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །རླུང་ལས་སླར་ཡང་འགག་པ་ཡིན། །མ་རྟོགས་པ་ཡི་སེམས་དེ་ནི། །འཁོར་བའི་རྒྱ་མཚོར་གནས་གྱུར་ཀྱང་། །དེ་ནི་ཕྱིན་ཅི་ལོག་སོང་བས། ཁྱི་དང་ཅེ་སྤྱང་གླང་བོ་དང་། །སེམས་དེ་རྟར་ཡང་འགྲོར་བར་འགྱུར། །ཞེས་དང་། རྡོ་རྗེ་འཕྲེང་བ་ལས་ཀྱང་། སྐྱེ་དང་གནས་དང་འཇིག་པ་དང་། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྲིད་འཇིག་རྟེན་གྱིས་བཏགས་པས། །སེམས་ཀྱི་རླུང་གི་རྣམ་འཕྲུལ་ལོ། །ཞེས་པའི་ཚུལ་གྱིས་སྐྱེ་བ་ལེན་པའོ། །ཞེས་པ་ནི་མཚོན་ཙམ་སྟེ། ཆེས་ཟབ་ཅིང་གསང་བའི་གནས་ཡིན་པས་འདིར་གསལ་བར་མི་འཆད་དོ། །སྨྲས་པ། རྒྱལ་བའི་གསུང་རབ་མཛོད་ཀྱི་གཅེས་པའི་ནོར། །བདེན་བཞི་རྟེན་འབྲེལ་འཆི་འཕོ་བྱེད་པའི་ཚུལ། །ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་བཞིན། །མདོར་བསྡུས་མ་ནོར་གོ་སླའི་ངག་གིས་བཤད། །ཅེས་པ་འདིའང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་བྲིས་པའོ།། །།དགེའོ།། །།

དུས་ཚིགས་ཀྱི་རྣམ་གཞག་ལེགས་པར་བཤད་པའི་ཕྲེང་བ།

དུས་ཚིགས་ཀྱི་རྣམ་གཞག་ལེགས་པར་བཤད་པའི་ཕྲེང་བ་ཞེས་བྱ་བ་བཞུགས།

ན་མོ་ཤྲཱི་མཛྙུ་གྷོ་ཥཱ་ཡ། དུས་གསུམ་ཇི་སྙེད་ཤེས་བྱའི་ཆོས་རྣམས་དང་། །སྣོད་བཅུད་ཀུན་གྱི་གནས་ཚུལ་ཇི་ལྟ་བར། །མངོན་སུམ་གཟིགས་ནས་སྟོན་མཛད་སྐྱབས་ཀྱི་ཕུལ། །ཐུབ་དབང་དུས་ཀྱི་འཁོར་ལོའི་ཞབས་ལ་འདུད། །རྒྱལ་བས་ལོ་ཟླ་ཞག་གསུམ་ལས་བརྩམས་ཏེ། །ཆོས་ཚུལ་ཇི་སྙེད་གསུངས་པ་ཐམས་ཅད་ཀྱང་། །དུས་ཚིགས་རྣམ་པར་གཞག་པའི་རིམ་པ་ལས། །མ་འདས་འདིར་ནི་དེ་ཡི་རྣམ་གཞག་བཤད། །དེ་ཡང་གསུང་རབ་དགོངས་འགྲེལ་དུ་མ་ལས་དུས་ཚིགས་ཀྱི་རྣམ་གཞག་བཤད་ཀྱང་འདིའི་སྐོར་ལ་ལུང་ལས་བསྟན་ཚུལ་དང་། གྲུབ་མཐའི་ཁྱད་པར་དང་། མཁས་པ་སྔ་ཕྱི་དུ་མའི་བཞེད་པ་མི་འདྲ་བ་མང་དུ་སྣང་ངོ་། །འདིར་དེ་དག་ལ་དགག་སྒྲུབ་བཏང་སྙོམས་སུ་བྱས་ཏེ། འདུལ་མངོན་ཁོ་ན་གཙོ་བོར་མི་བྱེད་པར་རང་ལུགས་ཀྱི་རྣམ་གཞག་རྒྱས་བསྡུས་འཚམ་པ་ཞིག་བཤད་པར་བྱའོ། །འདི་ལ་བདུན། ལོ་ཟླ་ཞག་གསུམ་ཇི་ལྟར་འགྲུབ་པའི་ཚུལ། ལོ་ཟླ་ཞག་གསུམ་གྱི་རྣམ་གཞག །ཡོལ་དུས་ཚིགས་ཀྱི་རྣམ་གཞག །དུས་ཚིགས་ལ་བརྟེན་ནས་ལོ་འགོ་འཛིན་ཚུལ། གསོ་སྦྱོང་དབྱར་གནས་སོགས་འབྱུང་བའི་དུས། དེ་དག་ལས་འཕྲོས་པའི་དོན། མཁས་པར་བྱས་པའི་དགོས་པའོ། །དང་པོ་ནི། སྤྱིར་དུས་མཐའི་སྐད་ཅིག་མ་གཅིག་ནི་དུས་ཀྱི་ཐུང་མཐའ་ཡིན་ཞིང་། དེའི་ཡུན་ནི། འདུལ་བ་དང་ལུང་གི་མངོན་པ་ལྟར་ན་སེ་གོལ་གཅིག་ཏོག་པའི་ཡུན་ཚད་ལ་ཆ་དྲུག་ཅུ་རྩ་བཞིར་བྱས་པའི་ཆ་རེ་རེ་དུས་མཐའི་སྐད་ཅིག་མ་རེ་རེ་ཡིན་པར་འདོད་ལ། རིགས་པའི་མངོན་པ་བས་ནི་རྣམ་འགྲེལ་ལས། རྡུལ་གཅིག་བགྲེ་དུས་ཆུང་བ་ཡི། །མཐར་ཐུག་དུས་ཀྱང་སྐད་ཅིག་འདོད། །ཅེས་གསུངས་པ་ལྟར། རྡུལ་ཕྲ་རབ་གཅིག་གོས་གཅིག་ནས་གཅིག་ཏུ་འགྲེ་བའི་ཡུན་ཚད་ལ་དུས་མཐའི་སྐད་ཅིག་མར་འདོད་དོ། །དེ་ལྟ་བུའི་དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག །དེ་དྲུག་ཅུ་ལ་ཐང་གཅིག །དེ་སུམ་ཅུ་ལ་ཡུད་ཙམ་གཅིག །དེ་སུམ་ཅུ་ལ་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག དེ་བཅུ་གཉིས་སོང་བ་ལ་ལོར་འཇོག་པ་ཡིན་ཏེ། མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུ་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཞེས་གསུངས་པའི་ཕྱིར་རོ། །དུས་འཁོར་བལྟར་ན། སྐྱེས་བུའི་དབུགས་ཕྱི་ནང་དུ་རྒྱུ་བའི་ཁུག་པ་གཅིག་ལ་དབུས་གཅིག་ཏུ་བྱས་པ་དྲུག་ལ་ཆུ་སྲང་གཅིག །ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག །ཆུ་ཚོད་ང་དགུ་རྗེས་འབྲང་དང་བཅས་པ་ལ་ཚེས་ཞག་གཅིག་དང་། ཆུ་ཚོད་དྲུག་ཅུ་ལ་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་དང་། ཟླ་བ་བཅུ་གཉིས་ལ་ལོར་འཇོག་པ་ཡིན་ཞིང་། ཉིན་ཞག་གཅིག་ལ་ནི་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུའོ། །གཉིས་པ་ལ་གསུམ། ཞག་གི་ཁྱད་པར། ཟླ་བའི་ཁྱད་པར། ལོའི་ཁྱད་པར་རོ། །དང་པོ། ཞག་ལ་གསུམ་སྟེ། ཚེས་ཞག་དང་། ཉིན་ཞག་དང་། ཁྱིམ་ཞག་གོ །འདི་དག་གི་འཇོག་ཚུལ་ནི་བཻ་དཀར་ལས། ཐོག་མར་སོ་སོའི་ངོས་འཛིན་ནི། །ཟླ་བའི་འཕེལ་འགྲིབ་བཅོ་ལྔ་ཆའི། །ཆ་རེ་རྫོགས་ཚེ་ཚེས་ཞག་ཡིན། །ནམ་ལངས་ལག་རིས་མཐོང་བ་ནས། །རྗེས་མའི་ལག་རིས་མཐོང་བའི་བར། །ཉིན་གྱི་ཞག་པོ་ཕྲུགས་གཅིག་ཡིན། །ཉི་མས་ཁྱིམ་གཅིག་སྤྱོད་པའི་ཡུན། །སུམ་ཅུར་ཕྱེ་བ་ཁྱིམ་ཞག་བརྗོད། །ཅེས་གསུངས་པ་ལྟར་གསུམ་གྱི་དང་པོ་ཚེས་ཞག་ནི་ཟླ་བ་འཕེལ་འགྲིབ་ཀྱི་སྒོ་ནས་འཇོག་སྟེ། དེ་ཡང་ཟླ་བའི་ཡར་ངོ་ལ་འཕེལ་བའི་ཆ་བཅོ་ལྔ་དང་མར་ངོ་ལ་འགྲིབ་པའི་ཆ་བཅོ་ལྔ་ཡོད་པའི་ཆ་རེའི་ཡུན་ལ་ཚེས་ཞག་རེར་འཇོག་པའི་ཕྱིར་ཏེ། ཟླ་བའི་རྒྱར་དཔག་ཚད་ལྔ་བཅུ་ཡོད་ཅིང་། དཔག་ཚད་གསུམ་དང་སུམ་ཆ་རེ་འཕེལ་གྲིབ་བྱེད་པའི་ཡུན་ཚད་ལ་ཆུ་ཚོད་ང་དགུ་དང་ཆུ་སྲང་གསུམ་དབུགས་བཞི་ཆ་ཤས་བཅུ་དྲུག་ཙམ་རེ་ཡོད་པས་དེ་ལ་ཚེས་ཞག་རེའི་ཐ་སྙད་བྱེད་པའི་ཕྱིར་རོ། །གཉིས་པ་ཉིན་ཞག་ནི། ཉི་མས་གླིང་ལ་བྱ་བ་བྱེད་པའི་སྒོ་ནས་བཞག་པ་ཡིན་ལ། དེ་ཡང་བཻ་དཀར་ལྟར་མཁས་པ་ཁ་ཅིག་ནི། ནམ་ལངས་ལག་པའི་རི་མོ་མཐོང་བ་ནས་ཕྱི་མའི་ལག་རིས་མཐོང་ཁ་མའི་བར་བཞེད་ལ། འདུལ་མངོན་གྱི་གཞུང་འགའ་ཞིག་ལས། ནམ་ལངས་ནས་ནམ་ལངས་ཀྱི་བར་བཞེད་པ་ཕལ་ཆེར་ནི་སྔ་མ་དང་འདྲ་བར་སེམས་ཤིང་། འདུལ་མངོན་གྱི་གཞུང་ལ་ལར་ཞག་སྔོན་མའི་སྐྱ་རེངས་ཤར་བ་ནས་བྱི་མའི་སྐྱ་རེངས་མ་ཤར་ཙམ་གྱི་བར་ལ་འཇོག་པར་སྣང་སྟེ། སྐྱ་རེངས་ཡང་དང་པོ་ཤར་བ་དང་ཐ་མ་ཤར་བ་ལ་བཞེད་པའི་ཚུལ་གཉིས་སྣང་ངོ་། །གང་ལྟར་ཡང་ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུའམ་ཡུད་ཙམ་སུམ་ཅུ་རེ་ལྷག་ཆད་མེད་པར་འོང་བས། ཉིན་ཞག་གི་ཐོག་མ་སྐྱ་རེངས་དང་པོ་ཤར་བ་ལ་འདོད་ན་ནི་ཉིན་མཚན་གྱི་རིང་ཐུང་མཉམ་པ་ཞིག་ཅི་ལྟ་བ་བཞིན་འཇོག་དཀའ་བའི་གནོད་བྱེད་ཡོད་སྙམ་སྟེ། དེ་ལྟར་ན་སྐྱ་རེངས་དང་པོའི་དུས་དེ་མཚན་དུས་སུ་ཁས་བླང་དུ་མི་རུང་བས་ཉིན་དུས་སུ་ཁས་བླང་དགོས་ཤིང་། དེ་ལེན་ན་ཉི་མ་ནུབ་ནས་མཚན་མོ་འབྱུང་བར་ནི་ཐམས་ཅད་ཀྱིས་འདོད་པས། སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་ལྟ་བུའི་མཚན་དུས་དེ་ཉིན་དུས་ལས་ཤིན་ཏུ་ཐུང་བར་ཁས་ལེན་དགོས་པར་འགྱུར་བའི་ཕྱིར་རོ། །འོན་ཀྱང་འདི་བཞེད་མཁན་མང་བས་བརྟག་པར་བྱ་བའི་གནས་སོ། །མཐའ་གཅིག་ཏུ་དགག་མི་ནུས་ཏེ། འབྲལ་སྤང་གི་སྐབས་ལྟར་ན་དོགས་གཞི་ཤིན་ཏུ་ཆེ་བའི་ཕྱིར་ཏེ། ཁ་ཅིག་འབྲལ་སྤང་འབྱུང་བའི་དུས་ཀྱི་ཐོག་མ་དང་། སྤྱིར་ཉིན་མཚན་གྱི་ཐོག་མའི་དུས་གཉིས་འདྲ་བར་འདོད་ཅིང་། ཁ་ཅིག་དེ་གཉིས་མི་འདྲ་བར་འདོད་པའི་ཚུལ་གཉིས་ཡོད་པའི་ཕྱིར་རོ། །ཡང་སྐྱ་རེངས་ཤར་ནས་འོད་དམར་གྱི་བར་ཉིན་མོ་དང་། དེ་ནས་མཚན་མོའི་མཐའི་སྐད་ཅིག་མའི་བར་མཚན་མོར་འཇོག་པར་སྣང་ཡང་། གཞུང་གཞན་དུ་བསྙེན་གནས་དང་སྨྱུང་གནས་གཉིས་ཉིན་ཞག་གི་ཐོག་མའི་ནངས་པར་ལེན་དགོས་པར་བཤད་པའི་རིགས་པ་དང་། ཁྱད་པར་དུ་མཁས་གྲུབ་ནོར་བཟང་རྒྱ་མཚོས་དུས་བཞི་གཡས་སྐོར་གསལ་བའི་སྒྲོན་མེ་ལས། ཉིན་ཚད་ནི་ནམ་ལངས་ལག་རིས་མཐོང་བ་ནས་ཕྱི་དྲོའི་མཐའི་ལག་རིས་མཐོང་བའི་བར་ལ་བཤད་པས་མཚན་མོ་ཡང་དེར་ཤེས་ཤིང་། བཻ་དཀར་གྱི་བཞེད་པ་ཡང་དེ་དང་འདྲ་བས་དེ་ལྟར་བྱས་ན་ལེགས་སྙམ་མོ། །གསུམ་པ་ཁྱིམ་ཞག་ནི། ཉི་མས་རྒྱུ་སྐར་ཉེར་བདུན་ལ་རང་འགྲོས་ཀྱི་ཚུལ་གྱིས་ལོངས་སྤྱོད་པའི་ཆ་ལ་ཁྱིམ་བཅུ་གཉིས་ཡོད་ཅིང་། ཁྱིམ་རེ་རེ་ལའང་ཆ་སུམ་ཅུ་རེ་ཡོད་པའི་ཆ་རེའི་ཡུན་ཚད་ལ་ཁྱིམ་ཞག་རེར་འཇོག་གོ ཁྱིམ་ཞག་རེ་རེའི་ཡུན་ཚད་ལ་ནི། ཆུ་ཚོད་དྲུག་ཅུ་དང་ཆུ་སྲང་ང་གཉིས་དབུགས་བཞི་ཆ་ཤས་བརྒྱ་རེ་བརྒྱད་བཅས་འབྱུང་ལ། ལྷག་མ་ནི་འཆད་པར་འགྱུར་རོ། །ཞག་གསུམ་པོ་དེ་ལ་དངོས་བརྟགས་ཀྱི་ཁྱད་པར་ཡོད་དམ་ཞེ་ན། མཁས་པ་ཁ་ཅིག་ཞག་གསུམ་ཀ་ཞག་མཚན་ཉིད་པར་བཞེད་ལ། ཁ་ཅིག་ཞག་ལ་ཉིན་ཞག་དབང་བཙན་པས། ཉིན་ཞག་མ་གཏོགས་གཞན་གཉིས་ཞག་བཏགས་པ་བར་འདོད་དོ། །ཞག་ཞེས་པ་ནི་མཚན་མོ་ཁོ་ན་ལ་མི་བཟུང་སྟེ། ཆེས་ཞག་ནི་ཉིན་མཚན་གཉིས་ཀ་ལ་འོང་ཞིང་། ཉིན་ཞག་ཅེས་པ་ཡང་ཉིན་མཚན་བསྡོམས་པ་ལ་བྱེད་ཀྱི། མཚན་ཁོ་ན་ལ་མི་བྱེད་པའི་ཕྱིར་དང་། ཁྱིམ་ཞག་གི་ཆ་ཡང་ཉིན་མཚན་གཉིས་ཀ་ལ་འོང་བའི་ཕྱིར་རོ། །གཉིས་པ་ཟླ་བ་ལ་གསུམ་སྟེ། ཚེས་ཟླ། ཉིན་ཞག་གི་ཟླ་བ། ཁྱིམ་ཟླའོ། །འདི་གསུམ་ལའང་རང་རང་གི་ཞག་སུམ་ཅུ་རེ་ལོངས་པ་ན་རང་རང་གི་ཟླ་བ་རེར་འཇོག་ལ། དེ་ཡང་ཚེས་ཟླ་ལས་ཉིན་ཞག་གི་ཟླ་བ་རིང་ལ་དེ་ལས་ཀྱང་ཁྱིམ་ཟླ་རིང་ངོ་། །ཡང་ཟླ་བ་དེ་ལ་ཉི་སྐར་གྱི་དབང་དུ་བྱས་ན་མགོ་ཟླ་བ་སོགས་བཅུ་གཉིས་དང་། བདག་པོའི་དབང་དུ་བྱས་ན་སྟག་གི་ཟླ་བ་སོགས་བཅུ་གཉིས་དང་། དུས་ཀྱི་དབང་དུ་བྱས་ན་དགུན་ཟླ་དང་པོ་སོགས་བཅུ་གཉིས་སམ་དབྱེ་བ་གཞན་ཡང་ཡོད་དོ། ཁྱིམ་གྱི་དབང་དུ་བྱས་ན་ཁྱིམ་ཟླ་བཅུ་གཉིས་ཡོད་དེ། གཞུ་དང་ཆུ་སྲིན་བུམ་པ་ཉ། ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་པ། །ཞེས་འབྱུང་བ་ལྟར་ཡོད་པའི་ཕྱིར་རོ། །གཞུ་ཆུ་སྲིན་བུམ་པ་གསུམ་དགུན་དུས་ཀྱི་ཁྱིམ་རབ་འབྲིང་ཐ་གསུམ། དེ་བཞིན་དུ་ཉ་ལུག་གླང་གསུམ་དཔྱིད་དུས་ཀྱི། །འཁྲིག་པ་ཀརྐ་ཊ་སེངྒེ་གསུམ་དབྱར་དུས་ཀྱི། བུ་མོ་སྲང་སྡིག་པའི་ཁྱིམ་གསུམ་སྟོན་དུས་ཀྱི་ཁྱིམ་མོ། །དེ་ཡང་གླིང་འདིའི་དབང་དུ་བྱས་ཀྱི། གཞན་དུ་ན་གཞུ་ཁྱིམ་ཉིད་ཤར་དུ་དཔྱིད་དུས་ཀྱི་ཁྱིམ་དུ་འགྱུར་བ་སོགས་ཡོད་དོ། །ཡུན་ཚད་ནི། ཉི་མས་རྒྱུ་སྐར་ཉེར་བདུན་གྱི་ནང་ནས་རྒྱུ་སྐར་གཉིས་དང་གཅིག་གི་རྐང་པའི་བཞི་ཆ་རེ་ལ་རང་འགྲོས་ཀྱི་ཚུལ་གྱིས་ལོངས་སྤྱོད་པའི་ཡུན་ཚད་རེ་ལ་ཁྱིམ་ཟླའམ་ཁྱིམ་རེ་རེར་འཇོག་སྟེ། ཇི་སྐད་དུ། སྣུབས་སྐར་ནས་བཟུང་ཆུ་སྨད་བཞི་ཆ་གཞུ། །ཆུ་སྨད་བཞི་ཆ་མོན་ཕྱེད་ཆུ་སྲིན་ཁྱིམ། །མོན་ཕྱེད་ནས་ནི་ཁྲུམས་སྟོད་ཞི་གསུམ་བུམ། །ཁྲུམས་སྟོད་བཞི་ཆ་ནམ་གྲུ་རྫོགས་པ་ཉ། །ཐ་སྐར་ནས་བཟུང་སྨིན་དྲུག་བཞི་ཆ་ལུག །མགོ་ཕྱེད་གླང་དང་ནམ་སོའི་བཞི་གསུམ་འཁྲིག །སྐག་རྫོགས་ཀརྚ་དབོ་ཡི་བཞི་ཆ་སེང་། ནག་ཕྱེད་བུ་མོ་ས་གྷའི་བཞི་གསུམ་སྲང་། །ས་གའི་བཞི་ཆ་སྣྲོན་རྫོགས་སྡིག་པའི་ཁྱིམ། །ཞེས་འབྱུང་བ་ལྟར་རོ། །དེ་ཡང་ཉི་མ་དགུན་ཟླ་ར་བ་གཞུ་ཁྱིམ་ན་གནས་པའི་དུས་སུ་སྐར་མ་སྣུབས་དང་ཆུ་སྟོད་གཉིས་དང་ཆུ་སྨད་ཀྱི་བཞི་ཆ་ལ་ལོངས་སྤྱོད་པ་ཡིན་ཞིང་། ཉི་མ་དཔྱིད་འབྲིང་ལུག་ཁྱིམ་དུ་གནས་པའི་ཚེ་དབྱུག་པ་བྲ་ཉེ་གཉིས་དང་སྨིན་དྲུག་གི་བཞི་ཆ་དང་། ཉི་མ་སྟོན་ཟླ་ཐ་ཆུང་སྡིག་པའི་ཁྱིམ་ན་གནས་པའི་ཚེ་ས་གའི་བཞི་ཆ་ལྷ་མཚམས་སྣྲོན་གསུམ་ལ་གཡོན་སྐོར་གྱི་ཚུལ་གྱིས་རང་འགྲོས་སུ་སྤྱོད་པ་སྟེ། གཞན་ལའང་རིགས་པ་སྦྱོར། དེ་ལྟར་ཁྱིམ་བཅུ་གཉིས་པོ་རེ་རེ་ལ་རྒྱུ་སྐར་གཉིས་གཉིས་དང་གཅིག་གི་རྐང་བའི་བཞི་ཆ་རེ་ཡོད་ཅིང་རྒྱུ་སྐར་རེ་རེ་ལ་རྐང་བ་བཞི་བཞི་ཡོད་པས་རྒྱུ་སྐར་གཉིས་དང་བཞི་ཆའི་རྐང་བའི་ཁྱོན་བསྡོམས་ན་ཁྱིམ་རེ་རེར་རྒྱུ་སྐར་གྱི་རྐང་བ་དགུ་རེ་ཐོབ་ལ། རྐང་བ་རེར་ཡུལ་གྱི་ཆུ་ཚོད་བཅོ་ལྔ་རེའི་ཡུན་ཚད་ཡོད་དོ། །བཅོ་ལྔ་བ་དགུ་ཕྲག་གཅིག་ལ་སོ་སོར་ཕྱེ་ན་ཆུ་ཚོད་བརྒྱ་དང་སུམ་ཅུ་རྩ་ལྔ་འབྱུང་བ་ནི། རྩིས་ཀྱི་རི་མོ་ནས་འབྱུང་བའི་མདའ་ཡོན་ཟླ་བའི་གོ་དོན་ནོ། །གཞན་ཡངས་རིས་ཀྱི་ཟླ་དག་གནས་གཉིས་སུ་བྱས་པའི་ཐོག་མ་ནི་འདས་པའི་ལོ་རྣམས་ཀྱི་ཁྱིམ་ཟླའི་གྲངས་ཡིན་ལ། འོག་མ་བསྒྱུར་ནས་ཐོབ་ནོར་སྟེར་མར་བསྲེས་པ་ནི་ཚེས་ཟླའི་གྲངས་ཡིན་ཞིང་། ཐོབ་ནོར་ནི་དེའི་བར་གྱི་ཟླ་ལྷག་གི་གྲངས་ཡིན་ཏེ་ཚེས་ཟླའོ། །འོག་མའི་འགོ་བྱེད་རེ་ལྔས་བྱེད་པ་ནི་ལོ་གཉིས་དང་ཟླ་བ་ཕྱེད་དང་དགུ་ནས་ཟླ་ལྷག་རེ་འབྱུང་བ་དེ་འདོན་པའི་ཆེད་དུ་བྱ་སླ་བའི་དབང་དུ་བྱས་པ་ཡིན་ཏེ། ལོ་གཉིས་ལ་ཟླ་བ་བཅུ་བཞི་ཡོད་ཅིང་དེའི་སྟེང་དུ་ཟླ་བ་ཕྱེད་དང་དགུ་བསྣན་ཏེ་བསྡོམས་པས་ཟླ་བ་སོ་གཉིས་དང་ཕྱེད་འབྱུང་ཡང་ཕྱེད་དེ་ལ་བྱེད་མ་བདེ་བས་བདེ་བའི་ཕྱིར་དུ་གཉིས་ཀྱིས་བསྒྱུར་ཏེ་མདའ་རོར་བྱས་པ་སྟེ་ཞར་བྱུང་ངོ་། །ཟླ་བ་གསུམ་ལས་གང་གཙོ་ཞེ་ན། ཁ་ཅིག་ཟླ་བ་གསུམ་པོ་དེ་ལ་གཙོ་ཕལ་ལམ། དངོས་བཏགས་ཀྱི་དབྱེ་བ་མི་མཛད་ལ། །མཁས་པ་མང་པོས་ཟླ་བ་ལ་ཚེས་ཟླ་གཙོ་ཆེ་བས་གཞན་གཉིས་ཟླ་བ་བཏགས་པ་བར་བཞེད་དོ། །གཙོ་ཆེ་ལུགས་ནི། ས་རིས་ཀྱི་ཆད་ལྷག་འདོན་པ་ཚེས་ཞག་དང་ཚེས་ཟླའི་དབང་དུ་བྱས་ལ། འདུལ་མངོན་གྱི་གསོ་སྦྱོང་ཞག་མི་ཐུབ་བྱེད་པ་ཡང་དེའི་དབང་དང་། རྒྱ་རྩིས་ཀྱི་གནམ་གང་ཆད་པ་ཡང་ཚེས་ཟླ་དབང་བཙན་པའི་སྒོ་ནས་འཇོག་གི་གཞན་གྱི་དབང་མིན་པས་སོ། །ཚེས་ཟླ་གཙོ་མི་ཆེ་ན་ཉིན་ཞག་ཆད་དོན་མེད་པས་གནམ་གང་ཡང་ཆད་དོན་མེད་དོ། །དེའི་ཕྱིར་ཚེས་ཞག་སུམ་ཅུ་ལོངས་པའི་ཚེ་ཉིན་ཞག་དང་ཁྱིམ་ཞག་མ་རྫོགས་ཀྱང་ཟླ་བ་རེ་རེར་འཇོག་པ་ནི་ཚེས་ཟླ་རྫོགས་པའི་དབང་ཡིན་པར་ཤེས་པར་བྱའོ། །གསུམ་པ་ལོའི་རྣམ་གཞག་བཤད་པ་ལ་གསུམ། ལོའི་དབྱེ་བ་དང་། དེ་ལ་འབྱུང་བའི་ཟླ་བ་དང་ལོའི་ཐ་སྙད། ཞར་ལ་སྐར་མའི་དབྱེ་བའོ། །དང་པོ་ལོ་ལ་གསུམ་སྟེ། ཚེས་ལོ། ཉིན་ཞག་གི་ལོ། ཁྱིམ་ལོའོ། །དེ་དག་ཀྱང་རང་རང་གི་ཟླ་བ་བཅུ་གཉིས་རེ་རྫོགས་པ་ནས་འཇོག་ལ། དེ་ཡང་ཚེས་ལོ་ཐུང་ཞིང་། ཉིན་ཞག་གི་ལོ་ནི་ཚེས་ལོ་ལས་ཞག་དྲུག་གིས་རིང་ལ། ཁྱིམ་ལོ་ནི་ཉིན་ཞག་གི་ལོ་ལས་ཀྱང་ཞག་ལྔ་ལྷག་ཙམ་གྱིས་རིང་ངོ་། །མདོར་ན་ཚེས་ཞག་སུམ་བརྒྱ་དྲུག་ཅུ་ལ་ཚེས་ལོ་གཅིག །ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ་ཉིན་ཞག་གི་ལོ་གཅིག ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ལ་ཁྱིམ་ལོ་གཅིག་ཏུ་འཇོག་ཅིང་། གཞན་ཡང་ཉི་མ་ལྷོ་བགྲོད་མཐར་ཐུག་ནས་སླར་ལྷོ་བགྲོད་མཐར་ཐུག་ཏུ་སླེབ་པའི་བར་ལ་ཁྱིམ་ལོ་གཅིག་ཏུ་འཇོག་གོ །འོ་ན་ད་ལྟའི་ལོ་བརྩི་ཚུལ་འདི་གང་གི་དབང་ཡིན་ཞེ་ན། འདི་ནི་ཚེས་ལོའི་དབང་དུ་བྱས་པ་ཡིན་ཏེ། འདི་ལ་གནམ་གང་དྲུག་ཆད་པས་ཉིན་ཞག་གི་ལོ་མིན་ཅིང་། ཁྱིམ་ལོ་ནི་དེ་ལས་ཀྱང་རིང་བའི་ཕྱིར་རོ། ཁྱིམ་ལོ་གཅིག་ལ་ཉིན་ཞག་གི་ལོ་གཅིག་དང་ཞག་ལྔ་ཡོད་དེ། དེ་ལ་ཉིན་ཞག་གསུམ་བརྒྱ་དང་རེ་ལྔ་ཡོད་པའི་ཕྱིར་ཏེ། ཁྱིམ་ལོ་གཅིག་ལ་ཁྱིམ་ཞག་སུམ་བརྒྱ་དང་དྲུག་ཅུ་ཡོད་ཅིང་། དེ་ལ་ཉིན་ཞག་སུམ་བརྒྱ་དང་རེ་ལྔ་འབྱུང་བའི་ཕྱིར་ཏེ། ཁྱིམ་ཞག་སུམ་བརྒྱ་དང་དྲུག་ཅུ་འདས་པའི་ཚེ། ཉིན་ཞག་ཀྱང་དེ་ཙམ་ཞིག་འདས་པར་མ་ཟད། དེའི་སྟེང་དུ་ཆུ་ཚོད་སུམ་བརྒྱ་ལྷག་ཙམ་སོང་བས་དེའི་ཡུན་ལ་ཉིན་ཞག་ལྔ་འབྱུང་བའི་ཕྱིར་ཏེ། ཁྱིམ་ཞག་རེ་རེ་ཉིན་ཞག་རེ་རེ་ལས་ཆུ་སྲང་ལྔ་བཅུ་རེས་ལྷག་ཅིང་། ཆུ་སྲང་ལྔ་བཅུ་པ་ཚན་པ་སུམ་བརྒྱ་དྲུག་ཅུ་བསྡོམས་པ་ལ་ཆུ་ཚོད་སུམ་བརྒྱ་འབྱུང་བའི་ཕྱིར་རོ། ཁྱིམ་ལོ་གཅིག་ལ་ཚེས་ལོ་གཅིག་དང་ཚེས་ཞག་བཅུ་གཅིག་རྗེས་འབྲང་དང་བཅས་པ་ཡོད་དེ། དེ་ལ་ཚེས་ཞག་སུམ་བརྒྱ་དང་དོན་གཅིག་རྗེས་འབྲང་དང་བཅས་པ་ཡོད་པའི་ཕྱིར་ཏེ། ཁྱིམ་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དང་རེ་ལྔ་ཡོད་ཅིང་། ཉིན་ཞག་དེ་ཙམ་ཞིག་འདས་པའི་ཚེ་ཚེས་ཞག་ཀྱང་དེ་ཙམ་ཞིག་འདས་པའི་རྟིང་ཆུ་ཚོད་སུམ་བརྒྱ་དང་རེ་ལྔ་ལྷག་པ་གང་ཞིག ཆུ་ཚོད་དེ་ཙམ་ཞིག་ལ་ཚེས་ཞག་དྲུག་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། རགས་རྩིས་ཉིན་ཞག་དེ་ཚེས་ཞག་ལས་ཆུ་ཚོད་རེས་ལྷག་པའི་ཕྱིར་རོ། །འདིར་གནད་བསྡུ་ན་རྒྱུ་སྐར་ཉི་མ་ཟླ་བ་གསུམ་ལས་རྒྱུ་སྐར་རྣམས་འགྲོས་མགྱོགས་ལ། དེ་ལས་ཉི་མ་ཅུང་བུལ་བས་རྒྱུ་སྐར་ལས་ཕྱིར་རིམ་གྱིས་ལུས་ཏེ་རྒྱུ་སྐར་ཐམས་ཅད་རྫོགས་པའི་ཚེ་ཁྱིམ་ལོ་གཅིག་རྫོགས་པ་ཡིན་ལ། ཉི་མ་ལས་ཀྱང་ཟླ་བ་འགྲོས་འགོར་བས་ཉིན་ཞག་རེ་ལ་ཟླ་བ་ཉི་མ་ལས་ཕྱིར་རིམ་གྱིས་ལུས་པའི་རྐྱེན་གྱིས་ཟླ་བའི་ཆ་ལ་སྔར་བཤད་པ་ལྟར་འཕེལ་འགྲིབ་བྱེད་པའི་ཆ་སུམ་བརྒྱ་དྲུག་རྫོགས་པ་ན་ཚེ་ལོ་གཅིག་རྫོགས་པ་ཡིན་ཏེ། ད་དུང་ཞིབ་པར་འཆད་ནུས་ཀྱང་མ་བཤད་དོ། །འོ་ན་ལོ་གསུམ་པོ་ལ་དངོས་བཏགས་ཀྱི་ཁྱད་པར་ཡོད་དམ་མེད་ཅེ་ན། འདི་ལ་མཁས་པ་ཁ་ཅིག་ལོ་ལ་ཁྱིམ་ལོ་དབང་བཙན་པས་ཁྱིམ་ལོ་དེ་ལོ་དངོས་ཡིན་གྱི་གཞན་གཉིས་ལ་བཏགས་པ་པའོ་ཞེས་འདོད་ལ། ཁ་ཅིག་དངོས་བཏགས་ཀྱི་ཁྱད་པར་མི་འབྱེད་པར་གསུམ་ག་ལོ་མཚན་ཉིད་པར་བཞེད་དོ། །གཉིས་པ་ནི་སྤྱིར་ལོ་གཅིག་ལ་ཟླ་བ་བཅུ་གཉིས་འབྱུང་སྟེ། བཅོ་ལྔ་ལ་སྐར་མ་གང་འཆར་བའི་ཉ་སྐར་དབང་དུ་བྱས་ན། མགོ་རྒྱལ་མཆུ་དབོ་ནག་པ་ས་ག་སྣྲོན་ཆུ་སྟོད་གྲོ་བཞིན་ཁྲུམས་ཐ་སྐར་སྨིན་དྲུག་གི་ཟླ་བ་སྟེ་བཅུ་གཉིས་པོ་འབྱུང་བར་ངེས་པའི་ཕྱིར། དེ་རྣམས་ཀྱང་ཟླ་བ་གང་དང་གང་ལ་ཉ་བའི་ཚུལ་ཡོད་དེ། ཧོར་ཟླ་བཅུ་གཅིག་པའི་བཅོ་ལྔ་ལ་མགོས་ཉ་བ་ནས་བཅུ་པའི་བཅོ་ལྔ་ལ་སྨིན་དྲུག་གིས་ཉ་བའི་བར་ཡིན་པའི་ཕྱིར། ཟླ་ལྷག་ཡོད་པའི་ཚེ་མ་དེར་ངེས་ཏེ། བཅུ་གཅིག་པའི་བཅོ་ལྔ་ལ་ལག་གིས་ཉ་བ་དང་། བཅུ་པའི་བཅོ་ལྔ་ལ་བྲ་ཉེས་ཉ་བའང་སྲིད་པའི་ཕྱིར་རོ། །ཉ་སྐར་གྱི་དབང་དུ་བྱས་ནས་ཟླ་བ་དེ་རྣམས་ལ་སྨིན་དྲུག་གི་ཟླ་བ་སོགས་ཀྱི་ཐ་སྙད་ཀྱང་བྱས་པ་ཡིན་ནོ། །རྒྱ་ནག་པ་ལྟར་ན། ལོ་གཅིག་ལ་བྱི་བའི་ཟླ་བ་གླང་སྟག་ཡོས་འབྲུག་སྦྲུལ་རྟ་ལུག་སྦྲེལ་བྱ་ཁྱི་ཕག་གི་ཟླ་བ་སྟེ་བཅུ་གཉིས་ཡོད་པར་འདོད་ཅིང་ལོ་ལའང་དེ་ལྟར་བཅུ་གཉིས་ཡོད་དོ། །བྱི་བའི་ལོ་ལ་ཤིང་མེ་ས་ལྕགས་ཆུ་ལྔ་ཡོད་པ་ལྟར། གཞན་རྣམས་ལའང་ལྔ་ལྔར་འབྱེད་པས་ལོ་རྒན་དྲུག་ཅུ་ཞེས་གྲགས་སོ། །ཕོ་མོའི་ཁྱད་པར་ནི། བྱི་སྟག་འབྲུག་རྟ་སྦྲེལ་ཁྱི་ཕོ། །གླང་ཡོས་སྦྲུལ་ལུག་བྱ་ཕག་མོ། །ཞེས་འབྱུང་བ་ལྟར་ཕོ་དྲུག་དང་མོ་དྲུག་གོ །རྒྱ་གར་པ་ལྟར་ན། བདེ་མཆོག་སྟོད་འགྲེལ་ལས། རབ་བྱུང་རྣམ་བྱུང་དཀར་བོ་དང་། །རབ་མྱོས་སྐྱེས་བདག་ཨཾ་གི་ར། །དཔལ་གདོང་དངོས་པོ་ན་ཚོད་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །མྱོས་ལྡན་དཔའ་བོ་ཁྱུ་མཆོག་དང་། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང་། །བོང་བུ་དགའ་བ་རྣམ་རྒྱལ་ཉིད། །རྒྱལ་བ་མྱོས་བྱེད་གདོང་ངན་དང་། །གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་། །ཀུན་ལྡན་འཕར་བ་དགེ་བྱེད་དང་། །མཛེས་བྱེད་ཁྲོ་བོ་སྣ་ཚོགས་དབྱིག །ཟིལ་ནོན་སྤྲེའུ་ཕུར་བུ་དང་། །ཞི་བ་ཐུན་མོང་འགལ་བྱེད་དང་། །ཡོངས་འཛིན་བག་མེད་ཀུན་དགའ་དང་། །སྲིན་པོ་མེ་དང་དམར་སེར་ཅན། །དུས་ཀྱི་ཕོ་ཉ་དོན་གྲུབ་དྲག །བློ་ངན་རྔ་ཆེན་ཁྲག་སྐྱུག་པ། །མི་དམར་ཁྲོ་བོ་ཟད་བྱེད་དེ། །ཞེས་གསུངས་པ་ལྟར་ཡོད་ཅིང་། དེ་རྣམས་ནི། མེ་ཡོས་ནས་མེ་སྟག་གི་བར་དང་དོན་གཅིག་གོ །གསུམ་པ་སྐར་མའི་དབྱེ་བ་ལ་གཉིས། རྒྱུ་སྐར་གྱི་དབྱེ་བ་དང་། སྐར་མ་སྤྱིའི་དབྱེ་བའོ། །དང་པོ་ནི། སྨིན་དྲུག་སྣར་མ་མགོ་དང་ལག །ནབས་སོ་རྒྱལ་སྐག་བདུན་པོ་ཤར། །མཆུ་དང་གྲེ་དབོ་མེ་བཞི་དང་། །ནག་པ་ས་རི་ས་ག་བྱང་། །ལྷ་མཚམས་སྣྲོན་སྣུབས་ཆུ་སྟོད་དང་། །ཆུ་སྨད་གྲོ་བཞིན་བྱི་བཞིན་ནུབ། །མོན་དྲ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་ཐ་སྐར་བྲ་ཉེ་ལྷོ། །ཞེས་འབྱུང་བ་ལྟར་ཉེར་བརྒྱད་ཡོད་ཀྱང་། བྱི་བཞིན་གྲོ་བཞིན་གཉིས་སྐར་ཁོང་གཅིག་ཏུ་འདུ་བས་ཉེར་བདུན་དུ་བྱས་སོ། །ཕྱོགས་བཞིའི་དབྱེ་བ་དེ་ལྟར་མཛད་པ་ནི་འཛམ་བུ་གླིང་འདིར་སྨིན་དྲུག་སྲོད་ལ་འཆར་བའི་ཚེ་རྒྱུ་སྐར་དེ་རྣམས་ཕྱོགས་དེ་དག་གནས་པ་དང་། ཕྱོགས་དེ་རྣམས་སུ་བྱ་བ་བྱེད་པ་ལ་སྒྱུ་སྐར་དེ་དག་བཟང་བའི་དབང་དུ་མཛད་པའོ། །གཉིས་པ་ལ། སྐར་མ་འདི་རྣམས་ནི་ལྷ་གནས་པའི་གཞལ་མེད་ཁང་ཡིན་ཞིང་། གྲངས་ནི། ཇི་སྐད་དུ། དུང་གཉིས་བྱེ་བརྒྱད་ས་ཡ་ལྔ། སྐར་མའི་གྲངས་སུ་ཤེས་པར་བྱ། །ཆེ་བ་རྒྱང་གྲགས་བཅོ་བརྒྱད་དང་། །ཆུང་བ་རྒྱང་གྲགས་བཞིའམ་གཅིག །ཞེས་གླིང་བཞི་གཅིག་གི་སྟེང་དུ་གནས་པའི་དབང་བྱས་ནས་དེ་ལྟར་བཤད་ལ། རྒྱང་གྲགས་ཀྱི་ཚད་ནི། མཛོད་ལས། སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་ནས། །སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་གསུངས་པ་ལྟར། རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག དེ་བཞིན་དུ་རྡུལ་ཕྲན་བདུན་འདུས་པ་ལ་ལྕགས་རྡུལ་གཅིག་འོང་བ་ནས། སོར་ཚིགས་ཀྱི་བར་བདུན་འགྱུར་ཏེ། ལྷག་མ་སོར་མོ་ཉེར་བཞི་ལ་ཁྲུ་གང་དུ་འཇོག་པ་སོགས་སླ་ཞིང་། འདུལ་བ་ལས་ནི་དྲུག་འགྱུར་དུ་བཤད་ཀྱང་དོན་འདྲའོ། །གསུམ་པ་ནི། འདུལ་མངོན་གྱི་ལུང་ལས་བཤད་པའི་དབང་དུ་བྱས་ན་དུས་ཚིགས་ལ་སྡེ་ཚན་བཞིར་དབྱེ་སྟེ། གསུམ་དང་བཞི་དང་ལྔ་དང་དྲུག་ཏུ་དབྱེ་རིགས་པའི་ཕྱིར། དང་པོ་ནི། དགུན་དང་དཔྱིད་དང་དབྱར་དུས་ཀྱི་ཟླ་བ་བཞི་བཞིའོ། །གཉིས་པ་ནི། དགུན་དཔྱིད་དབྱར་སྟོན་གསུམ་པོ་རེ་རེ་ལ་ར་འབྲིང་ཐ་གསུམ་གསུམ་མོ། །གསུམ་པ་ནི། དགུན་དུས་དང་དཔྱིད་དུས་ཀྱི་ཟླ་བ་བཞི་བཞི་སྟེ་བརྒྱད། དབྱར་ཙམ་གྱི་ཟླ་བ་གཅིག དབྱར་ཐུང་ངུ་ཞེས་པ་ཉིན་ཞག་གཅིག ཞག་གཅིག་མ་ལོངས་པའི་དབྱར་རིང་བོ་ལ་ཟླ་བ་གསུམ་མོ། །བཞི་བ་ནི། དགུན་སྟོད་དགུན་སྨད་དཔྱིད་སྟོད་དཔྱིད་སྨད་དབྱར་སྟོད་དབྱར་སྨད་དེ་དྲུག་པོ་རེ་རེ་ལ་ཟླ་བ་གཉིས་གཉིས་སོ། །མཚན་གཞི་ཡང་། མགོ་རྒྱལ་མཆུ་དབོའི་ཟླ་བ་བཞི་ནི་དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དགུན་དུས་ཀྱི་ཟླ་བ་དང་ནག་པ་ས་ག་སྒྲོན་ཆུ་སྟོད་ཀྱི་ཟླ་བ་བཞི་ནི་དེའི་དཔྱིད་དུས་ཀྱི་ཟླ་བ། གྲོ་བཞིན་ཁྲུམས་ཐ་སྐར་སྨིན་དྲུག་གི་ཟླ་བ་བཞི་ནི་དེའི་དབྱར་དུས་ཀྱི་ཟླ་བའོ། །དུས་ཚིགས་ལ་བཞིར་བྱེད་པའི་ཚེ་མགོ་ལ་སོགས་པ་གསུམ་ནི་དགུན་ཟླར་འབྲིང་ཐ་གསུམ། དབོ་སོགས་གསུམ་ནི་དཔྱིད་ཟླ། སྣྲོན་སོགས་གསུམ་ནི་དབྱར་ཟླ། ཁྲུམས་སོགས་གསུམ་ནི་སྟོན་ཟླ་ར་འབྲིང་ཐ་གསུམ་མོ། །ལྔར་ཕྱེ་བའི་ཚེ། མགོ་སོགས་བཞི་ནི་དགུན་དང་ནག་པ་སོགས་བཞི་ནི་དཔྱིད་ཀྱི་དུས། གྲོ་བཞིན་དབྱར་ཙམ་གྱི་དུས། ཁྲུམས་ཟླའི་མར་ངོའི་ཚེས་གཅིག་ནི་དབྱར་ཐུང་ངུའི་དུས། ཞག་གཅིག་གིས་མ་ཚང་བའི་ཁྲུམས་སོགས་གསུམ་ནི་དབྱར་རིང་བོའི་དུས་སོ། །དྲུག་དུ་འབྱེད་པའི་ཚེ་མགོ་དང་རྒྱལ་གཉིས་དགུན་སྟོད་ཀྱི་ཟླ་བ་ཡིན་པ་ནས། ཐ་སྐར་དང་སྨིན་དྲུག་གཉིས་དབྱར་སྨད་ཀྱི་ཟླ་བ་ཡིན་ནོ། །དེ་དག་གང་ལས་བསྟན་པ་ནི། མཛོད་ལས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་དང་། མདོ་རྩར། དེ་དག་ནི་ལྔའོ་ཞེས་སོགས་ཀྱིས་བཤད་དོ། །དགོས་པ་ནི། དུས་ཚིགས་ལ་གསུམ་དུ་ཕྱེ་བ་དེ་ཕྱག་དར་ཁྲོད་ཀྱི་གོས་ཤེས་པའི་ཆེད་དང་། བཞིར་ཕྱེ་བ་ནི། འཇིག་རྟེན་གྱི་ཐ་སྙད་དང་མཐུན་པའི་ཆེད་དང་། ལྔར་ཕྱེ་བ་ནི། དབྱར་ཐུང་ངུ་ཤེས་པའི་ཆེད་དང་། དྲུག་ཏུ་ཕྱེ་བ་ནི། ཞག་མི་ཐུབ་ཤེས་པའི་ཆེད་ཡིན་ནོ། །དུས་ཚིགས་དེ་རྣམས་ལ་དངོས་བཏགས་ཀྱི་ཁྱད་པར་ཡོད་དམ་མེད་ཅེ་ན། མཁས་པ་ཁ་ཅིག་དངོས་བཏགས་ཀྱི་ཁྱད་པར་བྱེད་ཀྱང་། རང་ལུགས་དེ་ཐམས་ཅད་ཀྱང་དུས་ཚིགས་མཚན་ཉིད་པའོ། །དུས་ཚིགས་ལ་རྒྱས་པར་ཕྱེ་ན་དེ་ལྟར་ཡོད་ཀྱང་ཐམས་ཅད་ནི་གསུམ་དང་བཞིར་ཕྱེ་བའི་ནང་དུ་འདུའོ། །དེ་དག་འགལ་མི་འགལ་ནི། ནང་གསེས་ལ་འགལ་བ་ཡོད་ཀྱང་སྤྱིར་མི་འགལ་ཏེ། དུས་ཚིགས་ལ་བཞིར་ཕྱེ་བའི་དཔྱིད་ཟླ་ར་བ་དབོ་ཟླ་བ་དེ། གསུམ་དུ་ཕྱེ་བའི་དགུན་ཟླ་བཞི་བ་ཡིན་པའི་ཕྱིར་རོ། །འོན་ཀྱང་སྟོན་དཔྱིད་གཉིས་འགལ་ཏེ། དེ་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར་རོ། །བཞི་བ། ལོ་འགོ་གང་ནས་འཛིན་པའི་ཚུལ་ཡོད་དེ། འདུལ་མངོན་དང་རྒྱ་རྩིས་རྙིང་མ་གཞིར་བཞག་པའི་ཚེ་དུས་ཚིགས་ཀྱི་ཐོག་མ་དགུན་ནས་འབྱུང་བས་ལོ་འགོ་ཡང་དགུན་དུས་སུ་འབྱུང་བའི་ཕྱིར་ཏེ། དུས་ཚིགས་གང་གི་དབང་དུ་བྱས་ཀྱང་དགུན་གྱི་དུས་ཉིད་ཐོག་མ་ཡིན་པའི་ཕྱིར་རོ། །འདི་ལ་ཡང་ཡར་ངོ་ནས་འཛིན་པ་དང་མར་ངོ་ནས་འཛིན་པ་གཉིས་ཡོད་པ་ལས། འཇིག་རྟེན་པ་དང་ཧོར་ལུགས་དང་རྒྱ་རྩིས་པ་རྣམས་ཀྱིས་ཡར་ངོ་སྔོན་འགྲོར་བྱེད་ལ། འདུལ་མངོན་གྱི་ལུགས་ལ་མར་ངོ་སྔོན་འགྲོ་དང་དུས་འཁོར་གྱི་ལུགས་ལ་ཚུལ་དེ་གཉིས་ཀ་ཡོད་དོ། །དེ་ཡང་ཟླ་བའི་ཡར་ངོ་ལ་འཕེལ་ཅིང་། མར་ངོ་ལ་འགྲིབ་པ་ལྟར་འཇིག་རྟེན་པ་ལ་དང་པོར་ལུས་ལོངས་སྤྱོད་སོགས་འཕེལ་བར་ལྟར་སྣང་ཡང་མཐར་འགྲིབ་པར་འགྱུར་བ་ལྟར། དང་པོ་ཟླ་བའི་ཡར་ངོ་སྔོན་འགྲོར་བྱེད་ལ། རབ་བྱུང་ལ་དང་པོ་ཆོས་སྒྲུབ་པའི་ཚེ་དཀའ་དཀའ་ལྟར་སྣང་ཡང་མཐར་ཡོན་ཏན་གོང་འཕེལ་དུ་འགྲོ་བའི་རྟེན་འབྲེལ་དང་བསྟུན་ནས་དང་པོ་མར་ངོ་སྔོན་འགྲོར་མཛད་དོ། །དགུན་ཟླའི་ཐོག་མ་མགོ་ཟླ་བ་ནས་འཛིན་པ་ཡིན་ཏེ། ཚིག་གཏེར་ལས། སྨལ་པོ་ཞེས་བྱ་ལོ་ཡི་འགོ །ཞེས་གསུངས་པའི་ཕྱིར། དེ་ཡང་འཇིག་རྟེན་ཡོངས་གྲགས་དང་བསྟུན་ན་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་འཛིན་པ་ཡིན་ཏེ། དེ་ནས་བཅུ་གཅིག་པའི་བཅོ་ལྔའི་བར་གྱི་ཟླ་བ་འདི་འདུལ་མངོན་རང་ལུགས་ཀྱི་མགོ་ཟླ་དང་དགུན་ཟླ་ར་བའི་གཞི་མཐུན་ཡིན་པའི་ཕྱིར་རོ། །ཡར་ངོ་སྔོན་འགྲོ་ལྟར་ན་ཧོར་ཟླ་བཅུ་པའི་ཡར་ངོའི་ཚེས་གཅིག་ནས་མར་ངོའི་བཅོ་ལྔའི་བར་ནི་དགུན་ཟླ་ར་བ་དང་སྨིན་དྲུག་གི་ཟླ་བར་འདོད་པ་གཙོ་ཆེ་ཡང་། ནག་རྩིས་རྙིང་མ་དང་དུས་འཁོར་བས་ནི་ཧོར་ཟླ་བཅུ་གཅིག་པ་དེ་དགུན་ཟླ་ར་བ་དང་སྟག་གི་ཟླ་བར་བྱས་ནས། དེའི་ཡར་ངོའི་ཚེས་གཅིག་ནས་དགུན་ཟླའི་འགོ་འཛིན་པ་འདྲ་ཡང་། དུས་འཁོར་བས་ནི་ཞིབ་ན་ཉི་མ་གཞུ་ཁྱིམ་དུ་ནམ་སླེབ་པའི་ཚེ་དགུན་ཟླ་ར་བའི་འགོ་འཛིན་ཅིང་ལོ་འགོ་ནི་ཧོར་ཟླ་གསུམ་པ་ནས་འཛིན་ལ། དེ་ཡང་ཉི་མ་ལུག་ཁྱིམ་དུ་ནམ་སླེབ་པ་ནས་འཛིན་ནོ། །རྒྱ་རྩིས་རྙིང་མས་དགུན་ཟླ་ར་བ་ནས་ལོ་འགོར་བྱེད་ཅིང་། རྒྱ་རྩིས་གསར་མའི་ལུགས་དང་གསོ་དཔྱད་དང་ཧོར་རྒྱལ་བོའི་ལུགས་དང་། ད་ལྟ་འཇིག་རྟེན་ཡོངས་གྲགས་ལ་མཆུ་ཟླ་བ་འདི་ལ་དཔྱིད་ཟླ་ར་བ་དང་སྟག་གི་ཟླ་བར་བྱས་ཏེ་ལོ་འགོ་འཛིན་ནོ། །འདུལ་བའི་ལུགས་ལ་ཧོར་ཟླ་བཅུ་པའི་བཅོ་ལྔའི་མཐའ་ནས་སྟོན་ཟླ་ཐ་ཆུང་དང་སྨིན་དྲུག་ཟླ་བ་རྫོགས་པ་ཡིན་ཏེ། མདོ་སྡེ་ཉི་མའི་སྙིང་བོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་གྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདི་ནི་རབ་ཏུ་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཡར་ངོ་མར་ངོའི་སྔོན་འགྲོའི་དབང་གིས་ཟླ་བ་འཇོག་ཚུལ་ཁྱད་པར་ཡོད་ལ། དེར་མ་ཟད་ཧོར་ཟླ་བརྒྱད་པ་དང་དགུ་བ་དང་བཅུ་གཉིས་པ་སོགས་ནས་ཀྱང་ལོ་འགོ་འཛིན་པའི་ལུགས་ཡོད་པར་བཤད་དེ། འདིར་མི་བརྗོད་དོ། །ལྔ་བ་གསོ་སྦྱོང་སོགས་འབྱུང་བའི་དུས་བཤད་པ་ལ་གསུམ། གསོ་སྦྱོང་། དབྱར་གནས། དགག་དབྱེ་འབྱུང་བའི་དུས་སོ། །དང་པོ་ལ་གཉིས། ཐུན་མོང་གི་རྣམ་གཞག་དང་། སོ་སོའི་རྣམ་གཞག་གོ །དང་པོ་ལ་གཉིས། སྒྲ་དོན་དང་། དབྱེ་བའོ། །དང་པོ་ནི། སྡིག་པ་སྦྱོང་ཞིང་དགེ་བ་གསོ་བས་གསོ་སྦྱོང་ཞེས་བྱ་སྟེ། ལོ་དྲི་བར། དགེ་བ་མཐའ་དག་ཡང་དག་གསོ་བྱེད་ཅིང་། །སྡིག་པ་མཐའ་དག་ཡང་དག་འདིར་སྦྱོང་བ། །དགེ་གསོ་ཕྱིར་དང་སྡིག་པ་རྣམ་སྦྱོང་ཕྱིར། །དེ་བཞིན་གཤེགས་པས་གསོ་སྦྱོང་ཞེས་གསུངས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། སྤྱིར་གསོ་སྦྱོང་ལ་བདུན་ཡོད་དེ། ཞི་གནས་ཀྱི་གསོ་སྦྱོང་། མཐུན་པའི་གསོ་སྦྱོང་། གསོ་སྦྱོང་བཅུ་བཞི་བ། བཅོ་ལྔ་པ། གནོད་བཟློག་པའི། རྩོད་པ་ཟློག་པའི། བཀྲ་ཤིས་ཀྱི་གསོ་སྦྱོང་རྣམས་སུ་ཡོད་པའི་ཕྱིར་རོ། །ལོ་གཅིག་ལ་གསོ་སྦྱོང་བཅུ་བཞི་པ་དྲུག་དང་བཅོ་ལྔ་པ་བཅོ་བརྒྱད་དེ་ཉེར་བཞི་འབྱུང་ལ། ཟླ་ལྷག་ཡོད་པའི་ཚེ་ཉེར་དྲུག་ཀྱང་འབྱུང་ངོ་། །གཉིས་པ་ནི། གསོ་སྦྱོང་དེ་རྣམས་བསྡུ་ན་ཞི་གནས་དང་མཐུན་པའི་གསོ་སྦྱོང་གཉིས་སུ་འདུ་བས་གསོ་སྦྱོང་བཅུ་བཞི་དང་བཅོ་ལྔ་བ་གཉིས་ཀྱང་མཐུན་པའི་གསོ་སྦྱོང་ཡིན་ལ། འདིར་དེ་གཉིས་འབྱུང་བའི་དུས་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གསོ་སྦྱོང་ཉེར་བཞི་བོ་དེ་ཟླ་བ་གང་དང་གང་ལ་འབྱུང་ཞེ་ན། ཡོད་དེ། ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པའི་ཟླ་བ་རེ་རེའི་ཡར་ངོ་དང་མར་ངོ་གཉིས་སུ་གསོ་སྦྱོང་རེ་འབྱུང་ཞིང་། དེ་ཡང་ཡར་ངོ་ལ་བཅུ་གཉིས་དང་། མར་ངོ་ལ་དྲུག་སྟེ་བཅོ་བརྒྱད་ཞག་ཐུབ་པའི་གསོ་སྦྱོང་ཡིན་ལ། མར་ངོའི་དྲུག་ནི་ཞག་མི་ཐུབ་བཅུ་བཞི་བ་ཡིན་ཏེ། ས་གའི་ལྟས། ས་ག་དང་ནི་ཆུ་སྟོད་དང་། །དེ་བཞིན་ཁྲུམས་སྨད་སྨིན་དྲུག་དང་། རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོ་མར་ངོ་བཅུ་བཞིར་བརྗོད། །དེ་བཞིན་དེ་ལས་གཞན་དག་ནི། །བཅོ་བརྒྱད་བཅོ་ལྔ་སར་ནི་འདོད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ལ་ལྔ། སྒྲ་དོན། དུས་གང་གི་ཚེ། ཟླ་བ་གང་ལ། དེ་ལྟར་འབྱུང་བའི་རྒྱུ་མཚན་དང་། བཤོལ་འདོན་ཚུལ་ལོ། །དང་པོ་ནི། ཚེས་ཞག་གིས་ཉིན་ཞག་གི་དོད་མ་ཐུབ་པའི་དབང་གིས་བྱུང་བའི་གསོ་སྦྱོང་ཡིན་པས་ན་ཞག་མི་ཐུབ་ཀྱི་གསོ་སྦྱོང་ཞེས་བྱ་ལ། ཉིན་ཞག་བཅུ་བཞི་བ་ལ་བྱེད་པས་ན་བཅུ་བཞི་བ་སྟེ། རྒྱུ་མཚན་ནི་འཆད་པར་འགྱུར་རོ། །གཉིས་པ་ནི། འདུལ་མངོན་ལུགས་ཀྱི་དགུན་སྟོད་སྨད། དཔྱིད་སྟོད་སྨད། དབྱར་སྟོད་སྨད་དེ་དུས་ཚིགས་དྲུག་པོ་ཟླ་བ་གཉིས་གཉིས་ཡོད་པའི་ཕྱེད་དང་གཉིས་འདས་ཤིང་ཕྱེད་ལུས་པའི་ཚེ་ཞག་མི་ཐུབ་རེ་རེ་འབྱུང་བ་ཡིན་ཏེ། མཛོད་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང་། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་འདོར། །ཞེས་གསུངས་པའི་ཕྱིར། གསུམ་པ་ཟླ་བ་གང་ལ་འབྱུང་བ་ནི་ལོ་དྲི་བར། །རྒྱལ་དང་དབོ་དང་ས་ག་དང་། ཁྲུམས་སྟོད་ཁྲུམས་སྨད་སྨིན་དྲུག་བཅས། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་བ། །ཞེས་གསུངས་པ་ལྟར་རོ། །གསོ་སྦྱོང་དེ་དག་གང་ལ་འབྱུང་བ་འདི་ཧོར་ཟླ་དང་སྦྱར་ན་གོ་སླ་སྟེ། དེ་ཡང་ཧོར་ཟླ་དང་པོ་གསུམ་པ་ལྔ་བ་བདུན་པ་དགུ་བ་བཅུ་གཅིག་པ་དྲུག་གི་སྨད་རྣམས་གསོ་སྦྱོང་བཅུ་བཞི་བ་འབྱུང་བའི་དུས་ཡིན་ལ། གཞན་རྣམས་བཅོ་ལྔ་བ་འབྱུང་བའི་དུས་སོ། །བཞི་བ་ནི། རགས་བརྩིས་ལ་ཚེས་ཞག་གཅིག་ལ་ཆུ་ཚོད་ང་དགུ་ཡོད་ཅིང་། ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་ཡོད་པས། ཚེས་ཞག་དང་ཉིན་ཞག་གཉིས་འགོ་མཉམ་དུ་ཚུགས་པ་གཅིག་གི་དབང་དུ་བྱས་ན། ཉིན་ཞག་གཅིག་འདས་པའི་ཚེ་ཚེས་ཞག་གཅིག་དང་ཚེས་ཞག་གཉིས་པའི་སྟེང་ནས་ཆུ་ཚོད་གཅིག་སོང་། དེ་ལྟར་ཞག་རེ་ལ་སྦྱར་སྟེ་ཉིན་ཞག་ང་དགུ་འདས་པའི་ཚེ། ཚེས་ཞག་ང་དགུ་འདས་སྟེང་ཆུ་ཚོད་ང་དགུ་སོང་བས་ན་ཚེས་ཞག་དྲུག་ཅུ་འདས་པའི་ཕྱིར་ཚེས་ཟླ་གཉིས་རྫོགས་ཀྱང་། ཉིན་ཞག་གི་ཟླ་བ་གཉིས་རྫོགས་པ་ལ་ནི་ད་དུང་ཞག་གཅིག་དགོས་སོ། །རྒྱུ་མཚན་དེས་ན་གསོ་སྦྱོང་བཅུ་བཞི་བ་རྣམས་ཚེས་ཞག་ལ་བལྟོས་པའི་བཅོ་ལྔ་བ་ཡིན་ནའང་། ཉིན་ཞག་ལ་བལྟོས་པའི་བཅུ་བཞི་བ་ཡིན་ནོ། །དེའི་ཕྱིར་མདོ་རྩ་ལས། གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །ཞེས་གསུངས་པ་ནི་དེ་ལ་དགོངས་སོ། །དེ་དག་ཀྱང་གསོ་སྦྱོང་སྔ་མ་ནམ་བྱས་པའི་སང་ཉིན་ནས་བརྩིས་པའི་དབང་དུ་བྱས་སྟེ། དུས་ནོར་ནས་བྱས་པ་ལ་ནི་ངེས་པ་མེད་དོ། །ལྔ་བ་ནི། ཟླ་བཤོལ་འབྱུང་བའི་རྒྱུ་མཚན་ཡོད་དེ། ཚེས་ཞག་དང་ཉིན་ཞག་གི་བར་ནས་ལོ་ལྔ་ལྔ་ནས་ཟླ་བཤོལ་རེ་འདོན་པ་དང་། ཚེས་ཞག་དང་ཁྱིམ་ཞག་གི་བར་ནས་ལོ་གཉིས་དང་ཟླ་བ་ཕྱེད་དང་དགུ་ནས་ཟླ་བཤོལ་རེ་འདོན་པའི་ཚུལ་གཉིས་ཡོད་པའི་ཕྱིར་རོ། །དང་པོ་ནི་ཚེས་ཞག་གིས་ཉིན་ཞག་གི་དད་མ་ཐུབ་པའི་དབང་གིས་ཡིན་ཏེ། དེ་ལྟར་མ་ཐུབ་པའི་དབང་གིས་ཚེས་ལོ་དང་ཉིན་ཞག་གི་ལོ་འགོ་མཉམ་དུ་བཙུགས་ནས་ཉིན་ཞག་གི་ལོ་གཅིག་སོང་བའི་ཚེ། ཚེས་ཞག་དྲུག་ལྷག་པ་འོང་ཞིང་། ལོ་ལྔ་སོང་བ་ན་ཚེས་ཞག་དྲུག་ལྔ་སུམ་ཅུ་ཐམ་པ་འོང་བས་ཚེས་ཟླ་གཅིག་ལྷག་པར་འགྱུར་བའི་ཕྱིར་རོ། །ཚེས་ཞག་གིས་ཉིན་ཞག་གི་དོད་མི་ཐུབ་པའི་རྒྱུ་མཚན་ནི། ཉིན་ཞག་ལས་ཚེས་ཞག་ཐུང་བའི་དབང་ཡིན་ཏེ་བཤད་ཟིན་ཏོ། །འོན་ཀྱང་ད་ལྟ་ལག་ལེན་ནི་ཕྱི་མ་ལྟར་ཡིན་ཏེ། ལོ་གཉིས་དང་ཟླ་བ་ཕྱེད་དང་དགུ་ནས་ཟླ་ལྷག་རེ་འདོན་པ་གྲགས་ཆེ་བའི་ཕྱིར། འདོན་ཚུལ་ཡོད་དེ། ཁྱིམ་ལོ་གཅིག་སོང་བའི་ཚེ་ཚེས་ལོ་གཅིག་སོང་བའི་རྟིང་ནས་ཚེས་ཞག་བཅུ་གཅིག་རྗེས་འབྲང་དང་བཅས་ལྷག་པ་གང་ཞིག །དེ་བསགས་པས་ཟླ་བཤོལ་དུ་འགྱུར་བའི་ཕྱིར། དེ་ཡང་ཚེས་ཞག་གིས་ཁྱིམ་ཞག་གི་དོད་མ་ཐུབ་པའི་དབང་གིས་ཡིན་ཏེ། དོད་མི་ཐུབ་པའི་རྒྱུ་མཚན་ཚེས་ཞག་ཐུང་ལ་ཁྱིམ་ཞག་རིང་བའི་དབང་ཡིན་པར་གོང་དུ་བཤད་ཟིན་ཏོ། །ཟླ་བཤོལ་འདོད་ཚུལ་དེ་ལྟར་བྱས་པ་ལའང་དུས་མི་འདྲ་བ་འོང་སྟེ། བྱེད་རྩིས་དང་གྲུབ་རྩིས་གཉིས་ཟླ་བཤོལ་འདོན་པའི་དུས་མི་འདྲ་བའི་ཕྱིར་ཏེ། གྲུབ་རྩིས་པའི་ལུགས་ལ་ཟླ་བཤོལ་འདོན་པའི་དུས་ནི་བྱེད་རྩིས་པའི་ལུགས་ལས་སྔ་བའི་ཕྱིར་རོ། །འོན་ཀྱང་ད་ལྟའི་རྒྱ་རྩིས་ཀྱི་ཟླ་བཤོལ་འདོན་ལུགས་འདི་ཞིབ་རྩིས་དང་མཐུན་པར་སྣང་ངོ་། །བྱེད་གྲུབ་གཉིས་མི་འདྲ་བ་འོང་བའི་རྒྱུ་མཚན་ཡོད་དེ། བྱེད་རྩིས་པས་ནི་ཟླ་དག་འཕར་བ་ན་ཟླ་བཤོལ་འདོན་ལ། གྲུབ་རྩིས་པས་སྒྲུང་གི་རི་མོ་གནམ་གང་དང་ཚེས་གཅིག་གང་རུང་ལ་ཤར་བ་ན་ཟླ་བཤོལ་འདོན་པའི་ཕྱིར་རོ། །གཉིས་པ་ལ། དབྱར་སྔ་མ་ནི། དབྱར་ཟླ་འབྲིང་བོ་རྫོགས་པའི་ཉའི་ཕྱི་ཉིན་ཁས་ལེན་པ་ཡིན་ལ། དེ་ཡང་འཇིག་རྟེན་ཡོངས་གྲགས་ལྟར་དབྱར་ཟླ་ཐ་ཆུང་གི་ཚེསབཅུ་དྲུག་སྟེ། ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས་ཁས་ལེན་ཅིང་། དེ་ནས་བཟུང་སྟེ་སྟོན་ཟླ་འབྲིང་བོའི་ཚེས་བཅོ་ལྔའི་བར་ཟླ་བ་གསུམ་ཁས་ལེན་པའོ། །དེ་ལྟར་མདོ་རྩ་ལས། དབྱར་གནས་པར་ཁས་བླང་བར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་བོའི་ཉའི་ཕྱི་དེ་ཉིན་པར་རོ། །དབྱར་ཟླ་ཐ་ཆུང་གི་ཉའོ། །ཞེས་གསུངས་པ་ལྟར་རོ། །དབྱར་ཕྱི་མ་ནི། དབྱར་ཟླ་ཐ་ཆུང་གི་ཉའི་ཕྱི་དེ་ཉིན་པར་ཏེ་ཧོར་ཟླ་བདུན་པའི་བཅུ་དྲུག་སྟོན་ཟླ་ར་བའི་མར་ངོའི་ཚེས་གཅིག་ནས་སྟོན་ཟླ་ཐ་ཆུང་གི་བཅོ་ལྔའི་བར་དུའོ། །ཟླ་བ་རང་མིང་གི་དབང་དུ་བྱས་ན། ཇི་སྐད་དུ། གྲོ་བཞིན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་བཞིན་ཁྲུམས་ཀྱི་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་གསུངས་པ་ལྟར་རོ། །དབྱར་ཁས་ལེན་པའི་ཚེ་ཟླ་བ་གསུམ་ཁས་བླངས་ན་མི་ཆགས་པར་བཤད་པས། ཟླ་བ་གསུམ་གནས་མི་གནས་གང་ལྟར་ཁས་ལེན་པའི་དུས་སུ་གསུམ་གནས་པར་ཁས་ལེན་དགོས་སོ། །འོ་ན་ད་ལྟ་ཕལ་ཆེར་ལ་ཟླ་བ་གསུམ་གནས་པ་ཆེར་མི་འོང་འདུག་པ་འདི་ཇི་ལྟར་ཡིན་ཞེ་ན། དེ་ཡང་ཁས་ལེན་པའི་ཚེ་ཟླ་བ་གསུམ་གནས་པར་ཁས་ལེན་པས་ན་མི་འགལ་ལོ། ཁོ་ན་རེ། དེ་མི་འཐད་དེ། གསུམ་གནས་པར་ཁས་ལེན་པའི་ཚེ་བརྫུན་མེད་པར་ཁས་ལེན་དགོས་པ་ཡིན་པས། ད་ལྟ་ཁ་ཅིག་ཁས་ལེན་པའི་དུས་ཉིད་ནས་ཀྱང་བསམ་དགོངས་ལ་དགག་བྱ་མེད་བཞིན་དུ་ཟླ་བ་ཕྱེད་གཉིས་ཙམ་གནས་པར་ཁས་ལེན་པའི་དམ་བཅའ་འདུག་པས་འཐད་དཀའ་བའི་ཕྱིར་ཞེ་ན། བདེན་མོད། སྦྱིན་བདག་ཡོད་མེད་དམ་དུས་དབང་གིས་དམིགས་བསལ་ཡིན་ནམ་སྙམ་སྟེ་བརྟག་པར་བྱའོ། །གསུམ་པ་དགག་དབྱེ་ནི། དབྱར་སྔ་མ་ཁས་བླངས་པ་ཡིན་ན། དབྱུག་པ་ཟླ་བའི་བཅོ་ལྔ་དང་། དབྱར་ཕྱི་མ་ཡིན་ན། སྨིན་དྲུག་ཟླ་བའི་བཅོ་ལྔའི་བར་ཡིན་པས་དེ་དང་བསྟུན་ནས་སམ་དམིགས་བསལ་ཉ་ཤི་གང་རུང་དང་བསྟུན་ནས་དགག་དབྱེ་བྱ་དགོས་སོ། །སྔ་མའི་དབང་དུ་བྱས་ནས་དགག་དབྱེ་གཉིས་ཀ་བཅོ་ལྔ་བ་ཡིན་ཀྱང་། དམིགས་བསལ་ལ་མ་ངེས་ཏེ། གསོ་སྦྱོང་བཅུ་བཞི་བའི་དུས་ཡིན་ན་དགག་དབྱེ་ཡང་བཅུ་བཞི་བ་ཡིན་ལ། དེ་བཅོ་ལྔ་བ་ལ་ནི་དགག་དབྱེ་བཅོ་ལྔ་བའོ། ཁ་ཅིག་དེའི་ཁྱད་པར་མི་བྱེད་པར་དགག་དབྱེ་ཐམས་ཅད་བཅོ་ལྔ་བར་འདོད་པ་ཡང་སྣང་ངོ་། །དྲུག་པ་ལ་གཉིས། ཉི་ཟླའི་བགྲོད་ཚུལ་དང་། དུས་ཆེན་གྱི་ཁྱད་པར་རོ། །དང་པོ་ལ་ལྔ། ཉི་ཟླའི་ཐག་ཚད། ཉི་མས་གླིང་རྣམས་ལ་བྱ་བ་བྱེད་ཚུལ། དུས་བཞི་འཁོར་ཚུལ། ཉི་ལྡོག་གི་མཚམས། ཟླ་བ་འཕེལ་འགྲིབ་ཀྱི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། མངོན་པ་ལྟར་ན། རི་རབ་ཀྱི་དཔངས་སུ་དཔག་ཚད་ཁྲི་ཚོ་བཅུ་དྲུག་ཡོད་པས། ཆུ་མཚམས་ཡན་ལས་ཕྱེད་འཕགས་པའི་དཔག་ཚད་བཞི་ཁྲི་ནས་ཉི་ཟླ་འཆར་སྟེ། མཛོད་ལས། ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །ཞེས་གསུངས་པས་སོ། །འོན་ཀྱང་། དུས་འཁོར་བའི་ལུགས་ལ། ལྷུན་པོའི་དབྱིབས་ཚད་དང་ཉི་ཟླ་འཆར་ས་རྣམས་མཛོད་དང་མི་འདྲ་བར་བཤད་དེ། འདིར་མི་འཆད་དོ། །ཟླ་བའི་དཀྱིལ་འཁོར་ནི་ནོར་བུ་ཆུ་ཤེལ་ལས་གྲུབ་ཅིང་། རྒྱར་དཔག་ཚད་ལྔ་བཅུ་ཡོད་ལ། ཉི་མའི་དཀྱིལ་འཁོར་མེ་ཤེལ་ལས་གྲུབ་ཅིང་། རྒྱར་དཔག་ཚད་ང་གཅིག་ཡོད་དོ། །གཉིས་ཀའི་དབྱིབས་མཎྜལ་ལྟ་བུ་ལ། དཔངས་སུ་དཔག་ཚད་དྲུག་དང་བཅོ་བརྒྱད་ཆ་གཅིག་གོ །འདི་ལ་ས་སྡེར་ནི་རྒྱུ་དབྱིབས་ཅུང་མི་འདྲ་བར་བཤད་དོ། །གཉིས་པ་ནི། མཛོད་ལས། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཞེས་འབྱུང་བ་ལྟར། སྟོན་དཔྱིད་ཉིན་མཚན་མཉམ་པ་ལྟ་བུའི་དུས་སུ། ཉི་མའི་དཀྱིལ་འཁོར་དང་འཛམ་བུའི་གླིང་གི་དཀྱིལ་ཐད་དུ་སླེབ་པའི་ཚེ། བྱང་དུ་ནམ་ཕྱེད་པ། ཤར་དུ་ཉི་མ་ནུབ་པ། ལྷོར་ཉི་མ་ཕྱེད་པ། ནུབ་ཏུ་ཉི་མ་འཆར་བ་གསུམ་དུས་མཉམ་པའི་ཚུལ་གྱི་འབྱུང་ངོ་། །འོན་ཀྱང་དེ་ལྟར་འོང་བ་ནི་དུས་བཞི་བོ་ཐམས་ཅད་དང་སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་ཁོ་ན་དང་། ཞག་རེ་རེ་ལའང་ཡིན་ནོ་ཞེས་འདོད་པའི་ཚུལ་མང་དུ་སྣང་ངོ་། །དེ་ནི་གླིང་བཞིར་འཆར་བའི་དུས་ཀྱི་དབང་དུ་བྱས་ལ། ཉིན་ཞིག་གི་དབང་དུ་བྱས་ཚེ་ཉི་མ་དང་དེའི་འོད་ཟེར་ཅི་རིགས་གླིང་འདིར་ཤར་བའི་ཚེ་འདིར་ཉིན་མོའི་ཐ་སྙད་འབྱུང་ལ་ཉི་མ་རི་རབ་ཀྱི་རྒྱབ་ཕྱོགས་སུ་ཉེ་བར་ཕྱོགས་པའི་གྲིབ་མ་འདིར་བབས་པ་ལ་མཚན་མོའི་ཐ་སྙད་བྱེད་དེ། ད་དུང་ཞིབ་ཏུ་དཔྱད་དགོས་སོ། །གསུམ་པ་ལ། ཁ་ཅིག །གླེང་བཞིར་དུས་གཅིག་ལ་དགུན་ལྟ་བུ་དུས་གཅིག་ཁོ་ན་བཞི་ཡོད་ཀྱི། དུས་བཞི་ཅིག་ཅར་དུ་མེད་པར་འདོད་དེ། འཛམ་གླིང་འདིར་དགུན་ཡོད་པའི་དུས་སུ་གླིང་གཞན་གསུམ་ནའང་དགུན་ཁོ་ན་ཡོད་པའི་ཕྱིར་ཞེས་གསུང་། རང་ལུགས་ལ་གསུམ་སྤྱིར་བསྟན་པ་དང་། ཉིན་མཚན་ལ་ཡུད་ཙམ་གྱི་ཁྱད་པར་བྱེ་བྲག་ཏུ་བཤད་པ། ཉི་མ་དབྱར་དགུན་རིང་ཐུང་དུ་འགྱུར་བའི་རྒྱུ་མཚན་ནོ། །དང་པོ་ནི། གླིང་བཞིར་དུས་བཞི་ཡོངས་རྫོགས་གཡས་སྐོར་གྱི་ཚུལ་དུ་ཁོར་ཡུག་ཏུ་ཡོད་དེ། འཛམ་གླིང་འདིར་འཁྲིག་པའི་ཁྱིམ་ཤར་ནས་མཇུག་ཏུ་དབྱར་ཉི་རིང་བ་མཐར་ཐུག་པའི་དུས་སུ། ཤར་དུ་སྟོན་ཉིན་མཚན་མཉམ། བྱང་དུ་དགུན་ཉི་ཐུང་བའི་མཐར་ཐུག །ནུབ་ཏུ་དཔྱིད་ཉིན་མཚན་མཉམ་པ་རྣམས་དུས་མཉམ་པའི་ཚུལ་གྱིས་ཡོད་པའི་ཕྱིར་ཏེ། དབྱར་རྗེས་སུ་སྟོན། སྟོན་རྗེས་སུ་དགུན། དགུན་རྗེས་སུ་དཔྱིད། དཔྱིད་རྗེས་སུ་དབྱར་རྣམས་གླིང་བཞིར་གཡས་སྐོར་དུ་རིམ་པར་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། རགས་རྩིས་ལ་འཛམ་གླིང་འདིར་ཉི་མ་རིང་བའི་མཐར་ཐུག་ཡུད་ཙམ་བཅོ་བརྒྱད་དང་མཚན་མོ་ཡུད་ཙམ་བཅུ་གཉིས་ཡོད་པའི་དུས་སུ། བྱང་ན་ཉི་མ་ཐུང་བའི་མཐར་ཐུག་ཡིན་པས་ཉིན་མོ་ཡུད་ཙམ་བཅུ་གཉིས་དང་། མཚན་མོ་ཡུད་ཙམ་བཅོ་བརྒྱད་ཡོད་དེ། འདིའི་མཚན་མོའི་དུས་ཚད་དེ་བྱང་གི་ཉིན་མོའི་དུས་ལ་ཡོད་ཅིང་། འདིའི་ཉིན་མོའི་དུས་ཚད་དེ་བྱང་གི་མཚན་མོའི་དུས་སུ་གནས་པའི་ཕྱིར། དེའི་ཚེ་ཤར་ན་སྟོན་དང་ནུབ་ན་དཔྱིད་ཉིན་མཚན་མཉམ་པ་ཡིན་ཏེ། ཤར་ན་སྟོན་ཉིན་མཚན་ཡུད་ཙམ་བཅོ་ལྔ་བར་མཉམ་ཞིང་། ཆུ་ཚོད་ཀྱི་དབང་དུ་བྱས་ན་ཆུ་ཚོད་སུམ་ཅུ་རེར་མཉམ་པ་དེ་བཞིན་དུ་ནུབ་ནའང་དཔྱིད་ཚད་མཉམ་པ་སྔར་བཞིན་འགྲུབ་པའི་ཕྱིར། མཁས་པ་ཁ་ཅིག་ཤར་དུ་སྟོན་ཉིན་མཚན་མཉམ་པའི་དུས་སུ་ཕྱི་དྲོའི་ཆ་ལ་ཡུད་ཙམ་དགུ་ཡོད་པ་དེ་བཞིན་དུ། འཛམ་བུའི་གླིང་གི་སྔ་དྲོའི་ཆ་ལའང་ཡུད་ཙམ་དགུ་ཡོད་པས། ཤར་གྱི་ཕྱི་དྲོ་དང་འཛམ་བུའི་གླིང་གི་སྔ་དྲོ་གཉིས་ཡུན་ཚད་མཉམ་པ་དང་། དེ་བཞིན་དུ་གླིང་གཞན་ལ་སྦྱོར་བར་སྣང་ཡང་། ཚུལ་དེ་མཁས་གྲུབ་ནོར་བཟང་རྒྱ་མཚོས་ཞལ་ལུང་གི་ལྷན་ཐབས་སུ་ལེགས་པར་བཀག་འདུག་པས་རེ་ཞིག་བཏང་སྙོམས་སུ་བྱའོ། །མཁས་པ་ཁ་ཅིག་དུས་བཞི་གཡོན་སྐོར་དུ་འདོད་ཀྱང་། རང་ལུགས་ནི་གཡས་སྐོར་འཐད་པར་མཐོང་ངོ་། །གསུམ་པ་ཉི་མ་རིང་ཐུང་དུ་འགྱུར་བའི་རྒྱུ་མཚན་ལ་མཁས་པ་མང་བོས། ཉི་མ་བྱང་བགྲོད་ཀྱི་ཚེ་རང་གི་རྟར་གྱུར་པའི་རླུང་ལས་ལྷག་པའི་འཕུལ་བྱེད་ཀྱི་རླུང་གཞན་གྱི་སྣོན་མ་མེད་པས་ཉི་མའི་འགྲོས་བུལ་ལ། ལྷོ་བགྲོད་ཀྱི་ཚེ་རང་གི་རྟར་གྱུར་པའི་རླུང་ལས་ལྷག་པའི་ལྕགས་རིའི་རླུང་དྲག་པོའི་སྣོན་མའི་དབང་གིས་ཉི་མའི་བགྲོད་པ་སྔར་ལས་མགྱོགས་པར་བཞེད་དོ། །འོན་ཀྱང་འདི་ལ་རིགས་པའི་གནོད་བྱེད་འཇུག་པར་སེམས་ཏེ། ཉིན་ཞག་ལྟ་བུ་ལ་མཚོན་ན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་རེ་ལྷག་ཆད་མེད་པར་འོང་དགོས་པར་བཤད་པས་ན། ཉི་མ་རང་དབང་གིས་མི་བགྲོད་པར་ལྕགས་རིའི་རླུང་གིས་འཕུལ་བྱེད་ཡོད་མེད་ལ་བལྟོས་ན་ནི། དེ་ལ་ངེས་པ་མེད་པས་ཉིན་ཞག་གི་ཚད་ལ་ཆུ་ཚོད་དྲུག་ཅུ་རེ་ལས་ལྷག་ཆད་ཅན་དུ་འགྱུར་བས་ན། ཞག་ཟླ་ལོ་གསུམ་འཆུགས་ལ། དེ་འཆུགས་ན་དུས་ཚིགས་ཐམས་ཅད་ཀྱང་འཆུགས་པར་འགྱུར་བའི་ཕྱིར་བཞག་དཀའོ་སྙམ་སྟེ་བརྟག །འོ་ན་ཇི་ལྟར་ཡིན་ཞེ་ན། འདི་ལ་མཁས་གྲུབ་ནོར་བཟང་རྒྱ་མཚོས་དུས་འཁོར་ཞལ་ལུང་གི་ལྷན་ཐབས་གསལ་བའི་སྒྲོན་མེ་ལས། ཉི་མའི་དཀྱིལ་འཁོར་ལ་མགྱོགས་བུལ་གྱི་ཁྱད་པར་མེད་པས་ཉི་མའི་འཆར་ས་ཤར་ནུབ་དང་ནུབ་ས་ཤར་ནུབ་ཐ་དད་པའི་ཁྱད་པར་ཡོད་པར་གྲུབ་ལ། ཞེས་དང་། དེ་ལྟར་བྱུང་བ་ནི་ཡུལ་རྣམས་ཀྱི་སྔ་དྲོའི་ཐོག་མ་འགོ་འཛུག་སྔ་ཕྱི་བྱུང་བ་དང་། ཕྱི་དྲོ་རྫོགས་པ་ལ་སྔ་ཕྱི་བྱུང་བའི་ཁྱད་པར་ལས་ཡིན་གྱི། ཉི་མའི་རླུང་འགྲོས་མགྱོགས་བུལ་སོགས་ཀྱི་ཁྱད་པར་ནི་མིན་ཏེ། ཞེས་སོགས་གསུངས་པ་ལྟར། ས་ཁྱོན་མི་འདྲ་བའི་དབང་གིས་ཉི་མ་འཆར་ས་དང་ནུབ་ས་ལ་སྔ་ཕྱི་ཡོད་པས། ཉིན་མཚན་ལ་རིང་ཐུང་འབྱུང་ཡང་། ཉི་མའི་འགྲོས་མྱུར་བུལ་དང་སྔ་དྲོ་ཕྱི་དྲོ་ལ་རིང་ཐུང་ཡོད་པ་ལྟར་སྣང་ཡང་དོན་ལ་ནི་དེ་ལྟར་མི་འོང་བར་བཞེད་དེ། ཚུལ་འདི་ནི་ལུང་རིགས་ཡང་དག་གིས་བསྒྲུབས་པའི་ངེས་པ་རྙེད་པ་ཡིན་པའི་ཕྱིར་རོ། །འོ་ན་རི་རབ་ཀྱི་མཐའ་སྐོར་ཉི་མ་བགྲོད་བྱའི་ནམ་མཁའ་དང་ས་ཁྱོན་ལ་རྒྱ་ཆེ་ཆུང་ཡོད་དམ་མེད་ཅེ་ན། ཉི་མ་ལ་ལྷོ་བགྲོད་དང་བྱང་བགྲོད་ཡོད་ཀྱང་བགྲོད་བྱའི་ས་ཁྱོན་ལ་རྒྱ་ཆེ་ཆུང་གི་ཁྱད་པར་མེད་དེ། ཡོད་ན་ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་རེ་ལས་ལྷག་ཆད་ཅན་དུ་འགྱུར་བ་སོགས་སྔར་བཤད་པའི་རིགས་པས་གནོད་པའི་ཕྱིར་རོ། །དེས་ན། འདིར་ཉི་མ་རི་རབ་ལས་རིང་བར་ལྷོ་བགྲོད་བྱེད་པའི་རིམ་པ་ལྟར། བྱང་ན་ཉི་མ་རི་རབ་དང་ཉེ་བའི་ཚུལ་གྱིས་བགྲོད་དེ། གླིང་གང་དུ་ཉི་མ་ཅུང་ཟད་རེ་རི་རབ་ལས་རིང་བར་བགྲོད་པའི་རྒྱབ་ཐད་ཀྱི་གླིང་དེར་རི་རབ་ལས་ཅུང་ཟད་རེ་ཉེ་བའི་ཚུལ་གྱིས་བགྲོད་པར་བྱེད་ཀྱི། རི་རབ་ཀྱི་ཕྱོགས་ཐམས་ཅད་ནས་ཆེ་ཆུང་མཉམ་པོར་བྱེད་པ་ཡིན་ནོ། །བཞི་པ་ནི། སྤྱིར་དགུན་ཟླ་ར་བའི་ནང་དུ་ཉི་མ་ལྷོ་བགྲོད་མཐར་ཐུག་གི་དུས་སུ་དགུན་ཉི་ལྡོག་པ་ཡིན་ཏེ། རགས་རྩིས་ཡོངས་གྲགས་ལྟར་ན། ཉིན་མོ་ཐུང་བ་མཐར་ཐུག་ཡུད་ཙམ་བཅུ་གཉིས་སམ་ཆུ་ཚོད་ཉེར་བཞི་ཡོད་ཅིང་། མཚན་མོ་རིང་བ་མཐར་ཐུག་ཡུད་ཙམ་བཅོ་བརྒྱད་དམ་ཆུ་ཚོད་སོ་དྲུག་ཡོད་པའི་དུས་སུ་དགུན་ཉི་ལྡོག་པ་འབྱུང་བ་གང་ཞིག །དེ་དགུན་ཟླ་ར་བ་མགོ་ཟླ་བའི་ནང་དུ་འབྱུང་བའི་ཕྱིར་ཏེ། དེ་ཡང་ཟླ་བཤོལ་མེད་པའི་ཚེ་རགས་རྩིས་ཧོར་ཟླ་བཅུ་གཅིག་པའི་ཚེས་དགུ་ཕན་ཆད་དུ་འབྱུང་ལ། ཡོད་པའི་ཚེ་བཅུ་གཅིག་པའི་ཉི་ཤུའི་སྐོར་དང་། བཅུ་གཉིས་པའི་ཚེས་འགོ་ལའང་འབྱུང་སྲིད་པའི་ཕྱིར་རོ། །དབྱར་ཟླ་ར་བའི་ནང་དུ་ཉི་མ་བྱང་བགྲོད་མཐར་ཐུག་པའི་ཚེ་དབྱར་ཉི་ལྡོག་པ་འབྱུང་སྟེ། ཉིན་མོ་ཡུད་ཙམ་བཅོ་བརྒྱད་དང་མཚན་མོ་ཡུད་ཙམ་བཅུ་གཉིས་ཡོད་པའི་དུས་སུ་དབྱར་ཉི་ལྡོག་པ་འོང་བ་གང་ཞིག །དེ་དབྱར་ཟླ་ར་བ་སྣྲོན་གྱི་ཟླ་བ་ལ་འབྱུང་བའི་ཕྱིར་དང་། དེ་ཡང་ཟླ་བཤོལ་མེད་པའི་ཚེ་ཧོར་ཟླ་ལྔ་བའི་ཚེས་དགུ་མན་ཆད་དང་། ཡོད་པའི་ཚེ་ཉི་ཤུའི་སྐོར་དང་དྲུག་པའི་ཚེས་འགོ་ལྟ་བུ་ལའང་འབྱུང་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་དཔྱིད་ཟླ་ར་བ་དབོ་ཟླ་བའི་ནང་དུ་དཔྱིད་ཉིན་མཚན་མཉམ་པ་དང་། སྟོན་ཟླར་འཁྲུམས་ཟླ་བའི་ནང་དུ་སྟོན་ཉིན་མཚན་མཉམ་པ་འབྱུང་བ་ཡིན་ལ། དེ་ཡང་ཧོར་ཟླ་གཉིས་པ་དང་བརྒྱད་པའི་ནང་དུ་འབྱུང་ཞིང་། འདི་དག་ལ་ཡང་ཟླ་བཤོལ་ཡོད་མེད་ཀྱི་དབང་གིས་སྔར་ལྟར་འོང་ངོ་། ཁྱིམ་ཟླ་དང་སྦྱར་ན་གཞུ་ཁྱིམ་དུ་དགུན་ཉི་དང་། འཁྲིག་པའི་ཁྱིམ་དུ་དབྱར་ཉི་ལྡོག་ལ། ཉ་ཁྱིམ་དང་བུ་མོར་དཔྱིད་སྟོན་ཉིན་མཚན་མཉམ་པ་རྣམས་རིམ་པ་བཞིན་དུ་འབྱུང་སྟེ། ད་དུང་ཞིབ་ཆ་དགོས་སོ། །མཁས་གྲུབ་ཆེན་པོ་ནོར་བཟང་རྒྱ་མཚོ་སོགས་དུས་འཁོར་བའི་མཁས་པ་དག་གིས་ནི། ཉིན་མཚན་གང་རུང་རིང་བ་མཐར་ཐུག་གི་དུས་སུ་ཆུ་ཚོད་སོ་དྲུག་དང་ཐུང་བའི་དུས་སུ་ཆུ་ཚོད་ཉེར་བཞི་འབྱུང་བ་ནི་བྱང་ཕྱོགས་ཀྱི་རི་བོ་གངས་ལྡན་དུ་ཡིན་གྱི། བོད་ཡུལ་འདིར་མིན་ཏེ། བོད་འདིར་ཉིན་མཚན་གང་རུང་རིང་བ་མཐར་ཐུག་གི་དུས་སུ་ཆུ་ཚོད་སོ་གསུམ་དང་། ཐུང་བའི་དུས་སུ་ཆུ་ཚོད་ཉེར་དྲུག་ལྷག་ཙམ་ཞིག་འབྱུང་བའི་ཕྱིར་ཞེས་བཞེད་དེ། འདི་ཡང་ལུང་རིགས་རྣམ་དག་གིས་བསྒྲུབས་འདུག་པས་གནད་ཆེའོ། །ཉི་མ་ལྡོག་མཚམས་དང་ཉིན་མཚན་མཉམ་པའི་དུས་བཞི་བོ་དེ་དག་ནི། དུས་མི་འགྱུར་བའི་གཟེར་བཞི་ཡིན་ལ། དབྱར་དགུན་གྱི་ཉི་མ་ལྡོག་པ་དང་སྟོན་དཔྱིད་ཉིན་མཚན་མཉམ་པའི་བར་ལ་ཞག་ཅི་ཙམ་འོང་བ་ནི། དགུན་ཉི་ལྡོག་པའི་དུས་དེ་ནས་ཁྱིམ་ཞག་དགུ་བཅུ་ཙམ་དང་། ཉིན་ཞག་གོ་གཅིག་དང་ཆུ་ཚོད་བཅུ་དགུ་ཆུ་སྲང་གསུམ་དབུགས་གསུམ་དང་། ཚེས་ཞག་གོ་གཉིས་དང་ཆུ་ཚོད་ཞེ་དྲུག་ཆུ་སྲང་དགུ་དབུགས་གཅིག་སོང་བའི་ཉིན་ཞག་དེ་ཉིད་ལ་དཔྱིད་ཉིན་མཚན་མཉམ་པ་འབྱུང་བ་ལྟར། གཞན་གསུམ་གྱི་བར་ལའང་དེ་ཙམ་ཞིག་འགྲོའོ། །ལོ་སྔོན་མའི་དགུན་ཉི་ལྡོག་པའི་ཉིན་ཞག་དེ་ནས་ལོ་གཅིག་སོང་སྟེ་ཉིན་ཞག་དེ་ཐོབ་ལ་སླེབ་པའི་ཕྱི་དེ་ཉིན་པ་ནས་ལོ་ཕྱི་མ་དེའི་དགུན་ཉི་ལྡོག་པའི་བར་ལ་ཞག་བཅུ་གཅིག་རེ་འགྲོ་དགོས་ཏེ། གཞན་གསུམ་གྱི་བར་ལ་དེའི་རིགས་འགྲེ་སྦྱོར། དུས་འཁོར་བལྟར་ན། ཉི་ལྡོག་དེ་དག་ནི་རང་གླིང་གི་ཚངས་ཐིག་ཏུ་བགྲོད་གཉིས་མཐར་ཐུག་གི་དབང་དུ་བྱས་ཀྱི། གཞན་དུ་ན་ཉིན་ཞག་རེ་རེ་ལའང་དབྱར་དགུན་གྱི་ཉི་ལྡོག་རེ་རེ་དང་སྟོན་དཔྱིད་ཉིན་མཚན་མཉམ་པ་རེ་རེ་འབྱུང་བར་བཞེད་དེ། དཔེེར་ན་གླིང་འདིར་དབྱར་ཉི་ལྡོག་པའི་ཞག་དེ་ལ་བྱང་དུ་དགུན་ཉི་ལྡོག་ཅིང་། ཤར་ན་སྟོན་ཉིན་མཚན་མཉམ་པ་དང་ནུབ་ཏུ་དཔྱིད་ཉིན་མཚན་མཉམ་པར་འོང་བར་བཞེད་པའི་ཕྱིར་རོ། །དེས་ན་ཁྱིམ་ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་རེ་ལྔ་འབྱུང་བས་དབྱར་དགུན་གྱི་ཉི་ལྡོག་དང་སྟོན་དཔྱིད་ཉིན་མཚན་མཉམ་པ་བཞི་བོ་རེ་རེ་ལའང་སུམ་བརྒྱ་རེ་ལྔ་རེ་འབྱུང་བར་བཞེད་དེ། འདི་ནི་རིགས་པས་ཀྱང་འགྲུབ་པར་སྣང་བའི་ཕྱིར་རོ། །བགྲོད་གཉིས་མཐར་ཐུག་གི་དབང་དུ་བྱས་པའི་ཚེ་ནའང་། ས་ཚིགས་མི་འདྲ་བའི་དབང་གིས་རྒྱ་ནག་ལས་མདོ་སྨད་ཀྱི་ཕྱོགས་འདིར་ཉི་མ་ལྡོག་ཅུང་ཕྱི་ལ། དེ་ལས་ཀྱང་བོད་ཡུལ་དབུས་སུ་ཉི་ལྡོག་ཅུང་ཕྱི་བར་རིགས་པས་འགྲུབ་སྟེ། ཞིབ་ཏུ་བརྟགས་ན་ཤེས་སོ། །ལྔ་པ་ནི། མཛོད་ལས། ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང་། །ཞེས་འབྱུང་བ་ལྟར། ཡར་ངོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཟླ་བ་ཉི་མ་དང་ཇེ་རིང་ཇེ་རིང་དུ་སོང་བའི་དབང་གིས། ཟླ་བའི་གྲིབ་མོ་ཇེ་ཆུང་ཇེ་ཆུང་དུ་སོང་སྟེ། བཅོ་ལྔ་ལ་ཉི་མའི་འོད་ཟེར་ཟླ་བ་ལ་ཕོག་པའི་གྲིབ་མ་གཏན་མེད་པས་ཟླ་བ་ཉ་གང་བར་སྣང་ལ། མར་ངོའི་ཚེས་གཅིག་ནས་གནམ་གང་གི་བར་ཉི་ཟླ་གཉིས་ཇེ་ཉེ་ཇེ་ཉེར་སོང་ནས་ཟླ་བའི་གྲིབ་མ་ཇེ་ཆེ་ཇེ་ཆེར་གྱུར་ཏེ། གནམ་གང་ལ་ཉི་ཟླ་གཉིས་ཤིན་ཏུ་ཉེ་བས་ཟླ་བ་ལ་ཉི་མའི་འོད་ཟེར་ཆེར་ཕོག་པའི་རྐྱེན་གྱིས་དེ་རང་གི་གྲིབ་མས་རྫོགས་པར་སྒྲིབ་པར་སྣང་ངོ་། །ས་སྡེ་ལྟར་ན་དེ་དང་མི་འདྲ་བ་ཞིག་ཀྱང་ཡོད་དོ། །དྲུག་པ་དུས་ཆེན་ལ་བཞི། དུས་ཆེན་གྱི་དབྱེ་བ། ཕྱེ་བ་སོ་སོའི་རང་བཞིན། ཆོ་འཕྲུལ་ཆེན་པོ་བྱེ་བྲག་ཏུ་བཤད་པ། དགེ་བའི་འགྱུར་ཁྱད་དོ། །དང་པོ་དུས་ཆེན་ལ་དབྱེ་ན། ཇི་སྐད་དུ། མངོན་བྱང་ཆུབ་དང་ཆོས་འཁོར་དང་། །ལྷ་བབས་ཆོ་འཕྲུལ་ཆེན་པོ་སྟེ། །དད་ལྡན་བསོད་ནམས་གསོག་པ་ཡི། །ཁྱད་པར་ཅན་གྱི་དུས་ཡིན་ནོ། །ཞེས་གསུངས་པ་ལྟར། རང་ཅག་གི་བླ་མ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྟོན་པ་བཀའ་དྲིན་ཅན་དེ་ཉིད་ཀྱིས་མཛད་པ་ཁྱད་པར་ཅན་བསྟན་པའི་ནང་ནས། མངོན་པར་བྱང་ཆུབ་པའི་དུས་ཆེན་སོགས་དུས་ཆེན་བཞི་ཞེས་ཡོངས་སུ་གྲགས་པ་དེ་རྣམས་དང་། གཞན་ཡང་ལྷུམས་སུ་ཞུགས་པ་དང་བལྟམས་པ་དང་རབ་ཏུ་བྱུང་བ་དང་མྱ་ངན་ལས་འདས་པའི་དུས་ཆེན་སོགས་མང་ངོ་། །གཉིས་པ་ནི། དུས་ཆེན་འདི་དག་ལོ་དང་ཟླ་བ་གང་ལ་བྱུང་བ་འདུལ་མངོན་གྱི་བླ་མ་མང་བོ་དང་། ཁྱད་པར་དུས་འཁོར་གྱི་སྲོལ་འཛིན་པའི་མཁས་པ་དུ་མ་ཞིག་གིས་ལུང་དང་རིགས་པ་དུ་མས་སྟོན་པའི་དུས་ཆེན་དེ་དག་ལོ་འདི་དང་ཟླ་བ་འདི་དང་འདི་ལ་བྱུང་ངོ་ཞེས་བཤད་ཀྱང་ཤིན་ཏུ་མི་མཐུན་པ་དང་། འགའ་ཞིག་མཐུན་ལ་འགའ་ཞིག་མི་མཐུན་པ་སོགས་མང་དུ་སྣང་ཡང་དེ་ཐམས་ཅད་ཀྱི་རྗེས་སུ་ནི་སུ་ཞིག་འབྲང་བར་ནུས་ཏེ། དེ་དག་ཕལ་ཆེར་ནི་རགས་པའི་རྣམ་གཞག་ཡིན་ཞིང་ལ་ལ་ཞིབ་པར་བྱེད་འདོད་ཀྱང་ཇི་ལྟ་བ་བཞིན་མ་ནུས་པར་སྣང་བས། འདིར་སྐར་རྩིས་ཀྱི་རིགས་པའི་མཐའ་རྙེད་པ་ཕུག་པ་ལྷུན་གྲུབ་རྒྱ་མཚོ་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ཀྱི་རྗེས་སུ་འབྲང་བར་བྱ་སྟེ། ཚུལ་འདི་དག་ལ་དེ་རྣམས་ཀྱིས་བཞེད་པ་ནི་འཁྲུལ་མེད་རྣམ་དག་ཏུ་གོ་བའི་ཕྱིར་རོ། །དེས་ན་བདག་ཅག་གི་སྟོན་པ་དེ་ཉིད་ས་ལུག་གི་ལོར་ཆུ་སྟོད་ཀྱི་ཚེས་བཅོ་ལྔ་ལ་ལྷུམས་སུ་ཞུགས། ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ལ་སྐུ་བལྟམས། ས་བྱི་དཔྱིད་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་རབ་ཏུ་བྱུང་གསུངས་ཏེ་འདི་ཧོར་ལུགས་དང་བསྟུན་ན་ས་ག་ཟླ་བར་བྱེད་དགོས་པར་སྣང་ངོ་། །ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སངས་རྒྱས། ལོ་དེའི་ཆུ་སྟོད་ཟླ་བའི་ཚེས་བཞིར་ཆོས་འཁོར་བསྐོར། ལྕགས་བྱི་ཧོར་ཟླ་དགུ་པའི་ཉེར་གཉིས་ལ་ལྷ་ལས་བབས། མེ་འབྲུག་གམ་ཤིང་ཡོས་ཀྱི་ལོར་ལ་ཆུ་ཟླའི་ཡར་ངོ་ལ་ཆོ་འཕྲུལ་ཆེན་པོ་བསྟན། ལྕགས་འབྲུག་ལོའི་ས་ག་ཟླ་བའི་བཅོ་ལྔ་ལ་མྱ་ངན་ལ་འདའ་བའི་ཚུལ་བསྟན་ཏེ། དེ་དག་ནི་ཡོངས་སུ་གྲགས་པའི་དུས་ཆེན་ཡིན་ལ། གཞན་ཡང་མང་ངོ་། །ས་ག་ཟླ་བའི་བཅོ་ལྔ་འདི་དུས་ཆེན་གསུམ་འཛོམས་སུ་བཞེད་དེ། དེ་ཡང་ལྷུམས་སུ་ཞུགས་པ་དང་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་དུས་ཆེན་ནོ། །དེས་ན་ཧོར་ཟླ་དང་པོ་ལ་སྒྲུབ་མཆོད་འཛིན་པ་ནི་ཆོ་འཕྲུལ་ཆེན་པོའི་དུས་ཆེན་དང་། ཧོར་ཟླ་བཞི་པའི་སྨོན་ལམ་ནི་སངས་རྒྱས་པའི་དུས་ཆེན་དང་། དྲུག་པའི་དབྱར་མཆོད་ནི་ཆོས་འཁོར་བསྐོར་བའི་དུས་ཆེན་དང་། བཅུ་པའི་ལྔ་མཆོད་ནི་རྗེ་བཙུན་བཙོང་ཁ་པ་ཆེན་པོ་སྐུ་གཤེགས་པའི་དུས་ཆེན་གྱི་དབང་དུ་བྱས་པ་ཡིན་པས། དེ་དག་གི་ཁྱད་པར་ཤེས་དགོས་སོ། །གསུམ་པ་དེ་དག་ལས། ཆོ་འཕྲུལ་ཆེན་པོའི་དུས་ཆེན་ཚིགས་སུ་བཅད་པའི་སྒོ་ནས་མདོར་བསྡུས་ཏེ་བཤད་ན། འདི་ལྟར། ལྷ་དང་བཅས་པའི་སྟོན་པ་དེར། །སྔོན་ཚེ་མུ་སྟེགས་བྱེད་དག་གིས། །ཆོ་འཕྲུལ་འགྲན་པར་འདོད་ནས་ནི། །ཞུས་པས་མཆུ་ཟླའི་ཚེས་གཅིག་ལ། །རྒྱལ་བོ་གསལ་རྒྱལ་གྱིས་མཆོད་ཚེ། །ཚེམས་ཤིང་ས་ལ་བཙུགས་མ་ཐག །རིན་ཆེན་སྣ་བདུན་ལྡན་པ་ཡི། །ལྗོན་ཤིང་དཔག་ཚད་མང་ལྡན་སྤྲུལ། །ཚེས་གཉིས་ཨུ་ཏྲ་ཡ་ནས་མཆོད། །གཡས་གཡོན་རིན་ཆེན་རི་བོ་ལ། །ནགས་ཚལ་སྣ་ཚོགས་ཀྱིས་བརྒྱན་ཅིང་། །རོ་བརྒྱའི་འབྲས་ལྡན་རྩ་མཆོག་སྤྲུལ། །ཚེས་གསུམ་ཤུན་རྩི་རྒྱལ་པོས་མཆོད། །ཞལ་བཤལ་འཐོར་ཐུང་འདོར་བ་ལས། །ཡན་ལག་བརྒྱད་ལྡན་རྫིང་བུ་མཆོག །དཔག་ཚད་མདངས་ལྡན་པད་མོ་སྦྲུལ། །ཚེས་བཞི་ཨིནྡྲ་བྷུ་མིས་མཆོད། །རྫིང་བུ་དེ་ཡི་ངོས་བཞི་རུ། །ཡུར་ཆེན་བརྒྱད་བརྒྱད་འཁོར་བ་ལས། །ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ་སྤྲུལ། །ཚེས་ལྔ་ཚངས་བྱིན་རྒྱལ་པོས་མཆོད། །སྟོན་པའི་ཞལ་ལས་འོད་འཕྲོས་ཏེ། །སྟོང་གསུམ་འཇིག་རྟེན་མ་ལུས་ཁྱབ། །འོད་དེས་རེག་པས་བདེ་བར་གྱུར། །ཚེས་དྲུག་ལི་ཙཱའི་ཚོགས་ཀྱིས་མཆོད། །སྟོན་པའི་འཁོར་རྣམས་ཐམས་ཅད་ཀྱིས། །གཅིག་གིས་གཅིག་སེམས་ཤེས་གྱུར་ཏེ། །ལས་འབྲས་ཡིད་ཆེས་དད་པ་རྙེད། །ཚེས་བདུན་ཤཱཀྱ་རྣམས་ཀྱིས་མཆོད། །འཁོར་ལོ་བསྒྱུར་བའི་རྒྱལ་བོ་ནི། །རིན་ཆེན་སྣ་བདུན་ལྡན་པ་ལ། །བློན་པོའི་ཚོགས་ཀྱིས་བསྐོར་བ་སྤྲུལ། །ཚེས་བརྒྱད་ལྷ་དབང་བརྒྱ་བྱིན་མཆོད། །སེང་ཁྲི་ཕྱག་གིས་མནན་པ་ལས། །སྲིན་པོ་ལྔ་བྱུང་ཕྱག་རྡོར་གྱིས། །མུ་སྟེགས་འཁོར་བཅས་ཚར་བཅད་བཏུལ། །ཚེས་དགུ་ཚངས་པའི་རྒྱལ་བོས་མཆོད། །འོད་ཟེར་འཕྲོ་བའི་སྐུ་ལུས་ཀྱིས། །ཚངས་པའི་བར་དུ་ཁྱབ་མཛད་ནས། །གསུང་གིས་ཆོས་བསྟན་འགྲོ་རྣམས་བསྒྲལ། །ཚེས་བཅུར་རྒྱལ་ཆེན་སྡེ་བཞིས་མཆོད། །འོད་ཟེར་འབར་བའི་སྐུ་མཆོག་གིས། །སྲིད་རྩེའི་བར་དུ་ཁྱབ་མཛད་དེ། །འགྲོ་ལ་ཆོས་བསྟན་རྣམ་པར་གྲོལ། །བཅུ་གཅིག་མགོན་མེད་ཟས་སྦྱིན་མཆོད། །སེངྒེའི་ཁྲི་ལ་བཞུགས་བཞིན་དུ། །སྐུ་ལུས་མི་སྣང་འོད་ཟེར་གྱིས། །སྟོང་གསུམ་ཁྱབ་ཅིང་ཆོས་སྟོན་མཛད། །བཅུ་གཉིས་ཁྱིམ་བདག་སྤྱི་ཐོས་མཆོད། །སྟོང་གསུམ་འོད་ཀྱིས་ཁྱབ་མཛད་ཅིང་། །འོད་དེས་རེག་པའི་སེམས་ཅན་རྣམས། །སྐྱོན་བྲལ་ཡོན་ཏན་ལྡན་པར་མཛད། །བཅུ་གསུམ་ཤཱུཉྩི་རྒྱལ་བོས་མཆོད། །ལྟེ་བ་ལས་ནི་འོད་ཟེར་གཉིས། །འདོམ་བདུན་པདྨ་སངས་རྒྱས་བཅས། །དེ་བཞིན་སྟོང་གསུམ་ཁྱབ་པར་སྤྲུལ། །བཅུ་བཞི་ཨུ་ཏྲ་ཡ་ནས་མཆོད། །གཏོར་བའི་མེ་ཏོག་སྣ་ཚོགས་ནི། །རིན་ཆེན་བདུན་ལྡན་ཤིང་རྟའི་སྟེང་། །སྤྲུལ་བའི་སངས་རྒྱས་མང་བཅས་སྤྲུལ། །བཅོ་ལྔ་གཟུགས་ཅན་སྣིང་བོས་མཆོད། །ཕྱག་གིས་ས་ལ་བསྣུན་མ་ཐ །སེམས་ཅན་དམྱལ་བ་བཅུ་དྲུག་རྣམས། །ཀུན་གྱིས་མངོན་མཐོང་སྐྱོ་བ་སྐྱེས། །དེ་ལྟར་ཆོ་འཕྲུལ་བསྟན་པའི་ཚེ། །ལྷ་དང་མི་སོགས་གྲངས་མེད་པའི། །སེམས་ཅན་བྱང་ཆུབ་རྣམ་གསུམ་དང་། །མངོན་མཐོ་མཆོག་ལ་སྦྱོར་བར་མཛད། །ཅེས་བྱའོ། །ཞར་ལ་དུས་བཟང་གཞན་འབྱུང་བའི་རྒྱུ་མཚན་བསྟན་པ་ལ། འོ་ན་ད་ལྟ་ཟླ་བ་རེ་རེར་ཚེས་བརྒྱད་བཅོ་ལྔ་གནམ་གང་གི་དུས་བཟང་གསུམ་འབྱུང་བ་འདི་གང་གི་སྒོ་ནས་ཡིན་ཞེ་ན། འདི་ལ་མཁས་པ་ཁ་ཅིག་ཚེས་བརྒྱད་ལ་སྨན་བླ། བཅོ་ལྔ་ལ་ཐུབ་དབང་། གནམ་གང་ལ་འོད་དཔག་མེད་སེམས་ཅན་གྱི་དོན་དུ་འབྱོན་པའི་དུས་ཆེན་ཡིན་ཞེས་བཞེད་ལ། ཁ ཅིག་ཟླ་བ་འཕེལ་འགྲིབ་ཀྱི་མཚན་མ་དེ་གསུམ་ལ་གསལ་བའི་སྒོ་ནས་ཡིན་ཏེ། ཚེས་བརྒྱད་ལ་ཟླ་བའི་ཕྱེད་འཕེལ་ཞིང་། བཅོ་ལྔ་ལ་ཉ་གང་བ་དང་། གནམ་གང་ལ་ཟླ་བའི་དཀར་ཆ་ཐམས་ཅད་འགྲིབ་པའི་སྐབས་སོ་ཞེས་འདོད་ཅིང་། འགྲིབ་པའི་ཕྱེད་ཉིན་མོ་འབྱུང་བ་ནི་མི་གསལ་བས་མི་བགྲང་ངོ་། །གཞུང་གཞན་འགའ་ཞིག་ནས་རྒྱལ་བོ་ཆེན་པོ་བཞིས་འཇིག་རྟེན་སྐྱོང་བར་ཁས་བླངས་པ་ལྟར། ཚེས་བཅོ་ལྔ་ལ་རྒྱལ་ཆེན་བཞི་རང་ཉིད་འཇིག་རྟེན་དུ་འབྱོན། གནམ་གང་ལ་རྒྱལ་ཆེན་བཞིའི་བུ་རྣམས་འཇིག་རྟེན་དུ་འོང་། ཚེས་བརྒྱད་ལ་རྒྱལ་ཆེན་བཞིའི་གཡོག་རྣམས་འཇིག་རྟེན་དུ་འོང་ཞེས་བཞེད་པ་ཡང་སྣང་སྟེ། གང་ལྟར་བྱས་ཀྱང་འགལ་བ་མེད་པར་སེམས་སོ། །ཞེས་པ་ནི། སྤྱིར་དུས་ཆེན་དང་དུས་བཟང་དེ་དག་ལ་དགེ་སྡིག་གང་བྱས་ཀྱང་འགྱུར་ཆེ་ཞིང་། ཁྱད་པར་དགེ་བ་བྱས་པ་རྣམས་སྟོབས་ཆེའོ། །དེའི་ནང་ནས་ཀྱང་དུས་ཆེན་བཞི་ལ་འགྱུར་ལྷག་པར་ཆེའོ། །ཇི་སྐད་དུ། དེ་ལྟར་དུས་ཆེན་རྣམ་བཞི་ལ། །དགེ་བ་ཅུང་ཟད་བགྱིས་པ་རྣམས། །ས་ཡ་ཕྲག་བརྒྱའི་འགྱུར་དུ་གསུངས། །དེ་དག་ཞིབ་ཏུ་རྩིས་གྱུར་ན། །ལྷག་བསམ་དག་པས་ནས་ཕུལ་གང་། །སྦྱིན་པར་བཏང་ངམ་ཕུལ་ན་ནི། །ས་ཡ་ཕྲག་བརྒྱར་འགྱུར་བའི་ཕྱིར། །ནས་ཁལ་བརྒྱད་འབུམ་སུམ་ཁྲི་དང་། །སུམ་སྟོང་སུམ་བརྒྱ་སུམ་ཅུ་གསུམ། །བྲེ་དྲུག་ཕུལ་བཞིའི་འབྲས་བུ་ནི། །འབྱུང་བར་རྒྱལ་བ་ཉིད་ཀྱིས་གསུངས། །ཞེས་འབྱུང་བ་ལྟར་རོ། །བདུན་པ་དུས་ཚིགས་ཀྱི་རྣམ་གཞག་ཤེས་པ་ལ་དགོས་པ་ཡོད་དེ། ལོ་ཟླ་ཞག་དུས་རྣམས་ལ་རྨོངས་པའི་རྨོངས་པ་ཟློག་པ་དང་། དེ་དག་གི་རྣམ་གཞག་གསུང་རབ་ནས་བཤད་པའི་དགོངས་པ་རྟོགས་པར་འགྱུར་བ་དང་། གསོ་སྦྱོང་སོགས་གང་དུ་བྱ་བའི་དུས་ལ་མཁས་པ་དང་། ཁྱད་པར་དུས་ཆེན་གང་ཡིན་ཤེས་ནས་དགེ་བ་བྱས་པ་རྣམས་གོང་འཕེལ་དུ་འགྱུར་བའི་དགོས་པ་ཡོད་པའི་ཕྱིར་རོ། །སྨྲས་པ། སངས་རྒྱས་མཐུ་དང་སྤྱི་མཐུན་ལས་ཀྱིས་ནི། །སྣོད་བཅུད་ལོ་ཟླ་ཞག་དུས་བཀོད་པའི་ཁྱད། །འདྲ་དང་འདྲ་མིན་སྣ་ཚོགས་མཆིས་པ་ཀུན། །རྒྱལ་བའི་ཡུལ་ཡིན་དེ་ལས་གཞན་དུ་མིན། །འོན་ཀྱང་གླིང་བཞི་འདི་ཡི་དབང་བྱས་ཏེ། །ཉི་ཟླ་སྐར་གསུམ་རྒྱུ་བའི་ཁྱད་པར་གྱིས། །ལོ་ཟླ་ཞག་གསུམ་དུས་ཚིག་དབྱེ་བ་སོགས། །ཇི་ལྟར་འབྱུང་བའི་རྣམ་གཞག་དེ་ཙམ་སྨྲས། །དེ་ཡང་མདོ་རྒྱུད་དགོངས་འགྲེལ་གཞུང་རྣམས་དང་། །མཁས་མང་བརྒྱུད་པའི་མན་ངག་ལ་བརྟེན་ནས། །རང་གིས་ཇི་ལྟར་རྟོགས་པའི་ཚུལ་དེ་བཞིན། །འཚམ་པར་བརྗོད་ཀྱི་ཤིན་ཏུ་རྒྱས་པར་མིན། །འདི་ལ་བཞེད་སྲོལ་མི་འདྲའི་སྤྲིན་འཁྲིགས་པས། །བློ་མིག་བསྒྲིབས་རྐྱེན་ལོག་པར་བཤད་ཉེས་ན། །ནོངས་དེ་མཁས་དང་འཕགས་པའི་ཚོགས་ཀྱི་དྲུང་། །ཟོལ་མེད་འགྱོད་པའི་ཡིད་ཀྱིས་ངེས་པར་འཆགས། །འདིར་འབད་ལེགས་པར་བཤད་ལས་རབ་དཀར་དགེ །ཇི་སྙེད་ཐོབ་དེས་མཐའ་དག་འགྲོ་བ་ཀུན། །རྩོད་དུས་དྲི་མའི་སྐྱོན་ལས་ངེས་ཐར་ཏེ། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་གྱུར་ཅིག །ཅེས་དུས་ཚིགས་སྤྱི་དང་བྱེ་བྲག་གི་རྣམ་གཞག་ལེགས་པར་བཤད་པ་འདིའང་གནས་བརྟན་རིག་པ་འཛིན་པ་རྒྱལ་མཚན་དཔལ་བཟང་ཞེས་བགྱི་བས་འདི་ལྟ་བུ་ཞིག་གྱིས་དང་། ཁོ་བོས་མཐུན་རྐྱེན་མཐའ་དག་ཉེ་བར་སྦྱར་ནས་བར་དུ་བསྒྲུབ་པར་བྱའོ་ཞེས་བསྐུལ་བ་ལ་བརྟེན་ནས། སླར་ཡང་ཅོ་ནེའི་མཁན་ས་དང་མཚན་ཉིད་ཀྱི་བཤད་གྲྭ་ཟུང་འབྲེལ་གྱིས་སྐྱོང་ཞིང་འདུལ་མངོན་གྱི་གནད་ཕྱོགས་ཙམ་རིག་པ་ཤཱཀྱའི་དགེ་སློང་རིགས་པ་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས་ཉེ་བར་སྦྱར་བའོ།། །།དགེ་ལེགས་འཕེལ། བཀྲ་ཤིས།། །།

དབུ་མའི་ལུགས་ཀྱི་ཟབ་དོན་གྱི་སྙིང་བོ་བསྡུས་པ།

དབུ་མའི་ལུགས་ཀྱི་ཟབ་དོན་གྱི་སྙིང་བོ་བསྡུས་པ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། འཇམ་པའི་དབྱངས་ཀྱིས་མངོན་སུམ་རྗེས་བཟུང་སྟེ། །རྒྱལ་བའི་ཆོས་ཚུལ་ཀུན་དང་ཁྱད་པར་དུ། །ཟབ་མོ་རྟེན་ཅིང་འབྲེལ་འབྱུང་དབུ་མའི་ལམ། །གསལ་མཛད་རྗེ་བཙུན་ཙོང་ཁ་བ་དེར་འདུད། །ཉིད་ཀྱི་ལེགས་བཤད་རིན་ཆེན་བུམ་བཟང་ནས། །ཟབ་དོན་བདུད་རྩིའི་སྙིང་བོ་ཆ་ཙམ་ཞིག །དད་དང་རྣམ་དཔྱོད་འབྲེལ་བའི་ཀུ་ཤའི་རྩེས། །བླངས་ཏེ་གཞན་ལ་སྟེར་བའི་གར་གྱིས་བྲེལ། །དེ་ལ་འདིར་དབུ་མ་ཐལ་འགྱུར་བའི་ལུགས་གཙོ་བོར་བྱས་ཏེ། ཟབ་དོན་ཐོར་བུ་འགའ་ཞིག་ཕྱོགས་གཅིག་བསྡུས་ནས་འཆད་པ་ལ་འཇུག་པར་བྱ་སྟེ། འདི་ལ་གསུམ། རྟེན་འབྱུང་མཐའ་བརྒྱད་དང་བྲལ་བའི་དོན། ལས་ལ་རྟག་ཆད་སྤོང་ཚུལ། དུས་གསུམ་གྱི་རྣམ་པར་གཞག་པའོ། །དང་པོ་ལ་གཉིས། བཤད་གཞི་དགོད་པ་དང་། དེའི་དོན་བཤད་པའོ། །དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་དུ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །ཞེས་པ་ནས། དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གསུངས་པ་འདིའོ། །གཉིས་པ་དེའི་དོན་བཤད་པ་ལ་གཉིས། ཚིག་གི་དོན་བཤད་པ་དང་། དེ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་བསྡུས་ཏེ་བཤད་ན། ཕྱག་འཚལ་ལོ། །གང་ལ་ན། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པའི་རྫོགས་པའི་སངས་རྒྱས་དེ་ལའོ། །དེས་དེ་ཇི་ལྟར་བསྟན་ཅེ་ན། ཆོས་ཀུན་རང་བཞིན་གྱིས་མེད་པས་ན། །རྟེན་འབྱུང་གི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཟག་མེད་ཀྱི་གཟིགས་དོན་འདུས་བྱས་ཀྱི་རྟེན་འབྱུང་རྣམས་སྐད་ཅིག་མར་འཇིག་པའི་འགག་པ་མེད་ལ། དེ་བཞིན་དུ་རང་གི་དངོས་པོར་རེད་པའི་སྐྱེ་བ་དང་། སྔ་མ་རྒྱུན་ཆད་པ་དང་། དུས་ཐམས་ཅད་དུ་གནས་པའི་རྟག་པ་དང་། ཡུལ་རིང་བ་ནས་ཚུར་འོང་བ་དང་། ཉེ་བ་ནས་ཕར་འགྲོ་བ་དང་། དོན་སོ་སོ་བའི་ཐ་དད་པ་དང་། དོན་སོ་སོ་བ་མིན་པའི་གཅིག་པ་རྣམས་མེད་པར་བསྟན་ཏོ། །རྟེན་འབྱུང་གི་ཆོས་ཉིད་མངོན་སུམ་དུ་གཟིགས་པའི་གཟིགས་ངོ་དེར་བརྗོད་བྱ་རྗོད་བྱེད་བསྒྲུབ་བྱ་སྒྲུབ་བྱེད་གཅིག་དང་དུ་མ་མཚན་མཚོན་ལ་སོགས་པའི་ཀུན་རྫོབ་ཀྱི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་། རྣམ་རྟོག་གི་རྒྱུ་བ་མེད་ལ་ཤེས་པ་དང་ཤེས་བྱའི་ཐ་སྙད་ཀྱང་ལོག་པའི་སྒོ་ནས་སྐྱེ་རྒ་ལ་སོགས་པ་ཉེར་འཚེ་མ་ལུས་པ་དང་བྲལ་བས་ན་ཞི་བའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི། རྟེན་འབྱུང་གི་དེ་ཉིད་ཇི་ལྟ་བ་བཞིན་མངོན་སུམ་དུ་གཟིགས་ནས་གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་པས་ན། དེ་ལ་སྨྲ་བ་རྣམས་ཀྱི་དམ་པ་ཞེས་བྱའོ། །གང་ཞེས་པ་སྤྱི་སྒྲ་ཡིན་ཀྱང་འདིར་རྫོགས་པའི་སངས་རྒྱས་ཞེས་པ་དང་འབྲེལ་བས་ཐུབ་དབང་ལ་གོ་བར་བྱའོ། །གཞུང་འདིས་མཉམ་གཞག་ཟག་མེད་ཡེ་ཤེས་ཀྱིས་ཆོས་ཉིད་ཇི་ལྟར་གཟིགས་པའི་གཟིགས་ངོ་ན་རྟེན་འབྱུང་གི་འགག་སོགས་བརྒྱད་མེད་པར་བསྟན་ཀྱང་། སྤྱིར་འགག་སོགས་བརྒྱད་ཐ་སྙད་དུ་ཡོད་ཚུལ་ནི་འཆད་པར་འགྱུར་རོ། །གཞན་ཡང་། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་མཉམ་གཞག་ཟག་མེད་ཡེ་ཤེས་ཀྱི་གཟིགས་ངོར། གཟུགས་སྒྲ་སོགས་དང་དེའི་སྐྱེ་འགག་སོགས་ཀུན་རྫོབ་ཀྱི་སྣང་བ་མེད་པས། དེས་དེ་རྣམས་ནི་ཐ་སྙད་དུའང་མ་གཟིགས་ཀྱང་། དེ་དག་མེད་པར་གཟིགས་པ་ནི་མིན་ནོ། །ཤེས་རབ་སྙིང་བོ་ལས། གཟུགས་མེད་སྒྲ་མེད་ཅེས་སོགས་གསུངས་པའང་མཉམ་གཞག་དེའི་གཟིགས་ངོ་ན་དེ་དག་མེད་པར་དགོངས་པ་སྟེ། དེ་ཉིད་ཀྱང་གཟུགས་སོགས་རང་བཞིན་གྱིས་མེད་པའི་དོན་དང་། གཟུགས་སོགས་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་མི་གཟོད་པའི་དོན་དུ་འགྲོ་བའང་ཡིན་ནོ། །གཉིས་པ་འཕྲོས་དོན་ལ་གཉིས། རྟེན་འབྱུང་གི་ཁྱད་གཞི་ལ་ཁྱད་ཆོས་ལྡན་ཚུལ། དེ་དག་མཉམ་གཞག་ཟག་མེད་ཡེ་ཤེས་ཀྱི་ཡུལ་གྱི་རང་བཞིན་དུ་མི་འགྱུར་བའི་རྒྱུ་མཚན་ནོ། །དང་པོ་ནི། འདིའི་དངོས་བསྟན་གྱི་རྟེན་འབྲེལ་ནི་གཙོ་བོ་འདུས་བྱས་ཀྱི་དབང་དུ་མཛད་པ་སྟེ། དེ་ཡང་ཁྱད་གཞི་འདུས་བྱས་ལ་ཁྱད་ཆོས་འགག་སོགས་བརྒྱད་པོ་དེ་ཐ་སྙད་དུ་ཡོད་ཀྱི། རང་བཞིན་གྱིས་མེད་ཅེས་སྟོན་པའོ། །འགག་སོགས་བརྒྱད་པོ་ནི་ཐ་སྙད་དུ་ཡོད་དེ། འདུས་བྱས་རྣམས་སྐྱེས་ནས་འཇིག་པར་འགྱུར་བས་སྐྱེ་འགག་ཡོད་ལ། ལས་ཉོན་རྒྱུན་ཆད་པ་དང་། ཆོས་ཉིད་རྟག་པ་དང་། ཕར་འགྲོ་བ་དང་། ཚུར་འོང་བ་དང་། བྱས་མི་རྟག་ལྟ་བུ་དོན་གཅིག་པ་དང་། ཀ་བུམ་ལྟ་བུ་དོན་ཐ་དད་པའང་ཡོད་དོ། །དོན་གཅིག་དང་ཐ་དད་ལ་འཇོག་ཚུལ་གཞན་ཞིག་ཀྱང་བཤད་དེ། བྱ་བ་ནི་གཅིག་སྟེ་ཆོས་སོ་ཞེས་པ་ལྟ་བུ་དོན་གཅིག་དང་། བྱ་བ་ནི་གཉིས་སྟེ་ཆོས་དང་འཇིག་རྟེན་ནོ་ཞེས་པ་ལྟ་བུ་ནི་དོན་ཐ་དད་དུ་གསུངས་པས་སོ། །རྟེན་འབྱུང་གི་དོན་ལ་གཉིས་ཡོད་པའི་གཅིག་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། ལས་ཀྱང་བྱེད་པ་པོ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་གསུངས་པ་ལྟ་བུའོ། །འདི་ནི་གཞི་དེ་ལ་བརྟེན་ནས་འགྲུབ་པ་ལ་བརྟེན་ནས་འབྱུང་བར་གསུངས་པ་སྟེ། ལྟོས་ནས་གྲུབ་པའི་དོན་ཡིན་པས་ཆོས་ཐམས་ཅད་ལ་ཁྱབ་བོ། །དེ་ལྟར་ཡང་རྩ་ཤེས་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་བ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ནི་འདུས་བྱས་མིན་པ་གཞན་ལ་མེད་ཀྱང་། རང་གི་ཆ་ཤས་ལ་བརྟེན་ནས་འགྲུབ་པ་ནི་ཆོས་ཐམས་ཅད་ལ་ཡོད་དེ། དེ་ཡང་ཆ་ཅན་རྣམས་རང་གི་ཆ་ཤས་དང་ཆ་ཤས་རྣམས་ཀྱང་རང་རང་གི་ཆ་གཞན་ལ་བརྟེན་ནས་གྲུབ་པའི་རྟེན་འབྱུང་ཡིན་ཏེ། དཔེར་ན། བུམ་པ་ནི་རང་གི་མཆུ་ཞབས་ལྟོ་བ་སོགས་ལ་བརྟེན་ནས་བཞག་ལ། མཆུ་ཞབས་སོགས་ཀྱང་རང་གི་གཡས་གཡོན་གྱི་ཆ་གཞན་ལ་བརྟེན་ནས་བཞག་པ་བཞིན་ནོ། །ཐུན་མོང་བའི་དབང་དུ་བྱས་ན་འཕྲད་ལྟོས་རྟེན་གསུམ་རྣམ་གྲངས་སུ་བཤད་པ་ལྟར་ཡིན་ལ། ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་མིང་བརྡའ་འམ་རྟོག་པས་བཏགས་པ་ཙམ་ལ་རྟེན་འབྲེལ་དུ་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་རྒྱུ་མཚན་ལ་གཉིས། དངོས་དང་། དེའི་རིགས་པ་བསྟན་པའོ། །དང་པོ་ནི། རྟེན་འབྱུང་གི་འགག་སོགས་བརྒྱད་པོ་དེ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཟག་མེད་ཡེ་ཤེས་ཀྱི་ཡུལ་གྱི་རང་བཞིན་དུ་མེད་དེ། དེའི་རང་བཞིན་དུ་ཡོད་ན་ཡེ་ཤེས་དེས་ཆོས་ཉིད་ཇི་ལྟར་གཟིགས་པའི་གཟིགས་ངོར་ཡོད་དགོས་ལ། དེར་ཡོད་ན་ཡེ་ཤེས་དེས་གཟིགས་པ་ལྟར་གནས་ཚུལ་བདེན་དགོས། དེ་ལྟར་བདེན་ན་ནི་གནས་ལུགས་སུ་གྲུབ་དགོས་པ་ལས། དེར་མ་གྲུབ་པའི་ཕྱིར་ཏེ། ཡེ་ཤེས་དེའི་གཟིགས་ངོར་ཆོས་ཉིད་མ་གཏོགས། ཀུན་རྫོབ་པའི་ཆོས་གང་ཡང་མི་སྣང་བའི་ཕྱིར་ཏེ། ཀུན་རྫོབ་པའི་ཆོས་ཡིན་བཞིན་དུ་གཟིགས་ངོ་དེར་གྲུབ་ན་ནི་བདེན་གྲུབ་ཏུ་ཐལ་བས་དེ་ལ་ནི་འཆད་པར་འགྱུར་པའི་རིགས་པ་རྣམས་ཀྱིས་གནོད་པའི་ཕྱིར་རོ། །གཉིས་པ་གནོད་བྱེད་ཀྱི་རིགས་པ་བསྟན་པ་ལ་གཉིས། སྐྱེ་བ་བདེན་གྲུབ་འགོག་ཚུལ་བསྟན་པ་དང་། གཞན་གྱི་འགོག་ཚུལ་བཤད་པའོ། །དང་པོ་ལ་གསུམ། རྟེན་འབྲེལ་གྱི་རྟགས། རྡོ་རྗེ་གཟེགས་མ། དེ་ལས་གཞན་པའི་རིགས་པའོ། །དང་པོ་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་མི་སྐྱེ་སྟེ། རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་ན། དེ་ལ་ལྟོས་པའི་རག་ལས་པ་ཡིན་དགོས་ཤིང་། དེ་ཡིན་ན། གཞན་གྱི་དབང་གིས་སྐྱེ་བར་སོང་གི །རང་དབང་གིས་སམ་རང་བཞིན་གྱིས་སྐྱེ་བ་མ་ཡིན་པར་འགྲུབ་པའི་ཕྱིར་ཏེ། དེ་སྐད་དུའང་མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལ་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་། རྩ་ཤེ་ལས་ཀྱང་། བརྟེན་ནས་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །ཞེས་དང་། འཕགས་པ་ལྷས་ཀྱང་། གང་ལ་བརྟེན་ནས་གང་འབྱུང་བ། །དེ་ནི་རང་དབང་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྟེན་འབྱུང་གི་རྟགས་ཀྱིས་དངོས་པོ་རང་བཞིན་མེད་པར་སྒྲུབ་པ་ལ་ནི། ལྟ་ངན་གྱི་དྲ་བ་གཅོད་པ་སོགས་ཀྱི་ཕན་ཡོན་ཡོད་པས་བསྔགས་པའི་གནས་སུ་གསུངས་ཏེ། དཔལ་ལྡན་ཟླ་བས་འཇུག་པ་ལས། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་དང་། རྟེན་འབྲེལ་བསྟོད་པ་ལས་ཀྱང་། །གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །གསུང་བ་འདི་ལ་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །ཅེས་དང་། དེ་ཕྱིར་ཁྱོད་ཀྱི་བསྟན་པ་ལ། །རྟེན་འབྱུང་མཐོང་བ་ལེགས་པར་བསྔགས། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། ཕྱོགས་སྔ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། བདག་སྐྱེའི་དོན་རང་ཉིད་རང་ལས་སྐྱེ་བའི་དོན་མིན་གྱི། ཕྱི་རོལ་གྲངས་ཅན་པས་སྐྱེ་བ་གཞིར་བྱས་པ་ལ་སྤྱིར་ཡོད་པ་ཞིག་སྐྱེ་དགོས་ཀྱི། མེད་ན་མི་སྐྱེ་བས་སྐྱེ་རྒྱུའི་དངོས་པོ་རྣམས་ཀྱང་རང་གི་རྒྱུའི་དུས་སུ་མེད་ན་མི་སྐྱེ་བས། རང་གི་རྒྱུའི་དུས་སུ་དེའི་བདག་ཉིད་དུ་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་ནས་སྐྱེ་བ་ཡིན་ནོ་ཞེས་ཟེར་ཞིང་། སྐྱེས་ཟིན་ནས་སླར་སྐྱེ་བར་ནི་མི་འདོད་དོ། །དེ་ཡང་། མྱུ་གུ་རང་གི་རྒྱུ་ལས་སྐྱེའོ་ཞེས་འཇིག་རྟེན་གྲགས་པས། དེ་རང་གི་རྒྱུའི་དུས་སུ་མེད་ན་ནི། དེ་དེ་ལས་སྐྱེ་ཟེར་བ་ཇི་ལྟར་འཐད་སྙམ་པའོ། །གཞན་ཡང་། རྒྱུ་རྐྱེན་དུ་མ་ཚོགས་ནས་སྐྱེས་པའི་འབྲས་བུ་ཐུན་མོང་བ་གཅིག་ནི་འདུག་ལ། དེ་རྒྱུ་རྐྱེན་རྣམས་དང་རང་བཞིན་གཅིག་པའི་གཙོ་བོ་གཅིག་མེད་ན་མི་རུང་བས། དེ་རྣམས་དང་རང་བཞིན་དབྱེར་མེད་པའི་སྤྱི་གཙོ་བོ་གཅིག་ཡོད་པ་དེ་ལས། རྣམ་འགྱུར་རྣམས་ནི་ནམ་མཁའ་ལས་འཇའ་ཚོན་བཞིན་དུ་འབྱུང་ངོ་། །ཞེས་ཟེར་རོ། །ཕྱི་རོལ་པ་ཕལ་ཆེར་དང་། རང་རྒྱུད་པ་མན་ཆད་ཀྱི་རང་སྡེས་ནི། དངོས་པོ་རང་གིས་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལས་སྐྱེ་བའི་གཞན་སྐྱེ་འདོད་ལ། གཅེར་བུ་པས་རྫ་བུམ་དེ་འཇིམ་པའི་བདག་ཉིད་དུ་སྐྱེ་བས་བདག་ལས་སྐྱེ་བ་དང་། རྫ་མཁན་སོགས་ལ་བརྟེན་ནས་སྐྱེ་བས་གཞན་ལའང་སྐྱེ་ཞིང་སྐྱེས་བུ་སྐྱེ་བ་སྔ་མའི་སྲོག་གི་བདག་ཉིད་དུ་ཡོད་པ་སྐྱེ་བས་བདག་ལས་སྐྱེ་བ་དང་། ཕ་མ་དང་སྔོན་གྱི་ལས་ལ་བརྟེན་ནས་སྐྱེ་བས་གཞན་ལས་སྐྱེ་བར་འདོད་ལ། རྒྱང་འཕེན་པས་ནི་ཚེར་བའི་རྣོ་བ་དང་སྲན་མའི་ཟླུམ་པ་དང་རྨ་བྱའི་མདོངས་ཀྱི་ཁ་དོག་ལྟ་བུ་ནི་གང་གིས་ཀྱང་ལག་པ་ལྟ་བུས་མ་བྱས་ཀྱང་འབྱུང་བས་རྒྱུ་མེད་ལས་སྐྱེའོ་ཞེས་འདོད་དོ། །གཉིས་པ་དེ་འགོག་པ་ནི། མགོན་པོས་རྩ་ཤེ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཞེས་སོགས་གསུངས་པ་ལྟར། དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་མི་སྐྱེ་སྟེ། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་ཀྱང་མི་སྐྱེ་བའི་ཕྱིར། བདག་ལས་སྐྱེ་ན་དོན་མེད་དང་ཐུག་མེད་དུ་ཐལ་བ་ནི། སྐྱེ་ལྡན་གྱི་མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་བདག་ཉིད་ཐོབ་ཟིན་པའི་ཕྱིར། ཁྱབ་པ་མེད་ན། སླར་ཡང་སྐྱེ་བ་ཐུག་པ་མེད་པར་ཐལ། རང་གི་བདག་ཉིད་ཐོབ་ཟིན་ཀྱང་སླར་ཡང་སྐྱེ་དགོས་པའི་ཕྱིར། དེའི་དོན་གོ་བདེ་བར་བརྗོད་ན། མྱུ་གུ་དེ་རང་གི་རྒྱུའི་དུས་སུ་ཡོད་པའི་ཚུལ་གྱིས་བདག་ལས་སྐྱེ་ན་ནི་སྐྱེས་ཟིན་ཚར་དགོས་པས། དེ་ནས་སླར་མྱུ་གུར་སྐྱེ་བ་དོན་མེད་ལ། གལ་ཏེ་སླར་སྐྱེ་བ་དོན་ཡོད་ན་ནི། །མི་སྐྱེ་བའི་སྐབས་མེད་པར་དུས་རྟག་ཏུ་སྐྱེ་དགོས་པར་འགྱུར་ན། དེ་ནི་མི་འཐད་དོ་ཞེས་པའོ། །དེ་ལྟར་ཡང་ཟླ་བས་འཇུག་པ་ལས། དེ་ཉིད་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །སྐྱེས་བར་གྱུར་བ་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་ཉིད། སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། །མྱུ་གུ་ལ་སོགས་རྣམས་ཀྱི་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང་། །ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །རང་ལུགས་ལ། མྱུ་གུ་ལྟ་བུ་རང་གི་རྒྱུའི་དུས་སུ་མེད་ཀྱང་ས་བོན་ཡོད་པའི་ཚུལ་གྱིས་སྐྱེ་བས་མི་འགལ་ཏེ། དེ་རྟེན་འབྲེལ་གྱི་སྐྱེ་ཚུལ་ཡིན་པའི་ཕྱིར་རོ། །གཞན་ཡང་། མྱུ་གུ་ལྟ་བུ་རང་བཞིན་གྱིས་གྲུབ་ན་ནི། གཞན་དུ་འགྱུར་བ་མི་འཐད་པས་རང་གི་རྒྱུའི་དུས་སུ་ཡོད་དགོས་པས། བདག་སྐྱེ་དངོས་སུ་ཁས་ལེན་ནམ་མི་ལེན་ཀྱང་། བདག་ལས་སྐྱེ་བར་འགྱུར་བས་སྔར་བཞིན་འགོག་པའམ་རིགས་པ་གཞན་གྱིས་དགག་གོ །གཞན་ཡང་། བདག་ལས་སྐྱེ་བ་མེད་དེ། ཡོད་ན། འབྲས་བུ་རྣམས་རང་གི་རྒྱུའི་རང་བཞིན་དུ་སོང་བས་རང་གི་རྒྱུ་ཡིན་པའི་ཆ་ནས་བསྐྱེད་བྱེད་དང་། རང་གི་འབྲས་བུ་ཡིན་པའི་ཆ་ནས་བསྐྱེད་བྱ་གཉིས་ཀ་ལེན་པར་ཐལ་བར་འགྱུར་བའི་ཕྱིར་ན་ལས་བྱ་བྱེད་ཐམས་ཅད་ཡང་གཅིག་ཏུ་འགྱུར་ཏེ། འཇུག་པ་ལས། བདག་ལས་སྐྱེ་བར་འདོད་ན་བསྐྱེད་པར་བྱ་དང་སྐྱེད་བྱེད་དང་། །ལས་དང་བྱེད་པ་པོ་ཡང་གཅིག་ཉིད་འགྱུར་ན་དེ་དག་ནི། །གཅིག་ཉིད་མ་ཡིན་པས་ན་བདག་ལས་སྐྱེ་བར་ཁས་བླང་པར། །བྱ་མིན་རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། བདག་ལ་སྐྱེ་བ་མེད་དེ། མྱུ་གུ་དེ་རང་གི་རྒྱུའི་དུས་སུ་ཡོད་བཞིན་དུ་མི་སྐྱེ་བའི་ཕྱིར་ཏེ། ས་བོན་ངོ་བོ་རྣམ་པར་མ་འགྱུར་བར་མྱུ་གུ་སྐྱེ་བ་མེད་པའི་ཕྱིར་ཏེ། དེ་རྣམ་པར་མ་འགྱུར་བར་སྐྱེ་ན་ནི་ས་བོན་དང་མྱུ་གུའི་དུས་གཉིས་ཀྱི་ཚེ་གཉིས་ཀའི་དབྱིབས་དང་ཁ་དོག་སོགས་ལ་ཁྱད་པར་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། འཇུག་པ་ལས། བྱེད་རྒྱུ་ས་བོན་གྱི་ལས་ཐལ་དད་མྱུ་གུའི་དབྱིབས་དང་ནི། ཁ་དོག་རོ་ནུས་སྨིན་པ་ཐ་དད་ཁྱོད་ལ་མེད་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་བདག་ལས་སྐྱེ་བ་མེད་དེ། མྱུ་གུའི་རྒྱུ་རྐྱེན་གྱི་ཚོགས་པ་དང་ཡ་གྱལ་གང་ལའང་མྱུ་གུ་ལན་གང་བ་གཟུང་དུ་མེད་པའི་ཕྱིར་ཏེ། རྩ་ཤེ་ལས། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཚོགས་ལ་གཟུང་དུ་ལོང་རིགས་ན། །ཚོགས་པ་ཉིད་ལ་ཟུང་དུ་མེད། ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་གཞན་སྐྱེ་འགོག་པ་ནི། འཇུག་པ་ལས། གལ་ཏེ་གཞན་ལ་བརྟེན་ནས་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང་། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་པར་བྱེད་པ་མ་ཡིན་པ་ལུས་ལ་ཡང་གཞན་ཉིད་མཚུངས། །ཞེས་གསུངས་པ་ལྟར། རང་གིས་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལས་སྐྱེ་ན། རྒྱུ་འབྲས་རང་བཞིན་གྱིས་གྲུབ་པའི་ཐ་དད་དུ་སོང་བས། དེ་གཉིས་ཕན་ཚུན་བལྟོས་མེད་ཀྱི་གཞན་དུ་འགྱུར་ལ། དེ་ལྟ་ན་ནི། འབྲེལ་མེད་དོན་གཞན་དུ་འགྱུར་ཞིང་། འབྲེལ་མེད་དོན་གཞན་ཡིད་བཞིན་དུ་རྒྱུ་འབྲས་ཡིན་ན། མེ་ལས་དུ་བ་འབྱུང་བ་དེ་བཞིན་དུ་མེ་ལྕེ་ལས་ཀྱང་རང་གི་བསལ་བྱ་མུན་པ་འཐུག་པོ་འབྱུང་བར་ཐལ་བ་དང་། རྒྱུ་ཡིན་མིན་ཐམས་ཅད་ལས་ཀྱང་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་བར་ཐལ་ལོ། །འདོད་པར་མི་ནུས་ཏེ། རྒྱུ་ལས་འབྲས་བུ་མ་འཁྲུལ་བར་འབྱུང་བར་མཐོང་བའི་ཕྱིར་རོ། །འདི་ནི་མཚོན་པ་ཙམ་སྟེ། གཞན་སྐྱེའི་དོན་ལེགས་པར་གོ་བ་ནི། རང་བཞིན་གྱིས་གྲུབ་པའི་དགག་བྱའི་ཚད་ཟིན་པ་ལ་རག་ལས་པས། འགོག་ཚུལ་རྒྱས་པར་གཞན་ནས་ཤེས་པར་བྱའོ། །གསུམ་པ་གཉིས་ཀ་ལས་མི་སྐྱེ་སྟེ། གང་རུང་རེ་རེ་ལས་མི་སྐྱེ་བར་བསྒྲུབས་ཟིན་པའི་ཕྱིར། འདི་སླའོ། །བཞི་བ་རྒྱུ་མེད་ལས་མི་སྐྱེ་སྟེ། རྒྱུ་དང་བཅས་ཏེ་སྐྱེ་བ་མངོན་སུམ་གྱིས་དམིགས་པའི་ཕྱིར་དང་། འབྲས་བུའི་ཆེད་དུ་རྒྱུ་བསྒྲུབས་པ་ལ་དོན་ཡོད་པའི་ཕྱིར་རོ། །གཞན་ཡང་རྒྱུ་མེད་ལས་མི་སྐྱེ་སྟེ། སྐྱེ་ན་རྨ་བྱའི་མདོངས་ཀྱང་བྱ་རོག་སོགས་ལ་ཡོད་པར་ཐལ་བ་དང་། ཡུལ་དུས་གཅིག་ཏུ་སྐྱེ་ན་ནི། ཡུལ་དུ་ཐམས་ཅད་དུ་སྐྱེ་བར་ཐལ་བ་སོགས་གནོད་བྱེད་མཐའ་ཡས་པའི་ཕྱིར་རོ། །འདི་ཡང་དགག་པར་སླའོ། །དངོས་སྨྲ་བ་རྣམས་ཀྱིས་དངོས་པོ་རྣམས་མཐའ་བཞི་གང་རུང་ལས་སྐྱེ་བར་འདོད་པས། རང་བཞིན་གྱིས་གྲུབ་པའི་སྐྱེ་བ་ཁས་ལེན་པ་ཡིན་ལ། ཐལ་འགྱུར་བས་ནི། དངོས་པོ་རྣམས་ཐ་སྙད་དུ་སྐྱེ་ཡང་། མཐའ་བཞི་པོ་དེ་གང་རུང་ལས་མི་སྐྱེ་བས། རང་བཞིན་གྱིས་མི་སྐྱེ་བར་བཞེད་པ་ཡིན་ཏེ། འཇུག་པ་ལས། གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་དང་། །རྒྱུ་ལ་མ་བལྟོས་ཡོད་པ་མིན་པས་དངོས་རྣམས་རང་བཞིན་བྲལ། །ཅེས་གསུངས་པའ་ིཕྱིར་རོ། །དེ་ལྟར་ལེགས་པར་ཤེས་ཤིང་བསྒོམས་ན། སྟོང་ཉིད་ཀྱི་དོན་བསྒོམ་པར་ཡང་འགྱུར་ཏེ། རྗེའི་རྩ་ཤེའི་ཊིཀྐ་ལས། བདག་ལས་མ་ཡིན་ཞེས་པའི་ཚིགས་བཅད་འདི་ཙམ་གྱི་དོན་རང་བཞིན་གྱིས་སྐྱེ་བ་མེད་པར་ངེས་ནའང་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་རྒྱུས་ཕོངས་པར་མི་འགྱུར་བས། རང་སེམས་སྐྱེ་བ་མེད་པའི་དོན་ཤེས་ནས་སྒོམ་པར་འདོད་པ་དག་གིས་ཀྱང་དེ་ཙམ་རེ་ལ་སྦྱང་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་རིགས་པ་གཞན་བསྟན་པ་ནི། རྒྱ་ཆེར་རོལ་བ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར། མྱུ་གུ་དེ་རང་གི་ས་བོན་ལས་སྐྱེ་ཡང་། དེའི་དུས་སུ་མེད་པས། སྐྱེ་བའི་ཚེ་ས་བོན་དེ་ཉིད་ངོ་བོ་མ་འགྱུར་བར་མྱུ་གུར་ཕར་འཕོས་པ་མ་ཡིན་ལ། དེ་རང་གི་ས་བོན་ལས་གཞན་ཞིག་ནས་ཀྱང་ཚུར་འོང་བ་མ་ཡིན་ཏེ། སྔ་མ་ལྟར་ན་མྱུ་གུའི་དུས་ནའང་ས་བོན་དེ་ཇི་ལྟ་བ་བཞིན་ཡོད་དགོས་པས་ས་བོན་རྟག་པར་འགྱུར་བའི་སྐྱོན་ཡོད་ལ། ཕྱི་མ་ལྟར་ན། ས་བོན་ལ་མ་ལྟོས་པར་མྱུ་གུ་འབྱུང་དགོས་པས་ས་བོན་རྒྱུན་ཆད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེའི་ཕྱིར་མྱུ་གུ་རང་གི་ས་བོན་ལ་བརྟེན་ནས་འབྱུང་གི །རང་བཞིན་གྱིས་སྐྱེ་བ་མེད་དོ། །གཞན་ཡང་། དེ་ཉིད་ལས། རྒྱ་ལས་རྒྱ་ཡི་འབུར་ནི་སྣང་མོད་ཀྱི། །རྒྱ་དེ་འཕོས་པའང་དམིགས་པ་ཡོད་མ་ཡིན། །དེ་ལ་དེ་མེད་གཞན་ལའང་མ་ཡིན་ཏེ། །དེ་ལྟར་འདུས་བྱས་རྟག་མེད་ཆད་པ་མེད། །ཅེས་གསུངས་པ་ལྟར། རྒྱ་ལས་འབུར་གྱི་རྣམ་པ་ཇི་འདྲ་བ་རྒྱས་བཏབ་པའི་གཞི་དེ་ལ་སྣང་བའི་ཚེ། རྒྱ་དེ་ཉིད་རྒྱས་བཏབ་པའི་གཞི་དེར་འཕོས་པ་ཡང་མ་ཡིན་ལ། རྒྱ་ལས་གཞན་ཞིག་ཀྱང་ཚུར་འོང་བ་མ་ཡིན་པ་དཔེར་བྱས་ནས། འདུས་བྱས་ཐམས་ཅད་ཀྱང་འབྲས་བུ་སྐྱེ་བའི་ཚེ། སྔར་མེད་གསར་དུ་འབྱུང་བའི་ཚུལ་གྱིས་སྐྱེ་བ་མ་གཏོགས། རང་གི་ངོ་བོས་གདོད་མ་ནས་གྲུབ་བཞིན་པར་གང་ནས་ཀྱང་མི་འོང་ལ། རྒྱུ་འགོགས་པའི་ཚེ་གང་དུའང་མི་འགྲོ་བར་བཤད་དེ། ངོ་བོ་མི་འགྱུར་བའི་འགྲོ་འོང་མེད་པས་འགྲོ་འོང་རང་བཞིན་གྱིས་མེད་དོ། །གཞན་ཡང་། ཏིང་འཛིན་རྒྱལ་བོ་ལས། སྒྱུ་མ་ལྟ་བུ་ནམ་མཁའི་ཀློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །མི་འགའ་འཇིག་རྟེན་འདིར་ཡང་ཤི་ནས་ནི། །འཇིག་རྟེན་ཕ་རོལ་འཕོ་ཞིང་འགྲོ་བ་མེད། །ཅེས་གསུངས་ཏེ། འདིས་ནི། སེམས་ཅན་འཆི་འཕོ་བྱེད་པ་སྒྱུ་མ་སོགས་དང་འདྲ་བར་ཐ་སྙད་དུ་འབྱུང་བ་ཡིན་ཀྱང་། འཆི་འཕོ་བྱེད་པ་པོ་དང་། འཆི་འཕོ་བྱེད་པ་རང་བཞིན་མེད་པར་བསྟན་ཏོ། །དེ་ཡང་། འདི་ནས་ཤི་སྟེ་འཇིག་རྟེན་ཕ་རོལ་ཏུ་སྐྱེ་བའི་ཚེ། ད་ལྟའི་ལུས་སེམས་འདི་དང་བཅས་བཞིན་དུ་ཕྱི་མར་འགྲོ་བ་ནི་མིན་ལ། ལུས་སེམས་གཉིས་ལས་དོན་གཞན་པའི་བདག་ཞིག་ཀྱང་དེར་འགྲོ་བ་མེད་མོད། དེ་ལྟ་ནའང་ཐ་སྙད་དུ་འཆི་འཕོ་འཐད་པ་ཡིན་ཏེ། དེའི་ཚུལ་ཅུང་ཟད་རྒྱས་ཙམ་བདག་གིས་མདོའི་དགོངས་པ་བཞིན་གཞན་དུ་བཤད་ཟིན་ཏོ། །གཞན་ཡང་། ས་རྡོ་ཤིང་སོགས་ལས་ཁང་བ་བྱའོ་ཞེས་པ་བརྗོད་པའི་ཚེ། ཁང་བ་དེ་ཉིད་ས་རྡོ་ཤིང་སོགས་ཀྱི་ཚོགས་པ་དང་ཡ་གྱལ་གང་ཡང་མིན་ཞིང་། དེ་རྣམས་ཀྱི་ནང་ནའང་མེད་མོད། རྐྱེན་གྱིས་ལེགས་པར་བསྒྲུབས་པ་ལ་བརྟེན་ནས་ཁང་བ་གྲུབ་པའི་ཚེ། ཁང་བ་དེ་སྒྲུབ་གཞི་དེ་ཉིད་དང་དེ་དག་གི་ནང་དང་དེ་ལས་དོན་གཞན་ཞིག་ཀྱང་འོང་བ་མིན་ལ། ཞིག་པའི་ཚེ་གང་དུའང་མི་འགྲོའོ། །འོན་ཀྱང་དེའི་འབྲས་བུ་ནི་མེད་པ་མིན་ནོ། །གཞན་ཡང་། རྒྱུ་སྤུན་ལས་སྣམ་བུ་བྱའོ་སྙམ་པའི་ཚེ། བྱ་རྒྱུའི་སྣམ་བུ་དེ་ད་ལྟ་རྒྱུ་སྤུན་དེ་ལ་རི་བོང་གི་རྭ་ལྟར་མེད་ཀྱང་ཕྱིས་འབྱུང་བའི་དོན་ལ་བསམས་པ་ཡིན་ལ། དེ་ལྟར་ནའང་དེ་ལས་རི་བོང་གི་རྭ་བྱ་མི་ནུས་ཤིང་། སྣམ་བུ་ནུས་པ་ཡིན་ནོ། །གལ་ཏེ་སྣམ་བུ་རྒྱུ་སྤུན་ལ་ཡོད་ན་ནི། སྐྱེས་ཟིན་སླར་ཡང་སྐྱེ་དགོས་པར་མ་ཟད། རྒྱུ་སྤུན་རྣམས་ཕྱོགས་ཀུན་ནས་བསྡུས་པ་ན། སྣམ་བུ་དེ་ཡང་ཕྱོགས་དེ་དག་ན་ཡོད་པར་ཐལ་ཞིང་། རྒྱུ་སྤུན་རེ་རེས་ཀྱང་སྣམ་ཡུག་རེ་རེ་བསྐྱེད་པར་འགྱུར་རོ། །དེའི་ཕྱིར་སྣམ་བུ་ནི་རྒྱུ་རྐྱེན་གྱི་དབང་གིས་འགྲུབ་པས། རང་བཞིན་གྱིས་མི་སྐྱེ་སྟེ། འཕགས་པ་ལྷས། སྣམ་བུ་རྒྱུ་ལས་འགྲུབ་འགྱུར་ཞིང་། །རྒྱུ་ཡང་གཞན་ལས་གྲུབ་གྱུར་ན། །གང་ཞིག་རང་གིས་གྲུབ་མེད་པ། །དེས་གཞན་སྐྱེད་པར་ཇི་ལྟར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཞྭ་ལྷམ་གཟན་ཤམ་ལ་སོགས་པའི་གོས་གཞན་བྱའོ་སྙམ་པ་ལའང་སྔར་གྱི་རིགས་པ་དེས་རང་ངོས་ནས་སམ་རང་དབང་གིས་མི་སྐྱེད་ཀྱི། གཞན་གྱིས་དབང་གིས་གྲུབ་པའི་རྟོག་པས་བཏགས་ཙམ་དུ་གོ་བར་བྱའོ། །མདོར་ན། སངས་རྒྱས་ཐོབ་པར་བྱའོ་སྙམ་པ་སོགས་མ་འོངས་ན་ཆོས་དང་འཇིག་རྟེན་གྱི་བྱ་བ་འདི་དང་བྱའོ་སྙམ་པའི་ཚེ། ཐོབ་བྱའི་སངས་རྒྱས་དང་འབྱུང་འགྱུར་གྱི་བྱ་བ་ཐམས་ཅད་ཀྱང་། ད་ལྟ་མེད་ཅིང་ཕྱིས་འབྱུང་བ་ཐམས་ཅད་ལའང་སྔར་གྱི་རིགས་པ་དེས་རྟོག་བཏགས་ཙམ་ཡིན་གྱིས། རང་བཞིན་གྱིས་མི་སྐྱེ་བར་གཏན་ལ་དབབ་ལ་བྱའོ། །གཉིས་པ་མཐའ་གཞན་གྱི་འགོག་ཚུལ་ནི། སྐྱེ་བ་རང་བཞིན་གྱིས་གྲུབ་པ་འགོག་པའི་རིགས་པས་འགག་པ་ཡང་རང་བཞིན་གྱིས་གྲུབ་པ་ཁེགས་པ་ཡིན་ཏེ། རང་བཞིན་གྱིས་སྐྱེ་བ་མེད་ན། རང་བཞིན་གྱིས་འགག་པ་མི་འཐད་པའི་ཕྱིར་ཏེ། རྩ་ཤེ་ལས། གང་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་འཐད་པར་མི་འགྱུར་བ། །དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །འགག་པ་འཐད་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །ལས་ཉོན་ལྟ་བུ་རྒྱུན་ཆད་པ་དེ་ཆོས་ཅན། རང་བཞིན་གྱིས་མེད་དེ། །རང་གི་རྒྱུ་ལས་ཉོན་ལྟ་བུ་གནས་པའི་མཐུ་ཟད་པ་ལས་བྱུང་བའི་ཕྱིར། རྒྱུན་རིང་དུ་གནས་པའི་རྟག་པ་ཆོས་ཅན། རང་བཞིན་གྱིས་མེད་དེ། རང་གི་ཆ་ཤས་ལ་བརྟེན་ནས་བཞག་པའི་ཕྱིར། ལྷས་བྱིན་འོང་བ་དང་འགྲོ་བ་ཡང་ཆོས་ཅན། རང་བཞིན་གྱིས་མེད་དེ། རང་རྒྱུ་ལྷས་བྱིན་འོང་བ་དང་འགྲོ་བའི་རྩོམ་པ་སྔོན་དུ་བཏང་བ་ལས་བྱུང་བའི་ཕྱིར་ཏེ། ལྷས་བྱིན་མེད་པར་དེ་འོང་བ་རང་འགྲོ་བ་མེད་པའི་ཕྱིར་རོ། །ཚུར་འོང་བ་དེ་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར་ཏེ། ཁྱོད་རང་ཕྱོགས་ལ་ལྟོས་ནས་འོང་བ་ཡིན་ཀྱང་། གཞན་ལ་ལྟོས་ནས་འགྲོ་བ་ཡིན་པའི་ཕྱིར། དཔེར་ན། ཕར་རི་དང་ཚུར་རི་བཞིན། གཞན་ཡང་། ལྷས་བྱིན་བསྡད་པའི་ཚེ་འགྲོ་ཞིང་འོང་བ་ཡིན་ནམ་མིན། ཡིན་ན་ལྷས་བྱིན་དུས་རྟག་ཏུ་འགྲོ་འོང་བྱེད་པར་འགྱུར་ལ། མིན་ན་ལྷས་བྱིན་ལས་ངོ་བོ་ཐ་དད་པའི་དེའི་བསྡད་པ་དང་འགྲོ་ཞིང་འོང་བ་དེ་གང་ཡིན། དེ་ལྟ་ནའང་ལྷས་བྱིན་བསྡད་པ་བཏང་ནས་འགྲོ་འོང་བྱེད་པར་ཁས་ལེན་དགོས་པས་དེའི་འགྲོ་འོང་གནས་གསུམ་གློ་བུར་བ་ཡིན་པའི་ཕྱིར་རང་ངོས་ནས་མ་གྲུབ་བོ། །ལྷས་བྱིན་གྱིས་འགྲོ་འོང་གནས་གསུམ་བྱེད་ཀྱང་དེའི་འགྲོ་འོང་གནས་པ་ནི་དེ་མིན་ལ། ལྷས་བྱིན་ལས་དོན་གཞན་པའི་དེའི་འགྲོ་འོང་གནས་གསུམ་ཡང་མེད་དོ། །དེར་མ་ཟད། ལྷས་བྱིན་དེ་ལམ་དུ་རང་གི་རྐང་བས་འགྲོ་ཡང་། འགྲོ་ཞེས་པའི་བྱ་བ་དེ་ལྷས་བྱིན་དང་དེའི་རྐང་བ་དང་ལམ་གསུམ་པོ་གང་ཡང་མིན་ལ། དེ་དག་ལས་དོན་གཞན་པའི་དེའི་འགྲོ་བ་ཞིག་ཀྱང་མེད་དེ། དེ་བཞིན་དུ་འོང་བ་སོགས་ལའང་སྦྱར་བར་བྱའོ། །གཞན་ཡང་། ལྟ་བ་པོ་དང་ལྟ་བ་དང་སྨྲ་བ་པོ་དང་སྨྲ་བ་དང་ཉན་པ་པོ་དང་ཉན་པ་སོགས་ལའང་སྔར་གྱིས་རིགས་འགྲོས་སྦྱར་ནས་རང་བཞིན་མེད་པར་གཏན་ལ་དབབ་པར་བྱའོ། །བུམ་པ་ཆོས་ཅན། ཁྱོད་གཅིག་ཏུ་རང་བཞིན་གྱིས་མེད་དེ། ཁྱོད་རང་གིས་མཆུ་ཞབས་སོགས་ཆ་དུ་མ་ཚོགས་པ་ལ་བརྟེན་ནས་བྱུང་བའི་ཕྱིར། ཀ་བུམ་གཉིས་ཆོས་ཅན། ཐ་དད་དུ་རང་བཞིན་གྱིས་མེད་དེ། ཐ་དད་དུ་བཞག་པ་དེ་རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར་ཏེ། ཁྱོད་གཅིག་ཅིག་ཤོས་ལ་བརྟེན་ནས་ཐ་དད་དུ་བཞག་གི །རང་གི་ངོས་ནས་ཐ་དད་མིན་པའི་ཕྱིར། གལ་ཏེ། རང་ངོས་ནས་ཐ་དད་ཡིན་ན། ཀ་བུམ་གཉིས་སོ་སོ་རེ་རེ་ནས་ཀྱང་ཐ་དད་ཡིན་པར་ཐལ་ཞིང་། དེ་གཉིས་ཀྱི་སྟེང་ན་གཅིག་ཡིན་པའང་མེད་པར་འགྱུར་རོ། །དེས་ན། ཀ་བ་དེ་བུམ་པ་དང་ཐ་དད་ཡིན་ཀྱང་། སྤྱིར་ཀ་བ་དེ་གཅིག་ཏུ་ཁས་ལེན་དགོས་པས། གཅིག་དང་ཐ་དད་གཉིས་ཀའང་རྟོག་པས་བཏགས་པ་ཙམ་ཡིན་གྱི། རང་བཞིན་གྱིས་མེད་པར་ངེས་སོ། །གཞན་ཡང་། རང་ཉིད་མི་གཞན་དང་ཐ་དད་ཀྱི་གཞན་ཡིན་པ་དེ་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར་ཏེ། རང་ཉིད་ཆོས་ཅན། ཁྱོད་མི་གཞན་དང་ཐ་དད་ཀྱི་གཞན་ཞེས་པ་དེ་རྟོག་པས་བཏགས་ཙམ་ཡིན་ཏེ། ཁྱོད་གཞན་དུ་འཇོག་པ་དེ་ཟླ་བོ་ལ་ལྟོས་ནས་བཞག་གི །ཟླ་བོ་མེད་པའི་རང་གཅིག་པུ་ལ་གཞན་ཞེས་མི་བྱ་བར་བདག་ཉིད་ཅེས་བརྗོད་རིགས་པའི་ཕྱིར་ཏེ། རྩ་ཤེ་ལས། གཞན་ནི་གཞན་ལ་བརྟེན་ཏེ་གཞན། གཞན་མེད་པར་ནི་གཞན་མི་འགྱུར། །གལ་ཏེ་གཞན་ནི་གཞན་ལས་གཞན། །དེ་ཚེ་གཞན་མེད་པར་གཞན་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། ཤེས་བྱ་དང་ཡོད་པ་ལྟ་བུ་དང་། བྱས་པ་དང་མི་རྟག་པ་ལྟ་བུ་དོན་གཅིག་མིང་གི་རྣམ་གྲངས་སུ་གསུངས་པ་རྣམས་དང་། རྟག་མི་རྟག་དང་། ས་མྱུག་གཉིས་ལྟ་བུ་དོན་ཐ་དད་པ་རྣམས་ཀྱང་རང་བཞིན་གྱིས་མེད་པའི་ཚུལ་ཡང་སྔར་བཞིན་ཤེས་པར་བྱའོ། །འདིར་སྐྱེ་འགག་སོགས་བརྒྱད་ལ་རང་བཞིན་འགོག་པའི་རིགས་པ་གཙོ་བོར་བསྟན་གྱི། རིགས་པ་གཞན་གཙོ་བོར་བཤད་པ་མིན་པས། དེ་དག་ཀྱང་གཞན་ནས་ཤེས་དགོས་སོ། །གཉིས་པ་ལས་ལ་རྟག་ཆད་སྤོང་ཚུལ་འཆད་པ་ལ་གསུམ། ལས་ངོས་བཟུང་བ་དང་། གསོག་ཚུལ། དེའི་འབྲས་བུ་ཇི་ལྟར་འབྱིན་པའི་འཐད་ཚུལ་ལོ། །དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་ལས། དྲང་སྲོང་མཆོག་གིས་ལས་རྣམས་ནི། །སེམས་པ་དང་ནི་བསམས་པར་གསུངས། །ལས་དེ་དག་གི་བྱེ་བྲག་ནི། །རྣམ་པ་དུ་མར་ཡོངས་སུ་བསྒྲགས། །དེ་ལ་ལས་གང་སེམས་པ་ཞེས། །གསུངས་པ་དེ་ནི་ཡིད་ཀྱིར་འདོད། །བསམ་པའི་ལས་ནི་གང་གསུངས་པ། །དེ་ནི་ལུས་དང་ངག་གིར་འདོད། །ཅེས་གསུངས་པ་ལྟར། སེམས་པ་དང་བསམ་པའི་ལས་གཉིས་ཡོད་ཅིང་། དེ་ལས་སེམས་པའི་ལས་ནི། ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་སེམས་བྱུང་ཞིག་སྟེ། དེ་ནི་ཡིད་ཀྱི་ལས་ཡིན་ལ། བསམ་པའི་ལས་ནི། སེམས་པའི་ལས་དེས་ཀུན་ནས་བསླངས་ཏེ་བྱ་བ་ལ་འཇུག་པའི་སྐབས་ཀྱི་ལུས་ངག་གི་ལས་སོ། །གཞན་ཡང་། ལས་ལ་དགེ་མི་དགེ་ལུང་མ་བསྟན་གྱི་ལས་གསུམ་ཡོད་ཅིང་། དགེ་མི་དགེ་གཉིས་ཀྱིས་ནི་རྣམ་སྨིན་ཡིད་དུ་འོང་མི་འོང་གཉིས་སོ་སོར་འབྱིན་ལ། ལུང་མ་བསྟན་གྱི་ལས་ཀྱིས་ནི་རྣམ་སྨིན་འབྱིན་པར་མི་ནུས་སོ། །གཉིས་པ་ལས་གསོག་ཚུལ་ནི་བསྡུ་ན་གསུམ་སྟེ། གཙོ་བོར་ཚེ་འདིར་ཚོར་བ་བདེ་བ་ཙམ་གྱིས་ཆེད་དུ་དམིགས་ན་ནི་མི་དགེ་བའི་ལས་གསོག་པ་ཤུགས་ཆེ་ལ། ཕྱི་མའི་བདེ་བ་ལ་གཙོ་བོར་དམིགས་ན་ནི་དགེ་བའི་ལས་གསོག་ཅིང་། ཏིང་ངེ་འཛིན་གྱི་བདེ་བ་དང་བཏང་སྙོམས་གང་རུང་ལ་གཙོ་བོར་དམིགས་ན་ནི་མི་གཡོ་བའི་ལས་གསོག་གོ །དེའི་རིགས་པས་སྲིད་པ་མཐའ་དག་ལ་ཡིད་འབྱུང་བའི་སྒོ་ནས་ལས་མངོན་པར་འདུ་བྱེད་ན་ནི་ཐར་བ་འགྲུབ་བྱེད་ཀྱི་ལས་གསོག་པར་འགྱུར་རོ། །གསུམ་པ་ལ་གཉིས། ལས་ཀྱིས་འབྲས་བུ་ཇི་ལྟར་འབྱིན་པ་དང་། དེའི་འཐད་ཚུལ་ལོ། །དང་པོ་ལ། སྤྱིར་ལས་ཀྱིས་རྣམ་སྨིན་ཇི་ལྟར་འབྱིན་པ་ནི། མདོ་ལས། ལས་ཀྱིས་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་དང་། །སྔོན་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་གསུངས་པ་ལྟར་ཡིན་ལ། ལས་འགའ་ཞིག་བསགས་ནས་ཡུན་རིང་དུ་ལོན་ཡང་འབྲས་བུ་འབྱིན་པ་ནི། མདོ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །ལས་དེ་དག་ཀྱང་སེམས་ཀྱིས་བྱས་ཤིང་། སེམས་དང་ལས་འབྲེལ་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་འབྲས་བུ་སྣ་ཚོགས་ཞིག་སྐྱེད་པར་བྱེད་དེ། དཔལ་ལྡན་ཟླ་བས་དབུ་མ་འཇུག་པ་ལས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། རྩོད་པ་འགོད་པ་དང་། དེ་སྤོང་ཚུལ་ལོ། །དང་པོ་ནི། མགོན་པོས་རྩ་ཤེ་ལས། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་གྱུར་བས། །འབྲས་བུ་ཇི་ལྟར་བསྐྱེད་པར་འགྱུར། །ཞེས་གསུངས་ཏེ། སྔར་བཤད་པ་ལྟར་ལས་དང་འབྲས་བུའི་བར་དུ་བསྐལ་བ་ལ་སོགས་པས་ཆོད་པ་ཡོད་ཅིང་། དེ་ལས་འབྲས་བུ་འབྱུང་བ་ནི་རང་སྡེ་ཐམས་ཅད་ཀྱིས་འདོད་མོད། དེ་ལྟ་ནའང་ལས་དེ་རང་གི་རྣམ་སྨིན་གྱི་འབྲས་བུ་དངོས་སུ་འབྱིན་པའི་བར་དུ་མི་འཇིག་པར་གནས་ན་ནི་རྟག་པར་འགྱུར་བས་མི་འཐད་ལ། ལས་དེ་རང་བྱས་པའི་སྐད་ཅིག་གཉིས་པར་ཞིག་ནས་མེད་པར་འགྲོ་ན་ནི། ཕྱིས་མེད་བཞིན་དུ་ལས་དེ་ལས་བསྐལ་བ་ལ་སོགས་པས་བར་དུ་ཆོད་པའི་རྣམ་སྨིན་གྱི་འབྲས་བུ་དེ་ཇི་ལྟར་འབྱུང་བར་འགྱུར་ཞེས་དོགས་པའོ། །གཉིས་པ་དེ་སྤོང་བ་ལ་གཉིས། ལས་ལ་རྟག་ཆད་སྤོང་ཚུལ་དང་། དེ་ལས་གཞན་པའི་རྟག་ཆད་སྤོང་ཚུལ་ལོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་དཔེ་དོན་གཉིས་ལས་དཔེ་ནི། རྩ་ཤེ་ལས། མྱུ་གུ་ལ་སོགས་རྒྱུན་གང་ཡིན། །ས་བོན་ལས་ནི་མངོན་པར་འབྱུང་། །དེ་ལས་འབྲས་བུ་ས་བོན་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་ས་བོན་ལས་རྒྱུན་དང་། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ས་བོན་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་རྟག་མིན་ཆད་པ་མིན། །ཞེས་གསུངས་ནས། དེ་དོན་ལ་སྦྱོར་བ་ཡང་། དེ་ཉིད་ལས། སེམས་ཀྱི་རྒྱུན་ནི་གང་ཡིན་པ། །སེམས་ལས་མངོན་པར་འབྱུང་བར་འགྱུར། །དེ་ལས་འབྲས་བུ་སེམས་ལྟ་ཞིག །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་སེམས་ལས་རྒྱུན་དང་ནི། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ལས་ནི་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་རྟག་མིན་ཆད་པ་མིན། །ཞེས་གསུངས་ཏེ། ཆུ་ལུད་དྲོད་གཤེར་སོགས་ཀྱིས་བསྒོས་པའི་ས་བོན་གྱི་རྒྱུན་ལས་འབྲས་བུ་མྱུ་གུ་མེ་ཏོག་སོགས་འབྱུང་བ་ལྟར། ལས་ཀྱིས་བསྒོས་པའི་སེམས་དང་དེའི་རྒྱུན་སྔ་མ་ལས་ཕྱི་མ་འབྱུང་ཞིང་། དེ་ལས་ལས་ཀྱི་འབྲས་བུ་རིམ་གྱིས་འབྱུང་ཡང་། དེའི་ཚེ་དཔེ་དོན་གཉིས་ཀའང་སྔ་མ་མི་འཇིག་པར་མི་གནས་པས་རྟག་པ་མིན་ལ། སྔ་མ་རྒྱུན་ཆད་ནས་ཕྱི་མ་འབྱུང་བ་ནི་མིན་པས་ཆད་པར་ཐལ་བའི་སྐྱོན་ཡང་མེད་དོ། །གཉིས་པ་ལ་གཉིས། རང་སྡེ་གཞན་གྱི་ལན། ཐལ་འགྱུར་བ་རང་ལན་ནོ། །དང་པོ་ནི། ལས་བྱས་པའི་སྐད་ཅིག་གཉིས་པར་དེ་འགགས་ནས་འགྲོ་བ་ཡིན་ཡང་། ལས་འགག་ཁ་མའི་དུས་སུ་ལས་དེས་མ་འོངས་པ་ནས་འབྲས་བུ་འབྱིན་པའི་ནུས་པ་འཇོག་པ་ཡིན་ལ། ནུས་པ་དེ་གང་ལ་འཇོག་པའི་གཞི་ལ་ནི། འདོད་ཚུལ་མི་འདྲ་སྟེ། བྱེ་བྲག་སྨྲ་བ་འགའ་ཞིག་བུ་ལོན་གྱི་དཔང་རྒྱ་དང་འདྲ་བ་ལས་ཀྱི་ཆུད་མི་ཟ་བ་ཞེས་པ་ཞིག་ལ་འདོད་ཅིང་། ཁ་ཅིག་ལས་ཀྱི་ཐོབ་པ་ཞེས་བྱ་བ་ཞིག་ལ་འདོད་དེ། ཆུད་མི་ཟ་བ་དང་ཐོབ་པ་དེ་ནི་ལས་གཉིས་ལས་དོན་གཞན་པའི་ལྡན་མིན་འདུ་བྱེད་རྫས་སུ་གྲུབ་པར་ཁས་ལེན་ནོ། ཁ་ཆེ་བ་དང་མདོ་སྡེ་བ་རང་རྒྱུད་པ་རྣམས་ཀྱིས་ནི་ཡིད་ཀྱི་རྣམ་ཤེས་ཀྱི་རྒྱུན་ལ་འདོད་ཅིང་། སེམས་ཙམ་པས་ནི་ཀུན་གཞིའི་རྣམ་ཤེས་ཉིད་ལས་ཀྱི་བག་ཆགས་བསྒོ་གཞིར་འདོད་དོ། །དེ་དག་གི་ལྟར་ན་སྔར་བྱས་པའི་ལས་ཕྱིས་ཞིག་ནས་མེད་ཀྱང་། ཆུད་མི་ཟ་བ་དང་ཐོབ་པ་དང་རྣམ་ཤེས་ཀྱི་རྒྱུན་དང་ཀུན་གཞི་ཅི་རིགས་ཀྱི་སྟེང་དུ་སྔར་གྱི་ལས་དེའི་བག་ཆགས་བཞག་པའི་རྐྱེན་གྱིས་ཕྱིས་དུས་ལ་བབ་པ་ན། སྔོན་གྱི་ལས་དེའི་འབྲས་བུ་འབྱིན་པ་ནི་མི་འགལ་བར་འདོད་དེ། དེ་ཐམས་ཅད་ཀྱིས་ཀྱང་ལས་དང་དེའི་སྐྱེ་འགག་རང་བཞིན་གྱིས་གྲུབ་པར་འདོད་དོ། །གཉིས་པ་ཐལ་འགྱུར་བ་རང་ལན་ནི། ཟླ་བས་དབུ་མ་འཇུག་པ་ལས། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ལ་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང་། །འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། །ཞེས་གསུངས་པ་ལྟར། སྔར་བྱས་པའི་ལས་འགགས་ནས་རིང་དུ་སོང་ཡང་འབྲས་བུ་སྐྱེད་པར་ནི་འདོད་ལ། དེ་ཡང་ལས་རང་བཞིན་གྱིས་གྲུབ་པར་ཁས་ལེན་ན་ནི་དེ་འགགས་པ་དངོས་པོར་མི་འཐད་ཀྱང་། ལས་རང་བཞིན་གྱིས་མ་སྐྱེས་པས་རང་བཞིན་གྱིས་མི་འགགས་ལ། དེ་ལྟ་ནའང་ལས་འགགས་པ་ནི་ཐ་སྙད་དུ་ཡོད་པར་འདོད་ཅིང་། ལས་འགགས་པ་དང་དེ་འགགས་པའི་འགགས་པ་སོགས་ཀྱང་དངོས་པོ་ཡིན་པའི་ཕྱིར་དེ་དག་ལས་ལས་ཀྱི་འབྲས་བུ་འབྱུང་བར་མ་ཟད། ཕུང་བོ་ལ་བརྟེན་ནས་བཏགས་པའི་ང་སྤྱི་ཙམ་ཞིག་ནི་སྐྱེ་བ་ཐམས་ཅད་དུ་འཇུག་ལ། དེ་ཉིད་ལས་ཀྱི་བག་ཆགས་བསྒོ་གཞིར་འདོད་པས་ཀྱང་། ལས་དང་དེའི་འབྲས་བུ་ཡང་ཆེས་འཐད་པའི་ཕྱིར་རྟག་ཆད་དུ་འགྱུར་བའི་སྐྱོན་མེད་དོ། །ལས་སོགས་རང་བཞིན་གྱིས་སྟོང་བའི་རྒྱུ་ལས་རང་བཞིན་གྱིས་སྟོང་བའི་འབྲས་བུ་སྐྱེ་བའི་དཔེ་ཡང་ཡོད་དེ། བྱད་བཞིན་དང་མེ་ལོང་དང་སྣང་བ་ཚོགས་པའི་རྟེན་འབྲེལ་ལས་གཟུགས་བརྙན་འབྱུང་བ་བཞིན་ཡིན་པའི་ཕྱིར་ཏེ། འཇུག་པ་ལས། དངོས་པོ་སྟོང་བ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་སྒྲ་བརྙན་སོགས་ལའང་སྦྱར་བར་བྱའོ། །སྔར་གྱི་ལས་འགགས་ཀྱང་དེ་ལས་འབྲས་བུ་འབྱུང་བའི་དཔེ་ཡང་ཡོད་དེ། དཔེར་ན་རྨི་ལམ་དུ་བུད་མེད་མཛེས་མ་ཞིག་དང་རྩེ་བར་རྨིས་ནས་གཉིད་སད་པའི་ཚེ་རྨི་ལམ་གྱི་བུད་མེད་འགགས་ཀྱང་དེ་ལ་དམིགས་པའི་ཆགས་པ་སྐྱེ་བ་བཞིན་ཡིན་པའི་ཕྱིར་ཏེ། འཇུག་པ་ལས། རྨི་ལམ་དམིགས་པའི་ཡུལ་དག་མཐོང་ནས་ནི། །སད་ཀྱང་བླུན་ལ་ཆགས་པ་སྐྱེ་འགྱུར་བ། །དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། །ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ལས་འགགས་པ་ལས་འབྲས་བུ་འབྱུང་ཡང་རྣམ་སྨིན་བྱུང་ཟིན་ཐུག་མེད་དུ་ཡང་ཡང་འབྱིན་པ་ཡང་མིན་ལ། ལས་གཉིས་ཀྱི་འབྲས་བུ་འཆོལ་བར་དག་ཏུ་འབྱིན་པའང་མིན་ཏེ། དཔེར་ན་གཞི་གང་དུ་ཡོད་པ་མ་ཡིན་པར་མཚུངས་ཀྱང་རབ་རིབ་ཅན་གྱི་མིག་ཤེས་ལ་སྐྲ་ཤད་འཛག་པ་ལྟར་སྣང་གི །རི་བོང་རྭ་སོགས་མི་སྣང་བ་བཞིན་ནོ། །དེ་ལྟར་ཡང་འཇུག་པ་ལས། ཇི་ལྟར་ཡུལ་ནི་ཡོད་ཉིད་མིན་མཚུངས་ཀྱང་། །རབ་རིབ་ཅན་གྱིས་སྐྲ་ཤད་རྣམ་པར་ནི། །མཐོང་གི་དངོས་གཞན་རྣམ་པར་མ་ཡིན་ལྟར། །དེ་བཞིན་སྨིན་ལས་སླར་སྨིན་མིན་ཤེས་ཀྱིས། །དེ་ཕྱིར་རྣམ་སྨིན་མི་དགེ་ནག་པོའི་ལས། །རྣམ་སྨིན་དགེ་ཉིད་དགེ་ལས་ཡིན་མཐོང་ཞིང་། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། དགེ་མི་དགེའི་ལས་ཀྱི་རྣམ་སྨིན་མི་འཚོལ་བ་ནི་གྲོ་ནས་སོགས་ཀྱི་ས་བོན་ལས་རང་རང་གི་འབྲས་བུ་མ་ནོར་བར་འབྱུང་བས་ཀྱང་འགྲུབ་པོ། །ལས་འགགས་པའམ་ཞིག་པ་ལས་གནས་སྐབས་ཀྱི་འབྲས་བུ་འབྱུང་བར་མ་ཟད། ས་བོན་འགགས་ནས་མྱུ་གུ་འབྱུང་བ་ལྟར་བྱང་ཆུབ་ཀྱི་སེམས་སྔ་མ་སྔ་མ་འགགས་ཀྱང་། དེ་ལས་འབྲས་བུ་མཐའི་བྱང་ཆུབ་འབྱུང་བའང་ཡིན་ཏེ། སྡུད་པ་ལས། ས་བོན་ལས་ནི་མྱུ་གུ་མེ་ཏོག་འབྲས་བུ་འབྱུང་། །དེ་ཡང་འགགས་ལ་ཤིང་ཡང་མེད་པ་དེ་མིན་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་རྒྱུ་ཡིན་ཏེ། །དེ་ཡང་འགགས་ལ་བྱང་ཆུབ་མེད་པ་དེ་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། འདུས་བྱས་ཐམས་ཅད་ལ་རྟག་ཆད་སྤོང་ཚུལ་སྔར་རྒྱ་ཆེར་རོལ་པའི་ལུང་གི་དོན་བཤད་པ་ལྟར་ཡིན་ལ། ལུང་དེའི་དོན་རྩ་ཤེ་ལས་ཀྱང་། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་པ། །དེ་ཕྱིར་རྟག་མིན་ཆད་པ་མིན། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་། སྤྱིར་འབྲས་བུ་གང་ཡིན་པ་དེ་རྫོགས་པར་སྐྱེས་པའི་ཚེ་དེའི་རྒྱུ་གང་ཡིན་པ་དེ་རྫོགས་པར་འགགས་དགོས་པས་རྒྱུ་རྟག་པར་གནས་པའི་སྐྱོན་མེད་ལ། འབྲས་བུ་དེ་རང་གི་རྒྱུའི་རྒྱུན་ཡིན་པས་རྒྱུ་དེ་རྒྱུན་ཆད་པ་ཡང་མིན་པའི་ཕྱིར་རྟག་ཆད་དུ་མི་འགྱུར་རོ། །དེས་ན་འབྲས་བུ་དེ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་དེའི་རྒྱུ་འགགས་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ་ཞིང་། འབྲས་བུ་དེ་རྫོགས་པར་སྐྱེས་ཟིན་པ་དང་དེའི་རྒྱུ་རྫོགས་པར་འགགས་ཟིན་པ་གཉིས་ཀྱང་དུས་མཉམ་མོ། །འབྲས་བུ་རྣམས་རང་གི་རྒྱུའི་དུས་སུ་སྐྱེ་བཞིན་པ་ཡིན་པ་ལས་དེའི་དུས་སུ་མེད་ཀྱང་སྐྱེ་བ་མི་འགལ་ཏེ། དཔེར་ན་འོ་མ་ལ་དང་ཐོག་མར་དངོས་སུ་མེད་ཀྱང་ཕྱིས་རྐྱེན་དང་འཕྲད་ན་གསར་དུ་འབྱུང་བ་བཞིན་ནོ། །གལ་ཏེ་ལས་ལ་རྟག་ཆད་སྤོང་ཚུལ་གོང་དུ་བརྗོད་པ་ལྟར་ཡིན་ན། འོ་ན། ལས་གསོག་པའི་དུས་ཀྱི་ང་དེ་རྣམ་སྨིན་མྱོང་བ་པོའི་དུས་ཀྱི་ང་དེ་ཡིན་ནམ། མིན། ཡིན་ན་ནི་སྔར་གྱི་ལས་གསོག་པ་པོའི་ང་དེ་རྟག་པར་འགྱུར་ལ། མིན་ན། ལས་བྱེད་པ་པོས་རྣམ་སྨིན་མ་མྱོང་ཞིང་། རྣམ་སྨིན་མྱོང་བ་པོས་ལས་མ་བྱས་པར་འགྱུར་བས། ལས་མ་བྱས་པ་དང་འཕྲད་པ་དང་བྱས་པ་ཆུད་ཟ་བར་ཐལ་ལོ་ཞེ་ན། སྐྱོན་མེད་དེ། ལས་གསོག་པའི་དུས་ཀྱི་ང་དེས་རྣམ་སྨིན་མྱོང་བ་མ་ཡིན་ཀྱང་། ལས་གསོག་དུས་ཀྱི་ང་དང་རྣམ་སྨིན་མྱོང་དུས་ཀྱི་ང་གཉིས་ཀ་ནི་སྤྱིར་རང་གི་ང་དེའི་ཆ་ཤས་ཡིན་པས། རང་གི་ང་སྔ་ཕྱི་ཐམས་ཅད་ཀྱིས་བྱས་པ་དེ། རང་གི་ངས་བྱས་པར་འཇོག་ནུས་པ་ཡིན་ནོ། །དེ་ཡང་རང་གི་ང་ལ་སྤྱི་དང་བྱེ་བྲག་གཉིས་ཡོད་པའི་ང་སྤྱི་ཙམ་ནི་རང་གི་ཚེ་སྔ་ཕྱི་ཐམས་ཅད་དུ་ཡོད་ལ། བྱེ་བྲག་པ་ནི་ཚེ་རེ་རེའི་ང་དང་། ཚེ་སྟོད་སྨད་བར་གསུམ་གྱི་ང་རྣམས་དང་། ལོ་དང་ཟླ་བ་ཞག་སྔ་དྲོ་ཕྱི་དྲོའི་ང་རྣམས་ལ་བྱེད་ཅིང་། དེ་དག་ནི་ཚེ་སྔ་ཕྱི་ཀུན་ལ་མ་ཁྱབ་བོ། །དེས་ན་རང་གི་ང་སྔ་མས་ལས་བསགས་ནས་ང་ཕྱི་མས་མྱོང་ཡང་། རང་གིས་ངས་མྱོང་བར་བཞག་ཆོག་པའི་ཕྱིར་ལས་མ་བྱས་པ་དང་འཕྲད་པ་དང་བྱས་པ་ཆུད་ཟ་བའི་སྐྱོན་ག་ལ་ཡོད། དེའི་ཕྱིར་ང་སྔོན་གྱི་ཚེ་འདི་དང་འདིར་གྱུར་ཏོ་ཞེས་དྲན་པའང་འཐད་པ་ཡིན་ནོ། །འོ་ན། སྟོན་པས་ང་སྔོན་བཟོད་པ་སྨྲ་བ་ཞེས་བྱ་བའི་དྲང་སྲོང་དུ་གྱུར་ཞེས་གསུངས་པའི་དོན་ཇི་ལྟར་ཞེ་ན། སྐྱོན་མེད་དེ། དེས་ནི་གཉིས་ཀ་ཐུགས་རྒྱུད་གཅིག་ཏུ་བསྟན་པ་ཡིན་གྱི། སྟོན་པ་རང་ཉིད་དེ་དང་གཅིག་ཏུ་གྱུར་པར་མ་བསྟན་པའི་ཕྱིར་ཏེ། དེ་གཉིས་གཅིག་ཡིན་པ་ལ་རིགས་པ་ཡང་དག་གིས་གནོད་པའི་ཕྱིར་ཏེ། དེ་གཉིས་གཅིག་ཡིན་ན། སངས་རྒྱས་དང་སེམས་ཅན་ཡང་གཅིག་ཏུ་ཐལ་བ་དང་། དེ་བཞིན་དུ་རབ་ཏུ་བྱུང་མ་བྱུང་དང་། རྒན་གཞོན་དང་། སྐྱེ་བ་སྔ་ཕྱི་རྣམས་དང་། འགྲོ་བ་རིགས་དྲུག་གི་གཞི་མཐུན་ཡང་ཡོད་པར་ཐལ་བ་སོགས་སུ་འགྱུར་རོ། །གཞན་ཡང་དེ་གཉིས་གཅིག་ཏུ་མི་རུང་སྟེ། རྩ་ཤེ་ལས། སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གལ་ཏེ་སྔ་དྲོའི་ང་དེ་ཕྱི་དྲོའི་ང་ཡིན་པ་ལ་སྐྱོན་མེད་སྙམ་ན། ཡོད་དེ། དེ་ལྟ་ན། རྒན་གཞོན་གྱི་གཞི་མཐུན་ཡོད་པར་ཐལ་བར་མ་ཟད་སྔ་དྲོ་ཕྱི་དྲོའི་གཞི་འཐུན་དང་། དེ་བཞིན་དུ་ཉིན་ཞག་སྔ་ཕྱི། ཟླ་བ་སྔ་ཕྱི། ལོ་སྔ་ཕྱིའི་གཞི་འཐུན་ཡོད་པ་སོགས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །ལོ་སྔ་ཕྱི་གཉིས་ཀྱི་གཞི་འཐུན་ནི་མེད་དེ། ལོ་ཕྱི་མ་སྐྱེས་པའི་ཚེ་ལོ་སྔ་མ་མེད་པའི་ཕྱིར་ཏེ། ལོ་ཕྱི་མའི་འགོ་བཙུགས་པའི་ཚེ་ལོ་སྔ་མ་རྫོགས་ནས་ཞིག་པའི་ཕྱིར་ཏེ། ལོ་སྔོན་མའི་གདགས་གཞི་ཟླ་བ་བཅུ་གཉིས་པོ་རྫོགས་པས་ལོ་དེ་རྫོགས་པའི་ཕྱིར་ཏེ། རྗེའི་རྩ་ཤིའི་རྣམ་བཤད་ལས། དེའི་ཕྱིར་ལོ་རྫོགས་པ་ལ་ཟླ་བ་བཅུ་གཉིས་རྫོགས་དགོས་ཤིང་། དེའི་འོག་ཏུ་ལོ་དེ་མི་གནས་པས་རྒྱུན་ཐམས་ཅད་ཀྱང་རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པའི་སྐད་ཅིག་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཟླ་བ་དང་ཞག་དུས་ལའང་དེ་བཞིན་དུ་སྦྱར་བར་བྱའོ། །རིགས་པ་དེ་དག་གིས་སྔ་དྲོའི་དུས་ཀྱི་མི་དེ་ཕྱི་དྲོའི་དུས་ཀྱི་མི་མ་ཡིན་པར་ཤེས་པར་བྱ་སྟེ། སྔ་དྲོའི་དུས་དེ་ཕྱི་དྲོའི་དུས་མ་ཡིན་པའི་ཕྱིར་ཏེ། དུས་འགྱུར་བ་བཞིན་དུ་མི་དེ་ཡང་འགྱུར་བའི་ཕྱིར་རོ། །མི་འགྱུར་ན་ནི། མི་དེ་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །གོང་དུ་བརྗོད་པ་དེ་དག་རྗེ་བླ་མའི་བཞེད་པ་ཡིན་ཏེ། རྩ་བ་ཤེས་རབ་ཀྱི་ཊིཀྐ་ལས་རྗེས། ལྷས་བྱིན་གྱིས་དུས་སྔ་ཕྱིའི་བདག་སོ་སོར་མ་ཕྱེ་བར་ངའོ་སྙམ་དུ་འཛིན་པའི་དམིགས་པའི་གཞིར་གྱུར་པའི་བདག་ནི་ཐོག་མ་མེད་པ་ནས་ཞུགས་པའི་བདག་ཙམ་ཡིན་ལ། ལྷ་ལ་སོགས་པའི་ལུས་བླངས་དུས་ཀྱི་འགྲོ་བ་སོ་སོ་བའི་བདག་རྣམས་ནི་སྔ་མའི་བྱེ་བྲག་རེ་རེའོ། །ལྷས་བྱིན་གྱིས་སྐྱེ་བ་སོ་སོར་ཕྱེ་བའི་བདག་ལ་ངའོ་སྙམ་དུ་གཟུང་བའི་བདག་ནི་ཚེ་རེ་རེའི་བདག་ཕྱོགས་རེ་བ་ཡིན་ནོ། །ཞེས་དང་། ཚེ་འདིའི་ལྷས་བྱིན་གྱིས་སྔོན་གྱི་སྐྱེ་བ་དྲན་པ་ན། ང་སྔར་དེ་དང་དེར་སྐྱེས་འདུག་སྙམ་དུ་དྲན་པ་ཡིན་གྱི། ཚེ་འདིའི་དུས་ཀྱིས་ཁྱད་པར་དུ་བྱས་ནས་སྡང་དེ་དང་དེར་སྐྱེས་འདུག་སྙམ་དུ་མི་དྲན་པ་བཞིན་ནོ། །དེས་ན་ཚེ་འདིའི་ལྷས་བྱིན་གྱིས་གང་ལ་དམིགས་ནས་ངའོ་སྙམ་པ་སྐྱེ་བའི་དམིགས་པར་གྱུར་པའི་བདག་ནི་ཚེ་རབས་སྔ་མ་རྣམས་སུ་ཡང་ཡོད་པས་དེ་ལྟར་དྲན་པ་མི་འགལ་ལ། ཚེ་འདིའི་ལྷ་བྱིན་ཚེ་སྔ་མར་ཡོད་ན་རྟག་པར་འགྱུར་བ་དང་མི་འདྲའོ། །དེ་བཞིན་དུ་མ་འོངས་པའི་གང་ཟག་སྐྱེ་བ་ལ་ཡང་། ཚེ་འདིའི་དུས་ཀྱི་གང་ཟག་དེ་ཉིད་ཕྱི་མར་མི་འགྲོ་ཡང་། ངའོ་སྙམ་པའི་དམིགས་པ་ང་ཙམ་ཞིག་དེར་ཡང་རྗེས་སུ་འགྲོ་བས། རང་ཉིད་སྐྱེ་བ་ཕྱི་མ་རྣམས་སུ་སྡུག་བསྔལ་གྱིས་དོགས་ནས་དེའི་རྒྱུ་མི་དགེ་བ་སྤོང་བ་དང་། བདེ་བར་བྱ་བའི་ཕྱིར་དུ་འདིར་དགེ་བ་ལ་བརྩོན་པ་ཡང་འཐད་དེ། དཔེར་ན་དེ་རིང་གི་དུས་ཀྱི་མི་འདི་སང་གི་དུས་སུ་མེད་ཀྱང་སང་བཀྲེས་སྐོམ་གྱི་སྡུག་བསྔལ་བྱུང་གིས་དོགས་ནས་དེ་རིང་ནས་བཟའ་བཏུང་སོག་པ་དང་། རྒས་པའི་ཚེ་སྡུག་བསྔལ་གྱིས་དོགས་ནས་གཞོན་དུས་ནོར་སོག་པ་བཞིན་ནོ། །འདི་ཐམས་ཅད་ཀྱང་ཡུལ་དུས་འདིའི་བདག་ཅེས་སོ་སོར་མི་འབྱེད་པར་སྤྱིར་བདག་བདེ་བ་ཐོབ་འདོད་དང་སྡུག་བསྔལ་དང་བྲལ་བར་འདོད་ནས་བྱེད་ལ། བདག་ཙམ་ཡང་དུས་དེ་དག་ཏུ་རྗེས་སུ་འགྲོ་བས་ངེས་ཡུལ་ལ་འཁྲུལ་བ་ཡང་མིན་ནོ། །དེས་ན་ངའོ་སྙམ་དུ་ཐ་སྙད་འདོགས་མཁན་གྱི་མིང་དང་ཐ་སྙད་བཏགས་པའི་བདག་ཉིད་ཁྱབ་མཉམ་དུ་མི་བཟུང་བར་མི་དེ་བདག་དེའི་ཆ་ཤས་གཅིག་ཡིན་པར་ཤེས་པར་གྱིས་ཤིག །འདི་རྣམས་རྟེན་འབྲེལ་སྤྱི་དང་ཁྱད་པར་དུ་ལས་དཀར་ནག་གི་འབྲས་བུ་བདེ་སྡུག་འབྱུང་བའི་ངེས་པ་ལ་ཁྱད་ཆེ་བར་སྣང་བས་ཕྱོགས་ཙམ་བརྗོད་པའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། གཞན་དུ་ན་ལས་འབྲས་སྤྱི་དང་ཚེ་སྔ་ཕྱིའི་བྱ་བྱེད་ཐམས་ཅད་ལ་རྨོངས་བཞིན་དུ་འཆི་བར་འགྱུར་བ་དང་། རྨོངས་བཞིན་དུ་དེའི་རྣམ་གཞག་ཀྱང་འདོད་དགོས་པར་འགྱུར་རོ། །གལ་ཏེ་རང་གི་ང་སྤྱི་ཙམ་དེ་སྔ་ཕྱི་ཐམས་ཅད་དུ་ཡོད་ན། དེ་རྟག་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། དཔེར་ན་མི་དང་མི་རྟག་པ་སྤྱི་ཙམ་ཞིག་དུས་ཀུན་ཏུ་ཡོད་ཀྱང་དེ་རྟག་པ་ཡིན་མི་དགོས་པ་བཞིན་ནོ། །གསུམ་པ་དུས་གསུམ་གྱི་རྣམ་གཞག་བཤད་པ་ལ་གཉིས། དངོས་དང་། འཕྲོས་དོན་ནོ། །དང་པོ་ལ། བྱེ་བྲག་སྨྲ་བ་རྣམས་ནི། མྱུ་གུ་ལ་སོགས་པ་རེ་རེ་ཡང་དུས་གསུམ་དུ་འཇོག་ཅིང་། མྱུ་གུའི་འདས་མ་འོངས་གཉིས་ཀའི་དུས་སུའང་མྱུ་གུ་ཡོད་པར་འདོད་དེ། དེ་ཡང་བཙུན་པ་ཆོས་སྐྱོབ་ནི། མྱུ་གུ་མ་འོངས་པ་ན་ད་ལྟར་བ་དང་ད་ལྟར་བ་ནས། འདས་པར་འཇུག་པ་ན་མ་འོངས་དང་ད་ལྟར་བའི་ངོ་བོ་འདོར་གྱི། དེའི་དུས་ཀྱི་རྗེས་མི་འདོར་ཏེ། དཔེར་ན་གསེར་གྱི་སྣོད་བཅོམ་ནས་རྒྱན་བྱེད་པ་དང་འོ་མ་ཞོར་འགྱུར་བ་ན་དབྱིབས་དང་རོ་གཞན་དུ་འགྱུར་གྱི། ཁ་དོག་གཞན་དུ་མི་འགྱུར་བ་བཞིན་ནོ་ཞེས་འདོད། དབྱངས་སྒྲོགས་ནི། དུས་རེ་རེ་ཡང་དུས་གསུམ་ཀའི་མཚན་ཉིད་དང་ལྡན་མོད་ཀྱང་གང་ཤས་ཆེ་བ་དེའི་སྒོ་ནས་དུས་གསུམ་པོ་གང་རུང་དུ་འཇོག་སྟེ། དཔེར་ན། སྐྱེས་པ་གཅིག་བུད་མེད་གཅིག་ལ་ཆགས་པ་ཤས་ཆེ་བར་གྱུར་པའི་ཚེ་དེ་ལ་ཆགས་ཞེས་བརྗོད་ཀྱི་བུད་མེད་གཞན་ལ་ཆགས་པ་དང་བྲལ་བ་མིན་པ་བཞིན་ནོ་ཞེས་འདོད། དབྱིག་བཤེས་ནི། མྱུ་གུ་ལྟ་བུའི་དངོས་པོ་གཅིག་ཉིད་ཀྱང་མ་འོངས་པ་ལ་སོགས་པའི་གནས་སྐབས་སོ་སོར་ཕྱིན་པ་ན་དེར་འཇོག་སྟེ། དཔེར་ན། རིལ་ལུ་གཅིག་ཉིད་གཅིག་དང་བརྒྱ་དང་སྟོང་གི་ཤོད་མིག་ཏུ་བཞག་ན་གཅིག་དང་བརྒྱ་དང་སྟོང་གི་ཐ་སྙད་བྱེད་པ་བཞིན་ནོ་ཞེས་འདོད། སངས་རྒྱས་ལྷ་ནི། གཞི་ལ་ལྟོས་ནས་གཞན་དུ་འཇོག་སྟེ། དཔེར་ན། བུད་མེད་གཅིག་ཉིད་རང་གི་མ་ལ་ལྟོས་ནས་བུ་མོ་དང་རང་གི་བུ་མོ་ལ་ལྟོས་ནས་མར་འཇོག་པ་བཞིན་ནོ་ཞེས་འདོད་དོ། །མདོ་སྡེ་པ། སེམས་ཙམ་པ། རང་རྒྱུད་པ་རྣམས་ཀྱིས་ནི། སྤྱིར་དངོས་པོ་དེ་ཉིད་སྐྱེ་བའི་རྒྱུ་ཡོད་ཅིང་ད་ལྟ་དངོས་པོ་དེར་མ་སྐྱེས་པ་དེ། མ་འོངས་པ་དང་། ད་ལྟ་སྐྱེས་ཟིན་པའི་དངོས་པོ་དེ་ཉིད་སྒྲར་ཞིག་པ་དེ་འདས་པ་དང་། སྐྱེས་ལ་མ་འགགས་པ་དེ། ད་ལྟར་བར་འདོད་ཅིང་། འདས་པ་དང་། མ་འོངས་པ་གང་རུང་ཡིན་ན། དངོས་མེད་ཡིན་པས་ཁྱབ་ཅེས་ཁས་ལེན་པར་ཡང་མཚུངས་ཞེས་སྟོང་ཐུན་ལས་བཤད། འོན་ཀྱང་དངོས་པོ་དེའི་དུས་སུ་འདས་མ་འོངས་གང་རུང་ཡིན་ན། དངོས་མེད་ཡིན་པར་ཁྱབ་ཅེས་མི་བཞེད་དེ། མྱུ་གུའི་རྒྱུ་དེ་མྱུ་གུའི་དུས་སུ་འདས་པ་དང་། མྱུ་གུའི་འབྲས་བུ་དེ་མྱུ་གུའི་དུས་སུ་མ་འོངས་པར་འདོད་པའི་ཕྱིར་རོ། །མྱུ་གུའི་འདས་མ་འོངས་གང་རུང་ཡིན་ན། མྱུ་གུའི་དུས་སུ་འདས་མ་འོངས་གང་རུང་ཡིན་མི་དགོས་ཏེ། མྱུ་གུ་ཞིག་པའི་ཆ་དེ་མྱུ་གུའི་འདས་པ་ཡིན་ཡང་། མྱུ་གུའི་དུས་སུ་འདས་པ་མིན་ལ། མྱུ་གུར་རེ་ཞིག་མ་སྐྱེས་ཀྱང་མྱུ་གུར་འགྱུར་རུང་གི་ཆ་དེ། མྱུ་གུའི་མ་འོངས་པ་ཡིན་ཀྱང་། མྱུ་གུའི་དུས་སུ་མ་འོངས་པ་ནི་མིན་ནོ། །དེ་ལྟ་ནའང་མྱུ་གུའི་ཞིག་པ་དེ། མྱུ་གུའི་འདས་པའི་དུས་ཡིན་མིན་དཔྱད་པར་བྱ་སྟེ། དུས་ཞེས་པ་ནི་དངོས་པོའི་སྟེང་ནས་འཇོག་དགོས་པའི་ཕྱིར་སྙམ་མོ། །མདོ་སེམས་རང་རྒྱུད་པ་གསུམ་གྱིས་ནི། སྤྱིར་མྱུ་གུའི་འདས་པ་དང་མ་འོངས་པ་གཉིས་དངོས་མེད་དུ་འདོད་པ་ཡིན་ཏེ། རྩ་ཤེའི་ཊིཀ་ཆེན་ལས། ཞིག་པ་དང་མ་སྐྱེས་པའི་མ་འོངས་པ་གཉིས་དངོས་མེད་དུ་འདོད་དེ། འདི་ནི་དབུ་མ་ཐལ་འགྱུར་བ་མ་གཏོགས་མདོ་སྡེ་བ་ཡན་ཆད་ཀྱི་རང་སྡེ་རྣམས་ཀྱིས་འདོད་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་གསུམ་གྱིས་མྱུ་གུ་རང་བཞིན་གྱིས་གྲུབ་པར་འདོད་པའི་དབང་གིས། མྱུ་གུ་ཞིག་པའི་འདས་པ་དེ་དངོས་པོ་མིན་པར་འདོད་པ་ཡིན་ཏེ། འཇུག་པའི་རྣམ་བཤད་ལས། དེ་ཡང་དངོས་པོ་རང་བཞིན་གྱིས་གྲུབ་པར་འདོད་པའི་ཕྱོགས་ཐམས་ཅད་ལ་ཞིག་པ་དངོས་པོར་མི་རུང་ལ། ཞེས་གསུངས་པའི་ཕྱིར་རོ། །དེ་དངོས་པོ་མིན་པར་འདོད་པའི་རྒྱུ་མཚན་ཡང་ཡོད་དེ། མྱུ་གུ་ལྟ་བུ་རང་གི་དུས་སྐད་ཅིག་གཉིས་པར་མ་བསྡད་པ་དངོས་པོ་མིན་པའི་ཕྱིར་ཏེ། མྱུ་གུ་ལྟ་བུའི་དངོས་པོ་ཅིག་ཞིག་པ་ན། མྱུ་གུའི་ཆ་ཤས་ཀྱི་དངོས་པོ་ཐམས་ཅད་ནི་མེད་ལ། དེ་མྱུ་གུ་ལས་གཞན་པའི་བུམ་པ་ལ་སོགས་པའི་དངོས་པོ་གཞན་གང་དུ་ཡང་ལ་ཐོབ་པའི་ཕྱིར་སྙམ་པའོ། །ཐལ་འགྱུར་བའི་ལུགས་ཀྱི་དུས་གསུམ་ནི། དཔལ་ལྡན་ཟླ་བས་བཞི་བརྒྱ་བའི་འགྲེལ་པ་ལས། དེ་ལ་མ་འོངས་པ་ནི་ད་ལྟར་བའི་དུས་སུ་མ་ཕྱིན་པའོ། །འདས་པ་ནི་དེ་ཉིད་ལས་འདས་པའོ། །ད་ལྟར་བྱུང་བ་ནི་སྐྱེས་ལ་མ་འགགས་པའོ་ཞེས་གསུངས་པ་ལྟར། དཔེར་མཚོན་ན། མྱུ་གུ་རང་གི་དུས་སྐད་ཅིག་གཉིས་པར་ཞིག་པ་ནི་མྱུ་གུ་འདས་པའི་དུས་དང་། སྤྱིར་སྐྱེ་བའི་རྒྱུ་ཡོད་ཀྱང་དགུན་དུས་ལྟ་བུར་རེ་ཞིག་རྐྱེན་མ་ཚང་བའི་དབང་གིས་མྱུ་གུར་མ་སྐྱེས་པའི་ཆ་དེ། མྱུ་གུ་མ་འོངས་པའི་དུས་དང་། སྐྱེས་ལ་མ་འགགས་པའི་མྱུ་གུ་རང་ཉིད་ད་ལྟར་བའི་དུས་སོ། །དེས་ན་དེའི་འདས་པའི་དུས་ཡིན་ན། དེའི་དུས་སུ་འདས་པ་ཡིན་མི་དགོས་སོ། །འདི་ཙམ་ཞིག་ནི་མདོ་སྡེ་བ་ནས་ཐལ་འགྱུར་བའི་བར་ཐམས་ཅད་ཀྱང་ཁས་ལེན་ཡང་ཁྱད་པར་ཡོད་དེ། གོང་དུ་བརྗོད་པ་ལྟར་མདོ་སྡེ་བ་སོགས་གསུམ་གྱིས་ནི། མྱུ་གུ་ལྟ་བུ་འདས་མ་འོངས་གཉིས་དངོས་མེད་དུ་འདོད་ལ། ཐལ་འགྱུར་བས་ནི་དེ་གཉིས་དངོས་པོར་བཞེད་པའི་ཕྱིར་རོ། །དེ་ཡང་མྱུ་གུ་རང་རྒྱུ་ལས་སྐྱེས་པ་དེ་བཞིན་དུ། དེ་ཞིག་ཟིན་འདས་པ་དང་མ་འོངས་པ་ཡང་རང་རྒྱུ་ལས་སྐྱེས་པར་འདོད་ཅིང་། མྱུ་གུ་ཞིག་པ་དེ་སྐྱེས་ལ་རང་དུས་སུ་མ་འགགས་པ་ཡིན་ཀྱང་། ད་ལྟར་བ་ནི་མིན་ཏེ། སྤྱིར་དེ་ཞིག་པ་ཁོ་ན་ཡིན་པའི་ཕྱིར་འདས་པའོ། །མ་འོངས་པ་ནི་སྤྱིར་སྐྱེས་པ་ཡིན་ཡང་རེ་ཞིག་རང་འབྲས་དངོས་པོ་དེར་མ་སྐྱེས་པའི་ཆ་ལ་འཇོག་པས། ད་ལྟར་བ་ནི་མིན་ནོ། །མྱུ་གུའི་ཞིག་པ་དངོས་པོ་ཡིན་པ་དེ་བཞིན་དུ་དེའི་ཞིག་པའི་ཞིག་པ་སོགས་ཞིག་པའི་རིགས་འདྲ་ཕྱི་མ་རྣམས་ཀྱང་ཞིག་པ་ཡིན་པས་འདས་པ་ཡིན་གྱི། མ་འོངས་པ་དང་ད་ལྟར་བ་གང་ཡང་མིན་ནོ། །འདིར་ཞིག་པ་དངོས་པོ་ཡིན་ཏེ། ཤི་བ་དངོས་པོ་ཡིན་པའི་ཕྱིར་ཏེ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བའི་ཕྱིར། གཞན་ཡང་། དེ་དངོས་པོ་ཡིན་ཏེ། མདོ་སྡེ་པ་སོགས་ཀྱིས་ནི་ཞིག་པ་བཏགས་དོན་བཙལ་ནས་འཇོག་པས་དངོས་པོར་མི་འདོད་ཀྱང་། ཐལ་འགྱུར་བའི་ལུགས་ལ་མྱུ་གུ་བཏགས་དོན་མ་བཙལ་བར་ཐ་སྙད་དུ་འཇོག་པ་ལྟར། ཞིག་པ་ཡང་བཏགས་དོན་མ་བཙལ་བར་ཐ་སྙད་དུ་དངོས་པོར་འཇོག་ནུས་པར་བཞེད་པའི་ཕྱིར། དུས་གསུམ་གྱི་ནང་ནས་འདས་མ་འོངས་གཉིས་ད་ལྟར་བ་ལ་ལྟོས་ནས་འཇོག་དགོས་པས་ད་ལྟར་བ་གཙོ་བོ་ཡིན་གྱི། འདས་མ་འོངས་གཉིས་གཙོ་བོ་མིན་ནོ། །གཉིས་པ་འཕྲོས་དོན་མཐའ་དཔྱད་པ་ལ། ཁ་ཅིག །མྱུ་གུ་འདས་པ་མྱུ་གུའི་སྔོན་དུ་བྱུང་བ་དང་། མྱུ་གུ་མ་འོངས་པ་མྱུ་གུའི་རྗེས་སུ་བྱུང་བར་འདོད་པ་ནི་ཆེར་འཁྲུལ་བ་ཡིན་ཏེ། དེ་ལྟར་འདོད་པ་ནི་མྱུ་གུའི་འདས་པ་དང་མྱུ་གུའི་དུས་སུ་འདས་པ་གཉིས་ཀྱི་ཁྱད་པར་དང་། མྱུ་གུའི་མ་འོངས་པ་དང་མྱུ་གུའི་དུས་སུ་མ་འོངས་པའི་ཁྱད་པར་མ་ཕྱེད་པའི་སྐྱོན་ཡིན་པའི་ཕྱིར་ཏེ། ཁྱད་པར་ནི་སྔར་བཤད་ཟིན་ཏོ། །དེས་ན་མྱུ་གུ་འདས་པ་ནི། མྱུ་གུའི་རྗེས་སུ་བྱུང་བ་ཡིན་ལ། མྱུ་གུ་མ་འོངས་པ་ནི། མྱུ་གུའི་སྔོན་དུ་འགྲོ་བ་ཡིན་ནོ། ཁ་ཅིག །རྟག་པའི་རིགས་རྣམས་ད་ལྟ་བ་ཡིན་ཀྱང་། ད་ལྟར་བ་ཡིན་མི་དགོས་ཞེས་གསུངས་ཏེ་དཔྱད་པར་བྱ་ཞིང་། རི་བོང་གི་རྭ་དང་ནམ་མཁའ་ལྟ་བུ་ནི། མ་འོངས་ཀྱང་མ་འོངས་པ་ནི་མིན་ནོ། །འོ་ན། ཁ་སང་གི་མྱུ་གུ་ལྟ་བུ་འདས་པ་དང་། སང་གི་མྱུ་གུ་ལྟ་བུ་མ་འོངས་པར་མི་འཇོག་གམ་ཞེ་ན། མི་འཇོག་སྟེ། དེ་དག་ད་ལྟར་བ་ཁོ་ན་ཡིན་པའི་ཕྱིར་ཏེ། ད་ལྟར་བ་ནི་དངོས་པོ་རང་དུས་ལ་ལྟོས་ནས་བརྩི་དགོས་ཀྱི། དུས་ཀྱི་ཐ་སྙད་བྱེད་པ་པོའི་བརྗོད་བཞིན་པའི་དེ་རིང་གི་དུས་ན་ད་ལྟར་མ་ཡིན་པ་ཙམ་གྱིས་ནི་ད་ལྟར་བ་མ་ཡིན་པར་མི་འགྱུར་བའི་ཕྱིར་རོ། །དེས་ན། ཁ་ཅིག ཁ་སང་དང་ལོ་ཟླ་སྔོན་མ་དང་། དེའི་དུས་ཀྱི་མི་རྣམས་འདས་པ་དང་། སང་དང་ལོ་ཟླ་ཕྱི་མ་དང་། དེའི་དུས་ཀྱི་མི་རྣམས་མ་འོངས་པར་འཇོག་པ་ནི་འཁྲུལ་པ་ཆེན་པོ་སྟེ། དེ་ནི་གཞུང་ཆེ་བ་ནས་བཤད་པའི་དུས་གསུམ་གྱི་འཇོག་ལུགས་གང་ཡང་མ་ངེས་པར། དུས་ཀྱི་ཐ་སྙད་བརྗོད་པ་པོའི་དུས་ཁོ་ན་ལ་ད་ལྟར་བ་དང་། དེའི་དུས་སུ་འདས་པ་ལ་འདས་པ་དང་། དེའི་དུས་སུ་མ་འོངས་པ་ལ་མ་འོངས་པས་ཁྱབ་པར་བཟུང་བའི་སྐྱོན་ཡིན་པའི་ཕྱིར་རོ། །དེས་ན། སྤྱིར་དུས་གསུམ་གྱི་འདོད་ཚུལ་དང་། བརྗོད་པ་པོ་རང་དུས་ལ་ལྟོས་པའི་དུས་གསུམ་གྱི་ཁྱད་པར་རྣམས་ཕྱེད་པར་བྱའོ། ཁ་ཅིག །དེའི་ཁྱད་པར་མ་ཕྱེད་པར་བསྐལ་བ་དང་པོའི་མི་རྣམས་ཤི་ཟིན་ནས་འདས་པ་ཡིན་ནོ་ཞེས་ཟེར་བ་ནི་མི་རིགས་པ་ཆེན་པོ་སྟེ། དེ་ལྟར་ཡིན་ན་དེ་རྣམས་མི་ཡང་མ་ཡིན་པར་འགྱུར་བའི་ཕྱིར་རོ། །དེས་ན་བསྐལ་བ་དང་པོའི་མི་རྣམས་ནི་སྤྱིར་ཤི་བ་མིན་ཏེ། སྲོག་ལྡན་ཡིན་པའི་ཕྱིར་ཏེ། མི་ཡིན་པའི་ཕྱིར་རོ། །དེར་མ་ཟད། སྔོན་གྱི་དུས་སུ་བྱོན་ཟིན་འདས་པ་དང་མ་འོངས་ན་འབྱུང་འགྱུར་གྱི་སངས་རྒྱས་བྱང་སེམས་ཉན་རང་རྒྱལ་བློན་པཎ་གྲུབ་དང་། སེམས་ཅན་གཞན་གང་དག་འབྱུང་བ་རྣམས་དང་། རང་གི་ཚེ་སྔ་ཕྱིའི་སེམས་ཅན་དེ་རྣམས་ནི་ད་ལྟ་མེད་ཀྱང་སྤྱིར་ཡོད་དོ། །དེ་བཞིན་དུ་ལོ་ཟླ་ཞག་དུས་སྔ་ཕྱི་རྣམས་ནི་དེ་རིང་གི་དུས་སུ་མེད་ཀྱང་སྤྱིར་ཡོད་པ་དང་། སྔར་བྱས་པ་དང་ཕྱིས་བྱེད་པར་འགྱུར་བའི་ལས་དགེ་སྡིག་སོགས་ཀྱང་ད་ལྟ་མེད་མོད། སྤྱིར་ཐ་སྙད་དུ་ཡོད་པར་ཁས་ལེན་དགོས་པ་ཡིན་ནོ། །དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཚད་མར་བྱས་ཏེ། ཀུན་རྫོབ་སྒྱུ་མ་བཞིན་དུ་ཡོད་པར་འདོད་ཀྱི། ད་ལྟ་རང་རེའི་ཡིད་དོན་འགྱུར་མེད་ལིང་ངེར་སྣང་བ་ལྟར་རང་ངོས་ནས་གྲུབ་པ་ནི་མིན་ཏེ། ལམ་རིམ་ཆེན་མོ་ལས། འདས་པ་ལ་སོགས་པ་འདི་དག་ཡེ་མེད་ཡང་མིན་ལ། རང་གི་ངོ་བོས་གྲུབ་པའང་མིན་པ་དང་ལོག་པའམ་བརྫུན་པའི་དོན་རྟེན་འབྲེལ་གྱི་དོན་ཡིན་གྱི། ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྔོན་བྱུང་ཟིན་པ་རྣམས་ད་ལྟའི་དུས་ལ་ལྟོས་ནས་འདས་ཟིན་ཀྱང་། སྤྱིར་འདས་ཟིན་པ་མིན་ལ། མ་འོངས་པ་ན་འབྱུང་འགྱུར་དེ་དག་ཀྱང་ད་ལྟའི་དུས་སུ་མ་འོངས་ཀྱང་། སྤྱིར་མ་འོངས་པ་མིན་ནོ། །དེས་ན། སྡུད་པ་ལས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། ཞེས་གསུངས་པ་ལྟར། བརྗོད་པ་པོ་རང་དུས་ལ་ལྟོས་པའི་དུས་གསུམ་གྱི་རྣམ་གཞག་བྱེད་ན་ནི། སྔོན་གྱི་དུས་དང་། ད་ལྟའི་དུས་དང་། ཕྱི་མའི་དུས་དང་། དེ་དག་གི་དུས་སུ་བྱོན་པ་དང་། བཞུགས་པ་དང་། འབྱོན་པའི་སངས་རྒྱས་ཞེས་བྱས་ན་བདེའོ། །འདས་མ་འོང་གི་དུས་གཉིས་ད་ལྟའི་དུས་སུ་མ་གྲུབ་ཀྱང་། སངས་རྒྱས་ཀྱིས་མཁྱེན་པའི་ཚེ་ཅིག་ཅར་དུ་མཁྱེན་པ་ཡིན་ཏེ། མཁྱེན་དུས་དང་གྲུབ་དུས་མཉམ་མི་དགོས་པའི་ཕྱིར་ཏེ། དཔེར་ན། དེ་རིང་གི་དུས་སུ་ཁ་སང་བྱས་པ་དེ་མེད་ཀྱང་དྲན་པ་བཞིན་ནོ། །གལ་ཏེ་སྔོན་གྱི་དུས་སུ་བྱུང་ཟིན་པའི་སེམས་ཅན་དེ་རྣམས་ནི། །སྤྱིར་ཡོད་ན། ད་ལྟ་ཁ་ཅིག་གིས་གཞན་ཞིག་ལ་ཁྱོད་ཀྱི་ཕ་མ་ཡོད་དམ་མེད་ཅེས་དྲིས་པ་ན། དེས་བདག་གི་ཕ་མ་ཤི་ཟིན་མེད་ཅེས་ལན་འདེབས་ལ་འདི་ཇི་ལྟར་ཡིན་ཞེ་ན། སྐྱོན་མེད་དེ། ངེས་ཚིག་གིས་དེ་ལྟར་བརྗོད་ཀྱང་བསམ་དོན་ནི་སྔར་ཤི་བའི་དུས་བྱུང་ནས་བརྗོད་པའི་དུས་དེར་མེད་པ་ལ་བསམས་པས་ན་མི་འགལ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་ཚིག་ཟིན་ལྟར་ན། ང་རང་གི་ཕ་མ་ལས་མ་སྐྱེས་པར་འགྱུར་ཏེ། དེའི་ཕ་མ་ཤི་ནས་མེད་པའི་ཕྱིར་རོ། །མ་ཁྱབ་ན། མེད་པ་ལས་བུ་སྐྱེ་བར་ཐལ་ལོ། །དེ་ལྟ་ནའང་མི་ཤི་བ་ཡོད་ཀྱང་། ཤི་བའི་མི་ནི་མེད་དེ། མི་ཡིན་ན་གསོན་པོ་ཡིན་དགོས་པའི་ཕྱིར་རོ། །དེས་ན་མཁས་པ་ཁ་ཅིག །རྒྱལ་པོ་གླང་དར་ཤི་བ་ཡིན་ཟེར་དགོས་ཞེས་གསུངས་པ་ནི། རིགས་པའི་གནད་ཕྲ་མོ་མ་མཁྱེན་པའི་གཏམ་མོ། །ཚུལ་འདི་ལྟ་བུ་སྨྲ་བ་ལ་ཁོ་བོ་ཅག་གི་རིགས་པའི་ཟད་མཐའ་མེད་ཀྱང་མང་དུ་དོགས་ནས་མ་སྤྲོས་ཤིང་། ཐ་སྙད་འཇོག་ཚུལ་གཞན་དག་ཀྱང་འདིར་བརྗོད་པའི་རིགས་འགྲོས་ཀྱིས་ཤེས་པར་བྱ་སྟེ། དེ་དག་གི་ཁྱད་པར་རགས་པ་ལ་རྨོངས་ན་ནི། སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་ཁས་བླངས་ཀྱང་དད་པས་དྲངས་པའི་ཡིད་དཔྱོད་ཙམ་ཡིན་གྱི། ཚད་མས་དྲངས་པའི་ཡིད་ཆེས་བརྟན་པོ་ཐོབ་པ་མིན་པའི་ཕྱིར་རོ། །དེས་ན་རྗེ་ཉིད་ཀྱིས་གསུངས་པ་ལྟར་རང་རྒྱུད་ལ་བག་ཆགས་བཟང་ཞིང་འཐུག་པོ་ཞིག་འཇོག་པར་འདོད་ན་ནི། ཚད་མས་ངེས་པའི་གོ་བ་བརྟན་པོ་བཙལ་བར་བྱའོ། །མདོར་ན་དངོས་པོ་རང་བཞིན་གྱིས་མེད་ཀྱང་། ཐ་སྙད་དུ་སྒྱུ་མ་དང་སྤྲུལ་པ་ལྟར་ལས་འབྲས་ལ་སོགས་པའི་བྱ་བྱེད་ཀྱི་རྟེན་འབྲེལ་ཐམས་ཅད་ལེགས་པར་འཐད་པའི་ཚུལ་ཤེས་དགོས་ཏེ། དེ་ལྟར་ཤེས་ཤིང་གུས་ན་ནི་ཕན་ཡོན་ཡོད་པར་མ་ཟད། རང་ལ་སྔོན་གྱི་བག་ཆགས་བཟང་བོ་ཡོད་པའི་རྟགས་ཀྱང་ཡིན་ཏེ། སྡུད་པ་ལས། གང་ཞིག་ཆོས་འདི་སྤྲུལ་དང་སྒྱུ་མ་འདྲར་ཐོས་ནས། །སོམ་ཉི་མེད་ཅིང་སློབ་ལ་ཕྱིར་ཞིང་སྦྱོར་བྱེད་པ། །སེམས་ཅན་དེ་ནི་རིང་ནས་ཐེག་ཆེན་ཞུགས་རིགས་བྱ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་ལ་ལྷག་བྱས་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དེ་ལྟར་ཤེས་དགོས་ཏེ། མི་ཤེས་ན་དད་པ་ཡོད་ཀྱང་རྟག་ཆད་ཀྱི་མཐར་ལྟུང་ནས་འཁོར་བར་འཁོར་ལ། ཤེས་ན་ནི་མཐའ་དེ་གཉིས་ལས་གྲོལ་ཏེ་འཁོར་བ་ལས་ཐར་བར་འགྱུར་བའི་ཕྱིར་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་ནི། །དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་དང་། ཡོད་པ་པ་ནི་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ན། །གཉིས་ལ་མི་བརྟེན་ཐར་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སྨྲས་པ། སྟོན་པ་མཆོག་དང་ཀླུ་སྒྲུབ་ཟླ་གྲགས་ཀྱི། །དགོངས་པ་རྗེ་བཙུན་བླ་མས་བཀྲལ་བ་བཞིན། །ཟབ་དོན་སྙིང་བོ་བསྡུས་པའི་ཆ་འགའ་ཞིག །དོན་གཉེར་ཅན་ལ་ཕན་ཕྱིར་ལེགས་པར་བཤད། །རྙེད་དང་བཀུར་སྟི་གྲགས་འདོད་གཏན་སྤངས་ནས། །ཟབ་མོའི་དོན་འདི་འཆད་ལ་ཞུགས་གྱུར་ཏེ། །སྒོ་གསུམ་རྣམ་དཀར་ཅི་སྙེད་བསྐྲུན་དེ་ཡང་། །མཐའ་བྲལ་ལྟ་བའི་ལམ་བཟང་རྒྱས་ཕྱིར་བསྔོ། །ཅེས་པ་འདི་ནི། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་རང་ཉིད་ཀྱིས་མཁས་པའི་དགོངས་པ་ཇི་ལྟར་རྟོགས་པ་བཞིན་དད་པས་ཀུན་ནས་བསླངས་ཏེ་ཅོ་ནེ་དགོན་ཉིད་དུ་སྦྱར་བའོ། །ཤུ་བཾ། བཀྲ་ཤིས།། །།

གྲུབ་མཐའ་ཐམས་ཅད་ཀྱི་སྙིང་བོ་བསྡུས་པ།

གྲུབ་མཐའ་ཐམས་ཅད་ཀྱི་སྙིང་བོ་བསྡུས་པ་ཞེས་བྱ་བ་བཞུགས།

གྲུབ་མཐའ་ཐམས་ཅད་ཀྱི་སྙིང་བོ་བསྡུས་པ་ཞེས་བྱ་བ་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོར་བརྩོན་པའི་མནྦྷ་རས། །ལེགས་པར་བསྲུབས་ལས་དོན་གཉིས་འགྲུབ་པའི་ནོར། །མངོན་དུ་གྱུར་ནས་འགྲོ་ལ་ཕན་བདེ་ཡི། །འདོད་རྒུ་མཆོག་སྩོལ་སྟོན་པ་གང་དེར་འདུད། །ཇི་སྙེད་དྲང་ངེས་ཆོས་ཚུལ་ཡངས་པའི་མཁར། །རྣམ་དཔྱོད་འོད་སྟོང་འབར་བ་ཞུགས་ཙམ་གྱིས། །ཐུབ་བསྟན་འདབ་སྟོང་ཅི་ཡང་བཞད་མཛད་པ། །ཀུན་མཁྱེན་བཙོང་ཁ་བ་དེ་ཕྱག་གི་ལུས། །མགོན་དེའི་ལེགས་བཤད་བདུད་རྩིའི་བཅུད་མྱངས་པས། །རབ་འབྱམས་གཞུང་ལུགས་མཐའ་དག་ཐུགས་ཆུད་ནས། །ཇི་བཞིན་གསལ་བར་སྟོན་མཛད་བླ་མ་མཆོག །སྲས་ཀྱི་ཐུ་བོ་གཉིས་ཀྱང་འདུད་བྱའི་གནས། །བརྩོན་པ་ཕུལ་གྱིས་རིགས་གནས་དུ་མ་ལ། །ལེགས་སྦྱངས་རང་གཞན་གྲུབ་མཐའི་མཐར་སོན་ཞིང་། །འཆད་རྩོད་རྩོམ་པ་ངག་གི་དབང་ཕྱུག་དང་། །དབྱེར་མེད་དགེ་བའི་བཤེས་གཉེན་རྟག་ཏུ་རྒྱལ། །གསུང་རབ་རྒྱ་མཚོའི་གོས་ཅན་ཁྱོན་གང་ལ། །མཁྱེན་རབ་གོམ་པ་གཅིག་གིས་གཞལ་བའི་ཚེ། །མི་ཤེས་སྟོབས་ལྡན་ས་འོག་འཆིང་བྱེད་པ། །པད་དཀར་མིག་ལྡན་མཁས་རྣམས་བསྔགས་པར་འོས། །དེ་ལྟར་མཆོད་པར་བརྗོད་ནས་གང་བཤད་པར་བྱ་བ་ནི། བློ་གྲོས་དོན་དུ་གཉེར་བ་འགའ་ལ་ཕན་པའི་ཆེད་དུ་རང་གཞན་གྱི་གྲུབ་མཐའི་སྙིང་བོའི་དོན་བསྡུས་ནས་འཆད་པར་བྱེད་ལ། དེ་ཡང་ལུང་འདྲེན་སོགས་མང་ན་བློ་དམན་དག་གིས་རྟོགས་མི་ནུས་པས་ན། དེའི་ཕྱིར་ལུང་ཅུང་ཟད་རེས་བརྒྱན་ཏེ་བཤད་པར་བྱའོ། །དི་ལ་གཉིས། ཕྱི་ནང་གི་ཁྱད་པར་ངོས་བཟུང་བ་དང་། གྲུབ་མཐའི་ཁྱད་པར་སོ་སོར་བཤད་པའོ། །དྲང་པོ་ནི། གྲུབ་མཐའི་ཐ་སྙད་འདི་གང་གིས་བྱས་པ་ཡིན་ཞེ་ན། འདི་ལ་རང་སྡེའི་གྲུབ་མཐའི་ཐ་སྙད་ནི་སྟོན་པ་ཉིད་ཀྱིས་གསུངས་པ་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས། ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ། །བསྟན་པ་དང་ནི་གྲུབ་མཐའ་འོ། །ཞེས་གསུངས་པས་སོ། །གྲུབ་མཐའི་སྒྲ་དོན་ནི། རྣམ་རྟོག་གིས་སྒྲོ་བཏགས་པའི་ཆ་གཞན་བཟློག་ནས་རང་གི་བློ་ངོར་འཐད་པར་གྲུབ་པས་ན། གྲུབ་མཐའ་འོ། །གྲུབ་མཐའ་ལ་གཉིས་སུ་ངེས་པས། དེ་ལ་ཞུགས་པ་ལ་ཡང་ཕྱི་ནང་གི་གང་ཟག་གཉིས་སུ་ངེས་སོ། །ཕྱི་ནང་གི་ཁྱད་པར་སྤྱིར་སྐྱབས་འགྲོས་འབྱེད་པ་སོགས་འབྱེད་བྱེད་མི་འདྲ་བའི་འཇོག་ཚུལ་ཡོད་ཀྱང་། འདིར་སྟོན་པ་དང་བསྟན་པ་དང་ལྟ་བ་གསུམ་གྱི་སྒོ་ནས་འབྱེད་པ་ལྟར་བྱའོ། །དེ་ཡང་སྐྱོན་ཀུན་ཟད་ཅིང་ཡོན་ཏན་མཐའ་དག་རྫོགས་པའི་སྟོན་པ་དང་། དེས་བསྟན་པ་དམ་པའི་ཆོས་དང་། གང་ཟག་གི་བདག་མེད་ཕྲ་རགས་ཅི་རིགས་རྟོགས་པའི་ལྟ་བ་ཁས་ལེན་པ་ནི། ནང་བ་སངས་རྒྱས་པ་དང་། འདི་གསུམ་གྱི་ཟློག་ཟླ་གསུམ་འདོད་པ་ནི་ཕྱི་རོལ་པའོ། །སྟོན་པ་ཁས་ལེན་པ་ནི། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། །བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་ལ་ཡང་མི་སྡང་ཞིང་། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། ཞེས་པ་དང་། རྗེ་བླ་མས་སྔགས་རིམ་ཆེན་མོའི་སྟོད་ཆ་ནས་གསུངས་པ་བཞིན་དང་། རྒྱལ་ཚབ་ཐམས་ཅད་མཁྱེན་པས་རྣམ་འགྲེལ་གྱི་ཊིཀྐའི་སྨད་ཆ་ནས་གསུངས་པ་ལྟར། བློ་གྲོས་དམན་པ་རྣམས་ཀྱིས་རང་གི་སྟོན་པའི་རྗེས་སུ་འཇུག་པ་དང་དེས་བསྟན་པའི་ཆོས་བསྒྲུབ་བྱ་ཡིན་པར་བཟུང་ནས་སྐྱབས་སུ་འགྲོ་བ་ནི། མོས་མནོ་ཙམ་དང་ཡིད་དཔྱོད་ཙམ་གྱིས་སྒོ་ནས་ཡིན་གྱི། བློ་ཆེ་བ་རྣམས་ཀྱིས་ཐོག་མ་ཉིད་ནས་ཕྱོགས་ལྷུང་དང་འདོད་ཞེན་གྱིས་རང་གི་སྟོན་པའོ་སྙམ་པ་དང་དེས་གསུངས་པའོ་སྙམ་དུ་མི་འཛིན་པར་ཕྱི་ནང་གི་སྟོན་པ་གཉིས་ལས་གང་གི་བཤད་པ་དེ་རིགས་པ་ཡིན། གང་གིས་བཤད་པ་དེ་མི་རིགས་པ་ཡིན་སྙམ་ནས་ལེགས་པར་དཔྱད་པ་ན། དེ་ནས། རང་གི་སྟོན་པའི་བཤད་པ་ནི་ལེགས་པར་བཤད་པ་ཡིན་ལ། ཅིག་ཤོས་ཀྱི་ནི་དེ་ལས་བཟློག་པའོ་སྙམ་དུ་ངེས་ནས་རང་གི་སྟོན་པ་དང་དེའི་བསྟན་པའི་རྗེས་སུ་འཇུག་དགོས་པ་ཡིན་ནོ། །དེས་ན་བསྟན་པ་ལ་ཡང་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ནི། གདུལ་བྱ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པའི་ཐབས་དང་། གཞན་གྱིས་བསྟན་པ་ནི་དེ་ལས་ལྡོག་པར་ངེས་པར་འགྱུར་རོ། །རང་སྡེའི་ལྟ་བ་ནི་འདུས་བྱས་མི་རྟག་པར་ལྟ་བ་སོགས་བཀའ་བརྟགས་ཀྱི་ཕྱག་རྒྱ་བཞིའམ་གང་རུང་དང་། ལྟ་བ་ཁྱད་པར་ཅན་ནི་བདག་མེད་ཕྲ་མོ་རྟོགས་པའི་ལྟ་བའོ། །རང་སྡེ་གནས་མ་བུ་བས་བརྗོད་དུ་མེད་པའི་བདག་ཁས་ལེན་ཀྱང་། རྟག་གཅིག་རང་དབང་ཅན་གྱིས་སྟོང་བའི་བདག་མེད་འདོད་པས། ཕྱག་རྒྱ་བཞི་ཁས་མི་ལེན་པ་ཡང་མིན་ནོ། །གཉིས་པ་ཁྱད་པར་སོ་སོར་བཤད་པ་ལ། ཕྱི་ནང་གི་གྲུབ་མཐའ་གཉིས་ལས། དང་པོ་ལ་གསུམ། བྱུང་རིམ། མིང་དོན། སོ་སོར་བཤད་པའོ། །དང་པོ་ནི། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པས་བཤད་པ་ལྟར། སྔོན་ཚེ་ལོ་དཔག་མེད་ཀྱི་དུས་སུ་བྲམ་ཟེ་སེར་སྐྱ་ཞེས་བྱ་བ་ཞིག་བྱུང་སྟེ། གྲངས་ཅན་གྱི་གཞུང་བརྩམས། དེ་ནས་བདག་གི་འདོད་ཚུལ་མི་འདྲ་བའི་ཁྱད་པར་ལས་མུ་སྟེགས་ཀྱི་ལུགས་གཞན་མང་བོར་གྱེས་སོ། །གཉིས་པ་མིང་དོན་ནི། ནང་བ་སངས་རྒྱས་པ་ལས་གཞན་གྱི་སྡེ་ཡིན་པས་ན། གཞན་སྡེ། དེའི་ལུགས་ལས་ཕྱི་རོལ་ཏུ་གྱུར་པས་ན་ཕྱི་རོལ་བ། འཇུགས་ངོགས་ཁྲུས་ནང་སྟེགས་བུ་བྱས་ནས་དེར་ཞུགས་པ་ནི་བདེ་འགྲོར་སྐྱེ་བའི་ཐབས་སུ་སྨྲ་བས་ན། མུ་སྟེགས་བྱེད་ཅེས་བྱའོ། །གསུམ་པ་སོ་སོར་བཤད་པ་ལ། སྤྱིར་ལྟ་བའི་སྒོ་ནས་ཕྱེ་ན། ཉེར་ལྔ་དང་། དེ་ལས་ཀྱང་རྒྱས་པར་ཕྱེ་ན། ལྟ་བ་ལྔ་བརྒྱ་དང་བདུན་ཅུ་དང་། །ཡང་སུམ་བརྒྱ་དང་དྲུག་ཅུ་རྩ་གསུམ་ལྟ་བའི་རྩ་བ་བརྒྱ་རྩ་བཅུ། ཡ་མཚན་ཅན་གྱི་ལྟ་བ་གོ་དྲུག་སོགས་ཀྱི་དབྱེ་བས་མང་ཡང་། བསྡུ་ན་ཆད་སྨྲ་དང་། རྟག་སྨྲ་གཉིས་སུ་འདུ་བས་དེ་གཉིས་བཤད་པ་ལ། ཆད་པར་སྨྲ་བ་དང་། རྟག་པར་སྨྲ་བའོ། །དང་པོ་ལ་གཉིས། དེའི་འདོད་པ་དགོད་པ་དང་། དེ་དགག་པའོ། །དང་པོ་ལ་གསུམ། སྟོན་པ་མིང་དོན་གྲུབ་མཐའ་འོ། །དྲང་སྲོང་ཕུར་བུ། དྲང་སྲོང་འཇིག་རྟེན་མིག །དྲང་སྲོང་འཇུག་སྟོབས་ཅན་རྣམས་ནི་དེའི་སྟོན་པའོ། །ཤི་བའི་ཚེ་བདག་རྒྱུན་ཆད་པར་སྨྲ་བས་ན་ཆད་སྨྲ། འཇིག་རྟེན་ཕྱི་མ་དང་ལས་འབྲས་ཕལ་ཆེར་མེད་པར་སྨྲ་བས་ན། མེད་པར་སྨྲ་བ། དྲང་སྲོང་ཕུར་བུའི་རྗེས་སུ་འབྲང་བས་ན་ཕུར་བུ་པ། ཡང་དག་པའི་ལྟ་བ་ཁས་ལེན་པ་ལས་གུད་དུ་སོང་བས་ན་རྒྱང་པན་པའོ། །འོན་ཀྱང་འདི་ལ་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པའང་སྲིད་ལ། རྒྱང་འཕེན་པའི་འདོད་པ་དེ་ལས་གཞན་དུ་འདོད་པ་ཡོད་ཀྱང་མི་འཐད་དོ། །གཉིས་པ་གྲུབ་མཐའ་ནི། འདིས་རྣམ་འགྲེལ་ལས། དཔེར་ན་ཚེར་མ་ལ་སོགས་པའི། །རྣོ་སོགས་རྒྱུ་མེད་པ་ཉིད་དེ། །ཞེས་སོགས་དང་། ཞི་བ་འཚོས། པདྨའི་གེ་སར་ལ་སོགས་པའི། །སྣ་ཚོགས་པ་ཉིད་གང་གིས་བྱས། །རྨ་བྱའི་མདོངས་ལ་སོགས་པ་ཡི། །སྣ་ཚོགས་པ་ནི་གང་གིས་སྦྲུལ། །ཞེས་སོགས་ཀྱིས་རྒྱང་འཕེན་པའི་འདོད་པ་བརྗོད་པ་ལྟར། ཚེར་མའི་རྣོ་བ་དེ་ནི་གང་ཟག་སུས་ཀྱང་ལག་པ་སོགས་ཀྱིས་བྱེད་པ་མེད་པར་འབྱུང་བས་རྒྱུ་མེད་ཀྱང་འབྲས་བུ་འབྱུང་ངོ་ཞེས་འདོད་ལ། དེ་བཞིན་དུ་རྨ་བྱའི་མདོངས་དང་། སྲན་མའི་དབྱིབས་སོགས་མྱ་ངན་རྒྱུ་མེད་དུ་འབྱུང་བར་འདོད་དོ། །ཡང་ཚེ་འདི་ལ་སེར་སྣ་ཅན་ཁ་ཅིག་ཕྱུག་པ་དང་། སྦྱིན་པ་གཏོང་བ་ཁ་ཅིག་དབུལ་བ་དང་། ཡང་འདིར་ཆོས་སྒྲུབ་པ་ཁ་ཅིག་སྡུག་བསྔལ་བ་དང་། སྡིག་པ་བྱེད་པ་ཁ་ཅིག་བདེ་བར་མཐོང་ནས་དགེ་མི་དགེའི་ལས་འབྲས་མི་བདེན་པར་འདོད་པ་དང་། ཡང་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པ་ཁ་ཅིག་གིས་ནི་ནས་བཏབས་པ་ལས་ནས་དང་། གྲོ་བཏབ་པ་ལས་གྲོ་སྐྱེ་བར་ངེས་པ་བཞིན་དུ། རྒྱུ་གཞན་ལ་རག་མ་ལས་པར། ལྷ་ཤི་ནས་ལྷ་དང་། མི་ཤི་ནས་མིར་སྐྱེ་བར་འདོད་པའང་སྲིད་ཅེས་གསུངས། ཁ་ཅིག་མྱུ་གུ་ནི་རྒྱུ་མེད་དམ་རང་བཞིན་ལ་སྐྱེ་ཡང་། རྫ་བུམ་སོགས་རྒྱུ་ལས་སྐྱེ་བར་འདོད་དོ། །དེ་དག་གི་ནང་ནས་འཇིག་རྟེན་ཕ་རོལ་མེད་པར་སྨྲ་བ་རྣམས་ཀྱིས་ནི། དེའི་གཞུང་ལས། ཅི་ཙམ་དབང་བོའི་སྤྱོད་ཡུལ་ལ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །ཞེས་སོགས་དང་། ལུས་མཆོག་འདིས་གང་ཁྱོད་ལ་འབྱུང་མི་འགྱུར། །ལུས་འདི་ཚོགས་པར་གྱུར་བ་ཙམ་ཞིག་སྟེ། །ཞེས་འབྱུང་བ་ལྟར་རྗེས་དཔག་མི་འདོད་པས་ད་ལྟ་མིག་གི་དབང་བའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་བ་འདི་ཙམ་ཞིག་བདག་ཡིན་ལ། དེ་ལས་གཞན་དུ་བདག་གཏན་ནས་མེད་པར་འདོད་པའི་དབང་གིས་ལུས་ཞིག་ན། བདག་ཞིག་ཅིང་རྒྱུན་ཆད་པར་འགྱུར་བས་འཇིག་རྟེན་ཕ་རོལ་མེད་དོ་ཞེས་སྨྲའོ། །གཉིས་པ་ལུགས་ངན་པ་དེ་འགོག་པ་ནི། དཔལ་ལྡན་ཟླ་བས། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བ་ལྟ་ཞིག་འགྱུར་ན་ནི། དེ་ཚེ་མཐའ་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། ཞེས་སོགས་དང་། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་བར་གྱུར་ན་ནམ་མཁའ་ཡི། །ཞེས་སོགས་དང་། གང་ལ་ཡིད་ཀྱི་མུན་པ་སྟུག་པོ་འདི་ཉིད་དུ་ཡོད་པ། །དེས་ནི་ཅི་ལྟར་འཇིག་རྟེན་ཕ་རོལ་ཡང་དག་རྟོགས་པར་འགྱུར། །ཞེས་སོགས་དང་། རྣམ་འགྲེལ་ལས། གང་ཡོད་ཉིད་ན་གང་སྐྱེ་བའམ། གང་འགྱུར་ན་ཡང་རྣམ་འགྱུར་བ། །དེ་ནི་དེ་རྒྱུ་ཞེས་རབ་བརྗོད། །ཞེས་སོགས་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། །མངལ་གནས་སྔོན་རོལ་བློ་ལ་ནི། །ཞེས་སོགས་དང་། ཞི་འཚོས། དེ་ཕྱིར་ཐོག་མའི་རྣམ་ཤེས་ནི། །རང་གི་ཉེར་ལེན་སྟོབས་ལས་བྱུང་། །ཞེས་སོགས་དང་། ཡང་ཞི་འཚོས། འཆི་ཁའི་སྐད་ཅིག་རྣམ་ཤེས་ནི། །རང་གི་ཉེར་བླངས་བསྐྱེད་ནུས་ཏེ། །ཞེས་སོགས་དང་། དབུ་མ་སྙིང་བོ་ལས། འཕགས་པ་མིན་པའི་འཆི་འཕོའི་སེམས། །སེམས་གཞན་བསྐྱེད་པ་ཉིད་ཡིན་ཏེ། །མ་རིག་པ་དང་བཅས་པའི་ཕྱིར། །སེམས་དེ་བསྐྱེད་པར་བྱེད་པ་བཞིན། །ཞེས་དང་། སློབ་དཔོན་དཔའ་བོས། །བློ་ནི་ཤེས་བྱ་རྟོགས་པར་གསུངས། །དེས་ན་མངལ་གནས་སྔོན་རོལ་བློ་ཡུལ་འདོད། །ཞེས་སོགས་དང་། ལེགས་ལྡན་གྱིས། བེའུ་ཡང་སྔོན་ཆད་གོམས་བྱས་པས། །བྱུང་མ་ཐག་ཏུ་ཟས་འཚོལ་བྱེད། །ཞེས་སོགས་དང་། རྣམ་འགྲེལ་ལས། འདོད་འཇིགས་མྱ་ངན་གྱིས་བརླམ་དང་། ཞེས་སོགས་དང་། ཚད་མའི་དེ་ཉིད་ལས། བློ་དང་བརྩེ་བ་ལ་སོགས་དང་། ཞེས་པ་ནས། འོད་གསལ་ཀུན་མཁྱེན་ཉིད་འབྱུང་འགྱུར། །ཞེས་སོགས་དང་། ཀཱ་མ་ལ་ཤཱི་ལས། གང་ཕྱིར་རང་གི་ས་བོན་ལས། །ཚེར་མ་ལ་སོགས་སྐྱེ་བ་ཉིད། །རྣོ་སོགས་དེ་ཉིད་ལས་ཡིན་ཕྱིར། ཞེས་པ་ནས། བལྟོས་དང་བཅས་པར་སྐྱེ་བ་སྟེ། །བལྟོས་བྱ་དེ་དག་རྒྱུར་འདོད་དོ། །ཞེས་སོགས་དང་། ཞི་འཚོས། དེ་ཕྱིར་དངོས་པོ་གཞན་དག་ཀྱང་། །རྒྱུར་བཅས་ངེས་ལས་སྐྱེ་ཕྱིར་རོ། །ཞེས་དང་། ཡང་དེས། ཀུན་གྱིས་མ་མཐོང་ཐེ་ཚོམ་དང་། །རང་གིས་མ་མཐོང་འཁྲུལ་བ་སྟེ། །ཞེས་སོགས་ཀྱིས་སྤྱིར་རྒྱུ་མེད་ལས་མི་སྐྱེ་བ་དང་། ཁྱད་པར་བྱིས་པ་བཙས་མ་ཐག་པ་དང་། འཆི་ཁ་མའི་རིག་པས་མཚོན་ནས་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་དུས་དང་། བློ་སོགས་གོམས་ན་རིམ་གྱིས་གསལ་བ་འོང་བ་སོགས་ཀྱིས་ཀུན་མཁྱེན་ཡོད་པ་དང་། ཚེར་མའི་རྣོ་བ་དེ་རང་རྒྱུ་ཚེར་མ་འགྱུར་བའི་ནུས་པའི་བྱེད་པས་འགྲུབ་པས། དེ་ལྟ་བུ་ལ་རྒྱུ་ཡོད་པ་དང་། སྐྱེ་བ་ཕྱི་མ་རྒྱང་པན་ལྟ་བུའི་མངོན་སུམ་གྱིས་མི་མཐོང་བར་སྣང་ཡང་བོད་པའི་སྒྲུབ་བྱེད་སོགས་སྒྲུབ་བྱེད་དུ་མ་མཛད་ལ། དེ་དག་ནི་མཚོན་བྱེད་ཙམ་ཡིན་གྱི། རྒྱས་པར་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མེ། དེའི་འགྲེལ་བཤད་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་དང་། ཞི་འཚོ་ཡབ་སྲས་ཀྱི་གཞུང་རྣམས་ལས། དེའི་ལུགས་བརྗོད་པ་དང་། དེ་འགོག་པའི་ཚུལ་རྒྱས་པར་སྣང་བས། བློ་གྲོས་ཆེ་བ་རྣམས་ཀྱིས་གཞུང་དེ་དག་ལ་ལྟ་བར་རིགས་སོ། །དེ་ཡང་སྤྱིར་དངོས་སྟོབས་ཀྱི་རིགས་པས་སྒྲུབ་ནུས་པ་ནི། དེས་སྒྲུབ་ལ། དེ་ཙམ་གྱིས་མི་ནུས་པ་ནི་དཔྱད་པ་གསུམ་གྱིས་དག་པའི་ལུང་གིས་སྒྲུབ་ཚུལ་རྣམ་འགྲེལ་དང་དེའི་ཊིཀྐ་མཐའ་དཔྱོད་སོགས་ན་གསལ་ལོ། །གཉིས་པ་རྟག་སྨྲ་བའི་གྲུབ་མཐའ་ལ་གཉིས། དེའི་ལུགས་བརྗོད་པ་དང་། དེ་དགག་པའོ། །དང་པོ་ལ་རྟག་སྨྲ་ལ་བཅུ་གཅིག་སྟེ། གྲངས་ཅན་ནམ་སེར་སྐྱར་གྲགས་པ། ཚངས་པ། བརྡའ་སྤྲོད་པ། རིག་བྱེད་མཐའ་བ། གསང་བ་བ། ཁྱབ་འཇུག་པ། དཔྱོད་པ་བ། ཞིབ་པ། བྱེ་བྲག་པ། རིག་པ་ཅན། ཟད་བྱེད་པ་སྟེ་བཅུ་གཅིག་གོ །དང་པོ་ལ་སྟོན་པ། མིང་། གྲུབ་མཐའི་ཁྱད་པར་རོ། །དྲང་སྲོང་སེར་སྐྱ། དྲང་སྲོང་མཆོད་འོས། དབང་ཕྱུག་ནག་པོ། སྟོན་པ་ཆུ་རླུང་བཞི་ནི། དེའི་སྟོན་པའོ། །ཤེས་བྱ་ལ་ཉེར་ལྔའི་གྲངས་ངེས་པར་འདོད་པས་ན། གྲངས་ཅན་པ་དང་། སྟོན་པ་སེར་སྐྱའི་རྗེས་སུ་འབྲང་བ་ན། སེར་སྐྱ་བར་གྲགས་སོ། །འདི་ལ་སྔོན་གྱི་གྲངས་ཅན་པ་དག་འདི་ལྟར་སྨྲ་སྟེ། འབྲས་བུ་ཐམས་ཅད་ནི་གཙོ་བོ་ཁོ་ན་ལས་འབྱུང་གི །དབང་ཕྱུག་གིས་མ་བྱས་སོ་ཞེས་དབང་ཕྱུག་ལྷར་མི་འདོད་པས་གྲངས་ཅན་ལྷ་མེད་དང་། ཕྱིས་སྟོན་པ་ཆུ་རླུང་གི་རྗེས་འབྲང་རྣམས་ནི། འབྲས་བུ་རྣམས་གཙོ་བོ་ཁོ་ན་ལས་མ་བྱུང་བར་དབང་ཕྱུག་གི་བློའི་གཡོ་བ་སྔོན་དུ་བཏང་ནས་ཀྱང་བྱས་ཏེ། དཔེར་ན་རྫ་བུམ་བྱེད་པ་ནི། རྫ་མཁན་ལ་བལྟོས་པ་བཞིན་ནོ་ཟེར་བས་དེ་ལ་གྲངས་ཅན་ལྷར་བཅས་སུ་གྲགས་སོ། །སྔོན་གྱི་གྲངས་ཅན་དེ་དག་གིས་ཤེས་བྱ་ཉེར་ལྔ་པོ་ཐམས་ཅད་བེམ་ཤེས་གཉིས་སུ་འདུ་ཤིང་། བདག་དང་ཤེས་པ་རིག་པ་གསུམ་དོན་གཅིག་པར་འདོད་ལ། བདག་དེ་ཡང་རྟག་པ་དང་བདེ་སྡུག་ལ་ལོངས་སྤྱོད་པ་པོ་དང་། འགྲོ་བ་ཐམས་ཅད་ལ་ཁྱབ་པ་སོགས་ཁྱད་པར་དུ་མ་དང་ལྡན་པར་འདོད་དོ། །བློ་རིག་གཉིས་དོན་གཅིག་པར་མི་འདོད་དེ། བློ་རྣམས་བེམ་པོ་ཡིན་ལ། སྐྱེས་བུ་ཤེས་པ་དང་རིག་པར་འདོད་ཅིང་གཞན་ཤེས་བྱ་ཉེར་བཞི་བོ་ཐམས་ཅད་བེམ་པོ་འདུས་ཤིང་བསགས་པར་འདོད་པའི་ཕྱིར་རོ། །ཤེས་བྱ་ཉེར་བཞི་ནི། རྩ་བའི་རང་བཞིན་དང་། བློའམ་ཆེན་པོ། ང་རྒྱལ། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དེ་ཙམ་ལྔ། མིག་རྣ་བ་སྣ་ལྕེ་ལྤགས་པ་སྟེ་བློའི་དབང་པོ་ལྔ། ངག་ལག་པ་རྐང་པ་རྐུབ་འདོམ་སྟེ་ལས་ཀྱི་དབང་བོ་ལྔ། ཡིད་ཀྱི་དབང་བོ་དང་བཅས་དབང་བོ་བཅུ་གཅིག་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔར་བཅས་ལ་ཤེས་བྱ་ཉེར་བཞི་ཞེས་བྱ་ཞིང་། དེའི་སྟེང་དུ་བདག་གི་སྐྱེས་བུ་བསྣན་པས་ཉེར་ལྔའོ། །དེའི་གཞུང་ལས། རྩ་བའི་རང་བཞིན་རྣམ་འགྱུར་མ་ཡིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་བཤད་པ་ལྟར། སྤྱི་གཙོ་བོའམ་རྩ་བའི་རང་བཞིན་ནི་བྱེད་པའི་རྒྱུ་ཡིན་ཀྱང་བྱ་བའི་འབྲས་བུ་མ་ཡིན་ཞིང་ཆ་མེད་གཅིག་པུ་རྒྱུ་འབྲས་ཀུན་ལ་ཁྱབ་པ། ཞེ་སྡང་རྨོངས་ཆགས་གསུམ་མམ་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ཆ་མཉམ་པའི་གནས་སྐབས་ཀྱི་ཤེས་བྱ་མི་གསལ་བ་ཞིག་ཏུ་འདོད་ལ། ཆེན་པོ་དང་བློ་གཉིས་ནི་མིང་གི་རྣམ་གྲངས་ཏེ་ཕྱིའི་ཡུལ་དང་ནང་གི་སྐྱེས་བུའི་གཟུགས་བརྙན་གཉིས་ཀ་འཆར་བ་ཞིག་གོ །ཆེན་པོ་དེ་དང་། ང་རྒྱལ་གཉིས། གཟུགས་སོགས་ཏེ་བདུན་ནི་རང་བཞིན་རྣམ་འགྱུར་གཉིས་ཀ་དང་། མིག་སོགས་དབང་བོ་བཅུ་གཅིག་དང་། ས་སོགས་འབྱུང་བ་ལྔ་སྟེ་བཅུ་དྲུག་པོ་ནི་རྣམ་འགྱུར་ཁོ་ན་དང་། བདག་ཤེས་རིག་གི་སྐྱེས་བུ་ནི་རང་བཞིན་དང་རྣམ་འགྱུར་གཉིས་གང་ཡང་མིན་པར་འདོད་དེ་རང་བཞིན་ནི་རྒྱུ་དང་རྣམ་འགྱུར་ནི་འབྲས་བུའོ། །དེ་རྣམས་ཇི་ལྟར་སྐྱེ་བ་ཡང་། རང་རྩ་བའི་རང་བཞིན་ལས་ཆེན་པོའོ། །དེ་ལས་ང་རྒྱལ། དེ་ལས་སྒྲ་རེག་བྱ་ཆོས་གཟུགས་དྲི་སྟེ་དེ་ཙམ་ལྔ་དང་། རྣ་བ་ལྤགས་པ་མིག་ལྕེ་སྣ་སྟེ་བློའི་དབང་བོ་ལྔ་དང་། ངག་ལག་པ་རྐང་བ་རྐུབ་འདོམ་སྟེ་ལས་ཀྱི་དབང་བོ་ལྔ་དང་། ཡིད་ཀྱི་དབང་བོ་སྟེ་དབང་བོ་བཅུ་གཅིག་རྣམས་སྐྱེའོ། །དེ་ཙམ་ལྔ་བོ་ལས་འབྱུང་བ་ལྔ་སྐྱེ་སྟེ། སྒྲ་ལས་ནམ་མཁའ། རེག་ལས་རླུང་། གཟུགས་ལས་མེ། རོ་ལས་ཆུ། དྲི་ལས་ནི་སའོ། །རྡུལ་དང་མུན་པ་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ཡང་། དགའ་བའི་བདེ་བ་ནི་སྙིང་སྟོབས་དང་། མི་དགའ་བའི་སྡུག་བསྔལ་ནི་རྡུལ་དང་། རྨོངས་པའི་གཏི་མུག་ནི་མུན་པར་འདོད་ལ། ཐིམ་པའི་ཚུལ་སོགས་རྣམ་བཤད་དགོངས་པ་རབ་གསལ་དང་གཞན་དུའང་ཤེས་པར་བྱའོ། །གཞན་ཡང་གྲངས་ཅན་གཉིས་ཀས་མྱུ་གུ་ལྟ་བུ་རང་ཉིད་ལས་རང་ཉིད་སྐྱེ་བར་མི་འདོད་ཀྱང་འབྲས་བུ་རྣམས་དང་དེའི་རང་བཞིན་རྒྱུ་དུས་སུ་མེད་ན་རི་བོང་གི་རྭ་བཞིན་དུ་མི་སྐྱེ་བས། དེ་སྔར་གྱི་རྒྱུ་དུས་སུ་ཡོད་ཅེས་ཁས་ལེན་པས་བདག་སྐྱེ་འདོད་པར་མཚུངས་ལ་ཁྱད་པར་ནི་རང་གི་རྒྱུ་དང་ངོ་བོ་གཅིག་པ་མི་གསལ་བའི་ཚུལ་དུ་ཡོད་པ་ཞིག་གསལ་བར་འབྱུང་དགོས་པར་འདོད་པ་དང་། ཡང་འོ་མ་ཞོར་འགྱུར་བ་ལྟར་གྲུབ་ཟིན་སླར་ཡང་སྐྱེ་བར་འདོད་པའི་ཚུལ་གཉིས་ཡོད་དོ། །རྒྱུ་འབྲས་ངོ་བོ་གཅིག་ཡིན་པ་ནི་སངས་རྒྱས་པས་བུམ་པ་དངོས་པོ་དང་ངོ་བོ་གཅིག་ཡིན་པར་འདོད་པ་དང་མི་འདྲ་བར་རྣམ་འགྱུར་གྱི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྣམས་ཕར་ཡིན་ཚུར་ཡིན་དུ་འདོད་པ་སྟེ། དཔེར་ན་མྱུ་གུའི་རྩ་བའི་རང་བཞིན་གང་ཡིན་ས་བོན་གྱིའང་རང་བཞིན་དུ་འདོད་པ་བཞིན་ནོ། །དེ་ནི་རྒྱུ་འབྲས་ཀུན་ལ་ཁྱབ་པའི་རང་བཞིན་སྔར་བཤད་པ་དེ་ལྟ་བུ་འདོད་པའི་དབང་གིས་ཡིན་ལ། འདི་འགོད་པའི་ཚུལ་ནི་ཐུན་མོང་དུ་འཆད་པར་འགྱུར་རོ། །གཉིས་པ་ཚངས་པའི་འདོད་པ་ལ། སྟོན་པ། མིང་། གྲུབ་མཐའ་རྣམས་ལས། ཚངས་པ་དང་། སྐྱེ་རྒུའི་བདག་པོ་ནི་སྟོན་པའོ། །ཚངས་པའི་བུར་ཁས་ལེན་པས་ན། ཚངས་པ་བའོ། །འདིས་ནི། རང་གི་རིག་བྱེད་ནས་འབྱུང་བ་ལྟར། རྟ་དང་བ་ལང་རྣམས་གསོན་པོར་སྲེག་པ་དང་། བསད་ནས་ཤ་ཁྲག་གི་མེར་སྦྱིན་སྲེག་ཀྱང་བྱེད་ལ། ཡང་རྟ་འགའ་ཞིག་ལ་ཁབ་ལྔ་བརྒྱ་རེ་བཙུགས་ནས་སྦྱིན་སྲེག་བྱེད་དེ། དེ་ལས་ལྷག་ཚངས་པ་སྒྲུབ་པའི་ཐབས་ཁྱད་པར་ཅན་གཞན་མེད་པར་འདོད། རྟག་པའི་བདག་ཁས་ལེན་ཅིང་། ཚངས་པ་དབང་ཕྱུག་གི་བློས་སྤྲུལ་པའི་སྒོར་ལས་སྐྱེས་ཀྱང་། ཚངས་པ་ཉིད་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པོ་དང་། ཁྱད་པར་བྲམ་ཟེ་རྣམས་ཚངས་པའི་ཁ་ནས་བྱུང་བར་ཁས་ལེན་ཅིང་། ཚངས་པའི་ཞལ་བཞི་ལས་རིག་བྱེད་བཞི་ཡང་བྱུང་བར་འདོད་དོ། །གསུམ་པ་བརྡ་སྤྲོད་པ་ལ། སྟོན་པ་མིང་གྲུབ་མཐའ་རྣམས་ལས། ཚངས་པ་ནི་སྟོན་པ་དང་། སྒྲ་གཙོ་བོར་བྱེད་པས་ན་བརྡ་སྤྲོད་པའོ། །འདིས་དངོས་པོར་གྱུར་བའི་སྒྲའི་ཚངས་པ་ཞེས་བྱ་བ་ཐོག་མར་སྐྱེ་བ་མེད་པ་དང་མཐར་འཇིག་པ་མེད་པའི་རྟག་པ་ཞིག་འདོད་དེ། དེ་ཕྱོགས་དང་དུས་ཀྱི་ཆ་མེད་དངོས་པོ་ཀུན་གྱི་རང་བཞིན་ཨ་ཨུ་མ་གསུམ་གྱི་བདག་ཉིད་ཅན་གྱི་ཡི་གེའོ་ཟེར། སྒྲ་དེ་ཡུལ་ལ་དངོས་དབང་གིས་བདེན་པར་འཇུག་པ་དང་། ཕྱི་ནང་ཐམས་ཅད་དེ་གཅིག་པོའི་རང་བཞིན་དུ་གནས་པར་འདོད། ཕྱུག་གི་མཆོད་སྦྱིན་ཀྱང་བྱེད་ལ། བུད་མེད་དང་འཕྲད་པའི་ཁམས་ཀྱི་འཛག་པ་དེ་ལམ་གྱི་མཆོག་ཡིན་པར་རློམ་ཞིང་། ཁམས་འབབ་པའི་དུས་ཀྱི་རྟོག་པ་རགས་པ་ལོག་པའི་སྣང་བ་སྟོང་སང་ངེ་བ་དེ་ལམ་གྱི་གཙོ་བོར་འཛིན་པ་དང་དེ་འདྲའི་བདེ་སྟོང་ཧང་ཧང་བོ་དེ་ཐར་བར་འདོད་དོ་ཞེས་བཤད། རྟག་བདག་འདོད་ཅིང་ཚད་མ་ལ་རིག་བྱེད་ཁོ་ན་རང་བྱུང་གི་ཚད་མ་དང་། ལ་ལ་མངོན་རྗེས་ཀྱི་ཚད་མ་གཉིས་ཀྱང་འདོད་དོ། །བཞི་བ་རིག་བྱེད་པ་ལ། སྟོན་པ་མིང་གྲུབ་མཐའ་རྣམས་ལས། འདིར་ཡང་ཚངས་པ་ནི་རིག་བྱེད་པའམ་རིག་བྱེད་མཐའ་པའི་སྟོན་པའོ། །རིག་བྱེད་ཀྱི་མཐར་སོན་པར་སྨྲ་བས་ན་རིག་བྱེད་མཐའ་པའོ། །འདི་ལས་ཁ་ཅིག་ནི་བདག་ཆུང་བ་ཉུང་འབྲུ་ཙམ་དང་། ལ་ལ་ནི་རི་རབ་བཞིན་ཆེ་ཡང་བསྟན་པར་མི་ནུས་ཞེས་འདོད། ཡང་ལུས་ཅན་ཐམས་ཅད་ལ་ཁྱབ་པ། རྟག་པ་འཆི་བ་མེད་པ་སོགས་ཁྱད་ཆོས་བརྒྱད་དང་ལྡན་པའི་སྐྱེས་བུ་ཞིག་ཡོད་པར་འདོད་དེ། དེ་ནི་རྟོག་གེ་འབར་བ་ལས། སྟེང་ཕྱོགས་ནི་མགོ་བོའོ། །འོག་ཕྱོགས་ནི་རྐང་པའོ། །ནམ་མཁའ་ནི་ལྟོ་བའོ། །ཕྱོགས་ནི་ལག་པའོ་ཞེས་སོགས་འབྱུང་བ་ལྟ་བུ་དང་། དེ་ཁོ་ནས་སྣོད་བཅུད་ཐམས་ཅད་ཀྱི་རྒྱུ་བྱེད་ལ། གང་གིས་དེ་གསེར་མདོག་ཅན་དུ་མཐོང་བ་དེ་ཚེ་དགེ་སྡིག་མཉམ་པར་འདོད་དོ། །ལྔ་བ་གསང་བ་པ་ལ། སྟོན་པ་མིང་གྲུབ་མཐའ་རྣམས་ལས། སྟོན་པ་ནི་སྔར་བཞིན་ནོ། །ཚངས་པས་བཤད་པའི་རིག་བྱེད་བདུད་རྩི་ཐིག་པ་གསང་བ་ཞེས་བྱ་བའི་ལུང་གི་རྗེས་འབྲང་བས་ན་གསང་བ་པའོ། །ས་ལ་སོགས་པ་འབྱུང་བཞིའི་བདག་ཉིད་ཅན་གྱི་བདག་རྟག་པ་ཡིན་པ་དང་། རྣམ་ཤེས་ཀྱི་རང་བཞིན་འགྲོ་བ་ཐམས་ཅད་ལ་ཁྱབ་པ་ཡན་གར་བ་ཞིག་འདོད་པར་དབུ་མ་རྒྱན་གྱི་འགྲེལ་བཤད་ནས་གསུངས་སོ། །དྲུག་པ་ཁྱབ་འཇུག་པ་ལ། སྟོན་པ་མིང་གྲུབ་མཐའ་རྣམས་ལས། སྔོན་གྱི་སྟོན་པ་ནི་ཁྱབ་འཇུག་དང་། བླ་མ་ཟླ་བ་ཡིན་ལ། ཕྱིས་གཞོན་ནུ་མ་ལེན་སྟོན་པའོ། ཁྱབ་འཇུག་སྟོན་པར་འཛིན་པས་ན་ཁྱབ་འཇུག་པའོ། །འདིས་ཁྱབ་འཇུག་དེ་འཇུག་པ་བཅུ་དང་ལྡན་པར་འདོད་དེ། ཇི་སྐད་དུ། མ་ཞིའི་ཉ་དང་རུས་སྦལ་ཕག་རྒོད་དང་། །མི་ཡི་སེང་གེ་མིའུ་ཐུང་དགའ་བྱེད་གཉིས། །ནག་པ་སངས་རྒྱས་རིགས་ལྡན་འཇུག་པ་བཅུས། །ཞེས་བཤད་པ་བཞིན་དང་། ཁྱབ་འཇུག་དེ་ནི་འགྲོ་བའི་བྱེད་པ་པོ་དང་། རྡུལ་ཕྲན་རྟག་པ་ནི། སྣོད་བཅུད་ཀྱི་བྱེད་པོར་ཡང་འདོད་ལ། འཁོར་བ་ཉམས་པའི་སྟོང་བ་དེ་ཐར་བར་ཁས་ལེན་ཅིང་། རླུང་གི་རྣལ་འབྱོར་འགའ་ཞིག་བསྒོམས་ན་ཁྱབ་འཇུག་གི་ཐར་བར་སྟེར་བར་འདོད་དོ། ཁྱབ་འཇུག་དེས་ཀྱང་ང་རྒྱལ་གྱིས། ཉི་མ་ཟླ་བ་སོགས་སྣོད་བཅུད་ཀྱི་བཟང་བཟང་ཐམས་ཅད་ཁོ་བོ་ཡིན་ནོ་ཞེས་ཟེར་ཞིང་། རྟག་པ་དག་ཀྱང་འདོད་དོ། །བདུན་པ་དཔྱོད་པ་ལ། སྟོན་མིང་གྲུབ་མཐའ་ལས། ཁྱབ་འཇུག་དང་། རྒྱལ་དཔོག་སྟོན་པའོ། །རིག་བྱེད་ལ་དཔྱོད་པས་ན་དཔྱོད་པ་པ་དང་། རྒྱལ་དབོག་གི་རྗེས་སུ་འབྲང་བས་རྒྱལ་དཔོག་པའོ། །འདིས་བདག་ནི། བདེ་སྡུག་མྱོང་བའི་བདག་ཉིད་ཅན་གནས་སྐབས་མི་རྟག་ཅིང་ལུས་ལས་ཐ་དད་དུ་གནས་པའི་ཡན་གར་བ་ངོ་བོ་ལ་ལྡོག་ཆ་སོ་སོར་དབྱེ་རྒྱུ་མེད་པའི་བློ་ཞིག་ཏུ་འདོད་ལ། རིག་བྱེད་ཀྱི་ཚིག་མ་གཏོགས་གཞན་གྱི་ཚིག་ཐམས་ཅད་རྫུན་ཡིན་པར་ཁས་ལེན་ཏེ། དང་པོ་ནི། ཚད་ཆེན་ལས། གཞན་དག་བདག་གི་ལྡོག་པ་དང་། །རྗེས་འགྲོ་བདག་ཉིད་ཅན་གྱིས་ནི། །ཞེས་སོགས་དང་། གཉིས་པ་ནི། ཇི་སྐད་དུ། སྐྱེས་བུའི་ཚིག་ནི་བརྫུན་ཉིད་དེ། །རིག་བྱེད་སྐྱེས་བུས་མ་བྱས་ཕྱིར། །དེས་ན་ཚད་མས་གཟུང་བར་བྱ། །ཞེས་འབྱུང་བ་བཞིན་ནོ། །ངན་སོང་ལས་ཐར་བ་ཞིག་ཐར་བར་འདོད་ཅིང་། དེའི་ཆེད་དུ་མེ་ལྔ་བསྟེན་པ་དང་། སྦྱིན་སྲེག་ཀྱང་བྱེད་དེ་རྟའི་མཆོད་སྦྱིན་ནི་སྔར་བཤད་པ་དང་འདྲ་བར་གསུངས། རང་གི་སྟོན་པ་རྒྱལ་དཔོག་པ་ཀུན་མཁྱེན་དུ་འདོད་ཀྱང་། ཤེས་བྱ་ཐམས་ཅད་མཁྱེན་པའི་ཀུན་མཁྱེན་ནི་མི་འདོད་དེ། དེའི་རྒྱུ་མཚན་ཡང་ཤེས་བྱ་མཐའ་ཡས་པ་དང་། དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་པས་སེམས་དང་འབྲལ་མི་རུང་བས། གལ་ཏེ་དྲི་མ་ཟད་ན་སེམས་ཀྱང་ཟད་པར་འགྱུར་ཞེས་འདོད། ཚད་མ་མངོན་རྗེས་གཉིས་དང་དེ་ལས་གཞན་པའི་ཚད་མ་བཞི་ཡང་ཁས་ལེན་ཏེ། ཚད་མ་སོ་སོའི་ངོས་འཛིན་དང་འགོག་ཚུལ་ནི་དབུ་མ་སྙིང་བོ་སོགས་ན་གསལ་ལོ། །བརྒྱད་པ་ཞི་བ་པ་ལ། སྟོན་མིང་གྲུབ་མཐའ་རྣམས་ལས། དབང་ཕྱུག་གམ་ཞི་བ་དང་། རྐང་མིག་པ་སྟེ་སྟོན་པའོ། །དབང་ཕྱུག་ཞི་བ་ལྷར་འཛིན་པས་ན། ཞི་བ་པའོ། །འདོད་ཚུལ་ཅུང་ཟད་མི་འདྲ་བའི་སྒོ་ནས་རིགས་གསུམ་ཡོད་ལ། དབང་ཕྱུག་ཆེན་པོ་ནི། ཕྲ་བ་དང་། ཡང་བ་སོགས་བརྒྱད་ལྡན་དང་། དེ་ཡང་རྐང་ལག་མིག་སོགས་ཀྱིས་བྱ་བ་མང་དུ་བྱེད་པས་ཕྲ་བ་དང་། ནམ་མཁའ་དང་རླུང་དྭངས་པར་བྱེད་ཅིང་ས་ཆུ་སྡུད་པ་དང་རྒྱས་པར་བྱེད་པས་ཡང་བ་དང་། སྣོད་བཅུད་ཐམས་ཅད་ཀྱི་རྒྱུ་བྱེད་པས་བདག་པོ་དང་། ཐམས་ཅད་ལ་དབང་བསྒྱུར་བས་དབང་དུ་གྱུར་བ་དང་། ཡིད་ལྟར་གང་འདོད་པ་དེར་ཕྱིན་ནུས་པས་གར་ཕྱིན་དང་། སྐྱེ་རྒུ་ཐམས་ཅད་ཀྱིས་མཆོད་པར་བྱ་བར་འོས་པས་མཆོད་པར་བྱ་བ་དང་། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གང་ལ་གནས་ཀྱང་འབྱེད་ནུས་པས་འདོད་རྒུར་ལྡན་པ་དང་། ཐར་བ་དང་མཐོ་རིས་གང་འདོད་པ་ལ་དེ་སྟེར་ནུས་པས་དགའ་མགུར་གནས་པ་སྟེ་བརྒྱད་དོ། །དབང་ཕྱུག་དེ་ནི་རི་བོ་ཏི་སེ་ན་ཡོད་པར་འདོད་དེ། དེ་ཡང་གངས་ཏི་སེ་ན་ལྷ་མོ་དབུ་མ་དང་སྲས་ཚོགས་བདག་འཁོར་བརྒྱ་སྟོང་དང་བཅས་ཏེ་གནས་པར་འདོད་པས་སོ། །སྣོད་བཅུད་ཐམས་ཅད་དབང་ཕྱུག་འདིས་བྱས་པར་འདོད་དེ། འཇིག་རྟེན་ན་དངོས་པོ་རིགས་ཐ་དད་པ་སྣ་ཚོགས་ཡོད་པ་རྣམས་དབང་ཕྱུག་གིས་བྱས་ཀྱི། རི་རྣམས་དང་རྩྭ་ཤིང་སོགས་དེ་དག་ལ་དབྱིབས་འཆོས་མཁན་མེད་པས་སོ་སྙམ་དུ་བསམ་མོ། །བདག་ཀྱང་ཁྱབ་འཇུག་པས་འདོད་པའི་རྟག་པ་དེ་ལྟ་བུ་དང་། ཁམས་ཀྱི་དེ་ཉིད་སོགས་དེ་ཉིད་ལྔ་འདོད་ཅིང་། ཐིག་ལེ་འབབ་པའི་བདེ་བ་དང་རླུང་སྦྱོར་འགའ་ཞིག་གྲོལ་ལམ་དུ་འཛིན། འཁྲིག་པ་དེའི་དུས་ཀྱི་ཤེས་པ་ཞིག་ཐར་པར་འདོད་དེ། ཇི་སྐད་དུ། དབང་ཕྱུག་ནུས་ཅན་མཉམ་སྦྱོར་བས། །མཆོག་ཏུ་བདེ་བ་གཉིས་མེད་མཆོག །ཞེས་སོགས་དང་། འཁྲིག་པའི་གྲུབ་པ་ནི་ཐར་བ་ཡིན་ལ། ཞེས་སོགས་གསུངས་པའི་ཕྱིར་རོ། །དགུ་པ་བྱེ་བྲག་པ་ལ། སྟོན་པ་མིང་གྲུབ་མཐའ་རྣམས་ལས། འུག་པ་ལྷར་འཁྲུལ་བའི་དྲང་སྲོང་འུག་པའམ་མིང་གཞན་གཟེག་གཟན་པ་ནི་སྟོན་པའོ། །དེས་བྱས་པའི་བྱེ་བྲག་གསལ་བའི་ལུང་གི་རྗེས་སུ་འབྲང་བས་ན་བྱེ་བྲག་པའམ་འུག་པ་པའོ། །འདིས་ནི་བདག་ཀུན་ཏུ་འགྲོ་བའི་བེམ་པོ་གཟུགས་ཅན་པར་འདོད་དེ། དེའི་ཁྱད་པར་ཕྱི་ནང་གི་བདག་གཉིས་སུ་ཡོད་ལ། ནང་གི་བདག་ནི་ལུས་ཀྱི་ཁོང་ན་གནས་པ་དེར་དབང་པོའི་ཚོགས་རྣམས་འདུག་ཅིང་། ཕྱིའི་བདག་ནི་ལུས་ཀྱི་སྟེང་ན་ནང་གི་བདག་དེ་ལ་ཕན་འདོགས་པ་ཞིག་སྟེ། དཔལ་ལྡན་ཟླ་བས། བདག་རྣམ་པ་གཉིས་སུ་སྨྲ་བར་བྱེད་དེ། འདི་ལྟ་སྟེ། ནང་གི་བདག་དང་ཕྱིའི་བདག་གོ །དེ་ལ་ནང་གི་བདག་ཅེས་བྱ་བ་ནི། གང་ཞིག་ལུས་ཀྱི་ཁོང་ན་རྣམ་པར་གནས་ཤིང་། ཞེས་སོགས་གསུངས་པ་ལྟར་རོ། །ད་ལྟ་ཕལ་ཆེར་གྱིས་བདག་འདོད་པའི་ཚུལ་འདི་དང་མཐུན་པར་སྣང་སྟེ། འདིས་འདོད་པའི་ནང་གི་བདག་དེ་ཞེས་ཕུགས་སུ་འཚང་འདུག་པའི་ཕྱིར་རོ། །འདིའི་འདོད་ཚུལ་ཚིག་དོན་དྲུག་སོགས་གཞན་ནི་རིག་པ་ཅན་དང་ཐུན་མོང་བ་སྟེ་འཆད་པར་འགྱུར་རོ། །བཅུ་བ་རིག་པ་ཅན་པ་ལ། སྟོན་པ་མིང་གྲུབ་མཐའ་རྣམས་ལས། དྲང་སྲོང་རྐང་མིག་པ་ནི་སྟོན་པའོ། །སྟོན་པ་དེས་བྱས་པ་རིག་པའི་ལྟ་བའི་རྗེས་སུ་འབྲང་བས་ན་རིག་པ་ཅན་ནོ། །སྔ་མ་དང་འདི་གཉིས་ཀས་ཚད་མ་ལ་མངོན་རྗེས་གཉིས་དང་ལུང་ཚད་མ་སྟེ་གསུམ་འདོད་ལ། ཤེས་བྱ་ལ་ཚིག་དོན་དྲུག་གི་གྲངས་ངེས་པ་དང་། ཁྱད་པར་འདིས་བདག་ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པའི་ཆེན་པོར་འདོད་དོ། །ཚིག་དོན་དྲུག་ནི། རྫས་དང་། ཡོན་ཏན། ལས། སྤྱི། བྱེ་བྲག །འདུ་བ་སྟེ་དྲུག་གོ །རྫས་ལ་དགུ་སྟེ། ས་སོགས་འབྱུང་བ་བཞི་དང་ནམ་མཁའ་བཅས་ལྔ། དུས་ཕྱོགས་བདག་ཡིད་བཞི་སྟེ་དགུའོ། །ཡོན་ཏན་ནི་ཉེར་བཞི་སྟེ། འདོད་ཡོན་ལྔ་དང་། གྲངས། བོང་ཚོད། སོ་སོ་བ། ཕྲད་པ། དབྱེ་བ། གཞན་དང་གཞན་ཡིན་པ། མིག་གི་བློ་ནས་ལུས་ཀྱི་བློའི་བར་ལྔ་དང་། བདག སྡུག་བསྔལ། འདོད་པ། སྡང་བ། འབད་པ། ཆོས་དང་། ཆོས་མིན། བྱས་པའི་ཤུགས་སོ། །ལས་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། འདེགས་པ། འཇོག་པ། བསྐུམ་པ། བརྐྱང་བ། འགྲོ་བའོ། །སྤྱི་ནི་རྫས་ཡོན་ཏན་ལས་གསུམ་ལས་དོན་གསུམ་པའི་རྫས་ཞིག་གོ །དེ་ཡང་ཡོད་པ་ལྟ་བུ་ཀུན་ལ་ཁྱབ་པའི་སྤྱི་དང་། བུམ་པ་ལྟ་བུ་ཉི་ཚེ་བའི་སྤྱིར་འདོད་དོ། །བྱེ་བྲག་ནི་ཁྱད་པར་སྟེ། དཀར་ནག་སོགས་ཀྱི་ཁྱད་པར་ལྟ་བུའོ། །འདུ་བ་ནི་གཉིས་ཏེ། རྟེན་བརྟེན་པ་གོས་ཐ་དད་ཀྱི་ལྡན་འབྲེལ་དང་། གོ་ས་ཐ་མི་དད་ཀྱི་འདུ་འབྲེལ་གཉིས་ཏེ། རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །བྱེ་བྲག་པ་དང་འདི་གཉིས་ཀས། སྣོད་བཅུད་ཐམས་ཅད། རྡུལ་ཕྲ་རབ་ཀྱི་རྒྱུ་བྱས་ནས་དབང་ཕྱུག་གིས་བྱས་པར་འདོད་དེ། སྣོད་བཅུད་སྔ་མ་སྟོང་བའི་ཚེ་འབྱུང་བཞིའི་རྡུལ་ཕྲ་རབ་སོ་སོ་ན་ཡན་གར་དུ་གནས་པ་རྣམས་དབང་ཕྱུག་གི་བློའི་གཡོ་བ་སྔོན་དུ་བཏང་ནས་བྱས་པར་འདོད་པའི་ཕྱིར་རོ། །དབང་ཕྱུག་གི་དབང་བསྐུར་བ་དང་ཁྲུས་སོགས་ཆོས་ཀྱིས་འཁོར་བ་ལས་གྲོལ་བར་བྱེད་པས། ཆོས་དེ་ལྟ་བུ་ལ་སྤྱད་ནས་འཁོར་བ་ཟློག་སྟེ་མར་མེ་ཤི་བ་བཞིན་དུ་རྣམ་རྟོག་ཟད་པ་ནི་ཐར་བར་འདོད་དེ། ལེགས་ལྡན་འབྱེད་ཀྱིས། ལུས་དང་ཡིད་ཀྱི་རྣམ་རྟོག་ནི། ཞེས་པ་ནས། ཤིང་ཟད་པའི་མེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །བཅུ་གཅིག་པ་ཟད་བྱེད་པ་ལ། སྟོན་པ་མིང་གྲུབ་མཐའ་རྣམས་ལས། རྒྱལ་བ་དམ་པ་དང་། དྲང་སྲོང་མཆོད་འོས། ལྡོང་རིས་ཁྱུ་མཆོག་རྣམས་སྟོན་པའོ། །རང་གི་སྒྲ་ཉིན་བཞིན་དུ་ཟད་པར་བྱེད་པས་ན་ཟད་བྱེད་པ་དང་། གོས་མེད་པར་གཅེར་བུར་རྒྱུ་བས་ན་གཅེར་བུ་པའོ། །གཞན་ཡང་འདི་ལས་ཀུན་ཏུ་རྒྱུ་དང་། འཚོ་བ་པ་དང་། མཆོད་འོས་པར་ཡང་གྲག་གོ །སྐྱེས་བུའི་སྲོག་བདག་ཏུ་འདོད་ཅིང་། སྲོག་དེ་ཡང་སྲོག་ཅན་རང་གི་ལུས་ཀྱི་ཚད་ཅི་ཙམ་ཡོད་པ་དེ་ཙམ་ཞིག་དང་། དེ་ཉིད་རྫས་རྟག་ལ་རྣམ་གྲངས་མི་རྟག་པ་སེམས་པའི་བདག་ཉིད་ཅན་དུ་འདོད་དེ། ཁྱད་པར་འཕགས་བསྟོད་ལས། གཅེར་བུ་ལུས་ཀྱི་ཚོད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཞེས་དང་། འཕགས་པ་ལྷས། ལ་ལ་སྐྱེས་བུའི་ལུས་ཙམ་ཞིག །ཅེས་གསུངས་པ་ལྟར་རོ། །ཚིག་དོན་དགུ་པ་ཤེས་བྱ་ཐམས་ཅད་བསྡུས་པར་འདོད་ཅིང་། དགུ་ནི། སྲོག་ལྡན་དང་། སྲོག་ལྡན་མིན་པ། ཟག་བཅས་ཀྱི་ལས། སྡོམ་པ། ཉེས་སྤྱོད་སྤོང་བ། ལྟ་བའི་འཆིང་བ། ཐར་བ། འགྲོ་བ། འོང་བ་སྟེ་དགུའོ། །སྲོག་ལྡན་ལ་དགུ་དང་དྲུག་ཏུ་འདོད་པ་གཉིས། དང་པོ་ནི། ས་དང་ཆུ་དང་ཤིང་མེ་རླུང་སྲིན་བུ་གྲོག་མ་བུང་བ་མི་སྟེ་དགུའོ། །འདི་དག་ལས། ས་ཆུ་ཤིང་མེ་རླུང་རྣམས་དབང་བོ་གཅིག་ལྡན་དང་། དུང་བུང་བ་ཉ་ཕྱིས་རྣམས་དབང་བོ་ཉིས་ལྡན། གྲོག་མ་དང་སྲིན་གྱི་མེ་སོགས་དབང་བོ་གསུམ་ལྡན། བུང་བ་སྦྲང་བུ་མཆུ་རིང་སོགས་དབང་བོ་བཞི་ལྡན། མི་དང་རྐང་བཞི་བ་བྱ་སོགས་དབང་བོ་ལྔལྡན་དུ་འདོད་དོ། །སྲོག་ཅན་དྲུག་ནི། སའི་ལུས་ཀྱི་སྲོག་ལྡན། དེ་བཞིན་དུ་ཆུ་མེ་རླུང་དང་ནགས་ཀྱི་ཤིང་དང་ཐར་བའི་ལུས་ཀྱི་ཆ་ལ་སེམས་ཡོད་པར་འདོད་དོ། །འདི་དག་ཕལ་ཆེར་ལ་སེམས་མེད་ཀྱང་འདིས་སེམས་ལྡན་དུ་འདོད་པ་ཡིན་ནོ། །སྲོག་ལྡན་མིན་པ་ནི། སྲོག་མེད་པ་འགའ་ཞིག་གོ །ལས་ནི་བཞི་སྟེ། ཕྱིས་མྱོང་འགྱུར་དང་། མིང་དང་། རུས་དང་། ཚེའི་བར་བཞིའོ། །སྡོམ་པ་ནི་ལྔ་སྟེ། ངག་གི་སྡོམ་པ་ནས་ཉེ་བར་རབ་གནས་ཀྱི་བར་ལྔའོ། །གཞན་ཡང་དེར་གཏོགས་སུ་རྟུལ་ཤུགས་ལྔ། ཡེ་ཤེས་ལྔ། མེ་ལྔ། སྤྱོད་པ་བཅུ་གསུམ་ཡང་བསྟེན་པར་བཤད་ལ་ཉེས་སྤྱོད་སྤོང་བ་ཡང་དེ་དག་ཕལ་ཆེར་རོ། །ལྟ་བའི་འཆིང་བ་ནི། ཐར་བ་འཐོབ་པ་ལ་བགེགས་བྱེད་ཀྱི་ཉེས་པ་སྨྲ་བ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་ལས་བྱུང་བའི་ལྟ་བ་རྣམས་སྟེ། འདིས་ཐར་བ་ནི་ཁམས་གསུམ་འདས་པ་ན། དབྱིབས་གདུགས་ལྟ་བུ་ཁ་དོག་དཀར་བོ་དཔག་ཚད་འབུམ་ཕྲག་ཞེ་ལྔ་ཡོད་པ་ངོ་བོ་འགྲོ་བ་དང་གཟུགས་ཅན་ཞིག་ཡིན་པ་དང་། གང་གྲོལ་བའི་ཚེ་ཐར་བ་དེ་ཉིད་དང་དབྱེར་མེད་དུ་འགྱུར་བར་འདོད། འགྲོ་བ་དང་། འོང་བ་ནི། འཇིག་རྟེན་འདི་ནས་ཕར་འགྲོ་བ་དང་། ཕ་རོལ་ནས་འདིར་འོང་བ་ལ་བྱེད་ཅིང་། ཐར་བ་ཡོད་ཀྱང་། ཀུན་མཁྱེན་མེད་པར་འདོད་དོ། །དེ་མེད་པའི་རྒྱུ་མཚན་ཡང་། འདི་མང་པོ་གྲོས་བྱས་ཏེ་སྟོན་པ་ལ་སྔོན་གྱི་མཐའ་མངོན་མི་མངོན་ཞུས་པའི་ཚེ་འཁོར་བའི་ཐོག་མའི་མཐའ་མི་མངོན་པར་བསྟན་པ་དང་ཡང་བདག་དང་འཇིག་རྟེན་རྟག་མི་རྟག་ཞུས་པའི་ཚེ། དེ་དག་ལ་ལན་མཛད་པའི་སྣོད་དུ་མི་རུང་བར་དགོངས་ནས་ལན་མ་བཏབས་པས། ཁྱེད་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པ་མིན་ནོ་ཞེས་ཟེར་རོ། །གཞན་ཡང་ལྷས་སྦྱིན་རབ་ཏུ་བྱུང་ནས་བསྟན་པ་ལ་གནོད་པ་མ་ཤེས་པ་དང་། ཟླ་བ་གསུམ་དུ་རྟ་ཆས་ཀྱི་ནས་ཟ་དགོས་པ་སོགས་དེས་མ་མཁྱེན་པ་མང་བས་ཐམས་ཅད་མཁྱེན་པ་མིན་ནོ་ཞེས་སྨྲའོ། །ཤིང་སོགས་སེམས་ལྡན་དུ་འདོད་པའི་རྒྱུ་མཚན་ནི། དཔེར་མཚོན་ན། ལྗོན་ཤིང་འགའ་ཞིག་ཤུན་པ་བཤུས་ནས་འཆི་བ་དང་། སྨན་དང་དུག་གིས་ཕན་གནོད་བྱེད་པ་དང་། དེ་དག་ཕལ་ཆེར་དཔྱིད་དང་དབྱར་དུས་སུ་སྐྱེ་ཡང་སྟོན་དང་དགུན་དུས་སུ་འཆི་བ་དང་། མེ་ཏོག་འགའ་ཞིག་ལ་ཉི་མ་འཕོག་ན་ཁ་འབྱེད་ལ་ཟླ་འོད་ཀྱི་ཟླུམ་པ་ལྟ་བུ་སོགས་རྒྱུ་མཚན་དུ་མས་འབྱུང་བཞི་སྤྱི་དང་བྱེ་བྲག་ལ་སེམས་ཡོད་པར་འདོད་དོ། །འདི་དག་ཀྱང་དོན་བསྡུས་པ་ཡིན་གྱི། རྒྱས་པར་ནི་གཞུང་ཆེན་མོ་རྣམས་དང་། སློབ་དཔོན་ལེགས་ལྡན་འབྱེད་ཡབ་སྲས་དང་། ཕྱོགས་གླང་ཡབ་སྲས། ཞི་འཚོ་ཡབ་སྲས་ཀྱི་གཞུང་དུ་བལྟ་བར་བྱའོ། །གཉིས་པ་རྟག་སྨྲ་བའི་ལུགས་དེ་དག་ཐུན་མོང་དུ་དགག་པ་ནི། མདོ་ལས་ཀྱང་གསུངས་ཤིང་ཀླུ་སྒྲུབ་སོགས་མཁས་གྲུབ་གཞན་མང་བོས་ཀྱང་བཤད་མོད། བྱེ་བྲག་ཏུ་དཔལ་ལྡན་ཟླ་བས། བདག་ལས་སྐྱེ་བར་འདོད་ན་བསྐྱེད་པར་བྱེད་དང་བསྐྱེད་བྱ་དང་། །ལས་དང་བྱེད་པོ་ཡང་གཅིག་ཉིད་འགྱུར་ན་དེ་དག་ནི། ཞེས་སོགས་དང་། མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། ཞེས་སོགས་དང་། རྩ་སོགས་རྩེ་ན་གླང་ཆེན་བརྒྱ། །སྔོན་ཚེ་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་བྱུག་ལས་གཞན། །ངོ་མཚར་བཅས་པ་སུ་རྗོད་རྩོལ། །རྒྱུ་ནི་ལན་བརྒྱར་རྣམ་ཕྱེ་ཡན། ཞེས་སོགས་དང་། དེ་ཉིད་སྣང་བར། ནང་གི་བདག་ཉིད་སྐྱེད་པ་མེད། །གྲུབ་པ་ཡིན་ན་དབྱེར་མེད་ཕྱིར། །ཞེས་སོགས་དང་། །དབུ་མ་སྙིང་པོ་ལས། ནེ་གྲོ་དྷ་ཡི་ས་བོན་གྱི། །ནང་ན་ཡོད་པའི་ནྱ་གྲོ་དྷ། །བུད་མེད་སྐྱེས་པ་འགྲོགས་ལ་བུ། །རྔ་ཡི་ནང་ན་སྒྲ་གནས་དང་། །ཟས་ཀྱི་ནང་ན་ཕྱིས་སོགས། ཞེས་སོགས་དང་། ཇི་སྐད་དུ་རྟག་ཕྱིར་ཤེས་མིན་བདག་ལ་འཆིང་གྲོལ་ཅི། །ཞེས་སོགས་ཀྱིས། གྲངས་ཅན་པས་འབྲས་བུ་རྣམས་རྒྱུ་དུས་ན་ཡོད་པར་འདོད་པ་ལ། དེ་ལྟ་ན། རྒྱུ་འབྲས་གཉིས་གཅིག་ཏུ་འགྱུར་བ་སོགས་དང་། ས་བོན་མ་བཏབ་གོང་དུ་དེའི་ནང་ན་མྱུ་གུ་སྔོན་པོ་མཐོང་བར་ཐལ་བ་དང་། ཟས་མ་ཟོས་པའི་ཚེ་ནང་ན་ཕྱི་ས་སོགས་མི་གཙང་བ་ཡོད་པར་ཐལ་བ་དང་། རྟག་པའི་བདག་ལ་འཆིང་གྲོལ་མི་འོང་བ་སོགས་ཀྱིས་བཀག །ཡང་དོན་དམ་སྙེ་མ་ལས། ཕ་གཅིག་ལ་ནི་བུ་ནི་ངེས་པ་བཞིར་འགྱུར་ཏེ། །བུ་དེ་རྣམས་ལ་ངེས་པར་རིགས་ནི་གཅིག་ཡིན་ནོ། །ཞེས་སོགས་དང་། ཇི་སྐད་དུ། རིགས་བཞི་མེད་འགྱུར་མི་སྲིད་ཀུན་སྤྱད་འགྱུར། །ཞེས་སོགས་དང་། དོན་དམ་སྙེ་མ་དེ་ཉིད་ལས། མིང་པོ་དང་ནི་སྲིང་མོ་བག་མའི་རིགས་མ་ཡིན། །ཞེས་སོགས་དང་། དེ་ཉིད་ལས། གལ་ཏེ་ཐམས་ཅད་ཁྱབ་ན་ཀུན་གྱི་འདོན་པར་འགྱུར། །ཞེས་སོགས་ཀྱིས། ཚངས་པ་སོགས་ཀྱིས་ཚངས་པ་འགྲོ་བའི་བྱེད་པོ་དང་། ཁྱད་པར་བྲམ་ཟེ་རྣམས་ཚངས་པའི་བུར་ཁས་ལེན་པ་ལ། དེ་ལྟ་ན་རིགས་ལ་རྒྱལ་རིགས་ལ་སོགས་པ་བཞི་མི་རུང་བར་འགྱུར་བ་དང་། མིང་སྲིང་གཉེན་བྱེད་དུ་རུང་བར་ཐལ་བ་དང་། རིག་བྱེད་ཐམས་ཅད་ལ་ཁྱབ་ན་དམངས་རིགས་སོགས་ཀྱིས་དེ་འདོན་རུང་བར་འགྱུར་བ་སོགས་ཀྱིས་བཀག །ཡང་དབུ་མ་སྙིང་བོ་ལས། གལ་ཏེ་དེ་ལ་སྟོབས་ཡོད་ན། ཞེས་སོགས་དང་། རྟོག་གེ་འབར་བ་ལས། ཀུན་ལ་ཁྱབ་པ་ཉིད་ཡིན་ནའང་། ཅིའི་ཕྱིར་ཁྱབ་འཇུག་པར་འགྱུར་ཞེ་ན། བདག་ཉིད་ཀྱིས་བདག་ཉིད་གསོད་པར་བྱེད་ཅེས་སོགས་དང་། དོན་དམ་སྙེ་མ་ལས། ཀུན་མཁྱེན་ཁྱབ་འཇུག་གལ་ཏེ་འཇིག་རྟེན་གྲགས་པ་ན། །བུད་མེད་བྲལ་བའི་དབང་གིས་ཅི་ཕྱིར་ཕྱུག་རྣམས་འདྲི། ཞེས་སོགས་དང་། དབུ་མ་སྙིང་བོ་ལས། འོག་ཏུ་ཞུགས་ནས་ས་འཛིན་པར། །ནུས་ན་དྲང་སྲོང་དམོད་པ་ཡིས། །རང་རིགས་ས་འོག་འགྲོ་འགྱུར་བ། །འཛིན་པར་མི་བྱེད་ཅི་ལྟ་བུ། །ཞེས་སོགས་ཀྱིས་ཁྱབ་འཇུག་གིས་འཇུག་པ་རྣམས་བཀག །ཡང་། རྣམ་འགྲེལ་ལས། ཁ་ཅིག་སྨྲ་སོགས་ཕྱིར་ན་སྐྱོན། །ཟང་མིན་ཞེས་དང་། རྟག་ཡིན་ཕྱིར་རམ་ཐབས་མེད་ཕྱིར། ཞེས་སོགས་དང་། འགྲིབ་དང་ཕུལ་བྱུང་རྟེན་པ་ཅན། །ཞེས་སོགས་དང་། ཚད་ཆེན་ལས། དེས་ན་རྣམ་ཤེས་གཅིག་ལ་ནི། ཞེས་སོགས་དང་། གློ་བུར་དྲི་མ་སྤངས་པ་ཅན། །སེམས་རང་རིག་པའི་ངོ་བོ་སོགས། །གང་དག་གཉེན་པོར་ཉེ་བ་ན། །འགྲིབ་པའི་ཆོས་དང་གང་ལྡན་པ། །དེ་དག་ཤིན་དུ་འགྲིབ་པ་སྲིད། །གསེར་གྱི་དྲི་མ་ལ་སོགས་བཞིན། །ཞེས་དང་། མཆོད་དང་ཆུ་ཡི་དྲོ་བ་ཡིས། །ཞེས་སོགས་དང་། དེ་ནི་འཕེལ་བར་འགྱུར་བས་ན། །ཕུལ་བྱུང་གཞན་ཡང་རྟོགས་པར་འགྱུར། །ཞེས་སོགས་ཀྱིས་དཔྱོད་པ་པ་སོགས་འགའ་ཞིག་གིས་ཐར་བ་དང་ཀུན་མཁྱེན་མེད་པར་འདོད་པ་བཀག །ཡང་། དབུ་མ་སྙིང་བོ་ལས། གལ་ཏེ་དབང་ཕྱུག་རྒྱུ་ཡིན་ན། །འགྲོ་བ་ཕྲ་སོགས་ལྡན་པར་འགྱུར། །ཞེས་སོགས་དང་། གལ་ཏེ་དབང་ཕྱུག་གི་དབང་ཕྱུག །དེ་ཡང་བསོད་ནམས་བྱས་ཞེ་ན། །ཞེས་སོགས་དང་། བློ་བུར་བུང་བར་འདོད་ན་ནི། །དེས་ན་གཞན་དང་མཚུངས་པར་འགྱུར། །ཞེས་སོགས་དང་། རེ་ཞིག་དག་ནི་མ་སྐྱེས་ཕྱིར། དེ་ཡིས་བྱས་པར་མི་འདོད་དོ། །ཞེས་དང་། བསྐལ་བ་དང་པོའི་ལུས་ཅན་ལུས། །སྔོན་བྱས་མ་མཐོང་རྒྱུ་ཅན་ཏེ། །བདེ་སོགས་འབྱུང་བའི་རྒྱུ་ཡིན་ཕྱིར། །ཞེས་སོགས་དང་། དགེ་སྡིག་ཉོ་ཚོང་བྱེད་པ་དག །ཉེས་བསྟན་གསུམ་ལ་མཐོང་བའི་ཕྱིར། །ཞེས་སོགས་དང་། འདིས་ནི་ལྷག་མའང་དགག་བྱས་ཕྱིར། །ཚངས་པ་ཁྱབ་འཇུག་དག་སྨྲས་ལ། །མི་རིགས་ཕྱིར་ན་དབང་ཕྱུག་སོགས། །རྟག་ལ་བློ་ནི་དགའ་མི་བྱེད། །ཞེས་སོགས་དང་། ཇི་སྐད་དུ། དབང་ཕྱུག་དགའ་སྡུག་རྒྱུ་དང་སྡིག་སྤྱོད་འགྱུར། །ཞེས་སོགས་ཀྱིས། ཞིབ་པ། བྱེ་བྲག་པ། རིག་པ་ཅན་རྣམས་ཀྱིས་དབང་ཕྱུག་སྣོད་བཅུད་ཀྱི་བྱེད་པ་པོ་ཡིན་པར་འདོད་པ་དང་། ཁྲུས་ཀྱིས་སྡིག་པ་འདགས་པ་དང་། དགེ་སྡིག་ཉོ་ཚོང་བྱེད་པར་འདོད་པ་སོགས་བཀག །ཡང་ཚད་ཆེན་ལས། དེ་ལའང་རྫས་ནི་རྣམ་གྲངས་དང་། ཞེས་སོགས་དང་། ངེས་པར་ཁྱད་པར་ལྡན་པ་ཡིས། །ཞེས་སོགས་དང་། སྐྱེ་དང་འཇིག་པའི་ཆོས་ཅན་གྱི། །ཞེས་སོགས་དང་། ཇི་སྐད་དུ། ཐར་བ་གཟུགས་ཕྱིར་ལས་ཟད་དོན་མེད་འགྱུར། །ཞེས་སོགས་དང་། ཕྱོགས་ཀྱི་གླང་བོས། ཚུལ་རེ་རེ་དང་གཉིས་གཉིས་པ། །ཞེས་སོགས་ཀྱིས། ཟད་བྱེད་པའི་འདོད་པ་མི་འཐད་པ་སྤྱི་དང་། ཁྱད་པར་རྫས་དང་ཐར་བ་འདོད་ཚུལ་རྣམས་བཀག །ཡང་དབུ་མ་རྒྱན་ལས། འདི་ལྟར་མ་ངེས་པ་ཉིད་ཡིན། །ཞེས་དང་། རྟོག་གེ་འབར་བ་ལས། ཇི་ལྟར་མིག་མེད་ཀྱང་། ཁབ་ལྕགས་དང་ཉེ་བར་གྱུར་པ་ལས་ལྕགས་འབྱར་བར་འགྱུར་བ་དང་། ཞེས་སོགས་ཀྱིས་ཤིང་སྲོོག་ལྡན་དུ་འདོད་པ་བཀག །ཡང་། དབུ་མ་སྙིང་བོ་ལས། གླང་ཆེན་གདུལ་བར་བྱ་ཕྱིར་དང་། །འགྲོ་བ་རྣམས་ནི་འདུལ་བའི་ཕྱིར། །ཞེས་སོགས་དང་། རིན་ཆེན་འཕྲེང་བ་ལས། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུངས་བཞུགས། །གང་ཕྱིར་དེ་ལྟར་ཟབ་པའི་ཆོས། །སྣོད་མིན་འགྲོ་ལ་མི་གསུངས་པས། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་པ་ལས། བདག་ཅག་གི་སྟོན་པས་ནས་གསོལ་བ་དང་། ལྷས་སྦྱིན་རབ་ཏུ་བྱུང་བ་སོགས་ལ་དགོས་པར་གཟིགས་ནས་རབ་ཏུ་བྱུང་བ་སོགས་ཡིན་གྱི། དེ་རྣམས་མ་མཁྱེན་པ་མིན་པས། ཐམས་ཅད་མཁྱེན་པ་ཡོད་དོ་ཞེས་བསྟན་པ་ཡིན་ལ། དགོས་པ་གང་ཡིན་ཐབས་ལ་མཁས་པའི་མདོ་སོགས་ན་གསལ་ལོ། །ད་ལྟ་ཕྱི་ནང་གང་ལ་ཡང་མ་གཏོགས་ཀྱང་། ལས་འབྲས་མི་འཐད་པར་ལྟ་བ་དང་། ནང་བ་ལས་འབྲས་ལ་ཐེ་ཚོམ་ཟ་བའི་ལོག་ལྟ་ཅན་ཁ་ཅིག་ལོག་པར་ལྟ་བའི་རྒྱུ་མཚན་འགའ་ཞིག་འཛིན་པ་ནི། སྔར་བཤད་པའི་ལྟ་བ་ངན་པ་དེ་དག་ཅི་རིགས་སུ་འདུ་ལ། འོན་ཀྱང་མུ་སྟེགས་བྱེད་དེ་དག་ནི་རང་གི་གྲུབ་མཐའི་རིག་པ་ལ་སྦྱངས་པའི་དབང་གིས་ན་སྒྲུབ་བྱེད་དུ་མ་ཡོད་ཅིང་། ལོག་ལྟ་ཅན་དེ་རྣམས་ནི་རིག་པ་གང་ལ་ཡང་མ་སྦྱངས་པས་ཤིན་ཏུ་རྨོངས་པའི་མུན་པ་དང་། ལོག་པར་ཞུགས་པའོ། །ལས་འབྲས་ཡོད་པར་བདེན་གྲུབ་ཏུ་བཟུངས་ནས་དགེ་བ་བྱེད་པ་ནི། ཐར་པའི་རྒྱུ་ཁྱད་པར་ཅན་མིན་ཀྱང་བདེ་འགྲོའི་རྒྱུར་འགྲོ་ལ། ལས་འབྲས་མེད་པར་ལྟ་བ་དང་དེ་ལ་ཡིད་མི་ཆེས་པ་ནི། ངན་འགྲོའི་རྒྱུ་དངོས་ཡིན་ཏེ། རིན་ཆེན་འཕྲེང་བ་ལས། ཡོད་པ་བ་ནི་བདེ་འགྲོར་འགྲོ། །མེད་པ་བ་ནི་ངན་འགྲོར་འགྲོ། །ཞེས་གསུངས་པའི་ཕྱིར་རོ། ཁ་ཅིག་འདི་སྙམ་དུ་ནང་བའི་གྲུབ་མཐའ་ཤེས་དགོས་ཀྱང་ཕྱི་རོལ་པའི་གྲུབ་མཐའ་ཅི་བྱ་ཞེ་ན། དེ་ལ་མཁས་པ་རྣམས་ཀྱིས་རང་དང་གཞན་གྱི་གྲུབ་མཐའ་ཀུན་ཤེས་དགོས་པ་ཡིན་ཏེ། དེ་མི་ཤེས་ན་གཞན་སྡེའི་གྲུབ་མཐའ་ནི་དམན་པ་དང་། རང་སྡེའི་གྲུབ་མཐའ་ནི་མཆོག་ཡིན་པར་ལེགས་པར་མི་ཤེས་པས་དེ་ལྟར་མི་ཤེས་བཞིན་དུ་མཆོག་དམན་དུ་འཛིན་པ་ནི་རང་ཕྱོགས་མཆོག་འཛིན་ནམ། རང་གི་འདོད་ཕྱོགས་ཙམ་དུ་འགྱུར་བའི་ཕྱིར་རོ། །གཞན་ཡང་དེ་ལྟར་ཤེས་དགོས་ཏེ། དཔེར་ན་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བ་ལ་གྲུ་དགོས་པ་བཞིན་དུ་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བ་ལ་དེ་ལྟར་ཤེས་དགོས་པའི་ཕྱིར་ཏེ། དབུ་མ་སྙིང་བོ་ལས། ཇི་ལྟར་ཀླུང་བཞིན་བརྒལ་འདོད་པ། །གཟིངས་དག་ཡོངས་སུ་ཟིན་པ་ལྟར། །དེ་བཞིན་བཏང་བྱ་ཡིན་ན་ཡང་། །རྗེས་སུ་དཔག་པས་བཟུང་རིགས་བྱ། །ཞེས་གསུངས་པའི་ཕྱིར་རོ། །རང་རེའི་རྗེ་བླ་མ་ཡབ་སྲས་ཀྱིས་རང་གཞན་གྱི་གྲུབ་མཐའ་ཀུན་ལ་མཁས་པར་སྦྱངས་པ་ཡིན་ཏེ། རྟོགས་བརྗོད་ལས། དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་། །ཞེས་པ་ནས། ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཞེས་པའི་བར་དང་། རྟེན་འབྲེལ་བསྟོད་པ་ལས། དེ་ཚེ་རང་གཞན་སྡེ་པ་ཡི། །གཞུང་མང་དག་ལ་སྦྱངས་པ་ན། །ཞེས་སོགས་དང་། རྒྱལ་ཚབ་ཀྱི་བསྟོད་པར། རང་གཞན་གྲུབ་མཐའི་ཕ་རོལ་སོན། །ཞེས་སོགས་དང་། མཁས་གྲུབ་ཀྱི་གསུང་རབ་དུ་མ་ལས་ཀྱང་རང་ཉིད་གྲུབ་མཐའ་ཀུན་ལ་མཁས་པར་ཞལ་གྱིས་བཞེས་པའི་ཕྱིར་རོ། །སྨྲས་པ། རྟག་ཆད་སྨྲ་བ་ངན་པ་སྣ་ཚོགས་པའི། །བྲག་རི་མཐོན་པོ་གང་དག་སྤུངས་པ་ཡང་། །པཎ་ཆེན་ཀླུ་དབང་སྟོང་གི་རིགས་ཚུལ་གྱི། །གནམ་ལྕགས་ཐོག་ཆེན་བབས་པས་ཅིག་ཆར་བཅོམ། །རང་གཞན་གྲུབ་མཐའ་མཆོག་དམན་ཡོད་དོ་ཞེས། །ཀུན་གྱི་འབྲུག་སྒྲ་ཇི་བཞིན་སྒྲོགས་མོད་ཀྱང་། །ཁྱད་པར་མི་ཤེས་རང་ཕྱོགས་མཆོག་འཛིན་པ། །ཕྱོགས་ལྷུང་གདོན་གྱིས་ཟིན་པར་གསུངས་པས་ན། །མཁས་པའི་གཞུང་མང་དག་ལ་འདྲིས་བྱས་སྟེ། །མཁས་པའི་རྣམ་དཔྱོད་དོན་དུ་གཉེར་བ་ལ། །མཁས་པའི་བཞེད་སྲོལ་མ་ནོར་བཀོད་པ་འདིས། །མཁས་པའི་ཚོགས་རྣམས་མཉེས་པར་བྱེད་གྱུར་ཅིག །ཅེས་རང་གཞན་གྱི་གྲུབ་མཐའ་ཀུན་གྱི་སྙིང་བོའི་དོན་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང་ལས། གཞན་སྡེའི་ལུགས་བཀོད་ནས་བཀག་པའི་སྐབས་སོ།། །།

གྲུབ་མཐའ་ཀུན་གྱི་སྙིང་པོའི་དོན་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང་།

གྲུབ་མཐའ་ཀུན་གྱི་སྙིང་པོའི་དོན་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གཞུང་ལུགས་ཀུན་ལ་ལྟ་བའི་མིག་གི་མཆོག །རིགས་ལམ་མན་ངག་ཚོགས་དང་ཆ་ཤས་ཀྱང་། །སྟེར་མཛད་ཡོངས་སུ་འཛིན་པའི་བཤེས་གཉེན་རྣམས། །དྲན་པ་ཡིས་ཀྱང་དད་པའི་སྤུ་ལོང་གཡོ། །རང་སྡེའི་གྲུབ་མཐའ་སྤྱི་དང་ཁྱད་པར་རྣམས། །མཁས་གྲུབ་རྣམས་ཀྱི་བཞེད་པ་ཇི་བཞིན་དུ། །དོན་བསྡུས་གོ་སླའི་ངག་གིས་འདིར་བཤད་ཀྱི། །གཟུར་གནས་བློ་ལྡན་མཆིས་ན་འཇུག་པར་རིགས། གཉིས་པ་རང་སྡེའི་གྲུབ་མཐའི་རྣམ་པར་བཞག་པ་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། རང་སྡེའི་གྲུབ་མཐའ་ཐུན་མོང་བ་རྣམ་པ་བཞིར་ངེས་པ་ཡིན་ཏེ། བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པའི་གྲུབ་མཐའ་དང་བཞིར་ངེས་པའི་ཕྱིར་ཏེ། རིགས་ལྡན་གྲགས་པས། བྱེ་བྲག་སྨྲ་དང་མདོ་སྡེ་པ། །རྣལ་འབྱོར་སྤྱོད་དང་དབུ་མ་བ། །འགྱུར་རོ་ཞེས་གསུངས་པའི་ཕྱིར། བཞི་བོ་དེ་དག་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་གཉིས་སུ་འདུ་བ་ཡིན་ཏེ། བྱེ་མདོ་གཉིས་ཀྱི་གྲུབ་མཐའ་ནི་ཐེག་དམན་གྱི་གྲུབ་མཐའ་དང་། དབུ་སེམས་གཉིས་ཀྱི་གྲུབ་མཐའ་ནི་ཐེག་ཆེན་གྱི་གྲུབ་མཐར་འདུ་བའི་ཕྱིར། ཐེག་པ་ཆེ་ཆུང་གཉིས་ཀྱི་ཤིང་རྟའི་སྲོལ་གང་གིས་ཕྱེ་སྙམ་ན། དེ་ཡང་ཀླུ་སྒྲུབ་ཀྱིས་དབུ་མ་པ་དང་། ཐོགས་མེད་ཀྱི་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ་ཞིང་དེ་གཉིས་ཀས་ཀྱང་ཐེག་ཆེན་གྱི་ཤིང་རྟའི་སྲོལ་ཕྱེ་བ། དེའི་ཞར་བྱུང་དུ་ཐེག་དམན་གྱི་གྲུབ་མཐའ་ལ་བལྟོས་པའི་ཤིང་རྟའི་སྲོལ་ཡང་ཕྱེ་བ་ཡིན་ནོ། །གྲུབ་མཐའ་བཞི་བོ་སོ་སོ་ནས་རང་རང་གི་ལུགས་དེ་སྟོན་པ་སངས་རྒྱས་ཀྱི་རང་ལུགས་དང་། རང་གི་ལུགས་དེ་ཡང་རྟག་ཆད་ཀྱི་མཐའ་གཉིས་དང་མ་འདྲེས་པར་འདོད་ལ། དེ་ལྟ་ནའང་། གཞན་སྡེ་ཕྱི་རོལ་པས། རྟག་པའི་བདག་སོགས་ཁས་བླངས་པ་ནི། རང་སྡེ་བྱེ་བྲག་སྨྲ་བས་འགོག་ཅིང་། བྱེ་བྲག་སྨྲ་བས་འདུས་མ་བྱས་ལ་རྫས་གྲུབ་འདོད་པ་དེ། མདོ་སྡེ་པས་འགོག །དེས་རང་མཚན་རྣམས་རང་རང་གི་མིང་གི་ཐ་སྙད་ཀྱི་གཞིར་གནས་ཚོད་ཀྱི་དབང་གིས་གྲུབ་པར་འདོད་པ་དེ། སེམས་ཙམ་པས་འགོག །སེམས་ཙམ་པས་དངོས་པོ་བདེན་གྲུབ་ཏུ་འདོད་པ་དེ། དབུ་མ་པས་འགོག་པས་གྲུབ་མཐའ་འོག་མ་འོག་མ་ལས་གོང་མ་གོང་མ་མཆོག་ཡིན་ནོ། །དེས་ན་གྲུབ་མཐའ་བཞི་བོ་རྣམས་ལས་སྔ་མ་རྣམས་ཕྱི་མའི་སྟེགས་སུ་འགྱུར་ཏེ། དེའི་ཚུལ་ཡང་ཕྱི་རོལ་བས་བདག་དང་སྐྱེ་བ་སྔ་ཕྱི་ལྟ་བུ་འཇོག་མ་ཤེས་ལ། བྱེ་སྨྲས་དེ་ལྟར་ཤེས་པ་དེ། མདོ་སྡེ་པས་འདུས་བྱས་པ་དང་འདུས་མ་བྱས་ལ་བཏགས་ཡོད་འཇོག་ཤེས་པའི་སྟེགས་དང་། མདོ་སྡེ་པས་དེ་ལྟར་ཤེས་པ་དེ། སེམས་ཙམ་པ་ཆོས་ཐམས་ཅད་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་གཞིར་རང་དབང་གིས་མ་གྲུབ་ཀྱང་བྱ་བྱེད་འཐད་པ་དང་། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འཇོག་ཤེས་པའི་སྟེགས་དང་། སེམས་ཙམ་པས་དེ་ལྟར་ཤེས་པ་སྟེ། དབུ་མ་པས་ཆོས་ཐམས་ཅད་མིང་བརྡས་བཞག་པ་ལས་གཞན་དུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལ་བྱ་བྱེད་འཐད་པར་གོ་བའི་སྟེགས་སུ་འགྱུར་བའི་ཕྱིར་རོ། །དེ་ལྟར་མཆོག་དམན་གྱི་ཁྱད་པར་ཡོད་ཀྱང་། དེ་གསུང་བ་པོའི་སངས་རྒྱས་ལ་ཉེ་རིང་ཡོད་པ་སོགས་ཀྱི་སྐྱོན་མིན་གྱི། གདུལ་བྱ་ལ་དབང་བོ་མཆོག་དམན་ཡོད་པས་དེ་དག་རིམ་གྱིས་སངས་རྒྱས་ཀྱི་སར་བཀྲི་བའི་ཐབས་ཡིན་ཏེ་དེ་ལྟར་ཡང་། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་བ། །དེ་དག་ཐུགས་རྗེ་མངའ་བའི་ཐབས་ཚུལ་དང་། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། ཞེས་པ་དང་། རིན་ཆེན་ཕྲེང་བ་ལས་ཀྱང་། བརྡ་སྤྲོད་པ་དག་ཇི་ལྟ་བུས། །ཡི་གེའི་ཕྱི་མོ་ཟློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཅི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་པ་ནས། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་པའི་བར་གསུངས་པའི་ཕྱིར། དེ་ལྟ་ནའང་དབུ་མ་པ་གཉིས་ལས་ཐལ་འགྱུར་བའི་ལུགས་ནི། ལུགས་གཞན་ཐམས་ཅད་ལས་མཆོག་ཏུ་གྱུར་བ་ཡིན་ཏེ། རྟག་ཆད་ཀྱི་མཐའ་དག་དང་བྲལ་བའི་ལུགས་རྣམ་པར་དག་པ་ཡིན་པའི་ཕྱིར་ཏེ། དཔལ་ལྡན་ཟླ་བས། ལུགས་འདི་ནི་གཞན་དང་ཐུན་མོང་མིན་པའོ་ཞེས་སོགས་དང་། རྗེ་བླ་མས། ཡོད་དང་མེད་པའི་མཐའ་སྤངས་པ། ཞེས་སོགས་གསུངས་པའི་ཕྱིར། ནང་བའི་ཐུན་མོང་གི་གྲུབ་མཐའ་ལ་བཞིར་ངེས་པས་དེ་སྨྲ་བའི་གང་ཟག་ལ་ཡང་བཞིར་ངེས་ལ། དེ་དག་ནི་འཆད་པར་འགྱུར་རོ། །གཉིས་པ་སོ་སོར་བཤད་པ་ལ་བཞི། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་བའི་གྲུབ་མཐའ་འོ། །དང་པོ་ལ་བཞི། མཚན་ཉིད། སྒྲ་དོན། དབྱེ་བ། གྲུབ་མཐའི་འདོད་ཚུལ་ལོ། །དང་པོ་ནི། རང་རིག་མི་འདོད་ཅིང་ཕྱི་དོན་ཡོད་པར་བདེན་ཞེན་གྱིས་འདོད་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་བྱེ་བྲག་སྨྲ་བའི་མཚན་ཉིད། གཉིས་པ་ནི། བྱེ་བྲག་བཤད་མཚོ་ཆེན་མོའི་རྗེས་སུ་འབྲང་བ་དང་། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན། བྱེ་བྲག་སྨྲ་བའོ། །གསུམ་པ་དེ་ལ་དབྱེ་ན། ངོ་བོའི་སྒོ་ནས་ཁ་ཆེ་བྱེ་བྲག་སྨྲ་བ་དང་། ཉི་འོག་བྱེ་བྲག་སྨྲ་བ་གཉིས། གྱེས་ཚུལ་གྱི་སྒོ་ནས་དབྱེ་ན་སྡེ་བ་བཅོ་བརྒྱད་ཡོད་དེ། ཐོག་མར་རྩ་བའི་སྡེ་བ་གཞི་ཐམས་ཅད་ཡོད་པར་སྨྲ་བ། ཕལ་ཆེན་པ། གནས་བརྟན་པ། མང་བོས་བཀུར་བའི་སྡེ་བ་དང་བཞིར་གནས་པ་ལ། དང་པོ་ལས་བདུན། གཉིས་པ་ལས་ལྔ། གསུམ་པ་ལས་གསུམ། བཞི་པ་ལས་ཀྱང་གསུམ་སྟེ་བཅོ་བརྒྱད་དུ་གྱེས་པ་ཡོད་པའི་ཕྱིར། འདི་ལ་ཡང་འདོད་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང་སློབ་དཔོན་དུལ་བ་ལྷ་ལྟར་ན། ཇི་སྐད་དུ། འོད་སྲུངས་སྟོན་ཆོས་སྲུང་སྟེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་དང་གཞི་ཀུན་པ། །ཐམས་ཅད་ཡོད་པར་སྨྲ་བ་བདུན། །ཤར་ནུབ་རི་དང་གངས་རིར་གནས། །འདུས་བྱས་རྟག་པར་སྨྲ་བ་དང་། །འཇིག་རྟེན་འདས་སྨྲ་ཕལ་ཆེན་སྡེ། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་གསུམ། །ས་སྒྲོགས་རི་དང་སྲུང་བ་པ། །གནས་མ་བུ་པའི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཞེས་བཤད་པ་ལྟར་རོ། །འདི་དག་གི་ཁྱད་པར་རྒྱས་པར་ནི་འདུལ་བ་སོགས་ནས་ཤེས་པར་བྱ་ཞིང་ཐེག་དམན་གྱི་གང་ཟག་དང་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་ལ་ནི་ཁྱད་པར་ཡོད་པ་ཡང་ཤེས་དགོས་སོ། །བཞི་བ་གྲུབ་མཐའི་འདོད་ཚུལ་ལ་གསུམ། གཞི་དང་། ལམ་དང་། འབྲས་བུའོ། །དང་པོ་བཞི་ལ་རྒྱས་པར་ཕྱེ་ན་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཀྱི་ཕུང་བོ་སྟེ་ཕུང་བོ་ལྔ། མིག་རྣ་བ་སྣ་ལྕེ་ལུས་ཏེ་དབང་བོ་ལྔ། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་སྐྱེ་མཆེད་ལྔ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་རྣམས་འདུས་བྱས་དང་། ནམ་མཁའ་དང་འགོག་པ་གཉིས་འདུས་མ་བྱས་སོ། ཁམས་བཅོ་བརྒྱད་འདོད་དེ། གཟུགས་ནས་ཆོས་ཁམས་ཀྱི་བར་ཡུལ་གྱི་ཁམས་དྲུག །མིག་ནས་ཡིད་ཀྱི་བར་རྟེན་གྱི་ཁམས་དྲུག །མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་གྱི་རྣམ་ཤེས་ཀྱི་ཁམས་དྲུག་སྟེ་དྲུག་གསུམ་བཅོ་བརྒྱད་འདོད་པས་སོ། །སྐྱེ་མཆེད་བཅུ་གཉིས་ཀྱང་འདོད་དེ། གཟུགས་སྒྲ་སོགས་ཡུལ་གྱི་སྐྱེ་མཆེད་དྲུག །མིག་སོགས་དབང་བོའི་སྐྱེ་མཆེད་དྲུག་སྟེ་བཅུ་གཉིས་འདོད་པའི་ཕྱིར། དེ་ཡང་ཕུང་བོར་སྤུངས་པས་ན་ཕུང་བོ། །སྐྱེ་བའི་སྒོ་ཡིན་པས་ན་སྐྱེ་མཆེད། །ཆོས་དེའི་རིགས་ཡིན་པས་ན་ཁམས་ཞེས་བྱའོ་ཤེས་བྱ་ཐམས་ཅད་ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་སུ་འདུས་པར་འདོད་ལ། འདི་ཙམ་ཞིག་ནི་གྲུབ་མཐའ་གོང་མ་ཐམས་ཅད་དང་ཐུན་མོང་དུ་ཁས་ལེན་ནོ། །དེར་མ་ཟད་འགྲོ་བ་ལྔ། སྐྱེ་གནས་བཞི་སོགས་བཞེད་ལ། མི་འདྲ་བའི་ཁྱད་པར་ནི། འདིས་དངོས་པོ་ལ་རྟག་པའི་དངོས་པོ་དང་། མི་རྟག་པའི་དངོས་པོ་གཉིས་འདོད་པའི་སྔ་མ་ནི། ནམ་མཁས་རླུང་བརྟེན་པའི་དོན་བྱེད་ནུས་པ་ལྟ་བུ་སྟེ། ཅིག་ཤོས་ནི་སླའོ། །དེས་ན་དོན་བྱེད་ནུས་པ་དང་ཤེས་བྱ་དོན་གཅིག་པར་བཞེད་ཅེས་གསུང་། ཤེས་བྱའམ་དངོས་པོ་ལ་དབྱེ་ན། བདེན་པ་གཉིས་སུ་ཡོད། བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་རྣམས་ནི་ཀུན་རྫོབ་བདེན་པ་ཡིན་ལ། བསམ་དོན་ནི་མཚོན་ན། རྫ་བུམ་ལྟ་བུ་ཞིག་མ་བཤིག་པའི་གནས་སྐབས་སུ་དེ་ལ་བུམ་པའོ་སྙམ་པའི་བློ་སྐྱེ་ཡང་། བཤིག་པའི་ཚེ་དེ་ལ་བུམ་པའི་བློ་མི་སྐྱེ་བས་ན། རྫ་བུམ་དང་དེའི་ནང་གི་ཆུ་ལྟ་བུ་ནི་ཀུན་རྫོབ་བདེན་པ་ཡིན་ཏེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ། ཞེས་གསུངས་པའི་ཕྱིར། བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་མི་འདོར་བའི་ཆོས་རྣམས་དོན་དམ་བདེན་པ་ཡིན་ལ། བསམ་དོན་ནི་སྔར་གྱི་ཟློག་ཕྱོགས་ཀྱིས་ཤེས་ཤིང་། མཚན་གཞི་ནི། གཟུགས་དང་ཚོར་བ་ལྟ་བུ། གཞན་ཡང་རྡུལ་ཕྲན་ཆ་མེད། ཤེས་པ་སྐད་ཅིག་ཆ་མེད། འདུས་བྱས་ཆ་མེད་རྣམས་སོ། །ཀུན་རྫོབ་དང་བཏགས་ཡོད་དོན་གཅིག་ལ། དོན་དམ་བདེན་པ་དང་རྫས་ཡོད་དོན་གཅིག་པར་འདོད་དོ། །གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་དེ་གང་ཟག་གི་བདག་མེད་ཕྲ་མོར་འདོད་ཅིང་། གནས་མ་བུ་པས་དེ་འདྲའི་སྟོང་བ་དེ་གང་ཟག་གི་བདག་མེད་ཕྲ་མོར་མི་འདོད་ཀྱང་། རྟག་གཅིག་རང་དབང་ཅན་གྱིས་སྟོང་བ་དེ་བདག་མེད་ཕྲ་མོར་འདོད་ལ། ཆོས་ཀྱི་བདག་མེད་ཞེས་པའི་ཐ་སྙད་ཁས་མི་ལེན་ནོ། །ཕུང་བོའི་རྒྱུན་དང་། ཚོགས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་འགའ་ཞིག་གང་ཟག་ཏུ་ཁས་ལེན་པ་དང་། མངོན་སུམ་དང་རྗེས་དཔག་ཚད་མ་ཁས་ལེན་ཀྱང་། དབང་བོ་གཟུགས་ཅན་པ་ནི་ཚད་མར་འདོད་དོ། །འདི་དང་མདོ་སྡེ་པ་ཁ་ཅིག་ཐེག་ཆེན་གྱི་མདོ་བཀར་མི་འདོད་ཀྱང་འདོད་པའང་ཡོད་ཅེས་གསུང་། གཉིས་པ་ལམ་ལ་གཉིས། སྤང་བྱ་དང་། ལམ་དངོས་སོ། །དང་པོ་ནི། སྒྲིབ་པ་ལ་ཉོན་མོངས་ཅན་དང་། ཉོན་མོངས་ཅན་ཡིན་པའི་སྒྲིབ་པའམ་མུན་པ་གཉིས་འདོད་ཀྱང་། ཤེས་སྒྲིབ་ཀྱི་ཐ་སྙད་ནི་ཁས་ལེན་པར་མ་བཤད། གང་ཟག་གི་བདག་འཛིན་དང་། དེ་ལས་བྱུང་བའི་ཉོན་མོངས་རྣམས་ཉོན་མོངས་ཅན་གྱི་སྒྲིབ་པ་ཡིན་ལ། དེ་དག་གི་བག་ཆགས་དང་། དེའི་དབང་གིས་བྱུང་བའི་གནས་ངན་ལེན་རྣམས་ཉོན་མོངས་ཅན་མིན་པའོ། །གཉིས་པ་ལམ་དངོས་ལ། ཚོགས་སྦྱོར་གྱི་ལམ་གཉིས། མཐོང་སྒོམ་གྱི་ལམ་གཉིས། མི་སློབ་ལམ་སྟེ་ལྔ་འདོད་ལ། ཡང་དྲན་པ་ཉེར་གཞག་ནས་འཕགས་ལམ་ཡན་ལག་གི་བར་བྱང་ཕྱོགས་སོ་བདུན་སོགས་འདོད་ཅིང་། འོན་ཀྱང་ས་བཅུ་དང་ལོངས་སྐུའི་ཐ་སྙད་ཁས་མི་ལེན་ནོ། །གྲོལ་ལམ་གྱི་གཙོ་བོ་ནི་བདེན་བཞི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་དང་། ཁྱད་པར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བར་རྟོགས་པའི་ཡེ་ཤེས་སོ། །མཐོང་ལམ་སྐད་ཅིག་མ་བཅོ་ལྔ་པོ་རིམ་ཅན་དུ་སྐྱེ་བ་དང་། བཅུ་དྲུག་པ་ལམ་རྗེས་ཤེས་སྒོམ་ལམ་དུ་འདོད་དོ། །གསུམ་པ་འབྲས་བུ་ལ། སྔར་བཤད་པའི་ལམ་གྱི་གཙོ་བོ་དེ་དག་བསྒོམས་པས། །ཉོན་མོངས་ཅན་གྱི་མི་ཤེས་པ་སྤངས་པས་དགྲ་བཅོམ་པ་དང་། ཉོན་མོངས་ཅན་མིན་པའི་མི་ཤེས་པ་སྤངས་པས་སངས་རྒྱས་འཐོབ་པར་འདོད་ལ། ཉན་ཐོས་ཀྱི་བྱང་ཆུབ་ནི་མྱུར་ན་ཚེ་གསུམ་ལ་ཐོབ་ནུས་པ་དང་། རང་རྒྱལ་གྱི་བྱང་ཆུབ་བསྐལ་བ་བརྒྱ་སོགས་དང་། སངས་རྒྱས་ཀྱི་བྱང་ཆུབ་བསྐལ་བ་གྲངས་མེད་གསུམ་གྱིས་ཐོབ་ནུས་པར་འདོད། ཉན་ཐོས་ལ་དགེ་འདུན་ཉི་ཤུ་དང་། ཞུགས་གནས་ཀྱི་རྣམ་གཞག་འཐད་པ་དང་། དམན་པའི་དགྲ་བཅོམ་སྤངས་རྟོག་ལས་ཉམས་ནས་རྒྱུན་ཞུགས་སུ་འགྱུར་སྲིད་པའང་འདོད། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་པོ་ཁས་ལེན་ཀྱང་ཐེག་ཆེན་དང་མི་འདྲ་བ་ནི། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུངས་ཏེ་སྲོད་ལ་བདུད་བཏུལ་བ་ཕན་ཆད་ལ་སོ་སྐྱེ་དང་། དེའི་མཚན་ཐོག་དེ་ཉིད་ལ་མཐོང་ལམ་མངོན་དུ་བྱས་པ་ནས་འཕགས་པར་འདོད་ལ། དེ་ཡང་འཕོ་བ་ནས་རབ་ཏུ་བྱུང་བ་མ་མཛད་ཀྱི་བར་དུ་ཁྱིམ་པ་དང་། དེ་ཕྱིན་ཆད་ནི་རབ་ཏུ་བྱུང་བ་དང་མཛད་པ་ཡང་དེ་དང་བསྟུན་ནས་ཁྱིམ་པ་དང་རབ་བྱུང་གི་མཛད་པ་ཡང་དངོས་གནས་པར་འདོད། མྱ་ངན་ལས་འདས་པའི་ཚེ་རིག་པ་རྒྱུན་ཆད་པར་ཁས་ལེན་པས་ཀྱང་། དེ་ཕྱིན་ཆད་གཟུགས་སྐུའི་བཀོད་པ་སྟོན་པར་མི་འདོད་ལ། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ནི་སངས་རྒྱས་དཀོན་མཆོག་ཡིན་ཀྱང་། དེའི་གཟུགས་ཕུང་དེ་ཉིད་སྡུག་བསྔལ་བདེན་པར་འདོད་པས་སངས་རྒྱས་དཀོན་མཆོག་ཏུ་མི་འདོད། དེ་བཞིན་དུ་དགེ་འདུན་དཀོན་མཆོག་ཀྱང་སློབ་པ་འཕགས་པ་རྣམས་ཀྱི་ཐུགས་རྒྱུད་ཀྱི་ལམ་བདེན་ལ་འཇོག་གི །གང་ཟག་དེ་རྣམས་དགེ་འདུན་དཀོན་མཆོག་ཏུ་མི་འདོད་དོ། །འདི་དང་མདོ་སྡེ་བ་གཉིས་ཀྱིས་ཕྱི་དོན་ཡོད་པར་འདོད་པས་དོན་སྨྲ་ཞེས་ཀྱང་གྲགས་སོ། །གཉིས་པ་མདོ་སྡེ་བའི་ལུགས་ལ་བཞི། མཚན་ཉིད། སྒྲ་དོན། དབྱེ་བ། གྲུབ་མཐའ་འོ། །དང་པོ་ནི། རང་རིག་དང་ཕྱི་དོན་གཉིས་ཀ་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། མདོ་སྡེ་བའི་མཚན་ཉིད། གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་ཚད་མར་བཟུང་ནས་དེའི་རྗེས་སུ་འབྲང་བས་ན་མདོ་སྡེ་བའོ། །གསུམ་པ་དེ་ལ་དབྱེ་ན་གཉིས་སྟེ། ལུང་གི་རྗེས་འབྲང་དང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་བའོ། །དང་པོ་ནི། མངོན་པ་མཛོད་ཀྱི་རྗེས་འབྲང་གི་མདོ་སྡེ་བ་ལྟ་བུ། གཉིས་པ་ནི་ཚད་མ་སྡེ་བདུན་གྱི་རྗེས་སུ་འབྲང་བའི་མདོ་སྡེ་བ་ལྟ་བུའོ། །མངོན་པ་སྡེ་བདུན་ནི། ཤཱ་རིའི་བུས་བསྡུས་པའི་ཆོས་ཀྱི་ཕུང་བོ་ཞེས་པའི་བསྟན་བཅོས་སོགས་བདུན་པོ་དེ་ཉིད་ཡིན་ལ། བྱེ་བྲག་སྨྲ་བས་དེ་རྣམས་སངས་རྒྱས་ཀྱིས་གང་འདོད་ཀྱང་། མདོ་སྡེ་པས་དགྲ་བཅོམ་པ་དེ་དང་དེ་དག་གིས་བསྡུས་པ་ཡིན་གྱི། སངས་རྒྱས་ཀྱི་བཀའ་མིན་ནོ་ཞེས་འདོད་དོ། །བཞི་པ་གྲུབ་མཐའ་ལ་གསུམ། གཞི། ལམ། འབྲས་བུའོ། །དང་པོ་ནི། ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་པར་འདོད་ཅིང་། དོན་དམ་པར་དོན་བྱེད་ནུས་པ་རྣམས། དོན་དམ་བདེན་པ་ཡིན་ལ། དེ་ལྟར་མི་ནུས་པའི་ཆོས་རྣམས་ཀུན་རྫོབ་བདེན་པར་འདོད་དེ། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། ཞེས་གསུངས་པ་ལྟར་རོ། །དེ་ཡང་རྒྱུ་འབྲས་དང་ཕན་གནོད་སོགས་དངོས་པོ་ཁོ་ནའི་སྟེང་ནས་འཐད་ཀྱི། དངོས་མེད་ལ་དེ་མི་འཐད་པས། དངོས་པོ་ཐམས་ཅད་དོན་དམ་པར་དོན་བྱེད་ནུས་པར་འདོད་ལ། དེའི་ཕྱིར་དངོས་པོ། རང་མཚན། འདུས་བྱས། དོན་དམ་བདེན་པ་རྣམས་དོན་གཅིག་པ་དང་། སྤྱི་མཚན། འདུས་མ་བྱས་ཀྱི་ཆོས། ཀུན་རྫོབ་བདེན་པ་རྣམས་དོན་གཅིག་གོ །གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པས། ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་ལ། གཞན་ཡང་ཡུལ་དང་ཡུལ་ཅན་གྱི་དབྱེ་ཚུལ་ཤིན་དུ་མང་བོ་ཡོད་པ་རྣམས་རྒྱས་པར་ནི་བསྡུས་གཞུང་སོགས་གཞན་དུ་ཤེས་པར་བྱའོ། །འདི་དང་བྱེ་བྲག་སྨྲ་བ་གཉིས་ཀས་ཀུན་གཞི་དང་ཉོན་ཡིད་མི་འདོད་ལ། འདོད་ཚུལ་ཐུན་མོང་བ་ཕལ་ཆེར་ནི་སྔར་བཤད་པ་ལྟར་ཡིན་ཏེ། ཕུང་བོ་ཁམས་སྐྱེ་མཆེད་རྣམས་བྱེ་བྲག་སྨྲ་བས་འདོད་པ་བཞིན་ནོ། །གཉིས་པ་ལམ་ལ་གཉིས་ཏེ། སྤང་བྱ་ནི་བྱེ་སྨྲ་དང་མཐུན་ཅིང་། ལམ་གྱི་དམིགས་པ་ནི་བདེན་བཞིའི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་པོ་ཉིད་ཡིན་ལ། ལམ་ལྔའི་དབྱེ་བ་བྱེད་ཀྱང་། ས་བཅུ་དང་ལོངས་སྐུའི་རྣམ་གཞག་མི་འདོད་པ་སྔར་བཞིན་ནོ། །འོན་ཀྱང་འདི་ལ་ཐེག་ཆེན་བཀར་འདོད་པ་ཞིག་ཡོད་པར་གསུངས་པས། དེ་ལྟར་ན། དེ་ནས་བཤད་པའི་ས་བཅུ་དང་ལོངས་སྐུའི་རྣམ་གཞག་ཀྱང་ཁས་ལེན་པ་ཞིག་ཡོད་པར་གསལ་ལོ། །གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་ནི། གྲོལ་ལམ་གྱི་ངོ་བོ་དང་། གང་ཟག་གི་བདག་མེད་ནི། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་ཉིད་ལྟ་བུ་ལ་འདོད་ལ། སྟོང་ཉིད་དེ་ཡང་དེ་བཞིན་ཉིད་དང་། ཡོངས་གྲུབ་ཀྱང་ཡིན་ནོ། །གཞན་ཡང་ལམ་ལ་བྱང་ཕྱོགས་སོ་བདུན། རྣམ་ཐར་བརྒྱད། སྙོམ་འཇུག་དགུ་སོགས་ཀྱང་འདོད་ལ། སངས་རྒྱས་ཐོབ་འདོད་ནི་འགའ་ཞིག་ལ་ཡོད་ཀྱང་། རང་ཉིད་ཞི་བདེ་གཙོ་བོར་དོན་གཉེར་གྱི་བློ་སྤོང་མི་ནུས་པས། བློ་དེ་སངས་རྒྱས་ཐོབ་བྱེད་ཀྱི་ཉེ་རྒྱུར་མི་འགྲོ་བར་ཚད་ལྡན་གྱི་བཤད་པ་ཡང་མཐོང་ཞིང་། ཐབས་ཁྱད་པར་ཅན་མེད་ཀྱང་ཐ་དད་རྟོགས་པའི་ལམ་གཙོ་བོར་བསྒོམ་པས་རང་ལམ་གྱི་བྱང་ཆུབ་ཐོབ་ནུས་པར་འདོད་དོ། །གསུམ་པ་འབྲས་བུ་ལ། ཉོན་མོངས་ཅན་མིན་པའི་མི་ཤེས་པ་ཙམ་སྤངས་པས་དམན་པའི་དགྲ་བཅོམ་དང་། ཉོན་མོངས་ཅན་དང་ཉོན་མོངས་མིན་པའི་མི་ཤེས་པ་གཉིས་ཀ་སྤོང་བྱེད་ཀྱི་ལམ་ཟུང་འབྲེལ་དུ་ཉམས་སུ་བླངས་པས་འབྲས་བུ་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་ཐོབ་པར་འདོད་དོ། །འདིས་ཉན་ཐོས་ལ་ཞུགས་གནས་ཀྱི་རྣམ་གཞག་ཀྱང་འདོད་ལ། མདོར་ན་འདི་དང་བྱེ་སྨྲ་གཉིས་ཀྱིས་གཞི་ལ་བདེན་གཉིས་དང་། ལམ་ལ་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་དང་། འབྲས་བུ་ལ་དམན་པའི་བྱང་ཆུབ་དང་རྫོགས་པའི་བྱང་ཆུབ་གཉིས། གཞན་ཡང་གཟུགས་ལ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་། ཚད་མ་ལ་མངོན་རྗེས་གཉིས་སོགས་འདོད་པ་ཙམ་དུ་མཚུངས་ཀྱང་ནང་གསེས་ཀྱི་ཁྱད་པར་ཡོད་པར་ཤེས་པ་བྱ་སྟེ། དཔེར་ན་བྱེ་སྨྲས་འདུས་མ་བྱས། རྡུལ་ཕྲན་ཆ་མེད་སོགས་དོན་དམ་བདེན་པར་འདོད་ལ། མདོ་སྡེ་པས་དེ་རྣམས་ཀུན་རྫོབ་བདེན་པར་འདོད་པ་དང་། བྱེ་བྲག་སྨྲ་བས་རྣམ་པར་རིག་བྱེད་མིན་པའི་གཟུགས་གཟུགས་དངོས་གནས་པར་འདོད་ཀྱང་། ཅིག་ཤོས་ཀྱིས་ཀུན་བཏགས་པའི་གཟུགས་སུ་འདོད་པ་བཞིན་ནོ། །གསུམ་པ་སེམས་ཙམ་པའི་ལུགས་ལ་བཞི། མཚན་ཉིད། སྒྲ་དོན། དབྱེ་བ། གྲུབ་མཐའོ། །དང་པོ་ནི། ཕྱི་དོ་ཁས་མི་ལེན་ཅིང་རང་རིག་སོགས་དངོས་པོ་བདེན་གྲུབ་ཏུ་ཁས་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། སེམས་ཙམ་པའི་མཚན་ཉིད། གཉིས་པ་ནི། ཕྱི་དོན་མེད་ཅིང་། ཁམས་གསུམ་པོ་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་ན། སེམས་ཙམ་པའམ། རྣམ་རིག་པ་ཞེས་བྱ་ལ། ཡང་གཞན་རྣལ་འབྱོར་སྤྱོད་པ་ཞེས་ཀྱང་བརྗོད་དོ། །མཚན་གཞི་ནི། དབྱིག་གཉེན། ཕྱོགས་གླང་། ཆོས་གྲགས་རྣམས་སོ། །གསུམ་པ་དེ་ལ་དབྱེ་ན། སེམས་ཙམ་རྣམ་བདེན་པ་དང་། རྣམ་བརྫུན་པ་གཉིས། ཚུར་མཐོང་གི་གཟུགས་འཛིན་དབང་པོའི་མངོན་སུམ་ལ་གཟུགས་རགས་པར་སྣང་བ་ནི། རྣམ་བདེན་བརྫུན་གཉིས་ཀྱི་རྩོད་པའི་གཞི་ཡིན་པས། རྣམ་བརྫུན་པས་དེ་ལ་དེ་ལྟར་སྣང་བ་སྣང་བ་ལྟར་མ་གྲུབ་པར་འདོད་ལ། རྣམ་བདེན་པས་དེ་ལྟར་གྲུབ་པར་འདོད་དོ། །རྣམ་བདེན་པ་ལ་ཡང་། གཟུང་འཛིན་གྲངས་མཉམ། སྒོ་ང་ཕྱེད་ཚལ། སྣ་ཚོགས་གཉིས་མེད་པ་དང་གསུམ། དེ་ཡང་ཁ་དོག་ཁྲ་བོ་འཛིན་པའི་མིག་ཤེས་ཀྱིས་དེ་འཛིན་པའི་ཚེ། ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་གཏད་ཅིང་། ཡུལ་ཅན་གྱི་ངོས་ནས་ཀྱང་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་ལྡན་དུ་སྐྱེས་བར་འདོད་པས་ན། གཟུང་འཛིན་གྲངས་མཉམ་དང་། ཡང་ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་གཏད་ཀྱང་། ཡུལ་ཅན་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་ཅན་དུ་མ་སྐྱེས་པར་ཁྲ་ཙམ་གྱི་རྣམ་ལྡན་དུ་སྐྱེས་པར་འདོད་པས་ན། སྒོ་ང་ཕྱེད་ཚལ་དང་། ཡང་དེ་ལྟར་འཛིན་པའི་ཚེ་ཡུལ་གྱི་ངོས་ནས་ཀྱང་སྔོོ་སོགས་མི་འདྲ་བ་རེ་རེའི་རྣམ་པ་མ་གཏད་ཅིང་ཁྲ་ཙམ་གྱི་རྣམ་པ་གཏད། ཡུལ་ཅན་གྱི་ངོས་ནས་ཀྱང་སྔོ་སོགས་མི་འདྲ་བ་རེ་རེའི་རྣམ་ལྡན་དུ་མ་སྐྱེས་པར་ཁྲ་ཙམ་གྱི་རྣམ་ལྡན་དུ་སྐྱེས་པར་འདོད་པས་ན། སྣ་ཚོགས་གཉིས་མེད་པ་ཞེས་བརྗོད་དོ། །རྣམ་རྫུན་པ་ལ་ཡང་། དྲི་བཅས་རྣམ་བརྫུན་པ་དང་། དྲི་མེད་རྣམ་རྫུན་པ་གཉིས་ཡོད། དེའི་ཁྱད་པར་ནི་གཟུང་འཛིན་གྱི་ཤེས་པའི་ངོ་བོ་ལ་དྲི་མས་བསླད་མ་བསླད་ཀྱི་ཁྱད་པར་འདོད་པའི་དབང་གིས་སོ། །འདི་དག་ལ་ད་དུང་ནང་གསེས་ཀྱི་དབྱེ་བས་དུ་མ་ཡོད་ཀྱང་མང་དུ་དོགས་ལ། སྐབས་འདིར་མ་ཟད། མདོ་སྡེ་བ་ལ་ཡང་གཟུང་འཛིན་གྲངས་མཉམ་པ་སོགས་གསུམ་ཡོད་པར་བཤད་དོ། །བཞི་བ་གྲུབ་མཐའ་ལ་གསུམ། གཞི། ལམ། འབྲས་བུའོ། །དང་པོ་ལ་གཉིས། ཡུལ་དང་ཡུལ་ཅན་ནོ། །དང་པོ་ནི། ཤེས་བྱ་ལ་བདེན་པ་གཉིས་དང་། མཚན་ཉིད་གསུམ་གྱི་རྣམ་གཞག་མཛད་ཀྱང་། དོན་དམ་བདེན་པ་དང་། ཆོས་ཉིད། སྟོང་ཉིད། ཆོས་དབྱིངས། གནས་ལུགས་རྣམས་དོན་གཅིག་པར་འདོད། དོན་དམ་པ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་མེད་ཕྲ་མོ་གཉིས། དང་པོ་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བའི་སྟོང་ཉིད་ལྟ་བུ་སྟེ་འདི་གཞན་གྱིས་དོན་དམ་པ་དངོས་ཡིན་པར་མི་འདོད་པའི་ཚུལ་ཡང་ཡོད། གཉིས་པ་ནི་གཟུགས་དང་དེ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་བའི་སྟོང་ཉིད་ལྟ་བུའོ། །འདི་རང་རྒྱུད་པ་སོགས་ཀྱིས་དོན་དམ་བདེན་པར་མི་འདོད་ཀྱང་འདི་པས་དོན་དམ་བདེན་པ་དང་ཡོངས་གྲུབ་ཏུ་འདོད་དོ། །རྒྱས་པར་དབྱེ་ན་སྟོང་ཉིད་བཅུ་དྲུག་བཅོ་བརྒྱད་ཉི་ཤུར་འབྱེད་ལ། བསྡུ་ན་སྟོང་ཉིད་བཞི་དང་བདེན་གཉིས་སུའང་འདུའོ། །མཚན་ཉིད་གསུམ་གྱི་ནང་ནས་གཞན་དབང་དང་འདུས་བྱས་དོན་གཅིག་པ་དང་། སྟོང་ཉིད་མིན་པའི་འདུས་མ་བྱས་རྣམས་ཀུན་བཏགས་དང་། སྟོང་ཉིད་དང་ཡོངས་གྲུབ་དོན་གཅིག །འདི་ཙམ་ཞིག་དབུ་མ་བ་ཡང་འདོད་ཀྱང་བདེན་གྲུབ་འདོད་མི་འདོད་ཀྱི་ཁྱད་པར་ཆེ་སྟེ། འདིས་ཀུན་བཏགས་བདེན་པར་མ་གྲུབ་ཅིང་། གཞན་དབང་དང་ཡོངས་གྲུབ་གཉིས་སོ་སོ་ནས་བདེན་པར་གྲུབ་པར་འདོད་ལ། དབུ་མ་པས་བདེན་གྲུབ་ཀྱི་ཆོས་ཡོད་པར་མི་འདོད་པའི་ཕྱིར། དེ་ཡང་རྒྱུ་འབྲས་ཀྱི་རྣམ་བཞག་གཞན་དབང་ལ་འཐད་པས་དེ་བདེན་པར་གྲུབ་པ་དང་ཡོངས་གྲུབ་འཕགས་པའི་མཉམ་གཞག་གི་ངོ་བོར་བདེན་པས་དེ་བདེན་པར་གྲུབ་པའོ། །མཚན་ཉིད་གསུམ་སོགས་གཞི་ལམ་འབྲས་བུའི་རྣམ་བཞག་རྣམས་ནི། མདོ་སྡེ་དགོངས་འགྲེལ་དང་། མདོ་སྡེ་རྒྱན་སོགས་དང་། གཞན་ཡང་ཐོགས་མེད་སྐུ་མཆེད་ཀྱི་གཞུང་དུ་མ་ནས་འབྱུང་བ་ལྟར་རོ། །གཉིས་པ་ཡུལ་ཅན་ལ། འདི་བ་ལ་རྣམ་ཤེས་རྣམ་བརྒྱད་འདོད་མི་འདོད་གཉིས་ཡོད་པར་བཤད་ལ། འདོད་པ་རྣམས་ཀྱིས་མིག་གི་རྣམ་ཤེས་སོགས་དྲུག་དང་། དེའི་སྟེང་དུ་ཀུན་གཞི་དང་ཉོན་ཡིད་གཉིས་བཞག་པས་བརྒྱད་འདོད་དོ། །ཀུན་གཞི་ནི་ངོ་བོ་ལུང་མ་བསྟན་དུ་གྱུར་བའི་ཡིད་ཀྱི་རྣམ་ཤེས་ཞིག་ཏུ་འདོད་ལ་སྐྱེ་བ་ལེན་པ་པོ་ཡིན་པས་ལས་འབྲས་ཀྱི་རྟེན་དུ་གྱུར་བའི་བདག་ཡིན་པར་འདོད་ཅིང་། ཉོན་ཡིད་ནི་ཀུན་གཞི་ཡང་དམིགས་ནས་ངར་འཛིན་པའི་སེམས་སྒྲིབ་ལུང་མ་བསྟན་ཞིག་ཏུ་འདོད་དོ། །བློ་ལ་ཚད་མ་དང་ཚད་མིན་གྱི་བློ་གཉིས་འདོད་ཅིང་། ཚད་མ་ལ་ཡང་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ་གཉིས། མངོན་སུམ་ཚད་མ་ལ། དབང་བོའི་མངོན་སུམ། ཡིད་ཀྱི་མངོན་སུམ་རང་རིག་མངོན་སུམ་རྣལ་འབྱོར་མངོན་སུམ་དང་བཞིར་འདོད། འདི་ཙམ་ཞིག་ནི། མདོ་སྡེ་བ་སེམས་ཙམ་པ་དབུ་མ་བ་གསུམ་མཐུན་ལ། འོན་ཀྱང་ཁྱད་པར་ཡོད་དེ། མདོ་སྡེ་བས་མངོན་སུམ་གྱི་ཚད་མ་ལ་མ་འཁྲུལ་བས་ཁྱབ་པར་འདོད། སེམས་ཙམ་པས་ཚུར་མཐོང་གི་རྒྱུད་ཀྱི་དབང་མངོན་དང་ཡིད་མངོན་རྣམས་འཁྲུལ་ཤེས་སུ་འདོད་པའི་ཕྱིར། དེ་ལྟ་ནའང་མངོན་སུམ་ལ་རྟོག་བྲལ་གྱིས་ཁྱབ་པ་ཁས་ལེན་པ་ཡིན་ནོ། །གཉིས་པ་ལམ་ལ་གཉིས། སྤང་བྱ་དང་། ལམ་གྱི་རྣམ་གཞག་དངོས་སོ། །དང་པོ་ནི། གང་ཟག་གི་བདག་འཛིན་ས་བོན་དང་བཅས་པ་དང་། རྩ་ཉོན་དྲུག་ཉེ་ཉོན་ཉི་ཤུ་སོགས་ཉོན་སྒྲིབ་དང་། གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་བདེན་འཛིན་དུ་འདོད་པས་དེ་དང་དེའི་བག་ཆགས་རྣམ་ཤེས་སྒྲིབ་དང་། ཀུན་བཏགས་བདེན་པར་འཛིན་པའི་བདེན་འཛིན་སྒྲིབ་པ་ཡིན་ཀྱང་། དངོས་པོ་བདེན་པར་གྲུབ་པས་དེ་བདེན་པར་འཛིན་པའི་བདེན་འཛིན་ནི་སྒྲིབ་པ་མིན་ནོ། །གཉིས་པ་ནི། གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་དེ་བསོད་ནམས་ཀྱི་ཚོགས་ཆུང་ངུ་ཙམ་གྱིས་ཟིན་པའི་སྒོ་ནས་གཙོ་བོར་བསྒོམས་པས་ཉན་ཐོས་ཀྱི་རིགས་ཅན་གྱིས་བྱང་ཆུབ་མངོན་དུ་བྱེད་ལ། འབྲིང་གིས་རང་རྒྱལ་གྱི་བྱང་ཆུབ་དང་། གཟུགས་འཛིན་རྫས་གཞན་གྱིས་སྟོང་བའི་སྟོང་ཉིད་རྟོགས་པའི་ལྟ་བ་དེ་གཞན་དོན་དུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས་ཉམས་སུ་བླངས་པས། བྱང་སེམས་རྣམས་ཀྱིས་བླ་མེད་བྱང་ཆུབ་མངོན་དུ་བྱེད་དོ། །གཟུགས་འཛིན་རྫས་གཞན་གྱིས་སྟོང་བའི་དོན་ནི། སྔོན་པོ་ལྟ་བུ་འཛིན་པའི་རྣམ་ཤེས་ཀྱིས་དེ་གཟུང་དོན་དུ་བྱས་པའི་ཚེ་ཀུན་གཞི་སོགས་ཀྱིས་བཞག་པའི་བག་ཆགས་ཀྱི་དབང་གིས་སྔོན་པོ་དེ་རང་འཛིན་པའི་ཤེས་པའི་བདག་ཉིད་དམ་རྫས་སུ་སྐྱེས་པ་ཡིན་གྱི། དེའི་ཚེ་སྔོན་པོ་ལྟ་བུ་དེ་འཛིན་པའི་ཤེས་པ་ལས་རྫས་གཞན་དུ་མེད་དེ། དཔེར་ན། རྨི་ལམ་དུ་རིང་བ་སོགས་སྣང་བའི་ཚེ་སེམས་མ་ཡིན་ཀྱང་སེམས་ཀྱི་བདག་ཉིད་དུ་གྱུར་བའི་རི་སོགས་ཡོད་ཅིང་། སེམས་ལས་དོན་གཞན་པའི་རི་སོགས་མེད་པ་བཞིན་ནོ། །འདི་ལ་ལུང་རིགས་དུ་མ་ཡོད་ཀྱང་མ་བྲིས་ལ་འདི་བའི་ལུགས་ཀྱི་ཕྱི་དོན་མེད་ཚུལ་གོ་དཀའ་ཞིང་། ལེགས་པར་གོ་ན་བྱམས་པའི་ཆོས་གསུམ་དང་ཐོགས་མེད་དབྱིག་གཉེན་སོགས་ཀྱིས་སེམས་ཙམ་པའི་ལུགས་ཇི་ལྟར་བཤད་པ་ཡང་ངེས་ནུས་པར་སྣང་ལ། དེ་ལྟར་མ་གོ་ན། དེ་ཡང་ལེགས་པར་མི་ཤེས་པར་གསལ་ལོ། །ཞུགས་གནས་བརྒྱད་དང་། ལམ་ལྔ་ས་བཅུའི་རྣམ་གཞག་ཁས་ལེན་པའི་དབུ་མ་པ་དང་འདྲའོ། །གསུམ་པ་འབྲས་བུ་ལ། ལྷག་བཅས་ལྷག་མེད་མྱང་འདས་གསུམ་དང་། སྐུ་གསུམ་གྱི་རྣམ་གཞག་ཀྱང་ཁས་ལེན་ལ། ཕལ་ཆེར་ནི་དབུ་སེམས་ཐུན་མོང་བ་ཡིན་པར་འོག་ཏུ་འཆད་དོ། །མངོན་དུ་བྱེད་ཚུལ་ནི་གོང་དུ་རགས་ཙམ་བརྗོད་པ་བཞིན་དང་། རྒྱས་པར་ནི་གཞུང་གཞན་དང་། གྲུབ་མཐའི་ཁྱད་པར་རྣམས་དྲང་ངེས་རྣམ་འབྱེད་ན་གསལ་ཞིང་། མྱང་འདས་མངོན་དུ་བྱེད་པའི་ཚུལ་ནི་མི་འདྲ་བ་གཉིས་ཡོད་དེ། རྣམ་བདེན་པས་ཐེག་དམན་དགྲ་བཅོམ་པས་རང་ལམ་གྱི་ལྟས་མེད་མངོན་དུ་བྱས་པའི་ཚེ་རིག་པ་རྒྱུན་ཆད་པར་འདོད་ལ། རྣམ་རྫུན་པ་ལྟར་ན་སྡུག་ཀུན་རྒྱུན་ཆད་ཀྱང་རིག་པ་རྒྱུན་ཆད་པར་མི་འདོད་དེ། རིག་པའི་རྒྱུན་སངས་རྒྱས་ཀྱི་སའི་བར་དུ་འགྲོ་བར་འདོད་པའི་ཕྱིར་རོ། །དེ་ཡང་འདིས་ནི་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་འདོད་པ་དང་། རྣམ་བདེན་པ་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་འདོད་པའི་དབང་གིས་ཡིན་ནོ། །བཞི་བ་དབུ་མ་པ་ལ་གསུམ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་འདོད་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། དབུ་མའི་མཚན་ཉིད། གཉིས་པ་ནི། རྟག་ཆད་ཀྱི་མཐའ་དང་བྲལ་བའི་དངོས་པོ་བདེན་མེད་དུ་རྟོགས་པའི་ལྟ་བ་ཁས་ལེན་པས་ན། དབུ་མ་བ་དང་། ཆོས་ཐམས་ཅད་ལ་བདེན་པར་གྲུབ་པའི་ངོ་བོ་ཅུང་ཟད་ཀྱང་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བའོ། །གསུམ་པ་དེ་ལ་དབྱེ་ན། རང་རྒྱུད་པ་དང་། ཐལ་འགྱུར་བ་གཉིས་ཡོད། དང་པོ་ལ་བཞི། མཚན་ཉིད། སྒྲ་དོན། དབྱེ་བ། གྲུབ་མཐའོ། །དང་པོ་ནི། རང་རྒྱུད་ཀྱི་རྟགས་སམ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྟགས་ཞལ་གྱིས་བཞེས་ཤིང་བདེན་གྲུབ་ཐ་སྙད་དུ་ཡང་མི་འདོད་པའི་དབུ་མ་བ་དེ། དབུ་མ་རང་རྒྱུད་པའི་མཚན་ཉིད། གཉིས་པ་ནི། རང་རྒྱུད་ཀྱི་རྟགས་ཞལ་གྱི་བཞེས་པའི་དབུ་མ་བ་ཡིན་པས་ན། དབུ་མ་རང་རྒྱུད་པའོ། །གསུམ་པ་དེ་ལ་དབྱེ་ན། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། རྣལ་འབྱོར་སྤྱོད་པའི་དེ་གཉིས། དང་པོ་ནི་སློབ་དཔོན་ལེགས་ལྡན་འབྱེད་དང་། ཡེ་ཤེས་སྙིང་བོ་ལྟ་བུ། གཉིས་པ་ནི། སློབ་དཔོན་ཞི་བ་འཚོ། ཀཱ་མ་ལ་ཤཱི་ལ། སེང་བཟང་ལྟ་བུའོ། །བཞི་བ་གྲུབ་མཐའ་ལ་གསུམ། གཞི། ལམ། འབྲས་བུའོ། །དང་པོ་ནི། གྲུབ་མཐའ་འོག་མ་དང་ཐུན་མོང་བའི་འདོད་ཚུལ་དང་ཁྱད་པར་སེམས་ཙམ་པ་དང་འདོད་ཚུལ་ཐུན་མོང་བ་ཕལ་ཆེར་ནི་སྔར་བཤད་ཟིན་ལ། འདི་བས་བདེན་གྲུབ་མི་འདོད་ཀྱང་། རང་བཞིན་གྱིས་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་ངོས་ནས་གྲུབ་གསུམ་ཐ་སྙད་དུ་ཡོད་པར་འདོད། ལེགས་ལྡན་འབྱེད་སོགས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ལྟར་ན། སྔོན་པོ་ལྟ་བུ་ནི། དེ་འཛིན་གྱི་ཤེས་པ་ལས་ངོ་བོ་ཐ་དད་ཅིང་ཕྱི་རོལ་གྱི་དོན་ཡིན་པར་འདོད། ཞི་འཚོ་སོགས་རྣལ་འབྱོར་སྤྱོད་པའི་དབུ་མ་བ་ལྟར་ན། སེམས་ཙམ་པས་འདོད་པ་ལྟར་སྔོན་པོ་ལྟ་བུ་རང་འཛིན་པའི་ཤེས་པ་དང་ངོ་བོ་གཅིག་གམ་བདག་ཉིད་གཅིག་ཏུ་འདོད་དོ། །འོན་ཀྱང་སེམས་ཙམ་པས་ཤེས་པ་བདེན་གྲུབ་འདོད་ཅིང་འདིས་མི་འདོད་པ་བཤད་ཟིན་ལ། ཕྱི་དོན་འདོད་པའི་དབུ་མ་བས་ནི་རང་རིག་མི་འདོད་ཅིང་། ཞི་འཚོའི་རྗེས་འབྲང་རྣམས་ཀྱིས་རང་རིག་ཁས་ལེན་ནོ། །གཞན་ཡང་ཕྱི་དོན་འདོད་པས་ཕྱི་རོལ་དོན་གྱིས་སྟོང་བའི་སྟོང་ཉིད་དང་། དེ་རྟོགས་པའི་ཡེ་ཤེས་ཀྱང་མི་འདོད་ལ། ཕྱི་དོན་མེད་པར་འདོད་ན་དེ་ཁས་ལེན་རིགས་སོ། །ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་པར་འདོད་ཅིང་། བུམ་པ་བདེན་སྟོང་དེ་དོན་དམ་བདེན་པའི་དོན་དང་། བུམ་པ་ནི་ཀུན་རྫོབ་བདེན་པའི་མཚན་གཞིའོ། །དོན་དམ་བདེན་པ་ལ་རྒྱས་པར་ཕྱེ་ན་སེམས་ཙམ་པ་དང་མཐུན་ལ། ཀུན་རྫོབ་ལ་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་སུ་འབྱེད་དེ། དེ་ཡང་ཆུ་དང་བྱད་བཞིན་ལྟ་བུ་ནི། ཡང་དག་ཀུན་རྫོབ་དང་། སྨིག་རྒྱུའི་ཆུ་དང་བྱད་བཞིན་གྱི་གཟུགས་བརྙན་ལྟ་བུ་ནི་ལོག་པའི་ཀུན་རྫོབ་ཏུ་འདོད་དོ། །ཚད་མ་དང་ཚད་མིན་གྱི་ཤེས་པའི་རྣམ་གཞག་མདོ་སྡེ་སྤྱོད་པའི་དབུ་མ་བ་རྣམས་ནི། མདོ་སྡེ་བ་དང་མཐུན་པ་ཤུགས་ཆེ་ལ། རྣལ་འབྱོར་སྤྱོད་པ་རྣམས་ནི། སེམས་ཙམ་པ་དང་མཐུན་པ་ཤས་ཆེའོ། །འདི་གཉིས་ཀས་གང་ཟག་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་རྙེད་པར་འདོད་པས་གང་ཟག་གི་ཡིད་ཀྱི་རྣམ་ཤེས་གང་ཟག་གི་མཚན་གཞི་ཡིན་པར་བཞེད་དོ། །མཚན་ཉིད་གསུམ་འདོད་ཚུལ་ནི་སེམས་ཙམ་པ་དང་མཐུན་ཙམ་ཡིན་ཀྱང་། མཚན་གཞི་ལ་མི་འདྲ་བ་ཡོད་དེ། འདི་བས་བུམ་པ་བདེན་སྟོང་ཡོངས་གྲུབ་ཀྱི་མཚན་ཉིད་པར་འདོད་ཅིང་། ཅིག་ཤོས་ཀྱིས་མི་འདོད་པས་སོ། །མཚན་ཉིད་གསུམ་ནི། བུམ་པ་ལ་སོགས་པའི་འདུས་བྱས་རྣམས་ནི་གཞན་དབང་ཡིན་ལ། དེ་དག་ལ་བདེན་པར་སྒྲོ་བཏགས་པའི་ཆ་ནི་ཀུན་བཏགས་དང་། བཏགས་པ་ལྟར་མ་གྲུབ་པའི་སྟོང་ཉིད་ནི་ཡོངས་གྲུབ་ཏུ་འཇོག་གོ །གཉིས་པ་ལམ་ལ་གཉིས། ལམ་གྱི་སྤང་བྱ་དང་། ལམ་གྱི་རྣམ་གཞག་དངོས་སོ། །གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་རྣམས་གང་ཟག་གི་བདག་འཛིན་དང་། ཉོན་སྒྲིབ་ཡིན་ལ་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ལྟར་ན་གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་དང་། བདེན་འཛིན་རྣམས་ཤེས་སྒྲིབ་ཡིན་ནོ། །དེར་མ་ཟད་ཉོན་མོངས་རྣམས་ཀྱི་ས་བོན་ཐམས་ཅད་ཉོན་སྒྲིབ་ཡིན་ལ། དེའི་བག་ཆགས་དང་བདེན་འཛིན་གྱི་བག་ཆགས་སོགས་ཤེས་སྒྲིབ་བོོ། །གཉིས་པ་ལམ་དངོས་ལ། ཐེག་པ་གསུམ་རང་རང་གི་ལམ་ལ་ཚོགས་ལམ་སོགས་ལྔ་རེ་ཡོད་ལ། མདོ་སྡེ་སྤྱོད་པའི་དབུ་མ་ལྟར་ན། ཉན་རང་གཉིས་ཀས་གཙོ་བོར་ཉོན་སྒྲིབ་སྤོང་བར་མཚུངས་ཤིང་། ཐོབ་བྱ་ཡང་མཆོག་དམན་ཆེར་མེད་ཀྱང་། རྣལ་འབྱོར་སྤྱོད་པའི་དབུ་མ་པས། ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་རྟོགས་པའི་ལམ་གཙོ་བོར་བསྒོམས་ནས་གང་ཟག་གི་བདག་འཛིན་སྤངས་པའི་མྱང་འདས་མངོན་དུ་བྱེད། རང་རྒྱལ་གྱི་རིགས་ཅན་གྱིས་གཟུགས་དང་གཟུགས་འཛིན་པའི་ཚད་མ་རྫས་གཞན་དུ་འཛིན་པའི་རྟོག་པ་སྤང་བྱའི་ཚོ་གཙོ་བོར་བྱས་ནས་སྤོང་བ་དང་དེའི་གཉེན་པོ་བསྒོམས་པས། དེ་འདྲའི་རྟོག་པ་དང་ཉོན་སྒྲིབ་གཉིས་ཀ་སྤངས་པའི་ཐར་བ་མངོན་དུ་བྱེད་པར་འདོད་དོ། །འོན་ཀྱང་འདིས་ཕྱི་རོལ་དོན་འཇིག་རྟེན་གྱི་རྟོག་པ་བདེན་འཛིན་རགས་པར་འདོད་ཀྱང་བདེན་འཛིན་དུ་མི་འདོད་དེ། ཕྱི་རོལ་དོན་གྱིས་སྟོང་བའི་སྟོང་ཉིད་རྟོགས་པས། སྟོང་ཉིད་རྟོགས་པའི་གོ་མི་ཆོད་པར་འདོད་པའི་ཕྱིར་ཏེ། དེ་འདྲའི་སྟོང་ཉིད་དེ་ཆོས་ཀྱི་བདག་མེད་རགས་པ་ཡིན་གྱི། ཆོས་ཀྱི་བདག་མེད་ཕྲ་མོའམ་སྟོང་ཉིད་ཕྲ་མོ་མ་ཡིན་པའི་ཕྱིར་ཞེས་འདོད་དོ། །ལམ་དང་འབྲས་བུའི་རྣམ་གཞག་གཞན་ནི་ཐལ་འགྱུར་བའི་སྐབས་སུ་བཤད་པར་བྱའོ། །གསུམ་པ་འབྲས་བུ་ལ། ཉན་ཐོས་ལ་ཞུགས་གནས་བརྒྱད་ཀྱི་རྣམ་གཞག་བྱེད་ཀྱང་། རང་རྒྱལ་ལ་དེ་མི་བྱེད། མྱང་འདས་ལ་ལྷག་བཅས་སོགས་གསུམ་ལས། ལྷག་བཅས་མྱང་འདས་ནི་སྡུག་བསྔལ་གྱི་ཕུང་བོ་དང་ལྷག་མེད་ནི་དེ་ལས་བཟློག་པར་འདོད་ཅིང་། སངས་རྒྱས་ཀྱི་སའི་མྱང་འདས་རྣམས་མི་གནས་པའི་མྱང་འདས་སོ། །སྟོང་ཉིད་ཕྲ་མོ་རྟོགས་པའི་ལམ་དེ་ཚོགས་གཉིས་རྒྱ་ཆེན་པོས་ཟིན་པའི་སྒོ་ནས་བསྐལ་བ་གྲངས་མེད་གསུམ་སོགས་སུ་ཡུན་རིང་དུ་བསྲིངས་ཏེ་བསྒོམས་པས་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་དོ། །གཉིས་པ་ཐལ་འགྱུར་པའི་ལུགས་ལ་གསུམ། མཚན་ཉིད། སྒྲ་དོན། གྲུབ་མཐའ་འོ། །དང་པོ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུའང་ཞལ་གྱིས་མི་བཞེས་པའི་དབུ་མ་དེ། དབུ་མ་ཐལ་འགྱུར་བའི་མཚན་ཉིད་དོ། །མཚན་གཞི་ནི། སངས་རྒྱས་སྐྱངས་དང་། ཟླ་བ་གྲགས་པ། རྗེ་བླ་མ་ལྟ་བུའོ། །གཉིས་པ་ནི། ཐལ་འགྱུར་གྱི་སྒོ་ནས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པའི་དབུ་མ་པ་ཡིན་པས་ན། དབུ་མ་ཐལ་འགྱུར་བའོ། །གསུམ་པ་གྲུབ་མཐའི་འདོད་ཚུལ་ལ་གསུམ། གཞི། ལམ། འབྲས་བུའི་རྣམ་གཞག་གོ །དང་པོ་ནི། ཤེས་བྱ་ལ་བདེན་པ་གཉིས་དང་། མངོན་ལྐོག་གཉིས་སོགས་འབྱེད་ལ། དོན་དམ་བདེན་པ་དང་། སྟོང་ཉིད་དོན་གཅིག་ཅིང་། དབྱེ་བ་ནི་སྔར་བཞིན་ལ། མཚན་གཞི་ནི། མྱུ་གུ་རང་བཞིན་གྱིས་མེད་པ་ལྟ་བུའོ། །ཀུན་རྫོབ་ལ་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་སུ་མི་འབྱེད་ཀྱང་། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་ལོག་གཉིས་ཀྱི་དབྱེ་བ་འབྱེད་དེ། བྱད་བཞིན་དེ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་དག་དང་། མེ་ལོང་ནང་གི་བྱད་བཞིན་གཟུགས་བརྙན་དེ་ལ་ལྟོས་ཏེ་ལོག་པ་ཡིན་པའི་ཕྱིར་རོ། །དེ་ཡང་དོན་བསྡུས་ན་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་བོ་ཡུལ་དང་བཅས་པ་ནི། ཤེས་ངོ་དེ་ལ་ལྟོས་ཏེ་ཡང་དག་དང་། དེས་བསླད་པའི་དབང་པོ་དྲུག་ཡུལ་དང་བཅས་པ་ནི། དེ་ལ་ལྟོས་ཏེ་ལོག་པ་སྟེ། དཔེར་ན། དུང་དཀར་དཀར་བོར་མཐོང་བའི་དབང་བོ་ཡུལ་དང་བཅས་པ་དང་། དུང་དཀར་སེར་བོར་སྣང་བའི་དབང་བོ་ཡུལ་དང་བཅས་པ་ལྟ་བུའོ། །གཞན་ཡང་འདི་བ་ལ་ཁས་ལེན་ཚུལ་དུ་མ་ཡོད་དེ། རང་བཞིན་གྱིས་སྟོང་བ་རྟེན་འབྲེལ་གྱི་དོན་དུ་མཐོང་ནས། རང་གི་མཚན་ཉིད་གྱི་གྲུབ་པ་ཁས་མི་ལེན་པ་དང་། དེ་བཞིན་དུ་རང་རྒྱུད། རང་རིག །ཀུན་གཞི་ཉོན་ཡིད་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་རྣམས་ཁས་མི་ལེན་ལ། མིང་བརྡས་བཞག་ཙམ་ཕྱི་དོན། བདེན་འཛིན་ཉོན་སྒྲིབ་ཡིན་པ་དང་། བདག་མེད་གཉིས་ལ་ཕྲ་རགས་མི་འབྱེད་པ་དང་། འགོག་བདེན་རྣམས་དོན་དམ་བདེན་པ་དང་། འཕགས་པ་ལ་སྟོང་ཉིད་རྟོགས་མྱོང་གིས་ཁྱབ་པ་དང་། སོ་སྐྱེའི་ཤེས་པ་ཐམས་ཅད་འཁྲུལ་ཤེས་དང་། ཞིག་པ་དངོས་པོར་འདོད་པ་སོགས་དུ་མ་ཡོད་ཅིང་། ཤེས་པའི་རྣམ་གཞག་གཞན་ཕལ་ཆེར་ནི་རང་རྒྱུད་པ་དང་མཐུན་ཙམ་ཡིན་ཀྱང་། དཔྱད་ཤེས་རྣམས་ཚད་མ་དང་། ཡིད་ཀྱི་མངོན་སུམ་དང་རྟོག་པའི་གཞི་མཐུན་ཡོད་པར་འདོད་དོ། །གང་ཟག་རྫས་ཡོད་པ་མི་བཞེད་དེ། གཞི་གྲུབ་ན་བཏགས་ཡོད་ཡིན་པས་ཁྱབ་པར་བཞེད་པའི་ཕྱིར་རོ། །དངོས་པོ་བཞེད་ཀྱང་རང་མཚན་མི་འདོད་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་མི་བཞེད་པའི་ཕྱིར་རོ། །དེ་མི་བཞེད་ཀྱང་མིང་རྐྱང་བཏགས་ཡོད་ཙམ་ལ་བྱ་བྱེད་ཀྱི་རྣམ་གཞག་འཐད་ལྡན་དུ་འཇོག་ཤེས་པས། ཕུང་བོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཞིག་ནི་གང་ཟག་གི་མཚན་གཞིར་བཞེད་དོ། །གང་ཟག་རང་བཞིན་མེད་པ། གང་ཟག་གི་བདག་མེད་ཕྲ་མོ་དང་། ཕུང་བོ་རང་བཞིན་མེད་པ་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་ཀྱི། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བའི་སྟོང་ཉིད། གང་ཟག་གི་བདག་མེད་ཕྲ་མོར་མི་འདོད་དེ། དེ་གང་ཟག་གི་བདག་མེད་རགས་པ་ཡིན་པའི་ཕྱིར། སྐབས་འདིར་འདི་དག་གི་ཁྱད་པར་ཅུང་ཟད་ཙམ་ཞིག་བརྗོད་པར་བྱ་སྟེ། འདི་ལ་གཉིས། རང་བཞིན་མེད་པའི་དོན་དང་། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བའི་དོན་ནོ། །དང་པོ་ནི། རང་རྒྱུད་པས་གང་ཟག་སོགས་ཆོས་རྣམས་མིང་བརྡའ་འམ་རྟོག་པའི་དབང་ཙམ་གྱིས་འཇོག་མི་ནུས་པས། བློ་གནོད་མེད་ལ་སྣང་བའི་དབང་གིས་འཇོག་ལ། དེ་ཡང་གང་ཟག་འཇོག་བྱེད་ཀྱི་བློ་གནོད་མེད་དེས་འཇོག་རྒྱུའི་གང་ཟག་ནི། བློ་དེ་ལ་ལྟོས་མེད་ཀྱི་ཚུལ་གྱིས་དང་བོ་ཉིད་ནས་ཀྱང་རང་གི་ངོས་ནས་གྲུབ་གྲུབ་པ་ཞིག་ལ་འདོད་ཅིང་། དེ་ལྟར་གྲུབ་པ་དེ་གང་ཟག་རང་ངོས་ནས་སམ་རང་བཞིན་གྱིས་གྲུབ་པའི་དོན་ཡིན་ཀྱང་བདེན་པར་གྲུབ་པའི་དོན་ཡིན་པར་མི་འདོད། ཐལ་འགྱུར་བ་ནི་གང་ཟག་དེ་ཁོ་རང་འཇལ་བྱེད་ཀྱི་ཚད་མ་ལ་ལྟོས་མེད་ཀྱིས་དང་པོ་ནས་མ་གྲུབ་པར་གང་ཟག་དང་གང་ཟག་འཇལ་བྱེད་ཀྱི་ཚད་མ་གཉིས་ཕན་ཚུན་བལྟོས་ནས་གྲུབ་པས། འཇོག་བྱེད་མིང་བརྡའམ་རྟོག་པས་བཞག་པ་ལ་མ་བལྟོས་པར་རང་གི་ངོས་ནས་གྲུབ་པ་ཞིག་བྱུང་ན་གང་ཟག་རང་བཞིན་གྱིས་གྲུབ་པ་དང་། རང་ངོས་ནས་གྲུབ་པར་འཇོག་ལ། དེར་མ་གྲུབ་པ་དེ་གང་ཟག་གི་བདག་མེད་ཕྲ་མོར་བཞེད། དེ་བཞིན་དུ་ཆོས་གཞན་ལ་ཡང་རིག་པ་སྦྱོར་ཏེ། ཕུང་བོ་ཞང་བུམ་སོགས་རང་བཞིན་མེད་པ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ནོ། །གཉིས་པ་ནི། རང་སྡེ་གནས་མ་བུ་པས། གང་ཟག་རྟག་གཅིག་རང་དབང་ཅན་གྱི་ཁྱད་པར་གསུམ་པོ་དེས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོར་འདོད་ལ། དེ་ལས་གཞན་པའི་བྱེ་བྲག་སྨྲ་བ་ཕལ་ཆེར་དང་། མདོ་སྡེ་བ། སེམས་ཙམ་པ། རང་རྒྱུད་པ་རྣམས་ཀྱིས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་ཉིད། གང་ཟག་གི་བདག་མེད་ཕྲ་མོར་འདོད་ཅིང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་འཛིན་ཚུལ་དང་གྲུབ་ཚུལ་ནི། རང་བཞིན་གྱིས་གྲུབ་པར་འཛིན་པའི་སྟེང་ནས་གང་ཟག་ནི་རང་གི་ཕུང་བོ་ལ་ཕར་མི་བལྟོས་པའི་དབང་སྒྱུར་བ་པོའི་རྗེ་བོ་ལྟ་བུ་དང་། ཕུང་བོ་རྣམས་གང་ཟག་ལ་ཚུར་བལྟོས་པའི་དབང་བསྒྱུར་བྱའི་ཁོལ་བོོ་ལྟར་འཛིན་པ་ནི། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་འཛིན་ཚུལ་དང་། དེས་བཟུང་བ་ལྟར་གྲུབ་ན་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཇོག་གོ །དེ་ཡང་ཕུང་བོ་ལ་བལྟོས་མེད་དུ་ཡན་གར་བ་ཞིག་བྱུང་ན་རང་རྐྱ་ཐུབ་པ་ཡིན་པས། རང་རྐྱ་ཐུབ་མི་ཐུབ་ནི་གང་ཟག་རང་ལྡོག་ནས་ཡིན་གྱི། གཞི་ལྡོག་ལ་མིན་པའི་འདོད་ཚུལ་ཡོད་དེ། ཡིད་ཀྱི་རྣམ་ཤེས་གང་ཟག་ཏུ་འདོད་པ་རྣམས་ཀྱིས་དེ་རྫས་ཡོད་དུ་འདོད་པའི་ཕྱིར་རོ། །གཉིས་པ་ལམ་གྱི་རྣམ་གཞག་ལ། ལམ་ལྔ་ས་བཅུ་སོགས་མང་ཆེར་ནི་སྔར་དང་འདྲ་ཞིང་། འདིར་གོང་དུ་མ་བཤད་པ་འགའ་ཞིག་ཀྱང་རྒྱས་པར་འཆད་ལ། དབུ་མ་ཐལ་འགྱུར་བ་ཐུན་མོང་མིན་པའི་ཁྱད་པར་ནི་སྔར་བཤད་ཅིང་འཆད་པར་ཡང་བྱེད་དོ། །དེས་ན་ལམ་གྱི་སྤང་བྱ་དང་། ལམ་གྱི་རྣམ་གཞག་དངོས་དང་གཉིས། དང་པོ་ནི། དངོས་པོ་བདེན་པར་འཛིན་པའི་བདེན་འཛིན་སོགས་བདེན་འཛིན་ས་བོན་དང་བཅས་པ་ཉོན་སྒྲིབ་ཡིན་ལ། ཐེག་པ་ཆེ་ཆུང་གི་དགྲ་བཅོམ་པ་ཐམས་ཅད་ཀྱིས་སྤངས་པར་འདོད་པས། རང་རྒྱུད་པ་ལྟར་བདེན་འཛིན་རྣམས་ཤེས་སྒྲིབ་ཏུ་བྱས་ཏེ། མངོན་རྟོགས་རྒྱན་ལས། ས་དགུ་ལ་ནི་ཆེན་པོ་ཡི། ཞེས་སོགས་ཀྱིས་བཤད་པ་ལྟར་བདེན་འཛིན་ཆེ་འབྲིང་ཆུང་ངུ་དགུ་ཐེག་ཆེན་སྒོམ་ལམ་བར་མེད་ལམ་དགུ་བོས་རིམ་གྱིས་སྤོང་བའི་རྣམ་གཞག་རྣམས་མི་བཞེད་དོ། །ཡང་ཐེག་དམན་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བ་རྣམས་ཀྱིས་བདེན་འཛིན་སོགས་ཉོན་སྒྲིབ་ཐམས་ཅད་ཐེག་དམན་ལམ་གྱི་གནས་སྐབས་སུ་སྤངས་ཀྱང་། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་བྱང་སེམས་རྣམས་ཀྱིས་ས་བརྒྱད་པ་ཐོབ་པ་དང་དུས་མཉམ་དུ་སྤངས་པར་འདོད་ལ། ཤེས་སྒྲིབ་ནི། ཉོན་མོངས་དེ་དག་གི་བག་ཆགས་སམ་གཉིས་སྣང་འཁྲུལ་པའི་བག་ཆགས་ལ་བྱས་ནས་དེ་སྤངས་པ་དང་སངས་རྒྱས་པ་དུས་མཉམ་པར་བཞེད་དོ། །རང་རྒྱུད་པ་སོགས་རང་སྡེ་གྲུབ་མཐའ་སྨྲ་བ་ཤེས་སྒྲིབ་ཁས་ལེན་པ་དག་གིས་ཉོན་སྒྲིབ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཡོད་པ་དེ་བཞིན་དུ་ཤེས་སྒྲིབ་ལ་ཡང་དེ་གཉིས་ཡོད་པར་འདོད་ཀྱང་། འདི་བའི་ལུགས་ལ་ཉོན་སྒྲིབ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་སམ། མཐོང་སྤང་། སྒོམ་སྤང་གཉིས་བཞེད་ཀྱང་། ཤེས་སྒྲིབ་ནི་མཐོང་སྤང་ཀུན་བཏགས་མེད་ཅིང་། སྒོམ་སྤངས་དང་ལྷན་སྐྱེས་ཀྱིས་ཁྱབ་པར་འདོད་དོ། །ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཁྱད་པར་ཡང་གྲུབ་མཐས་བློ་ཁ་བསྒྱུར་བ་ལ་མ་ལྟོས་པར་རང་གི་རང་གིས་སྐྱེ་བ་ནི་ལྷན་སྐྱེས་དང་། དེས་བློ་ཁ་བསྒྱུར་བའི་དབང་གིས་བྱུང་བ་ནི་ཀུན་བཏགས་སོ། །གཉིས་པ་ལམ་ལ་གཉིས། སྤྱིར་བསྟན་པ་དང་། ཕྱེ་བ་སོ་སོར་བཤད་པའོ། །དང་པོ་ནི། དེ་ལ་དབྱེ་ན། ཉན་ཐོས་ཀྱི་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སྟེ་ལྔ། དེ་བཞིན་དུ་རང་རྒྱལ། ཐེག་ཆེན་ལ་སྦྱར་བས་ལྔ་གསུམ་བཅོ་ལྔའོ། །དེ་རྣམས་མངོན་དུ་བྱེད་ཚུལ་ཀྱང་། དང་པོར་ཚོགས་ལམ། དེ་ནས་སྦྱོར་མཐོང་། དེ་ནས་སྒོམ་ལམ། དེ་ནས་མི་སློབ་ལམ་མངོན་དུ་བྱེད་པའི་རིམ་པ་ངེས་ལ། ཚོགས་ལམ་ལ་ཡང་། ཚོགས་ལམ་ཆུང་འབྲིང་ཆེ་གསུམ། སྦྱོར་ལམ་ལ་ཡང་སྦྱོར་ལམ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི་མངོན་དུ་བྱེད་པའི་གོ་རིམ་ངེས་སོ། །མཐོང་ལམ་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཡོད་ལ། དེ་ཡང་ཤེས་པ་བརྒྱད་དང་། བཟོད་པ་བརྒྱད་དོ། །ཤེས་པ་བརྒྱད་ནི། སྡུག་བསྔལ་ཆོས་ཤེས། རྗེས་ཤེས་གཉིས། དེ་བཞིན་དུ་ཀུན་འབྱུང་། འགོག་པ། ལམ་གསུམ་སྟེ་བདེན་བཞི་སོ་སོ་ལ་སྦྱོར། བཟོད་པ་བརྒྱད་ནི། སྡུག་བསྔལ་ཆོས་བཟོད། རྗེས་བཟོད་གཉིས། དེ་བཞིན་དུ། ཀུན་འབྱུང་འགོག་པ་ལམ་ལ་ཡང་སྦྱར་རོ། །ཡང་མཐོང་ལམ་ལ་མཉམ་གཞག་ཡེ་ཤེས་དང་། རྗེས་ཐོབ་ཡེ་ཤེས་གཉིས། དང་པོ་ལའང་། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཡོད། བཟོད་པ་བརྒྱད་དང་མཐོང་ལམ་བར་ཆད་མེད་ལམ་དོན་གཅིག་ཅིང་། ཤེས་པ་བརྒྱད་དང་མཐོང་ལམ་རྣམ་གྲོལ་ལམ་དོན་གཅིག་གོ །གཞན་ཡང་ཐེག་པ་ཆེན་པོའི་ལམ་ལ་ས་བཅུ་ཡོད་དེ། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་བ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ནོ། །དེ་ལས་དང་པོའི་ངོ་བོར་གྱུར་པའི་མཐོང་སྒོམ་གྱི་ལམ་གཉིས་ཡོད། མཐོང་ལམ་ནི་སྔར་ལྟར་དང་། དེའི་ངོ་བོར་གྱུར་པའི་སྒོམ་ལམ་ལ་བར་ཆད་མེད་ལམ་ཡོད་པར་འདོད་པ་ནི་མི་མཐུན་པ་ཆེར་མེད་ལ། ས་དེའི་ངོ་བོར་གྱུར་པའི་སྒོམ་ལམ་རྣམ་གྲོལ་ལམ་དང་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཡོད་མེད་མི་མཐུན་ཀྱང་། རྣམ་བཤད་ལྟར་ན་ཡོད་པར་གསལ་ལོ། །ས་བཅུ་བོ་སོ་སོ་ལ་མཉམ་རྗེས་གཉིས་གཉིས་ཡོད་ལ། ས་གཉིས་པ་ནས་བཅུ་པའི་བར་ཐོབ་མ་ཐག་པའི་ཡེ་ཤེས་རྣམས་རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་གཉིས་ཀ་ཡིན་ནོ། །ས་བཅུ་གཅིག་པ་ཀུན་ཏུ་འོད་ནི་སངས་རྒྱས་ཀྱི་ས་ཡིན་ལ། དེ་རྣམ་གྲོལ་ལམ་དུ་འདོད་མི་འདོད་པའི་ཚུལ་གཉིས་སྣང་ངོ་། །གཉིས་པ་ཕྱེ་བ་སོ་སོར་བཤད་པ་ནི། ཐེག་པ་ཆེ་ཆུང་གཉིས་དང་ཐུན་མོང་བའི་ལམ་ནི། མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པའི་ཡང་དག་སྤོང་བ། དེ་བཞིན་དུ་སྐྱེས་ཟིན་སྤོང་བ། དགེ་བ་མ་སྐྱེས་པ་བསྐྱེད་པ། སྐྱེས་ཟིན་སྤེལ་བར་བྱེད་པའི་ཡང་དག་སྤོང་བ་ནི་ཡང་དག་སྤོང་བ་བཞི། འདུན་པའི་རྫུ་འཕྲུལ་གྱི་རྐང་བ་བརྩོན་འགྲུས་ཀྱི་དེ་སེམས་ཀྱི་དེ་དང་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་བ་སྟེ་བཞི། དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ་ཀྱི་དབང་བོ་ལྔ། ཡང་དད་པ་བརྩོན་འགྲུས་དྲན་པ་ཏིང་འཛིན་ཤེས་རབ་ཀྱི་སྟོབས་ཏེ་སྟོབས་ལྔ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཆོས་རབ་ཏུ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དེ་བཞིན་དུ་བརྩོན་འགྲུས། དགའ་བ། ཤིན་དུ་སྦྱངས་པ། ཏིང་འཛིན། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན། ཡང་དག་པའི་ལྟ་བ། ཡང་དག་པའི་རྟོགས་པ། ཡང་དག་པའི་ངག དེའི་ལས་ཀྱི་མཐའ། དེའི་འཚོ་བ། དེའི་རྩོལ་བ། དེའི་དྲན་པ། ཡང་དག་པའི་ཏིང་འཛིན་ཏེ་འཕགས་ལམ་ཡན་ལག་བརྒྱད་དང་བཅས་སོ་བདུན་ནི་ཐེག་ཆེན་པ་ལ་ཡང་ཡོད་པས་དེ་དང་ཐུན་མོང་བའོ། །ཡང་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་ཁྱད་པར་ཅན་བཞི། རྣམ་པར་ཐར་པའི་སྒོ་སྟོང་བ་ཉིད་དང་། མཚན་མེད་དང་། སྨོན་མེད་སྟེ་རྣམ་ཐར་སྒོ་གསུམ། གཟུགས་མེད་དང་པོ་སོགས་གཟུགས་མེད་བཞིའི་རྣམ་ཐར་བཞི། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར། འགོག་པའི་རྣམ་ཐར་ཏེ་རྣམ་ཐར་བརྒྱད། བསམ་གཏན་བཞི་གཟུགས་མེད་བཞི་འགོག་པའི་སྙོམ་འཇུག་སྟེ་སྙོམ་འཇུག་དགུ ། ལྷའི་མིག་གི་མངོན་ཤེས། ལྷའི་རྣ་བའི་དེ། གཞན་སེམས་ཤེས་པའི་དེ། སྔོན་གནས་རྗེས་དྲན་གྱི་དེ། རྫུ་འཕྲུལ་གྱི་དེ། ཟག་ཟད་ཀྱི་མངོན་ཤེས་ཏེ་མངོན་ཤེས་དྲུག །ཤའི་སྤྱན། ལྷའི་དེ། ཤེས་རབ་ཀྱི་དེ། ཆོས་ཀྱི་དེ། སངས་རྒྱས་ཀྱི་སྤྱན་ཏེ་སྤྱན་ལྔ། གཞན་ཡང་བདེན་བཞི་ཤེས་པ་སོགས་ཤེས་པ་བཅུ། ལྷ་རྗེས་སུ་དྲན་པ་སོགས་རྗེས་དྲན་དྲུག །སྦྱིན་སོགས་ཕར་ཕྱིན་དྲུག །ཟད་པར་སའི་སྐྱེ་མཆེད་སོགས་ཟད་པར་བཅུ། ཟིལ་གནོན་བརྒྱད། ཚེ་ལ་དབང་བ་སོགས་དབང་བཅུ། གནས་དང་གནས་མིན་མཁྱེན་པ་སོགས་བཅུ། བར། མི་འཇིགས་པ་བཞི། སོ་སོར་ཡང་དག་པ་རིག་པ་བཞི། མ་འདྲེས་པའི་དྲན་པ་ཉེར་གཞག་གསུམ། བསྲུང་བ་མེད་པ་གསུམ། མ་འདྲེས་པ་བཅོ་བརྒྱད་སོགས། ཉན་རང་བྱང་སེམས་རྣམས་དང་ཐུན་མོང་དང་ཐུན་མོང་མིན་པ་ཅི་རིགས་ཡོད་ཀྱང་སོ་སོ་ཕྱེ་ན་མང་དུ་དོགས་སོ། །གསུམ་པ་འབྲས་བུ་ལ། ཉན་ཐོས་ལ་ཞུགས་གནས་བརྒྱད་ཀྱི་རྣམ་གཞག་ཀྱང་འབྱེད་ལ། མྱང་འདས་ལ་ལྷག་བཅས་ལྷག་མེད་མི་གནས་པའི་མྱང་འདས་གསུམ། ལྷག་བཅས་ལྷག་མེད་ཀྱི་དོན་ནི་རང་རྒྱུད་པ་ལྟར་མི་འཇོག་པར་བདེན་སྣང་གི་ལྷག་མ་དང་བཅས་མ་བཅས་དང་། མྱང་འདས་གཉིས་ཀྱི་ནང་ནས་དང་པོར་ལྷག་མེད་མྱང་འདས་ཐོབ་དགོས་པར་བཞེད། ཐེག་ཆེན་ལ་སྐུ་གསུམ་མཛད་པ་འཕྲིན་ལས་དང་བཅས་པ་རྣམས་འདི་པར་མ་ཟད། རང་རྒྱུད་པ་དང་སེམས་ཙམ་ལས་ཀྱང་ཁས་ལེན་ནོ། །སྐུ་གསུམ་ནི། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་མོ། །ཆོས་སྐུ་ལ་གཉིས་ཏེ། སྤངས་པ་ཆོས་སྐུ་དང་། རྟོགས་པ་ཆོས་སྐུའོ། །དང་པོ་ནི། ངོ་བོ་ཉིད་སྐུ་དང་གཉིས་པ་ནི་ཡེ་ཤེས་ཆོས་སྐུ་སྟེ་རྣམ་མཁྱེན་དང་དོན་གཅིག །ལོངས་སྤྱོད་རྫོགས་པའི་སྐུ་ནི་གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ་སོགས་ངེས་པ་ལྔ་ལྡན་ཡིན་ལ། དེ་ལས་སྐུ་ངེས་པ་ནི། ཕྱག་ཞབས་འཁོར་ལོས་མཚན་པ་སོགས་མཚན་སོ་གཉིས་དང་སེན་མོ་ཟངས་མདོག་སོགས་དཔེ་བྱད་བརྒྱད་བཅུ་མངའ་བ་ཡིན་ནོ། །གསུང་ནི། མཉེམ་འཇམ་སོགས་ཡན་ལག་དྲུག་བཅུ་རྩ་བཞི་དང་། ཐུགས་ནི་ཤེས་བྱའི་རྣམ་པ་ཀུན་མཁྱེན་པ་སྟེ། དེ་ལ་བརྒྱ་དང་བཅུའམ་སྔར་བཤད་པ་བཞིན་ཡོད་ལ། ལྡོག་ཆས་དབྱེ་ན་དཔག་ཏུ་མེད་དོ། །སྤྲུལ་སྐུ་ལ་གསུམ་སྟེ། བཟོ་བ་དང་པི་ཝང་བརྡུང་མཁན་སོགས་སུ་སྤྲུལ་པའི་བཟོ་བོ་སྤྲུལ་སྐུ། ལྷ་མི་ཕལ་པ་ལྟ་བུ་དང་། རི་དྭགས་དང་ལྗོན་ཤིང་གྲུ་ཟམ་སོགས་སུ་སྤྲུལ་བའི་སྐྱེ་བ་སྤྲུལ་སྐུ། འོན་ཀྱང་སྤྲུལ་གཞི་རང་གི་སྐུའི་ཆ་དང་གཞན་ལའང་མཛད་པ་གཉིས་ཀ་ཡོད་པས་ཞིབ་ཆ་དགོས་སོ། །མཛད་པ་བཅུ་གཉིས་ཀྱིས་ཚུལ་སྟོན་པའི་མཆོག་གི་སྤྲུལ་སྐུ་གསུམ། ཕྱི་མ་འདི་ལའང་མཚན་དང་དཔེ་བྱད་ལྡན་པ་དགོས་ཏེ། དཔེར་ན་བདག་ཅག་གི་སྟོན་པ་བཞིན་ནོ། །མཛད་པ་འཕྲིན་ལས་ནི་འབད་མེད་ལྷུན་གྲུབ་ཏུ་འབྱུང་སྟེ། ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་བོ། དཔག་བསམ་གྱི་ཤིང་ལས་རྣམ་རྟོག་དང་འབད་པ་མེད་པར་འདོད་རྒུ་འབྱུང་བ་ལྟར་རོ། །སྐུ་གསུམ་མཛད་པ་དང་བཅས་པ་རྒྱས་པར་ནི། མངོན་རྟོགས་རྒྱན། མདོ་སྡེ་རྒྱན། རྒྱུད་བླ་མ། རིན་ཆེན་འཕྲེང་བ། དབུ་མ་འཇུག་པའི་འགྲེལ་པ་ལས་ཤེས་པར་བྱའོ། །འབྲས་བུ་མངོན་དུ་བྱེད་ཚུལ་ནི། གཞི་དུས་སུ་བདེན་གཉིས་ཀྱི་རྣམ་གཞག་ཤེས་པའི་སྒོ་ནས་ལམ་དུས་སུ་ཚོགས་གཉིས་ཟུང་འབྲེལ་དུ་ཉམས་སུ་བླངས་ནས་འབྲས་དུས་སུ་ཆོས་གཟུགས་ཀྱི་སྐུ་གཉིས་ཟུང་འཇུག་ཏུ་ཐོབ་པར་བཞེད་དོ། །སྨྲས་པ། དེ་ལྟར་ཐུན་མོང་གྲུབ་མཐའི་རྒྱ་མཚོ་ལས། །ཆ་ཤས་ཟེག་མ་ཙམ་ཞིག་བཀོད་པ་འདི། །རྨ་བྱའི་མདོངས་ཀྱི་ཁ་དོག་སྣ་ཚོགས་ལྟར། །ལེགས་པའི་ཆ་བསགས་དུ་མས་རྣམ་པར་བཀྲ། །ཤིན་དུ་བསྡུས་ན་བརྗོད་དོན་མི་རྫོགས་ཤིང་། །སྤྲོས་ན་ཚིག་ཚོགས་རྒྱ་ཆེར་འགྱུར་བ་དང་། །བློ་དམན་འཇུག་པར་དཀའ་བར་ལེགས་མཐོང་ནས། །ཇི་ལྟར་འཚམ་པར་གོ་སླའི་ངག་གིས་སྨྲས། །ཚུལ་འདི་མཁས་པའི་བཤད་སྲོལ་དུ་མ་དང་། །འབྲེལ་བར་དཔྱད་ཅིང་གདེང་ལྡན་བཀོད་པས་ན། །ཉེས་པར་བརྗོད་པའི་དྲི་མ་ཆེར་མེད་ཀྱང་། །འཁྲུལ་གང་འཕགས་དང་མཁས་པའི་སྤྱན་སྔར་འཆགས། །ལེགས་པར་བཤད་ལས་ཐོབ་པའི་དགེ་བ་ནི། །གངས་རིའི་ཏོག་ལྟར་གང་ཞིག་མཆིས་པ་དེ། །འགྲོ་བློའི་ཡིད་ཀྱི་མུན་པ་སེལ་བ་དང་། །ཀུན་མཁྱེན་ཡེ་ཤེས་འགྲུབ་པའི་རྒྱུར་བསྔོའོ། །ཅེས་གྲུབ་མཐའ་ཀུན་གྱི་སྙིང་བོའི་དོན་བསྡུས་པ་བློ་གསལ་འཇུག་པའི་ཁང་བཟང་ཞེས་བྱ་བ་འདི་ནི་མདོ་སྔགས་ཀྱི་གཞུང་དང་མན་ངག་དུ་མ་ལ་མཁྱེན་རབ་ཡངས་པའི་གནས་བརྟན་རྒྱལ་མཚན་དཔལ་བཟང་བོ་ཞེས་བགྱི་བས། འདི་ལྟ་བུ་ཞིག་གྱིས་དང་ཁོ་བོས་མཐུན་རྐྱེན་མཐའ་དག་སྦྱར་ནས་བར་དུ་བསྒྲུབ་པོ་ཞེས་བསྐུལ་བ་ལ་བརྟེན་ནས། གྲུབ་མཐའི་ཁྱད་པར་དུ་མ་རིག་པ་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས། ཅོ་ནེའི་གཟིམ་ཁང་ནང་ཉིད་དུ་ཉེ་བར་སྦྱར་བའོ།། །།

གྲུབ་མཐའ་བཞིའི་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་གཞག་ལེགས་པར་བཤད་པའི་སྙིང་པོ།

གྲུབ་མཐའ་བཞིའི་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་གཞག་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་ཨཱཪྱ་མཉྫུ་ཤྲཱི་ཡེ། །ཐུབ་པའི་ཞིང་འདིར་ཐུབ་དབང་ཉིད་འདས་ནས། །ཐུབ་བསྟན་འཛིན་ལ་ཐུབ་དབང་ཇི་བཞིན་ཞེས། །ཐུབ་པའི་རྒྱལ་ཚབ་ཐུབ་དབང་བྱམས་མགོན་གྱིས། །ཐུབ་ཆེན་ལྟར་བསྔགས་ཐུབ་དབང་གཉིས་པར་འདུད། །དེ་ལ་འདིར་བདེན་པ་གཉིས་ཀྱི་རྣམ་གཞག་འཆད་པ་ལ་འཇུག་པར་བྱ་སྟེ། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱིས་ཀྱང་བདེན་གཉིས་ཀྱི་རྣམ་གཞག་ལས་བརྩམས་ཏེ་སྟོན་པའི་ཕྱིར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་པའི་ཕྱིར་རོ། །བདེན་གཉིས་ཀྱི་རྣམ་གཞག་སྤྱི་དང་། ཁྱད་པར་དབུ་མ་པའི་ལུགས་བདེན་གཉིས་ཀྱི་རྣམ་གཞག་ལེགས་པར་ཤེས་དགོས་ཏེ། དེ་ཤེས་ན་ཕན་ཡོན་དང་། མ་ཤེས་ན་ནི་ཉེས་དམིགས་ཀྱི་གནས་སུ་འགྱུར་བའི་ཕྱིར་ཏེ། རྩ་བ་ཤེས་རབ་ལས། གང་དག་བདེན་པ་རྣམ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་དང་། དཔལ་ལྡན་ཟླ་བས་ཀྱང་། དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་བ་འགྲུབ་ཡོད་མིན། །ཐ་སྙད་བདེན་པ་ཐབས་སུ་གྱུར་བ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་འདི་འཆད་པ་ལ་གཉིས། གྲུབ་མཐའ་འོག་མ་གསུམ་གྱི་ལུགས་མདོར་བསྟན་པ་དང་། དབུ་མ་བའི་ལུགས་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པའི་ལུགས་བཤད་པའོ། །དང་པོ་ནི། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་བཤད་པ་ལྟར་ཏེ། དེ་ཡང་། བཅོམ་པའམ་བློས་གཞིགས་པ་ན་དེ་འཛིན་གྱི་བློ་དོན་མཐུན་འདོར་དུ་རུང་བའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནིི་བུམ་པ་དང་བུམ་ནང་གི་ཆུ་ལྟ་བུ་སྟེ། བུམ་པ་ནི་རྡུལ་དུ་བཅོམ་པ་ན་བུམ་པའི་བློ་མི་འཇུག་ལ། ཆུ་ནི་བློས་རྡུལ་རྫས་ཀྱི་ཆོས་གཞན་བསལ་བ་ན་ཆུའི་བློ་མི་འཇུག་པ་ལྟ་བུ་སྟེ། ཀ་བ་སོགས་ལའང་མཚོན་ནོ། །བཅོམ་པའམ་བློས་གཞིགས་པ་ན་དེ་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས། དོན་དམ་བདེན་པའི་མཚན་ཉིད། དེའི་མཚན་གཞི་ནི། གཟུགས་དང་། རྡུལ་ཕྲ་རབ་དང་། འདུས་མ་བྱས་ལྟ་བུ་སྟེ། གཟུགས་དེ་རྡུལ་དུ་བཤིགས་ཀྱང་གཟུགས་ཀྱི་བློ་མི་འདོར་ལ། རྡུལ་ཕྲ་རབ་ནི་དེ་ལས་བཤིག་ཏུ་མེད་ཅིང་། འདུས་མ་བྱས་ཅི་ཙམ་བློས་གཞིགས་ཀྱང་དེ་ལས་མ་འདས་པས་སོ། །གཉིས་པ་མདོ་སྡེ་པའི་ལུགས་ནི། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་གསུངས་པ་ལྟར་ཏེ། དོན་དམ་པར་དོན་བྱེད་ནུས་པའི་ཆོས། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི། བུམ་པ་དང་ཀ་བ་སོགས་ལྟ་བུ་སྟེ། ལུགས་འདིར་དོན་དམ་བདེན་པ། མི་རྟག་པ། དངོས་པོ། འདུས་བྱས། རང་མཚན་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །ངེས་ན་འདི་པས་ཕན་གནོད་སོགས་ཀྱི་དོན་བྱེད་ནུས་པ་ཞིག་དོན་དམ་བདེན་པར་འདོད་དེ། དེ་ཡང་དངོས་པོ་རྣམས་བདེན་གྲུབ་ཏུ་འདོད་པའི་དབང་གིས་ཡིན་ནོ། །དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། ནམ་མཁའ་དང་། ཆོས་གང་ཡིན་ཀྱང་དེ་དང་གཅིག་དང་ཐ་དད་སོགས་ཀུན་བཏགས་ཀྱི་རིགས་རྣམས་ལྟ་བུ་སྟེ། ཀུན་རྫོབ་བདེན་པ། རྟག་པ། དངོས་མེད་ཀྱི་ཆོས། འདུས་མ་བྱས། སྤྱི་མཚན་རྣམས་དོན་གཅིག་ཅིང་། ལུགས་འདིར་འདུས་བྱས་མ་ཡིན་པའི་ཆོས་ཐམས་ཅད་ཀུན་རྫོབ་བདེན་པ་ཡིན་པས། སྟོང་ཉིད་ཀྱང་ཀུན་རྫོབ་བདེན་པའོ། །གསུམ་པ་སེམས་ཙམ་པའི་ལུགས་ལ་ནི། བདེན་གཉིས་སོ་སོའི་མཚན་ཉིད། དབྱེ་བ་སོགས་ཕལ་ཆེར་རང་རྒྱུད་པ་དང་མཐུན་ཀྱང་། མཚན་གཞི་ལ་མི་མཐུན་པ་ཡོད་དེ། སེམས་ཙམ་པས། གཟུགས་ཕྱི་རོལ་དོན་གྱིས་སྟོང་བ་དང་། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ། དོན་དམ་བདེན་པའི་མཚན་གཞིར་འདོད་ལ། རང་རྒྱུད་པས་ནི་དེ་ལྟར་མི་བཞེད་དོ། །གཞན་ཡང་། འདི་བས་དོན་དམ་བདེན་པ་ཐམས་ཅད་བདེན་གྲུབ་ཏུ་འདོད་པ་ཡིན་ཏེ། དེས་ཡོངས་གྲུབ་དང་གཞན་དབང་གང་རུང་ཡིན་ན། བདེན་གྲུབ་ཡིན་པས་ཁྱབ་ཅེས་བཞེད་པའི་ཕྱིར་ཏེ། ཡོངས་གྲུབ་རྣམས་ནི་གནས་ལུགས་མཐར་ཐུག་ཡིན་པས་ན་བདེན་གྲུབ་དང་། གཞན་དབང་རྣམས་ཀྱིས་རང་གི་འབྲས་བུ་བསྐྱེད་པའི་དོན་བྱེད་ནུས་པས་ན་བདེན་གྲུབ་ཏུ་བཞེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས། རང་རྒྱུད་པའི་ལུགས་མདོར་བསྟན་པ་དང་། ཐལ་འགྱུར་བའི་ལུགས་རྒྱས་པར་བཤད་པའོ། །དང་པོ་ལ། རང་རྒྱུད་པའི་སྐབས་འདིར་བདེན་གཉིས་སོ་སོའི་མཚན་ཉིད། མཚན་གཞི་དབྱེ་བ་སོགས་ཕལ་ཆེར་ཐལ་འགྱུར་བའི་སྐབས་དང་འདྲ་བས་དེར་འཆད་པ་བཞིན་ཤེས་པར་བྱ་ལ། རྣམ་པ་གཅིག་ཏུ་ན། ཁྱོད་གང་གིས་རྙེད་པའི་ཚད་མ་ཁྱོད་ལ་ལྟོས་ཏེ་མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མར་སོང་བ། ཁྱོད་དོན་དམ་བདེན་པ་ཡིན་པའི་མཚན་ཉིད། ཁྱོད་གང་གིས་རྙེད་པའི་ཚད་མ་ཁྱོད་ལ་ལྟོས་ཏེ་ཐ་སྙད་དཔྱོད་པའི་རིག་ཤེས་ཚད་མར་སོང་བ། ཁྱོད་ཀུན་རྫོབ་བདེན་པ་ཡིན་པའི་མཚན་ཉིད། མཚན་གཞི་ལ་མི་འདྲ་བའི་ཁྱད་པར་ཡོད་དེ། འདི་བས་གཟུགས་སོགས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་དུ་གྲུབ་པ་དེ། ཀུན་རྫོབ་བདེན་པའི་མཚན་གཞི་དང་། དེའི་དབང་གིས་བཞག་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་མ་གྲུབ་པ་དེ། དོན་དམ་བདེན་པའི་མཚན་གཞིར་འདོད་ལ། ཐལ་འགྱུར་བས་ནི། དེ་ཙམ་མ་ཡིན་པར་འདོད་པའི་ཕྱིར་རོ། །གཞན་ཡང་རང་རྒྱུད་པས་ཀུན་རྫོབ་ལ་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་ཀྱི་ཐ་སྙད་བྱེད་པ་ཡིན་ཏེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་། རང་ཉིད་གཙོ་བོར་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་དེ་སྣང་བ་ལྟར་གྲུབ་པའི་ཀུན་རྫོབ། ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་ནི་ཆུ་དང་ཀ་བུམ་ལྟ་བུ་དང་། འདུས་མ་བྱས་དང་། ཤེས་པ་རྣམས་དང་། ཁ་དོག་ཐམས་ཅད་ལྟ་བུའོ། །རང་ཉིད་གཙོ་བོར་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པ། ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་ནི། སྨིག་རྒྱུའི་ཆུ་དང་། མེ་ལོང་གི་གཟུགས་བརྙན་དང་། སྒྱུ་མའི་རྟ་གླང་དང་། རྨི་ལམ་གྱི་མི་ལྟ་བུའོ། །ལོག་པའི་ཀུན་རྫོབ་ཡིན་ན། ཡོད་མི་དགོས་ཏེ། རི་བོང་གི་རྭ་དང་། གང་ཟག་གི་བདག་དང་། བདེན་གྲུབ་སོགས་ཀྱང་དེ་ཡིན་པའི་ཕྱིར་རོ། །དེ་དག་གི་སྒྲུབ་བྱེད་ནི། ཆུ་དེ་ཡང་དག་ཀུན་རྫོབ་ཡིན་ཏེ། དེ་རང་འཛིན་ཤེས་པ་ལ་ཆུར་སྣང་ཞིང་སྣང་བ་ལྟར་ཆུར་གྲུབ་པའི་ཀུན་རྫོབ་ཡིན་པའི་ཕྱིར། སྨིག་རྒྱུའི་ཆུ་དེ། ལོག་པའི་ཀུན་རྫོབ་ཡིན་ཏེ། དེ་རང་འཛིན་ཤེས་པ་ལ་ཆུར་སྣང་ཡང་ཆུ་ཉིད་དུ་མ་གྲུབ་པའི་ཀུན་རྫོབ་ཡིན་པའི་ཕྱིར། དེ་ལྟར་ཡང་། བདེན་གཉིས་རང་འགྲེལ་ལས། ཤེས་པ་ལ་གསལ་བའི་རྣམ་པ་ཅན་དུ་སྣང་བ་འདྲ་ཡང་དོན་དེ་ལ་སླུ་བ་དང་མི་སླུ་བར་ཤེས་པར་བྱས་ནས། ཆུ་དང་སྨིག་རྒྱུ་ལ་སོགས་པ་འདི་དག་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྟོགས་སོ། །ཞེས་གསུངས་པའི་ཕྱིར་རོ། །འདི་པས་ཡང་དག་ཀུན་རྫོབ་བཞེད་པ་ནི། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་སྒྲ་སོགས་འཛིན་པའི་དབང་བོའི་མངོན་སུམ་རྣམས་རང་གི་སྣང་ཡུལ་ལ་མ་འཁྲུལ་བར་འདོད་པའི་དབང་གིས་ཡིན་ལ། ཐལ་འགྱུར་བས་ནི། ཤེས་པ་དེ་རྣམས་རང་གི་སྣང་ཡུལ་ལ་འཁྲུལ་བར་འདོད་པའི་ཕྱིར་ཡང་དག་ཀུན་རྫོབ་མི་བཞེད་དོ། །རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་མི་འདོད་ཀྱང་དེ་ལ་ཐུག་པ་ཡིན་ཏེ། ཕྲ་ཞིང་རྟོགས་པར་དཀའ་བའི་གནས་ཡིན་ནོ། །འདི་པས་ནི་གཟུགས་སོགས་རང་བཞིན་གྱིས་གྲུབ་པར་བཞེད་པས། དེ་དག་རང་བཞིན་གྱིས་མ་གྲུབ་པ། རང་གི་མཚན་ཉིད་གྱིས་མ་གྲུབ་པ། རང་ངོས་ནས་མ་གྲུབ་པ་གསུམ་ནི་དོན་དམ་བདེན་པར་མི་འདོད་ཀྱང་། ཐལ་འགྱུར་བས་ནི་དེ་གསུམ་དང་། ཡང་དག་པར་མ་གྲུབ་པ། བདེན་པར་ལ་གྲུབ་པ། །དོན་དམ་པར་མ་གྲུབ་པ་རྣམས་དོན་གཅིག་ཡིན་པར་བཞེད་ཅིང་། གཉིས་ཀས་ཀྱང་སྟོང་ཉིད་དང་དོན་དམ་བདེན་པ་གཉིས་དོན་གཅིག་ཏུ་འདོད་པ་ནི་འདྲའོ། །གཉིས་པ་ཐལ་འགྱུར་བའི་ལུགས་རྒྱས་པར་བཤད་པ་ལ་དྲུག །བདེན་གཉིས་ཀྱི་དབྱེ་བ་གྲངས་ངེས་དང་བཅས་པ། ཕྱེ་བ་སོ་སོའི་དོན། སྒྲ་བཤད། ངོ་བོ་གཅིག་དང་ཐ་དད་གང་ཡིན། གཟིགས་ཚུལ། འཕྲོས་དང་བཅས་པ་དང་དགོས་པའོ། །དང་པོ་ནི། ཤེས་བྱ་དེ་བདེན་པ་གཉིས་ཀྱི་དབྱེ་གཞི་དང་། དེ་ལ་བདེན་པ་གཉིས་སུ་དབྱེ་བར་བྱ་སྟེ། ཡབ་སྲས་མཇལ་བའི་མདོ་ལས། དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ལའང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད། ཅེས་གསུངས་པའི་ཕྱིར། དེས་བདེན་གཉིས་མཁྱེན་ཚུལ་དབྱེ་གཞི་དབྱེ་བ་གྲངས་ངེས་བཞི་བསྟན་པ་ཡིན་ཏེ། སྔ་མས་བདེན་གཉིས་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པར་བསྟན་ནས། ཤེས་པར་བྱ་བ་ཡང་ཞེས་པས་དབྱེ་གཞི་དང་། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཞེས་པས་དབྱེ་བ་དང་། འདིར་ཟད་ཅེས་པས་གྲངས་ངེས་བསྟན་པའི་ཕྱིར་རོ། །ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། དེ་ལ་བདེན་བརྫུན་གཉིས་སུ་གྲངས་ངེས་པ་གང་ཞིག །གཞི་གཅིག་གི་སྟེང་དུ་བདེན་པ་རྣམ་བཅད་ལ་ཁེགས་ན། བརྫུན་པ་ཡིན་པ་ཡོངས་གཅོད་ལ་འགྲུབ། བརྫུན་པ་ཡིན་པ་ཡོངས་གཅོད་ལ་གྲུབ་ན་བདེན་པ་རྣམ་བཅད་ལ་ཁེགས་དགོས་པའི་ཕྱིར་ཏེ། དེ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། དེ་ལྟར་ཡང་། དབུ་མ་སྣང་བ་ལས། གང་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཆོས་དག་ནི་ཅིག་ཤོས་དགག་པ་གཞན་སྒྲུབ་པ་མེད་ན་མེད་པའི་ཕྱིར། གཉིས་ཀ་མ་ཡིན་པའི་ཕྱོགས་སུ་གཏོགས་པ་ནི་རིགས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཤེས་བྱ་ལ་བདེན་པ་གཉིས་སུ་གྲངས་ངེས་པ་ལུང་གིས་ཀྱང་འགྲུབ་སྟེ། མདོ་ལས། ཐམས་ཅད་མཁྱེན་པས་གཞན་ལ་མ་བརྟེན་པར། །བདེན་པ་གཉིས་ནི་ཉིད་ཀྱིས་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་ནམ་ཡང་མ་མཆིས་སོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཕྱེ་བ་སོ་སོའི་དོན་ནི། འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡི། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་བཤད་པ་ལྟར། ཆོས་ཐམས་ཅད་ཀྱི་སྟེང་དུ་རང་བཞིན་གྱིས་མེད་པ་དོན་དམ་པའི་ངོ་བོ་དང་། ཐ་སྙད་དུ་ཡོད་པ་ཀུན་རྫོབ་པའི་ངོ་བོ་གཉིས་གཉིས་ཡོད་པ་ཡིན་ཏེ། དེ་རྣམས་ཀྱི་སྟེང་དུ་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་བཏགས་དོན་བཙལ་ནས་མི་རྙེད་པ་དོན་དམ་པའི་ངོ་བོ་དང་། བཏགས་དོན་མ་བཙལ་བར་ཐ་སྙད་དུ་ཡོད་པ་ཀུན་རྫོབ་པའི་ངོ་བོ་གཉིས་གཉིས་ཡོད་པའི་ཕྱིར་རོ། །དེའི་མཚན་ཉིད་ལ་ཅུང་ཟད་མི་འདྲ་བ་ཡོད་ནའང་འདིར་དོན་གཙོ་ཆེ་བར་རང་ཉིད་མཇལ་པའི་མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མའི་རྙེད་དོན། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི། མྱུ་གུ་རང་བཞིན་གྱིས་མེད་པ་ལྟ་བུ། མཐར་ཐུག་དཔྱོད་པའི་ཚད་མ་ནི། ཡང་དག་མཐོང་ཡུལ་ཞེས་གསུངས་པ་ལྟར། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཡིན་ལ། དེ་ཡང་གཟུགས་སོགས་ཀྱི་དོན་དམ་པའི་གནས་ལུགས་མཐོང་བའི་ཚད་མ་ཞིག་ལ་བྱེད་པ་སྟེ། འོན་ཀྱང་སངས་རྒྱས་འཕགས་པའི་རྒྱུད་ཀྱི་དོན་དམ་དཔྱོད་པའི་ཚད་མའི་རྙེད་དོན་ལ། སྤྱིར་དོན་དམ་དཔྱོད་པའི་ཚད་མའི་རྙེད་དོན་ཡིན་པས་མ་ཁྱབ་ཅེས་བྱས་ན་བདེའོ། །དོན་དམ་བདེན་པ་ངོ་བོའི་སྒོ་ནས་སམ། སྟོང་གཞིའི་སྒོ་ནས་དབྱེ་ན། གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་མེད་ཕྲ་མོ་གཉིས་སམ། ནང་སྟོང་བ་ཉིད་ལ་སོགས་པ་སྟོང་ཉིད་བཅུ་དྲུག སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རྣམ་གྲངས་པའི་དོན་དམ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་གཉིས། དང་པོ་ལ། མཐུན་པའི་ཡུལ་དང་། ཡུལ་ཅན་དོན་དམ་བདེན་པ་གཉིས། དང་པོ་ནི། མྱུ་གུ་བདེན་སྟོང་སྒྱུ་མ་བཞིན་དུ་སྣང་བའི་ཆ་ལྟ་བུ། གཉིས་པ་ནི། དེ་རྟོགས་པའི་རྗེས་དཔག་ཚད་མ་ལྟ་བུ་སྟེ། འདི་གཉིས་ལ་དོན་དམ་བདེན་པ་ཞེས་བཏགས་པ་ཙམ་མ་གཏོགས། དེ་དངོས་ནི་མིན་ནོ། །རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ལ་ཡང་སྒྲས་བརྗོད་ཚུལ་གྱིས་དབྱེ་ན། ཡུལ་དོན་དམ་བདེན་པ་དང་། ཡུལ་ཅན་དོན་དམ་བདེན་པ་གཉིས། དང་པོ་ནི། སྟོང་ཉིད་ལྟ་བུ་སྟེ། དོན་དམ་བདེན་པ། ཇི་ལྟ་བ། སྟོང་ཉིད། ཡོངས་གྲུབ། ཡང་དག་མཐའ། ཆོས་དབྱིངས་རྣམས་དོན་གཅིག །གཉིས་པ་ནི། སློབ་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལྟ་བུ་སྟེ། འདི་རྣམ་གྲངས་མ་ཡིན་པའི་དོན་དམ་དངོས་ཡིན་ཞེས་ཁ་ཅིག་བཞེད་ཀྱང་། དོན་དམ་དངོས་ནི་མིན་ནོ། །ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། མྱུ་གུ་ལྟ་བུ། ཐ་སྙད་དཔྱོད་པའི་ཚད་མ་ནི། མཐོང་བ་བརྫུན་པ་ཞེས་འབྱུང་བ་ལྟར། ཀུན་རྫོབ་དཔྱོད་བྱེད་ཚད་མ་ཡིན་ལ། དེ་ནི་གཟུགས་སོགས་ཀུན་རྫོབ་བརྫུན་པའི་ངོ་བོ་མཐོང་བའི་ཚད་མ་ཞིག་ལ་བྱེད་པ་སྟེ། འོན་ཀྱང་འཕགས་པའི་རྒྱུད་ཀྱི་ཐ་སྙད་དཔྱོད་པའི་ཚད་མའི་རྙེད་དོན་ལ། སྤྱིར་ཐ་སྙད་དཔྱོད་པའི་ཚད་མའི་རྙེད་དོན་ཡིན་པས་མ་ཁྱབ་ཅེས་བྱའོ། །ཀུན་རྫོབ་བདེན་པ། ཇི་སྙེད་པ། ཐ་སྙད་བདེན་པ་རྣམས་དོན་གཅིག་ཅིང་། དོན་དམ་བདེན་པ་ལས་གཞན་པའི་ཆོས་ཡིན་ན། ཀུན་རྫོབ་བདེན་པ་ཡིན་པས་ཁྱབ་སྟེ། བདེན་གཉིས་གང་རུང་མ་ཡིན་པའི་ཕུང་གསུམ་པ་མེད་པའི་ཕྱིར་རོ། །ལུགས་འདིར་སྤྱིར་ཀུན་རྫོབ་ལ་ཡང་ལོག་གཉིས་ཀྱི་དབྱེ་བ་མི་བྱེད་ཀྱང་། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཀུན་རྫོབ་ལ་ཡང་ལོག་གཉིས་ཀྱི་དབྱེ་བ་བྱེད་པ་ཡིན་ཏེ། འཇུག་པ་ལས། མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། དབང་བོ་གསལ་དང་དབང་བོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། དབང་བོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །གནོད་པ་མེད་པའི་དབང་བོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་གསུངས་པ་ལྟར། ཡུལ་ཅན་གྱི་བློ་ཕུགས་ཀྱི་འཁྲུལ་རྒྱུ་མ་རིག་པས་བསླད་པར་མཚུངས་ཀྱང་། འཕྲལ་གྱི་འཁྲུལ་རྒྱུས་བསླད་མ་བསླད་ཀྱི་དབང་གིས་ཡིན་ཏེ། དེ་ཡང་རབ་རིབ་ལ་སོགས་པ་འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་མིག་སོགས་དབང་བོ་དྲུག་གི་ཤེས་པ་རང་གི་ཡུལ་དང་བཅས་པ་རྣམས་ནི། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ལོག་པ་དང་། དེས་མ་བསླད་པའི་དབང་བོའི་ཤེས་པ་ཡུལ་དང་བཅས་པ་རྣམས་ནི། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་དག་ཏུ་འཇོག་པའི་ཕྱིར་རོ། །དེ་ཉིད་ཀྱང་འཇིག་རྟེན་རང་དགའ་བས་ཡུལ་ཅན་གྱི་ཤེས་པ་དེ་འཁྲུལ་ཤེས་སུ་རྟོགས་ནུས་མི་ནུས་ཀྱི་དབང་གིས་ཡིན་ཏེ། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡུལ་ཅན་ལོག་པ་རྣམས་ནི། རང་གི་སྣང་ཡུལ་ལ་འཁྲུལ་བར་འཇིག་རྟེན་རང་དགའ་བས་རྟོགས་ནུས། དེ་ལ་ལྟོས་པའི་ཡུལ་ཅན་ཡང་དག་རྣམས་ནི། རང་གི་སྣང་ཡུལ་ལ་འཁྲུལ་བར་རང་དགའ་བས་རྟོགས་མི་ནུས་པའི་ཕྱིར་ཏེ། བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་འཛིན་པའི་བློ་ལྟ་བུ་ནི། དེས་རང་གི་སྣང་ཡུལ་ལ་འཁྲུལ་བར་རྟོགས་ནུས་ཀྱང་། བྱད་བཞིན་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་ལྟ་བུ་ནི། དེས་རང་གི་སྣང་ཡུལ་ལ་འཁྲུལ་པར་རྟོགས་མི་ནུས་པའི་ཕྱིར་རོ། །འཕྲལ་ཕུགས་ཀྱི་འཁྲུལ་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཡོད་དེ་གཉིས་སྣང་འཁྲུལ་བའི་བག་ཆགས་ཀྱིས་བསླད་པའི་བདེན་འཛིན་ལྷན་སྐྱེས་རྣམས་ནི་ཕུགས་ཀྱི་འཁྲུལ་བ་ཡིན་ལ། རབ་རིབ། མིག་སེར། ཐང་ཁྲོམ་ཟོས་པ། དཔྱིད་དུས་ཉི་མའི་འོད་ཟེར་དང་ཉེ་བའི་བྱེ་མ་སྐྱ་བོ། སྒྱུ་མ་བྱས་པ། གཉིད་ལོག་པ། གྲུབ་མཐའ་ངན་པ་དང་། གཏན་ཚིགས་ལྟར་སྣང་སོགས་འཕྲལ་གྱི་འཁྲུལ་རྒྱུའི་རྐྱེན་གྱིས་བསླད་པའི་ཤེས་པ་རྣམས་ནི་འཕྲལ་གྱི་འཁྲུལ་ཤེས་ཡིན་པའི་ཕྱིར་ཏེ། རྐྱེན་དེ་རྣམས་ཀྱི་དབང་གིས་ཤེས་པ་དེ་དག་རང་གི་སྣང་ཡུལ་དང་ཞེན་ཡུལ་གང་རུང་ལ་འཁྲུལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་ལོག་གཉིས་སུ་བཞག་པ་དེ་ནི་འཇིག་རྟེན་རང་དགའ་བ་རྣམས་ཀྱིས་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པར་རྟོགས་ནུས་མི་ནུས་ཀྱི་དབང་གིས་ཡིན་ཏེ། ཀ་བུམ་དང་མྱུ་གུ་སོགས་ཡུལ་དང་དེ་འཛིན་པའི་ཡུལ་ཅན་ཤེས་པ་དང་བཅས་པ་ནི་འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་དག་ཏུ་འཇོག་པ་ཡིན་ལ། དེ་རྣམས་སྟོང་ཉིད་རྟོགས་པ་ལ་མ་ལྟོས་པར་འཇིག་རྟེན་རང་དགའ་བས་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པར་རྟོགས་མི་ནུས། སྨིག་རྒྱུའི་ཆུ་དང་མེ་ལོང་གི་གཟུགས་བརྙན་དང་རྨི་ལམ་གྱི་མི་སོགས་ཡུལ་དང་དེ་འཛིན་པའི་ཡུལ་ཅན་ཤེས་པ་དང་བཅས་པ་ནི་འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ལོག་པར་བཞག་ཅིང་། དེ་རྣམས་སྟོང་ཉིད་རྟོགས་པ་ལ་མ་ལྟོས་པར་འཇིག་རྟེན་རང་དགའ་བས་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པར་རྟོགས་ནུས་པའི་ཕྱིར་ཏེ། འཇིག་རྟེན་རང་དགའ་བས་རང་ལ་ལྟོས་པའི་ཡང་དག་མྱུ་གུ་བདེན་པར་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པར་རྟོགས་མི་ནུས་ལ། རང་ལ་ལྟོས་པའི་ལོག་པ་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པར་རྟོགས་ནུས་པའི་ཕྱིར་རོ། །འོན་ཀྱང་འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ལོག་པ་ཡིན་ན། ཐ་སྙད་པའི་ཚད་མས་སྣང་བ་ལྟར་མ་གྲུབ་པར་རྟོགས་ནུས་པ་ཞིག་དགོས་ཀྱི། འཇིག་རྟེན་རང་དགའ་བས་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པར་རྟོགས་ནུས་པས་མ་ཁྱབ་སྟེ། གྲུབ་མཐའ་ངན་པས་བསླད་པའི་བདག་འཛིན་ཀུན་བཏགས་ཞེན་ཡུལ་དང་བཅས་པ་ནི། དེ་ལ་ལྟོས་པའི་ལོག་པ་ཡིན་ཀྱང་འཇིག་རྟེན་རང་དགའ་བས་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པར་རྟོགས་མི་ནུས་པའི་ཕྱིར་རོ། །འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡུལ་ཡང་དག་དང་ལོག་པ་གང་རུང་ཡིན་ན། ཡོད་མི་དགོས་ཏེ། བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་བདེན་གྲུབ་ནི། དེ་ལ་ལྟོས་པའི་ཡང་དག་དང་། སྒྲ་རྟག་པ་དང་གཟུགས་བརྙན་བྱད་བཞིན་ཡིན་པ་ནི། དེ་ལ་ལྟོས་པའི་ལོག་པ་ཡིན་ཡང་མེད་པའི་ཕྱིར་རོ། །འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡུལ་ཅན་ཡང་དག་དང་དེ་ལོག་པ་གང་ཡིན་ཀྱང་ཡོད་དགོས་ཏེ། ཡང་ལོག་འཛིན་པའི་ཤེས་པ་དོན་མཐུན་དང་དོན་མི་མཐུན་གང་རུང་ཡིན་ན་ཡོད་དགོས་པའི་ཕྱིར་རོ། །སྤྱིར་ཀུན་རྫོབ་ལ་ཡང་ལོག་གཉིས་ཀྱི་དབྱེ་བ་མི་བྱེད་དེ། ཀུན་རྫོབ་ལ་སྣང་བ་ལྟར་གྲུབ་མ་གྲུབ་གཉིས་ཀྱི་དབྱེ་བ་མེད་པའི་ཕྱིར་ཏེ། ཀུན་རྫོབ་ཡིན་ན། སྣང་བ་ལྟར་མ་གྲུབ་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན། སྣང་ཚུལ་དང་གནས་ཚུལ་མི་མཐུན་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན། སྣང་ཚུལ་བདེན་པར་སྣང་ཡང་གནས་ཚུལ་བརྫུན་པར་གྲུབ་པས་ཁྱབ་པའི་ཕྱིར་རོ། །དེས་ན། བྱད་བཞིན་དང་དེའི་གཟུགས་བརྙན་གཉིས་བདེན་པར་སྣང་ཞིང་སྣང་བ་ལྟར་མ་གྲུབ་པར་མཚུངས་པས་དེ་གཉིས་ལ་ཡང་ལོག་གི་ཁྱད་པར་མེད་དོ། །འོན་ཀྱང་བྱད་བཞིན་དུ་སྣང་བ་ལྟར་གྲུབ་ཅེས་བྱ་སྟེ། གཞན་དུ་ན་ཐ་སྙད་ཐམས་ཅད་ལ་བཀུར་བ་འདེབས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཀུན་རྫོབ་ལ་ཡང་ལོག་གཉིས་ཀྱི་དབྱེ་བ་མེད་དེ། ཡང་དག་ཀུན་རྫོབ་མེད་པའི་ཕྱིར་ཏེ། ཡང་ལོག་གཉིས་སུ་ཕྱེ་བའི་ཡང་དག་ཡིན་ན། བདེན་པ་ཡིན་དགོས། བདེན་པ་ཡིན་ན། བརྫུན་པ་མ་ཡིན་དགོས། དེ་ཡིན་ན། ཀུན་རྫོབ་མ་ཡིན་དགོས་པའི་ཕྱིར་རོ། །འོ་ན། ལས་འབྲས་མི་བདེན་པར་ཐལ་ལོ་ཞེ་ན། དེ་བདེན་ཡང་བདེན་པ་མ་ཡིན་ཞེས་བྱའོ། །དེ་བཞིན་དུ་རྒྱུ་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་བ་དང་། རྒྱུ་མི་དགེ་བ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་དང་། ས་བོན་གྱིས་མྱུ་གུ་བསྐྱེད་པ་སོགས་བདེན་ཡང་། བདེན་པ་ཡང་དག་པ་ནི་མིན་ཏེ། བརྫུན་པ་ཡིན་པའི་ཕྱིར་ཏེ། བསླུ་བའི་ཆོས་ཡིན་པའི་ཕྱིར་ཏེ། འདུས་བྱས་ཡིན་པའི་ཕྱིར། ཁྱབ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་ཤེས་ལས། འདུས་བྱས་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྣམ་མཁྱེན་ལྟ་བུ་ཡང་། །ཡང་ལོག་གཉིས་སུ་ཕྱེ་བའི་ཡང་དག་མིན་ནོ། །འོ་ན། ལོག་པ་ཡིན་ནམ་ཞེ་ན། དེ་གཞིར་བཞག་ན་འདོད་དུ་རུང་ཡང་། སྤྱིར་བཏང་དམིགས་བསལ་འབྱེད་དགོས་སོ། །འོ་ན་ལོག་པའི་ཀུན་རྫོབ་ཡོད་དམ་མེད་ཅེ་ན། ཁ་ཅིག་ཡང་དག་ཀུན་རྫོབ་མེད་པས། དེ་ཡང་མེད་ཅེས་གསུངས་ལ། གཞན་དག་འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་ཤེས་པ་ཡུལ་དང་བཅས་པ་ནི། ལོག་པའི་ཀུན་རྫོབ་ཡིན་གསུང་ངོ་། །གསུམ་པ་སྒྲ་བཤད་པ་ལ། བུམ་པ་བདེན་སྟོང་དེ་ལ་དོན་དམ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་བློ་དོན་དམ་པ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོར་བདེན་ཅིང་དོན་དང་དམ་པར་ཡང་བདེན་པས་ན་དེ་ལྟར་བརྗོད་པའི་ཕྱིར། མཉམ་གཞག་ཡེ་ཤེས་དེ་ལ་ཡུལ་ཅན་དོན་དམ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཡུལ་དོན་དམ་བདེན་པ་ཇི་ལྟ་བ་བཞིན་གཟིགས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་རོ། །བུམ་པ་དེ་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བློ་ཀུན་རྫོབ་པ་བདེན་འཛིན་གྱི་ངོར་བདེན་ཡང་། དོན་གནས་ཚོད་ལ་བརྫུན་པས་ན་དེ་ལྟར་བརྗོད་པའི་ཕྱིར། བདེན་འཛིན་ལ་ཀུན་རྫོབ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་བྱེད་པས་ན་དེ་ལྟར་བརྗོད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་གྲུབ་ཞེས་པའི་ཚིག་ཟུར་གྱི་ཀུན་རྫོབ་དང་། ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་གཉིས་དོན་མི་གཅིག་སྟེ། སྔ་མ་ཐ་སྙད་དུ་ཡོད་པའི་དོན་དང་། ཕྱི་མ་བདེན་འཛིན་ལ་བྱེད་པའི་ཕྱིར་རོ། །དེས་ན་དོན་དམ་བདེན་པ་ནི། ཀུན་རྫོབ་བདེན་པར་མ་གྲུབ་ཀྱང་། ཐ་སྙད་དུ་གྲུབ་པས་ཀུན་རྫོབ་ཏུ་གྲུབ་ཅེས་བྱ་སྟེ། གཞི་གྲུབ་ན། ཐ་སྙད་དུ་གྲུབ་པས་ཁྱབ་པའི་ཕྱིར་ཏེ། དོན་དམ་དུ་གྲུབ་པའི་ཆོས་མེད་པའི་ཕྱིར་ཏེ། དོན་དམ་དུ་གྲུབ་ན། དོན་དམ་པར་གྲུབ་དགོས། དེར་གྲུབ་ན། བདེན་པར་གྲུབ་དགོས་པའི་ཕྱིར་རོ། །དེས་ན་དོན་དམ་དོན་དམ་དུ་མ་གྲུབ་ཀྱང་། དོན་དམ་ཡིན་པར་གྲུབ། བདེན་པ་བདེན་པར་མ་གྲུབ་ཀྱང་། བདེན་པ་ཡིན་པར་གྲུབ། ཡང་དག་ཡང་དག་པར་མ་གྲུབ་ཀྱང་། ཡང་དག་ཏུ་གྲུབ། དོན་དམ་བདེན་པ་དོན་དམ་པར་མ་གྲུབ་ཀྱང་། དོན་དམ་བདེན་པར་གྲུབ་ཅེས་བྱའོ། །དོན་དམ་བདེན་པའི་མཚན་གཞི་ནི་བུམ་པའི་ཆོས་ཉིད་ལྟ་བུ་ཞིག་རྟོགས་ན། དོན་དམ་བདེན་པ་རྟོགས་དགོས་ཀྱང་། ཀུན་རྫོབ་བདེན་པའི་མཚན་གཞི་བུམ་པ་ལྟ་བུ་ཞིག་རྟོགས་པ་ཙམ་གྱིས་ནི། དེ་ཀུན་རྫོབ་བདེན་པར་རྟོགས་མི་དགོས་ཏེ། འཇུག་ཊིཀ་ལས། གཞི་དེ་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཚད་མས་རྙེད་པ་ལ་ནི། སྔོན་དུ་དབུ་མའི་ལྟ་བ་རྙེད་པ་ཅིག་ངེས་པར་དགོས་ཏེ། གཞི་དེ་ཀུན་རྫོབ་བདེན་པར་གྲུབ་ན་བརྫུན་པར་འགྲུབ་དགོས་ཤིང་། བརྫུན་པར་དངོས་སུ་འགྲུབ་པ་ལ་གཞི་དེ་ལ་སྔོན་དུ་བདེན་གྲུབ་ཚད་མས་ཁེགས་དགོས་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །བཞི་བ་བདེན་གཉིས་ངོ་བོ་གཅིག་དང་ཐ་དད་གང་ཡིན་དཔྱད་པ་ལ། བདེན་གཉིས་ངོ་བོ་ཐ་དད་པར་མི་རུང་སྟེ། དེ་གཉིས་ངོ་བོ་ཐ་དད་ཡིན་ན། ཕན་ཚུན་ལྟོས་མེད་ཀྱི་འབྲེལ་མེད་དོན་གཞན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི། བུམ་པ་བདེན་སྟོང་བསྒོམས་པས། བུམ་པ་བདེན་པར་འཛིན་པའི་བདེན་འཛིན་སྤོང་མི་ནུས་པར་འགྱུར་ཏེ། སྔོ་སེར་བཞིན་ནོ། །བདེན་གཉིས་ཐ་དད་གཏན་མེད་ཀྱི་གཅིག་ནི་མིན་ཏེ། ཡིན་ན། བུམ་པ་མངོན་སུམ་དུ་མཐོང་བས་ཀྱང་བུམ་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་ཐལ་བའི་ཕྱིར་རོ། །དེ་ལྟ་ན་ནི། སོ་སྐྱེས་མིག་ཤེས་སོགས་ཀྱིས་ཀྱང་སྟོང་ཉིད་མངོན་སུམ་དུ་རྟོགས་པར་ཐལ་བས་འཕགས་ལམ་བསྐྱེད་པ་དོན་མེད་དུ་འགྱུར་ཏེ། ཏིང་ངེ་འཛིན་རྒྱལ་བོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །དེ་བཞིན་ལྕེ་དང་ལུས་ཀྱང་ཚད་མ་མིན། །གལ་ཏེ་དབང་བོ་དེ་དག་ཚད་ཡིན་ན། །འཕགས་པའི་ལམ་གྱི་སུ་ལ་ཅི་ཞིག་བྱ། །ཞེས་དང་། འཇུག་པ་ལས་ཀྱང་། བླུན་པོ་ཚད་མར་རིགས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། བདེན་གཉིས་གཅིག་མིན་ཏེ། དེ་གཉིས་ལས་གཅིག་ཀུན་རྫོབ་དང་། ཅིག་ཤོས་དོན་དམ་ཡིན་པའི་ཕྱིར་རོ། །དེས་ན། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅིང་མེད་ན་མི་འབྱུང་གི་འབྲེལ་པ་གྲུབ་པ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་བ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཞེས་དང་། མདོ་ལས། གཟུགས་སྟོང་བའོ། །སྟོང་བ་ཉིད་གཟུགས་སོ། །གཟུགས་ལས་སྟོང་བ་ཉིད་གཞན་མ་ཡིན། སྟོང པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཕྱི་མ་འདིས་ཀྱང་བདེན་གཉིས་ངོ་བོ་གཅིག་ཏུ་བསྟན་པ་ཡིན་ཏེ། གཟུགས་ཉིད་རང་བཞིན་གྱིས་སྟོང་ཞིང་། རང་བཞིན་གྱིས་སྟོང་བཞིན་དུ་གཟུགས་སུ་སྣང་བའི་ཕྱིར། གཟུགས་ལས་དེའི་སྟོང་བ་ཉིད་ངོ་བོ་གཞན་མ་ཡིན་ལ། དེའི་སྟོང་བ་ཉིད་ལས་ཀྱང་གཟུགས་ངོ་བོ་གཞན་མ་ཡིན་ཏེ། དེ་གཉིས་ངོ་བོ་གཅིག་པའོ། །ཞེས་བསྟན་པའི་ཕྱིར་རོ། །དེས་ན་སྤྱིར་དེ་གཉིས་ངོ་བོ་གཅིག་ཡིན་ན། གཅིག་ཡིན་མི་དགོས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་ལ་སྦྱར་བར་བྱ་སྟེ། ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་བ་ཡིན་ལ། དེ་དག་རང་བཞིན་གྱིས་སྟོང་བའི་སྟོང་ཉིད་ཀྱང་། དེ་རྣམས་ཀྱི་སྟེང་ནས་འཇོག་པའི་ཕྱིར་རོ། །འདི་ལེགས་པར་ཤེས་ན། བདེན་གཉིས་ཟུང་འཇུག་གི་དབུ་མའི་ལྟ་བ་རྙེད་པར་འགྱུར་བས་གནད་ཤིན་ཏུ་ཆེའོ། །ལྔ་བ་བདེན་གཉིས་རྟོགས་ཚུལ་ལ། ཇི་ལྟ་བ་རྟོགས་ཚུལ་དང་། ཇི་སྙེད་པ་རྟོགས་ཚུལ་ལོ། །དང་པོ་ལ་གཉིས། སོ་སྐྱེས་རྟོགས་ཚུལ་དང་། འཕགས་པའི་མཉམ་གཞག་གིས་གཟིགས་ཚུལ་ལོ། །དང་པོ་སོ་སྐྱེས་ཇི་ལྟ་བ་རྟོགས་ཚུལ་ནི་གཉིས་སྣང་དང་བཅས་པའི་སྒོ་ནས་ཡིན་ཏེ། དེས་སྟོང་ཉིད་རྟོགས་པའི་ཚེ་སྟོང་ཉིད་རང་ལས་རྒྱངས་ཆད་ཀྱི་ཚུལ་དུ་སྣང་བའི་སྒོ་ནས་རྟོགས་པའི་ཕྱིར། དེས་དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཡང་ཡིན་ཏེ། དེ་ལ་སྟོང་ཉིད་ཀྱི་དོན་སྤྱི་སྟོང་ཉིད་དུ་སྣང་བའི་སྒོ་ནས་དེ་རྟོགས་པའི་ཕྱིར། དེས་དེ་ལྐོག་ཏུ་གྱུར་བའི་ཚུལ་གྱིས་རྟོགས་པ་ཡང་ཡིན་ཏེ། དེས་དོན་སྤྱིའི་རྣམ་པ་ཤར་བའི་སྒོ་ནས་དེ་རྟོགས་པ་ཡིན་གྱི། དེའི་རྣམ་པ་མ་ཤར་བར་སྟོང་ཉིད་མངོན་སུམ་དུ་རྟོགས་མི་ནུས་པའི་ཕྱིར་རོ། །འོན་ཀྱང་། སོ་སྐྱེའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་སྟོང་ཉིད་ཀྱི་རྣམ་པ་འཆར་ཚུལ་ཁྱད་པར་ཡོད་དེ། རྒྱལ་ཚབ་རྗེས་སྙིང་བོའི་རྒྱན་ལས། སྟོང་ཉིད་ལ་དམིགས་པའི་ཤེས་རབ་གསུམ་ལ་ཁྱད་པར་ཅི་ཡོད་ཅེ་ན། བདེན་པའི་སྤྲོས་པ་རྣམ་པར་བཅད་པ་ཙམ་གྱི་སྟོང་ཉིད་ལ། ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་དམིགས་པའི་ཚེ་ཡུལ་གྱི་སྤྱི་ལེགས་པར་ཤར་ཡང་། ཡུལ་ཡུལ་ཅན་གཉིས་གཉིས་སྣང་ཤིན་ཏུ་རགས་པ་དང་བཅས་ནས་འབྲེལ་བ་མེད་པ་ལྟ་བུར་སྣང་ལ། བསྒོམས་བྱུང་གི་ཤེས་རབ་ཀྱིས་དམིགས་པའི་ཚེ། གཉིས་སྣང་ཡོད་ཀྱང་སྔ་མ་གཉིས་ལྟ་བུའི་གཉིས་སྣང་རགས་པ་ལོག་ནས། ཡུལ་དེ་ལ་ཟུག་པ་ལྟར་སྣང་ཞིང་ཆུ་ལ་ཆུ་བཞག་པའི་ཚུལ་དུ་འགྱུར་ལ་ཁད་པ་ལྟར་སྣང་བས། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་གཞག་གིས་ཇི་ལྟ་བ་གཟིགས་ཚུལ་ཡོད་དེ། དེས་ཇི་ལྟ་བ་ལ་གཉིས་སྣང་ནུབ་པའི་སྒོ་ནས་ཆུ་ལ་ཆུ་བཞག་པའི་ཚུལ་གྱིས་གཟིགས་པའི་ཕྱིར་ཏེ། དེས་ཇི་ལྟ་བ་གཟིགས་པའི་ཚེ། གཟིགས་ངོ་དེར་གཟུགས་སོགས་ཀུན་རྫོབ་པའི་སྣང་བ་མ་གཟིགས་པའི་ཚུལ་གྱིས་གཟིགས་པའི་ཕྱིར་ཏེ། དཔེར་ན། ནམ་མཁའ་ཐོགས་བཅས་ཀྱི་རེག་བྱ་བཀག་ཙམ་ལ་འཇོག་པས། ཐོགས་བཅས་ཀྱི་རེག་བྱ་མ་མཐོང་བས་ནམ་མཁའ་མཐོང་ངོ་ཞེས་ཐ་སྙད་བྱེད་པ་ལྟར། མཉམ་གཞག་དེས་ཇི་ལྟ་བ་གཟིགས་པའི་ངོར་ཀུན་རྫོབ་པའི་ཆོས་ཀྱི་གཉིས་སྣང་དང་བདེན་སྣང་གི་སྤྲོས་པ་མ་མཐོང་ཞིང་། བདེན་གྲུབ་བཀག་པའི་མེད་དགག་ཙམ་མཐོང་བ་ན། གཟུགས་སོགས་ཀྱི་ཆོས་ཉིད་མཐོང་ཞེས་བརྗོད་པའི་ཕྱིར་ཏེ། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ངོ་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མི་མཐོང་བ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དེས་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་མཉམ་བཞག་ཡེ་ཤེས་ཀྱིས་ནི། ཇི་ལྟ་བ་མངོན་སུམ་དུ་གཟིགས་པའི་ཚེ། ཇི་སྙེད་པའི་ཆོས་མ་གཟིགས། ཇི་སྙེད་པའི་ཆོས་མངོན་སུམ་དུ་གཟིགས་པའི་ཚེ། ཇི་ལྟ་བ་མ་གཟིགས་པས། དེ་གཉིས་རེས་འཇོག་ཡིན་ལ། སངས་རྒྱས་ལ་དེ་ལྟ་བུའི་ཁྱད་པར་མེད་དེ། དེའི་ཡེ་ཤེས་ཀྱིས་བདེན་པ་གཉིས་དུས་ཅིག་ཅར་དུ་མངོན་སུམ་དུ་གཟིགས་པའི་ཕྱིར་རོ། །དེས་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་ཡེ་ཤེས་ཀྱིས་ནི། ཇི་སྙེད་པ་མ་གཟིགས་པར་ཇི་ལྟ་བ་གཟིགས་པ་ཡིན་ཀྱང་། རྣམ་མཁྱེན་གྱིས་དེ་ལྟར་མ་ཡིན་ཡང་། དེས་ཇི་སྙེད་པ་མ་གཟིགས་པའི་ཚུལ་གྱིས་ཇི་ལྟ་བ་གཟིགས་པ་ཡིན་ཏེ། དེས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་མ་གཟིགས་པའི་ཕྱིར་ཏེ། དེས་ཇི་ལྟ་བ་གཟིགས་པ་ལྟར་དུ་ཇི་སྙེད་པ་མ་གཟིགས་པའི་ཕྱིར་རོ། །དེ་ཡང་ཡིན་ཏེ་དེས་ཇི་སྙེད་པ་གཟིགས་པའི་ཚེ། གཉིས་སྣང་དང་བཅས་པའི་སྒོ་ནས་གཟིགས། ཇི་ལྟ་བ་གཟིགས་པའི་ཚེ་གཉིས་སྣང་ནུབ་པའི་སྒོ་ནས་གཟིགས་པས། དེ་གཉིས་གཟིགས་ཚུལ་མི་འདྲ་བའི་ཕྱིར་རོ། །རྣམ་མཁྱེན་གྱིས་ཕུང་སོགས་ཀུན་རྫོབ་པའི་ཆོས་རྣམས་མ་གཟིགས་པའི་ཚུལ་གྱིས་དེ་དག་གི་ཆོས་ཉིད་གཟིགས་པ་ཡིན་ཏེ། འཇུག་འགྲེལ་ལས། དངོས་པོ་བྱས་པ་ཅན་ལ་མ་རེག་པར་རང་བཞིན་འབའ་ཞིག་མངོན་དུ་མཛད་པས། དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་མ་གཟིགས་པའི་ཚུལ་གྱིས་ཞེས་སྨོས་པ་ལ་དགོས་པ་ཡོད་དོ། །གཉིས་པ་ཇི་སྙེད་པ་གཟིགས་ཚུལ་ནི་གཉིས་སྣང་དང་བཅས་པའི་སྒོ་ནས་ཡིན་ལ། དེ་ཡང་ཡུམ་གྱི་མདོ་ལས། གཟུགས་ནི་གཉིས་སུ་སྣང་བའོ། །ཚོར་བ་ནི་གཉིས་སུ་སྣང་བའོ། །ཞེས་སོགས་བཤད་པ་ལྟར། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གཉིས་སྣང་གི་ཆོས་ཡིན་ཞིང་། རྣམ་མཁྱེན་ལྟ་བུས་ཀུན་རྫོབ་རྟོགས་པའི་ཚེ་ཡུལ་ཡུལ་ཅན་ཐ་དད་དུ་མ་ཟད། ཀུན་རྫོབ་ཀྱི་རྣམ་པ་ཤར་ནས་ཀྱང་རྟོགས་སོ། །འོ་ན་གཉིས་སྣང་དང་བཅས་ནུས་ཀྱི་དོན་གང་ཡིན་ཞེ་ན། འདི་ལ་གཉིས་ཏེ། ཀུན་རྫོབ་ཀྱི་སྣང་བ་དང་བཅས་མ་བཅས་ལ་བྱེད་པ་དང་། ཡུལ་ཡུལ་ཅན་ཐ་དད་པའི་སྣང་བ་དང་བཅས་མ་བཅས་ལ་བྱེད་པའོ། །དང་པོ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོ་དང་སྣང་ངོ་གང་དུའང་། ཀུན་རྫོབ་ཀྱི་སྣང་བ་མི་འཆར་ཞིང་། རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བ་ནི། དེ་གཉིས་སྟོང་ཉིད་ལ་གཉིས་སྣང་ནུབ་པའི་དོན་དང་། སྤྱིར་ཀུན་རྫོབ་ཀྱི་སྣང་བ་འཆར་བ་ནི། གཉིས་སྣང་དང་བཅས་པའོ། །གཉིས་པ་ནི། སོ་སྐྱེ་ལ་དོན་དམ་པའི་བདེན་པའོ་ཞེས་བརྗོད་པའི་ཚེ། སྒྲ་དེའི་རྗེས་སུ་འབྲངས་པའི་རྟོག་པ་ལ་ཡུལ་ཡུལ་ཅན་གཉིས་འབྲེལ་མེད་རྒྱངས་ཆད་ཀྱི་ཚུལ་དུ་སྣང་བ་དང་། སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཡེ་ཤེས་ཀྱི་སྣང་ངོར་ཡུལ་དང་ཡུལ་ཅན་ཐ་དད་པའི་སྣང་བ་འཆར་བས་གཉིས་སྣང་དང་བཅས་པ་ཞེས་བྱ་ལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ངོར། དེ་འདྲའི་གཉིས་སྣང་མི་འཆར་བ་ནི། སྟོང་ཉིད་ལ་གཉིས་སྣང་ནུབ་པའི་དོན་ནོ། །དེས་ན། སྟོང་ཉིད་ལ་གཉིས་སྣང་ནུབ་པའི་ཡེ་ཤེས་ཡོད་ཀྱི། ཀུན་རྫོབ་ལ་གཉིས་སྣང་ནུབ་པའི་ཡེ་ཤེས་ནི་མེད་དོ། །འོ་ན་དོན་དེ་གཉིས་ལས་གང་གཙོ་ཞེ་ན། རྗེའི་གསུང་ལས་དེ་གཉིས་ཀའི་ཐ་སྙད་སྣང་ཞིང་། རྒྱལ་ཚབ་དང་མཁས་གྲུབ་རྗེ་རྣམ་པ་གཉིས་ཀས་ནི། ཡུལ་ཡུལ་ཅན་ཐ་དད་པའི་སྣང་བ་ནུབ་མ་ནུབ་ལ་མཛད་ལ། རྗེ་བཙུན་བསྟན་དར་བ་སོགས་ཀྱིས་ནི། ཀུན་རྫོབ་ཀྱི་སྣང་བ་དང་བཅས་མ་བཅས་ལ་མཛད་དེ། གང་བྱས་ཀྱང་དོན་ལ་འགལ་བ་ནི་མེད་མོད། ལུགས་ཕྱི་མ་ལྟར་ན། རྣམ་མཁྱེན་གྱིས་རང་ཉིད་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་ཞེས་བྱ་སྟེ། དེ་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་། རྒྱལ་ཚབ་རྗེ་ནི། རྣམ་མཁྱེན་གྱིས་རྣམ་མཁྱེན་གཉིས་སྣང་བཅས་ནུབ་གང་རུང་གི་སྒོ་ནས་མ་རྟོགས་པར་བཞེད་ལ། མཁས་གྲུབ་རྗེ་ནི། རྣམ་མཁྱེན་གྱིས་རང་ཉིད་གཉིས་སྣང་ནུབ་པའི་སྒོ་ནས་རྟོགས་ཀྱང་། དེ་དོན་དམ་བདེན་པར་མི་འགྱུར་རོ་གསུང་། འོ་ན་རྗེའི་འཇུག་པའི་རྣམ་བཤད་ལས། མི་སྣང་ཡང་རྟོགས་པའི་ཤུགས་རྟོགས་སངས་རྒྱས་ལ་བཞག་ཏུ་མི་རུང་བའི་ཕྱིར། སྣང་ནས་མཁྱེན་དགོས་པས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དེའི་ངོར་ཡུལ་དང་ཡུལ་ཅན་གཉིས་སུ་སྣང་བའི་ཚུལ་གྱིས་མཁྱེན་པའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། རྣམ་པ་གཉིས་ཀ་ལྟར་ནའང་མི་འགལ་ཏེ། དེའི་དོན་ནི་རྣམ་མཁྱེན་དང་ཐ་དད་པའི་ཀུན་རྫོབ་ལ་དགོངས་པའི་ཕྱིར། ཞེས་བཞེད་དོ། །དྲུག་པ་ནི། བདེན་གཉིས་ཀྱི་རྣམ་གཞག་གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། དེའི་རྣམ་གཞག་ལེགས་པར་ཤེས་ན། རྒྱལ་བའི་གསུང་རབ་ཀྱི་དགོངས་པ་ཤེས་ཏེ་ཚོགས་རྫོགས་ནས་འཚང་རྒྱ་བར་འགྱུར་བའི་ཕྱིར་ཏེ། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་ཉིད་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དེ་བསྟན་པ་ལ་དགོས་པ་ཡོད་དེ། ཐར་བ་འདོད་ན་དེ་གཉིས་ཀྱི་རྣམ་གཞག་ལེགས་པར་ཤེས་དགོས་པའི་ཕྱིར་ཏེ། ཐ་སྙད་ཀུན་རྫོབ་ཀྱི་འཇོག་ཚུལ་མི་ཤེས་ན། དོན་དམ་སྟོང་ཉིད་ཀྱི་དོན་མི་རྟོགས་ལ། དེ་མ་རྟོགས་ན་ནི་ཐར་བ་འཐོབ་པར་མི་འགྱུར་བའི་ཕྱིར་ཏེ། རྩ་ཤེ་ལས། ཐ་སྙད་ལ་ནི་མ་བརྟེན་པར། དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པ་འཐོབ་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དགོས་པ་ཡོད་དེ། གཞི་ལམ་འབྲས་བུ་གསུམ་གྱི་དབང་དུ་བྱས་ནའང་། གཞི་བདེན་གཉིས་ཀྱི་རྣམ་གཞག་ཤེས་དགོས་ལ། དེ་ཤེས་ན་ལམ་ཐབས་ཤེས་ཟུང་འབྲེལ་དུ་ཉམས་སུ་ལེན་པ་དེ་འབྱུང་ཞིང་། དེ་བྱུང་ན་འབྲས་བུ་ཆོས་གཟུགས་ཀྱི་སྐུ་འཐོབ་པར་འགྱུར་བའི་ཕྱིར་ཏེ། ཇི་སྐད་དུ། བདེན་གཉིས་གནས་ཚུལ་རིགས་པས་ལེགས་རྟོགས་ནས། །ཐབས་ཤེས་ཟུང་འབྲེལ་ཉམས་སུ་བླངས་པའི་མཐུས། །ཞེས་སོགས་གསུངས་པའི་ཕྱིར་རོ། །སྨྲས་པ། བདེན་གཉིས་རྣམ་གཞག་སྤྱི་དང་ཁྱད་པར་དུ། །ཀླུ་སྒྲུབ་ཟླ་བའི་ལུགས་ཀྱི་བདེན་གཉིས་ཚུལ། །རྗེ་བཙུན་ཆོས་ཀྱི་རྒྱལ་བོ་བཙོང་ཁ་བའི། །དགོངས་པ་ཇི་བཞིན་མདོར་བསྡུས་བདག་གིས་བཤད། །ཅེས་བདེན་གཉིས་ཀྱི་རྣམ་གཞག་ལེགས་པར་བཤད་པའི་སྙིང་བོ་ཞེས་བྱ་བ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་དོན་གཉེར་ཅན་འགའ་ཞིག་ལ་ཕན་སྲིད་སྙམ་ནས་ཅོ་ནེ་དགོན་ཉིད་དུ་སྦྱར་བའོ། །ཤུ་པཾ། སརྦ་མདྒལཾ།། །།

བསྟན་པའི་སྙིང་པོ་བདག་མེད་རྟོགས་པའི་ལྟ་བའི་རིམ་པ་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད།

བསྟན་པའི་སྙིང་པོ་བདག་མེད་རྟོགས་པའི་ལྟ་བའི་རིམ་པ་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས།

ན་མོ་མཉྫུ་ཤྲཱི་ཡེ། སྨྲ་བ་ཟླ་མེད་འདྲེན་པ་ཟས་གཙང་སྲས། །བྱམས་བརྩེའི་གཏེར་ཆེན་མི་ཕམ་འཇམ་པའི་དབྱངས། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་སོགས། །འཛམ་གླིང་རྒྱན་གྱུར་མཁས་པའི་ཚོགས་ལ་འདུད། །རྒྱལ་བའི་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས། །ངུར་སྨྲིག་གར་རོལ་རྗེ་བཙུན་ཙོང་ཁ་བ། །ཡབ་སྲས་བརྒྱུད་པར་བཅས་པའི་ཞབས་བཏུད་ནས། །བདག་མེད་ལྟ་བའི་རིམ་པ་རབ་བཤད་བྱ། །དེ་ལ་འདིར་ཐར་འདོད་ཀྱི་སྐྱེས་བུས་གང་དུ་འཇུག་པར་བྱ་བའི་གཞི་ནི། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་ཡིན་ལ། དེར་འཇུག་པའི་སྒོ་ལ་མི་འདྲ་བ་ཡོད་ཀྱང་བདག་མེད་རྟོགས་པའི་ལྟ་བ་ཁས་ལེན་མི་ལེན་གྱི་སྒོ་ནས་ཀྱང་བསྟན་པ་ལ་ཞུགས་མ་ཞུགས་སུ་འཇོག་པ་ནི་སྒོ་གཅིག་ཡིན་ནོ། །བསྟན་པ་ལའང་ལུང་རྟོགས་གཉིས་ཡོད་པ་ལས། རྟོགས་པའི་བསྟན་པའི་གཙོ་བོ་ནི་བདག་མེད་རྟོགས་པའི་ལྟ་བ་ཉིད་ཡིན་ལ། རྟོགས་བྱའི་བདག་མེད་ལ་ཕྲ་རགས་ཀྱིས་ཕྱེ་ན་མང་ཡང་འབྱེད་པའི་ཚེ། གྲུབ་མཐའ་རྣམ་པ་བཞིའི་འདོད་ཚུལ་དང་བསྟུན་དགོས་ཀྱི། དེ་བཞི་བོ་གང་རུང་དང་མི་མཐུན་པའི་བདག་མེད་རྟོགས་པའི་ལྟ་བ་ཡོད་པར་ཁས་ལེན་དུ་མི་རུང་སྟེ། བདག་མེད་ཁས་ལེན་པའི་ཚུལ་ལ་ནི་གྲུབ་མཐའ་བཞིར་ངེས་པའི་ཕྱིར་ཏེ། མཁས་གྲུབ་རྗེས། དེ་ཡང་བདེ་བར་གཤེགས་པའི་བསྟན་པ་ལ་བདག་མེད་ཁས་ལེན་པའི་གྲུབ་མཐའ་བཞིར་ངེས་ཀྱི། བཞི་བོ་གང་དང་ཡང་མི་མཐུན་པའི་བདག་མེད་པའི་ལྟ་བ་དང་དེ་ཉིད་གོམས་པར་བྱེད་པའི་རྣམ་གཞག་སུ་ཞིག་གིས་ཅི་ཙམ་སྨྲས་སུ་ཟིན་ཀྱང་། རྒྱལ་བའི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་བར་བརྗོད་པར་བྱའི། མཁས་པ་དགེས་པའི་ལམ་དུ་བློ་གྲོས་དང་ལྡན་པ་དག་གིས་ཡིད་ཆེས་པར་བྱ་བ་མིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བདག་མེད་ཕྲ་རགས་རྣམས་གྲུབ་མཐའ་བཞིའི་འདོད་ཚུལ་གྱི་རིམ་པ་དང་མཐུན་པར་རྗེ་ཡབ་སྲས་ཀྱི་བཞེད་པ་ཇི་ལྟ་བ་བཞིན་གཏན་ལ་དབབ་པར་བྱའོ། །འདི་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། རང་ཅག་གི་རྒྱུད་ཀྱི་བདག་འཛིན་ནི་འཁོར་བའི་རྩ་བ་ཡིན་ལ། དེ་དངོས་སུ་སྤོང་བའམ་སྤོང་བའི་བག་ཆགས་འཐུག་པོ་འཇོག་པ་ནི་བདག་མེད་རྟོགས་པ་ལ་རག་ལས་པས་དེ་ལ་ཐོས་བསམ་གྱིས་འཇུག་དགོས་སོ། །དེས་ན་གྲུབ་མཐའ་བཞི་བོས་ཀྱང་བདག་མེད་རྟོགས་པའི་ལྟ་བ་དེ། ཐར་བར་བགྲོད་པའི་ལམ་གྱི་སྲོག་ཡིན་པར་འདོད་པ་ལ་ཁྱད་པར་མེད་དེ། བདག་མེད་མ་རྟོགས་པར་ཐར་བ་ཐོབ་པ་མི་སྲིད་ཅེས་འདོད་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ནའང་བདག་མེད་འདོད་ཚུལ་ལ་ཁྱད་པར་ཡོད་དེ། བྱེ་བྲག་སྨྲ་བ་ཁ་ཅིག་གང་ཟག་རྟག་གཅིག་རང་ཅན་གྱིས་སྟོང་བ་དེ། གང་ཟག་གི་བདག་མེད་ཕྲ་མོའི་དོན་དུ་འདོད་ལ། དབུ་མ་རང་རྒྱུད་པ་མན་ཆད་ཀྱི་རང་སྡེ་རྣམས་ཀྱིས། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བའི་སྟོང་ཉིད། གང་ཟག་གི་བདག་མེད་ཕྲ་མོར་འདོད་པ་ལ་ཁྱད་པར་མེད་པའི་ཕྱིར་ཏེ། མཁས་གྲུབ་རིན་པོ་ཆེས། བྱེ་བྲག་སྨྲ་བ་དང་མདོ་སྡེ་བ་དང་སེམས་ཙམ་པ་དང་དབུ་མ་རང་རྒྱུད་པ་དག་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་རྣམ་པར་བཅད་ཙམ་རྟོགས་པས་གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པ་རྟོགས་པར་བཞེད་པ་ལ་འདྲ་མོད། ཞེས་གསུངས་ཤིང་། ཚུལ་དེ་བཞིན་དུ་རྗེའི་དྲང་ངེས་རྣམ་འབྱེད་དང་། མཁས་གྲུབ་ཀྱི་སྟོང་ཐུན་སོགས་དུ་མ་ལས་བཤད་པའི་ཕྱིར་རོ། །ཐལ་འགྱུར་བས་ནི་དེ་འདྲའི་བདག་མེད་དེ། གང་ཟག་གི་བདག་མེད་རགས་པར་བཞེད་དོ། །སྤྱིར་ནང་སྡེ་ཐམས་ཅད་ཀྱིས་ནི་རྟག་གཅིག་རང་དབང་ཅན་གྱིས་བདག་མེད་ཐབས་ལེན་པར་མཚུངས་པ་ཡིན་ཏེ། འདི་ལྟར་གཞན་སྡེ་ཕྱི་རོལ་བ་རྣམས་ཀྱིས། བདག་དེ་རང་གི་ཕུང་བོ་དང་གཅིག་གམ་ཐ་དད། རྟག་གམ་མི་རྟག་གང་ཡིན་དཔྱད་པ་ན། རྒྱུ་མཚན་ཕྱིན་ཅི་ལོག་ལ་བརྟེན་ནས། བདག་དེ་ཉིད་ཕུང་བོ་དང་དོན་གཞན་དུ་ཁས་བླངས་པ་ཡིན་ལ། དེ་ཡང་བ དག་དེ་རང་རྐྱ་བར་བློ་ངོར་སྣང་བས་ཕུང་བོ་དང་གཅིག་ཏུ་མི་འཐད་པར་མཐོང་ནས་དེ་དང་ངོ་བོ་ཐ་དད་ཡིན་པར་ཁས་བླངས་པའི་ཕྱིར་རོ། །ཕུང་བོ་སྐྱེ་འཇིག་བྱེད་ཀྱང་བདག་དེ་ནི་སྐྱེ་འཇིག་མི་བྱེད་པའི་རྟག་དངོས་དང་། ཆ་ཤས་མེད་པའི་གཅིག་པུ་དང་། ཕུང་བོ་སོགས་ལ་མ་བལྟོས་པའི་རང་དབང་ཅན་གྱི་ཁྱད་ཆོས་གསུམ་དང་ལྡན་པར་འདོད་པ་ནི། ཕྱི་རོལ་པ་རྣམས་ལ་ཁྱད་པར་མེད་ལ། ཚད་སོགས་ཀྱི་ཁྱད་པར་འདོད་ཚུལ་མི་འདྲ་བ་མང་ངོ་། །རང་སྡེ་སངས་རྒྱས་པ་རྣམས་ཀྱིས་ནི་བདག་དེ་རང་གི་ཕུང་བོ་དང་གཅིག་གམ་ཐ་དད་རྟག་གམ་མི་རྟག་གང་ཡིན་དཔྱད་པ་ན། ཕུང་བོ་མི་རྟག་པས་བདག་ཀྱང་མི་རྟག་ཅིང་། ཕུང་བོ་ལས་དོན་གཞན་པའི་བདག་ཡོད་པ་ལ་རིགས་པས་གནོད་པར་མཐོང་ནས། ཕུང་བོ་ལྔའམ་ལྔ་བོ་གང་རུང་དང་གཅིག་ཡིན་པའི་བདག་ཞིག་ངེས་པར་ཡོད་དགོས་སྙམ་སྟེ། བྱེ་བྲག་སྨྲ་བ་ཁ་ཅིག་ཕུང་བོ་ལྔ་རེ་རེ་དང་ལྔའི་ཚོགས་པ་དང་རྒྱུན་གང་རུང་གང་ཟག་ཏུ་འདོད་ལ། སེམས་ཙམ་པས་ཀུན་གཞིའི་རྣམ་པར་ཤེས་པ་དང་། རང་རྒྱུད་པ་དང་མདོ་སྡེ་བས་ཡིད་ཀྱི་རྣམ་ཤེས་ཉིད་གང་ཟག་གི་མཚན་གཞིར་འདོད་དོ། །དེ་ལྟ་བུ་ལ་དགོངས་ནས། འཇུག་པ་ལས། ལྔ་ཆར་ཡང་འདོད་ཁ་ཅིག་སེམས་གཅིག་འདོད། ཞེས་དང་། འཇུག་པའི་རྣམ་བཤད་ལས་ཀྱང་། རང་གི་སྡེ་བ་རྣམས་ཀྱིས་ཀྱང་ཕུང་བོ་ལས་ངོ་བོ་ཐ་དད་པའི་བདག་མེད་དོ་སྙམ་ཞིང་འཁྲུལ་བས་ཕུང་བོ་ཙམ་བདག་ཏུ་ཁས་བླངས་ཏེ། དེ་གཉིས་གང་རུང་ཞིག་ཏུ་ཁས་བླངས་དགོས་སྙམ་དུ་བསམ་པའོ། །ཞེས་གསུང་། ཐལ་འགྱུར་བས་ནི་རང་གི་ཕུང་བོ་ལས་དོན་གཞན་པའི་བདག་དང་། ཕུང་བོ་ཉིད་བདག་ཏུ་མི་འདོད་ཀྱང་ཕུང་བོ་ལ་བཏགས་པའི་ང་ཙམ་ཞིག་བཞེད་དོ། །དེ་ཡང་ཕྱི་རོལ་པས་བདག་ཁས་ལེན་དགོས་སྙམ་ནས་གང་ཟག་གི་བདག་ཁས་ལེན་པ་ཡིན་ལ། ནང་བས་ནི་བདག་ཙམ་ཁས་ལེན་ཡང་གང་ཟག་གི་བདག་ཁས་མི་ལེན་ནོ། །དོན་སྨྲ་སྡེ་གཉིས་ཀྱིས་ཆོས་ཀྱི་བདག་མེད་ཀྱི་ཐ་སྙད་མི་བྱེད་ཀྱང་། ཆོས་ཀྱི་བདག་ཁས་ལེན་པ་མིན་ལ། རང་རྒྱུད་པ་མན་ཆད་ཀྱི་རང་སྡེས་ནི། ཐར་བ་ཙམ་ཐོས་པ་ལ་ཆོས་ཀྱི་བདག་མེད་རྟོགས་དགོས་པར་མི་བཞེད་དེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བའི་བདག་མེད་རྟོགས་ཤིང་གོམས་པར་བྱས་པ་ཙམ་གྱིས་ཐར་བ་ཐོབ་ནུས་པར་བཞེད་པའི་ཕྱིར་རོ། །ཐལ་འགྱུར་བས་ནི་ཆོས་དང་གང་ཟག་གི་བདག་མེད་གཉིས་ཀ་མ་རྟོགས་པར་ཐར་བ་ཐོབ་ནུས་པར་མི་བཞེད་དོ། །བྱེ་བྲག་སྨྲ་བ་ཁ་ཅིག་གང་ཟག་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་རྟོག་པ་དེ། བདག་འཛིན་ལྷན་སྐྱེས་སུ་འདོད་པ་དང་། ཁ་ཅིག་རང་མདོ་སྡེ་བ་ཡན་ཆད་ཀྱིས་དེ་ཡིན་ན། བདག་འཛིན་ཀུན་བཏགས་ཡིན་པས་ཁྱབ་པ་ཅེས་བཞེད་ལ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ལ། བདག་འཛིན་ལྷན་སྐྱེས་ཁྱབ་ཆེ་བར་བཞེད་དེ། སྟོང་ཐུན་ཆེན་མོ་ལས། བྱེ་བྲག་སྨྲ་བ་ནས་དབུ་མ་རང་རྒྱུད་པའི་བར་ཐེག་པ་ཆེ་ཆུང་གི་རང་སྡེ་སུའི་ལུགས་ལ་ཡང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ཉིད་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཡིན་པར་འདོད་ལ། ཞེས་དང་། རང་སྡེ་ཁ་ཅིག་རྟག་གཅིག་རང་དབང་ཅན་གྱི་གང་ཟག་ཏུ་འཛིན་པ་གང་ཟག་གི་བདག་འཛིན་ལྷན་སྐྱེས་སུ་འདོད་པ་དང་། ཁ་ཅིག་དེ་ཀུན་བཏགས་ཡིན་ཀྱང་། ཞེས་སོགས་གསུངས་པའི་ཕྱིར་རོ། །འོ་ན། དེ་འདྲའི་བདག་མེད་དེ། མདོ་གང་གི་དོན་ཡིན་ཞེ་ན། དེ་འཁོར་ལོ་དང་པོས་བསྟན་པའི་བདག་མེད་ཀྱི་དོན་ཡིན་པར་གྲུབ་མཐའ་སྨྲ་བ་བཞིས་འདོད་ལ། ཐལ་འགྱུར་བས་ནི་དེ་ཙམ་མིན་པར་ཡང་བཞེད་དོ། །དེ་ལྟར་ཡིན་ཀྱང་། འཇུག་པའི་ཊིཀྐ་ལས། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ནི། གྲུབ་མཐས་བློ་མ་བསྒྱུར་བ་ལ་ཡང་ཡོད་མོད་ཀྱང་། གང་ཟག་ཕུང་བོ་དང་མཚན་ཉིད་མི་མཐུན་པར་གཞན་དུ་ཡོད་པར་འཛིན་པ་ནི་གྲུབ་མཐས་བློ་མ་བསྒྱུར་བ་ལ་མེད་དོ། །ཞེས་ཕྱི་མ་འདི་ལ་ཀུན་བཏགས་ཀྱིས་ཁྱབ་པར་བཤད་པ་ནི་ཐལ་འགྱུར་བའི་ལུགས་ཀྱི་དབང་དུ་བྱས་པར་གསལ་ཏེ། གཞན་དུ་ན་དྲང་ངེས་རྣམ་འབྱེད། སྟོང་ཐུན། དཀའ་འགྲེལ། སྡེ་བདུན་མུན་སེལ་སོགས་ནས། གང་ཟག་རང་གི་ཕུང་བོ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ཉིད། རང་རྒྱུད་པ་མན་ཆད་ཀྱི་རང་སྡེའི་ལུགས་ཀྱི་བདག་འཛིན་ལྷན་སྐྱེས་སུ་བཤད་པ་དང་འགལ་བའི་ཕྱིར་རོ། །མདོར་ན་ཐེག་པ་གསུམ་ཀའི་མཐོང་སྒོམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གྱི་དངོས་ཀྱི་གཞལ་བྱ་གང་ཡིན་ལ་ཚིག་ཙམ་བརྗོད་པའི་བརྒལ་བརྟགས་ཀྱིས་ཕན་དཀའ་བས། དེ་དག་གི་གཞལ་བྱ་བདག་མེད་རྣམས་འདིར་འཆད་པ་བཞིན་རང་གིས་ངེས་པར་བྱ་དགོས་སོ། །གཉིས་པ་སོ་སོར་བཤད་པ་ལ་བཞི་ལས། དང་པོ་ནི། བྱེ་བྲག་སྨྲ་བ་ཁ་ཅིག་ཕུང་བོ་དང་གཅིག་དང་ཐ་དད་གང་དུའང་བརྗོད་དུ་མེད་པའི་བདག་ཁས་ལེན་ལ། ཁ་གཅིག་རང་རྐྱ་ཐུབ་པའི་བདག་ཁས་ལེན་ཡང་། དེ་ཐམས་ཅད་ཀྱང་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་འདོད་པ་ལ་འདྲའོ། །རྟག་གཅིག་རང་དབང་ཅན་ཞེས་པ་ནི་སྔར་བཤད་པ་ལྟར་ཡིན་ལ། དེ་འགོག་པའི་རིགས་པ་མང་ཡང་། བསྡུ་ན། གང་ཟག་ཆོས་ཅན། རྟག་གཅིག་རང་དབང་མ་ཡིན་ཏེ། མི་རྟག་ཅིང་གཞན་དབང་ཅན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན། ཁྱབ་སྟེ། མི་རྟག་ན། རྟག་གཅིག་རང་དབང་ཅན་ཡིན་པར་འགལ་བའི་ཕྱིར། རྟགས་དེར་ཐལ། གདགས་གཞིའི་ཕུང་བོ་མི་རྟག་ཅིང་གཞན་དབང་ཅན་ཡིན་པའི་ཕྱིར། དེར་ཐལ། ཕུང་བོ་སྐྱེ་ཞིང་འཇིག་པ་དང་ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། གང་ཟག་རང་གི་ཕུང་བོ་ལ་བརྟེན་ནས་འཇོག་དགོས་པའི་ཕྱིར་རོ། །དེ་ལྟར་དཔྱད་པའི་ཚེ་གང་ཟག་མི་རྟག་པར་རྟོགས་པས། རྟག་གཅིག་རང་དབང་ཅན་ཡིན་པར་བློ་ངོར་ཁེགས་ལ། དེ་ཁེགས་པས་གང་ཟག་རང་གི་ཕུང་བོ་ལས་དོན་གཞན་དུ་ཡོད་པར་ཁེགས་ནས། རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་ངེས་པར་འགྱུར་རོ། །དེ་འདྲའི་བདག་མེད་ངེས་ཤིང་བསྒོམས་ན། བདག་མེད་ཕྲ་མོ་བསྒོམས་པ་མ་ཡིན་པས་བདག་འཛིན་ལྷན་སྐྱེས་ལ་དངོས་སུ་མི་གནོད་ཀྱང་། བདག་མེད་རགས་པ་བསྒོམ་པ་ཡིན་པས་བདག་འཛིན་ཀུན་བཏགས་ལ་ནི་དངོས་སུ་གནོད་པ་ཡིན་ནོ། །གཉིས་པ་ལ། རང་རྒྱ་ཐུབ་པའི་བདག་མེད་དེ་གང་ཟག་གི་བདག་མེད་ཕྲ་མོ་མཚན་ཉིད་རྫོགས་པར་རང་རྒྱུད་པ་མན་ཆད་ཀྱི་རང་སྡེས་འདོད་ཀྱང་། མདོ་སྡེ་བའི་འདོད་པའི་གཙོ་བོ་ཡིན་པས་སྐབས་འདིར་བཤད་ན། རྗེའི་དྲང་ངེས་རྣམ་འབྱེད་ལས། གང་ཟག་གི་བདག་མེད་ནི། རང་སྡེ་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་གཞན་གྱི་ལྟར་ན། གང་ཟག་ཕུང་བོ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་ཐུབ་པའི་རྗེས་སུ་མེད་པ་ཙམ་ལ་འདོད་དོ། །དེའི་ཚུལ་ནི། ང་ཞེས་འཛིན་པའི་གཞིའི་བདག་འདི་ཕུང་བོའི་རྗེ་བོ་ལྟ་བུ་དང་། ཕུང་བོ་རྣམས་དེའི་ཁོལ་བུ་ལྟར་འཛིན་ཏེ། ངའི་གཟུགས། ངའི་ཚོར་བ་ཞེས་སོགས་སུ་འཛིན་པས་ཕུང་བོ་རྣམས་བདག་དེའི་ཡིན་ནོ་ཞེས་པས་དབང་བསྒྱུར་བྱར་འཛིན་པའི་ཕྱིར་རོ། །དེས་ན་རྗེ་ཁོལ་ལྟར་ཕུང་བོ་དང་མཚན་ཉིད་མི་མཐུན་པར་རང་རྐྱ་ཐུབ་པར་སྣང་བ་དེ་བཞིན་དུ་ཡོད་པར་ཞེན་པ་ནི་རྗེས་སུ་ཡོད་པར་འཛིན་པའོ། །དེ་བཀག་པ་ན་གང་ཟག་དེ་ཕུང་བོ་ལ་བཏགས་པ་ཙམ་དུ་འགྱུར་ཏེ། ཙམ་གྱིས་ནི་ཕུང་བོ་ལས་དོན་གཞན་དུ་ཡོད་པ་གཅོད་དོ། །ཞེས་དང་། དེ་བཞིན་དུ་སྟོང་ཐུན། སྡེ་བདུན་མུན་སེལ་སོགས་ལས་ཀྱང་བཤད་དོ། །དེས་ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་དེས། གང་ཟག་དེ་རང་གི་ཕུང་བོ་ལ་བཏགས་པའི་ཆོས་སུ་མི་འཛིན་པར་དེ་ཕུང་བོ་ལ་ཕར་མི་བལྟོས་པའི་དབང་སྒྱུར་བ་པོའི་རྗེ་བོ་ལྟ་བུ་དང་། ཕུང་བོ་རྣམས་དེ་ལ་ཚུར་བལྟོས་པའི་ཁོལ་བུ་ལྟ་བུར་དབང་བསྒྱུར་བྱར་འཛིན་པ་ནི། དེའི་འཛིན་ཚུལ་ཡིན་ལ། རྟོག་པ་འདི་ལ་གང་ཟག་ཕུང་བོ་དང་ངོ་བོ་ཐ་དད་པའི་འཛིན་ཚུལ་ཡོད་ཀྱང་། གང་ཟག་ཕུང་བོ་དང་རྫས་ཐ་དད་དུ་འཛིན་པའི་ཐ་སྙད་འཇིག་རྟེན་ལ་མེད་དེ། དྲང་ངེས་རྣམ་འབྱེད་ལས། དེ་ལ་ཕུང་བོ་དང་མཚན་ཉིད་མི་མཐུན་པའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་ནི་གང་ཟག་རྐང་ལག་སོགས་ཀྱི་ཆོས་ལས་རྫས་གཞན་དུ་འཛིན་པ་ཡིན་པས། ཞེས་དང་། རྩ་ཤེའི་རྣམ་བཤད་ལས། བདག་དང་ཕུང་བོ་རྗེ་ཁོལ་ལྟར་འཛིན་ན་དེ་གཉིས་ངོ་བོ་ཐ་དད་པར་འཛིན་པར་མི་འགྱུར་རམ་སྙམ་ན། དེ་གཉིས་རྫས་གཞན་དུ་འཛིན་པ་འཇིག་རྟེན་གྱི་ཐ་སྙད་ལ་མེད་དེ། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། རྟོག་པ་དེ་ལ་རྫས་ཐ་དད་ཀྱི་འཛིན་སྟངས་ཡོད་དེ། རྟོག་པ་དེ་མངོན་གྱུར་དུ་རྒྱུད་ལ་ཡོད་པའི་གང་ཟག་གིས། རང་གི་ལུས་ངན་པ་འདི་དང་། ལྷའི་ལུས་བཟང་བོ་ལྟ་བུ་བརྗེ་དབང་བྱུང་ན་བརྗེ་བ་པོར་མངོན་གྱུར་དུ་ཞེན་པ་ཡོད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། མཆོག་གཞན་དོན་དུ་གཉེར་ཕྱིར་དང་། །སྐྱེ་འཇིག་བློ་ཅན་ཉིད་ཀྱི་ཕྱིར། །སྐྱེ་བོ་འདི་ཡིས་དབང་སོགས་ལས། །བདག་ནི་ཐ་དད་ཤེས་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་འཇུག་ཊིཀ་ལས། ལུགས་དེ་དག་གིས་གང་ཟག་རྫས་ཡོད་དུ་མེད་པར་རྟོགས་པར་འདོད་ཀྱང་། རྣམ་ཤེས་གཉིས་པོ་རྫས་ཡོད་དུ་མེད་པར་རྟོགས་པར་མི་འདོད་པས། གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་སྨྲ་བ་ནི། གང་ཟག་གི་རང་གི་ལྡོག་པ་ནས་ཡིན་གྱི། གང་ཟག་གི་མཚན་གཞི་རྣམ་ཤེས་ལ་དེ་ལྟར་འདོད་པ་མིན་ནོ། །ཞེས་འབྱུང་བ་ལྟར། ཁྱད་པར་ཕྱེད་དགོས་ཏེ། རང་རྒྱུད་པ་དང་རྣམ་རིག་པ་སོགས་ཀྱིས་གང་ཟག་རང་ལྡོག་ནས་བཏགས་ཡོད་དུ་འདོད་ཀྱང་། རྣམ་ཤེས་ཡིན་པའི་གང་ཟག་ནི་རྫས་ཡོད་དུ་འདོད་པས་སོ། །དེ་འདྲའི་བདག་མེད་གཏན་ལ་འབེབ་བྱེད་ཀྱི་རིགས་པ་མང་ཡང་། འདིར་ཅུང་ཟད་བརྗོད་པ་ལ་གཉིས། རྟགས་འགོད་པ་དང་། ཚུལ་སྒྲུབ་པའོ། །དང་པོ་ནི། རང་རྐྱ་ཐུབ་པར་སྣང་བའི་བདག་ཆོས་ཅན། ཕུང་བོ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་ཐུབ་པའི་བདག་ཏུ་མེད་དེ། ཕུང་བོ་དང་རང་རྐྱ་ཐུབ་པའི་གཅིག་དང་རང་རྐྱ་ཐུབ་པའི་ཐ་དད་གང་རུང་དུ་མ་གྲུབ་པའི་ཕྱིར། དཔེར་ན། རི་བོང་གི་རྭ་བཞིན་ཞེས་པ་ནི། འབྲེལ་ཟླ་མ་དམིགས་པའི་རྟགས་སོ། །ཚུལ་སྒྲུབ་པ་ལ་གཉིས། ཁྱབ་པ་དང་། ཕྱོགས་ཆོས་སོ། །དང་པོ་ནི། སྤྱིར་གཅིག་དང་ཐ་དད་གྲུང་དུ་མེད་ན་མེད་པར་ངེས་པའི་སྟོབས་ཀྱིས་འགྲུབ་ལ། ཕྱོགས་ཆོས་ཀྱི་ཟུར་དང་པོ་ནི། དེ་ལྟར་སྣང་བའི་བདག་ཆོས་ཅན། ཕུང་བོ་དང་རང་རྐྱ་ཐུབ་པའི་གཅིག་ཏུ་མེད་དེ། ཕུང་བོ་དང་ཐ་དད་དུ་སྣང་བའི་ཕྱིར། ཁྱབ་སྟེ། ཕུང་བོ་དང་རང་རྐྱ་ཐུབ་པའི་གཅིག་ཏུ་ཡོད་ན། དེ་དང་གཅིག་ཡིན་དགོས་ལ། དེ་དང་གཅིག་ཡིན་ན་ཐ་དད་དུ་སྣང་བ་མི་འཐད་པའི་ཕྱིར་རོ། །རྟགས་སྔ་མ་སྒྲུབ་པ་ནི། དེ་ཆོས་ཅན། ཕུང་བོ་དང་ཐ་དད་དུ་སྣང་བ་ཡིན་ཏེ། དེ་དང་རང་རྐྱ་བར་སྣང་བའི་ཕྱིར་རོ། །རྟགས་རྩོད་གཞིའི་སྟེང་དུ་གྲུབ་པོ། ཟུར་ཕྱི་མ་ནི། དེ་ཆོས་ཅན། ཕུང་བོ་དང་རང་རྐྱ་ཐུབ་པའི་ཐ་དད་དུ་མེད་དེ། ཕུང་བོ་ལས་དོན་གཞན་དུ་མེད་པའི་ཕྱིར། ཁྱབ་སྟེ། རང་རྐྱ་ཐུབ་པའི་ཐ་དད་དུ་ཡོད་ན། ཕུང་བོ་ལ་མ་བལྟོས་པར་ཡོད་དགོས་པའི་ཕྱིར་རོ། །ཕྱོགས་ཆོས་ཀྱི་ཟུར་སྔ་མའི་རྟགས་ནི། འགལ་ཟླ་དམིགས་པའི་རྟགས་ཡིན་ལ། ཕྱི་མ་འདི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡིན་ནོ། །གོང་གི་རྟགས་ཕྱི་མ་དེ་སྒྲུབ་པ་ནི། དེ་ཆོས་ཅན། ཕུང་བོ་ལས་དོན་གཞན་དུ་མེད་དེ། ཕུང་བོའི་སྟེང་དུ་བཏགས་ནས་བཞག་པའི་ཕྱིར་རོ། །རང་རྒྱུད་པ་མན་ཆད་ཀྱི་རང་སྡེས་དེ་འདྲའི་བདག་མེད་དེ་རྟོགས་ཤིང་གོམས་པར་བྱས་པ་ཉིད་ཀྱིས་བདག་འཛིན་སྤངས་ཏེ་ཐར་བ་ཐོབ་ནུས་པར་བཞེད་ཅིང་། སོ་སྐྱེའི་རྒྱུད་ཀྱི་དེ་འདྲའི་བདག་འཛིན་ལྷན་སྐྱེས་དེ་འཁོར་བའི་རྩ་བར་ཡང་བཞེད་དོ། །གསུམ་པ་ནི། སེམས་ཙམ་པའི་ལུགས་ཀྱི་གང་ཟག་གི་བདག་མེད་ནི་སྔར་བཤད་ཟིན་པ་ལྟར་ཡིན་ལ། ཆོས་ཀྱི་བདག་མེད་འཇོག་ཚུལ་ནི་གཉིས་ཏེ། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་། གཟུགས་སྒྲ་སོགས་ཕྱི་དོན་གྱིས་སྟོང་བའོ། །དེ་གཉིས་ཀའང་འཁོར་ལོ་བར་པའི་བསྟན་དོན་ཡིན་པར་འཁོར་ལོ་ཐ་མས་བསྒྲུབ་པར་འདོད་ལ། དགོངས་འགྲེལ། བྱང་ས། ཐེག་བསྡུས། བསྡུ་བ་སོགས་ནས་བཤད་པའི་དོན་རྗེ་ཉིད་ཀྱིས་ལེགས་བཤད་སྙིང་བོ་ལས་གཏན་ལ་ཕབ་པ་ལྟར། མཁས་གྲུབ་རིན་པོ་ཆེས་སྟོང་ཐུན་ནས་རྒྱས་པར་བཤད་པའི་སྙིང་བོ་བསྡུ་ན་འདི་ལྟར་ཡིན་ཏེ། ཉན་ཐོས་སྡེ་གཉིས་ཀྱིས་གཟུགས་སོགས་ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་ཀྱི་གཞིར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་པར་འདོད་ལ། དེ་འདྲའི་ཀུན་བཏགས་ནི། སྔོན་པོ་སོགས་ལ་འདི་ནི་གཟུགས་སོ་ཞེས་བཏགས་པ་ནི་ངོ་བོ་དང་། འདི་ནི་གཟུགས་ཀྱི་སྐྱེ་བའོ་འགག་པའོ་ཞེས་སོགས་སུ་བཏགས་པ་ནི་ཁྱད་པར་དུ་བཏགས་པ་ཡིན་ལ། སྔོན་པོ་སོགས་ངོ་བོ་དང་ཁྱད་པར་དེ་ཙམ་དུ་ཡོད་པས་མི་འགོག་ཅིང་དེར་རང་གི་མཚན་ཉིད་ཀྱིས་གྲུབ་པ་འགོག་པ་ཡིན་ནོ། །དེ་ཡང་གཟུགས་སོགས་ངོ་བོ་དང་ཁྱད་པར་གྱི་ཐ་སྙད་ཀྱི་གཞི་ཡིན་པ་ནི། མིང་བརྡས་བཞག་པ་ཙམ་ཡིན་ཀྱང་ཡོད་ལ། དེར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་མེད་པས་དེ་ལྟར་སྣང་བ་ལྟར་གྲུབ་པ་ཁེགས་དགོས་སོ། །དེ་ལ་གཟུགས་སོགས་ངོ་བོ་ད ང་ཁྱད་པར་གྱི་ཐ་སྙད་ཀྱི་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྟོགས་པ་ལ་སྣང་བའི་སྣང་བ་ཙམ་ནི། རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྒྲོ་བཏགས་སུ་མདོ་སྡེ་པས་ཀྱང་གྲུབ་ཅིང་། རྟོག་པ་དེ་འཁྲུལ་ཤེས་སུའང་དེས་གྲུབ་པས་སྣང་བ་དེ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཙམ་ཆོས་ཀྱི་བདག་མེད་ཕྲ་མོ་མིན་ནོ། །འོ་ན་ཅི་ཞེ་ན། འདིར་ནི་མདོ་སྡེ་བས་བག་ཆགས་བརྟན་པ་ལས་བྱུང་བའི་མིག་གི་རྣམ་ཤེས་སོགས་དབང་ཤེས་རྣམས་ནི་རང་གི་སྣང་ཡུལ་ལ་མ་འཁྲུལ་བར་འདོད་ཅིང་། དབང་ཤེས་དེ་རྣམས་ལ་ཡུལ་གཟུགས་སོགས་རྣམས་ངོ་བོ་དང་ཁྱད་པར་གྱི་ཐ་སྙད་བཏགས་པའི་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ཞིང་སྣང་བ་ལྟར་གྲུབ་པར་འདོད་པས། དེར་གྲུབ་པ་བཀག་ནས་བཀག་པ་དེ་ཆོས་ཀྱི་བདག་མེད་དུ་འཇོག་གོ དེ་ཡང་རྣམ་རིག་པའི་སྐབས་འདིར་བརྡ་བྱང་གི་སྐྱེས་བུས་སྔོན་པོ་མཐོང་བའི་ཚེ། མིག་ཤེས་དེ་ལ་སྔོན་པོ་སྔོན་པོར་སྣང་བ་དང་། སྔོན་པོ་ཕྱི་རོལ་དོན་དུ་སྣང་བ་དང་། སྔོན་པོ་འདི་ནི་གཟུགས་སོ་འདི་ནི་གཟུགས་ཀྱི་སྐྱེ་བའོ་ཞེས་སོགས་ཀྱི་ཐ་སྙད་འཇུག་པའི་འཇུག་གཞིར་གྱུར་བའི་སྔོན་པོར་སྣང་བའི་སྣང་ཚུལ་གསུམ་ཡོད་དོ། །དེའི་རྒྱུ་མཚན་ནི། མིག་ཤེས་ལ་སྔོན་པོ་ཚུལ་ཇི་ལྟར་སྣང་བའི་སྣང་བ་དེ་ཉིད་དྲན་པའི་ཡུལ་དུ་བྱས་ནས་དེ་ལ་ཞེན་ཏེ་འདི་ནི་སྔོན་པོའོ་འདི་སྔོན་པོའི་སྐྱེ་བའོ་ཞེས་སོགས་ཀྱི་ཐ་སྙད་བྱེད་པའི་རྟོག་པ་སྔོན་འཛིན་མིག་ཤེས་དེས་རང་སྟོབས་ཀྱིས་འདྲེན་ཅིང་། སྔོན་པོའོ་ཞེས་བརྗོད་པའི་དོན་དེའི་ངོ་བོ་གང་ཡིན་དྲིས་ན། སྔོན་འཛིན་མིག་ཤེས་ལ་སྔོན་པོ་ཇི་ལྟར་སྣང་བའི་སྣང་བ་དེ་ཉིད་ལ་ཞེན་ནས་དེའི་ངོ་བོ་གཟུགས་ཡིན་ནོ་ཞེས་ལན་འདེབས་པའི་ཀུན་སློང་གི་རྟོག་པ་མིག་ཤེས་དེའི་སྟོབས་ཀྱིས་འདྲེན་ནུས་པས་སོ། །དེས་ན་སྔོན་འཛིན་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་བའི་ཚེ་མིང་བརྡའ་བཞག་ཙམ་མ་ཡིན་པར་རང་གི་གནས་ཚུལ་གྱི་ངོས་ནས་གྲུབ་པར་སྣང་བའི་སྣང་ཚུལ་ཡོད་པར་ཤེས་པས། མིག་ཤེས་ཀྱི་ངོ་བོར་སྔོན་པོ་སྔོན་པོ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བའི་དོན་ནི་དེ་ཡིན་ནོ། །དེ་ལྟར་ནའང་རྟོགས་དཀའ་བའི་གནས་ཡིན་པས་བློ་ནང་དུ་ཕྱོགས་པའི་རྣམ་དཔྱོད་ཅན་དག་གིས་རྟོགས་ནུས་ཀྱི། གཞན་ནི་ཚིག་ཙམ་ལའང་འཁྲུལ་བར་འགྱུར་རོ། །དེའི་ཕྱིར་རྣམ་རིག་པས་སོ་སྐྱེའི་རྒྱུད་ཀྱི་སྔོན་འཛིན་དབང་བོའི་མངོན་སུམ་ཡང་རང་གི་སྣང་ཡུལ་ལ་འཁྲུལ་བར་འདོད་ཅིང་། དེས་དྲངས་ནས་སྐྱེས་པའི་རྟོག་པ་དེ་ཞེན་ཡུལ་ལ་འཁྲུལ་པའི་ཆོས་ཀྱི་བདག་འཛིན་དུ་འདོད་དོ། །དོན་སྨྲ་སྡེ་གཉིས་ཀྱིས་སྔོན་པོ་ལ་སྔོན་པོའོ་ཞེས་བརྗོད་པའི་སྒྲའི་བརྗོད་བྱའི་རང་ལྡོག་རྟོག་བཏགས་ཡིན་པས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅེས་འདོད་ཀྱང་། སྔོན་པོ་སྔོན་པོ་ཞེས་པའི་སྒྲ་འཇུག་པའི་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པས་རྣམ་རིག་པ་དང་མི་འདྲ་བའི་ཁྱད་པར་ཆེའོ། །དེ་གཉིས་ཀྱི་ཁྱད་པར་སླར་གོ་བདེ་བར་བརྗོད་ན། འདིར་རྣམ་རིག་པ་དང་དོན་སྨྲ་སྡེ་གཉིས་ཀྱི་འདོད་ཚུལ་ལ་ཁྱད་པར་ཡོད་པར་ཐལ། རྣམ་རིག་པའི་སྐབས་འདིར་གཟུགས་སོགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་པ་ནི་རྟོག་པའི་ཞེན་གཞིའི་རང་ལྡོག་ཙམ་ལ་མི་བྱེད་ཀྱི། དེའི་གཞི་ལྡོག་བག་ཆགས་བརྟན་བྱུང་གི་དབང་ཤེས་ལ་གཟུགས་སོགས་ཀྱི་ཐ་སྙད་གང་ལ་འཇུག་པའི་གཞིར་སྣང་བའི་སྣང་ཚུལ་ལྟར་གྱི་དོན་ལ་འདོད་ཅིང་། སྣང་བ་ལྟར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་ལ། མདོ་སྡེ་བས་ནི་སྔོན་པོ་ལ་གཟུགས་སོ་ཞེས་པའི་སྒྲའི་བརྗོད་བྱའི་ཆ་ལྟ་བུ་རང་གིས་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་ཀྱང་། བཤད་མ་ཐག་པའི་སྣང་ཚུལ་ལྟར་རང་གིས་མཚན་ཉིད་ཀྱིས་གྲུབ་པར་འདོད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་ཡོད་དེ། མདོ་སྡེ་པས་ནི་དབང་ཤེས་དོན་མཐུན་ལ་དེ་ལྟར་ཤར་བ་དེ་དངོས་པོའི་གནས་ཚོད་ཀྱིས་ཤར་བར་འདོད་ལ། རྣམ་རིག་པས་ནི་མིག་ཤེས་སོགས་ལ་དེ་ལྟར་སྣང་བ་དེ་རང་གི་གནས་ཚད་ཀྱི་དབང་གིས་ཤར་བ་མིན་གྱི། མ་རིག་བག་ཆགས་ཀྱི་དབང་གིས་ཤར་བར་མ་ཟད། ཐོག་མ་མེད་པ་ནས་འདི་ནི་གཟུགས་སོ། །འདི་ནི་གཟུགས་ཀྱི་སྐྱེ་བ་དང་འཇིག་པའོ་ཞེས་སོགས་ངོ་བོ་དང་ཁྱད་པར་དུ་འདོགས་པའི་ཐ་སྙད་ཡང་ཡང་གོམས་པའི་བག་ཆགས་ཀྱི་དབང་གིས་ཤར་བར་འདོད་པའི་ཕྱིར་རོ། །བག་ཆགས་དེ་ལ་ནི་མངོན་པར་བརྗོད་པའི་བག་ཆགས་ཞེས་བྱའོ། །དེས་ན། བག་ཆགས་བརྟན་བྱུང་གི་དབང་ཤེས་གཅིག་ལའང་སྔོན་པོ་སྣང་བའི་ཚེ། སྔོན་པོ་སྔོན་པོར་སྣང་བ་དང་། སྔོན་པོ་ཕྱི་རོལ་དོན་དུ་སྣང་བ་དང་། སྔོན་པོ་སྔོན་པོ་ཞེས་པའི་ཐ་སྙད་འཇུག་པའི་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་གསུམ་དང་དེས་དྲངས་པའི་རྟོག་པའང་གསུམ་ཡོད་པ་ལས། སྔ་མ་ནི་རིགས་མཐུན་པའི་བག་ཆགས་ཀྱིས་སྣང་བ་ཡིན་པས་མི་འགོག་ཅིང་། ཕྱི་མ་གཉིས་སུ་སྣང་བ་ལྟར་གྲུབ་པ་འགོག་པ་ཡིན་ཏེ་འཆད་པར་འགྱུར་རོ། །དེ་ཡང་། ཐེག་བསྡུས་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་འདྲེས་ཕྱིར། །དེ་ཡི་བདག་ཉིད་བདག་མང་དང་། །བདག་འདྲེས་འགལ་བས་གྲུབ་པར་འགྱུར། །ཞེས་རིགས་པ་གསུམ་བསྟན་པའི་དང་པོ་ནི། ལྟོ་ལྡིར་བ་སོགས་ལ་རང་རང་གི་མིང་འཇུག་པ་དེ་རང་གི་གནས་ཚོད་ཀྱིས་དབང་གིས་འཇུག་ཅིང་འཇུག་གཞི་དེར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་ན། ལྟོ་ལྡིར་བ་ཆོས་ཅན། ཁྱོད་ལ་བུམ་པ་ཞེས་པའི་ཐ་སྙད་འཇུག་པ་དེ་བརྡ་ལ་མི་བལྟོས་པར་ཐལ། ཁྱོད་བུམ་པའོ་ཞེས་བརྗོད་པའི་ཐ་སྙད་ཀྱི་གཞིར་དངོས་པོའི་གནས་ཚོད་ཀྱི་ངོས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། འདོད་ན། ལྟོ་ལྡིར་བ་ལ་བུམ་པའོ་སྙམ་པའི་བློ་སྐྱེ་བ་དེ་བརྡ་ལ་མི་བལྟོས་པར་སྐྱེ་བར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ལྟོ་ལྡིར་བ་ལ་བུམ་པའོ། །ཞེས་མིང་མ་བཏགས་པའི་སྔ་རོལ་ནས་ལྟོ་ལྡིར་བ་མཐོང་ཙམ་ཉིད་ནས་ཀྱང་འདི་ནི་བུམ་པའོ་སྙམ་པའི་བློ་སྐྱེ་བར་ཐལ་ལོ། །དེས་ན། ལྟོ་ལྡིར་བ་ཆོས་ཅན། ཁྱོད་བུམ་པའོ་ཞེས་བརྗོད་པའི་ཐ་སྙད་ཀྱི་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་སྟེ། ཁྱོད་ལ་བུམ་པའོ་ཞེས་མིང་མ་བཏགས་པའི་གོང་རོལ་ནས་དེའོ་སྙམ་པའི་བློ་སྐྱེ་བ་མེད་པའི་ཕྱིར་རོ། །རིགས་པ་གཉིས་པ་ནི། སྐྱེས་བུ་གཅིག་ལ་དབང་བོ་དང་བརྒྱ་བྱིན་དང་མིག་སྟོང་ཅན་སོགས་མིང་མི་འདྲ་བ་དུ་མ་བཏགས་པའི་ཚེ་མིང་དེ་དག་སྐྱེས་བུ་དེ་ལ་དངོས་པོའི་དབང་གིས་འཇུག་པར་ཐལ། དོན་དེ་མིང་དེ་དག་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། འདོད་ན། མིང་དུ་མ་ཡིན་པ་ལྟར་འཇུག་གཞིའི་དོན་ཡང་དུ་མ་ཡིན་པར་ཐལ་ལོ། །དེ་ལྟར་ཐལ་བ་ལས། དོན་གཅིག་མིང་དུ་མའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་སྟེ། དོན་གཅིག་པོ་དེ་དུ་མར་མི་འགྱུར་བའི་ཕྱིར་རོ། །རིགས་པ་གསུམ་པ་ནི། སྐྱེས་བུ་མི་འདྲ་བ་གཉིས་ལ་བཀྲ་ཤིས་ཞེས་མིང་འདྲ་བ་གཅིག་བཏགས་པའི་ཚེ་མིང་དེ་དོན་དེ་གཉིས་ལ་དངོས་དབང་གིས་འཇུག་པར་ཐལ། དོན་མི་འདྲ་བ་གཉིས་པོ་དེ་མིང་གཅིག་པོ་འཇུག་པའི་འཇུག་གཞིར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་པའི་ཕྱིར། འདོད་ན། མིང་གཅིག་པ་ལྟར་དོན་གཉིས་ཀྱང་གཅིག་ཏུ་ཐལ་ལོ། །དེ་ལྟར་ཐལ་བ་ལས་དོན་གཉིས་པོ་དེ་ཆོས་ཅན། མིང་གཉིས་པོ་དེ་འཇུག་པའི་འཇུག་གཞིར་རང་གིས་མཚན་ཉིད་ཀྱིས་མ་གྲུབ་སྟེ། ཁྱོད་མི་འདྲ་བའི་ཐ་དད་ཡིན་པའི་ཕྱིར་རོ། །འོན་ཀྱང་། མདོ་སྡེ་བ་ལྟར་ན་བུམ་པ་ཞེས་པའི་བརྡའི་དངོས་ཀྱི་བརྗོད་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་ན། བུམ་པའོ་སྙམ་པའི་བློ་སྐྱེ་བ་དེ་བརྡ་འབྲེལ་བྱས་པ་ལ་མི་བལྟོས་པའི་སྐྱོན་ཡོད་ཀྱང་། དབང་ཤེས་ལ་ལྟོ་ལྡིར་བ་དེ་བུམ་པའི་མིང་འཇུག་པའི་གཞིར་སྣང་ཚུལ་ལྟར་རང་གིས་མཚན་ཉིད་ཀྱིས་གྲུབ་པ་ལ་དེ་ལྟ་བུའི་སྐྱོན་མེད་ཅེས་སྨྲ་ཡང་། རྣམ་རིག་པས་དེ་འདྲའི་ཁྱད་པར་དབྱེ་མི་ནུས་པར་རིགས་པས་འཕུལ་ནས་འགོག་པ་ཡིན་ནོ། །བྱང་ས་དང་བསྡུ་བ་གཉིས་ལས་ཀྱང་དེ་འདྲའི་རིགས་པ་བཤད་དེ། ཆོས་གཞན་ལའང་སྦྱར་བར་བྱའོ། །འོ་ན། རིགས་པ་དེ་དག་གིས་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་རྟོགས་ནུས་ཀྱང་། གཟུགས་སོགས་ཕྱི་རོལ་དོན་གྱིས་སྟོང་བ་ཇི་ལྟར་རྟོགས་ནུས་ཞེ་ན། ནུས་ཏེ། བཤད་མ་ཐག་པ་ལྟར་གཟུགས་སོགས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁེགས་པ་ན། དེའི་ཚེ་སྣང་བ་ལྟར་ཞེན་པའི་རྟོག་པ་དེ་ཞེན་ཡུལ་ལ་འཁྲུལ་བར་འགྲུབ་ལ། དེ་གྲུབ་པའི་སྟོབས་ཀྱིས་དེ་ལྟར་སྣང་བའི་དབང་ཤེས་རྣམས་ཀྱང་རང་གི་སྣང་ཡུལ་ལ་འཁྲུལ་བར་འགྲུབ། དེ་གྲུབ་ན་དབང་ཤེས་ལ་སྔོན་པོ་སོགས་ཀྱི་རྣམ་པ་ཤར་བ་དེ། ཕྱི་རོལ་དོན་གྱིས་རང་འདྲའི་རྣམ་པ་ཚུར་གཏད་ནས་ཤར་བ་མ་ཡིན་གྱི། རང་སྣང་མཁན་གྱི་དབང་ཤེས་རྣམས་སྔོ་སོགས་དེ་དང་དེའི་བདག་ཉིད་དུ་སྐྱེས་པར་རྟོགས་པས། སྔོ་སོགས་རང་སྣང་མཁན་གྱི་ཤེས་པ་དང་རྫས་གཅིག་དུ་གྲུབ་པོ། དེ་གྲུབ་ན། སྔོ་སོགས་རང་སྣང་བའི་ཤེས་པ་ལས་རྫས་ཐ་དད་ཀྱིས་སྟོང་བར་འགྲུབ་པའི་ཕྱིར་ན་ཕྱི་རོལ་གྱི་དོན་མེད་པར་ཁོང་དུ་ཆུད་པར་འགྱུར་བ་ཡིན་ནོ། །གཞན་ཡང་དབང་ཤེས་ལ་ལྟོས་པའི་ཕྱི་དོན་འགོག་པ་ལ། ཕྱི་རོལ་གྱི་དོན་ཞེས་པ་དེ་ཇི་ལྟ་བུ་ཞེ་ན། འདི་ལ་ཐོག་མར་དོན་སྨྲ་སྡེ་གཉིས་ཀྱིས་ཕྱི་དོན་འདོད་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། སྤྱིར་དེ་གཉིས་ཀྱིས་གཟུགས་འཛིན་པའི་སྐྱེས་བུ་ལ་གཟུགས་རྒྱངས་ཆད་ཀྱི་ཚུལ་དུ་སྣང་བ་ལྟར་གྲུབ་པས་ཕྱི་དོན་ཡོད་ཅེས་འདོད་ལ། ཁྱད་པར་བྱེ་བྲག་སྨྲ་བས་དེ་ལྟར་སྣང་བའི་སྔོན་པོ་ལྟ་བུ་མིག་དབང་གིས་རྣམ་མེད་ཐུག་ཕྲད་དུ་འཛིན་པར་འདོད་ཅིང་། མདོ་སྡེ་པས་མིག་ཤེས་ལ་དེ་འདྲའི་རྣམ་པ་ཤར་བའི་སྒོ་ནས་འཛིན་པར་འདོད་དོ། །དེ་ཡང་རྡུལ་ཕྲན་དབང་ཤེས་ཀྱི་ཡུལ་མིན་པས། རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་དེ་ཕྱི་རོལ་གྱི་དོན་དུ་འདོད་དོ། །ཐལ་འགྱུར་བས་ཕྱི་དོན་འདོད་ཀྱང་བཤད་པ་ཐག་པའི་ཕྱི་དོན་མི་འདོད་པས། ཕྱི་དོན་འགོག་པའི་རིགས་པས་རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་ཕྱི་རོལ་གྱི་དོན་ཡིན་པ་ཁེགས་ཀྱང་། སྤྱིར་ཕྱི་དོན་ཁེགས་པར་མི་བཞེད་དོ། །མདོ་སྡེ་བས་སྔོན་པོ་དང་སྔོན་འཛིན་དབང་ཤེས་གཉིས་རྒྱངས་ཆད་དུ་སྣང་བ་ལྟར་གྲུབ་པར་འདོད་ཅིང་དེ་ལྟར་སྣང་བ་དེ། ཡུལ་གྱི་ངོས་ནས་རང་འདྲའི་རྣམ་པ་ཚུར་གཏད་ནས་ཤར་བའི་ཕྱི་དོན་ཡིན་པར་འདོད་དོ། །རང་རྒྱུད་པ་དང་སེམས་ཙམ་པ་གཉིས་ཀྱི་ལུགས་ལ་ཕྱི་རོལ་གྱི་དོན་མེད་པས། དེ་གཉིས་ཀྱིས་ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་དབང་ཤེས་ལ་སྔོན་པོ་རྒྱངས་ཆད་དུ་སྣང་བ་ལྟར་མ་གྲུབ་པར་འདོད་དེ། དེའི་རྒྱུ་མཚན་ཡང་། སྔོན་འཛིན་དབང་ཤེས་ལ་སྔོན་པོ་རྒྱངས་ཆད་ཀྱི་ཚུལ་དུ་སྣང་བའི་སྒོ་ནས་དེའི་རྣམ་པར་ཤར་བ་ནི། ཐོག་མ་མེད་པ་ནས་གོམས་པའི་མངོན་པར་བརྗོད་པའི་བག་ཆགས་ཀྱི་དབང་གིས་ཤར་བ་ཙམ་ཡིན་གྱི། ཡུལ་གྱིས་ཚུར་བཞག་པའི་རྣམ་པ་མ་ཡིན་ཏེ། ཡིན་ན། རིགས་པས་གནོད་པའི་ཕྱིར། གནོད་ཚུལ་ནི་འཆད་པར་འགྱུར་རོ། །སྔོན་འཛིན་དབང་ཤེས་ལ་སྔོན་པོ་སྣང་བའི་ཚེ་སྔོན་པོ་དེ་ནང་ཤེས་པའི་བདག་ཉིད་ཡིན་གྱི་ཕྱི་རོལ་གྱི་དོན་མིན་ལ། དེ་རང་འཛིན་ཤེས་པའི་བདག་ཉིད་ཡིན་ཀྱང་ཤེས་པ་མིན་པས། ཕྱི་དོན་མེད་ཀྱང་གཟུགས་སྒྲ་དྲི་སོགས་ཡོད་དོ། །ཚུལ་འདི་ངེས་དཀའ་བ་ཡིན་ཏེ། སྔོན་གྱི་རྣམ་རིག་པའི་ལུགས་འཛིན་པའི་མཁས་པ་མང་བོས་ཀྱང་སེམས་ཙམ་པའི་ལུགས་ལ་གཟུགས་སྒྲ་སོགས་རང་འཛིན་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་ཤེས་པ་ཡིན་ཞེས་འདོད་ལ། ཁ་ཅིག་འདི་བའི་ལུགས་ལ་གཟུགས་སྒྲ་སོགས་ཁས་མི་ལེན་ཅེས་ཟེར་འབྱུང་ངོ་། །ཕྱི་དོན་འགོག་ཚུལ་ལ་རིགས་པ་མང་ཡང་། གཙོ་བོ་འགའ་ཞིག་བརྗོད་ན། མདོ་སྡེ་པས་འདོད་པ་ལྟར་གྱི་ཕྱི་དོན་མེད་དེ། རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་མེད་པའི་ཕྱིར། དེར་ཐལ། རྡུལ་ཕྲན་ཆ་མེད་མེད་པའི་ཕྱིར། དེར་ཐལ། རྡུལ་ཡིན་ན། ཆ་བཅས་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན། ཕྱོགས་ཆ་ཡོད་དགོས་པའི་ཕྱིར་ཏེ། དེ་ཡིན་ན། གོ་ས་མནོན་ནུས་སུ་ཡོད་དགོས་ལ། དེ་ལྟ་ན་ཕྱོགས་ཆ་དང་བཅས་པར་འགྲུབ་པའི་ཕྱིར། ཆ་མེད་འགོག་ཚུལ་འོག་ཏུ་འཆད་པར་འགྱུར་རོ། །གཞན་ཡང་། ཕྱི་རོལ་གྱི་དོན་མེད་དེ། སྔོན་འཛིན་དབང་བོའི་མངོན་སུམ་ལ་སྔོན་པོ་རྒྱངས་ཆད་དུ་སྣང་བ་ལྟར་མ་གྲུབ་པའི་ཕྱིར། དེར་ཐལ། དེ་ལ་སྔོན་པོའི་རྣམ་པ་ཤར་བ་དེ། ཡུལ་གྱི་ངོས་ནས་ཚུར་གཏད་ནས་ཤར་བ་མ་ཡིན་གྱི། ཤེས་ངོར་བག་ཆགས་ཀྱི་དབང་གིས་ཤར་བ་ཡིན་པའི་ཕྱིར། གལ་ཏེ་ཡུལ་གྱིས་རང་འདྲའི་རྣམ་པ་ཚུར་གཏད་ནས་ཤར་བ་ཡིན་ན། སྐྱེས་བུ་གཅིག་གི་གཟུགས་ལ་དགྲ་གཉེན་གཉིས་ཀྱིས་བལྟས་པའི་ཚེ། སྐྱེས་བུ་དེའི་གཟུགས་ཡིད་དུ་འོང་མི་འོང་གཉིས་ཀའི་བདག་ཉིད་ཡིན་པར་ཐལ། དེའི་ཚེ་ཤེས་པ་གཉིས་ལ་ཡིད་དུ་འོང་མི་འོང་གི་རྣམ་པ་གཉིས་ཤར་བ་གང་ཞིག །དེ་ཡུལ་རང་ངོས་ནས་ཚུར་གཏད་པའི་རྣམ་པ་ཡིན་པའི་ཕྱིར་རོ། །རྟགས་ཕྱི་མ་ལས། འདོད་མི་ནུས་སོ། །གཞན་ཡང་། དགྲའི་ཕྱོགས་ཕམ་མོ་ཞེས་པའི་གཏམ་བརྗོད་པ་དེ། དགྲ་གཉེན་བར་མ་གསུམ་གྱིས་ཐོས་པའི་ཚེ། གཏམ་དེ་འདོད་མི་འདོད་བར་མ་གསུམ་ཀ་ཡིན་པར་ཐལ། དེའི་ཚེ་དེ་གསུམ་ཀ་ལ་གཏམ་དེ་འདོད་མི་འདོད་བར་མ་གསུམ་མམ་སྙན་མི་སྙན་བར་མ་གསུམ་གྱི་རྣམ་པ་སོ་སོར་ཤར་བ་གང་ཞིག །ད་ལྟར་ཤར་བ་དེ་ནང་གི་བློའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་གྱི་རང་ངོས་ནས་ཚུར་གཏད་པའི་རྣམ་པ་ཡིན་པའི་ཕྱིར། རྟགས་ཕྱི་མ་ལས། དེ་ནི་རྣམ་འགྲེལ་ལས། ངེས་པའི་བདག་ཉིད་རང་ངོ་བོས། མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་སོགས་གསུངས་པའི་རིགས་པའོ། །གཞན་ཡང་། མིག་ཤེས་ལ་སྔོན་པོའི་རྣམ་པ་ཤར་བ་དེ་ཕྱི་རོལ་དོན་གྱིས་གཏད་པའི་རྣམ་པ་མ་ཡིན་ཏེ་ཡིན་ན། ཆུ་ཕོར་གང་ལ་ལས་ཅན་གྱི་ལྷ་མི་ཡི་དྭགས་གསུམ་གྱིས་ཅིག་ཅར་དུ་བལྟས་པའི་ཚེ། ཆུ་དེ་ལྷ་ལ་བདུད་རྩི་མི་ལ་ཆུ་ཡི་དྭགས་ལ་རྣག་ཁྲག་ཏུ་སྣང་བ་ན། ཆུ་དེ་ཉིད་དངོས་པོ་དེ་གསུམ་ཀའི་གཞི་མཐུན་ཡིན་པར་ཐལ། འདོད་པ་དེའི་ཕྱིར། དེ་ནི་ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་པའི་རིགས་པའོ། །གཞན་ཡང་། ཕྱི་རོལ་གྱི་དོན་མེད་དེ། གཟུགས་འཛིན་མིག་ཤེས་སོགས་ལ་རང་ཡུལ་གྱི་རྣམ་པ་སྣ་ཚོགས་པ་དེ་དང་དེར་སྣང་བ་ནི། ཤེས་པ་རྣམས་དེ་དང་དེའི་རྣམ་པ་ཅན་དུ་སྐྱེས་པ་ཙམ་ཡིན་པའི་ཕྱིར། དེར་ཐལ། ལངྐར་གཤེགས་པ་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། ཕྱི་རོལ་གྱི་དོན་མེད་དེ། སྔོན་འཛིན་མིག་གི་རྣམ་ཤེས་དང་། སྔོན་པོ་གཉིས་རྫས་གཞན་མ་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་རྫས་གཅིག་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དེར་ཐལ། ལྷན་ཅིག་དམིགས་ངེས་དེ། སྔོན་པོ་དང་སྔོན་འཛིན་ཚད་མ་རྫས་གཞན་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེ་ཡང་སྔོན་པོ་ཆོས་ཅན། སྔོན་འཛིན་ཚད་མ་དང་རྫས་གཞན་མ་ཡིན་ཏེ། དེ་དང་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དཔེར་ན། བྱས་པ་དང་མི་རྟག་པ་བཞིན་ཞེས་པ་སྟེ། རྟགས་དེའི་དོན་ངེས་དཀའ་བས་བཞེད་པ་མི་མཐུན་པ་མང་དུ་སྣང་ཡང་། མཁས་གྲུབ་རིན་པོ་ཆེས་བཤད་པ་ལྟར། འདིར་ལྷན་ཅིག་ནི་ཡུལ་དུས་གཅིག་པ་དང་། དམིགས་པ་ནི་ཚད་མས་དམིགས་པ་དང་། ངེས་པ་ནི་ཁྱབ་པའི་དོན་ཡིན་ནོ། །དེས་ན་སྐབས་འདིར་ནི་སྔོན་འཛིན་ཚད་མས་སྔོན་པོ་ནམ་དམིགས་པའི་ཚེ། སྔོན་འཛིན་ཚད་མ་ཡང་རང་མྱོང་བའི་རང་རིག་གིས་དམིགས་པས་ཁྱབ་ལ། སྔོན་འཛིན་ཚད་མ་དེ་རང་མྱོང་བའི་རང་རིག་གིས་ནམ་དམིགས་པའི་ཚེ་སྔོན་པོ་ཡང་སྔོན་འཛིན་ཚད་མས་དམིགས་པས་ཁྱབ་པའོ། །དེའི་ཚེ་དེ་གཉིས་རྫས་གཅིག་ཡིན་ལ། སྔོན་འཛིན་ཚད་མ་ལ་སྔོན་པོ་རྒྱངས་ཆད་ཀྱི་ཚུལ་དུ་སྣང་བ་ལྟར་གྲུབ་ན། དེ་གཉིས་རྫས་ཐ་དད་ཡིན་པར་འགྱུར་བས་ལྷན་ཅིག་དམིགས་མ་ཡིན་པར་འགྱུར་རོ། །ཕྱི་དོན་མེད་ན། འོ་ན། རང་ཅག་རྣམས་ཀྱི་དབང་བོའི་མངོན་སུམ་ལ་གཟུགས་སྒྲ་སོགས་རྒྱངས་ཆད་ཀྱི་ཚུལ་གྱིས་གཟུགས་འཛིན་རྫས་ཐ་དད་པར་ཕྱི་རོལ་དོན་དུ་སྣང་བ་འདི་ཅི་ཡིན་ཞེ་ན། རྣམ་རིག་པས་དེ་ནི། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ཕྱི་རོལ་དོན་སྣང་གི་བག་ཆགས་བཞག་པ་སྨིན་པའི་སྣང་བ་ཡིན་ཞེས་བཞེད་ལ། དེ་ཡང་ཐོག་མེད་ནས་གོམས་པའི་བག་ཆགས་ཀྱི་དབང་གིས་ཀུན་རྟོག་ལ་དེ་ལྟར་དུ་སྣང་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཇི་ལྟར་ཚུལ་བཞིན་བྲིས་པའི་རི་མོ་ལ། །མཐོ་དམན་མེད་ཀྱང་སྣང་བའི་ཚུལ་དེ་ལྟར། །ཡང་དག་མ་ཡིན་རྟོག་ལ་རྣམ་ཀུན་ཏུ། །གཉིས་པོ་མེད་ཀྱང་རྟག་ཏུ་སྣང་བར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །འདིར་ཕྱི་དོན་མེད་ཀྱང་བྱ་བྱེད་འཐད་ཚུལ་རྒྱས་པར་འཆད་དགོས་ལ་ཡོད་ནའང་མང་དུ་འགྱུར་དོགས་པས། རྣམ་རིག་པའི་ལུགས་རྟོགས་ནུས་པའི་ཤེས་རབ་ཅན་ཡིན་ན། སྔར་བཤད་པ་དེ་དག་གི་དོན་ལེགས་པར་ཤེས་པར་བྱའོ། །སེམས་ཙམ་པས་རིགས་པས་བསྒྲུབས་པའི་ཕྱི་རོལ་དོན་གྱིས་སྟོང་བའི་སྟོང་ཉིད་དེ། ཐལ་རང་གཉིས་དང་སྔགས་ཀྱི་སྐབས་སུའང་ཁས་ལེན་དགོས་པར་རྗེ་ཡབ་སྲས་ཀྱིས་བཤད་དོ། །བླ་མེད་ཀྱི་སྐབས་སུ་ཡང་ཁས་ལེན་པ་ཡིན་ཏེ། གསང་འདུས་རྩ་རྒྱུད་ལས། གཟུང་དང་འཛིན་པ་རྣམ་སྤངས་པ། །ཞེས་པའི་སྐབས་སུ་བཤད་ཅིང་། །རིམ་ལྔ་གསལ་སྒྲོན་ལས་ཀྱང་། །བདེ་སྟོང་སྦྱོར་བ་ལ་ཐ་ནའང་རྣམ་པར་རིག་པ་ཙམ་གྱི་ལུགས་ཀྱི་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པའི་སྟོང་ཉིད་ཙམ་ཞིག་ལ་ངེས་པ་ལེགས་པར་རྙེད་དགོས་ཏེ། ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ལ་གཉིས། དབུ་མ་རང་རྒྱུད་པ་དང་། ཐལ་འགྱུར་བའི་ལུགས་སོ། །དང་པོ་ལ། འདི་བའི་ལུགས་ཀྱི་གང་ཟག་གི་བདག་མེད་ཇི་ལྟར་ཡིན་པ་ནི་སྔར་བཤད་ཟིན་ལ། ཆོས་ཀྱི་བདག་མེད་འཇོག་ཚུལ་ལ། །ཐོག་མར་དགག་བྱ་དང་དེ་འཛིན་པའི་བདེན་འཛིན་ངོས་གཟུང་བར་བྱ་སྟེ། དེ་ཡང་ཐལ་འགྱུར་བས་ནི་སོ་སྐྱེའི་རྒྱུད་ཀྱི་གཟུགས་སྒྲ་སོགས་འཛིན་པའི་གནོད་མེད་ཀྱི་བློ་དོན་མཐུན་རྣམས་ལ་ནི། ཡུལ་གཟུགས་སྒྲ་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ཡང་སྣང་བ་ལྟར་མ་གྲུབ་པས། དེ་རྣམས་སྣང་ཡུལ་ལ་འཁྲུལ་བར་འདོད་ལ། རང་རྒྱུད་པས་ནི། བློ་དེ་རྣམས་ལ་དེ་ལྟར་སྣང་ཞིང་སྣང་བ་ལྟར་གྲུབ་པར་འདོད་པས། སྣང་ཡུལ་ལ་མ་འཁྲུལ་བར་བཞེད་དེ། ཐལ་རང་གཉིས་ཀྱི་དགག་བྱ་ལ་ཕྲ་རགས་ཀྱི་ཁྱད་པར་ཆེའོ། །དེས་ན་འདི་བའི་ལུགས་ལ་ཆོས་ཐམས་ཅད་བློ་དོན་མཐུན་ནམ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་དུ་བཞེད་པས། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་མིན་པར་ཡུལ་རང་གི་སྡོད་ལུགས་ཀྱིས་ངོས་ནས་གྲུབ་པ་ནི་རྟགས་ཀྱི་དགག་བྱ་ཡིན་ལ། དེ་ལྟར་གྲུབ་པ་ཞིག་བྱུང་ན། བདེན་པར་གྲུབ་པ་དོན་དམ་པར་གྲུབ་པ་སོགས་སུ་འགྱུར་བ་ཡིན་པས། དེ་ལྟར་གྲུབ་པར་འཛིན་པ་ནི་བདེན་འཛིན་ལྷན་སྐྱེས་སུ་འདོད་ཅིང་། བདེན་འཛིན་ལ་ཤེས་སྒྲིབ་ཀྱིས་ཁྱབ་པར་བཞེད་དོ། །ཐལ་འགྱུར་བས་ནི། ཆོས་ཐམས་ཅད་མིང་དང་ཐ་སྙད་འདོགས་པའི་བློའི་དབང་ཙམ་གྱིས་འཇོག་ནུས་པར་འདོད་ལ། འདི་བས་དེ་ཙམ་གྱིས་མི་ནུས་ཀྱི། འཕྲལ་གྱི་འཁྲུལ་རྒྱུའི་གནོད་པ་མེད་པའི་དབང་བོའི་ཤེས་པ་སོགས་ལ་སྣང་བའི་དབང་གིས་འཇོག་དགོས་པར་འདོད་པས་འཇོག་ཚུལ་ཁྱད་པར་ཆེའོ། །བློ་ལ་སྣང་བའི་དབང་གིས་འཇོག་ཚུལ་འཇུག་ཊིཀ ། དྲང་ངེས་རྣམ་འབྱེད། སྟོང་ཐུན་གསུམ་གྱི་དགོངས་པ་བསྡུས་ཏེ་དཔེའི་སྟེང་ནས་བཤད་ན། དཔེར་ན། སྒྱུ་མ་མཁན་གྱིས་རྡེའུ་དང་ཤིང་བུ་སོགས་རྟ་གླང་སོགས་སུ་སྤྲུལ་པའི་ཚེ་ན། སྣང་ཚུལ་གསུམ་འབྱུང་བ་ཡོད་དེ། སྒྱུ་མ་མཁན་རང་ཉིད་ལ་གཞི་དེ་རྟ་གླང་དུ་སྣང་བ་ཡོད་ཀྱང་ཞེན་པ་མེད། སྔགས་དང་རྫས་ཀྱིས་མིག་བསླད་པའི་ལྟད་མོ་བ་ལ་དེ་རྟ་གླང་དུ་སྣང་ཞེན་གཉིས་ཀ་ཡོད། མིག་མ་བསླད་པའི་ལྟད་མོ་བ་ཕྱིས་སླེབ་པ་ལ་དེར་སྣང་ཞེན་གཉིས་ཀ་མེད་དོ། །དེའི་ཚེ་སྤྲུལ་གཞི་དེ་རྟ་གླང་སོགས་སུ་སྣང་བ་ཡོད་ཀྱང་། སྣང་བ་དེ་སྒྱུ་མ་མཁན་ལྟར་ན་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་མ་ཡིན་གྱི། སྔགས་རྫས་ཀྱིས་བསླད་པའི་བློའི་དབང་གིས་ཡིན་ལ། མིག་བསླད་པའི་ལྟད་མོ་བ་ལྟར་ན་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་ངོས་ནས་རྟ་གླང་གི་སྡོད་ལུགས་སུ་ཡོད་པར་འཛིན་ནོ། །དཔེ་དེ་དོན་ལ་སྦྱར་ན། མིག་བསླད་པའི་ལྟད་མོ་བ་སྒྱུ་མའི་རྟ་གླང་ཇི་ལྟར་སྣང་བ་དེ་བཞིན་དུ། མ་རིག་པས་བསླད་པའི་ཐ་མལ་པའི་སེམས་ཅན་རྣམས་ལ་ཆོས་འདི་དག་སྣང་བ་ན་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་སྣང་ངོ་། །ནམ་དེ་ལྟར་དུ་སྣང་བའི་སྡོད་ཚུལ་དེ་རིགས་པས་ཁེགས་པ་ན། སྒྱུ་མ་མཁན་ལ་རྟ་གླང་ཇི་ལྟར་སྣང་བ་ལྟར་ཕྱི་ནང་གི་ཆོས་རྣམས་བློ་ལ་སྣང་བའི་དབང་གིས་བཞག་པ་ཙམ་དུ་ཤེས་ནས། དེའི་དབང་གིས་མ་བཞག་པའི་སྡོད་ལུགས་སུ་ཡོད་པར་མི་འཛིན་ནོ། །མྱུ་གུ་སྐྱེ་བ་ནི་བློའི་དབང་གིས་བཞག་པ་ཡིན་ཀྱང་། སྤྱིར་མྱུ་གུ་རང་གི་ངོས་ནས་ས་བོན་ལས་སྐྱེ་བ་ནི། དེའི་ཚེ་སྤྲུལ་གཞིའི་ངོས་ནས་རྟ་གླང་དུ་སྣང་བ་དང་འདྲའོ། །འཇོག་པའི་བློ་ནི་གནོད་མེད་ཞིག་དགོས་ཀྱི། ཞེན་ཡུལ་ལ་འཁྲུལ་པའི་བློ་ལ་སྣང་བ་ཙམ་གྱིས་འཇོག་ནུས་པར་མི་འདོད་དོ། །གཟུགས་སྒྲ་སོགས་ནི་དེ་དག་འཛིན་པའི་དབང་བོའི་ཤེས་པ་ལ་སྣང་བའི་སྒོ་ནས་འཇོག་ལ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རང་ཉིད་རྟོགས་པའི་བློ་དེ་དང་དེ་ལ་སྣང་བའི་སྒོ་ནས་འཇོག་གོ །མིག་མ་བསླད་པ་ལ་རྟ་གླང་དུ་སྣང་ཞེན་གཉིས་ཀ་མེད་པ་ལྟར། ཇི་ལྟ་བ་མངོན་སུམ་དུ་རྟོགས་པའི་འཕགས་པའི་ཡེ་ཤེས་ཀྱི་གཟིགས་ངོར་བདེན་གྲུབ་ཀྱི་སྣང་ཞེན་གཉིས་ཀ་མེད་དོ། །དགག་བྱ་དེ་འགོག་པའི་གཅིག་དུ་བྲལ་གྱི་རིགས་པ་འཆད་པ་ལ་གཉིས། རྟགས་འགོད་པ་དང་། ཚུལ་སྒྲུབ་པའོ། །དང་པོ་ནི། མྱུ་གུ་ཆོས་ཅན། བདེན་པར་མེད་དེ། བདེན་གྲུབ་ཀྱི་གཅིག་དང་བདེན་གྲུབ་ཀྱི་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན། གཉིས་པ་ལ་གཉིས། ཁྱབ་པ་དང་ཕྱོགས་ཆོས་སྒྲུབ་པའོ། །དང་པོ་ནི། བདེན་གྲུབ་ཀྱི་གཅིག་དང་དེའི་དུ་མ་གང་རུང་དུ་མ་གྲུབ་ན། བདེན་པར་མེད་པས་ཁྱབ་སྟེ། བདེན་གྲུབ་ཏུ་ཡོད་ན། དེ་གཉིས་གང་རུང་དུ་ཡོད་དགོས་པའི་ཕྱིར་རོ། །གཉིས་པ་ཕྱོགས་ཆོས་སྒྲུབ་པ་ལ་གཉིས་ལས་དང་པོ་ནི། མྱུ་གུ་ཆོས་ཅན། བདེན་གྲུབ་ཀྱི་གཅིག་ཏུ་མེད་དེ། ཆ་བཅས་ཡིན་པའི་ཕྱིར། ཁྱབ་སྟེ། བདེན་གྲུབ་ཀྱི་གཅིག་ཡིན་ན། ཆ་མེད་ཀྱི་གཅིག་ཡིན་དགོས་པའི་ཕྱིར། དེར་ཐལ། ཆ་ཤས་ཀྱི་དབྱེ་བ་ཡོད་ན། ཕན་ཚུན་བལྟོས་ནས་གྲུབ་པས་བདེན་གྲུབ་ཡིན་པར་འགལ་བའི་ཕྱིར། གོང་གི་རྟགས་དེར་ཐལ། ཡོད་པ་གང་ཞིག །ཆ་མེད་ཤེས་བྱ་ལ་མི་སྲིད་པའི་ཕྱིར། ཕྱི་མ་དེར་ཐལ། འདུས་བྱས་ལའང་མེད། འདུས་མ་བྱས་ལའང་དེ་མེད་པའི་ཕྱིར། དང་པོ་དེར་ཐལ། གཟུགས་ལའང་མེད། ལྡན་མིན་འདུ་བྱེད་ལའང་མེད། ཤེས་པ་ལའང་མེད་པའི་ཕྱིར། དང་པོ་དེར་ཐལ། གཟུགས་རགས་པ་ལའང་མེད། ཕྲ་བ་ལའང་མེད་པའི་ཕྱིར། དང་པོ་དེར་ཐལ། བུམ་པ་ལྟ་བུ་རགས་པའི་གཟུགས་རྣམས་ནི་ཕྱོགས་ཆ་དང་བཅས་པར་མངོན་སུམ་གྱིས་དམིགས་པའི་ཕྱིར། གལ་ཏེ་རྡུལ་ཕྲ་རབ་དེ་ཆ་མེད་ཡིན་ནོ། །ཞེ་ན། འོ་ན་རྡུལ་ཕྲན་གཅིག་ལ་དེ་དྲུག་གིས་བསྐོར་བའི་ཚེ་ན་ཤར་རྡུལ་གྱིས་དབུས་རྡུལ་ལ་རེག་པའི་ངོས་དེར་ནུབ་རྡུལ་གྱིས་རེག་གམ། མ་རེག རེག་ན། དབུས་རྡུལ་དེའི་གོ་ས་ན་ཤར་རྡུལ་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། གོ་ས་དེར་རྡུལ་ཕྲན་གཞན་ལྔ་ཡང་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། རྡུལ་ཕྲན་ཅི་ཙམ་བསགས་ཀྱང་གོང་བུ་ཆེན་པོར་འགྱུར་མི་སྲིད་པར་ཐལ་ལོ། །མ་རེག་ན། དབུས་རྡུལ་དེ་ལ་ཤར་རྡུལ་གྱིས་རེག་མ་རེག་གི་ཆ་གཉིས་ཡོད་པར་ཐལ། དེ་ལ་ཤར་རྡུལ་གྱིས་རེག་ཅིང་ནུབ་རྡུལ་གྱིས་མ་རེག་པའི་ཆ་ཞིག་ཡོད་པའི་ཕྱིར། འདོད་ན། ཆ་བཅས་སུ་གྲུབ་པོ། དེ་ནི་ཐོགས་མེད་ཀྱིས། ཉི་ཤུ་བ་ལས་དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཕྲ་ཆ་དྲུག་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་པའི་རིགས་པའོ། །ལྡན་མིན་འདུ་བྱེད་ལ་ཆ་མེད་མི་སྲིད་དེ། གང་ཟག་གམ། དུས་སོགས་ལའང་མི་སྲིད་པའི་ཕྱིར། དང་པོ་དེར་ཐལ། གང་ཟག་ལ་འདུག་འགྲེང་སྟོད་སྨད་ཡན་ལག་སོགས་ཀྱི་ཆ་དང་བཅས་པའི་ཕྱིར། དུས་ལ་མི་སྲིད་དེ། ལོ་ནི་ཟླ་བ། ཟླ་བ་ནི་ཞག ཞག་ནི་དུས། དུས་ནི་སྔ་ཕྱི་སོགས་ཀྱི་ཆ་དང་བཅས་པའི་ཕྱིར། དུས་མཐའི་སྐད་ཅིག་མ་དེ་ཆ་མེད་ཡིན་ནམ་སྙམ་ན། དེ་ཡང་མི་འཐད་དེ། དེ་རང་གི་སྐད་ཅིག་སྔ་མ་དང་འབྲེལ་བའི་ཆ་དང་བཅས་པའི་ཕྱིར། དེར་ཐལ། རང་གི་སྐད་ཅིག་སྔ་མ་མེད་པར་འབྱུང་མི་སྲིད་པའི་ཕྱིར་རོ། །ཤེས་པ་ལ་ཆ་མེད་མི་སྲིད་དེ། ཤེས་པ་སྤྱི་ལ་སྐྱེ་འཕགས་ཀྱི་ཤེས་པ་དང་། དོན་མཐུན་དང་དོན་མི་མཐུན་སོགས་ཀྱི་དབྱེ་བའི་ཆ་ཡོད་ལ། གང་ཟག་གཅིག་གི་རྒྱུད་ཀྱི་ཤེས་པ་ལའང་གསལ་མི་གསལ་དང་དུས་ཀྱི་རིམ་པའི་ཆ་དུ་མ་དང་། ཤེས་པ་སྐད་ཅིག་ཐ་མ་ཡང་རང་གི་སྐད་ཅིག་སྔ་མ་དང་འབྲེལ་བའི་ཆ་དང་བཅས་པའི་ཕྱིར་རོ། །འདུས་མ་བྱས་ལ་ཆ་མེད་མི་སྲིད་དེ། ནམ་མཁའ། འགོག་བདེན། ཆོས་ཉིད་ལའང་མི་སྲིད་པའི་ཕྱིར། དང་པོ་དེར་ཐལ། ནམ་མཁའ་ལ་ཐོགས་བཅས་ཀྱི་གཟུགས་རགས་པ་དང་འབྲེལ་མ་འབྲེལ་གྱི་ཆ་དང་། ཤར་ནུབ་ཀྱི་དབྱེ་བས་བཞག་པའི་ཆ་དང་། ཤར་གྱི་བུམ་པའི་ཁོང་སྟོང་དུ་ཁྱབ་ཅིང་ནུབ་ཀྱི་བུམ་པའི་ཁོང་སྟོང་ལ་མ་ཁྱབ་པའི་ཆ་སོགས་ཡོད་པའི་ཕྱིར། འགོག་བདེན་ལ་དེ་མི་སྲིད་དེ། དེ་ལ་སྤང་བྱ་མི་འདྲ་བ་སྤངས་པའི་ཆ་ཐ་དད་པ་མང་བའི་ཕྱིར། ཆོས་ཉིད་ལ་དེ་མི་སྲིད་དེ། དེ་ལ་སྟོང་གཞི་ཆོས་ཅན་ཐ་དད་ཀྱི་དབྱེ་བས་བཞག་པ་དང་གང་ཟག་སོ་སོས་རྟོགས་མ་རྟོགས་ཀྱི་ཆ་སོགས་དང་བཅས་པའི་ཕྱིར། གཉིས་པ་བདེན་པའི་དུ་བྲལ་ནི། མྱུ་གུ་ཆོས་ཅན། བདེན་གྲུབ་ཀྱི་དུ་མར་མེད་དེ། བདེན་གྲུབ་ཀྱི་གཅིག་མེད་པའི་ཕྱིར། ཁྱབ་སྟེ། དུ་མ་ཡོད་ན་གཅིག་ཀྱང་ཡོད་དགོས་པའི་ཕྱིར་རོ། །རྟགས་ནི་ཆ་མེད་བཀག་པས་འགྲུབ་པོ། །དེ་ལྟར་ཆོས་ཐམས་ཅད་ཆ་བཅས་སུ་གྲུབ་ན་ཆོས་རེ་རེ་ལའང་ཆ་དང་ཆ་ཅན་གཉིས་རེ་ཡོད་པར་འགྲུབ་པོ། ཆ་དང་ཆ་ཅན་གཉིས་ངོ་བོ་གཅིག་ཏུ་གནས་ཀྱང་བློ་ལ་སྣང་བའི་ཚེ་ངོ་བོ་ཐ་དད་དུ་སྣང་བ་ནི་བསྙོན་དུ་མེད་པས་སྣང་ཚུལ་དང་གནས་ཚུལ་མི་འདྲ་སྟེ། དེ་གཉིས་གནས་ཚུལ་ངོ་བོ་གཅིག་ཏུ་གནས་ཀྱང་སྣང་ཚུལ་ངོ་བོ་ཐ་དད་དུ་སྣང་བའི་ཕྱིར་རོ། །དེ་འདྲ་བ་དེ་ཉིད་བློ་ལ་སྣང་བའི་དབང་བོའི་བཞག་པའི་བརྫུན་པའི་སྡོད་ལུགས་ཡིན་གྱི། བདེན་པར་གྲུབ་པའི་སྡོད་ལུགས་ནི་མ་ཡིན་ཏེ། བདེན་པར་གྲུབ་ན་སྣང་ཚུལ་དང་གནས་ཚུལ་མཐུན་དགོས་པའི་ཕྱིར་ཏེ། མི་མཐུན་བདེན་པར་གྲུབ་པའི་དོན་མ་ཚང་བའི་ཕྱིར་རོ། །ཆ་དང་ཆ་ཅན་གཉིས་སྣང་ཚུལ་དང་གནས་ཚུལ་མི་མཐུན་ཏེ། མཚོན་ན་བུམ་པ་དེ་རང་གི་ཆ་ཤས་རྣམས་དང་གནས་ཚུལ་ངོ་བོ་གཅིག་ཏུ་ཡོད་ཀྱང་། བློ་ལ་སྣང་བའི་ཚེ་ངོ་བོ་ཐ་དད་དུ་སྣང་བའི་ཕྱིར། ཕྱི་མ་གྲུབ་སྟེ། བུམ་འཛིན་དབང་ཤེས་ལ་ནི་བུམ་པའི་མཆུ་ཞབས་དང་ལྟོ་བ་མགྲིན་པ་སོགས་ཀྱི་ཆ་རྣམས་སོ་སོར་སྣང་བ་གང་ཞིག །བུམ་པ་དེ་ཉིད་ཆ་ཅན་གཅིག་ཏུ་གནས་པའི་ཕྱིར། བུམ་འཛིན་རྟོག་པ་ལའང་དེ་བཞིན་དུ་སྦྱོར། ཆ་དང་ཆ་ཅན་གཉིས་ངོ་བོ་གཅིག་ཡིན་ཏེ། ཆ་ཤས་རྣམས་ཆ་ཅན་དེ་དང་བདག་གཅིག་ཏུ་འབྲེལ་བ་ཡིན་པའི་ཕྱིར། བུམ་པའི་མཆུ་ཞབས་སོགས་བུམ་པ་དང་བདག་གཅིག་ཏུ་འབྲེལ་བ་བཞིན་ནོ། །དེ་ལྟར་ཤེས་ན་ནི་དེར་སྣང་དང་དེས་སྟོང་ཚོགས་པའི་བརྫུན་པ་ཡིན་པར་ངེས་ནུས་པས་སྒྱུ་མ་བཞིན་དུའང་ངེས་ནུས་སོ། །གཅིག་ཏུ་བྲལ་གྱི་རྟགས་འདི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡིན་ལ། ཆ་བཅས་དང་རྟེན་འབྲེལ་གྱི་རྟགས་གཉིས་ནི། མྱུ་གུ་བདེན་མེད་དུ་སྒྲུབ་པའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཡིན་ནོ། །རང་རྒྱུད་པའི་སྐབས་འདིར་ཡང་རྟེན་འབྲེལ་གྱི་རྟགས་དང་རྡོ་རྗེ་གཟེགས་མའི་གཏན་ཚིགས་སོགས་ཡོད་ཀྱང་མང་དུ་དོགས་པས། དེའི་ཁྱད་པར་མདོར་བསྡུས་ཞིག་ཐལ་འགྱུར་བའི་སྐབས་སུ་འཆད་པར་འགྱུར་རོ། །མཐུན་དཔེ་གཟུགས་བརྙན་ལ་བརྟེན་ནས་བདེན་མེད་ངེས་ཚུལ་ནི། བྱད་བཞིན་གྱི་གཟུགས་བརྙན་དེ་བྱད་བཞིན་དུ་སྣང་ཡང་སྣང་བ་ལྟར་མ་གྲུབ་པ་ངེས་སླ་བས། དེ་ངེས་ཟིན་ནས་དཔེ་དེ་བཞིན་དུ། མྱུ་གུ་ལྟ་བུ་ཡང་རང་རེའི་བློ་ངོར་བདེན་པར་སྣང་ཡང་སྣང་བ་ལྟར་མ་གྲུབ་པའོ་ཞེས་ངེས་པར་བྱེད་པ་ཡིན་ནོ། །དེ་ལྟར་རང་རྒྱུད་པའི་ལུགས་ཀྱི་ཆོས་ཀྱི་བདག་མེད་ངེས་པ་ཞིག་བྱུང་ནའང་མཆོག་ཡིན་པར་བཤད་པས། སྒོམ་པར་བྱེད་པ་ལྟ་ཅི་སྨྲོས། དེ་ལྟ་ན་དབུ་མ་རང་རྒྱུད་པའི་ལུགས་ཀྱི་ལྟ་བ་ཤེས་སྙམ་པའི་ཁེངས་པ་ཡོད་ན་ནི་གོང་དུ་བཤད་པའི་དོན་དེ་རྣམས་ཚིག་ཙམ་དུ་མ་སོང་བར་ངེས་པར་གྱིས་ཤིག་དང་ཡིན་ནོ། །གཉིས་པ་ཐལ་འགྱུར་བའི་ལུགས་ལ་གཉིས། དེའི་ལྟ་བ་གཏན་ལ་དབབ་པ་དང་། གོལ་ས་གཅོད་ཚུལ་བཤད་པའོ། །དང་པོ་ནི། འདི་བའི་ལུགས་ལ་ཆོས་རྣམས་རྟོག་པའི་དབང་གིས་འཇོག་ཚུལ་ཤེས་དགོས་ཏེ། དེ་ཤེས་ན། ཆོས་རྣམས་རྟོག་པས་བཏགས་ཙམ་དུ་འགྲུབ་ལ། དེ་གྲུབ་ན་རྟོག་པས་བཏགས་ཙམ་མ་ཡིན་པའི་ཆོས་མེད་པར་གོ་བས་སོ། །དེ་ལྟར་ན། རྟོག་པས་བཏགས་ཙམ་མ་ཡིན་པའི་སྡོད་ལུགས་སུ་གྲུབ་པ་ནི། རྟགས་ཀྱི་དགག་བྱའི་ཚད་མཐར་ཐུག་པ་ཡིན་ལ། དེ་དང་བརྟེན་ནས་བཞག་པ་མ་ཡིན་པའི་ཡོད་པ་དང་། རང་བཞིན་གྱིས་གྲུབ་པ། རང་ངོས་ནས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། བདེན་པར་གྲུབ་པ་རྣམས་དོན་འདྲའོ། །རྟོག་པས་འཇོག་ཚུལ་ནི། ཟླ་བས་བཞི་བརྒྱ་བའི་འགྲེལ་པ་ལས། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་། རྟོག་པས་མེད་པར་ཡོད་པ་ཉིད་མེད་པ་དེ་དག་གི་གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དུ་འཇོག་གོ །དེ་ཡང་ཁྲ་བོའི་ཁ་དོག་དང་དབྱིབས་ལ་བྱིལ་ལུགས་སྦྲུལ་དང་འདྲ་ཞིང་ཡུལ་མི་གསལ་བ་ན་གནས་པའི་ཚེ་ཐག་པ་ལ་འདི་སྦྲུལ་ལོ་སྙམ་པའི་རྟོག་པ་འབྱུང་ངོ་། །དེའི་ཚེ་ཐག་པ་དེའི་ཁ་དོག་དང་དབྱིབས་དང་ཆ་ཤས་དང་ཚོགས་རྒྱུན་གང་ཡང་སྦྲུལ་གྱི་མཚན་གཞིར་གཟུང་རྒྱུ་མེད་ཀྱང་། རྟོག་པས་སྦྲུལ་དུ་བཏགས་པ་ཙམ་ཞིག་ནི་ཡོད་དོ། །དེ་བཞིན་དུ་རང་གི་ཕུང་བོའི་སྟེང་དུ་ངའོ་སྙམ་པའི་བློ་སྐྱེ་བ་ན་ཕུང་བོའི་ཚོགས་རྒྱུན་དང་ཆ་ཤས་དང་དབྱིབས་སོགས་གང་ཡང་ངར་འཇོག་ཏུ་མི་རུང་ཡང་། རྟོག་པས་བཏགས་པའི་ང་ཙམ་ཞིག་ནི་ཐ་སྙད་དུ་ཡོད་དོ། །དེ་ནི་འཕགས་པས་རིན་ཆེན་འཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་པའི་སྐྱེས་བུ་གང་། །ཞེས་པས་ཀྱང་བསྟན་ཏེ། དེ་ཡང་ས་མིན་ནས་རྣམ་ཤེས་མིན་ཞེས་པའི་བར་གྱིས་སྐྱེས་བུའི་ཁམས་དྲུག་སོ་སོ་ནས་བདག་ཏུ་འཇོག་པ་བཀག་ལ། ཀུན་མིན་ཞེས་པས་ཁམས་དྲུག་གི་ཚོགས་པ་དང་། དེ་ལས་གཞན་ན་སྐྱེས་བུ་གང་ཞེས་པས་ཁམས་དྲུག་ལས་ངོ་བོ་ཐ་དད་པའི་གང་ཟག་འཇོག་པ་བཀག་ནས། སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཞེས་པས། ཁམས་ཀྱི་ཚོགས་རྒྱུན་ལ་བརྟེན་ནས་བཏགས་པ་ཙམ་གྱི་གང་ཟག་འཇོག་པ་ཡང་བཤད་དོ། །ཚུལ་དེ་ནི་ཆོས་ཐམས་ཅད་ལ་འདྲ་སྟེ། སྡུད་པ་ལས། བདག་ཇི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཇི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་གསུངས་པས་སོ། །ང་ཞེས་ཐ་སྙད་བཏགས་པའི་དོན་ཇི་འདྲ་ཞིག་ཏུ་གྲུབ་བཙལ་ན་མི་རྙེད་ཀྱང་། མ་བཏགས་མ་དཔྱད་པའི་ཚེ་རྟོག་པས་བཏགས་ཙམ་དུ་ཡོད་པ་དེ་བཞིན་དུ། བུམ་སོགས་ཀྱི་ཆོས་ཐམས་ཅད་ལ་འདྲ་བ་ཡིན་མོད། སྐྱེས་བུ་དང་བུམ་སོགས་རྣམས་རྟོག་པས་བཏགས་པའི་ཡོད་པ་ཡིན་ཚུལ་དང་། ཐག་པ་ལ་སྦྲུལ་དུ་བཏགས་ཀྱང་དེར་སྦྲུལ་མེད་པའི་ཁྱད་པར་རྣམས་ལེགས་པར་ཕྱེད་དགོས་སོ། །འདིར་འཇུག་པའི་རྣམ་བཤད་ལས་རྗེས་དབུ་མའི་ལྟ་བ་མཐར་ཐུག་པའི་དཀའ་ས་ཡང་འདི་ཉིད་དོ་ཞེས་བཤད་པ་ལྟར་དཀའ་བའི་གནས་ཡིན་པས་རང་བཞིན་མེད་པ་ལ་བྱ་བྱེད་འཐད་ཚུལ་རྒྱས་པར་འཆད་དགོས་ནའང་མང་དུ་དོགས་ལ། ཡང་དེ་ཉིད་ལས། ལུགས་དམ་པ་འདིས་ནི་ཡན་ལག་ཚོགས་པ་ཙམ་དང་དེའི་ཡ་གྱལ་སོགས་གང་ཡང་ཡན་ལག་ཅན་ལ་སོགས་པའི་མཚན་གཞིར་མི་རུང་ཡང་། ཡན་ལག་ཅན་ལ་སོགས་པ་མིང་དུ་བཏགས་པ་ཙམ་ལ་བྱ་བྱེད་ལེགས་པར་འཇོག་ནུས་པ་གསུང་རབ་ཀྱི་དོན་དུ་འགྲེལ་བ་ཐུབ་པའི་དགོངས་པ་ཐུན་མོང་མ་ཡིན་པ་ཡིན་པས་དགོངས་འགྲེལ་ལུགས་འདི་ལ་སྦྱང་བར་བྱའོ། །ཞེས་གསུངས་པ་ལྟར་ཡིན་པས་ཤེས་དགོས་སོ། །དེ་ལྟར་ན་ཆོས་ཐམས་ཅད་བཏགས་དོན་མ་བཙལ་བར་མིང་གིས་ཐ་སྙད་ཀྱི་དབང་གིས་འཇོག་པར་གོ་ནུས་ལ། མིང་གི་ཐ་སྙད་ཀྱིས་དབང་ཙམ་གྱིས་བཞག་པ་མིན་པའི་ཡོད་པར་འཛིན་པ་ནི། རང་བཞིན་གྱིས་གྲུབ་པ་དང་། བདེན་པར་གྲུབ་པའི་འཛིན་ཚུལ་ཡིན་པས། དེ་ལྟར་འཛིན་པའི་རྟོག་པ་རྣམས་བདེན་འཛིན་ཡིན་ལ། དེས་བཟུང་བ་ལྟར་གྲུབ་པ་ནི་བརྟག་པ་མཐའ་བཟུང་གི་བདེན་ཚད་དོ། །འདི་བའི་ལུགས་ལ་བདེན་འཛིན་ཡིན་ན། ཉོན་མོངས་ཡིན་པས་ཁྱབ་པའི་ཕྱིར་རང་རྒྱུད་པ་སོགས་དང་མི་འདྲའོ། །ཆོས་རྣམས་མིང་གི་ཐ་སྙད་ཙམ་གྱིས་འཇོག་ཚུལ་ནི་མཚོན་ན། ལྟོ་ལྡིར་བ་ལ་འདི་ནི་བུམ་པའོ་ཞེས་མིང་དུ་བཏགས་པ་དེ་ཙམ་གྱིས་བུམ་པ་དེ་འཇོག་ནུས་པ་ཡིན་ཏེ། དེ་ཙམ་གྱིས་ཚིམ་ནས་བཏགས་དོན་གང་ཡིན་མ་དཔྱད་པར་བླང་དོར་ལ་ཞུགས་ན་ཀུན་རྫོབ་ཏུ་བྱ་བྱེད་མི་བསླུ་བ་ཡིན་གྱི། དེས་མ་ཚིམ་པར་ད་དུང་བཏགས་དོན་བུམ་པ་དེ། ལྟོ་ལྡིར་བ་དེའི་ལྟོ་བ་དང་མཆུ་དང་མགྲིན་པ་དང་ཞབས་སོགས་ཆ་གང་ཡིན་བཙལ་བ་ན་བུམ་པ་མི་རྙེད་པས་བླང་དོར་བྱ་རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཐམས་ཅད་ལའང་སྦྱར་བར་བྱའོ། །འདི་དག་ནི་ཚིག་གིས་བརྗོད་ཤེས་པ་ཙམ་གྱིས་མི་ཆོག་གི །རང་རྒྱུད་ཀྱི་བློའི་སྟེང་ནས་དོན་ལ་ངེས་ཤེས་འདྲེན་ནུས་པ་ཞིག་དགོས་ཏེ། ཐ་སྙད་དུ་བརྟེན་ནས་བཞག་པ་ཉིད་ཀྱིས་བཏགས་ཡོད་དང་། བཏགས་ཡོད་མིན་པ་ཉིད་ཀྱིས། རང་གི་ངོ་བོས་གྲུབ་པ་མེད་པའི་ཚུལ་སྙིང་ཐག་པ་ནས་མ་གོ་ཕྱིན་ཆད་རང་བཞིན་གྱིས་མེད། བདེན་པར་མེད་ཅེས་ཅི་ཙམ་སྨྲས་ཀྱང་དོན་གཏིང་ནས་གོ་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་མིང་དང་བརྡས་བཞག་ཙམ་མ་ཡིན་པའི་རང་བཞིན་དེ་ལ་དགག་བྱའི་བདག་ཅེས་བྱ་ལ། དེ་ཉིད་གཞི་གང་ཟག་གི་སྟེང་དུ་བཀག་པ་ནི་གང་ཟག་གི་བདག་མེད་དང་། མིག་རྣ་སོགས་ཆོས་ཀྱི་སྟེང་དུ་བཀག་པའི་ཆོས་ཀྱི་བདག་མེད་དོ། །དེས་ན་དགག་བྱའི་བདག་དང་ཐ་སྙད་པའི་བདག་གཉིས་ཀྱི་ཁྱད་པར་དང་། ངའོ་སྙམ་པའི་བློ་ལྷན་སྐྱེས་དང་ངར་འཛིན་ལྷན་སྐྱེས་ཀྱི་ཁྱད་པར་རྣམས་ཕྱེད་པར་བྱའོ། །བདག་མེད་རིགས་པས་སྒྲུབ་ཚུལ་མདོར་བསྡུས་བཤད་པ་ལ་གཉིས། གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་རིགས་པས་སྒྲུབ་པའོ། །དང་པོ་ལ་གཉིས། གཅིག་དུ་བྲལ་གྱི་རིགས་པ་དང་། རྣམ་བདུན་གྱི་རིགས་པའོ། །དང་པོ་ལ། གནད་བཞི་སྟེ། དགག་བྱ་དང་ཁྱབ་པ་དང་བདེན་པའི་གཅིག་བྲལ་དང་བདེན་པའི་དུ་བྲལ་ངེས་པའི་གནས་དང་བཞི་ཡོད་པས་སོ། །དང་པོ་ནི། ངར་འཛིན་ལྷན་སྐྱེས་འདིས་ཕུང་བོ་ལྔའི་སྟེང་དུ་དེ་ལ་མ་བལྟོས་པའི་ང་ཚང་བ་ཞིག་གམ། ང་དེ་རང་གི་ཕུང་བོའི་སྟེང་དུ་བཏགས་པ་ཙམ་མ་ཡིན་པར་ཕུང་བོའི་སྟེང་དུ་གདོད་མ་ནས་གྲུབ་གྲུབ་པ་ཞིག་ཏུ་འཛིན་ཚུལ་ཡོད་པས་དེ་ངེས་པར་བྱ། གཉིས་པ་ནི། སྤྱིར་ཡོད་ན། གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་པའི་ཁྱབ་པ་ངེས་པ་ལ་བརྟེན་ནས་འགྲུབ་པོ། །གསུམ་པ་ནི། དེ་ཕུང་བོ་དང་གཅིག་ཡིན་པ་ལ་རིགས་པས་གནོད་པ་འབབ་ཚུལ་དང་། བཞི་པ་ནི། དེ་དང་ཐ་དད་དམ་ངོ་བོ་ཐ་དད་ཡིན་ན་རིགས་པས་གནོད་ཚུལ་ལོ། །འདིར་ཆོས་ཅན་དུ་འཛིན་ཚུལ་གཉིས་ལས། དང་པོ་ནི། ང་ཆོས་ཅན། རང་གི་ཕུང་བོའི་སྟེང་དུ་རང་བཞིན་གྱིས་མ་གྲུབ་ཏེ། དེའི་སྟེང་དུ་དེ་དང་རང་བཞིན་གྱིས་གཅིག་དང་རང་བཞིན་གྱིས་ཐ་དད་གང་དུའང་མ་གྲུབ་པའི་ཕྱིར། དཔེར་ན། གཟུགས་བརྙན་བཞིན་ནོ། ཁྱབ་སྟེ། རང་བཞིན་གྱིས་གྲུབ་ན། རང་བཞིན་གྱིས་གཅིག་དང་ཐ་དད་གང་རུང་དུ་གྲུབ་དགོས་པའི་ཕྱིར་ཏེ། ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་པའི་ཕྱིར་ཏེ། གཅིག་དང་དུ་མ་གཉིས་དངོས་འགལ་ཡིན་པའི་ཕྱིར། ཕྱོགས་ཆོས་སྒྲུབ་པ་ལ་གཉིས་ཀྱི། དང་པོ་ནི། ང་ཆོས་ཅན། ཕུང་བོའི་སྟེང་དུ་དེ་དང་རང་བཞིན་གྱིས་གཅིག་ཏུ་མ་གྲུབ་སྟེ། དེ་དང་ཆ་མེད་ཀྱི་གཅིག་ཏུ་མ་གྲུབ་པའི་ཕྱིར། དེར་ཐལ། ཆ་བཅས་ཡིན་པའི་ཕྱིར། རྟགས་སྔར་བཞིན་བསྒྲུབ་པོ། གཉིས་པ་ནི། དེ་ཆོས་ཅན། ཕུང་བོའི་སྟེང་དུ་དེ་དང་རང་བཞིན་གྱིས་ཐ་དད་དུ་མ་གྲུབ་སྟེ། རང་བཞིན་གྱིས་གཅིག་ཏུ་གྲུབ་པ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། དུ་མ་གཅིག་བསགས་པ་ལ་བརྟེན་ནས་འཇོག་དགོས་པའི་ཕྱིར། གཞན་ཡང་། ང་ཆོས་ཅན། ཕུང་བོའི་སྟེང་དུ་རང་བཞིན་གྱིས་ཐ་དད་དུ་མེད་དེ། ཕུང་བོ་དང་འབྲེལ་མེད་དོན་གཞན་དུ་མེད་པའི་ཕྱིར། ཁྱབ་སྟེ། རང་བཞིན་གྱིས་གྲུབ་ན། ཕུང་བོ་དང་མ་འབྲེལ་བར་ལོགས་སུ་བཟུང་དུ་ཡོད་དགོས་པའི་ཕྱིར་ཏེ། ཕུང་བོ་ལ་བལྟོས་པའི་རག་ལས་པ་ཡིན་ན། རང་བཞིན་གྱིས་མེད་པར་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། ངར་འཛིན་ལྷན་སྐྱེས་ཀྱིས་བཟུང་བ་ལྟར་གྲུབ་པའི་བདག་དེ་ཆོས་ཅན། ཕུང་བོའི་སྟེང་དུ་མེད་དེ། ཕུང་བོའི་སྟེང་དུ་དེ་དང་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པའི་ཕྱིར། ཁྱབ་པ་སྒྲུབ་ཚུལ་ནི་སྔར་ལྟར་རོ། །རྟགས་སྒྲུབ་པ་ལ་གཉིས་ཀྱི་དང་པོ་ནི། དེ་འདྲའི་བདག་དེ་ཕུང་བོའི་སྟེང་དུ་དེ་དང་གཅིག་ཏུ་མ་གྲུབ་སྟེ། གྲུབ་ན་རིགས་པ་གསུམ་གྱིས་གནོད་པའི་ཕྱིར་ཏེ། བདག་ཁས་ལེན་པ་དོན་མེད་དུ་ཐལ་བ་དང་། བདག་གཅིག་ཉིད་ལའང་དུ་མར་དབྱེ་རིགས་པར་ཐལ་བ་དང་། དེ་འདྲའི་ང་དེ་སྐྱེ་འཇིག་བྱེད་པར་ཐལ་བའི་རིགས་པ་གསུམ་གྱིས་གནོད་པའི་ཕྱིར། གནོད་བྱེད་དང་པོ་ཡོད་དེ། སྤྱིར་བདག་ནི་ཕུང་བོའི་ཉེ་བར་ལེན་པ་པོ་དང་། ཕུང་བོ་ནི་དེའི་ཉེ་བར་བླང་བྱ་ཡིན་པ་ལ། དེ་འདྲའི་བདག་དེ་ཕུང་བོའི་སྟེང་དུ་དེ་དང་གཅིག་ཏུ་གྲུབ་ན། དབྱེར་མེད་ཀྱི་གཅིག་ཏུ་འགྱུར་བས། དེའི་ཚེ་གང་གིས་ཉེ་བར་ལེན་པ་པོ་དང་། གང་ཉེ་བར་བླང་བར་བྱ་བའི་རྣམ་གཞག་མི་འཐད་པའི་ཕྱིར་ཏེ། དེ་ལྟ་ནང་ཕུང་བོ་དང་ཕུང་བོ་ཡང་ང་ཡིན་པར་ཐལ་བས། འདིར་མ་ཤི་བར་ཕུང་བོ་དང་བཅས་བཞིན་དུ་སྐྱེ་བ་ལེན་པའམ། ཡང་ན་ཕུང་བོ་འདི་ཉིད་སྐྱེ་བ་མི་ལེན་པ་དེ་བཞིན་དུ་བདག་ཀྱང་སྐྱེ་བ་མི་ལེན་པར་འགྱུར་བའི་ཕྱིར་རོ། །སྐྱོན་གཉིས་པ་ཡོད་དེ། སྤྱིར་གང་ཟག་གཅིག་ལ་སྐྱེ་བ་སྔ་ཕྱི་དང་དུས་ཀྱི་རིམ་པས་བདག་དུ་མ་ཡོད་པ་ལ་སྐྱོན་མེད་ཀྱང་། དེ་འདྲའི་ང་དེ་ཕུང་བོ་དང་གཅིག་ཡིན་ན། ཕུང་བོ་ལྔ་ཡོད་པ་ལྟར་བདག་ཀྱང་མི་འདྲ་བ་ལྔ་ཡོད་པའམ། ཡང་ན་ང་གཅིག་ཡིན་པ་དེ་བཞིན་དུ་ཕུང་བོ་ལྔ་ཡང་གཅིག་ཏུ་འགྱུར་བའི་ཕྱིར་རོ། །སྐྱོན་གསུམ་པ་ཡོད་དེ། སྤྱིར་ང་ཙམ་སྐྱེ་འཇིག་བྱེད་པ་ལ་སྐྱོན་མེད་མོད། དེ་འདྲའི་ང་དེ་སྐྱེ་འཇིག་བྱེད་ན་སྐྱོན་བཞི་ཡོད་ཀྱང་བསྡུ་ན་བདེན་གྲུབ་ཀྱི་སྐྱེ་འཇིག་བྱེད་པར་སོང་བའི་ཕྱིར་སྐྱེ་བ་ལེན་པའི་ཚེ་ངོ་བོ་འགྱུར་དུ་མི་རུང་བས་འགྲོ་བ་རིགས་དྲུག་གི་གཞི་མཐུན་པ་ཡོད་པར་འགྱུར་རོ། །རྟགས་གཉིས་པ་ནི། དེ་འདྲའི་བདག་དེ་ཕུང་བོའི་སྟེང་དུ་དེ་དང་ཐ་དད་དུ་མ་གྲུབ་སྟེ། དེ་ལྟར་གྲུབ་ན་ཕུང་བོ་ལ་བལྟོས་མེད་དུ་གྲུབ་དགོས་པས། ཕུང་བོ་ལས་ཡན་གར་ལོགས་སུ་ཡོད་དགོས་པ་ལས་དེ་མེད་པའི་ཕྱིར། དང་པོ་དེར་ཐལ། རང་བཞིན་གྱིས་གྲུབ་ན། གཞན་ལ་རག་མ་ལས་པར་གྲུབ་དགོས་པའི་ཕྱིར་རོ། །དེས་ན་དེ་འདྲའི་བདག་མེད་མེད་སྙམ་དུ་བསམ་མོ། །དེ་ལྟར་ལེགས་པར་དཔྱད་པ་ན་བདག་མེད་རྟོགས་པའི་ལྟ་བ་རྙེད་པར་འགྱུར་ཏེ། དེ་རྙེད་པའི་ཚད་ནི་རྗེའི་རྩ་ཤེའི་རྣམ་བཤད་ལས། དེ་ལྟར་བདག་རང་གི་ངོ་བོས་གྲུབ་ན་བདག་ཕུང་བོ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཅིག་དང་ཐ་དད་གང་རུང་དུ་གྲུབ་དགོས་པ་དང་། དེ་གཉིས་ཀ་ལའང་རིགས་པས་གནོད་པར་མཐོང་བ་ན་བདག་ནི་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་ངེས་བརྙེད་པ་ནི། འཇིག་ལྟ་ལྷན་སྐྱེས་ཀྱི་ངར་འཛིན་པའི་ཡུལ་རང་བཞིན་མེད་པར་རྟོགས་པའི་ལྟ་བ་རྙེད་པ་ཡིན་ནོ། །ཞེས་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོས་ཀྱང་། གཅིག་དུ་བྲལ་གྱི་རིགས་པས། དེ་ལྟར་དཔྱད་པ་ལས་དཔྱད་དོན་ལ་ངེས་ཤེས་ཚད་མ་སྐྱེས་པ་དེའི་ཚེ། དེའི་དུས་སུ་མྱུ་གུ་སོགས་རྟེན་འབྱུང་གི་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པར་རྟོགས་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། འཇུག་པ་ལས། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང་། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་ཤིང་རྟ་རྣམ་བདུན་གྱི་རིགས་པས་བཙལ་ན་མི་རྙེད་པ་ལྟར། བདག་ཀྱང་དེ་དང་དཔེ་དོན་སྦྱར་ནས་གསུངས་པ་བཞིན་བརྗོད་ན། ཤིང་རྟ་དེ་རང་གི་ཡན་ལག་རྣམས་དང་རང་བཞིན་གྱིས་གཅིག་དང་ཐ་དད་སོགས་བདུན་པོ་གང་དུ་ཡང་མ་གྲུབ་སྟེ། ཤིང་རྟ་ཆོས་ཅན། རང་གི་ཡན་ལག་རྣམས་དང་རང་བཞིན་གྱིས་གཅིག་མིན་ཏེ། ཡིན་ན། ཡན་ལག་རྣམས་དུ་མ་ཡིན་པ་བཞོན་ནུ་ཁྱོད་ཀྱང་དུ་མར་ཐལ་བ་དང་། ཡང་ན་ཁྱོད་གཅིག་ཡིན་པ་དེ་བཞིན་དུ་ཡན་ལག་རྣམས་ཀྱང་གཅིག་ཏུ་འགྱུར་བའི་ཕྱིར་རོ། །དེ་ཆོས་ཅན། རང་གི་ཡན་ལག་རྣམས་དང་ངོ་བོས་གྲུབ་པའི་སོ་སོ་བ་མ་ཡིན་ཏེ། ཡིན་ན་བུམ་པ་དང་སྣམ་བུ་བཞིན་དུ་ཁྱོད་རང་གི་ཡན་ལག་ལས་ཡན་གར་དུ་སོ་སོར་དམིགས་དགོས་པ་ལས་དེ་མ་མཐོང་བའི་ཕྱིར་རོ། །དེ་ཆོས་ཅན། ཁྱོད་རང་གི་ཡན་ལག་གི་རྟེན་དུ་རང་བཞིན་གྱིས་མེད་དེ། མཁར་གཞོང་ཞོའི་རྟེན་དུ་ཡོད་པ་ལྟར་རང་གི་ཡན་ལག་རྣམས་ཀྱི་རྟེན་དུ་ངོ་བོ་ཉིད་ཀྱིས་ཐ་དད་དུ་མེད་པའི་ཕྱིར། དེ་ཆོས་ཅན། ཁྱོད་རང་གི་ཡན་ལག་ལ་རང་བཞིན་གྱིས་བརྟེན་ནས་ཀྱང་མེད་དེ། རེ་ལྡེ་ལ་ལྷས་བྱིན་འདུག་པ་ལྟར་རང་གི་ཡན་ལག་ལ་བརྟེན་ནས་ངོ་བོ་ཉིད་ཀྱིས་ཐ་དད་དུ་མེད་པའི་ཕྱིར། དེ་ཆོས་ཅན། རང་གི་ཡན་ལག་དང་ངོ་བོ་ཉིད་ཀྱིས་ལྡན་པའང་མིན་ཏེ། ལྷས་བྱིན་བ་ལང་དང་ལྡན་པ་ལྟར་དེ་དང་ངོ་བོ་ཐ་དད་པའི་ཚུལ་དུའང་མི་ལྡན་ལ། ལྷས་བྱིན་རྣ་བ་དང་ལྡན་པ་ལྟར་དེ་དང་ངོ་བོ་གཅིག་ཏུ་རང་བཞིན་གྱིས་མི་ལྡན་པའི་ཕྱིར་རོ། །གལ་ཏེ་ཤིང་རྟའི་ཡན་ལག་ཚོགས་པ་དང་དབྱིབས་ཤིང་རྟ་ཡིན་ནོ་སྙམ་ན། དང་པོ་མི་འཐད་དེ། དེ་ལྟ་ན་ཡན་ལག་མ་བསྒྲིགས་པའི་ཚོགས་པ་ལའང་ཤིང་རྟ་ཡོད་པར་འགྱུར་བའི་ཕྱིར་རོ། །ཕྱི་མ་ཡང་མི་རིགས་ཏེ། ཡན་ལག་རེ་རེ་བ་དང་ཚོགས་པའི་དབྱིབས་གང་ཡང་ཤིང་རྟར་མི་རུང་བའི་ཕྱིར་རོ། །དེ་ལྟར་བཙལ་བའི་ཚེ་མི་རྙེད་ཀྱང་ཤིང་རྟ་ཐ་དད་དུ་ཡོད་དེ། འཇུག་པ་ལས། དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདི། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཤིང་རྟ་རང་གི་ཡན་ལག་དང་ཐ་སྙད་དུ་ཐ་དད་ཡིན་ལ་རྟེན་བརྟེན་པ་དང་ངོ་བོ་གཅིག་ཏུ་ལྡན་པ་ཡང་ཡིན་པས། དེ་དག་འགོག་པ་ལ་དགག་བྱའི་ཁྱད་པར་ངེས་པར་སྦྱར་དགོས་སོ། །དེ་དོན་ལ་སྦྱོར་བ་ལ། ཤིང་རྟ་དེ་རྣམ་བདུན་གྱི་རིགས་པས་བཙལ་ན་མི་རྙེད་པ་དེ་བཞིན་དུ་གང་ཟག་ལའང་འགྲེ་སྟེ། འདི་ལྟར། གང་ཟག་ཆོས་ཅན། རང་གི་ཕུང་བོའི་སྟེང་དུ་རང་བཞིན་གྱིས་མེད་དེ། རང་གི་ཕུང་བོའི་སྟེང་དུ་དེ་དང་རང་བཞིན་གྱིས་གཅིག་ཏུའང་མེད། དེ་དང་རང་བཞིན་གྱིས་ཐ་དད་དུའང་མེད། ཕུང་བོའི་རྟེན་དུའང་རང་བཞིན་གྱིས་མེད། ཕུང་བོ་ལ་བརྟེན་ནས་ཀྱང་རང་བཞིན་གྱིས་མེད། ཕུང་བོའི་ཚོགས་པ་ཁྱོད་མ་ཡིན། ཕུང་བོའི་དབྱིབས་ཀྱང་ཁྱོད་མ་ཡིན་པའི་ཕྱིར། རྟགས་སྔ་མ་ལྔའི་སྒྲུབ་བྱེད་ནི། ཤིང་རྟ་ལ་བཤད་པ་བཞིན་བསྒྲུབ་པར་བྱ་ཞིང་། དེར་མ་ཟད། གཅིག་དང་ཐ་དད་ཀྱི་ཕྱོགས་གཉིས་སྔར་གཅིག་དུ་བྲལ་ལ་བཤད་པ་བཞིན་རིགས་འགྲེ་སྦྱོར། རྟགས་ཕྱི་མ་ལ། ཕུང་བོའི་ཚོགས་པ་ཆོས་ཅན། བདག་མ་ཡིན་པར་ཐལ། གང་ཟག་གི་གདགས་གཞི་ཡིན་པའི་ཕྱིར། ཁྱབ་སྟེ། གདགས་གཞི་ནི་དེའི་བཏགས་ཆོས་སུ་མི་འཐད་པའི་ཕྱིར་རོ། །ཕུང་བོའི་དབྱིབས་ཆོས་ཅན། བདག་ཏུ་མི་འཐད་པར་ཐལ། གཟུགས་ཡིན་པའི་ཕྱིར། ཁྱབ་སྟེ། གང་ཟག་ནི་གཟུགས་སུ་མི་འཐད་པའི་ཕྱིར་ཏེ། དེ་ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར་རོ། །དེ་ལྟར་ཤིང་རྟའི་དཔེས་གང་ཟག་རང་བཞིན་མེད་པར་ངེས་ནུས་པ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། ཤིང་རྟའི་དཔྱད་པ་དེ་འདྲ་བ་དེས་ནི། དེ་ཁོ་ན་ཉིད་རང་བཞིན་མེད་པའི་དོན་གྱི་གཏིང་མྱུར་དུ་དཔོག་པར་གསུངས་པས་འདི་ནི་ཤིན་ཏུ་གནད་ཆེ་བར་སྣང་ངོ་། །ཞེས་དང་། རྗེ་ནོར་བཟང་རྒྱ་མཚོས་ཀྱང་། ཤིང་རྟ་རང་བཞིན་གྱིས་ཡོད་ན་བརྟགས་དོན་རྣམ་པ་བདུན་དུ་བཙལ་ན་རྙེད་དགོས་པའི་ཁྱབ་པ་ངེས་པར་བྱས་པའི་རྗེས་སུ། རྣམ་པ་བདུན་དུ་བཙལ་བས་མ་རྙེད་པ་དེའི་ཚེ་ཤིང་རྟ་རང་བཞིན་གྱིས་མེད་པར་ངེས་པ་ཡིན་ཏེ། ཞེས་གསུངས་པ་ལྟར་གང་ཟག་ལ་ཡང་མཚུངས་པའི་ཕྱིར་རོ། །དེ་ལྟར་གང་ཟག་རྣམ་བདུན་གྱི་རིགས་པས་བཏགས་དོན་བཙལ་བའི་ཚེ་མི་རྙེད་པས་གང་ཟག་རང་བཞིན་གྱིས་མེད་ཀྱང་ཐ་སྙད་དུ་ཡོད་པ་དང་། དེ་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་ཤེས་དགོས་ཏེ། ལེགས་པར་ཤེས་ན་ནི་རྒྱལ་བའི་དགོངས་པ་ཇི་བཞིན་ཤེས་པའི་གྲངས་སུ་འགྲོ་བའི་ཕྱིར་ཏེ། རྗེའི་འཇུག་ཊིཀ་ལས། བཅོམ་ལྡན་འདས་ཀྱི་དགོངས་པ་ཤིན་ཏུ་ཕྲ་བའི་གནས་རྣམས་རྗེན་ཆེར་དུ་སྟོན་པའི་མཁས་པའི་དབང་བོའི་བཞེད་པ་ཐུན་མོང་མ་ཡིན་པ་འདི་རྣམས་ལེགས་པར་ཤེས་པ་ལ་འབད་པར་གྱིས་ཤིག །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ཆོས་ཀྱི་བདག་མེད་རིགས་པས་སྒྲུབ་ཚུལ་ལ། གཅིག་ཏུ་བྲལ་གྱི་གཏན་ཚིགས། རྡོ་རྗེ་གཟེགས་མ། ཡོད་མེད་སྐྱེ་འགོག །མུ་བཞི་སྐྱེ་འགོག །རྟེན་འབྲེལ་གྱི་གཏན་ཚིགས་དང་ལྔ་ཡོད་པ་ལས། དང་པོ་ནི་སྔར་བཤད་ཟིན་ལ། འོན་ཀྱང་འདིར་ཅུང་ཟད་བཤད་ན། དཔེར་ན། མེ་ལོང་དུ་ཤར་བའི་བྱད་བཞིན་གྱི་གཟུགས་བརྙན་དེ། བྱད་བཞིན་གྱིས་སྟོང་ཡང་སྣང་བའི་ཚེ་ཆ་ཐམས་ཅད་ནས་བྱད་བཞིན་དུ་སྣང་བ་ལྟར། གཟུགས་སོགས་རང་བཞིན་གྱིས་སྟོང་ཡང་མ་རིག་པས་བསླད་པའི་སོ་སྐྱེའི་དབང་བོའི་ཤེས་པ་ལྔ་ལ་གཟུགས་སོགས་སྣང་བ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་མ་གཏོགས། སྣང་ཚུལ་གཞན་མི་འབྱུང་བས། ཐལ་འགྱུར་བའི་སྐབས་འདིར་རང་ཅག་སོ་སྐྱེའི་ཤེས་ངོར་གཟུགས་སྒྲ་སོགས་སྣང་བ་ནི་ཡོད་མོད། སྣང་ཚུལ་ལྟར་གྲུབ་པ་འདི་ཀ་རང་རྟགས་ཀྱི་དགག་བྱ་ཡིན་ཞེས་བཞེད་པར་སྣང་བས། འདི་འགོག་པའི་ཚེ། བུམ་པ་ལ་མཚོན་ན། དེ་ཆོས་ཅན། སོ་སྐྱེའི་ཤེས་ངོར་སྣང་བ་ལྟར་མ་གྲུབ་སྟེ། སྣང་བ་ལྟར་གཅིག་དང་སྣང་བ་ལྟར་ཐ་དད་གང་རུང་དུ་མ་གྲུབ་པའི་ཕྱིར། ཁྱབ་པ་སྔར་ལྟར་བསྒྲུབ། དེ་ཆོས་ཅན། སྣང་བ་ལྟར་གཅིག་ཏུ་མ་གྲུབ་སྟེ། རང་གི་གདགས་གཞི་ལ་བཏགས་པའི་བཏགས་ཆོས་ཙམ་ཡིན་པའི་ཕྱིར། ཁྱབ་སྟེ། སོ་སྐྱེའི་ཤེས་ངོར་བུམ་སོགས་རང་གི་གདགས་གཞི་ལ་བཏགས་པའི་བཏགས་ཆོས་ཙམ་དུ་མི་སྣང་བར་གདགས་གཞི་དང་བཏགས་ཆོས་གཉིས་མི་ཕྱེད་པའི་ཚུལ་གྱིས་རང་ངོས་ནས་གྲུབ་པར་སྣང་བའི་ཕྱིར། གཞན་ཡང་། བྱ་བྱེད་ཐམས་ཅད་གཅིག་དུ་ཐལ་བའང་འཕེན་ནོ། །རྟགས་སྔ་མ་དེར་ཐལ། བུམ་སོགས་ཀྱི་ཆོས་ཐམས་ཅད་ཀྱང་རང་རང་གི་གདགས་གཞིའི་སྟེང་དུ་མིང་བརྡས་བཞག་ཙམ་ཡིན་པའི་ཕྱིར། དེར་ཐལ་ཆོས་ཐམས་ཅད་གདགས་གཞི་རང་ལྡོག་མིན་པ་གཞན་ཞིག་གི་སྟེང་ནས་འཇོག་དགོས་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་གདགས་གཞི་ཆ་ཤས་གཞན་ལ་བརྟེན་ནས་བཞག་པའི་རྟེན་འབྱུང་ཡིན་པའི་ཕྱིར། དེ་ཆོས་ཅན། སོ་སྐྱེའི་ཤེས་ངོར་སྣང་བ་ལྟར་ཐ་དད་དུ་མ་གྲུབ་སྟེ། རང་གི་གདགས་གཞི་ལ་བལྟོས་ནས་གྲུབ་པའི་ཕྱིར། ཁྱབ་སྟེ། སྣང་བ་ལྟར་ཐ་དད་དུ་གྲུབ་ན། རང་གི་གདགས་གཞི་ལ་མ་བལྟོས་པར་གྲུབ་དགོས་པའི་ཕྱིར་རོ། །གཞན་ཡང་། སོ་སྐྱེའི་དབང་བོའི་ཤེས་པ་ལ་གཟུགས་སྒྲ་སོགས་སྣང་ཚུལ་ལྟར་མ་གྲུབ་པར་ཐལ། དེའི་ངོར་ཀུན་རྫོབ་ཀྱི་ཆོས་རྣམས་སྣང་བ་ལྟར་མ་གྲུབ་པའི་ཕྱིར། དེར་ཐལ། རང་རྒྱུད་པའི་ལུགས་ལ་སྣང་བ་ལྟར་གྲུབ་པའི་ཀུན་རྫོབ་ཡོད་པས་ཡང་དག་ཀུན་རྫོབ་ཡོད་ཅེས་འདོད་ཀྱང་། ཐལ་འགྱུར་བའི་སྐབས་འདིར་སྣང་བ་ལྟར་གྲུབ་པའི་ཀུན་རྫོབ་མེད་པས་ཡང་དག་ཀུན་རྫོབ་མི་བཞེད་པའི་ཕྱིར། ཕྱི་མ་དེར་ཐལ། ཀུན་རྫོབ་ཡིན་ན། སྣང་ཚུལ་དང་གནས་ཚུལ་མི་མཐུན་པས་ཁྱབ་པར་བཞེད་པའི་ཕྱིར། དེར་ཐལ། དེ་ཡིན་ན། སྣང་ཚུལ་བདེན་པར་སྣང་ཡང་གནས་ཚུལ་བདེན་པར་མེད་པས་ཁྱབ་པར་བཞེད་པའི་ཕྱིར་རོ། །འདི་གནད་ཆེ་བས་རྒྱས་པར་འཆད་དགོས་ནའང་མང་དུ་དོགས་ལ། སོ་སྐྱེའི་ཤེས་ངོར་སྣང་བ་ལྟར་མ་གྲུབ་ཅེས་པ་འདི་དགག་བྱ་འགོག་ཚུལ་ཤིན་ཏུ་ཕྲ་བས་རང་ཅག་ལྟ་བུའི་བློ་ཁོག་ཏུ་ཆུད་དཀའ་བའི་གནས་ཡིན་ཏེ་ཞིབ་ཆ་འབྱེད་དགོས་པ་ཡིན་ནོ། །གཉིས་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ལ་ཕྱོགས་སྔའི་འདོད་ཚུལ་ནི། གྲངས་ཅན་གྱིས་སྤྱིར་སྐྱེ་བ་ཞིག་ཡིན་ན། ཡོད་དགོས་པས་མྱུ་གུ་ཡང་རང་གི་རྒྱུ་དུས་སུ་མེད་ན་མི་སྐྱེ་བས་དེའི་དུས་སུ་མི་གསལ་བའི་ཚུལ་གྱིས་ཡོད་པ་ཉིད། སླར་གསལ་བར་སྐྱེ་བས་བདག་སྐྱེ་ཡོད་དོ། །ཞེས་འདོད། རང་རྒྱུད་པ་སོགས་ཀྱིས་མྱུ་གུ་ལྟ་བུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལས་སྐྱེ་བས་གཞན་སྐྱེ་ཡོད་ཞེས་འདོད། གཅེར་བུ་པས་རྫ་བུམ་ལྟ་བུ་འཇིམ་པའི་བདག་ཉིད་ལས་སྐྱེ་བས་བདག་སྐྱེ་ཡོད་ལ། རྫ་མཁན་གྱིས་བྱེད་པས་གཞན་སྐྱེ་ཡང་ཡོད་ཅེས་འདོད། རྒྱང་འཕེན་པས། རྨ་བྱའི་མདོངས་ཀྱི་ཁ་དོག་དང་། ཚེར་མའི་རྣོ་བ་དང་། སྲན་མའི་ཟླུམ་པ་ལྟ་བུ་གང་གིས་ཀྱང་མ་བྱས་པས་རྒྱུ་མེད་ལས་སྐྱེའོ་ཞེས་འདོད་ཅིང་། ཐམས་ཅད་ཀྱང་སྐྱེ་ན་རང་ངོས་ནས་སྐྱེ་བར་འདོད་པ་ལ་འདྲའོ། །འདིར་འགོག་ཚུལ་གོ་བདེ་བའི་དབང་དུ་བྱས་ན། དེ་ལ་མྱུ་གུ་ཆོས་ཅན། རང་ངོས་ནས་མི་སྐྱེ་སྟེ། བདག་ལས་མི་སྐྱེ། གཞན་ལས་ཀྱང་མི་སྐྱེ། གཉིས་ཀ་ལས་ཀྱང་མི་སྐྱེ། རྒྱུ་མེད་ལས་ཀྱང་མི་སྐྱེ་བའི་ཕྱིར། དང་པོ་གྲུབ་སྟེ། རང་གི་རྒྱུའི་དུས་ནས་གྲུབ་ཟིན་མི་སྐྱེ་བའི་ཕྱིར། དེར་ཐལ། དེའི་དུས་སུ་གྲུབ་ཟིན་ན་ནི། སླར་ཡང་སྐྱེ་བ་ལ་དགོས་པ་མེད་པའི་ཕྱིར། དེར་ཐལ། དགོས་པ་ཡོད་ན། ཡང་ཡང་སྐྱེ་དགོས་པས་ཐུག་མེད་དུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་། བདག་སྐྱེ་མེད་པར་ཐལ། རང་གི་རྒྱུའི་དུས་སུ་གྲུབ་ཟིན་འགྱུར་མེད་དུ་སྐྱེ་བ་མེད་པའི་ཕྱིར། དེར་ཐལ། ས་བོན་རྣམ་པར་མ་འགྱུར་བཞིན་དུ་འབྲས་བུ་སྐྱེ་བ་མེད་པའི་ཕྱིར་རོ། །གཞན་ཡང་། བདག་སྐྱེ། མེད་པར་ཐལ། དེ་ཡོད་ན། ཚེ་འདིའི་མིར་སྐྱེ་བ་ལེན་པའི་ཚེ་སྐྱེ་བ་སྔ་མའི་བདག་ཉིད་བཞིན་དུ་སྐྱེ་དགོས་པས་འགྲོ་བ་རིགས་དྲུག་གི་གཞི་མཐུན་ཡོད་པར་ཐལ་བ་དང་། རྒན་པོའི་ལུས་འདི་བཞིན་དུའང་མའི་མངལ་ན་ཡོད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། མྱུ་གུ་ཆོས་ཅན། གཞན་ལས་མི་སྐྱེ་སྟེ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལས་མི་སྐྱེ་བའི་ཕྱིར། དེར་ཐལ། རང་གི་རྒྱུ་དང་མ་འབྲེལ་བར་སྐྱེ་བ་མེད་པའི་ཕྱིར། དེར་ཐལ། རང་གི་རྒྱུ་ལ་མ་བལྟོས་པར་སྐྱེ་བ་མེད་པའི་ཕྱིར། དེ་ཡོད་ན། རྒྱུ་ཡིན་མིན་ཐམས་ཅད་ལས་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་བར་འགྱུར་རོ། །འདིའི་རིགས་པའི་འཕུལ་འཚམས་ཤེས་པ་གནད་ཆེའོ། །གསུམ་པ་གཉིས་ཀ་ལས་སྐྱེ་བ་ནི། སྔར་གྱི་རིགས་པ་དེས་ཁེགས། བཞི་བ་ནི། དེ་ཆོས་ཅན། རྒྱུ་མེད་ལས་མི་སྐྱེ་བར་ཐལ། རང་གི་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར། དེར་ཐལ། རང་གི་ས་བོན་ལས་སྐྱེས་པའི་ཕྱིར། གཞན་ཡང་། རྒྱུ་མེད་ལས་སྐྱེ་བ་མེད་པར་ཐལ། དེ་ཡོད་ན། བྱ་རོག་སོགས་ལས་ཀྱང་རྨ་བྱའི་མདོངས་སྐྱེ་བ་སོགས་སུ་འགྱུར་བའི་ཕྱིར་རོ། །གཞན་ཡང་། རྨ་བྱའི་མདོངས་དེ་རང་གི་རྒྱུ་ལས་སྐྱེས་པར་ཐལ། དེ་རྨ་བྱའི་ཐུན་མོང་མ་ཡིན་པའི་ལས་དང་རང་གི་ཉེར་ལེན་སྔ་མ་ལས་སྐྱེས་པའི་ཕྱིར་ཚེར་མའི་རྣོ་བ་དང་སྲན་མའི་ཟླུམ་པ་དེ་རང་གི་རྒྱུ་ལས་སྐྱེས་པར་ཐལ། དེ་རང་གི་ས་བོན་རྣམ་པར་འགྱུར་བའི་རྐྱེན་ལས་བྱུང་བའི་ཕྱིར། གཞན་ཡང་། རྒྱུ་མེད་ལས་སྐྱེ་བ་མེད་པར་ཐལ། དེ་ཡོད་ན་རྟག་ཏུ་སྐྱེ་བའམ། ཡང་ན་ནམ་ཡང་མི་སྐྱེ་བར་འགྱུར་བའི་ཕྱིར་རོ།། །།གསུམ་པ་ཡོད་མེད་སྐྱེ་འགོག་ནི། མྱུ་གུ་ཆོས་ཅན། རང་ངོས་ནས་མི་སྐྱེ་སྟེ། རང་གི་རྒྱུའི་དུས་སུ་ཡོད་པར་ཡང་མི་སྐྱེ། དེའི་དུས་སུ་མེད་པར་ཡང་རང་ངོས་ནས་མི་སྐྱེ། དེའི་དུས་སུ་ཡོད་མེད་གཉིས་ཀའི་རང་བཞིན་དུ་ཡང་མི་སྐྱེ། དེའི་དུས་སུ་དེ་གཉིས་གང་རུང་མ་ཡིན་པའི་རང་བཞིན་དུ་ཡང་མི་སྐྱེ་བའི་ཕྱིར། དང་པོ་ནི། སྔར་ལྟར་འགོག །གཉིས་པ་ལ། དེ་ཆོས་ཅན། གཏན་མེད་པར་སྐྱེ་བར་ཐལ། རང་གི་རྒྱུའི་དུས་སུ་མེད་པར་རང་ངོས་ནས་སྐྱེ་བའི་ཕྱིར། ཁྱབ་སྟེ། རང་ངོས་ནས་གྲུབ་ན། དུས་གཅིག་གི་ཚེ་མེད་ན་གཏན་ནས་མེད་དགོས་པའི་ཕྱིར། དེར་ཐལ། རང་ངོས་ནས་གྲུབ་ན་གཞན་དུ་འགྱུར་བ་མི་འཐད་པའི་ཕྱིར་རོ། །རང་ལུགས་ལ་མྱུ་གུ་དེ་རང་གི་རྒྱུའི་དུས་སུ་མེད་ཀྱང་། རྒྱུན་དེའི་དུས་སུ་ཡོད་པའི་ཚུལ་གྱིས་སྐྱེ་བས་མི་འགལ་ལོ། །གསུམ་པ་དང་བཞི་བ་སླའོ། །བཞི་བ་མུ་བཞི་སྐྱེ་འགོག་ནི། འབྲས་བུ་རྣམས་རང་ངོས་ནས་མི་སྐྱེ་སྟེ། རྒྱུ་གཅིག་ཁོ་ན་ལས་འབྲས་བུ་གཅིག་ཁོ་ན་ཡང་མི་སྐྱེ། རྒྱུ་དུ་མ་ཁོ་ན་ལས་འབྲས་བུ་དུ་མ་ཁོ་ན་ཡང་མི་སྐྱེ། རྒྱུ་དུ་མས་འབྲས་བུ་གཅིག་ཁོ་ན་ཡང་མི་བསྐྱེད། རྒྱུ་གཅིག་གིས་འབྲས་བུ་དུ་མ་ཁོ་ན་ཡང་མི་བསྐྱེད་པའི་ཕྱིར། སྒྲུབ་ཚུལ་གཞན་དུ་ཤེས། ལྔ་བ་རྟེན་འབྲེལ་གྱི་གཏན་ཚིགས་ནི། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མི་སྐྱེ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན། གཟུགས་བརྙན་བཞིན། རྟེན་འབྲེལ་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། ཆོས་ཐམས་ཅད་ཀྱང་། རང་གི་ཆ་ཤས་དང་། ཆ་ཤས་རྣམས་ཀྱང་རང་རང་གི་ཆ་ཤས་དང་བཅས་པ་ཡིན་ཚུལ་གོང་གི་ཆ་མེད་འགོག་པའི་རིགས་པས་ཤེས་དགོས་ལ། ཐུན་མོང་མ་ཡིན་པ་ནི་ཐལ་འགྱུར་བའི་ལུགས་ཀྱི་རྟོག་པས་བཏགས་ཙམ་དུ་གྲུབ་པའི་ཚུལ་ཤེས་དགོས་ཏེ། སྔར་གྱི་རིགས་པ་དེ་དག་ཐམས་ཅད་ཀྱང་མཐར་གཏུགས་ན་རྟེན་འབྲེལ་གྱི་རིགས་པ་ལ་ཐུག་པས་སོ། །གཞན་ཡང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་སྟེ། ཤེས་བྱ། རྟག་པ། དངོས་པོ། བུམ་པ་སོགས་སྤྱི་ཡིན་པ་རྣམས་ནི། རང་བཞིན་གྱིས་མེད། སྤྱི་མ་ཡིན་པའི་ཆོས་བྱེ་བྲག་རྣམས་ཀྱང་རང་བཞིན་གྱིས་མེད་པའི་ཕྱིར། དང་པོ་དེར་ཐལ། ཤེས་བྱ་དེ་ཆོས་ཐམས་ཅད་ཀྱི་སྟེང་ནས་མིང་ཙམ་གྱིས་བཞག །རྟག་པ་དེ། རྟག་པའི་རིགས་བྱེ་བྲག་པའི་སྟེང་ནས་མིང་ཙམ་གྱིས་བཞག དངོས་པོ་དང་། བུམ་པ་ཡང་དངོས་པོའི་རིགས་དང་བུམ་པའི་རིགས་བྱེ་བྲག་པའི་སྟེང་ནས་མིང་བརྡས་བཞག་པ་ཡིན་གྱི། བྱེ་བྲག་ལས་དོན་གཞན་པའི་སྤྱི་ཡིན་པ་ཅི་ཡང་མེད་པའི་ཕྱིར། དེ་བཞིན་དུ་སྤྱི་གཞན་ཐམས་ཅད་ལ་སྦྱར་བར་བྱ་སྟེ། དཔྱོད་ཤེས་ན་སྤྱི་ཡིན་པ་རྣམས་ནི། རང་བཞིན་གྱིས་མེད་པར་ངེས་ཅུང་སླའོ། །སྤྱི་མ་ཡིན་པའི་བྱེ་བྲག་རྣམས་ཀྱང་རང་བཞིན་གྱིས་མེད་དེ། འདུས་བྱས་ལ་ཡང་མེད། འདུས་མ་བྱས་ལའང་མེད་པའི་ཕྱིར། འདུས་བྱས་ལ་མེད་དེ། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་པོ་གང་རུང་ལ་མེད་པའི་ཕྱིར། སྤྱི་མ་ཡིན་པའི་གཟུགས་རང་བཞིན་གྱིས་གྲུབ་པ་མེད་དེ། མདུན་ན་མངོན་སུམ་དུ་ཡོད་པའི་བུམ་པ་གཅིག་ལྟ་བུ་ནི། རང་གི་མཆུ་ཞབས་སོགས་ལ་བཏགས། རང་གི་ལུས་ལྟ་བུ་ནི། ཡན་ལག་གི་སྟེང་དུ་བཏགས། རི་གཅིག་ལྟ་བུ་ནི་ས་རྡོ་སོགས་ཚོགས་པའི་སྟེང་ནས་བཏགས་པའི་ཕྱིར། སྤྱི་མ་ཡིན་པའི་ཤེས་པ་ནི་རང་བཞིན་གྱིས་གྲུབ་པ་མེད་དེ། ད་ལྟ་སྐྱེ་མ་ཐག་པའི་རང་གི་ཤེས་རབ་ལྟ་བུ་ནི་ཤེས་པ་གཞན་ལས་རགས་ལས་པའི་ཕྱིར། དེར་ཐལ། ཤེས་པ་གཞན་གྱི་ཆ་ཤས་ཡིན་པའི་ཕྱིར། སྤྱི་མ་ཡིན་པའི་ལྡན་མིན་འདུ་བྱེད་རྣམས་རང་བཞིན་གྱིས་མེད་དེ། གང་ཟག་རང་ཉིད་གཅིག་ལྟ་བུ་ནི། རང་གི་ཕུང་པོ་ལ་བརྟེན་ནས་བཞག །དེའི་སྟེང་གི་མི་རྟག་པ་ལྟ་བུ་ནི། གང་ཟག་དེ་ཉིད་ལ་བལྟོས་ཏེ་བཞག་པའི་ཕྱིར་རོ། །འདུས་མ་བྱས་ལའང་སྔར་བཞིན་རིགས་པ་སྦྱོར། མདོར་ན། རང་གི་ཆ་ཤས་དང་སྒྲ་རྟོག་གིས་བཞག་པ་ལ་མ་བལྟོས་པར་རང་དབང་དུ་གྲུབ་པའི་ཆོས་མེད་པས་རང་བཞིན་གྱིས་གྲུབ་པའི་ཆོས་མེད་པ་ཡིན་ཏེ། བཞི་བ་བརྒྱ་པ་ལས། འདི་ཀུན་རང་དབང་མེད་པ་སྟེ། དེས་ན་བདག་ནི་ཡོད་མ་ཡིན། ཞེས་གསུངས་པའི་ཕྱིར་རོ། །འོ་ན་དེ་ལྟར་རིགས་པས་དཔྱད་པའི་དཔྱད་མཐར་སྒོམ་ཚུལ་ཇི་ལྟར་ཡིན་ཞེ་ན། འདི་ལ་བཞེད་པ་མི་འདྲ་བ་ཡོད་ཀྱང་། མཁས་གྲུབ་ནོར་བཟང་རྒྱ་མཚོའི་བཞེད་པ་བཞིན་བཤད་ན། དེའི་གསུང་འབུམ་ཐོར་བུ་ལས། དེ་ཡང་ཞི་གནས་མ་ཐོབ་པའི་གོང་རོལ་དུ་ལས་དང་པོ་པས་ལྟ་བ་སྐྱོང་ཚུལ་མདོར་བསྡུས་ཏེ་བརྗོད་ན། དང་པོར་གོང་དུ་བཤད་པ་ལྟར་གཅིག་དུ་བྲལ་སོགས་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པ་རྣམས་ཀྱིས་དཔྱད་དེ་བྱང་བར་བྱས་ནས། ལྟ་བ་དངོས་གཞི་སྐྱོང་བའི་ཚེ། རང་བཞིན་གྱིས་གྲུབ་པ་ལྟ་བུའི་དགག་བྱ་དེ་ཡོད་ན། རང་བཞིན་གྱིས་གྲུབ་པའི་གཅིག་དང་ཐ་དད་གང་རུང་ལས་མ་འདས་པའི་ངེས་པ་བསྐྱེད་དེ། དེ་ནས་ང་ལྟ་བུ་རང་བཞིན་གྱིས་གྲུབ་པའི་གཅིག་དང་དུ་མ་གང་རུང་དུ་གྲུབ་མ་གྲུབ་དཔྱད་པས་གང་དུ་ཡང་མ་གྲུབ་པའི་ངེས་པ་རྙེད་པ་ན། རྒྱུ་མཚན་དེ་ཉིད་ཀྱིས་ན། ང་རང་བཞིན་གྱིས་གྲུབ་པ་ལྟ་བུའི་དགག་བྱ་ཞེ་ཕུག་ལ་བཞག་ནས་མེད་མེད་སྙམ་པའི་མེད་དགག་གི་འཛིན་སྟངས་ཉིད་སྐྱོང་བ་ཡིན་ནོ། །ཞེས་གསུངས་པ་ལྟར་བྱའོ། །འཛིན་སྟངས་ཞེན་དུ་སོང་ན། རིགས་པ་དྲན་ཙམ་བྱས་ཏེ། སྣང་ཚུལ་དེ་ལྟར་དུ་གྲུབ་པ་མེད་མེད་སྙམ་དུ་བསམ་ཞིང་སྐྱར་ནས་བསྒོམ་པར་བྱ་ལ། རྗེས་ཐོབ་ཏུ་གཟུགས་སོགས་བདེན་གྲུབ་ཏུ་ལམ་ལམ་འཆར་བ་ན། འདི་རྣམས་དེ་ལྟར་དུ་གྲུབ་པ་མེད་མོད་སྣང་སྟོང་ཚོགས་པའི་སྒྱུ་མ་ལྟ་བུ་སྟེ་ཨེ་མ་ངོ་མཚར་ཆེའོ། །སྙམ་དུ་བལྟ་བར་བྱའོ། །བརྒལ་བརྟག་མང་དུ་བྱེད་ཤེས་ཀྱང་། འདི་འདྲའི་དོན་ལ་བཤར་སྒོམ་ཙམ་ཡང་མེད་ན་དགོས་དོན་གྱི་སྙིང་བོ་སྟོར་བ་ཡིན་པས་འབད་པར་བྱའོ། །འོ་ན། ཐལ་རང་གཉིས་ཀའི་ལུགས་ཀྱི་བདག་མེད་རྟོགས་པའི་ལྟ་བ་དེ་མདོ་གང་གི་དོན་ཡིན་ཞེ་ན། དེ་ནི་ཏིང་འཛིན་རྒྱལ་པོ་ལ་སོགས་པའི་མདོ་གཞན་གྱི་དོན་ཡང་ཡིན་མོད། གཙོ་བོ་ནི་ཡུམ་གསུམ་ལ་སོགས་པ་འཁོར་ལོ་བར་པའི་དོན་ཡིན་པར་གཉིས་ཀས་འདོད་དོ། །གཉིས་པ་གོལ་ས་གཅོད་ཚུལ་ལ། སྔ་རབས་པ་ཁ་ཅིག་ན་རེ། ནམ་མཁའ་ལ་མཐའ་དབུས་བཟུང་དུ་མེད་པ་དེ་བཞིན་དུ། བློས་གང་དུ་མི་འཛིན་ཅིང་ཅི་ཡང་ཡིད་ལ་མི་བྱེད་པ་དེ། གནས་ལུགས་སྒོམ་ཚུལ་ཡིན་ནོ་ཞེས་ཟེར་བ་ཡང་མི་འཐད་དེ། དེ་ཧྭ་ཤང་གི་ལྟ་བ་སྒོམ་ཚུལ་ཡིན་པའི་ཕྱིར་རོ། ཁ་ཅིག །ཆོས་གང་ལའང་འདི་ཡིན་འདི་མིན་ངོས་བཟུང་དུ་མེད་པར་སྒོམ་པ་དེ། གནས་ལུགས་སྒོམ་པ་ཡིན་ནོ་ཟེར་བ་ཡང་མི་འཐད་དེ། དེ་ལྟར་ན་སངས་རྒྱས་ཡིན་པ་དང་སེམས་ཅན་ཡིན་པ་སོགས་གང་ཡང་མེད་པར་འགྱུར་བའི་ཕྱིར་རོ། ཁ་ཅིག །ང་དེ་ལུས་ཀྱི་ཕྱི་ནང་སྟོད་སྨད་བར་གསུམ་དུ་བཙལ་ན་མི་རྙེད་པས་ང་ཞེས་བྱ་བ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་སྒོམ་པ་དེ། གནས་ལུགས་སྒོམ་པའོ་ཟེར་བ་ཡང་མི་འཐད་དེ། །དེ་སྐུར་འདེབས་ཀྱི་ལྟ་བ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་བཙལ་བའི་ཚེ་ང་མི་རྙེད་ཀྱང་ང་ཡོད་པའི་ཕྱིར་རོ། ཁ་ཅིག །ང་དེ་ཁ་དོག་དང་དབྱིབས་གང་དུའང་བཟུང་དུ་མེད་པས་རང་བཞིན་གྱིས་མ་གྲུབ་པའོ་སྙམ་དུ་སྒོམ་པ་དེ། གནས་ལུགས་སྒོམ་པའོ་ཟེར་བ་ཡང་མི་འཐད་དེ། ངའི་ཁ་དོག་དང་དབྱིབས་ནི་ཡོད་པས་མི་རིགས་ལ། ང་ཁ་དོག་དང་དབྱིབས་སུ་མ་གྲུབ་པར་རྟོགས་པ་ཉིད་ཀྱིས། ང་རང་བཞིན་མེད་པར་རྟོགས་མི་ནུས་པའི་ཕྱིར། ཕྱི་མ་དེར་ཐལ། ང་གཟུགས་མིན་པར་རྟོགས་པ་ཙམ་གྱིས། ང་རང་བཞིན་མེད་པར་རྟོགས་མི་ནུས་པའི་ཕྱིར། ཁ་ཅིག སེམས་ཁ་དོག་དང་དབྱིབས་སུ་མ་གྲུབ་པས། སེམས་ཅི་ཡང་མེད་དོ་སྙམ་པ་དང་། སེམས་རང་བཞིན་གྱིས་མེད་དོ་སྙམ་དུ་སྒོམ་པ་དེ། གནས་ལུགས་སྒོམ་པའོ་ཟེར་བ་ཡང་མི་འཐད་དེ། དེའི་སྔ་མ་ནི་སྐུར་འདེབས་ཡིན་ལ། ཕྱི་མ་ཡང་ཅུང་མི་འཐད་པའི་ཕྱིར། དེར་ཐལ། སེམས་ཤེས་པ་ཡིན་པས། ཁ་དོག་དང་དབྱིབས་སུ་མ་གྲུབ་པ་ཤིན་ཏུ་ངེས་སླ་བས། དེ་ཙམ་གྱིས་ནི་སེམས་རང་བཞིན་གྱིས་མེད་པར་ངེས་མི་ནུས་པའི་ཕྱིར། ཡང་ཁ་ཅིག སེམས་དང་པོར་ཁྱི་ཚང་གི་ནང་ནས་འབྱུང་བ་ལྟར་གང་ནས་ཀྱང་མ་འོངས། བར་དུ་རྒྱལ་པོ་གདན་ལ་བཞུགས་པ་ལྟར་གང་དུའང་མི་གནས། མཐར་བྱི་བ་ཁུང་དུ་འཛུལ་བ་ལྟར་གང་དུའང་མི་འགྲོ་བའི་གཞི་མེད་རྩ་བྲལ་དུ་རྟོགས་ནས་རང་བཞིན་གྱིས་གྲུབ་པ་མེད་དོ་སྙམ་དུ་སྒོམ་པ་དེ། སེམས་ཀྱི་གནས་ལུགས་སྒོམ་པའོ་ཟེར་བ་ཡང་ཅུང་མི་འཐད་དེ། དེ་ནི་སེམས་གཟུགས་ཅན་བཞིན་དུ་ཡོད་པའི་འཚོལ་ལུགས་ཡིན་པས། རང་བཞིན་གྱིས་མེད་ཞེས་བརྗོད་ཀྱང་དེ་ལ་ངེས་པ་འདྲེན་མི་ནུས་པའི་ཕྱིར། དེར་ཐལ། ཚུལ་དེས་སེམས་གཟུགས་ཅན་དུ་གྲུབ་པའི་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་ཀྱང་། སེམས་རང་བཞིན་མེད་པ་རྟོགས་མི་ནུས་པའི་ཕྱིར། ནུས་ན་དངོས་སྨྲ་བ་རྣམས་ཀྱིས་ཀྱང་དེ་རྟོགས་ནུས་པར་འགྱུར་རོ། །གཞན་ཡང་། དེ་མི་འཐད་དེ། སྐྱེ་འགག་གནས་གསུམ་རང་བཞིན་གྱིས་གྲུབ་པ་མེད་པའི་འཚོལ་ཚུལ་དེ་ལྟར་མ་ཡིན་པའི་ཕྱིར། དེར་ཐལ། དེ་འཚོལ་ཚུལ་ནི། སེམས་སྔར་མེད་གསར་དུ་རང་བཞིན་གྱིས་མི་སྐྱེ་བ་དང་། རང་དུས་སུ་རང་བཞིན་གྱིས་མི་གནས་པ་དང་། རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་རང་བཞིན་གྱིས་མི་འགག་པར་དཔྱོད་དགོས་པའི་ཕྱིར། ཁ་ཅིག །སེམས་གྲུབ་ཙམ་ནས་གསལ་བའི་ངོ་བོར་སྐྱེས་ཤིང་། གསལ་ཙམ་དེ་ལ་བརྟགས་ཤིང་དཔྱད་ན། ཁ་དོག་དང་དབྱིབས་གང་དུའང་མི་རྙེད་པས། གསལ་བའི་དུས་ན་སྟོང་བ་སྟོང་བའི་དུས་ན་གསལ་བས་གསལ་སྟོང་དབྱེར་མེད་དུ་སྒོམ་པ་དེ། གནས་ལུགས་སྒོམ་པའོ་ཟེར་བ་ཡང་མི་འཐད་དེ། དེ་ནི་སེམས་ཀྱི་ཀུན་རྫོབ་པའི་ངོ་བོ་མཐོང་བ་ཙམ་ཡིན་པས་གནས་ལུགས་སྒོམ་པ་མ་ཡིན་པའི་ཕྱིར། ཡིན་ན། གསལ་ཞིང་རིག་པར་རྟོགས་པ་ཙམ་ཡང་གནས་ལུགས་སྒོམ་པར་ཐལ་བར་འགྱུར་རོ། ཁ་ཅིག རྟོག་པ་སྐད་ཅིག་སྔ་ཕྱི་སྐྱེས་མ་ཐག་པའི་ངོ་བོ་ལ་ཅེར་གྱིས་བལྟས་པའི་ཚེ། རང་ཡུལ་དུ་འགྲོ་བ་སྒོམ་པ་ནི། གནས་ལུགས་སྒོམ་པའོ་ཟེར་བ་ཡང་མི་འཐད་དེ། དེ་རྟོག་པ་སྐད་ཅིག་སྔ་ཕྱི་རྣམས་རང་གི་དུས་སྐད་ཅིག་གཉིས་པར་མི་སྡོད་པར་བསམ་པ་ཙམ་ཡིན་གྱི། གནས་ལུགས་ཀྱི་དོན་མཐོང་བ་མ་ཡིན་པའི་ཕྱིར། ཡིན་ན། སྐད་ཅིག་མ་མཐོང་བས་ཀྱང་གནས་ལུགས་མཐོང་བའི་གོ་ཆོད་པར་ཐལ་ལོ། ཁ་ཅིག དེ་ལྟར་བལྟས་པའི་ཚེ་རྟོག་པ་རང་ཡལ་དུ་སོང་བའི་སྟོང་སང་མཐོང་བ་དེ། སེམས་ཀྱི་གནས་ལུགས་དང་ཆོས་སྐུའི་རང་ཞལ་མཐོང་བའོ་ཟེར་བ་ཡང་མི་འཐད་དེ། རིགས་པ་སྔ་མ་དེས་ཁེགས་པའི་ཕྱིར་རོ། ཁ་ཅིག སེམས་གཡོ་མེད་དུ་བཞག་ནས་རྟོག་པའི་ངོ་བོ་ལ་ཅེར་གྱིས་བལྟས་པའི་ཚེ། སེམས་ནམ་མཁའ་ལྟར་སྟོང་སང་དུ་འཆར་བ་དེ་ཉིད་སྒོམ་པ་གནས་ལུགས་སྒོམ་པའོ་ཟེར་བ་ཡང་མི་འཐད་དེ། དེ་ནི་སེམས་ཐོགས་བཅས་ཀྱི་རེག་པ་དང་བྲལ་བར་མཐོང་བ་དང་། སེམས་རང་གི་དུས་སྐད་ཅིག་གཉིས་པར་མི་སྡོད་པར་མཐོང་བ་གང་རུང་ཞིག་ཡིན་པས་གནས་ལུགས་ཀྱི་དོན་མཐོང་བ་མ་ཡིན་པའི་ཕྱིར། ཁ་ཅིག རྣམ་རྟོག་སྐྱེ་བ་འགོག་མི་དགོས་ཀྱི། རྟོག་པ་གང་སྐྱེས་ཐམས་ཅད་ཡེ་ཤེས་ཆོས་སྐུར་བསྒོམས་པ་ནི། རྟོག་པ་བཟང་ངན་ཐམས་ཅད་ལམ་དུ་འཁྱེར་བ་ཡིན་ལ། འཁོར་འདས་ཐམས་ཅད་རྣམ་རྟོག་ལས་མ་འདས་པས། རྣམ་རྟོག་ཐམས་ཅད་ཆོས་སྐུར་རོ་སྙོམས་དུ་སྒོམ་དགོས་པ་ཡིན་ནོ་ཟེར་བ་ཡང་མི་འཐད་དེ། རྟོག་པ་ཡེ་ཤེས་ཆོས་སྐུ་མ་ཡིན་པའི་ཕྱིར་དང་། རོ་སྙོམས་ཀྱི་དོན་དེ་མི་འཐད་པའི་ཕྱིར། དེར་ཐལ། འཐད་ན་བཟང་ངན་ཐམས་ཅད་ཀྱང་རོ་སྙོམས་དུ་འགྱུར་བས་བཟང་ངན་འབྲིང་གསུམ་མེད་པར་ཐལ་བའི་ཕྱིར་རོ། ཁ་ཅིག་ཐོག་མར་ནམ་མཁའ་སྟོང་སང་དེ་ངེས་པར་བྱས་རྗེས། དེ་དང་རང་གི་སེམས་བསྲེས་ནས་སྒོམ་པ་དེ། གནས་ལུགས་སྒོམ་པའོ་ཟེར་བ་ཡང་མི་འཐད་དེ། དེ་ནི་ནམ་མཁའ་ཐོགས་བཅས་ཀྱི་རེག་བྱས་སྟོང་བ་ལྟར་སེམས་ཀྱང་དེས་སྟོང་བ་ཙམ་སྒོམ་པ་ཡིན་པའི་ཕྱིར་རོ། །འོ་ན། མདོ་ལས་ནམ་མཁའ་དཔེར་མཛད་པ་དེ་ཅི་ཡིན་ཞེ་ན། དེ་ནི་ཁྱོད་འདོད་པ་ལྟར་མིན་གྱི། ནམ་མཁའ་དེ་ཐོགས་བཅས་ཀྱི་རེག་བྱ་བཀག་ཙམ་ཡིན་པ་དེ་བཞིན་དུ་སེམས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ། དགག་བྱ་བདེན་གྲུབ་བཀག་ཙམ་ལ་འཇོག་ཞེས་པའི་དོན་ཡིན་པས་སོ། །ཡང་གནས་ལུགས་སྒོམ་པ་ལ་བློ་ཁ་ཕྱོགས་པ་ཁ་ཅིག་ན་རེ། བདག་མེད་རྟོགས་པའི་ལྟ་བ་རྙེད་ཕྱིན་ཆད་ནས། རིགས་པས་དཔྱད་པ་ཚར་གཅིག་བྱས་རྗེས་མི་རྟོག་པར་བཞག་པ་ཐམས་ཅད་ཀྱང་། གནས་ལུགས་ཀྱི་དོན་སྒོམ་པའོ་ཟེར་བ་ཡང་མི་འཐད་དེ། དེ་ལྟ་ན་དེའི་རྗེས་སུ་གཉིད་འཐུག་པོ་ལོག་པ་དང་། བརྒྱལ་བའི་ཚེ་ཡང་གནས་ལུགས་སྒོམ་པར་ཐལ་བའི་ཕྱིར་རོ། ཁ་ཅིག །དེ་རྙེད་ཕྱིན་ཆད། བདེན་པར་མེད། རང་བཞིན་གྱིས་མེད་སྙམ་པ་ཙམ་གྱིས་གནས་ལུགས་སྒོམ་པའོ་ཟེར་བ་ཡང་མི་འཐད་དེ། དེ་ནི་བདེན་མེད་ཀྱི་སྒྲ་སྤྱི་ཡིད་བཟླས་བྱས་པ་ཙམ་དུ་སོང་གི །བདེན་མེད་ཀྱི་དོན་ངེས་ནས་སྒོམ་པ་མ་ཡིན་པའི་ཕྱིར་རོ། ཁ་ཅིག །བདེན་མེད་ཀྱི་དོན་ངེས་ཟིན་ནས་སླར་སྒོམ་པའི་ཚེ། འཇོག་སྒོམ་ཁོ་ན་བྱེད་ཟེར་བ་དང་། ཁ་ཅིག དངོས་གཞིའི་སྐབས་སུ་ཡང་ཡང་དཔྱད་ཀྱིན་སྒོམ་དགོས་ཟེར་བ་ཡང་ཅུང་མི་འཐད་དེ། ལས་དང་པོ་བས་ཞི་གནས་མ་ཐོ བ་ཚུན་ལྟ་བ་དང་དངོས་གཞིའི་ཚེ་བར་བར་དུ་ཅུང་ཟད་རེ་དཔྱད་ནས་འཇོག་སྒོམ་བྱེད་པ་ཡིན་གྱི། འཇོག་སྒོམ་ཁོ་ནས་ལྷག་མཐོང་མི་འགྲུབ་ལ། དཔྱད་པ་ཧ་ཅང་མང་ན། རྒོད་པ་སྐྱེ་བས་ཞི་གནས་མི་འགྲུབ་པའི་ཕྱིར་རོ། །རང་ལུགས་ཀྱི་སྒོམ་ཚུལ་ནི་སྔར་བཤད་ཟིན་ཏོ། །གོང་དུ་བཤད་པའི་ལྟ་བ་དེ་རྣམས་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་མཆོག་ཡིན་ལ། འོན་ཀྱང་གང་བསྒོམས་ནའང་ཐར་པའི་ས་བོན་འཇོག་ནུས་སོ། །ལྟ་བ་དེ་དག་བསྒོམས་ན་ཕན་ཡོན་ཆེན་པོ་འབྱུང་བར་མ་ཟད། ཐོས་བསམ་ཙམ་བྱས་ནའང་ཕན་ཡོན་གཞན་དང་མི་འདྲ་བར་བཤད་དེ། ལུང་མང་དུ་དོགས་ནས་མ་བྲིས་སོ། །དགོས་པ་མཚོན་ཙམ་ཞིག་བསྟན་ན། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཞེས་དང་། བྱམས་པས་ཀྱང་། ཤེས་རབ་ལས་གཞན་འདི་དག་གི །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེ་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཞེས་དང་། ཏིང་འཛིན་རྒྱལ་བོ་ལས་ཀྱང་། གལ་ཏེ་བདག་མེད་ཆོས་ལ་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་སྒོམ་བྱེད་ན། །དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །བདག་མེད་ཀྱི་དོན་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་རིམ་པ་ཇི་ལྟར་ཞེ་ན། ཡོད་དེ། ལམ་རིམ་ཆེན་མོ་ལས། དེས་ན་གང་ཉམས་སུ་བླང་རྒྱུ་དེ་དང་པོར་གཞན་ལ་ཐོས་ནས་གཞན་སྟོབས་ཀྱིས་ངེས་པར་བྱེད། དེ་ནས་ཐོས་པའི་དོན་དེ་རང་གིས་ལུང་དང་རིགས་པས་ཚུལ་བཞིན་དུ་བསམས་ཏེ་རང་སྟོབས་ཀྱིས་ངེས་པར་བྱེད། དེ་ལྟར་ཐོས་བསམ་གྱིས་ངེས་པར་བྱས་ཏེ་ཐེ་ཚོམ་དང་བྲལ་བ་ན་ཡང་ཡང་དུ་འདྲིས་པ་ལ་བསྒོམས་པ་ཞེས་ཟེར་བས། ཞེས་གསུངས་པ་ལྟར་བྱ་དགོས་པའི་ཕྱིར་རོ། །ཐོས་བསམ་བསྒོམས་གསུམ་མང་ཉུང་གིས་ཉམས་ལེན་ཀྱང་མང་ཉུང་འོང་བར་གསུངས་ཏེ། ལམ་རིམ་ཆེན་མོ་ལས། དེས་ན་ཐོས་པ་ཇི་ཙམ་མང་བ་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་ལ། དེ་མང་བ་ཙམ་དུ་བསམ་པ་མང་བ་དང་དེ་མང་བ་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་བ་དང་། དེ་ཇི་ཙམ་མང་བ་བཞིན་དུ་བསྒོམ་པས་ཉམས་སུ་ལེན་པ་མང་བ་ལ། ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཐོས་པ་ཁ་ཕྱིར་བལྟས་ཁོ་ནར་མ་སོང་བ་ཞིག་དགོས་པར་མངོན་ནོ། །དེས་ན་ཐོས་པའི་ཤེས་རབ་དང་དེ་ལས་བྱུང་བའི་ཤེས་རབ། བསམ་པ་དང་དེ་ལས་བྱུང་བའི་ཤེས་རབ། བསྒོམ་པ་དང་དེ་ལས་བྱུང་བའི་ཤེས་རབ་ཀྱི་ཁྱད་པར་ཡང་ཤེས་དགོས་སོ།། །།སྨྲས་པ། བསྟན་པའི་སྙིང་བོ་བདག་མེད་ལྟ་བ་ཉིད། །གྲུབ་མཐའ་རྣམ་བཞིའི་དབྱེ་བ་དང་འབྲེལ་བར། །རྗེ་བཙུན་ཆོས་ཀྱི་རྒྱལ་བོ་བཙོང་ཁ་བའི། །དགོངས་པ་ཇི་བཞིན་མདོར་བསྡུས་བདག་གིས་བཤད། །ཚུལ་འདི་ལྟོ་གོས་ཙམ་ཞིག་དོན་གཉེར་ལ། །ཉེ་བར་མཁོ་བ་འགའ་ཡང་ཡོད་མིན་ཀྱང་། །དམ་ཆོས་བདུད་རྩིའི་རོ་མཆོག་མྱོང་འདོད་པའི། །བློ་ལྡན་དག་ལ་ཕན་སྲིད་སྙམ་ནས་བྲིས། །ཚུལ་འདིར་འབད་ལས་རབ་དཀར་དགེ་བ་ནི། །གངས་རིའི་ཏོག་འདྲ་ཇི་སྙེད་ཐོབ་པ་དེ། །བསྟན་པའི་སྙིང་བོ་ཡུན་རིང་གནས་པ་དང་། །མཐར་ཡང་སངས་རྒྱས་ཐོབ་པའི་རྒྱུར་བསྔོའོ། །ཅེས་གྲུབ་མཐའ་བཞི་དང་འབྲེལ་བར་ལྟ་བའི་རིམ་པ་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད་ཅེས་བྱ་བ་འདི་ནི། དད་པ་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་རྒྱ་ཐང་དཀའ་བཅུ་བ་འཇམ་དབྱངས་སྦྱིན་པས། ཇི་སྐད་དུ་རྗེའི་ཞལ་ནས། བསྟན་པའི་སྙིང་བོ་སྟོང་བ་ཉིད། ཅེས་བཤད་པ་ལྟར། བདག་མེད་རྟོགས་པའི་ལྟ་བ་ཉིད་ཆོས་ཀྱི་སྙིང་བོར་མཐོང་ནས། རང་བཞིན་འགའ་ལ་ཕན་པར་འགྱུར་སྙམ་དུ་བསམས་ཏེ། འདི་ལྟ་བུ་ཞིག་གྱིས་དང་ཁོ་བོས་པར་དུ་བརྐོ་བར་བྱའོ་ཞེས་བསྐུལ་བ་ལ་བརྟེན་ནས་རིགས་པའི་ཚུལ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་ཐོབ་པ་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས། ཤིང་སྦྲུལ་ནག་པ་ཟླ་བའི་ཡར་ཚེས་ལ་སྦྱར་བ་སྟེ། འདིས་ཀྱང་རྗེ་བླ་མའི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག །བཀྲ་ཤིས།། །