cover

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

པོད་ལྔ་པ།

ཅོ་ནེ་གྲགས་པ་བཤད་སྒྲུབ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐེག་པ་ཆེན་པོ་རྒྱུད་བླ་མའི་དོན་གྱི་སྙིང་པོ་གསལ་བྱེད་ཀྱི་སྣང་བ་ཆེན་པོ།

ཐེག་པ་ཆེན་པོ་རྒྱུད་བླ་མའི་དོན་གྱི་སྙིང་པོ་གསལ་བྱེད་ཀྱི་སྣང་བ་ཆེན་པོ་ཞེས་བྱ་བ་བཞུགས།

མ་ལུས་འགྲོ་བའི་སྐྱབས་གཅིག་བཅོམ་ལྡན་འདས། །དེ་སྲས་ཐུ་བོ་མི་ཕམ་འཇམ་པའི་དབྱངས། །རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་སོགས། །འཛམ་གླིང་མཁས་པའི་ཚོགས་ལ་གུས་བཏུད་ནས། །རྒྱལ་བའི་དགོངས་པ་མི་ཕམ་མགོན་ཉིད་ཀྱིས། །ཇི་བཞིན་བཀྲལ་བའི་རྡོ་རྗེའི་དོན་བདུན་ཉིད། །རྒྱལ་བ་གཉིས་པ་ཡབ་སྲས་ཀྱིས་ཕྱེ་བའི། །འཁྲུལ་མེད་སྲོལ་བཞིན་མདོར་བསྡུས་བཤད་པར་བྱ། །དེ་ལ་འདིར་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་བྱམས་ཆོས་སྡེ་ལྔ་ཞེས་ཡོངས་སུ་གྲགས་པའི་ནང་ཚན་བསྟན་བཅོས་རྒྱུད་བླ་མའི་བརྗོད་བྱའི་དོན་གྱི་སྙིང་བོ་བསྡུས་ནས། རང་གཞན་ལ་ཕན་པ་དང་། ཁྱད་པར་བདག་ཉིད་ཀྱིས་རིང་ནས་རྗེ་བཙུན་འདིའི་དགོངས་པ་འདི་བཞིན་འཆད་རྒྱུ་ཞིག་བྱུང་ན་སྙམ་པའི་འདུན་པས་བསྐུལ་ཏེ་འཆད་པ་ལ་གཉིས། བཤད་བྱའི་སྡོམ་དགོད་པ་དང་། དེའི་དོན་བཤད་པའོ། །དང་པོ་ནི། རྒྱུད་བླ་མ་ལས། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་འཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་སོ། །གཉིས་པ་ལ་གཉིས། དངོས་དང་། ཕན་ཡོན་ནོ། །དང་པོ་ལ་བདུན་ཏེ། སངས་རྒྱས་དཀོན་མཆོག་དང་། ཆོས་དང་། དགེ་འདུན་དང་། ཁམས་དང་། བྱང་ཆུབ་དང་། ཡོན་ཏན་དང་། འཕྲིན་ལས་སོ། །དང་པོ་ལ་གསུམ། མཚན་ཉིད། དབྱེ་བ། སྐྱབས་ཀྱི་ཁྱད་པར་རོ། །འདུས་མ་བྱས་སོགས་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་སྐྱབས་གནས་མཐར་ཐུག འདིར་སངས་རྒྱས་དཀོན་མཆོག་གི་མཚན་ཉིད། སངས་རྒྱས་དཀོན་མཆོག་དེ་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། རང་དོན་ཆོས་སྐུའི་དབང་དུ་བྱས་ཏེ་སྐྱེ་འཇིག་དང་བྲལ་བའི་འདུས་མ་བྱས་རང་བཞིན་རྣམ་དག་དང་། འབད་རྩོལ་ཉེ་བར་ཞི་བའི་གཞན་དོན་ལྷུན་གྱིས་གྲུབ་པ་གློ་བུར་རྣམ་དག་དང་། སོ་སོ་རང་རིག་པ་ཇི་ལྟ་བ་རྟོགས་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་ཀྱི་སྒྲ་རྟོག་ཙམ་གྱིས་རྫོགས་པར་རྟོགས་མི་ནུས་པའི་ཡོན་ཏན་དང་། གཞན་དོན་གཟུགས་སྐུ་ལ་ཡོད་པའི་དབང་དུ་མཛད་ནས་ཇི་སྙེད་པ་མཐའ་དག་མཁྱེན་པའི་ཡེ་ཤེས་དང་། བརྩེ་བ་ཐུགས་རྗེ་ཆེན་པོ་དང་། དེ་གཉིས་ཀྱི་ནུས་པའི་ཡོན་ཏན་དང་ལྡན་ཅིང་། དང་པོ་གསུམ་སྡུད་བྱེད་ཀྱི་རང་དོན་ཕུན་ཚོགས་དང་། ཕྱི་མ་གསུམ་སྡུད་བྱེད་ཀྱི་གཞན་དོན་ཕུན་ཚོགས་གཉིས་ཏེ་ཡོན་ཏན་བརྒྱད་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཞེས་གསུངས་པའི་ཕྱིར་དང་། སྒྲུབ་བྱེད་ཀྱང་དེ་ཉིད་ལས། རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ། །དང་པོ་གསུམ་གྱིས་རང་དོན་ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དབྱེ་ན། རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་གཉིས་སོ། །དང་པོ་ལ་མཚན་ཉིད་དང་། དབྱེ་བའོ། །གཙོ་བོར་ཡེ་ཤེས་ཀྱིས་ཐོབ་པས་རབ་ཏུ་ཕྱེ་བའི་ཐོབ་བྱ་མཐར་ཐུག །ཆོས་སྐུའི་མཚན་ཉིད། དེ་ཡང་དོན་གཙོ་བོར་བྱས་པ་སྟེ། གཞན་དུ་ན་ཞིབ་ཆ་དགོས་སོ། །དབྱེ་ན། སྤངས་པ་མཐར་ཐུག་དང་། རྟོགས་པ་མཐར་ཐུག་གོ །དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག །སྤངས་པ་མཐར་ཐུག་གི་མཚན་ཉིད། ལྡོག་པས་ཕྱེ་ན། རང་བཞིན་རྣམ་དག་དང་། གློ་བུར་རྣམ་དག་གི་སྐུ་གཉིས་ཏེ། འདིར་དེ་གཉིས་དོན་གཅིག་མིང་གིས་རྣམ་གྲངས་ཙམ་དུ་བྱའོ། །དེའི་དང་པོ་ནི། རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་མཐར་ཐུག་པའི་སྐུ་སྟེ། རང་བཞིན་རྣམ་དག་གི་ངོ་བོ་ཉིད་སྐུའི་མཚན་ཉིད་ཀྱང་ཡིན་ནོ། །གཉིས་པ་ནི། གློ་བུར་གྱི་དྲི་མ་མཐའ་དག་སྤངས་པའི་ཁྱད་པར་དུ་བྱས་པའི་ཆོས་ཉིད་ཀྱི་སྐུ་སྟེ། གློ་བུར་རྣམ་དག་གི་ངོ་བོ་ཉིད་སྐུའི་མཚན་ཉིད་ཀྱང་ཡིན་ནོ། །གཉིས་པ་རྟོགས་པ་མཐར་ཐུག་ལ། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མཐར་ཐུག་གཉིས་སོ། །ལྡོག་པས་ཕྱེ་བ་ཙམ་སྟེ། གཉིས་ཀ་ཡིན་ཁྱབ་ཡིན་ལ། མཚན་ཉིད་ཀྱང་གོ་སླའོ། །གཉིས་པ་ལ་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། གཙོ་བོར་བསོད་ནམས་ཀྱི་ཚོགས་ཀྱིས་ཐོབ་པས་རབ་ཏུ་ཕྱེ་བའི་ཐོབ་བྱ་མཐར་ཐུག་ཏུ་གྱུར་པའི་འཕགས་པ། གཟུགས་སྐུའི་མཚན་ཉིད། དབྱེ་ན། ལོངས་སྐུ་དང་། སྤྲུལ་སྐུའོ། །ངེས་པ་ལྔ་དང་ལྡན་པའི་གཟུགས་སྐུ། ལོངས་སྐུའི་མཚན་ཉིད། ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ། སྤྲུལ་སྐུའི་མཚན་ཉིད། དབྱེ་ན། མཆོག་གི་སྤྲུལ་སྐུ་སོགས་གསུམ་མོ། །འདིར་མཚོན་ཙམ་སྟེ། ལྷག་མ་འགའ་ཞིག་བྱང་ཆུབ་ཀྱི་སྐབས་སུ་བཤད་པར་བྱའོ། །གཉིས་པ་ཆོས་དཀོན་མཆོག་ལ་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། བསམ་དུ་མེད་པ་སོགས་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་རྣམ་བྱང་བདེན་པ། ཆོས་དཀོན་མཆོག་གི་མཚན་ཉིད། ཆོས་དཀོན་མཆོག་དེ་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། འགོག་བདེན་གྱི་དབང་དུ་བྱས་ན་ཡོད་མེད་ཀྱི་མཐའ་བཞིར་བསམ་དུ་མེད་པ་དང་། ལས་ཉོན་གཉིས་ཅི་རིགས་མེད་པའི་ཞི་བ་དང་། བདེན་འཛིན་གྱི་རྣམ་རྟོག་མེད་པའི་ཡོན་ཏན་རྣམས་དང་། ལམ་བདེན་གྱི་དབང་དུ་བྱས་ནས་ཉི་མ་དང་འདྲ་བའི་ཡེ་ཤེས་དྲི་མས་དག་པ་དང་། དེ་ཁོ་ན་ཉིད་གསལ་བ་དང་། མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཡོན་ཏན་རྣམས་དང་། སྔ་མ་གསུམ་སྡུད་བྱེད་གང་ཞིག་ཆགས་པ་དང་བྲལ་བ་དོན་དམ་འགོག་བདེན་དང་། ཕྱི་མ་གསུམ་སྡུད་བྱེད་གང་གིས་ཆགས་པ་དང་བྲལ་བྱེད་ཀུན་རྫོབ་ལམ་བདེན་གྱི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། དེ་ཉིད་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་གསུངས་པའི་ཕྱིར་དང་། སྒྲུབ་བྱེད་ཀྱང་། དེ་ཉིད་ལས། གོ་རིམ་བཞིན་དུ་དེ་དག་ཀྱང་། །ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོག་མེད་དེ། །དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དབྱེ་ན། འགོག་བདེན་དང་། ལམ་བདེན་གཉིས་སོ། །དང་པོ་ལ་མཚན་ཉིད་དང་། དབྱེ་བའོ། །ལམ་བདེན་གྱི་སྟོབས་ཀྱིས་ཐོབ་པའི་བྲལ་འབྲས། འགོག་བདེན་གྱི་མཚན་ཉིད། དབྱེ་ན་ཐེག་པ་གསུམ་གྱི་དབྱེ་བས་གསུམ་མོ། །འགོག་བདེན་ཐོབ་བྱེད་ཀྱི་རིགས་སུ་གནས་པའི་རྣམ་བྱང་བདེན་པ། ལམ་བདེན་གྱི་མཚན་ཉིད། དབྱེ་ན་སྔར་ལྟར་གསུམ་མོ། །ཆོས་དཀོན་མཆོག་དངོས་ནི། དེ་གཉིས་ཡིན་གྱི། ལུང་གི་ཆོས་རྣམས་ནི་དེ་དངོས་མིན་ནོ། །གསུམ་པ་དགེ་འདུན་དཀོན་མཆོག་ལ་མཚན་ཉིད་དང་། དབྱེ་བའོ། །རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པ། དགེ་འདུན་དཀོན་མཆོག་གི་མཚན་ཉིད། དབྱེ་ན། ཐེག་པ་ཆེ་ཆུང་གི་དགེ་འདུན་དཀོན་མཆོག་གཉིས། དེ་བརྒྱད་པོ་གང་རུང་དང་ལྡན་པའི་ཐེག་ཆེན་འཕགས་པ། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་གི་མཚན་ཉིད། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་དེ་རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། འགྲོ་སོགས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རྟོགས་པ་ཇི་ལྟ་བ་རིག་པ། རིགས་ཡོད་པ་སོགས་ཀུན་རྫོབ་པའི་ཆོས་རྣམས་རྟོགས་པ་ཇི་སྙེད་པ་རིག་པ། ཡེ་ཤེས་དེ་གཉིས་རྟོགས་པ་སོ་སོ་རང་གིས་རིག་པའི་ཡོན་ཏན་དང་། འདོད་ཆགས་སོགས་ཆགས་སྒྲིབ། མ་རིག་བག་ཆགས་སོགས་ཐོགས་སྒྲིབ། རང་ཉིད་གཅིག་པུ་ཞི་བདེ་སོགས་དམན་སྒྲིབ་ལས་གྲོལ་བ་གསུམ་དང་། སྔ་མ་གསུམ་སྡུད་བྱེད་ཀྱི་རིག་པའི་ཡོན་ཏན་དང་། ཕྱི་མ་གསུམ་སྡུད་བྱེད་ཀྱི་གྲོལ་བའི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། དེ་ཉིད་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཞེས་གསུངས་ཤིང་། སྒྲུབ་བྱེད་ཀྱང་དེར། འགྲོ་བའི་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང་། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཤེས་བྱ་མཐར་ཐུག་རྟོགས་པའི་བློས། །ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་སྙེད་ཡོད་པ་ཉིད། །དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བ་ཉིད། །དྲི་མེད་དབྱིངས་ལ་ཆགས་མེད་དང་། །ཐོགས་མེད་ཕྱིར་དེ་དག་པ་ཡིན། །ཡེ་ཤེས་གཟིགས་པ་དག་པས་ན། །སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོག་པ་ནི། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །ཞེས་གསུངས་པ་ལྟར་ཏེ། རྐང་བ་ཕྱི་མ་གཉིས་ཀྱིས་དམན་སྒྲིབ་ལས་གྲོལ་བར་བསྟན་པ་ཡིན་ནོ། །གཞུང་འདིས་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་འཆད་པའི་ཚེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་པར་རྟོགས་པའི་ཆ་ནས་བཤད་པ་ནི་དགོས་པ་དང་བཅས་པའོ། །གསུམ་པ་ལ་གཉིས། སྐྱབས་གསུམ་དུ་འཇོག་པའི་ཚུལ། དོན་དམ་པའི་སྐྱབས་དང་ཀུན་རྫོབ་པའི་སྐྱབས་ཀྱི་ཁྱད་པར་རོ། །དང་པོ་ནི། སྤྱིར་རིགས་ཅན་གསུམ་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། དེ་གསུམ་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སྟོན་པ་པོ་དང་། དམ་པའི་ཆོས་ལ་སྐྱབས་དངོས་དང་། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་དམ་བཅའ་བའི་སྒོ་ནས་སྐྱབས་སུ་འགྲོ་བའི་ཕྱིར། སོ་སོའི་དབང་དུ་བྱས་ན་ཉན་ཐོས་ཀྱི་དགེ་འདུན་དང་རང་རྒྱལ་གྱིས་ཆོས་དང་ཐེག་ཆེན་གྱི་རིགས་ཅན་གྱིས་སངས་རྒྱས་དཀོན་མཆོག་ལ་གཙོ་བོར་སྐྱབས་སུ་འགྲོ་བའི་སྒོ་ནས་དེ་གསུམ་གྱི་སྐྱབས་སུ་བཞག་པ་དང་། ལམ་དུ་མ་ཞུགས་ཀྱང་དཀོན་མཆོག་གསུམ་ལ་སོ་སོར་མཆོད་པ་སོགས་བྱ་བ་བྱེད་པའི་མོས་པ་གསུམ་གྱི་དབང་དུ་བྱས་ནས། དཀོན་མཆོག་གསུམ་རིགས་ཅན་གསུམ་གྱི་སྐབས་སུ་བཞག་པ་ཡིན་ཏེ། དེ་ཉིད་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་མཛད་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ། དོན་དམ་པའི་སྐྱབས་ནི། ལམ་གྱི་བགྲོད་པ་མཐར་ཕྱིན་པའི་སངས་རྒྱས་ཁོ་ན་ལ་བྱེད་ཅིང་། ཀུན་རྫོབ་པའི་སྐྱབས་ནི་དེ་ལས་ལྡོག་པ་སྟེ། དེ་ཉིད་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་སོ། །དཀོན་མཆོག་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ཉིད་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཞེས་གསུངས་པ་ལྟར་རོ། །བཞི་བ་རྒྱུ་རིགས་སམ་ཁམས་ལ་བཞི། མཚན་ཉིད། དབྱེ་བ། སོ་སོའི་དོན། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་པའི་སྒྲུབ་བྱེད་དོ། །དང་པོ་ལ། འདིར་ཁམས་ཞེས་པ་རིགས་ཀྱི་དོན་ཡིན་པས་སྦྱིར། སངས་རྒྱས་སུ་འགྱུར་རུང་། སངས་རྒྱས་ཀྱི་རིགས་ཀྱི་མཚན་ཉིད། དབྱེ་ན། རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས། དང་པོ་ལ་མཚན་ཉིད་དང་། དབྱེ་བའོ། །སེམས་ཅན་གྱི་རྒྱུད་ཀྱི་ཆོས་སྐུར་འགྱུར་རུང་གིས་བསྡུས་པའི་དེ་བཞིན་ཉིད། རང་བཞིན་གནས་རིགས་ཀྱི་མཚན་ཉིད། དབྱེ་ན། ལམ་དུ་ཞུགས་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་རང་བཞིན་གནས་རིགས་གཉིས་སམ། ཐེག་པ་གསུམ་གྱི་དབྱེ་བས་གསུམ། གཉིས་པ་ལ་མཚན་ཉིད་དང་། དབྱེ་བའོ། །འདུས་བྱས་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་སྐུར་འགྱུར་རུང་། རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། ལམ་དུ་ཞུགས་མ་ཞུགས་དང་ཐེག་པའི་དབྱེ་བས་སྔར་ལྟར་རོ། །གསུམ་པ་རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས་ལས་ཕྱི་མ་ནི། སེམས་ཅན་དང་དེའི་རྒྱུད་ཀྱི་དགེ་བའི་སེམས་སེམས་བྱུང་རྣམས་དང་ལྡན་མིན་འདུ་བྱེད་ཀྱི་བསྡུས་པ་འགའ་ཞིག་དང་། ཁྱད་པར་ངེས་འབྱུང་སྙིང་རྗེ་ཆེན་པོ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་ལ་བྱེད་ཅིང་། དེ་ཐམས་ཅད་སངས་རྒྱས་ཀྱི་རིགས་ཡིན་པས་སངས་རྒྱས་སུ་འགྱུར་བ་ཡིན་ལ། དེ་ཡང་སངས་རྒྱས་ཀྱི་སའི་འདུས་བྱས་ཀྱི་སྐུར་འགྱུར་རུང་ཡིན་ཏེ་གོ་སླའོ། །སྔ་མ་རང་བཞིན་གནས་རིགས་ནི། སངས་རྒྱས་ཀྱི་སའི་ངོ་བོ་ཉིད་སྐུར་འགྱུར་རུང་ཡིན་ལ། དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་སྟོང་པ་ཉིད་ལ་འཇོག་པ་ཡིན་གྱི། གཞན་ལ་མིན་ནོ། །སེམས་ཅན་ཐམས་ཅད་འཚང་རྒྱ་བའི་རྒྱུ་མཚན་ཡང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྤྱིར་སངས་རྒྱས་ཀྱི་རིགས་ཡོད་པས་ཡིན་ལ། ཁྱད་པར་རང་བཞིན་གནས་རིགས་ཡོད་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེས་ན་སེམས་ཅན་ཐམས་ཅད་མཐར་འཚང་རྒྱ་ཞེས་པ་ནི། གཞན་གྱི་ཚིག་རྗེས་འབྲང་བ་ཙམ་མ་ཡིན་པར་ལུང་དང་རིགས་པ་ཡང་དག་གིས་ངེས་པ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་བདེན་པས་སྟོང་ཚུལ་ལེགས་པར་ངེས་དགོས། དེ་ལ་སྤྱིར་བདེན་གཉིས་ཀྱི་འཇོག་ཚུལ་ལེགས་པར་ཤེས་དགོས། ཁྱད་པར་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་། བྱ་བྱེད་ཀྱི་རྟེན་འབྲེལ་འཐད་པ་གཉིས་མི་འགལ་བའི་ཚུལ་ལེགས་པར་ཤེས་དགོས། དེ་ལ་བརྟེན་ནས་སེམས་རང་བཞིན་གྱིས་མ་གྲུབ་པའི་འོད་གསལ་བ་དང་། དྲི་མ་རྣམས་སྤྲིན་བཞིན་དུ་གློ་བུར་བ་ཡིན་ཚུལ་ཤེས་དགོས། དེ་ལ་བརྟེན་ནས་དྲི་མ་གཉེན་པོའི་སྟོབས་ཀྱིས་སྤོང་ནུས་ཤིང་། ལམ་བསྒོམས་ན་ནི་མཐར་འཚང་རྒྱ་བའི་ཚུལ་རྣམས་ལ་ཚིག་ཙམ་མ་ཡིན་པར་རིགས་པ་ཡང་དག་གིས་ངེས་པ་རྙེད་དགོས་པས། རང་བཞིན་གནས་རིགས་མིང་ཙམ་གྱིས་འཇོག་སླ་ཡང་། དོན་ལེགས་པར་ངེས་པའི་སྒོ་ནས་འཇོག་ཤིན་དུ་དཀའ་འོ། །སེམས་ཅན་ཐམས་ཅད་འཚང་རྒྱ་ཞེས་པ་ཡང་ཐོབ་བྱེད་ཀྱི་ཐབས་ལམ་བསྒོམས་པ་ཞིག་བྱུང་ན་དེ་ལ་བརྟེན་ནས་རིམ་གྱིས་འཚང་རྒྱ་བར་འགྱུར་ཞེས་པའི་དོན་ཡིན་གྱི། འབད་མེད་དུ་གྲོལ་བ་མིན་ཏེ། རྫུ་འཕྲུལ་ཐོབ་ན་ནམ་མཁའ་ལ་འགྲོ་ནུས་ཞེས་པ་བཞིན་ནོ། །རིགས་ཀྱི་གནས་ཚུལ་མཐའ་དག་རྟོགས་དཀའ་བ་ལ་དགོངས་ནས། རྒྱུད་བླ་མ་ལས། དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ཡང་རྣམ་བཞི་གོ་རིམ་བཞིན། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །ཞེས་སོགས་གསུངས་ཏེ། མང་དུ་དོགས་ནས་མ་བྲིས་སོ། །དེས་ན་ཇི་སྲིད་ཐལ་འགྱུར་བ་ལྟར་བདེན་གཉིས་ཀྱི་རྣམ་བཞག་སྤྱི་དང་ཁྱད་པར་འཁོར་འདས་ཀྱི་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་། ཀུན་རྫོབ་ཀྱི་བྱ་བྱེད་ཐམས་ཅད་འཐད་པའི་གཉིས་ཚོགས་དེ་འགལ་མེད་འཐད་ལྡན་དུ་སྙིང་ནས་འཇོག་མི་ཐུབ་པ་དེ་སྲིད་དུ་བདེན་གཉིས་འཇོག་ཚུལ་ལེགས་པར་མི་ཤེས་པས། སེམས་ཅན་ཐམས་ཅད་འཚང་རྒྱ་ཞེས་ཁས་བླངས་ཀྱང་ཚིག་རྗེས་འབྲང་བའི་དམ་བཅའ་ཙམ་ཞིག་ཏུ་ཟད་པའི་ཕྱིར་ན། ད་ལྟའི་བྱིས་པའི་བློ་ཅན་དག་གིས་ནི་སྒྲ་སྤྱི་ཙམ་ཞིག་ལས་ལེགས་པར་མཐོང་སྙམ་པ་མེད་དོ། །སེམས་ཅན་གྱི་སེམས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་ལམ་གྱིས་རྟོགས་ཤིང་གོམས་པར་བྱས་པའི་མཐར་སེམས་རྒྱུད་ཀྱི་སྟེང་དུ་གློ་བུར་གྱི་དྲི་མ་མཐའ་དག་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཚུལ་གྱིས་ཟད་ཅིང་བཀག་པ་ན། ངོ་བོ་ཉིད་སྐུར་གྱུར་བ་ཡིན་ལ། དེར་མ་གྱུར་བར་དུ་དྲི་མ་མ་སྤངས་པའི་ཆོས་ཉིད་ཡིན་པས། དེ་ལ་རང་བཞིན་གནས་རིགས་དང་དེ་བཞིན་གཤེགས་པའི་སྙིང་བོ་ཞེས་བྱ་ཞིང་། དེ་དང་རྒྱས་འགྱུར་གྱི་རིགས་གཉིས་ཀའང་སེམས་ཅན་ཐམས་ཅད་ལ་ཡོད་པས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་བོ་ཅན་ཞེས་བྱ་སྟེ། རྒྱུད་བླ་མ་ལས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་བོ་ཅན། །ཞེས་གསུངས་སོ། །སྐྱབས་འགྲོ་དང་དད་པ་དང་སྙིང་རྗེ་དང་བྱམས་པ་དང་དགེ་བ་ལ་སྤྲོ་བ་སོགས་ཡོད་ན། རིགས་ཀྱི་རྟགས་ཁྱད་པར་ཅན་ཡིན་ནོ། །ཤར་ནུབ་ཀྱི་ནམ་མཁའི་ངོ་བོ་ལ་རིགས་མི་འདྲ་བ་མེད་པ་ལྟར་སེམས་ཅན་གྱི་སེམས་བདེན་སྟོང་དང་སངས་རྒྱས་ཀྱི་ཐུགས་བདེན་སྟོང་གཉིས་ངོ་བོ་ལ་རིགས་མི་འདྲ་བའི་ཐ་དད་མེད་ཀྱང་། དྲི་མ་དང་བཅས་མ་བཅས་ཀྱི་དབང་གིས་ལྡོག་པ་ཐ་དད་དུ་འཇོག་པ་ཡིན་ལ། བདེན་སྟོང་གཉིས་ཀ་སྔ་ཕྱི་ཐམས་ཅད་ལ་ཡོད་ཅིང་། ཁྱད་པར་བདེན་སྟོང་ཕྱི་མ་ངོ་བོ་ཉིད་སྐུ་ཡིན་ཡང་། ངོ་བོ་ཉིད་སྐུ་སེམས་ཅན་དང་སངས་རྒྱས་གཉིས་ཀའི་གནས་སྐབས་སུ་ཡོད་མི་དགོས་པའི་ཚུལ་དེ་རིགས་པ་ཡང་དག་གིས་ཤེས་དགོས་ཏེ། མགོ་འཁོར་བར་མི་བྱའོ། །སངས་རྒྱས་མ་ཐག་པའི་ཚེ་སེམས་བདེན་སྟོང་དེ་གསར་དུ་སངས་རྒྱས་པ་ཡིན་པས། དེ་ལྟ་ན་དེ་ཡི་རྟག་པར་འགྱུར་རམ་སྙམ་དུ་དོགས་པར་མི་བྱ་སྟེ། ནམ་སྒྲིབ་པ་མཐའ་དག་གསར་དུ་སྤངས་པའི་ཚེ་དེ་སྤངས་པའི་ལྡོག་ཆ་ནས་ངོ་བོ་ཉིད་སྐུར་འཇོག་པ་ཡིན་གྱི། དེའི་སྔོན་དུ་ངོ་བོ་ཉིད་སྐུའི་ཐ་སྙད་མི་འཐོབ་པའི་ཕྱིར་རོ། །དེ་མི་རྟག་པར་མི་འགྱུར་ཏེ། དེའི་ཚེ་བདེན་སྟོང་ཙམ་དེ་གསར་དུ་བྱུང་བ་མིན་པར་སྔར་ནས་ཀྱང་ཡོད་པའི་ཕྱིར་རོ། །དེས་ན་མཁས་རྨོངས་ལ་གྲགས་པའི་རྟག་པ་འཇོག་ཚུལ་ལ་ཁྱད་པར་ཡོད་པས་བླུན་པོའི་འདོད་པ་ལྟར་རྟག་པའི་དོན་ལ་འཁྲུལ་བར་མི་བྱ་སྟེ། འདི་དག་ཞིབ་ཏུ་འཆད་དགོས་ནའང་མང་དུ་དོགས་སོ། །བཞི་བ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་པའི་སྒྲུབ་བྱེད་བཤད་པ་ལ་གཉིས། སྒྲུབ་བྱེད་སྤྱིར་བསྟན་པ་དང་། ཁམས་དྲི་མས་སྒྲིབ་ཚུལ་དཔེ་དོན་སྦྱར་ཏེ་བཤད་པའོ། །དང་པོ་ལ། རྒྱུད་བླ་རྩ་འགྲེལ་ལས་རྒྱུ་མཚན་དུ་མ་བཤད་ཀྱང་། འདིར་གོ་བདེ་བའི་དབང་དུ་བྱས་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་འཕྲིན་ལས་འཇུག་རུང་ཡིན་ཞིང་སེམས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མས་སྒྲིབ་པ་དེ་ཉིད་ལམ་བསྒོམས་པའི་སྟོབས་ཀྱིས་སྤོང་ནུས་སུ་འགྲུབ་པའི་ཕྱིར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དགེ་བའི་རྩ་བ་བསྐྱེད་པའི་འཕྲིན་ལས་མཛད་པའི་ཕྱིར་དང་། གང་ཟག་དང་ཆོས་ཀྱི་བདག་འཛིན་གཉིས་ཀྱང་ཞེན་ཡུལ་འཁྲུལ་བའི་ཕྱིར། དཔེར་ན་ཐག་ཁྲ་ལ་སྦྲུལ་འཛིན་གྱི་བློ་བཞིན་ནོ། །དེ་ལྟར་ཡང་། འཕགས་པ་ཀླུ་སྒྲུབ་ཀྱིས། དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་དུ་མ་ཐོབ་ཕྱིར། །ངར་འཛིན་པར་ནི་ཟད་པར་འགྱུར། །དེ་ལས་ལས་དང་སྐྱེ་བ་ཡང་། །ཞེས་དང་། རྣམ་འགྲེལ་ལས་ཀྱང་། རྒྱུ་ཡོད་ཕྱིར་ན་རྒྱུ་ཡི་ནི། །གཉེན་པོས་བསྒོམས་པས་ཟད་ཕྱིར་རོ། །ཞེས་མང་དུ་གསུངས་པ་ལྟར་རོ། །གལ་ཏེ་སེམས་ཅན་གྱི་སེམས་བདེན་སྟོང་རང་བཞིན་དུ་གནས་པའི་རིགས་ཡིན་ཀྱང་། རྒྱུ་འབྲས་ཀྱི་བྱ་བ་བྱེད་མི་ནུས་པའི་འདུས་མ་བྱས་ཡིན་པས། དེ་ལ་བརྟེན་ནས་སངས་རྒྱས་སུ་འགྱུར་བ་འབད་པས་བསྒྲུབས་པ་དེས་ཅི་བྱ་ཞེ་ན། སྐྱོན་མེད་དེ། དེའི་དགོངས་པ་ནི་སྤྱིར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བཞིན་དུ་བྱ་བྱེད་འཐད་ཅིང་། ཆོས་ཅན་ཀུན་རྫོབ་པའི་ཆོས་ཐམས་ཅད་ནི་ཆོས་ཉིད་སྟོང་བའི་འཕྲུལ་ལས་འཆར་བ་ལྟར། སེམས་དང་སེམས་བདེན་པས་སྟོང་བའི་རྣམ་འགྱུར་ལས་འཁོར་འདས་ཀྱི་ཆོས་རྣམས་སྣང་གི །བདེན་པར་གྲུབ་ན་བྱ་བྱེད་མི་འཐད་པར་འགྱུར་བའི་ཕྱིར། དེ་སྐད་དུའང་། རང་བཞིན་གྱིས་ནི་སྟོང་བ་ལ། བྱ་བྱེད་འཐད་པའང་མི་འགལ་ཞིང་། ཞེས་དང་། ཆོས་རྣམས་རང་བཞིན་འགའ་ཡོད་ན། མྱ་ངན་འདས་པ་མི་རུང་ཞིང་། །སྤྲོས་ཀུན་ལྡོག་པ་མེད་པར་གསུངས། །ཞེས་འབྱུང་བ་ལྟར་རོ། །དེ་ལྟ་ནའང་སེམས་བདེན་སྟོང་དེས་འཁོར་འདས་ཀྱི་ཆོས་གཞན་གྱི་བརྟེན་པའི་གཞི་བྱེད་པ་ཡིན་གྱི། སྐྱེད་བྱེད་ཀྱི་རྒྱུ་བྱེད་པ་མིན་ནོ། །གཞན་ཡང་། ནམ་མཁའ་ཐོགས་བཅས་བཀག་ཙམ་ལ་འཇོག་ཅིང་། དེ་ལ་གནས་སྐབས་སྤྲིན་སོགས་ཀྱིས་སྒྲིབ་པ་ཡོད་ཀྱང་། ནམ་མཁའི་ངོ་བོ་ནི་ཆོས་ཀུན་དང་ཕྱོགས་ཀུན་ཁྱབ་པ་དང་སྒྲིབ་མེད་ཀྱི་རང་བཞིན་ཅན་ཡིན་པ་ལྟར། སེམས་ཅན་གྱི་སེམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་བ་ཉིད་དེ་ཡང་དགག་བྱ་བདེན་གྲུབ་བཀག་ཙམ་ལ་འཇོག་ཅིང་། དེ་ལ་གནས་སྐབས་སྤྲིན་ལྟ་བུའི་དྲི་མས་བསྒྲིབས་པ་ཡོད་ཀྱང་ངོ་བོ་ནི་དྲི་མའི་རང་བཞིན་ལ་མ་ཞུགས་ཤིང་སྔ་ཕྱི་ཀུན་དུའང་ཡོད་པའི་ཕྱིར་ཏེ། རྒྱུད་བླ་ལས། ནམ་མཁའ་ཀུན་དུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་དུ་འགྲོ་བ་ཉིད། །དེ་སྤྱིའི་མཚན་ཉིད་ཉེས་པ་དང་། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཉེས་པ་གློ་བུར་ལྡན་པ་དང་། །ཡོན་ཏན་རང་བཞིན་ལྡན་པའི་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཕྲ་ཕྱིར་ཉེས་པས་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདི་ཉེ་བར་གོས་པ་མེད། །ཞེས་གསུངས་པ་ལྟར་རོ། །སྡུད་པ་ལས་ཀྱང་། ནམ་མཁའི་ཁམས་ནི་ཤར་གྱི་ཕྱོགས་དང་ལྷོ་ཕྱོགས་དང་། །དེ་བཞིན་ནུབ་ཀྱི་ཕྱོགས་དང་བྱང་ཕྱོགས་ཕ་མཐའ་ཡས། །སྟེང་དང་འོག་དང་ཕྱོགས་བཅུའི་འཇིག་རྟེན་རྣམས་ནའང་ཡོད། །ཐ་དད་གྱུར་བ་མེད་ཅིང་བྱེ་བྲག་གྱུར་བའང་མེད། །འདས་པའི་དེ་བཞིན་ཉིད་གང་མ་བྱོན་དེ་བཞིན་ཉིད། །ད་ལྟར་དེ་བཞིན་ཉིད་གང་དགྲ་བཅོམ་དེ་བཞིན་ཉིད། །ཆོས་ཀུན་དེ་བཞིན་ཉིད་གང་རྒྱལ་བའི་དེ་བཞིན་ཉིད། །ཞེས་དང་། འཇིག་རྟེན་དེ་བཞིན་ཉིད་དང་དགྲ་བཅོམ་དེ་བཞིན་ཉིད། །རང་རྒྱལ་དེ་བཞིན་ཉིད་དང་རྒྱལ་སྲས་དེ་བཞིན་ཉིད། །གཅིག་པ་ཉིད་དེ་དངོས་བྲལ་གཞན་མིན་དེ་བཞིན་ཉིད། །ཞེས་འཁོར་འདས་རང་བཞིན་གྱིས་སྟོང་བའི་ཆོས་དབྱིངས་རྣམས་རིགས་གཅིག་པར་བསྟན་ཏོ། །ཆོས་རྣམས་ཀྱི་དེ་བཞིན་ཉིད་ཐམས་ཅད་རིགས་གཅིག་ཡིན་ཀྱང་གཅིག་མ་ཡིན་པའི་ཚུལ་ལེགས་པར་ཤེས་ན་ནི། ལྟ་ངན་མང་བོ་སྤོང་ནུས་སོ། །ཡང་། ནམ་མཁའ་ལ་རླུང་། དེ་ལ་ཆུ། དེ་ལ་ས་བརྟེན་པ་ཡིན་ཡང་། ནམ་མཁའ་ནི་དེ་རྣམས་ལ་བརྟེན་པ་མིན་པ་ལྟར། སེམས་རང་བཞིན་གྱིས་རྣམ་པར་དག་པ་ལ་ཚུལ་མིན་ཡིད་བྱེད་དང་། དེ་ལ་ལས་ཉོན་དང་། དེ་ལ་བརྟེན་ནས་ཕུང་ཁམས་སོགས་འབྱུང་ཡང་། སེམས་བདེན་བས་སྟོང་པའི་རང་བཞིན་དེ་དེ་རྣམས་ལ་རག་ལས་པའི་ཚུལ་གྱིས་བརྟེན་པ་མིན་ཏེ། དེ་ལྟར་རྒྱུད་བླ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་བོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ཅེས་གསུངས་སོ། །དེ་བཞིན་དུ་སེམས་ཀྱི་དག་པ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་དང་། དེ་ལ་ཡེ་ཤེས་དང་། དེ་ལ་བརྟེན་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་འགྲུབ་ཚུལ་ལའང་སྦྱོར་རྒྱུ་ཡིན་ནོ། །འདི་ལྟ་བུ་ཞིག་མདོ་སྡུད་པ་ལས་ཀྱང་གསུངས་ཏེ། དེ་ཉིད་ལས། མཁའ་ལ་རླུང་རྟེན་དེ་ལ་ཆུ་ཡི་ཕུང་བོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ནི་དེ་འདྲ་སྟེ། །ནམ་མཁའ་གང་ལ་གི་ནས་ཡིན་དོན་འདི་བསམ་པར་གྱིས། །ཞེས་གསུངས་པས་སོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་འགྲུབ་ཚུལ་དེ་དང་འདྲ་བར་བསྟན་ཏེ། གསང་འདུས་རྩ་རྒྱུད་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས། གང་ན་གནས་གང་ནས་བྱུང་། དཔལ་རྡོ་རྗེ་སེམས་དཔས་བཀའ་སྩལ་བ། རང་གི་ལུས་དང་ངག་དང་སེམས་ལས་བྱུང་ངོ་། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ། སེམས་གང་ན་གནས། བཀའ་སྩལ་བ། ནམ་མཁའ་ལ་གནས་སོ། །གསོལ་བ། ནམ་མཁའ་གང་ན་གནས། བཀའ་སྩལ་བ། གང་ན་ཡང་མི་གནས་སོ། །ཞེས་གསུངས་ཏེ། འདིའི་ནམ་མཁའ་ནི་སེམས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ནོ། །སྔགས་ཀྱི་སྐབས་སུ་འབྱུང་བཞི་དང་རྟེན་བརྟེན་པའི་དཀྱིལ་འཁོར་རྣམས་སྟོང་བའི་ངང་ལས་བསྐྱེད་པ་ཡང་སྔར་བཤད་པའི་གནད་དེ་ལྟ་བུ་ཡོད་པ་ལ་དགོངས་སོ། །མདོར་ན་ཆོས་ཐམས་ཅད་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་དེ་བཏགས་དོན་བཙལ་ན་མཐར་རྙེད་རྒྱུ་མེད་པའི་གཞི་མེད་རྩ་བྲལ་སྟོང་བ་ནམ་མཁའ་ལྟར་འགྱུར་བ་ཡིན་ན་ཡང་། སྟོང་བའི་ངང་ལས་ཀུན་རྫོབ་ཏུ་འཁོར་འདས་ཀྱི་རྣམ་བཞག་ཐམས་ཅད་འཐད་ཚུལ་དེ་ལྟ་བུ་ཞིག་ཡོད་པ་ནི། སྔར་བཤད་པ་དེ་དག་གི་དོན་ཏེ་ཤེས་ན་ངོ་མཚར་ཆེ་བའི་གནས་ཀྱང་ཡིན་ནོ། །འདི་ཡང་མཐར་གཏུགས་ན་དབུ་མའི་རིགས་པ་རྣམས་ལེགས་པར་ཤེས་དགོས་པ་ལ་རག་ལས་སོ། །སེམས་རང་བཞིན་གྱིས་སྟོང་ཡང་སེམས་སྐྱེ་འཇིག་བྱེད་པའི་ཚེ། སེམས་རང་བཞིན་གྱི་སྟོང་བ་སྐྱེ་འཇིག་བྱེད་མི་དགོས་ཏེ། དཔེར་ན་སྣོད་བཅུད་སྐྱེ་འཇིག་བྱེད་པའི་ཚེ་ནམ་མཁའ་སྐྱེ་འཇིག་བྱེད་མི་དགོས་པ་ལྟ་བུའོ། །རང་བཞིན་གྱི་སྟོང་བ་སྤྱི་དང་བྱེ་བྲག་སེམས་རང་བཞིན་གྱིས་སྟོང་བ་མི་ཤེས་པའི་མ་རིག་པའི་དབང་གིས་འཁོར་བར་འཁོར་བ་དང་། སེམས་རང་བཞིན་གྱིས་སྟོང་བ་ཉིད་ཤེས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཐར་བ་དང་ཐམས་ཅད་མཁྱེན་པ་འགྲུབ་པར་འགྱུར་བ་ཡིན་ཏེ། སྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུང་། །རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང་། །ཞེས་དང་། ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་ལས་བྱུང་། །རྐྱེན་རྣམས་ཚོགས་ནས་ཡེ་ཤེས་འཁྲུལ་འཁོར་རབ་ཏུ་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཁམས་དྲི་མས་སྒྲིབ་ཚུལ་དཔེ་དོན་སྦྱོར་བ་ལ་གཉིས། དཔེ་དགུ་དང་། དོན་དགུའོ། །དང་པོ་ནི། པདྨ་ངན་པའི་ནང་ན་སངས་རྒྱས་ཀྱི་སྐུ་ཡོད་པ་སོགས་སྒྲིབ་བྱ་སྒྲིབ་བྱེད་ཀྱི་དཔེ་དགུ་ཡོད་དེ། རྒྱུད་བླ་ལས། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་བོ་མི་གཙང་ནའང་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཅི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སྒྲིབ་བྱེད་པདྨ་ངན་པ་སོགས་དགུས་བསྒྲིབ་བྱ་སངས་རྒྱས་ཀྱི་སྐུ་བརྙན་སོགས་དགུ་བསྒྲིབས་པ་དེ་བཞིན་དུ། སྒྲིབ་བྱེད་ཆགས་སོགས་ཉོན་མོངས་པ་དུ་མས་བསྒྲིབ་བྱ་སངས་རྒྱས་ཀྱི་ཁམས་བསྒྲིབས་ཏེ་རྟོགས་དཀའ་བར་བསྟན་ཏེ། དེ་ཡང་སྒྲིབ་བྱེད་པདྨ་དང་སྦྲང་མ་དང་སྤུན་པ་དང་མི་གཙང་བ་དང་ས་དང་འབྲས་ཆུང་དང་གོས་ཧྲུལ་དང་བུད་མེད་དང་སའི་ཁོང་སྟེ་དགུས། བསྒྲིབ་བྱ་སངས་རྒྱས་ཀྱི་སྐུ་དང་སྦྲང་རྩི་དང་སྙིང་བོ་དང་གསེར་དང་གཏེར་དང་ནྱ་གྲོ་དྷ་དང་རིན་པོ་ཆེའི་སྐུ་དང་རྒྱལ་རིགས་དང་རིན་པོ་ཆེ་སྟེ་དགུ་བསྒྲིབས་པ་དང་རིམ་པར་སྦྱོར་རོ། །གཉིས་པ་དཔེ་དེ་དོན་དགུ་དང་སྦྱོར་ཚུལ་སོ་སོར་རྒྱས་པར་བཤད་དུ་ཡོད་ཀྱང་འདིར་བསྡུ་ན། དཔེ་དགུས་བསྒྲིབ་བྱེད་དགུ་བསྒྲིབས་པ་དེ་མངོན་ཤེས་དང་ལྡན་པའི་གང་ཟག་གིས། གཞན་དག་ལ་གསལ་བར་སྟོན་ནུས་པ་ལྟར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་རིགས་དྲུག་གི་འགྲོ་བ་མཐའ་དག་ལ་སངས་རྒྱས་ཀྱི་རིགས་རང་བཞིན་གནས་རིགས་ཡོད་པར་གཟིགས་ནས་འཇིག་རྟེན་དུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒོ་ནས་རིགས་ཀྱི་སྒྲིབ་བྱེད་ཆགས་སོགས་རྣམས་བསལ་ཏེ། གནས་སྐབས་མངོན་མཐོ་དང་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་རིམ་གྱིས་བསྐྱེད་པའི་སྒོ་ནས། མཐར་ཐུག་ངེས་ལེགས་ལ་འགོད་པར་མཛད་པ་ཡིན་ཏེ། རྒྱུད་བླ་ལས། ཇི་ལྟར་མདོག་ཅན་པདྨའི་ཁོང་གནས་པ། །མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི། །དྲི་མེད་ལྷ་ཡི་མིག་ལྡན་མིས་མཐོང་ནས། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་པ། །དེ་བཞིན་བདེ་གཤེགས་མནར་མེད་འགྲོ་ལ་ཡང་། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། །སྒྲིབ་མེད་ཕྱི་མཐའི་མུར་གནས་ཐུགས་རྗེ་ཡི། །བདག་ཅན་སྒྲིབ་པ་ལས་ནི་གྲོལ་བར་བྱེད། །ཞེས་པ་ནས། རང་བཞིན་འོད་གསལ་དྲི་མ་རྣམས་ཀྱང་ནི། །གློ་བུར་བར་ནི་རྣམ་པར་གཟིགས་གྱུར་ནས། །རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས། །སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ཆུབ་མཆོག །ཞེས་པའི་བར་གསུངས་པ་ལྟར་རོ། །ལྔ་བ་བྱང་ཆུབ་བཤད་པ་ལ་གསུམ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའོ། །འདི་དག་ནི་སྔར་སངས་རྒྱས་དཀོན་མཆོག་གི་སྐབས་སུ་ཅུང་ཟད་བཤད་མོད། འདིར་བྱང་ཆུབ་སྒོས་སུ་འཆད་པའི་སྐབས་ཡིན་པས། ཆོས་སྐུ་ལ་སྤངས་པ་མཐར་ཐུག་དང་། རྟོགས་པ་མཐར་ཐུག་གཉིས་ཡོད་པའི་སྔ་མ་ནི་ངོ་བོ་ཉིད་སྐུ་སྟེ། སྔར་བཤད་པའི་སེམས་ཅན་གྱི་རྒྱུད་ཀྱི་སེམས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད། སྒྲིབ་པ་མཐའ་དག་དང་བྲལ་བའི་སངས་རྒྱས་ཀྱི་ངོ་བོར་གྱུར་པའི་ཚེ་ངོ་བོ་ཉིད་སྐུ་ཞེས་བྱ་ལ། སངས་རྒྱས་ཀྱི་ཡོན་ཏན་གཞན་ཐམས་ཅད་ཀྱི་རྟེན་གཞི་བྱེད་དོ། །སྔགས་ཀྱི་སྐབས་སུ་ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །ཞེས་དང་། འཇམ་དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། ཞེས་གསུངས་པའང་འདི་ལ་དགོངས་པའོ། །འདིར་བྱང་ཆུབ་ཞེས་པ་ནི་དག་པ་གཉིས་ལྡན་གྱི་སྐུ་ཡིན་པ་ལ་བྱེད་ཅིང་། སྤྱིར་སངས་རྒྱས་ཐམས་ཅད་ཀྱང་བྱང་ཆུབ་ཆེན་པོ་ཡིན་ཞིང་། ཁྱད་པར་དུ་སྤངས་རྟོགས་མཐར་ཐུག་ལ་བྱང་ཆུབ་ཅེས་བྱའོ། །ངོ་བོ་ཉིད་སྐུ་དེ་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ཏེ། འཆད་པར་འགྱུར་བའི་ཡོན་ཏན་རྣམས་དང་ལྡན་པའི་ཕྱིར། དེ་ཆོས་ཅན་རང་བཞིན་དག་པའི་ཡོན་ཏན་དང་ལྡན་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་མཐར་ཐུག་ཡིན་པའི་ཕྱིར། གློ་བུར་གྱི་དྲི་མ་མཐའ་དག་སྤངས་པའི་ཡོན་ཏན་དང་ལྡན་ཏེ། ཆགས་སོགས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་གཏན་ནས་སྤངས་པའི་ཕྱིར། རྟག་པ་ཡིན་ཏེ། ལས་ཉོན་གྱི་སྐྱེ་བ་དང་བྲལ་བའི་འདུས་མ་བྱས་ཀྱི་ཆོས་ཡིན་པའི་ཕྱིར། བརྟན་པ་ཡིན་ཏེ། མཐར་འཆི་བ་མེད་ཅིང་འགག་པ་མེད་པའི་ཆོས་ཡིན་པའི་ཕྱིར། ཞི་བ་ཡིན་ཏེ། ཉེས་སྐྱོན་མ་ལུས་པ་སྤངས་པའི་སྤངས་པ་ཡིན་པའི་ཕྱིར། གཡུང་དྲུང་ཡིན་ཏེ། རྒ་བ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར། ཟག་མེད་བདེ་བའི་གནས་ཡིན་ཏེ། སྡུག་བསྔལ་རྒྱུ་དང་བཅས་པ་སྤངས་པའི་ཞི་བ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། རྒྱུད་བླ་ལས། སྐྱེ་དང་བྲལ་ཕྱིར་རྟག་པ་སྟེ། །འགག་མེད་ཕྱིར་ན་བརྟན་པ་ཉིད། །གཉིས་མེད་ཕྱིར་དེ་ཞི་བ་སྟེ། །གཡུང་དྲུང་ཆོས་ཉིད་གནས་ཕྱིར་རོ། །རབ་ཞི་འགོག་པའི་བདེན་པའི་ཕྱིར། །ཞེས་སོ། །སྤྱིར་ཆོས་ཉིད་རྟོགས་དཀའ་ཞིང་། ཁྱད་པར་དུ་ངོ་བོ་ཉིད་སྐུ་དེ་མངོན་སུམ་དུ་རྟོགས་དཀའ་བའི་ཟབ་མོ་ཡིན་ཏེ། རྒྱུད་བླ་ལས། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱ་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །བཙས་པའི་ཁྱིམ་ན་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་གསུངས་པ་ལྟར་ཏེ། རྐང་བ་ཕྱི་མ་གཉིས་ཀྱིས་སློབ་པ་འཕགས་པས་ཀྱང་རྟོགས་དཀའ་བའི་དཔེ་བསྟན་པ་ཡིན་ནོ། །མདོར་ན་ངོ་བོ་ཉིད་སྐུ་དེ་མཚན་ཉིད་ལྔ་ཡོན་ཏན་ལྔ་དང་ལྡན་པ་ཡིན་ཏེ། སྐྱེ་འཇིག་སོགས་དང་བྲལ་བའི་འདུས་མ་བྱས་དང་། ཆོས་དབྱིངས་ངོ་བོ་དབྱེར་མེད་པ་དང་། སྒྲོ་སྐུར་གྱི་མཐའ་དང་བྲལ་བ་དང་། །ཉོན་སྒྲིབ་ཤེས་སྒྲིབ་སྙོམས་འཇུག་གི་སྒྲིབ་པ་གསུམ་ལས་གྲོལ་བ་དང་། དྲི་མ་མེད་ཅིང་རྣམ་པར་རྟོག་པ་མེད་པ་སོགས་ཀྱིས་འོད་གསལ་བའི་མཚན་ཉིད་ཅན་གྱི་ཡོན་ཏན་ལྔ་དང་། རྒྱ་ཆེ་བའི་མཐའ་འདི་ཙམ་མོ་ཞེས་གཞལ་དུ་མེད་པ་དང་། གྲངས་ཚད་འདི་ཙམ་མོ་ཞེས་བགྲང་མི་ནུས་པ་དང་། རྟོག་གེས་མུ་བཞིར་བསམ་དུ་མེད་པ་དང་། གཞན་ལ་མེད་པས་མི་མཉམ་པ་དང་། །སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པའི་ཡོན་ཏན་ལྔ་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླ་ལས། དེ་ལ་སངས་རྒྱས་རྣམས་ཀྱི་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་ཤེས་པར་བྱ། །འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང་། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །ཞེས་དང་། གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་དེ། །རྒྱ་ཆེའི་ཕྱིར་དང་གྲངས་མེད་ཕྱིར། །རྟོག་གེའི་ཡུལ་ནི་མིན་ཕྱིར་དང་། །འབའ་ཞིག་བག་ཆགས་བཅས་སྤངས་ཕྱིར། །གཞལ་མེད་ལ་སོགས་གོ་རིམ་བཞིན། །ཞེས་སོ། །རྟོགས་པ་མཐར་ཐུག་ནི་རྣམ་མཁྱེན་ཡིན་པས། དེའི་ཁྱད་ཆོས་མང་དུ་བཤད་ཀྱང་འདིར་མི་འཆད་ལ། མདོར་ན་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་གནས་རྣམས་ལ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་སྟེ། དཔེར་ན་གཟུགས་ལ་ཉི་མ་བཞིན་ནོ། །དེ་སྐད་དུ་ཡང་། ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། །ཤེས་བྱའི་སྒྲིབ་ཀུན་དག་པའི་ཕྱིར། །ཐམས་ཅད་དུ་ནི་ཐོགས་པ་མེད། །ཅེས་སོ། །གཉིས་པ་ལོངས་སྐུ་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོག་མར་ཆོས་སྐུ་རྣམ་པ་གཉིས་བརྙེས་པའི་རྟེན་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། སངས་རྒྱས་ཀྱི་གཟུགས་སྐུ་ཡོན་ཏན་གྱི་རྣམ་པ་ཡོངས་སུ་རྫོགས་ཤིང་མཐར་ཐུག་པ་གཞན་དང་ཐུན་མོང་མ་ཡིན་པའི་སྐུ་ཡང་དེ་ཉིད་དོ། །འདི་ནི་ཡེ་ཤེས་ཀྱི་སྐུ་ཅན་ཡིན་གྱི། ཤ་རུས་མེད་པས། ཁོག་པ་དང་ནང་ཁྲོལ་སོགས་ཀྱང་གཏན་མེད་དོ། །ལོངས་སྐུ་དེ་ངེས་པ་ལྔ་དང་ལྡན་པ་ཡིན་ཏེ། སྐུ་དང་གནས་དང་འཁོར་དང་ཆོས་དང་དུས་ངེས་པ་རྣམས་དང་ལྡན་པའི་ཕྱིར། ཁྱད་པར་ལྔ་དང་ལྡན་པ་ཡིན་ཏེ། སྐུ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ་དང་། གསུང་ཆོས་སྟོན་པ་རྒྱུན་མི་ཆད་པ་དང་། མཛད་པ་འཕྲིན་ལས་རྒྱུན་མི་ཆད་པ་དང་། འབད་རྩོལ་མེད་པ་དང་། སྐུའི་བཀོད་པ་མི་འདྲ་བ་སྣ་ཚོགས་སྟོན་པ་ལྔ་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླ་ལས། སྣ་ཚོགས་ཆོས་ལ་ལོངས་སྤྱོད་རྫོགས། །རང་བཞིན་ཆོས་ནི་སྣང་ཕྱིར་དང་། །ཐུགས་རྗེ་དག་པའི་རྒྱུ་མཐུན་པ། །འགྲོ་དོན་རྒྱུན་མི་ཆད་ཕྱིར་དང་། །འདོད་པ་ཇི་བཞིན་བསྐོང་བའི་ཕྱིར། །ཡིད་བཞིན་ནོར་བུའི་རྫུ་འཕྲུལ་གྱིས། །རྫོགས་པར་ལོངས་སྤྱོད་རྣམ་པར་གནས། །བརྗོད་སྟོན་མཛད་རྒྱུན་མི་ཆད་དང་། །མངོན་པར་འདུ་བྱེད་མེད་པ་དང་། །དེ་ཡི་ངོ་བོ་མིན་སྟོན་ལ། །འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཅེས་སོ། །གསུམ་པ་ལོངས་སྐུའི་སྤྲུལ་བ་མཆོག་གི་སྤྲུལ་སྐུ་ནི་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་བདག་ཅག་གི་སྟོན་པ་ལྟ་བུ་སྟེ། རྒྱུད་བླ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །ཞེས་སོགས་དང་། དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་བོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་སྟེ། དེ་ནི་སྤྲུལ་སྐུ་ཁྱད་པར་ཅན་གྱི་དབང་དུ་བྱས་ཀྱི། སྤྲུལ་སྐུ་གཞན་ཡང་བསམ་གྱིས་མི་ཁྱབ་པོ། །དེ་དག་གི་ཁྱད་པར་གཞན་ནས་ཤེས་པར་བྱ་ཞིང་གོ་བར་ཟད་དོ། །སྤྲུལ་སྐུ་ནི་སྦྲུལ་བ་པོས་ཇི་ལྟར་སྦྲུལ་བཞེད་པ་ལྟར་མཆོག་དམན་དུ་སྣང་བར་འགྱུར་གྱི། སྤྲུལ་སྐུའི་དབང་མིན་པས། མ་དག་པའི་གདུལ་བྱའི་ངོ་བོར་ཐ་མལ་པ་ལྟར་སྣང་བའི་སྤྲུལ་བ་འགའ་ཞིག་ལ་དུས་དེར་རང་ཉིད་སངས་རྒྱས་ཀྱི་སྤྲུལ་བ་ཡིན་མིན་མི་ཤེས་པ་ལྟར་འགྱུར་སྲིད་པར་ནི་ཁོ་བོས་ལུང་རིགས་གཉིས་ཀྱིས་སྒྲུབ་ནུས་མོད། གཞན་དང་ཐུན་མོང་དུ་མ་གྱུར་བས་རེ་ཞིག་གསང་བའི་གནས་སོ། །དེ་ལྟར་ཡོད་ཀྱང་དེ་དག་སྤངས་རྟོགས་ཉམས་པ་ནི་མིན་ཏེ། ནམ་གདུལ་བྱ་དེ་མཛད་པ་མཆོག་གི་རྣམ་པས་འདུལ་བའི་དུས་ཀྱི་ཚེ་ཡང་དེ་ལྟར་དུ་འགྱུར་བའི་ཕྱིར། དཔེར་ན། ཉི་ཟླ་ལ་ཆེ་ཆུང་དང་གསལ་མི་གསལ་གཉིས་མེད་ཀྱང་། མཐོང་ཚུལ་ལ་དེ་ལྟར་ཡོད་པར་མ་ཟད། ཆུ་ཆེ་ཆུང་དང་རྙོགས་མ་དང་བཅས་མ་བཅས་ལ་འཆར་ཚུལ་གྱི་རྣམ་པ་མི་འདྲ་བ་ཡོད་པ་བཞིན་ནོ། །དེ་སྐད་དུ་ཡང་། རྒྱུད་བླར། ཆུ་དང་ནམ་མཁར་ཟླ་བ་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཞེས་སོ། །དེས་ན་སྤྲུལ་སྐུའི་རྣམ་པ་མཐའ་དག་ཅི་ལྟ་བུ་ཡིན་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ལོ། །དྲུག་པ་ཡོན་ཏན་ལ། སྐུའི་ཡོན་ཏན་ནི་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་ཤིང་། གསུང་ཡན་ལག་དྲུག་བཅུ་དང་ལྡན་པ་སྟེ་སླའོ། །ཐུགས་ཀྱི་ཡོན་ཏན་ལ་སྤངས་རྟོགས་གཉིས་ཡོད་པའི་དང་པོ་ནི། དག་པ་གཉིས་ལྡན་གྱི་སྐུ་སྔར་བཤད་པ་ལྟར་ཡིན་ལ། ཕྱི་མ་ནི། སྟོབས་བཅུ་ལ་སོགས་པའོ། །སྐབས་འདིའི་ཡོན་ཏན་ལ་རྣམ་སྨིན་དང་། ཡེ་ཤེས་གཉིས་ཡོད་པའི་དང་པོ་ནི་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལ་བཤད་ཅིང་། ཕྱི་མ་ལ་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་བཅོ་བརྒྱད་དེ་སྡེ་ཚན་གསུམ་དུ་བཤད་པའི་དང་པོ་ནི་གནས་དང་གནས་མིན་མཁྱེན་པ་སོགས་བཅུའོ། །གཉིས་པ་ནི་སྤངས་པ་ཕུན་ཚོགས་དམ་བཅས་པ་ལ་མི་འཇིགས་པ་སོགས་བཞིའོ། །གསུམ་པ་ནི། རྟོགས་པ་མ་འདྲེས་པ་སོགས་བཅོ་བརྒྱད་དོ། །འདི་དག་གི་ཁྱད་པར་ནི་གཞན་དུ་བཤད་ཟིན་པས་འདིར་རྒྱས་པར་མི་སྟོན་ལ། དེ་དག་གི་བྱེད་ལས་ནི། རྒྱུད་བླ་ལས། སྟོབས་ནི་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །མི་འཇིག་ཉིད་ནི་འཁོར་དུ་སེང་གེ་བཞིན། །དེ་བཞིན་གཤེགས་པའི་མ་འདྲེས་མཁའ་བཞིན་ཏེ། །ཞེས་དང་། གནས་དང་གནས་མིན་རྣམ་སྨིན་ཁམས་དང་འགྲོ་དང་མོས་པ་སྣ་ཚོགས་དང་། །ཉོན་མོངས་རྣམ་བྱང་དབང་བོའི་ཚོགས་དང་སྔོན་མ་ནས་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཟག་པ་ཟད་ཚུལ་མི་ཤེས་གོ་ཆ་རྩིག་བརྟན་དང་། ཤིང་རྣམས་འབིག་དང་འཇིག་དང་གཅོད་ཕྱིར་སྟོབས་གང་ཡིན་པ་རྡོ་རྗེ་བཞིན། །ཞེས་དང་། ཆོས་ཀུན་མངོན་པར་བྱང་ཆུབ་དང་། །གེགས་ནི་འགོག་པར་བྱེད་པ་དང་། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིག་པ་ནི་རྣམ་པ་བཞི། །ཞེས་སོགས་དང་། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །ཞེས་པ་ནས། མ་འདྲེས་རྩ་འདི་ནི་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་ན་ཐུན་མོང་མིན། །ཞེས་པའི་བར་གསུངས་ཏེ་མང་དུ་དོགས་ནས་མ་དྲངས་སོ། །དོན་བསྡུ་ན། སྟོབས་བཅུ་ནི་ཤེས་བྱ་ཐམས་ཅད་ལ་འཇུག་ཅིང་མི་མཐུན་ཕྱོགས་འཇོམས་པ་ལ་ཐོགས་པ་མེད་པས་ན་ལྷའི་དབང་བོས་རྡོ་རྗེ་རིན་པོ་ཆེ་དང་ཆོས་མཚུངས་ལ། མི་འཇིགས་པ་བཞི་ནི་རྒྱལ་སྲས་ཉན་རང་རྣམས་དང་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པའི་འཁོར་རྒྱ་མཚོ་ལྟ་བུའི་དབུས་ན་ཆོས་མཐུན་གྱི་རྒོལ་བ་མེད་ཅིང་། གང་ལ་ཡང་མི་འཇིགས་པས་ན་སེང་གེ་དང་ཆོས་མཚུངས་པ་དང་། མ་འདྲེས་པ་བཅོ་བརྒྱད་ནི། སོ་སྐྱེ་ཉན་རང་རྒྱལ་སྲས་རྣམས་ལ་དེའི་རིགས་མཐུན་ཙམ་ཡང་མེད་པས་རྟོགས་རིགས་མ་འདྲེས་ཤིང་ཐུན་མོང་མ་ཡིན་པས་ན་ནམ་མཁའ་དང་ཆོས་མཚུངས་པའི་ཁྱད་ཆོས་དང་ལྡན་ནོ། །བདུན་པ་འཕྲིན་ལས་ལ་ངོ་བོ། དབྱེ་བས། འཇུག་ཚུལ་ལོ། །དང་པོ་ནི། གདུལ་བྱ་མངོན་མཐོ་དང་ངེས་ལེགས་ཅི་རིགས་ལ་བཀོད་པ་དང་ཐ་ན་རྒྱུད་ལ་དགེ་སེམས་སྣ་གཅིག་སྐྱེས་པ་ཡང་སངས་རྒྱས་ཀྱི་འཕྲིན་ལས་སུ་བཤད་པ་ལྟར་རོ། །གཉིས་པ་དབྱེ་ན། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་གསུམ་མོ། །དེ་རེ་རེ་ལའང་བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་དང་། བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་གཉིས་སོ། །མངོན་རྟོགས་རྒྱན་དུ་འཕྲིན་ལས་ཉེར་བདུན་བཤད་ཀྱང་། དབྱེ་བསྡུའི་ཁྱད་པར་རོ། །བྱེད་པ་པོ་དང་བྱ་བ་ལ་ཡོད་པའི་ཁྱད་པར་ཡང་། སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་འཕྲིན་ལས་ནི་བྱེད་པ་པོ་སངས་རྒྱས་ཉིད་ལ་ཡོད་ཅིང་། དོན་བྱས་པའི་འཕྲིན་ལས་ནི་ཡུལ་སེམས་ཅན་ལ་ཡོད་དེ། དཔེར་ན། ཤིང་སྟ་རེས་གཅོད་པའི་བྱེད་པ་ནི་གཅོད་བྱེད་ལ་ཡོད་ཅིང་། བཅད་པའི་བྱ་བ་ནི་ཤིང་ཉིད་ལ་ཡོད་པ་བཞིན་ནོ། །གསུམ་པ་ནི་རྒྱུད་བླའི་དཔེ་དོན་རྣམས་རྒྱས་པར་བཤད་ཀྱང་། འདིར་བསྡུ་ན། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་གསུངས་པ་ལྟར། སངས་རྒྱས་ཀྱི་འཕྲིན་ལས་ནི་གདུལ་བྱའི་རྒྱུད་ལ་རྒྱུན་མི་ཆད་པར་འཇུག་ཅིང་། དེ་ཡང་དུས་ལས་མི་འདའ་བ་དང་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་འཇུག་སྟེ། མངོན་རྟོགས་རྒྱན་ལས། རྒྱུད་ནི་ཡོངས་སུ་སྨིན་གྱུར་ན། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་བ། །དེ་དང་དེ་ལ་དེ་སྣང་ངོ་། །ཞེས་དང་། རྒྱུད་བླ་ལས། གདུལ་བྱའི་ཁམས་དང་གདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་གདུལ་བའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་གསུངས་པ་ལྟར་རོ། །གདུལ་བྱ་རང་ངོས་ནས་སྣོད་དུ་མི་རུང་ན་ནི། མངོན་རྟོགས་རྒྱན་ལས་ལྷ་ཡི་རྒྱལ་བོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་གསུངས་པ་ལྟར་འགྱུར་རོ། །འཕྲིན་ལས་སྒྲུབ་ཚུལ་འདི་ལ་དཔེ་དགུ་དང་དོན་དགུ་ཡོད་དེ། རྒྱུད་བླ་ལས། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང་། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་པའི་བར། །འབད་མེད་གཞན་དོན་བྱེད་དེ་རྣལ་འབྱོར་རིག །ཞེས་གསུངས་པ་ལྟར། བརྒྱ་བྱིན་གྱི་གཟུགས་བརྙན་དང་ལྷའི་རྔ་དང་སྤྲིན་དང་ཚངས་པའི་སྤྲུལ་བ་དང་ཉི་མ་དང་ཡིད་བཞིན་གྱི་ནོར་བུ་དང་། སྒྲ་བརྙན་དང་ནམ་མཁའ་དང་ས་གཞི་སྟེ་དཔེ་དགུས་དོན་དགུ་མཚོན་པར་བྱེད་དོ། །དེ་ཡང་དུས་འགའ་ཞིག་གི་ཚེ་འཛམ་གླིང་གི་ས་སྟེང་འདི་བཻ་ཌཱུཪྱའི་རང་བཞིན་དུ་གྱུར་བའི་སྐབས་སུ་ལྷའི་དབང་བོ་བརྒྱ་བྱིན་གནས་དང་བཅས་པའི་གཟུགས་བརྙན་ས་གཞི་དེར་སྣང་བ་འཛམ་གླིང་གིས་མི་རྣམས་ཀྱིས་མཐོང་ནས། བརྒྱ་བྱིན་དེ་འདྲ་བར་བདག་ཀྱང་གྱུར་ཅིག་སྙམ་སྟེ་སྨོན་ལམ་འདེབས་པ་དེ་བཞིན་དུ། ལས་དག་པའི་སེམས་ཅན་རྣམས་ཀྱི་སྣང་ངོར་སངས་རྒྱས་ཀྱི་སྤྲུལ་སྐུ་ཡང་ཆོས་སྟོན་པ་སོགས་སྤྱོད་ལམ་སྣ་ཚོགས་ཀྱིས་སྣང་བ་མཐོང་ནས་དད་སྨོན་བྱེད་པ་སོགས་ཀྱིས་དོན་བྱེད་པ་དང་། སུམ་ཅུ་རྩ་གསུམ་ན་ལྷའི་བསོད་ནམས་ལས་གྲུབ་པའི་ལྷའི་རྔ་བོ་ཆེ་ཞེས་བྱ་བ་ཞིག་ཡོད་པ་དེ་ལས། དུས་འགའ་ཞིག་གི་ཚེ་བརྡུང་བ་པོ་མེད་པར་ཆོས་ཀྱི་སྒྲ་སྣ་ཚོགས་བྱུང་སྟེ་ལྷ་རྣམས་ལ་ཆོས་སྟོན་པ་ལྟར། སངས་རྒྱས་ཀྱི་གསུང་གིས་གདུལ་བྱ་ལ་དུས་སུ་བབ་པའི་ཚེ་འབད་པ་མེད་པར་ཆོས་སྣ་ཚོགས་སྟོན་པ་དང་། དབྱར་དུས་སུ་སྤྲིན་ལས་ཆར་དུས་སུ་བབས་ཏེ་ལོ་ཏོག་སོགས་བསྐྱེད་པ་ལྟར། ཐུགས་རྗེ་ཆེན་པོའི་སྤྲིན་ལས་ཆོས་ཀྱི་ཆར་ཕབ་སྟེ་སེམས་ཅན་ལ་མངོན་མཐོ་ངེས་ལེགས་བསྐྱེད་པ་དང་། ཚངས་པ་ཆེན་པོ་ནི་རང་གི་གནས་སུ་འདུག་བཞིན་དུ་ལྷའི་གནས་གཞན་རྣམས་སུ་རང་གི་གཟུགས་ཀྱི་སྣང་བ་འབད་མེད་དུ་སྟོན་པ་ལྟར། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ལས་མ་གཡོས་པར་མཛད་པ་བཅུ་གཉིས་སོགས་འཕྲིན་ལས་སྣ་ཚོགས་མཛད་པ་དང་། ཉི་མ་མཁའ་ལ་ཤར་ཏེ་པདྨོ་རྣམས་རྒྱས་ཤིང་གླིང་རྣམས་སྣང་བ་བྱེད་པ་ལྟར། སངས་རྒྱས་ཀྱི་འབད་རྩོལ་མེད་པར་གདུལ་བྱ་སྨིན་པར་བྱེད་པ་དང་སྨིན་པ་རྣམས་གྲོལ་བར་བྱེད་ཅིང་ཕན་བདེའི་ལམ་སྣང་བར་མཛད་པ་དང་། ཡིད་བཞིན་གྱི་ནོར་བུ་ལ་གསོལ་བ་བཏབ་ན་རྣམ་རྟོག་མེད་པར་རེ་བ་སྐོང་བ་ལྟར། སངས་རྒྱས་ཀྱིས་འབད་པ་མེད་པར་གཞན་དོན་ཐམས་ཅད་ལྷུན་གྲུབ་ཏུ་མཛད་པ་དང་། བྲག་ཆ་ལས་སྒྲ་བརྙན་ནི་ཀུན་སློང་གི་རྣམ་རྟོག་མེད་པར་འབྱུང་བ་ལྟར། སངས་རྒྱས་ཀྱིས་འབད་རྩོལ་གྱི་རྣམ་རྟོག་དང་ལྕེ་རྐན་སོགས་ལ་རག་ལས་པ་མེད་པའི་ཚུལ་གྱིས་གདུལ་བྱའི་བསམ་ངོ་དང་མཐུན་པར་ཆོས་སྣ་ཚོགས་སྟོན་པ་དང་། ནམ་མཁའ་ལ་དོན་དུ་མཐོ་དམན་མེད་ཀྱང་གཞན་གྱི་སྣང་ངོར་དེ་ཡོད་པ་ལྟར་སྣང་བ་དེ་བཞིན་དུ། སངས་རྒྱས་ཀྱིས་སྐྱེ་འཆི་སོགས་ཡོད་པ་ལྟར་སྣང་བའི་སྤྲུལ་བ་སྣ་ཚོགས་མཛད་པ་བློ་དམན་གྱི་ངོར་སྣང་ཡང་སྣང་བ་ལྟར་མེད་བཞིན་དུ་དོན་སྒྲུབ་པར་བྱེད་པ་དང་། ས་གཞིས་ལོ་ཏོག་སོགས་ཀྱི་རྟེན་གཞི་བྱེད་ཅིང་འདི་དང་འདི་རྟེན་ནོ་བསྐྱེད་དོ་སྙམ་པའི་རྣམ་པར་རྟོག་པ་མེད་ཀྱང་དེ་རྣམས་བྱེད་པ་ལྟར། སངས་རྒྱས་ཀྱིས་ངས་སེམས་ཅན་འདི་དང་འདིའི་དོན་བྱའོ་སྙམ་པའི་འབད་རྩོལ་གྱི་རྣམ་པར་རྟོག་པ་མེད་པར་འགྲོ་བའི་དགེ་ལེགས་ཐམས་ཅད་བསྐྱེད་ཅིང་གནས་པ་དང་འཕེལ་བར་མཛད་དོ། །དེ་ལྟར་རྒྱུད་བླ་ལས། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་བོའི་སྐུའི་གཟུགས་བརྙན་འཆར། །ཞེས་དང་། ལྷ་རྣམས་ཐམས་ཅད་ཡང་ནས་ཡང་། །ཆོས་ཀྱི་རྔས་ནི་བསྐུལ་བ་ལྟར། །དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་དང་། ཇི་ལྟར་དབྱར་གྱི་དུས་ན་སྤྲིན། །ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ། །ཆུ་ཡི་ཕུང་བོ་འབད་མེད་པར། །ས་ལ་རྒྱུན་དུ་འབེབས་པ་ལྟར། །དེ་བཞིན་ཐུགས་རྗེའི་སྤྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དགེ་བའི་ལོ་ཏོག་ཏུ། །རྣམ་པར་རྟོག་པ་མེད་པར་འབེབས། །ཞེས་དང་། ཇི་ལྟར་ཚངས་པ་ཚངས་པ་ཡི། །གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་ཡི་གནས་ནི་ཐམས་ཅད་དུ། །སྣང་བ་འབད་མེད་སྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་དུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་བ་དག་ནི་སྟོན་པར་མཛད། །ཞེས་དང་། ཇི་ལྟར་ཉི་མ་རྟོག་མེད་པར། །རང་འོད་ཅིག་ཆར་སྤྲོས་པ་ཡིས། །པདྨ་རྒྱས་པར་བྱེད་པ་དང་། །གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག །གདུལ་བྱའི་སྐྱེ་བོའི་པདྨ་ལ། །རྣམ་པར་རྟོག་པ་མེད་པར་འཇུག །ཞེས་དང་། ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་ཅིག་ཅར་དུ། །སྤྱོད་ཡུལ་གནས་པ་རྣམས་ཀྱི་ནི། །བསམ་ཀུན་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་ལ། །བརྟེན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་ནི་ཐོས་གྱུར་ཀྱང་། །དེ་ནི་དེ་ལ་རྣམ་མི་རྟོག །ཞེས་དང་། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་ལ། །ཕྱི་དང་ནང་ན་མི་གནས་ལྟར། །དེ་བཞིན་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་པ་བཟོ་མེད་ཅིང་། །ཕྱི་དང་ནང་ན་གནས་མ་ཡིན། །ཞེས་དང་། ཇི་ལྟར་མཁའ་ལས་མཐོ་དང་དམའ། །མཐོང་ཡང་དེ་ནི་དེ་ལྟ་མིན། །དེ་བཞིན་ཐམས་ཅད་སངས་རྒྱས་ལ། །མཐོང་ཡང་དེ་ནི་དེ་ལ་མིན། །ཞེས་དང་། ཇི་ལྟར་ས་ལ་བརྟེན་ནས་ནི། །འཕེལ་ཞིང་བརྟན་དང་ཡངས་འགྱུར་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ས། །རྣམ་རྟོག་མེད་ལ་བརྟེན་ནས་ནི། །འགྲོ་བའི་དགེ་བའི་རྩ་བ་ནི། །མ་ལུས་པ་ནི་འཕེལ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །བསྡུ་ན་སངས་རྒྱས་ཀྱི་སྐུའི་འཕྲིན་ལས་ནི། འཇུག་པ་ལས། བ་སྤུའི་ཁུར་བུར་བྱང་ཆུབ་སེམས་རྣམས་དང་། །ལྷན་ཅིག་རྫོགས་སངས་རྒྱས་སྐུ་གྲངས་འདས་དང་། །དེ་བཞིན་ལྷ་དང་ལྷ་མིན་མི་དག་ཀྱང་། །སྐད་ཅིག་རེ་རེ་ལ་ཡང་སྟོན་པར་ནུས། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱིས་འབད་རྩོལ་མེད་པར་སྐུའི་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་རང་གི་དུས་གསུམ་གྱི་མཛད་པ་ཀུན་དང་། སྤྲུལ་པ་གྲངས་མེད་ཅིག་ཅར་སྟོན་ནུས་ཤིང་། རྡུལ་ཕྲ་རབ་གཅིག་ཉིད་ཀྱི་གོ་སར་ཡང་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཤོང་ནུས་པར་མཛད་པ་སོགས་དང་། གསུང་དབྱངས་གཅིག་ཉིད་ཀྱང་གདུལ་བྱ་རང་རང་གི་སྐད་དུ་གོ་ཞིང་ཐེ་ཚོམ་མ་ལུས་པ་གཅོད་ནུས་པ་དང་། ཐུགས་མཁྱེན་པ་གཅིག་གིས་ཀྱང་ཇི་ལྟར་ཇི་སྙེད་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་དང་ལྡན་ཏེ། གསང་བ་ཆེན་པོ་གསུམ་དང་ལྡན་པའོ། །དེ་ལྟ་བུའི་གསང་བ་གསུམ་པོ་ཐམས་ཅད་བྱང་སེམས་མན་ཆད་ཀྱིས་མངོན་སུམ་གྱི་ཡུལ་མིན་ཏེ། ཇི་སྐད་དུ། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཅི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན། །ཚངས་དང་དབང་བོ་སོགས་ཀྱིས་སྨོས་ཅི་འཚལ། །ཞེས་སོགས་གསུངས་པ་ལྟར། དབུ་མ་འཇུག་པར་ཡང་གསུངས་སོ། །དེ་ལྟ་བུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་དགེ་བའི་རྩ་བ་མ་བསྐྱེད་པའི་བློ་དམན་ཡིད་མི་ཆེས་ཤིང་། མོས་དཀའ་བ་ལ་དགོངས་ནས། དཔལ་ལྡན་ཟླ་བས་དབུ་མ་འཇུག་པ་ལས། འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱིད་མ་ལགས་སོ། །ཞེས་གསུངས་སོ། །གཉིས་པ་ཕན་ཡོན་ལ། གོང་དུ་བརྗོད་པ་ལྟར་དོན་བདུན་པོ་དེ་ལ་མོས་ཤིང་ཐོས་བསམ་གྱིས་འདུག་པ་ལ་ཕན་ཡོན་ཇི་ལྟ་བུ་ཡོད་ཅེ་ན། དེ་ཡང་རྗེ་བཙུན་བྱམས་མགོན་ཉིད་ཀྱིས་རྒྱུད་བླ་མ་ལས། གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པ་ཉིན་རེ་ཆོས་རྒྱལ་རྣམས་ལ་རྟག་ཕུལ་བས། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་བ་དུ་མར་ཡང་། །ལུས་ངག་ཡིད་ཀྱིས་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་པ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་བསྒོམ་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ཡོད་ཅིང་། དེ་ཡང་འདི་ཐོས་ནས་མོས་པའི་དགེ་བས་འདི་ལྟ་བུ་སྔར་མ་ཐོས་པའི་སོ་སྐྱེ་རྣམས་ཀྱི་དགེ་བ་དེ་གསུམ་ཟིལ་གྱིས་གནོན་པའི་དོན་ཡིན་གྱི། འདི་ལྟ་བུ་སྔར་ཤེས་ཟིན་མོས་པའི་དགེ་བ་དེ་ལྟ་བུ་ཟིལ་གྱིས་གནོན་པའི་དོན་མིན་ཞིང་། འཕགས་པའི་བསྒོམས་བྱུང་གིས་ཐོབ་པའི་བསོད་ནམས་ཁྱད་པར་ཅན་ཡང་མིན་ནོ། །དེ་ལྟར་གསུངས་པ་དེ་ནི་སྒྲ་ཇི་བཞིན་པ་ཉིད་ཡིན་གྱི། དྲང་དོན་དགོངས་པ་ཅན་ནི་གཏན་མིན་པར་འདིའི་རྒྱ་བོད་ཀྱི་འགྲེལ་པར་ཤེས་སོ། ཁོ་བོས་ཀྱང་ཕན་ཡོན་དེ་དོན་དུ་གཉེར་བའི་བསམ་པས། མདོ་ནས་འབྱུང་བའི་དགོངས་པ་མཐར་ཐུག་འཕགས་པ་མི་ཕམ་མགོན་གྱིས་ལེགས་པར་བཀྲལ་བའི་བསྟན་བཅོས་འདིའི་དོན་གྱི་སྙིང་བོ་བསྡུས་ཏེ་རྗེ་ཡབ་སྲས་ཀྱི་བཞེད་པ་བཞིན་དུ་བཤད་པ་ཡིན་ལ། དད་དང་རྣམ་དཔྱོད་ལྡན་པ་དག་གིས་ནི་ཚུལ་འདི་ལ་འབད་པས་འཇུག་རིགས་སོ། །སྨྲས་པ། སྟོན་པས་གསུངས་པའི་ཆོས་ཀྱི་ཕུང་བོ་ནི། །བརྒྱད་ཁྲི་བཞི་སྟོང་དྲང་དང་ངེས་པའི་དོན། །རྣམ་པ་མང་ཡང་ངེས་དོན་མཐར་ཐུག་པའི། །མདོ་སྡེའི་དགོངས་འགྲེལ་བསྟན་བཅོས་འདི་ལས་གང་། །དཔེ་ཚོགས་ངག་འདོན་ཙམ་ཞིག་མཁས་པ་དང་། །ཐ་སྙད་ཡིག་རིགས་སྡེབ་སྦྱོར་ཙམ་ཤེས་དང་། །དོན་ལ་མི་རེག་རིགས་པ་ལྟར་སྣང་ཡང་། །ཆོས་ཚུལ་འདི་འདྲའི་དྲུང་ན་ཆུ་ཤིང་བཞིན། །ཀྭ་ཡེ་གྲོགས་དག་ཡིད་བཞིན་ནོར་འདྲ་བའི། །ཟབ་དོན་རིན་ཆེན་སྙིང་བོ་ལེན་པའི་ཆེད། །འབད་པར་རིགས་ཀྱི་ཕྱི་ཤུན་ལྟ་བུའི་གནས། །སྙིང་བོ་ཆུང་ལ་གཙོ་བོར་འབད་པས་ཅི། །ཐོག་མ་མེད་པའི་འཁོར་བར་འཁོར་འཁོར་ནས། །སྲིད་པའི་ཕུན་ཚོགས་གང་ཞིག་མ་ཐོབ་དང་། །བདེ་སྡུག་མ་མྱོང་བྱ་བ་ཅང་མེད་ཀྱང་། །དོན་བཟང་འདི་འདྲ་རྙེད་པ་ད་རེས་ཙམ། །འོན་ཀྱང་རྒྱལ་ཚབ་དམ་པའི་དགོངས་པ་ཀུན། །ཟབ་ཅིང་རྟོགས་དཀའ་བདག་ལྟའི་ཡུལ་མིན་པས། །མ་གསལ་ལོག་པར་བཤད་པའི་ཉེས་པ་གང་། །སྙིང་ནས་འཆགས་སོ་བརྩེ་བའི་ཐུགས་རྗེས་དགོངས། །གཞན་མིན་དད་པས་ཡིད་དབང་འཕྲོག་གྱུར་ཏེ། །ཚུལ་འདིར་འབད་ལས་བྱུང་བའི་དགེ་དེས་བདག །མི་ཕམ་མགོན་གྱིས་དགྱེས་བཞིན་རྗེས་བཟུང་ནས། །རྟག་ཏུ་རྒྱལ་བའི་དམ་ཆོས་འཛིན་གྱུར་ཅིག །ཅེས་པ་འདིའང་ཅོ་ནེའི་མཚན་ཉིད་དང་རྒྱུད་ཀྱི་གདན་ས་ཕན་ཚུན་ཟུང་འབྲེལ་གྱིས་སྐྱོང་བ་ཤཱཀྱའི་དགེ་སློང་རིགས་པ་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས། རྗེ་བཙུན་བྱམས་མགོན་མཉེས་པའི་མཆོད་པར་བསམས་ཏེ་གུས་པས་སྦྱར་བའོ།། །།

ཡུམ་གྱི་མདོའི་འགྲེས་རྐང་གསལ་བར་བྱེད་པ་མཁས་པའི་འཇུག་ངོགས།

ཡུམ་གྱི་མདོའི་འགྲེས་རྐང་གསལ་བར་བྱེད་པ་མཁས་པའི་འཇུག་ངོགས་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་ཨཱཪྱ་མཉྫུ་ཤྲཱི་ཡེ། སྨྲ་བའི་སྐྱེས་མཆོག་སྟོན་པ་བཅོམ་ལྡན་འདས། །གང་དེའི་རྒྱལ་ཚབ་མི་ཕམ་ཆོས་ཀྱི་རྗེ། །ཤིང་རྟ་ཆེན་པོ་ཐོགས་མེད་སྐུ་མཆེད་དང་། །རྒྱལ་བ་གཉིས་པ་ཡབ་སྲས་ལ་བཏུད་ནས། །རྒྱལ་བའི་གསུང་རབ་གཞན་དང་ཤེར་ཕྱིན་གྱི། །བརྗོད་བྱ་ཀུན་བྱང་ཆོས་ཀྱི་ཁྱད་པར་འགའ། །གཞུང་མང་དག་ལ་རིང་དུ་འདྲིས་པའི་བློས། །མཁས་པའི་དགོངས་པ་ཇི་བཞིན་བཤད་པར་བྱ། །དེ་ལ་འདིར་རྒྱལ་བའི་ཡུམ་ལས་གཟུགས་ནས་རྣམ་མཁྱེན་གྱི་བར་ཀུན་བྱང་གི་ཆོས་ཀྱི་དབྱེ་བ་མང་དུ་བཤད་པ་དེ་དག་གི་མཚན་ཉིད་དབྱེ་བ་སོགས་ཇི་ལྟར་ཡིན་པའི་དགོངས་པ་རྒྱས་པར་ཕྱེ་སྟེ་བཀྲལ་ན་རང་ལ་ཕན་ཡོན་ཆེན་པོར་འགྱུར་བས་ལེགས་མོད། འོན་ཀྱང་མང་དུ་དོགས་པས་བསྡུས་ནས་བཤད་པར་བྱ་སྟེ། དེ་ཡང་འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱིས་བསྟན་པ་རྣམས་བསྡུ་ན་གཉིས་སུ་འདུ་སྟེ། ཀུན་ནས་ཉོན་མོངས་ཕྱོགས་དང་། །རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་གཉིས་སོ། །དང་པོ་ལ་ལྔ་བཅུ་རྩ་གསུམ་སྟེ། གཟུགས་ཕུང་སོགས་ཕུང་བོ་ལྔ། མིག་སོགས་དབང་བོ་དྲུག །གཟུགས་སོགས་ཡུལ་དྲུག །མིག་གི་རྣམ་པར་ཤེས་པ་སོགས་རྣམ་ཤེས་དྲུག །མིག་གི་འདུས་ཏེ་རེག་པ་སོགས་རེག་པ་དྲུག །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སོགས་ཚོར་བ་དྲུག །ས་སོགས་ཁམས་དྲུག མ་རིག་པ་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་སོ། །དེ་དག་རིམ་པར་བཤད་ན། དང་པོ་ཕུང་བོ་ལ་གསུམ། དབྱེ་གཞི་དང་། དབྱེ་བ་དང་། དགོས་པའོ། །དང་པོ་ནི། བློ་ཡུལ་དུ་སྤུངས་པ་ལྟར་སྣང་བའམ་འདུས་པ་སྟེ་ཕུང་བོའི་དོན་ནོ། །དབྱེ་ན་ལྔ་སྟེ། གཟུགས་ཀྱི་ཕུང་བོ། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་ཀྱི་ཕུང་བོའོ། །དང་པོ་ལ་མཚན་ཉིད་དང་། དབྱེ་བའོ། །དང་པོ་ལ། སྤྱིར་གཟུགས་སུ་རུང་བ་ནི། གཟུགས་ཀྱི་མཚན་ཉིད་ཡིན་ཏེ། འཇུག་པ་ལས། གཟུགས་རུང་མཚན་ཉིད་ཅན་ནི་གཟུགས། ཞེས་སོ། །གཞན་བཞི་ལའང་། ཚོར་བ་མྱོང་བའི་བདག་ཉིད་ཅན། །འདུ་ཤེས་མཚན་མར་འཛིན་པ་སྟེ། །འདུ་བྱེད་མངོན་པར་འདུ་བྱེད་པའོ། །ཡུལ་ནི་སོ་སོར་རྣམ་རིག་པ། །རྣམ་པར་ཤེས་པའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་ཏེ། ཕུང་བོའི་དོན་ནི་སྔར་བཞིན་སྦྱར་བར་བྱའོ། །དབྱེ་ན། འབྱུང་བ་དང་། འབྱུང་གྱུར་གྱི་གཟུགས་གཉིས། དང་པོ་ནི། ས་ཆུ་མེ་རླུང་སྟེ་བཞིའོ། །གཉིས་པ་འབྱུང་གྱུར་ལ་ཁ་དོག་དང་དབྱིབས་དང་དེ་ལས་གཞན་པའི་གཟུགས་གསུམ་སྟེ། དང་པོ་ནི་རྩ་བ་དང་ཡན་ལག་གི་ཁ་དོག་དང་། གཉིས་པ་ནི། རིང་ཐུང་སོགས་ཀྱི་དབྱིབས་དང་། གསུམ་པ་ནི། མིག་ལ་སོགས་པའི་དབང་བོ་གཟུགས་ཅན་རྣམས་དང་། སྒྲ་དྲི་རོ་རྣམས་དང་གཟུགས་དང་རེག་བྱ་གཉིས་ཀྱི་ཕྱོགས་གཅིག་རྣམས་འབྱུང་འགྱུར་རོ། །གཉིས་པ་ལ་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། མྱོང་བྱ་བདེ་སྡུག་སོགས་རྣམ་སྨིན་དངོས་བཏགས་ཅི་རིགས་མྱོང་བས་རབ་ཏུ་ཕྱེ་བའི་སེམས་བྱུང་དེ། ཚོར་བའི་མཚན་ཉིད། འདི་ལ་གང་གིས་མྱོང་བྱེད་དང་གང་མྱོང་བྱ་དང་ཇི་ལྟར་མྱོང་ཚུལ་གསུམ་གྱིས་ཤེས་པར་བྱ་ཞིང་། ཚོར་བ་དངོས་ནི་དེ་གསུམ་ལས་གང་གིས་མྱོང་བར་བྱེད་པ་སྟེ། གཞན་ལའང་ཅི་ལྟར་རིག་པར་ཤེས་པར་བྱའོ། །དབྱེ་ན་བདེ་སྡུག་བར་མ་གསུམ་ཅི་རིགས་མ་འདྲེས་པར་མྱོང་བྱེད་ཀྱི་ཚོར་བ་གསུམ་མོ། །གསུམ་པ་ལ་གཉིས་ལས། དང་པོ་ནི། ཡུལ་དང་དབང་བོ་དང་རྣམ་ཤེས་གསུམ་འདུས་ཏེ་ཡུལ་གྱི་སྤུ་རིས་མི་འདྲ་བའི་མཚན་མ་འཛིན་པས་རབ་ཏུ་ཕྱེ་བའི་སེམས་བྱུང་ཏེ། འདུ་ཤེས་ཀྱི་མཚན་ཉིད་དང་། འདི་དང་འོག་མ་གཉིས་ཏེ་གསུམ་ལའང་བྱེད་པ་པོ་དང་བྱ་བ་དང་བྱེད་པ་གསུམ་གསུམ་གྱི་སྒོ་ནས་ཤེས་པར་བྱའོ། །དབྱེ་ན་རྟོགས་བཅས་རྟོག་མེད་ཀྱི་འདུ་ཤེས་གཉིས་ལས། དང་པོ་ནི། སོ་སྐྱེའི་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་རྟོག་པའི་འདུ་ཤེས་རགས་པ་རྣམས་ཕལ་ཆེར་ཏེ། འདི་དང་འདིའོ་ཞེས་མཐོང་ཐོས་བྱེ་བྲག་འབྱེད་པའི་ཤེས་པ་རྣམས་སོ། །འོན་ཀྱང་བརྡ་མི་ཤེས་པའི་བྱིས་པའི་འདུ་ཤེས་ནི་རྟོག་མེད་ཀྱི་ཕྱོགས་སུ་འདུ་བར་མཛད་དོ། །རྟོག་མེད་ཀྱི་འདུ་ཤེས་ནི། འདི་དང་འདིའོ་སྙམ་དུ་མི་རྟོག་པ་དོན་དམ་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་རྣམས་དང་བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག་རྣམས་སོ། །བཞི་བ་ལ་གཉིས་ཀྱི་དང་པོ་ནི། ཕུང་བོ་གཞན་བཞི་གང་རུང་ལས་གཞན་པའི་འདུས་བྱས་དེ། འདུ་བྱེད་ཀྱི་མཚན་ཉིད། དབྱེ་ན་མཚུངས་ལྡན་འདུ་བྱེད་དང་། ལྡན་མིན་འདུ་བྱེད་གཉིས། དང་པོ་ནི། སེམས་ཡུལ་ལ་གཡོ་བར་བྱེད་པའི་སེམས་བྱུང་རྣམས་དང་། དགེ་མི་དགེ་ལུང་མ་བསྟན་གྱི་ལས་རྣམས་སོ། །གཉིས་པ་ནི་གཟུགས་དང་སེམས་སོགས་སྐྱེ་འཇིག་གནས་གསུམ་བྱེད་པའི་གནས་སྐབས་ལ་བཞག་པའི་དུས་བྱས་ཏེ། སྐྱེ་རྒ་ན་འཆི་མི་རྟག་འཇིག་པ་སོགས་ལྟ་བུའོ། །ལྔ་པ་ལ་གཉིས་ཀྱི་དང་པོ་ནི། རང་གི་ཡུལ་གྱི་ངོ་བོ་ལ་དམིགས་པས་རབ་ཏུ་ཕྱེ་བའི་རྣམ་རིག་དེ། རྣམ་ཤེས་ཀྱི་མཚན་ཉིད། དབྱེ་ན་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཤེས་པའི་རྣམ་པར་ཤེས་པ་དྲུག་གོ །གསུམ་པ་ལ་གོ་རིམ་སོགས་ཡོད་ཀྱང་འདིར་དགོས་པ་ཙམ་བཤད་ན། ཕུང་བོ་ལྔར་བསྟན་པ་ལ་དགོས་པ་ཡོད་དེ། གང་ཟག་གི་བདག་ཏུ་འཛིན་པའི་འཁྲུལ་བ་སྐྱེ་བའི་གཞིར་ཕུང་བོ་ལྔར་ངེས་ལ། ཕུང་བོ་ལྔའི་དབྱེ་བ་ལེགས་པར་ཤེས་ན་ཕུང་བོ་གང་ཟག་གི་བདག་ཏུ་འཁྲུལ་པའི་བློ་ལྡོག་པར་འགྱུར་བའི་ཕྱིར། ཕུང་བོ་ལྔ་སོ་སོ་ནས་ཀྱང་བདག་ཏུ་འཁྲུལ་བ་སྐྱེ་བའི་གཞི་ཡིན་ཏེ། མིག་སོགས་དབང་བོ་ལྔས་ཡུལ་ལ་ལོངས་སྤྱོད་པ་ན། གཟུགས་ལ་ལྟ་བ་པོའི་གང་ཟག་གི་བདག་ཡོད་པར་འཁྲུལ། ཚོར་བ་གསུམ་ལ་སྲེད་པ་གསུམ་གྱིས་ལོངས་སྤྱོད་པ་ན་རྣམ་སྨིན་མྱོང་བ་པོའི་གང་ཟག་གི་བདག་ཡོད་པར་འཁྲུལ། འདུ་ཤེས་ཀྱིས་མཐོང་ཐོས་བྱེ་བྲག་འབྱེད་པའི་སྒོ་ནས་ཐ་སྙད་འདོགས་པ་ན་ཐ་སྙད་འདོགས་པ་པོའི་རང་དབང་བའི་བདག་ཡོད་པར་འཁྲུལ། འདུ་བྱེད་ཀྱི་ལས་དཀར་ནག་གསོག་ཅིང་སྐྱེ་རྒ་ན་འཆི་དང་འགྲོ་འདུག་སོགས་བྱེད་པ་ན་དེ་གསོག་པ་པོ་དང་སྐྱེ་བ་པོ་སོགས་དང་། འགྲོ་འདུག་སོགས་བྱེད་པ་པོའི་གང་ཟག་གི་བདག་ཡོད་པར་འཁྲུལ། སེམས་སེམས་བྱུང་སྐྱེ་བ་ན་དེའི་གནས་རྣམ་པར་ཤེས་པ་ལ་རྟག་པའི་བདག་ཏུ་འཁྲུལ་བའི་བློ་སྐྱེ་བའི་ཕྱིར། བློ་དེ་རྣམས་ལྡོག་ཚུལ་ཡོད་དེ། ཕུང་བོ་ཕན་ཚུན་བརྟེན་ནས་བཞག་པའི་ཆོས་ཙམ་དུ་ཤེས་པས་དེ་ལྡོག་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཕུང་བོ་ལྔ་བསྟན་པ་ལ་དགོས་པ་ཡོད་དེ། གཟུགས་དང་སེམས་སེམས་བྱུང་ལ་རིལ་བོ་གཅིག་ཏུ་འཛིན་པའི་རྨོངས་པ་རྣམ་པར་བཟློག་པའི་ཆེད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འཆད་པར་འགྱུར་བ་གཞན་དག་ལའང་དགོས་པ་རེ་ཡོད་པ་ཤེས་པར་བྱའོ། །གཉིས་པ་དབང་བོ་བཤད་པ་ལ་གཉིས། དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། རང་འབྲས་རྣམ་ཤེས་བསྐྱེད་པ་ལ་དབང་བྱེད་པའི་འདུས་བྱས་ཞིག་སྐབས་འདིའི་དབང་བོའི་དོན་ནོ། །དབྱེ་ན་དྲུག་སྟེ། མིག་གི་དབང་བོ། རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་དབང་བོའོ། །དང་པོ་ལ། རང་འབྲས་མིག་གི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པ་ལ་དབང་བྱེད་པའི་གཟུགས་ཅན་དང་བ་ནི། མིག་གི་དབང་བོའི་མཚན་ཉིད་དམ་ངོ་བོ་མིག་གི་ཁམ་སོགས་ཀྱང་དེས་མཚོན་ནུས། དེ་ཡང་མེ་ལོང་དང་བའི་ནང་དུ་གཟུགས་བརྙན་སྣང་བ་བཞིན་དུ་མིག་གི་དབང་བོ་དེ་ནི་ཁ་དོག་སོགས་ཀྱི་གཟུགས་བརྙན་འཆར་དུ་རུང་བའི་གཟུགས་ཅན་དང་བ་ཞིག་གོ །རྣ་བའི་དབང་པོ་སོགས་ཀྱི་མཚན་ཉིད་ལ། རང་འབྲས་རྣ་བའི་རྣམ་ཤེས་ཀྱི་ཞེས་སོགས་དང་། རང་འབྲས་སྣའི་སོགས་དང་། དེ་བཞིན་དུ་ལྕེ་དང་ལུས་ལ་སྦྱར་བར་བྱའོ། །ཡིད་ཀྱི་དབང་བོའི་མཚན་ཉིད་ནི། རང་འབྲས་ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པ་ལ་དབང་བྱེད་པའི་འདུས་བྱས་ཞིག་གོ །བྱེ་བྲག་སྨྲ་བས་མིག་གི་དབང་བོ་ནི་མིག་གི་འབྲས་བུ་ལ་གོ་སྙོད་ཀྱི་མེ་ཏོག་ལྟར་གནས་པ་རྒུན་འབྲུམ་ཙམ་པ་ཤིན་དུ་དང་བ་ཞིག་དང་། རྣ་བའི་དབང་པོ་ནི། རྣ་ལ་གྲོ་ག་བཅུས་པ་ལྟ་བུའི་རྣམ་པ་དང་། སྣ་དབང་རྒྱ་ཁབ་གཤིབས་པ་ལྟ་བུ། ལྕེ་དབང་ནི་ལྕེ་ལ་ཟླ་བ་ཕྱེད་པ་ལྟ་བུ་དང་། ལུས་དབང་ནི་ལུས་ཀྱི་ཆ་རྣམས་ལ་རྡུལ་ཕྲན་ལྟར་གནས་པར་འདོད་དོ། ཁ་ཅིག་སེམས་ཙམ་པས་མིག་དབང་དེ་མིག་ཤེས་བསྐྱེད་པ་ལ་དབང་བྱེད་པའི་ནུས་པ་ཞིག་ལ་འདོད་ཅེས་གསུངས་ཡང་། རང་ལུགས་གོང་དུ་བཤད་པ་ལྟར་ཡིད་དབང་མ་གཏོགས་འབྱུང་གྱུར་གྱི་གཟུགས་ཤིན་དུ་དང་བ་སྟེ། རྒྱལ་ཚབ་རྗེ་དང་མངོན་པ་ཀུན་བཏུས་ཀྱི་དགོངས་པའོ། །འོ་ན། མིག་དང་མིག་དབང་དང་མིག་གི་ཁམས་དང་མིག་གི་སྐྱེ་མཆེད་རྣམས་འགལ་ལམ་ཞེ་ན། ཀུན་བཏུས་དང་ཊིཀ་ལྟར་ན་མི་འགལ་ཏེ། མིག་ལྟ་བུས་རྣམ་ཤེས་བསྐྱེད་པར་དབང་བ་དང་འཛིན་པ་དང་སྐྱེད་པའི་སྒོ་ནས་རིམ་པ་བཞིན་དུ་དབང་བོ་དང་ཁམས་དང་སྐྱེ་མཆེད་དུ་བཞག་སྟེ། གཞན་དང་ལྔ་ལའང་སྦྱར་བར་བྱའོ། །བྱེ་བྲག་སྨྲ་བས་མིག་དབང་གིས་གཟུགས་མཐོང་གི །མིག་ཤེས་ཁོ་ནས་མི་མཐོང་ཞེས་འདོད་ཀྱང་། འདིར་གཉིས་ཀས་གཟུགས་མཐོང་ཞིང་། དེ་ཡང་མིག་དབང་ལ་སྣང་བ་ཙམ་གྱི་སྒོ་ནས་མཐོང་བར་བཞག་ལ། མིག་ཤེས་ཀྱིས་ནི་གཟུགས་ཀྱི་རྣམ་པ་ཤར་ཏེ། གཟུང་བའི་སྒོ་ནས་རྟོགས་སོ། །འདི་དྲུག་དང་གཟུགས་སོགས་ཡུལ་དྲུག་ལ་སྐྱེ་མཆེད་བཅུ་གཉིས་ཞེས་ཀྱང་བྱའོ། །གསུམ་པ་ཡུལ་གཟུགས་སོགས་ལ་གཉིས། དབྱེ་གཞི་དང་། དབྱེེ་བའོ། །དང་པོ་ནི། དབང་བོ་ལ་བརྟེན་ནས་རྣམ་ཤེས་ཀྱིས་རིག་པར་བྱ་བ་སྟེ། འདིར་ཡུལ་གྱི་དོན་ནོ། །དབྱེ་ན་དྲུག་སྟེ། གཟུགས། སྒྲ། དྲི། རོ། །རེག་བྱ། ཆོས་སོ། །དང་པོ་ལ། སྐབས་འདིའི་གཟུགས་ནི་གཟུགས་ཀྱི་སྐྱེ་མཆེད་ལ་དགོངས་པས་དེའི་མཚན་ཉིད་ནི། རང་འཛིན་མིག་ཤེས་ཀྱི་ཡུལ་གཙོ་བོར་གྱུར་བའི་ཕྱིའི་སྐྱེ་མཆེད་དོ། །དབྱེ་ན་ཁ་དོག་དང་དབྱིབས་གཟུགས་གཉིས་ཡོད། རང་འཛིན་ཉན་ཤེས་ཀྱིས་གོ་བར་བྱ་བའི་མཉན་བྱ། སྒྲའི་མཚན་ཉིད། དབྱེ་ན་ཟིན་པ་དང་མ་ཟིན་པའི་སྒྲ་གཉིས། རང་འཛིན་སྣ་ཤེས་ཀྱིས་སྣོམ་བྱ། དྲིའི་མཚན་ཉིད། དབྱེ་ན་ཞིམ་མི་ཞིམ་གཉིས། རང་འཛིན་ལྕེ་ཤེས་ཀྱིས་མྱང་བྱ། རོའི་མཚན་ཉིད། དབྱེ་ན་མངར་བ། སྐྱུར་བ། ཁ་བ། སྐ་བ། ཚྭ་བ། ལན་ཚྭ་བ་དང་དྲུག རང་འཛིན་ལུས་ཤེས་ཀྱིས་རེག་བྱ། རེག་བྱའི་མཚན་ཉིད། དབྱེ་ན་བཅུ་གཅིག་སྟེ། འབྱུང་བཞིའི་རེག་བྱ་བཞི་དང་། འཇམ་རྩུབ། ལྕི་ཡང་། བཀྲེས་སྐོམ། གྲང་བ་སྟེ་འབྱུང་གྱུར་གྱི་རེག་བྱ་བདུན་ནོ། །ཡིད་ཤེས་ཀྱི་ཡུལ་གཙོ་བོར་གྱུར་བ་ནི། འདིར་ཆོས་ཏེ། དབྱེ་ན། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་གཉིས་སོ། །བཞི་བ་རྣམ་ཤེས་ལ། དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། ཡུལ་གྱི་ངོ་བོ་ལ་དམིགས་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་རྣམ་པར་རིག་པ་སྟེ། རྣམ་ཤེས་ཀྱི་དོན་ནོ། །འདི་ལ་ཤེས་བྱ་ཤེས་བྱེད་ཤེས་ཚུལ་གསུམ་གྱིས་རིག་པར་བྱའོ། །དབྱེ་ན་དྲུག་སྟེ། མིག་གི་རྣམ་ཤེས་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་རྣམ་ཤེས་སོ། །རང་གི་ཐུན་མོང་མིན་པའི་བདག་རྐྱེན་མིག་དབང་བོ་ལ་བརྟེན་ནས་ཡུལ་གཟུགས་ཀྱི་ངོ་བོ་ལ་དམིགས་པ་ཙམ་གྱི་རབ་ཏུ་ཕྱེ་བའི་རིགས་གནས་ཀྱི་རྣམ་པར་རིག་པ་དེ། མིག་གི་རྣམ་ཤེས་ཀྱི་མཚན་ཉིད། དེ་བཞིན་དུ་རང་གི་ཐུན་མོང་མིན་པའི་བདག་རྐྱེན་རྣ་བ་སྣ་ལྕེ་ལུས་ཡིད་དབང་ལ་བརྟེན་ནས་ཡུལ་སྒྲ་དྲི་རོ་རེག་བྱ་ཆོས་ལ་དམིགས་པས་རབ་ཏུ་ཕྱེ་བའི་རིགས་གནས་ཀྱི་རྣམ་རིག་རྣམས། རིམ་པ་བཞིན་དུ་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་རྣམ་ཤེས་ཀྱི་མཚན་ཉིད་དོ། །ལྔ་བ་རེག་པ་ལ། དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། ཡུལ་དང་དབང་བོ་དང་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཡུལ་གྱི་འགྱུར་བ་དང་པོར་གཅོད་པའི་སེམས་བྱུང་སྟེ། འདིར་རེག་པའི་དོན་ནོ། །འདི་ལ་གང་གིས་རེག་པ་དང་། གང་ལ་རེག་པ་དང་ཇི་ལྟར་རེག་པ་གསུམ་གྱིས་ཤེས་པར་བྱའོ། །དབྱེ་ན་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་རོ། །གཟུགས་དང་མིག་དབང་དང་མིག་གི་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཡུལ་གྱི་འགྱུར་བ་དང་པོར་གཅོད་པའི་སེམས་བྱུང་དེ་མིག་གི་འདུས་ཏེ་རེག་པའི་མཚན་ཉིད། དེ་བཞིན་དུ་སྒྲ་རྣ་བ་དེའི་རྣམ་ཤེས། །དྲི་སྣ་དེའི་རྣམ་ཤེས། རོ་ལྕེ་དེའི་རྣམ་ཤེས། རེག་བྱ་ལུས་དེའི་རྣམ་ཤེས། ཆོས་ཡིད་དེའི་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཞེས་སོགས་སྔར་བཞིན་སྦྱར་ཏེ། རྣ་བའི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་གྱི་མཚན་ཉིད་དོ། །ཡུལ་གྱི་འགྱུར་བ་ནི་ཚོར་བས་མྱོང་བ་དང་མཐུན་པའི་བདེ་སྡུག་སོགས་སོ། །དྲུག་པ་ཚོར་བ་ལ། དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི་སྔར་ལྟར་རམ་ཡང་ན། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་རེག་པས་བཅད་པ་དང་མཐུན་པའི་ཡུལ་ཉམས་སུ་མྱོང་བའི་སེམས་བྱུང་སྟེ། འདིར་ཚོར་བའི་དོན་ལྡོག་གོ །འདི་ལའང་ཚོར་བྱེད་དང་ཚོར་བྱ་དང་ཇི་ལྟར་ཚོར་བ་གསུམ་གྱིས་ཤེས་པར་བྱའོ། །དབྱེ་ན་དྲུག་སྟེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་རོ། །གཟུགས་དང་མིག་དབང་དང་དེའི་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པས་བཅད་པ་དང་མཐུན་པའི་ཡུལ་གྱི་འགྱུར་བ་ཉམས་སུ་མྱོང་བའི་སེམས་བྱུང་དེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཚན་ཉིད། དེ་བཞིན་དུ་སྒྲ་རྣ་བ་དེའི་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཞེས་སོགས་དང་གཞན་ལའང་སྦྱར་ཏེ་མཚན་ཉིད་ཤེས་པར་བྱའོ། །ཚོར་བ་དང་པོ་ལྔས་ཡུལ་སྣང་བའི་ཚུལ་གྱིས་མྱོང་ལ། ཕྱི་མ་ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་གྱུར་པའི་ཚོར་བས་ཞེན་པའི་ཚུལ་གྱིས་མྱོང་ངོ་། །བདུན་པ་ཁམས་ལ། དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། རང་གི་མཚན་ཉིད་དང་འབྲས་བུ་འཛིན་པའམ་རྒྱུ་དང་རིགས་བྱེད་པའི་ཆོས་ཏེ། ཁམས་ཀྱི་དོན་ནོ། །དབྱེ་ན། སྤྱིར་དམིགས་པ་ཡུལ་གྱི་ཁམས་དྲུག་དང་། རྟེན་དབང་པོའི་དྲུག་དང་། བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་སྟེ་ཁམས་བཅོ་བརྒྱད་ཡོད་དེ། གཟུགས་ནས་ཆོས་ཁམས་ཀྱི་བར་དང་། མིག་ནས་ཡིད་ཁམས་ཀྱི་བར་དང་། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་རོ། །དེ་དག་གི་ཁྱད་པར་ནི་སྔར་བཤད་པ་རྣམས་ཀྱིས་ཤེས་ལ། སྐབས་འདིའི་ཁམས་ལ་དྲུག་ཡོད་དེ། ས་ཁམས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་སོ། །སྲ་ཞིང་འཐས་པ་ཉིད་སའི་ཁམས་ཀྱི་མཚན་ཉིད། དེ་བཞིན་དུ་བརླན་ཞིང་བཤེར་བ་ཆུའི་ཁམས་དང་། ཚ་ཞིང་སྲེག་པ་མེའི་ཁམས་དང་། ཡང་ཞིང་གཡོ་བ་རླུང་གི་ཁམས་དང་། ཐོགས་བཅས་ཀྱི་རེག་བྱ་བཀག་ཙམ་གྱིས་ཕྱེ་བ་ནམ་མཁའི་ཁམས་དང་། ཡུལ་གྱི་ངོ་བོ་དམིགས་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་རྣམ་རིག་གི་ཁམས། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་དོ། །འདིའི་ཙམ་སྒྲས་ནི་ཁྱད་པར་རིག་པ་མི་འགོག་ཀྱང་དགོས་པ་ཡོད་དོ། །ས་སོགས་འབྱུང་བ་བཞི་མིག་ཤེས་ཀྱི་གཟུང་བྱ་མིན་ཀྱང་། དེའི་ཁ་དོག་ནི་མིག་ཤེས་ཀྱི་གཟུང་ཡུལ་ཡིན་ཏེ། སའི་ཁ་དོག་དང་དབྱིབས་རྣམས་ས་མ་ཡིན་ཀྱང་། འཇིག་རྟེན་ནས་དཀར་བོ་དང་སེར་བོ་སོགས་མཐོང་ཞེས་པའི་ཐ་སྙད་བྱེད་པའི་ཕྱིར་ཏེ། མཛོད་ལས། འཇིག་རྟེན་གྱི་ནི་ཐ་སྙད་དུ། ཁ་དོག་དབྱིབས་ལས་ཞེས་བརྗོད། ཞེས་སོགས་གསུངས་པ་ལྟར་འབྱུང་བ་གཞན་གསུམ་ལའང་འགྲེའོ། །ཤིང་དང་རྡོ་དང་ལྕགས་སོགས་ལ་སྲ་ཞིང་འཐས་པ་ཡོད་པས་ན་དེ་དག་སའི་ཁམས་ཡིན་ནམ་མིན་ཞེ་ན། འདི་ལ་ཁ་ཅིག་སའི་ཁམས་ཡིན་ཀྱང་ས་མིན་ཞེས་གསུངས་མོད། དེ་དག་གི་སྲ་བ་སའི་ཁམས་ཡིན་ཀྱང་ངོ་བོ་ནི་དེའི་རིགས་ཀྱི་འབྱུང་གྱུར་རམ་འབྱུང་བ་གང་ཡིན་དཔྱད་པར་བྱ་སྟེ། འབྱུང་བ་ཡིན་ན་རེག་བྱའི་སྐྱེ་མཆེད་ཡིན་དགོས་པར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་འོ་མ་སོགས་དང་། ཉི་མའི་འོད་ཟེར་སོགས་དང་། སྤྲིན་སོགས་ལའང་རིམ་བཞིན་བཤེར་བ་དང་། ཚ་བ་དང་གཡོ་བ་ཡོད་པས་ཞིབ་ཆ་འབྱེད་དགོས། བྱེ་བྲག་སྨྲ་བས་གཟུགས་ཀྱི་གོང་བུ་ཆུང་ངུ་ཞིག་ལའང་འབྱུང་བ་བཞི་ཀ་ཡོད་པ་དང་། ས་ཆུ་མེ་རླུང་རེ་རེ་ལའང་འདེགས་པ་དང་བསིལ་བ་དང་དྲོ་བ་དང་གཡོ་བ་ཡོད་པས་འབྱུང་བ་བཞི་ཡོད་ཅེས་སྨྲའོ། །བརྒྱད་པ་རྟེན་འབྲེལ་ལ། དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། བལྟས་ནས་གྲུབ་པ་སྟེ། རྟེན་འབྲེལ་གྱི་དོན་ནོ། །སྐབས་འདིར་དབྱེ་ན་མ་རིག་པ་ན་རྒ་ཤིའི་བར་བཅུ་གཉིས་སོ། །དེ་དག་གི་ཁྱད་པར་རྒྱས་པར་ཕྱེ་ན་མང་དུ་འགྱུར་བས་བསྡུས་ཏེ་བཤད་ན། སྤྱིར་མ་རིག་པ་ལ་ལས་འབྲས་དང་བདེན་བཞི་དང་རྣམ་པའི་རབ་དབྱེ་དང་དེ་ཁོ་ན་ཉིད་ཕྲ་རགས་ཅི་རིགས་ལ་རྨོངས་པ་དུ་མ་ཡོད་ནའང་། སོ་སྐྱེའི་རྒྱུད་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་འདིར་ཡན་ལག་དང་པོའོ། །མ་རིག་པ་དེས་ཀུན་ནས་བསླངས་ཏེ་བསགས་པའི་དགེ་མི་དགེ་མི་གཡོ་བའི་ལས་གསུམ་ནི་གཉིས་པ་འདུ་བྱེད་པའི་ལས་སོ། །ལས་དེ་དག་གི་བག་ཆགས་གང་ལ་བསྒོས་པའི་ཚེ་འདིའི་རྒྱུ་དུས་ཀྱི་ཡིད་ཀྱི་རྣམ་ཤེས་དང་ཕྱི་མར་ཉིང་མཚམས་སྦྱར་མ་ཐག་པའི་འབྲས་དུས་ཀྱི་རྣམ་ཤེས་གཉིས་ནི་གསུམ་པ་རྣམ་ཤེས་སོ། །ཉིང་མཚམས་སྦྱར་མ་ཐག་པའི་རྣམ་ཤེས་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་བཞི་ནི་འདིར་མིང་ཡིན་ལ་དེ་དང་ལྷན་ཅིག་པའི་མེར་མེར་བོ་ནི་གཟུགས་ཏེ་བཞི་བ་མིང་གཟུགས་སོ། །མེར་མེར་བོ་རིམ་གྱིས་འཕེལ་ནས་མིག་སྣ་སོགས་ཀྱི་ངོ་བོ་གྲུབ་པ་ནི་ལྔ་བ་སྐྱེ་མཆེད་དོ། །དེ་ནས་ཡུལ་དབང་རྣམ་ཤེས་གསུམ་འདུས་ཏེ་ཡུལ་ཡིད་དུ་འོང་མི་འོང་བར་མ་གསུམ་ཡོངས་སུ་གཅོད་པའི་རིག་པ་ནི་དྲུག་པ་རེག་པའོ། །རེག་པས་ཡུལ་བཅད་པ་དང་རྗེས་སུ་མཐུན་པར་མྱོང་བའི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ནི་བདུན་པ་ཚོར་བའོ། །དེ་ནས་ཚོར་བ་བདེ་བ་ལ་མི་འབྲལ་བ་དང་། སྡུག་བསྔལ་ལ་འབྲལ་བར་ཞེན་པ་ནི་བརྒྱད་པ་སྲེད་པའོ། །འདོད་ཡོན་དང་ལྟ་ངན་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་ངན་པ་ལ་ཆགས་པ་ནི་དགུ་པ་ལེན་པའོ། །སྔར་གྱི་རྒྱུ་དུས་ཀྱི་རྣམ་ཤེས་ལ་གཉིས་པ་འདུ་བྱེད་ཀྱི་བག་ཆགས་བསྒོས་པ་སྲེད་ལེན་གཉིས་ཀྱིས་གསོས་བཏབ་པས་མཐུ་ཅན་དུ་གྱུར་པའི་ལས་ནི་བཅུ་བ་སྲིད་པའོ། །དེའི་དབང་གིས་སྐྱེ་གནས་བཞི་བོ་གང་རུང་དུ་རྣམ་ཤེས་ཉིང་མཚམས་སྦྱར་བ་ནི་བཅུ་གཅིག་པ་སྐྱེ་བའོ། །ཕུང་བོ་སྨིན་ཅིང་གཞན་དུ་འགྱུར་བ་ནི་རྒ་བ་ཡིན་ལ། ཕུང་བོའི་རིས་མཐུན་དོར་བ་ནི་ཤི་བ་སྟེ་བཅུ་གཉིས་པ་རྒ་ཤིའོ། །རྟེན་འབྲེལ་ཚར་གཅིག་གི་ཚེ་སྲེད་ལེན་སྲིད་པ་གསུམ་ནི་མིང་གཟུགས་ཀྱི་སྔོན་དུ་འབྱུང་བ་ཡིན་ནའང་། འདིར་ཚོར་བའི་རྗེས་སུ་བཤད་པ་ནི་རྟེན་འབྲེལ་གཞན་གྱི་སྐྱེ་རིམ་བཤད་པའོ། །དེ་ལ་གང་གིས་འཕེན་ན་མ་རིག་པས་ཀུན་ནས་བསླངས་པའི་འདུ་བྱེད་ཀྱིས་འཕེན་ནོ། །གང་འཕངས་ན་མིང་གཟུགས་སྐྱེ་མཆེད་རེག་ཚོར་བ་ཉེར་བཞིའོ། །ཇི་ལྟར་འཕངས་ན་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པའི་ཚུལ་གྱིས་སོ། །གང་གིས་འགྲུབ་ན་སྲིད་ལེན་སྲིད་པ་གསུམ་གྱིས་སོ། །གང་འགྲུབ་ན་སྐྱེ་བ་རྒ་ཤི་གཉིས་སོ། །དེ་དག་ཀྱང་མཚོན་ཙམ་སྟེ་རྒྱས་པར་གཞན་དུ་བལྟའོ། །གཉིས་པ་རྣམ་བྱང་ཕྱོགས་ལ་འགྲེས་རྐང་གི་དབང་དུ་བྱས་ཏེ་ལྔ་བཅུ་རྩ་ལྔར་བཤད་ཀྱང་། ཕྱོགས་གཏོགས་སོ་སོར་ཕྱེ་ན་བརྒྱ་དང་བཞི་དྲུག་སྟེ། ཕར་ཕྱིན་དྲུག སྟོང་ཉིད་བཅོ་བརྒྱད། བྱང་ཕྱོགས་སོ་བདུན། བདེན་བཞི། བསམ་གཏན་བཞི། ཚད་མེད་བཞི། གཟུགས་མེད་ཀྱི་སྙོམས་འཇུག་བཞི། རྣམ་པར་ཐར་བ་བརྒྱད། མཐར་གྱིས་གནས་པའི་སྙོམས་འཇུག་དགུ། རྣམ་ཐར་སྒོ་གསུམ། མངོན་པར་ཤེས་པ། ཏིང་ངེ་འཛིན། གཟུངས་ཀྱི་སྒོ། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། བྱམས་པ་ཆེན་པོ། སྙིང་རྗེ་ཆེན་པོ། མ་འདྲེས་པ་བཅོ་བརྒྱད། གང་ཟག་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ། རང་སངས་རྒྱས་ཏེ་བཞི། ཐམས་ཅད་ཤེས་པ་ཉིད། ལམ་གྱི་རྣམ་པ་ཤེས་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་བཅས་པ་རྣམས་ཏེ་རིམ་པར་འཆད་དོ། །དང་པོ་ཕར་ཕྱིན་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། སངས་རྒྱས་ཀྱི་སར་ཕྱིན་པར་བྱེད་པའམ་ཕྱིན་ཟིན་པ་གང་རུང་གིས་བསྡུས་པའི་ཐེག་ཆེན་གྱི་ཉམས་ལེན་ཞིག་གོ །དབྱེ་ན་དྲུག་སྟེ། དེར་གྱུར་པའི་སྦྱིན་པ་ནས་ཤེས་རབ་ཀྱི་བར་རོ། །དང་པོ་ལ་ངོ་བོ་དང་། དབྱེ་བའོ། །སྤྱིར་གཏོང་བའི་སེམས་པ་དང་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ནི་སྦྱིན་པ་ཡིན་ལ། དེ་སེམས་བསྐྱེད་བསྔོ་བ་ཤེས་རབ་གསུམ་གྱིས་ཟིན་པའི་ཚེ། སྦྱིན་པའི་ཕར་ཕྱིན་དུ་འགྱུར་ཏེ་གཞན་ལའང་ཤེས་པར་བྱའོ། །དབྱེ་ན། ཆོས་དང་། ཟང་ཟིང་གི་སྦྱིན་པ་གཉིས། སྦྱིན་བྱའི་རྫས་ནི་སྦྱིན་པ་མིན་པས་གང་ལ་སྦྱིན་པ་དང་སྦྱིན་བྱའི་རྫས་དང་ཇི་ལྟར་སྦྱིན་པ་གསུམ་གྱིས་ཤེས་དགོས་སོ། །ཡང་འཇིག་རྟེན་ལས་འདས་མ་འདས་གཉིས་ཏེ་གཞན་ལྔ་ལ་ཡང་སྦྱོར་རོ། །གཉིས་པ་ཚུལ་ཁྲིམས་ལ་ངོ་བོ་དང་། དབྱེ་བའོ། །སྤྱིར་གཞན་ལ་གནོད་པ་གཞི་དང་བཅས་པ་ཅི་རིགས་ལས་ཕྱིར་ལོག་པའི་སྤོང་སེམས་ནི། ཚུལ་ཁྲིམས་ཡིན་ལ། སྤོང་སེམས་ཁྱད་པར་ཅན་གྱི་ས་བོན་ཡང་ཚུལ་ཁྲིམས་སུ་འདོད་པ་ཡོད། དབྱེ་ན་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ། ཚུལ་ཁྲིམས་ལ་གང་བསྲུང་བ་དང་གང་གིས་སྲུང་བ་དང་ཇི་ལྟར་སྲུང་བ་གསུམ་གྱིས་སོ། །གསུམ་པ་བཟོད་པ་ལ་ངོ་བོ་དང་། དབྱེ་བའོ། །གནོད་བྱེད་ལ་ཇི་མི་སྙམ་པ་དང་སྡུག་བསྔལ་དང་དུ་ལེན་པ་དང་ཆོས་ལ་ངེས་པར་སེམས་པས་མོས་པའི་སེམས་བྱུང་ནི། བཟོད་པ་ཡིན་ལ། དབྱེ་ན་སྔར་ལྟར་གསུམ་ཡོད། འདི་ལའང་གང་ལ་བཟོད་པ་དང་གང་གིས་བཟོད་པ་དང་ཇི་ལྟར་བཟོད་པ་གསུམ་གྱིས་སོ། །བཞི་པ་བརྩོན་འགྲུས་ལ། ངོ་བོ་དང་། དབྱེ་བའོ། །དགེ་བའི་བྱ་བ་ལ་མངོན་པར་སྤྲོ་བའི་སེམས་པ་ནི། བརྩོན་འགྲུས་ཡིན་ལ། དབྱེ་ན། དགེ་བསྡུད་པ་དང་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་གཉིས། འདི་ལའང་བརྩམ་བྱ་དང་རྩོམ་བྱེད་དང་ཇི་ལྟར་རྩོམ་པ་གསུམ་གྱིས་སོ། །ལྔ་བ་བསམ་གཏན་ལ། ངོ་བོ་དང་། དབྱེ་བའོ། །རང་གི་དམིགས་པ་ལ་སེམས་རྩེ་གཅིག་པའི་སེམས་དགེ་བ་ནི། བསམ་གཏན་ཡིན་ལ། དབྱེ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་གཉིས་སོ། །འདི་ལའང་གང་ལ་བསམ་གཏན་བྱ་བ་དང་བྱེད་པ་དང་ཇི་ལྟར་བྱེད་པའི་ཚུལ་གསུམ་གྱིས་སོ། །དྲུག་པ་ཤེས་རབ་ལ། ངོ་བོ་དང་། དབྱེ་བའོ། །བརྟགས་པའི་དངོས་པོ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་ནི། ཤེས་རབ་ཡིན་ལ། དབྱེ་ན་ཇི་ལྟ་ཇི་སྙེད་མཁྱེན་པའི་ཤེས་རབ་གཉིས་སམ། །རིག་པའི་གནས་ལྔ་ལ་མཁས་པའི་ཤེས་རབ་པོ། །འདི་ལའང་གང་ཤེས་པ་དང་གང་གིས་ཤེས་པ་དང་ཇི་ལྟར་ཤེས་པའི་ཚུལ་གསུམ་གྱིས་རིག་པར་བྱའོ། །འཇུག་པའི་ཊིཀྐ་ལྟར་ན། དྲུག་པོ་དེ་རྣམས་ཟིན་བྱེད་སྔར་ལྟར་དང་། ལམ་རིམ་ལས། དེ་དག་གོམས་པ་ཡོངས་སུ་རྫོགས་པ་ན་དེ་དང་དེའི་ཕར་ཕྱིན་འགྱུར་བར་བཤད་དེ་མི་འགལ་ལོ། །གཉིས་པ་སྟོང་ཉིད་བཅོ་བརྒྱད་བཤད་པ་ལ་གཉིས། ངོ་བོ་དང་། དབྱེ་བའོ། །དང་པོ་ནི། དགག་བྱ་བདེན་གྲུབ་བཀག་ཙམ་གྱིས་རབ་ཏུ་ཕྱེ་བའི་དེ་བཞིན་ཉིད་དེ། སྟོང་ཉིད་ཀྱི་དོན་ཏེ་མཚན་ཉིད་ཀྱང་ཡིན་ནོ། །དབྱེ་ན་ནང་སྟོང་བ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་ཀྱི་བར་བཅོ་བརྒྱད་དེ། དེ་ཡང་ནང་མིག་ནས་ཡིད་ཀྱི་བར་སྐྱེ་མཆེད་དྲུག་བདེན་པས་སྟོང་བ་དང་སྟོང་བ་ཉིད་དང་། ཕྱིའི་གཟུགས་སོགས་བདེན་སྟོང་ཕྱི་སྟོང་བ་ཉིད་དང་། དབང་རྟེན་ཁོག་པ་ལྟ་བུ་ནི་ཤེས་རྒྱུད་ཀྱིས་བསྡུས་ཤིང་དབང་བོས་མ་བསྡུས་པས་དེ་བདེན་སྟོང་ཕྱི་ནང་སྟོང་བ་ཉིད་དང་། སྟོང་ཉིད་བདེན་སྟོང་སྟོང་པ་ཉིད་སྟོང་བ་ཉིད། ཕྱོགས་བཅུ་བདེན་སྟོང་ཆེན་པོ་སྟོང་བ་ཉིད་དང་། མྱ་འདས་བདེན་སྟོང་དོན་དམ་པ་སྟོང་བ་ཉིད་དང་། ཁམས་གསུམ་པོ་སོགས་འདུས་བྱས་བདེན་སྟོང་འདུས་བྱས་སྟོང་པ་ཉིད་དང་། ནམ་མཁའ་སོགས་འདུས་མ་བྱས་བདེན་སྟོང་འདུས་མ་བྱས་སྟོང་བ་ཉིད་དང་། རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུས་བདེན་སྟོང་མཐའ་ལས་འདས་པ་སྟོང་བ་ཉིད་དང་། འཁོར་བ་བདེན་སྟོང་ཐོག་མ་དང་ཐ་མ་མེད་པ་སྟོང་བ་ཉིད་དང་། ཐེག་ཆེན་དོར་བྱར་མེད་པ་བདེན་སྟོང་དོར་བ་མེད་པ་སྟོང་བ་ཉིད་དང་། དེ་བཞིན་ཉིད་བདེན་སྟོང་རང་བཞིན་སྟོང་བ་ཉིད་དང་། ཁམས་བཅོ་བརྒྱད་ལ་སོགས་པའི་ཆོས་ཐམས་ཅད་བདེན་སྟོང་ཆོས་ཐམས་ཅད་སྟོང་བ་ཉིད་དང་། གཟུགས་གཟུགས་རུང་གི་མཚན་ཉིད་དང་ཚོར་བ་མྱོང་བའི་མཚན་ཉིད་ཅན་སོགས་ཐུན་མོང་དང་ཐུན་མོང་མིན་པའི་མཚན་ཉིད་བདེན་སྟོང་རང་གི་མཚན་ཉིད་སྟོང་བ་ཉིད་དང་། འདས་པ་སོགས་དུས་གསུམ་བདེན་སྟོང་མི་དམིགས་པ་སྟོང་པ་ཉིད་དང་། རྒྱུ་རྐྱེན་ཚོགས་པ་བདེན་སྟོང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་དེ་བཅུ་དྲུག་གོ །བཅུ་དྲུག་པོ་དེ་རྣམས་ནི་ཡུམ་གྱི་མདོ་ལས་ཡང་ཡང་ཟློས་ཏེ་གསུངས་ཤིང་། ཉི་ཤུར་ཡང་བཤད་དེ། དེ་ཉིད་ལས། རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །ཞེས་བཤད་དོ། །དེ་ཡང་ཕུང་བོ་ལྔ་བདེན་སྟོང་དངོས་པོ་སྟོང་བ་ཉིད། ནམ་མཁའ་དང་མྱང་འདས་སོགས་བདེན་སྟོང་དངོས་པོ་མེད་པ་སྟོང་བ་ཉིད། རང་བཞིན་ནམ་ཆོས་ཉིད་བདེན་སྟོང་རང་བཞིན་སྟོང་བ་ཉིད། བྱེད་པ་པོ་གཞན་གྱིས་སྟོང་བའི་ངོ་བོ་ཉིད་བདེན་སྟོང་གཞན་གྱི་ངོ་བོ་སྟོང་བ་ཉིད་དོ། །བཅུ་དྲུག་ཏུ་བཤད་པ་ནི་བློ་ངོ་ལ་ལ་བལྟོས་ཏེ་ལོག་རྟོག་སེལ་བའི་ཕྱིར་རྒྱས་པའི་དབང་དུ་བྱས་ལ། ཕྱི་མ་བཞི་དོན་ལ་ལྟོས་ཏེ་བསྡུས་ནས་གསུངས་པས་མི་འགལ་ཞིང་། ཤིན་ཏུ་བསྡུ་ན་དེ་ཐམས་ཅད་དངོས་པོ་སྟོང་བ་ཉིད་དང་དངོས་པོ་མེད་པ་སྟོང་བ་ཉིད་གཉིས་སུ་འདུ་བ་ཡིན་ནོ། །མིང་ཙམ་གྱིས་ངོས་བཟུང་ན་དེ་ལྟར་ཡིན་ཀྱང་། སྟོང་ཉིད་དེ་རྣམས་ཀྱི་དོན་ལེགས་པར་གོ་ཞིང་རྟོགས་པ་ནི་དགག་བྱ་བདེན་གྲུབ་རིགས་པས་ཁེགས་པ་ལ་རགས་ལས་སོ། །དེས་ན་འདིར་དགག་གཞི་དགག་བྱ་བཀག་པ་གསུམ་གྱིས་ཤེས་པར་བྱའོ། །གསུམ་པ་བྱང་ཕྱོགས་སོ་བདུན་ལས། དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། བྱང་ཆུབ་སྒྲུབ་བྱེད་ཀྱི་ཕྱོགས་དང་མཐུན་པའི་ལམ་མོ། །དབྱེ་ན། སྡེ་ཚན་བདུན་ཏེ། དྲན་པ་ཉེར་གཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་བ་བཞི། དབང་བོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་དོ། །དང་པོ་ལ། དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། བདེན་བཞི་གང་རུང་གི་བླང་དོར་ལ་སོ་སོར་དཔྱད་ཅིང་འཛིན་པའི་མཁྱེན་པ་ཞིག་གོ །དབྱེ་ན་བཞི་སྟེ། ཉེར་ལེན་གྱི་ཕུང་བོས་བསྡུས་པའི་ལུས་མི་གཙང་བར་ལྟ་བའི་ལུས་དྲན་པ་ཉེར་གཞག །ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་བར་ལྟ་བའི་ཚོར་བ་དྲན་པ་ཉེར་གཞག །སེམས་སྐད་ཅིག་གིས་སྐྱེ་འཇིག་བྱེད་པའི་མི་རྟག་པར་ལྟ་བའི་སེམས་དྲན་པ་ཉེར་གཞག ཆོས་ཐམས་ཅད་གང་ཟག་གི་བདག་མེད་པར་ལྟ་བའི་ཆོས་དྲན་པ་ཉེར་གཞག་གོ །གཉིས་པ་ཡང་དག་སྤོང་བ་ལ། དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། བདེན་བཞི་གང་རུང་གི་བླང་དོར་ལ་སྤྲོ་བའི་རང་གི་དམིགས་པ་ལ་རྩེ་གཅིག་པའི་མཁྱེན་པ་ཞིག་གོ །དབྱེ་ན་བཞི་སྟེ། མི་དགེ་བའི་ཕྱོགས་སྐྱེ་འགྱུར་མི་སྐྱེད་པར་བྱེད་པའི་ཡང་དག་སྤོང་བ་དང་། དེ་བཞིན་དུ་སྐྱེས་ཟིན་སྤོང་བར་བྱེད་པ་དང་། དགེ་བའི་ཕྱོགས་སྐྱེ་འགྱུར་བསྐྱེད་པར་བྱེད་པ་དང་། སྐྱེས་ཟིན་སྤེལ་བར་བྱེད་པའི་ཡང་དག་སྤོང་བའོ། །གསུམ་པ་རྫུ་འཕྲུལ་གྱི་རྐང་བ་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། སྤྲུལ་སྒྱུར་སྣ་ཚོགས་ཀྱི་རྟེན་བྱེད་པའི་མཁྱེན་པ་ཞིག་གོ །དབྱེ་ན་བཞི་སྟེ། རྫུ་འཕྲུལ་དང་ཏིང་ངེ་འཛིན་སྒྲུབ་པ་ལ་དགའ་བའི་འདུན་པའི་རྫུ་འཕྲུལ་གྱི་རྐང་བ་དང་། དེ་ལ་བརྩོན་པའི་བརྩོན་འགྲུས་ཀྱི་དེ་དང་། དེའི་ཚེ་སེམས་རྩེ་གཅིག་པའི་སེམས་པའི་དེ་དང་། དེའི་ཆེད་དུ་ཆོས་རྣམ་པར་འབྱེད་པའི་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་བའོ། །བཞི་པ་དབང་བོ་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། རང་འབྲས་འཕགས་ལམ་བསྐྱེད་པ་ལ་དབང་བྱེད་པའི་མཁྱེན་པ་ཞིག་གོ །དབྱེ་ན་ལྔ་སྟེ། བདེན་བཞིའི་བླང་དོར་ལ་ཡིད་ཆེས་པའི་དད་པའི་དབང་བོ་དང་། དེ་ལ་སྤྲོ་བའི་བརྩོན་འགྲུས་ཀྱི་དེ་དང་། དམིགས་རྣམ་མི་བརྗེད་པའི་དྲན་པའི་དེ་དང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་དེ་དང་། བདེན་བཞིའི་བླང་དོར་སོ་སོར་འབྱེད་པའི་ཤེས་རབ་ཀྱི་དཔང་བོའོ། །ལྔ་བ་སྟོབས་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། རང་འབྲས་འཕགས་ལམ་བསྐྱེད་པ་ལ་དབང་བྱེད་པ་གོང་འཕེལ་དུ་གྱུར་པའི་མཁྱེན་པ་ཞིག་གོ །དབྱེ་ན་ལྔ་སྟེ། དད་སོགས་དབང་བོ་ལྔའི་གནས་སྐབས་གོང་འཕེལ་དུ་སོང་བའི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ལྔའོ། །ས་མཚམས་ནི་དྲན་པ་ཉེར་གཞག་སོགས་གསུམ་ནི་ཚོགས་ལམ་ནས་ཐོབ་ཅིང་། དབང་བོ་དང་སྟོབས་གཉིས་སྦྱོར་ལམ་ནས་འཐོབ་པར་འགྱུར་རོ། །དྲུག་པ་བྱང་ཆུབ་ཀྱི་ཡན་ལག་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། རང་འབྲས་བྱང་ཆུབ་ཀྱི་རྒྱུའམ་ཡན་ལག་བྱེད་པའི་འཕགས་པའི་མཁྱེན་པ་ཞིག་གོ །དབྱེ་ན་བདུན་སྟེ། བདེན་པ་ལ་དམིགས་པ་མི་གཡེང་བའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བདག་མེད་རྟོགས་པའི་ཆོས་རབ་ཏུ་རྣམ་འབྱེད་དང་། ངེས་པར་འབྱུང་བའི་བརྩོན་འགྲུས་དང་། ཕན་ཡོན་གྱི་དགའ་བ་དང་། ལུས་སེམས་ལས་རུང་གི་ཤིན་ཏུ་སྦྱངས་པ་དང་། རྩེ་གཅིག་པའི་ཏིང་ངེ་འཛིན་དང་། ངོ་བོའི་སྒོ་ནས་བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གོ །བདུན་པ་འཕགས་ལམ་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། འཕགས་ལམ་གྱི་ཆ་ཤས་སམ། རང་འབྲས་འཕགས་ལམ་གྱི་རྒྱུ་བྱེད་པའི་འཕགས་པའི་མཁྱེན་པ་ཞིག་གོ །དབྱེ་ན་བརྒྱད་དེ། ཆོས་ཉིད་ཀྱི་དོན་ལ་དཔྱོད་པའི་ཡང་དག་པའི་ལྟ་བ་དང་། རང་གིས་རྟོགས་པ་ལྟར་སྟོན་པར་སེམས་པའི་ཡང་དག་པའི་རྟོགས་པ་དང་། ངག་གི་ལས་རྣམ་པར་དག་པའི་ཡང་དག་པའི་ངག་དང་། ལུས་ཀྱི་ལས་རྣམ་པར་དག་པའི་ཡང་དག་པའི་ལས་ཀྱི་མཐའ་དང་། ལོག་འཚོ་སྤང་བའི་ཡང་དག་པའི་འཚོ་བ་དང་། སྒོམ་སྤང་སྤོང་བའི་ཡང་དག་པའི་རྩོལ་བ་དང་། དམིགས་རྣམས་མི་བརྗེད་པའི་ཡང་དག་པའི་དྲན་པ་དང་། ཡོན་ཏན་ཁྱད་པར་ཅན་བསྒྲུབ་པའི་ཆེད་དུ་དམིགས་པ་ལ་རྩེ་གཅིག་པའི་ཡང་དག་པའི་ཏིང་ངེ་འཛིན་རྣམས་སོ། །བཞི་བ་ལ་བདེན་པ་བཞི་ལ་གཉིས། དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། འཕགས་པའི་བདེན་པའོ། །དབྱེ་ན་བཞི་སྟེ། སྡུག་བསྔལ་བདེན་པ། ཀུན་འབྱུང་། འགོག་པ། ལམ་བདེན་ནོ། །དང་པོ་སྡུག་བདེན་ལ། དབྱེ་བཞི་དང་། དབྱེ་བའོ། །དང་པོ་ནི། རང་རྒྱུ་ལས་ཉོན་གྱིས་དབང་གིས་བྱུང་བའི་རིགས་སུ་གནས་པའི་ཀུན་ནས་ཉོན་མོངས་པའི་བདེན་པའོ། །དབྱེ་ན། སྡུག་བསྔལ་གྱི་སྡུག་བསྔལ་འགྱུར་བའི་སྡུག་བསྔལ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ། དང་པོ་ནི། ཚོར་བ་སྡུག་བསྔལ་ཆེན་པོ་ཐམས་ཅད། གཉིས་པ་ནི། ཟག་བཅས་ཀྱི་ཚོར་བ་བདེ་བ་ཕལ་ཆེར། གསུམ་པ་ནི། ཉེར་ལེན་གྱི་ཕུང་བོ་ལྟ་བུའོ། །མདོར་ན་ལས་ཉོན་གྱིས་བྱུང་བའི་མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་མ་དག་པའི་བཅུད་ཀྱི་སེམས་ཅན་དང་དེའི་ཕུང་བོ་ནི་སྡུག་བསྔལ་བདེན་པའོ། །གཉིས་པ་ཀུན་འབྱུང་ལ་དབྱེ་གཞི་དང་། དབྱེ་བའོ། །རང་འབྲས་སྡུག་བདེན་བསྐྱེད་བྱེད་ཀྱི་རིགས་སུ་གནས་པའི་ཀུན་ནས་ཉོན་མོངས་པའི་བདེན་པའོ། །དབྱེ་ན། ལས་དང་ཉོན་མོངས་པའི་ཀུན་འབྱུང་གཉིས། དང་པོ་ནི། ཟག་བཅས་ཀྱི་དགེ་མི་དགེ་མི་གཡོ་བའི་ལས་རྣམས་སོ། །གཉིས་པ་ནི། མ་དག་པའི་སོ་སྐྱེའི་རྒྱུད་ཀྱི་འདོད་ཆགས་ཞེ་སྡང་ཁོང་ཁྲོ་ང་རྒྱལ་མ་རིག་པ་སོགས་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །གསུམ་པ་འགོག་བདེན་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། ལམ་བདེན་གྱི་སྟོབས་ཀྱིས་ཐོབ་པའི་བྲལ་བའོ། །དབྱེ་ན། ཐེག་པ་གསུམ་གྱི་འཕགས་པའི་རྒྱུད་ཀྱི་འགོག་བདེན་རྣམས་སོ། །བཞི་བ་ལམ་བདེན་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། འགོག་བདེན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་འཕགས་ལམ་མོ། །དབྱེ་ན། འཕགས་ལམ་ཐམས་ཅད་དོ། །ཕྱི་མ་གཉིས་ཀྱི་དོན་བསྡུ་ན། འཕགས་པའི་ལམ་གང་གིས་རང་གི་ངོ་སྐལ་གྱི་སྤང་བྱ་མཐོང་སྤང་དང་སྒོམ་སྤང་དེ་རང་གི་སེམས་ཀྱི་སྟེང་དུ་སླར་སྐྱེ་མི་རུང་བའི་ཚུལ་གྱིས་བཀག་པའི་སེམས་ཀྱི་ཆོས་ཉིད་ལ་འགོག་བདེན་ཞེས་བྱ་ལ། འཕགས་ལམ་དེ་ཉིད་ལ་ལམ་བདེན་ཞེས་བྱའོ། །འཁོར་བར་འཇུག་རིམ་གྱི་དབང་དུ་བྱས་ནས་ཀུན་འབྱུང་ལས་སྡུག་བསྔལ་འབྱུང་བས་དེ་གཉིས་བསྟན་ལ། འཁོར་བ་ལས་ལྡོག་རིམ་གྱི་དབང་དུ་བྱས་ནས་ལམ་བདེན་ལ་བརྟེན་ནས་འགོག་བདེན་འཐོབ་པར་འགྱུར་བས་དེ་གཉིས་བཞག་པ་སྟེ། དེའི་དང་པོ་གཉིས་དོར་བྱ་དང་། ཕྱི་མ་གཉིས་བླང་བྱའོ། །ལྔ་བ་བསམ་གཏན་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། རང་གི་འོག་ས་འདོད་པ་དང་བསམ་གཏན་དང་པོ་གསུམ་གང་རུང་ལ་ཆགས་པ་ཅི་རིགས་དང་བྲལ་བྱེད་དམ་བྲལ་བས་རབ་ཏུ་ཕྱེ་བ་གང་རུང་གིས་བསྡུས་པའི་གོང་སའི་སྙོམས་འཇུག་ཞིག་གོ །འདི་ལ་དབྱེ་ན་བཞི་སྟེ། བསམ་གཏན་དང་པོ་གཉིས་པ་གསུམ་པ་བཞི་བའོ། ཁྱད་པར་ལ་ཞི་བ་ན་མང་ཡང་བསྡུ་ན། རང་གི་འོག་ས་འདོད་པ་ལ་ཆགས་པ་ཅི་རིགས་དང་བྲལ་བྱེད་དམ་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་ནི། བསམ་གཏན་དང་པོ་དང་། དེ་བཞིན་དུ་བསམ་གཏན་དང་པོ་དང་དེ་གཉིས་པ་དང་གསུམ་པ་ལ་ཆགས་པ་ཅི་རིགས་དང་བྲལ་བྱེད་དམ་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་རྣམས་ནི། རིམ་པ་བཞིན་བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་བའི་སྙོམས་འཇུག་གོ །འདིར་བསམ་གཏན་གྱི་སྙོམས་འཇུག་བཞི་དང་། དེའི་གནས་བཞི་ཡོད་པ་རྣམས་ཁྱད་པར་ཕྱེད་པར་བྱའོ། །དྲུག་པ་ཚད་མེད་པ་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། བསམ་གཏན་ལ་བརྟེན་ནས་སྐྱེས་ཤིང་དམིགས་པ་དང་འབྲས་བུ་ཚད་མེད་པ་དང་ལྡན་པའི་སེམས་པའོ། །དབྱེ་ན་བཞི་སྟེ། བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཚད་མེད་དེ། རིམ་པ་བཞིན་དུ་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་འདོད་ཀྱི་བྱམས་པ་ཚད་མེད་དང་། སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་དང་། བདེ་བ་དང་ལྡན་ན་དགའ་བའི་དགའ་བ་དང་། ཆགས་སྡང་དང་བྲལ་ན་སྙམ་པའི་བཏང་སྙོམས་ཚད་མེད་རྣམས་སོ། །བདུན་པ་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། རང་གི་འོག་ས་གཟུགས་དང་གཟུགས་མེད་དང་པོ་གསུམ་སོ་སོ་ལ་ཆགས་པ་ཅི་རིགས་དང་བྲལ་བྱེད་དམ་བྲལ་བས་རབ་ཏུ་ཕྱེ་བ་གང་རུང་གིས་བསྡུས་པའི་གོང་མའི་སྙོམས་འཇུག་གོ །དབྱེ་ན་བཞི་སྟེ། སྦྱོར་བའི་ཚེ་གཟུགས་ཀྱི་འདུ་ཤེས་ནི་རགས་པ་དང་ནམ་མཁའི་འདུ་ཤེས་ནི་ཞི་བའོ་སྙམ་དུ་ལྟ་ཞིང་གོམས་པའི་གཟུགས་མེད་ནམ་མཁའི་སྙོམས་འཇུག་དང་། ནམ་མཁའི་འདུ་ཤེས་ཀྱང་རགས་པ་དང་རྣམ་པར་ཤེས་པའི་འདུ་ཤེས་ནི་ཞི་བའོ་སྙམ་དུ་ལྟ་ཞིང་གོམས་པའི་རྣམ་ཤེས་ཀྱི་སྙོམས་འཇུག་དང་། རྣམ་ཤེས་ཀྱི་འདུ་ཤེས་ཀྱང་རགས་པ་དང་དམིགས་པ་ཙམ་ནས་ཅི་ཡང་མེད་དོ་སྙམ་དུ་ལྟ་ཞིང་གོམས་པའི་ཅི་ཡང་མེད་ཀྱི་སྙོམས་འཇུག་དང་། ཅི་ཡང་མེད་པའི་འདུ་ཤེས་ཀྱང་རགས་པ་དང་། བློ་ངོར་འདུ་ཤེས་རགས་པ་མངོན་གྱུར་ནི་ཡོད་པ་ཡང་མིན་ཕྲ་བ་མེད་པ་ཡང་མིན་ནོ་སྙམ་དུ་ལྟ་ཞིང་གོམས་པའི་སྲིད་རྩེའི་སྙོམས་འཇུག་རྣམས་སོ། །བརྒྱད་པ་རྣམ་པར་ཐར་བ་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། རང་སའི་ཉོན་མོངས་ཀྱིས་མ་བསླད་ཅིང་ཐར་བ་དོན་གཉེར་གྱིས་བསམ་པས་ཟིན་པའི་སྙོམས་འཇུག་གོ །དབྱེ་ན་བརྒྱད་དེ། སྔར་བཤད་པ་ལྟར་གཟུགས་མེད་ཀྱི་སྙོམས་འཇུག་བཞིས་བསྡུས་པའི་རྣམ་ཐར་བཞི་དང་། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དང་། གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར་དང་། གེགས་སེལ་སྡུག་པའི་རྣམ་ཐར་དང་། འགོག་པའི་རྣམ་ཐར་རོ། །ཕྱི་མ་བཞི་ནི་རིམ་པ་བཞིན་དུ། ནང་རང་ལུས་ལ་གཟུགས་ཀྱི་འདུ་ཤེས་བཞག་སྟེ་ཕྱིའི་གཟུགས་ལ་དམིགས་ནས་སྤྲུལ་སྒྱུར་བྱེད་པ་དང་། རང་ལུས་ལ་གཟུགས་མེད་པའི་འདུ་ཤེས་བཞག་སྟེ་ཕྱིའི་གཟུགས་ལ་དམིགས་ནས་སྤྲུལ་སྒྱུར་བྱེད་པ་དང་། གཟུགས་སྡུག་མི་སྡུག་ཕན་ཚུན་བལྟོས་པར་བསམས་ཏེ་མཐར་གཟུགས་ཐམས་ཅད་སྡུག་པར་མོས་པ་དང་། ཚོར་བ་དང་འདུ་ཤེས་རགས་པ་བཀག་པའི་འགོག་པའི་རྣམ་ཐར་ཏེ་བཞིའོ། །དགུ་བ་མཐར་གྱིས་གནས་པའི་སྙོམས་འཇུག་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། དམིགས་པ་སྔ་མ་ནས་ཕྱི་མ་ལ་རིམ་གྱིས་འཇུག་པའི་སྙོམས་འཇུག་ཁྱད་པར་ཅན་ཞིག་གོ །དབྱེ་ན་དགུ་སྟེ། སྔར་ལྟར་བསམ་གཏན་བཞི་དང་། གཟུགས་མེད་ཀྱི་སྙོམས་འཇུག་ཁྱད་པར་ཅན་བཞི་སྟེ་བརྒྱད་དང་། འགོག་པའི་སྙོམས་འཇུག་གཅིག་གོ །བཅུ་བ་རྣམ་པར་ཐར་བའི་སྒོ་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། བདག་མེད་ཕྲ་རགས་དང་མི་རྟག་སོགས་ཅི་རིགས་ལ་དམིགས་པའི་སྒོ་ནས་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པའི་སྙོམས་འཇུག་ཞིག་གོ །དབྱེ་ན་གསུམ་སྟེ། སྟོང་བ་དང་བདག་མེད་པ་ལ་དམིགས་པའི་རྣམ་པར་ཐར་བའི་སྒོ་སྟོང་བ་ཉིད་དང་། འགོག་ལམ་ལ་དམིགས་པའི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། མི་རྟག་སྡུག་བསྔལ་གཉིས་ཀུན་འབྱུང་གི་རྣམ་པ་བཞི་ལ་དམིགས་པའི་རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པའོ། །འདི་དག་ནི་སྒྲིབ་པ་ཅི་རིགས་ལས་གྲོལ་བར་བྱེད་པའམ་ཐར་བའི་སྒོ་ཡིན་པས་ན། རྣམ་པར་ཐར་བའི་སྒོའོ། །བཅུ་གཅིག་པ་མངོན་པར་ཤེས་པ་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། སྦྱོར་བྱུང་ངམ་སྐྱེ་བས་ཐོབ་ཅིང་ཡུལ་རང་སྟོབས་ཀྱིས་མངོན་སུམ་དུ་རིག་པ་མཚུངས་ལྡན་དང་བཅས་པའོ། །དབྱེ་ན་དྲུག་སྟེ། སྤྲུལ་སྒྱུར་སྣ་ཚོགས་མངོན་སུམ་དུ་རྟོགས་པའི་རྫུ་འཕྲུལ་གྱི་མངོན་ཤེས་དང་། གཟུགས་ཕྲ་རགས་མངོན་སུམ་དུ་མཐོང་བའི་ལྷའི་མིག་གི་མངོན་ཤེས་དང་སྒྲ་ཕྲ་རགས་མཐོང་བའི་ལྷའི་རྣ་བའི་མངོན་ཤེས་དང་། རང་གཞན་གྱི་ཚེ་སྔོན་གྱི་གནས་སམ་ཚེ་རབས་དུ་མ་རྟོགས་པའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང་། གང་ཟག་གཞན་གྱི་སེམས་གྱི་རྒྱུ་ཚུལ་རྟོགས་པའི་གཞན་སེམས་ཤེས་པའི་མངོན་ཤེས་དང་། སྒྲིབ་གཉིས་སྤོང་བའི་ཐབས་དང་སྤངས་པ་ཅི་རིགས་མངོན་སུམ་རྟོགས་པའི་ཟག་པ་ཟད་པའི་མངོན་ཤེས་རྣམས་སོ། །དེ་དག་ནི་མངོན་ཤེས་ཀྱི་གཙོ་བོ་ཡིན་ལ། གཞན་ཡང་མི་འདྲ་བའི་ཁྱད་པར་མང་དུ་ཡོད་དོ། །མངོན་ཤེས་ནི་མངོན་སུམ་དུ་བཤད་པས། རང་གཞན་གྱི་བྱུང་བ་དང་འབྱུང་འགྱུར་ཅི་རིགས་སྣང་ལ་མ་ངེས་པའི་ཚུལ་གྱིས་རྟོགས་པ་འགའ་ཞིག་མངོན་ཤེས་མིན་ལ། རྟགས་སམ་མཚན་མ་འགའ་ལ་བརྟེན་ནས་བྱུང་བ་དང་འབྱུང་འགྱུར་འགའ་ཞིག་རིག་པ་ནི་རྟོག་པ་ཡིན་པས། མངོན་ཤེས་མིན་ཀྱང་བླུན་པོས་ནི་མངོན་ཤེས་སུ་འཛིན་ནོ། །བཅུ་གཉིས་པ་ཏིང་ངེ་འཛིན་ལ་དབྱེ་བ་དང་། དབྱེ་གཞིའོ། །དང་པོ་ནི། ཡང་དག་པའི་དམིགས་པ་ལ་རྩེ་གཅིག་པའི་སེམས་བྱུང་ངོ་། །དབྱེ་བ་ནི་ཡུམ་གྱི་མདོ་ལས་གྲངས་མང་དུ་བཤད་ཅིང་། ཇི་ལྟ་ཇི་སྙེད་ལ་དམིགས་དམིགས་པ་གཉིས་དང་། ཐེག་པ་གསུམ་གྱི་བར་ཆད་མེད་ལམ་དང་རྣམ་གྲོལ་དང་མི་སློབ་པའི་ཏིང་ངེ་འཛིན་རྣམས་སོ། །སྤྱིར་སྔགས་རིམ་དུ་དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་པ་ཞིག་བྱུང་ན་རྒྱུན་རིང་ཐུང་གང་ཡིན་ཀྱང་ཏིང་ངེ་འཛིན་ཡིན་ཞེས་བཤད་ལ། ཏིང་ངེ་འཛིན་ཁྱད་པར་བ་ནི་ཞི་གནས་དང་ལྷག་མཐོང་གིས་བསྡུས་པ་དང་། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་གིས་བསྡུས་པ་རྣམས་སོ། །བཅུ་གསུམ་པ་གཟུངས་ཀྱི་སྒོ་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། ཞི་གནས་དང་མཚུངས་ལྡན་གྱི་དྲན་པ་དང་ཤེས་རབ་ཀྱིས་བསྡུས་པའི་རིག་པ་ཁྱད་པར་ཅན་ནོ། །དབྱེ་ན་གསུམ་སྟེ་བཟོད་པའི་གཟུངས་དང་། གསང་སྔགས་ཀྱི་གཟུངས་དང་། ཚིག་དོན་གྱི་གཟུངས་སོ། །དང་པོ་ནི། གནས་ལུགས་སྟོང་ཉིད་ཀྱི་དོན་ལ་མི་སྐྲག་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །གཉིས་པ་ནི། སྡིག་པ་སོགས་ཞི་བར་བྱེད་ནུས་པའི་གསང་སྔགས་རྩོམ་ནུས་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །གསུམ་པ་ནི། ཚིག་དོན་བསྐལ་བར་མི་བརྗེད་པར་འཛིན་ནུས་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །འདི་དག་ནི་སྦྱོར་ལམ་བཟོད་པ་ནས་འཐོབ་ཀྱི། དེའི་གོང་དུ་མིན་ནོ། །གཟུངས་ཀྱི་ཚིག་ལ་གཟུངས་ཞེས་བརྗོད་པ་ནི། རྗོད་བྱེད་ལ་བརྗོད་བྱའི་མིང་གིས་བཏགས་པའོ། །ཨ་ལ་སོགས་པའི་ཡི་གེའི་དོན་དེ་དང་དེ་རང་བཞིན་མེད་པའི་སྟོང་པ་ཉིད་དུ་བསྒོམས་པས་གཟུངས་དེ་དག་སྐྱེ་བས་ན་གཟུངས་ཀྱི་སྒོའོ། །བཅུ་བཞི་བ་དེ་བཞིན་གཤེགས་པའི་སྟོབས་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། གདུལ་བྱའི་མི་མཐུན་ཕྱོགས་འཇོམས་པར་བྱེད་པ་ལ་སྟོབས་དང་ལྡན་པས་རབ་ཏུ་ཕྱེ་བའི་སངས་རྒྱས་ཀྱི་མཁྱེན་པ་སྟེ། འདིར་སྟོབས་སོ། །དབྱེ་ན། བཅུ་སྟེ། རྒྱུ་དགེ་མི་དགེ་བྱས་པ་ལས་འབྲས་བུ་བདེ་སྡུག་མ་ནོར་བ་འབྱུང་བ་གནས་དང་། ནོར་ནས་འབྱུང་བ་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་འབྲས་བུའི་དབྱེ་བ་མ་ལུས་པར་རྟོགས་པའི་ལས་ཀྱི་རྣམ་སྨིན་མཁྱེན་པ་དང་། མངོན་མཐོ་དང་ངེས་ལེགས་གསུམ་པོ་གང་ལ་མོས་པའི་མོས་པ་སྣ་ཚོགས་མཁྱེན་པ་དང་། འཇིག་རྟེན་གྱི་ཁམས་རིགས་སྣ་ཚོགས་པ་མཁྱེན་པ་དང་། དབང་བོ་རྣོ་འབྲིང་རྟུལ་གསུམ་གྱི་ཁྱད་པར་ཇི་ལྟ་བ་བཞིན་དུ་མཁྱེན་པ་དང་། མངོན་མཐོ་དང་ཐེག་པ་གསུམ་གྱི་ལམ་ཐམས་ཅད་མཁྱེན་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཚུལ་ཇི་ལྟ་བ་བཞིན་མཁྱེན་པ་དང་། སྔོན་དང་ཕྱི་མའི་ཚེ་རབས་རྣམས་སུ་འཆི་འཕོ་བྱས་པ་དང་བྱེད་པ་རྣམས་མཁྱེན་པ་གཉིས་དང་། སྒྲིབ་པ་མཐའ་དག་སྤངས་པའི་སྤངས་པ་མཁྱེན་པའི་ཟག་པ་ཟད་པ་མངོན་སུམ་དུ་མཁྱེན་པའི་སྟོབས་རྣམས་སོ། །བཅོ་ལྔ་བ་མི་འཇིགས་པ་ལ་དབྱེ་གཞི་དང་། དབྱེ་བའོ། །དབྱེ་བ་ནི། རང་དང་གཞན་གྱི་དོན་གང་མངོན་དུ་བྱས་ཤིང་རྟོགས་པར་ཞལ་གྱིས་འཆེས་པ་ལ་མི་འཇིགས་པའི་མཁྱེན་པ་མཐར་ཐུག་སྟེ། འདིར་མི་འཇིགས་པའོ། །དབྱེ་ན་བཞི་སྟེ། རང་དོན་གྱི་དབང་དུ་བྱས་ཏེ་ང་ཉིད་ཆོས་ཐམས་ཅད་ལ་མངོན་པར་སངས་རྒྱས་སོ་ཞེས་ཞལ་གྱིས་འཆེས་པ་ལ་འདི་ཐུགས་སུ་མ་ཆུད་ཞེས་ཆོས་མཐུན་གྱི་རྒོལ་བ་མེད་པས་རྟོགས་པ་ཕུན་ཚོགས་བསྟན་པ་ལ་མི་འཇིགས་པ་དང་། གཞན་དོན་གྱི་དབང་དུ་བྱས་ན་སྒྲིབ་གཉིས་ཀྱིས་ཐར་བ་དང་ཐམས་ཅད་མཁྱེན་པ་འཐོབ་པ་བར་ཆད་བྱེད་པར་བསྟན་པ་ལ་དེ་མི་བྱེད་དོ་ཞེས་རྒོལ་བ་མེད་པས་བར་ཆད་ཀྱི་ཆོས་བསྟན་པ་ལ་མི་འཇིགས་པ་དང་། གཞི་ཤེས་དང་ལམ་ཤེས་བསྒོམས་པས་ཐར་བ་དང་ཐམས་ཅད་མཁྱེན་པ་འཐོབ་པར་འགྱུར་རོ་ཞེས་བསྟན་པ་ལ་དེ་མི་ནུས་སོ་ཞེས་རྒོལ་བ་མེད་པས་ངེས་པར་འབྱུང་བ་བསྟན་པ་ལ་མི་འཇིགས་པ་དང་། ངས་སྒྲིབ་པ་མ་ལུས་པ་སྤངས་སོ་ཞེས་དམ་བཅས་པ་ལ་འདི་མ་སྤངས་སོ་ཞེས་རྒོལ་བ་མེད་པས་སྤངས་པ་ཕུན་ཚོགས་བསྟན་པ་ལ་མི་འཇིགས་པ་རྣམས་སོ། །བཅུ་དྲུག་པ་སོ་སོ་ཡང་དག་པར་རིག་པ་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། འཆད་བྱ་འཆད་བྱེད་ཀྱི་དོན་ལ་ཐོགས་པ་མེད་པས་རབ་ཏུ་ཕྱེ་བའི་མཁྱེན་པའོ། །དབྱེ་ན་བཞི་སྟེ། ཆོས་རྣམས་ཀྱི་མིང་གི་རྣམ་གྲངས་མཐའ་དག་ལ་མཁྱེན་པ་ཐོགས་པ་མེད་པར་འཇུག་པའི་ཏིང་ངེ་འཛིན་དང་ཤེས་རབ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་དང་། དེ་བཞིན་དུ་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཐམས་ཅད་ཐོགས་མེད་དུ་མཁྱེན་པའི་ཆོས་སོ་སོ་ཡང་དག་རིགས་པ་དང་། སྐད་ཀྱི་རིགས་སྣ་ཚོགས་དང་མཐུན་པར་སྨྲ་བར་ནུས་པའི་ངེས་པའི་ཚིག་སོ་སོ་ཡང་དག་རིག་པ་དང་། ཆོས་རྣམས་ཀྱི་རྣམ་དབྱེ་མ་ལུས་པ་ཆགས་ཐོགས་མེད་པར་འཇུག་པའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བཅུ་བདུན་པ་བྱམས་པ་ཆེན་པོ་ལ་གཉིས་ཀྱི་དང་པོ་ནི། འདིར་བསམ་གཏན་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང་བདེ་བ་འགོད་པར་འདོད་པའི་མཁྱེན་པའོ། །དབྱེ་ན། སྤྱིར་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་སྙམ་པའི་བྱམས་པ་དང་། བདེ་བ་ལ་འགོད་པར་འདོད་པའི་བྱམས་པ་གཉིས་ཡོད་ཀྱང་། འདིར་བྱམས་པ་ཆེན་པོ་ནི། སེམས་ཅན་ཐམས་ཅད་གཏན་གྱི་བདེ་བ་ལ་རང་ཉིད་ཀྱིས་ཁུར་དུ་བཞེས་ནས་འགོད་པར་བྱེད་པའི་སངས་རྒྱས་ཀྱི་མཁྱེན་པ་ཞིག་གོ །བཅོ་བརྒྱད་པ་སྙིང་རྗེ་ཆེན་པོ་ལ་གཉིས་ཀྱི་དང་པོ་ནི། འདིར་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བའམ་སྐྱོབ་པར་འདོད་པའི་མཁྱེན་པའོ། །དབྱེ་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་སྙམ་པ་དང་། བྲལ་བར་བྱའོ་སྙམ་པའི་སྙིང་རྗེ་གཉིས་ཡོད་ཀྱང་། འདིའི་སྙིང་རྗེ་ཆེན་པོ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་སྐྱོབ་པར་ཁུར་དུ་བཞེས་པའི་སངས་རྒྱས་ཀྱི་མཁྱེན་པ་ཞིག་གོ །ཉན་རང་བྱང་སེམས་སངས་རྒྱས་ཀྱི་སྙིང་རྗེ་གསུམ་ལ་ཁྱད་པར་ཅི་ཡོད་ཅེ་ན། རྟེན་གྱི་སྒོ་ནས་ཀྱང་ཁྱད་པར་ཡོད་མོད། སངས་རྒྱས་ཀྱི་སྙིང་རྗེ་ནི། དཔེར་ན། རྐང་དང་། བྱང་སེམས་ཀྱི་སྙིང་རྗེ་ནི་རུས་པ་དང་། ཉན་རང་གི་སྙིང་རྗེ་ནི་ཤ་དང་མཚུངས་པར་མདོ་ལས་བཤད་པ་ལྟར་ཁྱད་པར་ཡོད་དོ། །བཅུ་དགུ་བ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་དབྱེ་གཞི་དང་། དབྱེ་བའོ། །དང་པོ་ནི། འཕགས་པ་འོག་མ་བ་དང་རྟོགས་རིགས་མ་འདྲེས་པའི་སངས་རྒྱས་ཀྱི་མཁྱེན་པའོ། །དབྱེ་ན་བཅོ་བརྒྱད་དེ། སྤྱོད་པ་མ་འདྲེས་པ་དྲུག །རྟོགས་པ་མ་འདྲེས་པ་དྲུག །འཕྲིན་ལས་མ་འདྲེས་པ་གསུམ། ཡེ་ཤེས་མ་འདྲེས་པ་གསུམ་རྣམས་སོ། །དང་པོ་དྲུག་ནི། སྐུ་ལས་འཁྲུལ་བ་མི་མངའ་བའི་སྤྱོད་པ་མ་འདྲེས་པ་དང་། དེ་བཞིན་དུ་གསུང་ལ་ཅ་ཅོ་མི་མངའ་བ་དང་། ཐུགས་དྲན་པ་ཉམས་པ་མི་མངའ་བ་དང་། མཉམ་པར་མ་བཞག་པ་མི་མངའ་བ་དང་། བླང་དོར་བདེན་པར་ཐ་དད་དུ་འཛིན་པ་མི་མངའ་བ་དང་། དུས་ལ་བབ་མ་བབ་མ་བརྟགས་པའི་བཏང་སྙོམས་མི་མངའ་བའི་མ་འདྲེས་པ་རྣམས་སོ། །གཉིས་པ་དྲུག་ནི། སེམས་ཅན་གྱི་དོན་མཛད་པ་ལ་འདུན་པའི་རྟོགས་པ་མ་འདྲེས་པ་དང་། དེ་བཞིན་དུ་གདུལ་བྱའི་དོན་དུ་གཤེགས་པའི་བརྩོན་འགྲུས་དང་། གདུལ་བྱ་འདུལ་བ་མི་བརྗེད་པའི་དྲན་པ་དང་། དེ་བཞིན་ཉིད་ལ་མཉམ་པར་འཇོག་པའི་ཏིང་འཛིན་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པའི་ཤེས་རབ་དང་། སྒྲིབ་པ་སྤངས་པ་ལས་མི་ཉམས་པའི་མ་འདྲེས་པ་རྣམས་སོ། །གསུམ་པ་ནི། འབད་མེད་ལྷུན་གྱིས་གྲུབ་པའི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་མ་འདྲེས་པའི་ཡེ་ཤེས་གསུམ་མོ། །བཞི་པ་ནི། དུས་གསུམ་ཆགས་ཐོགས་མེད་པར་མཁྱེན་པའི་ཡེ་ཤེས་མ་འདྲེས་པ་གསུམ་མོ། །ཉི་ཤུ་བ་རྒྱུན་དུ་ཞུགས་པ་ལ། ཞུགས་པ་དང་། འབྲས་གནས་གཉིས་ཀྱི་དང་པོ་ལ། མཚན་ཉིད། དབྱེ་བ། ས་མཚམས་སོ། །དང་པོ་ནི། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་ལམ་སྒོམ་པའི་རྒྱུན་ལ་ཞུགས་པའི་ཉན་ཐོས་སོ། །འདིའི་ཀུན་སྦྱོར་གསུམ་ནི། འཇིག་ལྟ་ཀུན་བརྟགས་དང་། ཚུལ་ཞུགས་མཆོག་འཛིན་དང་། ཐེ་ཚོམ་ཀུན་བཏགས་སོ། །དབྱེ་ན་དེར་གྱུར་པའི་དབང་བོ་རྣོ་རྟུལ་གཉིས་སོ། །ས་མཚམས་ནི། ཉན་ཐོས་ཀྱི་སྦྱོར་ལམ་ནས་མཐོང་ལམ་རྣམ་གྲོལ་ལམ་མ་ཐོབ་ཚུན་ཆད་དུའོ། །གཉིས་པ་འབྲས་གནས་ལ་མཚན་ཉིད། དབྱེ་བ། ས་མཚམས་སོ། །དང་པོ་ནི། དེ་ལྟ་བུའི་འབྲས་བུ་ལ་གནས་པའི་ཉན་ཐོས་སོ། །དབྱེ་ན། དེར་གྱུར་པའི་སྤང་བྱ་གཅིག་ཅར་བ་དང་རིམ་གྱིས་པ་གཉིས་སོ། །ས་མཚམས་ནི། ཉན་ཐོས་མཐོང་ལམ་རྣམ་གྲོལ་ལམ་ནས་ཉན་ཐོས་དགྲ་བཅོམ་ཐོབ་ཁ་མའི་བར་དུའོ། །ཉེར་གཅིག་པ་ལན་ཅིག་ཕྱིར་འོང་ལ་ཞུགས་པ་དང་འབྲས་གནས་གཉིས་ཀྱི་དང་པོ་ལ་མཚན་ཉིད། དབྱེ་བ། ས་མཚམས་སོ། །དང་པོ་ནི། འདོད་པའི་ཉོན་མོངས་དྲུག་པ་མངོན་གྱུར་པ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་ཞིང་འདོད་པར་སྐྱེ་བ་གཅིག་ལེན་པའི་རིགས་སུ་གནས་པའི་ཉན་ཐོས་སོ། །དབྱེ་ན་དེར་གྱུར་པའི་ཐོད་རྒལ་བ་དང་མཐར་གྱིས་པ་གཉིས་སོ། །ས་མཚམས་ལ། ཐོད་རྒལ་བའི་ཞུགས་པ་ནི་ཉན་ཐོས་ཀྱི་སྦྱོར་ལམ་ནས་མཐོང་ལམ་རྣམ་གྲོལ་ལམ་མ་ཐོབ་བར་དང་། མཐར་གྱིས་པ་ནི་སྒོམ་ལམ་ཐོབ་པ་ནས་འདོད་ཉོན་དགུ་པ་དངོས་སུ་སྤོང་བའི་བར་དུའོ། །གཉིས་པ་འབྲས་གནས་ལ་མཚན་ཉིད། དབྱེ་བ། ས་མཚམས་སོ། །དང་པོ་ནི། དེ་འདྲའི་འབྲས་བུ་ལ་གནས་པའི་ཉན་ཐོས་སོ། །དབྱེ་ན་སྔར་ལྟར་གཉིས་སོ། །ས་མཚམས་ལ་ཐོད་རྒལ་བ་ནི་མཐོང་ལམ་པ་དང་། མཐར་གྱིས་པ་ནི་འདོད་ཉོན་དྲུག་པ་སྤངས་པའི་སྒོམ་ལམ་ནས་དགུ་བ་དངོས་སུ་སྤོང་བའི་བར་དུའོ། །ཉེར་གཉིས་པ་ཕྱིར་མི་འོང་ལ་ཞུགས་པ་དང་འབྲས་གནས་གཉིས་ཀྱི་དང་པོ་ལ། མཚན་ཉིད། དབྱེ་བ། ས་མཚམས་སོ། །དང་པོ་ནི། འདོད་ཉོན་དགུ་པ་མངོན་གྱུར་པ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་ཉན་ཐོས་སོ། །དབྱེ་ན། དེ་ལ་དེར་གྱུར་པའི་ཆགས་བྲལ་སྔོན་སོང་དང་མཐར་གྱིས་པ་གཉིས་སོ། །ས་མཚམས་ལ། ཆགས་བྲལ་སྔོན་སོང་ནི་མཐོང་ལམ་ཚུན་དང་། མཐར་གྱིས་པ་ནི། འདོད་ཉོན་བདུན་པ་སྤོང་བའི་སྒོམ་ལམ་ནས་འདོད་ཉོན་དགུ་པ་དངོས་སུ་སྤོང་བའི་བར་དུའོ། །གཉིས་པ་འབྲས་གནས་ལ་མཚན་ཉིད། དབྱེ་བ། ས་མཚམས་སོ། །དང་པོ། དེ་འདྲའི་འབྲས་བུ་ལ་གནས་པའི་ཉན་ཐོས་སོ། །དབྱེ་ན། སྔར་ལྟར་གཉིས་ཏེ། རྒྱས་པར་ཕྱེ་ན་མང་དུ་ཡོད་དོ། །ས་མཚམས་ལ། ཆགས་བྲལ་སྔོན་སོང་ནི་མཐོང་ལམ་པ་དང་། མཐར་གྱིས་པ་ནི། འདོད་ཉོན་དགུ་བ་སྤངས་པ་ནས་སྲིད་ཉོན་དགུ་བ་དངོས་སུ་སྤོང་བའི་བར་དུའོ། །ཉེར་གསུམ་པ་དགྲ་བཅོམ་སྐོར་ལ། ཞུགས་པ་དང་འབྲས་གནས་གཉིས་ཀྱི་དང་པོ་ལ། མཚན་ཉིད་དབྱེ་བ། ས་མཚམས་སོ། །དང་པོ་ནི། སྲིད་རྩེའི་ཉོན་མོངས་དགུ་བ་སྤངས་པས་རབ་ཏུ་བྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་ཉན་ཐོས་སོ། །དབྱེ་ན་གཅིག་ཆར་བ་དང་རིམ་གྱིས་པའི་དགྲ་བཅོམ་ཞུགས་པ་གཉིས་སོ། །ས་མཚམས་ནི། ཉན་ཐོས་ཀྱི་སྒོམ་ལམ་ཐོབ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུའོ། །གཉིས་པ་འབྲས་གནས་ལ་མཚན་ཉིད། དབྱེ་བ། ས་མཚམས་སོ། །དང་པོ་ནི། དེ་འདྲའི་འབྲས་བུ་ལ་གནས་པའི་ཉན་ཐོས་སོ། །འདི་དང་ཉན་ཐོས་དགྲ་བཅོམ་པ་གཉིས་དོན་གཅིག །དབྱེ་ན་སྔར་ལྟར་དགྲ་བཅོམ་པ་གཉིས་སོ། །ས་མཚམས་ནི། ཉན་ཐོས་ཀྱི་མི་སློབ་ལམ་ཁོ་ནའོ། །ཉེར་བཞི་བ་རང་སངས་རྒྱས་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་དོན་དུ་ཐར་བ་དོན་གཉེར་གཙོ་བོར་བྱེད་པའི་ཐེག་པ་འབྲིང་བོའི་གང་ཟག་གོ །རང་སངས་རྒྱས་ཞེས་པ་ནི། སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱི་མན་ངག་ལ་མི་བརྟེན་པར་རང་སྟོབས་ཀྱིས་མྱང་འདས་མངོན་དུ་བྱེད་པས་དེ་སྐད་ཅེས་བྱའོ། །དབྱེ་ན། བསེ་རུ་ལྟ་བུ་དང་ཚོགས་སྤྱོད་ཆེ་ཆུང་གི་རང་རྒྱལ་གཉིས་ཏེ་གསུམ་མོ། །ཉེར་ལྔ་བ་ཐམས་ཅད་ཤེས་པ་ཉིད་ལ་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། ཐེག་དམན་འཕགས་པའི་མཁྱེན་པ་དངོས་དང་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་གང་རུང་གིས་བསྡུས་པའི་འཕགས་པའི་མཁྱེན་པའོ། །འདི་དང་གཞི་ཤེས་གཉིས་དོན་གཅིག །དབྱེ་ན་ཐེག་པ་གསུམ་གྱི་གཞི་ཤེས་རྣམ་པ་གསུམ་མོ། །ཉེར་དྲུག་པ་ལམ་ཤེས་པ་ཉིད་ལ་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། ཐེག་པ་གསུམ་གྱི་ལམ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་ཐབས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མཁྱེན་པའོ། །འདི་དང་ཐེག་ཆེན་འཕགས་པའི་མངོན་རྟོགས་གཉིས་དོན་གཅིག །ཉེར་བདུན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་གོ །འདི་དང་སངས་རྒྱས་ཀྱི་མཁྱེན་པ་གཉིས་དོན་གཅིག དབྱེ་ན། ཇི་ལྟ་ཇི་སྙེད་མཁྱེན་པའི་རྣམ་མཁྱེན་གཉིས་ཏེ། རྒྱས་པར་ཕྱེ་ན་མང་དུ་དོགས་པས་རེ་ཞིག་དེ་ཙམ་མོ། །སྨྲས་པ། གསུང་རབ་སྤྱི་དང་ཤེར་ཕྱིན་མདོ་ཉིད་ཀྱི། །དངོས་བསྟན་འགྲེས་རྐང་ཇི་སྙེད་ཡོད་གྱུར་བའི། །དོན་རྣམས་ཐོགས་མེད་སྐུ་མཆེད་རྣམ་གཉིས་སོགས། །མཁས་པའི་བཞེད་སྲོལ་དཔང་བཞག་ལེགས་པར་བཀྲལ། །རྒྱལ་བའི་དམ་ཆོས་འཆད་རྩོད་རྩོམ་གསུམ་གྱིས། །འཛིན་པར་མཛད་པའི་ཚུལ་དེ་ཆེས་དཀའ་ཡང་། །ཡུམ་གྱི་དགོངས་པ་འགྲེལ་བར་རབ་བསམས་ཏེ། །ཉུང་ངུའི་ཚིག་གིས་རྒྱ་ཆེའི་གནས་ཀུན་བསྡུས། །ཐུབ་པའི་གསུང་རབ་དགོངས་དོན་ནམ་མཁའ་བཞིན། །རྒྱ་བོད་མཁས་པའི་མཁྱེན་མཆོག་ཉི་ཟླ་བཞིན། །དེང་དུས་མཁས་རློམ་རྣམ་དཔྱོད་རྒྱུ་སྐར་བཞིན། །བདག་འདྲའི་བློ་གྲོས་ཉམས་ཆུང་མེ་འཁྱེར་བཞིན། །གཟུར་གནས་བློ་ལྡན་གང་གིས་འདི་མཐོང་ཚེ། །དགྱེས་པའི་འཛུམ་དཀར་སྟོན་པར་ངེས་མོད་ཀྱང་། །གཞན་དག་སྙིང་ལ་ཟུག་རྔུ་སྦྱིན་པའམ། །ཀུན་དུ་རྨོངས་པའི་རྟོག་པ་འཐོབ་འགྱུར་སེམས། །གྲོགས་དག་ཚུལ་འདི་ལྟ་བུའི་ལེགས་བཤད་ཀྱི། །བདུད་རྩི་མྱོང་བའི་དགའ་བདེས་རོལ་གྱིས་ན། །བསྟན་ལ་ཞུགས་པའི་དགོས་པ་མཆིས་སྲིད་ཀྱི། །དེ་མིན་རབ་ཏུ་བྱུང་བའི་དགོས་པ་གང་། །རྒྱ་མཚོའི་དབུས་ན་ཡིད་བཞིན་ནོར་བུ་རྡོ། །མ་ལ་ཡ་ན་ཙན་དན་ནགས་ཚལ་བཞིན། ཁ་ཆེའི་ཡུལ་ན་གུར་གུམ་རྩྭ་ལྟ་བུ། །གླིང་གཞན་འགའ་ན་གསེར་དངུལ་ས་རྡོ་བཞིན། །སྙིང་བོ་མེད་ལ་སྙིང་བོར་མཐོང་བ་ཡི། །ཚུལ་འདིས་རང་ཅག་ཐམས་ཅད་བསླུས་པ་སྟེ། །དེས་ན་རབ་ཏུ་བྱུང་བས་དོན་གང་ལ། །སྙིང་བོར་འཛིན་པའི་གནས་དེ་ཤེས་པར་གྱིས། །འདིར་འབད་ལེགས་པར་བཤད་ལས་ཐོབ་པའི་དགེས། །ཚེ་རབས་ཀུན་དུ་དལ་བའི་རྟེན་རྙེད་ནས། །རྒྱལ་བའི་དམ་ཆོས་རྒྱལ་བའི་དགོངས་པ་བཞིན། །འཛིན་ལ་རྗེ་བཙུན་འཇམ་པའི་དབྱངས་བཞིན་ཤོག །ཅེས་པ་འདིའང་སྐྱིད་ཐང་གནས་བརྟན་རྒྱལ་མཚན་དཔལ་བཟང་ཞེས་བགྱི་བས་ཞོན་རྟའི་གནང་སྦྱིན་བཅས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས། བཤད་སྒྲུབ་མིང་ཅན་གྱིས་ལེགས་པར་བགྱིས་པ་སྟེ་མཚན་ཉིད་སོགས་ལ་བཞེད་པ་མི་འདྲ་བ་ཅུང་ཟད་རེ་ནི་ཡོད་དོ། །བཀྲ་ཤིས། ཤུ་བཾ། དགེ་ལེགས་འཕེལ་ལོ།། །།

སེམས་བསྐྱེད་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་ཚུལ་བརྒལ་ལན་དོགས་གཅོད་ཡུམ་གྱི་མདོའི་དགོངས་དོན་ཆ་ཤས་ཀྱི་སྙིང་བོ།

སེམས་བསྐྱེད་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་ཚུལ་བརྒལ་ལན་དོགས་གཅོད་ཡུམ་གྱི་མདོའི་དགོངས་དོན་ཆ་ཤས་ཀྱི་སྙིང་བོ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། འཁོར་འདས་ཆོས་ཀུན་རང་བཞིན་གྱིས། །གདོད་ནས་སྟོང་ཡང་བྱ་བྱེད་ཀུན། །འགལ་མེད་འཐད་ཅེས་སེང་གེའི་སྒྲས། །སྟོན་མཛད་ཐུབ་དབང་དེ་ལ་འདུད། །རྒྱལ་ཡུམ་ཤེར་ཕྱིན་རྣམ་གསུམ་གྱི། །སྦས་དོན་དངོས་བསྟན་ཟབ་མོའི་དོན། །འགྲེལ་མཛད་ཤིང་རྟ་ཆེ་གཉིས་དང་། །རྒྱལ་བ་གཉིས་པར་བཅས་ལ་འདུད། །འདིར་ཡུམ་གྱི་མདོ་རྣམས་ལས་སེམས་བསྐྱེད་ཀྱིས་བྱང་ཆུབ་ཆེན་པོ་བསྐྱེད་ཚུལ་ལ་བརྒལ་ལན་མཛད་པའི་དོན་རྗེ་བཙུན་བྱམས་པས་མངོན་རྟོགས་རྒྱན་ལས། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ནི་རྣམ་པ་བརྒྱད། །ཅེས་བསྡུས་ནས་གསུངས་པའི་དགོངས་པ་མདོ་སྡུད་པ་དང་བསྟུན་ནས་དད་པས་བཤད་པར་བྱ་སྟེ། འདི་ལ་གསུམ། ལས་ལ་རྟག་ཆད་སྤོང་ཚུལ་སྤྱིར་བསྟན་པ་དང་། སྐབས་དོན་བཤད་པ་དང་། འཕྲོས་དོན་བཤད་པའོ། །དང་པོ་ལ་གཉིས། རྩོད་པ་དང་ལན་ནོ། །དང་པོ་ནི། རང་ཅག་སྟོན་པའི་རྗེས་འཇུག་རྣམས་ཀྱིས་ནི་རྒྱུ་དགེ་མི་དགེ་ལས་འབྲས་བུ་བདེ་སྡུག་མ་ནོར་བར་འབྱུང་ཞིང་། རྣམ་སྨིན་མཐོང་ཆོས་ལ་མྱོང་བ་སྲིད་ཀྱང་། །ཕལ་ཆེར་སྐྱེ་བ་ཕྱི་མ་དང་ཕྱི་མའི་ཕྱི་མ་སོགས་ལ་སྨིན་པར་འདོད་པ་ཡིན་ལ། ལས་འགའ་ཞིག་དང་རང་གི་རྣམ་སྨིན་གྱི་འབྲས་བུའི་བར་དུ་བསྐལ་བ་མང་བོས་ཀྱང་ཆོད་པ་སྲིད་པར་འདོད་དེ། མདོ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པས་སོ། །འོ་ན། དེ་ལྟ་བུའི་ལས་སྔ་ཕྱི་དེ་དག་རང་གི་འབྲས་བུ་དེ་དངོས་སུ་འབྱིན་པའི་བར་དུ་མི་འཇིག་པར་སྡོད་པ་ཡིན་ནམ། རང་གི་འབྲས་བུ་འབྱིན་པའི་སྔོན་དུ་ཞིག་ནས་མེད་འགྲོ་བ་གང་ཡིན། དང་པོ་མི་འཐད་དེ། དེ་ལྟར་ཡིན་ན་ལས་དེ་དག་རྟག་པར་འགྱུར་དགོས་པས་ནམ་ཡང་མི་འཐད་པའི་ཕྱིར་ཏེ། སྤྱིར་འདུས་བྱས་ཐམས་ཅད་རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པའི་སྐད་ཅིག་མ་ཡིན་པའི་ཕྱིར་མི་རྟག་པ་ཡིན་ལ། ཁྱད་པར་དུ་ལས་གསོག་པ་པོའི་གང་ཟག་རྣམས་སྐྱེ་འཆིའི་རིམ་པའི་དབང་གིས་དེ་དག་གིས་སྔར་བསགས་པའི་ལས་རྣམས་ཀྱང་སྐད་ཅིག་རེ་རེ་བཞིན་འཇིག་པ་ལས། རྟག་པར་གནས་པའི་དབང་མེད་པའི་ཕྱིར། ཕྱི་མ་ལྟར་ནའང་མི་འཐད་དེ། ལས་རྣམས་རང་བྱས་པའི་དུས་སྐད་ཅིག་གཉིས་པར་ཞིག་ནས་མེད་པར་འགྲོ་ན་ནི་ཆད་པར་འགྱུར་བས་ན་ཕྱིས་ལས་དེ་མེད་བཞིན་དུ་དེ་ལས་རྣམ་སྨིན་གྱི་འབྲས་བུ་འབྱུང་བ་ནི་འཐད་པ་མ་ཡིན་པའི་ཕྱིར། ཞེས་རྩོད་དོ། །གཉིས་པ་དེའི་ལན་ནི་ཡབ་སྲས་མཇལ་བའི་མདོ་ལས་སངས་རྒྱས་རང་ཉིད་ཀྱིས་རྒྱས་པར་གསུངས་པ་ལྟར་ཤེས་པར་བྱ་དགོས་ལ། རྩོད་པ་དེའི་ལན་དུ་ལས་དང་རྒྱུ་འབྲས་ལ་རྟག་ཆད་ཀྱི་མཐའ་སྤོང་ཚུལ་ཅུང་ཟད་རྒྱས་པ་ཞིག་ཁོ་བོས་ཀྱང་གཞན་དུ་བཤད་ཟིན་པས་མི་སྤྲོ་ཡང་། དེ་འདྲའི་དེ་རྩོད་ལན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཚུལ་ཙམ་ཞིག་དྲངས་ན། དབུ་མ་རྩ་བ་ཤེས་རབ་ལས། །གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་གྱུར་བས། །འབྲས་བུ་ཇི་ལྟར་བསྐྱེད་པར་འགྱུར། །ཞེས་རྩོད་པ་དང་། ལན་ཡང་དེ་ཉིད་ལས། མྱུ་གུ་ལ་སོགས་རྒྱུན་གང་ཡིན། །ས་བོན་ལས་ནི་མངོན་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང་། །འབྲས་བུས་ཡང་དག་འབྱུང་བར་རིག་པར་གྱིས། །ཞེས་དང་། རྨི་ལམ་དམིགས་པའི་ཡུལ་དག་མཐོང་ནས་ནི། །སད་ཀྱང་བླུན་ལ་ཆགས་པ་སྐྱེ་འབྱུང་བ། །དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། །ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། །ཞེས་པ་དང་། དེའི་དོན་རྗེས་འཇུག་པའི་རྣམ་བཤད་ལས་ཀྱང་། ལས་བྱས་པའི་འོག་ཏུ་ལས་དེ་འགགས་པ་ནི་འདོད་དགོས་ལ། ཞེས་དང་། རང་བཞིན་གྱིས་ཡོད་པ་ཡིན་པའི་ལས་འགགས་པ་ལས་ཀྱང་ནི་ལས་ཀྱི་འབྲས་བུ་འབྱུང་བ་ཡོད་པ་ཡིན་ནོ། །ཞེས་ཞིག་པ་ལས་འབྲས་བུ་འབྱུང་བར་བསྟན་ནོ། །ཞེས་ལས་ཀྱི་སྐྱེ་འགག་རང་བཞིན་གྱིས་མེད་ཀྱང་ཐ་སྙད་དུ་འཐད་པའི་ལན་མཛད་པ་ལྟར་འདོད་དགོས་སོ། །གཉིས་པ་སྐབས་དོན་བཤད་པ་ལ་གཉིས། རྩོད་པ་ཐུན་མོང་དུ་འགོད་པ་དང་། ཡང་སོ་སོར་བཤད་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་བར་ཐལ། སེམས་བསྐྱེད་དེ་གཉིས་ཀྱི་སྐད་ཅིག་སྔ་ཕྱི་རྣམས་རེ་རེ་ཁོ་ནས་ནི་སངས་རྒྱས་ཐོབ་མི་ནུས། སེམས་བསྐྱེད་རིགས་མཐུན་རྫས་ཐ་དད་པ་མང་བོ་ནི་ཅིག་ཅར་དུ་མི་འབྱུང་། སེམས་བསྐྱེད་སྔ་ཕྱི་རྣམས་ལྷན་ཅིག་ཏུ་ཚོགས་ནས་ཀྱང་འབྲས་བུ་བྱང་ཆུབ་ཐོབ་པར་མི་འགྱུར་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སེམས་བསྐྱེད་སྔ་ཕྱི་རེ་རེ་ཁོ་ན་ལ་ནི་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་རྣམས་མ་ཚང་བའི་ཕྱིར། གཉིས་པ་གྲུབ་སྟེ། སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡིད་ཀྱི་རྣམ་ཤེས་རིགས་མཐུན་རྫས་ཐ་དད་པ་མང་བོ་ཅིག་ཅར་དུ་མི་འབྱུང་བའི་ཕྱིར་ཏེ། མདོ་ལས། ལུས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ནི་རྒྱུད་རེ་རེ་བ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། སེམས་བསྐྱེད་དང་པོ་ནས་བཅུ་བའི་བར་གྱི་སེམས་བསྐྱེད་ཐམས་ཅད་ལྷན་ཅིག་ཏུ་ཚོགས་པ་མི་སྲིད་པའི་ཕྱིར་ཏེ། སེམས་བསྐྱེད་པ་ཕྱི་མ་ཕྱི་མ་སྐྱེས་པའི་ཚེ་སྔ་མ་སྔ་མ་འགགས་ནས་མེད་པའི་ཕྱིར་ཏེ། ཡུམ་གྱི་མདོ་ལས། བཅོམ་ལྡན་འདས་སེམས་བསྐྱེད་པ་སྔ་མ་ནི་སེམས་བསྐྱེད་པ་སླད་མ་དང་མི་འགྲོགས། སེམས་བསྐྱེད་སླད་མ་ཡང་སེམས་བསྐྱེད་པ་སྔ་མ་དང་མི་འགྲོགས་ན། བཅོམ་ལྡན་འདས་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་རྣམས་གསོག་པར་འགྱུར། དགེ་བའི་རྩ་བ་མ་བསགས་པར་ཡང་འཚང་རྒྱ་བར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལན་སོ་སོར་བཤད་པ་ལ་གསུམ། མར་མེའི་དཔེ་དོན། ས་བོན་གྱི་དཔེ་དོན། ཆུ་ཐིག་གི་དཔེ་དོན། དང་པོ་ལ་གཉིས། ཁུངས་དགོད་པ་དང་། དོན་བཤད་པའོ། །དང་པོ་ནི། སྡུད་པ་ལས། འབྲུ་མར་སྙིང་བོ་འབར་བ་ཕྲད་པ་དང་པོ་ཡིས། །སྙིང་བོ་ཚིག་མིན་དེ་མེད་པར་ཡང་དེ་མི་ཚིག །མེ་ལྕེ་ཕྲད་པས་ཐ་མས་སྙིང་བོ་ཚིག་མིན་ལ། །མེ་ལྕེ་ཐ་མ་མེད་པར་སྙིང་བོ་ཚིག་མིན་ལྟར། །ཞེས་དཔེ་བསྟན་ནས་དོན་དང་སྦྱོར་བ་ནི། དང་པོའི་སེམས་ཀྱིས་བྱང་ཆུབ་མཆོག་རེག་མ་ཡིན་ལ། །དེ་མེད་པར་ཡང་དེ་ལ་རེག་པར་ནུས་མ་ཡིན། །ཐ་མའི་སེམས་ཀྱིས་བྱང་ཆུབ་ཞིང་མཆོག་མིན་ལ། །དེ་མེད་པར་ཡང་དེ་ཐོབ་ནུས་པ་མ་ཡིན་ནོ། །ཞེས་གསུངས། གཉིས་པ་དོན་བཤད་པ་ལ་གཉིས། དཔེ་དང་། དོན་ནོ། །དང་པོ་ནི། སེམས་བསྐྱེད་སྔ་ཕྱི་རེ་རེ་ཁོ་ན་དང་། རིགས་མཐུན་རྫས་ཐ་དད་ལོང་ཅིག་ཅར་དུ་འབྱུང་བ་དང་། སེམས་བསྐྱེད་སྔ་ཕྱི་རྣམས་མི་འཇིག་པར་དུས་མཉམ་དུ་ཚོགས་ནས་སངས་རྒྱས་ཐོབ་པ་མིན་ཡང་བྱང་ཆུབ་སེམས་དཔས་སེམས་བསྐྱེད་ལ་བརྟེན་ནས་རྫོགས་པའི་བྱང་ཆུབ་མི་འཐོབ་པའི་སྐྱོན་མེད་པར་ཐལ། དཔེར་ན་མར་མེ་སྐད་ཅིག་སྔ་ཕྱི་རེ་རེ་ཁོ་ནས་ཀྱང་སྡོང་བུ་སྣུམ་ལྡན་རྫོགས་པར་མི་སྲེག །སྐད་ཅིག་སྔ་མ་ལ་མ་བལྟོས་པར་ཕྱི་མས་ཀྱང་མི་སྲེག །སྔ་ཕྱི་ཐམས་ཅད་ཅིག་ཅར་དུ་ཚོགས་ནས་མི་སྲེག་ཀྱང་། མར་མེ་སྐད་ཅིག་སྔ་ཕྱི་རྣམས་རིམ་གྱིས་འབྱུང་བ་ན་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ནུས་ལྡན་དུ་གྱུར་ཏེ། ཕྱི་མ་ཕྱི་མ་སྔ་མ་སྔ་མ་ལ་རྒྱུན་འབྲེལ་ཞིང་བལྟོས་པའི་རྟེན་འབྲེལ་གྱིས་མར་མེས་སྡོང་བུ་རྫོགས་པར་སྲེག་པར་བྱེད་པ་ལྟར་སེམས་བསྐྱེད་ལ་བརྟེན་ནས་རྫོགས་བྱང་ཐོབ་པར་འགྱུར་བའི་ཕྱིར། གཉིས་པ་དེ་དོན་དང་སྦྱོར་ཚུལ་ནི། སེམས་བསྐྱེད་པ་དང་པོ་དང་ཐ་མའི་བར་རེ་རེ་ཙམ་གྱིས་ཀྱང་བྱང་ཆུབ་ཆེན་པོ་མི་ཐོབ། སྔ་མ་ལ་མ་བལྟོས་པར་ཡང་མི་ཐོབ། སྔ་ཕྱི་ལྷན་ཅིག་ཏུ་ཚོགས་པས་ཀྱང་བྱང་ཆུབ་ཆེན་པོ་མི་ཐོབ་མོད། དེ་ལ་བརྟེན་ནས་བྱང་ཆུབ་ཆེན་པོ་མི་འཐོབ་པའི་སྐྱོན་མེད་པར་ཐལ། དཔེ་བཤད་མ་ཐག་པ་ལྟར། སེམས་བསྐྱེད་སྔ་ཕྱི་རིམ་གྱིས་འབྱུང་བས་སྔ་མ་ལས་ཕྱི་མ་ནུས་པ་མཐུ་ཅན་དུ་གྱུར་ནས་སྔ་ཕྱི་རང་རྒྱུད་ལ་རྒྱུན་འབྲེལ་ཞིང་བལྟོས་པའི་རྟེན་འབྲེལ་ལས་བྱང་ཆུབ་སེམས་དཔས་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་ཕྱིར་རོ། །ཚུལ་དེ་ཡུམ་གྱི་མདོ་ལས་གསུངས་ཚུལ་ཚིག་ཅུང་ཟད་བསྡུས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། འབྲུ་མར་གྱི་མར་མེ་འབར་བའི་མེ་ལྕེ་དང་པོ་ཕོག་པས་སྙིང་བོ་དེ་ཚིག་གམ། འོན་ཏེ་མེ་ལྕེ་ཕྱི་མ་ཕོག་པས་སྙིང་བོ་དེ་ཚིག་པར་འགྱུར། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །ཞེས་པ་ནས། བཀའ་སྩལ་བ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་སྙིང་བོ་དེ་ཚིག་གམ། གསོལ་པ། བཅོམ་ལྡན་འདས་ཚིག་ལགས་སོ། །ཞེས་དཔེ་གསུངས་ནས། རབ་འབྱོར་དེ་བཞིན་དུ་སེམས་བསྐྱེད་པ་དང་པོས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ། སེམས་བསྐྱེད་དང་པོ་ལ་མ་བརྟེན་པར་ཡང་འཚང་མི་རྒྱ། སེམས་བསྐྱེད་པ་ཕྱི་མ་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ། སེམས་བསྐྱེད་པ་ཕྱི་མ་ལ་མ་བརྟེན་པར་ཡང་འཚང་མི་རྒྱའོ། །སེམས་བསྐྱེད་པ་དེ་དག་གིས་ཀྱང་མ་ཡིན། སེམས་བསྐྱེད་པ་དེ་ལས་གཞན་པས་ཀྱང་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ཡང་རྒྱའོ། །དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་ཟབ་པ་ལགས་ཏེ། ཞེས་སོགས་གསུངས་པ་ལྟར་རོ། །འདིར་ཡུམ་གསུམ་ཀ་ཚིག་ཅུང་ཟད་རེ་མ་གཏོགས་འདྲའོ། །མར་མེའི་དཔེ་དོན་འདི་ནི་ཡུམ་གྱི་མདོ་རྣམས་དང་། དེ་དག་གི་རྒྱ་བོད་ཀྱི་འགྲེལ་བ་ཐམས་ཅད་ནས་འབྱུང་ལ། ས་མྱུག་དང་ཆུ་ཐིག་གི་དཔེ་དོན་གཉིས་ནི་སྡུད་པ་དང་དེའི་འགྲེལ་པ་ཉིད་ནས་བཤད་དོ། །དཔེ་དེས་མཐའ་གཉིས་སྤོང་ཚུལ་ཡོད་དེ། མར་མེ་སྐད་ཅིག་སྔ་མ་སྔ་མ་འགགས་ནས་ཕྱི་མ་ཕྱི་མ་སྐྱེ་བ་དེ་བཞིན་དུ། །སེམས་བསྐྱེད་སྔ་མ་འགགས་ནས་ཕྱི་མ་འབྱུང་བར་བསྟན་པས་རྟག་མཐའ་སེལ། མར་མེ་སྐད་ཅིག་སྔ་ཕྱི་བལྟོས་པའི་འབྲེལ་བས་སྡོང་བུ་སྲེག་པ་ཐ་སྙད་དུ་འབྱུང་བ་ལྟར། སེམས་བསྐྱེད་སྔ་ཕྱི་རྒྱུན་འབྲེལ་ཞིང་བལྟོས་པའི་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་བྱང་ཆུབ་ཐོབ་པར་འགྱུར་བར་བསྟན་པས་ཆད་མཐའ་སེལ་བའི་ཕྱིར་རོ། །མར་མེ་དཔེ་འདིས་དེ་དང་འདྲ་བའི་དཔེ་གཞན་ཡང་མཚོན་ནོ། །གཉིས་པ་ས་བོན་གྱི་དཔེ་དོན་ལ་རིམ་པ་གཉིས་འབྱུང་བའི་དང་པོ་ལ་གཉིས། ཁུངས་དགོད་པ་དང་། དོན་བཤད་པའོ། །དང་པོ་ནི། སྡུད་པ་ལས། ས་བོན་ལས་ནི་མྱུ་གུ་མེ་ཏོག་འབྲས་བུ་འབྱུང་། དེ་ཡང་འགགས་ཤིང་ཡང་མེད་པ་དེ་མིན་ལྟར། ཞེས་དཔེ་དང་། དོན་ནི་དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་རྒྱུ་ཡིན་ཏེ། དེ་ཡང་འགགས་ལ་བྱང་ཆུབ་མེད་པ་དེ་མ་ཡིན། ཞེས་གསུངས། གཉིས་པ་ལ་དཔེ་དོན་གཉིས་སྦྲེལ་ཏེ་བཤད་ན། དཔེར་ན། བྱང་ཆུབ་ཤིང་སྡོང་གི་ས་བོན་ལས་ནི་དང་པོ་མྱུ་གུ་དང་དེ་ནས་མེ་ཏོག་དང་དེ་ནས་འབྲས་བུ་རྣམས་རིམ་གྱིས་འབྱུང་བ་ལས། ཤིང་སྡོང་ཆེན་པོར་གྱུར་བའི་ཚེ་སྔར་གྱི་ས་བོན་དང་པོ་ནས་བཟུང་སྟེ་ས་བོན་རྣམས་རིམ་གྱིས་འགགས་ནས་མེད་ཀྱང་འབྲས་བུ་ཤིང་སྡོང་ཡོད་པ་མཐོང་བ་ལྟར། སེམས་བསྐྱེད་པ་དང་པོ་ནས་ཐ་མའི་བར་རེ་རེ་ནས་རང་འབྲས་བྱང་ཆུབ་ཆེན་པོའི་རྒྱུ་ཡིན་ཡང་། སེམས་བསྐྱེད་པ་སྔ་ཕྱི་རྣམས་རིམ་གྱིས་འབྱུང་བ་ལས་མཐར་བྱང་ཆུབ་ཐོབ་པའི་ཚེ་རྒྱུ་སེམས་བསྐྱེད་སྔ་ཕྱི་རྣམས་རིམ་གྱིས་འགགས་ནས་མེད་ཅིང་། དེ་མེད་ཀྱང་དེའི་འབྲས་བུ་བྱང་ཆུབ་ཆེན་པོ་མེད་པ་མ་ཡིན་ནོ། །དེ་ལྟར་ཡིན་ཏེ་དཔེ་དོན་གཉིས་ཀྱི་རྒྱུ་ས་བོན་གྱི་རྒྱུན་འབྲེལ་ཞིང་བལྟོས་པའི་རྟེན་འབྲེལ་གྱིས་འབྲས་བུ་འགྲུབ་པ་འདྲ་བའི་ཕྱིར་རོ། །གཞུང་འདིས་ཀྱང་དཔེ་དོན་གྱི་རྒྱུ་གཉིས་སྔར་འགགས་ཀྱང་ཕྱིས་འབྲས་བུ་འབྱུང་བར་བསྟན་པས་མཐའ་གཉིས་དངོས་སུ་འགོག་སྟེ་སྔར་ལྟར་རོ། །གཉིས་པ་ལ་གཉིས། ཁུངས་དགོད་པ་དང་། དོན་བཤད་པའོ། །དང་པོ་ནི། སྡུད་པ་ལས། ས་བོན་རྙེད་ནས་འབྲུ་དང་ས་ལུ་ལ་སོགས་འབྱུང་། །དེ་ཡི་འབྲས་བུ་དེ་ལ་ཡོད་མིན་མེད་པའང་མིན། ཞེས་དཔེ་དང་། དོན་ནི་རྒྱལ་བ་རྣམས་ཀྱིས་བྱང་ཆུབ་འདི་ནི་འབྱུང་བར་འགྱུར། །དངོས་པོའི་རང་བཞིན་བྲལ་བས་སྒྱུ་མ་འབྱུང་བར་འགྱུར། ཞེས་གསུངས། གཉིས་པ། དཔེར་ན། གྲོ་ནས་སྲན་མ་འབྲས་ས་ལུ་ལ་སོགས་པའི་ས་བོན་རྣམས་ལས་རིམ་གྱིས་རང་གི་འབྲས་བུ་གྲོ་ནས་ལ་སོགས་པ་རྣམས་འབྱུང་ཡང་། འབྲས་བུ་གྲོ་ནས་སོགས་ནི་སྔར་གྱི་ས་བོན་དེ་དག་མ་ཡིན་ཞིང་ས་བོན་དེ་རྣམས་རེ་རེ་དང་ཚོགས་པ་གང་གི་ཡང་གསེབ་ཏུ་མེད་པས་ན། དེ་དག་རང་གི་ས་བོན་གྱི་དུས་སུ་མེད་ཀྱང་། ས་བོན་དེ་རྣམས་ཀྱི་རྒྱུན་འབྲེལ་བ་ལས་འབྲས་བུ་གྲོ་ནས་ལ་སོགས་པ་ཐ་སྙད་དུ་འབྱུང་བ་ཡོད་པ་ལྟར། སེམས་བསྐྱེད་དང་པོ་ནས་ཐ་མའི་བར་རེ་རེ་དང་ཚོགས་གང་གི་གསེབ་ནའང་རྫོགས་པའི་བྱང་ཆུབ་མེད་པས་རྒྱུ་སེམས་བསྐྱེད་དེ་རྣམས་ཀྱི་དུས་སུ་འབྲས་བུ་བྱང་ཆུབ་ཆེན་པོ་མེད་ཀྱང་། སེམས་བསྐྱེད་དེ་རྣམས་ཀྱི་རྒྱུན་རང་རྒྱུད་དུ་འབྲེལ་ཞིང་བལྟོས་པའི་རྟེན་འབྲེལ་ལས་འབྲས་བུ་རྫོགས་པའི་བྱང་ཆུབ་འབྱུང་བར་འགྱུར་བ་ཡོད་པ་ནི་སྔར་ལྟར་རོ། །དེ་ལྟར་འབྲས་བུ་བྱང་ཆུབ་ཆེན་པོ་དེ་ནི་རང་གི་རྒྱུ་སེམས་སྐྱེད་ཀྱི་དུས་སུ་ཡོད་པ་མིན་ཅིང་རྒྱུ་དེ་ལ་མ་བལྟོས་པར་མི་འབྱུང་ཡང་ཐ་སྙད་དུ་སྒྱུ་མ་ལྟ་བུའི་ཚུལ་གྱིས་འབྱུང་བ་མི་འགལ་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་རྣམས་རང་བཞིན་གྱི་གྲུབ་པས་སྟོང་ཡང་རྟེན་འབྲེལ་གྱི་བྱ་བྱེད་འཐད་ཅིང་མི་སླུ་བའི་ཕྱིར། ཞེས་བསྟན་པ་སྟེ། སློབ་དཔོན་སེང་བཟང་གིས་སྡུད་འགྲེལ་རྟོགས་སླར་ཡང་དེ་ལྟར་བཤད་དེ་མང་དུ་དོགས་ནས་མ་དྲངས་སོ། །ཤིང་དང་གྲོ་ནས་ས་བོན་གྱི་དཔེས་དེ་འདྲ་གཞན་ཡང་མཚོན་ཏེ་ཤེས་པར་བྱའོ། །གསུམ་པ། ཆུའི་ཐིག་པའི་དཔེ་དོན་ལ་གཉིས། ཁུངས་འགོད་པ་དང་། དོན་བཤད་པའོ། །དང་པོ་ནི། སྡུད་པ་ལས། ཆུ་ཡི་ཐིག་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །ཞེས་དཔེ་དང་། དོན་དང་སྦྱོར་བ་ནི། དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་བོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་གསུངས། གཉིས་པ་དཔེ་དོན་སྦྲེལ་ཏེ་བཤད་ན། དཔེར་ན། བུམ་ནང་དུ་ཆུ་ཐིག་རིམ་གྱིས་བླུགས་པའི་ཚེ། ཐིག་པ་དང་པོ་གཉིས་པ་སོགས་རེ་རེ་ཁོ་ན་ནས་བུམ་པ་ཆུས་གང་བ་མིན་ཞིང་། ཐིག་པ་སྔ་མ་ལ་མ་བལྟོས་པར་ཕྱི་མ་ཁོ་ནས་བུམ་པ་ཆུས་གང་བ་མིན་ཡང་། ཆུ་རིམ་གྱིས་བླུགས་པའི་རྒྱུན་འབྲེལ་ཞིང་གོང་དུ་འཕེལ་བའི་རྟེན་འབྲེལ་གྱིས་བུམ་པ་ཆུས་གང་བར་འཇོག་ནུས་པ་དེ་བཞིན་དུ། སེམས་བསྐྱེད་དང་པོ་གཉིས་པ་སོགས་རེ་རེ་ཁོ་ན་དང་། སྔ་མ་ལམ་བལྟོས་པའི་ཕྱི་མ་ཁོ་ནས་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པ་མིན་ཡང་། སེམས་བསྐྱེད་སྔ་ཕྱི་རྒྱུན་འབྲེལ་ཞིང་གོང་དུ་འཕེལ་བའི་རྟེན་འབྲེལ་གྱི་ཚོགས་པ་ལས་རིམ་གྱིས་བྱང་ཆུབ་ཐོབ་ནུས་པ་ནི་སྔར་མར་མེའི་སྐབས་སུ་བཤད་པ་ལྟར་ཏེ། འོན་ཀྱང་མར་མེས་ནི་རྒྱུ་རེ་རེ་ཁོ་ན་དང་མང་བོ་དུས་གཅིག་ཏུ་ཚོགས་ནས་བྱང་ཆུབ་ཐོབ་པ་མིན་ཡང་བྱང་ཆུབ་ཐོབ་ནུས་པ་དང་། བུམ་ཆུའི་ཐིག་པས་ནི་རྒྱུ་ཆུང་ངུ་ནས་རིམ་གྱིས་མང་དུ་བསགས་ཏེ་འབྲས་བུ་བྱང་ཆུབ་ཐོབ་པར་བསྟན་པ་གཙོ་ཆེ་ལ། ས་བོན་གྱི་དཔེ་ཡང་མར་མེ་དང་ཕྱོགས་འདྲ་མོད། འོན་ཀྱང་དེས་བྱང་ཆུབ་ཀྱི་ཤིང་སྡོང་དང་གྲོ་ནས་སོགས་འབྲས་བུ་རྣམས་ནི་རང་གི་ས་བོན་གྱི་དུས་སུ་མེད་ཀྱང་ཕྱིས་འབྱུང་བ་མི་འགལ་བ་ལྟར། རྫོགས་པའི་བྱང་ཆུབ་ཀྱང་རྒྱུ་སེམས་བསྐྱེད་ཀྱི་དུས་སུ་མེད་ཀྱང་ཕྱིས་རང་བཞིན་གྱིས་སྟོང་བའི་རྒྱུ་ལས་སྒྱུ་མ་ལྟར་འབྱུང་བར་བསྟན་ཏེ་ཁྱད་པར་རོ། །ཐིག་པའི་དཔེས་དེ་འདྲ་གཞན་ཡང་མཚོན་ཏེ་ཤེས་པར་བྱའོ། །གསུམ་པ་འཕྲོས་དོན་ལ། རྩོད་པ་དང་། ལན་གཉིས། དང་པོ་ལ། ཁ་ཅིག་ན་རེ། མར་མེ་སྐད་ཅིག་སྔ་མ་སྔ་མ་འགགས་ནས་ཕྱི་མ་ཕྱི་མ་སྐྱེ་བ་མི་འཐད་དེ། མར་མེ་འབར་མ་ཐག་པ་ནས་མཐར་མ་ཤི་བའི་བར་དུ་མར་མེ་གནས་པར་མངོན་སུམ་གྱིས་མཐོང་བའི་ཕྱིར། གྲོ་ནས་སོགས་ཀྱི་ས་བོན་སྔ་མ་འགགས་ནས་ཕྱི་མ་འབྱུང་བ་ཡང་མི་འཐད་དེ། དེ་དག་གི་ས་བོན་གཅིག་དང་འབྲས་བུ་ཡང་གཅིག་ཏུ་མཐོང་བའི་ཕྱིར། བུམ་ཆུའི་ཐིག་པ་ཕྱི་མ་བླུགས་པ་ན་སྔ་མ་འགགས་པ་ཡང་མི་འཐད་དེ། ཆུ་ཐིག་སྔ་མ་དེ་རྣམས་ཡོད་ནས་བུམ་པ་ཆུས་གང་བ་ཡིན་གྱི། མེད་ན་ནི་བུམ་པ་ཆུས་གང་བར་མི་ནུས་པའི་ཕྱིར། དེ་བཞིན་དུ་སེམས་བསྐྱེད་སྔ་མ་འགགས་ཏེ་ཕྱི་མ་སྐྱེས་ནས་བྱང་ཆུབ་ཐོབ་མི་ནུས་ཀྱི། སྔ་མ་ཡོད་བཞིན་དུ་ཕྱི་མ་སྐྱེ་ནས་བྱང་ཆུབ་ཐོབ་པ་ཉིད་འཐད་དོ་ཞེ་ན། གཉིས་པ་འདིའི་ལན་ལ་རིགས་པའི་རྣམ་གྲངས་མང་བོ་ཞིག་བརྗོད་དགོས་ཤིང་། བརྗོད་པར་ཡང་ནུས་མོད། མང་དུ་དོགས་པས་མདོར་བསྡུས་ཞིག་བརྗོད་ན། དང་པོ་མར་མེ་སྐད་ཅིག་སྔ་མ་སྔ་མ་འགགས་ནས་ཕྱི་མ་ཕྱི་མ་མི་སྐྱེ་བའི་སྐྱོན་མེད་པར་ཐལ། དོན་ལ་དེ་ལྟར་སྔ་མ་འགགས་ནས་ཕྱི་མ་སྐྱེ་ཡང་མཐོང་ཚུལ་ལ་མར་མེ་གཅིག་ཏུ་མཐོང་བ་ནི་མར་མེའི་ཆ་ཤས་སྐད་ཅིག་སྔ་ཕྱི་རྣམས་རེ་རེ་ནས་སྐྱེ་ཞིང་འཇིག་ཀྱང་ཆ་ཤས་ཀུན་དང་རྒྱུན་ལ་རྗེས་སུ་འགྲོ་བའི་ཆ་ཅན་གྱི་མར་མེ་ཞིག་ཀྱང་ཐ་སྙད་དུ་འབྱུང་བས། དེའི་རྐྱེན་གྱིས་སྔ་ཕྱི་རྣམས་ལ་གཅིག་ཏུ་འཁྲུལ་བའི་བློ་སྐྱེ་བ་ཡིན་པའི་ཕྱིར་ཏེ། དཔེར་ན། བུ་ཆུང་ནས་རྒན་པོའི་རིམ་གྱིས་སྐྱེ་བར་མཐོང་ཡང་རྒྱུན་དང་ཆ་ཅན་གྱི་དབང་གིས་སྔ་ཕྱི་གཅིག་འཛིན་གྱི་བློ་སྐྱེ་ཞིང་། རྟག་འཛིན་ལྷན་སྐྱེས་ཀྱི་དབང་གིས་ཀྱང་སྔ་ཕྱི་གཉིས་གཅིག་ཏུ་ཞེན་པ་སྐྱེ་བ་ལྟ་བུ་ཡིན་པའི་ཕྱིར། ས་བོན་སྔ་མ་སྔ་མ་འགགས་ནས་ཕྱི་མ་མི་འབྱུང་བའི་སྐྱོན་མེད་པར་ཐལ། སྤྱིར་གྲོ་ནས་གཅིག་ལྟ་བུའི་ས་བོན་ལ་གཅིག་གི་ཐ་སྙད་བྱེད་ཀྱང་། དོན་ལ་ནི་ས་བོན་འདེབས་ཁ་མ་དང་བཏབ་མ་ཐག་མ་དང་། དེ་ནས་ཉིན་ཞག་སྔ་ཕྱིའི་ཁྱད་པར་གྱིས་ས་བོན་དེ་ཉིད་སྔ་མ་སྔ་མ་དང་མི་འདྲ་བར་ཕྱི་མ་ཕྱི་མ་དབྱིབས་དང་ཁ་དོག་ནུས་པ་སོགས་རྣམ་པར་འགྱུར་ཏེ་འགྲོ་ཞིང་འབྲས་བུ་ལ་ཡང་འདྲ་བའི་ཕྱིར་ཏེ། དཔེ་ལ་ནི་གཞན་མང་ཡང་སྔར་ལྟར་རོ། །བུམ་པར་ཆུ་ཐིག་ཕྱི་མ་ཕྱི་མ་བླུགས་པ་ན་སྔ་མ་སྔ་མ་འགགས་ནས་མི་འགྲོ་བའི་སྐྱོན་མེད་པར་ཐལ། ཆུ་ཐིག་དེ་ལ་ཐིག་པ་སྔ་ཕྱི་མ་འདྲེས་པ་གཉིས་དང་འདྲེས་པ་གསུམ་གསུམ་འབྱུང་ཞིང་། དེ་གསུམ་པོ་ཡང་གནས་སྐབས་ཀྱིས་འགལ་བར་འདོད་དགོས་པའི་ཕྱིར་ཏེ། འདི་ལྟར་ཐིག་པ་སྔ་མ་དང་ཕྱི་མ་འདྲེས་པ་ན་སྔ་མ་འགྱུར་ཏེ་ཕྱི་མ་འདྲེས་པའི་ངོ་བོར་སྐྱེས་པས། འདྲེས་མ་འདྲེས་གཉིས་གཅིག་ཏུ་བླུན་པོས་ཀྱང་མི་འདོད་པའི་ཕྱིར། བུམ་པ་ཆུས་གང་བའི་ཚེ་སྔར་གྱི་ཆུ་ཐིག་སྔ་ཕྱི་རྣམས་རེ་རེ་ནས་སྐྱེས་ཏེ་འགགས་མོད་ཀྱང་། དེའི་ཚེ་ཆུ་རྒྱུན་ཚོགས་པ་ལས་བྱུང་བའི་ཆ་ཅན་གྱི་བུམ་ཆུ་ཞིག་ཡོད་ཅིང་དེའི་ཆ་ཤས་སུ་གྱུར་བའི་ཆུ་ཐིག་ཀྱང་ཡོད་པར་འདོད་དགོས་ཏེ། དཔེར་ན་སྐུད་པ་མང་པོའི་རྒྱུ་རྐྱེན་ལས་སྣམ་བུ་བྱས་པའི་ཚེ་སྣམ་བུ་དེའི་རྒྱུར་སོང་བའི་སྐུད་པ་རྣམས་དེའི་དུས་སུ་མེད་ཀྱང་། ཆ་ཅན་སྣམ་བུའི་ཆ་ཤས་སུ་གྱུར་པའི་སྐུད་པ་ནི་ཡོད་པ་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་ཆེན་པོའི་རྒྱུ་སེམས་བསྐྱེད་དང་ལས་དཀར་ནག་སོགས་ཕལ་ཆེར་ནི་སྔ་མ་འགགས་ནས་ཕྱི་མ་སྐྱེ་ཡང་། དེ་རྣམས་ཀྱི་ཆ་ཤས་སྔ་ཕྱི་དང་རྒྱུན་ལ་རྗེས་སུ་འགྲོ་བའི་ཆ་ཅན་གྱི་སེམས་བསྐྱེད་དང་ལས་སོགས་སྤྱིར་ཐ་སྙད་དུ་ཡོད་པས། སེམས་བསྐྱེད་ལ་བརྟེན་ནས་བྱང་ཆུབ་པ་མི་འགལ་བས་རྒྱུ་འབྲས་དུས་མཉམ་དགོས་པའི་སྐྱོན་དེ་དག་མི་འཇུག་ཅིང་། དེར་མ་ཟད་རྟག་ཆད་དང་བྲལ་བའི་ཚུལ་གྱིས་རྟེན་འབྱུང་བའི་བྱ་བྱེད་ཐམས་ཅད་འཐད་པ་ཡིན་ནོ། །དེ་ལྟར་ཚོགས་རྒྱུན་འཇོག་ཚུལ་ལགས་པར་ཤེས་པ་གལ་ཆེ་སྟེ། དེ་མི་ཤེས་པའི་རྐྱེན་གྱིས་རིགས་པ་སྨྲ་བ་དག་ཀྱང་འཁྲུལ་བ་ཆེན་པོ་བསྐྱེད་པས་སོ། །ཡང་ཁ་ཅིག །མར་མེས་སྡོང་བུ་སྲེག་པ་དང་། ས་བོན་ལས་མྱུ་གུ་འབྱུང་བ་དང་། བུམ་པར་ཆུ་བླུགས་ནས་གང་བར་འགྱུར་བ་བླུན་རྨོངས་ཐམས་ཅད་ཀྱིས་ཤེས་པས། ཁྱེད་ཀྱིས་དེ་ལྟར་བརྗོད་པས་ཅི་བྱ་ཞེ་ན། སྐྱོན་མེད་དེ། བླུན་རྨོངས་རྣམས་ཀྱིས་དེ་ལྟར་ཁས་ལེན་ཡང་རྒྱུ་འབྲས་ཀྱི་རྣམ་གཞག་ལེགས་པར་འཇོག་ཤེས་ནས་མིན་གྱི། དེ་ལ་རྨོངས་བཞིན་དུ་བདེན་གྲུབ་དང་རྟག་པར་ལྟ་ཞིང་སྔ་ཕྱི་ཐམས་ཅད་རིལ་པོ་གཅིག་ཏུ་ཞེན་ནས་ཁྱད་འབྱེད་མི་ནུས་པའི་ཚུལ་གྱིས་ཁས་ལེན་པ་ཡིན་ལ་འདིར་ཁྱད་པར་ཤེས་ནས་བརྗོད་པས་མི་འགལ་བའི་ཕྱིར་རོ། །དཔེ་རིམ་པ་གསུམ་པོ་ལྟར་སེམས་བསྐྱེད་ཀྱིས་བྱང་ཆུབ་ཐོབ་པའི་ཚུལ་འདིས་ནི་འཁོར་འདས་ཀྱི་ཆོས་གང་ཡིན་ཡང་རྒྱུས་འབྲས་བུ་ཐོབ་པའི་ཚུལ་ཇི་ལྟར་རིགས་པར་ཤེས་དགོས་སོ། །དེ་ལྟར་འཁོར་འདས་ཀྱི་ཆོས་གང་ཡིན་ཀྱང་། རྒྱུས་འབྲས་བུ་བསྐྱེད་ཚུལ་རྣམས་རང་བཞིན་གྱིས་སྟོང་ཡང་ཐ་སྙད་དུ་འབྱུང་བའི་རྟེན་འབྲེལ་ཟབ་མོ་ལ་ངེས་པ་དྲངས་པར་བྱའི། སྔ་ཕྱི་ཐམས་ཅད་གཅིག་ཏུ་བཟུང་ནས་རྒྱུ་འབྲས་དེ་དག་ལ་རྟག་པར་ལྟ་བའམ། ཡང་ན་ཆད་པར་ལྟ་བའི་རྟག་ཆད་ཀྱི་ལྟ་བ་ལ་གནས་པར་མི་བྱའོ། །འོ་ན་ཡུམ་གྱི་མདོ་རྣམས་དང་སྡུད་པ་ལས་ཀྱང་སྐབས་འདིར་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་གཞན་གྱིས་དེ་ཐོབ་ཚུལ་ལ་འགལ་སྤོང་དངོས་སུ་མ་མཛད་པར་སེམས་བསྐྱེད་ཀྱིས་སངས་རྒྱས་ཐོབ་པའི་ཚུལ་ལ་དོགས་གཅོད་དེ་ལྟར་མཛད་པ་ཅི་ཡིན་ཞེ་ན། དེ་ནི་འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཞེས་སངས་རྒྱས་ཀྱི་ཡེ་ཤེས་མཐར་ཐུག་ནི། སེམས་གྱི་རང་བཞིན་ཤེས་ཏེ་སེམས་རྣམ་པར་སྦྱངས་པ་ལས་ཐོབ་པར་འགྱུར་བ་ཡིན་གྱི། དེ་ལས་གཞན་ནས་བཙལ་ཏེ་ཐོབ་པར་མི་འགྱུར་བར་བཤད་པ་ལྟར་དང་། འཁོར་འདས་ཀྱི་ཆོས་ཀུན་ནི་རྩ་བ་སེམས་ལ་རག་ལས་པའི་རྒྱུ་མཚན་གྱིས་སྔོན་གྱི་སེམས་བསྐྱེད་རྣམ་པ་གཉིས་ནི་སངས་རྒྱས་ཐོབ་པའི་རྒྱུའི་གཙོ་བོ་ཡིན་པར་བསྟན་པ་སྟེ། དེའི་ཚུལ་ལེགས་པར་ཤེས་དགོས་པའི་ཕྱིར་དུ་དོགས་གཅོད་དེ་ལྟར་མཛད་པ་ཡིན་ལ། དེ་ཡང་རྟག་ཆད་སྤོང་བའི་ཆེད་དུ་ཡིན་ནོ། །དེ་ལྟར་སེམས་སྐྱེད་ཀྱིས་རྫོགས་པའི་བྱང་ཆུབ་བསྐྱེད་ཚུལ་ཟབ་པ་དེ་བཞིན་དུ། འདུས་བྱས་ཀྱི་ཆོས་རྣམས་ཀྱང་དང་པོ་རང་རྒྱུད་ལས་སྐྱེ་བའི་ཚེ་ངོ་བོས་གྲུབ་པའི་ཚུལ་གྱིས་གང་ནས་ཀྱང་མི་འོངས་མོད། ཐ་སྙད་དུ་སྐྱེ་བ་འཐད་པས་སྐྱེ་བ་ཟབ་པ་དང་། མཐར་འགགས་པའི་ཚེ་ངོ་བོས་གྲུབ་པའི་ཚུལ་གྱིས་གང་དུའང་མི་འགྲོ་ཡང་། ཐ་སྙད་དུ་འགགས་པ་འཐད་པས་འགག་པ་ཟབ་པ་སོགས་ཟབ་མོ་རྣམ་པ་བརྒྱད་ཀྱི་དོན་ཡང་ཤེས་པར་བྱ་སྟེ། འགྲེལ་བ་དོན་གསལ་ལས། ཇི་སྐད་བཤད་པའི་དཔེ་ཁོ་ནས་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱང་ཁོང་དུ་ཆུད་པར་བྱ་བ་ཡིན་པས། ཞེས་པ་ནས། ཟབ་མོ་རྣམ་པ་བརྒྱད་ཡུལ་གང་ལ་ཡིན་ཞེ་ན། སྐྱེ་བ་དང་ནི་འགག་པ་དང་། །ཞེས་སོགས་གསུངས་པའི་ཕྱིར་རོ། །སྨྲས་པ། སེམས་ཅན་མོས་པ་ཐ་དད་ཀྱིས། །དོན་དུ་གཉེར་བྱ་སྣ་ཚོགས་ཀྱང་། །ཟབ་དོན་རིགས་ཚུལ་འདི་ལྟ་བུར། །མོས་པ་དག་ལ་ཕན་འདོད་ཀྱིས། །ཟབ་མོ་རྣམ་པ་བརྒྱད་ཉིད་ལས། །སྐྱེ་འགག་ཟབ་པ་ལས་བརྩམས་པའི། །ཡུམ་དོན་ཅུང་ཟད་བཀྲ་བའི་དགེས། །རྫོགས་བྱང་ཟབ་མོ་མྱུར་ཐོབ་ཤོག །ཅེས་པ་འདིའང་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་དད་པ་ཁོ་ནས་སྦྱར་བའོ། །བཀྲ་ཤིས།། །།

སྐྱབས་འགྲོའི་དམིགས་རིམ་ཐར་པའི་སྒོ་འབྱེད།

སྐྱབས་འགྲོའི་དམིགས་རིམ་ཐར་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས།

ན་མོ་རཏྣ་ཏྲ་ཡཱ་ཡ། འདིར་སྐྱབས་འགྲོའི་ཉམས་ལེན་འཁྱེར་བདེ་ཞིག་འཆད་པ་ལ་གསུམ། སྐྱབས་སུ་སོང་བའི་དགོས་པ་དང་ཕན་ཡོན། སྐྱབས་སུ་འགྲོ་བའི་ཡུལ་དང་འགྲོ་ཚུལ། སྐྱབས་སུ་སོང་བའི་བསླབ་བྱའོ། །དང་པོ་ནི། རྒྱལ་བའི་བསྟན་པ་ལ་འཇུག་པའི་སྒོ་ནི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་ཡིན་པས། རྟེན་འདི་ཐོག་ནས་སྙིང་བོ་ལེན་པ་ལ་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པར་མ་ཟད་རང་ཉིད་ནང་བ་སངས་རྒྱས་པའི་གྲལ་དུ་ཚུད་པ་ལའང་དེ་ལ་སྐྱབས་སུ་འགྲོ་དགོས་ཤིང་། རང་གིས་བྱས་པའི་ཆོས་ནང་བའི་ཆོས་སུ་འགྲོ་བ་ལའང་དེ་ལ་སྐྱབས་སུ་འགྲོ་དགོས་པ་ཡིན་ནོ། །ཕན་ཡོན་ནི་ནང་བར་ཚུད་པ། སྡོམ་པ་བླངས་ན་སྐྱེ་བ། ལས་སྒྲིབ་འཛད་པ། ངན་སོང་ལས་ཐར་བ། ཚོགས་རྫོགས་པ། གནོད་པས་ཚུགས་དཀའ་བ། དོན་འགྲུབ་པ། འཚང་རྒྱ་བ་སོགས་ཀྱི་ཕན་ཡོན་ཆེན་པོ་རྣམས་འབྱུང་བར་མདོ་ལས་བཤད་པ་ལྟར་རོ། །གཉིས་པ་ལ། སྐྱབས་སུ་འགྲོ་བའི་ཡུལ་ནི། དཀོན་མཆོག་གསུམ་རྗེས་འབྲང་དང་བཅས་པ་ཡིན་གྱི། འཇིག་རྟེན་པའི་ལྷ་རྣམས་ལ་གནས་སྐབས་ཀྱི་རེ་བ་ཙམ་མ་གཏོགས། ཕུགས་ཀྱི་སྐྱབས་སུ་མི་འཛིན་ཏེ། འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་རྣམས་ཀྱིས་གནས་སྐབས་ཀྱི་རེ་བ་འགའ་རེ་བསྒྲུབ་ནུས་ཀྱང་། ཕྱི་མའི་དོན་བསྒྲུབ་མི་ནུས་པས་སོ། །དེས་ན་སངས་རྒྱས་རྣམས་སྐྱོན་ཟད་ཅིང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བས་གཞན་དོན་བྱེད་ནུས་པ་དང་བྱེད་པར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས་སྐྱབས་སུ་འོས་ཤིང་། ངེས་བསྟན་པའི་དམ་པའི་ཆོས་ཀྱང་སྐྱབས་སུ་འོས་ལ་དེ་སྒྲུབ་པའི་འཕགས་པའི་དགེ་འདུན་ཀྱང་སྐྱབས་སུ་འོས་པ་ཡིན་ཏེ། རྒྱས་པར་ནི་གཞན་དུ་ཤེས་དགོས་སོ། །སྐྱབས་སུ་འགྲོ་བའི་ཚུལ་ལ་གཉིས། བསམ་པ་དང་། ཆོ་གའོ། །དང་པོ་ལ་རང་ཉིད་གནས་སྐབས་ཀྱི་ནད་གདོན་ཞི་བའི་ཆེད་དུ་བསམས་ཏེ། སྐྱབས་སུ་འགྲོ་བ་དང་། ངན་སོང་ལས་ཐར་བའི་ཆེད་དུ་དམིགས་ཏེ་སྐྱབས་སུ་འགྲོ་བ་དང་། འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཆེད་དུ་དམིགས་ནས་སྐྱབས་སུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ངན་སོང་དང་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཆེད་དུ་དམིགས་ནས་སྐྱབས་སུ་འགྲོ་བ་རྣམས་སུ་ཡོད་ཅིང་། དེ་རྣམས་ལས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཁྱད་པར་དུ་འཕགས་སོ། །སྐྱབས་འགྲོའི་བསམ་པ་དངོས་ནི། སྡུག་བསྔལ་དེ་རྣམས་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་ངེས་སྙམ་དུ་སྙིང་ཐག་པ་ནས་རེ་བལྟོས་འཆའ་བ་ཡིན་ཞིང་། སྐྱིད་སྡུག་གང་བྱུང་ཡང་ཁྱེད་མཁྱེན་སྙམ་དུ་བློ་ལིངས་ཀྱིས་འགྲེལ་དགོས་པ་ཡིན་ནོ། །གཉིས་པ་ཆོ་ག་ལ་རྒྱས་བསྡུས་མི་འདྲ་བ་མང་པོ་ཞིག་ཡོད་ཀྱང་འདིར་འཇུག་པ་བདེ་བའི་ཆེད་དུ་བྱས་ན། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་ལ། །གསང་བ དེ་འཇིགས་སོགས་ཡི་དམ་ལྷ་ཚོགས་ཀྱིས། །ཡོངས་བསྐོར་མདུན་གྱི་ནམ་མཁར་སྐད་ཅིག་གིས། །སྤྱན་དྲངས་པདྨའི་གདན་ལ་བཞུགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེའི་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡོངས་དག་མཁྱེན་གྱུར་བའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཕྱོགས་བཅུའི་ཞིང་ཁམས་དག་ན་བཞུགས་པ་ཡི། །རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ། །སངས་རྒྱས་བྱང་སེམས་ཉན་རང་བསྟན་སྲུང་བཅས། །སྤྱན་འདྲེན་མདུན་གྱི་ནམ་མཁར་བཞུགས་སུ་གསོལ། །ཞེས་བརྗོད་དེ་རྡོ་རྗེ་འཆང་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ་དང་ཐུབ་པའི་དབང་བོ་བྱམས་འཇམ་དབྱངས་སྤྱན་རས་གཟིགས་ལ་སོགས་པའི་སྐྱབས་ཡུལ་རྣམས་དངོས་སུ་བྱོན་ནས་ནམ་མཁར་བཞུགས་པའི་མོས་པ་དུང་དུང་བྱ། སྐབས་འདིར་འདོད་ན་ཇི་སྙེད་སུ་དག་ནས། བྱང་ཆུབ་ཆེན་པོར་བསྔོ། ཞེས་པའི་བར་ཡན་ལག་བདུན་པ་བྱས་ཀྱང་ཆོག་ཅིང་། ཡང་ན་ༀ་གུ་རུ་སརྦ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ཨརྒྷི་ནས་སྤཪྴ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད་ཀྱང་རུང་། དེ་ནས་རང་གི་མ་སོགས་སེམས་ཅན་ཐམས་ཅད་ཀྱིས་རང་གི་མཐའ་བསྐོར་བར་བསམས་ཏེ་བྱས་ན་ཕན་ཡོན་ལྷག་པར་ཆེ་བས། དེ་རྣམས་དང་ལྷན་ཅིག་མགྲིན་གཅིག་ཏུ། །བདག་དང་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པའི་སྐྱབས་འགྲོ་བཞི་སྐོར་གཅིག་དང་གསུམ་ནས་བརྒྱ་སྟོང་གི་བར་ཅི་འགྲུབ་དང་མཇུག་ཏུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའི་སྐྱབས་འགྲོ་དྲུག་སྐོར་ཡང་ཅི་འགྲུབ་བྱ། དེ་ནས་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཁྱེད་རྣམས་ཀྱིས་བདག་ཅག་འཁོར་བ་དང་ངན་སོང་གི་འཇིགས་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྐྱོབ་ཏུ་གསོལ། དེའི་སླད་དུ་བདག་ཅག་ལ་བྱིན་གྱིས་རློབ་པར་མཛད་དུ་གསོལ། ཚེ་རབས་ཐམས་ཅད་དུའང་འབྲལ་བར་མེད་པར་རྗེས་སུ་བཟུང་དུ་གསོལ། ཞེས་ལན་གསུམ་བརྗོད། དེའི་ཚེ་སྐྱབས་གནས་རྣམས་ལས་འོད་ཟེར་གྱི་ཚོགས་བྱུང་ནས་རང་དང་སེམས་ཅན་ཐམས་ཅད་ལ་འཕོག་པས་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་སྦྱངས་ནས་དག་སོང་སྙམ་དུ་བསམ་པ་དང་མཐར་སྐྱབས་ཡུལ་རྣམས་ཀྱང་འོད་ཀྱི་རྣམ་པར་རང་དང་སེམས་ཅན་ཐམས་ཅད་ལ་ཐིམ་པས་བྱིན་གྱིས་བརླབས་སོང་སྙམ་པའི་མོས་པ་ཤུགས་ཅན་དུང་བ་ཞིག་བྱ། དེ་ནས་སྐྱབས་སུ་སོང་བའི་དགེ་རྩ་རྣམས་སེམས་ཅན་གྱི་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག་སྙམ་སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བྱ་སྟེ་སེམས་བསྐྱེད་པའང་ཡིན་ནོ། །སྐྱབས་འགྲོ་དང་སེམས་བསྐྱེད་བསྡུ་ན་དེ་ཡན་གྱིས་ཆོག་ཅིང་། ཐུན་དུ་བཅད་དེ་བྱས་ནའང་ཕུན་སུམ་ཚོགས་པར་འགྱུར་རོ། །སེམས་བསྐྱེད་ཅུང་རྒྱས་པར་བྱེད་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ་བྱས་ཏེ་འཇུག་སེམས་བླངས། དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ལྡན་ན་ཅི་མ་རུང་། ལྡན་པར་བདག་གིས་བྱའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །བྲལ་ན་ཅི་མ་རུང་བྲལ་བར་བདག་གིས་བྱའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །མི་བྲལ་ན་ཅི་མ་རུང་མ་བྲལ་བར་བདག་གིས་བྱའོ། །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །གནས་ན་ཅི་མ་རུང་། གནས་པར་བདག་གིས་བྱའོ། །ཞེས་པ་ལན་གསུམ་གྱིས་ཚད་མེད་བཞི་བསྒོམ། བསྡུ་ན་གྱུར་ཅིག་ཅེས་པ་ཡན་ཆད་སྤྱི་ལྟར་བྱས་ཀྱང་ཆོ་ག་སྐྱབས་འགྲོ་དེ་ལྟར་བྱེད་པ་ནི་ཆོ་ག་དང་བཅས་པའི་དབང་དུ་བྱས་པ་ཡིན་ལ། སྤྱིར་འགྲོ་འདུག་སོགས་ཀྱི་ཚེའང་དཀོན་མཆོག་མཁྱེན་སྙམ་པའི་བསམ་པ་ཤུགས་དྲག་ཡོད་ན་ཚིག་མ་བརྗོད་ཀྱང་སྐྱབས་འགྲོར་འགྱུར་བའང་ཡིན་ནོ། །གསུམ་པ་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་དེ་ཉིད་བསྟེན་ཅིང་འཇིག་རྟེན་པའི་ལྷ་འདྲེ་ལ་ཕུགས་ཀྱིས་སྐྱབས་སུ་མི་འཛིན། ཆོས་ལ་སྐྱབས་སུ་སོང་ནས་ཆོས་ཚིགས་བཅད་གཅིག་ཡན་ཆད་ལ་གུས་ཤིང་། སེམས་ཅན་ལ་གནོད་འཚེ་སྤོང་། དགེ་འདུན་ལ་སྐྱབས་སུ་སོང་ནས་རབ་བྱུང་གི་རྟགས་ཙམ་འཛིན་པ་ལའང་གུས་ཤིང་། མུ་སྟེགས་ཅན་ནམ། དེ་མིན་ཡང་དཀོན་མཆོག་ལ་མི་གུས་པ་ལ་སྙིང་གྲོགས་མི་བྱ་ཞིང་། སྐུ་གསུང་ཐུགས་ཀྱི་རྟེན་བཞེད་པ་དང་། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པར་བྱ་བ་སོགས་ལ་བསླབ་པར་བྱའོ། །སྦྱིན་བདག་གི་ནད་གདོན་ཞི་བ་སོགས་ཀྱི་དོན་དུ་དམིགས་ནས་སྐབས་འགྲོ་བྱས་ནའང་ཁྱད་ཆེ་ཞིང་། མདོར་ན་རང་གཞན་གང་གི་དོན་དུའང་སྐྱབས་འགྲོ་ནས་ཅུང་ཟད་རེ་ཁ་བསྒྱུར་བ་མ་གཏོགས། སྔར་ལྟར་བྱས་ནའང་ལེགས་པ་ཡིན་ནོ། །ཅེས་པ་འདིའང་སྔགས་འཆང་དད་ལྡན་ངག་དབང་རྡོ་རྗེ་ཞེས་བགྱི་བས་འདི་ལྟ་བུ་ཞིག་གྱིས་ཤིག་དང་ཁོ་བོས་པར་དུ་བརྐོ་བར་བྱའོ་ཞེས་ནན་ཏན་དུ་བྱས་ནས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བ་སྟེ། འདིས་ཀྱང་སེམས་ཅན་དུ་མ་ལ་ཕན་ཐོགས་པར་གྱུར་ཅིག །བཀྲ་ཤིས།། །།

ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་གསལ་བའི་སྒྲོན་མེ།

ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྟོན་པ་མཆོག་དང་དེ་སྲས་འཇམ་པའི་དབྱངས། །ཀླུ་སྒྲུབ་ཞབས་དང་ཟླ་གྲགས་ཨ་ཏི་ཤ། །རྒྱལ་བ་གཉིས་པ་ཡབ་སྲས་ལ་བཏུད་ནས། །དགོངས་དོན་ཟབ་མོའི་གནད་བསྡུས་འདིར་བཤད་བྱ། །དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ནས་རྗེ་ལ་འདི་ལྟར། སྤྱིར་ཆོས་ཀྱི་རྣམ་གྲངས་མང་ཡང་། ཐར་བའི་རྒྱུར་འགྲོ་བ་ནི་གསུམ་སྟེ། ངེས་འབྱུང་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བའོ། །ཞེས་སོགས་གདམས་པ་ལྟར། ཐར་འདོད་ཀྱི་སྐྱེས་བུས་ཉམས་སུ་བླང་བྱ་ལ་ཆོས་ཀྱི་དབྱེ་བ་མང་དུ་ཡོད་ནའང་དེ་གསུམ་ནི་ལམ་གྱི་གཙོ་བོ་སྟེ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་ཀྱང་འདི་གསུམ་གྱི་ཉམས་ལེན་དུ་འདུ་བར་བཤད་པའི་ཕྱིར་རོ། །དེས་ན་འདི་འཆད་པ་ལ་གསུམ། ངེས་འབྱུང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བའོ། །དང་པོ་ལ་གསུམ། ངེས་འབྱུང་འཚོལ་དགོས་ཚུལ། བསྐྱེད་པའི་ཐབས། སྐྱེས་པའི་ཚད་དོ། །དང་པོ་ནི། ཐར་འདོད་ཀྱི་སྐྱེས་བུས། ཐོག་མར་ངེས་འབྱུང་འཚོལ་དགོས་པ་ཡིན་ཏེ། འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བློ་རྒྱུད་ལ་མ་སྐྱེས་ན། འཁོར་བའི་ཟག་བཅས་ཀྱི་བདེ་བ་གཙོ་བོར་དོན་དུ་གཉེར་བར་བྱེད་པའི་བློ་མི་ལྡོག་ཅིང་དེ་མ་ལོག་པ་དེ་སྲིད་དུ་འཁོར་བའི་སྡུག་བསྔལ་མྱོང་བའང་ལྡོག་པར་མི་ནུས་ལ། འཁོར་བའི་བདེ་བ་ལ་ཆགས་པའི་སྲིད་པའི་ཞགས་པས་ཀྱང་འཁོར་བར་འཆིང་བར་བྱེད་པའི་ཕྱིར་ཏེ། རྗེ་བླ་མས། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ངེས་འབྱུང་བསྐྱེད་པའི་ཐབས་ལ་གཉིས། ཚེ་འདིའི་སྣང་ཤས་དང་། ཕྱི་མའི་སྣང་ཤས་ལྡོག་ཚུལ་ལོ། །དང་པོ་དེ་ལྡོག་ཚུལ་ཡོད་དེ། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཚང་བའི་མིའི་ལུས་རྟེན་ཁྱད་པར་ཅན་འདི་རྙེད་ཀྱང་། འཆི་བ་མི་རྟག་པའི་ཚུལ་ནི། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བ་སོགས་ཀྱིས་དུས་མིན་དུ་འཆི་བའང་ཡོད་པའི་ཕྱིར་ཚེའི་རིང་མཐའ་བཤད་པ་བཞིན་ཐུབ་པའི་ངེས་པ་ཡང་མེད་པས། ཡུན་རིང་དུ་རང་དབང་གིས་བསྡད་ནས་འདོད་དོན་བསྒྲུབ་པའི་ལོང་མེད་ལ། ཚེ་འདི་ཙམ་གྱི་ཆེད་དུ་སྡིག་པའི་ལས་བྱས་ན་ཤི་ཚེ་ཕྱི་མར་ངན་འགྲོར་སྐྱེས་ནས་སྡུག་བསྔལ་མི་བཟད་པ་མྱོང་བར་འགྱུར་དུ་འོང་སྙམ་པ་ཡང་ཡང་བསམས་ན། ཚེ་འདིའི་བདེ་བ་ཙམ་ལ་ཆགས་པའི་སྣང་ཤས་ལྡོག་པར་འགྱུར་བའི་ཕྱིར་ཏེ། དེ་ལྟར་ཡང་། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ཞེས་པ་སྟེ། འདི་ནི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་དབང་དུ་བྱས་པའོ། །གཉིས་པ་ཕྱི་མའི་སྣང་ཤས་ལྡོག་ཐབས་ཡོད་དེ། གྲོ་ནས་སོགས་སོ་སོར་བཏབ་པ་ལས་འབྲས་བུ་སོ་སོར་མ་ནོར་བར་འབྱུང་བ་ལྟར། རྒྱུ་དགེ་མི་དགེ་གཉིས་ལས་འབྲས་བུ་བདེ་སྡུག་མ་ནོར་བར་འབྱུང་གི །ནོར་ནས་མི་འབྱུང་བའི་ལས་འབྲས་མི་སླུ་བའི་ཚུལ་གྱིས། ཐོག་མ་མེད་པ་ནས་ད་ལྟའི་བར་རིགས་དྲུག་གི་ཁོར་བར་བདེ་སྡུག་སྣ་ཚོགས་མྱོང་ཞིང་། གལ་ཏེ་ངན་སོང་དུ་མ་སྐྱེས་ཀྱང་འཁོར་བ་ལས་མཐར་ཕྱིན་ཆད། བདེ་འགྲོར་སྐྱེས་ནའང་བདེ་སྡུག་སྤེལ་མར་མྱོང་དགོས་པའི་ཚུལ་ཡང་ཡང་བསམས་ན། ཕྱི་མའི་མངོན་མཐོའི་བདེ་བ་ཙམ་ལ་ཆགས་པའི་སྣང་ཤས་ཀྱང་ལྡོག་པར་འགྱུར་བའི་ཕྱིར་ཏེ། དེ་ལྟར་ཡང་། ལས་འབྲས་མི་སླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམས་ན་ཕྱི་མའི་སྣང་ཤས་ལྡོག །ཅེས་སོ། །གསུམ་པ་ནི། འདིར་བསྟན་པའི་ངེས་འབྱུང་སྐྱེས་པའི་ཚད་ཡོད་དེ། འཁོར་བ་སྤྱི་དང་བྱེ་བྲག་དམྱལ་བའི་སྡུག་བསྔལ་སོགས་རང་རྒྱུད་ཀྱི་སྟེང་དུ་བཀར་ཏེ་བསམས་ཤིང་གོམས་པར་བྱས་པ་ཉིད་ཀྱིས་ནམ་ཞིག་གི་ཚེ་འཁོར་བའི་ཕུན་ཚོགས་གང་ལའང་། དེ་ལྟ་བུ་བདག་ལ་བྱུང་ན་སྙམ་པའི་བློ་ཆེར་མི་སྐྱེ་ཞིང་། ཉིན་མཚན་ཀུན་དུ་སྡུག་ཀུན་གཉིས་སྤངས་པའི་ཐར་བ་དོན་གཉེར་གྱི་བློ་རྩོལ་མེད་དུ་སྐྱེ་བ་དེའི་ཚེ། ལམ་གྱི་ངོ་བོར་གྱུར་བའི་ངེས་འབྱུང་རྣམ་དག་རྒྱུད་ལ་སྐྱེས་པར་འཇོག་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། དེ་ལྟར་གོམས་པས་སྲིད་པའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་བ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་སོ། །འདི་ནི་སམ་༼ལམ༽ གྱི་ངེས་འབྱུང་ཁྱད་པར་ཅན་ལ་དགོངས་པ་སྟེ། གཞན་དུ་ན། ལམ་རིམ་ཆུང་བ་ལས། དེ་ལྟར་སྡུག་ཀུན་གཉིས་ཀྱི་སྒོ་ནས་འཁོར་བའི་མཚན་ཉིད་ཞིབ་ཏུ་ཤེས་པར་བྱས་པ་ན་དེ་འདོར་འདོད་པ་དང་། དེ་རྣམས་ཉེ་བར་ཞི་བ་ལ་ཐོབ་འདོད་བྱུང་བ་ཙམ་ནས་ངེས་འབྱུང་གི་བསམ་པ་ཡིན་མོད། ཞེས་གསུངས་པ་ལྟར་གོ་དགོས་ལ། འདུལ་བའི་སྐབས་སུ་སོ་ཐར་གྱི་སྡོམ་པའི་རྒྱུར་ངེས་འབྱུང་དགོས་པར་བཤད་པའི་དོན་ལ། མཁན་སློབ་ཀྱིས་འཁོར་བའི་ཉེས་དམིགས་དང་ཐར་བའི་ཕན་ཡོན་ལེགས་པར་བརྡ་སྤྲད་པ་ན། གང་ཟག་དེ་ལ་འཁོར་བ་སྤོང་འདོད་དང་། ཐར་བ་ཐོབ་འདོད་ཀྱི་བློའམ་གོ་བ་བརྟན་པོ་ཞིག་སྐྱེས་པས་ཀྱང་། ངེས་འབྱུང་དུ་འགྲོ་བར་བཤད་པ་ཡོད་པས། ངེས་འབྱུང་ལ་གཙོ་ཕལ་གྱི་ཁྱད་པར་ཡང་ཡོད་པ་མངོན་ནོ། །དེས་ན། འཁོར་བ་སྤྱིའི་སྡུག་བསྔལ་ལས་ཐར་འདོད་ཀྱི་བསམ་པ་ནམ་སྐྱེས་པ་ན་དེ་ལ་ངེས་འབྱུང་སྐྱེས་ཀྱང་། བྱེ་བྲག་རྒྱལ་བོའམ་ནད་གདོན་དགྲ་སོགས་ཀྱིས་གཙེས་པའི་ཚེ། དེ་ལས་ཐར་འདོད་སྐྱེས་པ་ཙམ་གྱིས་ནི་མི་ཆོག་གོ། །འོན་ཀྱང་དེས་རྐྱེན་བྱས་ནས་ངེས་འབྱུང་རྣམ་དག་ནི་སྐྱེ་བ་ཡོད་པར་གསལ་ཏེ། དཔེར་ན། ཀུན་དགའ་བོའི་ཚ་བོ་གཉིས་བཞིན་ནོ། །སྣང་ཤས་ཀྱིས་དབང་དུ་སོང་སྟེ་དགེ་བ་བྱས་པ་རྣམས་འཁོར་བ་མ་གཏོགས། ཐར་བའི་རྒྱུར་མི་འགྲོ་བར་བཤད་པའི་ཕྱིར་ན། ངེས་འབྱུང་གི་བསམ་པས་མ་ཟིན་པར། མདོ་སྔགས་ཀྱི་ཆོས་གང་ལ་ཉམས་ལེན་བྱས་ནའང་མངོན་མཐོའི་རྒྱུ་ཙམ་མ་གཏོགས། སངས་རྒྱས་ལྟ་ཅི་ཐར་བའི་རྒྱུར་ཡང་འགྲོ་དཀའ་བས་འདི་ལ་འབད་པ་གནད་ཆེ་བར་སེམས་ཏེ། འདི་དག་ནི་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་དབང་དུ་བྱས་པའོ། །གཉིས་པ་བྱང་ཆུབ་ཀྱི་སེམས་བཤད་པ་ལ་གཉིས། སེམས་བསྐྱེད་དགོས་པའི་རྒྱུ་མཚན། བསྐྱེད་ཚུལ་དངོས་སོ། །དང་པོ་ནི། ཀུན་མཁྱེན་དོན་དུ་གཉེར་བར་འདོད་པའི་སྐྱེས་བུས། བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་ཏེ། གོང་དུ་བརྗོད་པ་ལྟར་ངེས་འབྱུང་སྐྱེས་ཀྱང་། དེ་དང་དེས་ཟིན་པའི་སྦྱིན་སོགས་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན། ཐར་བའི་རྒྱུར་འགྲོ་ཡང་སངས་རྒྱས་སྒྲུབ་བྱེད་ཀྱི་རྒྱུ་ཁྱད་པར་ཅན་དུ་མི་འགྱུར་བའི་ཕྱིར་ཏེ། དེ་ལྟར་ཡང་། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་དང་ལྡན་པས་བྱང་ཆུབ་སེམས་མཆོག་བསྐྱེད། །ཅེས་སོ། །གཞན་ཡང་། སངས་རྒྱས་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་ཏེ། བྱང་ཆུབ་ཀྱི་སེམས་ནི། སངས་རྒྱས་ཐོབ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་ཏེ། དཔེར་ན། ནས་ཀྱི་ས་བོན་ནི། །དེའི་ཐུན་མོང་མ་ཡིན་པའི་རྒྱུ་དང་། ཕ་ནི་བུའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པ་བཞིན་ནོ། །དེ་ཡང་ཡིན་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་སོགས་ཕལ་ཆེར་ནི། ཐེག་པ་གསུམ་པོ་གང་གི་བྱང་ཆུབ་དོན་གཉེར་གྱི་བསམ་པས་ཟིན་ན། དེ་དང་དེའི་བྱང་ཆུབ་ཏུ་འཁྲིད་པར་བྱེད་ཀྱང་། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བགྲོད་པའི་རྒྱུར་འགྱུར་གྱི། གཞན་དུ་མི་འགྱུར་བའི་ཕྱིར་རོ། །ཐེག་ཆེན་པར་འགྱུར་བ་ལ་སེམས་འདི་བསྐྱེད་དགོས་ཏེ། འདི་ཐེག་པ་ཆེན་པོར་འཇུག་པའི་སྒོ་ཡིན་པའི་ཕྱིར་ཏེ། འདི་རྒྱུད་ལ་སྐྱེས་ན་ཡོན་ཏན་གཞན་གང་ཡང་མེད་ཀྱང་ཐེག་ཆེན་པར་འཇོག་ལ། འདི་མ་སྐྱེས་ན་ཡོན་ཏན་གཞན་ཅི་འདྲ་ཞིག་ཡོད་ཀྱང་ཐེག་ཆེན་པར་མི་འགྱུར་བའི་ཕྱིར་ཏེ། ཐེག་ཆེན་པ་ཡིན་མིན་སེམས་འདི་བསྐྱེད་མ་བསྐྱེད་ཀྱི་སྒོ་ནས་འཇོག་པའི་ཕྱིར་ཏེ། དེ་ལྟར་ལམ་རིམ་ཆེ་ཆུང་སོགས་ནས་གསུངས་པའི་ཕྱིར་རོ། །ནམ་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེས་པ་དེའི་ཚེ། ཡོན་ཏན་གཞན་ཡོད་དམ་མེད་ཀྱང་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་དོན་མཐུན་ཐོབ་ཅིང་། ལྷ་དང་བཅས་པའི་འགྲོ་བའི་ཕྱག་བྱ་བའི་གནས་སུ་འགྱུར་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བརྩོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་སོ། །གཞན་ཡང་སེམས་འདིས་སྡིག་པ་སྟོབས་ཆེ་བའང་ཟིལ་གྱིས་གནོན་ནུས་པ་ཡིན་ཏེ། སྤྱོད་འཇུག་ལས། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཞེས་པ་དང་། དེ་བཞིན་དུ་སྡོང་པོ་བཀོད་པའི་མདོ་སོགས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ཕན་ཡོན་མཐའ་ཡས་པ་ཞིག་གསུངས་སོ། །གཉིས་པ་སེམས་བསྐྱེད་པའི་ཚུལ་ཡོད་དེ། ཕན་ཡོན་དེ་ལྟར་མཐོང་བའི་སྐྱེས་བུ་དེས། རང་ཉིད་འཁོར་བར་འཁྱམས་ཚུལ་བསམས་ཏེ། ཀྱེ་མ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བརྒྱུད་དེ་མར་གྱུར་ནས་ཡང་ཡང་དྲིན་གྱིས་བསྐྱངས་པའི་འགྲོ་བ་འདི་དག་ཀྱང་སྐྱེ་རྒ་ན་འཆིའི་ཆུ་བོ་བཞིས་འཁོར་བའི་རྒྱ་མཚོར་ནི་ཁྱེར། ལས་དཀར་ནག་གི་ཞགས་པས་ནི་དམ་དུ་བཅིངས། བདག་འཛིན་གྱི་ལྕགས་ཀྱི་དྲ་བའི་སྦུབས་སུ་ནི་རབ་ཏུ་ཆུད། མ་རིག་པའི་མུན་པའི་སྨག་ཆེན་ནི་མུན་ལྟར་འཐིབས་པའི་འཁོར་བའི་གནས་སུ་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་རྒྱུན་ཆད་མེད་པར་མནར་བའོ་སྙམ་དུ་བསམས་ནས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། དེ་རྣམས་སྡུག་བསྔལ་ལས་སྒྲོལ་བའི་ཆེད་དུ་བདག་ཉིད་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་། ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བཅིངས། །བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཆུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི། །ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་བར་མཛོད། །ཅེས་སོ། །སེམས་འདི་སྐྱེ་བའི་རྒྱུ་རྐྱེན་ལ་སྤྱིར་མང་དུ་ཡོད་ཀྱང་། སྦྱོང་ཚུལ་རྣམ་པ་གཉིས་བཤད་དེ། དེ་ཡང་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་སྦྱོང་ཚུལ་ལོ། །འདི་གཉིས་ཀྱི་དོན་བསྡུ་ན། དང་པོ་ནི་འདི་ལྟར་བྱ་སྟེ། སེམས་ཅན་ཐམས་ཅད་སྔོན་རང་གི་མ་བྱེད་མྱོང་བ་ཤ་སྟག་ཡིན་པས་དེ་རྣམས་མར་ཤེས་པ་དང་། དེས་དྲིན་གྱིས་བསྐྱངས་པས་དྲིན་དྲན་པ་དང་། ལན་དུ་ཕན་འདོགས་དགོས་པས་དྲིན་གཟོ་བ་དང་། དེ་ཡང་བདེ་བ་ལ་འགོད་དགོས་པས་བདེ་བ་དང་ལྡན་ན་དང་ལྡན་པར་གྱུར་ཅིག་སྙམ་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་ན་དང་བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང་། དེ་ཡང་བདག་ཉིད་ཀྱིས་ངེས་པར་ཁུར་དུ་བླངས་ནས་བྱའོ་སྙམ་པའི་ལྷག་བསམ་རྣམ་དག་དང་དྲུག་གིས་འབྲས་བུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ཡང་འདི་ལྟར་བྱ་སྟེ། སྙིང་ཐག་པ་ནས་བདག་གི་བདེ་དགེ་ཐམས་ཅད་སྣ་བུག་གི་རླུང་དང་འགྲོགས་ནས་སེམས་ཅན་ཐམས་ཅད་ལ་ཕར་གཏོང་བ་དང་། དེ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཐབས་དེས་རང་ལ་ཚུར་ལེན་པའི་དམིགས་པ་ཡང་ཡང་བྱས་པའི་སྒོ་ནས། དེ་དག་གི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ནི་བྱམས་པ་དང་སྙིང་རྗེའི་སྒོ་ནས་སྦྱོང་ཚུལ་ཡིན་ཏེ། རང་གི་བདེ་དགེ་གཞན་ལ་གཏོང་བ་ནི་བྱམས་པ་དང་། གཞན་གྱི་སྡུག་བསྔལ་རང་ལ་ལེན་པ་ནི་སྙིང་རྗེའི་སྒོ་ནས་སྦྱོང་ཚུལ་ཡིན་པའི་ཕྱིར། འོན་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་མེད་དུ་མི་རུང་བའི་རྒྱུའི་གཙོ་བོ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོ་ཡིན་ཏེ། འདི་མེད་ན་བྱང་ཆུབ་ཀྱི་སེམས་སྐྱེ་མི་སྲིད་པར་ངེས་ལ། དེ་ལྟ་བུའི་སྙིང་རྗེས་ཀུན་ནས་བསླངས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་རང་གི་ངང་གིས་སྐྱེ་བ་ཡོད་ན། གཞན་མ་ཚང་ཡང་བྱང་ཆུབ་ཀྱི་སེམས་སྐྱེས་པའམ། མྱུར་དུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་གང་རུང་ཞིག་ཡིན་པར་ངེས་པའི་ཕྱིར་རོ། །ཐེག་ཆེན་སེམས་བསྐྱེད་ལ་ནི་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་པ་ཡང་། སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ཉིད་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་ནས་དོན་དུ་གཉེར་དགོས་པའི་དོན་ཡིན་གྱི། སེམས་ཅན་གཞན་ལ་ཅུང་ཟད་ཀྱང་མི་གནོད་པར་འདུག་པ་ཙམ་གྱིས་ནི་མི་ཆོག་པའི་ཕྱིར་ཏེ། གཞན་ལ་མི་འཚེ་བ་ནི་ཐེག་པ་དམན་པ་ལའང་ཡོད་པའི་ཕྱིར་རོ། །དེས་ན་ཁ་ཅིག་ཞི་དུལ་གནས་པ་ཙམ་ལ་བྱང་ཆུབ་སེམས་དཔའོ་སྙམ་པ་ནི་ཆེར་འཁྲུལ་ལོ། །སྔར་བཤད་པའི་བྱམས་སྙིང་རྗེ་གཉིས་སེམས་བསྐྱེད་ཀྱི་རྒྱུར་འགྲོ་བར་མ་ཟད། དེ་གཉིས་ཀའང་ཕན་ཡོན་གཞན་མཐའ་ཡས་པ་ཞིག་མདོ་ལས་གསུངས་པ་མཐོང་བ་ལས་ན། དེའི་སྒོ་ནས་སེམས་བསྐྱེད་པ་ལ་འབད་པར་བྱ་སྟེ། འདི་དག་ནི་སྐྱེས་བུ་ཆེན་པོའི་དབང་དུ་བྱས་པའོ། །གསུམ་པ་ཡང་དག་པའི་ལྟ་བ་བཤད་པ་ལ་གཉིས། གཞུང་གི་དོན་དང་སྦྱར་བ། དེ་ལས་འཕྲོས་པའི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ལྔ། ལྟ་བ་འཚོལ་དགོས་ཚུལ། སྟོང་བ་རྟེན་འབྲེལ་གྱི་དོན་དུ་རྟོགས་ན་རྒྱལ་བ་དགྱེས་པར་བསྟན་པ། སྣང་སྟོང་ངོ་བོ་ཐ་དད་དུ་འཛིན་མི་རིགས་པར་བསྟན་པ། ལྟ་བའི་དཔྱད་པ་རྫོགས་ཚད། ཐལ་འགྱུར་བའི་ལྟ་བའི་ཁྱད་ཆོས་སོ། །དང་པོ་ནི། ཐར་འདོད་ཀྱི་སྐྱེས་བུས་སྟོང་ཉིད་རྟོགས་པའི་ལྟ་བ་འཚོལ་དགོས་པ་ཡིན་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་རྒྱུད་ལ་མ་སྐྱེས་ན། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་ཅི་ཙམ་གོམས་པར་བྱས་ཀྱང་། འཁོར་བའི་རྩ་བ་མ་རིག་པ་སྤོང་བར་མི་ནུས་པའི་ཕྱིར་ཏེ། དེ་ལྟར་ཡང་། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་གསུངས་ཤིང་། དེ་བཞིན་དུ། རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་དང་། དཀོན་བརྩེགས། ཕལ་ཆེན། མདོ་མང་སོགས་དང་། དགོངས་འགྲེལ་གྱི་བསྟན་བཅོས་དུ་མ་ལས་ཀྱང་། སྟོང་ཉིད་རྟོགས་དགོས་པའི་རྒྱུ་མཚན་དང་རྟོགས་པ་ལ་ཕན་ཡོན་མཐའ་ཡས་པ་ཞིག་གསུངས་པ་མཐོང་བའི་ཕྱིར་རོ། །གཉིས་པ་ནི། སྤྱིར་ལྟ་བའི་རྣམ་གྲངས་མང་ཡང་། ལྟ་བ་གང་ལ་ཞུགས་ན་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས་པར་འཇོག་ཚུལ་ཡོད་དེ། འཁོར་འདས་ཀྱི་ཆོས་རྣམས་ཀྱི་ཐོབ་བྱ་ཐོབ་བྱེད་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ནམ་ཡང་མི་སླུ་བར་མཐོང་ཞིང་། དེ་དག་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་བཏགས་དོན་བཙལ་བའི་ཚེ། བདེན་འཛིན་ལྷན་སྐྱེས་ཀྱིས་བཟུང་བ་ལྟར་གྱི་དམིགས་པའི་གཏད་སོ་མེད་པར་རྟོགས་པ་ན། གང་ཟག་དེ་ནི་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས་པར་འཇོག་རིགས་པའི་ཕྱིར་ཏེ། དེ་ལྟར་ཡང་། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་སླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས། །ཞེས་སོ། །གསུམ་པ་ནི། སྣང་བ་རྟེན་འབྲེལ་དང་སྟོང་བ་དེའི་རང་བཞིན་མེད་པ་གཉིས་ངོ་བོ་ཐ་དད་པར་འཛིན་མི་རིགས་ཏེ། ཕྱིའི་མྱུ་གུ་སོགས་དང་ནང་གི་བདེ་སྡུག་སོགས་རང་རང་གི་རྒྱུ་རྐྱེན་དང་འདོགས་བྱེད་ཀྱི་རྟོག་པ་ལ་བརྟེན་ནས་ཅུང་ཟད་ཀྱང་མི་འཆོལ་བར་འབྱུང་བའི་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་རྣམས་སླུ་བ་མེད་པ་ལ་ངེས་ཤེས་གཏིང་ནས་འདྲོངས་པ་དང་། དེ་དག་བཏགས་དོན་ཇི་ལྟར་ཡིན་བཙལ་བའི་ཚེ་རྙེད་རྒྱུ་རྡུལ་ཙམ་ཡང་མེད་པའི་སྟོང་བར་ངེས་ནས། སྣང་སྟོང་དེ་གཉིས་ངོ་བོ་ཐ་དད་ཀྱི་བདེན་གྲུབ་བམ་རིགས་ཤེས་ཀྱི་དཔྱད་བཟོད་དུ་གྲུབ་པར་ཁས་ལེན་དགོས་པ་མ་ཡིན་ཡང་། དེ་ལྟར་མ་གོ་བར་དེ་གཉིས་གཞི་གཅིག་གི་སྟེང་དུ་གཉིས་ཚོགས་སུ་འདུར་མི་རུང་བའི་འགལ་བར་འདོད་པ་དེ་སྲིད་དུ། ད་དུང་ཐུབ་པའི་དགོངས་པ་ལེགས་པར་རྟོགས་ཞེས་འཇོག་ཏུ་མི་རུང་བའི་ཕྱིར་ཏེ། དེ་སྐད་དུ་ཡང་། སྣང་བ་རྟེན་འབྲེལ་སླུ་བ་མེད་པ་དང་། །སྟོང་བ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ཅེས་སོ། །དེ་འདྲ་བའི་སྣང་སྟོང་གཉིས་ངོ་བོ་གཅིག་ཡིན་ཏེ། ཆོས་རྣམས་རང་བཞིན་གྱིས་སྟོང་པ་ལ་བྱ་བྱེད་ཐམས་ཅད་འཐད་པར་བཞག་ཆོག་པའི་ཕྱིར་ཏེ། རྟེན་འབྲེལ་གང་ཡིན་རང་བཞིན་གྱིས་སྟོང་ཞིང་། རང་བཞིན་གྱིས་སྟོང་བའི་ཆོས་རྣམས་ནི་བརྟེན་ནས་འབྱུང་བའི་ཕྱིར་ཏེ། རྩ་ཤེ་ལས། གང་ལ་སྟོང་བ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་བ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་བ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྣང་སྟོང་དེ་གཉིས་གཞི་གཅིག་གི་སྟེང་དུ་མི་འགལ་བར་ངོ་བོ་གཅིག་ཏུ་འཇོག་ནུས་པའི་དཔེ་ཡོད་དེ། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་གང་དུ་སྣང་བ་དང་དེས་སྟོང་བ་གཉིས་ངོ་བོ་གཅིག་ཏུ་མི་འགལ་བ་བཞིན་ནོ། །བཞི་བ་ནི། འོ་ན་དུས་གང་གི་ཚེ་རྙེད་ཅེ་ན། ཐལ་འགྱུར་བའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བའི་དཔྱད་པ་རྫོགས་ནས་རྒྱལ་བའི་དགོངས་པ་རྙེད་ཚད་ཡོད་དེ། རིགས་པ་ཡང་དག་གིས་དཔྱད་པ་ན། དུས་ནམ་ཞིག་གི་ཚེ་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བའི་བྱ་བྱེད་ནམ་ཡང་མི་སླུ་བར་བློ་ཡུལ་དུ་འཆར་བ་དང་། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྟོང་སང་ངེ་བ་གཉིས་ལས། གཅིག་འཇོག་ཐུབ་པའི་ཚེ་ཅིག་ཤོས་འཇོག་མི་བདེ་བ་ལྟ་བུ་རེས་འཇོག་མི་དགོས་པར། རྒྱུ་ལས་འབྲས་བུ་འབྱུང་བའི་རྟེན་འབྲེལ་མི་སླུ་བའི་དོན་མཐོང་བ་ཙམ་ཉིད་ནས་དེའི་བྱེད་པས། བདེན་འཛིན་གྱིས་བཟུང་བ་ལྟར་གྱི་ཞེན་ཡུལ་མེད་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ་བློ་ཡུལ་དུ་མི་བདེ་བ་མེད་པའི་གོ་བ་ཆགས་པ་ན། ལྟ་བ་དེ་ལ་ཐོས་བསམ་གྱི་དཔྱད་པ་རྫོགས་ནས་ཐུབ་པའི་དགོངས་པ་རྙེད་པར་འཇོག་རིགས་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་སླུ་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་སོ། །ཚུལ་འདི་ལྟར་རྙེད་པར་ཤིན་ཏུ་དཀའ་སྟེ། ལམ་རིམ་ཆུང་བ་ལས། དཀའ་ས་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་མ་ལུས་པར་ཁེགས་པ་དང་། རང་བཞིན་མེད་པའི་གང་ཟག་ལ་སོགས་པ་དེ་ཉིད་ལས་སོག་པ་པོ་དང་འབྲས་བུ་མྱོང་བ་པོར་འཇོག་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ། དེ་རྣམས་སུ་འཇོག་ཐུབ་པའི་གཉིས་ཚོགས་དེ་སྲིད་མཐའ་ཙམ་དུ་སོང་བས་དབུ་མའི་ལྟ་བ་རྙེད་པར་དཀའ་བ་ཡིན་ནོ། །ཞེས་གསུངས་པས་སོ། །འདི་ལྟར་རྙེད་ན་ངོ་མཚར་ཤིན་ཏུ་ཆེ་བ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་བ་འདི་ཤེས་ནས། ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་པའི་ཕྱིར་རོ། །ལྔ་བ་ནི། གཞན་ཡང་། ཐལ་འགྱུར་བའི་ལྟ་བའི་ཁྱད་ཆོས་ཡོད་དེ། སྤྱིར་སྣང་བས་མེད་མཐའ་དང་སྟོང་བས་ཡོད་མཐའ་སེལ་ཡང་། འདིར་དེ་ལས་ལྡོག་སྟེ་སྣང་བ་རྟེན་འབྲེལ་གྱི་དོན་གོ་ན་ཐ་སྙད་ཙམ་དུ་ཡོད་ཀྱི་བདེན་གྲུབ་ཏུ་མེད་པར་ཤེས་ནུས་པས་རྟག་མཐའ་སེལ་བ་དང་། རང་བཞིན་གྱིས་སྟོང་བར་ངེས་ན་བདེན་གྲུབ་ཏུ་མེད་ཀྱི། ཐ་སྙད་དུ་མེད་པ་མ་ཡིན་པར་ཤེས་ནུས་པས་ཆད་མཐའ་སེལ་ཞིང་། རང་བཞིན་གྱིས་སྟོང་བའི་རྒྱུ་ཉིད་ལ་བལྟོས་ནས་འབྲས་བུ་དང་། འབྲས་བུ་ལ་བལྟོས་ནས་རྒྱུར་འཇོག་པའི་རྒྱུ་འབྲས་ཀྱི་འཆར་ཚུལ་ལེགས་པར་ཤེས་པ་ཉིད་ཀྱིས་རྟག་ཆད་ཀྱི་ལྟ་བ་ངན་པའི་དབང་དུ་མི་འགྱུར་བའི་ཕྱིར་ཏེ། དེ་ལྟར་དུའང་། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་བས་མེད་མཐའ་སེལ་ཞིང་སྟོང་བ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །འདི་དག་ནི་སྐྱེས་བུ་ཆེ་འབྲིང་དང་ཐུན་མོང་བའི་ལམ་གྱི་དབང་དུ་བྱས་པ་སྟེ། ཇི་སྐད་བཤད་པ་རྣམས་ནི་རྗེ་ཉིད་ཀྱིས་ལམ་གྱི་གཙོ་བོ་རྣམ་གསུམ་བསྟན་པ་ལས་འབྱུང་བའི་དོན་གྱི་དངོས་གཞི་བསྡུས་ནས་བཤད་པ་ཡིན་ནོ། །གཉིས་པ་འཕྲོས་དོན་བཤད་པ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་ནས། མདུན་གྱི་ནམ་མཁའི་དབྱིངས་སུ་སེང་གེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རལ་གྲི་དང་། གཡོན་གླེགས་བམ་འཛིན་པ། རལ་བའི་ཐོར་ཚུགས་ཅན། དར་གྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རྗེ་བཙུན་བཙོང་ཁ་བ་ཆེན་པོ་དང་དབྱེར་མི་ཕྱེད་པའི་བདག་ཉིད་དུ་གྱུར། དེའི་མཐའ་སྐོར་དུ་རྩ་བརྒྱུད་ཀྱི་བླ་མ། སངས་རྒྱས་བྱང་སེམས། ཉན་རང་། སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རྗེ་བཙུན་འཇམ་པའི་དབྱངས་ལ་བླ་མ་སངས་རྒྱས་བྱང་སེམས་སོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར་བར་བསམ་ལ། ཕྱག་འཚལ་ཅི་རིགས་དང་། ཁྱད་པར་མཁྱེན་སྲིད་མར་འབྱུང་བ་དང་། བསྡུ་ན། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་། མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་མམ་བདུན་སོགས་དང་། བདག་གཞན་ལུས་ངག་ཡིད་གསུམ་སོགས་མཎྜལ་ཅི་རིགས་ཕུལ་ནས། སྡིག་ལྟུང་ཉེས་པའི་ཚོགས་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ་འཆགས་སོ། །རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱིས་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ། དགེ་བའི་རྩ་བ་ཐམས་ཅད་ཀྱང་སངས་རྒྱས་འགྲུབ་པ་དང་ཁྱད་པར་སྟོང་ཉིད་རྟོགས་པའི་ལྟ་བ་རྣམ་དག་རྒྱུད་ལ་སྐྱེ་བའི་ཕྱིར་བསྔོ་བར་བྱའོ། །ཞེས་ཡན་ལག་བདུན་པ་རྒྱས་བསྡུས་ཅི་རིགས་བྱ། དེ་ནས་གསོལ་འདེབས་གཞན་བྱེད་དམ། མ་བྱས་ཀྱང་རུང་། བསྡུ་ན། མགོན་པོ་འཇམ་པའི་དབྱངས་ལ་སོགས་པའི་སྐྱབས་གནས་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་ལ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་དང་། ཁྱད་པར་དུ་ལྟ་བ་རྣམ་པར་དག་པ་མྱུར་དུ་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ། ཞེས་ཉེར་གཅིག་སོགས་ཀྱིས་གསོལ་བ་དྲག་ཏུ་གདབ། མཐར་སྐྱབས་གནས་གཞན་ཐམས་ཅད་རྗེ་བཙུན་དང་། དེ་ཉིད་རང་ལ་ཐིམ་པས་རང་ཉིད་ཀྱང་རྗེ་བཙུན་དུ་གྱུར་བར་བསམ་མོ། །དེ་ནས་དལ་འབྱོར་སྙིང་བོ་ལེན་པའི་སྐོར་སོགས་རྒྱས་པར་བསམས་ཀྱང་ལེགས་པར་བཤད་མོད། འདིར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་སྙིང་བོར་དྲིལ་ཏེ། བསྡུ་ན་འདི་ལྟར་བསམ་པར་བྱ་སྟེ། དེ་ཡང་དང་པོར་ལུས་རྟེན་འདི་རྙེད་ཀྱང་། འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་པ་སོགས་འཆི་བ་མི་རྟག་པའི་ཚུལ་དང་། ཤི་ནས་ཀྱང་མི་དགེ་བའི་ལས་ཀྱི་དབང་གིས་ངན་འགྲོར་སྐྱེས་ནས་སྡུག་བསྔལ་མྱོང་དགོས་པའི་ཚུལ་རྣམས་ཅི་ལྟར་རིགས་པར་བསམས་ཏེ་ཚེ་འདི་ཙམ་གྱི་བདེ་བ་ལ་ཆགས་པའི་བློ་ཅི་ལྡོག་བྱ། དེ་ནས་གལ་ཏེ་དགེ་བའི་ལས་ཀྱི་དབང་གིས་བདེ་འགྲོར་སྐྱེས་ནའང་འཁོར་བ་ལས་མཐར་ཕྱིན། སྡུག་བསྔལ་མྱོང་བ་ལས་མ་འདས་པའི་ཚུལ་དང་། འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་མདོར་བསྡུས་རེ་བསམས་ནས་ཕྱི་མའི་མངོན་མཐོའི་བདེ་བ་ཙམ་ལ་ཆགས་པའི་བློ་དང་། འཁོར་བ་སྤྱི་ལས་བློ་ཅི་ལྡོག་དང་། ཐར་བ་དོན་གཉེར་གྱི་བློ་ཅི་སྐྱེ་བྱ། དེ་ནས་རང་ཉིད་སྡུག་བསྔལ་གྱིས་ཇི་ལྟར་གཟིར་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་ལྟར་ཡིན་པར་བལྟས་ནས་རང་དོན་ཙམ་གཙོ་བོར་བྱེད་པའི་བློ་འགོག་ཅིང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གྱི་དམིགས་རྣམ་དྲན་པར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བློ་བརྟན་པོ་ཞིག་གམ། ཐ་ནའང་ཚིག་ཙམ་ཞིག་ལན་མང་དུ་བརྗོད་པའི་སྒོ་ནས་བཅོས་མའི་ཚུལ་གྱིས་ཀྱང་བསྐྱེད་པར་བྱས་ན་ཕན་ཡོན་ཆེ་བར་རྗེ་ཉིད་ཀྱིས་བཤད། དེ་ནས་བསམ་པ་དེས་ཟིན་པར་བྱས་ཏེ་ཡང་དག་པའི་ལྟ་བ་ལ་ཇི་ལྟར་ནུས་བཞིན་འཇུག་པར་བྱའོ་སྙམ་ནས་འཆད་འགྱུར་ལྟར་བསམ་མོ། །གཉིས་པ་ལ་གཉིས། གཏན་ལ་ཕབ་ནས་བསྒོམ་ཚུལ་དང་། ལུགས་འདིའི་ཐ་སྙད་ཀྱི་རྣམ་གཞག་འཇོག་ཚུལ་ལོ། །དང་པོ་ལ་གཉིས། མཉམ་གཞག་དང་། རྗེས་ཐོབ་ཏུ་སྐྱོང་ཚུལ་ལོ། །དང་པོ་ལ་གཉིས། གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་བསྒོམ་ཚུལ་ལོ། །དང་པོ་ནི། སྤྱིར་བདག་མེད་གཏན་ལ་འབེབ་བྱེད་ཀྱི་རིགས་པའི་རྣམ་གྲངས་མང་དུ་གསུངས་པ་ལས། ལམ་རིམ་ཆེ་ཆུང་གཉིས་ཀ་ལས་གཅིག་དུ་བྲལ་གྱི་སྒོ་ནས་གཏན་ལ་ཕབ་པ་ལྟར། འདིར་ཡང་གཙོ་བོར་དེའི་དབང་དུ་བྱས་ཏེ་བཤད་པར་བྱའོ། །འདི་ལ་གནད་བཞི་ཚང་སྟེ། དགག་བྱ་ངེས་པའི་གནད། ཁྱབ་པ་ངེས་པའི་གནད། བདེན་པའི་གཅིག་བྲལ་ངེས་པའི་གནད། བདེན་པའི་དུ་བྲལ་ངེས་པའི་གནད་དོ། །དང་པོ་ནི། ཐོག་མར་དགག་བྱའི་སྣང་ཚུལ་ངེས་དགོས་པ་ཡིན་ཏེ། ཆོས་གང་བདེན་པར་གྲུབ་པའི་དོན་སྤྱི་བློ་ཡུལ་དུ་མ་ཤར་བར། དེ་ཉིད་བདེན་པས་སྟོང་པའི་དོན་སྤྱི་ཡང་བློ་ཡུལ་དུ་འཆར་མི་ནུས་པའི་ཕྱིར་ཏེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པས་སོ། །སྤྱིར་ངའོ་སྙམ་པའི་བློ་ཡིན་ཚད་བདག་འཛིན་མ་ཡིན་ཏེ། འདི་ལ་རིགས་གསུམ་ཡོད་པའི་ཕྱིར་ཏེ། མིང་བརྡ་དང་རྟོག་པས་བཏགས་ཙམ་གྱིས་ཁྱད་པར་དུ་བྱས་ནས་ངའོ་སྙམ་དུ་འཛིན་པ་དང་། རང་བཞིན་གྱིས་གྲུབ་པས་ཁྱད་པར་དུ་བྱས་ནས་ངའོ་སྙམ་དུ་འཛིན་པ་དང་། དེ་གཉིས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་ངའོ་སྙམ་དུ་འཛིན་པ་དང་གསུམ་ཡོད་དོ། །དང་པོ་ནི། དབུ་མའི་ལྟ་བ་རྙེད་པའི་གང་ཟག་མ་གཏོགས་གཞན་གྱི་རྒྱུད་ལ་མེད། གཉིས་པ་ནི། ངར་འཛིན་ལྷན་སྐྱེས་ཀྱིས་ངའི་འཛིན་ཚུལ་ཡིན། གསུམ་པ་ནི། སོ་སྐྱེའི་རྒྱུད་ཀྱི་ང་འཇོག་པའི་ཐ་སྙད་པའི་བློ་ཞིག་ལ་བྱེད་པ་སྟེ། དེ་གསུམ་ལས་ངར་འཛིན་ལྷན་སྐྱེས་ཀྱིས་ངའི་འཛིན་ཚུལ་བཤད་པར་བྱའོ། །དེ་ཡང་། བྲག་གཡང་ལྟ་བུ་ལས་ལྷུང་ལ་ཁད་པའི་ཚེ། ཕུང་བོ་ལྷུང་བར་འགྱུར་རམ་སྙམ་པ་ཙམ་མ་ཡིན་པར། ང་ལིངས་པོ་ཞིག་ལྷུང་ངམ་སྙམ་པའི་འདུ་ཤེས་འབྱུང་བ་ལའང་། ངར་འཛིན་ལྷན་སྐྱེས་ཀྱིས་ངའི་འཛིན་ཚུལ་གསལ་མོད། འོན་ཀྱང་འདི་ལྟར་བྱ་སྟེ། རང་ཅག་རྣམས་གཉིད་ལོག་པའི་གནས་སྐབས་ཚུན་ཆད་དུའང་། ང་ང་སྙམ་དུ་སྙིང་གི་དཀྱིལ་ནས་དམ་སྦྲིང་སྦྲིང་འཆར་བ་ཞིག་རྒྱུན་དུ་ཡོད་ཅིང་། ཁྱད་པར་དུ་རང་གིས་ཉེས་པ་མ་བྱས་པ་ལ་གཞན་ཞིག་གིས་ཁྱོད་ཀྱིས་ཉེས་པ་དེ་བྱས་སོ་ཞེས་ནན་གྱིས་བཀལ་བའི་ཚེ། ངས་ཉེས་པ་མ་བྱས་ཀྱང་། འདིས་ང་ལ་འདི་ལྟར་བསྙོན་འཛུག་པ་འདི་ཅི་ལྟ་བུ་ཞིག་སྟེ། ང་ང་སྙམ་དུ་སྙིང་ཐད་ནས་ལྷང་ལྷང་འཆར་བར་ཡོད་ལ། དེའི་ཚེ་ངར་འཛིན་ལྷན་སྐྱེས་ཀྱིས་ངའི་འཛིན་ཚུལ་གསལ་བར་ཡོད་དོ། །བློ་འདི་འདྲ་ཞིག་ད་ལྟ་མེད་ཀྱང་གསལ་བཏབ་སྟེ་སྐྱེར་བཅུག་ནས། བློ་བྱིང་དེ་ངར་འཛིན་དེས་ཇི་ལྟར་བཟུང་བའི་ཚུལ་ལས་མ་གཡོས་པའི་ངང་ནས་རྒྱུན་ཆགས་སུ་བཞག །བློའི་ཆ་ཕྲ་མོ་ཞིག་གིས། ག་རེ་ངར་འཛིན་འདིས་ང་དེ་གཞི་གང་དུ་བཟུང་། ཚུལ་ཇི་ལྟར་བཟུང་སྙམ་དུ་བརྟག་པར་བྱའོ། །དེའི་ཚེ་ངར་འཛིན་དེས་ང་ནི་གཞི་ཕྱིའི་དངོས་པོ་གཞན་གྱི་སྟེང་དུ་བཟུང་བ་མ་ཡིན་གྱི། རང་གི་ཕུང་བོའི་སྟེང་དུ་ཡིན་ལ། དེ་ཡང་ལུས་སེམས་རེ་རེ་ཁོ་ན་དང་། གཟུགས་དང་ཚོར་བ་སོགས་ཕུང་བོ་ལྔ་རེ་རེ་བ་ཁོ་ནའི་སྟེང་དུ་དམིགས་ནས་ངའོ་སྙམ་དུ་མི་འཛིན་གྱི། ལུས་སེམས་གཉིས་ཚོགས་སམ། ཕུང་བོ་ལྔ་སོ་སོར་མ་ཕྱེ་བར་སྦམ་མེ་བ་སྤྱི་ཙམ་དེའི་སྟེང་དུ། འཛིན་ཚུལ་ཕར་བཏགས་པ་ཙམ་མ་ཡིན་པར། མ་བཏགས་གོང་ནས་ཀྱང་འདོགས་རྒྱུའི་ང་ཚུགས་སེ་བ་ཞིག་ཏུ་གྲུབ་གྲུབ་པར་བཟུང་བ་དེ། ངར་འཛིན་ལྷན་སྐྱེས་ཀྱིས་ངའི་འཛིན་ཚུལ་ལོ། །འདི་ནི་གཞན་གྱིས་བཤད་པའི་ཚིག་སྤྱི་དང་། བརྡ་དང་ཐ་སྙད་ཙམ་གྱིས་མི་ཚིམ་པར་རང་གི་རྒྱུད་ལ་ཚུར་བཀར་ཏེ་རྗེན་ཅེར་གྱིས་ངེས་པ་ནི། དགག་བྱ་ངེས་པའི་གནད་ཡིན་ནོ། །གཉིས་པ་ཁྱབ་པ་ངེས་པའི་གནད་ནི། ངར་འཛིན་དེས་ཇི་ལྟར་བཟུང་བའི་ཞེན་དོན་གྱི་ང་དེ། ཕུང་བོ་ལྔ་བོ་འདིའི་སྟེང་དུ་གྲུབ་ན། འདི་རྣམས་དང་གཅིག་ཏུ་གྲུབ་བམ། ཐ་དད་དུ་གྲུབ། གྲུབ་ཚུལ་དེ་གཉིས་གང་རུང་མ་ཡིན་པའི་ཕུང་གསུམ་མི་སྲིད་པར་ཐག་ཆོད་པར་ངེས་པ་ནི། ཁྱབ་པ་ངེས་པའི་གནད་དོ། །དེ་ཡང་ཆོས་ཅི་འདྲ་ཞིག་བློ་ལ་འཆར་བ་དང་། གཅིག་གམ། དུ་མ་གང་རུང་གི་རྣམ་པར་འཆར་གྱི། དེ་གཉིས་གང་རུང་མ་ཡིན་པའི་འཆར་ཚུལ་མེད་ཀྱང་། ཁྱད་པར་འདི་ངེས་པ་ལ། སྤྱིར་ཡོད་ན་གཅིག་དང་དུ་མ་གང་རུང་ཡིན་དགོས་པའི་ཁྱབ་པ་ངེས་པ་ཞིག་སྔོན་དུ་གཏོང་དགོས་སོ། །གསུམ་པ་བདེན་པའི་གཅིག་བྲལ་ངེས་ཚུལ་ནི། དེ་ལྟ་བུའི་ང་དེ། རང་གི་ཕུང་བོ་འདིའི་སྟེང་དུ་དེ་དང་གཅིག་ཏུ་གྲུབ་བམ་སྙམ་ན། དེ་ནི་མི་འཐད་དེ། དེ་ལྟར་གྲུབ་ན། ངའམ་བདག་ཁས་ལེན་པ་དོན་མེད་དུ་ཐལ་བ་དང་། གང་ཟག་གཅིག་ཉིད་ལའང་བདག་དུ་མ་ཡོད་པར་ཐལ་བ་དང་། དེ་འདྲའི་ང་དེ་སྐྱེ་འཇིག་བྱེད་པར་ཐལ་བའི་རིགས་པ་གསུམ་གྱིས་གནོད་པའི་ཕྱིར་རོ། །གནོད་བྱེད་དང་པོ་ཡོད་དེ། སྤྱིར་ངའམ་བདག་ནི་ཕུང་བོའི་ཉེ་བར་ལེན་པ་པོ་དང་། ཕུང་པོ་ནི་བདག་གི་ཉེ་བར་བླང་བྱ་ཡིན་པ་ལ། དེ་འདྲའི་ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་གྲུབ་ན་ནི། དེ་རྣམས་དང་རང་བཞིན་གྱིས་གྲུབ་པའི་ཅིག་ཏུ་སོང་བས། ཆ་མེད་ཀྱི་གཅིག་ཏུ་འགྱུར་ལ། ཆ་མེད་ཀྱི་གཅིག་ཡིན་པ་ཞིག་ལ་ནི། གང་གིས་ཉེ་བར་ལེན་པ་པོ་དང་། གང་ཉེ་བར་བླང་བྱའི་རྣམ་གཞག་སོགས་མི་འཐད་པའི་ཕྱིར་ཏེ། རྩ་ཤེ་ལས། ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་གསུངས་སོ། །དེ་ལྟ་བུའི་རྣམ་གཞག་མི་འཐད་ན། །དེའི་ཚེ་བདག་ཙམ་ཡང་མེད་པར་སོང་བ་ཡིན་ཏེ། རྩ་བ་ཤེས་རབ་ལས། ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་པ་བདག་ཡིན་ན། ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཞེས་སོ། །ཉེ་བར་ལེན་པ་པོ་དང་བླང་བྱའི་ཁྱད་པར་ནི། ངས་ལུས་བླངས་ངའི་ལུས་ཡིན། ངའི་སེམས་ཡིན་ཞེས་སོགས་ཀྱི་སྒྲས། ང་དང་ལུས་སེམས་ཐ་དད་དུ་བརྗོད་པ་ལྟར་བློ་ལ་སྣང་ཞིང་འདོད་དགོས་པ་ལས། དེ་དག་གཅིག་ན་ལུས་ང་བླངས། ང་ལུས་ཡིན་ཞེས་སེམས་ཡིན་ཞེས་གཅིག་ཏུ་བརྗོད་རིགས་ཤིང་འདོད་དགོས་པའི་སྐྱོན་དུ་འགྱུར་བའོ། །གཞན་ཡང་། དེ་མི་འཐད་དེ། དེ་ལྟར་ཡིན་ན། འདིར་མ་ཤི་བར་ཕུང་བོ་དང་བཅས་བཞིན་དུ་ཕྱི་མར་སྐྱེ་བ་ལེན་དགོས་པ་སོགས་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་ཏེ། དེ་འདྲའི་ང་དེ་ཕུང་བོ་རྣམས་དང་གཅིག་ཏུ་མ་གྲུབ་བར་བསམ་མོ། །གཉིས་པ་བདག་ཏུ་མར་ཐལ་བའི་སྐྱོན་ཡོད་དེ། སྤྱིར་གང་ཟག་གཅིག་ལ་སྐྱེ་བ་དང་དུས་སྔ་ཕྱི་ཐ་དད་པའི་བདག་དུ་མ་ཡོད་པ་ལ་སྐྱོན་མེད་ཀྱང་། ངར་འཛིན་དེས་བཟུང་བ་ལྟར་གྱི་ང་དེ། ཕུང་བོ་རྣམས་དང་གཅིག་ཏུ་གྲུབ་ན། གང་ཟག་གཅིག་ཉིད་ལ་དུས་གཅིག་ཏུ་གཟུགས་སོགས་ཕུང་བོ་མི་འདྲ་བ་ལྔ་ཡོད་པ་ལྟར་བདག་ཀྱང་མི་འདྲ་བ་ལྔ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རམ། ཡང་ན། ང་གཅིག་ཡིན་པ་དེ་བཞིན་དུ་ཕུང་བོ་ལྔ་ཡང་གཅིག་ཏུ་འགྱུར་རོ། །དེའི་ཕྱིར་དེ་ལྟར་གཅིག་ཏུ་མ་གྲུབ་སྙམ་དུ་བསམ་པ་སྟེ། འཇུག་པ་ལས། གལ་ཏེ་ཕུང་བོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་བོར་འགྱུར། ཞེས་སོ། །གསུམ་པ་ནི། དེ་འདྲའི་ང་དེ་སྐྱེ་འཇིག་བྱེད་པར་ཐལ་བའི་སྐྱོན་ཡོད་དེ། དེ་ཡང་སྤྱིར་ང་ཙམ་ཞིག་སྐྱེ་འཇིག་བྱེད་པ་མི་འགལ་མོད། ངར་འཛིན་དེའི་གཟུང་དོན་གྱི་ང་དེ་སྐྱེ་འཇིག་བྱེད་ན། རང་བཞིན་གྱིས་གྲུབ་པའི་སྐྱེ་འཇིག་བྱེད་པར་སོང་བས། འདི་ལ་སྐྱོན་བཞིར་འགྱུར་བའི་ཐོག་མར་བརྟག་པ་གཉིས་བྱ་སྟེ། དེ་འདྲའི་ང་དེ་སྐྱེ་འཇིག་བྱེད་པའི་སྐད་ཅིག་སྔ་ཕྱིའི་ཆ་སོ་སོ་བ་རྣམས་དང་གཅིག་གམ། ཐ་དད། གཅིག་གོ་ཞེ་ན། སྔ་ཕྱི་གཅིག་ཏུ་འགྱུར་བ་ནི། དེ་དེ་རྣམས་དང་གཅིག་ཏུ་མི་འཐད་དེ། དེ་ལྟར་ན་སྐྱེ་བ་སྔ་ཕྱིའི་ང་དང་ཚེ་འདིའི་ང་རྣམས་ཆ་མེད་ཀྱི་གཅིག་ཏུ་འགྱུར་བའི་ཕྱིར། འགྲོ་བ་རིགས་དྲུག་གི་གཞི་མཐུན་ཡོད་པར་ཐལ་ལོ། །གལ་ཏེ་ཐ་དད་དོ་སྙམ་ན། སྐྱེ་བ་དྲན་པ་མི་འཐད་པར་ཐལ་བ་ནི། སྤྱིར་ཐ་དད་ཙམ་ལ་སྐྱོན་མེད་ཀྱང་། དེ་འདྲའི་ང་དེ་ཆ་དེ་རྣམས་དང་ཐ་དད་པ་ཡིན་ན། བལྟོས་མེད་དམ་འབྲེལ་མེད་ཀྱི་ཐ་དད་དུ་སོང་བས། ཆ་ཐམས་ཅད་ནས་ཐམས་ཅད་དུ་ཐ་དད་དུ་འགྱུར་ལ། དེ་ལྟ་ན་ང་དེའི་ཚེ་དེའི་དུས་ན་འདི་འདྲ་ཞིག་ཏུ་སྐྱེས་སོ་ཞེས་སྐྱེ་བ་དྲན་པའང་མི་སྲིད་པར་འགྱུར་ཏེ། སྐྱེ་བ་སྔ་ཕྱིའི་ཆ་གཉིས་ག་འབྲེལ་མེད་རག་མ་ལས་པའི་སོ་སོ་བ་ཡིན་འདུག་པའི་ཕྱིར་ཏེ། དཔེར་ན། སྐྱེས་བུ་ཞིག་གིས་རང་དང་རྒྱུད་ཐ་དད་པའི་གང་ཟག་ལ། ང་ནི་དེར་གྱུར་ཏོ་སྙམ་དུ་མི་དྲན་པ་བཞིན་ནོ། །གལ་ཏེ་རྒྱུད་གཅིག་ཡིན་པས་སྐྱོན་མེད་དོ་ཞེ་ན། ལན་དེ་ཡང་མི་འཐད་དེ། རྒྱུད་གཅིག་པ་ནི་ཐ་སྙད་དུ་འདོད་ཀྱང་། ངར་འཛིན་དེས་བཟུང་བ་ལྟར་ཐ་དད་དུ་གྲུབ་ན། བལྟོས་མེད་ཀྱི་སོ་སོ་བར་འགྱུར་བའི་ཕྱིར། རང་གི་མཚན་ཉིད་ཀྱིས་གྲུབ་པར་སོང་བས། དེ་ལ་ནི་རྒྱུད་གཅིག་པ་ཡང་མི་རུང་ངོ་ཞེས་སྟོན་པ་ལ། འཇུག་པ་ལས། གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། ཞེས་སོ། །གཞན་ཡང་། ལས་མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟོས་པ་ཡོད་པར་ཐལ། རང་བཞིན་གྱིས་གྲུབ་པའི་གང་ཟག་གཞན་གྱིས་ལས་བསགས་ནས། འབྲས་བུ་རང་བཞིན་གྱིས་གྲུབ་པའི་གང་ཟག་གཞན་གྱིས་མྱོང་བར་འགྱུར་བའི་ཕྱིར་ཏེ། ལས་གསོག་པ་པོ་དེས། ལས་ཀྱི་འབྲས་བུ་མ་མྱོང་གོང་ནས་ཞིག་ཟིན་པའི་ཕྱིར་རོ། ཁྱབ་སྟེ། རང་བཞིན་གྱིས་གྲུབ་བཞིན་དུ་ཞིག་ན། ཕྱིས་སྐྱེ་བ་ལེན་པ་མི་འཐད་པའི་ཕྱིར་ཏེ། རྩ་ཤེ་ལས། ཆད་དང་ལས་རྣམས་ཆུད་ཟ་དང་། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང་། དེ་ལ་སོགས་པར་ཐལ་བར་འགྱུར། །ཞེས་སོ། །དེ་ལྟར་དཔྱད་པས་དེ་འདྲའི་ང་དེ་ཕུང་བོ་ལྔའི་སྟེང་དུ་དེ་དག་དང་གཅིག་ཏུ་མ་གྲུབ་བོ་སྙམ་དུ་བསམ་པར་བྱའོ། །བཞི་བ་བདེན་པའི་དུ་བྲལ་ངེས་པའི་གནད་ནི། དེ་ཕུང་བོ་རྣམས་དང་གཅིག་ཏུ་མ་གྲུབ་ཀྱང་། ཐ་དད་དུ་གྲུབ་བམ་སྙམ་ན། དེ་ཡང་མི་འཐད་དེ། དེ་ལྟར་ན་རང་བཞིན་གྱིས་གྲུབ་པའི་ཐ་དད་དུ་སོང་བས། འབྲེལ་བ་མེད་པའི་ཐ་དད་དུ་འགྱུར་ལ། དེ་ལྟ་ན། ཀ་བ་ལས་ལོགས་སུ་བུམ་པ་བཟུང་དུ་ཡོད་པ་ལྟར། ཕུང་བོ་ལྔ་སོ་སོར་བསལ་བའི་ལོགས་ཞིག་ནམ་བལྟོས་པར། ང་དེ་ཡན་གར་དུ་མཐོང་དགོས་པ་ལས། དེ་མི་མཐོང་བའི་ཕྱིར་ཏེ། རྩ་ཤེ་ལས། བདག་ནི་ཉེ་བར་ལེན་པོ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །བཟུང་ཡོད་རིགས་ན་བཟུང་དུ་མེད། །ཅེས་སོ། །གཞན་ཡང་། དེ་ལྟར་ཐ་དད་དུ་མ་གྲུབ་སྟེ། སྤྱིར་ང་ཙམ་ཞིག་ནི། ཕུང་བོ་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་འཇིག་གནས་གསུམ་དང་ལྡན་པའི་ཕྱིར་ཏེ། ཕུང་བོའི་ཚོགས་པའི་སྟེང་དུ་ངའོ་སྙམ་པའི་བློ་སྐྱེ་ཞིང་། ཕུང་བོ་འབྱུང་འཇིག་གི་ཚེ་ང་ཡང་སྐྱེ་འཇིག་བྱེད་པར་འཇོག་རིགས་པའི་ཕྱིར་ཏེ། དཔེར་ན། ཕུང་སོགས་དར་རྒུད་བྱེད་པའི་ཚེ་ང་ཡང་དར་རྒུད་བྱེད་པར་འཇོག་ནུས་པ་བཞིན་ནོ། །དེ་ལྟ་མ་ཡིན་པར། རྟ་དང་བ་ལང་བཞིན་དུ་ང་ཕུང་མཚན་ཉིད་ཐ་དད་ན། དེ་ལྟ་བུའི་ཐ་སྙད་མི་འཐད་དེ། མ་འབྲེལ་བའི་ཕྱིར་ཏེ། རྩ་ཤེ་ལས། གལ་ཏེ་ཕུང་བོ་རྣམས་ལས་གཞན། །ཕུང་བོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོ། །དེས་ན། ངར་འཛིན་དེས་བཟུང་བ་ལྟར་གྱི་ཞེན་དོན་གྱི་ང་དེ། རང་གི་གདགས་གཞི་ཕུང་བོ་ལྔའི་སྟེང་དུ་དེ་རྣམས་དང་ཐ་དད་དུ་ཡང་མ་གྲུབ་པོ་སྙམ་དུ་བསམ་མོ། །དེ་ལྟར་གནད་བཞིའི་དཔྱད་པ་བྱས་པ་ལ་བརྟེན་ནས། ངར་འཛིན་དེས་བཟུང་བ་ལྟར་གྱི་ང་མེད་པར་གསར་དུ་ལྟུང་གིས་ངེས་པ་ན། དབུ་མའི་ལྟ་བ་དང་པོར་རྙེད་པ་དང་། རིག་ཤེས་རྗེས་དཔག་གིས་སྟོང་ཉིད་གསར་དུ་རྟོགས་པ་ཞེས་བྱའོ་གསུངས། འདིར་འཚོལ་བའི་གཞི་དེ་ལྟར་བྱེད་པ་ཡང་འཆར་བདེ་བའི་དབང་དུ་བྱས་ཀྱི། གཞན་དུ་ན། ང་ཙམ་ཞིག་འཚོལ་བའི་གཞིར་བྱས་ཀྱང་ཁྱད་པར་ཆེར་མེད་པས། རིགས་པའི་རྣམ་གྲངས་བྱས་ན་འདི་ལྟར། ཐག་ཁྲ་བསྔོགས་པ་ལ་མུན་པ་བབ་པ་དེར། སྤྲུལ་དུ་འཁྲུལ་པའི་བློ་སྐྱེས་པ་དེའི་ཚེ། སྤྲུལ་དེ་བློས་བཏགས་པ་ཙམ་མ་གཏོགས། །ཐག་ཁྲའི་ཚོགས་པ་དང་རྒྱུན་དང་ཡ་གྱལ་སོགས་གང་ཡང་སྦྲུལ་མ་ཡིན་པ་ལྟར། ཕུང་བོའི་ཚོགས་རྒྱུན་གྱི་སྟེང་དུ་མ་རིག་པའི་མུན་པ་བབ་པ་ན། བདག་ཏུ་འཁྲུལ་པའི་བློ་སྐྱེ་ལ། དེའི་ཚེ་ཕུང་བོའི་ཚོགས་རྒྱུན་གྱི་སྟེང་དུ་བདག་ཏུ་བཏགས་པ་ཙམ་མ་གཏོགས། ཕུང་བོའི་ཚོགས་རྒྱུན་ཡ་གྱལ་གང་ཡང་བདག་མ་ཡིན་ཞིང་། དེ་ལས་དོན་གཞན་པའི་བདག་ཀྱང་མེད་པས། བདག་རང་བཞིན་གྱིས་མ་གྲུབ་པོ་སྙམ་དུ་བསམ་པར་བྱ་སྟེ། རིན་ཆེན་ཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང་། །སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཞེས་གསུངས་སོ། །གལ་ཏེ་ཕུང་བོའི་ཚོགས་རྒྱུན་ང་མ་ཡིན་ན། ཕུང་བོ་མཐོང་བས་ང་མཐོང་བར་ཅི་ལྟར་འཇོག་ཅེ་ན། སྐྱོན་མེད་དེ། དཔེར་ན། ངའི་གདོང་རྐང་ལག་སོགས་ང་མིན་ཀྱང་འབྲེལ་བའི་དབང་གིས་དེ་མཐོང་བས་ང་མཐོང་བ་དང་དེ་དག་ན་བས་ཀྱང་ང་ན་བར་འཇོག་ནུས་པ་བཞིན་ཡིན་པའི་ཕྱིར་རོ། །གཞན་ཡང་། བདག་ནི་རང་གི་ཕུང་བོའི་སྟེང་དུ་རང་བཞིན་གྱིས་མ་གྲུབ་སྟེ། དེ་རང་གི་ཕུང་བོ་རྣམས་ཀྱི་སྟེང་དུ་རྣམ་བདུན་གྱི་རིགས་པས་བཙལ་ན་མི་རྙེད་པའི་ཕྱིར་ཏེ། དེ་ཕུང་བོ་རྣམས་དང་དབྱེར་མེད་ཀྱི་གཅིག་མ་ཡིན་ཞིང་། ཕུང་བོ་དང་ངོ་བོ་ཐ་དད་པའི་ཡན་གར་དུའང་མེད། མཁར་གཞོང་ལ་ཞོ་ལྟར་ཕུང་བོའི་རྟེན་དུའང་མེད། རེ་ལྡེ་ལ་ལྷས་བྱིན་ལྟར་རང་ངོས་ནས་ཕུང་བོ་ལ་བརྟེན་ནས་ཀྱང་མེད། ལྷས་བྱིན་པ་ལ་ང་དང་ལྡན་པ་བཞིན་དུ་ངོ་བོ་ཐ་དད་དམ་རྣ་བ་དང་ལྡན་པ་ལྟར་ཕུང་བོ་རྣམས་དང་ངོ་བོ་གཅིག་ཏུའང་རང་ངོས་ནས་མེད། ཕུང་བོའི་ཚོགས་པ་ཡང་བདག་མ་ཡིན། དེའི་དབྱིབས་ཀྱང་བདག་ཏུ་མི་འཐད་པའི་ཕྱིར་ཏེ། དཔེར་ན། ཤིང་རྟ་ནི། རང་གི་ཡན་ལག་རྣམས་དང་གཅིག་དང་ཐ་དད་སོགས་རྣམ་པ་བདུན་དུ་བཙལ་ན་མི་རྙེད་པ་བཞིན་ནོ། །ཞེས་སྟོན་པ་ལ། འཇུག་པ་ལས། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང་། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་གསུངས། འོ་ན་ང་མེད་པར་འགྱུར་རམ་སྙམ་ན། སྐྱོན་མེད་དེ། ང་ནི་རང་གི་གདགས་གཞི་ཕུང་བོའི་ཚོགས་རྒྱུན་ལ་བརྟེན་ནས་བཏགས་པའི་བཏགས་ཆོས་མིང་རྐྱང་ཙམ་དེ་ཉིད་ཀྱིས་གོ་ཆོད་པའི་ཕྱིར་རོ། །དེ་ལྟར་དཔྱད་ཅིང་དཔྱད་མཐར་དཔྱད་དོན་མེད་དགག་ལ་ཅི་ནུས་སུ་མཉམ་པར་འཇོག་གོ །གཉིས་པ་ཆོས་ཀྱི་བདག་མེད་གཏན་ལ་ཕབ་ནས་ཉམས་སུ་ལེན་པ་ལ། རིགས་པའི་རྣམ་གྲངས་མང་ཡང་། འདི་ལྟར་རང་གི་ལུས་འདི་ལ་དམིགས་པའི་བདེན་འཛིན་ལྷན་སྐྱེས་ཀྱི་ངོ་བོར་ལུས་འདི་ནི། རང་གི་གདགས་གཞི་ཡན་ལག་ལྔ་སོགས་ཚོགས་པའི་སྟེང་དུ་བཏགས་པ་ཙམ་མ་ཡིན་པར། ཡན་ལག་ལྔ་བོ་གང་ལ་ཡང་བལྟོས་མེད་ཀྱི་ལུས་ལིངས་པོ་ཚུགས་སེ་ཞིབ་ཏུ་གྲུབ་པར་སྣང་ཞིང་སྣང་བ་ལྟར་འཛིན་པ་ནི། ལུས་བདེན་གྲུབ་ཏུ་འཛིན་ཚུལ་ཡིན་ལ། དེས་བཟུང་བ་ལྟར་གྲུབ་པ་འགོག་པ་ནི། དེ་འདྲའི་ལུས་དེ། རང་གི་གདགས་གཞི་ཡན་ལག་ལྔའི་སྟེང་དུ་དེ་དག་དང་གཅིག་ཏུ་གྲུབ་གམ། ཐ་དད་དུ་གྲུབ། དང་པོ་མི་འཐད་དེ། དེ་ཡན་ལག་ལྔའི་སྟེང་དུ་དེ་རྣམས་དང་གཅིག་ཏུ་གྲུབ་ན། དབྱེར་མེད་ཀྱི་གཅིག་ཏུ་འགྱུར་བས། སྔ་ཕྱི་བར་གྱི་ལུས་རྣམས་དང་ཡན་ལག་ཐམས་ཅད་ཀྱང་གཅིག་ཏུ་ཐལ་བའི་ཕྱིར། ཡན་ལག་ཅན་དང་ཡན་ལག་རྣམས་ཀྱང་གཅིག་ཏུ་འགྱུར་རོ། །དེ་ལྟ་ན། ཆ་དང་ཆ་ཅན། བལྟ་བྱ་ལྟ་བྱེད། འགྲོ་དང་འགྲོ་བ་པོ། གཅད་བྱ་གཅོད་བྱེད་སོགས་ཀྱང་གཅིག་ཏུ་འགྱུར་བའི་ཕྱིར། ལས་བྱ་བྱེད་ཐམས་ཅད་ཀྱང་གཅིག་ཏུ་ཐལ་བར་འགྱུར་ན། དེ་ནི་མི་འཐད་དོ་ཞེས་འགོག་པ་ནི། འཇུག་པ་ལས། ལེན་པོ་དང་ཉེར་ལེན་གཅིག་རིགས་དངོས་མིན། །དེ་ལྟ་ན་ལས་བྱེད་པོ་གཅིག་ཉིད་འགྱུར། །ཞེས་སོ། །གལ་ཏེ་ཡན་ལག་ཚོགས་པ་དང་གཅིག་ཏུ་མ་གྲུབ་ཀྱང་། ཡན་ལག་རེ་རེ་བ་དང་གཅིག་ཏུ་གྲུབ་བམ་སྙམ་ན། དེ་ཡང་མི་འཐད་པར་ཐལ། དེ་ལྟར་ན་ཡན་ལག་ལྔ་ཡོད་པ་བཞིན་དུ་ལུས་ཀྱང་ཚང་བ་ལྔར་ཐལ་བའམ། ཡང་ན་ལུས་གཅིག་ཡིན་པ་ལྟར་ཡན་ལག་ལྔ་ཡང་གཅིག་ཏུ་འགྱུར་བའི་ཕྱིར་རོ། །གལ་ཏེ་དེའི་སྟེང་དུ་དེ་རྣམས་དང་ཐ་དད་དུ་གྲུབ་བམ་སྙམ་ན། སྤྱིར་ཐ་སྙད་དུ་ཐ་དད་ཡིན་ཀྱང་། ངར་འཛིན་དེས་བཟུང་བའི་དོན་ལྟར་ཐ་དད་ཡིན་ན། མི་འཐད་དེ། དེ་ལྟར་ཡིན་ན། འབྲེལ་མེད་ཀྱི་ཐ་དད་དུ་སོང་བས་མགོ་ལ་སོགས་པའི་ཡན་ལག་ལྔ་དང་། སྟོད་སྨད་སོ་སོར་བློས་བསལ་བའི་འོག་ཏུ། ད་དུང་ལུས་རིལ་བོ་ཞིག་ལོགས་སུ་བསྟན་དུ་ཡོད་དགོས་པ་ལས། དེ་མེད་པའི་ཕྱིར་ཏེ། ཆ་དང་ཆ་ཅན་གཉིས་ངོ་བོ་ཐ་དད་དུ་ཡོད་ན་བདེན་གྲུབ་ཏུ་འགྲོ་བ་ལ་ཐེ་ཚོམ་མེད་པའི་ཕྱིར། དེ་བཞིན་དུ་ལུས་ཀྱི་ཡན་ལག་རྣམས་ལའང་སྦྱར་ནས་དགག་པར་བྱའོ། །འོ་ན་ལུས་མེད་པར་འགྱུར་རོ། །ཞེ་ན། སྐྱོན་མེད་དེ་ཡན་ལག་ལྔ་སོགས་ལུས་ཀྱི་གདགས་གཞི་ཡིན་པས། ལུས་དེ་ལ་བརྟེན་ནས་བཏགས་པའི་བཏགས་ཆོས་སུ་འདོད་པའི་ཕྱིར་ཏེ། དཔེར་ན། བུམ་པའི་མཆུ་ཞབས་སོགས་བུམ་པ་མ་ཡིན་ཀྱང་། བུམ་པ་ནི་དེའི་སྟེང་དུ་བཏགས་ནས་འཇོག་པ་བཞིན་ནོ། །ཤིང་རྟ་ཡང་རང་གི་གདགས་གཞི་ཡན་ལག་ཚོགས་པའི་སྟེང་དུ་དེ་རྣམས་དང་གཅིག་དང་ཐ་དད་ཀྱི་ཚུལ་སྔར་བཞིན་བརྟགས་ནས་འགོག་པའམ། རྣམ་བདུན་གྱི་རིགས་པས་དཔྱད་ནས་འགོག་པར་བྱའོ། །གཞན་ཡང་། རི་རབ་ཁང་ཁྱིམ་སོགས་ཀྱང་རང་རང་གི་གདགས་གཞི་ས་རྡོ་ཤིང་སོགས་ཇི་སྙེད་ཅིག་ཡོད་པ་དེ་རྣམས་དང་གཅིག་གམ། ངོ་བོ་ཐ་དད། དང་པོ་ལྟར་མི་འཐད་དེ། དེ་ཡིན་ན། རི་སོགས་གཅིག་ཡིན་པ་བཞིན་དུ་ས་རྡོ་ཤིང་སོགས་ཐམས་ཅད་ཀྱང་གཅིག་ཏུ་འགྱུར་བའམ། ཡང་ན། ས་རྡོ་ཤིང་སོགས་ཀྱི་གྲངས་དང་མཉམ་པའི་རི་རབ་ཁང་ཁྱིམ་སོགས་སུ་འགྱུར་བའི་ཕྱིར་རོ། །ངོ་བོ་ཐ་དད་ན། མི་འཐད་དེ། དེ་ལྟར་ན་ས་རྡོ་ཤིང་སོགས་རེ་རེ་ནས་བསལ་བའི་ཕ་རོལ་ནའང་རི་ར་བ་ཁང་ཁྱིམ་སོགས་དེ་ནི་འདིའོ་ཞེས་ལོགས་སུ་བསྟན་དུ་ཡོད་དགོས་ན། དེ་མ་མཐོང་བའི་ཕྱིར་རོ། །གཞན་ཡང་། ཚོན་ཚོགས་པ་ལ་སྐུ་འདྲ་སོགས་དང་། ས་རྡོ་ཤིང་སོགས་ཚོགས་པ་ལ་མཐོ་ཡོར་དང་ཁང་བ། ཤིང་ཚོགས་པ་ལ་ནགས། ཕྲེང་རྡོག་ཚོགས་པ་ལ་ཕྲེང་བ། མཆུ་ཞབས་སོགས་ཚོགས་པ་ལ་བུམ་པ། དུས་སྔ་ཕྱི་ཚོགས་པ་ལ་ལོ་ཟླ་བ་ཞག །རབ་བྱུང་ཚོགས་པ་ལ་འདུས་སྡེ། དམག་མི་ཚོགས་པ་ལ་བརྟེན་ནས་དམག་ཏུ་བཏགས་པ་རྣམས་ལའང་སྔར་བཞིན་སྦྱར་ནས་རང་བཞིན་གྱིས་གྲུབ་པ་དགག་པར་བྱའོ། །ཡང་། ཤེས་པ་སྤྱི་ཙམ་དེ་ཤེས་པ་བྱེ་བྲག་པའི་སྟེང་དུ་བཏགས་པ་དང་རང་རྒྱུད་ཀྱི་དེ་རིང་གི་ཤེས་པ་ལྟ་བུ་ནི་སྔ་དྲོ་ཕྱི་དྲོའི་ཤེས་པའི་ཚོགས་རྒྱུན་གྱི་སྟེང་དུ་བཏགས་པ་ཙམ་མ་གཏོགས། གཅིག་དང་ཐ་དད་ཀྱི་དཔྱད་པ་སྔར་བཞིན་དང་། ནམ་མཁའ་ལྟ་བུ་ཡང་རང་གི་གདགས་གཞི་ཐོགས་བཅས་ཀྱི་རེག་བྱ་བཀག་པའི་ཆ་རྣམས་ཀྱི་སྟེང་དུ་གཅིག་གམ་ངོ་བོ་ཐ་དད། གཅིག་ན། སྟེང་འོག་ཕྱོགས་མཚམས་ཀྱི་ནམ་མཁའ་ཡང་གཅིག་ཏུ་ཐལ་བ་སོགས་དང་། ངོ་བོ་ཐ་དད་ན། ཐོགས་བཅས་ཀྱི་རེག་བྱ་བཀག་པའི་སྟོད་ཆ་ལས་གཞན་དུ་ནམ་མཁའ་དམིགས་དགོས་པ་ལས་མི་དམིགས་པའི་ཚུལ་བསམ་ཞིང་། དེ་བཞིན་དུ་ཤེས་བྱ་སྤྱི་ཙམ་དེ་ཆོས་རྣམས་ཀྱི་སྟེང་དུ་བཏགས་པ་ཡིན་ལ། ཆོས་ཐམས་ཅད་ནི་རང་གི་ཆ་ཤས་དང་ཆ་ཤས་རྣམས་ཀྱང་རང་གི་ཆ་ཤས་གཞན་ལ་བརྟེན་ནས་བཏགས་པ་ཙམ་མམ། བལྟོས་ནས་གྲུབ་པའི་རྟེན་འབྲེལ་ཡིན་པའི་ཕྱིར། རང་དབང་གིས་སམ་རང་ངོས་ནས་མ་གྲུབ་པར་བསམ་པར་བྱ་སྟེ། བཞི་བརྒྱ་བ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་གསུངས་པས་སོ། །དེ་ཡང་བྱིས་པ་ལ་མེ་ལོང་ནང་དུ་བྱད་བཞིན་གྱི་གཟུགས་བརྙན་སྣང་བ་ན། དེ་ལྟར་སྣང་བ་དེ་ནི་བློ་ལ་སྣང་བའི་དབང་གིས་བཞག་པ་ཙམ་མ་ཡིན་པར་དོན་རང་གི་གནས་ཚུལ་གྱི་དབང་གིས་གྲུབ་པར་འཛིན་པ་དེ་བཞིན་དུ་མ་རིག་པས་བསླད་པའི་སོ་སྐྱེའི་བློ་ངོར། ཆོས་གང་ལ་སྣང་ཡང་རྟོག་པའི་དབང་གིས་བཞག་པ་ཅི་མ་ཡིན་པར་རང་གི་ངོ་བོས་ཡུལ་སྟེང་ནས་སྡོད་ལུགས་ཞིག་ཏུ་ཡོད་པར་སྣང་ཞིང་དེ་ལྟར་འཛིན་པ་ནི། རང་བཞིན་གྱིས་སམ། རང་དབང་གིས་གྲུབ་པར་འཛིན་ཚུལ་ཡིན་ལ། ཡུལ་དེར་གྲུབ་པ་ཞིག་བྱུང་ན་རང་བཞིན་གྱིས་གྲུབ་པ་སོགས་སུ་འགྱུར་བས། འདི་ལ་དགག་བྱའི་བདག་ཅེས་ཟེར་ལ། སྔར་གྱི་རིགས་པ་རྣམས་ཀྱིས་ཀྱང་དེ་འགོག་མོད། རྟེན་འབྲེལ་གྱི་རྟགས་ཀྱིས་འགོག་ན་མྱུ་གུ་ཆོས་ཅན། རང་བཞིན་གྱིས་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན། གཟུགས་བརྙན་བཞིན་ཞེས་འགོད་ལ། དེའི་ཚེ་རྟགས་དེ་ལ་བརྟེན་ནས་རྟག་ཆད་ཀྱི་མཐའ་གཉིས་ཅིག་ཅར་དུ་སྤོང་ནུས་པ་ཡིན་ཏེ། ཕྱོགས་ཆོས་ངེས་པས་རྟག་མཐའ་དང་། བསྒྲུབ་བྱ་ངེས་པས་ཆད་མཐའ་སེལ་བའི་ཕྱིར་རོ། །དེ་ལྟར་རང་གི་བློ་དང་འཚམ་པའི་དཔྱད་པ་ཅི་རིགས་སྔོན་དུ་བཏང་ནས་དཔྱད་དོན་ལ་ཅི་ནུས་སུ་མཉམ་པར་འཇོག །དེ་ཡང་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་ཅིང་བཙལ་ན་བཏགས་དོན་མི་རྙེད་ཀྱང་། སྤྱིར་མི་རྙེད་པ་མིན་པས། དེ་ལྟར་བཏགས་དོན་བཙལ་བའི་ཚེ་མེད་ཀྱང་སྤྱིར་མེད་པ་མ་ཡིན་པའི་ཁྱད་པར་ཕྱེད་པར་བྱའོ། །མཉམ་པར་འཇོག་པའི་ཚེ་དཔྱད་དོན་མ་རྙེད་པ་དེ་ཉིད་ལ་ངེས་ཤེས་རྒྱུན་ལྡན་དུ་བྱས་ཏེ་འཇོག་དགོས་ལ། འཛིན་སྟངས་ཀྱི་ཤུགས་ཞན་དུ་སོང་ན། སླར་སྣང་ཚུལ་བརྟགས་ནས་དཔྱད་བསྒོམ་སྤེལ་མར་བྱའོ། །གཉིས་པ་རྗེས་ཐོབ་ཀྱི་སྐྱོང་ཚུལ་ནི། མཉམ་གཞག་དེ་ལས་ལངས་ནས་བལྟས་པ་ན། མིང་དང་བརྡ་ཙམ་གྱིས་བཞག་པའི་ང་སོགས་བསྙོན་མེད་དུ་ལམ་ལམ་དུ་འཆར་བ་ན། ལྟ་བ་དྲན་ཙམ་རེ་བྱས་ཏེ། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་བའི་རྟ་གླང་ནི་དེར་སྣང་ཡང་སྣང་བ་ལྟར་མ་གྲུབ་པའི་སྣང་སྟོང་ཚོགས་པའི་རྫུན་སྣང་ཡིན་པ་དེ་བཞིན་དུ། འདི་དག་ནི་སྔར་དཔྱད་པ་ལྟར་རང་བཞིན་གྱིས་མེད་ཀྱང་ཐ་སྙད་པའི་ཤེས་ངོ་ཙམ་དུ་སྣང་བའི་སྣང་སྟོང་ཚོགས་པ་སྒྱུ་མ་ལྟ་བུའོ་སྙམ་དུ་བསམ་པར་བྱའོ། །གཉིས་པ་ལུགས་འདིའི་ཐ་སྙད་ཀྱི་རྣམ་གཞག་འཇོག་ཚུལ་མདོར་བསྡུས་ཏེ་བརྗོད་ན། འཕགས་པ་ཀླུ་སྒྲུབ་ཀྱིས། སངས་རྒྱས་འཇིག་རྟེན་བསྙད་དབང་གིས། གསུང་གི་ཡང་དག་དབང་གིས་མིན། ཞེས་དང་། ཟླ་བས་ཀྱང་། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །ཞེས་དང་། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་གསུངས་པ་ལྟར། གང་ཟག་སོགས་ཆོས་ཐམས་ཅད་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ངོར་མི་རྙེད་ཀྱང་མ་བརྟགས་མ་དཔྱད་པར། རྟོག་པས་བཏགས་ཙམ་མམ། འཇིག་རྟེན་གྱི་ཐ་སྙད་དང་གྲགས་པ་དོན་མཐུན་གྱི་དབང་གིས་འཇོག་པ་ཡིན་ཏེ། དེ་ཡང་ལྷ་དང་མི་ལ་སོགས་པའི་གང་ཟག་རྣམས་རིགས་པས་དཔྱད་ན་བཏགས་དོན་མི་རྙེད་ཀྱང་མ་དཔྱད་པར། རང་རང་གི་གདགས་གཞི་ཕུང་བོ་སོགས་ཀྱི་སྟེང་དུ་རྟོག་པས་བཏགས་ནས་ཐ་སྙད་དུ་འཇོག་པ་ཡིན་པའི་ཕྱིར་ཏེ། དཔེར་ན། ཤིང་རྟ་དེ་རང་གི་ཡན་ལག་གི་སྟེང་དུ་དཔྱད་ཅིང་བཙལ་ན་མི་རྙེད་ཀྱང་། དེ་ལྟར་མ་བརྟགས་མ་དཔྱད་པར་གདགས་གཞིའི་སྟེང་དུ་བཏགས་ནས་འཇོག་པ་བཞིན་ནོ། །དེ་ལྟར་ཡང་། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་བོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་སོ། །ཤིང་རྟ་དེ་རང་གི་ཡན་ལག་གི་སྟེང་དུ་རྣམ་བདུན་གྱི་རིགས་པས་བཙལ་བའི་ཚེ་བཏགས་དོན་མི་རྙེད་ཀྱང་། ཐ་སྙད་ཙམ་དུ་འཇོག་པའང་ཡིན་ཏེ། འཇུག་པ་ལས། དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་སོ། །ཤིང་རྟའི་དཔེས་གང་ཟག་རང་བཞིན་མེད་པར་བསྟན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རང་བཞིན་མེད་པར་ཤེས་དགོས་པ་ཡིན་ཏེ། སྡུད་པ་ལས། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་གསུངས་པས་སོ། །དེ་ལྟར་གང་ཟག་དང་ཤིང་རྟ་རྟོག་པས་བཏགས་པ་ཙམ་དུ་འཇོག་ན། ཐག་ཁྲ་ལ་སྦྲུལ་དང་། མཐོ་ཡོར་ལ་འཁྲུལ་ནས་མིར་འདོགས་པ་ཡོད་པས། དེ་དག་ཀྱང་སྦྲུལ་དང་། མིར་འགྱུར་རོ། །ཞེ་ན། མི་མཚུངས་ཏེ། དེ་གཉིས་ལ་སྦྲུལ་དང་མིར་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་ལ་མ་གྲགས་ཤིང་མི་འདོད་ལ། ཕུང་བོའི་སྟེང་དུ་བདག་དང་། ཤིང་རྟའི་ཡན་ལག་ཚོགས་པའི་སྟེང་དུ་ཤིང་རྟ་ཡོད་པར་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་ལ་གྲགས་ཤིང་འདོད་པའི་ཕྱིར། དེ་ཡང་ཡུལ་སྟེང་ནས་ཡོད་མེད་ཀྱི་དབང་གིས་མིན་གྱི། གྲགས་པ་དོན་མཐུན་དང་བརྡའི་དབང་གིས་ཡིན་ཏེ། ཐག་ཁྲ་དང་མཐོ་ཡོར་ལ་སྦྲུལ་དང་མིར་འཇིག་རྟེན་གྱིས་མི་འདོད་པས། འགའ་ཞིག་གིས་འཁྲུལ་པས་བཟུང་ནའང་། དེ་ལྟར་འཛིན་པའི་བློ་དེ་ལོག་ཤེས་ཡིན་པས། དེ་ལ་འཇིག་རྟེན་གྱི་ཐ་སྙད་པའི་ཚད་མ་དང་། བརྡ་དང་གྲགས་པ་དོན་མཐུན་གཞན་གྱིས་གནོད། ཕུང་བོའི་སྟེང་དུ་གང་ཟག་གམ་མི་དང་ཤིང་རྟའི་ཡན་ལག་གི་སྟེང་དུ་ཤིང་རྟ་སོགས་ཡོད་པར་འཇིག་རྟེན་ན་གྲགས་ཤིང་འདོད་པས། དེ་ལ་འཇིག་རྟེན་གྱི་གྲགས་པ་དང་ཐ་སྙད་དང་ཚད་མ་གཞན་གྱིས་མི་གནོད་པའི་ཕྱིར་རོ། །གཞན་ཡང་། དེ་ལྟར་འཐད་དེ། གང་ཟག་གཅིག་ལ་རིམ་གྱིས་བྱིས་པ་དར་མ་རྒན་པོ་ཞེས་པའི་ཐ་སྙད་དང་ཡང་རབ་བྱུང་། དགེ་སློང་། བླ་མ་ཞེས་སོགས་ཀྱི་ཐ་སྙད་ཇི་ལྟ་ཇི་ལྟར་བཞག་པ་དེ་ལྟ་དེ་ལྟར་ཀུན་རྫོབ་ཏུ་ལེགས་པར་འཐད་ཅིང་། དེ་ཡང་རྟོག་པས་བཏགས་ཙམ་གྱིས་བཞག་པའི་ཚུལ་ཡིན་པའི་ཕྱིར། ཆོས་ཐམས་ཅད་རྟོག་པའི་དབང་གིས་བཞག་པའང་ཡིན་ཏེ། མདོ་ལས། དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ། ཞེས་གསུངས་པས་སོ། །དེ་ཡང་དཔེར་ན། སྔོན་བོད་ཀྱི་ཡི་གེ་འདི་རྣམས་མེད་པ་ལ། ཐུ་མི་ལོ་ཙྪ་བ་སོགས་ཀྱིས། ཡི་གེའི་གཟུགས་གསར་དུ་བཟོས་ནས་འདི་ནི་ཡི་གེ་འདིའི་གཟུགས་སོ་ཞེས་ཐ་སྙད་བྱས་པ་ན། ཕྱིས་དེ་འདྲ་བ་ལ་དེ་ལྟར་ཁས་ལེན་རིགས་པ་བཞིན་ནོ། །དེས་ན། ཡི་གེའི་གཟུགས་འདི་དག་ལ་འཛམ་གླིང་འདིའི་ཕྱོགས་གཞན་ནམ། འཇིག་རྟེན་གྱི་ཁམས་གཞན་ན་ཡི་གེར་མ་གྲགས་པས། དེ་རྣམས་ཀྱིས་དེ་ཡི་གེའི་གཟུགས་མ་ཡིན་པར་འདོད་ཀྱང་མི་འགལ་ཡང་། ཕྱོགས་འདིར་ནི་དེ་ལྟར་འདོད་མི་རིགས་ཏེ། དཔེར་ན། ཚུ་རི་འདི་ལ་གཞན་ན་ཡོད་པ་དག་གིས་ཕར་རིའོ་ཞེས་འདོད་མི་རུང་བ་མིན་ཡང་། འདིར་འདུག་བཞིན་པས་ཚུ་རིར་ཁས་ལེན་དགོས་པས། ཕ་རིའོ་ཞེས་འདོད་དུ་མི་རུང་བ་བཞིན་ནོ། །ཡང་གལ་ཏེ་སྲོག་མེད་ཀྱི་ཀ་བུམ་སོགས་ཀྱང་གང་ཟག་ཏུ་འགྱུར་སྲིད་པར་ཐལ་ལོ། །ཞེ་ན། སྐྱོན་མེད་དེ། འདི་ན་ཕུང་བོ་དང་སྲོག་གི་དབང་བོ་སོགས་ཚང་བ་ཞིག་ལ་གང་ཟག་གི་ཐ་སྙད་བྱེད་པས། འདིར་དེ་མེད་ན་གང་ཟག་གི་ཐ་སྙད་མི་འཐོབ་ཀྱང་། ཕྱོགས་གཞན་ན་དེ་ཁོ་ན་ལྟར་མ་ངེས་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་ཐ་སྙད་ཀྱང་སྣ་ཚོགས་ཡོད་པའི་ཕྱིར་རོ། །དེ་བཞིན་དུ། བཟང་ངན་འབྲིང་གསུམ་དང་། མཆོག་དམན་བར་གསུམ་དང་། ཆེ་ཆུང་དང་རིང་ཐུང་སོགས་བློ་ལ་བལྟོས་ནས་འཇོག་ཚུལ་མང་བས་མཐའ་དག་ནི། འཕགས་པའི་གང་ཟག་ཆེན་པོ་དག་གི་སྤྱོད་ཡུལ་ཡིན་གྱི། སོ་སྐྱེས་ཇི་བཞིན་ཤེས་པར་མི་ནུས་སོ། །མདོར་ན། དེ་དག་ཐམས་ཅད་ཀྱང་རང་རང་གི་འདོད་པའམ་རྟོག་པ་སོ་སོ་ལ་བལྟོས་ནས་བརྡ་དང་ཐ་སྙད་ཀྱིས་བཞག་པ་སྟེ། གཞན་དུ་ན་ཕྱོགས་འདིར་ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྗོད་པ་ལྟར། ཕྱོགས་གཞན་ནའང་དེ་ལྟར་བརྗོད་དགོས་པ་སོགས་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཐ་སྙད་བྱེད་ཚུལ་སྣ་ཚོགས་ཡོད་ཀྱང་། ཁྱད་ཆོས་གསུམ་ཚང་ན་ཡོད་པའི་གོ་ཆོད་ལ། དེ་མ་ཚང་ན་ནི་མེད་པ་ཡིན་ཏེ། ལམ་རིམ་ཆེན་པོ་ལས། དེ་ལ་ཐ་སྙད་དུ་ཡོད་པར་འདོད་པ་དང་། མེད་པར་འདོད་པ་ནི་ཇི་འདྲ་བ་ཞིག་གི་སྒོ་ནས་འཇོག་པ་ཡིན་སྙམ་ན། ཐ་སྙད་པའི་ཤེས་པ་ལ་གྲགས་པ་ཡིན་པ་དང་། ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་མི་གནོད་པ་དང་། དེ་ཁོ་ན་ཉིད་ལའང་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་གནོད་པ་མི་འབབ་པ་ནི། ཐ་སྙད་དུ་ཡོད་པར་འདོད་ལ། དེ་ལས་ལྡོག་པ་ནི་མེད་པར་འདོད་དོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །གཞན་ཡང་འདིར་རྗེ་དགེ་འདུན་རྒྱ་མཚོའི་བཞེད་པ་བཞིན་བརྗོད་ན། ཀ་བའི་གདགས་གཞིར་གྱུར་བའི་ཤིང་ཕྲེང་ཕྲེང་པོ་དེ་ཉིད་ཀ་བར་སྣང་ཡང་ཀ་བ་མ་ཡིན་ཏེ། དེ་ཀ་བའི་གདགས་གཞི་ཡིན་པའི་ཕྱིར་ཏེ། དཔེར་ན། གང་ཟག་གི་ཕུང་བོ་གང་ཟག་མ་ཡིན་ཡང་དེར་སྣང་བ་བཞིན་ནོ། །ཀ་བ་གང་ཡིན་སྙམ་ན། དེ་ནི་རང་གི་གདགས་གཞིའི་ཤིང་དེ་ལ་བཏགས་པའི་བཏགས་ཆོས་ཙམ་སྟེ། དཔེར་ན། ཕུང་བོའི་སྟེང་དུ་གང་ཟག་ཏུ་བཏགས་པ་བཞིན་ནོ། །གལ་ཏེ། གདགས་གཞིའི་ཤིང་དེ་མཐོང་བས་ཀ་བ་མཐོང་བའི་གོ་མི་ཆོད་པར་འགྱུར་ཏེ། ཀ་བ་ནི་དེ་ལ་བཏགས་པའི་ཆོས་ཙམ་ཡིན་པའི་ཕྱིར་རོ་སྙམ་ན། སྐྱོན་མེད་དེ། གཟུགས་ཕུང་མགོ་རྐང་ལག་གོས་དང་བཅས་པ་ནི་གང་ཟག་མིན་ཀྱང་། དེ་མཐོང་བས་གང་ཟག་དེ་མཐོང་བར་འཇོག་ནུས་པ་བཞིན་ནོ། །དེ་ལྟར་བུམ་སོགས་ཆོས་རྣམས་ལའང་སྦྱར་བར་བྱ་སྟེ། འདི་ནི་དགག་བྱ་ཕྲ་མོ་ནས་འགོག་པའི་ལུགས་སུ་བཞེད་དོ། །མཁས་པ་ཁ་ཅིག འདི་མི་འཐད་ཅེས་ཟེར་ཡང་། ཁོ་བོ་ནི་གྲུབ་མཐའ་འོག་མའི་ལུགས་སུ་འདི་མི་འདོད་ཀྱང་། ཐལ་འགྱུར་བའི་ལུགས་ལ་འཐད་པ་ཁོ་ནར་སེམས་ཏེ། དེ་ཡང་བྱིས་པའི་ཤེས་ངོར་མེ་ལོང་ནང་དུ་གཟུགས་བརྙན་སྣང་བའི་ཚེ་ཆ་ཐམས་ཅད་ནས་བྱད་བཞིན་དུ་སྣང་བ་ལྟར། སོ་སྐྱེའི་ཤེས་ངོར་ཀ་བ་ལ་སོགས་པའི་ཆོས་གང་སྣང་ཡང་རང་བཞིན་གྱིས་གྲུབ་པར་སྣང་བར་གསུངས་ཤིང་། དེར་མ་ཟད་དེ་དག་རང་རང་གི་གདགས་གཞིའི་སྟེང་དུ་བཏགས་པའི་བཏགས་ཆོས་སུ་མི་སྣང་བར་གདགས་གཞི་དང་བཏགས་ཆོས་གཉིས་གཅིག་ཏུ་འདྲེས་ནས་མི་ཕྱེད་པའི་ཚུལ་གྱིས་སྣང་བའི་ཕྱིར་རོ། །དེ་ལ་སྣང་བ་ལྟར་གདགས་གཞི་དང་བཏགས་ཆོས་གཉིས་གཅིག་ཏུ་མི་རུང་སྟེ། རྗེ་ཉིད་ཀྱིས་གཞི་གཅིག་ལ་བལྟོས་པའི་གདགས་གཞི་ནི་དེའི་བཏགས་ཆོས་སུ་མི་འཐད་པར་བཤད་པའི་ཕྱིར་རོ། །གཞན་ཡང་མང་དུ་བརྗོད་པར་བྱ་བ་ཡོད་མོད་ཀྱང་འདིར་མཚོན་ཙམ་སྟེ། དཀའ་བའི་གནས་འདི་རྒྱས་པར་རྗེ་ཡབ་སྲས་ཀྱི་གསུངས་ལས་ཤེས་པར་བྱ་དགོས་སོ། །ཇི་སྐད་བརྗོད་པ་ལྟར་དཔྱད་དེ། དགག་བྱ་ཕྲ་མོ་ནས་ཁེགས་དགོས་ལ། དེ་ལྟར་ཁེགས་པར་རིགས་པས་དཔྱད་ནས་མི་རྙེད་པའི་ཚུལ་ཤེས་པ་དེ་ཙམ་གྱིས་ནི། དབུ་མའི་ལྟ་བ་རྙེད་པར་རློམ་པར་མི་བྱ་སྟེ། དེ་ཙམ་ཞིག་ཤེས་པ་དཀའ་བ་མ་ཡིན་ཀྱང་། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་དང་། ཐ་སྙད་དུ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འགལ་མེད་དུ་འཇོག་ཤེས་པའི་གཉིས་ཚོགས་དེ་ཤིན་ཏུ་དཀའ་བས་དབུ་མའི་ལྟ་བའང་རྙེད་པར་དཀའ་བའི་ཕྱིར་ཏེ། རྗེའི་གསུང་འབུམ་ཐོར་བུ་ལས། དེའི་ཕྱིར་དངོས་པོ་རྣམས་ཡུལ་དང་དུས་ཆེས་གསིལ་ན་གང་དུའང་བཟུངས་མི་འདུག་སྙམ་པའི་གོ་བ་སྐྱེས་པ་ཙམ་ལ་སྟོང་ཉིད་ཀྱི་ལྟ་བ་རྙེད་པར་འཇོག་ན། སྦྱང་བ་ཙམ་མ་བྱས་པའི་དབང་བོ་ཤིན་ཏུ་རྟུལ་པོས་ཀྱང་རྟོགས་པར་ནུས་པས་དཀའ་བའི་དོན་མེད་ལ། དེ་ཙམ་གྱིས་མི་ཆོག་གི དོན་དམ་པར་དམིགས་གཏད་ཐམས་ཅད་ཉེ་བར་ཞི་བ་དང་། ཀུན་རྫོབ་སྒྱུ་མ་ལྟ་བུ་ལ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་ཁས་བླངས་པས་ཆོག་པའི་གཉིས་ཚོགས་དེ་དཀའ་བས་སྟོང་བ་ཉིད་རྟོགས་པར་དཀའ་བ་ཡིན་ལ། ཞེས་བཤད་ཅིང་། ལམ་རིམ་ཆེ་ཆུང་གཉིས་ལས་ཀྱང་དེ་ཁོ་ན་བཞིན་དུ་གསུངས་པས། དཔྱོད་ཚུལ་ལྟར་སྣང་ཙམ་རེས་མི་ཆོག་གི །ཡང་དག་ཏུ་འགྲོ་བ་ཞིག་དགོས་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ཀྱང་། །འཁོར་འདས་ཀྱི་བྱ་བྱེད་ཐམས་ཅད་དང་ཁྱད་པར་ལས་དཀར་ནག་གཉིས་ཀྱིས་འབྲས་བུ་བསྐྱེད་པའི་ཚུལ་སོགས་ཀུན་རྫོབ་ཀྱི་རྟེན་འབྲེལ་མི་སླུ་བ་ཡིན་ཏེ། ཏིང་འཛིན་རྒྱལ་བོ་ལས། །སྒྱུ་མ་ཆུ་བུར་རྨི་ལམ་གློག་འདྲ་ཞིང་། །ཆོས་རྣམས་ཐམས་ཅད་ཆུ་ཡི་ཟླ་བ་བཞིན། །ཤི་ནས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །སེམས་ཅན་ཤེད་ལས་སྐྱེས་པ་མི་དམིགས་ཀྱང་། །ལས་རྣམས་བྱས་པ་མེད་པར་མི་འགྱུར་ཏེ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད། །རིགས་པའི་ཚུལ་གྱི་སྒོ་འདི་བཟང་པོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཚུལ་དེ་ནི་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་དགོངས་པའང་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ན། །ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་དང་། དཔལ་ལྡན་ཟླ་བས་ཀྱང་། ཇི་ལྟར་དེ་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པར་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་དང་། འབྲོམ་སྟོན་རིན་པོ་ཆེས་ཀྱང་། ཆོས་ཐམས་ཅད་བརྫུན་པའི་སྣང་བ་ཡང་། །གཟུགས་མེད་ན་གཟུགས་བརྙན་ག་ལ་འབྱུང་། །དེ་རྒྱུ་སོང་རྫུན་ཡང་འབྲས་འབྱུང་བས། །ལས་ཁྱད་དུ་མི་གསོད་ཉམས་ལེན་པའི། །ད་ལྟ་བ་བརྒྱུད་པའི་བཀའ་གདམས་ཡིན། །ཞེས་དང་། རྗེ་རིན་པོ་ཆེས། འདི་ཀུན་ངོ་བོས་སྟོང་བ་དང་། །འདི་ལས་འདི་འབྲས་འབྱུང་བ་ཡི། །ངེས་པ་གཉིས་པོ་ཕན་ཚུན་དུ། །གེགས་མེད་པར་ནི་གྲོགས་བྱེད་པ། །འདི་ལས་ངོ་མཚར་གྱུར་བ་དང་། །འདི་ལས་རྨད་དུ་བྱུང་བ་གང་། །ཞེས་དང་། པཎ་ཆེན་རིན་པོ་ཆེས་ཀྱང་། འཁོར་འདས་རང་བཞིན་རྡུལ་ཙམ་མེད་པ་དང་། །རྒྱུ་འབྲས་རྟེན་འབྲེལ་སླུ་བ་མེད་པ་གཉིས། །ཞེས་སོགས་གསུངས་པའི་ཕྱིར་རོ། །གལ་ཏེ་སྟོང་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་མ་རྟོགས་ན། འདིར་འབད་ཀྱང་ངལ་བ་དོན་མེད་པ་ཞིག་གམ་སྙམ་ན། དེ་ལྟར་མ་རྟོགས་ནའང་འབད་པ་དོན་མེད་དུ་མི་འགྱུར་ཏེ། ཚུལ་འདི་ལ་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་ནས་མོས་པ་ཙམ་གྱིས་ཀྱང་ཕན་ཡོན་མང་དུ་འབྱུང་བའི་ཕྱིར་ཏེ། ཁྱེའུ་རིན་ཆེན་བྱིན་པའི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང་བྲལ་བས་བསྐལ་བ་བརྒྱ་སྟོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐེ་ཚོམ་དང་བཅས་པས་ཉན་ན། བསོད་ནམས་དེ་བས་ཀྱང་ཆེས་མང་དུ་བསྐྱེད་ན། གང་ཐེ་ཚོམ་མེད་པར་ཉན་པ་ལྟ་ཅི་སྨོས། །གང་གིས་ཡི་གེར་བྲིས་ནས་ལུང་འབོགས་པ་དང་། འཆང་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་ལྟ་ཅི་སྨོས། ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། ཆོས་ཟབ་མོ་འདི་ལ་མོས་པས་བསོད་ནམས་ཐམས་ཅད་སྡུད་པ་ཡིན་ཏེ། ཞེས་དང་། འཕགས་པ་ལྷས་ཀྱང་། །བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཡང་ཟ་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་ཀྱང་། ཇི་སྙེད་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་ཚོགས་ནི་ཡོངས་བཟུང་བ། །དེ་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་དཔའ་རབ་ཏུ་འབྱུང་། །ཇི་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་ལས་འབྱུང་འགྱུར་བ། །དེ་ལས་མང་བའི་བསོད་ནམས་ནི། །དམ་ཆོས་ཡོངས་སུ་འཛིན་ལས་བྱུང་། །བྱང་ཆུབ་སེམས་བྱུང་བསོད་ནམས་གང་། །དམ་ཆོས་འཛིན་ལས་གང་བྱུང་བ། །སྟོང་བ་ཉིད་ལ་མོས་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ཁོ་བོས་ཀྱང་མདོ་དང་དགོངས་འགྲེལ་གྱི་བསྟན་བཅོས་དག་ལས་དེ་ལྟ་བུའི་ཕན་ཡོན་མང་དུ་བཤད་པ་མཐོང་བའི་དད་པས་ཡིད་དྲངས་ཏེ། འདི་ལྟར་འབད་པར་བྱས་པ་ཡིན་ནོ། །སྨྲས་པ། བློ་གྲོས་དཀྱིལ་འཁོར་ཡོངས་སུ་རྒྱས། །ཤེས་བྱའི་མཁའ་ལ་ཐོགས་པ་མེད། །གྲགས་པའི་སྣང་བ་རྟག་གསལ་བ། །རྗེ་བཙུན་བླ་མས་དགེ་ལེགས་སྩོལ། །མགོན་དེའི་ལེགས་བཤད་ཆུ་གཏེར་ཆེན་པོའི་འཇིང་། །རྣམ་དཔྱོད་དེད་དཔོན་མཆོག་གིས་ཞུགས་པ་ལས། །དགོངས་དོན་སྙིང་བོ་རིན་ཆེན་ཐོབ་པའི་ཚུལ། །བསམས་ཚེ་བདག་ལྟའང་སྐལ་བ་བཟང་སྙམ་བགྱེད། །འོན་ཀྱང་ཟབ་དོན་བཞིན་རས་ངོས། །ཉེས་པར་བཤད་པའི་དྲི་མ་ཡིས། །གལ་ཏེ་གོས་པར་མཆིས་གྱུར་ན། །རྗེ་བཙུན་བླ་མའི་སྤྱན་སྔར་འཆགས། །ལེགས་པར་བཤད་ལས་ཐོབ་པའི་རབ་དཀར་དགེ། །འགྲོ་རྣམས་རྟེན་འབྱུང་རྟོགས་པའི་ཉམས་ལེན་གྱིས། །མཐར་འཛིན་འཆིང་བ་ཀུན་ལས་རྣམ་གྲོལ་ཏེ། །ཉེར་ཞི་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཅེས་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། མཐོན་པོའི་རིགས་སུ་འཁྲུངས་ཤིང་གཞུང་ལུགས་ཀུན་ལ་གཟིགས་པའི་སྤྱན་མངའ་བ་ཀོའུ་ཤྲི་ནང་སོའི་བཀས། ཅོ་ནེའི་མཚན་ཉིད་ཀྱི་བླ་མའི་གོ་སའི་ཐོག་མར་གྱུར་བ། རབ་འབྱམས་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས། གནས་བརྟན་གྲགས་པ་དཔལ་འབྱོར་གྱིས་བསྐུལ་བར་བརྟེན། རང་ཉིད་ཀྱིས་ཀྱང་ཟབ་དོན་ལ་བག་ཆགས་འཇོག་པ་དང་། གཞན་ལའང་ཕན་སྲིད་སྙམ་པའི་འདུན་པས་སྦྱར་བའོ། །སརྦ་མངྒ་ལཾ།། །།

བར་དོའི་གསོལ་འདེབས་ཀྱི་རྣམ་བཤད་གསལ་བའི་མེ་ལོང་།

བར་དོའི་གསོལ་འདེབས་ཀྱི་རྣམ་བཤད་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། སྐྱོན་བྲལ་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །སྡུག་ཀུན་རྣམ་པར་བྱང་བའི་དམ་པའི་ཆོས། །ཕུན་ཚོགས་རིག་གྲོལ་དཔལ་ལྡན་དགེ་འདུན་ཏེ། །མཆོག་གསུམ་དམ་པའི་ཞབས་ལ་གུས་ཕྱག་འཚལ། །བདེ་སྟོང་ལྷ་ལམ་ཡངས་པ་ལས་བྱུང་བའི། །ཟུང་འཇུག་སྒྱུ་འཕྲུལ་དྲ་བ་འཇའ་ཚོན་སྐུ། །དག་པའི་བརྟན་གཡོ་སྤྲོ་དང་བསྡུ་བའི་གཞི། །རིགས་བརྒྱའི་ཁྱབ་བདག་དང་པོའི་མགོན་དེ་རྒྱལ། །རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་ནས། །རྒྱལ་སྲས་ངུར་སྨྲིག་རྣམ་རོལ་ཆོས་ཀྱི་རྗེ། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པའི་དཔལ། །རྒྱལ་བ་གཉིས་པ་བཙོང་ཁ་བ་ལ་འདུད། །མགོན་དེའི་ལེགས་པར་བཤད་པའི་ཆོས་ཚུལ་ཀུན། །ཇི་བཞིན་འཛིན་ལ་འགྲན་པའི་ཟླས་དབེན་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་པ་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་གུས་པས་འདུད། །དེ་ལ་འདིར་ངེས་པ་དོན་གྱི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞབས་ཀྱིས་མཛད་པའི་བར་དོའི་གསོལ་འདེབས་ནི་གང་བཤད་པར་བྱ་བའི་ཆོས་སོ། །འདི་འཆད་པ་ལ་གསུམ། མཆོད་པར་བརྗོད་པ་དང་། སྐྱབས་སུ་འགྲོ་བ་དང་། བྱིན་རླབས་ཞུ་བའོ། །དང་པོ་ནི། ན་མོ་གུ་རུ་མཛྙུ་གྷོ་ཥཱ་ཡ། ཞེས་གསུངས། དོན་ནི། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དེ་ཡང་ན་མོ་ཞེས་པ་ནི། ཕྱག་འཚལ་བའམ་འདུད་པ། གུ་རུ་ནི་བླ་མ་མཉྫུ་གྷོ་ཥཱ་ནི་འཇམ་པའི་དབྱངས། ཡ་ནི་ལ་ཞེས་པ་ལ་འཇུག་པའི་ཕྱིར། གཉིས་པ་ནི། དུས་གསུམ་བདེ་གཤེགས་ཆོས་དང་ཚོགས་བཅས་ལ། ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། འདི་ལ་གཉིས། ཚིག་གི་དོན་དང་། སྤྱིའི་དོན་ནོ། །དང་པོ་ལ་བཞི། ཡུལ་གང་ལ་རྟེན་གང་གིས་དུས་ཇི་སྲིད་ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བའོ། །ཤེས་བྱ་ཆོས་ཅན། ཡུལ་གང་ལ་སྐྱབས་སུ་འགྲོ་བ་ཡོད་དེ། འདས་མ་འོངས་ད་ལྟའི་དུས་གསུམ་གྱི་བདེ་བར་གཤེགས་པ་སྟེ་དེས་བསྡུས་པའི་སངས་རྒྱས་དཀོན་མཆོག་དང་། ལུང་རྟོགས་ཀྱི་དམ་པའི་ཆོས་དང་། འཕགས་པའི་ཚོགས་དགེ་འདུན་དང་བཅས་པ་ཐམས་ཅད་ལ་སྐྱབས་སུ་འགྲོ་དགོས་པའི་ཕྱིར། རྟེན་གང་གིས་སྐྱབས་སུ་འགྲོ་བ་ཡོད་དེ། བདག་ཉིད་དང་དེར་མ་ཟད་ནམ་མཁའི་ཁམས་དང་མཉམ་པའི་འགྲོ་བ་མ་ལུས་པ་ཐམས་ཅད་ཀྱིས་སྐྱབས་སུ་འགྲོ་དགོས་པའི་ཕྱིར། དུས་ཇི་སྲིད་བར་དུ་སྐྱབས་སུ་འགྲོ་བ་ཡོད་དེ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་བོ་ལ་མཆིས་པའི་བར་དེ་སྲིད་དུ་སྐྱབས་སུ་མཆི་བ་སྟེ་སྐྱབས་སུ་འགྲོ་དགོས་པའི་ཕྱིར། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ་ཡོད་དེ། ཚེ་འདི་དང་ཕྱི་མ་དང་བར་དོའི་གནས་སྐབས་སུ་འབྱུང་བའི་སྡུག་བསྔལ་གྱི་འཇིགས་པ་མཐའ་དག་ལ་སྐྲག་པའི་སྒོ་ནས་འཇིགས་པ་དེ་ལས་བསྒྲལ་དུ་གསོལ་ཞེས་རེ་ལྟོས་འཆའ་བའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་ཡིན་པའི་ཕྱིར། འདི་ནི་འོག་ནས་འཆད་པར་འགྱུར་བའི་མདོར་བསྟན་དུའང་རུང་ལ། དེ་ཡང་རྩམ་པ་པོ་རང་ཉིད་ཀྱིས་སྐྱབས་སུ་འགྲོ་བ་ལྟ་བུར་བསྟན་ཀྱང་། དོན་ནི་མ་འོངས་པའི་གདུལ་བྱ་སྐྱབས་སུ་འགྲོ་ཚུལ་སྟོན་པ་སྟེ། དེ་བཞིན་དུ་ལྷག་མ་རྣམས་ལ་འདུ་ཤེས་དགོས་སོ། །གཉིས་པ་སྤྱིའི་དོན་ལ་གཉིས། སྐྱབས་ངོས་བཟུང་བ། དེ་ལ་སྐྱབས་སུ་འགྲོ་བའི་ཚུལ་ལོ། །དང་པོ་ནི། སྐྱབས་འགྲོ་བདུན་ཅུ་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར་ཏེ། དེ་ལ་སངས་རྒྱས་ནི་དོན་གཉིས་མཐར་ཕྱིན་པའི་སྐྱབས་གནས་མཐར་ཐུག་གོ །དམ་པའི་ཆོས་ནི། འགོག་པ་དང་ལམ་གྱི་བདེན་པས་བསྡུས་པའི་རྣམ་བྱང་བདེན་པའོ། །དགེ་འདུན་དཀོན་མཆོག་ནི་རིགས་གྲོལ་གྱི་ཡོན་ཏན་དང་ལྡན་པའི་འཕགས་པའོ། །གཉིས་པ་སྐྱབས་སུ་འགྲོ་ཚུལ་ནི། རང་ཉིད་ངན་སོང་སོགས་ཀྱི་སྡུག་བསྔལ་གྱིས་འཇིགས་ནས་དེ་ལས་སྐྱོབ་པའི་ཕྱིར་དུ་དཀོན་མཆོག་ལ་རེ་ལྟོས་འཆའ་བ་སྟེ་འདི་ལ་བཞི། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་ཞིང་རེ་བལྟོས་འཆའ་བའོ། །དང་པོ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའོ། །གཉིས་པ་ནི། དཀོན་མཆོག་གསུམ་ནང་ཕན་ཚུན་གྱི་ཁྱད་པར་ཤེས་འོ། །གསུམ་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐྱབས་སྟོན་པ་པོ་དང་། ཆོས་ལ་སྐྱབས་དངོས་དང་། དགེ་འདུན་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་དམ་འཆའ་བའོ། །བཞི་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་དེ་ཁོ་ན་སྐྱབས་སུ་འཛིན་གྱི། དེ་དང་མི་མཐུན་པ་གཞན་སྐྱབས་སུ་མི་འཛིན་པའི་སྒོ་ནས་རེ་ལྟོས་འཆའ་བའོ། །འདི་ནི་མཚོན་པ་ཙམ་སྟེ། སྐྱབས་འགྲོའི་ཁྱད་པར་རྒྱས་པར་ལམ་རིམ་སོགས་ནས་ཤེས་པར་བྱའོ། །གསུམ་པ་བྱིན་རླབས་ཞུ་བ་ལ་བཞི། དལ་འབྱོར་ལ་སྙིང་བོ་ལེན་དགོས་ཚུལ། འཆི་བའི་སྡུག་བསྔལ་དྲན་ཚུལ། འཆི་བའི་ལྟས་ཤར་བའི་ཚེ་དྲན་ཤེས་བསྟེན་ཚུལ། སྐྱེ་འཆི་བར་དོའི་ལམ་འཁྱེར་སྒོམ་ཚུལ་རྣམས་བྱིན་རླབས་ཞུ་བའི་ཚུལ་གྱིས་གསོལ་བ་འདེབས་པའོ། །དང་པོ་ནི། རྙེད་དཀའ་འཇིག་པར་སླ་སོགས་རྐང་བ་བཞི་སྟེ། འདི་ལ་གཉིས་ཚིག་དོན་དང་། སྤྱི་དོན་ནོ། །དང་པོ་ནི། རྒྱུ་ཚོགས་མང་དུ་བསགས་པ་ལ་བརྟེན་ནས་འབྱུང་དགོས་པའི་ཕྱིར་ཤིན་ཏུ་རྙེད་པར་དཀའ་ཞིང་། འཆི་རྐྱེན་མང་བས་འཇིག་པར་སླ་བའི་དལ་འབྱོར་གྱི་རྟེན་བཟང་བོ་ཐོབ་ཟིན་པའི་དུས་འདིར། སྐྱེ་བ་ཕྱི་མ་རྣམས་སུ་ལ་ཆེ་བ་བདེ་ཞིང་སྐྱིད་པ་དང་ཉེན་ཆེ་བ་སྡུག་བསྔལ་འབྱུང་བ་གཉིས་ཀ་ལས། ད་ལྟ་གང་ཕྱེད་རང་ལ་འདམ་ག་བཏང་དུ་ཡོད་པའི་སྐབས་ཡིན་པས་ན་དོན་ཆུང་བ་དང་དོན་མེད་པའི་ཚེ་འདིའི་བྱ་བ་ཟས་གོས་སོགས་ལ་འབད་པས་ལུས་སེམས་མི་གཡེང་བར། ཕྱི་མའི་གནས་སྐབས་སུ་བདེ་བ་མང་བོ་སྒྲུབ་པའི་སྒོ་ནས་རྟེན་འདི་ལ་དོན་ཆེན་གྱི་སྙིང་བོ་ལེན་པར་འགྱུར་བ་བྱིན་གྱི་རློབས་ཤིག་ཅེས་པའོ། །བྱིན་གྱིས་བརླབས་པའི་དོན་ནི་སེམས་རྒྱུད་དེའི་སྐལ་བ་ཅན་ཏུ་བྱས་པ་སྟེ། དེ་ཡང་ནུས་པའམ་བག་ཆགས་ཁྱད་པར་ཅན་རེ་བཞག་པའི་དོན་ནོ། །གཉིས་པ་སྤྱིའི་དོན་ལ། སྤྱིར་རྟེན་ཁྱད་པར་ཅན་ཐོབ་པ་ལ་དགེ་བ་མང་དུ་སྒྲུབ་དགོས་ཤིང་། དེ་ལ་ཚུལ་ཁྲིམས་རྣམ་དག་གིས་བཞི་བཟུང་སྦྱིན་སོགས་གཞན་གྱིས་གྲོགས་བྱས་སྨོན་ལམ་རྣམ་དག་གིས་མཚམས་སྦྱོར་བ་ལྟ་བུ་ཞིག་དགོས་པར་གསུངས་པས་རྙེད་དཀའ་ཞིང་། གཞན་ཡང་། ངོ་བོ་རྒྱུ་དཔེ་སོགས་ཀྱི་སྒོ་ནས་རྙེད་དཀའ་ཚུལ་རྣམས་ཤེས་དགོས་སོ། །འཇིག་པར་སླ་ཚུལ་ནི་འཆད་པར་འགྱུར་རོ། །རྟེན་བཟང་བོ་ཞེས་པ་ནི། སྤྱིར་ངན་འགྲོ་གསུམ་གྱི་རྟེན་ལ་ལྟོས་ཏེ་བདེ་འགྲོའི་རྟེན་བཟང་མོད་ཆོས་སྒྲུབ་པའི་རྟེན་དུ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མིའི་ལུས་རྟེན་ནི་མཆོག་ཡིན་ཏེ། སློབ་སྤྲིང་ལས། བདེར་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པར་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་། མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་སོ། །དལ་འབྱོར་ནི་གཞན་དུ་ཤེས་པར་བྱའོ། །གཉིས་པ་ལ་གཉིས། འཆི་བ་མི་རྟག་པ་དྲན་ཚུལ་སྤྱིར་བསྟན་པ། འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ་དྲན་ཤེས་བསྟེན་ཚུལ་ལོ། །དང་པོ་ནི། འདུས་པ་འབྲལ་ཞིང་ཞེས་སོགས་རྐང་བ་བཞི་སྟེ། འདི་ལ་གཉིས། ཚིག་དོན་དང་། སྤྱི་དོན་ནོ། །དང་པོ་ནི། ཟག་བཅས་ཀྱི་དངོས་པོ་སོགས་འདུས་བྱས་ཐམས་ཅད་ནི། སྤྱིར་མི་རྟག་ཅིང་ཁྱད་པར་དུ་དེ་དག་ལས་གང་ཚོགས་ཞིང་འདུས་པ་རྣམས་མཐར་འབྲལ་བར་འགྱུར་ཞིང་། བསྲེགས་པ་མ་ལུས་ང་ཡང་མཐར་འཛད་ལ། མཐོན་པོར་གྱུར་པའི་མཐའ་ནི་རྒུད་པའི་དང་རང་བཞིན་ལས་མ་འདས་ཞིང་། སྐྱེས་པའི་ཐ་མ་ཡང་འཆི་བ་ལས་མ་འདས་སོ། །སྐྱེ་བ་ཞིག་བླངས་པའི་མཐར་འཆི་བར་མ་ཟད། ནམ་འཆི་ཡང་ཆ་མེད་པས་ན། དེ་ལྟར་དྲན་པའི་སྒོ་ནས་ཡུན་རིང་དུ་བསྡད་དེ་ཕྱིས་སུ་ཆོས་བྱེད་ལོང་ཡོད་སྙམ་པ་སྤངས་ནས་ལོང་མེད་དྲན་པའི་བློ་བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་པའོ། །ཚུལ་དེ་ལྟར་བཤད་པ་ཡང་སྦོམ་ཐོག་ནས་ཡིན་གྱི། ཁྱབ་མཐའ་བཟུང་བའི་ཚུལ་གྱིས་ནི་མིན་ཏེ། སངས་རྒྱས་འཕགས་པ་རྣམས་ལུང་རྟོགས་ཀྱི་ཡོན་ཏན་དང་ཚོགས་གཉིས་སོགས་དང་མི་འབྲལ་ཞིང་། རྣམ་ཤེས་ཡང་འཁོར་སེམས་བྱུང་དང་མི་འབྲལ་ལ་བླ་མེད་ལྟར་ན་དེ་རང་གི་བཞོན་པའི་རླུང་དང་ཡང་འབྲལ་མི་རུང་དུ་གནས་པའི་ཕྱིར་དང་། སངས་རྒྱས་དང་བྱང་འཕགས་ཀྱིས་བསགས་པའི་ཚོགས་ཀྱང་མི་འཛད་ལ། དེ་དག་རྣམས་ནི་ལས་ཀྱིས་དབང་མེད་དུ་མཐར་རྒུད་པ་དང་འཆི་བ་ཡང་མི་མངའ་བའི་ཕྱིར་ཏེ། རྒྱུད་བླ་མ་ལས། འཆི་བདུད་རྒྱུ་བ་མེད་པའི་ཕྱིར། །འཆི་མེད་ཞི་བའི་གནས་ཐོབ་པ། །ཞེས་དང་། འཕགས་པ་ན་དང་རྒ་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པའི་ཕྱིར། དེས་ན་དེའི་དོན་ནི་ཟག་བཅས་ཀྱིས་བསྡུས་པའི་དངོས་པོ་རགས་པ་འདི་རྣམས་འདུས་པའི་མཐར་འབྲལ་ཞིང་། ལས་ཉོན་གྱིས་སྐྱེ་བ་བླངས་པའི་སོ་སྐྱེ་རྣམས་འཆི་བ་ལས་མ་འདས་པ་སོགས་གཙོ་བོའི་དོན་ནོ། །གཉིས་པ་ནི། ལམ་རིམ་ནས་བཤད་པ་ལྟར། ལས་ཉོན་གྱི་དབང་གིས་སྐྱེ་བ་བླངས་པའི་སོ་སྐྱེ་ནི་ངེས་པར་འཆི་བ། ནམ་འཆི་ཆ་མེད་པ། འཆི་བའི་ཚེ་དམ་པའི་ཆོས་མ་གཏོགས་གཞན་གྱིས་མི་ཕན་པའོ། །དང་པོ་ནི། ཚོམས་ལས། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །ཞེས་སོགས་གསུངས་པ་ལྟ་བུའོ། །གཉིས་པ་ནི། ཇི་སྐད་དུ། སྐད་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་ཡོང་གཏོལ་མེད་པས། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། ཀཱ་ནི་ཀཱ་ཡི་སྤྲིངས་ཡིག་ལས། འཆི་བདག་གིས་ནི་དྲངས་པ་ན། །དགེ་དང་མི་དགེ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལོག་ན། །འགའ་ཡང་ཁྱོད་ཀྱི་རྗེས་མི་འབྲང་། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ལ་བཞི། འཆི་བ་ལ་ཉེ་བའི་ཚེ་གནོད་གཅོད་མི་འབྱུང་བར་གསོལ་བ། འཁྲུལ་སྣང་མི་འབྱུང་བ། སྔོན་གྱི་གདམས་ངག་དྲན་ནུས་པ། ཡིད་དགའ་སྤྲོ་དང་ལྡན་པར་གསོལ་བའོ། །དང་པོ་ནི། གཟུང་འཛིན་རྣམ་རྟོག ཞེས་སོགས་རྐང་བ་བཞི་སྟེ། གཟུང་བ་སྟེ་ཡུལ་གཟུགས་སྒྲ་སོགས་ཕྱི་ནང་གི་དངོས་པོ་ལ་ཕྱིན་ཅི་ལོག་ཏུ་ཞེན་པ་དང་། འཛིན་པ་སྟེ་ཡུལ་ཅན་མིག་ཤེས་སོགས་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་རྣམ་པར་རྟོག་པ་འཐུལ་བ་གང་ལ་གནས་པའི་གཞི་ལུས་ཀྱི་གྲོང་ཁྱེར་དུ། མི་གཙང་བའི་རྫས་བཤང་གཅི་སོགས་དང་། ཤ་རུས་སོགས་ས་ཁམས། ཁྲག་ཆུ་སེར་སོགས་ཆུ་ཁམས། དྲོད་མེ་ཁམས་དབུག་སོགས་རླུང་ཁམས་ཏེ་ཁམས་བཞི་དང་། དེ་རྣམས་ཀྱི་ཚོགས་པ་སྒྱུ་མའི་ཕུང་བོ་འདི་དང་རང་གི་རྣམ་པར་ཤེས་པ་འབྲལ་ཀའི་དུས་ཀྱི་ཚེ་ཟས་མ་འཕྲོད་པ་ལ་སོགས་པ་འཆི་རྐྱེན་སྣ་ཚོགས་པ་ཞིག་འབྱུང་བའི་གནད་གཅོད་ཀྱི་སྡུག་བསྔལ་རྣམས། ཞི་བར་བྱིན་གྱིས་རློབས་ཤིག །ཅེས་པའོ། །དེ་ལ་གྲོང་ཁྱེར་ཞེས་པའི་དོན་ནི་དངོས་ཟིན་ལྟར་གཟུང་འཛིན་གྱི་རྣམ་རྟོགས་འཁྲུལ་བ་ཉིད་ལ་བཤད་པ་བཞིན་བྱས་ཀྱི། ཡུམ་གྱི་མདོ་ལས། མིག་སོགས་དབང་བོ་ལ་གྲོང་གི་སྒྲ་དང་དབང་རྟེན་ཁོག་པ་སོགས་ལ་གྲོང་ཁྱེར་གྱི་སྒྲས་བསྟན་པ་ལྟར་ན། གྲོང་ཁྱེར་ནི་འཁྲུལ་ཤེས་ཀྱི་རྟེན་ལུས་ཀྱི་ཁམས་སྤྱི་དང་བྱེ་བྲག་རྣམས་ལ་བྱའོ། །མི་གཙང་འབྱུང་བཞི་ཞེས་པའི་བར་དུ་གཞི་མཐུན་གྱི་དྲུག་སྒྲ་སྦྱར་ཏེ་འབྱུང་བཞི་ལ་མི་གཙང་བའི་སྒྲས་བསྟན་པ་ལ་བཤད་རུང་ཙམ་ཡང་སྣང་ངོ་། །གཉིས་པ་ནི། གཅེས་པར་བསྐྱངས་པའི་སོགས་རྐང་པ་བཞི་སྟེ། སྔར་ཟས་གོས་སོགས་ཀྱིས་ཤིན་ཏུ་གཅེས་པར་བསྐྱངས་པའི་ལུས་འདི་ཉིད་ཀྱིས་རང་ལ་ཕྱིས་དགོས་པའི་དུས་སུ་བསླུས་ཏེ་བཟའ་བཏུང་འཇུ་བ་སོགས་མི་བྱེད་ཅིང་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཡང་མེད་པར་གྱུར་བའི་སྐབས་དེར་ཤིན་ཏུ་འཇིགས་སུ་རུང་བ་གཤིན་རྗེའི་ཕོ་ཉའི་དགྲ་བོ་མངོན་དུ་གྱུར་ནས་ཕ་རོལ་ཏུ་འཁྲིད་པར་རྩོམ་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་གི་དུག་གསུམ་དང་དེའི་དབང་གིས་འབྱུང་བའི་འབྱུང་བ་སོ་སོར་གྱེས་བའི་གནད་གཅོད་ཀྱིས་སྡུག་བསྔལ་དྲག་པོའི་མཚོན་གྱིས་རང་གི་སྲོག་གཅོད་པར་བྱེད་པའི་ཚེ། མི་དགེའི་རྐྱེན་ལས་འཁྲུལ་སྣང་ངན་པ་སྣ་ཚོགས་ཞིག་འབྱུང་བ་ཀུན་ཞི་བར་བྱིན་གྱིས་རློབས་ཏུ་གསོལ། ཞེས་པའོ། །གྲང་ནད་ཀྱིས་གཟིར་བའི་གང་ཟག་ཕལ་ཆེར་འཆི་བའི་ཚེ་འཕྲུལ་སྣང་མི་འབྱུང་བ་མང་ཡང་། ཚ་བའི་ནད་དྲག་པོས་བཏབ་པ་ཕལ་ཆེར་ལ་འཁྲུལ་སྣང་འབྱུང་ངོ་། །དེས་ན་སྡིག་པོ་ཆེ་འགའ་ཞིག་ནི་འཆི་བའི་ཚེ་འཁྲུལ་སྣང་དང་། གནོད་གཅོད་དྲག་པོ་མི་འབྱུང་བ་སྲིད་ཅིང་། དགེ་བ་སྟོབས་ཆེན་བྱས་པ་འགའ་ཞིག་ལ་དེ་ལྟར་འབྱུང་བ་ཡང་སྲིད་དོ། །ཡང་ན་སྔ་མ་ནི། ཕྱི་མར་ངན་སོང་དུ་སྡུག་བསྔལ་ཆེན་པོ་མྱོང་དགོས་པས་རེ་ཞིག་དེ་ལྟ་བུ་མ་བྱུང་བའམ། སྐབས་དེར་དགེ་བ་ཕྲན་ཚེགས་ཀྱི་འབྲས་བུ་འབྱུང་བ་ཡོད་ལ། ཕྱི་མ་ནི། ཕྱི་མར་ཡུན་རིང་དུ་བདེ་བ་འབྱུང་བས་རེ་ཞིག་ལ་སྔོན་བྱས་པའི་ལས་ངན་པའི་འབྲས་བུ་ལྷག་མ་ཕལ་ཆེར་སྡུག་བསྔལ་ཆུང་ངུ་མྱོང་བ་དེས་གོ་ཆོད་པར་འགྱུར་རོ། །ཚུལ་དེ་ཉིད་ཤེར་ཕྱིན་སུམ་བརྒྱ་བ་སོགས་ནས་གསུངས་པས། དགེ་བ་སྟོབས་ཆེན་བྱས་པ་འགའ་ལ་འཁྲུལ་སྣང་དང་གནོད་གཅོད་དྲག་པོ་བྱུང་བ་སོགས་ལ་དྲན་པར་མི་འཛིན་ཅིང་། སྡིག་ཅན་འགའ་ལ་དེ་མ་བྱུང་ཡང་བཟང་བོར་འཛིན་མི་རིགས་སོ། །དེས་ན་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་གཞན་གྱི་ཚོད་མཐའ་གཅིག་ཏུ་བཟང་ངན་འདིའོ་ཞེས་བཟུང་དུ་མི་རུང་སྟེ། མདོ་ལས། ངའམ་ང་འདྲ་བས་གང་ཟག་གི་ཚོད་བཟུང་གི །གང་ཟག་གིས་གང་ཟག་གི་ཚོད་མི་གཟུང་སྟེ་ཉམས་པར་གྱུར་ཏ་རེ། ཞེས་དང་། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། །བརྩེ་བའི་བདག་ཉིད་ཆེ་ཡང་དུད་འགྲོར་སྐྱེས། །ཞེས་བྱང་ཆུབ་སེམས་དཔའ་ངན་སོང་དུ་སྐྱེ་སྲིད་པར་གསུངས་པ་བཞིན་ནོ། །གསུམ་པ་ནི། སྨན་པས་བོར་ཞིང་སོགས་རྐང་བ་བཞི་སྟེ། འཆི་བར་ངེས་པའི་དུས་སུ་སླེབས་པའི་ཚེ་སྨན་པས་སྨན་བཏང་ནས་མི་འཚོ་བར་ཤེས་ཏེ་རང་ཉིད་བོར་ནས་འགྲོ་ཞིང་། དེར་མ་ཟད་རིམ་གྲོ་ཆེན་པོ་བྱས་ཀྱང་འཆི་བ་བཟློག་ཏུ་མེད་ལ། གཉེན་རྣམས་ཀྱིས་ང་ནི་འཆི་བར་ངེས་སོ་སྙམ་ན་གསོན་དུ་རེ་བའི་རེ་ཐག་ཆད་ནས་སྡུག་བསྔལ་བྱེད་ཅིང་། ནད་པ་རང་ཉིད་ཀྱིས་ཀྱང་ཅི་བྱ་བའི་གཏོལ་མེད་པ་སྟེ་ཐབས་མེད་པ་དང་། ཆ་མེད་པ་འམ་རྒྱུས་མེད་པ་ལྟ་བུར་གྱུར་བའི་ཚེ། སྔར་བླ་མས་བསྟན་པའི་གདམས་ངག་རྣམས་དང་། ཁྱད་པར་འཆི་བའི་དུས་ཀྱི་གདམས་ངག་ཁྱད་པར་ཅན་དྲན་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །གདམས་ངག་མང་ཡང་དཀོན་མཆོག་དང་བླ་མ་ལ་དད་པ་དྲག་པོ་དང་། ཀུན་རྟོག་ངན་པ་མི་སྐྱེ་བ་དང་། རང་གི་ཡོ་བྱད་ལ་མི་ཞེན་པ་དང་། སྡིག་པ་འཆགས་པ་དང་། འཕོ་བའི་མན་ངག་དྲན་པ་སོགས་སོ། །བཞི་པ་ནི། སེར་སྣས་བསགས་པའི་སོགས་རྐང་པ་བཞི་སྟེ། སྔར་རང་ཉིད་ཀྱི་ཆེད་དུ་འབད་པ་དུ་མའི་སྒོ་ནས་སེར་སྣས་བསགས་པའི་ཟས་དང་ནོར་ཡོད་ནའང་རང་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་ཚེ་ཤུལ་དུ་ནི་ལུས། རང་ལ་བརྩེ་ཞིང་གདུང་བའི་གཉེན་སོགས་དང་སླན་ཆད་འཕྲད་དུ་མེད་པའི་ཚུལ་གྱིས་གཏན་ནས་བྲལ་བར་ནི་བྱས་ཤིང་། ཟས་གོས་ནོར་གྲོགས་གང་ཡང་མེད་པར་འཇིགས་སྐྲག་སོགས་འབྱུང་བའི་ཉམ་ང་བའི་གནས་སུ་རང་ཉིད་གཅིག་པུས་འགྲོ་བའི་ཚེ། ཡིད་ལངས་དགེ་བ་མ་བྱས་ད་ཅི་བྱ་སྙམ་པ་ལ་སོགས་པའི་འགྱོད་པ་མེད་པར་བུ་རང་གི་ཕ་ཁྱིམ་དུ་འགྲོ་བ་ལྟ་བུའི་དགའ་སྤྲོའི་གདེངས་དང་ལྡན་པར་ད་ལྟ་དང་དུས་དེར་ཡང་འབྱུང་བར་བྱིན་གྱིས་རློབས་ཤིག་ཅེས་པའོ། །དགའ་སྤྲོའི་གདེངས་ཞེས་པ་ནི་ད་ལྟ་ནས་དགེ་བ་མང་དུ་བསགས་ཏེ་འཆི་བའི་དུས་སུ་ངས་དགེ་བ་དེ་ཙམ་ཞིག་བྱས་པས་ངན་སོང་གི་སྡུག་བསྔལ་མྱོང་བ་སོགས་མི་སྲིད་པར་ཐག་ཆོད་པའི་ངེས་པ་ཐོབ་ནས་འཆི་བ་ལ། མི་དགའ་བ་མེད་ཅིང་དགའ་སྤྲོ་བྱེད་པའི་དོན་ཡིན་གྱི་ཁ་ཅིག་དགའ་སྤྲོ་བདེ་དང་ཞེས་འདོན་པ་ནི་མ་དག་པའོ། །གསུམ་པ་ལ་གཉིས། ཕྱི་རྟགས་དང་། ནང་རྟགས་སོ། །དང་པོ་ནི། ས་ཆུ་མེ་རླུང་སོགས་རྐང་བ་བཞི་སྟེ། གཉིས་པ་ནི། འཇིགས་སྐྲག་འཁྲུལ་སྣང་སྣ་ཚོགས་སོགས་ཚིགས་བཅད་གཉིས་ཀྱིས་སྟོན་ཏོ། །དང་པོའི་དོན་ནི། འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ་ཕྱི་ནང་གི་རྟགས་གཉིས་ལས། དང་པོ་ཕྱིའི་རྟགས་ལ་འབྱུང་བ་བཞིའི་ནང་ནས་རང་ལུས་ཀྱི་སའི་ཁམས་དང་ཆུ་ཁམས་མེ་ཁམས་རླུང་ཁམས་ཏེ་འབྱུང་བ་བཞི་རིམ་གྱིས་ཐིམ་པ་རྣམས་ལས། སའི་ཁམས་ཐིམ་པའི་ཚེ་ལུས་ལྕི་བ་དང་མནན་པ་ལྟ་བུའི་ཚུལ་གྱིས་ལུས་ཀྱི་སྟོབས་ཤོར་དེའི་རྗེས་སུ་ཆུའི་ཁམས་ཐིམ་པའི་ཚེ་ལུས་ཀྱི་བ་སྤུའི་སྒོ་ནས་དྲི་ངན་དང་ལུས་རྩེད་སེད་སེད་པ་དང་། ཁ་དང་སྣ་བསྐམས་ཤིང་བརྗེས་ནས་འགྲོ་བ། དེ་ཡང་ཁ་བསྐམས་ཤིང་སྣ་གཡས་གཡོན་གང་རུང་དུ་མོ་སྟེ། མཆིལ་མ་དང་སྣབས་མི་འབྱུང་ས་ཁམས་ཐིམ་པའི་ཚེ་ལུས་ཀྱིས་དྲོད་མཐའ་ནས་རིམ་གྱིས་བསྡུས་ཏེ་རྐང་བ་དང་དཔྲལ་བ་སོགས་ལ་དྲོད་མི་འབྱུང་། རླུང་ཁམས་རགས་པ་ཐིམ་འགྲོ་བའི་ཚེ་དབུགས་ཕྱིར་ཕུལ་ཞིང་ཐུང་ངུ་མང་དུ་བརྩེགས་པ་དང་ཕྱིར་འགྲོ་བ་སླ་ལ་ནང་དུ་བསྡད་དཀའ་ཞིང་དབུགས་ངར་ངར་སྒྲོགས་པའི་སྒྲ་འབྱིན་པའི་ཚེ། དཀོན་མཆོག་མཁྱེན་སྙམ་པ་སོགས་དགེ་བའི་སེམས་སྟོབས་དང་ལྡན་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་པའོ། །གཉིས་པ་ལ་ཚིགས་བཅད་དང་པོའི་དོན་ནི། སྔར་གྱི་རྟགས་རྣམས་བྱུང་བའི་ཚེ་གཤིན་རྗེ་ལ་སོགས་པའི་འཇིགས་སྐྲག་དུ་མ་དང་། ཡིད་ངོར་འཁྲུལ་བའི་སྣང་བ་སྣ་ཚོགས་པ་འཆར་ཞིང་། ཁྱད་པར་དུ་སའི་ཁམས་ཐིམ་པའི་ནང་རྟགས་སུ་དཔྱིད་དུས་ཀྱི་ཚེ་ཆུ་མེད་པའི་བྱེ་ཐང་ལྟ་བུ་ལ་ཆུ་སྔོ་ཁྲག་ཁྲིག་རྒྱུག་པ་བཞིན་དུ་སྨིག་རྒྱུ་འདྲ་བའི་སྣང་བ་དང་། ཆུ་ཁམས་ཐིམ་པའི་ནང་རྟགས་སུ་བར་སྣང་ལ་དུ་བ་སྲབ་མོས་ཁྱབ་པ་བཞིན་དུ་དུ་བ་ལྟ་བུ་དང་། མེ་ཁམས་ཐིམ་པའི་ནང་རྟགས་རྩ་མེར་བསྲེག་པའི་མེ་མ་དག་ནམ་མཁའ་ལ་གཏོར་བ་ལྟར་མཁའ་སྣང་མེ་འཁྱེར་འདྲ་བའི་སྣང་བ་ཤར་ཏེ། སྣང་བའི་རང་བཞིན་གྱི་རྟོག་པ་སོ་གསུམ། མཆིད་པའི་རང་བཞིན་གྱི་རྟོག་པ་བཞི་བཅུ། ཉེར་ཐོབ་ཀྱི་རང་བཞིན་གྱི་རྟོག་པ་བདུན་ཏེ། རང་བཞིན་གྱི་རྟོག་པ་བརྒྱད་ཅུའི་བཞོན་པར་གྱུར་བའི་རླུང་རགས་པ་རྣམས་འགགས་པ་དེའི་ཚེ། ཀུན་རྫོབ་ཏུ་རྟེན་འབྲེལ་ཙམ་གྱི་འཆི་བ་མ་གཏོགས་པར་དོན་དམ་པར་འཆི་བ་མེད་པས་ན། འཆི་མེད་ཀྱི་གནས་ལུགས་སྟོང་བ་ཉིད་རྟོགས་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །འདི་ལ་སྐྱེ་བའི་ཚེ་སྣང་བ་གསུམ་གྱི་རྗེས་སུ་རང་བཞིན་གྱི་རྟོག་པ་རྣམས་སྐྱེ་ཡང་། འགག་པའི་ཚེ་རང་བཞིན་གྱི་རྟོག་པ་རྣམས་འགག་པའི་འོག་ཏུ་སྣང་བ་གསུམ་ཆར་བས། ཁ་ཅིག་སྣང་བ་གསུམ་དང་དེའི་རང་བཞིན་སྤེལ་ནས་སྐྱེ་འགག་བྱེད་པར་བཤད་པ་ནི་རྗེའི་དགོངས་པ་མིན་ནོ། །ཚིགས་བཅད་གཉིས་པའི་དོན་ནི། ཀུན་རྟོགས་གཡོ་བྱེད་ཀྱི་རླུང་ཁམས་འདི་རྣམ་པར་ཤེས་པ་ལ་རིམ་གྱིས་ཐིམ་པར་རྩོམ་པ་ན། ཁ་དང་སྣ་ནས་རླུང་གི་རྒྱུ་བ་རིམ་གྱིས་འགག་ནས་འགྲོ་ཞིང་འགག་པའི་ཚེ་ཕྱི་དབུགས་རྒྱུན་ཆད་པ་ཞིག་བྱ་ཞིང་། རླུང་གི་གཉིས་སྣང་རགས་པ་འདི་དག་རྣམ་ཤེས་ལ་ཐིམ་ཟིན་པ་ན། རླུང་རྣམ་ཤེས་ལ་ཐིམ་པའི་ནང་རྟགས་སུ་མར་མེ་འབར་བ་འདྲ་བའི་སྣང་བ་ཤར་བ་དེའི་ཚེ། སྔར་བསྒོམས་པའི་གདམས་ངག་དང་། དགེ་སེམས་ལ་དྲན་ཤེས་ཤུགས་དྲག་པོ་སྐྱེ་བར་བྱིན་གྱིས་རློབས་ཤིག་ཅེས་པའོ། །འདི་དག་ལ་སྤྱི་དོན་གྱི་སྒོ་ནས་བཤད་ན། དེ་ལས་ཆུ་ལ་ཐིམ་ཞེས་པའོ་དོན་ནི། ས་ཁམས་རགས་པ་འདིས་དེའི་ཚེ་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་པས་ཐིམ་ཞེས་གསུངས་ཀྱི། ས་ཁམས་ཐིམ་ནས་མེད་སོང་བ་མིན་ཞིང་། དེ་བཞིན་དུ་རླུང་གི་བར་ལ་སྦྱར་རོ། །སྣང་བའི་རང་བཞིན་སོ་གསུམ་ནི། རིམ་པ་ལྔ་ལས། དེ་ཡི་རང་བཞིན་འཕྲོ་གསལ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ཆགས་བྲལ་དང་ནི་བར་མ་ཉིད། །དེ་གཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོང་བ་དང་། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང་། །འཇིགས་པ་བར་མ་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་ཡང་། །ཤིན་ཏུ་སྲེད་དང་ཉེར་ལེན་པ། །མི་དགེ་བཀྲེས་དང་སྐོམ་ཉིད་དང་། །ཚོར་དང་ཚོར་བ་བར་མ་དང་། །ཤིན་ཏུ་ཚོར་བའི་སྐད་ཅིག་དང་། །རིག་པ་པོ་དང་རིགས་འཛིན་བཞི། །སོ་སོར་རྟོགས་དང་ངོ་ཚ་ཤེས། །སྙིང་རྗེ་དད་ནི་བརྩེ་བ་གསུམ། །དོགས་པ་བསགས་པ་ཉིད་དང་ནི། །ཕྲ་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང་། །ཞེས་གསུངས། མཆེད་པའི་རང་བཞིན་བཞི་བཅུ་ནི། །རིམ་ལྔ་ལས། ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་ཤིན་ཏུ་མགུ་བ་དང་། །ངོ་མཚར་དེ་བཞིན་རྒོད་པ་དང་། །ཚིམ་དང་དེ་བཞིན་འཁྱུད་པ་དང་། །འོ་བྱེད་དེ་བཞིན་འཇིབ་པ་དང་། །བརྟན་དང་བརྩོན་པ་ང་རྒྱལ་དང་། །བྱ་དང་དབྲོག་དང་སྟོབས་དང་ནི། །སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང་། །དེ་བཞིན་ལྷན་ཅིག་སྐྱེས་བར་མ། །ཤིན་ཏུ་ལྷན་ཅིག་སྐྱེས་དང་དྲག །རྣམ་པར་སྒེག་དང་ཞེས་འགྲས་ཉིད། །དགེ་དང་ཚིག་གསལ་བདེན་པ་དང་། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་སྦྱིན་པ་པོ། །བསྐུལ་དང་ང་བཞིན་དཔའ་བོ་དང་། །ངོ་ཚ་མེད་དང་རྒྱུ་དང་སྡུག །མི་བསྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་གང་ཡིན་པ། །ཞེས་གསུངས། ཉེར་ཐོབ་ཀྱི་རང་བཞིན་བདུན་ནི། རིམ་ལྔ་ལས། ཆགས་པ་བར་མའི་སྐད་ཅིག་དང་། །བརྗེད་ངས་པ་དང་འཁྲུལ་བ་དང་། །མི་སྨྲར་གྱུར་དང་སྐྱོ་བ་དང་། །ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །ཞེས་གསུངས་ཤིང་། དེ་དག་གི་དོན་རྒྱས་པར་བཤད་ན་མང་བར་དོགས་ནས་མ་བྲིས་སོ། །འདིར་ཕྱི་དབུགས་ཆད་པའི་དུས་དངོས་ནི། རང་བཞིན་བརྒྱད་ཅུའི་བཞོན་པའི་རླུང་རགས་པ་རྣམས་སྣང་བ་ལ་ཐིམ་པའི་དུས་ཏེ་ང་ཡང་རླུང་དེ་རྣམས་དབུ་མའི་ནང་དུ་ཐིམ་པའི་སྐབས་སོ། །དེའི་ཚེ་མིག་གིས་གཟུགས་མི་མཐོང་། རྣ་བས་སྒྲ་མི་ཐོས། སྣས་དྲི་མི་ཚོར། ལྕེས་རོ་མི་མྱོང་། ལུས་ཀྱི་རེག་བྱ་མི་ཚོར་རོ། །བཞི་བ་ལམ་དུས་སུ་སྐྱེ་འཆི་བར་དོའི་ལམ་འཁྱེར་བསྲེ་བ་བསྒོམ་ཚུལ་པ་གསུམ། འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུས་ལམ་འཁྱེར་བསྒོམ་ཚུལ་ལོ། །དང་པོ་ལ་གཉིས། སྔོན་འགྲོ་སྣང་མཆེད་ཐོབ་གསུམ་དང་དངོས་གཞི་འོད་གསལ་བསྒོམ་ཚུལ་ལོ། །དང་པོ་ནི། སྣང་མཆེད་ཐོབ་གསུམ་སོགས་རྐང་བ་བཞི་སྟེ་འབྱུང་བ་བཞི་རིམ་གྱིས་ཐིམ་པའི་རྗེས་སུ་ནི། སྣང་བ་མཆོད་པ་ཉེར་ཐོབ་གསུམ་སྔ་མ་སྔ་མ་ཕྱི་མ་ཕྱི་མར་རིམ་གྱིས་ཐིམ་པའི་ཚེ་སྣང་བ་འབྱུང་ཚུལ་ནི། ཀུན་རྟོག་གཡོ་བྱེད་ཀྱི་རླུང་དབུ་མའི་ནང་དུ་ཐིམ་པ་ན་རླུང་སྣང་བ་ལ་ཐིམ་པ་ཞེས་བྱ་ཞིང་། དེའི་ཚེ་ཡིད་ངོར་སྣང་བ་གཞན་མི་འཆར་བར་སྟོན་དུས་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་སྟོང་སང་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་དཀར་ལམ་གྱི་སྣང་བ་འཆར་ལ། དེ་ཉིད་ལ་སྣང་བ་ཞེས་ཟེར། དེ་ནས་སྣང་བ་དེ་མཆེད་པ་ལ་ཐིམ་པའི་དུས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་དམར་ལམ་བའི་སྣང་བ་འཆར་ཞིང་། དེ་ལ་མཆེད་པ་ཟེར། དེའི་རྗེས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་མུན་པས་ཁྱབ་པ་འདྲ་བའི་ཉམས་ཤར་བ་ལ་ཉར་ཐོབ་ཞེས་ཟེར་ཞིང་། དེའི་ཚེ་སྔར་གྱི་གསོན་པའི་དུས་སུ་འཁོར་བ་དང་། མྱ་ངན་ལས་འདས་པའི་ཆོས་རྣམས་བདེན་པའི་རང་བཞིན་གྱིས་སྟོང་བར་རྟོགས་པའི་རྣལ་འབྱོར་བསྒོམས་པར་བྱས་པའི་རྐྱེན་གྱིས། ད་གཟོད་སྣང་བ་གསུམ་ཤར་བའི་ཚེ། དེ་དང་ངའོ་སྙམ་དུ་རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །དེ་ལ་སྣང་བ་ལ་སྟོང་བ་དང་། མཆེད་པ་ལ་ཤིན་ཏུ་སྟོང་བ་དང་། ཉེར་ཐོབ་ལ་སྟོང་བ་ཆེན་པོ་དང་། འོད་གསལ་བ་ནི་ཐམས་ཅད་སྟོང་བ་ཞེས་ཀྱང་བརྗོད་དེ། དེ་བཞི་ལ་རིམ་བཞིན་སྟོང་བ་དང་པོ་ནས་བཞི་བ་ཞེས་བྱའོ། །སྣང་བ་དེ་དག་ནི། ཁམས་དྲུག་ལྡན་རིམ་གྱིས་འཆི་བའི་དུས་དང་། རྫོགས་རིམ་གྱི་སེམས་དབེན་མཐར་ཕྱིན་པའི་སྐབས་སུ་གསལ་བར་འཆར་ལ། གཉིད་སོགས་ཀྱི་དུས་འགའ་ཞིག་གི་ཚེ་ཅུང་ཟད་རེ་འཆར་རོ། །རྫུས་སྐྱེས་ནི་དབང་བོ་ཅིག་ཆར་འགགས་པས་སྔར་གྱི་འཆར་ཚུལ་རྣམས་མི་འབྱུང་ཡང་། འཆི་བའི་འོད་གསལ་ནི་ཅུང་ཟད་མྱོང་དགོས་སོ། །གཉིས་པ་ནི། ཉེར་ཐོབ་ཐམས་ཅད་སྟོང་བར་ཐིམ་པ་ལས་སོགས། ཚིགས་བཅད་གཉིས་ཏེ། དང་པོའི་དོན་ནི་ལམ་དུས་སུ་སྔར་བཤད་པའི་སྟོང་ཆེན་ཉེར་ཐོབ་དེ། ཐམས་ཅད་སྟོང་བར་ཏེ་འོད་གསལ་ལ་ཐིམ་པའི་དུས་ལས། ཀུན་རྟོག་གི་སྤྲོས་པ་སྤྱི་དང་ཁྱད་པར་སྔར་གྱི་འབྱུང་བ་ཐིམ་པའི་སྐབས་ཀྱི་སྣང་བ་ལྟ་བུའི་སྤྲོས་པ་ཀུན་ཞི་ཞིང་། སྣང་མཆེད་ཐོབ་གསུམ་གྱི་སྐབས་སུ་འཆར་བའི་ཟླ་འོད་དང་ཉི་འོད་དང་མུན་པ་ལྟ་བུའི་སློང་བྱེད་ཀྱི་རྐྱེན་གསུམ་དང་ཟལ་བ་སྟོན་དུས་ཀྱི་ཐོ་རངས་ནམ་མཁའ་གཡའ་དག་པའི་རང་མདོག་ལྟ་བུའི་ཉམས་ཤར་བའི་ཚེ། དེ་འདྲ་བ་ཤར་བའི་འོད་གསལ་མ་དང་། སྔར་བསྒོམས་པ་བུའི་འོད་གསལ་གཉིས་ངོ་འཕྲོད་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །ཀུན་རྟོག་ནི། རང་བཞིན་གྱི་རྟོག་པ་དང་། དེའི་བཞོན་པར་གྱུར་བའི་རླུང་རགས་པ་དང་བཅས་པ་རྣམས་སོ། །དེ་ལ་འཆི་བའི་ཚེ་སྟོང་བ་བཞི་ཀ་རང་ཤུགས་ཀྱིས་འཆི་བ་འོད་གསལ་ནི་མ་དང་། སྔར་རྫོགས་རིམ་གྱི་སྐབས་སུ་ཆོས་སྐུ་དང་བསྲེ་བའི་ལམ་འཁྲེར་བསྒོམས་པའི་འོད་གསལ་ནི་བུ་སྟེ། ད་གཟོད་འཆི་བའི་ཚེ་འཆི་བ་འོད་གསལ་བ་དེར་ངོ་ཤེས་པས་ཆོས་སྐུ་དང་བསྲེ་རྒྱུ་བྱུང་ན་མ་བུ་འཕྲོད་པ་ཡིན་ལ། དེ་ལ་དེར་ངོས་མ་ཟིན་ན་མ་བུ་འཕྲོད་པ་ཞེས་མི་བྱའོ། །དེ་ལྟར་ཡང་རྗེའི་བསྲེ་བའི་ཡིག་ཆུང་ལས། དེ་ལ་འཆི་བའི་ཚེ་སྟོང་བ་བཞི་རང་ཤུགས་ཀྱིས་འཆར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་ལ། སྔར་གཉིད་དུས་སུ་བསྒོམས་པའི་འོད་གསལ་ནི་བུའི་འོད་གསལ་ཡིན་ཞིང་། དེ་གཉིས་འཆི་བའི་ཚེ་འོད་གསལ་དུ་འདྲེས་པ་ལ་འོད་གསལ་མ་བུ་འདྲེས་པ་ཞེས་ཟེར་བ་ཡིན་ནོ། །ཞེས་གསུངས། བསྲེ་ཚུལ་རྒྱས་པར་ནི་རྫོགས་རིམས་ཀྱི་བསྲེ་བའི་སྐབས་ལ་ཤེས་པར་བྱའོ། །ཚིགས་བཅད་གཉིས་པའི་དོན་ནི། ལམ་དུས་ཀྱི་སྟོང་བ་དང་ཤིན་ཏུ་སྟོང་བ་དང་། སྟོང་བ་ཆེན་པོ་དེ་གསུམ་དང་། དེ་གསུམ་འདས་པའི་སྟོང་བ་བཞི་བ་ཐམས་ཅད་སྟོང་བའི་དུས་སུ་གློག་གི་རྗེས་སུ་འགྲོ་བ་སྟེ་དེ་དང་ཆ་འདྲ་བའི་ཚངས་པའི་མེ་ཡིས་ཏེ་ལྟེ་བ་དང་གསང་གནས་ཀྱི་གཏུམ་མོའི་མེ་སྦར་བས། དེའི་དྲོད་ཀྱིས་སྤྱི་བོའི་རི་བོང་ཅན་བྱང་སེམས་དཀར་བོ་རིམ་གྱིས་བཞུས་ཏེ། རང་གི་སྤྱི་བོ་ནས་མགྲིན་པ། དེ་ནས་སྙིང་ཁ། དེ་ནས་ལྟེ་བ། དེ་ནས་གསང་གནས་རྣམས་སུ་རིམ་པར་འབབ་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་དང་འོད་གསལ་གྱི་དུས་སུ་རང་བཞིན་གྱིས་སྟོང་བ་རྟོགས་པའི་བློ་གཉིས་ངོ་བོ་གྲུབ་སྟེ་དབྱེར་མེད་དུ་སྦྱར་བའི་ཡེ་ཤེས་ཉིད་ལ་ཡིད་རྩེ་གཅིག་ཏུ་མཉམ་པར་འཇོག་པར་བྱིན་གྱིས་སློབས་ཤིག་ཅེས་པའོ། །སྤྱིར་སད་དུས་སུ་གཏུམ་མོ་སྦར་ནས་བྱང་སེམས་བཞུས་པའི་བདེ་སྟོང་སྦྱོར་བ་ཡིན་ཡང་། འདིར་འཆི་དུས་སུ་དེ་ལྟར་སྦྱོར་བར་བཤད་པ་ནི། འཆི་བའི་སྔོན་དེར་གཏུམ་མོ་སྦར་ནས་བདེ་བསྐྱེད་དེ། འཆི་དུས་ཀྱི་སྣང་བ་གསུམ་དང་འོད་གསལ་ཤར་བའི་ཚེ་བདེ་སྟོང་སྦྱོར་བར་འབྱུང་བ་ལ་དགོངས་པ་འདྲ་སྟེ། འཆི་བའི་སྣང་བ་དང་འོད་གསལ་རང་དུས་སུ་གཏུམ་མོ་སྦོར་བ་སོགས་ནི་དཀའ་སྙམ་སྟེ་བརྟག །དེ་དག་ནི་ལམ་དུས་ཀྱི་དབང་དུ་བྱས་ཀྱི། གཞི་དུས་ཙམ་ལ་སྣང་བ་གསུམ་འོད་གསལ་དང་བཅས་པ་འབྱུང་ཡང་བདེ་སྟོང་སྦྱོར་མི་ནུས་སོ། །བསྡུ་ན། ཡིད་ཀྱི་ཤེས་པ་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་སྐྱེས་པ་དེས། ཡུལ་སྟོང་བ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡུལ་ཡུལ་ཅན་སྦྱོར་བ་ནི། འདིར་བདེ་སྟོང་སྦྱོར་བའི་དོན་ནོ། །ཡང་དེའི་ཚེ་བདེ་བ་ཁྱད་པར་ཅན་སྐྱེས་པ་དེ་ཉིད་ཀྱིས་སྟོང་ཉིད་རྟོགས་པ་ཡིན་གྱི། བདེ་བ་དང་བློ་གཉིས་ངོ་བོ་ཐ་དད་དུ་མི་འབྱེད་དོ། །འདིའི་དོན་ནི་ཞིབ་པར་གཞན་ནས་ཤེས་དགོས་ཤིང་། རླུང་དབུ་མར་མ་ཆུད་པ་ལ་འདིའི་སྐབས་ཀྱི་བདེ་སྟོང་སྦྱོར་བའི་དོན་ཚང་བ་མིན་ནོ། །འདིར་མཐའ་ཅུང་ཟད་དཔྱད་ན། དེ་ཡང་རྫོགས་རིམ་ནས་འབྲལ་བའི་ཐུགས་དམ་དུ་བཞུགས་ཞེས་གྲགས་པའི་ཁྱད་པར་ཅན་ནི་སྐབས་འདི་ནི་དཔེ་དོན་གྱི་འོད་གསལ་ལ་གནས་པའི་དུས་སུ་འབྱུང་བར་གསུངས་ཤིང་། ཐུགས་དམ་དེ་འདྲ་བ་ནི་སྔོན་དུ་སྟོང་ཉིད་རྟོགས་མྱོང་བར་མ་ཟད་རྫོགས་རིམ་པའི་ངག་དབེན་བསྒོམས་པ་སྔོན་དུ་འགྲོ་དགོས་སོ། །དེའི་ཕྱོགས་ནའང་མེད་པར་ད་ལྟ་འགའ་ཞིག་ཐུགས་དམ་ལ་བཞུགས་ཡོད་ཟེར་བ་ནི། པཎྜི་ཏ་ཆེན་པོ་སངས་རྒྱས་རྒྱ་མཚོའི་གསུང་ལས། དེ་དག་གི་དོན་དང་ཉམས་ལེན་གང་ཡང་མེད་པའི་རིགས་བྱེད་དང་ཁུང་དང་དབང་བོ་ཐ་མ་རྣམས་ནི་ཐུགས་དམ་ལ་བཞུགས་ཞེས་པ་ནི་རྫུན་ཁོ་ན་མངོན་སུམ་གྱིས་སྒྲུབ་པའང་རྟོགས་ལ་ཞེས་དང་། དེང་སང་ཆོས་ཕྱོགས་ན་བླ་མར་གཉེར་གནས་འགའ་ཞིག་གིས་ཐུགས་དམ་དུ་བཞེད་ནས་ཕུང་བོ་ལ་ཤིང་སོགས་ཀྱི་སྐྱོར་རྒྱབ་ནས་འཇོག་པ་ཙམ་མ་གཏོགས། ཞེས་སོགས་གསུངས་པ་ལྟར། ཐུགས་དམ་ལ་བཞུགས་པ་དངོས་གནས་པ་སྲིད་མོད་ཕལ་ཆེར་དེ་ལྟར་དུ་སྣང་ཞིང་ལ་ལ་ན། ཇི་སྐད་དུ། འགའ་ཞིག་ཀྱང་ཕུང་བོར་ཆགས་ནས་སྡོད་པའང་ཡོད་པར་གྲགས་ལ་ཞེས་དང་། གསང་འདུས་ཀྱི་ཡིག་ཆུང་ཉེར་གཅིག་ལས། དེ་ལ་འཆི་བ་འོད་གསལ་ཞེས་ཟེར། དེ་ལ་ཐ་མལ་པའི་མི་རྣམས་ཞག་གསུམ་གྱི་བར་དུ་གནས། ཞེས་གསུངས་པ་ལྟར་ན། ཐུགས་དམ་དངོས་གནས་མིན་ཀྱང་རྣམ་ཤེས་ཕུང་བོ་ལས་ཕྱིར་མ་འཐོན་པར་གནས་པ་ལ་བཟང་ངན་གཉིས་འབྱུང་བར་གསལ་ལོ། །འོན་ཀྱང་ཤི་མ་ཐག་ཏུ་རྣམ་ཤེས་ཕྱིར་འཐོན་པ་དང་། ཞག་ཕྱེད་གསུམ་དང་ཞག་གཅིག་དང་། དེ་ལས་ཀྱང་ཐུང་བར་གནས་པའང་ཡོད་པར་བཤད་ལ། ཐུགས་དམ་དངོས་གནས་པ་ནི། འཇམ་དཔལ་ཞལ་ལུང་ལས། ཆུ་ཚོད་བརྒྱད་དམ་ཉིན་གཅིག་དང་ནི་ཟླ་གཅིག་དུའམ། །ལོ་གཅིག་བསྐལ་བའམ་བསྐལ་བ་སྟོང་དུ་ཡེ་ཤེས་དེ་མྱོང་བྱ། ཞེས་གསུངས་པ་ལྟར་འབྱུང་སྲིད་དོ། །དེས་ན་རྫོགས་རིམ་གྱི་ཉམས་ལེན་ཁྱད་པར་ཅན་མེད་པར་ཐུགས་དམ་དུ་བཞུགས་ཅེས་པ་ནི། ཐུགས་དམ་རྗེས་འཐུན་ནམ་ཡང་ན་སྔར་ལྟར་བཅོས་མའོ། །སྤྱིར་ཐུགས་དམ་ཞེས་ཟེར་བ་ལ་ནི་ངེས་པ་མེད་དེ། ཁ་དོན་དགེ་སྦྱོར་བྱེད་པ་ལའང་དེ་སྐད་ཟེར་བའི་ཕྱིར་རོ། །ཤི་བའི་ཐུགས་དམ་ཡང་སེམས་ཀྱི་བྱེད་ལས་ལ་ལྟོས་ཀྱི། ཕུང་བོ་མཁྲང་ཞིང་རེངས་ཏེ་འདུག་པ་ལ་ནི་ངེས་པ་ཅི་ཞིག་ཡོད། འདི་ཙམ་གྱི་དབྱེ་བ་ཡང་མི་ཤེས་པར་ཤ་འཐེན་ཏེ་ཐུགས་དམ་ལ་བཞུགས་མ་བཞུགས་ཀྱི་ཁྱད་པར་ཕྱེ་ནས་ཐག་གཅོད་པ་ནི་བཞད་གད་བྱ་བའི་གནས་སོ། །རྣམ་ཤེས་ཕུང་བོར་གནས་པ་དེ་ཉིད་རང་ཤུགས་ཀྱིས་ཕྱིར་འཐོན་པར་འགྱུར་མོད། འཕོ་བ་སོགས་རྐྱེན་འགས་ཁྱད་འཐོན་པ་ནི་སྲིད་དོ། །དེའི་ཕྱིར་ཤི་བའི་ཕུང་བོ་ནི། ཁམས་དཀར་དམར་ཕྱིར་འཐོན་པའི་རྟགས་བྱུང་ན་མ་གཏོགས། ཞག་གསུམ་ཚུར་སྒྱོགས་བསྒུལ་བསྲེགས་པ་སོགས་མ་བྱས་ན་ལེགས་པར་གསུངས་ལ། ཕལ་ཆེར་དེ་ལྟར་ཕྱེད་པ་མི་སྣང་ངོ་། །རྟགས་འབྱུང་བའི་དུས་ནི། རྣམ་ཤེས་ལུས་ལས་ཕྱིར་འཐོན་པའི་དེ་མ་ཐག་ཁམས་དམར་བོ་མར་སྒོ་དང་དཀར་བོ་རྟགས་ཀྱི་སྒོ་ནས་འབྱུང་ལ། འགའ་ཞིག་ལ་ཕྱིར་དངོས་སུ་མི་འབྱུང་བ་ཡང་སྲིད་ཅེས་གསུངས། གཉིས་པ་བར་དེར་ལོངས་སྐུའི་ལམ་འཁྱེར་ལ་གཉིས། དངོས་དང་ལས་ཀྱི་བར་དོ་འཆར་ཚུལ་ལོ། །དང་པོ་ནི། དེ་ལས་ལངས་ཚེ་སོགས་རྐང་བ་བཞི་སྟེ། རྣལ་འབྱོར་པས་སྔར་བཤད་པའི་འཆི་བ་འོད་གསལ་ལ་ཇི་ཙམ་མཉམ་པར་འཇོག་ནུས་སུ་བཞག་ནས། པང་བའི་སྐབས་སུ་བབས་པ་ན་འོད་གསལ་དེ་ལས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཐོལ་གྱིས་ལངས་པ་དེའི་ཚེ། འཆི་བའི་འོད་གསལ་གྱི་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་གྱི་ཉེར་ལེན་ལས། མཚན་སོ་གཉིས་དང་དཔེ་བྱད་བཟང་བོ་བརྒྱད་ཅུས་མཛེས་པའི་དཔལ་རབ་ཏུ་འབར་བ་བར་དོ་ལོངས་སྤྱོད་རྫོགས་པས་སྒྱུ་ལུས་པའི་སྐུར་དངོས་སུ་བཞེངས་ནས། སྒྱུ་མ་ལྟ་བུའི་ཏིང་འཛིན་རྫོགས་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །འདིའི་སྐབས་ཀྱི་འོད་གསལ་ཞེས་པ་ནི། དཔེ་དོན་གྱི་འོད་གསལ་གཉིས་ལས་དཔེའི་འོད་གསལ་ཡིན་ལ། དེ་ནི་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང་། མངོན་སུམ་དུ་རྟོགས་པ་གཉིས་ལས་དང་པོ་ཡིན་ནོ། །དོན་གྱི་འོད་གསལ་ཐམས་ཅད་སྟོང་བ་མངོན་པར་བྱང་ཆུབ་པ་སོགས་མིང་གི་རྣམ་གྲངས་སུ་གསུངས་ལ། དེ་ལ་འཆི་བ་འོད་གསལ་ཞེས་པ་ནི་འཆི་བའི་ཚེ་ཀུན་གྱིས་ངེས་པར་མྱོང་དགོས་ཀྱང་། གཞིའི་འོད་གསལ་དེ་ལམ་གྱི་དེ་དང་བསྲེས་པའི་ཚུལ་གྱིས་དཔེའི་འོད་གསལ་དུ་འཇོག་པ་ཡིན་ནོ། །འདིའི་ལོངས་སྐུ་ནི་ད་དུང་ཟུང་འཇུག་མ་ཐོབ་པའི་ཕྱིར་ན། རྫོགས་པའི་སངས་རྒྱས་དངོས་མིན་པས་ལོངས་སྐུ་བཏགས་པ་ཙམ་ཡིན་ནོ། །དེ་ནི་ཐ་མལ་བ་ལ་བར་དོ་འོང་བའི་དོད་ལ་སྒྱུ་ལུས་འགྲུབ་པ་སྟེ། སྒྱུ་མ་ཆུ་ཟླ་སོགས་དཔེ་བཅུ་གཉིས་ཀྱིས་མཚོན་པས་ན་སྒྱུ་ལུས་ཞེས་པ་དང་། ལོངས་སྐུ་དངོས་གནས་དང་ཆ་མཚུངས་པས་ན། ལོངས་སྐུ་ཞེས་ཀྱང་བྱའོ། །འདི་ལ་ཤ་རུས་སོགས་མི་སྲིད་དེ། ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པས་སོ། །རྗེ་བླ་མ་ཡང་སྐུ་འདིའི་མཆོག་འགྲུབ་པ་ཡིན་ཏེ། ས་གསུམ་མར། བར་དོ་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ། །མཆོག་གི་དངོས་གྲུབ་བརྙེས་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ལས་ཀྱིས་སོགས་རྐང་བ་བཞི་སྟེ། སྔར་བཤད་པའི་སྒྱུ་ལུས་སུ་ལྡང་བར་མ་ནུས་པར་གལ་ཏེ་ལས་ཀྱི་དབང་གིས་ཐ་མལ་གྱི་བར་དོའི་ལུས་གྲུབ་པར་གྱུར་ན། འཕྲལ་དུ་སྐྱེ་འཆི་བར་དོ་གསུམ་གྱི་ངོ་དང་ཁྱད་པར་ལ་ཞིབ་ཏུ་བཏགས་ཤིང་དཔྱད་པས། སྐྱེ་འཆི་བར་དོ་གསུམ་པོ་ཡི། སྡུག་བསྔལ་ཀུན་རྫོབ་ཙམ་དུ་འབྱུང་བ་མ་གཏོགས། ཚུགས་ཐུབ་ཀྱི་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པའི་ཚུལ་རྟོགས་ནས། བར་དོའི་གནས་སྐབས་སུ་འབྱུང་བའི་འཕྲུལ་སྣང་ཐམས་ཅད་ཡིད་དུ་འོང་བ་ལྷ་དང་ལྷ་མོར་སྣང་བ་ལྟ་བུ་སོགས་དག་པའི་སྣང་བར་འཆར་བར་བྱིན་གྱིས་རློབས་ཤིག་ཅེས་པའོ། །དེ་ལ་ལས་ཀྱི་དབང་གིས་བར་དོ་འགྲུབ་པ་གཉིས་ཏེ། སྔོན་བར་དོའི་ལམ་ཁྱེར་བསྒོམས་མྱོང་བའི་རྣལ་འབྱོར་བ་འགའ་ནི། དོན་ལ་བར་དོའི་ལུས་གྲུབ་ཀྱང་ཡིད་ངོར་ལྷའི་སྣང་བ་འཆར་བ་ཡོད་པས། འདི་བྱུང་ནའང་ཁྱད་ཆེ་བར་བཤད་དོ། །ཐ་མལ་བ་གཞན་ལ་བར་དོ་དངོས་འབྱུང་ཞིང་། དེ་ཡང་མཛོད་ལས། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། ཞེས་གསུངས་པའི་དོན་ལ་མཁས་པ་ཁ་ཅིག་བར་དོར་སྐྱེས་མ་ཐག་ནས་སྐྱེ་སྲིད་མ་བླངས་ཀྱི་བར་དུ་སྐྱེ་བ་ཕྱི་མ་གང་དུ་སྐྱེ་འགྱུར་དེའི་གཟུགས་ཀྱི་ཉམས་འཆར་བར་བཤད་ལ། ཁ་ཅིག་ཞག་བྱེད་བཞི་ཚུན་ལ་སྔ་མའི་སྣང་བ་དང་། དེ་ཕན་ལ་ཕྱི་མའི་སྣང་བ་འཆར་བར་བཞེད་དོ། །ཕྱི་མ་འདི་ལ་རྗེས་ནཱ་རོ་ཆོས་དྲུག་ཏུ་དགག་པ་ལྟ་བུ་ཞིག་མཛད་འདུག་ཅིང་། འོན་ཀྱང་བཞེན་མཁན་ནི་མང་དུ་སྣང་ངོ་། །རྣམ་པ་གཅིག་ཏུ་ན། མིའི་བར་དོའི་ལུས་རང་ཉིད་ལ་སྣང་ཚུལ་དེ་ལྟར་འབྱུང་ཡང་། ལུས་དངོས་ནི་ཞལ་ལུང་ལས། དེ་ནས་རྫུ་འཕྲུལ་ཤུགས་ལྡན་པ། །ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །ཞེས་འབྱུང་བ་ལྟར་བྱིས་པ་ལོ་ལྔ་ལོན་པའི་རྣམ་པ་ཅན་དུ་ཡོད་དམ་སྙམ་མོ། །བར་དོའི་ཐོས་གྲོལ་ལས། བར་དོ་ལ་སྐྱེ་གནས་བར་དོ། །རྨི་ལམ་བར་དོ། །བསམ་གཏན་བར་དོ། །འཆི་ཁ་བར་དོ། །ཆོས་ཉིད་བར་དོ། །སྲིད་པ་བར་དོ་དང་དྲུག་ཏུ་བཤད་ཀྱང་དེ་ནི་ལུགས་གཞན་ཡིན་པ་དང་། སྲིད་པ་བར་དོ་མ་གཏོགས་གཞན་རྣམས་བར་དོ་བཏགས་པས་ལ་བྱེད་ན་རུང་ཙམ་ཡིན་མོད། བར་དོ་ནི་མིན་ནོ། །གཞན་ཡང་། ཐོས་གྲོལ་དེར་བར་དོའི་བཤད་པ་མང་དུ་བྱས་པ་སྣང་ཡང་སྐབས་འདིར་ཡིད་གཏན་མི་བྱའོ། །གསུམ་པ་སྐྱེ་བ་སྤྲུལ་སྐུ་ལམ་ཁྱེར་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འབྱུང་བ་ལོག་པའི་སོགས་རྐང་བ་བཞི་སྟེ། བར་དོའི་གནས་སྐབས་སུ་རང་གི་འབྱུང་བ་སའི་རླུང་ལོག་པའི་རྟགས་སུ་ས་འོག་ཏུ་ནོན་པ་ལྟ་བུ་དང་། རི་བྲག་ཉིལ་བ་ལྟ་བུའི་སྣང་བ་དང་སྒྲའི་ཉམས་འཆར། ཆུ་རླུང་ལོགས་པས་རྒྱ་མཚོའི་ཀློང་དུ་བྱིང་བ་དང་ཆུ་བོ་ཆེན་པོ་འབབ་པའི་སྣང་བ་དང་སྒྲའི་ཉམས་འཆར། མེ་རླུང་ལོགས་པས་ནགས་ཚལ་ཆེན་པོ་ལ་མེ་འབར་བ་ལྟ་བུའི་སྣང་བ་དང་སྒྲའི་ཉམས་འཆར། རླུང་གི་རླུང་ལོགས་པས་རླུང་ཚུབ་ཆེན་པོས་ཁྱེར་བ་ལྟ་བུའི་སྣང་བ་དང་སྒྲའི་ཉམས་འཆར་བ་སྟེ་འབྱུང་བ་ལོག་པའི་དགྲ་བཞི་འབྱུང་བ་དང་འཇིགས་སྣང་གསུམ་ནི། ཁ་ཅིག་འཇིགས་པ། སྐྲག་པ། དངངས་པ་གསུམ་དང་ལ་ལ་ནི་དམྱལ་བ་ཡི་དགས་དུད་འགྲོ་གསུམ་གྱི་འཇིགས་པ་དང་། སྒྲ་འོད་ཟེར་གསུམ་གྱི་འཇིགས་པ་དང་། གཞན་དག་འདོད་ཆགས་ཀྱི་མདངས་གཡང་ས་དཀར་བོ། །ཞེ་སྡང་གི་གཡང་ས་དམར་བོ། གཏི་མུག་གི་གཡང་ས་ནག་པོ་སྟེ་གཡང་ས་ཆེན་པོ་གསུམ་དུ་ལྷུང་ལ་ཁད་པ་དང་ལྷུང་བར་འགྱུར་བ་ལྟ་བུའི་སྣང་བ་འཆར་བ་ལ་འདོད་དོ། །འོན་ཀྱང་པཎ་ཆེན་རང་གི་བར་དོའི་བཤད་པར་འཇིགས་སྐྲགས་དངངས་གསུམ་ཞེས་བཤད་པ་ལྟར་ན་དང་པོ་བཞིན་ནོ། །གཞན་ཡང་སྐབས་ལ་ལར་རྩེ་ཞིང་དགའ་བ་དང་། ཡང་སྐྱོ་ཞིང་འཇིགས་པ་སོགས་མ་ངེས་པའི་རྟགས་མང་བོ་རྣམས་རིགས་མི་འདྲ་བ་སྣ་ཚོགས་ཀྱི་རྣམ་པར་ཤར་བའི་ཚེ། གནས་མི་སྡུག་པའི་སྣང་བ་ཤར་བ་དག་པའི་ཞིང་དུ་སྣང་བ་ནི། ཕྱིའི་ལམ་ཁྱེར་དང་གཞན་འཇིགས་སྣང་ཐམས་ཅད་ལྷའི་སྐུར་སྒོམ་པ་ནང་དང་། དེ་ཐམས་ཅད་འཁྲུལ་བའི་སྣང་བ་ཙམ་མ་གཏོགས། བདེན་སྟོང་སྒྱུ་མ་ལྟ་བུར་ལྟ་བ་ནི། གསང་བར་བསྒྱུར་བའི་རྣལ་འབྱོར་ཏེ། དེ་ལྟ་བུའི་ཉམས་ལེན་གྱི་སྒོ་ནས་གནས་ཁྱད་པར་ཅན་རྣམ་པ་དག་པའི་ཞིང་དུ་སྐྱེ་བར་བྱིན་གྱིས་སློབས་ཤིག་ཅེས་པའོ། །དེ་ལ་མདོ་སྔགས་ཀྱི་གཞུང་ཆེ་བ་ནས་འཆི་བའི་དུས་ཀྱི་འབྱུང་བཞི་ཐིམ་པའི་རྟགས་འབྱུང་བར་བཤད་ཀྱང་འབྱུང་བ་ལོག་པའི་དགྲ་བཞི་བར་དོ་འཆར་བ་ནི་སྔགས་ཀྱི་གཞུང་ཆེ་བ་ནས་ཕྱོགས་རེ་ཙམ་མ་གཏོགས་གསལ་བར་གསུངས་པ་མ་མཐོང་ཡང་། མན་ངག་འགའ་ཞིག་ལས་འབྱུང་ལ། འཇིགས་སྣང་གསུམ་ཡང་དེ་བཞིན་དང་། མ་ངེས་པའི་རྟགས་ནི་མདོ་སྔགས་གཉིས་ཀ་ནས་གསལ་བར་བཤད་ཅིང་། རྙིང་མའི་གཞུང་ནས་སྣང་བ་འཆར་ཚུལ་མི་འདྲ་བ་འགའ་ཞིག་བཤད་ཀྱང་བཏང་སྙོམས་སུ་བཞག་གོ །ཕྱི་ནང་གསང་བར་བསྒྱུར་བ་ནི་སྔར་གྱི་བཤད་པ་དེ་ལྟར་ཡིན་ཏེ། པཎ་ཆེན་ཉིད་ཀྱིས་མཛད་པའི་སྙིང་བོ་དོན་གསུམ་གྱི་ཁྲིད་ལས། བར་དོ་གྲུབ་ཚེ་ཕྱི་ནང་གསང་བ་དག །བསྒྱུར་བའི་མན་ངག་འདི་ལྟར་ཉམས་སུ་ལེན། །ད་ལྟ་བཟང་ངན་སྣང་བ་གང་ཤར་ཡང་། །བར་དོ་འཁྲུལ་པའི་སྣང་བ་ཉིད་ཡིན་ཞེས། །རྒྱུན་ཆགས་དྲན་པའི་ཉམས་ལེན་གོམས་བྱས་ཏེ། ད་གཟོད་བར་དོའི་སྣང་བ་ཤར་བའི་ཚེ། །མི་སྡུག་འཁྲུལ་སྣང་ཤར་ཚེ་དག་པའི་ཞིང་། །འཇིགས་རུང་གཤིན་རྗེའི་སྣང་སོགས་ལྷ་ཡི་སྐུ། །ཀུན་ཀྱང་མ་རིག་འཁྲུལ་སྣང་ཙམ་ཞིག་ལས། །བདེན་མེད་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱིས། །ཆགས་སྡང་བཀག་ནས་བསམ་བཞིན་སྲིད་འཚམས་སྦྱོར། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ལམ་རིམ་ལས། དམྱལ་བའི་བར་དོ་ནི། སྡོང་དུམ་མེས་ཚིག་པ་དང་། དུད་འགྲོའི་བར་དོ་ནི་དུ་བ་དང་། ཡི་དགས་ཀྱི་བར་དོ་ནི་ཆུ་དང་། འདོད་པའི་ལྷ་མིའི་བར་དོ་ནི་གསེར་ལྟ་བུ་དང་། གཟུགས་ཁམས་པའི་བར་དོ་ནི་དཀར་བོར་མངལ་འཇུག་ལས་གསུངས་སོ། །ཞེས་དང་། ལྷའི་བར་དོ་ནི་གྱེན་དུའོ། །མིའི་བར་དོ་ནི་ཐད་ཀར་འགྲོའོ། །ཉེས་པའི་ལས་བྱེད་པ་རྣམས་ཀྱི་མིག་ཐུར་དུ་བྱས་ཏེ་སྤྱིའུ་ཚུགས་སུ་འགྲོ་བར་གསུངས་ཏེ། ཞེས་བཤད་ཅིང་། འདོད་གཟུགས་གཉིས་ནས་གཟུགས་མེད་དུ་སྐྱེ་བའི་ཚེ་བར་དོ་མེད་པར་གསུངས་སོ། །ཚེ་ཚད་ནི་སྐྱེ་བའི་རྐྱེན་རྙེད་ན་ནི་ངེས་པ་མེད་ཀྱང་། མ་རྙེད་ན་ཞག་བདུན་ཕྲག་རེ་ལ་འཆི་ཆུང་རེ་བྱེད་ཅིང་། བཞི་ཅུ་རྩ་དགུ་ཚུན་ལ་ངེས་པར་སྐྱེ་སྲིད་དུ་འགྲོ་བར་བཤད་དོ། །བར་དོའི་སེམས་ཅན་ནི་ལས་ཀྱི་གཞན་དབང་ཅན་ཡིན་པས་གང་འདོད་དུ་འོང་བ་དང་འགྲོ་བར་བྱེད་མི་ནུས་ཅིང་། བར་དོའི་བཤད་པ་བྱས་པ་ཡང་རང་དགར་ཉན་མི་ནུས་ཀྱང་། དེ་ལ་བཤད་པ་བྱས་ན་མི་འཐད་པ་མེད་མོད། ཁ་ཅིག་གསོན་པོ་བཞིན་རང་དགར་ཉན་པར་འདོད་པ་ནི་མི་ཤེས་པར་གསལ་ལོ། །གཞན་དག་ཤི་ནས་རྣམ་ཤེས་ལུས་ལས་ཕྱིར་མ་འཐོན་པའི་ཚེ་ཡང་དེ་བཞིན་དུ་ཉན་པར་འདོད་པ་ནི་ཆེར་འཁྲུལ་ཏེ། སྣང་བ་གསུམ་གྱི་སྐབས་དང་ཁྱད་པར་འོད་གསལ་གྱིས་དུས་སུ་ནི་མིག་དང་རྣ་བ་སོགས་ཀྱི་དབང་ཤེས་རྣམས་འགགས་ནས་མིག་གིས་གཟུགས་མི་མཐོང་བ་དང་རྣ་བས་སྒྲ་མི་ཐོས་པར་བཤད་པས་ཇི་ལྟར་ཉན་བསམ་དགོས་སོ། །འོ་ན་བར་དོའི་བཤད་པ་རྒྱས་པར་འཆད་པ་དག་སྣང་བས་ཇི་ལྟར་ཞེ་ན། དེ་ནི་ཕྱི་དབུགས་མ་ཆད་པའི་གོང་དེར་གསལ་འདེབས་པར་བྱས་ན་ལེགས་ཤིང་། བར་དོར་གནས་པའི་ཚེ་འོངས་ཏེ་ཉན་ནུས་པའི་སྐབས་སྲིད་པ་དང་། གཞན་དགེ་བ་ལ་བསྐུལ་བའི་ཆེད་དུ་བྱེད་འདོད་ན་བྱར་རུང་ལ། གལ་ཏེ་མ་བྱས་ཀྱང་འཕོ་བ་ལ་ཆད་ལྷག་ཏུ་མི་འགྱུར་རོ། །འོན་ཀྱང་དེང་སང་བཤད་པ་མ་བྱས་ན་འཕོ་བ་བྱད་མི་ཤེས་པར་འདོད་པས་ཅུང་ཟད་རེ་བྱས་པ་མི་འགལ་ལོ། །གཉིས་པ་ནི། མཁའ་སྤྱོད་རིག་པ་འཛིན་པའི་རྟེན་མཆོག་གམ། ཞེས་སོགས་ཚིགས་བཅད་གཅིག་སྟེ། དོན་ནི་སྐྱེ་བ་འཛིན་ཚུལ་ལ་དག་པའི་ཞིང་ཁྱད་པར་ཅན་གྱི་རྟེན་སྤྱི་དང་ཁྱད་པར་དུ་མཁའ་སྤྱོད་ཀྱི་སྔགས་སྤྱོད་པའི་རིག་པ་འཛིན་པའི་རྟེན་མཆོག་ཏུ་གྱུར་བ་ཞིག་གམ། ཡང་ན་ཚངས་བར་སྤྱོད་པ་ལ་གནས་པ་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི་བསླབ་པ་གསུམ་དང་ལྡན་པའི་རབ་བྱུང་གི་ལུས་བཟུང་སྟེ། བསྐྱེད་པ་རྫོགས་པའི་རིམ་གཉིས་ཀྱི་ལམ་མམ། རྣམ་པ་གཅིག་ཏུ་ན་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ས་ལམ་གྱི་རྟོགས་པ་མཐའ་དག་རྫོགས་པར་མཐར་ཕྱིན་པར་བྱས་ནས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ་གྱི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས་ཤིག་ཅེས་པའོ། །དེ་ལ་སྤྱིར་མཁའ་སྤྱོད་ལ་ཕྱི་ནང་གཉིས་ལས། ནང་གི་མཁའ་སྤྱོད་ནི་འོད་གསལ་ལ་བཤད་ཅིང་། ཕྱིའི་མཁའ་སྤྱོད་འདི་ལ་བཤད་ཚུལ་མི་འདྲ་བ་སྣང་ཡང་། ས་འོག་ན་སྤྱོད་པ། ས་ལ་སྤྱོད་པ། མཁའ་ལ་སྤྱོད་པ་གསུམ་གྱི་ནང་མཚན་གྱི་མཁའ་སྤྱོད་ནི། ནམ་མཁའ་ལ་གནས་པ་ཞིག་ཡིན་པར་གསུང་ངོ་། །དེ་ཡང་གླིང་རེ་རེའི་སྟེང་ག་ནམ་མཁའ་ལ་རེག་འཛིན་གྱི་གནས་མཁའ་སྤྱོད་རེ་ཡོད་པའང་གསུངས་ཤིང་། དེ་ལ་རི་རབ་དང་འབྲེལ་མ་འབྲེལ་གཉིས་ཡོད་པར་མངོན་ནོ། །གཞན་དག་མཁའ་སྤྱོད་ནི་སངས་རྒྱས་ཀྱི་ཞིང་གི་ཁྱད་པར་ཞིག་ལ་འདོད་དོ། །རིམ་གཉིས་ནི་འདིར་སྔགས་ཀྱི་སྐབས་དང་འབྲེལ་བས་སྔ་མ་བཞིན་ཁས་སླངས་དགོས་པར་སེམས་སོ། །གཞན་ཡང་རིམ་གཉིས་ཀྱི་ཁྱད་པར་དང་། བསླབ་གསུམ་དང་། སྐུ་གསུམ་གྱི་རྣམ་བཞག་རྒྱས་པར་བཤད་ན། མང་དུ་དོགས་པས་མ་སྤྲོས་སོ། །ཅེས་བར་དོའི་འཕྲང་སྒྲོལ། ཞེས་པ་ནས། དོན་དྲན་བཞིན་དུ་ཉམས་སུ་བླངས་ན་འཆི་གའི་གདམས་པའི་རྒྱལ་བོར་འགྱུར་རོ། །ཞེས་པའི་བར་ནི་གོ་སླའོ། །སྨྲས་པ། མདོ་དང་རྒྱུད་སྡེའི་མན་ངག་འོ་མའི་མཚོ། །གཅིག་ཏུ་འཁྱིལ་བར་བློ་གྲོས་མན་ད་རས། །ལེགས་པར་བསྲུབས་ལས་ཚིག་དོན་ཆ་ཤས་ཀུན། །ཡོངས་རྫོགས་སྙིང་བོའི་ཟླ་བ་ཟུང་གཅིག་ཤར། །གང་འདི་འདི་ཕྱི་བར་དོའི་འཇིགས་པ་ལས། །མ་ལུས་ལུས་ཅན་སྒྲོལ་ལ་དེད་དཔོན་བཞིན། །ཆེས་ཟབ་ཟབ་དོན་རིན་ཆེན་ཡིད་བཞིན་ནོར། །མཆོག་ཀུན་ཀུན་ནས་འབྱུང་ཕྱིར་རྒྱ་མཚོ་བཞིན། །རྣམ་དཔྱོད་རྣམ་པར་དཔྱོད་པའི་མཐུ་དམན་ཡང་། །གཞུང་མང་གཞུང་ལུགས་མང་དུ་ཐོས་པ་ལས། །ཚུལ་འདི་ཚུལ་བཞིན་འདི་ལྟར་བཀྲལ་བའི་དགེས། །ཀུན་མཁྱེན་ཀུན་གྱི་མཁྱེན་རབ་ཐོབ་གྱུར་ཅིག །ཅེས་བར་དོའི་འཕྲང་སྒྲོལ་གྱི་གསོལ་འདེབས་ཀྱི་རྣམ་པར་བཤད་པ་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི། རང་གི་སློབ་མ་འགའ་ཞིག་གིས་བསྐུལ་བས་རྐྱེན་བྱས། ཅོ་ནེའི་སྔགས་དང་མཚན་ཉིད་ཀྱི་བླ་མའི་གོ་སར་གནས་པ་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བ་སྟེ་ཕྱིས་དད་དང་རྣམ་དཔྱོད་ཕུན་སུམ་ཚོགས་པའི་སྤིས་མགུའི་སྔགས་འཆང་འཕགས་པ་སྐྱབས་སྤུན་གཉིས་ཀྱིས་རང་གཞན་ལ་ཕན་པའི་བསམ་པ་ཀུན་ནས་བསླངས་ཏེ་མཐུན་རྐྱེན་སྦྱར་ནས་པར་དུ་བསྒྲུབས་པའོ།། །།

རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་བོ་ཞེས་བྱ་བའི་རྣམ་པར་བཤད་པ་མདོར་བསྡུས།

རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་དཔལ་ཡེ་ཤེས་ཡོན་ཏན་བཟང་བོ་ཞེས་བྱ་བའི་རྣམ་པར་བཤད་པ་མདོར་བསྡུས་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རབ་འབྱམས་ཚོགས་གཉིས་གསེར་མངལ་ལས་འཁྲུངས་ཤིང་། །སྤངས་རྟོགས་གདོང་བཞིའི་བཞིན་གྱི་དཀྱིལ་འཁོར་རྫོགས། །ཆོས་ཀུན་གདོད་མའི་བྱེད་པོ་སྨྲ་བའི་དབང་། །བརྟན་པའི་འཁོར་ལོས་ངག་གི་དཔལ་སྟེར་མཛོད། །དེ་ལ་འདིར་དཔལ་ཡེ་ཤེས་ཡོན་ཏན་བཟང་བོའི་བསྟོད་པ་ཞེས་བྱ་བའི་དོན་རྣམ་པར་བཤད་པ་ལ་བཞི། མཛད་པ་པོ་གང་ཡིན། བསྟན་བཅོས་ཀྱི་མཚན། མཆོད་བརྗོད། གཞུང་དོན་དངོས་བཤད་པའོ། །དང་པོ་ནི། འདིར་མཁས་པ་ཁ་ཅིག་གིས་འདི་ནི་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པར་བཞེད་ལ། གཞན་དག་སྔོན་འཕགས་པའི་ཡུལ་དུ་པཎྜི་ཏ་རྣམས་སོ་སོ་ནས། འཇམ་དཔལ་ཉིད་ལ་བསྟོད་པ་རེ་མཛད་པར་བགྲོས་ཏེ། དེ་ལྟར་ཞུགས་པ་ལ། འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པས། པཎྜི་ཏ་ཀུན་གྱིས་མཛད་པའི་བསྟོད་པ་རྣམས་གཅིག་ཁོ་ནར་གྱུར་པ་འདི་ཉིད་ཡིན་ཞེས་འདོད་དོ། །དེ་གཉིས་གང་ལྟར་ཡང་མཛད་པ་པོ་ནི་ཡིད་ཆེས་པའི་གནས་སོ། །གཉིས་པ་བསྟན་བཅོས་ཀྱི་མཚན་ལ། རྒྱ་གར་འཕགས་པའི་ཡུལ་ན། ལེགས་སྦྱར། རང་བཞིན། ཤ་ཟ། ཟུར་ཆག་གི་སྐད་དང་བཞིའི་ནང་ནས། ལེགས་སྦྱར་རམ་སང་སྐྲི་ཏིའི་སྐད་དུ། བསྟན་བཅོས་འདིའི་མཚན་ལ། ཤྲཱི་ཛྙཱ་ན་གུ་ཎ་ཕ་ལ་ནཱ་མ་སྟུ་ཏི་ར་ཞེས་བྱའོ། །དེ་ཡང་བོད་སྐད་དུ་བསྒྱུར་ན། ཤྲཱི་ནི་དཔལ། ཛྙཱ་ན་ནི་ཡེ་ཤེས། གུ་ཎ་ནི་ཡོན་ཏན། ཕ་ལ་ནི་བཟང་བོ། ནཱ་མ་ནི་ཞེས་བྱ་བ། སྟུ་ཏི་ར་ནི་བསྟོད་པ་ཞེས་བྱ་བའོ། །དེ་ལྟར་རྒྱ་སྐད་སྨོས་པའི་དགོས་པ་ནི། སཾ་སྐྲི་ཏའི་སྐད་ལ་བག་ཆགས་འཇོག་པའི་ཆེད་དང་། བོད་སྐད་ནི། གཞུང་གཞན་དང་མི་ནོར་བར་བྱ་བའི་ཕྱིར་དུའོ། །གསུམ་པ་མཆོད་བརྗོད་ནི། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་སོ། །ངག་དོན་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དགྲ་སྡེ་མ་ལུས་པར་བཅོམ་པས་ན་བཅོམ་དང་། དབང་ཕྱུག་དང་། གཟུགས་དང་། དཔལ་དང་། གྲགས་པ་དང་། ཡེ་ཤེས་དང་། བརྩོན་འགྲུས་ཏེ། སྐལ་བ་དྲུག་སོགས་དང་ལྡན་པས་ན་ལྡན་དང་། སྤྱིར་བྷ་ག་བ་ཏི་ཞེས་པའི་བྷ་ག་བཅོམ་པ་དང་། སྐལ་བ་སོགས་ལ་འཇུག་ཅིང་། བ་ཏི་ནི་ལྡན་པའི་དོན་ཡིན་པས་འདས་པའི་སྐད་དོད་དངོས་སུ་མེད་ཀྱང་འདིར་དོན་གྱིས་ཐོབ་པ་དང་། བོད་སྐད་ལ་བརྗོད་བདེ་བའི་ཕྱིར་དུ་ལོ་ཙྪ་བས་བླ་ཐབས་སུ་བསྣན་པའོ། །འདས་པའི་དོན་ནི་འཁོར་བའམ་བདུད་བཞི་ལས་འདས་པའོ། །མྱ་ངན་ལས་འདས་ཞེས་པའི་དོན་ལྟར་ན། ཉོན་མོངས་ལས་འདས་པར་བཤད་དུའང་རུང་ངོ་། །ཉོན་མོངས་པ་སོགས་ཉེས་པའི་རྩུབ་རེག་དང་བྲལ་བས་ན་འཇམ་པ་གསུངས་དབྱངས་ཡན་ལག་དྲུག་ཅུ་མངའ་བས་ན་དབྱངས་སོ། །འདིར་དྲུག་པའི་སྒྲ་ཡོད་པ་བཞིན་བཤད་ན། དེ་ལྟ་བུའི་དབྱངས་ནི། འཇམ་པའི་ཁྱད་གཞི་དང་འབྲེལ་ལོ། །ལ་ནི་དགོས་ཆེད་ཡིན་ལ། ཕྱག་འཚལ་ཞེས་པ་ནི། གུས་པར་འདུད་པའི་དོན་ཏེ། དེ་ཡང་སྒོ་གསུམ་གང་རུང་གི་སྒོ་ནས་གུས་པའོ། །དེ་ལྟར་ཡང་ཇི་སྐད་དུ། ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་གསུངས་པས་སོ། །ལོ་ཞེས་པ་ནི་སླར་བསྡུའི་ཚིག་སྟེ། དོན་གྱི་ངོ་བོ་དེ་རེ་ཞིག་རྫོགས་པའི་དོན་ཅན་ནོ། །དེ་ལྟར་མཆོད་བརྗོད་མཛད་པའི་དགོས་པ་ནི། ལོ་ཙྪ་བས་འདི་བོད་དུ་བསྒྱུར་བའི་ཚེ། འདི་ཉིད་མངོན་པའི་སྡེ་སྣོད་དུ་གཏོགས་པར་ཤེས་པར་བྱ་བའི་ཕྱིར་མཛད་ལ། གཞན་ཡང་གཞུང་འདི་ཉིད་འཇམ་དབྱངས་ཉིད་ཀྱི་བསྟོད་པ་ཡིན་པའི་རྒྱུ་མཚན་གྱིས་ཀྱང་ཡིན་ནོ། །བཞི་བ་གཞུང་དོན་དངོས་ལའང་། དངོས་དང་། ཞར་ལ་དོགས་དཔྱོད། ཕན་ཡོན་དང་གསུམ་ལས། དང་པོ་ལ་ཡང་ཐུགས་དང་། གསུང་དང་། སྐུ་ལ་བསྟོད་པ་དང་གསུམ། དང་པོ་ལའང་མཁྱེན་པ་དང་བརྩེ་བའི་སྒོ་ནས་བསྟོད་པ་གཉིས་ལས། དང་པོ་ནི། འདི་ལྟར་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས་གང་གི་མཁྱེན་པའི་བློ་གྲོས་ཀྱིས་ནི། སྤང་བྱ་འདོད་ཆགས་ལ་སོགས་པ་རྩ་བ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་དང་། གཉིས་སྣང་འཁྲུལ་བའི་བག་ཆགས་སུ་གྱུར་པའི་ཤེས་བྱའི་སྒྲིབ་པ་གཉིས་ཀྱི་མུན་པ་ལྷག་མ་མ་ལུས་པར་གཏན་ནས་བཅོམ་པའོ། །ཚུལ་ཇི་ལྟར་ན། དེ་ཡང་ཡོད་དེ། དཔེར་ན་རྡུལ་དང་སྤྲིན་ལ་སོགས་པའི་སྒྲིབ་བྱེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་བའི་ཉི་མ་ལྟར། ཉིད་ཀྱི་མཁྱེན་པ་དེའང་ཆོས་ཀུན་གཟིགས་པ་ལ་སྒྲིབ་བྱེད་ཀྱི་འཁྲུལ་པའི་དྲི་མ་དེ་དག་ཤིན་ཏུ་རྣམ་པར་དག་ཅིང་རབ་ཏུ་གསལ་བ་དེ་བཞིན་དུའོ། །ཡེ་ཤེས་དེས་ཡུལ་ཇི་ལྟར་གཟིགས་པའི་ཚུལ་ཡང་ཡོད་དེ། གཟུགས་ནས་རྣམ་མཁྱེན་གྱི་བར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱི་ངོ་བོ་དང་ཁྱད་པར་གྱི་དོན་ཕྲ་ཞིང་ཕྲ་བ་ཀུན་ཀྱང་ཇི་ལྟ་བ་བཞིན་སྒྲིབ་པ་མེད་པར་མངོན་སུམ་དུ་གཟིགས་པ་དེའི་ཕྱིར་རོ། །ཉིད་ཀྱི་སྐུའི་ཐུགས་ཀར་རྒྱལ་སྲས་རྣམས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྫོགས་པར་སྟོན་པའི་ཤེར་ཕྱིན་གྱི་གླེགས་བམ་འཛིན་པའི་རྒྱུ་མཚན་ཡང་ཡོད་དེ། གོང་དུ་བཤད་པ་ལྟར་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་གཟིགས་པའི་མཁྱེན་པ་དེ་ལྟ་བུ་མངའོ་ཞེས་མཚོན་པར་བྱ་བའི་ཆེད་དུའོ། ། གཉིས་པ་ནི། གཏན་གྱི་བདེ་བ་དང་བྲལ་བའི་སེམས་ཅན་གང་དག་སྲིད་པ་སྟེ་སྲིད་རྩེ་ནས་མནར་མེད་ཀྱི་འཁོར་བའི་བཙོན་ཁང་གི་ར་བར་ཆུད་ཅིང་། དེའི་ནང་དུའང་བདག་དང་བདག་གིར་འཛིན་པའི་མ་རིག་པའི་མུན་པ་མུན་ནག་ཏུ་ལུས་ངག་ཡིད་གསུམ་ཀུན་ནས་འཐོམས་ལ། དེར་མ་ཟད་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་གསུམ་གྱིས་རབ་ཏུ་གཟིར་བའི་འགྲོ་བ་མ་ལུས་པའི་ཚོགས་ཀུན་ལའང་ཤིན་ཏུ་བརྩེ་བའི་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །དཔེ་ཇི་ལྟ་བུ་ཞེ་ན། དེ་ཡང་ཡོད་དེ། དཔེར་ན་འཇིག་རྟེན་ན་བུ་གཅིག་ཁོ་ན་ལས་མེད་པའི་མ་དེས། རང་གི་བུ་ལ་ཇི་ལྟར་སྙིང་བརྩེ་བ་དེ་ལྟར། འཇམ་པའི་དབྱངས་ཉིད་ཀྱིས་ཀྱང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཐམས་ཅད་ལའང་ཁྱད་པར་མེད་པར་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ་ཆེན་པོས་བརྩེ་བ་དང་ལྡན་པའི་ཕྱིར་རོ།། །། གཉིས་པ་གསུང་ལ་ཡན་ལག་དྲུག་ཅུའི་དབྱངས་ཀྱི་སྒོ་ནས་བསྟོད་པ་ནི། ཇི་སྐད་བཤད་པ་ལྟར་གྱི་བརྩེ་བ་ཆེན་པོ་དེས་ཀུན་ནས་དྲངས་ཏེ། ཉིད་ཀྱིས་ཇི་ལྟར་གཟིགས་ཤིང་བརྙེས་པའི་གོ་འཕང་མཆོག་ལ་འགྲོ་བ་ཐམས་ཅད་འགོད་པའི་ཆེད་དུ། བླང་དོར་གྱི་གནས་ཀུན་མ་ལུས་པ་གསལ་བར་སྟོན་པའི་གསུང་གཅིག་ཉིད་ལའང་སྙན་པ་ལ་སོགས་པ་ཡན་ལག་དྲུག་ཅུའམ་དྲུག་ཅུ་རྩ་བཞི་ཚང་བའི་དབྱངས་དང་ལྡན་པའི་གསུང་མངའོ། །དེའི་བྱེད་ལས་ཇི་ལྟ་བུ་ཞེ་ན། ཡོད་དེ། དཔེར་ན་ནམ་མཁའི་དབྱིངས་སུ་འབྲུག་གིས་རང་སྒྲ་ཤིན་ཏུ་ཆེར་སྒྲོག་ཅིང་སྒྲ་དེས་སེམས་ཅན་གཞན་དག་གཉིད་ལས་སད་པར་བྱེད་པའི་ཚུལ་དེ་ལྟར། སྔར་སྨོས་པའི་ཁྱད་པར་དེ་ལྡན་གྱི་གསུང་གིས་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་གདུལ་བྱའི་རྣ་བར་ལེགས་པར་ཆེས་ཆེར་སྒྲོགས་པར་མཛད་པས། སེམས་ཅན་ཐམས་ཅད་ཀྱང་ཉོན་མོངས་པའི་གཉིད་འཐུག་པོ་ལས་སློང་ཞིང་། འཁོར་བར་འཕན་པ་དང་། འགྲུབ་པ་དང་། འཆིང་བར་བྱེད་པའི་ཟག་བཅས་ཀྱི་ལས་ཀྱི་ལྕགས་སྒྲོག་དམ་པོ་རྣམས་འགྲོལ་བར་མཛད་པའི་ཕྱིར་རོ། །ཉིད་ཀྱི་གཡས་ན་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ངོ་བོ་ཤེས་རབ་ཀྱི་རལ་གྲི་བསྣམས་པའི་མཚོན་དོན་ཡང་ཡོད་དེ། གོང་དུ་བཤད་པ་ལྟར་གྱི་མཁྱེན་བརྩེ་དེ་ལ་བརྟེན་ནས་གསུང་གི་འཕྲིན་ལས་དེས་སེམས་ཅན་ཐམས་ཅད་ཀྱིས་གནས་ལུགས་མཐོང་བ་ལ་སྒྲིབ་བྱེད་ཀྱི་ང་དང་ང་ཡིར་འཛིན་པའི་མ་རིག་པའི་མུན་པ་ཀུན་སེལ་བར་བྱེད་ཅིང་། མ་རིག་པ་དེས་བསྐྱེད་པའི་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་གྱི་མྱུ་གུ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀུན་ཀྱང་གཅོད་པར་མཛད་པ་དེ་ཉིད་མཚོན་པས་སོ། །གསུམ་པ་སྐུ་ལ་མཚན་དཔེའི་སྒོ་ནས་བསྟོད་པ་ལ། ངེས་པའི་དོན་དུ་ན་བཅོམ་ལྡན་འདས་འཇམ་པའི་དབྱངས་ཉིད་གདོད་ནས་ཏེ་བསྐལ་བ་གྲངས་མེད་པ་མང་བོའི་སྔོན་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དྲི་མ་དག་ཅིང་། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་བ་འོད་འཕྲོ་བ། ལྔ་པ་སྦྱངས་དཀའ་བ། དྲུག་མ་མངོན་དུ་གྱུར་བ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་བ་ལེགས་པའི་བློ་གྲོས། བཅུ་བ་ཆོས་ཀྱི་སྤྲིན་གྱི་བར་ས་བཅུའི་མཐར་སོན་པ་སྟེ་ཕྱིན་ནས་སྤངས་རྟོགས་ཀྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཀྱི་ལུས་ཡོངས་སུ་རྫོགས་པའི་སངས་རྒྱས་དངོས་ཡིན་ནའང་དྲང་དོན་དུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དྲུང་དུ་རྒྱལ་སྲས་བྱང ཆུབ་སེམས་དཔའ་ཀུན་གྱི་ཐུ་བོ་སྟེ་གཙོ་བོར་གྱུར་བའི་སྐུའི་རྣམ་པར་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཚུལ་དུ་བཞུགས་སོ། །དེ་ཡང་སྔགས་ཕྱོགས་ལྟར་ན་འཇམ་དབྱངས་སངས་རྒྱས་ཡིན་པ་ལ་ཐེ་ཚོམ་མེད་མོད། མདོ་ཕྱོགས་ནས་ཀྱང་སངས་རྒྱས་པར་བཤད་དེ། འཇམ་དཔལ་ཞིང་བཀོད་ཀྱི་མདོ་ལས་སྟོབས་བཅུ་རྫོགས་པར་བཤད་ཅིང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་དང་། སོར་མོ་འཕྲེང་བའི་མདོ་གཉིས་ལས་སངས་རྒྱས་སུ་གསལ་བར་བཤད་པའི་ཕྱིར་རོ། །སྐུ་དེའང་བཅུ་ཕྲག་བཅུ་དང་བཅུ་གཉིས་ཀྱི་རྒྱན་གྱིས་རྣམ་པར་སྤྲས་པ་ཡིན་ཏེ། ཕྱག་ཞབས་ཀྱི་མཐིལ་ན་རྩིབས་སྟོང་དང་ལྡན་པའི་གསེར་གྱི་འཁོར་ལོ་སོགས་མཚན་སོ་གཉིས་དང་། སེན་མོ་ཟངས་མདོག་ལྟ་བུ་ལ་སོགས་པ་དཔེ་བྱད་བརྒྱད་ཅུ་སྟེ་བསྡོམས་ན་བརྒྱ་དང་བཅུ་གཉིས་ཀྱི་རྒྱན་གྱིས་བརྒྱན་པའི་ཕྱིར་རོ། །དེ་ལྟ་བུའི་ཡོན་ཏན་ཡོངས་སུ་རྫོགས་ཤིང་འགྲོ་བ་སྤྱི་དང་ཁྱད་པར་དུའང་བདག་གི་བློ་གྲོས་ཀྱི་མི་ཤེས་པའི་མུན་པ་ཐམས་ཅད་སེལ་བར་མཛད་པའི་འཇམ་པའི་དབྱངས་ཁྱོད་ལ་གུས་པས་འདུད་དོ། །དེ་ལྟར་གུས་པས་གསུང་དབྱངས་དང་མཚན་དཔེ་དེ་དག་ཀྱང་མཁས་པའི་གསུང་ལ་བརྟེན་ནས་རྒྱས་པར་བཤད་ནུས་མོད་འོན་ཀྱང་གཞུང་མང་བར་འགྱུར་དོགས་ནས་རེ་ཞིག་དེ་ཙམ་མོ། །གཉིས་པ་གཞན་དག་དོགས་པའི་གནས་བསལ་བའི་ཕྱིར་བཤད་པ་ལ། ཁོ་ན་རེ། ཁྱོད་ཀྱིས་གཞུང་གི་མཚན་དོན་དང་། ཕན་ཡོན་གཉིས་གཞུང་ལས་ལོགས་སུ་ཕྱེ་བ་དེ་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། དེ་ལྟར་མ་ཕྱེ་བར་བཤད་རུང་བའི་ལུགས་ཡོད་ཀྱང་། འདིར་ནི་བསྟོད་པ་གཞུང་དངོས་དང་། གཞན་གཉིས་ཡན་ལག་ཙམ་ཡིན་པས་མི་འཐད་པ་མེད་པའི་ཕྱིར་རོ། །ལང་དོན་ཚན་གསུམ་དུ་བསྡུས་པའང་མི་འཐད་དེ། དེ་ལྟར་དངོས་སུ་མི་གསལ་ཞིང་དེ་ཡིན་ན་འོག་ཏུ་མ་རིག་མུན་སེལ་ཞེས་པའི་རྐང་བ་གཅིག་པོ་དེ་ཐུགས་ཀྱི་ཡོན་ཏན་ལ་སྦྱར་ཏེ་བཤད་དགོས་པས་གོ་རིམ་མི་འགྲིག་པའི་ཕྱིར་རོ། །ཞེ་ན། སྐྱོན་དེ་ཡང་མི་འཇུག་སྟེ། གསུམ་དུ་བསྡུས་པ་དེ་གཙོ་བོའི་དབང་དུ་བྱས་ལ་འོག་ཏུ་དེ་ལྟར་འབྱུང་བ་དེ་སྐུ་གསུང་ཐུགས་གསུམ་གྱིའང་ཡོན་ཏན་ཡན་ལག་ཡིན་པས་མི་འགལ་བའི་ཕྱིར་རོ། །ཡང་ཇི་སྙེད་ཞེས་པ་དེ་ཆོས་ཐམས་ཅད་ལ་བཤད་པའང་མི་འཐད་དེ། དེ་ནི་ཇི་ལྟ་ཇི་སྙེད་ཀྱི་ཟླས་ཕྱེ་བའི་ཇི་སྙེད་ལ་བྱེད་དགོས་པའི་ཕྱིར་རོ། །ཞེ་ན། དེ་ནི་མ་ཡིན་ཏེ། སྤྱིར་ཇི་སྙེད་ཞེས་པའི་སྒྲ་དེ་ཀུན་རྫོབ་ལའང་འཇུག་ཀྱང་། འདིར་མང་ཚིག་གིས་ཆོས་ཐམས་ཅད་ལ་གོ་དགོས་ལ། དེ་ལྟར་མ་ཡིན་ན་འཇམ་དབྱངས་ཀྱིས་ཇི་ལྟ་བ་མཁྱེན་པ་གཞུང་འདིས་མ་བསྟན་པར་འགྱུར་བའི་ཕྱིར་རོ། །ཡང་གསུང་དབྱངས་དྲུག་ཅུ་རྩ་བཞི་བཤད་པ་དེ་ཡང་མ་ཡིན་ཏེ། འདིར་དྲུག་ཅུ་ལས་མི་གསལ་བའི་ཕྱིར་རོ། །ཞེ་ན། དེ་ཡང་མི་འགལ་ཏེ། དེ་ནི་དབྱེ་བ་བསྡུ་ཙམ་ཡིན་པའི་ཕྱིར་དང་། དེ་ལྟར་བཞིས་ལྷག་པའི་དྲུག་ཅུའི་དབྱངས་ཞེས་པ་ལྟར་བཤད་ཀྱང་ཆོག་པའི་ཕྱིར། ཡང་གདོད་ནས་དག་ཅིང་ཞེས་པའི་དོན་དེ་ལྟར་ཡང་མི་འཐད་དེ། དེ་ནི་ཐོག་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་ལ་བྱེད་དགོས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། སྤྱི་དེ་ལྟར་བཤད་དགོས་པའི་གཞུང་ཡོད་མོད། འདིར་དེ་བཞིན་དུ་བཤད་པ་སྐབས་སུ་མ་བབས་པའི་ཕྱིར་རོ། །དེ་ལྟར་ཡིན་ཏེ། ཆོས་ཐམས་ཅད་ཀྱང་ཐོག་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། ཁྱོད་ཀྱིས་འཇམ་དབྱངས་རྒྱལ་བའི་ཡབ་ཏུ་ཡང་བཤད་ཅིང་། སྲས་སུ་ཡང་བཤད་པ་དེ་མི་འཐད་དེ། གཞི་གཅིག་ལ་དེ་གཉིས་འགལ་བའི་ཕྱིར་རོ་ཞེ་ན། སྐྱོན་དེ་ཡང་མི་འཇུག་སྟེ། རྒྱལ་བའི་ཡབ་ཞེས་པའི་དོན་ནི། འཇམ་དབྱངས་ཀྱིས་སྔོན་བསྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པའི་སངས་རྒྱས་གྲངས་མེད་པ། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་བཅུགས་པའི་དོན་དང་། རྒྱལ་བའི་སྲས་ཞེས་པ་ནི། རང་གི་ཡོངས་འཛིན་དུ་གྱུར་བའི་རྒྱལ་བ་འགའ་ཞིག་ལས་འཁྲུངས་པའི་དོན་ཡིན་པར་རྗེ་ཡབ་སྲས་ཀྱིས་བཤད་པའི་ཕྱིར་རོ། །དེས་མཚོན་ཏེ་གཞན་ཡང་དོགས་གནས་སུ་གྱུར་ནའང་སྐྱོན་མེད་པར་གོ་དགོས་ལགས་སོ། །གསུམ་པ་ཕན་ཡོན་བསྟན་པ་ནི། སྐྱེས་བུ་གང་ཞིག་ལྷག་པའི་བསམ་པ་རྣམ་པར་དག་པས་གོང་དུ་བཤད་པའི་བསྟོད་པ་འདི་ནི། ལན་གཅིག་དང་བདུན་དང་ཉི་ཤུ་རྩ་གཅིག་དང་། བརྒྱ་དང་སྟོང་ལ་སོགས་པ་དག་ཉིན་རེ་བཞིན་དུ་སྒྲོགས་པའི་གང་ཟག་དེ་ནི། སྔར་གྱི་གོ་རིམ་ཇི་ལྟ་བ་བཞིན་དུ་ཉིན་རེ་བཞིན་ལན་གཅིག་སྒྲོགས་པས་སྒྲིབ་པ་འདག་པ་དང་། བདུན་གྱིས་ཐོས་པ་འཛིན་པ་དང་། ཉེར་གཅིག་གིས་སྤོབས་པ་དང་། བརྒྱས་མི་བརྗེད་པའི་གཟུངས་དང་། སྟོང་སོགས་ཀྱིས་བསྡུས་པ་ཁྲི་འབུམ་སོགས་བརྗོད་པས། ཕྱིར་རྒོལ་བ་ཐམས་ཅད་འཇོམས་པར་བྱེད་ནུས་པའི་ཤེས་རབ་ཀྱི་དབང་བོ་དང་། སྟོབས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །གཞན་ཡང་སྐྱེས་བུ་གང་ཞིག་ཉིན་རེ་བཞིན་དུ་ལན་གསུམ་དུ་མ་ཆག་པར་བསྟོད་པ་དེ་ནི་ཇི་སྐད་བཤད་མ་ཐག་པ་ལྟར་སྒྲིབ་པ་འདག་པ་སོགས་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་བས། སྟོང་ཉིད་རྟོགས་པའི་ཤེས་རབ་དང་། སྙིང་རྗེ་ཆེན་པོས་ཟིན་པའི་སྒོ་ནས་ཐེག་པ་ཆེན་པོའི་ལམ་སྤྱི་དང་། ཁྱད་པར་ས་དང་པོ་ལ་སོགས་པ་རྣམས་རིམ་གྱིས་བགྲོད་དེ། གོང་ནས་གོང་དུ་ཡོན་ཏན་གྱི་ཁྱད་པར་རྣམས་ཆེས་ཆེར་འཕར་ནས། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་མཐར་ཐུག་གི་གྲོང་ཁྱེར་ཆེན་པོར་ཕྱིན་ནས་འགྲོ་བ་མ་ལུས་པ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་བྱེད་ནུས་པའི་དེད་དཔོན་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །གཞན་ཡང་འཇམ་དཔལ་གྱི་ཞིང་བཀོད་ཀྱི་མདོ་ལས་འཇམ་དཔལ་གྱི་མཚན་བརྗོད་ན་སངས་རྒྱས་འབུམ་གྱི་མཚན་བརྗོད་པ་དང་མཉམ་པར་གསུངས་སོ། །དེ་ལྟར་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་ཞེས་བྱ་བའི་དོན་རྣམ་པར་བཤད་པ་རྫོགས་སོ། །སྨྲས་པ། རྣམ་འདྲེན་ཀུན་གྱི་མཁྱེན་པའི་ཕུང་བོ་གང་། །གཅིག་གྱུར་རྒྱལ་སྲས་འཇམ་པའི་རྡོ་རྗེ་ཡི། །རང་བཞིན་བསྔགས་པ་ཉིན་མོའི་སྣང་བ་ནི། །སྐལ་བཟང་བློ་ཡི་པདྨོ་བཞད་ཕྱིར་ཤར། །དེ་ཡི་དགོངས་པ་སྔོན་བྱོན་མཁས་པ་ཡིས། །བཀྲལ་བའི་འགྲེལ་བཤད་འདི་ན་མ་མཐོང་ཡང་། །བློ་གསལ་དོན་གཉེར་གཞན་གྱིས་བསྐུལ་བའི་ངོར། །ཐག་ཁྲར་ལྟོ་འགྲོར་བཏགས་པ་འདི་ཉིད་བྱས། །འོན་ཏེ་གཞུང་གི་གོང་འོག་ཞིབ་དཔྱད་ནས། །རྒྱས་བཤད་དོར་ཞིང་དོན་གྱི་གནད་བསྡུས་ཏེ། །དགོངས་པ་ཇི་བཞིན་ཁོ་བོས་གྲུབ་སྙམ་པས། །དེ་ཕྱིར་འདི་ལ་ནོངས་པ་མེད་སེམས་མོད། །ཐུབ་བསྟན་གངས་རིའི་སྤོ་ལ་གནས་བཅས་ཏེ། །ལུང་རིགས་རལ་པའི་ཁུར་གྱིས་ལེགས་པར་བརྗིད། །འཇིགས་མེད་རྩལ་གསུམ་རྫོགས་པའི་གདོང་ལྔ་ཡིས། །ལེགས་གཟིགས་འཁྲུལ་བའི་ཆ་གང་སྙིང་ནས་བཤགས། །གཞུང་ལུགས་རྒྱ་མཚོའི་མཚན་མ་མ་མཐོང་ཡང་། །ཕྱོགས་ཀྱི་ཁྲོན་པར་རིན་ཆེན་ལེན་འདོད་པ། །ཆ་ཙམ་གྱིས་ཚིམ་དེད་དཔོན་ཚུལ་དེ་དག ། གཞན་དུ་འཕྱན་ན་སུ་ཞིག་འགོག་པར་བྱེད། །ཚུལ་འདིར་འབད་པའི་རྣམ་དཀར་ཅི་མཆིས་དེས། །རྣམ་དཔྱོད་དོན་དུ་གཉེར་བའི་སྐྱེ་འགྲོའི་ཚོགས། །རྒྱལ་སྲས་འཇམ་པའི་དབྱངས་ཀྱིས་རྗེས་བཟུང་ནས། ཀུན་མཁྱེན་ཡེ་ཤེས་མྱུར་དུ་ཐོབ་གྱུར་ཅིག །ཅེས་དཔལ་ཡེ་ཤེས་ཡོན་ཏན་བཟང་བོ་ཞེས་བྱ་བའི་བསྟོད་པའི་རྣམ་བཤད་མདོར་བསྡུས་པ་འདི་ནི། ཤཱཀྱའི་དགེ་སློང་ཤྲཱི་བྷཱུ་ཏིའི་མིང་གི་མཐའ་ཅན་གྱིས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྔོན་ནས་བྲིས་པ་ལས། ཕྱིས་དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་མ་ཏིས་མུ་དྲས་རང་གི་ལྷག་པའི་ལྷ་འཇམ་དབྱངས་ཉིད་ཀྱིས་རྗེས་སུ་འཛིན་པའི་རྟེན་འབྲེལ་མཚོན་ཕྱིར་པར་དུ་བསྒྲུབས་སོ། །བཀྲ་ཤིས།། །།

སྔགས་ཀྱི་བཀླག་ཐབས་སྨྲ་བའི་རྒྱན།

སྔགས་ཀྱི་བཀླག་ཐབས་སྨྲ་བའི་རྒྱན་ཅེས་བྱ་བ་བཞུགས།

ན་མོ་མཉྫུ་ཤྲཱི་ཡེ། འཇིག་རྟེན་མེས་པོའི་ཞལ་གྱི་ཆུ་སྐྱེས་ལས། །ལེགས་འཁྲུངས་ཚངས་པའི་སྲས་མོ་དབྱངས་ཅན་མ། །རབ་སྙན་རྒྱུད་མངས་སྒྲོགས་བཞིན་མྱུར་བྱོན་ནས། །བདག་ཡིད་དགའ་བའི་ཚལ་འདིར་ཞུགས་ཤིག་ཀྱེ། །ལེགས་སྦྱར་སྐད་ཀྱི་རྣམ་འགྱུར་ཆུ་གཏེར་མཇིང་། །བློ་ཆུང་རི་བོང་རྐྱལ་གྱིས་བརྒལ་དཀའ་ཡང་། །མཁས་མང་རིམ་བརྒྱུད་མན་ངག་ཨུ་ད་ཀ །བདག་བློའི་བུམ་པར་འཁྱིལ་ལས་ཅུང་ཟད་སྦྱིན། །དེ་ལ་འདིར་སྔགས་ཀྱི་ཀློག་ཚུལ་མདོར་བསྡུས་ཞིག་འཆད་པར་བྱ་སྟེ། འདི་ལ་གསུམ། ཡི་གེའི་དབྱེ་བ། ཀློག་ཚུལ། དགྲ་གྲོགས་སུ་འགྱུར་ཚུལ་ལོ། །དང་པོ་ལ་གཉིས། དབྱངས་དང་གསལ་བྱེད་དོ། །དང་པོ་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་སྟེ་བཅུ་བཞིའི་སྟེང་དུ་ཨཾ་ཨཿབསྣན་པས་བཅུ་དྲུག་གོ །གཉིས་པ་ལ། སྡ་བ་ཡིན་མིན་གཉིས་ལས། སྡེ་བ་ཡིན་པ་ནི་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ་སྟེ་སྡེ་བ་ལྔའོ། །གཉིས་པ་སྡེ་པ་མིན་པ་ནི། ཡ་ར་ལ་ཝ་སྟེ་མཐར་གནས་བཞི་དང་། ཤ་ཥ་ས་ཧ། དྲོ་བ་བཞི་སྟེ་སོ་གསུམ་གྱི་སྟེང་དུ། མཐར་ཟད་ཀྱི་ཡི་གེ་ཀྵ་བསྣན་ཏེ་སོ་བཞི་དང་། ཚེག་དྲག ལྕེ་རྩ་ཅན། མཆུ་རྩ་ཅན། ཐིག་ལེ་དང་བཅས་པ་སོ་བརྒྱད་དོ། །དེའི་ཕྱིར། རྒྱ་གར་གྱི་ཡི་གེ་ལ་ནི་ཅ་ཆ་ཇ་གསུམ་དང་ཞ་ཟ་གཉིས་ཏེ་ལྔ་པོ་མེད་ལ། འ་ནི་དངོས་སུ་མི་སྣང་ཡང་འདོགས་ཆའི་ཚུལ་དུ་འབྱུང་ངོ་། །གཉིས་པ་ཀློག་ཚུལ་ལ་གཉིས། སྐྱེ་གནས་ཀྱི་ཁྱད་པར་དང་། ཀློག་ཚུལ་དངོས་སོ། །དང་པོ་ནི། ཨ་ཨཱ་ཀ་ཁ་ག་གྷ་ང་ཧ་ྈྐ་རྣམས་ནི་མགྲིན་པའི་གནས་ལས་སྐྱེའོ། །ཨི་ཨཱི་ཙ་ཚ་ཛ་ཛྷ་ཉ་ཡ་ཤ་རྣམས་ནི་ལྕེ་རྩེ་དང་སོ་རྐན་ལས་སྐྱེའོ། །རྀ་རཱྀ་ཊ་ཋ་ཌ་ཌྷ་ཎ་ར་ཥ་རྣམས་ནི་སྤྱི་བོ་ལས་སྐྱེའོ། །ཨུ་ཨཱུ་པ་ཕ་བ་བྷ་མ་ཝ་པ་རྣམས་ནི་མཆུ་ལས་སྐྱེའོ། །ལྀ་ལཱྀ་ཏ་ཐ་ད་དྷ་ན་ལ་ས་རྣམས་ནི་ལྕེ་རྩེ་དང་སོ་ལས་སྐྱེའོ། །དེ་ལྟར་སྐྱེ་ཚུལ་གྱི་གནས་ལེགས་པར་ངེས་ན་ཀློག་ལུགས་ཀྱང་ཤེས་པར་འགྱུར་རོ། །དེ་ཡང་ཨ་ཨཱ་ནས། ཨཾ་ཨཿའི་བར་དང་། ཀ་ཁ་ནས། བྷ་མའི་བར་མགྲིན་པ་ནས་རིམ་གྱིས་མཆུའི་བར་དུ་སྟེང་འོག་འགྲིམ་པའི་ཚུལ་གྱིས་བྱུང་སྟེ། དེ་ནས་སླར་ཡང་ནང་དུ་ཕྱོགས་པའི་ཚུལ་གྱིས་རྐན་གྱི་ཕུགས་སུ་འགྲོ་བ་ལྟ་བུ་ཞིག་ཡོད་ལ། དེ་ཡང་བརྗོད་འདོད་ཀྱི་དབང་གིས་འབྱུང་བ་ཡིན་ཏེ། དཔང་ལོ་ཆེན་པོས། རྣམ་རྟོག་དབང་གིས་རླུང་གཡོས་ཤིང་། །དེ་ཡིས་གནས་དང་བྱེད་པ་དང་། །རྩོལ་བ་བསྐྱེད་དེ་དབུགས་དབྱུང་དང་། །ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཡི་གེ་གང་ལ་འགྲེང་བུ་དང་ན་རོ་འདོགས་ཡོད་པ་ཀེ་ཀོ་ཀཱ་ལྟ་བུ་ནི་རིང་བོ་ཞེས་བྱ་སྟེ། མིག་འཛུམ་གཉིས་ཀྱི་ཡུན་ཚད་དུ་བཀླག་པར་བྱའོ། །རི་མོ་གསུམ་འཁྱོག་གི་པ་ལུ་ཏ་ཡོད་པའི། ཤུདྡྷོ་྅ཧཾ་ལྟ་བུ་ནི། ཤིན་ཏུ་རིང་བོ་སྟེ། མིག་འཛུམ་གསུམ་གྱི་ཡུན་ཚད་དུ་བཀླག་གོ །ཨ་ཨི་ཨུ་རྀ་ལྀ་ཀ་ཁ་ག་གྷ་ང་སོགས་རིང་བོ་མ་ཡིན་པ་རྣམས་ནི། མིག་འཛུམ་གཅིག་གི་ཡུན་ཚད་དུ་བཀླག་པར་བྱ་སྟེ། རྣམ་འགྲེལ་ལས། ཡི་གེ་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཚད་དུ་གནས་པ་ཡིན། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས། དབྱངས་དང་གསལ་བྱེད་དོ། །དང་པོ་ལ། དབྱངས་ཀྱི་ཀེ་ཤ་ཅན་གཉིས་ནི། ཨེ་ཨི་ཨོ་ཨུ་ལྟ་བུར་ཀློག །ཅེས་འབྱུང་བ་ལྟར་དབྱངས་ཀྱི་ཨཻ་དང་ཨཽ་གཉིས་ལ་ཀེ་ཤ་ཅན་ཞེས་གྲགས་པས། རྒྱ་ཡིག་ལ་དེའི་རྟགས་ཞིག་ཡོད་ཀྱི། འགྲེང་བུ་དང་ན་རོ་ཉིས་བརྩེགས་སུ་མེད་ལ། བོད་ཡིག་ལ་ནི་འགྲེང་བུ་ན་རོ་གཉིས་རེ་ཡོད་པས། ཨཻ་ལ་ཨེ་ཨི་དང་ཨཽ་ལ་ཨོ་ཨུ་ཞེས་འདོན་དགོས་སོ། །ཡི་གེ་དེ་གཉིས་ནི་ཀ་ལ་སོགས་པ་གསལ་བྱེད་ཀྱི་སྲོག་ཏུ་ཞུགས་ན། ཀེ་ཀཽ་སོགས་སུ་འགྱུར་ལ། དེའི་ཚེ་ཀཻ་ལ་ཀེ་ཨི་དང་ཀཽ་ལ་ཀཽ་ཨུ་ལྟ་བུར་བཀླག་གོ །ཀོའུ་ཤི་ཀ་དང་གོའུ་ཏ་མ་ལྟ་བུ་ལ་འུ་ཞེས་བྲིས་པ་ནི། ཨུ་དང་འུ་བརྗོད་པ་མཚུངས་པའི་དབང་དུ་བྱས་པའོ། །ཀ་ལ་སོགས་པ་གསལ་བྱེད་ཀྱི་སྲོག་ཏུ་རྀ་ཡྀ་གཉིས་ཞུགས་པ་ཀྲྀ་ཀླྀ་ལྟ་བུ་ཀློག་ཚུལ་ནི། དཔང་ལོ་ཆེན་པོས། ཀ་སོགས་སྲོག་ཏུ་རྀ་ལྀ་ཞུགས། ཀིར་རི་གེལ་ལི་ཞེས་མྱུར་བཀླག །ཅེས་གསུངས་ལ། སྣར་ཐང་ལོ་ཙྪ་བས། ཀི་རི་ཀི་ལི་ཞེས་མྱུར་བཀླག །ཅེས་གསུངས་ཤིང་། ཏཱ་ར་ནཱ་ཐས། ཀི་རིང་དང་ཀི་ལི་ལ་ཅེས་འདོན་པར་བཤད་དོ། །རྀ་ལྀ་གཉིས་བོད་ཡིག་ལ་ར་དང་ལའི་མགོར་གི་གུ་ཕྱིར་ལོག་བྱུང་ཡང་། རྒྱ་གར་གྱི་ཡི་གེར་ནི་ར་དང་ལ་ཡིག་མ་ཡིན་པའི་རང་ཚུགས་ཅན་ཞིག་སྣང་ངོ་། །གི་གུ་ཕྱིར་ལོག་གི་རྀ་ནི་དབྲི་དང་ལྀ་ནི་ཀླི་ཞེས་པ་དང་ཆ་མཐུན་པའམ། ཏཱ་ར་ནཱ་ཐས། ལྀ་ནི་ལི་ལ་དང་ལིར་ཆ་མཐུན་དུའང་བཞེད་དོ། །གི་གུ་ཕྱིར་མ་ལོག་པའི་ཀྲི་ཀླི་ནི་ཀ་རི་ཀ་ལི་ཞེས་མྱུར་བར་བཀླག་གོ །འ་ནི་ཨ་དང་བརྗོད་པ་མཚུངས་པས། ཨ་ཨཱ་ནས་ཨཾ་ཨཿའི་བར་རྣམས་ནི། ཀ་ལྟ་བུའི་སྲོག་ཏུ་ཞུགས་པའི་ཚེ་ཀ་ཀའ་ཀི་ཀིའི་ཀུ་ཀུའུ་ཀི་རི་ཀི་རིར་ཀིལ་ཀི་ལ་ལི་ཀའི་ཀེའེ་ཀོའོ་ཀོའུ་ཀང་ཀ་ཨ་ཞེས་པ་བཞིན་བཀླག་པར་བྱའོ། །ཞེས་བཤད་པ་ལྟར་ཡང་རུང་ལ། བཞེད་ཚུལ་མི་འདྲ་བ་གཞན་ཡང་ཡོད་དོ། །དེས་ན་ཨ་འཐོབ་སར་འ་དང་ཨི་ཨུ་ཨེ་ཨོ་བཞི་འཐོབ་པ་ལ་འེ་འུ་འེ་འོ་བཞི་འབྱུང་བ་མང་ངོ་། །གཉིས་པ་གསལ་བྱེད་ཀྱི་ཀློག་ཚུལ་ལ་གཉིས། སྲོག་མེད་ཡར་སྦྱར་བ་དང་། སྲོག་ལྡན་ཡར་མ་སྦྱར་བའི་ཀློག་ཚུལ་ལོ། །དང་པོ་ནི། སྲོག་མེད་ཀ་ནི་ཡང་སྦྱར་བ། །ཙ་ཛ་ཊ་ཌ་ཏ་རྣམས་དང་། །ཉ་ཎ་ན་བཞིན་པ་ནི་བ། །ཤ་ཥ་ཡར་སྦྱར་ས་ལྟར་རོ། །ཞེས་པ་བཞིན་ཀ་ཡར་སྦྱར་བ་ཝཱ་ཀ །དཱི ཀ་ལྟ་བུ་ནི། ཝཱག །དཱིག་ཅེས་པར་ཀློག་ཅིང་། ཙ་ཛ་ཊ་ཌ་ཏ་རྣམས་ཡར་སྦྱར་བ་ཡཙྪ། མཛྫ། ཕཊ། ཁ་ཌ་ག དཏྟ་རྣམས་ནི། ཡད་ཚ། མད་ཛ། ཕད། ཁད་ག །དད་ཏ་ཞེས་འདོན་ནོ། །ཉ་ཎ་ཡར་སྦྱར་བ། པཉྩ། དཎྜ་ལྟ་བུ་ལ། པན་ཅ། དན་ཌ་ཞེས་བྱའོ། །པ་ཡར་སྦྱར་བ། ཤཔྟ། ཨཔྟི་ལྟ་བུ་ཤབ་ཏ། ཨབ་ཏི་ལྟ་བུར་རོ། །ཤ་ཥ་ཡར་སྦྱར་བ་ན་མ་ཤྩཎྜ། ཨཥྚ་ལྟ་བུ། ནམས་ཙཎྜ། ཨ་ས་ཊ་ཞེས་ཀློག་གོ །གྷ་ཛྷ་ཌྷ་དྷ་བྷ་དང་། ཁ་ཆ་ཋ་ཐ་པ་ཝ་ཧ་རྣམས་ཡང་སྦྱོར་བ་མེད་དོ། །དེའི་ཕྱིར་བིགྷྣཱཾ་ལྟ་བུ་ནི། བིགྷ་ནཱཾ་ཞེས་ཕྲལ་ནས་འདོན་གྱི། བིག་ནཱ་ན་ཅེས་མི་བརྗོད་པར་བཤད་དོ། །ག་ད་བ་ང་ན་མ་ར་ལ་ས་རྣམས་ཡར་སྦྱར་བ་ནི་ཀློག་ཚུལ་བོད་བཞིན་ནོ། །བརྩེགས་པའི་ཐོག་མ་གོང་མ་དབང་། །ཞེས་འབྱུང་བ་ལྟར། སརྦ་དང་བུདྡྷ་ལྟ་བུའི་ར་དང་ད་ནི་ཡི་གེ་སྔོན་མར་དབང་ལ། འོག་མ་ནི་སྲོག་ལྡན་ནོ། །རྒྱ་ཡིག་ལ་ཝ་ཆེན་སྒོས་སུ་མི་སྣང་ཡང་། སརྦ་དང་། བཱ་གི་ལྟ་བུ་ལ་འཕྱེད་ཝར་འབོད་པ་ནི་དོན་གྱིས་ཐོབ་པའི་དབང་དུ་བྱས་པའོ། །རྒྱ་ཡིག་ལ་གྷ་ཛྷ་ཌྷ་དྷ་རྣམས་དང་ཀྵ་ནི་ཡི་གེ་རེ་རེ་བ་ཡིན་གྱི། ཉིས་བརྩེགས་མ་ཡིན་པས། ཡི་གེ་སོ་སོར་བྱེ་ནས་མི་བཀླག་གོ །གཉིས་པ་ལ་གཉིས། ཡི་གེ་རེ་རེ་བ་དང་། བརྩེགས་པའི་ཀློག་ཚུལ་ལོ། །དང་པོ་ནི། མིང་གི་ཐོག་མར་སྡེ་བ་ཡི། །གསུམ་པ་འས་འཕུལ་བཞིན་དུ་བཀླག །དབུས་མཐར་བྱུང་ན་བོད་དང་མཚུངས། །ཞེས་འབྱུང་བ་ལྟར། སྡེ་པའི་གསུམ་པ་ག་ཛ་ཌ་ད་བ་རྣམས་ནི་མིང་གི་ཐོག་མ་ན་ཡོད་པ་དཔེར་ན། ག་ཎ། ཛ་ཡ། ཌཱ་ཀི །དཱ་ན། བ་ལ་ལྟ་བུ་ནི་འས་འཕུལ་ཡོད་པ་ལྟར་བཀླག་པར་བྱ་སྟེ། འགའ་ཎཱ། འཇའ་ཡ། འདའ་ན། འབའ་ལ་ལྟ་བུར་བཀླག་གོ །དེ་དག་མིང་གི་དབུས་ན་ཡོད་པ་མངྒ་ལ། བྷོ་ཛ་ན། ཝ་ད་ན། ཨཱ་ཝ་ར་ཎ་ལྟ་བུ་དང་། མཐའ་ན་ཡོད་པདྨ་རཱ་ག །རཱ་ཛཱ། ཤཔྟ། གྷནྡྷ་རྦ་ལྟ་བུའི་ག་ཛ་སོགས་བོད་བཞིན་དུ་བཀླག་གོ །ལོ་ཙྪ་བ་ཁ་ཅིག་ག་ཌ་ལ་འཕུལ་ཡིག་ཡོད་མེད་ལྟ་བུའི་ཁྱད་པར་མེད་ཅེས་གསུངས་ལ། ཁྱད་པར་འབྱེད་པའི་ལུགས་ཀྱང་སྣང་ངོ་། །རིགས་པ་འདིས་ཡོད་ཀྱི་གསལ་བྱེད་སུམ་ཅུའི་ནང་ཚན་གྱི་ཛ་ལ་འཛའ་ཞེས་ཟེར་བ་ནི་མི་འཐད་པར་རྟོགས་སོ། །མཁས་པ་ཁ་ཅིག་པཱ་ར་ག་ཏེ་ཞེས་པའི་ག་ལྟ་བུ་ནི་བོད་ལྟར་ཀློག་གསུང་ཡང་འཐད་པར་དཀའ་སྟེ། པཱ་ར་དང་ག་ཏེ་གཉིས་མིང་སོ་སོ་བ་ཡིན་པས་དེའི་ག་ནི་མིང་ཕྱི་མའི་ཐོག་མ་ན་འདུག་གི །དབུས་ན་ཡོད་པའི་དོན་དུ་མི་རུང་བའི་ཕྱིར་དཔྱད་དོ། །གྷ་ཛྷ་ཌྷ་དྷ་བྷ་རྣམས་ནི། རྒ་རྫ་རྜ་རྡ་རྦ་ལྟ་བུ་ལ་ཧའི་སྒྲ་ཅུང་ཟད་ལྡན་པ་དང་ཌྷ་ནི་དྷྲ་དང་ཡང་ཆ་འཐུན་ནོ། །ཊ་ཋ་ཌ་ནི་ཏྲ་ཐྲ་དྲ་ལྟ་བུ་ལ་ལྕེ་རྩེ་ཅུང་ཟད་སྟེང་དུ་འགུག་ཅིང་། ཏ་ར་ཐ་ར་འདའ་ར་ཞེས་པ་དང་ཡང་ཕྱོགས་མཐུན་ནོ། ཥ་ནི་ལྕེ་རྩེ་སྟེང་དུ་བཀུག་ནས་ཁ་དང་འདྲ་བར་བཀླག་ཅིང་། ཀྵ་ནི་ཁྱ་དང་། ཛྙཱ་ནི་འགྱ། ཎ་ནི་རྣ་བའམ་ནྲ་ཞེས་ཀྱང་བརྗོད་དུ་རུང་བར་བཤད་དོ། །གཞན་ཀ་ཙ་ཏ་པ། ཁ་ཚ་ཐ་ཕ། ང་ཉ་ན་མ། ཡ་ར་ལ་ཝ། ཤ་ས་ཧ་རྣམས་ནི་བོད་ཉིད་དང་མཚུངས་སོ། །གཉིས་པ་བརྩེགས་པའི་ཀློག་ཚུལ་ལ། ལྷན་ཅིག་འདུ་མི་འདུ་གཉིས་ལས་འདུར་རུང་བ་ཛྙཱ་དང་ཀྵ་ལྟ་བུ་ནི་བསྡོམས་ནས་སྔར་བཞིན་བརྗོད་ཅིང་། ཡི་གེ་སྔ་མ་དང་མ་འབྲེལ་བའི་ཀྐ །ཊྚ་ཏྟཱ་ཛྫཿལྟ་བུ་ནི། ཀ་ཨ། ཊ་ཨ། ཏ་ཨཱ། ཛ་ཨ་ཞེས་ཁ་ཁེངས་མཐོན་པོའི་གདངས་ཀྱིས་གཉིས་ཀ་གཅིག་ཏུ་བརྗོད་པར་བྱའོ། །ཕྱོགས་མཐུན། ཤྟ་ཥྚ་ཤཀ་ཥྩ་རྣམས་ནི། སྟ་སཊ་སྐ་སྩ་ལྟ་བུ་དང་དེ་བཞིན་དུ། སྠ་ན། སྤར་ཤ། སྥ་ར་ཎ། སྨ་ར་ཎ་རྣམས་ཀྱང་། ས་ཐ་ན། ས་སར་ཤ །ས་ཕ་ར་ཎ། ས་མ་ར་ཎ་ཞེས་པ་སྒྲ་འཐོན་ཙམ་དུ་མྱུར་བར་བཀླག་གོ །འདུར་མི་རུང་བ། ཀྟ་ཀྟེ་ཀྞི་ཀྞོ་ཀྵྨཾ་ཀྵླི་ཀྵྨཱཾ་ཛཽཎ་ལྟ་བུ་ནི། ཀ་ཏ་ཨ། ཀ་ཏ་ཨེ། ཀ་ཎ་ཨི། ཀ་ཎ་ཨོ། ཞེས་ཨ་སྒྲ་ཐོན་ཙམ་དང་། ཀྵ་མཾ། ཀྵ་ལི། ཀྵ་མ་ཎཾ། ཛ་ཎོ་ཨུང་ཞེས་བྱའོ། ཁ་ཅིག །ཀ་ཏ་ཀ་ཏེ་ཀ་ཎི་སོགས་སུ་བཀླག་ཀྱང་མི་འགལ་ཞེས་བཤད་པས་གང་འཐད་བྱ་ཞིང་། སརྦ་པཱ་པཾ། ཏ་ཐཱ་ག་ཏ་ལྟ་བུ་ནི། སརྦ་པ་ཨ་པཾ། ཏ་ཐ་ཨ་ག་ཏ་ཞེས་ཨ་སྒྲ་གསལ་བར་འཐོན་པར་བྱའོ། །གཞན་ཡང་། ཛྱོ་ཛ་ཡོ། སྱནྟེ། ས་ཡན་ཏི། སྱཻ། ས་ཡེའི། ཏྲྱཻཻ། ཏར་ཡེའི། ནྱཽ། ན་ཡོའུ། གྲྀ་ཧྞ། གྲིར་ཧ་ཎ། ནཻ་ཝཱི་ཏི། ནེའི་ཝི་ཏི། ཨགྣེ། ཨག་ནེ། ཤྚོཾ་བནྡྷ། སྟྲོམ་བྷནྡྷ། ཧྲཱིཿཥྚོཾ་ཧྲཱིས་སྣོན། བྱཱུད་བ་ཡཱུད། བྷྲུཾ། བྷ་རུང་། ཞེས་དང་། མདོར་ན་གསལ་བྱེད་མི་འདྲ་བ་བརྩེགས་པ། ཐླྷིཾ། ཐ་ལིང་། ཀླཻ། ཀ་ལེའི། ཀླ། ཀ་མ་པ། ཡྻཱུཾ། ཡ་མ་ཡུང་། ཀྵྨུཾ། ཀྵ་མ་ར་ཡུང་།་ཧ་ཀྵ་མ་ལ་ཝ་ར་ཡང་། ཞེས་རང་སྒྲ་འཐོན་ཙམ་དུ་མྱུར་བར་བཀླག་པར་བྱ་སྟེ། ཇི་སྐད་དུ། མང་དུ་བརྩེགས་སམ་ཉུང་ངུ་བརྩེགས། །གཅིག་ཏུ་བརྗོད་པར་མི་རུང་རྣམས། །སོ་སོར་ཕྲལ་ཏེ་རང་རང་སྒྲ། །དྲན་ཙམ་མྱུར་བའི་ཚུལ་དུ་བཀླག །ཅེས་སོ། །ཡ་བཏགས་ཕལ་ཆེར་འགྲེང་བུ་སྟེ། །ཡ་སྒྲ་ཅུང་ཟད་ལྡན་པར་བཀླག །ཅེས་པ་ལྟར། ཀཱ་ཤྱ་ལྟ་བུ། ཀཱ་ཤ་ཡ། ཨ་བྷྱ། ཨ་བྷ་ཡ། ས་ཏྱ། ས་ཏེ་ཡ། བྲ་ཏྱ། བྲ་ཏེ་ཡ། བི་དྱ། བི་དེ་ཡ། ཞེས་ཡ་སྒྲ་ཅུང་ཟད་འཐོན་ཙམ་དུ་འདོན་གྱི་གསལ་པོར་མི་བརྗོད་དོ། །ས་ཏྱ། བཱིདྱ་ལྟ་བུ་ནི། ས་ཏ་ཏེ་ཡ། བཱིད་དེ་ཡ་ཞེས་པར་ཡང་བཀླག་གོ །ཏདྱ་ཐཱ་ན་དེ་དང་མི་འདྲ་བར་ཏད་ཡ་ཐཱ་ཞེས་བྱ་ཞིང་། བྷཻ་ཥ་ཛྱེ། པུ་ཎྱེ། ཁ་ཧྱོ་ལྟ་བུ་ལ། བྷཻ་ཥ་ཛ་ཀེ། བུ་ཎ་ཡེ། ཁ་ད་ཡོ་ཞེས་བཀླག་དགོས་སོ། །ཙཪྱ། སུཪྱ། ཨཱཪྱ་ལྟ་བུ་ནི། ཕྲལ་ཏེ། ཙ་ར་ཡ། སུ་ར་ཡ། ཨཱ་ར་ཡ་ཞེས་ཀློག་དགོས་ཀྱང་། ཀ་ཁའི་ཡ་བཏགས་བོད་བཞིན་བཀླག །ཅེས་པར་ལྟར། ཤཱཀྱ་དང་། སཾ་ཁྱ་ལྟ་བུ་ལ་བོད་ལྟར་བཀླག་གོ །ཡཀྵ་དང་། ཤཱཀྱ། ཙཀྲ་ལྟ་བུ་ལ། ཡཀ་ཀྵ། ཤཱཀ་ཀྱ། ཙ་ཀ་ཀྲ་ཞེས་གཉིས་གོ་ཆོད་པ་ལྟར་བཀླག་པར་བཤད། ཝ་བཏགས་ཕལ་ཆེར་ན་རོ་སྟེ། །ཝ་སྒྲ་ཅུང་ཞིག་ལྡན་པར་བཀླག །ཅེས་འབྱུང་བ་ལྟར། སཏྭ་ལྟ་བུ་ལ། སད་ཏོ་ཝའི། ས་ཏོ་ཝ་འདམ་ཁ་ཅན་དུ་གསུངས་ལ། སྭ་མི། ས་ཝ་མི། ཨ་ཤྭ་ར། ཨ་ཤ་ཝ་ར་ཞེས་དང་། གཞན་མི་འདྲ་བ་ནི། ཏྭེ་ནོ་པ། ཏ་ཝེ་ན་ཨུ་པ། དྭེ་ཥ་ར་ཏི། ད་ཝེ་ཥ་ར་ཏི་ཞེས་བྱ་ལ། ཤྭ་ར་དྭཱ་ཏིའི་བུ་ལྟ་བུ་ན། ཤཱ་རད་ཝཱ་ཏིའི་བུ་ཞེས་བརྗོད་དགོས་ཀྱི་དོ་ཞེས་ན་རོར་མི་བཀླག་ཅེས་བཤད་དོ། །ར་བཏགས་ཕལ་ཆེར་བོད་དང་མཚུངས། ཞེས་པ་ལྟར་ཡིན་ཡང་། བཛྲ་ལྟ་བུ་ནི་འབད་ཙར་ཅེས་བྱའོ། །འོན་ཀྱང་ཁ་ཅིག་འབ་ཛར་ཞེས་ཀློག་གསུང་། བུདྡྷཱ་དྷིཥྛ་ན་ལྟ་བུ་ལ། བུད་དྷ་ཨཱ་དྷིཥྛ་ན། དེ་བཞིན་དུ། ཏཱནྟ་ཀ་ར། ཏ་ཨཱནྟ་ཀ་ར། བཛྲོད་གྷ་ཊ། བཛྲ་ཨུད་གྷ་ཊ། པཱུ་ཛོ་བསྠ་ན། པཱུ་ཛ་ཨུ་པསྠ་ན། ཛ་ཊོད་ཀ་ཊ། ཛ་ཊ་ཨུད་ཀ་ཊ། པྲཛྙཱོ་པ། པྲཛྙཱ་ཨུ་པ། ཏ་ཐཱ་ག་ཏོ་ཥྟཱིི་ཥ། ཏ་ཐ་ཨཱ་ག་ཏ་ཨུཥྞཱི་ཥ། པདྨོ་ཥྞཱི་ཥ། པདྨ་ཨུཥྞཱི་ཥ་ཞེས་ཀློག་ཅིང་། འཚམས་སྦྱར་བ་ལྟར་བརྗོད་ཀྱང་མི་འགལ་ཡང་། ཁ་ཅིག །ཏ་ཐཱ་ག་ཏོ་ཨུཥྞཱི་ཥ། པདྨོ་ཨུཥྞཱི་ཥ་ཞེས་ཀློག་པ་མ་དག་གོ །རྣམ་བཅད་ནི་ཚེག་དྲག་བཅད་དེ་དྲག་པར་ཀློག །ཅེས་པ་ལྟར། ཀཿལྟ་བུ་ལ། ཀ་ཨ། ག་ཧ་ཞེས་དང་། བུདྡྷ་ཡ་ན་མཿལྟ་བུའི་རྣམ་བཅད་ནི་རྡུམ་རྡུམ་བཅད་དེ་བཀླག་པར་བྱ་ལ། འོན་ཀྱང་ཤ་ཥ་སའི་སྡེམ་གྱི་རྣམ་བཅད་ནི་ས་རུ་བཀླག་པར་བྱ་སྟེ། ན་མཿཤཱཀྱ་ཡེ། ན་མཿཥདྷ། ན་མཿསརྦ་ལྟ་བུ་ལ་ནམས་ཞེས་བྱའོ། །ལྕེ་རྩ་ཅན་ྈྐ་ྈྑ་གཉིས་ནི། ཨ་ཀ་ཅེས་སམ། ཀོ་ཝ་ཁོ་ཝ་ཞེས་བྱ་ལ། མཆུ་རྩ་ཅན་ྉྤ་ྉྥ་གཉིས་ནི་ཨ་བ་ཅེས་སམ། པོ་ཝ་ཕོ་ཝ་ཞེས་པར་བཀླག་གོ རྗེས་སུ་ང་རོའམ་ཀླད་ཀོར་ནི། རྗེས་སུ་ང་རོ་སྡེ་བ་ལ། རང་རང་སྡེ་བའི་ལྔ་བར་བཀླག །ཡ་སོགས་བརྒྱད་ལ་ང་རུ་བཀླག །ཡང་ན་སྡེ་ལྔའི་ཟླ་ལ་སྦྱར། །ཤད་ཀྱིས་ཆོས་ན་རང་ཉིད་བརྩི། །ཤེད་མེད་ན་ནི་འོག་མ་བརྩི། །ཞེས་འབྱུང་བ་ལྟར། རང་རང་གི་རྗེས་སུ་ཤད་ཀྱི་ཆོད་པ་ན། རང་ཉིད་དབང་བཙན་པས། ཀ་སྡེའི་ཀླད་ཀོར་ང་། ཙ་སྡེ་ལ་ཉ། ཊ་སྡེ་ལ་ཎ། ཏ་སྡེ་ལ་ན། ས་སྡེ་ལ་མར་ཀློག་ཅིང་། ཡ་ར་ལ་ཝ་སོགས་ལ་རང་འདོན་ནོ། །རང་གི་རྗེས་སུ་ཤད་ཀྱིས་མ་ཆོད་པར། སྦྲེལ་ནས་ཡོད་ཚེ་ཕྱི་མ་དབང་བཙན་པས། རང་གི་ཕ་རོལ་ཏུ་སྡེ་བ་ལྔའི་ཡི་གེ་གང་རུང་བྱུང་ན། སྡེ་བ་དེ་དང་དེའི་ལྔ་བ་ང་ཉ་སོགས་སུ་ཀློག་དགོས་ཏེ། དཔེར་ན། སཾ་ག་ཏེ། སཾ་ཙ་ར་ཏེ། སཾ་ཋ་ཀུ་ར། སཾ་དྷཱ་ར་ཎི། སཾ་བྷཱ་ར་ལྟ་བུ་ལ། སདྒ་ཏེ། སཉྩ་ར་ཏ། སཎྛ་ཀུ་ཏ། སནྡྷཱ་ར་ཎི། སམྦཱ་ར་ཞེས་བྱའོ། །ཡ་སོགས་བརྒྱད་ལ། ཨི་དྀ་ཡཀྵ་ཨི་དཾ་ར ཀྵ། ཨི་དཾ་ལཱ་སྱ། ཨི་དཾ་ཝཱ་དྱ། ཨི་དཾ་ཤཔྡ། ཨི་དཾ་ཥཥྛི། ཨི་དཾ་ས་ཧ་སྲ། ཨི་དཾ་ཧེ་རུ་རྣམས་ལ། ཨི་དང་ཞེས་ངར་བཀླག་པར་བྱའོ། །ཨི་དཾ་བ་ལྀ་ཏ་ལྟ་བུ་ནི། ཨི་དམ་ཅེས་མ་རུ་བརྗོད་པར་བྱ་སྟེ། བ་དང་མ་གཉིས་སྡེ་བ་གཅིག་ཡིན་པའི་ཕྱིར་རོ། །ལོཙྪ་བ་ཁ་ཅིག །ༀ་དང་ཧཱུཾ་ནི་མ་དང་ང་། ཚིག་གྲོགས་དག་ལ་བལྟོས་པ་མིན། །ཞེས་ༀ་གྱི་ཀླད་ཀོར་མ་དང་། ཧཱུཾ་ལ་ང་ཉིད་དུ་ཀློག་པར་བཤད་ལ། ཁ་ཅིག་ཧཱུཾ་ལ་ཡང་མར་བཀླག་དགོས་ཀྱི། ངར་ཀློག་པ་མི་འཐད་ཅེས་གསུང་། རང་ལུགས་ས་བོན་ཡིན་ན་མར་ཀློག་ཅིང་གཞན་མ་དང་ཅི་རིགས་སུ་བཀླག་པར་བྱ་སྟེ། འདིར་མཚོན་པ་ཙམ་སྟེ། རྒྱས་ནི་སྒྲའི་གཞུང་ལས་ཤེས་དགོས་སོ། །སྔགས་མ་དག་པར་བཀླག་ན་ཉེས་པ་ཆེ་བར་བཤད་པས། སྔགས་ཀྱི་ཀློག་ཚུལ་ཤེས་པ་ལ་འབད་པར་བྱའོ། །འོན་ཀྱང་བོད་རྣམས་ཀྱིས་རྒྱ་གར་གྱི་སྐད་མི་ཤེས་པས་སྔགས་ཇི་ལྟ་བ་བཞིན་ཀློག་མི་ཤེས་ཀྱང་ཅུང་ཟད་ཙམ་ཞིག་མ་སྦྱངས་པར་སྔགས་ཀློག་པའི་ཁུང་བྱས་ནའང་གང་མིན་དུ་བཀླག་པས་འབྲས་བུ་ལེགས་པར་འགྲུབ་པར་དཀའ་སྟེ། ས་སྐྱ་པཎ་ཆེན་གྱིས། བོད་ཡུལ་རྨོངས་པས་ཆོས་ལ་ནི། །ཆོས་སྒྲ་རྒྱ་མིན་བོད་མིན་ཀློག །ཞེས་དང་། རྒྱ་མིན་བོད་མིན་སྔགས་འདོན་གངས་ཅན་པ། །ཕལ་ཆེར་ངལ་བ་འབྲས་བུར་མ་གྱུར་ཏམ། ཞེས་གསུངས་པས་སོ། །གཞན་ཡང་། སྔགས་ཀྱི་གཅོད་མཚམས་ནོར་ན་དོན་ལོག་པར་འགྱུར་ཏེ། དཔེར་ན། རྟེན་འབྲེལ་སྙིང་བོའི། ནི་རོ་དྷ་ཞེས་པ་ནི་འགོག་པའི་དོན་ཡིན་པ་ལ། ཡོ་ནི་ཞེས་ཡར་བཅད་ན་མོ་རྟགས་ཀྱི་མིང་དུ་འགྱུར་བ་དང་། ཨ་མྲྀ་ཏ་ལ། ཨ་མི་རི་ཏ། ཞེས་བརྗོད་ན་བདུད་རྩིའི་མིང་དུ་འགྱུར་ཡང་། ཨར་མི་ཏ་ཞེས་བྱས་ན་དུག་གི་མིང་དུ་འགྱུར་བ་དང་། བུདྡྷ་ཞེས་པ་འབུད་དྷ་ཞེས་བརྗོད་ན་སངས་རྒྱས་ཀྱི་མཚན་དུ་འགྱུར་ཡང་། བྷུ་ཏ་ཞེས་བྱས་ན་འབྱུང་བོར་འགྱུར་བ་སོགས་མང་ངོ་། །གསུམ་པ་དགྲ་གྲོགས་སུ་འགྱུར་ཚུལ་ལ་གཉིས། འབྱུང་བ་གང་ཡིན་པ་དང་། དགྲ་གྲོགས་སུ་འགྱུར་ཚུལ་དངོས་སོ། །དང་པོ་ནི། དབྱངས་གསལ་དེ་རྣམས་ཀྱང་འབྱུང་བ་ཆེ་ཆུང་གང་དུ་འདུ་བའི་ཁྱད་པར་ཡོད་དེ། འབྱུང་བ་ཆེ་བའི་དབང་བྱས་ན། ཨ་ཨཱ་ཀ་ཁ་ག་གྷ་ང་ྈྐ་རྣམས་ནི་ནམ་མཁའི་ཁམས་དང་། ཨི་ཨཱི་ཙ་ཚ་ཛ་ཛྷ་ཉ་ཡ་ཤ་རྣམས་ནི་རླུང་གི་ཁམས་དང་། རྀ་རཱྀ་ཊ་ཋ་ཌ་ཌྷ་ཎ་ར་ཥ་རྣམས་ནི་མེའི་ཁམས་དང་། ཨུ་ཨཱུ་པ་ཕ་བ་བྷ་མ་ཝ་ཉ་རྣམས་ནི་ཆུའི་ཁམས་དང་། ལྀ་ལཱྀ་ཏ་ཐ་ད་དྷ་ན་ལས་རྣམས་ནི་སའི་ཁམས་སོ། །འབྱུང་བ་ཆུང་བའི་དབང་དུ་བྱས་ན་ལྀ་ལཱྀ་ཀ་ཙ་ཊ་ཏ་པ་ལ་ས་རྣམས་སའི་ཁམས། ཨུ་ཨཱུ་ཁ་ཚ་ཋ་ཐ་ཕ་ཝ་ྉྤ་རྣམས་ཆུའི་ཁམས། རྀ་རཱྀ་ག་ཛ་ཌ་ད་བ་ར་ཥ་རྣམས་མེའི་ཁམས། ཨི་ཨཱི་གྷ་ཛྷ་ཌྷ་དྷ་བྷ་ཡ་ཤ་རྣམས་རླུང་གི་ཁམས། ཨ་ཨཱ་ཉ་ཎ་ན་མ་ཧ་ྈྐ་རྣམས་ནམ་མཁའི་ཁམས་སོ། །གཉིས་པ། སའི་ཡི་གེའི་དགྲ་ནི། མེའི་ཡི་གེ་ཡིན་ལ། དེ་བཞིན་དུ། མེའི་དགྲ་ཆུ། ཆུའི་དགྲ་རླུང་། རླུང་གི་ཡི་གེ་ཉིད་དགྲ་ནི་སའི་ཡི་གེ་རྣམས་སོ། །ས་ཆུ་གཉིས་ཕན་ཚུན་གྲོགས་དང་། མེ་རླུང་གཉིས་ཀྱང་ཕན་ཚུན་གྲོགས་པོ་ཡིན་ལ། ནམ་མཁའི་ཡི་གེ་ནི། ཡི་གེ་གཞན་ཀུན་གྱི་གྲོགས་སུ་འགྱུར་ཞིང་གཞན་རྣམས་ཀྱང་དེའི་གྲོགས་སུ་འགྱུར་རོ། །མེ་ནི་ཆུ་དང་། ཆུ་ནི་རླུང་དང་། རླུང་ནི་ས་ལ་ནུས་པ་མེད་དོ། །འདི་ལ་འབྱུང་བ་ཆུང་བ་གཙོ་ཆེ་བས་དེའི་དབང་དུ་བྱས་ཏེ་བཤད་ན། ལྷའི་སྔགས་ཀྱི་ཐོག་མར་ༀ་དང་ཏ་དྱ་ཐཱ་སོགས་ཡོད་ན་དོར་ཏེ། ལྷག་མའི་ཡི་གེའི་ཐོག་མ་གང་ཡིན་པ་དེ་དང་། རང་གི་མིང་ཡིག་ཐོག་མ་གཉིས་དགྲ་གྲོགས་བརྩི་བར་བྱའོ། །དེ་ཡང་གསལ་བྱེད་བརྩེགས་པའམ་འཕུལ་བྱེད་ཡོད་ཀྱང་རུང་། དང་པོའི་ཡི་གེ་བཟུང་བར་བྱ་སྟེ། བཀྲ་ཤིས་ཞེས་པའི་བ་དང་། གྲགས་པ་ཞེས་པའི་ག་དང་། རྣམ་རྒྱལ་ཞེས་པའི་ར་དང་། སྔགས་ཀྱི་སརྦའི་ས། བཛྲའི་བ་སོགས་བཟུང་བར་བྱ་བ་ཡིན་ནོ། །དེའི་ཚེ་ཕན་ཚུན་དགྲར་གྱུར་ན་ངན་ལ། གྲོགས་སུ་སོང་ན་བཟང་ངོ་། །འབྱུང་བ་ཆེ་ཆུང་གཉིས་ཀ་མཐུན་ན་རབ། འབྱུང་ཆུང་མཐུན་ན་འབྲིང་རབ། འབྱུང་ཆེན་ཙམ་མཐུན་ན་འབྲིང་སྨད། །གང་དང་ཡང་མ་མཐུན་ཚེ་དགྲར་སོང་ན་ངན་ལ། ནུས་མེད་དུ་སོང་ནའང་ལེགས་པ་མིན་ནོ། །དེའི་ཕྱིར་ལྷ་བསྒྲུབ་པའི་ཚེ་ལྷ་དེའི་སྔགས་བཟླ་རྒྱུ་གང་ཡིན་པའི་ཐོག་མ་དང་། རང་གི་མིང་ཡིག་དང་བོ་གཉིས་གྲོགས་སུ་འགྲོ་བར་གལ་ཆེ་བར་བཤད་དོ། །སྨྲས་པ། བརྡ་སྤྲོད་རྒྱ་མཚོའི་གཞུང་གི་སྙིང་བོའི་དོན། །གཅིག་ཏུ་འདུས་པའི་མན་ངག་ཀློག་ཚུལ་འདི། །གང་དག་སྔགས་ཀྱི་བཟླས་བརྗོད་ལྷུར་ལེན་པ། །དེ་དག་རྣམས་ལ་ཉེ་བར་མཁོ་བ་ཉིད། །འདིར་འབད་ལས་བསྐྲུན་དགེ་ལེགས་རི་བོང་ཅན། །ཆ་ཤས་ཡོངས་རྫོགས་གང་ཞིག་མཆིས་པ་དེས། །མི་ཤེས་རྨོངས་མུན་སེལ་དང་ལྷན་ཅིག་ཏུ། །ཕན་བདེའི་སྣང་བ་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་སྔགས་ཀྱི་བཀླག་ཐབས་མདོར་བསྡུས་པ་འདི་ནི། དད་སྟོབས་ལྡན་པ་དགེ་ལེགས་བཀྲ་ཤིས་དང་། །བན་གཞིས་གཉིས་ཀྱིས་བསྐུལ་བའི་ངོར། །ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་མཁས་པ་དུ་མའི་གསུང་རྒྱུན་ལ་ལེགས་པར་བརྟགས་ཏེ། ཀློག་ཚུལ་ཐ་དད་ཀྱི་བཞེད་པ་ཅུང་མི་འདྲ་བ་རེ་སྣང་བ་ལས། དཔང་ལོ་ཆེན་པོའི་གསུང་རྒྱུན་གཙོ་བོར་བྱས་ཤིང་འདམ་ཁ་ཅན་ནི་ཇི་ལྟར་བཀླག་ཀྱང་མི་འགལ་བའི་ཕྱིར་གཞན་ནས་ཀྱང་ཟུར་བརྒྱན་ཏེ། རང་བློས་གང་འཐད་པའི་ཚུལ་དུ་གཞན་ལའང་ཕན་སྲིད་སྙམ་ནས་སྦྱར་བའོ། །བཀྲ་ཤིས།། །།

གཞུང་ལུགས་དུ་མའི་བརྗོད་བྱ་སྣ་ཚོགས་པ་མིང་གི་སྒོ་ནས་གསལ་བར་བསྟན་པ་ཉེར་མཁོ་བློ་ལྡན་དགའ་བྱེད།

གཞུང་ལུགས་དུ་མའི་བརྗོད་བྱ་སྣ་ཚོགས་པ་མིང་གི་སྒོ་ནས་གསལ་བར་བསྟན་པ་ཉེར་མཁོ་བློ་ལྡན་དགའ་བྱེད་ཅེས་བྱ་བ་བཞུགས།

མ་ལུས་ཤེས་བྱ་མངོན་གཟིགས་ཤཱཀྱའི་རྒྱལ། །མཁྱེན་རབ་གཏེར་ཆེན་མི་ཕམ་འཇམ་པའི་དབྱངས། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་སོགས། །སྐྱབས་གནས་དམ་པ་རྣམས་ལ་གུས་བཏུད་ནས། །ལེགས་གསུངས་བཀའ་དང་དེ་ཡི་དགོངས་འགྲེལ་ལས། །འབྱུང་བའི་བླང་དང་དོར་བྱའི་ཆོས་སོགས་ཀྱི། །མིང་གི་རྣམ་གྲངས་འགའ་ཞིག་ཕྱོགས་གཅིག་ཏུ། །གོ་སླའི་ངག་གིས་གསལ་བར་བརྗོད་པར་བྱ། །དེ་ཡང་ཤེས་བྱ་གཞལ་བྱ་གཞི་གྲུབ་པ། །ཚད་མས་དམིགས་དང་རྟོགས་པར་བྱ་བ་དང་། །ཆོས་དང་ཡོད་པ་ཡུལ་སོགས་རྣམ་གྲངས་སྔགས་ཀྱི་བཀླག་ཐབས་སྨྲ་བའི་རྒྱན་ཅེས་བྱ་བ་བཞུགས་སྔགས་ཀྱི་བཀླག་ཐབས་སྨྲ་བའི་རྒྱན་ཅེས་བྱ་བ་བཞུགས་སྔགས་ཀྱི་བཀླག་ཐབས་སྨྲ་བའི་རྒྱན་ཅེས་བྱ་བ་བཞུགས་ཏེ། །དོན་གཅིག་ལ་ནི་ལྡོག་པ་ཐ་དད་ཙམ། །མི་རྟག་དངོས་པོ་དོན་བྱེད་ནུས་པ་དང་། །འདུས་བྱས་བྱས་པ་སྐྱེས་པ་གཞན་དབང་དང་། །རང་མཚན་འཇིག་པའི་ཆོས་རྣམས་དོན་གཅིག་ལ། །རྟག་པ་མི་འཇིག་ཆོས་དང་དངོས་མེད་ཆོས། །མ་སྐྱེས་མི་འགག་ཆོས་སོགས་དོན་གཅིག་གོ། །བརྟེན་ནས་གདགས་པའི་ཕྱིར་ན་རྟེན་འབྲེལ་ཏེ། །བློ་ཡི་ཡུལ་ཡིན་ཕྱིར་ན་ཤེས་བྱའོ། །དོན་བྱེད་ནུས་ཕྱིར་དངོས་པོ་ཞེས་བྱ་སྟེ། །དོན་བྱེད་ནུས་མེད་ཕྱིར་ན་དངོས་མེད་དོ། །དུ་མར་སྤུངས་པའི་ཕྱིར་ན་ཕུང་བོ་སྟེ། །སྐྱེ་ཞིང་མཆེད་པར་བྱེད་པས་སྐྱེ་མཆེད་དོ། །རང་འབྲས་རྒྱུ་ཡི་རིགས་བྱེད་ཁམས་སུ་གྲགས། །དེས་མཚོན་ལྷག་མ་གཞན་གྱི་སྒྲ་དོན་ཀྱང་། །ཤེས་པར་བྱ་སྟེ་འདིར་ནི་མང་དུ་དོགས། །ཀུན་རྫོབ་དོན་དམ་བདེན་པ་རྣམ་པ་གཉིས། །ཆོས་དང་གང་ཟག་བདག་མེད་པ་ཡང་གཉིས། །ཀུན་བཏགས་གཞན་དབང་ཡོངས་གྲུབ་མཚན་ཉིད་གསུམ། །གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང་། །རྣམ་པར་ཤེས་པ་ལྔ་ནི་ཕུང་བོ་ལྔ། །མིག་རྣ་སྣ་ལྕེ་ལུས་དང་ཡིད་ཀྱི་དབང་། །དབང་བོ་དྲུག་གོ་གཟུགས་སྒྲ་དྲི་རོ་དང་། །རེག་བྱ་ཆོས་ཏེ་ཡུལ་དྲུག་ཅེས་བྱ་བའི། །དབང་ཡུལ་དེ་དག་སྐྱེ་མཆེད་བཅུ་གཉིས་སོ། །མིག་གི་རྣམ་ཤེས་ནས་བཟུང་ཡིད་ཀྱི་བར། །དྲུག་ལ་རྣམ་པར་ཤེས་པ་དྲུག་ཅེས་བརྗོད། །དབང་བོ་ཡུལ་དང་རྣམ་ཤེས་བཅོ་བརྒྱད་རྣམས། ཁམས་ནི་བཅོ་བརྒྱད་ཡིན་ཞེས་མདོ་ལས་བཤད། །རྣམ་ཤེས་དྲུག་སྟེང་ཀུན་གཞི་ཉོན་ཡིད་གཉིས། །བསྣན་པས་ཚོགས་བརྒྱད་དག་དུ་འདོད་པའང་ཡོད། །ས་ཆུ་མེ་རླུང་འབྱུང་བ་རྣམ་པ་བཞི། །ནམ་མཁའ་དང་བཅས་ཁམས་ནི་ལྔར་ཡང་གྲག །རྣམ་ཤེས་དང་བཅས་ཁམས་དྲུག་ཅེས་ཀྱང་བྱ། །གཟུགས་ལ་ཁ་དོག་དབྱིབས་གཟུགས་རྣམ་པ་གཉིས། །སྔོ་སེར་དཀར་དམར་རྩ་བའི་ཁ་དོག་བཞི། །སྤྲིན་དང་དུ་བ་རྡུལ་དང་ཁུག་སྣ་དང་། །སྣང་བ་མུན་པ་ཉི་མ་གྲིབ་མ་ཡི། །ཡན་ལག་ཁ་དོག་བརྒྱད་དུ་རྣམ་པར་དབྱེ། །རིང་བོ་ཐུང་ངུ་གྲུ་བཞི་ཟླུམ་པོ་དང་། །མཐོ་དམན་ཕྱལ་ལེ་བ་དང་དེ་མིན་པའི། །དབྱིབས་ཀྱི་གཟུགས་ཅེས་བྱ་བ་རྣམ་པ་བརྒྱད། །སྒྲ་ལ་ཟིན་དང་མ་ཟིན་རྣམ་པ་གཉིས། །རེ་རེ་ལའང་སྙན་དང་མི་སྙན་དབྱེ། །དྲི་ལ་ཞིམ་དང་མི་ཞིམ་རྣམ་པ་གཉིས། །མངར་བ་སྐྱུར་བ་ཁ་བ་བསྐ་བ་དང་། །ཚྭ་བ་ལན་ཚྭ་བ་སྟེ་རོ་དྲུག་པོ། །རེ་རེར་དྲུག་ཏུ་དབྱེ་བས་སོ་དྲུག་འགྱུར། །འབྱུང་བཞི་འཇམ་རྩུབ་ལྕི་ཡང་བཀྲེས་སྐོམ་དང་། །གྲང་བ་བདུན་ནི་རེག་བྱ་བཅུ་གཅིག་གོ། །སྡུག་བསྔལ་ཀུན་འབྱུང་འགོག་ལམ་བདེན་པ་བཞི། །རེ་རེ་ལ་ཡང་རྣམ་བཞི་བཅུ་དྲུག་སྟེ། །སྡུག་བསྔལ་མི་རྟག་སྟོང་བ་བདག་མེད་བཞི། །ཀུན་འབྱུང་རྒྱུ་དང་རབ་སྐྱེ་རྐྱེན་དང་བཞི། །འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞི། །ལམ་དང་སྒྲུབ་པ་རིག་པ་ངེས་འབྱིན་བཞི། །མི་རྟག་ལ་སོགས་བཅུ་དྲུག་ཅེས་སུ་གྲགས། །མ་རིག་འདུ་བྱེད་རྣམ་པར་ཤེས་པ་དང་། །མིང་གཟུགས་སྐྱེ་མཆེད་དྲུག་དང་རེག་ཚོར་བ། །སྲེད་དང་ལེན་པ་སྲིད་ལས་སྐྱེ་བ་དང་། །རྒ་ཤི་དང་བཅས་ཡན་ལག་བཅུ་གཉིས་སོ། །ས་འོག་ས་སྟེང་ས་བླ་འཇིག་རྟེན་གསུམ། །འདི་དག་ལ་ནི་སྲིད་གསུམ་ཅེས་སུའང་གྲག ། འདོད་ཁམས་གཟུགས་དང་གཟུགས་མེད་ཁམས་གསུམ་བརྗོད། །འཛམ་གླིང་ལུས་འཕགས་བ་ལང་སྤྱོད་དང་ནི། །སྒྲ་མི་སྙན་ཏེ་གླིང་བཞི་ཞེས་བྱ་ཞིང་། །ལུས་དང་ལུས་འཕགས་ལ་སོགས་གླིང་ཕྲན་བརྒྱད། །རི་རབ་མཐའ་སྐོར་གསེར་གྱི་རི་བདུན་ཏེ། །དེ་ཡང་གཉའ་ཤིང་འཛིན་དང་གཤོལ་མདའ་འཛིན། །སེང་ལྡེང་ཅན་དང་ལྟ་ན་སྡུག་རི་དང་། །རྟ་སྣ་ཅན་དང་རྣམ་འདུད་མུ་ཁྱུད་འཛིན། །གླིང་བཞི་ནས་ནི་ཚངས་པའི་འཇིག་རྟེན་བར། །ཕྱོགས་གཅིག་བསྡོམས་བྱས་སྟོང་དུ་ལོངས་པ་ལ། །སྟོང་ནི་དང་པོའོ་དེ་ཉིད་སྟོང་ལོངས་པར། །སྟོང་གཉིས་པ་སྟེ་འདི་ཡང་སྟོང་ལོངས་ཚེ། །སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས་སུ་བཞག ཁོར་ཡུག་ལྕགས་རི་ཆེན་པོ་གཅིག་གིས་བསྐོར། །དེ་ནང་གླིང་བཞི་བྱེ་བ་ཕྲག་བརྒྱ་ཡོད། །དཔྱིད་དང་དབྱར་སྟོན་དགུན་ནི་དུས་བཞི་སྟེ། །ལོ་ལ་བྱི་བའི་ལོ་སོགས་བཅུ་གཉིས་འདོད། །རེ་རེར་འབྱུང་བའི་དབྱེ་བས་ལྔ་ལྔ་དང་། །རབ་བྱུང་ལ་སོགས་ལོ་འགྲོས་དྲུག་ཅུར་གྲག །སྨིན་དྲུག་ལ་སོགས་རྒྱུ་སྐར་ཉེར་བདུན་ཏེ། །མགོ་རྒྱལ་ལ་སོགས་ཉ་སྐར་བཅུ་གཉིས་དང་། །གཞུ་ཁྱིམ་ལ་སོགས་ཁྱིམ་ཡང་བཅུ་གཉིས་འདོད། །རྒྱལ་ཆེན་རིགས་བཞི་སུམ་ཅུ་རྩ་གསུམ་དང་། །འཐབ་བྲལ་དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་དབང་། །འདོད་ལྷ་རིགས་དྲུག་གནས་ཏེ་འདོད་ཁམས་སོ། །ཚངས་རིས་ཚངས་པ་འདུན་འདོན་ཚངས་ཆེན་གསུམ། །བསམ་གཏན་དང་པོའི་འོད་ཆུང་ཚད་མེད་འོད། །འོད་གསལ་གསུམ་ནི་བསམ་གཏན་གཉིས་པའི་གནས། །དགེ་ཆུང་ཚད་མེད་དགེ་དང་དགེ་རྒྱས་གསུམ། །བསམ་གཏན་གསུམ་པའོ་སྤྲིན་མེད་བསོད་ནམས་སྐྱེས། །འབྲས་བུ་ཆེ་དང་མི་ཆེ་མི་གདུང་བ། །ཤིན་ཏུ་མཐོང་དང་གྱ་ནོམ་འོག་མིན་བཅས། །རྣམ་པ་འདི་བརྒྱད་བསམ་གཏན་བཞི་བའི་གནས། །ནམ་མཁའ་མཐའ་ཡས་རྣམ་ཤེས་མཐའ་ཡས་དང་། །ཅུང་ཟད་མེད་དང་སྲིད་རྩེའི་གནས་སྐབས་ནི། །གཟུགས་མེད་ཁམས་ཏེ་སྐྱེ་མཆེད་མུ་བཞིའོ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་ཕྱོགས་བཅུར་གྲགས། །ལྷ་དང་ལྷ་མིན་མི་དང་དུད་འགྲོ་དང་། །ཡི་དྭགས་དམྱལ་བ་པ་སྟེ་རིགས་དྲུག་འགྲོ། །ལྷ་མིན་ལྷ་དང་དུད་འགྲོར་བསྡུས་པ་ཡིས། །འགྲོ་བ་རྒྱུད་ལྔ་དག་ཏུའང་བཞེད་པ་ཡིན། །རིགས་དྲུག་སྟེང་དུ་སྲིད་པ་བར་མ་བསྣན། །འཇིག་རྟེན་བདུན་ཅེས་མཁས་པ་གཞན་གྱིས་བཤད། །མངལ་སྐྱེས་སྒོང་སྐྱེས་དྲོད་གཤེར་ལས་སྐྱེས་དང་། །རྫུས་ཏེ་སྐྱེས་བཅས་སྐྱེ་གནས་རྣམ་པ་བཞི། །མཐའ་འཁོབ་དབང་པོ་མ་ཚང་ལོག་ལྟ་ཅན། །རྒྱལ་བའི་བཀའ་མེད་པ་དང་ལྷ་ཚེ་རིང་། །ངན་སོང་གསུམ་བཅས་མི་ཁོམ་བརྒྱད་པོ་དང་། །བྲལ་བའི་ཁོམ་པ་དལ་བ་བརྒྱད་དུ་འདོད། །མི་ཡིན་དབུས་སྐྱེས་དབང་པོ་ཚང་བ་དང་། །ལས་མཐའ་མི་ལོག་གནས་དང་རང་འབྱོར་ལྔ། །སངས་རྒྱས་བྱོན་དང་ཆོས་གསུངས་བསྟན་པ་གནས། །དེ་རྗེས་འཇུག་དང་གཞན་ཕྱིར་སྙིང་བརྩེ་བ། །གཞན་འབྱོར་ལྔ་སྟེ་དལ་འབྱོར་ཆོས་བཅོ་བརྒྱད། །མཐུན་པའི་ཡུལ་གནས་སྐྱེས་བུ་དམ་པ་བསྟེན། །ལེགས་སྨོན་འགྲུབ་དང་སྔོན་གྱི་བསོད་ནམས་སྨིན། །འཁོར་ལོ་ཆེན་པོ་བཞི་ཞེས་རབ་ཏུ་གྲག །རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་དང་། །ཚེ་རིང་ནད་མེད་མཐོ་རིས་ཡོན་ཏན་བདུན། །དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་སྟེ། །འཕགས་པའི་ནོར་བདུན་ཡིན་ཞེས་བརྗོད་པར་བྱ། །ཡང་སོས་ཐིག་ནག་བསྡུས་འཇོམས་ངུ་འབོད་དང་། །ངུ་འབོད་ཆེན་པོ་ཚ་བ་རབ་ཏུ་ཚ། །མནར་མེད་ཚ་བའི་དམྱལ་བ་བརྒྱད་དུ་འདོད། །ཆུ་བུར་ཅན་དང་ཆུ་བུར་བརྡོལ་བ་དང་། །སོ་ཐམ། མ་དང་ཀྱེ་ཧུད་ཨ་ཆུ་ཟེར། །ཨུཏྤལ་ལྟར་གས་པདྨ་ལྟར་གས་དང་། །པད་ཆེན་ལྟར་གས་གྲང་བའི་དམྱལ་བ་བརྒྱད། །ཉོན་མོངས་སེམས་ཅན་ལྟ་བ་སྙིགས་མ་དང་། །ཚེ་དང་དུས་ཀྱི་སྙིགས་མ་རྣམ་པ་ལྔ། །འགྱུར་བའི་སྡུག་བསྔལ་སྡུག་བསྔལ་གྱི་སྡུག་བསྔལ། །ཁྱབ་པ་འདུ་བྱེད་སྡུག་བསྔལ་གསུམ་དུ་འདོད། །ངེས་པ་མེད་དང་ངོམས་མི་ཤེས་པ་དང་། །ཡང་ཡང་འདོར་དང་ཉིང་མཚམས་སྦྱོར་བ་དང་། །མཐོ་དམན་འགྱུར་བ་གྲོགས་མེད་སྡུག་བསྔལ་དྲུག །སྐྱེ་རྒ་ན་འཆི་མི་སྡུག་ཕྲད་པ་དང་། །སྡུག་པ་དང་བྲལ་འདོད་པ་བཙལ་མ་རྙེད། །ཉེར་ལེན་ཕུང་འདི་སྡུག་བསྔལ་རྣམ་པ་བརྒྱད། །ངེས་པར་འཆི་བ་ནམ་འཆི་ཆ་མེད་པ། །འཆི་ཚེ་ཆོས་གཞན་མ་གཏོགས་མི་ཕན་པ། །རྩ་བ་གསུམ་སྟེ་རྒྱུ་མཚན་དགུ་བོ་ཡང་། །འཆི་བ་ངེས་པར་འོང་ཞིང་མི་བཟློག་དང་། །ཚེ་ལ་སྣོན་མེད་འབྲིད་བྱེད་བར་མ་ཆད། །གསོན་ཚེའང་ཆོས་སྒྲུབ་ལོང་མེད་རྒྱུ་མཚན་གསུམ། །དེས་ན་ངེས་པར་ཆོས་བྱར་ཐག་བཅད་གཅིག །འཛམ་གླིང་ཚེ་ལ་ངེས་པ་མེད་པ་དང་། །འཆི་རྐྱེན་མང་ཞིང་གསོན་རྐྱེན་ཆེས་ཉུང་བ། །ལུས་ནི་ཤིན་ཏུ་ཉམ་ཆུང་རྒྱུ་མཚན་གསུམ། །ད་ལྟ་ཉིད་ནས་ཆོས་བྱར་ཐག་བཅད་གཉིས། །འཆི་ཚེ་ཉེ་དུ་སོགས་ཀྱིས་མི་ཕན་དང་། །ལོངས་སྤྱོད་ཟས་གོས་སོགས་ཀྱིས་མི་ཕན་པ། །ལྷན་ཅིག་སྐྱེས་པའི་ལུས་འདིས་མི་ཕན་བཅས། །རྒྱུ་མཚན་གསུམ་སྟེ་དེས་ན་ཆོས་ཁོ་ན། །བྱ་བར་ཐག་བཅད་ཐག་བཅད་རྣམ་པ་གསུམ། ཁ་གསག་གཞོགས་སློང་ཐོབ་ཀྱིས་འཇལ་བ་དང་། །རྙེད་པས་རྙེད་འཚོལ་ཚུལ་ཆོས་ལོག་འཚོ་ལྔ། །རྙེད་དང་མ་རྙེད་གྲགས་དང་མ་གྲགས་དང་། །བསྟོད་སྨད་བདེ་སྡུག་འཇིག་རྟེན་ཆོས་བརྒྱད་དོ། །ཕ་དང་མ་དང་དགྲ་བཅོམ་གསོད་པ་དང་། །དགེ་འདུན་དབྱེན་བྱེད་སངས་རྒྱས་སྐུ་གཟུགས་ལ། །ངན་སེམས་ཁྲག་འབྱིན་མཚམས་མེད་ཆེན་པོ་ལྔ། །མར་གྱུར་དགྲ་བཅོམ་སུན་ཕྱུང་སློབ་པ་དང་། །བྱང་སེམས་ངེས་གནས་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་འཕྲོག་མཆོད་རྟེན་འཇིགས་པ་ལྔ། །ཉེ་བའི་མཚམས་མེད་ཡིན་པར་རྒྱལ་བས་བཤད། །སྲོག་གཅོད་མ་བྱིན་ལེན་དང་ལོག་པར་གཡེམ། །ལུས་ཀྱི་ལས་གསུམ་བརྫུན་དང་ཕྲ་མ་དང་། །ཚིག་རྩུབ་ངག་ཀྱལ་བཞི་ནི་ངག་གི་ལས། །བརྣབ་སེམས་གནོད་སེམས་ལོག་ལྟ་ཡིད་ལས་གསུམ། །མི་དགེ་བཅུའོ་བཟློག་པ་དགེ་བ་བཅུ། །སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་དམན། །དགེ་འདུན་འདུ་སྒོ་འཕྲོག་དང་ཐེག་ཆེན་སྨོད། །བླ་མའི་སྐུ་བསྡོོ་རྡོ་རྗེ་སྤུན་དབྱེན་བྱེད། །སྒྲུབ་པར་བར་ཆད་བྱེད་དང་དམ་ཚིག་བྲལ། །སྙིང་རྗེ་མེད་དང་ལོག་པར་ལྟ་བ་ཅན། །རྣམ་པ་བཅུ་ནི་བསྒྲལ་བའི་ཞིང་བཅུར་བརྗོད། །དགྲ་བཅོམ་ཕྱིར་མི་འོང་དང་རྒྱུན་ཞུགས་ཀྱི། །ལྔ་བརྒྱ་ཕྲག་གསུམ་འབྲས་བུའི་དུས་ཞེས་གྲགས། །ཤེས་རབ་ཏིང་འཛིན་ཚུལ་ཁྲིམས་བསླབ་པའི་དུས། །གསུམ་ལ་སྒྲུབ་པའི་དུས་ཞེས་རབ་ཏུ་བརྗོད། །མངོན་པ་མདོ་སྡེ་འདུལ་བའི་དུས་གསུམ་པོར། །ལུང་གི་དུས་གསུམ་ལྔ་བརྒྱ་ཕྲག་དགུ་དང་། །རྟགས་ཙམ་འཛིན་པའི་དུས་ཀྱི་ལྔ་བརྒྱ་བ། །ཕྲག་གཅིག་དང་བཅས་ལྔ་བརྒྱ་ཕྲག་བཅུའོ། །ལུང་དང་རྟོགས་པའི་སངས་རྒྱས་བསྟན་པ་གཉིས། །སྐྱེས་བུ་ཆུང་འབྲིང་ཆེ་གསུམ་སྐྱེས་བུ་གསུམ། །རྫུ་འཕྲུལ་དང་ནི་ཐུགས་ཀུན་བརྗོད་པ་དང་། །རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་གསུམ། །བདེན་བཞི་མཚན་ཉིད་མེད་དང་ལེགས་ཕྱེ་ཡི། །ཆོས་འཁོར་རིམ་པ་གསུམ་དུ་བཞེད་པ་ཡིན། །མངོན་སུམ་རྗེས་དཔག་ཚད་མ་རྣམ་པ་གཉིས། །དབང་པོའི་མངོན་སུམ་ཡིད་ཀྱི་མངོན་སུམ་དང་། །རྣལ་འབྱོར་མངོན་སུམ་རང་རིག་མངོན་སུམ་བཞི། །དཔྱད་ཤེས་ཡིད་དཔྱོད་ཐེ་ཚོམ་ལོག་ཤེས་ལྔ། །སྣང་ལ་མ་ངེས་པ་སྟེ་ཚད་མིན་ལྔ། །སེམས་པའི་ལས་དང་བསམ་པའི་ལས་རྣམ་གཉིས། །བསོད་ནམས་ལས་དང་བསོད་ནམས་མིན་པའི་ལས། །མི་གཡོའི་ལས་ཏེ་ལས་ནི་གསུམ་དུ་འདོད། །གཞན་ཡང་མཐོང་ཆོས་མྱོང་བའི་ལས་ཉིད་དང་། །སྐྱེ་གནས་མྱོང་དང་ལན་གྲངས་གཞན་མྱོང་འགྱུར། །མྱོང་བར་མ་ངེས་ལས་བཅས་ལས་རྣམ་བཞི། །ཚོར་བ་འདུ་ཤེས་སེམས་པ་རེག་པ་དང་། །ཡིད་ལས་བྱེད་བཅས་ཀུན་འགྲོ་ཞེས་པ་ལྔ། །འདུན་མོས་དྲན་ཏིང་ཤེས་རབ་ཡུལ་ངེས་ལྔ། །དད་དང་ངོ་ཚ་ཤེས་དང་ཁྲེལ་ཡོད་དང་། །བག་ཡོད་བཏང་སྙོམས་རྣམ་པར་མི་འཚེ་བ། །མ་ཆགས་ཞེ་སྡང་མེད་དང་གཏི་མུག་མེད། །བརྩོན་འགྲུས་ཤིན་སྦྱངས་དགེ་བ་བཅུ་གཅིག་གོ །འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ། །ལྟ་ངན་ཐེ་ཚོམ་ཉོན་མོངས་ཅན་དང་བཅས། །རྩ་ཉོན་དྲུག་གོ་ཕྱེ་ན་ལྟ་བ་ལྔ། །ལྟ་མིན་ལྔ་སྟེ་བཅུར་འདོད་དེ་ཡང་ནི། །ལྟ་བ་མ་གཏོགས་གཞན་རྣམས་ལྟ་མིན་ལྔ། །ལྟ་བ་ལ་ཡང་འཇིག་ལྟ་ལོག་ལྟ་དང་། །མཐར་ལྟ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ལྟ། །ལྟ་བ་མཆོག་འཛིན་ལྟར་བཅས་ལྔ་ཡང་ཡོད། ཁྲོ་དང་འཁོན་འཛིན་འཆབ་དང་ཚིག་ཕྲག་དོག །སེར་སྣ་གཡོ་སྒྱུ་རྒྱགས་དང་རྣམ་འཚེ་དང་། ཁྲེལ་མེད་ངོ་ཚ་མེད་དང་མ་དད་རྒོད། །རྨུགས་དང་ལེ་ལོ་བག་མེད་བརྗེད་ངེས་དང་། །རྣམ་གཡེང་ཤེས་བཞིན་མ་ཡིན་ཉི་ཤུ་རྣམས། །ཉེ་བའི་ཉོན་མོངས་ཞེས་བྱར་མངོན་པར་བཤད། །འཇིག་ལྟ་ཚུལ་ཞུགས་མཆོག་འཛིན་ཐེ་ཚོམ་གསུམ། །ཀུན་ཏུ་སྦྱོར་བ་རྣམ་པ་གསུམ་ཞེས་བྱ། །དེ་སྟེང་འདོད་ལ་འདུན་དང་གནོད་སེམས་གཉིས། །བསྣན་པས་ཐ་མའི་ཆ་མཐུན་ཀུན་སྦྱོར་ལྔ། །གཟུགས་དང་གཟུགས་མེད་པས་བསྡུས་འདོད་ཆགས་གཉིས། །རྒོད་དང་ང་རྒྱལ་མ་རིག་རྣམ་ལྔ་ལ། །གོང་མའི་ཆ་མཐུན་ཀུན་སྦྱོར་ལྔ་ཞེས་བརྗོད། །གཉིད་འགྱོད་རྟོག་དཔྱོད་རྣམས་ནི་གཞན་འགྱུར་བཞི། །འདོད་ལ་འདུན་དང་གནོད་སེམས་གཉིད་རྨུགས་གཉིས། །འགྱོད་རྒོད་གཉིས་བསྡོམས་ཐེ་ཚོམ་སྒྲིབ་པ་ལྔ། །ཉོན་སྒྲིབ་ཤེས་སྒྲིབ་སྒྲིབ་པ་རྣམ་པ་གཉིས། །སྙོམས་འཇུག་སྒྲིབ་པ་དང་བཅས་སྒྲིབ་པ་གསུམ། །ལུས་ངག་ཡིད་གསུམ་སོ་སོའི་སྒྲིབ་པ་དང་། །ཐུན་མོང་སྒྲིབ་བཅས་བཞི་རུ་འདོད་པའང་ཡོད། །འདོད་དང་སྲེད་པ་མ་རིག་ཟག་པ་གསུམ། །གཙང་བདེ་རྟག་བདག་ལྟ་བ་ཕྱིན་ལོག་བཞི། །གཞན་ཡང་ཀུན་དཀྲིས་འཆིང་བ་ཟག་པ་སོགས། །རྣམ་གྲངས་དུ་མ་ཡོད་ཀྱང་འདིར་མ་བྲིས། །སེམས་ཅན་མར་ཤེས་དྲིན་དྲན་དྲིན་གཟོ་བ། །ཡིད་འོང་བྱམས་པ་སྙིང་རྗེ་ལྷག་བསམ་དྲུག །བྱང་ཆུབ་སེམས་བཅས་རྒྱུ་འབྲས་མན་ངག་བདུན། །ཀུན་རྫོབ་དོན་དམ་བྱང་ཆུབ་སེམས་མཆོག་གཉིས། །ཀུན་རྫོབ་ལ་ཡང་སྨོན་སེམས་འཇུག་སེམས་གཉིས། །བསོད་ནམས་ཡེ་ཤེས་ཚོགས་ནི་རྣམ་པ་གཉིས། །རང་དོན་གཞན་དོན་དག་ཀྱང་གཉིས་སུ་ངེས། །ཆོས་དང་གཟུགས་ཀྱི་སྐུ་ཡང་གཉིས་སུ་འདོད། །ཀླུ་སྒྲུབ་ཨཱཪྱ་དེ་བ་ཐོགས་མེད་དང་། །དབྱིག་གཉེན་ཕྱོགས་གླང་ཆོས་གྲགས་རྒྱན་དྲུག་སྟེ། །ཡོན་ཏན་འོད་དང་ཤཀ་འོད་མཆོག་གཉིས་སོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་བ་དང་། །དགྲ་བཅོམ་བཞི་བོ་རེ་རེའི་ཞུགས་པ་དང་། །འབྲས་གནས་དབྱེ་བས་སྐྱེས་བུ་ཟུང་བཞིའམ། །སོ་སོར་བགྲང་བས་གང་ཟག་ཡ་བརྒྱད་དོ། །ཐེག་དམན་ཐེག་ཆེན་ཐེག་པ་ཆེ་ཆུང་གཉིས། །ཉན་ཐོས་རང་རྒྱལ་སངས་རྒྱས་ཐེག་པ་གསུམ། །བྱེ་བྲག་སྨྲ་བ་སེམས་ཙམ་མདོ་སྡེ་བ། །དབུ་མའི་གྲུབ་མཐའ་སྨྲ་བ་རྣམ་པ་བཞི། །གནས་བརྟན་སྡེ་དང་ཡོད་པར་སྨྲ་བའི་སྡེ། །མང་པོས་བཀུར་དང་དགེ་འདུན་ཕལ་ཆེན་པ། །བྱེ་བྲག་སྨྲ་བའི་སྡེ་བ་རྣམ་པ་བཞི། །འཁོར་ལོ་ནོར་བུ་ལ་སོགས་རིན་ཆེན་བདུན། །རལ་གྲི་པགས་པ་ནགས་ཚལ་གོས་དང་ལྷམ། ཁང་ཁྱིམ་མལ་ཆ་ཉེ་བའི་རིན་ཆེན་བདུན། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་པ་གསུམ། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་གསུམ། །སྦྱིན་དང་སྙན་པར་སྨྲ་དང་དོན་མཐུན་དང་། །དོན་སྤྱོད་པ་སྟེ་བསྡུ་བའི་དངོས་པོ་བཞི། །བསགས་སྦྱངས་ལྷ་དང་གདོན་མཆོད་སྦྱོར་བ་བཞི། །ལྷ་དང་ཉོན་མོངས་འཆི་བདག་ཕུང་བདུད་བཞི། །མངོན་སངས་རྒྱས་དང་ཆོ་འཕྲུལ་ཆོས་འཁོར་དང་། །ལྷ་བབས་དུས་ནི་དུས་ཆེན་བཞི་ཞེས་བྱ། །ཁམས་ཟས་ཡིད་སེམས་རྣམ་ཤེས་ཟས་བཞིར་གྲགས། །སྒྲ་དང་གཏན་ཚིགས་བཟོ་དང་གསོ་བ་དང་། །ནང་དོན་རིག་པ་རིག་གནས་ཆེ་བ་ལྔ། །སྐར་རྩིས་མངོན་བརྗོད་སྡེབ་སྦྱོར་ཟློས་གར་དང་། །སྙན་ངག་དང་བཅས་རིག་གནས་ཆུང་བ་ལྔ། །མཆོད་སྦྱིན་སྲིད་སྲུང་ངེས་བརྗོད་སྙན་ངག་བཅས། །རིག་བྱེད་བཞིའོ་ཚངས་པའི་ཡི་གེ་སོགས། །ཡིག་རིགས་དྲུག་ཅུ་རྩ་བཞིར་གསུངས་པ་ཡིན། །ཕྱག་འཚལ་བ་དང་མཆོད་དང་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །བརྟན་པར་བཞུགས་གསོལ་དགེ་བ་ཡོངས་བསྔོ་བ། །ཡན་ལག་བདུན་པའོ་སྡིག་པ་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་བའི་ཕུང་བོ་གསུམ། །གཞན་ལས་ལོག་པར་ངེས་དང་ཡང་དག་ངེས། །གང་དུའང་མ་ངེས་ཕུང་བོ་གསུམ་དུ་བཤད། །ཚུལ་ཁྲིམས་ཕུང་བོ་ཏིང་འཛིན་ཤེས་རབ་དང་། །རྣམ་པར་གྲོལ་དང་རྣམ་པར་གྲོལ་བ་ཡི། །ཡེ་ཤེས་གཟིགས་བཅས་ཟག་མེད་ཕུང་བོ་ལྔ། །རྒྱུ་རྐྱེན་དམིགས་རྐྱེན་བདག་བོའི་རྐྱེན་ཉིད་དང་། །དེ་མ་ཐག་རྐྱེན་རྐྱེན་ནི་རྣམ་པ་བཞི། །ཉེར་ལེན་ལྷན་ཅིག་བྱེད་པའི་རྒྱུ་རྣམ་གཉིས། །བྱེད་རྒྱུ་ལྷན་ཅིག་འབྱུང་དང་སྐལ་མཉམ་དང་། །མཚུངས་ལྡན་ཀུན་འགྲོ་རྣམ་སྨིན་རྒྱུ་བཅས་དྲུག །རྒྱུ་མཐུན་བདག་འབྲས་སྐྱེས་བུ་བྱེད་པའི་འབྲས། །རྣམ་སྨིན་འབྲས་བུ་བྲལ་འབྲས་འབྲས་བུ་ལྔ། །རྟེན་གྱི་སྟོབས་དང་རྣམ་པར་སུན་འབྱིན་སྟོབས། །ཉེས་ལས་སླར་ལྡོག་གཉེན་པོ་ཀུན་ཏུ་སྤྱོད། །སྟོབས་བཞི་ཡིན་ཏེ་འཕེན་པའི་སྟོབས་ལ་སོགས། །སྟོབས་ལྔ་བློ་སྦྱོང་གཞུང་ལས་བཤད་པ་མཐོང་། །ཡི་གེ་འབྲི་མཆོད་སྦྱིན་དང་ཁ་ཏོན་བྱེད། །ཉན་དང་ཀློག་ལེན་འཆད་དང་དེ་དོན་སེམས། །སྒོམ་པར་བྱེད་པ་ཆོས་སྤྱོད་རྣམ་པ་བཅུ། །འཕོ་བ་ལ་སོགས་མཛད་པ་བཅུ་གཉིས་སོ། །འདུལ་བ་མངོན་པ་མདོ་སྡེ་སྡེ་སྣོད་གསུམ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་བཅད་དང་། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟ་བྱུང་། །སྐྱེས་རབས་ཤིན་ཏུ་རྒྱས་དང་རྨད་དུ་བྱུང་། །གཏན་ལ་ཕབ་སྡེ་ཡན་ལག་བཅུ་གཉིས་སོ། །དགེ་སློང་ཕ་མ་དགེ་ཚུལ་ཕ་མ་དང་། །དགེ་བསྙེན་ཕ་མ་བསྙེན་གནས་དགེ་སློབ་མའིི། །སྡོམ་པ་དང་བཅས་སོ་ཐར་རིགས་བརྒྱད་དེ། །བསྙེན་གནས་མ་གཏོགས་རིགས་བདུན་བཞེད་པའང་ཡོད། །སྲོག་གཅོད་མ་བྱིན་ལེན་དང་ལོག་གཡེམ་དང་། །རྫུན་སྨྲ་ཆང་འཐུང་ལྔ་སྤངས་དགེ་བསྙེན་སྡོམ། །རྩ་བ་བཞི་སྟེང་ཆང་དང་གླུ་སོགས་དང་། ཁྲི་སྟན་ཆེ་མཐོ་ཕྱི་དྲོའི་ཁ་ཟས་སྤངས། །བསྙེན་གནས་ཡན་ལག་བརྒྱད་དུ་འདོད་པ་ཡིན། །རྩ་བཞི་ཆང་དང་གར་སོགས་ཕྲེང་སོགས་དང་། །མལ་སྟན་ཆེ་མཐོ་དུས་མིན་ཟས་ཟ་དང་། །གསེར་དངུལ་ལེན་སྤངས་དགེ་ཚུལ་སྡོམ་པ་བཅུ། །རྩ་བ་བཞི་དང་ལྷག་མ་བཅུ་གསུམ་དང་། །སྤང་ལྟུང་སུམ་ཅུ་ལྟུང་བྱེད་འབའ་ཞིག་པ། །དགུ་བཅུ་སོ་སོར་བཤགས་པར་བྱ་བ་བཞི། །ཉེས་བྱས་བརྒྱ་དང་བཅུ་གཉིས་སྤངས་པ་ཡི། །དགེ་སློང་སྡོམ་པ་ཉིས་བརྒྱ་ལྔ་བཅུ་གསུམ། །དགེ་སློང་མ་དང་དགེ་སློབ་མ་ལ་ཡང་། །གཞན་ནས་ཤེས་པར་བྱ་སྟེ་དེ་དག་ཀྱང་། །སྤང་བྱའི་གྲངས་ཀྱི་ལྡོག་པས་ཕྱེ་ནས་བཞག །ཕྱག་དར་ཁྲོད་པ་ཆོས་གོས་གསུམ་པ་དང་། །ཕྱིང་པ་བ་དང་བསོད་སྙོམས་སྟན་གཅིག་པ། །ཟས་ཕྱིས་མི་ལེན་དགོན་པ་ཤིང་དྲུང་བ། །བླ་གབ་མེད་དང་དུར་ཁྲོད་པ་དག་དང་། །གཞི་ཇི་བཞིན་དང་ཅོག་བུ་པ་དེ་རྣམས། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ལྡན་པར་གྲགས། །གཟུགས་ཕུང་གང་ཟག་བདག་ཏུ་འཛིན་པ་དང་། །བདག་གི་ཡིན་དང་བདག་ལ་དེ་ལྡན་ཞེས། །དེ་ལ་བདག་གནས་ཞེས་བྱར་འཛིན་པ་སྟེ། །དེ་བཞིན་ཚོར་སོགས་བཞི་ལ་སྦྱར་བྱས་པ། །འཇིག་ཚོགས་ལྟ་བ་ཉི་ཤུ་ཞེས་སུ་བཤད། །དགག་བྱའི་བདག་ནི་ཕུང་དང་གཅིག་ཉིད་མིན། །རང་བཞིན་གྱིས་ཀྱང་ཐ་དད་ཡོད་མིན་ཞིང་། །ཕུང་བོ་རྣམས་དང་རང་བཞིན་གྱིས་མི་ལྡན། །ཕུང་བོར་རང་བཞིན་གྱིས་ནི་བརྟེན་མ་ཡིན། །ཕུང་རྣམས་དེ་ལའང་དེ་ལྟར་བརྟེན་པ་མིན། །ཕུང་བོའི་ཚོགས་པ་བདག་མིན་དབྱིབས་མ་ཡིན། །རྣམ་བདུན་རིགས་པར་དབུ་མའི་གཞུང་ནས་བཤད། །བདག་ལས་མི་སྐྱེ་གཞན་ལས་མི་སྐྱེ་དང་། །གཉིས་ལས་མི་སྐྱེ་རྒྱུ་མེད་དག་ལས་ཀྱང་། །སྐྱེ་བ་མེད་པ་མཐའ་བཞིའི་སྐྱེ་བ་བྲལ། །རང་བཞིན་ཡོད་པ་རྟག་པའི་མཐའ་ཉིད་དང་། །ཐ་སྙད་དུ་ཡང་མེད་པ་ཆད་པའི་མཐའ། །གཉིས་གར་བདེན་པར་གྲུབ་དང་གཉིས་མིན་པར། །བདེན་པར་གྲུབ་པ་བཞི་ནི་མཐའ་བཞི་རུ། །བཤད་པའང་ཡོད་དེ་ཅུང་ཟད་ཙམ་ཞིག་གིས། །འདོད་ཚུལ་ཐ་དད་ཉིད་དུ་བཞག་པའང་མཐོང་། །བདེན་གྲུབ་ཚུལ་ཤེས་དགག་བྱ་ངེས་པའི་གནད། །བདག་དེ་ཕུང་དང་གཅིག་ཏུ་མེད་པ་དང་། །ངོ་བོ་ཉིད་ཀྱིས་ཐ་དད་མིན་པ་དང་། །དེ་ནི་ཡོད་ན་ཕུང་དང་གཅིག་དུ་མ། །གང་རུང་ཡིན་དགོས་ངེས་པ་ཁྱབ་པ་སྟེ། །གནད་བཞིའི་དཔྱད་པ་ཞེས་པའི་ཐ་སྙད་མཛད། །ཚོགས་ལམ་སྦྱོར་ལམ་མཐོང་སྒོམ་མི་སློབ་ལམ། །ཉན་ཐོས་རང་རྒྱལ་ཐེག་ཆེན་གྱིས་ཕྱེ་ཚེ། །ལྔ་གསུམ་བཅོ་ལྔ་དག་ཏུ་འགྱུར་བ་ཡིན། །སྦྱོར་ལམ་དྲོད་རྩེ་བཟོད་པ་ཆོས་མཆོག་བཞི། །མཐོང་སྒོམ་གཉིས་ལ་མཉམ་རྗེས་གཉིས་གཉིས་དང་། །མཉམ་གཞག་ལ་ཡང་བར་ཆད་མེད་ལམ་དང་། །རྣམ་གྲོལ་ལམ་ཞེས་བྱ་བ་གཉིས་རེ་ཡོད། །དང་པོ་རབ་དགའ་གཉིས་པ་དྲི་མ་མེད། །གསུམ་པ་འོད་བྱེད་བཞི་བ་འོད་འཕྲོ་བ། །ལྔ་བ་སྦྱངས་དཀའ་དྲུག་པ་མངོན་དུ་གྱུར། །བདུན་པ་རིང་སོང་བརྒྱད་པ་མི་གཡོ་བ། །དགུ་བ་ལེགས་པའི་བློ་གྲོས་བཅུ་བ་ནི། །ཆོས་ཀྱི་སྤྲིན་ཏེ་བཅུ་གཅིག་ཀུན་ཏུ་འོད། །སངས་རྒྱས་སའོ་སྔ་མ་ས་བཅུར་འདོད། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་ཕྱིན་དྲུག་ཅེས་བརྗོད་དེ། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཕར་ཕྱིན་བཅུ། །ཟང་ཟིང་ཆོས་དང་མི་འཇིགས་སྦྱིན་པ་གསུམ། །བྱམས་པ་དང་བཅས་བཞི་རུ་བཤད་པའང་ཡོད། །ཉེས་སྤྱོད་སྡོམ་དང་དགེ་བ་ཆོས་སྡུད་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམ་པ་གསུམ། །སྡུག་བསྔལ་དང་ལེན་གནོད་པར་ཇི་མི་སྙམ། །ཆོས་ལ་ངེས་ཐོབ་བཟོད་པ་གསུམ་དུ་བཞེད། །གོ་ཆའི་བརྩོན་འགྲུས་དགེ་བ་ཆོས་སྡུད་དང་། །སེམས་ཅན་དོན་བྱེད་བརྩོན་འགྲུས་རྣམ་པ་གསུམ། །ཀུན་རྫོབ་དོན་དམ་ལ་དམིགས་བསམ་གཏན་གཉིས། །དེ་བཞིན་ཤེས་རབ་ལ་ཡང་ཕྱེ་བར་བྱ། །འདུས་བྱས་གང་ཡིན་ཀུན་རྫོབ་བདེན་པ་སྟེ། །འདུས་མ་བྱས་ལ་ཀུན་རྫོབ་དོན་དམ་གཉིས། །ཀུན་བཏགས་ཆོས་རྣམས་ཀུན་རྫོབ་བདེན་པ་སྟེ། །ཡོངས་གྲུབ་དོན་དམ་སྟོང་ཉིད་དོན་གཅིག་འདོད། །ནང་དང་ཕྱི་དང་ཕྱི་ནང་སྟོང་བ་ཉིད། །ཆེན་པོ་དོན་དམ་འདུས་བྱས་འདུས་མ་བྱས། །མཐའ་ལས་འདས་དང་ཐོག་མ་ཐ་མ་མེད། །དོར་བ་མེད་དང་རང་བཞིན་ཆོས་ཐམས་ཅད། །རང་གི་མཚན་ཉིད་མི་དམིགས་དངོས་པོ་མེད། །ངོ་བོ་ཉིད་དང་དངོས་པོ་མེད་པ་ཡི། །ངོ་བོ་ཉིད་དེ་རེ་རེའི་མཐར་སྟོང་ཉིད། །སྦྱར་བ་རྣམས་ནི་སྟོང་ཉིད་བཅོ་བརྒྱད་དོ། །ཕྱི་མ་གཉིས་པོ་མ་གཏོགས་བཅུ་དྲུག་ཉིད། །ནང་གི་ཆོས་རྣམས་བདེན་སྟོང་ནང་སྟོང་ཉིད། ཕྱི་ཡི་ཆོས་རྣམས་བདེན་སྟོང་ཕྱི་སྟོང་ཉིད། །དེ་བཞིན་ལྷག་མ་རྣམས་ཀྱང་ཤེས་པར་བྱ། །ལུས་དང་ཚོར་བ་སེམས་དང་ཆོས་བཞི་ཡི། །དྲན་པ་ཉེ་བར་གཞག་པ་རྣམ་པ་བཞི། །མི་དགེ་སྐྱེ་འགྱུར་མི་བསྐྱེད་ཡང་དག་སྤོང་། །མི་དགེ་སྐྱེས་ཟིན་སྤོང་དང་དགེ་བ་ཡང་། །མ་སྐྱེས་བསྐྱེད་དང་སྐྱེས་ཟིན་སྤེལ་བྱེད་པའི། །ཡང་དག་སྤོང་བ་བཞི་ཞེས་རབ་ཏུ་བཤད། །འདུན་དང་བརྩོན་འགྲུས་སེམས་པ་དཔྱོད་པ་ཡི། །རྫུ་འཕྲུལ་རྐང་བ་བཞིའོ་དད་པ་དང་། །བརྩོན་འགྲུས་དྲན་པ་ཏིང་འཛིན་ཤེས་རབ་ལྔ། །དབང་བོ་ལྔ་སྟེ་སྟོབས་ཀྱང་ལྔར་འབྱེད་དོ། །དྲན་པ་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དང་། །དགའ་བ་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང་། །བཏང་སྙོམས་བྱང་ཆུབ་ཡན་ལག་བདུན་དུ་འདོད། །ཡང་དག་ལྟ་བ་རྟོག་པ་ངག་དང་ནི། །ལས་ཀྱི་མཐའ་དང་འཚོ་བ་རྩོལ་བ་དང་། །དྲན་པ་ཏིང་འཛིན་འཕགས་ལམ་ཡན་ལག་བརྒྱད། །དེ་དག་བྱང་ཕྱོགས་སོ་བདུན་ཅེས་སུ་གྲག །མེ་ལོང་ཡེ་ཤེས་མཉམ་ཉིད་སོར་རྟོག་དང་། །བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་ཡེ་ཤེས་ལྔ། །ལྷ་ཡི་མིག་དང་སྔོན་གྱི་གནས་ཤེས་དང་། །ཟག་པ་ཟད་ཤེས་རིག་པ་གསུམ་དུ་འདོད། །སྟོང་བ་ཉིད་དང་མཚན་མ་མེད་པ་དང་། །སྨོན་པ་མེད་པ་རྣམ་ཐར་སྒོ་གསུམ་མོ། །གཟུགས་ཅན་གཟུགས་དང་གཟུགས་མེད་གཟུགས་ལ་ལྟ། །གེགས་སེལ་སྡུག་དང་འགོག་པའི་རྣམ་པར་ཐར། །གཟུགས་མེད་བཞི་ཡི་རྣམ་པར་ཐར་བཅས་བརྒྱད། །བསམ་གཏན་བཞི་དང་གཟུགས་མེད་རྣམ་བཞི་དང་། །འགོག་པའི་སྙོམས་འདུག་དང་བཅས་མཐར་གནས་དགུ། །ཤ་ཡི་སྤྱན་དང་ལྷ་དང་ཤེས་རབ་སྤྱན། །ཆོས་དང་སངས་རྒྱས་སྤྱན་བཅས་སྤྱན་ལྔའོ། །ལྷ་ཡི་མིག་གི་མངོན་པར་ཤེས་པ་དང་། །ལྷ་ཡི་རྣ་བ་གཞན་སེམས་ཤེས་པ་དང་། །སྔོན་གནས་རྗེས་དྲན་རྫུ་འཕྲུལ་ཟག་ཟད་ཀྱི། །མངོན་པར་ཤེས་པ་དང་བཅས་མངོན་ཤེས་དྲུག །སངས་རྒྱས་ཆོས་དང་དགེ་འདུན་ཚུལ་ཁྲིམས་དང་། །གཏོང་བ་ལྷ་དྲན་རྗེས་སུ་དྲན་པ་དྲུག །གནས་དང་གནས་མིན་མཁྱེན་དང་རྣམ་སྨིན་དང་། །མོས་པ་སྣ་ཚོགས་ཁམས་དང་དབང་བོའི་རིམ། །ཀུན་འགྲོའི་ལམ་དང་ཉོན་མོངས་རྣམ་བྱང་དང་། །སྔོན་གནས་རྗེས་དྲན་སྐྱེ་འཕོ་ཟག་པ་ཟད། །མཁྱེན་པའི་སྟོབས་བཅས་ཐུབ་པའི་སྟོབས་བཅུའོ། །སྤངས་པ་ཕུན་ཚོགས་རྟོགས་པ་ཕུན་ཚོགས་དང་། །བར་ཆད་ཆོས་དང་ངེས་པར་འབྱུང་བ་ལ། །དམ་བཅའི་འཇིགས་པ་མེད་པ་མི་འཇིགས་བཞི། །ཆོས་དང་དོན་དང་ངེས་པའི་ཚིག་ཉིད་དང་། །སྤོབས་པ་སོ་སོ་ཡང་དག་རིག་པ་བཞི། །འཁྲུལ་དང་ཅ་ཅོ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐ་དང་འདུ་ཤེས་དང་། །མ་བརྟགས་བཏང་སྙོམས་མེད་བཅས་སྤྱོད་པ་དྲུག །འདུན་པ་བརྩོན་འགྲུས་དྲན་དང་ཏིང་འཛིན་དང་། །ཤེས་རབ་རྣམ་གྲོལ་ཉམས་པ་མི་མངའ་བ། །རྟོགས་པ་མ་འདྲེས་དྲུག་དང་སྐུ་གསུང་ཐུགས། དབྱེ་བས་འཕྲིན་ལས་མ་འདྲེས་རྣམ་གསུམ་དང་། དུས་གསུམ་མཁྱེན་པའི་ཡེ་ཤེས་མ་འདྲེས་གསུམ། །ཕྱེ་བས་མ་འདྲེས་ཆོས་ནི་བཅོ་བརྒྱད་དོ། །ཚེ་དང་སེམས་དང་ཡོ་བྱད་ལས་ལ་དབང་། །སྐྱེ་བ་མོས་པ་སྨོན་ལམ་རྫུ་འཕྲུལ་དང་། །ཡེ་ཤེས་ཆོས་ལ་དབང་བ་དབང་བཅུའོ། །གཞན་ཡང་འབྱུང་བཞི་སྔོ་སེར་དཀར་དམར་དང་། ནམ་མཁའ་རྣམ་ཤེས་དབྱེ་བས་ཟད་པར་བཅུ། །ཟིལ་གནོན་ལ་སོགས་ལྷག་མ་ཤེས་པར་བྱ། །ཕྱག་ཞབས་འཁོར་ལོའི་མཚན་སོགས་མཚན་སོ་གཉིས། །སེན་མོ་ཟངས་མདོག་ལྟར་སོགས་དཔེ་བྱད་བཟང་། །བརྒྱད་ཅུའི་ཁྱད་པར་ཡུམ་གྱི་མདོ་ནས་བཤད། །གསུང་མཉེན་འཇམ་དང་ཡིད་དུ་འོང་བ་སོགས། །ཡན་ལག་དྲུག་ཅུ་རྩ་བཞི་གསུངས་པ་ནི། །གསང་བ་བསམ་གྱིས་མི་ཁྱབ་མདོ་ལས་གསལ། ཁྱད་པར་མངོན་པར་རྟོགས་པའི་རྒྱན་ཉིད་ནས། །ལེགས་པར་བཤད་པའི་ཉེར་མཁོ་འདི་ལྟ་སྟེ། །གཞི་ཤེས་ལམ་ཤེས་རྣམ་མཁྱེན་མཁྱེན་པ་གསུམ། །རྣམ་རྫོགས་སྦྱོར་དང་རྩེ་སྦྱོར་མཐར་གྱིས་སྦྱོར། །སྐད་ཅིག་སྦྱོར་བཅས་སྦྱོར་བ་རྣམ་པ་བཞི། །འབྲས་བུ་ཆོས་སྐུ་དང་བཅས་དངོས་པོ་བརྒྱད། །འབྲས་བུ་ཆོས་སྐུའི་ཚབ་ཏུ་སངས་རྒྱས་ཀྱི། །ཡེ་ཤེས་ཆོས་སྐུ་བསྣན་པས་མངོན་རྟོགས་བརྒྱད། །སེམས་བསྐྱེད་གདམས་ངག་ཐེག་ཆེན་སྦྱོར་ལམ་དང་། །དེ་རྟེན་རང་བཞིན་གནས་རིགས་དམིགས་པ་དང་། །ཆེད་དུ་བྱ་དང་གོ་སྒྲུབ་འཇུག་པའི་སྒྲུབ། །ཚོགས་སྒྲུབ་ངེས་འབྱུང་སྒྲུབ་ཅེས་རྣམ་མཁྱེན་ཉིད། །མཚོན་བྱེད་ཆོས་ནི་རྣམ་པ་བཅུ་རུ་བཞེད། །ལམ་ཤེས་ཡན་ལག་ཉན་ཐོས་རང་རྒྱལ་གྱི། །ལམ་ཉིད་ཤེས་པའི་ལམ་ཤེས་རྣམ་པ་གཉིས། །ཐེག་ཆེན་མཐོང་ལམ་སྒོམ་ལམ་བྱེད་པ་དང་། །མོས་པ་སྒོམ་ལམ་ཕན་ཡོན་བསྟོད་བཀུར་བསྔགས། །བསྔོ་བ་རྗེས་སུ་ཡི་རང་སྒྲུབ་པ་དང་། །རྣམ་དག་སྒོམ་ལམ་དང་བཅས་ལམ་ཤེས་ཀྱི། །མཚོན་བྱེད་ཆོས་ནི་བཅུ་གཅིག་རབ་ཏུ་བཤད། །ཤེས་པས་སྲིད་ལ་མི་གནས་ལམ་ཤེས་དང་། །སྙིང་རྗེས་ཞི་ལ་མི་གནས་ལམ་ཤེས་གཉིས། །འབྲས་ཡུམ་ལ་རིང་ཉེ་བའི་གཞི་ཤེས་དང་། །མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་གཞི་ཤེས། །གཞི་ཤེས་སྦྱོར་དང་སྦྱོར་བའི་མཉམ་ཉིད་དང་། །མཐོང་ལམ་བཅས་ཏེ་གཞི་ཤེས་མཚོན་བྱེད་དགུ །སྦྱོར་བའི་རྣམ་པ་སྦྱོར་བའི་ངོ་བོ་དང་། །དེ་ཡི་ཡོན་ཏན་སྐྱོན་དང་མཚན་ཉིད་བཅས། །ཐར་བ་ཆ་མཐུན་ངེས་འབྱེད་ཆ་མཐུན་དང་། །ཕྱིར་མི་ལྡོག་དང་སྲིད་ཞི་མཉམ་ཉིད་སྦྱོར། །ཞིང་དག་སྦྱོར་བ་ཐབས་མཁས་སྦྱོར་བར་བཅས། །རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཆོས་བཅུ་གཅིག །དྲོད་རྩེ་བཟོད་པ་ཆོས་མཆོག་རྩེ་སྦྱོར་བཞི། །མཐོང་ལམ་སྒོམ་ལམ་བར་ཆད་མེད་རྩེ་སྦྱོར། །བསལ་བྱ་ལོག་སྒྲུབ་བརྒྱད་བཅས་རྩེ་སྦྱོར་མཚོན། །ཕྱིན་དྲུག་རྗེས་སུ་དྲན་པ་རྣམ་དྲུག་དང་། །དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་སྦྱོར། །བཅུ་གསུམ་མཐར་གྱིས་སྦྱོར་བ་མཚོན་བྱེད་དོ། །རྣམ་པར་སྨིན་པ་མ་ཡིན་རྣམ་པར་སྨིན། །མཚན་ཉིད་མེད་དང་གཉིས་སུ་མེད་པ་ཡི། །སྐད་ཅིག་སྦྱོར་བ་མཚོན་བྱེད་རྣམ་པ་བཞི། །ངོ་བོ་ཉིད་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །ཡེ་ཤེས་ཆོས་སྐུ་འཕྲིན་ལས་བསྡོམས་བྱས་པ། །རྣམ་པ་བཞི་ནི་ཆོས་སྐུ་མཚོན་བྱེད་དེ། །མདོར་ན་དོན་ནི་བདུན་ཅུ་ཞེས་བྱར་བརྗོད། །དངོས་པོ་བརྒྱད་དུ་ཕྱེ་བ་རྒྱས་པ་སྟེ། །འབྲིང་དང་བསྡུས་པའི་དབང་དུ་བྱས་པའི་ཚེ། །མཁྱེན་གསུམ་གཅིག་བགྲང་སྦྱོར་བཞི་སོ་སོར་ཕྱེ། །འབྲས་བུ་ཆོས་སྐུ་དང་བཅས་དངོས་པོ་དྲུག །ཡང་ན་མཁྱེན་གསུམ་གཅིག་བསྡོམས་སྦྱོར་བཞི་ཡང་། །གཅིག་ཏུ་བགྲང་ནས་འབྲས་བུ་ཆོས་སྐུར་བཅས། །དངོས་པོ་གསུམ་དུ་རྣམ་པར་བཞག་པ་ཡིན། །མངོན་རྟོགས་རྒྱན་དང་རྒྱུད་བླ་མདོ་སྡེ་རྒྱན། །ཆོས་ཉིད་རྣམ་འབྱེད་དབུས་མཐའ་རྣམ་པར་འབྱེད། །བྱམས་ཆོས་སྡེ་ལྔ་ཞེས་ནི་ཀུན་ཏུ་གྲགས། །རྩ་བ་ཤེས་རབ་རིགས་པ་དྲུག་ཅུ་བ། །སྟོང་ཉིད་བདུན་ཅུ་ཞིབ་མོ་རྣམ་པར་འཐག །རྩོད་ཟློག་རིན་ཆེན་ཕྲེང་བ་རིགས་ཚོགས་དྲུག །ས་ཡི་དངོས་གཞི་རྣམ་གྲངས་བསྡུ་བ་དང་། །རྣམ་པར་བཤད་པའི་བསྡུ་བ་གཞི་བསྡུ་བ། །གཏན་ལ་ཕབ་པའི་བསྡུ་བ་ས་སྡེ་ལྔ། །ཚད་མ་རྣམ་འགྲེལ་རྣམ་ངེས་རིགས་ཐིགས་དང་། །གཏན་ཚིགས་རིགས་པ་རྩོད་རིགས་འབྲེལ་བ་བརྟག །རྒྱུད་གཞན་གྲུབ་ཅེས་ཚད་མ་སྡེ་བདུན་ཟེར། །དེ་དག་ཉེར་མཁོ་ཅི་རིགས་བྲིས་པ་སྟེ། །ཆོས་ཀྱི་རྣམ་གྲངས་ཕ་མཐའི་ཚད་བྲལ་ཕྱིར། །མཐའ་དག་སུ་ཞིག་གིས་ནི་བརྗོད་པར་ནུས། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་དབང་དང་། །དབྱེར་མེད་བླ་མ་རྣམས་ལ་ཕྱག་བཙལ་ནས། །གསང་སྔགས་གཞུང་ནས་འབྱུང་བའི་དོན་འགའ་ཞིག །མིང་གི་སྒོ་ནས་རྣམ་པར་བསྟན་པར་བྱ། །བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད་ཉིད་དང་། །རྣལ་འབྱོར་བླ་མེད་རྒྱུད་སྡེ་རྣམ་པ་བཞི། །བླ་མེད་ལ་ཡང་ཕ་རྒྱུད་མ་རྒྱུད་གཉིས། །དང་པོ་སྦྱོར་བ་དཀྱིལ་འཁོར་རྒྱལ་མཆོག་དང་། །ལས་ཀྱི་རྒྱལ་པོ་མཆོག་སྟེ་ཏིང་འཛིན་གསུམ། །སྐད་ཅིག་གིས་བསྐྱེད་སྐད་ཅིག་དཀྲོངས་བསྐྱེད་དང་། །ས་བོན་ཕྱག་མཚན་ལས་ནི་སྐུ་རྫོགས་པར། །བསྐྱེད་པར་བྱེད་པ་ཆོ་ག་སུམ་བསྐྱེད་དོ། །སྟོང་བ་ཉིད་ལས་གདན་དང་ས་བོན་དང་། །ཕྱག་འཚལ་སྐུ་བསྐྱེད་མངོན་བྱང་ལྔ་བསྐྱེད་དེ། །གཞན་དུ་ཅུང་ཟད་མི་འདྲའི་ཁྱད་པར་ཡོད། །ཟབ་པ་བདག་མེད་རྟོགས་པའི་ལྟ་བ་དང་། །རྒྱ་ཆེ་བ་ནི་ལྷ་ཡི་འཁོར་ལོར་བཞེད། །གཉིས་ཀ་ཟུང་འབྲེལ་ཟབ་གསལ་གཉིས་མེད་དོ། །སྟོང་ཉིད་རྟོགས་པའི་ལྟ་བས་མ་ཟིན་པར། །ལྷ་ཡི་དཀྱིལ་འཁོར་སྒོམ་པ་མཚན་བཅས་ཏེ། །སྟོང་ཉིད་སྒོམ་པ་མཚན་མེད་རྣལ་འབྱོར་རོ། །ཕྱག་ཆེན་དམ་རྒྱ་ཆོས་རྒྱ་ལས་རྒྱ་བཞིར། །ཕྱག་རྒྱ་བཞི་ཤེས་བཤད་ཅིང་དེ་ཡང་ནི། །སྐུ་ནི་ཕྱག་ཆེན་གསུང་ཆོས་ཐུགས་དམ་ཚིག །འཕྲིན་ལས་ལས་ཀྱི་ཕྱག་རྒྱ་ཉིད་དུ་བཤད། །རྣལ་འབྱོར་རྒྱུད་མན་བདག་མདུན་བུམ་བསྐྱེད་ལས། །བསྐྱེད་རྫོགས་གཉིས་ཀྱི་རྣམ་པར་བཞག་པ་མེད། །བླ་མེད་ལ་ནི་བསྐྱེད་རྫོགས་རིམ་པ་གཉིས། །དབེན་གསུམ་སྒྱུ་ལུས་འོད་གསལ་ཟུང་འཇུག་ལ། །རིམ་པ་དྲུག་ཅེས་འཕགས་པ་ལྷ་ཡིས་བཤད། །ལུས་དབེན་ངག་དབེན་གཅིག་བསྡོམས་སེམས་དབེན་དང་། །སྒྱུ་ལུས་འོད་གསལ་ཟུང་འཇུག་རིམ་པ་ལྔར། །ཀླུ་སྒྲུབ་ཉིད་ཀྱིས་རིམ་ལྔ་ལས་ནི་བཤད། །སེམས་དབེན་སྒྱུ་ལུས་འོད་གསལ་ཟུང་འཇུག་ཅེས། །རིམ་པ་བཞི་རུ་དཔལ་ལྡན་ཟླ་བས་བཤད། །འོན་ཀྱང་དེ་དག་མི་འགལ་དབྱེ་བསྡུ་ཙམ། །སོར་སྡུད་བསམ་གཏན་སྲོག་རྩོལ་འཛིན་པ་དང་། །རྗེས་དྲན་ཏིང་འཛིན་ཡན་ལག་རྣམ་པ་དྲུག །སྔགས་དང་དམ་ཚིག་རྣལ་འབྱོར་དབྱིབས་དང་ནི། །རྣམ་དག་ཡེ་ཤེས་རྣལ་འབྱོར་རྣམ་པ་བཞི། །སྣང་མཆེད་ཐོབ་གསུམ་འོད་གསལ་བཅས་པ་བཞི། །འདི་བཞིར་སྟོང་བ་ཤིན་ཏུ་སྟོང་པ་དང་། །སྟོང་ཆེན་ཐམས་ཅད་སྟོང་བ་ཞེས་བྱར་བཤད། །རིགས་ལྔ་ཡུམ་བཞི་རྡོ་རྗེ་མ་ལྔ་དང་། །ཀུན་བཟང་བྱམས་པ་མ་གཏོགས་སེམས་དཔའ་དྲུག །རེ་རེར་རིགས་ལྔར་ཕྱེ་བས་ཀུན་བསྡོམས་ན། །དམ་པ་རིགས་བརྒྱ་ཉིད་དུ་འགྱུར་བ་སྟེ། །རྙིང་མའི་དམ་པ་རིགས་བརྒྱ་འདི་མ་ཡིན། །རྣམ་སྣང་ལ་སོགས་རིགས་ནི་རྣམ་ལྔ་ལ། །སྐུ་གསུང་ཐུགས་ཀྱི་རིགས་ནི་གསུམ་དུ་འདོད། །རྡོ་རྗེ་འཆང་དབང་གསང་ཆེན་རིགས་གཅིག་གོ །གཞན་ཡང་དབང་བཞི་བུམ་དབང་གསང་དབང་དང་། །ཤེས་རབ་ཡེ་ཤེས་ཚིག་དབང་རྣམ་བཞིའོ། །བསམ་གཏན་ལུས་དཀྱིལ་ཕྱི་ཡི་དཀྱིལ་འཁོར་གསུམ། །ཕྱི་དཀྱིལ་ལ་ཡང་རྡུལ་ཚོན་རས་བྲིས་གཉིས། །བླ་མར་སྨོད་སོགས་རྩ་ལྟུང་བཅུ་བཞིའོ། །ས་ཆུ་མེ་རླུང་རྩ་ཐིག་ཁམས་དྲུག་ལྡན། །ཤ་རུས་ལ་སོགས་དྲུག་ཏུ་བཞེད་པའང་ཡོད། །དབུ་མ་རོ་རྐྱང་རྩ་ནི་རྣམ་པ་གསུམ། །སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་ཡི། །རྩ་འཁོར་བཞིའམ་ཡང་ན་གསང་གནས་དང་། །ནོར་བུའི་རྩ་འཁོར་ཞེས་བྱ་དྲུག་ཏུའང་འདོད། །སྲོག་འཛིན་ལ་སོགས་རླུང་ནི་རྣམ་པ་བཅུ། །ཆོས་ལོངས་སྤྲུལ་སྐུའི་བསྲེ་བ་རྣམ་པ་གསུམ། །སྤྲོས་བཅས་ལ་སོགས་སྤྱོད་པ་གསུམ་དུ་བཤད། །དྲང་དོན་ངེས་དོན་དགོངས་དང་དགོངས་མིན་དང་། །ཇི་བཞིན་སྒྲ་དང་ཇི་བཞིན་མིན་སྒྲ་སྟེ། །མཐའ་དྲུག་ཅེས་གྲགས་སྤྱི་དོན་ཡིག་དོན་དང་། །སྦས་དོན་མཐར་ཐུག་དོན་བཅས་ཚུལ་བཞིར་བཤད། །སྐུ་དང་གསུང་དང་ཐུགས་ཀྱི་དབང་ཕྱུག་གསུམ། །རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང་། །ཅི་འདོད་བསྐྱེད་དང་ཡོན་ཏན་དབང་ཕྱུག་བཅས། །དབང་ཕྱུག་བརྒྱད་དེ་ཕྲ་དང་རགས་པ་དང་། །ཡང་བ་ལ་སོགས་དབང་ཕྱུག་ཡོན་ཏན་བརྒྱད། །རིལ་བུ་མིག་སྨན་ས་བོག་རལ་གྲི་དང་། །ནམ་མཁར་འཕུར་དང་མི་སྣང་འཆི་བ་མེད། །ནད་ཀུན་འཇོམས་བཅས་གྲུབ་པ་ཆེན་པོ་བརྒྱད། །ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་དང་། །རང་བཞིན་མེད་དང་སྙིང་རྗེས་ཡོངས་གང་བ། །རྒྱུན་མི་འཆད་དང་འགོག་པ་མེད་པའི་སྐུ། ཁ་སྦྱོར་ཡན་ལག་བདུན་ཅེས་བྱ་བར་བཤད། །དེ་ལ་སོགས་པ་མང་དུ་ཡོད་མོད་ཀྱང་། །སྐབས་འདིར་རགས་པའི་རྣམ་གཞག་དེ་ཙམ་ཞིག །བརྗོད་པ་ཡིས་ནི་གཞན་དག་དཔག་བྱ་སྟེ། །མཐའ་དག་སྨྲ་བ་ནུས་མིན་སྐབས་ཀྱང་མིན། །དེ་དག་ཀུན་གྱི་དོན་ནི་གང་ཡིན་པར། །མ་རྟོགས་མིང་ཙམ་བཟུང་བ་ཉིད་ཀྱིས་ཀྱང་། །ཕན་པར་འགྱུར་སྲིད་འོན་ཏེ་ལ་ལ་དག །གྲངས་ཙམ་ཤེས་ངེས་མཁས་པར་རློམ་པར་མཚར། །རྐང་གྲངས་ཙམ་ཞིག་ཤེས་པ་དེ་ཡིས་ནི། །མཁས་པར་འགྱུར་ན་འདོན་ཆ་བྱང་བ་ཡི། །བྱིས་པ་དུ་མ་ཡོད་ཕྱིར་དེ་དག་ཀུན། །མཁས་པའི་གནས་སུ་འཇོག་ཏུ་རུང་ངམ་ཅི། ཁ་ཅིག་ཐོས་པའི་ཡོན་ཏན་དོན་མི་གཉེར། །གཞན་དག་ཅུང་ཟད་ཤེས་པས་རྒྱུད་ཁེངས་ནས། །ཤེས་བྱའི་མཐའ་ཡང་འདི་ཙམ་སྙམ་བྱེད་པ། །གང་དེ་བླུན་པོ་མིན་ལས་གཞན་ཅི་ཞིག །དེ་དག་ལ་ནི་ལྟོ་གོས་ཙམ་ཞིག་ལས། །ཇི་སྐད་བརྗོད་པའི་རྣམ་པར་བཞག་པ་འདི། །ཉེ་བར་མཁོ་བ་འགའ་ཡང་ཡོད་མིན་ཀྱང་། །གཟུར་གནས་དག་ལ་ཕན་སྲིད་སྙམ་ནས་བྲིས། །འོན་ཀྱང་མདོར་བསྡུས་མཚོན་ཕྱིར་ཚིགས་བཅད་དུ། །བསྒྲིགས་པས་ཞིབ་ཆ་གསལ་བར་མ་ཐོན་པའི། །མ་བཤད་ལོག་པར་བཤད་པའི་ཉེས་པ་གང་། །དམ་པ་རྣམས་ཀྱི་སྤྱན་སྔར་འགྱོད་ཅིང་འཆགས། །འདིར་འབད་ལས་བྱུང་དགེ་ཚོགས་གངྒཱའི་རྒྱུན། །ཇི་སྙེད་མཆིས་དེ་འགྲོ་བ་མཐའ་དག་གི །རྨོངས་པའི་དྲི་མ་འཁྲུད་དང་ལྷན་ཅིག་ཏུ། །ཀུན་མཁྱེན་རྒྱ་མཚོ་ཆེན་པོར་འཇུག་ཕྱིར་བསྔོ། །ཅེས་པ་འདི་ནི་གནས་བརྟན་ཤེས་རབ་བཀྲ་ཤིས་ཀྱིས་བསྐུལ་བའི་ངོར་སྔར་བྲིས་པ་ལ། དད་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་དཀའ་བཅུ་བ་བློ་བཟང་བསམ་འགྲུབ་དང་། གནས་བརྟན་འཇམ་དབྱངས་སེང་གེ་གཉིས་ཀྱིས་གཞན་ལའང་ཕན་སྲིད་པར་བསམས་ཏེ། རང་གི་ཆོས་སྐལ་གྱི་ཕྱིར་ཡང་པར་དུ་བརྐོ་བར་བཞེད་པའི་ཚེ། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ།། །།དགེ་བའོ།། །།
དམ་ཆོས་འཛིན་པའི་སྨོན་ལམ་མཐུ་ལྡན་པས། །གསུང་རབ་དགོངས་དོན་འགྲེལ་ལ་ཆེས་མཁས་པ། །ཤིང་རྟ་ཆེན་པོའི་ཞབས་ལ་ཕྱག་འཚལ་ནས། །གཞུང་དོན་ཉེར་མཁོ་འཐོར་བུ་འདི་བཤད་བྱ། །འདིར་དགེ་སོགས་གསུམ་དང་། མཚན་ཉིད་གསུམ་དང་། སེམས་སེམས་བྱུང་གི་རྣམ་གཞག་བཤད་པ་གསུམ། དང་པོ་ལ། དགེ་མི་དགེ་ལུང་མ་བསྟན་གསུམ་ལས། དང་པོ་ལ། རང་འབྲས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་རུང་དུ་ལུང་དུ་བསྟན་པའི་རིགས་གནས་ཀྱི་ཆོས། དགེ་བའི་མཚན་ཉིད། སྒྲས་བརྗོད་རིགས་ཀྱིས་དབྱེ་ན། དོན་དམ་པའི་དགེ་བ། ངོ་བོ་ཉིད་ཀྱི་དགེ་བ། ཀུན་སློང་གི་དགེ་བ། མཚུངས་ལྡན་གྱི་དགེ་བ་དང་བཞི། དང་པོ་ནི། ཐར་བ་ལྟ་བུ་སྟེ། དགེ་བའི་སྒྲར་བཏགས་པ་ཡིན་གྱི། དེ་དངོས་མིན་ནོ། །གཉིས་པ་ནི་དད་པ་ལྟ་བུ། གསུམ་པ་ནི་དད་པས་ཀུན་ནས་བསླངས་པའི་ལས་ལྟ་བུ། བཞི་བ་ནི་ལས་དེ་དང་མཚུངས་ལྡན་གྱི་སེམས་དང་སེམས་བྱུང་ལྟ་བུའོ། །སྲོག་གཅོད་སྤོང་བའི་ལས་སོགས་ལའང་དེས་མཚོན་ནས་ཤེས་དགོས་སོ། །གཉིས་པ་ལ། རང་འབྲས་རྣམ་སྨིན་གྱི་འབྲས་བུ་ཡིད་མི་འོང་འབྱིན་རུང་དུ་ལུང་དུ་བསྟན་པའི་རིགས་གནས་ཀྱི་ཆོས། མི་དགེ་བའི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། དོན་དམ་པའི་མི་དགེ་བ། ངོ་བོ་ཉིད་ཀྱི་མི་དགེ་བ། ཀུན་སློང་གི་མི་དགེ་བ། མཚུངས་ལྡན་གྱི་མི་དགེ་བ་དང་བཞི། དང་པོ་ནི། འཁོར་བ་ལྟ་བ་སྟེ། མི་དགེ་བ་དངོས་མིན་ཡང་དེའི་སྒྲར་བཤད་པའོ། །གཉིས་པ་ནི། དཀོན་ཅོག་ལ་མ་དད་པ་ལྟ་བུ། གསུམ་པ་ནི། དེས་ཀུན་ནས་བསླངས་པའི་ལས་ལྟ་བུ། བཞི་པ་ནི། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ལྟ་བུའོ། །སྲོག་གཅོད་ཀྱི་ལས་སོགས་ལའང་དེས་མཚོན་པར་བྱའོ། །གསུམ་པ་ལ། རྣམ་སྨིན་གྱི་འབྲས་བུ་ཡིད་འོང་དང་ཡིད་མི་འོང་གང་རུང་འབྱིན་མི་ནུས་པའི་ཆོས། ལུང་མ་བསྟན་གྱི་མཚན་ཉིད། དབྱེ་ན། དོན་དམ་པའི་ལུང་མ་བསྟན་སོགས་བཞི་ལས། དང་པོ་ནི། སྟོང་ཉིད་ལྟ་བུ། །གཉིས་པ་ནི། ཕན་གནོད་གང་ཡང་མ་ཡིན་པའི་བྱིས་པའི་རྩེ་ལས་ལྟ་བུ། གསུམ་པ་ནི། དེ་ཀུན་ནས་སློང་བྱེད་ཀྱི་བསམ་པ་ལྟ་བུ། བཞི་བ་ནི་དེ་དང་མཚུངས་ལྡན་དུ་གྱུར་བའི་སེམས་སེམས་བྱུང་ལྟ་བུའོ། །གཞན་ཡང་། དེ་ལ་སྒྲིབ་ལུང་མ་བསྟན་དང་མ་སྒྲིབ་ལུང་མ་བསྟན་གཉིས་ཡོད་པའི་དང་པོ་ནི། གང་ཟག་གི་བདག་འཛིན་དང་བདེན་འཛིན་ཐམས་ཅད། གཉིས་པ་ནི་ནམ་མཁའ་སོགས་འདུས་མ་བྱས་རྣམས་སོ། །དེ་གསུམ་གྱི་དང་པོ་བླང་བྱ། བར་བ་དོར་བྱ། ཕྱི་མ་བཏང་སྙོམས་སུ་བཞག་བྱ་ཡིན་ནོ། །གཉིས་པ་དབུ་མ་པའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་གཞག་མདོར་བསྡུས་ཞིག་འཆད་པ་ལ་གསུམ། ཀུན་བཏགས། གཞན་དབང་། ཡོངས་གྲུབ་བོ། །དང་པོ་ནི། རང་འཛིན་རྟོག་པས་སྒྲོ་བཏགས་ཙམ། ཀུན་བཏགས་ཀྱི་མཚན་ཉིད། དབྱེ་ན་གཉིས། རྣམ་གྲངས་པའི་ཀུན་བཏགས་དང་། མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་སོ། །དང་པོ་ལ་གཉིས། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་དང་། དེ་ལས་གཞན་པའི་ཀུན་བཏགས་སོ། །དང་པོ་ནི། སྔོན་པོ་ལ་གཟུགས་སོ་ཞེས་བཏགས་པའི་བཏགས་ཆ་དེ་ངོ་བོ་དང་། སྔོན་པོ་འདི་ནི་སྐྱེའོ་འགག་གོ་མི་རྟག་གོ་མཛེས་སོ་ཞེས་སོགས་བཏགས་པའི་བཏགས་ཆ་དེ། ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ཏེ། དེ་བཞིན་དུ་ལྟོ་ལྡིར་བ་ལ་བུམ་པའོ་ཞེས་བཏགས་པའི་ཆ་དེ་ངོ་བོ་དང་། ཆེའོ་ཆུང་ངོ་ཞེས་སོགས་བཏགས་པའི་ཆ་དེ། ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ཡིན་ལ། ཆོས་ཐམས་ཅད་ལའང་དེས་མཚོན་པར་བྱར་ཡོད་དོ། །གཉིས་པ་ནི། ནམ་མཁའ། དངོས་མེད། རྟག་པ་ལ་སོགས་པ་ཡིན་ནོ། །ཆོས་གང་ཡིན་ཀྱང་དེ་དང་གཅིག །དེ་དང་ཐ་དད། དེའི་ལྡོག་པ་སོགས་ཀྱང་རྣམ་གྲངས་པའི་ཀུན་བཏགས་ཡིན་ནོ། །གཉིས་པ་མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་ནི། གང་ཟག་གི་བདག་འཛིན་གྱིས་སྒྲོ་བཏགས་པ་ལྟར་གྱི་བདག་དང་། བདེན་འཛིན་གྱིས་སྒྲོ་བཏགས་པ་ལྟར་གྱི་བདེན་གྲུབ་དང་། སྒྲ་རྟག་པ་སོགས་མེད་པའི་རིགས་རྣམས་སོ། །གཉིས་པ་ནི། རང་གི་རྒྱུ་རྐྱེན་ལས་སྐྱེས་པ། གཞན་དབང་གི་མཚན་ཉིད། དབྱེ་ན། དག་མ་དག་གི་གཞན་དབང་གཉིས་སམ། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ། གཞན་དབང་དང་། དངོས་པོ། མི་རྟག་པ། འདུས་བྱས། སྐྱེས་པ་རྣམས་དོན་གཅིག་ཅིང་གོ་སླ་བས་འདིར་མི་བརྗོད། གསུམ་པ་ནི། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག །ཡོངས་གྲུབ་ཀྱི་མཚན་ཉིད། དབྱེ་ན། སྟོང་ཉིད་བཅུ་དྲུག །སྟོང་ཉིད། ཡོངས་གྲུབ་དོན་གཅིག་ཡིན་པས་ན། གཟུགས་སོགས་ཀྱི་ཆོས་གང་ཡིན་ཀྱང་། རང་ཉིད་བདེན་པར་མེད་པ་དང་། དོན་དམ་པར་མེད་པ་སྟོང་ཉིད་ཡིན་པས་ཁྱབ་པ་ལྟར་ཡོངས་གྲུབ་ཡིན་པས་ཀྱང་ཁྱབ་བོ། །གཞན་ཡང་། གཟུགས་སོགས་གཞན་དབང་གི་ཆོས་རྣམས་ཀྱི་སྟེང་དུ་བདེན་པར་འཛིན་པའི་བདེན་འཛིན་གྱིས་ཇི་ལྟར་སྒྲོ་བཏགས་པའི་ཆ་རྣམས་ཀུན་བཏགས་ཡིན་ལ། དེས་བཏགས་པ་ལྟར་བདེན་པར་མ་གྲུབ་པ་ཡོངས་གྲུབ་ཏུ་འཇོག་པ་ཡིན་ནོ། །གསུམ་པ་སེམས་དང་སེམས་བྱུང་གི་ཁྱད་པར་བཤད་པ་ལ་གཉིས་ལས། དང་པོ་ནི། རང་གི་འཁོར་དུ་གྱུར་བའི་སེམས་བྱུང་དང་མཚུངས་ལྡན་དུ་གྱུར་བའི་གཙོ་བོ་རྣམ་རིག་དེ། གཙོ་སེམས་ཀྱི་མཚན་ཉིད། སེམས་དང་། རྣམ་ཤེས། རྣམ་རིག་རྣམས་དོན་གཅིག །དབྱེ་ན། མིག་གི་རྣམ་པར་ཤེས་པ་སོགས་རྣམ་ཤེས་ཚོགས་དྲུག་དང་། ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་སེམས་གཉིས་ཡོད། གཞན་ཡང་། གཙོ་སེམས་རྣམས་ནི། དོན་གྱི་ངོ་བོ་རིག་པའི་སྒོ་ནས་བཞག་ལ། སེམས་བྱུང་རྣམས་ནི། དོན་གྱི་ཁྱད་པར་རིག་པའི་སྒོ་ནས་བཞག་པ་ཡང་ཡིན་ཏེ། དབུས་མཐའ་ལས། དེ་ལ་དོན་དམ་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་དང་། དེའི་འགྲེལ་པར། དོན་གྱི་ངོ་བོ་ཙམ་རིག་པ་ནི་རྣམ་པར་ཤེས་པའོ། །དོན་གྱི་ཁྱད་པར་རིག་པ་ནི་སེམས་ལས་བྱུང་བ་རྣམས་ཏེ་ཚོར་བ་ལ་སོགས་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་ཡུལ་གྱི་གཙོ་བོའི་དབང་དུ་བྱས་ཤིང་སོ་སྐྱེའི་གཙོ་སེམས་ཀྱིས་ཡུལ་གྱི་ཁྱད་པར་མི་རྟོགས་པ་ནི་མ་ཡིན་ཏེ། དེའི་མིག་གི་རྣམ་པར་ཤེས་པས་ནི། སྔོན་པོའི་ངོ་བོ་དང་དེའི་ཁྱད་པར་མཛེས་མི་མཛེས་སོགས་ཀྱང་རྟོགས་ལ། མིག་གི་རྣམ་ཤེས་ཀྱི་འཁོར་དུ་གྱུར་བའི་སེམས་བྱུང་གིས་ཀྱང་སྔོན་པོ་དང་དེའི་ཁྱད་པར་གཉིས་ཀ་རྟོགས་པའི་ཕྱིར་ཏེ། དེའི་སྔོ་འཛིན་དབང་བོའི་མངོན་སུམ་གྱིས་དེ་ལྟར་མཐོང་བའི་ཕྱིར་ཏེ། རྣམ་འགྲེལ་ལས། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་སེམས་བྱུང་བཤད་པ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །རང་ཉིད་འཁོར་དུ་བྱེད་པའི་གཙོ་སེམས་ཀྱི་འཁོར་དུ་བྱུང་བའི་རིག་པ་དེ། སེམས་བྱུང་གི་མཚན་ཉིད། གཉིས་པ་དེ་ལ་སྡེ་ཚན་གྱིས་དབྱེ་ན། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག །རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་སྟེ་སྡེ་ཚན་དྲུག་དང་། ཕྱེ་ན་སེམས་བྱུང་ང་གཅིག་ཡོད། དང་པོ་ཀུན་འགྲོ་ལ། གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བའི་རིགས་གནས་ཀྱི་སེམས་བྱུང་དེ། ཀུན་འགྲོའི་མཚན་ཉིད་དམ་ངོ་བོ། དབྱེ་ན། ཚོར་བ། འདུ་ཤེས། སེམས་པ། རེག་པ། ཡིད་བྱེད་དང་ལྔའོ། །དང་པོ་ནི། སིམ་གདུང་བར་མ་གསུམ་གང་རུང་མྱོང་བའི་སྒོ་ནས་བཞག་པའི་སེམས་བྱུང་དེ། ཚོར་བའི་མཚན་ཉིད་དམ་ངོ་བོ། འོག་མ་ཕལ་ཆེར་ལའང་ཞིབ་ཆ་ཅུང་ཟད་བྱེད་ན་སྒོ་ནས་བཞག་པའི་ཞེས་སྦྱོར། དབྱེ་ན། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མམ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སོགས་དྲུག གཉིས་པ་ལ། ཡུལ་གྱི་སྤུ་རིས་མི་འདྲ་བ་འཛིན་པའི་སེམས་བྱུང་དེ། འདུ་ཤེས་ཀྱི་ངོ་བོ། དབྱེ་ན། རྟོག་བཅས་ཀྱི་འདུ་ཤེས་དང་། རྟོག་མེད་ཀྱི་འདུ་ཤེས་གཉིས། གསུམ་པ་ནི། སེམས་ཡུལ་ལ་གཡོ་བར་བྱེད་པའི་སེམས་བྱུང་དེ། སེམས་པའི་ངོ་བོ། དབྱེ་ན། མིག་གི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་སེམས་པ་སོགས་དྲུག །བཞི་བ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་སེམས་བྱུང་དེ། རེག་པའི་ངོ་བོ། དབྱེ་ན། མིག་གི་འདུས་ཏེ་རེག་པ་སོགས་དྲུག ལྔ་བ་ནི། སེམས་ཀྱི་འཇུག་པ་ངེས་པའི་བདག་ཉིད་དུ་གྱུར་པའི་སེམས་བྱུང་དེ། ཡིད་བྱེད་ཀྱི་ངོ་བོ། དབྱེ་ན། ཚུལ་བཞིན་དང་། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་གཉིས་སོ། །སྡེ་ཚན་གཉིས་པ་ལ། ཡུལ་སོ་སོར་ངེས་པར་བྱེད་པའི་སྒོ་ནས་བཞག་པའི་སེམས་བྱུང་དེ། ཡུལ་ངེས་ཀྱི་མཚན་ཉིད་དམ་ངོ་བོ། དབྱེ་ན། འདུན་པ། མོས་པ། དྲན་པ། ཏིང་འཛིན། ཤེས་རབ་དང་ལྔའོ། །དང་པོ་ནི། ཡུལ་མ་འོངས་པ་འཐོབ་པ་དོན་དུ་གཉེར་བའི་སེམས་བྱུང་དེ། འདུན་པའི་མཚན་ཉིད་དམ་ངོ་བོ། །གཉིས་པ་ནི། ཇི་ལྟར་བསམས་པའི་དོན་བཞིན་དུ་འཛིན་པར་འདོད་པའི་སེམས་བྱུང་དེ། །མོས་པའི་ངོ་བོ། གསུམ་པ་ནི། དམིགས་རྣམ་མི་བརྗེད་པར་འཛིན་པའི་བདག་ཉིད་དུ་གྱུར་བའི་སེམས་བྱུང་དེ། དྲན་པའི་ངོ་བོ། བཞི་བ་ནི། དམིགས་པ་ལ་རྩེ་གཅིག་པས་ཕྱེ་བའི་སེམས་བྱུང་དེ། ཏིང་འཛིན་གྱི་ངོ་བོ། ལྔ་བ་ནི། དམིགས་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་དེ། ཤེས་རབ་ཀྱི་ངོ་བོའོ། །སྡེ་ཚན་གསུམ་པ་ལ། མ་དད་པ་སོགས་གང་ཡང་རུང་བའི་གཉེན་པོར་གྱུར་པའི་སྒོ་ནས་བཞག་པའི་སེམས་པ་དེ། སེམས་བྱུང་དགེ་བའི་མཚན་ཉིད་དམ་ངོ་བོ། དབྱེ་ན། དད་པ་དང་། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། བག་ཡོད། བཏང་སྙོམས། རྣམ་པར་མི་འཚེ་བ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མེད་པའི་དགེ་བ་གསུམ་དང་། བརྩོན་འགྲུས། ཤིན་སྦྱངས་ཏེ་བཅུ་གཅིག་གོ །དང་པོ་ནི། ཡོན་ཏན་དང་ཡོན་ཏན་ཅན་སོགས་ཡུལ་ཁྱད་པར་ཅན་ལ་དགའ་བའི་སེམས་བྱུང་དེ། དད་པའི་མཚན་ཉིད་དམ་ངོ་བོ། གཉིས་པ་ནི། རང་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པའི་སེམས་བྱུང་དེ། ངོ་ཚ་ཤེས་པ། གསུམ་པ་ནི། གཞན་རྒྱུ་མཚན་དུ་བྱས་ནས་དེ་ལ་འཛེམ་པའི་སེམས་བྱུང་དེ། ཁྲེལ་ཡོད། བཞི་བ་ནི། ཁ་ན་མ་ཐོ་བ་ལ་སེམས་སྲུང་སྣང་བྱེད་པའི་སེམས་བྱུང་དེ། བག་ཡོད། ལྔ་བ་ནི། ཕྱོགས་རིས་སུ་མི་གཅོད་པའི་སེམས་བྱུང་དེ། བཏང་སྙོམས། དྲུག་པ་ནི། གཞན་ལ་ཐོ་འཚམ་པར་མི་བྱེད་པའི་སེམས་བྱུང་དེ། རྣམ་པར་མི་འཚེ་བ། བདུན་པ་ནི། ཟག་བཅས་ཀྱི་ཡོ་བྱད་སོགས་ལ་མ་ཆགས་པའི་སེམས་བྱུང་དེ། འདོད་ཆགས་མེད་པའི་དགེ་བ། བརྒྱད་པ་ནི། ཀུན་ནས་མནར་སེམས་མེད་པའི་སེམས་བྱུང་དེ། ཞེ་སྡང་མེད་པའི་དགེ་བ། དགུ་བ་ནི། ལས་འབྲས་རགས་པ་ལ་རྨོངས་པ་མེད་པའི་སེམས་བྱུང་དེ། གཏི་མུག་མེད་པའི་དགེ་བ། བཅུ་བ་ནི། དགེ་བའི་བྱ་བ་ལ་མངོན་པར་སྤྲོ་བའི་སེམས་བྱུང་དེ། བརྩོན་འགྲུས། བཅུ་གཅིག་པ་ནི། སེམས་ལས་སུ་རུང་བར་བྱེད་པའི་སེམས་བྱུང་དེ། འདིར་ཤིན་སྦྱངས་ཀྱི་ངོ་བོ་སྟེ། ལུས་ཤིན་སྦྱངས་ནི་དེ་མིན་ནོ། །སྡེ་ཚན་བཞི་བ་ལ། སྲིད་པའི་རྩ་བ་བྱེད་པའི་རིགས་གནས་ཀྱི་ཉོན་མོངས་དེ། རྩ་ཉོན་གྱི་མཚན་ཉིད་དམ་ངོ་བོ། །དབྱེ་ན། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་ཉོན་མོངས་ཅན། ལྟ་བ་ཉོན་མོངས་ཅན་ཏེ་ལྔའོ། །དང་པོ་ནི། ཟག་བཅས་ཀྱི་དངོས་པོ་ལ་ཀུན་ནས་སྲེད་པའི་སེམས་བྱུང་དེ། འདོད་ཆགས་ཀྱི་མཚན་ཉིད་དམ་ངོ་བོ། གཉིས་པ་ནི། ཀུན་ནས་མནར་སེམས་ཀྱི་གཞི་དང་བཅས་པའི་སེམས་བྱུང་དེ། ཁོང་ཁྲོ། གསུམ་པ་ནི། འཇིག་ལྟའི་དབང་གིས་སེམས་ཁེངས་པའི་རྣམ་པ་ཅན་དུ་གྱུར་པའི་སེམས་བྱུང་དེ། ང་རྒྱལ། བཞི་བ་ནི། རིག་པ་ཡེ་ཤེས་ཀྱི་འགལ་ཟླའི་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་དེ། མ་རིག་པ། ལྔ་བ་ནི། རང་ཡུལ་ལ་དོན་མི་འགྱུར་དུ་དོགས་པའི་སེམས་བྱུང་དེ། ཐེ་ཚོམ་ཉོན་མོངས་ཅན། དྲུག་པ་ནི། རང་ཡུལ་ལ་ཀུན་ཏུ་རྟོག་པའི་བདག་ཉིད་དུ་གྱུར་པའི་ཤེས་རབ་ཉོན་མོངས་ཅན་དེ། ལྟ་བ་ཉོན་མོངས་ཅན། འདི་ལ་དབྱེ་ན། འཇིག་ལྟ། མཐར་ལྟ། ལོག་ལྟ། ལྟ་བ་མཆོག་འཛིན་གྱི་ལྟ་བ། ཚུལ་ཞུགས་མཆོག་འཛིན་གྱི་ལྟ་བ་སྟེ་ལྔ། ཉེར་ལེན་གྱི་ཕུང་བོ་ལ་དམིགས་ནས་བདག་གམ་བདག་གིར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་དེ། འཇིག་ལྟ། འཇིག་ལྟས་བཟུང་བ་ལྟར་གྱི་བདག་དེ་རྟག་ཆད་གང་རུང་དུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་དེ། མཐར་ལྟ། ལས་འབྲས་སོགས་ཡུལ་ཡོད་པའི་དོན་ལ་མེད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ། ལོག་ལྟ། ལྟ་བ་དམན་པ་ལ་མཆོག་ཏུ་རློམ་ཞིང་མངོན་པར་ཞེན་ནས་འཛིན་པའི་ཤེས་རབ་ཉོན་མོངས་ཅན་དེ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ལ་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་དེ། ཚུལ་ཞུགས་མཆོག་འཛིན་ཏེ། སྔ་མ་ཆགས་སོགས་ལྔ་ལ་ལྟ་མིན་ལྔ་དང་། ཕྱི་མ་འདི་ལྔ་ལ་ལྟ་བ་ལྔ་ཞེས་གྲག་གོ །སྡེ་ཚན་ལྔ་བ་ལ། རྩ་ཉོན་དང་ཉེ་བར་གྱུར་པའི་ཉོན་མོངས་དེ། ཉེ་ཉོན་གྱི་མཚན་ཉིད་དམ་ངོ་བོ། དབྱེ་ན། དེར་གྱུར་པའི་ཁྲོ་བ་དང་། ཁོན་འཛིན། འཆབ་པ། འཚིག་པ། ཕྲག་དོག སེར་སྣ། གཡོ། རྒྱགས་པ། རྣམ་འཚེ། ངོ་ཚ་མེད་པ། ཁྲེལ་མེད་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། བག་མེད། བརྗེད་ངས། ཤེས་བཞིན་མིན་པ། རྣམ་གཡེང་སྟེ་ཉི་ཤུའོ། །དང་པོ་ནི། གནོད་བྱེད་སོགས་ལ་ཡིད་འཁྲུགས་པའི་སེམས་བྱུང་བཏགས་ཡོད་དེ། ཁྲོ་བ། གཉིས་པ་ནི། སྔར་གྱི་གནོད་བྱེད་ལ་ཤ་གཉེར་བ་མི་གཏོང་བའི་སེམས་བྱུང་དེ། འཁོན་འཛིན། གསུམ་པ་ནི། ཁ་ན་མ་ཐོ་བ་ཟུར་གྱིས་སྦེད་པར་བྱེད་པའི་སེམས་བྱུང་དེ། འཆབ་པ། བཞི་བ་ནི། ཁྲོ་བ་སྔོན་དུ་འགྲོ་བའི་སྒོ་ནས་ཚིག་རྩུབ་འདྲེན་པར་བྱེད་པའི་སེམས་བྱུང་དེ། འཚིག་པ། ལྔ་བ་ནི། གཞན་གྱི་ཕུན་ཚོགས་ལ་ཡིད་འཁྲུགས་པའི་སེམས་བྱུང་དེ། ཕྲག་དོག །དྲུག་པ་ནི། ཟག་བཅས་ཀྱི་ཡོ་བྱད་སོགས་ལ་དམ་དུ་འཛིན་པའི་སེམས་བྱུང་དེ། སེར་སྣ། བདུན་པ་ནི། ཉེས་པ་འགའ་ཞིག་ཟུར་གྱིས་མི་མངོན་པར་གཞན་དུ་སྒྱུར་བའི་སེམས་བྱུང་དེ། སྒྱུ། བརྒྱད་པ་ནི། ཡོན་ཏན་ཁྱད་པར་གྱི་ཆོས་དེ་དང་མི་ལྡན་བཞིན་དུ་ལྡན་པ་ལྟར་སྟོན་པའི་སེམས་བྱུང་དེ། གཡོ། དགུ་བ་ནི། རང་གི་ཡོ་བྱད་སོགས་ལ་ཆགས་ཤིང་དྲེགས་པའི་སེམས་བྱུང་དེ། རྒྱགས་པ། བཅུ་བ་ནི། གཞན་ལ་ཐོ་འཚམ་པའི་སེམས་བྱུང་དེ། རྣམ་པར་འཚེ་བ། བཅུ་གཅིག་པ་ནི། རང་དང་ཆོས་གང་རུང་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམ་པའི་སེམས་བྱུང་དེ། ངོ་ཚ་མེད་པ། བཅུ་གཉིས་པ་ནི། གཞན་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམ་པའི་སེམས་བྱུང་དེ། ཁྲེལ་མེད་པ། བཅུ་གསུམ་པ་ནི། ལུས་སེམས་བློང་བློང་པོར་བྱེད་པའི་སེམས་བྱུང་དེ། རྨུགས་པ། བཅུ་བཞི་པ་ནི། སེམས་མ་ཞི་བར་བྱེད་པ་ཅན་གྱི་སེམས་བྱུང་དེ། རྒོད་པ། བཅོ་ལྔ་པ་ནི། ཡོན་ཏན་དང་ཡོན་ཏན་ཅན་སོགས་ལ་མི་གུས་པའི་སེམས་བྱུང་དེ། མ་དད་པ། བཅུ་དྲུག་པ་ནི། དགེ་བ་ལ་མི་སྤྲོ་བའི་སེམས་བྱུང་དེ། ལེ་ལོ། བཅུ་བདུན་པ་ནི། རང་དགར་སྤྱོད་པ་ཕྱིན་ཅི་ལོག་ཏུ་བྱེད་པའི་སེམས་བྱུང་དེ། བག་མེད། བཅོ་བརྒྱད་པ་ནི། དགེ་བའི་དམིགས་རྣམ་བརྗེད་པར་བྱེད་པའི་སེམས་བྱུང་དེ། བརྗེད་ངས། བཅུ་དགུ་པ་ནི། བྱ་བ་དེ་མི་ཤེས་པའམ་དྲན་པ་ཡེངས་ནས་འཇུག་པའི་སེམས་བྱུང་དེ། ཤེས་བཞིན་མ་ཡིན་པ། ཉི་ཤུ་བ་ནི། དགེ་བའི་དམིགས་པ་ལས་ཡིད་ཕྱིར་འཕྲོ་བར་བྱེད་པའི་སེམས་བྱུང་དེ། རྣམ་གཡེང་ངོ་། །སྡེ་ཚན་དྲུག་པ་ལ། དགེ་མི་དགེ་ལུང་མ་བསྟན་གསུམ་པོ་གང་དུ་ཡང་གཅིག་ཏུ་མ་ངེས་པར་འགྱུར་བར་སྲིད་པའི་རིགས་གནས་ཀྱི་སེམས་བྱུང་དེ། གཞན་འགྱུར་གྱི་མཚན་ཉིད་དམ་ངོ་བོ། དབྱེ་ན། གཉིད། འགྱོད་པ། རྟོག་པ། དཔྱོད་པ་སྟེ་བཞིའོ། །དང་པོ་ནི། ལུས་སེམས་ཀུན་ནས་སྡུད་པར་བྱེད་པའི་སེམས་བྱུང་དེ། གཉིད། གཉིས་པ་ནི། བྱས་ཟིན་པའི་དོན་ལ་ཡིད་འཕྱོ་བའི་སེམས་བྱུང་དེ། འགྱོད་པ། གསུམ་པ་ནི། ཡུལ་ལ་རྩིང་བའི་རྣམ་པ་ཅན་གྱི་སེམས་བྱུང་དེ། རྟོག་དཔྱོད་གཉིས་ཀྱི་ནང་ནས་རྟོག་པ། བཞི་པ་ནི། ཡུལ་ལ་ཞིབ་པའི་རྣམ་པས་འཇུག་པའི་སེམས་བྱུང་དེ། དེ་གཉིས་ཀྱི་ནང་ནས་དཔྱོད་པའོ། །དེ་དག་ནི་མངོན་པ་གོང་མའི་ལུགས་གཙོ་ཆེ་ལ། མངོན་པ་མཛོད་ལས། སེམས་ཀྱིས་མང་བཅུ། དགེ་བའི་ས་བ་བཅུ། ཉོན་མོངས་ཆེན་པོའི་ས་བ་དྲུག །མི་དགེ་བའི་ས་བ་གཉིས། ཉོན་མོངས་ཆུང་ངུའི་ས་བ་བཅུ། མ་ངེས་པའི་ས་བ་བརྒྱད་དེ་སྡེ་དྲུག་བཤད་པའི། དང་པོ་བཅུ་ནི། ཚོར་བ། འདུ་ཤེས། སེམས་པ། འདུན་པ། རེག་པ། བློ་གྲོས། དྲན་པ། ཡིད་བྱེད། མོས་པ། ཏིང་འཛིན་ནོ། །གཉིས་པ་བཅུ་ནི། དད་པ། བག་ཡོད། ཤིན་སྦྱངས། བཏང་སྙོམས། ངོ་ཚ་ཤེས་པ། ཁྲེལ་ཡོད། ཆགས་མེད། སྡང་མེད། མི་འཚེ་བ། བརྩོན་འགྲུས་སོ། །གསུམ་པ་དྲུག་ནི། རྨོངས་པ། བག་མེད། ལེ་ལོ། མ་དད་པ། རྨུགས་པ། རྒོད་པའོ། །བཞི་བ་གཉིས་ནི། ངོ་ཚ་མེད་པ་དང་། ཁྲེལ་མེད་པའོ། །ལྔ་བ་བཅུ་ནི། ཁྲོ་བ། འཁོན་འཛིན། གཡོ། ཕྲག་དོག འཚིག་པ། འཆབ་པ། སེར་སྣ། སྒྱུ། རྒྱགས་པ། རྣམ་པར་འཚེ་བའོ། །དྲུག་པ་བརྒྱད་ནི། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ་བཞི་དང་། རྟོག་དཔྱོད་གཉིད་འགྱོད་དེ་གཞན་འགྱུར་བཞིའོ། །སོ་སོར་ཕྱེ་ན་ཞེ་དྲུག །དེ་རྣམས་ཀྱི་ངོ་བོ་ཇི་ལྟ་བུ་ཡིན་པ་ནི། སྔར་བཤད་པ་དེས་ཤེས་སོ། །དེ་རྣམས་མངོན་པ་གོང་འོག་ནས་འབྱུང་བ་བཞིན་ཡིན་ཏེ། ལུང་ཕྲན་ཚེགས་སོགས་ནས་འབྱུང་བ་གཞན་ཡང་ཡོད་དོ། །ཅེས་པ་འདི་ཡང་། དཀའ་བཅུ་བློ་བཟང་བསམ་འགྲུབ་དང་། གནས་བརྟན་འཇམ་དབྱངས་སེང་གེ་རྣམ་པ་གཉིས་ཀྱིས་དད་པས་ཀུན་ནས་བསླངས་ཏེ། དཔེ་སྔ་མ་པར་དུ་བརྐོ་བར་བཞེད་པའི་ཚེ། བློ་གསར་གཞན་ལ་ཕན་པར་འགྱུར་སྲིད་སྙམ་ནས་ཞར་བྱུང་དུ་བཤད་སྒྲུབ་མིང་ཅན་གྱིས་མདོར་བསྡུས་ནས་སྦྱར་བ་སྟེ། ཉོན་མོངས་ཀྱི་མཚན་ཉིད་སྐྱེ་ཚུལ་སོགས་ཞིབ་ཆ་འདོན་ན། མངོན་པ་ཀུན་བཏུས་རྩ་འགྲེལ་དང་། མཛོད་རྩ་འགྲེལ་ལའང་བལྟ་བར་བྱའོ། །སྨྲས་པ། རྒྱལ་བས་གསུངས་པའི་ཆོས་ཚུལ་ཇི་སྙེད་པའི། །གྲངས་ཀྱི་ཕ་མཐའི་ཚད་ནི་ཇི་ཙམ་པ། །ཀུན་མཁྱེན་ཡེ་ཤེས་ཀྱིས་ཀྱང་གཞལ་མིན་ཕྱིར། །དེ་ཡི་བརྗོད་བྱ་དག་ཀྱང་ཚད་དང་བྲལ། །དེ་ཕྱིར་གསུང་རབ་རྒྱ་མཚོ་ཆེན་པོ་ལས། །ཆ་ཙམ་གཞན་ཕན་ཆེད་དུ་བཀོད་པ་ཉིད། །དད་པས་པར་དུ་བསྐྲུན་པའི་རབ་དཀར་དགེ །ཇི་སྙེད་མཆིས་གང་དེ་ཡང་འགྲོ་བ་ཀུན། །མཐའ་ཡས་གཞུང་ལུགས་ཆུ་གཏེར་ཆེར་ཞུགས་ཏེ། །མི་ཤེས་རྨོངས་པའི་དྲི་མ་ཀུན་བཀྲུས་ནས། །གཏན་བདེ་བླ་མེད་བྱང་ཆུབ་ཆེན་པོའི་སར། །བདེ་བླག་ཉིད་དུ་འཇུག་པའི་ཕྱིར་བསྔོའོ།། །།དགེའོ།། །།

མངལ་དུ་འཇུག་པའི་མདོའི་དགོངས་པ་གསལ་བར་བྱེད་པའི་མེ་ལོང་།

མངལ་དུ་འཇུག་པའི་མདོའི་དགོངས་པ་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་བཞུགས།

བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རིགས་དྲུག་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་གཟིར་བའི། །རང་བཞིན་ཉིད་ལས་མ་འདས་དེ་ཡང་ནི། །ལས་དང་ཉོན་མོངས་དབང་གིས་སྐྱེས་པའི་མཐར། །འཆི་བར་འགྱུར་རོ་ཤི་བའི་ཚེ་ན་ཡང་། །རྒྱུན་ཆད་མི་འགྱུར་མངལ་ལ་སོགས་པ་ཡི། །སྐྱེ་གནས་རྣམ་བཞི་གང་ཡང་རུང་བར་ནི། །སྐྱེ་བར་འགྱུར་ཞིང་དེ་ལས་གཞན་དུ་མིན། །བསྐལ་བ་དང་པོའི་མི་རྣམས་རྫུས་སྐྱེས་ཡིན། །ལྷ་དང་དམྱལ་བ་སྲིད་པ་བར་དོ་རྣམས། །རྫུས་ཏེ་སྐྱེ་ཡི་འགྲོ་བ་གཞན་དག་ལས། །འགའ་ཞིག་སྒོང་སྐྱེས་ལ་ལ་དྲོད་གཤེར་སྐྱེས། །ཕལ་ཆེར་མངལ་དུ་སྐྱེ་བར་འགྱུར་བ་སྟེ། །དེ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། །ཐོག་མ་མ་རིག་དབང་གིས་ལས་བསགས་ནས། །ལས་ཀྱི་བག་ཆགས་རྣམ་ཤེས་ཉིད་ལ་བསྒོས། །སྲེད་ལེན་གཉིས་ཀྱིས་ཡང་ཡང་གསོས་བཏབ་ནས། །སྲིད་ལས་ནུས་པ་མཐུ་ཅན་གྱུར་བའི་ཚེ། །རྣམ་ཤེས་ཕྱི་མར་ཉིང་མཚམས་སྦྱར་བ་ན། །སྐྱེ་བ་མིང་གཟུགས་འབྲས་བུའི་རྣམ་ཤེས་འགྲུབ། །རིམ་གྱིས་མིག་སོགས་སྐྱེ་མཆེད་དྲུག་པོ་དང་། །རེག་པ་ཚོར་བ་རྒ་ཤི་མངོན་འགྲུབ་སྟེ། །དེ་ལས་མྱ་ངན་སྨྲེ་ངག་འདོན་པ་དང་། །སྡུག་བསྔལ་ཡིད་མི་བདེ་སོགས་འབྱུང་འགྱུར་ཞིང་། །མ་རིག་འདུ་བྱེད་རྣམ་ཤེས་མིང་གཟུགས་དང་། །སྐྱེ་མཆེད་དྲུག་དང་རེག་པ་ཚོར་བ་དང་། །སྲེད་དང་ལེན་པ་སྲིད་པ་སྐྱེ་བ་དང་། །རྒ་ཤིའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། །འཁོར་བའི་འཁོར་ལོ་བར་མཚམས་མེད་པར་འཁོར། །དེ་ཡང་དུས་དང་དུས་མིན་འཆི་བ་ཡིས། །འཆི་ཚེ་དྲོད་ནི་སྟོད་སྨད་གང་རུང་ནས། །སྙིང་ཁར་བསྡུས་ཏེ་སྲོག་འགགས་རྣམ་ཤེས་ནི། །ཕྱིར་འཐོན་སྲང་མདའི་མཐོ་དམན་ཇི་བཞིན་དུ། །རིགས་དྲུག་གང་དུ་སྐྱེ་བའི་བར་དོ་འགྲུབ། །དེ་ནས་མངལ་དུ་ཉིང་མཚམས་སྦྱོར་བ་ཡང་། །ལས་ཀྱི་འབྲེལ་བའི་ཕ་མར་འགྱུར་བ་གཉིས། །ཕན་ཚུན་ཐབས་ཤེས་སྦྱོར་བར་བྱེད་པ་སོགས། །རྒྱུ་རྐྱེན་དུ་མ་ཚོགས་ལ་བལྟོས་པ་སྟེ། །ཚོགས་པ་མ་ཚང་མངལ་དུ་འཇུག་མི་འགྱུར། །དེ་ཡང་གྲོག་མའི་རྐེད་པ་འདྲ་ལ་སོགས། །མངལ་གྱི་སྐྱོན་རྣམས་མེད་ཅིང་དག་པ་དང་། །ཟླ་མཚན་ལྡན་ཚེ་མཉམ་པར་སྦྱོར་བ་ན། །གཉིས་ཀའི་ཁམས་ནི་འདུས་པར་གྱུར་བའི་སྐབས། །ལས་ཀྱི་འབྲེལ་པས་བར་སྲིད་འཇུག་པ་སྟེ། །དེ་ཡང་ཕོ་རུ་སྐྱེ་ན་མ་ལ་སྲེད། །ཕ་ཉིད་དང་ནི་འབྲལ་བར་འདོད་འགྱུར་ལ། །གལ་ཏེ་མོ་རུ་སྐྱེ་ཚེ་ཕ་ལ་ཆགས། །མ་ལ་སྡང་བའི་བློ་ནི་སྐྱེ་བར་འགྱུར། །དེ་ཚེ་ཕ་མ་ཉལ་པོ་བྱེད་པ་ནི། །སྒྱུ་མ་བཞིན་མཐོང་ཉེ་བར་ཕྱོགས་པ་ན། །ཕ་མ་མི་མཐོང་གཉིས་ཀའི་ཆོས་ཙམ་ཞིག །མཐོང་བས་ཁྲོས་པས་རྐྱེན་བྱས་བར་སྲིད་དེ། །འཆི་འཕོ་བྱེད་པར་ས་ཡི་དངོས་གཞིར་གསུངས། །དེ་ཚེ་ཡང་དག་མིན་པའི་འདུ་ཤེས་ནི། །གྲང་དང་རླུང་འཚུབ་ཆར་འབབ་གནམ་འཐིབ་ཅིང་། །སྐྱེ་བོ་མང་བོས་སྒྲ་ཆེན་སྒྲོག་བཞིན་དང་། །འདུ་ཤེས་རྣམ་བཅུ་གང་རུང་འབྱུང་འགྱུར་ཏེ། །རང་ཉིད་ཁང་བ་ཁང་བརྩེགས་གཞལ་མེད་ཁང་། །སྐྱིལ་བུ་ཁྱིམ་དང་རྩྭ་སྟུག་ནགས་ཚལ་དང་། །རྩིག་པའི་བུ་ག་སབ་མོའི་གསེབ་ཏུ་ནི། །འཇུག་གོ་སྙམ་དང་ཁྲི་ལ་འཛེག་སྙམ་ཚེ། །སྲིད་པ་བར་དོ་འགགས་ནས་རྣམ་ཤེས་ཉིད། །ཁའམ་སྤྱི་བོ་མངལ་གྱི་སྒོ་སོགས་ནས། །མ་ཡི་མངལ་དུ་ཁམས་གཉིས་འདུས་གྱུར་བ། །མེར་མེར་བོ་ཡི་དབུས་སུ་འཇུག་པར་འགྱུར། །དཔེར་ན་འོ་མ་སྣོད་དང་སྲུབ་ཤིང་དང་། །སྐྱེས་བུའི་རྩོལ་པ་ལ་བརྟེན་མར་འབྱུང་བ། །དེ་བཞིན་ཐབས་ཤེས་སྦྱོར་བའི་ས་བོན་ལས། །ཕྱི་མའི་ལུས་ནི་འགྲུབ་པར་འགྱུར་བ་ཡིན། །དཔེར་ན་རྩྭ་སྔོན་ལྕི་བ་རྒྱ་ཤུགས་དང་། །ཞོ་ལ་བརྟེན་ནས་སྲིན་བུ་སྐྱེ་འགྱུར་ཏེ། །ལུས་ཀྱང་སྔོ་དང་སེར་དང་དམར་དང་དཀར། །འོན་ཀྱང་དེ་དག་སྲིན་བུ་མ་ཡིན་ལ། །སྲིན་བུ་ཉིད་ཀྱང་དེ་དག་མ་ཡིན་མོད། །འདུས་པ་ལས་ནི་སྲིན་བུའི་ལུས་འགྲུབ་བཞིན། །ལས་ཀྱི་རྐྱེན་སྟོབས་ཕ་མའི་ཁམས་དག་ལས། །ལུས་ནི་འགྲུབ་པར་འགྱུར་ཏེ་ཁམས་དེ་ཉིད། །ལུས་མིན་ལུས་ཀྱང་ཁམས་ཉིད་མིན་མོད་ཀྱང་། །འདུས་ལས་རིམ་གྱིས་ལུས་ནི་འགྲུབ་པར་འགྱུར། །དེ་ཚེ་ས་ཡི་ཁམས་ཀྱིས་སྲ་བར་བྱེད། །ཆུ་ཡིས་གཤེར་ཞིང་མེས་དྲོ་རླུང་གིས་གཡོ། །གལ་ཏེ་ཁམས་བཞི་མེད་ན་མེར་མེར་བོ། །བསྐམས་སམ་རུལ་ཞིང་འཕེལ་བར་མི་འགྱུར་རོ། །དེ་ཕྱིར་འབྱུང་བ་ཆེན་པོ་དེ་དག་ནི། །ལས་ཀྱི་རྒྱུ་བྱས་གཅིག་གིས་གཅིག་རྐྱེན་བྱས། །དེ་མཐུས་རྣམ་པར་ཤེས་པ་སྐྱེ་ཞིང་གནས། །ས་ཡི་ཁམས་ཀྱིས་རྟེན་བྱེད་ཆུ་ཡིས་སྡུད། །མེ་ཡིས་སྨིན་ཅིང་རླུང་གིས་འཕེལ་བར་བྱེད། །དཔེར་ན་བཏབ་པའི་ནས་ཀྱི་མྱུ་གུ་ནི། །བརླན་གཤེར་ལ་སོགས་རྐྱེན་ཀུན་ཚོགས་པའི་ཚེ། །འབྱུང་གི་རེ་རེ་ཁོ་ནས་མ་ཡིན་ལྟར། །ཕ་མ་རྣམ་ཤེས་ཁམས་རྣམས་འདུས་པ་ལས། །སྐྱེ་བ་ལེན་གྱི་རེ་རེ་ཁོ་ནས་མིན། །དེ་ཚེ་མེར་མེར་བོ་ནི་གཟུགས་ཡིན་ལ། །ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་བཞི། །མིང་ཞེས་བྱ་སྟེ་བསྡོམས་པས་མིང་གཟུགས་སོ། །མ་ཡི་མངལ་གནས་ཚད་ནི་ཞག་གི་གྲངས། །བདུན་ཕྲག་སོ་བརྒྱད་ལྷག་ཙམ་ཡོད་པ་སྟེ། །དེ་ཡང་བདུན་ཕྲག་དང་པོའི་གནས་སྐབས་ཚེ། །སྡུག་བསྔལ་འདི་ལྟར་རབ་ཏུ་འཐོབ་འགྱུར་ཏེ། །ཚ་བའི་སྣོད་དུ་བཙོས་ཤིང་བརྔོས་པ་བཞིན། །དེ་ཚེ་མེར་མེར་བོ་ལ་བརྟེན་པའི་དུས། །དེ་ནི་ཞོ་ཡི་སྤྲོས་མ་བཞིན་དུ་ཆགས། །བདུན་ཕྲག་གཉིས་པར་སྔར་བཞིན་སྡུག་བསྔལ་བར། །དེ་ཚེ་ཀུན་ཏུ་རེག་པ་ཞེས་བྱ་བའི། །ལས་ཀྱི་རླུང་བྱུང་མངལ་དེར་རེག་པ་ན། །ནུར་ནུར་བོར་འགྱུར་ཞོ་ནི་བསྐ་བའམ། །མར་འཁྱག་བཞིན་ཏེ་རབ་ཏུ་བཙོས་པ་ན། ཁམས་བཞི་མངོན་སྣང་གོ་གོར་བོ་ཉིད་འགྱུར། །བདུན་ཕྲག་གསུམ་པར་མ་ཡི་མངལ་ནས་ནི། །མཛོད་ཀ་ཞེས་བྱའི་རླུང་བྱུང་རེག་པ་ན། །ལྟར་ལྟར་བོར་འགྱུར་སྲིན་བུ་གྲོ་མ་བཞིན། །བདུན་ཕྲག་བཞི་བར་རབ་ཏུ་འབྱེད་པའི་རླུང་། །མངོན་པར་བྱུང་བས་མངལ་དེར་རེག་པ་ན། །མཁྲང་འགྱུར་ཞེས་བྱ་དབྱིབས་ནི་བོར་བ་བཞིན། །བདུན་ཕྲག་ལྔ་བར་སྡུད་པ་ཞེས་བྱ་བའི། །རླུང་བྱུང་རེག་པས་དཔུང་པ་གཉིས་ཀ་དང་། །བརླ་གཉིས་མགོ་སྟེ་ལྔ་བོ་མངོན་ཙམ་འབྱུང་། །དྲུག་པར་རྒྱ་ཆེ་ཞེས་བྱའི་རླུང་བྱུང་སྟེ། །དཔུང་པའི་མཁྲིག་མ་གཉིས་དང་པུས་མོ་བསྐྱེད། །བདུན་པར་འཁྱིལ་བ་ཞེས་བྱའི་ལས་རླུང་གིས། །རེག་པས་རྐང་ལག་རྣམ་བཞི་སྣང་བར་འགྱུར། །བརྒྱད་པར་བཟློག་ཅིང་བསྒྱུར་བའི་རླུང་གིས་ནི། །སོར་མོ་ཉི་ཤུ་གསལ་བར་བྱེད་པར་འགྱུར། །དགུ་བར་རྣམ་པར་འབྱེད་པའི་རླུང་བྱུང་སྟེ། །མིག་གཉིས་རྣ་བ་གཉིས་དང་སྣ་བུག་གཉིས། ཁ་དང་བཤང་ལམ་གཅི་བའི་སྒོ་དགུ་སྣང་། །བཅུ་བར་སྲ་བར་བྱེད་པའི་རླུང་གིས་ནི། །མངལ་གྱི་གནས་པ་སྲ་ཞིང་བརྟན་པར་བྱེད། །དེ་ཚེ་སྐྱེ་བ་ཞེས་བྱའི་རླུང་གིས་ཀྱང་། །མངལ་གནས་རྐྱལ་བ་བུས་ཏེ་གང་བཞིན་བྱེད། །བཅུ་གཅིག་པ་ལ་གཉིས་སྣང་ཞེས་བྱའི་རླུང་། །བྱུང་དེས་ཁོང་སྟོང་ཉིད་དུ་བྱེད་འགྱུར་ཞིང་། །བུ་ག་དགུ་བོ་གསལ་བར་སྣང་བར་འགྱུར། །བཅུ་གཉིས་ལ་བབ་ཡོད་པའི་སྒོ་ཡི་རླུང་། །འབྱུང་ཞིང་དེས་ནི་ནང་ཁྲོལ་རྒྱུ་མ་བསྐྱེད། །དེ་ཚེ་བསྡུ་བ་རྒྱུས་པའི་རླུང་གིས་ནི། །ཚིགས་ནི་སུམ་བརྒྱ་དྲུག་ཅུ་བྱེད་པར་འགྱུར། །བཅུ་གསུམ་པ་ལ་སྔར་གྱི་ལས་རླུང་དེས། །བཀྲེས་སྐོམ་ཤེས་བྱེད་མ་ཡིས་ཟོས་འཐུང་བ། །ཞུ་ནས་དེ་ཡི་ལུས་ལ་ཕན་འདོགས་བྱེད། །བཅུ་བཞི་བ་ལ་སྐུད་པ་ཁ་ཡི་རླུང་། །ཞེས་བྱས་རྩ་རྒྱུས་སྟོང་ཕྲག་སྐྱེད་པར་བྱེད། །དེ་ཡང་ལུས་ཀྱི་མདུན་རྒྱབ་གཡས་གཡོན་བཞིར། །ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་གནས་པར་འདོད། །བཅོ་ལྔར་པདྨ་ཞེས་བྱའི་རླུང་བྱུང་སྟེ། །རྩར་རྒྱུ་བ་ནི་རྣམ་པ་ཉི་ཤུ་བསྐྱེད། །དེ་ནི་ལུས་ཀྱི་ཕྱོགས་བཞིར་ལྔ་ལྔ་གནས། །རྩར་རྒྱུ་རེ་རེར་ཡང་ནི་བཞི་བཅུ་རེ། །ལུས་ཀྱི་ཕྱོགས་བཞིར་ཉིས་བརྒྱ་ཉིས་བརྒྱ་སྟེ། །ཁྱོན་བསྡོམས་བརྒྱད་བརྒྱ་རེ་རེ་ལ་ཡང་ནི། །ཕན་ཚུན་འབྲེལ་བས་བརྒྱ་བརྒྱ་ཡོད་པ་རྣམས། །བསྡོམས་པས་སྟོང་ཕྲག་བརྒྱད་ཅུ་འབྱུང་འགྱུར་ཏེ། །དེ་ཡང་ལུས་ཀྱི་མདུན་རྒྱབ་གཡས་གཡོན་བཞིར། །སྟོང་ཕྲག་ཉི་ཤུ་ཉི་ཤུ་ཡོད་པར་གསུང་། །བཅུ་དྲུག་པ་ལ་བདུད་རྩི་འགྲོ་བའི་རླུང་། །བྱུང་བས་མིག་གཉིས་རྣ་བ་སྣ་བུག་གི །སྐྱེ་མཆེད་འགྲུབ་ཅིང་ཁ་སྒོ་མིད་པ་དང་། །སྙིང་གི་ཁོར་ཡུག་བཟའ་བཏུང་མྱངས་པ་ཀུན། །འཇུག་པའི་གནས་དང་དབུགས་ཀྱང་རྒྱུ་བར་བྱེད། །བཅུ་བདུན་འབྲི་གདོང་ཞེས་བྱའི་རླུང་གིས་ནི། །མིག་རྣ་ལ་སོགས་ལྷག་པར་དང་བྱེད་ཅིང་། །དབུགས་ཀྱང་ཕྱི་ནང་ཐོགས་མེད་རྒྱུ་བར་བྱེད། །བཅོ་བརྒྱད་པར་ནི་དྲི་མ་མེད་པའི་རླུང་། །ཞེས་བྱས་སྐྱེ་མཆེད་ཡོངས་སུ་དག་པར་བྱེད། །བཅུ་དགུ་པ་ལ་སྔར་གྱི་རླུང་དེས་ནི། །མིག་དང་རྣ་བ་སྣ་ལྕེའི་དབང་བོ་འགྲུབ། །ཉི་ཤུར་ཤིན་ཏུ་བརྟན་པའི་རླུང་གིས་ནི། །སེམས་ཅན་དེ་ཡི་རྐང་པ་གཡས་གཡོན་གྱི། །སོར་མོའི་རུས་པ་ཉི་ཤུ་ཉི་ཤུ་དང་། །རྐང་བའི་ཕྱི་རྟིང་རུས་པ་བཞི་རྣམས་དང་། །རྗེ་ངར་པུས་མོའི་རུས་པ་གཉིས་གཉིས་དང་། །རྐེད་པ་ལོང་བུའི་རུས་པ་གསུམ་གསུམ་དང་། །སྒལ་ཚིགས་ཀྱི་ནི་རུས་པ་བཅོ་བརྒྱད་དང་། །རྩིབ་མའི་རུས་པ་ཉི་ཤུ་རྩ་བཞི་བསྐྱེད། །གཞན་ཡང་ལག་པ་གཡས་གཡོན་ལ་བརྟེན་ཏེ། །སོར་མོའི་རུས་པ་ཉི་ཤུ་ཉི་ཤུ་བྱེད། །ལག་ངར་འགྲམ་པའི་རུས་པ་གཉིས་གཉིས་དང་། །མགོ་དང་དཔུང་བ་གཉའ་རུས་བཞི་བཞི་དང་། །བྲང་དང་ཕྲག་པའི་རུས་པ་བདུན་བདུན་དང་། །སོ་ཡི་རུས་པ་སུམ་ཅུ་རྩ་གཉིས་བསྐྱེད། །མདོར་ན་རུས་པ་ཕྲ་མོ་མ་གཏོགས་པའི། །རུས་ཆེན་ཉིས་བརྒྱ་རབ་ཏུ་བསྐྱེད་པར་བྱེད། །ཉེར་གཅིག་ཡང་དག་བསྐྱེད་པའི་རླུང་བྱུང་ནས། །དེ་ཡི་ལུས་ཀྱི་ཤ་རྣམས་ཀུན་ནས་བསྐྱེད། །ཉེར་གཉིས་ཀུན་ཏུ་རྒྱས་པའི་རླུང་བྱུང་སྟེ། །ལུས་ཀྱི་ཁྲག་རྣམས་རབ་ཏུ་བསྐྱེད་པར་འགྱུར། །ཉེར་གསུམ་ཡོངས་དག་འཛིན་པའི་རླུང་ལས་ནི། །ལུས་ཀྱི་པགས་པའི་ཁྱད་པར་བསྐྱེད་པར་བྱེད། །ཉེར་བཞི་ཀུན་ཏུ་འཕྱོ་བའི་རླུང་བྱུང་སྟེ། །པགས་པའི་མདོག་ནི་གསལ་བར་བྱེད་པར་འགྱུར། །ཉེར་སྔ་བ་ལ་གྲོང་འཛིན་རླུང་གིས་ནི། །ཤ་དང་ཁྲག་རྣམས་རབ་ཏུ་དང་བར་བྱེད། །ཉེར་དྲུག་སྐྱེ་བ་མངོན་པར་འགྲུབ་པ་ཡིས། །སྐྲ་དང་བ་སྤུ་སེན་མོའི་ཁྱད་པར་བསྐྱེད། །ཉེར་བདུན་སྨན་ཡོན་ཆེན་པོའི་རླུང་བྱུང་ནས། །སྐྲ་སྤུ་སེན་མོ་མདོག་དང་ལྡན་པར་བྱེད། །དེ་ཚེ་སྔོན་གྱི་ལས་དང་རྐྱེན་གཞན་མཐུས། །ལུས་ཀྱི་བཀོད་པའི་བཟང་ངན་ཁྱད་པར་བསྐྱེད། །ཕོ་ཡིན་མ་ཡི་རྩིབ་མའི་གཡས་ཕྱོགས་དང་། །བུ་མོ་ཡིན་ན་གཡོན་གྱི་ཕྱོགས་སུ་ནི། །ཙོག་བུར་ལག་པ་གཉིས་ཀྱིས་གདོང་བཀབ་སྟེ། །བུ་རྒྱབ་བུ་མོ་མདུན་ཕྱོགས་ཁ་བལྟས་འདུག །དེ་ཚེ་མ་ནི་ཆོང་དང་རྒྱུགས་པ་དང་། །ཚ་དང་གྲང་བའི་ཁ་ཟས་ཟོས་འཐུང་བས། །མངལ་ན་གནས་དེ་གཡང་དུ་ལྷུང་བ་དང་། །ཀུན་ཏུ་བཙིར་བས་པགས་པ་བཤུས་བཞིན་དང་། །གྲང་དང་ཚ་སོགས་དམྱལ་བའི་སྡུག་བསྔལ་བཞིན། །མཐོང་མོད་སྐྱེས་ཚེ་དྲན་པ་རྨོངས་ནས་བརྗེད། །ཉེར་བརྒྱད་པ་ལ་ཕྱིན་ཅི་ལོག་པ་ཡི། །འདུ་ཤེས་བརྒྱད་པོ་ཅི་རིགས་འབྱུང་འགྱུར་ཏེ། །མངལ་དུ་ཁྱིམ་དང་གཞོན་པ་ཁང་བརྩེགས་དང་། །ཀུན་དགའ་ར་བ་སྐྱེད་ཚལ་ཁྲི་ལ་འདུག །ཆུ་དང་རྫིང་བུའི་འདུ་ཤེས་འབྱུང་འགྱུར་ཞིང་། །དེ་ཡང་དགེ་བ་བྱེད་ལ་བཟང་བོ་དང་། །མི་དགེ་བྱེད་པར་ངན་པའི་སྣང་བ་འཆར། །ཉེར་དགུ་པ་ལ་མེ་ཏོག་ཕྲེང་བ་ཡི། །རླུང་ཞེས་བྱ་བས་ཁ་དོག་སྣ་ཚོགས་བྱེད། །དེ་ཡང་ལས་ཀྱིས་འབྲེལ་བའི་ཕ་མ་ཡི། །ལུས་ཀྱི་མདོག་དང་རྗེས་སུ་མཐུན་པའམ། །ཡང་ན་མི་འདྲ་བཟང་ངན་ཅི་རིགས་འགྱུར། །སུམ་ཅུ་བ་ལ་ལྕགས་ཀྱི་སྒོ་ཞེས་པའི། །རླུང་གིས་བུས་པས་སྐྲ་སྤུ་ལྷག་པར་འཕེལ། །དེ་བཞིན་སོ་གཅིག་སོ་གཉིས་སོ་གསུམ་དང་། །སོ་བཞི་བ་ལའང་ལས་ཀྱི་རླུང་གིས་ནི། །ལུས་ཀྱི་ཆ་རྣམས་རྒྱ་ཆེར་འཕེལ་བར་བྱེད། །སོ་ལྔ་བ་ལ་ཡན་ལག་ཉིང་ལག་ཀུན། །རྫོགས་པར་འགྱུར་གྱི་དེ་ཡི་གོང་དུ་མིན། །སོ་དྲུག་པ་ལ་མངལ་དུ་འདུག་མི་འདོད། །སོ་བདུན་ལ་བབ་མི་གཙང་དྲི་མི་ཞིམ། །མུན་ནག་འཐིབ་འདྲའི་ཡང་དག་འདུ་ཤེས་འབྱུང་། །བདུན་ཕྲག་སོ་བརྒྱད་གནས་སྐབས་སོན་པའི་ཚེ། །མ་ཡི་མངལ་ནས་མེ་ཏོག་སྡུད་ཅེས་པའི། །ལས་ཀྱི་རླུང་བྱུང་མངལ་གྱི་སེམས་ཅན་དེ། །མགོ་ཐུར་བསྒྱུར་ཞིང་ལག་པ་གཉིས་བརྐྱངས་ནས། །སྐྱེ་བའི་སྒོ་རུ་ཕྱོགས་པའི་བྱ་བ་བྱེད། །སོ་བརྒྱད་མཐར་རམ་རྫོགས་ནས་ཞག་བཞི་སོགས། །སོང་ཚེ་ཁ་ཐུར་བལྟ་བའི་ལས་ཀྱི་རླུང་། །བྱུང་ནས་མངལ་ན་འདུག་པའི་སེམས་ཅན་དེ། །རྐང་པ་གྱེན་དུ་བྱས་ཏེ་བཅུམ་ནས་ནི། །ཕྱི་རུ་ཕུལ་ཏེ་སྐྱེ་བའི་སྒོ་ནས་དབྱུང་། །འོན་ཀྱང་ཁ་ཅིག་ཞག་གྲངས་མ་ཚང་དང་། །འགའ་ཞིག་ལྷག་པ་ཉིད་དུ་གནས་པའང་སྲིད། །བཙའ་དུས་བཙིར་བས་པགས་པ་བཤུས་འདྲ་བའི། །སྡུག་བསྔལ་མི་བཟད་མྱོང་བར་འགྱུར་བ་དང་། །མས་ཀྱང་སྲོག་ལ་འབབ་པ་ལྟ་བུ་ཡི། །སྡུག་བསྔལ་མྱོང་ཞིང་འཆི་བ་ཉིད་ཀྱང་སྲིད། །བཙས་ནས་འཇམ་པའི་སྟན་ལ་བཞག་པའམ། །སོར་མོས་བླངས་ཚེ་ཚེར་མའི་ནང་ལྷུང་ལྟར། །ཚ་ཞིང་རྩུབ་པའི་སྡུག་བསྔལ་དཔག་མེད་མྱོང་། ཁ་ཅིག་སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས། །རྐང་ལག་ལོག་ཅིང་བསྣོལ་མར་བྱུང་གྱུར་ནས། །མངལ་གྱི་གནས་སྐབས་ཉིད་ནས་འཆི་བར་འགྱུར། །བཙས་ནས་ཉིན་ཞག་བདུན་པའི་དུས་ཀྱི་ཚེ། །ལུས་ལ་སྲིན་བུ་ཕྲ་མོ་འབུམ་བྱུང་ནས། །ལུས་ཀྱི་གནས་ཉིད་ཟ་བར་བྱེད་པ་སྟེ། །སྲིན་བུ་ཁ་ཅིག་སྐྲ་ཡི་རྩ་བ་ཟ། །དེ་བཞིན་མགོ་བོ་གླད་པ་མིག་རྩ་དང་། །ལ་ལ་རྣ་བ་སྣ་དང་ཤ་རུས་པགས། །རྩ་རུས་ནང་ཁྲོལ་སོགས་ལ་གནས་བཅས་ནས། །ཟ་ཕྱིར་ལུས་འདི་སྲིན་བུའི་ཚང་བཞིན་ནོ། །གཞན་ཡང་ཤ་རུས་རྣག་ཁྲག་བཤང་གཅི་དང་། །སྣབས་དང་ངར་སྣབས་མཆིལ་མ་ལ་སོགས་པ། །མི་གཙང་རྫས་ཀྱི་དངོས་པོ་སོ་དྲུག་དང་། །རླུང་མཁྲིས་བད་ཀན་འདུས་པའི་ནད་ཀྱི་གཞི། །མདོར་ན་ཉེ་བར་ལེན་པའི་ཕུང་བོ་འདི། །མི་གཙང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི། །འབྱུང་གནས་སྡུག་བདེན་ཉིད་ལས་མ་འདས་ཕྱིར། །བདེ་བར་སེམས་པ་གང་ཡིན་རྨོངས་པས་འཁྲུལ། །བདག་ཕུང་སྐྱེ་དང་རྒ་བ་ལ་སོགས་ཀྱང་། །དཀར་ནག་ལས་དང་ཉོན་མོངས་རྐྱེན་དབང་གིས། །འགྲུབ་པར་འགྱུར་གྱི་བྱེད་པོ་གཞན་མེད་པས། །རང་དབང་གྲུབ་པའི་བདག་ནི་ཡོད་མ་ཡིན། །རྟེན་ཅིང་འབྲེལ་བར་འབྱུང་བའི་བྱེད་ལས་ནི། །བསམ་གྱིས་མི་ཁྱབ་དེའི་རགས་པར་ཡང་། །རྨོངས་པ་ཁ་ཅིག་བུ་དང་བུ་མོ་ཉིད། །བདག་ཅག་རང་དབང་ཁོ་ན་བསྐྱེད་སྙམ་སེམས། །དེ་ལྟ་ཡིན་ན་བུ་དང་བུ་མོ་ཡི། །མིག་སྣ་རྣ་བ་ལྕེ་དང་སྒལ་ཚིགས་དང་། །རྩ་རྒྱུས་རྒྱུ་མ་སྙིང་མཆིན་གློ་བ་སོགས། །ལུས་ཀྱི་ཕྱི་ནང་བཀོད་པ་ཇི་སྙེད་པ། །དེ་དག་ཁྱེད་ཅག་གིས་ནི་བྱས་སམ་ཅི། །ཡིན་ན་མཁས་ཏེ་སྔོན་མེད་ངོ་མཚར་ཆེ། །དེ་ལྟར་མངལ་གྱི་གནས་ཚུལ་ལེགས་ཤེས་ན། །གཙང་བདེ་རྟག་པ་བདག་ཏུ་ལྟ་ལ་སོགས། །རྨོངས་པའི་ལྟ་ངན་གདོན་ལས་གྲོལ་འགྱུར་ཞིང་། །ཡང་དག་ལྟ་བ་འདྲེན་པའི་བག་ཆགས་འཇོག །ཇི་སྐད་བརྗོད་དེ་འཇིག་རྟེན་ཁམས་འདི་འདྲའི། །མངལ་སྐྱེས་ཉིད་ཀྱི་དབང་དུ་བྱས་པ་སྟེ། །མངོན་དགའི་ཞིང་ན་སྐྱེས་པ་བུད་མེད་གཉིས། །འཁྲིག་པའི་སྦྱོར་བ་མེད་ཀྱང་ཆགས་སེམས་ཀྱིས། །བུད་མེད་གང་ལ་ཡུད་ཙམ་བལྟས་པ་ན། །དེ་ཉིད་སྦྲུམ་མར་འགྱུར་ལ་དེ་ཕྱིན་ཆད། །འདོད་ཆགས་བྲལ་བའི་ཏིང་འཛིན་འཐོབ་པར་འགྱུར། །བུད་མེད་ཀུན་ཀྱང་ལྷ་མོ་གཞོན་ནུ་བཞིན། །རབ་མཛེས་ལྟ་བས་མི་ངོམས་ཡིད་འཕྲོག་མ། །མངལ་དུ་ཁྱེའུའམ་བུ་མོ་ཆགས་གྱུར་ན། །མ་བུ་གཉིས་ལའང་སྡུག་བསྔལ་གཏན་མེད་ཅིང་། །ཤིན་ཏུ་བདེ་ཆེན་ཉམས་སུ་མྱོང་བར་འགྱུར། །བུ་ཡི་ལུས་ཀྱང་ཕ་མའི་ས་བོན་ལས། །གྲུབ་པ་མིན་ཕྱིར་མངལ་ནས་སྐྱེ་བའི་ཚེ། །ཆུ་སེར་ཁྲག་སོགས་མི་གཙང་རིགས་ཀུན་གྱིས། །གོས་པ་མེད་པར་ཤེལ་གྱི་ཁང་བ་ནས། །ཕྱི་རོལ་འབྱུང་བ་ཇི་བཞིན་བདེ་བར་བཙའ། །ཞིང་དེའི་མི་རྣམས་ལྷ་བཞིན་མཛེས་མཚུངས་ཤིང་། །ཕུན་ཚོགས་སྐྱིད་པའི་དགའ་བདེར་རྟག་སྤྱོད་པས། །སྡུག་བསྔལ་བྱ་བའི་མིང་ཡང་ཡོད་མིན་ལ། །ཤི་འཕོས་གྱུར་ཚེའང་དག་པའི་ཞིང་དུ་འགྲོ། །མངོན་ཤེས་རྫུ་འཕྲུལ་ཐོགས་མེད་ལྡན་པ་དང་། །འཕགས་པའི་གང་ཟག་གྲངས་མེད་དཔག་ཏུ་མེད། །གང་དག་བདེ་བཞིན་སྐྱེ་དང་གནས་འདོད་ན། །མི་འཁྲུགས་རྒྱལ་བའི་ཞིང་དེར་སྐྱེ་འགྱུར་བའི། །ཚོགས་གསོག་སྒྲིབ་སྦྱོང་སྨོན་ལམ་རླབས་ཆེན་ཐོབ། །དེས་ནི་དེ་རུ་སྐྱེ་ཞེས་རྒྱལ་བས་བཤད། །མདོར་ན་མངོན་དགའ་བདེ་བ་ཅན་གཉིས་ཀྱི། །ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་ཅིང་། །མཚུངས་པ་ཉིད་ཅེས་མདོ་ལས་གསུངས་པའི་ཕྱིར། །ཞིང་དེར་སྐྱེ་བ་སྨོན་རྣམས་སྐལ་བ་བཟང་། །དེ་འདྲའི་དག་པའི་ཞིང་དུ་སྐྱེས་ནས་ཀྱང་། །མ་དག་ཞིང་གི་འགྲོ་རྣམས་འདྲེན་སྙམ་དུ། །དམ་བཅའ་སྙིང་རྗེས་དྲངས་པའི་ལྷག་བསམ་གྱིས། །ཤུགས་དྲག་སྨོན་ལམ་འདེབས་ལ་ཞུགས་ན་ལེགས། །ཅི་ཕྱིར་ཞེ་ན་སྙིགས་མའི་དུས་འདིར་ནི། །རང་ཅག་ལྟ་བུ་དང་བོའི་ལས་ཅན་གྱིས། །ས་ལམ་མཐོན་པོ་བསྐྱེད་པར་དཀའ་བའི་ཕྱིར། །རེ་ཞིག་འདུན་པ་དེ་ལྟར་གཏོང་བར་རིགས། །ཚུལ་འདིར་ཚུལ་བཞིན་འབད་ལས་བྱུང་བའི་དགེས། །སྐྱེ་དང་སྐྱེ་བར་དལ་འབྱོར་རྟེན་རྙེད་ཅིང་། །ཡང་དང་ཡང་དུ་ཆོས་ལ་སྤྱོད་པ་ཡིས། །མྱུར་བ་མྱུར་བར་སངས་རྒྱས་ཐོབ་གྱུར་ཅིག །ཅེས་དགའ་བོ་མངལ་འཇུག་གི་མདོའི་དགོངས་པ་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་འདི་ཡང་། དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་པས་རྐྱེན་བྱས་ཏེ། །ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། ཐུབ་པའི་དབང་པོས་ལེགས་པར་བཤད་པའི་དོན་བཞིན་གཞན་གྱིས་ཀྱང་ཤེས་ན་ཅི་མ་རུང་སྙམ་ནས་སྦྱར་བའོ། །མངྒ་ལཾ།། །།

ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོའི་དོན་ཉམས་སུ་ལེན་ཚུལ་བསོད་ནམས་ཀྱི་འབྱུང་གནས་ཆེན་པོ།

ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོའི་དོན་ཉམས་སུ་ལེན་ཚུལ་བསོད་ནམས་ཀྱི་འབྱུང་གནས་ཆེན་པོ་ཞེས་བྱ་བ་བཞུགས།

སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །འདིར་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོའི་དོན་ཉམས་སུ་ལེན་ཚུལ་ལ་གསུམ། སྦྱོར་བ་དང་། དངོས་གཞི་དང་། ཕན་ཡོན་ནོ། །དང་པོ་ལ་ཡུལ་ནི་ལྟུང་བཤགས་ཀྱི་མཇུག་ཏུའམ། ཚོགས་ཞིང་སྤྱན་དྲངས་པའི་མདུན་ནམ། འཇུག་པ་མེད་པ་ནི་རང་བཞིན་གྱི་གནས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ་དད་པ་ཤུགས་དྲག་པོས། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ཁྱེད་རྣམས་ལ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ན་མཆོད་པའི་ཚོགས་མཆོག་དམ་པ་ཁྱད་པ་ཅན་གྱ་ནོམ་པ་ཕུལ་དུ་བྱུང་བ་བླ་ན་མེད་པ་རྒྱ་ཆེ་ཞིང་བསམ་གྱིས་མི་ཁྱབ་པ་ཇི་སྙེད་མཆིས་པ་ཐམས་ཅད་འབུལ་ལོ། །མཆོད་དོ། །བཀུར་བསྟིར་བགྱིའོ། །བླ་མར་བགྱིའོ། །མཉེས་པར་བགྱིའོ། །ཞེས་ལན་གཅིག་གམ་གསུམ་སོགས་བརྗོད་ཀྱང་ལེགས། གཉིས་པ་ལ་བཤགས་པ་སོགས་བཞི་ལས་དང་པོ་ནི། པུས་བཙུགས་ཐལ་མོ་སྦྱར་ཏེ་ཉིན་ལན་གསུམ་མཚན་ལན་གསུམ་མམ། ལན་ཅིག་ཡིན་ཡང་རུང་སྟེ། འདི་ལྟར། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་དག་ཐམས་ཅད་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་མཆོད་པའི་གནས། ཕྱག་བགྱི་བའི་གནས། རི་མོར་བགྱི་བའི་གནས། མཁྱེན་པར་གྱུར་བ། དབང་དུ་གྱུར་བ། ཚད་མར་གྱུར་བ། མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཐོག་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་གཟིར་ཏེ། ལུས་ངག་ཡིད་གསུམ་གྱིས་ལས་ཀྱི་སྒྲིབ་པ་གང་མངོན་པར་འདུ་བགྱིས་པ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་དགེ་བ་དང མི་དགེ་བ་མ་འཚལ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། ཆོས་སྤངས་པ་དང་། དགེ་འདུན་གྱི་དབེན་བྱས་པ་དང་། དགྲ་བཅོམ་པ་དང་ཕ་མ་བཀུམ་པ་དང་། ལུས་ཀྱི་གསུམ་ངག་གི་བཞི་ཡིད་ཀྱི་གསུམ་སྟེ་མི་དགེ་བ་བཅུའི་ལས་ཀྱི་ལམ་བགྱིས་པ་དང་། བགྱིད་དུ་སྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང་། སེམས་ཅན་ཁ་ཅིག་ལ་ངག་རྩུབ་པོ་སྨྲས་པ་དང་། སྐུར་བ་བཏབ་པ་དང་། སྲང་དང་གཞལ་བ་ལ་གཡོ་བགྱིས་པ་དང་། འགྲོ་བ་དྲུག་ཏུ་འཁོར་བ་ན་ཕ་མ་མི་དགའ་བར་བགྱིས་པ་དང་། གང་ཟག་གིའམ་མཆོད་རྟེན་གྱིའམ་དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་གྱི་ནོར་བརྐུས་པ་དང་། བསླབ་པའི་གཞི་ཇི་ལྟར་བཅས་པ་རྣམས་དང་འགལ་བར་བགྱིས་པ་དང་། མཁན་སློབ་ཀྱིས་བསྒོ་བ་ལ་མ་ཉན་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང་། དེ་ལས་གཞན་པའི་སེམས་ཅན་རྣམས་ལ་མི་སྙན་པར་སྨྲས་པ་དང་། སྤྱོས་པ་དང་བརྡེགས་པ་དང་། དེ་དག་ལ་ཐ་བ་དང་ཞེ་སྡང་བསྐྱེད་པ་དང་ཕྲག་དོག་དང་སེར་སྣའི་དབང་གིས་སངས་རྒྱས་རྣམས་ལ་ཚིག་རྩུབ་པོ་སྨྲས་པ་དང་། ཆོས་ལ་ཆོས་མ་ཡིན་པ་དང་ཆོས་མ་ཡིན་པ་ལ་ཆོས་ལགས་ཞེས་བགྱིས་པ་དང་། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་བདག་སེམས་ཅན་དམྱལ་བ་དང་། ཡི་དྭགས་ཀྱི་ཡུལ་དང་། ལྷ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དང་། དཀོན་མཆོག་གསུམ་ལ་མཉེས་པར་བགྱིད་པར་མི་འགྱུར་བ་དང་། མི་ཁོམ་པ་རྣམས་སུ་སྐྱེ་བར་འགྱུར་བ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཇི་སྙེད་བྱས་པ་དང་བྱེད་བཞིན་པ་དང་བྱེད་པར་འགྱུར་བ་ཐམས་ཅད་ཀྱང་། སེམས་ཅན་གཞན་གྱི་ལས་ཀྱི་སྒྲིབ་པ་དང་ལྷན་ཅིག་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པར་གྱུར་བ། སྤྱན་དུ་གྱུར་བ། དཔང་དུ་གྱུར་བ། ཚད་མར་གྱུར་བ། མཁྱེན་པ་དང་ལྡན་པ་དང་། གཟིགས་པ་དང་ལྡན་པ་དེ་དག་གི་སྤྱན་སྔར་སོ་སོར་འཆགས་སོ། །མཐོལ་ལོ། །མི་འཆབ་པོ། སླན་ཆད་ཀྱང་མི་བགྱིད་དོ། །བདག་མི་ཁོམ་པར་སྐྱེ་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་དེ་དག་གི་རྣམ་པར་སྨིན་པ་ལུས་འདི་ཉིད་ལ་སྨིན་ཏེ་ཚེ་རབས་གཞན་དུ་མི་མྱོང་བར་ཤོག་ཅིག །ཇི་ལྟར་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་སྤྱོད་ན་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པ་དང་། འཆགས་པ་འགྱུར་བ་དང་། མ་བཅབས་པ་དང་། མི་འཆབས་པ་དེ་བཞིན་དུ་བདག་གིས་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ། །མཐོལ་ལོ། །མི་འཆབ་བོ། སླན་ཆད་ཀྱང་མི་བགྱིད་དོ། །དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་རྟེན་ཅིང་འབྱུང་བ་སྟེ། རྒྱུ་དང་རྐྱེན་གཞན་དང་གཞན་གྱིས་གཞན་སྐྱེའོ། །གཞན་འགག་གོ །དེ་ལ་འདས་པའི་ཆོས་གང་ཡིན་པ་དེ་དག་གི་འགག་པ་ཟད་པ་བྲལ་བ་རྣམ་པར་འགྱུར་བ། འདུ་བྱེད་གང་ཡིན་པ་རྣམས་ཀྱང་རང་བཞིན་གྱིས་སྟོང་བ་ལས་བྱུང་བ་སྟེ། དེ་དག་ལ་ཡང་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་དོ། །ཆོས་ཐམས་ཅད་ངོ་བོས་སྟོང་བ། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། མ་སྐྱེས་པ། མ་འགགས་པ། འདུས་མ་བྱས་པའོ། །ཞེས་གསུངས་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བདེན་པ་དེས་ཀྱང་། བདག་གི་ལས་ཀྱི་སྒྲིབ་པ་རྣམས་བྱང་ཞིང་ཟད་པར་གྱུར་ཅིག །གཉིས་པ་རྗེས་སུ་ཡི་རང་བའི་ཕུང་བོ་ནི། གཞན་ཡང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དུས་གསུམ་གྱི་སེམས་ཅན་གང་སུ་དག་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུ་བགྱིས་པ་དང་། བགྱིད་པར་འགྱུར་བ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དང་། བསྐལ་བ་བརྒྱས་འབྱུང་བ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་བོ་གང་ལགས་པ་དང་། དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་ཇི་སྙེད་མངོན་པར་འདུ་བགྱིས་པ་དང་། བགྱིད་པར་འགྱུར་བ་གང་ལགས་པ་དང་། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བསྐོར་བར་འགྱུར་བ་ནས་ཉམ་བག་ཏུ་སྤྱོད་དུ་བཙུད་པ་དང་། འཛུད་པའི་བར་གྱི་དགེ་བའི་རྩ་བ་གང་ལགས་པ་དང་། དེ་ལ་ཉན་ཐོས་གྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང་བྱང་ཆུབ་སེམས་དཔའི་ཐེག་པའམ། དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་དགེ་བའི་རྩ་བ་བསྐྱེད་པ་དང་། བསྐྱེད་པར་འགྱུར་བ་གང་ལགས་པ་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ཡི་རང་ངོ་། །རྗེས་སུ་ཡི་རང་བ་དམ་པ། གཙོ་བོ། ཁྱད་པར་ཅན། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། ལྟག་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ་། །ཇི་ལྟར་སངས་རྒྱས་བཅོམ་ལྡན་རྣམས་ཀྱིས་རྗེས་སུ་ཡི་རང་བར་གནང་བ་དེ་ལྟར་རྗེས་སུ་ཡི་རང་ངོ་། །གསུམ་པ་བསྐུལ་ཞིང་གསོལ་བ་འདེབས་པའི་ཕུང་བོ་ནི། གཞན་ཡང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བདག་ཕྱག་འཚལ་ལོ། །དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བགྱིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྐྱེ་བོ་མང་བོ་ལ་སྨན་པ་དང་། སྐྱེ་བོ་མང་བོ་ལ་བདེ་བ་དང་། སྐྱེ་བོ་མང་བོ་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཏུ་གསོལ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྟན་དུ་གསོལ། ཆོས་ཀྱི་ཚུལ་རབ་ཏུ་བཟུང་དུ་གསོལ། ཆོས་ཀྱི་སྦྱིན་པ་མཛད་དུ་གསོལ། ཆོས་ཀྱི་སྒྲོན་མེ་འབར་དུ་གསོལ། ཆོས་ཀྱི་ཆར་དབབ་ཏུ་གསོལ། ཆོས་ཀྱི་རྔ་བརྡུང་དུ་གསོལ། ཆོས་ཀྱི་རྔ་བོ་ཆེ་བརྡུང་དུ་གསོལ། ཆོས་ཀྱི་དུང་འབུད་དུ་གསོལ། ཆོས་ཀྱི་སྲོག་ཤིང་བསྒྲེང་དུ་གསོལ། ཉམ་བག་ཏུ་སྤྱོད་དུ་འཛུད་པར་མཛད་དུ་གསོལ་ལོ། །གང་དག་དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སྨྲ་ཚེའི་འདུ་བྱེད་གཏོང་བར་བཞེད་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བདག་ཕྱག་འཚལ་ཞིང་གསོལ་བ་འདེབས་སོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་སྐྱེ་བོ་མང་བོ་ལ་སྨན་པ་དང་བདེ་བ་དང་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས། ཉམ་བག་ཏུ་སྤྱོད་དུ་འཛུད་པའི་བར་གྱི་ཕྱིར་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ་ལོ། །བཞི་བ་བསྔོ་བའི་ཕུང་བོ་ནི། གཞན་ཡང་། བདག་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ། དཀོན་མཆོག་གསུམ་མམ། གང་ཟག་གཞན་དང་། ཐ་ན་དུད་འགྲོའི་སྐྱེས་གནས་སུ་སོང་བ་དག་ལ་ཡང་ཟན་ཆང་གཅིག་སྩལ་བ་དང་། སྐྱབས་སུ་སོང་བ་དང་། བསླབ་པའི་གཞི་ཡང་དག་པར་བླངས་པ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། གསོལ་བ་གདབ་པ་ལ་སོགས་པ་སྒོ་གསུམ་གྱིས་དགེ་བའི་རྩ་བ་ཇི་སྙེད་ཅིག་མངོན་པར་འདུ་བགྱིས་པ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་གཞལ་བཟླུམས་ཏེ། དུལ་བ་དང་རྣམ་པར་གྲོལ་བ་དང་བཟུང་བ་མ་མཆིས་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་ཅིང་གཟིགས་ནས་དགོངས་པ་ལྟར་བདག་གི་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ལ་བཏང་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱང་ལག་ན་རིན་པོ་ཆེ་དང་ལྡན་པར་གྱུར་ཅིག །ནམ་མཁའི་མཛོད་དང་ལོངས་སྤྱོད་དང་བསོད་ནམས་དང་ཆོས་དང་ཡེ་ཤེས་དང་སྤོབས་པ་ཟད་མི་ཤེས་པ་དང་ལྡན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ལ་བཏང་བ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསོད་ནམས་གང་མངོན་པར་འདུ་བགྱིས་པ་དང་། བགྱིད་པར་འགྱུར་བ་ཐམས་ཅད་གཅིག་ཏུ་བསྡུས་གཞལ་བཟླུམས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའི། དགེ་བའི་རྩ་བ་དེའི་མཐུས་བདག་དང་སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔོ་བར་འགྱུར་བ་དང་། ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་དགེ་བའི་རྩ་བ་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བའི་ཕྱིར་ཡོངས་སུ་བསྔོ་བར་བགྱིའོ། །དགེ་བའི་རྩ་བའི་རིགས་གང་ཡིན་པ་དང་བཞིན་དང་མཚན་ཉིད་དང་ཆོས་ཉིད་གང་གིས་ཡོངས་སུ་བསྔོ་བ་བླ་ན་མེད་པར་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། དེ་ལས་གཞན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆགས་པ་མེད་པ་བརྙེས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པ་དེ་བཞིན་དུ། བདག་དང་སེམས་ཅན་ཐམས་ཅད་ཀྱང་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་བྱེད་ནུས་པར་གྱུར་ཅིག་ཅེས་བྱའོ། །དེ་ནས་ཕྱག་འཚལ་བ་དང་ཞེས་སོགས་དང་། རྨད་བྱུང་སྲས་བཅས་སོགས་ཀྱང་བརྗོད་དོ། །དེ་དག་ཅུང་ཟད་རེ་འབྲི་བསྣན་མ་གཏོགས་མདོ་ཚིག་བཞིན་ནོ། །གསུམ་པ་ཕན་ཡོན་ནི། མདོ་དེ་ཉིད་ལས། ཤཱ་རིའི་བུ་དེ་ལྟ་བས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་རྣམ་པར་དག་པ་ཐོབ་པར་འདོད་པས། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །ཞེས་དང་། རྒྱལ་རིགས་དང་རྗེ་རིགས་དང་བྲམ་ཟེའི་རིགས་དང་ཁྱིམ་བདག་གི་རིགས་ཕྱུག་ཅིང་ནོར་མང་བ་ལོངས་སྤྱོད་ཆེ་བ་རྣམས་དང་། འདོད་ཁམས་ཀྱི་ལྷ་རྣམས་དང་། གཟུགས་ཁམས་ཀྱི་ལྷར་སྐྱེ་བ་དང་། ཉན་ཐོས་དང་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འདོད་པས་ཀྱང་ལས་ཀྱི་སྒྲིབ་པ་རྣམས་དེ་ལྟར་བཤགས་པར་གསུངས་སོ། །ཡང་དེ་ཉིད་ལས། ཤཱ་རིའི་བུ་འདི་ནི་རྗེས་སུ་ཡི་རང་བའི་ཕུང་བོ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་རྗེས་སུ་ཡི་ར ང་བ་འདིས་རྗེས་སུ་ཡི་རང་ན་བསོད་ནམས་ཀྱི་ཕུང་བོ་དཔག་ཏུ་མེད་པ་བསྐྱེད་དོ། །ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ནམ། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ་ཟག་པ་ཟད་པར་གྱུར་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་དག་ལ་གོས་དང་ཟས་དང་ན་བའི་གསོ་སྨན་དང་ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་པ་བས། གང་ཞིག་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་ན་དེ་ནི་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ། །ཞེས་གསུངས་པ་དང་། དེ་ཉིད་ལས། ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སམ། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་ཇི་སྙེད་པ་དེ་དག་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་དབུལ་བ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་གསོལ་བ་བཏབ་ན། དེ་ནི་དེ་བས་ཀྱང་བསོད་ནམས་ཆེས་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ། །ཞེས་གསུངས་ཤིང་། ཡང་དེ་ཉིད་ལས། ཤཱ་རིའི་བུ་འདི་ནི་སྔོ་བའི་ཕུང་བོ་སྟེ། བསོད་ནམས་ཀྱི་ཕུང་བོ་སྔ་མས་བསོད་ནམས་ཀྱི་ཕུང་བོ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བས་ནས་དཔེའི་བར་དུ་ཡང་མི་བཟོད་དོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། ལྷའི་དབང་བོ་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་སྒྲུབ་པ་དང་། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་གཅེས་སྤྲས་བྱེད་པ་ཡིན་ནོ། །ཞེས་གསུངས་པ་རྣམས་ཤེས་པར་བྱའོ། །དེ་ལྟར་མདོའི་དོན་དང་མཐུན་པར་ཉམས་སུ་བླངས་ན་ཕ ན་ཡོན་ཆེ་བར་བསམས་ཏེ། མདོ་ནས་འབྱུང་བ་ལྟར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་གཟིམས་ཁང་ཉིད་ནས་གུས་པས་ཀུན་ནས་བསླངས་ཏེ་ཉེ་བར་བགྱིས་པའི་ཡི་གེ་ལའང་རང་ཉིད་དོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག། །།

ཚོགས་གསོག་ཅིང་དཀོར་སྒྲིབ་སྦྱོང་བྱེད་གངྒཱའི་ཆུ་རྒྱུན།

ཚོགས་གསོག་ཅིང་དཀོར་སྒྲིབ་སྦྱོང་བྱེད་གངྒཱའི་ཆུ་རྒྱུན་ཞེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། འདིར་ཚོགས་གསོག་པ་དང་དད་རྫས་སོགས་ཀྱི་དཀོར་སྒྲིབ་སྦྱོང་བའི་ཐབས་གསག་སྦྱང་གི་གནད་བསྡུས་པ་ཇི་ལྟར་བྱ་བ་ནི། སྤྱིར་ཚོགས་ཞིང་གང་ལ་བརྟེན་པ་དེའི་དྲུང་དུ་བྱས་ཀྱང་རུང་མོད། དམིགས་ཕུགས་པའི་གོ་རིམས་ལེགས་པར་བསྒྲིགས་ཏེ་བྱས་ན་ལེགས་པས་དེའི་ཚུལ་ནི། མཆོག་གསུམ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཆོས་ཉིད་རྣམ་དག་རྟེན་འབྲེལ་བདེན་པའི་མཐུས། །གནས་འདི་བདེ་ལྡན་ཞིང་ལྟར་སྣོད་བཅུད་ཀྱི། །འབྱོར་ལྡན་མཆོད་ཚོགས་རྒྱ་མཚོས་ཁྱབ་གྱུར་ཅིག །དེར་ནི་པདྨ་འདབ་མ་སྟོང་ལྡན་དབུས། །རབ་མཛེས་སེངྒེའི་ཁྲི་སྟེང་ཟླ་བའི་གདན། །མཐའ་སྐོར་ཁོར་ཡུག་འདབ་མ་རྒྱས་པའི་སྟེང་། །གྲངས་མེད་ཟླ་བའི་གདན་གྱིས་མཛེས་གྱུར་ཅིག ། ཅེས་བདེན་པའི་བྱིན་བརླབ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་སོགས་ཤོ་ལོ་ཀ་གཅིག་དང་། །ཕྱོགས་བཅུའི་ཞིང་ནས་རྩ་བརྒྱུད་བླ་མ་དང་། །ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དང་། །ཉན་རང་དཔའ་བོ་མཁའ་འགྲོ་བསྟན་སྲུང་བཅས། །འདིར་གཤེགས་རང་རང་གདན་ལ་བཞུགས་སུ་གསོལ། །ཞེས་པས་སྤྱན་དྲངས་ཏེ་བཞུགས་པའི་མོས་པ་ཤུགས་ཅན་བྱ། དེ་ནས་དང་པོ་ཕྱག་འཚལ་བ་ནི། རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་བསྡུས་ཤིང་། །དམ་ཆོས་མ་ལུས་འབྱུང་བའི་སྒོ་གཅིག་པུ། །དངོས་གྲུབ་རྩ་བ་དྲིན་ཅན་བླ་མ་དང་། །རྡོ་རྗེ་འཆང་ཆེན་དབྱེར་མེད་གུས་ཕྱག་འཚལ། །ཐུགས་བསྐྱེད་སྙིང་སྟོབས་བརྩོན་འགྲུས་མཆོག་གིས་ནི། །སྙིགས་དུས་འགྲོ་ལ་ལྷག་པར་རྗེས་སུ་བརྩེ། །བདེ་གཤེགས་གཞན་ལས་ཐུགས་རྗེ་ཆེས་དཔའ་བ། །ཐུབ་དབང་སྨྲ་བའི་དམ་པར་གུས་ཕྱག་འཚལ། །རྒྱལ་བའི་རྒྱལ་ཚབ་མི་ཕམ་ཆོས་ཀྱི་རྗེ། །མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་ཞབས། །ཟླ་མེད་སྐྱབས་གྱུར་རྣམས་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་གཉིས་པར་ཆེར་གྲགས་དབྱིག་གཉེན་ཞབས། །འཕགས་གྲོལ་མཆོག་གི་སྡེ་དང་དུལ་བའི་སྡེ། །སེང་བཟང་གསེར་གླིང་བ་དང་ཨ་ཏི་ཤ །རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་ཕྱག་འཚལ་ལོ། །འཕགས་པ་ལྷ་དང་ཟླ་གྲགས་ཞི་བ་ལྷ། །རིགས་པའི་ཁུ་བྱུག་འབྲོམ་སྟོན་པུ་ཏོ་བ། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་སོགས། །ཟབ་མོ་ལྟ་བའི་བརྒྱུད་ལ༴ ཨིནྡྲ་བྷོ་དྷི་ས་ར་ཧ་བ་དང་། །ལཱུ་ཧི་དྲིལ་བུ་པ་དང་ནག་པོ་སྤྱོད། །ཏེ་ལོ་ན་རོ་ལ་ལི་ཏ་ལ་སོགས། །གྲུབ་ཆེན་བླ་མ་རྣམས་ལ༴ ཀུན་སྙིང་སངས་རྒྱས་གསང་བ་ཤཱཀྱ་བཤེས། །ཕྱོགས་གླང་ཆོས་གྲགས་ཤནྟི་ཨ་བྷ་ཡ། །ཞི་འཚོ་པདྨའི་ངང་ཚུལ་སྒེག་རྡོར་སོགས། །འཕགས་ཡུལ་པཎ་ཆེན་རྣམས༴ ས་པཎ་བུ་སྟོན་རེ་མདའ་དབུ་མ་བ། །ལྷོ་བྲག་གྲུབ་ཆེན་འཇམ་དཔལ་རྒྱ་མཚོའི་དཔལ། །རྒྱལ་ཚབ་མཁས་གྲུབ་འདུལ་འཛིན་དགེ་འདུན་གྲུབ། །ནོར་བཟང་རྒྱ་མཚོའི་ཞབས་ལ༴ ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དཔལ། །མདོ་རྒྱུད་ཀུན་མཁྱེན་པཎ་ཆེན་བསོད་ནམས་གྲགས། །རིགས་པའི་དབང་ཕྱུག་རྗེ་བཙུན་བསྟན་དར་སོགས། །བོད་ཡུལ་བླ་མ་རྣམས༴ ཁྱད་པར་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་རྗེ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་དཔལ། །མཆོག་སྤྲུལ་འགྲོ་མགོན་བློ་བཟང་ཡེ་ཤེས་ཞབས། །རྗེ་བཙུན་བསྐལ་བཟང་རྒྱ་མཚོར༴ གང་ལས་མདོ་རྒྱུད་དབང་ལུང་མན་ངག་གི །ཆ་ཤས་ཕྲ་མོ་ཡན་ཆད་ཅི་ཞིག་ཀྱང་། །བཀའ་དྲིན་མནོས་པའི་བཤེས་གཉེན་དམ་པ་སོགས། །དྲིན་ཅན་བླ་མ་རྣམས༴ སྙིགས་འགྲོར་རྗེས་བརྩེ་རྒྱལ་བ་སྨན་གྱི་བླ། །མངོན་དགའི་ཞིང་གི་འདྲེན་པ་མི་འཁྲུགས་པ། །བདེ་ལྡན་མགོན་པོ་སྣང་མཐའ་ཚེ་དཔག་མེད། །ཀུན་གཟིགས་ཆེན་པོའི་ཞབས་ལ༴ རྣམ་སྣང་ལ་སོགས་རྒྱལ་བ་རིགས་ལྔ་དང་། །རྣམ་གཟིགས་ལ་སོགས་སངས་རྒྱས་དཔའ་བོ་བདུན། །མཚན་ལེགས་ཡོངས་བསྒྲགས་ལ་སོགས་བདེ་གཤེགས་བརྒྱད། །བསྐལ་བཟང་སངས་རྒྱས་སྟོང་ལ༴ ཤཀ་ཐུབ་ལ་སོགས་བདེ་གཤེགས་སོ་ལྔ་དང་། །ཉི་ཟླ་མར་མེ་གསལ་དང་མར་མེ་མཛད། །འོད་མི་འགྱུར་དང་ཀུན་དཔལ་རྣམ་བཀོད་སོགས། །དུས་གསུམ་སངས་རྒྱས་རྣམས༴ མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་འདས་པ་བརྗོད། །སྐྱེས་རབ་ཤིན་རྒྱས་རྨད་བྱུང་གཏན་ཕབ་སྡེའི། །ཡན་ལག་བཅུ་གཉིས་གསུང་ལ༴ འདུལ་མངོན་མདོ་སྡེ་ཕ་རོལ་ཕྱིན་པའི་གཞུང་། །བྱ་སྤྱོད་ཡོ་ག་རྣལ་འབྱོར་བླ་མེད་རྒྱུད། །གང་གི་དགོངས་འགྲེལ་ལེགས་བཤད་ཆོས་ཀྱི་ཚུལ། །ལུང་གི་དམ་ཆོས་རྣམས༴ བསླབ་གསུམ་ངེས་འབྱུང་བྱང་སེམས་ཡང་དག་ལྟ། །ཕྱིན་དྲུག་ས་བཅུ་ལམ་ལྔ་རིམ་གཉིས་སོགས། །གྲོལ་བྱེད་ལམ་དང་གྲོལ་བའི་འགོག་པ་སྟེ། །རྟོགས་པའི་དམ་ཆོས་རྣམས༴ བྱམས་པ་འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས། །ས་སྙིང་སྒྲིབ་སེལ་ནམ་སྙིང་ཀུན་ཏུ་བཟང་། །བློ་གྲོས་མི་བཟད་སྤོབས་བརྩེགས་ནམ་མཁའ་མཛོད། །བྱང་ཆུབ་སེམས་དཔའི་ཚོགས་ལ༴ གདུང་སེལ་སྣང་བ་བརྩེགས་སོགས་རང་རྒྱལ་དང་། །འོད་སྲུང་རབ་འབྱོར་ལ་སོགས་ཉན་ཐོས་བརྒྱད། །ཡན་ལག་འབྱུང་སོགས་གནས་བརྟན་བཅུ་དྲུག་བཅས། །འཕགས་པའི་དགེ་འདུན་རྣམས་ལ༴ དཔལ་ལྡན་གསང་བ་འདུས་པ་འཁོར་ལོ་སྡོམ། །དགྱེས་རྡོར་དུས་ཀྱི་འཁོར་ལོ་གཤིན་རྗེ་གཤེད། །རྡོར་དབྱིངས་ཀུན་རིག་ལ་སོགས་རྒྱུད་སྡེ་བཞིའི། །དཀྱིལ་འཁོར་ལྷ་ཚོགས་རྣམས༴ གདུགས་དཀར་སྒྲོལ་མ་རྣམ་རྒྱལ་དབྱངས་ཅན་མ། །སེང་གདོང་རི་ཁྲོད་མ་དང་འོད་ཟེར་ཅན། །རལ་གཅིག་ཙུནྡ་མཁའ་འགྲོ་སྡེ་ལྔ་སོགས། །ཞི་ཁྲོ་ལྷ་མོའི་ཚོགས་ལ༴ ཡེ་ཤེས་བཅུ་ཡི་བདག་ཉིད་ལས་བྱུང་ཞིང་། །ཕྱོགས་མཚམས་གདོན་བགེགས་ཚར་གཅོད་འཇིགས་ཚུལ་ཅན། །ཧཱུཾ་མཛད་འཁོར་བསྒྱུར་གཤིན་རྗེ་གཤེད་ལ་སོགས། །སྟོབས་ཆེན་ཁྲོ་རྒྱལ་རྣམས་ལ༴ ཡེ་ཤེས་མགོན་པོ་ཕྱག་དྲུག་ཕྱག་བཞི་བ། །ཞལ་བཞི་གུར་མགོན་བྲམ་གཟུགས་ཆོས་ཀྱི་རྒྱལ། །དམར་ཟོར་རྒྱལ་མོ་རྣམ་སྲས་བེག་རྩེ་སོགས། །ཆོས་སྐྱོང་སྲུང་མའི་ཚོགས་ལ༴ ཕྱག་བྱར་འོས་པ་ཞེས་སོགས་ཀྱིས་ཕྱག་འཚལ། གཉིས་པ་མཆོད་པ་ནི། སླུ་མེད་སྐྱབས་ཀྱི་དམ་པ་ཁྱེད་རྣམས་ལ༴ མ་ལུས་ཞིང་གི་མཆོད་ཡོན་ཞབས་བསིལ་དང་། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་འདོད་ཡོན་ཚོགས་རྣམས་འབུལ། །འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང་། །གླང་ཆེན་རྟ་མཆོག་དམག་དཔོན་རིན་ཆེན་བདུན། །གདུགས་དང་གསེར་ཉ་གཏེར་བུམ་པདྨ་དུང་། །དཔལ་བེའུ་རྒྱལ་མཚན་འཁོར་ལོ་རྣམས་ཀྱང་འབུལ། ཁྲུས་རྫིང་གོས་དང་རིན་ཆེན་གཞལ་མེད་ཁང་། །བླ་རེ་བ་དན་དབུ་རྒྱན་བསྟོད་དབྱངས་སྒྲ། །གླིང་བཞི་ཉི་ཟླ་རི་རབ་སྟོང་གསུམ་སོགས། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །གང་དག་བདག་ལ་རེ་ཞིང་བལྟོས་པ་ཡིས། །བཟའ་བཏུང་གོས་དང་རིན་ཆེན་རིགས་ལ་སོགས། །བསྔོས་ཤིང་སྦྱིན་པ་བྱུང་དང་འབྱུང་འགྱུར་རྣམས། །འབུལ་ལོ་མཆོད་དོ་བཞེས་ནས་བྱིན་གྱིས་རློབས། །ཇི་ལྟར་ཀུན་བཟང་འཇམ་དབྱངས་ལ་སོགས་པས། །ཕྱོགས་བཅུའི་རྒྱལ་བ་མཆོད་པས་མཉེས་མཛད་པ། །དེ་བཞིན་བདག་གིས་མཆོད་པའི་ཚོགས་ཀུན་གྱིས། །སྐྱབས་གནས་དམ་པ་འཁོར་བཅས་མཆོད་པར་བགྱི། །གསུམ་པ་བཤགས་པ་ནི། བདག་གཞན་ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ། །བསླབ་བྱ་རྣམས་དང་འགལ་བར་གྱུར་བ་ཡི། །བཅས་རང་སྡིག་ལྟུང་ཐམས་ཅད་སོ་སོར་བཤགས། །གང་གིས་བདག་ལ་ཟས་སྦྱིན་སྐོམ་བླུད་དང་། །མཁོ་བའི་ཡོ་བྱད་ལ་སོགས་དངོས་ཀུན་གྱིས། །མཆོད་ཅིང་བསྙེན་བཀུར་བྱེད་དང་བྱེད་འགྱུར་དེའི། །སྡིག་སྒྲིབ་ཐམས་ཅད་བཤགས་སོ་བྱང་བར་མཛོད། །ཡན་ལག་ལྷག་མ་ནི། རང་གཞན་སྐྱེ་འཕགས་ཀུན་གྱི་རྣམ་དཀར་ལ། །བསམ་པ་དག་པས་རྗེས་སུ་ཡི་རང་ཞིང་། །རྒྱལ་སྲས་ཉན་རང་འཕགས་པའི་ཚོགས་རྣམས་ལ། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ། །གང་དག་མྱ་ངན་འདའ་ཚུལ་སྟོན་བཞེད་ཀུན། །དེ་དག་མྱ་ངན་མི་འདའ་རྟག་བཞུགས་གསོལ། །འདི་ལྟར་བགྱིས་པའི་དགེ་མཚོན་དུས་གསུམ་གྱི། །རྣམ་དཀར་ཇི་སྙེད་བསགས་བསྡོམས་ཐམས་ཅད་ཀྱང་། །བདག་དང་ཕ་མར་གྱུར་བའི་འགྲོ་བ་རྣམས། །ངན་སོང་ལས་གྲོལ་རྫོགས་བྱང་ཐོབ་ཕྱིར་བསྔོ། །བླ་མ་དཀོན་མཆོག་གསུམ་དང་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོར་བཅས། །སྐྱབས་མགོན་དམ་པ་འཁོར་བཅས་ཁྱེད་རྣམས་ལ། །གུས་པས་སྐྱབས་མཆི་རྩེ་གཅིག་གསོལ་བ་འདེབས། །ཐུགས་རྗེ་ཆེ་ལྡན་སྐྱབས་མཆོག་ཁྱེད་རྣམས་ཀྱིས། །བདག་དང་བདག་ལ་རེ་བལྟོས་འཆའ་བྱེད་པའི། །འགྲོ་རྣམས་ངན་སོང་འཁོར་བའི་སྡུག་བསྔལ་ལས། །མྱུར་དྲོངས་རྫོགས་པའི་སངས་རྒྱས་ཐོབ་བྱིན་རླབས། །ཕྱི་མ་འདི་ལན་གསུམ་སོགས་བྱས་ཀྱང་ལེགས་ཤིང་། དེ་ལྟར་གསོལ་བས་ཚོགས་ཞིང་ཐམས་ཅད་ལས། །འོད་དང་བདུད་རྩིའི་རྒྱུན་བྱུང་རང་བཞིན་གྱི། །སྤྱི་བོ་ནས་ཞུགས་ཉེས་པའི་ཚོགས་སྦྱང་ནས། །འོད་ཞུ་རང་ལ་ཐིམ་པས་བྱིན་རླབས་གྱུར། །ཞེས་བྱའོ། །བསྡུ་ན། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་སོགས་ཤླཽ་ཀ་གཅིག་དང་། ཐུགས་རྗེའི་བདག་ཉིད་རྩ་བརྒྱུད་བླ་མ་དང་། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གི་མཐར། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །ཞེས་སོགས་ཚིག་བཅད་གཅིག་བརྗོད། །ལྷར་བཅས་འགྲོ་བའི་སྟོན་པ་ཟས་གཙང་སྲས། །རྒྱལ་བའི་རྒྱལ་ཚབ་དམ་པ་མི་ཕམ་མགོན། །མཁྱེན་པའི་གཏེར་གྱུར་རྗེ་བཙུན་འཇམ་པའི་དབྱངས། །སངས་རྒྱས་བྱང་སེམས་གསུམ་ལ་ཕྱག་འཚལ་ལོ། །ཀླུ་སྒྲུབ་ཨཱཪྱ་དེ་བ་སོགས་དང་། ཟབ་མོ་ལྟ་བའི་བརྒྱུད་སོགས་དང་། རབ་འབྱོར་གསུང་རབས་སོགས་དང་། ཕྱོགས་བཅུའི་འགྲོ་ལ༴ །།༴ ༴ ༴།། མཚན་ལེགས་རིན་ཆེན༴ །།༴ ༴ ༴།། སངས་རྒྱས་རྣམ་གཟིགས༴ །།༴ ༴ ༴།། མཐུན་པའི་སྨོན་ལམ༴ །།༴ ༴ ༴།། ཀུན་འབྱུང་མུན་པའི༴ །།༴ ༴ ༴།། འཇམ་དབྱངས་ཕྱག་ན་རྡོ་རྗེ༴ །།༴ ༴ ༴།། སྤང་དང་ཡེ་ཤེས༴ །།༴ ༴ ༴།། དཔལ་ལྡན་དུས་འཁོར ༴ །།༴ ༴ ༴།། སྒྲུབ་པ་པོ་ལ༴ །།༴ ༴ ༴།། ཡེ་ཤེས་མགོན་པོ༴ །།༴ ༴ ༴།། སྟོན་པ་སངས་རྒྱས༴ །།༴ ༴ ༴།། རྩ་བརྒྱུད་བླ་མ༴ །།༴ ༴ ༴།། མགོན་པོ་ཐུགས་རྗེ་སོགས་ཤླཽ་ཀ་བཞི་བརྗོད། ཇི་སྙེད་སུ་དག་ནས་བདག་གིས་བསྟོད། །ཅེས་པའི་བར་དང་། ཕྱག་བྱར་འོས་པ་སོགས་ཅི་རིགས་ཀྱིས་ཕྱག་བྱའོ། །དེ་ནས་མེ་ཏོག་དམ་པ་ནས་ཕྱག་འཚལ་མཆོད་པར་བགྱི། །ཞེས་པའི་བར་དང་། ས་གཞི་སྤོས་ཀྱི་སོགས་དང་། བདག་གཞན་ལུས་ངག་སོགས་བརྗོད། བསྡུ་ན་མཆོད་པ་འདིས་ཆོག །རྒྱས་པར་འདོད་ན། ཁྱད་པར་དུ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དམ་པའི་ཆོས་རྣམས་དང་། འཕགས་པའི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ་མམ་ཅི་རིགས། ཁྱེད་རྣམས་ལ་བདག་པོས་བཟུང་བ་དང་མ་བཟུང་བའི་ལྷ་དང་མིའི་ཡོ་བྱད་ཕུན་སུམ་ཚོགས་པ་ཇི་སྙེད་མཆིས་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་དང་རྫུ་འཕྲུལ་གྱི་སྟོབས་ལས་བྱུང་བའི་ཡོ་བྱད་ཐམས་ཅད་དང་། ཀུན་ཏུ་བཟང་པོའི་མཆོད་པའི་ཚོགས་དང་བཅས་པ་ཐམས་ཅད་འབུལ་ཞིང་མཆོད་དོ། །འདི་ཡང་གཅིག་གམ་གསུམ་སོགས་ཅི་རིགས་བརྗོད། ཁྱད་པར་དུ་ཡང་སུ་ཞིག་བདག་ལ་བལྟོས་བཅས་ཀྱི་སྒོ་ནས་བསྔོས་པའི་ཟས་གོས་སོགས་ཇི་སྙེད་མཆིས་པ་ཐམས་ཅད་དང་བདག་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་རྣམས་ཀྱང་ལེགས་པར་འབུལ་ལོ། །བཞེས་སུ་གསོལ་ལོ། །བཞེས་ནས་ཀྱང་བདག་དང་དམིགས་ཡུལ་དུ་གྱུར་བའི་སེམས་ཅན་ཐམས་ཅད་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་དུ་གསོལ། །ཞེས་པ་ལན་བདུན་ནམ་ཉེར་གཅིག་བརྗོད་ལ། བདག་དང་སེམས་ཅན་དེ་དག་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་པའི་ཚོགས་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་མཐོལ་ལོ། །བཤགས་སོ། །གནོང་ངོ་། །འགྱོད་དོ། །བྱང་ཞིང་དག་པར་མཛད་དུ་གསོལ། བྱང་ཞིང་དག་པར་གྱུར་ཅིག །ཅེས་ཅི་རིགས་བརྗོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་རང་འཕགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་བོ་དང་། མཛད་པ་ཕུན་སུམ་ཚོགས་པ་ཐམས་ཅད་དང་། བདག་དང་སེམས་ཅན་གཞན་དག་གིས་ཀྱང་བསགས་པའི་རྣམ་དཀར་གྱི་ལེགས་ཚོགས་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་ཞིང་དགའ་བར་བགྱིའོ། །རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །དེ་དག་ཐམས་ཅད་ཀྱང་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ། འདི་ལྟར་བགྱིས་པའི་རྣམ་དཀར་གྱི་ཕུང་བོ་ཀུན་དུས་གསུམ་དུ་བསགས་པའི་དགེ་ཚོགས་དང་ལྷན་ཅིག་ཏུ། བདག་སོགས་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བསྔོ་བར་བགྱིའོ། །དེ་ནས་ཕྱག་འཚལ་བ་དང་ཞེས་སོགས་ཀྱིས་མཇུག་བསྡུ་བའམ། ཅུང་ཟད་རྒྱས་པར་ན། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་གསོལ་བ་འདེབས་སོ། །ཅི་རིགས་བརྗོད། དམིགས་བསལ་ཡོད་ན་ཁྱད་པར་དུ་ལྷ་མཆོག་འདི་ཞེས་བགྱི་བ་འཁོར་དང་བཅས་པ་ཐམས་ཅད་ལ་གསོལ་བ་འདེབས་སོ། །ཞེས་སྦྱར་རུང་། དེ་ནས་ཁྱེད་རྣམས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་བདག་ལ་མོས་པའི་དབང་གིས་རེ་ལྟོས་འཆའ་བའི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་ལས་ཡོངས་སུ་སྐྱོབ་དུ་གསོལ། ཐར་བར་མཛད་དུ་གསོལ། སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་མཛད་དུ་གསོལ། ཞེས་ལན་མང་དུ་གསོལ་བ་བཏབ་པ་ལ་བརྟེན་ནས། མཐར་སྐྱབས་གནས་དེ་རྣམས་ཀྱི་སྐུ་ལས་འོད་དང་བདུད་རྩིའི་ཚོགས་དཔག་ཏུ་མེད་པ་བྱུང་ནས་བདག་དང་སེམས་ཅན་དེ་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་སོང་སྙམ་པའི་མོས་པ་བྱའོ། །དེ་ལྟར་ཡང་ཡང་བྱས་ན་རང་གཞན་གཉིས་ཀའི་ཚོགས་རྫོགས་ཤིང་སྒྲིབ་པ་སྦྱོང་བ་དང་། ཁྱད་པར་དུ་གང་ལ་དམིགས་པ་དེ་ལ་ཡང་ཕན་ངེས་ཤིང་སྙིང་རྗེ་ཆེན་པོ་སྐྱེ་བའི་རྒྱུར་འགྱུར་བ་དང་། དཀོར་སྒྲིབ་ཐམས་ཅད་སྦྱོང་བར་ཡང་ནུས་སོ། །དེར་མ་ཟད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སོགས་དང་། ཤེས་རབ་གོང་འཕེལ་དུ་འགྱུར་བ་སོགས་ས་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་བ་ནི། རྟེན་གྱི་དྲུང་དུ་ཚོགས་སོགས་སྒྲིབ་སྦྱོང་བྱེད་པ་ལ་རགས་ལས་པ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། ལམ་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་ཚོགས་བསགས་པ་དང་འགལ་རྐྱེན་སྒྲིབ་པ་སྦྱོང་བའི་ལྷན་ཅིག་བྱེད་རྐྱེན་མེད་ན་ཉེར་ལེན་གྱི་རྒྱུ་དམིགས་རྣམས་སྦྱོང་བ་ཙམ་ལ་འབད་ཀྱང་ལམ་ཤིན་ཏུ་སྐྱེ་དཀའ་བས་བསག་སྦྱང་གི་གནད་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱོང་དགོས་སོ་ཞེས་པ་དང་། ཡང་རྗེས་ལམ་རིམ་ལས། དེ་ལྟར་ཞིང་དམ་པ་ལ་དགེ་རྩ་བསྐྲུན་པའི་མཐུ་ལས་ལམ་གྱི་རིམ་པ་རྣམས་ལ་བློའི་མཐུ་ཇེ་རྒྱས་སུ་འགྲོ་བས། མཉན་ན་ཚིག་མི་ཟིན། བསམ་ན་དོན་མི་གོ །བསྒོམ་ན་རྒྱུད་ལ་མི་སྐྱེ་བའི་བློའི་མཐུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ནོ། །ཞེས་གསུངས་པས་སོ།། །།ཅེས་པ་འདི་ནི་དད་དང་རྣམ་དཔྱོད་ཕུན་སུམ་ཚོགས་པའི་གནས་བརྟན་བཟོད་པའི་མིང་ཅན་གྱིས་འདི་ལྟར་བགྱིས་ཤིག་དང་ཁོས་པར་དུ་སྒྲུབ་པར་བྱའོ་ཞེས་བསྐུལ་བ་ལ་བརྟེན་ནས་བཤད་སྒྲུབ་མིང་ཅན་གྱིས་རེ་གཉིས་ལ་ཕན་སྲིད་སྙམ་པའི་བསམ་པས་སྦྱར་བའོ། །བཀྲ་ཤིས།། །།

རྒྱ་སྐད་དང་སྔགས་དོན་ཐོར་བུ་བོད་སྐད་དུ་བཀྲོལ་བ།

རྒྱ་སྐད་དང་སྔགས་དོན་ཐོར་བུ་བོད་སྐད་དུ་བཀྲོལ་བ་བཞུགས།

ན་མོ་སྭ་ར་སྭ་སྟི་ཡེ། ཨ་ཨཱ་ཨི་ཨཱི། ཨུ་ཨཱུ། རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ་ནས། འི་བར་རོ། ། སོགས་དང་། གཞན་ཡང་། ནས། འི་བར་ཏེ་མཚོན་པ་ཙམ་ཞིག་གོ །ན་མོ་མཉྫུ་ཤྲཱི་ཡེ། འདིར་རྒྱ་སྐད་ཐོར་བུ་དང་སྔགས་དོན་འགའ་ཞིག་བོད་སྐད་དུ་བསྒྱུར་བར་བྱ་སྟེ། དེ་ཡང་། ཨ་མྲྀ་ཏ་ནི་བདུད་རྩི་སྟེ། ཨ་མ་ལ་ནི་དྲི་མ་མེད། །ཨ་ཤོ་ཀ་ནི་མྱ་ངན་བྲལ། །ཨ་ཙ་ལ་ནི་མི་གཡོ་བ། །ཨ་ཀྵོ་བྷྱ་ནི་མི་བསྐྱོད་པ། །ཨ་མི་ཏ་ནི་དཔག་ཏུ་མེད། །ཨ ཀྵ་ར་ནི་མི་འགྱུར་བ། །ཨ་སུ་ར་ནི་ལྷ་མ་ཡིན། །འདི་འདྲའི་ཨ་ཡིག་དགག་ཚིག་སྟེ། །ཨ་ཐཱ་དེ་ནས་ཨ་ཏྲ་འདིར། །ཨ་ཏི་ཕུལ་བྱུང་ཤིན་ཏུ་སོགས། །ཨ་བྷི་མངོན་པ་ཨ་ཤྭ་རྟ། །ཨཀྵ་མིག་ཡིན་ཨ་ཧི་ང་། །ཨ་ནུ་རྗེས་སུ་ཨ་དྷྭ་དུས། །ཨ་ལོ་ཀ་ནི་སྣང་གསལ་ཏེ། །ཨ་ལངྐ་ར་རྒྱན་ཡིན་ལ། །ཨ་མུ་ཀ་ནི་ཆེ་གེ་མོའོ། །ཨ་ནུ་ཏ་ར་བླ་ན་མེད། །ཨ་མོ་གྷ་ནི་དོན་ཡོད་པ། །ཨནྟ་མཐའ་ཡས་ཨཱརྠ་དོན། །ཨ་དྷིཥྛཱ་ན་བྱིན་གྱིས་བརླབས། །ཨརྷ་ཏེ་ནི་དགྲ་བཅོམ་པ། །ཨགྣི་མེ་སྟེ་ཨཥྚ་བརྒྱད། །ཨཱཪྱ་འཕགས་པ་ཨཱ་ཧ་སྨྲས། །ཨཱ་བྷ་འོད་ཡིག་ཨཱ་ཛྙཱ་བཀའ། །ཨཱ་ཀ་ཤ་ནི་ནམ་མཁའ་སྟེ། །ཨཱ་དར་ཤ་ནི་མེ་ལོང་ངོ་། །ཨཱ་ས་ན་ནི་གདན་གྱི་མིང་། །ཨཱ་ཀ་ར་ནི་འབྱུང་གནས་སྟེ། །ཨཱ་དི་དང་པོའི་སྐད་དོད་ཡིན། །ཨི་དཾ་འདི་སྟེ་ཨིཀྵ་མཐོ། །ཨིནྡྲ་དབང་པོ་ཨིནྡུ་གྲོགས། །ཨུཥྞཱི་ཥ་ནི་གཙུག་ཏོར་ལ། །ཨུ་པ་དྷེ་ཡ་མཁན་པོ་སྟེ། །ཨུ་པ་དེ་ཤ་མན་ངག་གོ །ཨུ་པ་ཡ་ནི་ཐབས་ཀྱི་མིང་། །ཨུ་པ་སི་ཀ་དགེ་བསྙེན་ཏེ། །ཨུ་པ་པཱ་པ་བསྙེན་གནས་ལ། །ཨུ་པ་སསྤ་བསྙེན་པར་རྫོགས། །རྀ་དྭི་རྫུ་འཕྲུལ་རྀ་རྫུ་དང་། །རྀ་ཥི་དྲང་སྲོང་རྀ་དྭ་འབྱོར། །ལྀ་ཁ་བྲིས་པའི་སྐད་དོད་ཡིན། །ཨེ་ཀ་གཅིག་ཡིན་ཨེ་ཁ་འདི། །ཨེ་ཝཾ་འདི་སྐད་ཨེ་ཧི་བྱོན། །ཨོ་གྷ་ཆུ་ཀླུང་ཨོ་ཥ་སྨན། །ཨཾ་ག་ཡན་ལག་ཅེས་བྱ་སྟེ། །ཨཾ་ག་ཡན་ལག་ཅེས་བྱ་སྟེ། །ཨཾ་ཀུ་ཤ་ནི་ལྕགས་ཀྱུ་ལ། །ཨཾ་གུ་ར་ནི་མྱུ་གུའོ། །ག་ས་ལ་ཀར་བྱེད་པ་སྟེ། །ཀ་རཎྜ་ནི་ཟ་མ་ཏོག །ཀ་པཱ་ལ་ནི་ཐོད་པའི་མིང་། །ཀ་མ་ལ་ནི་པདྨའོ། །ཀ་མ་ར་ནི་ཆུ་སྲིན་སྟེ། །ཀརྨ་འཕྲིན་ལས་ལས་སུ་བརྗོད། །ཀ་ལེ་ཎ་ནི་དགེ་བའོ། །ཀཱ་ར་ཡི་གེ་ཀཱ་ལ་ནག །ཀཱ་ཡ་སྐུ་སྟེ་ཚོགས་པའོ། །ཀཱ་རུ་ཎ་ནི་སྙིང་རྗེ་སྟེ། །ཀཱ་ཁ་ཁྭ་ཏ་ཀཱ་མ་འདོད། །ཀཱ་རི་ཀ་ནི་ཚིག་ལེའུར་བྱས། །ཀཱི་ལ་ཕུར་བུ་ཀཱིརྟི་གྲགས། །ཀུ་རུ་མཛོད་ཅེས་ཀུ་ལ་རིགས། །ཀུ་མཱ་ར་ནི་གཞོན་ནུ་སྟེ། །ཀུ་ཀུ་ར་ནི་ཁྱི་ཡི་མིང་། །ཀུཎྜ་ལི་ནི་འཁྱིལ་བ་སྟེ། །ཀཻ་ལ་ཤ་ནི་གངས་ཅན་ནོ། །ཀྲྀ་ཡ་བྱ་བ་ཀྲྀཥྞ་ནག །ཀླེ་ཤ་ནི་ཉོན་མོངས་སོ། ཁ་ཞེས་བྱ་བ་ནམ་མཁའ་སྟེ། ཁ་ན་རྐོ་དང་ཁ་ཁ་ཟ། ཁཱ་ཧི་ཟོ་ཞིག་ཁོ་ལ་ཞྭ། ཁངྒ་རལ་གྲི་ཁེ་ཊ་ཕུབ། ཁ་ཊྭཱཾ་ཀ་ནི་མཁའ་དབྱུག་གོ །ག་ཎ་ཚོགས་ཏེ་གཙྪ་སོང་། །ག་ག་ནམ་མཁའ་ག་ཏ་གཤེགས། །གརྦྷ་སྙིང་པོ་གན་དྷ་དྲི། ག་རུ་ཌ་ནི་ནམ་མཁའ་ལྡིང་། །གན་དྷ་རྦ་ནི་དྲི་ཟའོ། །ཀ་ཛ་གླང་པོའི་སྐད་དོད་ཡིན། །གུ་ཎ་ཡོན་ཏན་གུ་ཧྱ་གསང་། །གུ་རུ་བླ་མ་གུཔྟ་སྦས། །གཱ་ཐ་ཚིགས་བཅད་གིརྟཱི་གླུ། །གཽ་ནི་བ་ལང་གོ་ཏྲ་རིགས། །གྲ་ཧ་གདོན་ཡིན་གྲྀ་ཏཾ་ཁྱིམ། གྷ་ཊ་བུམ་པ་གྷོ་ཥ་དབྱངས། །གྷཎྜ་དྲིལ་བུའི་སྐད་དོད་ཡིན། །ཙཪྱ་སྤྱོད་པ་ཙ་ལ་གཡོ། །ཙཀྭ་འཁོར་ལོ་ཙ་ཏུར་བཞི། །ཙརྨ་ལྤགས་པ་ཙནྡྲ་ཟླ། །ཙཎྚ་གཏུམ་པོ་ཙིཏྟ་སེམས། །ཙིནྣ་བསམ་པ་ཙི་ཏྲ་མཚོན། །ཙཀྵུ་མིག་སྟེ་ཙུ་ཌ་གཙུག །ཅི་ལུ་དགེ་ཚུལ་ཞེས་པ་སྟེ། །ཙཽ་ར་རྐུན་པོ་ཙ་ཏུ་མཛེས། ཙ་ར་ཎ་ནི་ཞབས་སུ་གྲགས། །ཙནྡྷ་སྡེབ་སྦྱོར་ཙྪ་ཏྲ་གདུགས། །ཙྪ་ཡ་གྲིབ་གནོན་ཙྩིནྡ་གཅོད། །ཛ་ར་རྒ་བ་ཛ་ལ་ཆུ། །ཛ་ཡ་ཛི་ན་རྒྱལ་པའོ། །ཛ་ཊ་རལ་པ་ཛི་ཧྭ་ལྕེ། །ཛ་ན་ཀ་ནི་ཤེས་པའོ། །ཛཱ་ཏི་སྐྱེ་བ་ཛ་ཊི་བླུན། །ཛཱ་ཡ་དྲ་བ་ཛཱི་ཝ་སྲོག །ཛཱ་ལ་འབར་བ་ཛྭ་རི་སོ། །ཊཀྐི་འདོད་པ་ཊཱིཀྐ་འགྲེལ། །ཌཱ་ཀ་མཁའ་འགྲོ་ཌམ་བྷ་གཡུང་། །ཌ་མ་རུ་ནི་ཅང་ཏེའུའོ། །ཏ་ཐཱ་དེ་བཞིན་ཏ་ཏྲ་དེར། །ཏ་པ་ཏྲེ་ནི་གདུགས་ཀྱི་མིང་། །ཏནྟྲ་ཞེས་པ་རྒྱུད་ཡིན་ནོ། །ཏེ་ཛ་གཟི་བརྗིད་ཏིཥྛ་གནས། །ཏྲི་ཤུ་ལ་ནི་རྩེ་གསུམ་སྟེ། །སྭཱ་ན་གནས་དང་སྠུ་ལཾ་སྦོམ། །སྠི་ཐི་ར་ནི་གནས་བརྟན་ནོ། །ད་ཤ་བཅུ་སྟེ་དནྡ་སོང་། །དཎྜ་དབྱུག་པ་ད་དྷ་ཞོ། །དུཿཁ་སྡུག་བསྔལ་དཀྵི་གཡས། །དེ་བ་ལྷ་ཡིན་དཥྚ་འཆི། །དྭི་བ་ཞེ་སྡང་དྭི་ཏི་གཉིས། །དཱ་ན་སྦྱིན་པ་དྷ་ནུ་གཞུ། །དྷརྨ་ཆོས་ཏེ་དྷཱ་ཏུ་ཁམས། །དྷཱ་ར་ཎ་གཟུངས་དྷུ་པེ་སྤོས། །དྷཱ་ཛ་རྒྱལ་མཚན་སྐད་དོད་ཡིན། །ན་མཿཕྱག་འཚལ་ན་བ་དགུ། །ན་ར་མི་སྟེ་ནཱ་མ་མིང་། །ནཱ་ཐ་མགོན་པོ་ནཱ་ག་ཀླུ། །ནཱ་ཡ་འདྲེན་པ་ནཱ་ད་སྒྲ། །ནཱ་བྷི་ལྟེ་བ་ནཱི་ལ་སྔོ། །པ་ར་གཞན་ཏེ་པ་ཏི་བདག །པ་རི་ཡོངས་སུ་པ་ཊུ་མཁས། །པཎྜི་ཏི་ནི་མཁས་པ་སྟེ། །བུཎྜ་རི་ཀ་པདྨ་དཀར། །པུ་རུ་སྐྱེས་བུ་པུ་ཏྲ་བུ། །པུཎྱ་བསོད་ནམས་ཡཀྵི་བྱ། །པྲ་ཏི་སོ་སོ་པྲ་བྷ་འོད། །པྲ་ཛི་ཏ་ནི་རབ་བྱུང་སྟེ། །པྲ་མ་ཐ་ནི་དང་པོའོ། །པྲེ་ཏ་ཡི་དགས་པཱ་ད་ཞབས། །པཱ་ཎི་ཕྱག་ན་ཕཱ་ཤ་ཞགས། །པཱ་ལ་སྐྱོང་བ་པཱ་པཾ་སྡིག །པཱ་ར་ཕ་རོལ་པཱུརྦ་ཤར། །པཱ་ཏྲཾ་ལྷུང་བཟེད་པཱུ་ཛ་མཆོད། །པོ་ཏ་ལ་ནི་གྲུ་འཛིན་ནོ། །ཕ་ལ་འབྲས་བུ་ཕོ་ཊ་བཟོད། །སྥ་ར་ཎ་ནི་འཕྲོ་བའོ། །བ་ལ་སྟོབས་ཏེ་བ་ཧུ་མང་། །བཛྲ་རྡོ་རྗེ་བནྡྷ་འཆིང་། །བ་རུ་ཎཱ་ནི་ཆུ་ལྷ་སྟེ། །བཾ་ཤ་ཀླིང་བུ་བིདྱ་རིག །བི་ཤྭ་སྣ་ཚོགས་བིགྷྣ་ན་བགེགས། །བིཥྞུ་ཁྱབ་འཇུག་བི་ར་བརྟན། །བི་ནཱ་ཡ་ནི་འདུལ་བ་སྟེ། །བི་ནཱ་ཡ་ཀ་ལོག་འདྲེན་ནོ། །བི་ཛྙཱ་ཤེས་པ་བི་ཏཱ་སླ། །བི་མ་ལ་ནི་དྲི་མ་མེད། །བི་ཛ་ཡ་ནི་རྣམ་པར་རྒྱལ། །བུདྡྷ་སངས་རྒྱས་བུ་དྷི་བློ། །བོ་དྷི་བྱང་ཆུབ་བྲྀཀྵ་ཤིང་། །བཱི་ར་དཔའ་བོ་བྱཱ་གྷུ་སྟག །བྱཱ་ག་ར་ཎ་ལུང་སྟོན་པ། །བྷ་ག་བཅོམ་ལྡན་བྷ་དྲ་བཟང་། །བྷ་བ་དངོས་པོ་བྷ་ཀྵ་ཟ། །བྷིཀྵུ་དགེ་སློང་བྷཱ་ཥ་སྨྲ། །བྷུ་མི་ས་སྟེ་བྷཻ་ར་འཇིགས། །བྷཽ་མ་ས་བླ་བྷེ་ད་འབྱེད། །བྷུ་ཏ་འབྱུང་པོའི་སྐད་དོད་ཡིན། །མ་ལ་དྲི་མ་མ་མ་བདག །མ་ཎི་ནོར་བུ་མ་ཏི་བློ། །མ་དྷྱ་དབུས་ཏེ་མ་ཧཱ་ཆེ། །མ་དྷུ་སྦྲང་རྩི་མ་ཏྲ་མ། །མཾ་ས་ཤ་སྟེ་མཉྫུ་འཇམ། །མནྟ་སྔགས་སྟེ་མ་ནོ་ཡིད། །མཎྜ་ལ་ནི་དཀྱིལ་འཁོར་སྟེ། །མངྒ་ལཾ་ནི་བཀྲ་ཤིས་སོ། །མཱ་ལ་འཕྲེང་བ་མཱ་ར་སོད། །མུ་དྲ་ཕྱག་རྒྱ་མུ་ནི་ཐུབ། །མུཥྚི་ཁུ་ཚུར་མུ་ཁ་གདོང་། །མུ་ཀུ་ཊ་ནི་ཅོད་པན་ཧེ། །མུངྒ་ར་ནི་ཐོ་བ་ཡིན། །མེ་གྷ་སྤྲིན་ཏེ་མོ་ཧ་རྨོངས། །མོཀྵ་ཐར་བ་མཻ་ཏྲི་བྱམས། །ཡ་དི་གལ་ཏེ་ཡ་ཐ་ཕྱིར། །ཡཀྵ་གནོད་སྦྱིན་ཡུ་ག་ཤིག །ཡཱ་ན་ཐེག་པ་ཡོ་ག་སྦྱོར། །ར་ཐ་ཤིང་རྟ་རཀྵ་སྲུངས། །རཏྣ་རིན་ཆེན་རཀྟ་དམར། །རཱ་ཛ་རྒྱལ་བོ་རཱ་ག་ཆགས། །རཱ་ཧུ་ལ་ནི་སྒྲ་གཅན་འཛིན། །རཱཀྵཱ་སྲིན་པོ་རཱུ་པ་གཟུགས། །རུ་ཏྲ་དྲག་པོའི་སྐད་དོད་དོ། །ལཀྵ་ཎ་ནི་མཚན་ཉིད་དེ། །ལ་ལི་ཏ་ནི་རོལ་བའོ། །ལོ་ཧི་ཏ་ནི་དམར་པོ་སྟེ། །ལོ་ཀ་འཇིག་རྟེན་ལོ་ཧ་ལུགས། །ལཱུ་ཧི་པ་ནི་ཉ་ཏོ་པ། །ཝརྨ་གོ་ཆ་ཝ་རྞ་སེང་། །ཝཀྐ་གསུང་སྟེ་ཝཱ་ར་འཁོར། །ཤ་ར་ཎ་ནི་སྐྱབས་ཀྱི་མིང་། །ཤ་རི་རམ་ནི་སྐུ་གདུང་ངོ་། །ཤཱསྟ་སྟོན་པ་ཤན་ཏ་ཞི། །ཤཱསྟྲ་བསྟན་བཅོས་ཤུ་ལ་རྩེ། །ཤཱི་ལ་ཚུལ་ཁྲིམས་ཤཱི་གྷྭཾ་མྱུར། །ཤ་ས་ན་ནི་བསྟན་པ་ཡིན། །ཤྭ་ར་དབང་ཕྱུག་ཤྭ་ཏ་དཀར། །ཤྭ་ན་ཁྱི་སྟེ་ཤྱཱ་མ་སྔོ། །ཤྲ་མ་ཎ་ནི་དགེ་སྦྱོང་སྟེ། །ཤྲ་ཝ་ཀ་ནི་ཉན་ཐོས་སོ། །ཥཊ་ནི་དྲུག་སྟེ་ཥཎྜ་ཚལ། །སརྦ་ཐམས་ཅད་སཪྤ་སྦྲུལ། །སཏྱ་བདེན་པ་སཔྟ་བདུན། །སངྒ་དགེ་འདུན་ས་ག་ཆགས། །ས་མྱ་ཀ་ཡང་དག་ས་མ་མཉམ། །སཾ་པ་ཏ་ནི་འཁོར་བ་སྟེ། །ས་མཱ་ཛཿནི་འདུས་པའོ། །སི་ཏ་དཀར་བོ་སིང་ཧ་སེང་། །སིདྡྷ་གྲུབ་པའི་མིང་ཡིན་ལ། །ས་ཏྭ་སེམས་དཔའ་མ་སེམས་ཅན་ནོ། །སམྦྷ་ར་ནི་རྒྱས་པ་སྟེ། །སམ་བ་ར་ནི་བདེ་མཆོག་གོ །སུ་ཁ་བདེ་བ་སུ་ར་ཆང་། །སུ་ར་ཏ་ནི་ཤིན་ཏུ་དགྱེས། །སུ་ག་ཏ་ནི་བདེ་བར་གཤེགས། །སམ་བྷོ་ག་ནི་ལོངས་སྤྱོད་རྫོགས། །ས་མཱ་དྷི་ནི་ཏིང་འཛིན་ནོ། །སཱ་ཧ་སྲ་ནི་སྟོང་ཕྲག་སྟེ། །སཱ་ག་ར་ནི་རྒྱ་མཚོའོ། །སུཪྱ་ཉི་མ་སཱུ་ཏྲ་མདོ། །ས་མ་ཁྱ་གྲངས་མེད་སེ་ན་སྡེ། །ས་མནྟ་ནི་ཀུན་ནས་སྟེ། །ས་མུ་དྲ་ནི་རྒྱ་མཚོའི་མིང་། །སྭ་སྟི་བདེ་ལེགས་སྭ་ར་དབྱངས། །སྭ་བྷ་ཝ་ནི་རང་བཞིན་ནོ། །ཧ་རི་འཕྲོག་བྱེད་ཧ་ཡ་རྟ། །ཧ་སྟ་ལག་པ་ཧ་ན་བསྣུན། །ཧཱ་ས་བཞད་པ་ཧེ་ཏུ་རྒྱུ། །ཧྲྀ་ད་ཡ་ནི་སྙིང་བོའོ། །ཀྵ་ར་འགྱུར་བ་ཀྵ་ཡི་ཟད། །ཀྵནྟཻ་བཟོད་པ་ཀྵེ་ཏྲ་ཞིང་། །ཀྵོ་བྷ་ཡ་ནི་བསྐྱོད་པ་སྟེ། །དེ་སོགས་གཞན་ཡང་ཤེས་པར་བྱ། །གཞན་ཡང་། ཨཻ་ཀ་གཅིག་ཡིན་དྭི་ཏི་གཉིས། །ཏྲ་ཡ་གསུམ་སྟེ་ཙ་ཏུར་བཞི། །པཉྩ་ལྔ་ཡིན་ཥཊྚ་དྲུག །ས་པྟ་བདུན་ནོ་ཨཥྚ་བརྒྱད། །ན་བ་དགུ་སྟེ་ད་ཤ་བཅུ། །ང་ཤ་ཨེ་ཀ་བཅུ་གཅིག་ལ། །དྭི་ཏ་ད་ཤ་བཅུ་གཉིས་སྟེ། །ཏྲ་ཡོད་ཤ་ལ་ཅུ་གསུམ་མོ། །དེ་བཞིན་གཞན་ལ་རིགས་འགྲེ་སྦྱོར། །བི་ཾཤ་ཉི་ཤུ། བིཾ་ཤ་ཏི་ཏ་མཿ ཉི་ཤུ་ཐམ་པ། ཏྲིཾ་ཤཿསུམ་ཅུ། ཏྲིཾ་ཤ་ཏི་ཏ་མཿསུམ་ཅུ་ཐམ་པ། ཤ་ཏ་ཏ་མཿབརྒྱ་ཐམ། ས་ཧ་སྲ་ཏ་མཿསྟོང་ཕྲག །ཀོ་ཊི་ཏ་མཿབྱེ་བ་ཕྲག ལཀྵ་ཏ་མཿའབུམ་ཕྲག་གོ །བུདྡྷ་སངས་རྒྱས། དྷརྨ་ཆོས། སངྒ་དགེ་འདུན། གུ་རུ་བླ་མ། ས་མཱ་དཱ་ན། ཡི་དམ། ཨཱ་ཙཪྱ་སློབ་དཔོན། ཨུ་པ་དྷྱ་ཡ་མཁན་པོ། ཤིཥྱ་སློབ་མ། ཚ་ཏྲ་གྲྭ་བ། སྲ་ཝ་ཀ །ཉན་ཐོས། བྷི་ཀྵ་དགེ་སློང་། སྠཱ་བི་ར། གནས་བརྟན། བྷིཀྵ་ཎི། དགེ་སློང་མ། བི་ནཱ་ཡ། འདུལ་བ། སཱུ་ཏྲ་མདོ། ཨ་བྷི། མངོན་པ། སཾ་ཊ་ཀ །སྡེ་སྣོད། པྲ་བཙན་གསུང་རབ། མནྟྭ། སྔགས། ཏམྟ་རྒྱུད། ཀྲྀ་ཡ་ཏནྟ། བྱ་རྒྱུད། ཙཪྱ་སྤྱོད། ཡོ་ག་རྣལ་འབྱོར། ཡོ་ག་ཨ་ནུ་དྷ་ར་རྣལ་འབྱོར་བླ་མེད། དེ་བ་ལྷ། ནཱ་ག་ཀླུ། ཨ་ཨུ་ར་ལྷ་མིན། ཡཀྵ། གནོད་སྦྱིན། རཀྵ་སྲིན་པོ། གནྡྷ་རྦ་དྲི་ཟ། ག་རུ་ཌ་ནམ་མཁའ་ལྡིང་། །ཀིནྩ་ར་མིའམ་ཅི། མོ་ཏ་ར་ག་ལྟོ་འཕྱེ་ཆེན་པོ། མ་ནུ་ཁྱ་མི། ཨ་མ་ནུ་ཥྱ་མི་མ་ཡིན། ཨིནྡྲ་དབང་པོ། ཨགྣེ་མེ་ལྷ། ཡ་མཱ་གཤིན་རྗེ། ནེར་རྀ་ཏྱེ། བདེན་བྲལ། ཝ་རུ་ཎཱ་ཆུ་ལྷ། ཝཱ་ཡ་ཝ་རླུང་ལྷ། ཀུ་བེ་རཱ་ལུས་ངན། ཨཱི་ཤ་ནཱ་དབང་ལྡན། པྲ་ཧྨ་ཚངས་པ། སུཪྱ་ཉི་མ། ཙནྡྲ་ཟླ་བ། ཕྲི་ཐི་བཱི་ས་ལྷ། ཧ་རི་ཏེ་འཕྲོག་མ། པུ་རུ་ཥ་སྐྱེས་པ། སྟྲི་བུད་མེད། བི་ཏྲ་ཕ། མ་ཏྲ་མ། བུ་ཏྲ་བུ། དུ་ཧི་ཏྲ་བུ་མོ། བ་དྷཱུ་གནའ་མ། བྷཱརྨཱ་ཆུང་མ། ན་དེནྡྲ་མི་དབང་། སེ་ནི་སྡེ་པ། ཀརྨི་ར་དཔོན་མོ། ཋཀྐུ་ར་ནང་སོ། ནདྟི་ཀ་དཔོན། སུ་ཧྲྀ་ར་མཛའ་བོ། སེབ་གཡོག །དཱ་པ་འབངས། སཱ་མི་རྗེ་བོ། པྲ་པ་ར་ཀ་རབ་འབྱམས་པ། ད་ཤ་ཀྲྀཙྪ་དཀའ་བཅུ་བ། གུ་རུ་ཨུཏྟ་མ། བླ་མ་མཆོག །སརྦ་ཛྙཱ་ཐམས་ཅད་མཁྱེན་པ། བི་བྷུ། ཁྱབ་བདག །པྲ་བྷུ་མངའ་བདག །ལོ་ཙ་བ་ལེགས་སྦྱར་བ། ཤ་ཝ་རི་རི་ཁྲོད་པ། མ་ཧོ་ཏྟ་ར་གོང་མ་ཆེན་པོ། ཡུ་བ་རཱ་ཛ་རྒྱལ་ཚབ། ཤིར་མགོ །ཀེ་ཤ་སྐྲ། ལ་ལཱ་ཊ་དཔྲལ་བ། ནཻ་ཏྲ་མིག ཙཀྵུ། ཤྲོ་ཏྲ་རྣ་བ། གྷྲ་ཎ་སྣན་སི་ཀ མུ་ཁ་ཁ། དནྟ་སོ། ཛི་ཧྭཱ་ལྕེ། ཀཱ་ཡ་ལུས། གྲིབ་མགྲིན་པ། མ་ནོ་ཡིད། བི་ཛྙཱ་རྣམ་ཤེས། བཱ་ཧུ་དཔུང་བ། ཨུ་ར་བྲང་། ཧསྟ། ལག་པ། ཨུངྒུ་ཋ། མཐེ་བོང་། ཏ རྫ་ན། མཛུབ་མོ། མ་ཧྱ་མ་གུང་མོ། ཨ་ནཱ་མིངྐ། མིང་མེད། ཀ་ནི་ཥྛ་མཐེའུ་ཆུང་། ཀ་ཊི་རྐེད་པ། ཛ་ནུ་པུས་མོ། ཛ་གྷ་བྱིན་པ། པཱ་ད་རྐང་པའམ་ཞབས། སཱ་ཡུ་རྐུབ། སེ་ལ་རླིག་པ། ལིང་ག་རྟགས་སམ་མཇེ། ལདྠ་མོ་མཚན། ཡོ་ནི་་། མསྟ་ཀ །ཀླད་པ། རུ་དྷ་ིར་ཁྲག ཤུ་ཏྲ་ཁུ་བ། ལྭསྟྲ་གོས། མོ་ཛ་ལྷམ། པུསྟ་ཀ་དཔེ་ཆ། ཙཱི་བ་ར་ཆོས་གོས། ནི་བརྡ་ནི་གདིང་བ། ཁཌྒ་རལ་གྲི། ཨཱ་ས་ན་གདན། ཁ་ཊྭ་གྲི། མ་སི་སྣག་ཚ། ལི་ཁ་ནི་མྱུ་གུ །ཀཱ་ཀ་ཏ་ཤོ་གུ །ཕེ་ཏ་ཕུབ། ཤཱུ་ལ་མདུང་། ཤ་ར་མདའ། དྷ་ནུ་གཞུ། དྷུ་སྱ་དངུལ། སུ་ཝ་རྞ་གསེར། བེ་རོ་ཙ་གཡུ། མུཀྟེ་ཀ་མུ་ཏིག །པྲ་བཱ་ལ་བྱི་རུ། ནཱི་ལ་མུ་མེན་ནམ་སྔོ། རཱ་མྲ་ཟངས། ཀཾ་པ་མཁར་བ། ཤཾ་ཁ་དུང་། ལོ་ཧ་ལྕགས། གཱ་ར་ཁང་བ། ཀྵེ་ཊ་ཞིང་། དྷཱ་ན་ནོར། བཱ་སུ། ཨ་ཤྭ་རྟ། བྲི་མར་མཛོ། བེ་ས་ར་དྲེའུ། ཙ་མ་ར་གཡག །ཨེ་ཌ་ལུག ཙྪ་རྀ་ར། མྲྀ་ག་རི་དྭགས། ན་བ་ནཱི་ཏ་མར་གསར། ཀ་ཊོ་ཏ་ཐུང་། ས་ཏུ་ཙམ་པ། སུ་རའམ་ལ་དྱ་ཆང་། གུ་ཌ་འོ་མ། ཛ་བ་ནས། མཱ་ཥ་སྲན་མ། གོ་དྷུ་མ་གྲོ། ཀ་ཥཱ་བཱ་ན་ཇ། ཕ་ལ་བཟང་། ནིནྡྲ་ངན། སུ་ཁ་བདེ། ཤརྨ་སྐྱིད། མཱ་ཡ་མཱུ་ལེ། སྐུ་དྲུང་དུ། པྲ་ཏ་སྤྱན་སྔར། ཤྲོ་ཏྲོ་སྙན་དུ། པཱ་ཎཽ་ཕྱག་ཏུ། པྲ་ཤཿ ཞུ་བ། ས་མ་རྨི་ཏཾཿ ཕུལ་བ། པྲ་ཥ་ཏཾ། སྤྲིངས་པ། ཨཱ་ཤ་ཏྱཻ། ངོ་མཚར། ཨཏྠ་ཏ། རྨད་བྱུང་། ཨུཏྟ་མ་མཆོག པྲ་རབ་བ་ར། སམྦྲྀ་ཏ་ཀུན་རྫོབ། པ་ར་མརྠ་དོན་དམ། ཁེ་ཡརྠ་དྲང་དོན། ནི་ཏཱརྠ་ངེས་དོན། དྷརྨཱ་ཏ་ཆོས་ཉིད། དྷཱ་ཏུ་དབྱིངས། ཤཱུ་ནྱ་ཏཱ་སྟོང་ཉིད། ཨུ་དཱ་ར་རྒྱ་ཆེ་བ། རུ་ཥ་བ་ཏྱཾཿ དགའ་ལྡན་དུ། སུ་ཁ་བ་ཏཱིཿ བདེ་བ་ཅན་དུ། དེ་བ་བྷཱུ་མི་ལྷ་ས། དེ་བཿལྷ། དེ་བཽ་ལྷ་དག དེ་བཱཿལྷ་རྣམས། དེ་བཾ་ལྷ་ལ། དེ་བཽ་ལྷ་དག་ལ། དེ་ཝན་ལྷ་རྣམས་ལ། དེ་བེན་ལྷ་ཡིས། དེ་བཱ་བྷྱཾ་ལྷ་དག་གིས། དེ་བཻཿལྷ་རྣམས་ཀྱིས། དེ་བཱ་ཡ་ལྷའི་ཆེད། དེ་བཱ་བྷྱཾ་ལྷ་དག་གི་ཆེད། དེའི་བྷྱཿ ལྷ་རྣམས་ཀྱི་ཆེད། དེ་བཱ་ཏ་ལྷ་ལས། དེ་བཱ་བྷྱཾ་ལྷ་དག་ལས། དེ་བེ་བྷྱཿལྷ་རྣམས་ལས། དེ་བ་སྱ་ལྷའི། དེ་བ་ཡོ་ལྷ་དག་གམ། དེ་བཱ་ནཾ་ལྷ་རྣམས་ཀྱི། དེ་པེ་ལྷ་ལ། དེ་བི་ཡོཿལྷ་དག་ལ། དེ་བ་ཥུ་ལྷ་རྣམས་ལ། ཧཻ་དེ་བ་ཀྱེ་ལྷ། ཧེ་དེ་བ་ཀྱེ་ལྷ་དག །ཧེ་དེ་བཱཿཀྱེ་ལྷ་རྣམས་སོ། །གཞན་ཡང་། ཏདྱ་ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནཱ་ཡེ་སྭཱཧཱ། ཏདྱ་ཐཱ། ༀ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛཱ་ས་མུདྒ་ཏེ་སྭཱཧཱ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སངྒ་ཏེ་བོ་དྷི་སྭཱཧཱ། ཨ་ཀྵོ་བྷྱཿ། ཨ་མི་ཏཱ་བྷཱ་ཡ། ན་མོ་སུ་མ་ཏི་ཀཱི རྟི་ལ་བློ་བཟང་གྲགས་པ་ལ་འདུད། འདི་ལྟ་སྟེ། ཐུབ་པ་ཐུབ་པ་ཐུབ་པ་ཆེན་པོ་ལ་གཞི་ཆུགས། སྨན་པ་སྨན་པ་སྨན་པ་ཆེན་པོ་སྨན་པའི་རྒྱལ་པོ་ཡང་དག་པར་འཕགས་ཏེ་འགྲོ་མ། སོང་མ་སོང་མ་ཕ་རོལ་ཏུ་ཡང་དག་པར་སོང་མ་བྱང་ཆུབ། མི་འཁྲུགས་པ། འོད་དཔག་མེད། ༀ་ཨ་ར་པ་ཙ་ན་དྷཱིཿ ༀ་ཝཱ་གཱི་ཤྭ་རི་མུཾཿ ༀ་ཝཱ་ཀྱཻ་དཾ་ན་མཿ ༀ་ཨཱཪྱ་མཻ་ཏྲི་སྭཱ་ཧཱ། ན་མོ་ལོ་ཀེ་ཤྭ་ཡ། ཨ་བ་ལོ་ཀེ་ཏེ། ༀ་མ་ཎི་པད་མེ་ཧཱུཾ། ༀ་བཛྲ་པཱ་ཎི་ཧཱུཾ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ༀ་མཱ་རཱི་ཙྱཻ་སྭཱ་ཧཱ། འགྲོ་བ་སྨིན་པར་བྱེད་པའི་བློ། ངག་གི་དབང་ཕྱུག །ངག་སྩོལ་ལ་འདུད། འཕགས་པ་བྱམས་པ། འཇིག་རྟེན་དབང་ཕྱུག་ལ་འདུད། སྤྱན་རས་གཟིགས། ཀྱཻ་ནོར་བུ་པདྨ། ཕྱག་ན་རྡོ་རྗེ། གཏུམ་པོ་འཇིགས་བྱེད་ཆེན་པོ། སྒྲོལ་མ་སྡུག་བསྔལ་ལས་སྒྲོལ་མ། འོད་ཟེར་ཅན་མ། ༀ་བི་ཤཱ་ཙི་པརྞ་ཤ་ཝ་རི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧཱ། ༀ་མ་ཎི་དྷ་དི་བཛྲི་ཎཻ། མ་ཧཱ་པྲ་ཏེ་ས་རེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ༀ་པདྨོ་ཥྞཱི་ཥ་བི་མ་ལེ་ཧཱུཾ་ཕཊ། ༀ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཤ་ཟ་རི་ཁྲོད་ལོ་མ་ཅན་རིམས་ཐམས་ཅད་ཞི་བའི་ཆེད་དུ། ནོར་བུ་འཛིན་པ་རྡོ་རྗེ་ཅན། སོ་སོར་འབྲང་བ་ཆེན་མོ། པད་མ་གཙུག་ཏོར་དྲི་མེད་མ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་དེད་ཡེ་ཤེས་དཔག་ཨརྷ་ཏེ་ས་ནྱ་གཾ་བུད་དྷཱ་ཡ། ཏདྱ་ཐཱ། ༀ་པུ་ཎྱེ་པུ་ཎྱེ། མ་ཧཱ་པུ ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ། ཨ་པ་རི་མི་ཏ་བུ་ཎྱེ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏ། ༀ་སརྦ་སཾ་སྐཱ་རི་པ་རི་ཤུདྷ་དྷརྨ་ཏེ། ག་ག་ན་ས་མུད་ག་ཏེ་སྭ་བྷཱ་ཝ་བི་ཤུད་དྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་བོ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། བསོད་ནམས་གཉིས་བསོད་ནམས་ཆེན་མོ་བསོད་ནམས་དཔག་མེད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་མེད་ཉེ་བར་བསགས་མ། འདུ་བྱེད་ཐམས་ཅད་ཡོངས་སུ་དག་པའི་ཆོས་ཉིད་མ་ནམ་མཁར་འཕགས་མ་རང་བཞིན་རྣམ་དག་མ་ཚུལ་ཆེན་པོས་ཡོངས་སུ་བསྐོར་མ། ༀ་ཨ་མཱ་ར་ཎི་ཇི་ཝནྟི་ཡེ་སྭཱ་ཧཱ། འཆི་བ་མེད་པའི་སྲོག་ལྡན་མ་ལ། ན་མོ་པི་བ་ཤྱེ་ནེ། རྣམ་གཟིགས་ལ་ཕྱག་འཚལ་ལོ། །ཤི་ཁེ་ནེ་བི་ཤྭ་བྷུ་ཛེ་ཀ་ཀུ་ཙྪནྟཱ་ཀ་ན་ཀ་མུ་ནེ་ཀཱ་ཤྱ་པཱ་ཡ། གཙུག་ཏོར་ཅན་ཐམས་ཅད་སྐྱོབ་ལོག་པར་དད་སེལ་གསེར་ཐུབ་འོད་སྲུང་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏོ་ནི། ཏྲ་ས་ནི་ཏ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རི་པཱ་རི་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། ༀ་ན་མོ་བྷ་ག་ཝ་ཏེ། སརྦ་དུ་རྒ་ཏེ་པ་རི་ཤོ་དྷ་ན་རཱ་ཛཱ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྡིག་པ་རྣམས་སྡིག་པ་རྣམས། སྲེགས་སྲེགས། ཆོད་ཆོད། སྐྲག་པར་གྱིས་གཉིས། སོ་སོར་ཆོམས་གཉིས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད། ཕྱག་འཚལ་ལོ་བཅོམ་ལྡན་འདས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷ་ཡ། ཏདྱ་ཐཱ། འདི་ལྟ་སྟེ། ༀ་ཤོ་དྷ་ནི་ཤོ་དྷ་ནི། སརྦ་པཱ་པཾ་བི་ཤོ་དྷ་ནེ་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནི་སྭཱ་ཧཱ། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྭ་ས་ཏྭ་དྭེ་ནོ་པ་ཏིཥྛ། དྀ་ཌྷོ་མེ་བྷ་ཝ་བོོ། དེ་བཞིན་གཤེགས་པ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། སྦྱོང་མ་སྦྱོང་མ། སྡིག་པ་ཐམས་ཅད་རྣམ་པར་སྦྱོང་མ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་མ་གཞི་ཚུགས། རྡོ་རྗེ་སེམས་དཔའ་དམ་ཚིག །རྗེས་སུ་སྐྱོང་བ། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཉེ་བར་གནས། བདག་ལ་བརྟན་པར་མཛོད། སུ་ཏོ་ཥྱོ་མེ་བྷ་ཝ། བདག་ལ་ཤིན་ཏུ་དགེས་པར་མཛོད། སུ་པོ་ཥྱོ་མེ་བྷ་བ། བདག་ལ་ཤིན་ཏུ་རྒྱས་པར་མཛོད། ཨ་ནུ་རཀྟོ་མེ་བྷ་བ། བདག་ལ་རྗེས་སུ་ཆགས་པར་མཛོད། སརྦ་སིད་དྷི་མེ་པྲ་ཡཙྪ། བདག་ལ་དངོས་གྲུབ་ཐམས་ཅད་སྩོལ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ཤྲེ་ཡཿ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཾ་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨི་དཾ་གུ་རུ་རཏྣ་མཎྜལ་ཀཾ་ནི་ཪྱ་ཏ་ཡཱ་མི་ལས་ཐམས་ཅད་བདག་སེམས་ལ། དགེ་ལེགས་སུ་མཛོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེར་བདག་མ་འདོར། རྡོ་རྗེ་ཅན་མཛོད། དམ་ཚིགས་སེམས་དཔའ་ཆེན་པོ། རྡོ་རྗེ་བདུད་རྩི་འཁྱིལ་བ་བསྣུན་བསྣུན། བླ་མ་རིན་པོ་ཆེ་དང་དཀྱིལ་འཁོར་བ་ལ་འདི་དབུལ་བར་བགྱིའོ་ༀ་ཡེ་དྷརྨཱ་ཧེ་དུ་པྲ་བྷ་ཝ། སོགས་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་ཡིན་ནོ། །ༀ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་གནོད་སྦྱིན། ༀ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུཾ་ཕཊ། རྡོ་རྗེ་མེས་བསྣུན་སྲེགས་ཚོས་ཚོམ་ཐུལ་ཞེས་པའོ། །ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤ་ནྣ་ཏྭཱཏ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་྅ཧཾ། ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎི་ཧེ་མ། ག་ག་ན་ཁཾ། གྲྀ་ཧྞ་དཾ་པ་ལིནྟེ་སྭཱ་ཧཱ། ཊཀྐི་ཛ། འདོད་པ། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །རང་བཞིན་དག་པའི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ངའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་སྒོ་སྣ་ཚོགས་ནས་ཕྱག་འཚལ་ལོ། །རྣམ་པ་ཐམས་ཅད་དུ་ནམ་མཁར་འཕགས་ཤིང་ཁྱབ་པ་འདི་ནམ་མཁའི་དབྱིངས་སུ། གཏོར་མ་འདི་ཟུང་། ན་མསྶརྦ་ཏ་ཐཱ་ག་ཏ། ཨ་ཝ་ལོ་ཀི་ཏེ། ༀ་སམྦྷ་ར་སམྦྷ་ར་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ནས་གཟིགས་ལ་འདུད། ཡང་དག་རྒྱས་ཡང་དག་རྒྱས་པ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་བའི་དམ་ཚིག་དཔལ་གྱི་ཕྱིར་དུ། ༀ་ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ནམ་མཁའ་ལྡིང་གི་རྒྱལ་བོ་གཡོ་བ་གཡོ་བ། ༀ་བཻ་ཤྲ་ཝ་ཎཱ་ཡ་སྭཱ་ཧཱ། རྣམ་ཐོས་སྲས་ལ། བཻ་ཤྲ་མ་ཎཱ། ངལ་སོས་བོ། །ཛམྦྷ་ལ་ཛ་ལེནྡྲ། རྨུགས་འཛིན་དབང་བོ། །བཱ་སུ་དྷ་རི། ནོར་རྒྱུན་མ། པཱུརྞ་བྷ་དྲ། གང་བ་བཟང་བོ། མ་ཎི་བྷ་དྲ། ནོར་བུ་བཟང་བོ། ནས་པཉྩི་ཀ །ལྔ་རྩེན། པི་ཙི་ཀུཎྜ་ལི། འཇམ་པོ་འཁྱིལ་བ། འི་བར་རོ། །ན་མོ་བྷྲུཾ་ཨཱ་ཨུརྫྙཱ་ན་ཧྲཱིཿ ཨཱ་རོ་ལི་ཀ་ཧཱུཾ་ཧྲཱིཿ ཚེ་དང་ཡེ་ཤེས་འཁོར་བ་འཇིག །ཨ་པ་རི་མི་ཏ་ཨཱ་ཡུ་རྫྙཱ་ན། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ། བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་སིད་དྷི་ས་མ་ཡེ། རྣམ་པར་སྣང་མཛད་ཚེ་དང་ཡེ་ཤེས་དངོས་གྲུབ་དམ་ཚིག་ལ། བཛྲ། རྡོ་རྗེ། རཏྣ། རིན་ཆེན། པདྨ། པད་མ། ཀརྨཱ། ལས། སརྦ་ལོ་ཀི་ཏེ། ཀུན་གཟིགས། གུ་ཎ། ཡོན་ཏན། ཨི་ཙ་ལ། མི་གཡོ་བའོ། །ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཨཱ་ཝ་ར་ཎཱ་བི་ཤོ་དྷ་ན་ཧ་ན་ཧ་ན་ཧཱུཾ་ཕཊ། ཐམས་ཅད་རིག་པ་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བསྣུན། བུད་དྷ་ལོ་ཙ་ནི། སངས་རྒྱས་སྤྱན་མ། མཱ་མ་ཀཱི། བདག་གི་མ། པཎྜ་རི། གོས་དཀར་མོ། ཏཱ་རེ། སྒྲོལ་མ། བཛྲ་ས་ཏྭ། རྡོ་རྗེ་སེམས་དཔའ། ནས་བཛྲ་གྷཎྜ། རྡོ་རྗེ་དྲིལ་བུ་སྟེ་འབེབས་པའོ། །ཀལྤ་བྷ་དྲ། བསྐལ་བཟང་། ཤྲ་ཝ་ཀ །ཉན་ཐོས། པྲ་དྱཀ །རང་རྒྱལ། ཀྲོ་དྷ། ཁྲོ་བོ། ལོ་ཀ །འཇིག་རྟེན་པའོ། །ཡ་མ་རཱ་ཛཱ་ནི། གཤིན་རྗེའི་རྒྱལ་བོ། ས་ནི་དེ། དོ་ནི་ཆོས། མེ་ནི་བདག་ལ། ཡ་ནི་གང་། ཡ་མེ་ནི། གཤིན་རྗེ་མོ། དོ་ནི་ཆོས། རུ་ཎ་དགྲ། ཡོ་ད་ཡ་ནི། མི་འབྱུང་བར། ཡ་ནི། གང་ཞིག །ཡོ་ནི། སྐྱེ་གནས། རཱ་ཡ་ནི། རྟེན། ཀྵེ་ཡ་ནི། ཟད་བྱེད། ཡ་ཀྵེ་ནི། གནོད་སྦྱིན་མོ། ཡཙྪ་ནི། གང་ཡང་། ནཱི་ར་མ་ཡ་ནི། འཁྲུལ་བར་གྱིས་ཤིག་པའོ། །དེ་ཡང་། གཤིན་རྗེའི་རྒྱལ་བོ་དེ་ཆོས་བདག་ལ་གང་། །གཤིན་རྗེ་མོ་ཆོས་དགྲ་ཡང་མི་འབྱུང་བར། །གང་ཞིག་སྐྱེ་གནས་རྟེན་ནི་ཟད་བྱེད་པ། །གནོད་སྦྱིན་མོ་ནི་གང་ཡང་འཁྲུལ་བར་གྱིས། །ཞེས་པ་སྟེ། དོན་འགྱུར་བྱས་ན་མི་འདྲ་བ་ཞིག་འབྱུང་ངོ་། །ཧྲཱིཿཎྜཱིའི་དོན་ནོ། །འཕྲོག་བྱེད་མཆེ་བ་རྣམ་པར་གཙིགས་པའི་ཞལ་ཅན་ལ། ཡ་མཱནྟ་ཀ་ནེ། གཤིན་རྗེ་མཐར་བྱེད། བཛྲ་བེཏྟ་ལི་ཨཱ་གཙྪ་ཨཱ་གཙྪ་ནི། རྡོ་རྗེ་རོ་ལངས་ཚུར་བྱོན་ཚུར་བྱོན། ཛཾ་ན་ཇི་ཀ །ནས་མོ་ཧ་ར་ཏི། འི་བར་ནི། རྒྱལ་བས་རྒྱལ། རིན་ཆེན་འཆང་། པདྨ་འཆང་། ཤེས་རབ་འཆང་། ཐོ་བ་འཆང་། དབྱུག་པ་འཆང་། པདྨ་འཆང་། རལ་གྲི་འཆང་། གཏི་མུག་དགའ་མ། ནས། རྡོ་རྗེ་དགའ་མའོ། །ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། དཔལ་ཁྲག་འཐུང་། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ། མཁའ་འགྲོ་དྲ་བ་སྡོམ། བཛྲ་བཻ་རོ་ཙ་ནཱི། རྡོ་རྗེ་རྣམ་པར་མཛད། སརྦ་བུདྡྷ་ཌཱ་ཀི་ནི། ཡེ་བཛྲ་ཝརྞ་ནཱི་ཡེ། སངས་རྒྱས་ཀུན་གྱི་མཁའ་འགྲོ་མ་རྡོ་རྗེ་རིགས་ལྡན་མ། བཛྲ་ཝཱ་ར་ཧི། རྡོ་རྗེ་ཕག་མོ། ཌཱ་ཀི་ནཱི། ནས། ཡ་མ་མ་ཐ་ནཱིའི་བར་ནི། མཁའ་འགྲོ་མ། ལཱ་མ། ནས། གཤིན་རྗེ་མཆེ་བ་མ། གཤིན་རྗེ་འཇོམས་མའི་བར་རྣམས་སོ། །བྷ་ག་ཝ་ཏེ་བཱི་རཻ་ཤཱ་ཡ། ནས། ཝ་པུ་ཥཱ་ཡའི་བར་ནི། བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ། ནས། སྐུ་ཆེན་དུང་ཁ་བགེགས་མཐར་མཛད་ལའི་བར་རོ། །ༀ་བཛྲ་དྷྲྀཀ །ཇིན་ཛིཀ །ནས། སུམ་བྷ་རཱ་ཛའི་བར་ནི། རྡོ་རྗེ་འཆང་ངམ་རྡོ་རྗེ་འཛིན། རྒྱལ་བས་རྒྱལ་ལམ། དོན་འགྱུར་འཁོར་ལོ་འཛིན། རིན་ཆེན་འཛིན། འཁོར་བ་འཇིག་གམ། དོན་འགྱུར་པདྨ་འཛིན། རལ་གྲི་འཛིན་ནམ། ཤེས་རབ་འཛིན་ནོ། །གཏི་མུག་དགའ་མ། དེ་བཞིན་དུ། ཞེ་སྡང་། འདོད་ཆགས། རྡོ་རྗེ་དགའ་མའོ། །གཟུགས་རྡོ་རྗེ་མ། ནས། གནོད་མཛེས་རྒྱལ་བོའི་བར་རོ། །འོན་ཀྱང་པདྨ་ནྣ་ཀྲྀ་ཏ་ནི། པདྨ་མཐར་བྱེད་ཅེས་པ་ཡིན་ནའང་དོན་འགྱུར་ལ་རྟ་མགྲིན་ནོ། །སུཾ་བྷ་ངེས་པར་འདུལ་བ། ནི་སུཾ་བྷ་མ་ལུས་པར་ངེས་པར་འདུལ་བ། གྲྀ་ཧྞ་གྲྀ་ཧྞ། ཟུང་ཟུང་། གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ། འཛིན་ཆུ་ཆུ་གཉིས། ཨ་ན་ཡ་ཧོ། ཁུག་ཅིག །ཧེ་བྷ་ག་ཝན། ཀྱེ་བཅོམ་ལྡན་འདས། བདྡྲི་དྲ་ཛ། རིག་པའི་རྒྱལ་པོ། ༀ་ཤྲཱི་མ་ཧཱ་ཀཱ་ལ་ཡ། དཔལ་ནག་པོ་ཆེན་པོ། ཤཱ་ས་ན་ཨུ་པ་ཏ་རོ་ཎ། བསྟན་པ་ལ་ཕན་པ་ཉེ་བར་བསྒྲུབ་པ། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ལཾ། འདི་ཕྱི་མ་མིན་པའི་དུས་འདི་དང་ཨི་དི་རཏྣ་ཏྲ་ཡཱ་ཡ། འདིར་དཀོན་མཆོག་གསུམ་ལ། ཨ་པི་ཀཱ་རི་ཎཾ། གནོད་པར་བྱེད་པ། ཡ་དེ་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་ད། གལ་ཏེ་བྱུང་ན་དམ་བཅའ་དྲན་པར་གྱིས་ལ་དེའི་ཚེ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། གདུག་པ་ཅན་འདི་ཟོ་ཟོ་ཟོ་ཞིག་ཟོ་ཞིག །མ་ར་མ་ར། སོད་མ་གྲྀཧྞ་གྲྀཧྞ། ཟུང་ཟུང་། བནྡྷ་བནྡྷ། ཆིངས་ཆིངས། ཧ་ན་ཧ་ན། བསྣུན་བསྣུན། ད་ཧ་ད་ཧ། སྲེགས་སྲེགས། པ་ཙ་པ་ཙ། ཚོས་ཚོས། དེ་ན་མི་ཀེ་ན། ཉི་མ་གཅིག་གིས། མཱ་ར་ཡ། སོད། ཧཱུཾ་ཕཊ། བི་གྷན། བགེགས། བི་ན་ཡ་ཀ །ལོག་འདྲེན། ཀཱ་ལ་རླུང་ནག་པོའི་གཟུགས། ཀཱ་ལ་དེ་ཝི། ལྷ་མོ་ནག་མོ། ཤྲཱི་དེ་བི། དཔལ་ལྷ། པྲ་ཎ་ཨཏྨ་ཀཱི་རུ་པུ་རུ་ལོ་ཧི་ཏ་སརྦ་ཤ་ཏྲུཾ་མཱ་ར་ཡ། སྐྱེས་བུ་སྲོག་བདག་དམར་བོ་དགྲ་ཐམས་ཅད་སོད། དྷརྨ་པཱ་ལ། ཆོས་སྐྱོང་། མ ཧཱ་རཱ་ཛ། རྒྱལ་བོ་ཆེན་པོ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝ་ར། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་འཁོར་བཅས། བྷ་ཝནྟུ། དགེའོ། །མངྒ་ལཾ། བཀྲ་ཤིས་སོ། །ཅེས་པ་འདི་ཡང་དཀའ་བཅུ་བ་འཇམ་དབྱངས་སྦྱིན་པས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་བསྒྲིགས་པའོ།། །།

སྙན་ངག་མངོན་བརྗོད་བརྡ་གསར་རྙིང་གི་རྣམ་གཞག་མདོར་བསྡུས་བློ་གསལ་ཡིད་འཕྲོག

སྙན་ངག་མངོན་བརྗོད་བརྡ་གསར་རྙིང་གི་རྣམ་གཞག་མདོར་བསྡུས་བློ་གསལ་ཡིད་འཕྲོག་ཅེས་བྱ་བ་བཞུགས།

ན་མོ་མཉྫུ་ཤྲཱི་ཡེ། པད་དཀར་བསིལ་ཟེར་ཆ་ཤས་རྒྱས་པའི་སྟེང་། །མཚར་སྡུག་ལྟ་བས་མི་ངོམས་འཇོ་སྒེག་ཅན། །ཚིག་གི་མཆོག་སྦྱིན་ངེས་སྟེར་བཅོམ་ལྡན་མ། །ངག་དབང་དབྱངས་ཅན་ལྷ་མོས་དགེ་ལེགས་སྩོལ། །ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། །སྙན་ངག་མངོན་བརྗོད་བརྡ་གསར་རྙིང་གི་རྣམ་གཞག་མདོར་བསྡུས་ཞིག་འཆད་པའི་དང་པོ་ལ་གསུམ། ལུས་དང་། རྒྱན་དང་། སྐྱོན་སྤོང་ངོ་། །དང་པོ་ལ་གསུམ། ཚིགས་བཅད་ལྷུག་པ་སྤེལ་མར་བྱས་པའོ། །གཉིས་པ་ལ་གཉིས་ཏེ། སྒྲ་དོན་དང་། དབྱེ་བའོ། །དང་པོ་ནི། གོང་གི་ལུས་གསུམ་པོ་གང་རུང་མཛེས་པར་བྱེད་པས་ན་རྒྱན་ཅེས་བྱའོ། །གཉིས་པ་དབྱེ་ན་གཉིས་ཏེ། དོན་རྒྱན་དང་། སྒྲ་རྒྱན་ནོ། །དང་པོ་ལ་སོ་ལྔ་ཡོད་དེ། མེ་ལོང་མར། རང་བཞིན་བརྗོད་དང་དཔེ་དང་ནི། །གཟུགས་ཅན་གསལ་བྱེད་སྐོར་བ་དང་། །འགོག་དང་དོན་གཞན་བཀོད་པ་དང་། །ལྡོག་པ་ཅན་དང་སྲིད་པ་ཅན། །བསྡུས་དང་ཕུལ་བྱུང་རབ་བཏགས་དང་། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། །རྒྱ་ཆེ་བསྙོན་དོར་སྦྱར་བ་དང་། ཁྱད་པར་མཚུངས་པར་སྦྱོར་བ་དང་། །འགལ་དང་སྐབས་མིན་བསྟོད་པ་དང་། །ཟོལ་བསྟོད་ངེས་པར་བསྟེན་པ་དང་། །ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤིས། །རབ་སྤེལ་དེ་ནས་དགོངས་པ་ཅན། །ཞེས་གསུངས་པ་ལྟར་རོ། །འདི་དག་ལས་སོ་ལྔའི་དང་པོ་རང་བཞིན་གྱི་རྒྱན་ནི། བརྗོད་འདོད་ཀྱི་དངོས་པོ་གང་ཡིན་པ་དེའི་གནས་ཚུལ་ལ་སྒྲོ་མ་བཏགས་པར་རང་བཞིན་དྲང་པོར་བརྗོད་པ་ཞིག་སྟེ། དབྱེ་ན་བཞི་ཡོད་ཀྱང་། མཚོན་ཙམ་དཔེར་ན། གསལ་རྫོགས་མཚན་དཔེའི་དཔལ་གྱིས་མཛེས་པའི་སྐུ། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་སྒྲོག་པའི་གསུང་། །མཁྱེན་བརྩེའི་རང་བཞིན་རྣམ་པར་དག་པའི་ཐུགས། །གང་ལ་མངའ་བ་འདྲེན་མཆོག་ཤཱཀྱའི་ཏོག །ཞེས་པ་ལྟ་བུ། གཉིས་པ་དཔེ་རྒྱན་ནི། ཚིག་སྦྱོར་གང་དུ་བཞིན། ལྟར། འདྲ། མཚུངས་སོགས་ཀྱི་སྒྲས་དཔེ་དང་དཔེ་ཅན་ཕན་ཚུན་མཚུངས་པར་བརྗོད་པ་ཞིག་སྟེ། དབྱེ་ན་སོ་གཉིས། མཚོན་དཔེར། རྒྱ་ཆེའི་ཆོས་ཚུལ་ཀུན་ལ་བྱམས་མགོན་ལྟར། །ཟབ་མོའི་དོན་ལ་མཁྱེན་པའི་གཏེར་ཆེན་བཞིན། །མདོ་རྒྱུད་ཀུན་ལ་ཀླུ་སྒྲུབ་ཡབ་སྲས་དང་། །རབ་མཚུངས་ཆོས་ཀྱི་རྒྱལ་བོ་བཙོང་ཁ་བ། །ཞེས་པ་ལྟ་བུ། གསུམ་པ་གཟུགས་ཅན་གྱི་རྒྱན་ནི། ཚིག་སྦྱོར་གང་དུ་དཔེ་དང་དཔེ་ཅན་གཉིས་སོ་སོར་མ་ཕྱེ་བར་དཔེ་ཅན་དཔེའི་གཟུགས་སུ་བཀོད་ནས་བརྗོད་པ་ཞིག་སྟེ། དབྱེ་ན། ཉི་ཤུ། ཐབས་ཤེས་རླུང་གི་ཤིང་རྟས་ཉེས་དྲངས་ཏེ། །ཚོགས་གཉིས་ཤར་རིའི་རྩེ་ནས་མངོན་པར་འཕགས། །མཁྱེན་བརྩེའི་གཟི་འོད་འབར་བའི་སྣང་བ་ཅན། །རྒྱལ་ཚབ་སྨྲ་བའི་ཉི་མ་གང་དེ་རྒྱལ། །ཞེས་པ་ལྟ་བུ། བཞི་བ་གསལ་བྱེད་ཀྱི་རྒྱན་ནི། གསལ་བྱེད་ཀྱི་ཚིག་ཐོག་མཐའ་བར་གསུམ་གང་རུང་ན་གནས་པས་ངག་དང་དོན་གཞན་གསལ་བར་བྱེད་པ་ཞིག་སྟེ། དབྱེ་ན་ལྔ། པདྨོའི་གཉེན་གྱིས་ཆུ་སྐྱེས་གཞོན་ནུའི་ཚུལ། །རི་བོང་ཅན་གྱིས་འོད་དཀར་ཀུན་དའི་ཁ། །གཏན་ཚིགས་རིགས་པས་གཞུང་ལུགས་ཀུན་གྱི་སྒོ། །རིགས་གནས་འདིས་ནི་མཁས་བླུན་ཁྱད་པར་འབྱེད། །ཅེས་པ་ལྟ་བུ། ལྔ་བ་སྐོར་བའི་རྒྱན་ནི། ཚིག་སྦྱོར་གང་གི་ཐོག་མཐའ་བར་གསུམ་གང་རུང་དུ་དོན་དང་ཚིག་དང་གཉིས་ཀ་དང་ཡི་གེ་ལྟ་བུ་ལའང་བསྐོར་ཏེ་བརྗོད་ཀྱང་ཟློས་པའི་སྐྱོན་མེད་པ་ཞིག་སྟེ། དབྱེ་ན་གསུམ། ནམ་མཁའི་ཁམས་གྱི་མཐའ་ནི་རྣམ་པར་དབེན། །ཇི་སྙེད་ཤེས་བྱའི་མཐའ་ཡི་ཚད་ཀྱང་བྲལ། །རྒྱ་མཚོའི་གཏིང་མཐའི་ཚད་ནི་དཔག་པར་དཀའ། །རང་བཞིན་སྟོང་བའི་གཏིང་མཐའ་རྙེད་པར་དཀོན། །ཞེས་པ་ལྟ་བུ། དྲུག་པ་འགོག་པའི་རྒྱན་ནི། ཚིག་སྦྱོར་གང་དུ་འགོག་བྱེད་ཀྱི་ཚིག་གང་གིས་རང་གི་དགག་བྱ་འགོག་པ་ཞིག་སྟེ། དབྱེ་ན་ཉེར་གསུམ། སྔོན་ཚེ་ཐུབ་དབང་མཆོག་གིས་ཚིགས་བཅད་ཙམ། །བསྟན་པ་ཡིས་ཀྱང་གྲོལ་བ་མང་སྲིད་ན། །དེང་དུས་མང་ཐོས་རྩེ་གཅིག་ཡུན་རིང་དུ། །འབད་པས་བསྒྲུབས་ཀྱང་མི་གྲོལ་འདི་ཅི་ཞིག །ཅེས་པ་ལྟ་བུ། བདུན་པ་དོན་གཞན་བཀོད་པ་ནི། བརྗོད་དོན་འགའ་ཞིག་སྔོན་དུ་བཀོད་ནས་དེ་འདྲ་བའི་སྒྲུབ་བྱེད་ཞིག་རྗེས་སུ་བརྗོད་པ་སྟེ། དབྱེ་ན་བརྒྱད། མ་གསོལ་བར་ཡང་བྱམས་བརྩེས་ལུས་ཅན་འགྲོ། །ངེས་པར་རྗེས་སུ་འཛིན་པ་སངས་རྒྱས་ཏེ། །ཉིན་མོར་བྱེད་པས་ཆུ་སྐྱེས་གཞོན་ནུའི་ཚལ། །ལེགས་པར་སྨིན་པར་བྱེད་པ་རང་བཞིན་ཉིད། །ཅེས་པ་ལྟ་བུ། བརྒྱད་པ་ལྡོག་པ་ཅན་ནི། བརྗོད་བྱའི་དངོས་པོ་གཉིས་སྔར་མཚུངས་པར་བརྗོད་ནས་སླར་ཁྱད་པར་ཅུང་ཟད་ཡོད་པར་སྟོན་པ་ཞིག་སྟེ། དབྱེ་ན་བཞི། མཐའ་ཡས་འགྲོ་བའི་ཕན་བདེ་བསྒྲུབ་པའི་ཆེད། །ཐུགས་བསྐྱེད་རྫོགས་སངས་རྒྱས་ཀུན་མཚུངས་གྱུར་ཀྱང་། །ལྷག་པར་ཆེར་སྙིགས་ལྔ་བདོའི་ལུས་ཅན་རྣམས། །རྗེས་འཛིན་བཅོམ་ལྡན་ཤཱཀྱ་སེང་གེའི་ཞབས། །ཅེས་པ་ལྟ་བུ། དགུ་བ་སྲིད་པ་ཅན་ནི། དངོས་པོ་གང་རྒྱུ་ལ་མ་བལྟོས་པར་འབྱུང་སྲིད་པར་སྟོན་པ་ལྟ་བུ་ཞིག་སྟེ། དབྱེ་ན་གསུམ། སྨྲ་བྱེད་ལྕེ་ཡིས་མ་བརྗོད་ཅ་ཅོ་སྒྲོགས། །བཞོན་རྐང་གཤོག་པ་མེད་པར་རྟག་ཏུ་འགྲོ། །ཕན་གནོད་སེམས་བྲལ་སྐོམ་སེལ་རྒྱུ་ལམ་གཅོད། །བསྒྱུར་བཅོས་མ་བྱས་མདོག་སྔོ་དབྱར་གྱི་ཆུ། །ཞེས་པ་ལྟ་བུ། བཅུ་བ་བསྡུས་བརྗོད་ནི། བརྗོད་འདོད་དཔེ་ཅན་ཞིག་བརྗོད་བྱར་བསྡུས་ནས་དེ་མཚུངས་ཀྱི་དཔེ་དངོས་སུ་བརྗོད་པ་ཞིག་སྟེ་དབྱེ་ན་གསུམ། མཐའ་ཡས་འདོད་རྒུའི་འབྱུང་གནས་དཔག་བསམ་ཤིང་། །ཡོངས་པོར་རང་དགར་རྒྱུ་བའི་བླུན་པོ་འགའ། །ཆུ་ཤིང་འཁྱོག་པོ་དག་ལ་སྐྱབས་བཅས་ཀྱང་། །འདོད་དོན་མ་ཐོབ་ཕོངས་པའི་སྡུག་བསྔལ་མྱོང་། །ཞེས་པ་ལྟ་བུ། འདིས་དམ་པ་བོར་ནས་དམན་པ་བསྟེན་པ་ཞིག་བསྡུ། བཅུ་གཅིག་པ་ཕུལ་བྱུང་ནི། བརྗོད་བྱའི་དངོས་པོ་དེ་ལ་བརྗོད་འདོད་ཀྱི་དབང་གིས་བསྔགས་པ་ལྷག་པར་བྱས་པ་ཞིག་སྟེ། དབྱེ་ན་བཞི། ཐུགས་རྗེའི་བདག་ཉིད་པད་དཀར་འཛིན་པའི་དཔལ། །དབྱངས་ཅན་བཞད་པའི་རྡོ་རྗེའི་རྣམ་དཔྱོད་ལ། །མ་ལུས་རྒྱལ་བ་ཀུན་གྱི་མཁྱེན་པ་ཡང་། །གཅིག་ཏུ་བསྡུས་ཀྱང་ཇི་བཞིན་མཚོན་མི་ནུས། །ཞེས་པ་ལྟ་བུ། བཅུ་གཉིས་པ་རབ་བཏགས་སམ་རབ་རྟོག་ནི། དངོས་པོ་གང་གི་གནས་ཚུལ་དེ་ལ་གཞན་དུ་སྒྲོ་བཏགས་ནས་བརྗོད་པ་ཞིག་སྟེ། དབྱེ་ན་གསུམ། ཉིན་བྱེད་དབང་བོ་མཁའ་ལ་ཤར་བའི་ཚེ། །པདྨོའི་ཚལ་རྣམས་དགའ་བའི་འཛུམ་སྟོན་ཞིང་། །མུན་པ་སྟུགས་པོ་སྐྲགས་ནས་གཞན་དུ་བྲོས། །བསིལ་བའི་གདུང་བའང་རིང་དུ་འགྲོ་སྙམ་སེམས། །ཞེས་པ་ལྟ་བུ། བཅུ་གསུམ་པ་རྒྱུའི་རྒྱན་ནི། བརྗོད་འདོད་ཀྱི་དངོས་པོ་དེ་ལ་རྒྱུ་ཁྱད་པར་བ་ཞིག་ཡོད་པར་སྟོན་པ་སྟེ། དབྱེ་ན་གསུམ། གྲོ་ནས་ལ་སོགས་ས་བོན་ཡོངས་བཏབ་པར། །སྟོན་དུས་འབྲས་བཟང་རྫོགས་པར་སྨིན་པའི་རྐྱེན། །ཐན་སེར་གེགས་མེད་ཆུ་ལུད་དྲོད་གཤེར་སོགས། །ལེགས་པར་ཚང་བའི་ལྷན་ཅིག་བྱེད་པ་ཉིད། །ཅེས་པ་ལྟ་བུ། བཅུ་བཞི་བ་ཕྲ་མོའི་རྒྱན་ནི། ལུས་ངག་སོགས་ཀྱི་བརྡའི་རྣམ་འགྱུར་ཕྲ་མོ་ཞིག་གིས་དོན་གཞན་གོ་བར་བྱེད་པ་ཞིག་སྟེ། དབྱེ་ན་གཉིས། སྐྱོན་དང་བྲལ་ཕྱིར་བསིལ་ཟེར་རྒྱས་པའི་སྟེང་། །འགྲོ་ཀུན་འདྲེན་ཕྱིར་ཤེལ་གྱི་འཕྲེང་བ་དང་། །ཐུགས་རྗེའི་རང་བཞིན་ཉིད་ཕྱིར་པད་དཀར་མཆོག །འཛིན་མཛད་འཕགས་པ་ལོ་ཀི་ཤྭ་རར་འདུད། །ཅེས་པ་ལྟ་བུ། བཅོ་ལྔ་བ་ཆའི་རྒྱན་ནི། །བསྟོད་པ་ལྟར་བྱས་ནས་སྨད་པའམ་སྨད་པ་ལྟར་བྱས་ནས་བསྟོད་པའི་ཆ་གཉིས་ཀ་བརྗོད་པ་ཞིག་སྟེ། དབྱེ་ན་གཉིས། ལོངས་སྤྱོད་དཔལ་གྱིས་འབྱོར་བའི་དབུས་གནས་ཤིང་། །རྣམ་མང་བླུན་རྨོངས་འཁོར་གྱིས་གཙུག་གིས་བསྟེན། །ཟང་ཟིང་འདུ་འགོད་ལ་མཁས་ཆོས་ཀྱི་རྗེ། །གང་དེ་ཁྱོད་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས། །ཞེས་པ་ལྟ་བུ། བཅུ་དྲུག་པ་རིམ་པ་ཅན་ནི། དངོས་པོ་འགའ་ཞིག་སྔོན་དུ་བརྗོད་ནས་དེ་དག་གི་ཁྱད་པར་རིམ་པ་བཞིན་དུ་རྗེས་སུ་བརྗོད་པ་སྟེ། རྒྱལ་ཡུམ་སྒྲོལ་མ་རྗེ་བཙུན་དབྱངས་ཅན་མ། །སྡུག་བསྔལ་ལས་སྐྱོབ་དག་གི་དཔལ་རབ་སྟེར། །གདུགས་དཀར་རྣམ་རྒྱལ་འཕགས་མ་འོད་ཟེར་ཅན། །གདོན་སྲུང་ཚེ་སྦྱིན་འཇིགས་པའི་ཚོགས་ལས་སྒྲོལ། །ཞེས་པ་ལྟ་བུ། བཅུ་བདུན་པ་དགའ་བ་ཅན་ནི། རྒྱུ་ལས་འབྲས་བུ་ཁྱད་པར་ཅན་ཞིག་ཐོབ་པས་དགའ་བ་བྱུང་བར་སྟོན་པ་སྟེ། དབྱེ་ན་གཉིས། གཏན་ཚིགས་རིགས་པའི་ཚུལ་ལ་རབ་སྦྱངས་པས། །དངོས་པོའི་རང་བཞིན་དངོས་སྟོབས་རིགས་པ་ཡིས། །མ་འདྲེས་གསལ་བར་མཐོང་ཚེ་བདག་གི་ཡིད། །སྔོན་མེད་དགའ་བའི་ཁྱད་པར་ཐོབ་པར་གྱུར། །ཞེས་པ་ལྟ་བུ། བཅོ་བརྒྱད་པ་ཉམས་ལྡན་ནི། བརྗོད་དོན་དེ་ཡིད་དུ་འོང་བའམ་མི་འོང་བ་སོགས་ཀྱི་ཉམས་དང་ལྡན་པར་བརྗོད་པ་ཞིག་སྟེ། དབྱེ་ན་བརྒྱད། རྒྱལ་བས་རྗེ་བཙུན་རྣམ་པར་རྒྱལ་མ་ཡི། །གཟུངས་ཀྱི་རྟོག་པ་བརྗོད་ལས་ཕན་ཡོན་གང་། །རྒྱ་ཆེར་བསྟན་པའི་རྔ་གསང་སྙན་འགྱུར་དཔལ། །ཐོས་པས་རྨད་བྱུང་ཡིད་འཕྲོག་གར་གྱིས་བྲེལ། །ཅེས་པ་ལྟ་བུ། བཅུ་དགུ་བ་གཟི་བརྗིད་ཅན་ནི། བརྗོད་བྱའི་དོན་གང་གཞན་ལས་དཔའ་བའི་གཟི་བརྗིད་ཅན་ནམ་ང་རྒྱལ་ལྟ་བུར་བརྗོད་པ་ཞིག་སྟེ། གཞུང་ལུགས་མང་ཐོས་ཁོ་བོའི་མདུན་ས་འདིར། །རྨོངས་རྟུལ་བྱིས་པ་ཁྱེད་ཅག་ལྷག་པ་ལེགས། །དཀའ་བ་མེད་པར་ཚིག་དང་དོན་གྱི་གནད། །ཇི་བཞིན་བཤད་པ་ཡིས་ནི་མགུ་བར་བྱ། །ཞེས་པ་ལྟ་བུ། ཉི་ཤུ་བ་རྣམ་གྲངས་བརྗོད་པ་ནི། རང་གི་འདོད་དོན་དེ་དངོས་སུ་མ་བརྗོད་པར་དེ་ཉིད་འགྲུབ་པའི་ཕྱིར་དུ་རྣམ་པ་གཞན་ལྟར་བརྗོད་པ་ཞིག་སྟེ། འཆི་མེད་མཆོག་སྟེར་མགོན་པོ་ཚེ་དཔག་མེད། །རྣམ་རྒྱལ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ཡིས། །ཚེ་དཔལ་དོན་དུ་གཉེར་བར་བྱེད་རྣམས་ལ། །དཔག་ཡས་ཚེ་ཡི་དངོས་གྲུབ་སྩོལ་ཞེས་གསོལ། །ཞེས་པ་ལྟ་བུ། ཉེར་གཅིག་པ་ཀུན་ཕན་ནི། བྱ་བ་འགའ་ཞིག་གི་ཚེ་འབད་མ་དགོས་པར་ཕན་པའི་རྐྱེན་ཞིག་བྱུང་བར་སྟོན་པ་སྟེ། བླང་དོར་གནས་རྣམས་རྟོགས་ཕྱིར་གཞུང་ལུགས་ལ། །བརྩོན་པས་ཐོས་བསམ་བྱེད་ཚེ་མཁྱེན་པའི་དབང་། །རྗེ་བཙུན་བརྟན་པའི་འཁོར་ལོས་བྱིན་བརླབས་པས། །ཇི་སྙེད་གསུང་རབ་ཚོགས་ཀྱི་དགོངས་དོན་རྟོགས། །ཞེས་པ་ལྟ་བུ། ཉེར་གཉིས་པ་རྒྱ་ཆེ་བ་ནི། བསམ་པའམ་སྦྱོར་བ་རྒྱ་ཆེ་བར་སྟོན་པ་ཞིག་སྟེ། དབྱེ་ན་གཉིས། ཁམས་གསུམ་ཟ་བྱེད་གཤིན་རྗེ་གཤེད་པོ་ཡིས། །མ་རུང་དགྲ་དང་བགེགས་ཀྱི་དཔུང་ཚོགས་ཀུན། །ཅིག་ཅར་ཟ་བར་ནུས་ཀྱང་སྙིང་རྗེ་ཡིས། །ཕལ་ཆེར་བཏང་སྙོམས་ཉིད་དུ་ཅི་དགར་བཞག །ཞེས་པ་ལྟ་བུ། ཉེར་གསུམ་པ་བསྙོན་དོར་ནི། བརྗོད་བྱའི་དངོས་པོ་གང་ལ་དེ་མ་ཡིན་ནོ་ཞེས་བསྙོན་ནས་གཞན་པ་ཞིག་ཏུ་བརྗོད་པ་སྟེ། དབྱེ་ན་གསུམ། བློ་བཟང་རྒྱལ་བའི་དབང་བོ་བཙོང་ཁ་བ། །བྱམས་བརྩེའི་ཐུགས་དང་ལྡན་པ་ག་ལ་ཞིག ། ཕས་རྒོལ་ལྟ་ངན་འབུམ་གྱི་སྲོག་རྩ་ཀུན། །གཅོད་པར་བྱེད་པའི་གཤེད་མ་ཉིད་དུ་གསལ། ཞེས་པ་ལྟ་བུ། ཉེར་བཞི་བ་སྦྱར་བ་ནི། ཚིག་གཅིག་བརྗོད་བྱའི་དོན་གཉིས་ལ་སྦྱར་རུང་བ་ཞིག་སྟེ། དབྱེ་ན་གཉིས། རབ་དཀར་ཀུན་ཏུ་མཛེས་ཤིང་ཡིད་དུ་འོང་། །གདུང་བ་རབ་སེལ་སྙིང་ལ་དགའ་བ་བསྐྱེད། །འཁོར་གྱི་ཚོགས་ལྡན་ཕན་ཕྱིར་རྣམ་པར་རྒྱུ། །གཉིས་སྐྱེས་མཆོད་པའི་འོས་སུ་གྱུར་པ་ལགས། །ཅེས་པ་ལྟ་བུ། འདི་དབྱངས་ཅན་མ་དང་ཟླ་བ་གཉིས་ལ་འཇུག་གོ། །ཉེར་ལྔ་བ་ཁྱད་པར་བརྗོད་པ་ནི། རྒྱུའི་ཁྱད་པར་མ་ཚང་ཡང་བྱ་བ་བྱེད་ནུས་པར་སྟོན་པ་ཞིག་སྟེ། དབྱེ་ན་ལྔ། འདི་བྱེད་སྙམ་པའི་ཡིད་ཀྱི་ཀུན་སློང་དང་། །འདུ་ཤེས་མེད་པར་འཁོར་འདས་ཆོས་རྣམས་ཀྱི། །བྱ་བྱེད་སྐྱེ་འགག་བླང་དོར་སྣ་ཚོགས་པ། །འཐད་པ་རྟེན་འབྲེལ་ཆོས་ཉིད་གང་ཡིན་མཚར། །ཞེས་པ་ལྟ་བུ། ཉེར་དྲུག་པ་མཚུངས་སྦྱོར་ནི། །བརྗོད་བྱ་འགའ་ཞིག་མཚུངས་པར་བརྗོད་པ་སྟེ། དབྱེ་ན་གཉིས། ཆོས་རྒྱལ་དགེ་བའི་བཤེས་གཉེན་ཉི་ཟླ་ཟུང་། །གཞན་ལ་ཕན་པའི་ཆེད་དུ་འཇུག་པར་མཚུངས། །བླུན་རྨོངས་བ་ལང་ཁྱུ་དང་ཀུ་ཀུ་ར། །ལྟོ་ཕྱིར་ཀུན་ནས་འབད་པར་བྱེད་ཅེས་ཟེར། །ཞེས་པ་ལྟ་བུ། ཉེར་བདུན་པ་འགལ་རྒྱན་ནི། བརྗོད་བྱའི་དོན་འགལ་བ་དག་ཀྱང་ལྷན་ཅིག་སྲིད་པར་སྟོན་པ་ཞིག་སྟེ། དབྱེ་ན་དྲུག །རྒྱལ་ཀུན་ཡབ་ཏུ་གྱུར་ཀྱང་གཞོན་ནུའི་ཚུལ། །ཐེ་ཚོམ་དྲ་བ་བཅད་ཀྱང་གླེགས་བམ་འཛིན། །ཆགས་སྡང་བྲལ་ཡང་འགྲོ་ལ་རབ་ཏུ་བརྩེ། །སྡང་དང་མི་ལྡན་བདུད་ཀྱི་དཔུང་ཚོགས་འཇོམས། །ཞེས་པ་ལྟ་བུ། ཉེར་བརྒྱད་པ་སྐབས་མིན་བསྟོད་པ་ནི། བསྟོད་པའི་འོས་སམ་སྐབས་མིན་ཡང་རང་གི་འདོད་དོན་ལ་བསམས་ནས་བསྟོད་པའམ་བསྔགས་པ་ལྟ་བུ་ཞིག་སྟེ། དབྱངས་ཅན་སྒྲུབ་ལ་བརྩོན་པའི་སྒོམ་བཟླས་ཀྱིས། །ཉིན་མཚན་མེད་པར་གདུང་བའི་ཚུལ་འདི་ལས། །ཅི་དགར་སྤྱོད་ཅིང་ཉལ་བའི་བླུན་པོ་དག ། ཚེ་འདིར་སྡུག་བསྔལ་ཆེར་མེད་བདེ་བར་སེམས། །ཞེས་པ་ལྟ་བུ། ཉེར་དགུ་བ་ཟོལ་བསྟོད་ནི། ཡུལ་འགའ་ཞིག་ལ་སྐྱོན་ལྟར་སྣང་བ་ཞིག་བརྗོད་ནས་དོན་ལ་བསྟོད་པ་ཞིག་སྟེ། དབྱེ་ན་གསུམ། དལ་མེད་རང་ཉིད་མནར་བའི་སྡུག་བསྔལ་གྱིས། །ཉིན་མཚན་ཀུན་ཏུ་དཔེ་འཛིན་ཁ་ཏོན་ལ། །བརྩོན་པས་འཇུག་པའི་ངལ་བ་སྟེན་བྱེད་པ། ཁྱོད་ཀྱིས་བདེ་བ་ཅི་ཞིག་འཐོབ་སྙམ་སེམས། །ཞེས་པ་ལྟ་བུ། སུམ་ཅུ་པ་ངེས་བསྟན་ནི། དཔེས་དཔེ་ཅན་དེ་ལ་ཆོས་མཚུངས་སྟོན་པ་ལྟ་བུ་ཞིག་སྟེ། དབྱེ་ན་གཉིས། དྭངས་གསལ་ཆུ་གཏེར་མེ་ལོང་དག་པའི་ངོས། །སྣ་ཚོགས་གཟུགས་ཀྱི་བཀོད་པ་ཅིག་ཅར་དུ། །མངོན་སུམ་ལྷང་ངེར་འཆར་བས་རྒྱལ་ཀུན་གྱི། །ཡེ་ཤེས་གསལ་བར་ཆོས་རྣམས་སྣང་བར་སྟོན། །ཞེས་པ་ལྟ་བུ། སོ་གཅིག་པ་ལྷན་ཅིག་བརྗོད་པ་ནི། །དངོས་པོ་གང་བྱ་བ་གང་དང་ལྷན་ཅིག་བརྗོད་པ་ཞིག་སྟེ། དབྱེ་ན་གསུམ། རྟ་བདུན་བདག་པོ་ཤར་དང་ལྷན་ཅིག་ཏུ། །ཆུ་སྐྱེས་རྣམ་པར་སྨིན་པའི་འདབ་མ་རྒྱས། །བློ་བཟང་རྒྱལ་བ་བྱོན་དང་ལྷན་ཅིག་ཏུ། །ལུང་དང་རྟོགས་པའི་ཐུབ་བསྟན་ཀུན་ནས་དར། །ཞེས་པ་ལྟ་བུ། སོ་གཉིས་པ་ཡོངས་བརྗེས་ནི། བརྗོད་བྱའི་དངོས་པོ་ཕན་ཚུན་བརྗེས་པ་ལྟར་སྟོན་པ་ཞིག་སྟེ། བརྟན་པའི་འཁོར་ལོའི་ཐུགས་རྗེའི་འཕྲིན་ལས་ཀྱིས། །རྨོངས་པའི་ཡིད་དབང་མ་ལུས་འཕྲོག་བྱས་ཏེ། །གསུང་རབ་ཀུན་ལ་ལྟ་བའི་རྣམ་དཔྱོད་ཀྱི། །འདོད་དོན་མཆོག་ཏུ་སྟེར་བས་བསྐལ་བཟང་བྱས། །ཞེས་པ་ལྟ་བུ། སོ་གསུམ་པ་ཤིས་བརྗོད་ནི། འདོད་དོན་ལ་སྨོན་པའམ་ཞུ་བ་ཞིག་སྟེ། ཚུལ་འདིར་འབད་པ་ལས་འཁྲུངས་རྣམ་དཀར་དགེས། །གཟུར་གནས་བློ་གསལ་དོན་དུ་གཉེར་བ་དག །ཆོས་ལ་འཇུག་པའི་བརྩོན་པ་ལྷུར་ལེན་ཅིང་། །འདི་ཕྱི་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་པ་ལྟ་བུ། སོ་བཞི་བ་རབ་སྤེལ་ནི། རྒྱན་མང་པོ་སྤེལ་པ་ཞིག་སྟེ། མཚན་དང་དཔེ་བྱད་དཔལ་གྱིས་མཛེས་པའི་སྐུ། །ཚངས་པ་འབུམ་གྱི་དབྱངས་ལྟར་སྙན་པའི་གསུང་། །ཤེས་བྱ་ཀུན་གཟིགས་ཉིན་མོར་བྱེད་པའི་ཐུགས། །གང་ལ་མངའ་བ་ཐུབ་དབང་ལས་གཞན་སུ། །ཞེས་པ་ལྟ་བུ་སྟེ་རྒྱན་བསྲེས་པའོ། །དེ་ནས་སོ་ལྔ་བ་དགོངས་པ་ཅན་གྱི་རྒྱན་ནི། རྩོམ་པ་པོའི་བསམ་དོན་སྟོན་པ་ཞིག་སྟེ། མཚོན་དཔེར། རང་ཉིད་ལེགས་པར་གོམས་པར་བྱ་ཕྱིར་དང་། །གཞན་དག་ལ་ཡང་ཕན་པར་སྲིད་སྙམ་སྟེ། །དམ་པའི་མན་ངག་དག་ལ་བརྟེན་ནས་ནི། །མདོར་བསྡུས་གོ་སླའི་ངག་གིས་ཇི་བཞིན་བཤད། །ཅེས་པ་ལྟ་བུའོ། །སྔར་གྱི་དབྱེ་བ་དེ་དག་ཕལ་ཆེར་རྩ་བའི་སྒོ་ནས་ཡིན་གྱི། ཡན་ལག་གི་སྒོ་ནས་ནི་ཤིན་ཏུ་མང་ངོ་།། །།གཉིས་པ་སྒྲ་རྒྱན་ལ་གསུམ། ཟུང་ལྡན་གྱི་ཁྱད་པར། བྱ་དཀའ་བ། དབྱངས་ངེས་པ་སོགས་སོ། །དང་པོ་ལ་དྲུག །རྐང་བའི་ཐོག་མ་ན་ཡོད་པའི་ཟུང་ལྡན། གནས་གཞན་ན་ཡོད་པའི་ཟུང་ལྡན། ཐོག་མཐའ་སྦྱར་བ། ཀུན་ཏུ་ཟུང་ལྡན། བསྲེས་པའི་ཟུང་ལྡན། བཟློག་པའི་ཟུང་ལྡན་ནོ། །དང་པོ་ལ་གསུམ། བར་མ་ཆོད་པ། ཆོད་པ། ཆོད་ཅིང་མ་ཆོད་པའོ། །དང་པོ་ལ་རྐང་བ་དང་པོའི་ཐོག་མ་ན་ཡོད་པ་སོགས་བཅོ་ལྔ་ཡོད་ཀྱང་། འདིར་མཚོན་དཔེར། རྐང་པ་བཞི་ཀའི་ཐོག་མ་ན་ཡོད་པ་ཙམ་ནི། ཟབ་ཟབ་རིགས་པ་སྨྲ་བ་ཡི། །མཁས་མཁས་ཀུན་གྱི་མགོ་བོ་ལ། །མཛེས་མཛེས་ཞབས་སེན་རྣམ་འགོད་པ། །ངེས་ངེས་ཀུན་མཁྱེན་རྒྱལ་ཚབ་རྗེ། །ཞེས་པ་ལྟ་བུ། གཉིས་པ་ཆོད་པ་ལ་ཐོག་མའི་ཟུང་ལྡན་སོགས་བཅུ་གསུམ་ཡོད་ཀྱང་། དཔེར་རྐང་བ་བཞི་ཀའི་ཐོག་མ་ན་ཡོད་པ་ཙམ་ནི། རྒྱལ་བའི་དགོངས་དོན་མ་ལུས་པ། །རྒྱལ་བ་གཉིས་པས་བཀྲལ་བ་བཞིན། །རྒྱལ་བའི་ཆོས་ཚུལ་ཀུན་འཛིན་པ། །རྒྱལ་སྲས་མཁས་གྲུབ་ཆོས་ཀྱི་རྗེ། །ཞེས་པ་ལྟ་བུ། གསུམ་པ་ཆོད་ཅིང་མཆོད་པ་ལ་གསུམ་ཡོད་ཀྱང་། དཔེར། ཐོག་ཐ་གཉིས་འདྲ་ཞིང་བར་བ་གཉིས་ཀྱང་འདྲ་བ་ཙམ་ནི། འཁྱུག་འཁྱུག་གློག་འཕྲེང་འཕྲོ་བའི་ཚེ། །ཤར་ཤར་ཆར་པ་འབབ་པ་དང་། །ཤང་ཤང་ཆུ་རྒྱུན་དལ་གྱིས་རྒྱུ། །འཁྱུག་འཁྱུག་དབང་པོའི་གཞུ་ཡང་བཀྲ། །ཞེས་པ་ལྟ་བུའོ། །གཉིས་པ་གནས་གཞན་ན་ཡོད་པའི་ཟུང་ལྡན་ལ། རྐང་བ་བཞི་ཀའི་དབུས་ན་ཡོད་པ་སོགས་དྲུག་ཡོད་ཀྱང་། དཔེར། གནས་གསུམ་ན་ཡོད་པ་ལ་ཆོད་པ་དང་། །ཆོད་ཅིང་མ་ཆོད་པ་གཉིས་ཀྱི་དང་པོ་ནི། །བློ་ཆེན་རྒྱལ་ཀུན་བློ་གྲོས་ཆེན་པོའི་བློ། །བློ་ལྡན་རྒྱལ་སྲས་བློ་གསལ་འཇམ་དབྱངས་བློ། །བློ་གྲོས་འགྲན་བྲལ་བློ་བཟང་གྲགས་པའི་བློ། །བློ་དམན་ཉན་རང་བློ་ཆུང་བདག་གི་བློ། །ཞེས་པ་ལྟ་བུ། གཉིས་པ་ནི། འཁྱུག་འཁྱུག་གློག་གི་ཕྲེང་བ་ཇི་བཞིན་འཁྱུག་འཁྱུག་སྤྱན་ཟུར་གཡོ་འཁྱུག་འཁྱུག །ལྡེམ་ལྡེམ་ལྕུགས་ཕྲན་ལྗོན་པའི་རྩེ་ལྟར་ལྡེམ་ལྡེམ་རལ་པའི་རྩེ་ལྡེམ་ལྡེམ། །འཛུམ་འཛུམ་པདྨའི་འདབ་མ་ཇི་བཞིན་འཛུམ་འཛུམ་ཞལ་གྱི་སྒོ་འཛུམ་འཛུམ། །དཀར་དཀར་གངས་ཀྱི་རི་དབང་ལྟ་བུར་དཀར་དཀར་དབྱངས་ཅན་མདོག་དཀར་དཀར། །ཞེས་པ་ལྟ་བུ། གསུམ་པ་ཐོག་མཐའ་སྦྱར་བ་ནི། དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །ཡུམ་མཆོག་རྗེ་བཙུན་རྣམ་རྒྱལ་མ། །མ་གཅིག་ཁྱོད་ལ་གསོལ་བཏབ་ཚེ། །ཚེ་དང་ཡེ་ཤེས་ངེས་པར་སྩོལ། །ཞེས་པ་ལྟ་བུ། བཞི་བ་ཀུན་ཏུ་ཟུང་ལྡན་ལ་རྐང་བ་བཟླས་པ། ཚིགས་བཅད་བཟླས་པ། །ཟུང་ལྡན་ཆེན་པོ་གསུམ་ཡོད་ཀྱང་། དཔེར། རྐང་བ་བཟླས་པ་ཙམ་ནི། །འཛམ་གླིང་མཁས་པ་ཀུན་གྱི་རྗེ། །ཐེག་ཆེན་ཤིང་རྟའི་སྲོག་འབྱེད་མཁན། །འཛམ་གླིང་མཁས་པ་ཀུན་གྱི་རྗེ། །ཐེག་ཆེན་ཤིང་རྟའི་སྲོལ་འབྱེད་མཁན། །ཞེས་པ་ལྟ་བུ། ལྔ་བ་བསྲེས་པ་ནི། འཛུམ་འཛུམ་ཞལ་གྱི་སྒོ་མཛེས་མཛེས། །མཛེས་མཛེས་སྐུ་མཆོག་མཆོག་ཏུ་གསལ། །གསལ་དག་ཐུགས་ནི་ཟབ་ཟབ་གང་། །གང་དང་གང་ལའང་ཐོགས་མེད་འཇུག །ཅེས་པ་ལྟ་བུ། དྲུག་པ་ལྡོག་པའི་ཟུང་ལྡན་ལ་རྐང་བ་བཟློག་པ་སོགས་གསུམ་ཡོད་ཀྱང་། དཔེར། རྐང་བ་ཕྱེད་བཟློག་པ་ཙམ་ནི། འཁྲུལ་པས་བཅིངས་རྣམས་བཅིངས་པས་འཁྲུལ། །ཞེན་པར་འདོད་ཆགས་འདོད་པས་ཞེན། །གང་ན་ཡོད་ཚེ་ཡོད་ན་གང་། །འཁོར་བར་རིང་དུ་རིང་བར་འཁོར། །ཞེས་པ་ལྟ་བུ། གཉིས་པ་བྱ་དཀའ་ལ་བ་ལང་གཅིན། ཀུན་འཁོར། ཕྱེད་འཁོར་གསུམ་སྟེ་གཞན་དུ་ཤེས། གཉིས་པ་དབྱངས་སོགས་ངེས་པ་ལ་གསུམ་ལས། དང་པོ་ནི། དཔེར། དཔལ་ལྡན་བླ་མ་དམ་པ་ལ། །མཆོད་དོ་བསྟོད་དོ་གསོལ་ལོ་བརྗོད། །དུས་ཀུན་གུས་འདུད་ལུས་བཏུད་ཞུ། །བདེ་ལེགས་ཡེ་ཤེས་ངེས་སྟེར་བྱེད། །ཉིད་ཀྱིས་ཇི་བཞིན་འདིར་ནི་གཟིགས། །ཞེས་པ་ལྟ་བུ་སྟེ། དབྱངས་ལྔ་སོ་སོར་ངེས་པའོ། །གཉིས་པ་ནི། དེ་ཙམ་དུ་མི་མཁོ། གསུམ་པ་གསལ་བྱེད་ཀྱི་ཡི་གེ་བཞིར་ངེས་པ་ནི། དཔེར། རང་རང་རེ་རེ་རོང་རོང་རོང་། །ལང་ལང་ལིང་ལིང་ལོང་ལོང་ལོང་། །ཤང་ཤང་ཤོར་ཤོར་ཤིག་ཤིག་ཤིག །ཏང་ཏང་ཏིང་ཏིང་ཏོག་ཏོག་ཏོག །ཞེས་པ་ལྟ་བུའོ། །གསུམ་པ་སྐྱོན་སྤོང་བ་ནི། དོན་ཉམས་པ་སྤོང་བ་སོགས་བཅུ་ཡོད་ཀྱང་། །རྒྱས་པར་ནི་གཞན་དུ་ཤེས་པར་བྱ་སྟེ། །འདིར་མང་དུ་དོགས་ནས་མ་བྲིས་སོ།། །། ༈ ན་མོ་ཨཱཪྱ་ཏཱ་ར་ཡེ། གཉིས་པ་མངོན་བརྗོད་བཤད་པ་ནི། །རྒྱལ་བ་ཀུན་མཁྱེན་ཀུན་གཟིགས་དང་། །ཐམས་ཅད་མཁྱེན་དང་ཐམས་ཅད་གཟིགས། །ཐུབ་པ་བདེ་གཤེགས་དེ་བཞིན་གཤེགས། །རྣམ་འདྲེན་བཅོམ་ལྡན་རྐང་གཉིས་གཙོ། །གཉིས་མེད་གསུང་པ་དྲང་སྲོང་ཆེ། །དུས་གསུམ་མཁྱེན་པ་འགྲོ་བའི་བླ། །ཆོས་ཀྱི་རྒྱལ་བོ་སྟོབས་བཅུ་མངའ། །སངས་རྒྱས་སྤྱི་ཡི་མཚན་དུ་འདོད། །ཤཱཀྱའི་རྒྱལ་བོ་ཤཱཀྱའི་ཏོག །ཤཱཀྱ་སེང་གེ་གོའུ་ཏ་མ། །བུ་རམ་ཤིང་བ་ཟས་གཙང་སྲས། །དོན་ཀུན་གྲུབ་པ་ཤཱཀ་ཐུབ་མཚན། །མི་ཕམ་མགོན་དང་མ་ཕམ་པ། །རྒྱལ་ཚབ་དམ་པ་བྱམས་པའི་མཚན། །འཇམ་མགོན་ངག་གི་དབང་ཕྱུག་ཆེ། །བརྟན་པའི་འཁོར་ལོ་བློ་གཏེར་མཆོག །ཟུར་ཕུད་ལྔ་པ་འཇམ་དབྱངས་མཚན། །ངག་དབང་ལྷ་མོ་ཚངས་སྲས་མ། །སྒྲ་དབྱངས་ལྷ་མོ་མཚོ་བྱུང་མ། །ཤེས་རབ་ལྷ་མོ་དབྱངས་ཅན་མཚན། །མཐོ་རིས་གནས་དང་སྐབས་གསུམ་གནས། །གསུམ་རྩེན་གནས་ལ་ལྷ་གནས་མིང་། །འཆི་མེད་བཅུད་ལྡན་བདུད་རྩི་ཅན། །མཁར་ཉལ་གསུམ་རྩེན་སྐབས་གསུམ་པ། །ལེགས་བྲིས་ཚིག་མདའ་མཁའ་ལ་འགྲོ། །སྦྱིན་སྐྱེས་དགྲ་སོགས་ལྷ་སྤྱིའི་མིང་། །སྐྱེ་རྒུའི་བདག་པོ་མི་མཇེད་བདག །གསེར་མངལ་ཅན་དང་གདོང་བཞི་བ། །འཇིག་རྟེན་མེས་པོ་ལྷ་ལས་རྒན། །བྱེད་པོ་རྣ་བ་བརྒྱད་པ་དང་། །རང་བྱུང་ལ་སོགས་ཚངས་པའི་མིང་། །སྲིད་མེད་བུ་དང་ཐག་གུའི་ལྟོ། །གོས་སེར་ཅན་དང་པད་དཀར་མིག །མི་ཡི་སེང་གེ་མིའུ་ཐུང་། །འཇུག་པ་བཅུ་པ་སྦྱིན་སྐྱེས་དགྲ། །མཁའ་ལྡིང་རྒྱལ་མཚན་གོས་གསུམ་གནོན། །སྟོབས་ལྡན་དགྲ་སོགས་ཁྱབ་འཇུག་མིང་། །ཡིད་སྲུབ་བདག་པོ་མདའ་ལྔ་པ། །མེ་ཏོག་མདའ་ཅན་ལུས་མེད་བདག །དགའ་མའི་བདག་པོ་དཀའ་ཐུབ་དགྲ། །དགའ་རབ་དབང་ཕྱུག་འདོད་ལྷའི་མིང་། །ཁྱུ་མཆོག་རྒྱལ་མཚན་ཨུ་མའི་བདག ། གངས་རིའི་བདག་བོ་རལ་ཁུར་ཅན། །དྲག་པོ་འཕྲོག་བྱེད་བདེ་འབྱུང་དང་། །གཙུག་ན་ཟླ་བ་མིག་གསུམ་པ། །དཔལ་མགྲིན་མགྲིན་ནག་མགྲིན་སྔོན་ཅན། །གང་གཱ་འཛིན་དང་ལྷ་ཆེན་པོ། །གྲོང་གསུམ་མཐར་བྱེད་འབྱུང་པོའི་བདག ། དབང་ལྡན་བདག་པོ་རྩེ་གསུམ་ཅན། །མདུང་ཐོགས་ལ་སོགས་དབང་ཕྱུག་མིང་། །ལེགས་བྲིས་དབང་བོ་སྐབས་གསུམ་བདག །བདེ་སོགས་བདག་པོ་མིག་སྟོང་ཅན། །དབང་བོ་འཕྲོག་བྱེད་རྡོ་རྗེ་ཅན། །མཆོད་སྦྱིན་བརྒྱ་བ་སྤྲིན་ལ་ཞོན། །ཀོའུ་ཤི་ཀ་རི་འཇོམས་པ། །ཤིས་བརྗོད་ཉན་སོགས་བརྒྱ་བྱིན་མིང་། །སྔོན་གྱི་ལྷ་དང་དབང་བོའི་དགྲ། ཁུ་བའི་སློབ་མ་སྦྱིན་སྐྱེས་དང་། །མཆོད་སྦྱིན་དགྲ་སོགས་ལྷ་མིན་མིང་། །བྱིན་ཟ་རྙེད་ཟ་བསྲེག་ཟ་དང་། །སྐེམ་བྱེད་མུན་འཇོམས་འབར་བ་ཅན། །རྩེ་མོ་ཅན་དང་རླུང་གི་གྲོགས། །མེ་དང་མེ་ལྷ་གཉིས་ཀྱི་མིང་། །དབྱུག་འཛིན་བེ་ཅོན་འཆང་བ་དང་། །དུས་འཛིན་མཐར་བྱེད་ཉི་མའི་བུ། མ་མོའི་རྒྱལ་བོ་ཆོས་ཀྱི་རྒྱལ། །འཆི་བདག་ལ་སོགས་གཤིན་རྗེའི་མིང་། །གདོང་བཅུ་མགྲིན་བཅུ་ལངྐའི་བདག །བདེན་བྲལ་བདག་པོ་ཤ་རྗེན་ཟ། །སྒྲ་སྒྲོགས་ལ་སོགས་སྲིན་པོའི་མིང་། །ཆུ་བདག་ཆར་འབེབ་ཆུ་ལ་སྤྱོད། །ཆུ་ལྡན་བསིལ་འཛིན་ཞགས་པ་ཅན། །མཆོག་སྟེར་ལ་སོགས་ཆུ་ལྷའི་མིང་། །རྟག་འགྲོ་དྲི་ལེན་དྲི་ཡི་བཞོན། །མྱུར་འགྲོ་མགྱོགས་འགྲོ་ཀུན་ཏུ་རྒྱུ། །རེག་ལྡན་རླུང་དང་རླུང་ལྷའི་མིང་། །གནོད་སྦྱིན་བདག་པོ་མིག་གསུམ་གྲོགས། །ལུས་ངན་བུ་དང་ངལ་སོས་བུ། །ནོར་སྦྱིན་གཏེར་བདག་རྣམ་སྲས་མིང་། །བདེན་བྲལ་བདག་པོ་གོང་དུ་བཤད། །ལྷ་ལམ་རླུང་ལམ་སྤྲིན་གྱི་ལམ། །བྱ་ལམ་མཁའ་ལམ་རྒྱུ་སྐར་ལམ། །ཀུན་གསལ་ཀུན་ཁྱབ་གོ་འབྱེད་ཅན། །ཀུན་འགེག་ཆུ་འཐོངས་ནམ་མཁའི་མིང་། །སྤྲིན་ལྕེ་འཁྱུག་བྱེད་སྐད་ཅིག་གསལ། །གཡོ་འགུལ་རྣམ་བཀྲ་གློག་གི་མིང་། །སྤྲིན་བཅུད་རྒྱུན་འབེབ་མཁའ་ལས་འབེབས། །སྦྲང་ཆར་རྒྱུན་ཆར་ཆུའི་ཟེག་མ། །སྤྲིན་ལས་བྱུང་སོགས་ཆར་བའི་མིང་། །དབང་བའི་གཞུ་དང་དབང་བོའི་མཚོན། །བརྒྱ་བྱིན་མཚོན་ཆ་ལྷ་ཡི་མཚོན། །འཇའ་རིས་རབ་བཀྲ་འཇའ་ཡི་མིང་། །བསིལ་བྱེད་སིམ་བྱེད་འོད་དཀར་ཅན། །རི་བོང་འཛིན་པ་རི་བོང་ཅན། །གཉིས་སྐྱེས་དབང་བོ་བསིལ་ཟེར་ཅན། །བདུད་རྩིའི་འོད་ཅན་ཆུ་ལས་སྐྱེས། །མཚན་མོའི་ནོར་བུ་མཚན་མོའི་མགོན། །བདེ་འབྱུང་གཙུག་རྒྱན་ཆ་ཤས་གཏེར། །རྒྱུ་སྐར་དབང་བོ་རྒྱུ་སྐར་བདག །པད་དགྲ་མཚོ་སྐྱེས་ཀུན་དའི་གཉེན། །ཚེས་བདག་ལ་སོགས་ཟླ་བའི་མིང་། །ནམ་མཁའི་ནོར་བུ་རྟ་ལྗང་ཅན། །སྲིད་པའི་མིག་དང་འོད་སྟོང་ཅན། །བཅུ་གཉིས་བདག་པོ་གཟའ་ཡི་བདག །རྟ་བདུན་བདག་པོ་པདྨོའི་གཉེན། ཁྱབ་གསལ་སྣང་བྱེད་མི་སྦྱིན་སྐྱེས། །ཉོན་མོར་བྱེད་པ་ཚ་ཟེར་ཅན། །འོད་བཀྲ་ལ་སོགས་ཉི་མའི་མིང་། །མུན་བྲལ་སྣང་ལྡན་ཉིན་མོ་སྟེ། །མུན་ལྡན་སྣང་མེད་མཚན་མོའི་མིང་། །མྱུ་གུའི་དུས་དང་སྦྲང་ལྡན་དུས། །འདོད་དུས་སོས་ཀ་དཔྱིད་ཀྱི་མིང་། །ཆར་ལྡན་ཆར་དུས་ཚ་བའི་དུས། །སྤྲིན་འབྱུང་སྤྲིན་སྐྱེ་དབྱར་གྱི་མིང་། །འབྲས་ལྡན་དུས་དང་སྨིན་པའི་དུས། །གསེར་ལྡན་མ་ནི་སྟོན་གྱི་མིང་། ཁ་བའི་དུས་དང་གྲང་ངར་དུས། །བསིལ་ལྡན་མ་ནི་དགུན་གྱི་མིང་། །དཀར་ཕྱོགས་འཕེལ་ཕྱོགས་ཕྱོགས་སྔ་མ། །གང་ཕྱོགས་ཟླ་སྟོད་ཡར་ངོའི་མིང་། །ནག་ཕྱོགས་འགྲིབ་ཕྱོགས་ཕྱོགས་ཕྱི་མ། །དམར་ཕྱོགས་ཟླ་སྨད་མར་ངོའི་མིང་། །ཟླ་གང་ཟླ་ཉ་དཀྱིལ་འཁོར་གང་། །ཉ་གང་ཆ་རྫོགས་བཅོ་ལྔའི་མིང་། །ཟླ་ཟད་ཉི་ཟླ་ལྷན་ཅིག་དུས། །སྟོང་མཐའ་གནམ་སྟོང་གནམ་གང་མིང་། །དཔྱིད་དབྱར་སྟོན་དགུན་དུས་བཞིའི་མིང་། །མགོ་རྒྱལ་མཆུ་དབོ་ནག་པ་ཟླ། །ས་ག་སྣོན་དང་ཆུ་སྟོད་དང་། །གྲོ་བཞིན་ཁྲུམས་དང་ཐ་སྐར་ཟླ། །སྨིན་དྲུག་ཟླ་བ་བཅུ་གཉིས་སོ། །ཉ་སྐར་བྱེད་པའི་ཆ་ནས་བཞག །བྱི་གླང་སྟག་ཡོས་འབྲུག་སྦྲུལ་རྟ། །ལུག་སྦྲེལ་བྱ་ཁྱི་ཕག་བཅུ་གཉིས། །ལོ་ཟླའི་བདག་པོ་བྱེད་ཕྱིར་བཞག །རེ་རེར་ཤིང་མེ་ས་ལྕགས་ཆུ། །ལྔ་ལྔར་ཕྱེ་བས་དྲུག་ཅུ་སྟེ། །རབ་བྱུང་ཞེས་བྱ་མེ་ཡོས་ནས། །ཟད་པ་མེ་སྟག་བར་དྲུག་ཅུ། །འཕགས་པའི་ཡུལ་དུ་རྣམ་པར་གྲག །ལེགས་བྱས་བསོད་ནམས་བདེ་འགྲོའི་ལམ། །བླང་བྱ་བགོ་སྐལ་དགེ་བའི་མིང་། །ཉེས་བྱས་ཉེས་པ་ངན་འགྲོའི་ལམ། །དོར་བྱ་སྤང་བྱ་མི་དགེའི་མིང་། །གྲོལ་བ་བྱང་གྲོལ་རྣམ་གྲོལ་ཞི། །ངེས་ལེགས་མྱང་འདས་ཐར་བའི་མིང་། །བློ་དང་རྣམ་དཔྱོད་རིག་པ་དང་། །བློ་གྲོས་བསམ་པ་ལ་སོགས་པ། །ཤེས་པའམ་ཤེས་རབ་མིང་དུ་འགྱུར། །སྐྱེས་བུ་ཤེས་ལྡན་སེམས་ལྡན་དང་། །སྲོག་ལྡན་ལུས་ཅན་འགྲོ་བ་དང་། །ཚེ་ལྡན་སྲོག་ཆགས་ལ་སོགས་པ། །གང་ཟག་སྤྱིའམ་བྱེ་བྲག་མིང་། །གུས་འདུན་མོས་པ་དད་པ་སྟེ། །ལོག་སྒྲུབ་མི་མོས་མ་དད་མིང་། །རབ་བསྔགས་ལེགས་སྒྲོགས་བསྟོད་པ་སྟེ། །ཉེས་བརྗོད་སྐུར་འདེབས་སྨོད་པའི་མིང་། །ཆུ་འཛིན་ཆུ་གཏེར་ཆུ་ཀླུང་བདག །རིན་ཆེན་འབྱུང་གནས་ཆུ་ཡི་མཛོད། །ཟླ་བའི་མ་མ་རྒྱ་མཚོའི་མིང་། །ཐུར་འགྲོ་དལ་འགྲོ་བཏུང་བྱ་དང་། །ཀུན་ཏུ་འགྲོ་སོགས་ཆུ་སྤྱིའི་མིང་། ཁྱབ་འཇུག་རྐང་བ་ལྷ་ཡི་རྐང་། །ཛ་ཧུའི་བུ་མོ་ལམ་གསུམ་འགྲོ། །གངྒཱའི་མིང་སྟེ་གཞན་ཡང་ཤེས། །འདམ་སྐྱེས་ཆུ་སྐྱེས་མཚོ་སྐྱེས་དང་། །འདབ་སྟོང་འདབ་བརྒྱ་གེ་སར་ཅན། །ཟེའུ་འབྲུ་ཅན་སོགས་པད་མའི་མིང་། །ཆུ་སྐྱེས་སྔོན་པོ་ཨུཏྤལ་ཏེ། །ས་མོས་ཀུན་ད་ཀུ་མུད་མིང་། །ནོར་ལྡན་ནོར་གྱི་བློ་གྲོས་མ། །ནོར་འཛིན་མ་དང་དབྱིག་ལྡན་མ། །རྒྱ་མཚོའི་གོས་ཅན་ཀུན་གཟོད་མ། །གསེར་ལྡན་ལ་སོགས་ས་གཞིའི་མིང་། །འཇུག་བྱ་འཇུག་ངོགས་འགྲོ་བའི་གཞི། །བགྲོད་ལམ་སྲོལ་ལམ་ལམ་གྱི་མིང་། །གནས་གཞི་ཁང་ཁྱིམ་འདུག་ནས་དང་། །སྡུམ་ར་ཁང་བ་སྤྱི་ཡི་མིང་། ཁང་མཆོག་ཕོ་བྲང་གཞལ་མེད་ཁང་། ཁང་ཆེན་ལ་སོགས་ཁང་བཟང་མིང་། །གནྡྷོ་ལ་དང་དྲི་གཙང་ཁང་། །གཙུག་ལག་ཁང་སོགས་ལྷ་ཁང་མིང་། །ས་འཛིན་དབང་བོ་རི་ཡི་དབང་། །རི་རྒྱལ་རི་རབ་ལྷུན་པོའི་མིང་། །ས་འཛིན་རྡུལ་བརྩེགས་རྩེ་མོ་ཅན། །གྱེན་བརྩེགས་ས་ཕུར་རི་སྤྱིའི་མིང་། །ཀཻ་ལ་ཤ་དང་ཁ་བའི་རི། །བསིལ་རི་གངས་ལྡན་གངས་རིའི་མིང་། །གདོང་ལྔ་བ་དང་ཁ་ལྔ་བ། །རི་དྭགས་རྒྱལ་བོ་རི་དྭགས་དབང་། །གཅན་གཟན་རྒྱལ་བོ་སྡེར་ཆགས་རྗེ། །འཕྲོག་བྱེད་ལ་སོགས་སེང་གེའི་མིང་། །གཉིས་འཐུང་ལག་ལྡན་མཆེ་བ་ཅན། །སྣ་རིང་ལ་སོགས་གླང་བོའི་མིང་། །མཁའ་སྤྱོད་འདབ་ལྡན་སྒོ་ང་སྐྱེས། །གཉིས་སྐྱེས་སྒྲོ་ལྡན་བྱ་སྤྱིའི་མིང་། །མཁའ་སྤྱོད་དབང་བོ་མཁའ་ལྡིང་དབང་། །ནམ་མཁའ་ལྡིང་དབང་ཁྱུང་གི་མིང་། །དཔྱིད་ཀྱི་ཕོ་ཉ་ངག་སྙན་དང་། །ཀུ་ཧུ་ལ་སོགས་ཁུ་བྱུག་མིང་། །མདོངས་ལྡན་གར་མཁན་མཇུག་སྒྲོ་ཅན། །གཙུག་ཕུད་ཅན་སོགས་རྨ་བྱའི་མིང་། །མི་ཕོ་སྐྱེས་བུ་སྐྱེས་པ་ཕོ། །མི་མོ་བུད་མེད་སྐྱེས་དམན་མོ། ཁྱེའུ་བྱིས་པ་བུ་ཆུང་མིང་། །ལང་ཚོ་བདེ་གཞོན་དར་མའི་མིང་། །རྒས་ཁོག་ལོ་ལོན་རྒན་པོའི་མིང་། །ཡན་ལག་དང་པོ་ཡན་ལག་མཆོག །ཡན་ལག་ཐོག་མ་མགོ་ཡི་མིང་། །མགོ་སྐྱེས་མགོ་སྤུ་སྐྲ་ཡི་མིང་། །ལྟ་བྱེད་མཐོང་བྱེད་མིག་གི་མིང་། །སྒྲ་འཛིན་ཐོས་འཛིན་རྣ་བའི་མིང་། །དྲི་ལེན་དྲི་འཛིན་སྣ་ཡི་མིང་། །རོ་མྱོང་རོ་འཛིན་ལྕེ་ཡི་མིང་། །གཅོད་བྱེད་གཉིས་སྐྱེས་སོ་ཡི་མིང་། །ངག་སྒོ་སྨྲ་སྒོ་ཁ་ཡི་མིང་། །ཕོ་དབང་ཕོ་རྟགས་ཕོ་མཚན་མིང་། །བྷ་ག་པདྨ་མོ་རྟགས་མིང་། །འོག་སྒོ་བཤང་ལམ་རྐུབ་ཀྱི་མིང་། །མི་དབང་ས་སྐྱོང་མི་ཡི་བདག །ས་དབང་ས་སྤྱོད་དཔོན་གྱི་མིང་། ཁྲིམས་ལྡན་བསླབ་ལྡན་ཚངས་སྤྱོད་ལྡན། །བརྟུལ་ཞུགས་ཅན་སོགས་ཚུལ་ཁྲིམས་ལྡན། །བྱ་བཏང་བྱ་བྲལ་རི་ཁྲོད་པ། །རྣལ་འབྱོར་ཅན་སོགས་སྒོམ་བྱེད་མིང་། །བློ་ལྡན་གསལ་ལྡན་སྨྲ་མཁས་དང་། །དཔྱོད་ལྡན་ཐོས་ལྡན་མཁས་པའི་མིང་། །བརྟུལ་ཕོད་སྟོབས་ལྡན་ཕ་རོལ་གནོན། །ཐུབ་དཀའ་དཔལ་ལྡན་དཔའ་བོའི་མིང་། །དྷ་ནུ་གནམ་རུ་གཞུ་ཡི་མིང་། །སྒྲོ་ལྡན་ཉག་ཕྲན་མདའ་ཡི་མིང་། །ལྗོན་པ་ལྗོན་ཤིང་རྐང་འཐུང་ཤིང་། །གོར་མ་སྲ་མཁྲེག་རྡོ་བ་རྡོ། །ནགས་ཀླུང་ནགས་མཐོངས་ནགས་ཚལ་ནགས། །ས་ཡི་སྙིང་བོ་ས་ལེ་སྦྲམ། །རིན་ཆེན་མཆོག་སོགས་གསེར་གྱི་མིང་། །དེས་མཚོན་གཞན་ཡང་གྲངས་མེད་ཀྱང་། །འདིར་ནི་ཉེ་བར་མཁོ་ཙམ་ལས། །མཐའ་དག་བརྗོད་པར་མི་ལང་ཕྱིར། །རིགས་པ་ཡིས་ནི་དཔག་པར་བྱ།། །།ན་མོ་ཨཱཪྱ་ལོ་ཀེ་ཤྭ་ར་ཡེ། གསུམ་པ་བརྡ་ཡི་ཁྱད་པར་ནི། །བརྡ་རྙིང་ཀྭ་གག་ཏེ་ཕོར་རྣམས། །གསར་བཅད་ཀྱིས་ནི་བཅོས་པའི་ཚུལ། །ཀྱེ་དང་གང་དང་ཤིན་ཏུ་ཟེར། །བླ་འོག་སྤྱི་བོ་བླ་ཀྱལ་བར། །སྟེང་འོག་རྩེ་མོ་མི་ཟད་ཟེར། །དཔུང་པོ་རྩ་ལག་ཞིག་གུ་ལ། །ཕུང་པོ་གཉེན་དང་སྟོན་པ་ཟེར། །གཉའ་བོ་རིད་པ་སྐྱོ་སྐྱོར་ལ། །དཔང་བོ་སྒེམ་པ་ཡང་ཡང་ཟེར། །འཕྱ་བ་ཡེ་འབྱམ་ངོ་ག་ལ། །སྨོད་པ་སྟོང་ཉིད་སྣང་ངོ་ཟེར། །དཔལ་དང་ག་ཞ་ཡ་ལད་ལ། །ཏོག་དང་བཞད་གད་གོ་ཆ་ཟེར། །གནའ་དང་ཅོག་དང་ཕྱི་མོ་ལ། །ཐོག་མ་མཐའ་དག་རྩ་བ་ཟེར། །སྤྱི་བུར་གསང་ཁུང་འོ་ཅོག་ལ། །བྱི་བོ་བཤང་ལམ་མ་ལུས་ཟེར། །མདུང་དོར་ཆམ་དུ་ནོད་པ་ལ། །རྒྱན་འབྱེད་གཏན་དུ་ཐོབ་པ་ཟེར། །བསྟི་བ་བརྣག་པ་རྨྱང་བ་ལ། །ངལ་སོ་འབད་པ་བརྐྱང་བ་ཟེར། །ནམ་ཞར་གཞུར་དང་འོན་ཏང་ལ། །ནམ་ཡང་གཞུང་དང་འོན་ཀྱང་ཟེར། །བཀྲི་བ་དབྲག་དང་གཟགས་པ་ལ། །དྲང་བ་བར་དང་ཟག་པ་ཟེར། །ཕྱམ་ཆད་བགྲོ་བ་མཚན་མ་ལ། །མཉམ་ཉིད་གླེང་བ་རྟགས་ཅེས་ཟེར། །མངག་པ་རྨ་ག་ཆད་པ་ལ། །ཕོ་ཉ་ཡང་དག་པ་ཞེས་ཟེར། །བསྟར་བ་གཏིང་ཕྱིར་གཏིང་རིང་ལ། །གཟབ་པ་དཔྱིས་ཕྱིན་ཟབ་མོ་ཟེར། ཁྲོ་དང་ཐ་མར་བསྙིལ་བ་ལ། །མནའ་དང་ངན་པ་དོར་བ་ཟེར། །ཇེ་དང་གཞི་བོ་ཇི་འོས་ལ། །དང་པོ་གཞི་མ་འཚམ་པ་ཟེར། །གནོད་པ་བཀུར་བར་མི་བྱེད་ལ། །ཉེས་པ་ཁས་མི་ལེན་ཞེས་ཟེར། །གཟོན་པ་འཆབ་པ་འཛན་དཀའ་ལ། །མི་ཉན་སྦེད་པ་སྦྱོར་དཀའ་ཟེར། འཁུ་བ་བཅབས་པ་བཅིལ་བ་ལ། །སྡང་བ་སྦེད་པ་བཅོམ་པ་ཟེར། །གྱ་ཚོམ་གཟན་པ་རྣ་བླགས་ལ། །མ་བརྟགས་གསན་པ་རྣ་གཏད་ཟེར། །ཐ་ཆད་འཕྱེ་བ་སྨྲང་ཚིག་ལ། །ངན་པ་འགྲོ་བ་གསང་ཚིག་ཟེར། །མི་འཇབ་བཤུང་བ་དྲལ་པ་ལ། །རྩུབ་པ་འཁང་པ་ཆག་པ་ཟེར། །བླ་མཐང་བསོད་པ་བྲིམ་པ་ལ། །སྟོད་སྨད་བཟང་བོ་བསྟམ་པ་ཟེར། །འབྲིམ་པ་དྲུག་པ་འདྲུབ་པ་ལ། །སྟེར་བ་གྲུབ་པ་སྒྲུབ་པ་ཟེར། །བརྩུར་བ་བྱེར་བ་དམུས་པ་ལ། །བསུ་བ་སོད་པ་སྨོན་པ་ཟེར། །བརྟས་པ་ད་ཀོ་འདི་ཀོ་ལ། །རྒྱས་པ་ད་ནི་འདི་ནི་ཟེར། །བཀོན་པ་ཇི་ག་གཞོལ་བ་ལ། ཁྲོ་བ་བརྟག་པ་འབབ་པ་ཟེར། །ཐ་བ་གཞར་ཡང་བཤོས་པ་ལ། །ཉོན་མོངས་ནམ་ཡང་འཁྲིག་པ་ཟེར། །གར་ཡང་མནོས་པ་རེད་པ་ལ། །གང་ཡང་བསམ་པ་འགྲུབ་པ་ཟེར། །ལུང་དང་མགོ་མཉམ་གྱ་ནོམ་ལ། །རྟགས་དང་དུས་མཉམ་ཕུན་ཚོགས་ཟེར། །སྡུམ་པ་པོག་དང་པོག་ཕོར་ལ། ཁང་པ་སྦོས་དང་སྦོས་ཕོར་ཟེར། །ཕྱད་པ་ཤེ་སྟག་རྔུབ་པ་ལ། །རྒྱུན་དུ་ཤ་སྟག་འདུས་པ་ཟེར། །ཚམ་ངམ་བབ་ཆོལ་སྣམ་ལོ་གསལ། །འཇིགས་སྟངས་མ་བསམ་ཟུར་དུ་ཟེར། ཁོས་རང་ཆབ་མི་འཚལ་བ་ལ། །འདུན་མ་ཆུད་མི་ཟ་བ་ཟེར། །ཡུག་པ་སུག་པ་ནེ མ་ནུར་ལ། །རྐང་བ་ལག་པ་ཡིད་གཉིས་ཟེར། །རྒྱ་ཅང་གོར་བུ་གྱི་ན་ལ། །སྐ་རགས་ཟླུམ་པོ་ངན་པ་ཟེར། ཁོ་ལག་བརྟད་པ་མི་ཡོགས་ལ། །ཆུ་ཞེང་གློ་བུར་མི་ཁེབས་ཟེར། །ཇི་རོབ་ཉོན་མོངས་བསྐྱུད་པ་ལ། །ཅི་ཕྱིར་སྡུག་བསྔལ་བརྗེད་པ་ཟེར། ཁད་ཀྱིས་བྱུར་དང་གཏུགས་པ་ལ། །དལ་བུས་མྱ་ངན་ཟད་པ་ཟེར། །ཡོལ་གོ་འགྱོད་པ་བསྙེངས་པ་ལ། །གཞོངས་པ་ཕངས་པ་འཇིགས་པ་ཟེར། །འུབས་པ་ཆུབ་པ་ལ་གོལ་ལ། །འདུས་པ་རྟོགས་པ་འགྱོགས་པ་ཟེར། །མུར་འདུག་ཐལ་བྱུང་མཐོ་འཚམ་ལ། །མུ་སྟེགས་མ་ལུས་ཅོ་འདྲི་ཟེར། ཁོས་པ་མོས་པ་གྱིན་འདའ་ལ། །འདུན་མ་གཏམ་དང་རང་བཞིན་ཟེར། །ཉག་ཕྲན་གོར་མ་ཆག་པ་ལ། །མདའ་དང་ཐེ་ཚོམ་མེད་པ་ཟེར། །གནམ་རུ་སྦོག་དཀར་བཀམ་པ་ལ། །གཞུ་དང་སྤོས་དཀར་ཆགས་པ་ཟེར། །བརྡུབ་པ་སྒྲུག་པ་གཞུར་བརྟག་ལ། །འཇུག་པ་ཟད་པ་ཟུར་ཟ་ཟེར། །ཕྱར་གཡེང་བབ་ཆོད་དམ་པ་ལ། །རྣམ་གཡེང་འཇུག་པ་རྔམས་པ་ཟེར། །སྒམ་པ་གསོས་པ་མནབ་པ་ལ། །ཟབ་པ་དྲལ་བ་གྱོན་པ་ཟེར། །མཆིག་གུ་ཚར་ཕྱིན་དབབ་པ་ལ། །གཏུན་དང་མཐར་ཕྱིན་བཞག་པ་ཟེར། །གྱད་དང་གཟས་དང་ཕོན་པོ་ལ། །སྟོབས་དང་སྟ་གོན་ཚོགས་པ་ཟེར། །བརྡོས་པ་འཛེར་བ་འཆེལ་པ་ལ། །གཟུང་བ་སྨྲ་བ་ཞེན་པ་ཟེར། །གླ་ལ་བཀླུབས་པ་གཡེམ་པ་ལ། །གདངས་པ་གྱོན་པ་འདོད་པ་ཟེར། །མུ་ཅོར་ཁོར་ཟུག་བགམ་པ་ལ། །བརྫུན་པ་ཁོར་ཡུག་ཉམས་སད་ཟེར། །གོ་འདུན་ཞེའོ་མཆི་བ་ལ། །གང་མོས་ཟེར་རོ་ལྕགས་ཀྱུ་ཟེར། །འགྱེར་བ་རུམ་དང་རྨེལ་བ་ལ། །སྤོང་བ་ལྟོ་བ་ཁེལ་བ་ཟེར། །འཕྱོ་བ་འགེམས་པ་སྤུན་པ་ལ། །ལྡིང་བ་འཇོམས་པ་བརྫུན་པ་ཟེར། །སྙུགས་བསྲིང་དབྲོག་པ་གླེབས་པ་ལ། །རྒྱུན་བསྲིང་འཕྲོག་པ་མནན་པ་ཟེར། །རྗེན་པ་གལ་གྱིས་བགོམ་པ་ལ། །གཅེར་བུ་དལ་གྱིས་འགྲོ་བ་ཟེར། །རླུགས་པ་ནོངས་པ་འཕྱེ་བོ་ལ། །ལུག་པ་ཉེས་པ་གོང་བོ་ཟེར། །འགྲེམ་པ་གསོང་པོ་མཁྱུད་པ་ལ། །འགྱེད་པ་དྲང་པོ་སྤས་པ་ཟེར། །སྤྱི་ཏོར་ཅན་དང་དོ་ཀེར་ལ། །གཙུག་ཏོར་ཅན་དང་ཐོར་ཅོག་ཟེར། །མུར་ཐུག་མི་ཆ་གཏོལ་མེད་ལ། །མཐར་ཐུག་མི་ཤེས་ཐབས་མེད་ཟེར། །ཅི་ཀར་ཅི་ཆིབ་གར་ཅིག་ལ། །ཅི་ལྟར་མཐར་ཕྱིན་གང་ཞིག་ཟེར། །དམུན་པ་ཤོ་བེ་ཤིད་ཟན་ལ། །བླུན་པ་བརྫུན་དང་རོ་ཟན་ཟེར། །ཕྲུ་མ་བརྟུན་པ་སྒོ་འཕར་ལ། །སྒར་དང་བརྩོན་པ་སྒོ་གླེགས་ཟེར། །སྤྱོས་པ་དབྱེ་ཚོང་བསླན་པ་ལ། །བསྡིགས་པ་ཚོང་ཁང་བསྡུས་པ་ཟེར། །རྨེད་མེད་གཡོན་སྤྱོ་རྨེད་པ་ལ། །གཏན་མེད་ཅོ་འདྲི་གསོལ་བ་ཟེར། །སློང་ཕོར་བྲོ་འཚལ་བྱ་མ་རྟར། །ལྷུང་བཟེད་ནད་པ་ཕོ་ཉ་ཟེར། །གཙུག་ལག་བཤད་པ་གོ་རེ་ལ། །སྡེ་སྣོད་བཤད་པ་རྫོགས་པ་ཟེར། །བརླང་པོ་གཞོགས་སྟེགས་ཤུར་བུ་ལ། །རྩུབ་པ་སྒེག་ཆོས་སྐ་རགས་ཟེར། །འཛན་མོ་འཇུད་མཐུན་འཐབ་བཀྲོལ་ལ། །བུད་མེད་སྨད་འཚོང་འཐབ་འཁྲུགས་ཟེར། །པུས་མཁྱུད་བརྔན་པ་འབྲོངས་པ་ལ། །སྒོམ་ཐག་མཆོད་པ་ཉེར་བསྟེན་ཟེར། །གོར་སླར་རོལ་ཡ་མ་བརླར། །བཙོན་ར་ཕྱི་རོལ་མི་བདེན་ཟེར། །གེལ་བ་རེང་བུ་མེ་འགོང་ལ། །ཡལ་ག་རྐྱང་བ་མི་ཞུམ་ཟེར། །ཐན་ཀོར་པོ་ག་རེམ་སྟེས་ལ། །ཉེ་འཁོར་བ་གམ་མ་ལེགས་ཟེར། །སྟེས་དབང་གནའ་བོ་མི་གུ་ལ། །སྟབས་ལེགས་སྔོན་དང་མི་ཞུམ་ཟེར། །གཞའ་ཚོན་རྨོངས་རྟུལ་ཆུ་བྲུབ་ལ། །འཇའ་ཚོན་བླུན་པོ་ཆུ་འཁྲུགས་ཟེར། །གཞའ་གསང་ཕྱལ་འཕྲུལ་དབུ་རྨོག་ལ། །གཡུང་དྲུང་རྣ་རྒྱན་དབུ་འཕང་ཟེར། །འདྲིད་དང་འཕོང་དང་ཉི་ཚེ་ལ། །སླུ་བ་འཕེན་དང་ཕྱོགས་རེ་ཟེར། །གཟོད་མ་རིལ་དང་འཛེག་པ་ལ། །དང་པོ་ཐམས་ཅད་འཕྲད་པ་ཟེར། །གཟུ་ལུམ་ཀློང་དུ་གྱུར་བ་ལ། །རང་བཟོ་དབང་དུ་གྱུར་བ་ཟེར། །གནོད་བ་དོང་དང་འདོད་པ་ལ། །ཉེས་པ་སོང་དང་འགྲོ་བ་ཟེར། །ཇིས་དང་བློད་ཅིང་གཞོག་པ་ལ། །ཇིས་ན་བརྗོད་ཅིང་འཇོག་པ་ཟེར། །ཀོས་ཐག་བཏུང་བཅིལ་གྱིན་དང་ལ། །ཉམ་ཐག་སྦྱངས་པ་རྒྱུ་མེད་ཟེར། །སྔ་མཁོ་བསྙུར་ཏེ་ཁ་སྦོན་ལ། །སྔ་མ་མྱུར་དུ་ཁ་ཏོན་ཟེར། །འོ་ནི་འོན་ཅིག་དབེན་པ་ལ། །འདི་ནི་བྱིན་ཅིག་ཡིད་འོང་ཟེར། །ཉིང་ཏོར་བྱོས་ཤིག་རངས་པ་ལ། །ངེས་པར་གྱིས་ཤིག་དགའ་བདེ་ཟེར། །བྱ་སྐོན་གཉིག་ཏུ་འོང་འགའ་ལ། །བྱ་རྒྱ་གཅིག་ཏུ་རེས་འགའ་ཟེར། །རྒྱ་རྣ་རུ་དང་མཆིས་འབྲང་ལ། །མི་ཚངས་སྤྱོད་དང་ཆུང་མ་ཟེར། །གཞོངས་དང་ནན་ཏུར་ཡུར་ཏེ་ལ། །ལྗོངས་དང་ཆད་ལས་བདེན་ཏེ་ཟེར། །དམས་པ་སླད་བཞེན་འོར་ཅིག་ལ། །ཉམས་པ་ཕྱིར་བཞིན་བོར་ཅིག་ཟེར། །ཡུར་དང་སྦུ་གུ་སྤྲེའུ་ཆུང་ལ། །གཉིད་དང་བུ་ག་འཛག་སྣོད་ཟེར། །བར་ཏ་གཏན་པ་ཀོག་ཚེ་ལ། །སྟན་འབོལ་སྲ་བརྐྱང་རྙི་ཐག་ཟེར། །འཕྱན་པ་གཤོར་བ་པར་ཏང་ལ། །འཁྱམ་པ་རྩུབ་པ་སྟན་ཁྲ་ཟེར། །མདོངས་པ་དམིགས་པུ་ཉེ་རེག་པ། །ལོང་བ་ལོང་འཁྲིད་ཁྲུས་ཞེས་ཟེར། །གཡམ་ལ་ཡལ་གད་སྐོན་བུ་དང་། །ཞར་ལ་རྐང་རྟེན་གཞོང་བུ་ཟེར། །སྐྱོ་དོགས་བགས་ཀྱིས་ནོད་པ་ལ། །འཁྲུགས་པ་རིམ་གྱིས་ལེན་པ་ཟེར། །གཟར་ཐག་ཤུལ་དུ་མད་པ་ལ། །དབྱངས་ཐག་ལམ་དུ་བདེན་པ་ཟེར། །བཀད་ས་བརླམས་པ་སྒྲེ་བོ་ལ། །འདུག་ས་བསྐྱོད་པ་ས་རྗེན་ཟེར། །ཚིག་གུ་ཕྱག་བརྙན་ཕོ་ལོང་ལ། །འབྲས་བུ་འཁོར་དང་དྲུ་གུ་ཟེར། །བར་འགའ་གོར་མ་འཆུམས་པ་ལ། །རེས་འགའ་རྡོ་དང་ཆགས་པ་ཟེར། །མ་ལ་ཚང་ངམ་གཡར་དམ་ལ། །ཀྱེ་མ་མེ་ཁང་དམ་བཅའ་ཟེར། །བུས་པ་གཡར་ངོ་སྒེའུ་ཆུང་ལ། །བྱིས་པ་གདོང་དང་འགྲོ་བ་ཟེར། །གཡར་ཁྲལ་གཡར་འདྲེན་གཡར་དམ་ལ། ཁ་ཁྲལ་སྤྱན་འདྲེན་མདུན་དུ་ཟེར། །རྩེན་པ་བླ་གབ་སྨོན་འགྲིམ་ལ། །རྩེ་བ་སྟེང་གཡོགས་གྲོགས་པོ་ཟེར། །ཐོག་ཐོག་རེ་ཟིག་བོན་པ་ལ། །དང་པོ་ཟིན་བྲིས་བཟླས་པ་ཟེར། །ནེའུ་ལྡང་ཀེའུ་ཀུན་དོང་ལ། །ན་ཟླ་རི་སྒོག་བཙོང་ཞེས་ཟེར། །མི་ངས་སྦལ་དུ་བཙུམ་པ་ལ། །མི་ནད་དོང་དུ་འོ་བྱེད་ཟེར། །ཞལ་ཚུན་ལྡུམ་བུ་འཁོས་ཕབ་ལ། །ཞལ་ཟས་ཤིང་ཏོག་ལོགས་བཞག་ཟེར། །ཕྱོགས་དང་བགྲོས་པ་མོལ་བ་ལ། ཁྲི་དང་གླེང་བ་གྲོས་པ་ཟེར། །བསྟང་བ་མི་འགོང་དགྱེལ་ཆེ་ལ། །གྲོགས་དང་མི་སྐྲག་ཁོངས་ཡངས་ཟེར། །བསྒྲུབ་པ་སྒྲུན་པ་འཇུངས་པ་ལས། །བསྐྱེད་པ་འགྲན་པ་ཆགས་པ་ཟེར། །གདུགས་དང་རྟུལ་ཕོད་རླམ་ཁྱེར་ལ། །ཉིན་མོ་དཔའ་བ་ཧམ་ཁྱེར་ཟེར། །མ་རྟབས་ཕྱང་དེ་དོན་མཐུན་ལ། །མ་ཚབ་འཇོལ་ལེ་ཚོང་བ་ཟེར། །ལ་གཅན་པ་དང་ཤོ་གམ་ལ། །ལ་ཚུགས་པ་དང་གྲུ་ཚུགས་ཟེར། །བཟླུམས་པ་ཆུ་ལོན་ཀ་ཅ་ལ། །བསྡུས་པ་ཆུ་རགས་དངོས་པོ་ཟེར། །གཞེས་པ་ཉེ་ཞོ་མེད་པ་ལ། །བཞུགས་པ་སྐྱོན་སོགས་མེད་ཅེས་ཟེར། །དེ་ལ་སོགས་པ་ཆེས་མང་ཡང་། །མཐའ་དག་སུ་ཞིག་བརྗོད་པར་ནུས། །ཆ་ཙམ་དབུས་པ་བློ་གསལ་དང་། །སྐྱོགས་སྟོན་ལ་སོགས་མཁས་པ་ཡི། །མན་ངག་དག་ལ་བརྟེན་ནས་ནི། །ལེགས་པར་བཤད་པའི་རྣམ་དཀར་དགེས། །འགྲོ་རྣམས་རྨོངས་པའི་སྒྲིབ་བྲལ་ནས། །ཀུན་མཁྱེན་ཡེ་ཤེས་ཐོབ་གྱུར་ཅིག །ཅེས་སྙན་ངག་མངོན་བརྗོད་བརྡའི་ཁྱད་པར་མདོར་བསྡུས་པ་འདི་ཡང་། བསྟན་པའི་མངའ་བདག་ཀོའུ་ཤྲི་ཡེས་ཞལ་སྔ་ནས་རང་ཉིད་ཀྱིས་ཚུལ་འདི་དག་ལ་ལེགས་པར་སྦྱངས་པ་སྔོན་དུ་བཏང་བའི་ཚེ། འདི་གསུམ་གྱི་རྣམ་གཞག་ཅུང་ཟད་ཅིག་བྲིས་ན། ཕྱོགས་འདིར་དོན་གཉེར་ཅན་རེ་གཉིས་ལ་ཕན་སྲིད་ཅེས་བཀས་བསྐུལ་ཞིང་། གཞན་གྱིས་ཀྱང་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཡར་ཁྲལ་ཙམ་དུ་བྲིས་པ་སྟེ། འོན་ཀྱང་། གཟུ་བོར་གནས་པའི་དད་ལྡན་གྱིས། །ལེགས་བཤད་མཐོང་ན་མགུ་མོད་ཀྱི། །ཕྱོགས་ལྷུང་ཅན་གྱི་སྐྱེ་བོ་ལ། །ཡིད་ཀྱི་ཚེར་མར་འགྱུར་ཡང་སྲིད། །གླ་རྩིས་དུག་ནི་སེལ་བྱེད་ཀྱང་། །དུག་སྦྲུལ་གྱིས་ནི་འདོད་དམ་ཅི། །ཞེས་ཀྱང་སྨྲས་སོ། །བཀྲ་ཤིས།། །།

དག་ཡིག་ཚིག་གསལ་སྒྲོན་མེ།

དག་ཡིག་ཚིག་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །རྒྱལ་ཀུན་ཀུན་མཁྱེན་ཕུང་བོ་གཅིག་བསྡུས་ནས། །མ་ལུས་ལུས་ཅན་འགྲོ་ལ་བློ་གྲོས་མཆོག །སྟེར་མཛད་མཛད་པ་ཕུལ་བྱུང་ལྷག་པའི་ལྷ། །འཇམ་དབྱངས་དབྱངས་ཅན་ལྷ་མོས་དགེ་ལེགས་སྩོལ། །བརྟན་པའི་འཁོར་ལོའི་རྣམ་འཕྲུལ་མི་ཡི་གར། །བོད་ཡུལ་ཡི་གེའི་སྲོལ་འབྱེད་ཐུ་མི་ཞེས། །གངས་ཁྲོད་མཁས་པའི་གཙུག་རྒྱན་སམྦྷོ་ཊའི། །བཀའ་དྲིན་ལན་བརྒྱར་དྲན་པས་རྟག་ཏུ་བསྔགས། །གང་ཐུགས་ཟབ་གསལ་དག་པའི་མཁའ་དབྱིངས་ནས། །ལེགས་བཤད་བདུད་རྩིའི་གྲུ་ཆར་བབས་པའི་རྒྱུན། །བདག་བློའི་ཟ་མ་ཏོག་ཏུ་ལེགས་འཁྱིལ་བ། །དོན་གཉེར་འགའ་ལ་ཕན་འདོད་ཡིད་ཀྱིས་སྦྱིན། །དེ་ཡང་ཐུ་མི་ལོ་ཙཱ་བས། །རྒྱ་གར་ཡི་གེ་ལྔ་བཅུ་ནི། །བོད་ཡིག་སུམ་ཅུར་གཏན་ཕབ་པ། །ཀ་སོགས་གསལ་བྱེད་སུམ་ཅུ་སྟེ། །དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། །གི་གུ་ཞབས་ཀྱུ་འགྲེང་བུ་དང་། །ན་རོ་བཞིར་འགྱུར་ལོགས་སུ་མེད། །མིང་གཞིའི་ཡི་གེ་སུམ་ཅུ་ལས། །ཀ་ཅ་ཏ་པ་ཙ་རྣམས་ཕོ། ཁ་ཆ་ཐ་ཕ་ཚ་མ་ནིང། །ག་ཇ་ད་བ་ཛ་ཝ་དང་། །ཞ་ཟ་འ་ཡ་ཤ་ས་མོ། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་རྣམས་མོ་གཤམ་མོ། །འདི་ལས་ག་ད་བ་མ་འ། །སྔོན་འཇུག་ལྔའོ་ནང་གསེས་ཀྱིས། །བ་ཕོ་ག་ད་གཉིས་མ་ནིང་། །འ་མོ་མ་ནི་ཤིན་ཏུ་མོ། །མིང་གིས་གང་གི་སྔོན་འཇུག་པ། །བ་ནི་ཀ་ག་ཅ་ཏ་ད། །ཙ་ཞ་ཟ་ཤ་ས་བཅུར་འཇུག །ག་ནི་ཅ་ཉ་ཏ་ད་ན། །ཙ་ཞ་ཟ་ཡ་ཤ་ས་སྟེ། །བཅུ་གཅིག་ལ་འཇུག་དས་འཕུལ་ནི། །ཀ་ག་ང་པ་བ་མ་དྲུག །འ་ནི་ཁ་ག་ཆ་ཇ་ཐ། །ད་པ་བ་ཚ་ཛ་བཅུར་འཇུག །མ་ནི་ཁ་ག་ང་ཆ་ཇ། །ཉ་ཐ་ད་ན་ཚ་ཛ་སྟེ། །བཅུ་གཅིག་ལའོ་བརྩེགས་འཕུལ་ནི། །བ་ལས་གཞན་དུ་ཡོད་མ་ཡིན། །རྗེས་འཇུག་ག་ང་ད་ན་པ། །མ་འ་ར་ལ་ས་བཅུ་ལས། །ནང་གསེས་ད་བ་ས་གསུམ་ཕོ། །འ་ར་གཉིས་མོ་ག་ང་ན། །མ་ལ་ལྔ་ཕོ་མ་ནིང་ངོ་། །རྗེས་འཇུག་ཕོ་མོ་མ་ནིང་གསུམ། །དྲག་ཞན་བར་མའི་ཚུལ་གྱིས་འཇུག །ཚིག་བར་གཅིག་ཏུ་ཕོ་གསུམ་ཉིད། །ནང་ཕྲད་དྲག་པོའོ་དེ་ལ་ཡང་། །རབ་འབྲིང་ཐ་གསུམ་ལ་སོགས་པ། །ལྷག་མ་གཞན་ཡང་ཤེས་པར་བྱ། །མགོ་ཅན་ར་ལ་ས་གསུམ་ནི། །ར་ལ་བཏགས་པ་བཅུ་གསུམ་སྟེ། །རྐ་རྒ་རྔ་རྗ་རྙ་རྟ་རྡ། །རྣ་རྦ་རྨ་རྩ་རྫ་རླའོ། །ལར་བཏགས་ལྐ་ལྒ་ལྔ་ལྕ་ལྗ། ལྟ་ལྡ་ལྤ་ལྦ་ལྷ་སྟེ་བཅུ། །ས་མགོ་ཅན་ནི་བཅུ་གཉིས་ཏེ། སྐ་སྒ་སྔ་སྙ་སྟ་སྡ་སྣ། །སྤ་སྦ་སྨ་སྩ་སླ་རྣམས་སོ། །ར་ཡ་ལ་ཝའི་འདོགས་བཞི་ནི། ར་བཏགས་བཅུ་སྟེ་ཀྲ་ཁྲ་གྲ། །ཏྲ་དྲ་པྲ་ཕྲ་བྲ་མྲ་སྲའོ། །ཡ་བཏགས་བདུན་ཏེ་ཀྱ་ཁྱ་གྱ། །པྱ་ཕྱ་བྱ་མྱ་རྣམས་སུ་འདོད། །ལ་བཏགས་ཡི་གེ་ཀླ་གླ་བླ། །ཟླ་རླ་སླ་སྟེ་དྲུག་ཡིན་ནོ། །ཝ་བཏགས་ཀྭ་ཁྭ་གྭ་ཅྭ་དང་། །རྩྭ་ཚྭ་ཞྭ་དང་ཟྭ་རྭ་ཤྭ། །སྭ་ཧྭ་རྣམ་པ་བཅུ་གཉིས་སོ། །དག་ཡིག་ཚིག་གསལ་སྒྲོན་མེ་ལས་ཡི་གེའི་དབྱེ་བ་སྤྱིར་བསྟན་པ་སྟེ་དང་པོའོ།། །།དེ་ནས་ཀ་ལ་སོགས་པ་ཀུན། །རིམ་བཞིན་རྐྱང་འཕུལ་མགོ་ཅན་དང་། །དབྱངས་བཞི་འདོགས་ལྡན་རྗེས་འཇུག་གིས། །བརྒྱན་ཏེ་རྒྱས་པར་བཤད་པར་བྱ། །ཀ་ལ་སིངྐ་ཀེ་ལ་ཤ །ཀུན་མཁྱེན་ཀུ་ཤ་ཀ་ཤི་ཀ །ཀླུ་རྒྱལ་ཆུ་ཀླུང་ཀ་མ་ལ། །ཀློང་ཡངས་ཀ་དག་ཀུ་མུ་ད། །ཀ་ར་ཝཱི་ར་ཀེ་ཏ་ཀ །ཀ་བ་ཀ་ར་ཀ་པཱ་ལ། །ཀེང་རུས་འདི་ཀོ་ཀེ་ཀེ་རུ། །ཀོ་བ་ལུངས་ཀར་ཀ་ཅའི་དངོས། །ཀུ་ཤུ་གུར་ཀུམ་ལྕགས་ཀྱུས་བཏབ། །ཀྱེ་མ་ཀྱེ་ཧུད་ཀྱེ་ཀྱེ་འབོད། །ཀྲོག་ཀྲོག་ཀྲོང་ཀྲོང་མགོ་ཀྱོག་ཀྱོག །ཀོག་གི་ཀེར་ལངས་ཀུ་རེ་བྱས། །ཀུ་ཅོ་ཀྱལ་ཀ་ཀླན་ཀའི་རྒྱུ། །ཉེན་ཀོར་ཀེའུ་ཀུན་དོང་ཟ། །དོ་ཀེར་སྟོད་ཀོར་ཀླད་ཀོར་བྱིན། །ཀར་ཀར་ཟུག་ལངས་བད་ཀན་ནད། །ཀུ་ཡ་ཀླ་ཀློ་སྐྱིལ་ཀྲུང་བཅས། །ཀྭ་ཡེ་འབྱམས་ཀླས་ཀློག་ཀྱང་ཀློགས། །དཔྱིད་ཀ་ཀུ་ཧུ་ཀྱུར་ཀྱུར་སྐད། །མང་ཚིག་ཀུན་སོགས་ཀ་རྐྱང་ངོ་། །མདོག་དཀར་དཀར་ཆགས་ཆུ་མ་དཀྲུགས། །དཀོར་མཛོད་དཀྱིལ་འཁོར་དབུས་དཀྱིལ་དུ། །དཀྲོང་བསྐྱེད་དཀོན་ཅོག་དཀའ་ཐུབ་དཀོན། །དཀྱུས་རིང་དཀྱུས་མ་ཀུན་དཀྲིས་ཆེ། །སྤྲིན་དཀྲིགས་ཞོ་དཀྲོགས་རོལ་མོ་དཀྲོལ། །དཀར་ཡོལ་དཀའ་འགྲེལ་དཀྲིགས་ཕྲག་གཅིག །ལུས་ཀྱི་དགུ་ལ་གོས་ཀྱིས་དཀྲིས། །དཀན་གཟར་ལ་སོགས་དས་འཕུལ་ཀའོ། །བཀྲ་ཤིས་བཀྲག་མདངས་ཁ་དོག་བཀྲ། །བཀའ་ལུང་ཁལ་བཀལ་སྐུད་པ་བཀལ། །ཕོ་ཉ་འོད་བཀྱེ་མེ་ཏོག་བཀྲམ། །བཅིངས་བཀྲོལ་དྲི་མ་བཀྲུ་བཀྲུས་བཀྲེན། །བཀྲེས་སྐོམ་ལོགས་བཀར་སྲོག་བཀུམ་བཀག །སྣོད་བཀར་བསྙེན་བཀུར་བཀུར་སྟིས་མཆོད། །བཀོད་ལེགས་བདེར་བཀོད་ཟུར་དུ་བཀོལ། །ཤིང་བཀུག་སྣོད་བཀས་གཡོག་ཏུ་བཀོལ། །གཞུ་བཀང་གོས་བཀབ་ཐག་པས་བཀྱིགས། །བཀའ་དྲིན་བཀའ་བཀྱོན་རྩ་བ་བཀོག ། ཡར་བཀན་སྤ་བཀོད་རིམ་གྱིས་བཀྲི། །མདོ་བཀླགས་ཟིན་སོགས་བས་འཕུལ་ཀའོ། །རྐང་ལག་རྐན་ཕུག་འདོམས་ཀྱི་རྐུབ། །ཆོམ་རྐུན་རྒྱུ་རྐྱེན་ཕྱེ་རྐྱལ་རྐུ། །ས་རྐོ་གན་རྐྱལ་རྐེད་པ་རྐྱོང་། །རྐ་མགོར་རྐྱལ་རྩེ་རི་དྭགས་རྐྱང་། །ཆིག་རྐྱང་ལ་སོགས་རར་བཏགས་ཀའོ། །ལྐོག་གྱུར་ལྐོག་མ་ལྐོག་ཤལ་དང་། །དགེ་ལྐུགས་བྱས་སོགས་ལར་བཏགས་ཀའོ། །སྐ་ཅོག་རྣམ་གཉིས་སྐར་མ་སྐག །ལུས་སྐེམ་སྣུམ་སྐུད་སྐུད་པ་སྒྲིལ། །སྐྱོ་མ་སྐ་རགས་སྐྱུ་རུ་ར། །སྐྱེས་བུ་ཞལ་སྐྱེམས་སྐྱུར་བུ་སྐོལ། །བྱ་སྐོན་མྱུར་སྐྱེན་སྐྱོ་བསངས་བྱེད། །སྐེམ་བྱེད་སྐུལ་བྱེད་སྐོར་བ་བྱེད། །ཆང་སྐྱུགས་ཁ་སྐྱེངས་སྐྲན་གྱི་ནད། །སྐྱ་སྦབ་སྐྲངས་ཤིང་རི་སྐེགས་སྐད། །ཆུ་སྐྱར་སྐྱ་ག་སྐྲག་ནས་བྲོས། །དགེ་སྐོས་བྱ་སྐྲོག་སྐྱོ་ངོགས་བྱས། །སྐུད་པོའི་སྐེ་ལ་ཨོག་སྐོར་སྐྱེས། །རྒྱ་སྐྱེགས་སྐྱེད་ཚལ་ཤིང་སྐྱེར་བ། །ཐེམ་སྐས་སྐྱོན་སྐྱོབ་སྐྱབས་འགྲོ་སྐྱོར། །ཆོས་སྐྱོང་ས་སྐྱོང་རེ་སྐོང་སྐྱིད། །བྱ་སྐྲོད་སྲབ་སྐྱོགས་སྐྱོས་མ་སྐྱེལ། །ཇི་སྐད་འདི་སྐད་ཁ་སྐོང་སྐབས། །དབུ་སྐྲ་སྐད་ཅིག་སྐར་ཁུང་གསལ། །སྦས་སྐུངས་མཐའ་སྐོར་སྐལ་བ་ལྡན། །སྒུལ་སྐྱོད་སྐྱེ་མཆེད་ཐུགས་དམ་སྐོང་། །མཐའ་སྐྱོར་སྐྱ་རེངས་སར་བཏགས་ཀའོ། །འདོད་ལ་བརྐམ་པས་བརྐུ་བྱ་བརྐུས། །སྲ་བརྐྱང་ལག་བརྐྱང་བརྐོ་བྱ་བརྐོས། །བས་འཕུལ་ར་མགོ་ལྡན་པའི་ཀའོ། །བྱུག་པ་བསྐུ་བསྐུས་ལག་པ་བསྐུམས། །འཕྲིན་བསྐུར་དབང་བསྐུར་ཆོས་ལ་བསྐུལ། །ནོར་བསྐྱི་བསྐྱིས་བྱིན་བསྐྱིན་པ་བསྐྱལ། །གོས་བསྐོན་རྟར་བསྐྱོན་སླར་ཡང་བསྐྱར། །བགེགས་བསྐྲད་བཅོམ་བསྐྱུངས་ས་བོན་བསྐྲུན། །བསྐལ་མེས་ཆུ་བསྐམས་བསྐལ་དོན་དང་། །འཕོ་བསྐྱས་རྒྱང་བསྐྱུར་བྱ་བ་བསྐྱུངས། །མི་བསྐྱོད་བསྐོར་ནས་རྒྱལ་སར་བསྐོས། །རོ་བསྐ་ཁ་བསྐངས་ཐུགས་དམ་བསྐངས། །སེམས་བསྐྱེད་རྒྱ་བསྐྱེད་བརྗེད་པའི་བསྐྱུད། །བས་འཕུལ་ས་མགོ་ལྡན་པའི་ཀའོ། ཁོ་བོ་གོ་ཁྲབ་ཁྲི་ཁྲག་མང་། ཁྲག་ཁྲིག་ཁྲུས་བྱས་ཁྲོ་བ་དང་། ཁོང་ཁྲོ་ཁོན་འཛིན་ཁྲོ་བོ་ཁྲོས། ཁོང་ཁྲག་ཁྲུང་ཁྲུང་ཁྭ་ཏའི་ཁྱུ། །ཚུལ་ཁྲིམས་ཁྲུ་གང་ཁྲི་ཡི་ཁྲོད། ཁྲམ་ཁ་བཏབ་ཅིང་ཁང་ཁྱིམ་ཁྱམས། །བྱ་ཁྲ་ཁྱིས་ཁྱེར་ཁྲེ་ཁྱོར་གང་། ཁོ་ར་ཁོར་ཡུག་ཁྲོན་པའི་ཁ། ཁ་དོག་ཁྲོ་གཉེར་སིལ་སྙན་ཁྲོལ། ཁམས་གསུམ་དུར་ཁྲོད་སྣ་ཁྲིད་བྱས། ཁྲུམས་སྟོད་ཁྲེལ་ཡོད་ཁ་རྐྱང་ངོ་། །མཁས་པས་མཁྱེན་ཅིང་མཁན་པོ་མཁོ། །སྲ་མཁྲང་མཁྲེགས་ཤིང་དཔེ་མཁྱུད་བྱེད། །ཞུ་མཁན་མཁུར་ཚོས་མཁལ་མ་དང་། །ནམ་མཁའ་མཁྲིག་མ་ས་ཡི་མཁར། །མཁྲིས་པ་ལ་སོགས་མས་འཕུལ་ཁའོ། །འཁོར་ལོ་འཁོར་བཅས་འཁོད་ནས་བསྐོར། །བློ་འཁུམས་ཞེ་འཁོན་མ་མགུ་འཁང་། །འཁྱགས་ནས་མཐའ་འཁོབ་འཁྱར་ཞིང་འཁྱམས། །རྒས་འཁོགས་རྐང་འཁུམ་འཁྱོར་བས་འཁྱོག །འཁར་བ་ལ་འཁྲིལ་མགུལ་ནས་འཁྱུད། །འཁྲིག་ཚིག་ངག་འཁྱལ་འཐབ་འཁྲུགས་ལངས། །ནོར་འཁྲུལ་སྐུ་འཁྲུངས་བྲོ་གར་འཁྲབ། །སེམས་འཁྲུགས་ཁུར་འཁུར་འཁར་རྔ་འཁྲོལ། །འོད་འཁྱིལ་མ་འཁྱོག་སྲད་བུ་འཁོལ། །བསྐུར་བ་འཁྱོལ་སོགས་འས་འཕུལ་ཁའོ། །གྲུབ་མཐའ་གྲུབ་ཐོབ་གྲངས་མེད་གྲགས། །འཆིང་གྲོལ་རལ་གྲི་གྲོ་གས་གྲིལ། །གྲང་ནད་གྲུམ་བུས་གྲོངས་པ་མེད། །སྐར་མ་མོན་གྲུ་གྲེ་གྲོ་བཞིན། །ཆོས་གྲྭའི་གྲལ་དུ་རིམ་གྲོ་བྱས། །ཡུལ་གྲུ་གྲུ་བཞི་ཆུ་ཡི་གྲུ། །གྲབས་བྱེད་གྲོང་ཁྱེར་འབྲུ་ནས་གྲོ། །གྲོ་མ་གྲོད་པ་གྲུམ་ཞིང་གྲིམ། །གྲ་བར་གྲོས་གླེང་གྲིབ་མ་བསིལ། །གྲོགས་བྱས་གླུད་བཏང་གླང་ལྟར་གླེན། །གླ་རྩི་གླ་རྔན་གླིང་བུའི་གླུ། །འཛམ་གླིང་གླེགས་བམ་ནང་ཁྲོལ་གློ། །གླང་ཆེན་གླགས་རྙེད་གློས་ཕབ་ཉལ། །བྱ་གླག་གློག་འཁྱུག་ལྷན་པ་གླན། །དངོས་གྲུབ་གཞི་གྲུབ་ཐ་གྲུ་ཡངས། །ལྷུན་གྲུབ་ལ་སོགས་ག་རྐྱང་ངོ་། །དགེ་བ་དགེ་འདུན་དགེ་སྦྱོང་དགུ། །དགེ་བསྙེན་དགེ་ཚུལ་དགའ་ནས་དགོད། །དགུང་སྔོན་དགེ་བཤེས་ཡི་གེར་དགོད། །དགྲ་བཅོམ་དགོངས་དགྲོལ་ཐུགས་དགེས་དགྱེས། །དགག་སྒྲུབ་ལོགས་དགར་དགོན་པར་གནས། །སྣོད་དགང་ཁ་དགབ་མེ་ཏོག་དགྲམ། །དགུན་ཀ་དགོངས་མོ་རི་དགས་དགོ ། དགུག་གཞུག་དགུང་ལོ་དས་འཕུལ་གའོ། །བཀའ་བགྲོ་བགྲོ་གླེང་བགྱིད་ཕྱིར་བགྲོད། །གོ་བགོས་བགེགས་བསྐྲད་ཚོད་པགས་བགྱིས། །བགྲང་ཡས་ལོས་བགྲེས་སྤྱན་བགྲད་ལྟ། །བགོ་སྙལ་ནོར་བགོས་གད་མོ་བགད། །རྙོག་མ་བགྲུངས་སོགས་བས་འཕུལ་གའོ། །མགོ་མགུལ་མགྲིན་པས་མགུར་དབྱངས་བྱས། །མགྲོན་པོ་མགར་བ་མགུ་ནས་བྱོན། །མགོན་པོ་མགལ་མེ་མྱུར་བའི་མགྱོགས། །ཡ་མགལ་མ་མགལ་མས་འཕུལ་གའོ། །འགྲོ་བ་ལམ་འགྲོ་འགྲིམ་ཞིང་འགྲུལ། །ལོགས་འགྱིང་འགྲོས་འགོར་འགྲན་ཟླ་འགྲིབ། །འགོ་བ་ལྟོ་འགྲངས་གཞུ་འགེངས་འགྱངས། །ཆུ་འགོག་འགགས་ནས་འགའ་ཞིག་འགྲེང་། །མཉམ་འགྲོགས་ཚིག་འགྲེལ་སྲོག་འགུམ་འགྱེལ། །འགུལ་ནས་ཆོས་དང་འགལ་བས་འགྱོད། །དབེན་པའི་འགོལ་སར་འགོ་ནད་འགོས། །བདེར་འགོད་འགོང་པོ་འཕེལ་འགྲིབ་བྱེད། །ལམ་གྱི་འགྲོན་འགུགས་མཁར་གྱི་འགྲམ། །བརྩོན་འགྲུས་དོན་འགྲུབ་ཐོག་མའི་འགོ །རིགས་འགྲེ་ཀླད་འགེམས་འཐབ་མོ་འགྱེད། །ཆུ་འགྲེམས་ལ་སོགས་འས་འཕུལ་གའོ། །རྒྱལ་བ་རྒྱལ་བོ་རྒྱ་མཚོར་རྒྱུ། །བྱ་རྒོད་རྒན་པོ་རྒ་ཤིས་རྒུད། །གཏམ་རྒྱུད་ཕྲེང་རྒྱུད་རྒྱུད་མང་སྒྲ། །དབུ་རྒྱན་ཕས་རྒོལ་རྒྱང་རིང་རྒྱུག །རྒོད་མ་ཤ་རྒྱས་ལུས་ཀྱི་རྒྱབ། །དམུ་རྒོད་བྱིང་རྒོད་ཁྱི་རྒྱ་བོ། །རྒྱ་ཚྭ་རྒྱམ་ཚྭ་རྒྱུ་མཚན་ཅན། །རྒྱུ་འབྲས་ང་རྒྱལ་དྲེགས་པའི་རྒྱགས། །རྒྱ་འགྲམ་རྒྱོབ་ཅིག་རྒྱལ་མཚན་འཛིན། །ཉ་རྒྱས་རྒྱུས་པ་རྒྱུ་མ་བཟུང་། །རྒྱ་གར་རྒྱ་ཆེ་རར་བཏགས་གའོ། །ལ་ལྒ་ལྒང་བ་ཉིད་དུ་ངེས། །འགའ་ཞིག་སྨན་གྱི་ལྒ་ལའང་བཞེད། །སྒོམ་ཆེན་སྒོར་མོ་མཁར་བའི་སྒོ། །བློ་སྒམ་ལྕགས་སྒྲོག་སྒྲིལ་བའི་སྒྲ། །ཞུམ་པའི་སྒྱིད་ལུག་སྒྱེད་བུ་སྐྱེལ། །སྒྱུ་རྩལ་གཡོ་སྒྱུ་སྒྱུ་མ་མཁན། །སྒྲུང་ཤོད་ཤིང་སྒྲོམ་སྒྲོ་བ་སྒྱེ། །སྒྱུག་མོ་སྒོ་ང་སྒོག་པ་ཟོས། །སྡིག་སྒྲིབ་ལས་སྒྲེལ་ཆོས་སྒྲ་སྒྲོགས། །སྒལ་ཚིགས་སྒྲེན་མོ་འགྱིས་ནས་སྒུག །སྒྱིད་ཁུང་སྒྲོ་གུའི་མདུད་པས་སྒྲོག །གྱེན་སྒྲེང་སྒར་བཏབ་རྟ་ཡི་སྒ། །བཤད་སྒྲུབ་སྒྲོལ་མ་ཀླུ་སྒྲུབ་སྒྲུབས། །མནའ་སྒོག་སྒྱོགས་འཕེན་སྒྱུར་བར་བྱེད། །སྒང་གཤོང་སྒྲོན་མེ་སྒོས་སུ་སྒྲོན། །སྒྲུབ་བྱེད་ལ་སོགས་སར་བཏགས་གའོ། །ཆུ་བརྒལ་བརྒལ་བརྟག་བརྒྱ་ཕྲག་བརྒྱད། །རྒྱན་གྱིས་བརྒྱན་ཅིང་གད་བརྒྱངས་ཆེ། །ཕྲེང་བརྒྱུས་འོ་བརྒྱལ་དྲན་མེད་བརྒྱལ། །བརྒྱུད་པ་རིམ་བརྒྱུད་བརྒྱུད་མར་བྱོན། །བརྒྱབ་ཟིན་ལ་སོགས་བས་འཕུལ་བའི། །ར་མགོ་ལྡན་པའི་ག་ཉིད་དོ། །ཆོས་དང་མདོག་བསྒྱུར་བཀའ་བསྒོ་བསྒོས། །ཆུར་བསྒྲལ་ཆོས་བསྒྲགས་དོན་བསྒོམས་ཟིན། །རིགས་བསྒྲེས་བློ་བསྒྲིམས་རྒྱལ་མཚན་བསྒྲེངས། །མནའ་བསྒགས་ལམ་བསྒུགས་བག་ཆགས་བསྒོས། །སྒྲ་བསྒྲགས་འོད་བསྒྲིབས་ཕྱོགས་གཅིག་བསྒྲིགས། །བསྒྲུན་པར་མི་ནུས་བསྒྲུབ་བྱ་བསྒྲུབས། །མི་བསྐུལ་བྱ་བའི་བསྒང་ལ་སོགས། །བས་འཕུལ་ས་མགོ་ལྡན་པའི་གའོ། །སྙན་དངགས་ཟིལ་དངར་ཚར་དུད་ངར། །གསེར་དངུལ་དངོས་པོ་དངོས་མེད་ཆོས། །དངོས་གྲུབ་དངོས་གཞི་དངོས་དངོས་གནས། །སྐྲག་དངངས་ལ་སོགས་དས་འཕུལ་ངའོ། །མངའ་རིས་མངའ་ཞབས་མངའ་ཐང་ཆེ། །མངའ་མཛད་མངའ་བདག་མངག་གཞུག་མངགས། །མངོན་སུམ་མངོན་གྱུར་སྐྱེ་གནས་མངལ། །མངའ་བརྙེས་མངོན་ཤེས་ཐུགས་ལ་མངའ། །མངོན་སྤྱོད་ཆོས་མངོན་མངར་བའི་རོ། །གནོད་པའི་མངན་སོགས་མས་འཕུལ་ངའོ། །རྔ་བརྡུང་རྔ་ཡབ་རྔོམ་བརྗིད་ཅན། །རྔོན་པ་རྔམ་ནས་རྔ་མོ་འདེད། །དབུགས་རྔུབ་ཟུག་རྔུ་ནད་ཀྱི་རྔོ། །ལུས་རྔུལ་གླ་རྔན་མཐུག་པའི་རྔམ། །རྔ་རྔོག་ནས་རྔོ་རྩྭ་སོགས་རྔ། །རུས་ཀྱི་རྔོག་སོགས་རར་བཏགས་ངའོ། །ཞལ་སྔ་སྤྱན་སྔ་སྔ་མ་སྔོན། །སྔགས་པ་མདོག་སྔོ་གསང་སྔགས་སོ། །མདུན་གྱི་སྔུན་དུ་སྔོ་བར་བྱེད། །མཚང་ནས་སྔོགས་སོགས་སར་བཏགས་ངའོ། །རྩྭ་སོགས་བརྔས་པ་རར་བཏགས་ངའོ། །བསྟོད་བསྔགས་དགེ་རྩ་བསྔོ་བྱ་བསྔོས། །སྡུག་བསྔལ་རྣམ་པར་བསྔོས་པ་སོགས། །འས་འཕུལ་ས་མགོ་ལྡན་པའི་ངའོ། །ཅི་ལྟར་ཅི་སླད་ཅི་ཡི་ཕྱིར། ཁྱེད་ཅག་ངེད་ཅག་མིག་ཅན་སོགས། །སུམ་ཅུ་དྲུག་ཅུ་བདུན་ཅུ་དང་། །བརྒྱད་ཅུ་སེམས་ཅན་ཡིན་ནོ་ཅོག །ལྷན་ཅིག་སྐད་ཅིག་ཁ་ཅིག་ཟེར། །ཤོག་ཅིག་གྱུར་ཅིག་སྡོད་ཅིག་ཅེས། །ཅི་སྟེ་ཧ་ཅང་ཅ་ཅོ་བྱེད། །ཅི་ནས་ཅང་ཤེས་ཅིག་ཤོས་དགོས། །ཅོ་ཏོ་ཐོར་ཅོག་ཅོད་པན་འཆང། །བེ་ཅོན་ཅིག་ཅར་ཅམ་གྱིས་འཇོག །ཅོ་འདྲི་མུར་ཅོར་སྨྲས་ལྟ་ཅི། །ན་ཅིག་ཅིས་ཀྱང་མིག་ཅེ་རེ། །ཅོང་དང་ཅང་ཏེའུ་ཅི་ཞིག་བརྡུངས། །ཅང་མི་ཤེས་པའི་བྲག་ཅས་ཅི། །ཅོག་ཙེ་ཅུ་གང་ཅ་རྐྱང་ངོ་། །གཅད་བྱ་ཤིང་གཅོད་ཞལ་ལྕེ་གཅོད། །གྲོགས་ཀྱི་ཡིད་བཅུགས་གཅེན་དང་གཅུང་། །ལག་པ་གཅུས་ཤིང་གཅིན་གཅི་བ། །ཚར་གཅོད་གཅེས་པ་ཡིད་ལ་གཅགས། །སྒྲ་གཅན་གཅན་གཟན་གཅོང་རོང་ལྷུང་། །གཅིག་བུ་རོ་གཅིག་རྫས་གཅིག་འདོད། །རྡོ་གཅོག་གཅེར་བུ་གཅམ་བུའི་ཚིག །གཅལ་དུ་བཀྲམ་སོགས་གས་འཕུལ་ཅའོ། །བཅོམ་ལྡན་དགྲ་བཅོམ་ཞབས་ཀྱིས་བཅགས། །དམ་བཅས་ཁྲིམས་བཅའ་ལག་པས་བཅངས། །ཤིང་བཅད་ཚིགས་བཅད་བཅའ་གཞིར་བཅིངས། །བསྟན་བཅོས་ལོགས་བཅར་བཟའ་བཅའི་བཅུད། །མིག་བཅར་ཕྱིར་བཅིལ་ནང་དུ་བཅུག །ཆུ་བཅུས་ལས་བཅོལ་རྟ་ལ་བཅིབས། །ཚར་བཅད་ནོར་བཅང་ཞལ་བཅེ་བཅད། །བཅས་རང་སྦས་བཅབས་ཆུང་ངུར་བཅུམས། །བཅའ་ལྒ་བཅོས་ལེགས་བས་འཕུལ་ཅའོ། །ལྕུག་ཕྲན་མཉེན་ལྕུག་མགོ་ལྕོག་ལྡེམས། །ལྕང་མའི་ལྕགས་དབྱུག་བློ་ཡིས་ལྕོགས། །ལྕགས་གོང་ལྕི་ཞིང་མེ་ལྕེ་འབར། །ལྕང་ལོ་ཅན་གྱི་ལྕགས་རིའི་ལྕོག །སྦལ་ལྕོང་ལྕུང་ཀ་གཡང་ཁར་ལྕེབ། །སྨྲ་བའི་ལྕེ་སོགས་ལར་བཏགས་ཅའོ། །ཆ་ལང་ཆེམ་ཆེམ་ཆུ་ཡི་ཆར། །ཆགས་བྲལ་ཆེན་པོ་ཆག་ཤེས་ཆེ། །བྱང་ཆུབ་ཆེད་དུ་རིན་ཆེན་ཆོས། །གོ་ཆ་ཆ་ལུགས་ཆབས་གཅིག་ཏུ། །ཆིབས་པ་ཆིབས་ལ་ཆད་པས་ཆོད། །ས་ཕྱོགས་ཆག་ཆག་འབྲས་ཆན་ཆང་། །སྲོག་ཆགས་མཐར་ཆགས་ཆབ་འོག་ཆུག །ཆ་རྐྱེན་ཐག་ཆོད་ཆ་ཤས་ཆ། །ཐུགས་ཆུད་ཆུང་མ་ཆོ་རིགས་བཟང་། །ཆབ་ཤོག་ཁ་ཆེམ་ཆམ་པའི་ནད། །བག་ཆགས་ཆོ་འཕྲུལ་ཆལ་ཆིལ་གཡོ། །ཆོ་ངེ་འདོན་སོགས་ཆ་རྐྱང་ངོ་། །དཀོན་མཆོག་མཆོད་པ་མཆོག་ཏུ་དགེས། །སྐྱབས་མཆི་གྲོགས་མཆེད་ཡི་གེའི་མཆན། །མཆིས་འབྲང་མཆིལ་མ་མཆི་མ་ཕྱུང་། ཁ་མཆུ་བཀའ་མཆིད་མ་མཆིས་སོ། །སྐྱེ་མཆེད་མེ་མཆེད་རྒྱ་མཚོའི་མཆིང་། །རིན་ཆེན་མཆིང་བུ་གཞུའི་མཆོག་མ། ཁ་ཡི་མཆུ་སོགས་མས་འཕུལ་ཆའོ། །ཆོས་འཆང་ཁྲམས་འཆའ་གར་འཆམས་བྱེད། །ཚུལ་འཆོས་སྲོག་འཆད་འདོད་ལ་འཆུམས། །འཆར་སྒོ་མི་འཆུགས་སྦེད་པའི་འཆབ། ཁས་འཆི་འཆིང་ཞགས་འཆང་ཞིང་འཆུས། །ཉི་མ་འཆར་སོགས་འས་འཕུལ་ཆའོ། །ཇི་ལྟ་ཇི་སྙེད་ཇི་བཞིན་མཁྱེན། །ཇི་ལྟར་ཇི་སྲིད་ཇི་སྐད་ཟེར། །ཇོ་བོ་ཇོ་མོ་ཇ་ཇེ་བཟང་། །ཇག་པ་ལ་སོགས་ཇ་རྐྱང་ངོ་། །རྟེན་མཇལ་མཇུག་མ་མཇིངས་པ་མཁྲང་། །རྟགས་ཀྱི་མཇེ་སོགས་མས་འཕུལ་ཇའོ། །འཇམ་མཉེན་སྙན་འཇེབས་མཉམ་པར་འཇོག །འཇིག་རྟེན་འཇིམ་རྫབ་མི་རྟག་འཇིག །སྐྲག་འཇིགས་འཇུས་ནས་ཁྲག་སོགས་འཇིབ། །རྗེས་འཇུག་ཁྲིམས་འཇག་འདོད་པ་འཇོ། །ཟས་འཇུ་འཇོ་སྒེག་གོས་འཇོལ་འཇོལ། །འཇག་མར་འཇབས་ནས་ནོར་སོགས་མཇལ། །སྐྱོན་འཇིལ་འཇའ་ཚོན་སེར་སྣའི་འཇུངས། །འཇའ་བརྡེག་ཚུར་འཇུག་འཇོར་བུས་བརྐོས། །འཇུད་འཐུན་ལ་སོགས་འས་འཕུལ་ཇའོ། །རྗེ་བཙུན་རྡོ་རྗེ་ཐུགས་རྗེས་བཟུང་། །རྗེ་དཔོན་རྗེས་འཇུག་རྐང་རྗེས་བཞག །རྗོད་བྱེད་ཤ་རྗེན་རྗེ་ངར་རྗུད། །སྙིང་རྗེ་རྗེའུ་སོགས་རང་བཏགས་ཇའོ། །བརྗོད་བྱ་བརྗོད་ཅིང་ཕན་ཚུན་བརྗེ། །བརྗིད་ཆེ་བརྗེད་བྱེད་མི་དྲན་བརྗེད། །བས་འཕུལ་ར་མགོ་ལྡན་པའི་ཇའོ། །ཡུལ་ལྗོངས་སྨན་ལྗོངས་ལྗན་ལྗིན་ཁྲོད། །ལྗོན་ཤིང་ལྗང་བུ་ལྗིད་ལྕི་བ། །ལྗང་ཁུ་ལྗགས་སོགས་ལར་བཏགས་ཇའོ། །ཉམས་རྟོགས་ཉམས་ལེན་ཉག་གཅིག་པུ། །ཉིང་ཁུ་ཉིས་འགྱུར་ཉུང་ངུ་ཉོས། །ཉོན་མོངས་ཉིང་ཤས་ཉན་ཐོས་ཉམས། །ཉིན་པར་ཉམ་ཆུང་ཉམ་ཐག་ཉལ། །ཕོ་ཉ་ཉམས་དགར་འབྱུང་ཉེན་ཆེ། །ཉིང་དགོས་སྦོས་ཉུག་ཟླ་བ་ཉ། །ཉ་ཤ་ཉ་མང་ཉན་ཅིང་ཉོན། །ཉེ་བར་ཉེ་རེག་ཉག་ཕྲན་འཕེན། །ཉལ་ཉིལ་ལ་སོགས་ཉ་རྐྱང་ངོ་། །དཔུང་གཉེན་བཤེས་གཉེན་ཉེ་དུའི་གཉེན། །གཉའ་ལྟག་གཉའ་ཤིང་དོན་གཉེར་ཆེ། །ཀླུ་གཉན་བཀའ་གཉན་ཁྲོ་གཉེར་བསྡུས། །གཉེར་བ་གཉིད་ལོག་གཉུག་མར་གནས། །མི་མཐུན་གཉེན་པོ་གས་འཕུལ་ཉའོ། །ཐུགས་མཉེས་འཇམ་མཉེན་རྣ་བས་མཉན། །མཉེད་མཉེས་ཆ་མཉམ་མཉམ་པར་བཞག །གྲུ་ཡི་མཉན་པ་མས་འཕུལ་ཉའོ། །རྙེད་བཀུར་རྙོག་མ་གསར་རྙིང་རྙེད། །ས་རྙིལ་རྙིད་པ་རར་བཏགས་ཉའོ། །དོན་སྙིང་སྙིང་རྗེ་འབྲུའི་སྙེ་མ། །གོ་སྙོད་སྙིང་བོ་ཆང་སོགས་སྙོལ། །ཐ་སྙད་ཇི་སྙེད་དེ་སྙེད་སྙམ། །སྙུན་མེད་སྙོམ་ལས་ནོར་གྱིས་སྙེམས། །སྙོམས་འཇུག་བཏང་སྙོམས་རེག་བྱ་སྙི། །བསོད་སྙོམས་སྙུགས་རིང་སྙེག་སར་སྙོགས། །སྙད་འདོགས་ཚིག་སྙན་སྙིམ་པ་གང་། །སྙིགས་དུས་ལ་སོགས་སར་བཏགས་ཉའོ། །གཟུགས་བརྙན་སྒྲ་བརྙན་སྐུ་བརྙན་བྱེད། །མངའ་བརྙེས་བརྙས་སྨོད་ཕྱག་བརྙན་སོགས། །བས་འཕུལ་ར་མགོ་ལྡན་པའི་ཉའོ། །དགེ་བསྙེན་བསྙེན་གནས་བསྙེན་པར་རྫོགས། །བསྙེན་སྒྲུབ་བསྙེན་བཀུར་ཕྱེ་མར་བསྙིལ། །གཏམ་བསྙད་ཕྱིར་བསྙིལ་མལ་དུ་བསྙལ། །ལག་བསྙབས་བསྙུང་གཞིས་བསྙུན་པ་བདེ། །ཟས་བསྙོད་རྗེས་བསྙེགས་འཇིགས་པའི་བསྙེངས། ཁས་མི་ལེན་པའི་བསྙོན་པ་སོགས། །བས་འཕུལ་ས་མགོ་ལྡན་པའི་ཉའོ། །གཅུ་གཏོར་ཐོར་ཏོ་དབྱུག་ཏོ་དང་། མུ་ཏིག་མེ་ཏོག་ཟ་མ་ཏོག །ཏོག་ཅོ་རྩི་ཏོག་རིན་ཆེན་ཏོག །ལོ་ཏོག་ཛ་ཏི་ཏིང་ངེ་འཛིན། །ཡོན་ཏན་ནན་ཏན་ཏིང་ལོ་སྦར། །གལ་ཏེ་ཁ་ཏོན་ཞལ་ཏ་བ། །ཤང་ཤང་ཏེའུ་ཏིང་ཤག་ཏིང་། །ཏང་ཏང་ཏོང་ཏོང་ཏོག་ཏོག་སྒྲ། །ལིང་ཏོག་ལ་སོགས་ཏ་རྐྱང་ངོ་། །བསམ་གཏན་གཏན་ཚིགས་གཏན་གྱི་བདེ། །གཏུན་ཤིང་གཏུམ་པོའི་ལག་ཏུ་གཏང་། །བརྡུང་གཏག་གཏོར་མ་གཏང་རག་གཏོང་། །གཏེར་གྱིས་ནང་གཏམས་གཞན་ལ་གཏོང་། །ཆུ་གཏོར་འབེམ་གཏོད་དམིགས་པར་གཏོད། །སྦྱིན་གཏོང་ཞབས་གཏུགས་ཟད་པའི་གཏུགས། །གཏི་མུག་མཚང་གཏོལ་སེ་གོལ་གཏོགས། ཁྲག་གཏར་གཏིང་རིང་མུན་པ་གཏིབས། །སྒོ་གཏན་གཏུར་བུ་རི་ཡི་གཏོས། །སྦོས་གཏུལ་མགོ་གཏུམས་ཁོངས་སུ་གཏོགས། །གཏམ་གླེང་གཏན་འབེབས་གས་འཕུལ་ཏའོ། །མིང་བཏགས་སྒྲོ་བཏགས་ཁ་བཏགས་བཏགས། །སྤྱིར་བཏང་བློས་བཏང་མེ་ཏོག་བཏུ། །སྲོལ་གཏོད་གདན་བཏིང་ས་བོན་བཏབ། །ཞབས་བཏུད་གསོལ་བཏབ་གྱེན་དུ་བཏེག །བཟའ་བཏུང་རྒྱས་བཏབ་བྱེད་རུང་བཏུབ། །སྤུ་བཏོག་ཕྱེར་བཏགས་རྩ་ནས་བཏོན། །དགྲ་བོ་བཏུལ་སོགས་བས་འཕུལ་ཏའོ། །རྟག་དང་མི་རྟག་མཚོན་པའི་རྟགས། །མི་རྟོག་རྟོག་པ་དབང་རྟུལ་རྟ། །ལུང་རྟོགས་དོན་རྟོགས་ཡིད་རྟོན་པ། །རྨོངས་རྟུལ་ཕྱི་རྟིང་རྟོད་པས་བཅིངས། །རྟུལ་ཕོད་རྟ་བབས་བྱ་མ་རྟ། །རྟེན་འབྲེལ་རྟོག་གེ་མི་གཙང་རྟུག །རུ་རྟ་ལ་སོགས་རར་བཏགས་ཏའོ། །ལྟོས་འགྲོའི་ལྟོ་བ་དེ་ལྟ་བུ། །ལྟོ་འཕྱེའི་ལྟག་པར་ལྟད་མོ་ལྟ། །ལྟོགས་པས་ལྟོ་ཟོས་ལྟེམ་གྱིས་གང་། །ལྟ་ངན་ལྟ་བ་ལོག་པར་ལྟུང་། །ལྟུང་བ་ད་ལྟ་ཡོད་མེད་ལྟོས། །རེ་ལྟོས་ལྟ་ཅི་མདའ་ཡི་ལྟོང་། །ལྟར་ལྟར་པོ་སོགས་ལར་བཏགས་ཏའོ། །སྟོན་པའི་བཞུགས་སྟངས་བཀུར་སྟི་སྟོབས། །སྟབས་ལེགས་མུ་སྟེགས་བྱད་སྟེམས་ཤི། །ལྟ་སྟངས་མེ་སྟག་ཅང་མི་སྟོ། །སྟ་གོན་སྟོང་གྲོགས་ཤ་སྟག་བྱེད། །སྟག་གཡག་སྟོབས་ལྡན་སྟ་ཟུར་སྟོན། །གཞོགས་སྟེགས་རྐང་སྟབས་ནགས་སྟུག་པོ། །དགྲ་སྟ་སྟ་རེ་སྟེའུ་རྣོ། །སྟོན་དུས་སྟར་ཁའི་སྟོན་མོ་སྟེར། །ནོར་སྟོར་སྟན་བཏིང་མངལ་སྒོ་སྟུ། །རོ་སྟོད་སྟོང་ཉིད་སར་བཏགས་ཏའོ། །བརྟག་བྱ་བརྟག་དཔྱད་ཀུན་བརྟགས་བརྟགས། །གནས་བརྟན་ཡིད་བརྟན་བརྟུལ་ཞུགས་བརྟན། །སྦུབས་བརྟོལ་མཇུག་བརྟུལ་བརྩོན་པའི་བརྟུན། །གཞི་ལ་བརྟེན་ནས་ཐག་པས་བརྟོད། །བས་འཕུལ་ར་མགོ་ལྡན་པའི་ཏའོ། །སྐུ་བལྟམས་བལྟ་བྱ་ལེགས་པར་བལྟས། །བལྟོས་ས་བལྟོས་ཆོས་གོས་བལྟབ་སོགས། །བས་འཕུལ་ལ་མགོ་ལྡན་པའི་ཏའོ། །ཐུབ་བསྟན་ཆོས་བསྟན་བླ་མ་བསྟེན། །པ་སྟི་སྟང་འཕྲོ་བསྟུད་ཀྱི་ངོར་བསྟན། །བསྟན་བཅོས་དང་བསྟུན་དེ་ལ་བསྟིམ། །བསྟི་གནས་བསྟིང་ཆོག་གྲོགས་ཀྱི་བསྟང་། །བྱིན་ལེན་བསྟབས་ཟིན་བསྟོད་པས་བསྟོད། །བས་འཕུལ་ས་མགོ་ལྡན་པའི་ཏའོ། །ཐུན་མོང་ཐུ་བོ་ཐ་གྲུ་ཆེ། །ཐུ་མི་ཐོར་ཅོག་ཐོར་ཚུགས་དང་། །ངན་པའི་ཐ་མ་ཐ་མ་ཁ། །ཐ་ཆད་ཐབ་སོགས་ཐ་རྐྱང་ངོ་། །མཐོ་རིས་མཐའ་དག་མཐའ་ཡས་མཐོང་། །ནུས་མཐུ་མཐར་ཕྱིན་མཐུན་མི་མཐུན། །ལག་མཐིལ་མཐེ་བོང་མཐེའུ་ཆུང་། །མཐོན་ཀ་མཐོན་མཐིང་མཐང་གོས་མཐུག །མཐར་གྱིས་རྟ་མཐུར་མཐོ་ཡོར་མཐོ། །མཐོ་འཚམས་མཐོལ་བཤགས་རྒྱ་མཐོངས་མཐའ། །མཐོན་པོ་མཐིང་རིལ་མས་འཕུལ་ཐའོ། །འཐབ་མོར་འཐོན་ཡང་གྲོགས་སུ་འཐམས། །སྤྲིན་འཐིབ་ཆུ་འཐོར་དུ་བ་འཐུལ། །བློ་འཐུམས་མགོ་འཐོམས་སྲ་ཞིང་འཐས། །ཆུ་འཐུང་ཤ་འཐོག་སྐྲ་ནས་འཐེན། །ཕྱེར་འཐག་འབྲུ་འཐུ་དུམ་བུ་འཐུབ། །འཐུམ་བུ་འཐད་སོགས་འས་འཕུལ་ཐའོ། །ཡ་རབས་དྲ་མ་བཀའ་དྲིན་ཅན། །གོས་དྲ་དྲུབ་དང་དྲི་བ་དྲིས། །དྲ་བ་དྲ་ཕྱེད་དྲིལ་བུ་དྲི། །དྲེད་པོ་ཁྲིམས་དྲལ་དྲུང་བོར་གྲགས། །གཞན་དྲིང་མི་འཇོག་དྲང་སྲོང་དྲང་། །སྔ་དྲོ་དྲང་དོན་གཡུ་དྲུང་དྲུག །ཟས་དྲངས་དྲོངས་ཤིག་ས་ལ་དྲུད། །དོམ་དྲེད་དྲོད་ཆེ་ཟན་དྲོན་དྲིལ། །ནད་དྲག་དྲུང་འབྱིན་ནོར་གྱིས་དྲེགས། །དྲག་པོ་ལ་སོགས་ད་རྐྱང་ངོ་། །གདུགས་དཀར་གདོང་བ་གདུགས་ཀྱིས་གདུངས། །གདུལ་བྱ་གདོལ་བ་གདུག་པ་ཅན། །གདམས་ངག་གསལ་གདབ་གདིང་བ་གདན། །གདུང་རུས་སྐད་གདངས་སྐས་ཀྱི་གདངས། །གདུང་བརྒྱུད་གསོལ་གདབ་ས་བོན་གདབ། །བཅོལ་གདམས་མིང་གདགས་གདོན་དང་བྲལ། ཁ་གདངས་མཚོན་གདེངས་གདོན་མི་ཟ། །ད་གདོད་སོས་གདལ་གདེང་ཐོབ་གདའ། །ཐུད་གདར་གདེངས་ཅན་དམ་ལ་གདགས། །དང་པོའི་གདོད་མ་གདགས་པའི་གཞི། །སྲང་ལ་གདེག་སོགས་གས་འཕུལ་དའོ། །བདེ་གཤེགས་བདེ་ལེགས་བདེན་པ་བདར། །བདག་གཞན་བདུད་བཅོམ་བདུག་སྤོས་བདུག །མདུན་བདར་ལྔ་བདོ་རོ་བདའ་བ། །གཞུ་བདུངས་བདུད་རྩི་ཕྱེ་མར་བདར། །བདོག་པའི་དངོས་པོ་རི་དྭགས་བདའ། །ཕྱག་བདར་ལ་སོགས་བས་འཕུལ་དའོ། །ལམ་མདོར་མདོས་འཕེན་མདའ་མདུང་མདེའུ། །སྒྲོ་མདོངས་མདོག་མདངས་མདོར་བསྡུས་མདོ། །མདུན་དུ་མདངས་སང་མདུད་པ་མདུད། །ར་མདའ་ལ་སོགས་མས་འཕུལ་དའོ། །མྱ་ངན་འདའ་འདས་འདུན་པས་འདུད། །འདམ་ཁྲོད་འདུར་འདུར་འདོང་ཞིང་འདུག །ནང་འདོམ་འདོམ་གང་སྨད་ཀྱི་འདོམས། །རྗེས་འདེད་གསོལ་འདེབས་འདོན་པ་འདོན། །ལྷ་འདྲེ་ཤིང་འདྲུ་ཁུང་བུ་འདྲུ། །འདུ་བྱེད་འདུས་བྱས་འདྲེས་མ་འདྲ། །ཆོས་འདོམས་གཏམ་འདྲི་ཡི་གེ་འདྲི། །འདོད་ཆགས་འདྲིས་པས་སྲོག་འདོར་འདར། །འདུལ་བ་འདྲེན་པས་དགེ་འདུན་འདུལ། །རི་འདབ་པད་འདབ་འདབ་ཆགས་འདུ། ཁྲིམས་འདྲལ་འདོ་མེད་འདུ་ཤེས་ཆུང་། །མིང་འདོགས་འདོད་སོགས་འས་འཕུལ་དའོ། །གྲོང་རྡལ་ཐོག་རྡིབ་ས་རྡོའི་རྡུལ། །རྡེའུ་རྡོག་པོ་ཐབས་རྡུགས་རྡེགས། །རྡོ་རྗེ་ཕེབ་རྡོབ་ཆ་ལང་རྡོབ། །ལག་རྡུམ་གློ་རྡོལ་དབུ་བ་རྡོས། །གྲི་རྡོར་ལ་སོགས་རར་བཏགས་དའོ། །འཕུར་ལྡིང་འབྲུག་ལྡིར་སྐད་ལྡབ་ལྡིབ། །ལྡ་ལྡི་ལྡེ་མིག་ལྟོ་ལྡིར་ལྡན། །སེང་ལྡེང་ལྡེམ་ལྡེམ་ལྡེང་བཟོའི་ལྡེབས། །ལྡོང་རོས་ངད་ལྡང་ལྡེ་གུ་བྱུག །ཕྱིར་ལྡོག་མི་ལྡོག་བཏུང་བ་ལྡུད། །མེ་ལྕེ་ལྡུམ་རར་ལྡུམ་བུ་སྐྱེས། །བཅོམ་ལྡན་ལྡེམ་དགོངས་དྲིན་ལན་ལྡོན། །བསྐྱར་ལྡབ་ལྡོབ་སྐྱེན་ལར་བཏགས་དའོ། །སྡེ་བ་སྡེ་ཚན་སྡོང་བོ་སྡོམ། །ཞེ་སྡང་སྡང་མིག་སྡིགས་མཛུབ་ཅན། །སྡིག་སྡུག་ཕྱོགས་སྡེབ་སྡོམ་པས་སྡོམས། །མཛེས་སྡུག་མཆོད་སྡོང་དོ་སྡོོ་བ། །སྡེར་མ་བཀའ་སྡོད་སྡེར་མོ་རྣོ། །སྡེ་སྣོད་ལ་སོགས་སར་བཏགས་དའོ། །གྲིབ་རྡར་བརྡེག་བྱ་བརྡུང་བྱ་བརྡུང་། ཁ་བརྡར་བརྡ་བྱས་བླ་བརྡོལ་སྨྲ། །བས་འཕུལ་ར་མགོ་ལྡན་པའི་དའོ། །བལྡབས་ནས་བལྡག་ཅིང་མུར་བའི་བལྡད། །བས་འཕུལ་ལ་མགོ་ལྡན་པའི་ངའོ། །བསྡུ་བྱ་བསྡུ་བསྡུས་ཕན་ཚུན་བསྡུར། །སྲོག་བསྡོས་ཉེར་བསྡོགས་ཕྱོགས་གཅིག་བསྡོམས། །ཉེས་པ་བསྡམས་བྱས་གཞན་ལ་བསྡིགས། །སྣ་ཐག་བསྡོགས་སོགས་སྟན་ལ་བསྡད། །བས་འཕུལ་ས་མགོ་ལྡན་པའི་དའོ། །འདུག་གནས་གནོད་བྱེད་ཟིལ་གྱིས་གནོན། །གནད་དོན་གནོད་སྦྱིན་སྔོན་གྱི་གནའ། །གནས་བརྟན་གཉེར་གནས་གནས་སྐབས་བདེ། །གནས་ལུགས་ཞེ་གནོང་གནས་ངན་ལེན། །གནམ་དང་གནག་སོགས་གས་འཕུལ་ནའོ། །ལུང་མནོས་མནལ་གཟིམས་བསམ་མནོ་གཏོང་། །མནའ་མ་དྲི་མནམ་མནར་མེད་མནར། །མནའ་བསྐྱལ་མནར་སེམས་མས་འཕུལ་ནའོ། །རྣམ་མཁྱེན་རྣམ་ཤེས་རྣལ་འབྱོར་རྣོ། །རྣམ་རྟོག་རྣམ་གྲངས་རྣམ་པ་མང་། །རྣ་བ་རྣག་ཁྲག་རྣམ་དབྱེ་རྣམས། །རྣལ་མ་ལ་སོགས་རར་བཏགས་ནའོ། །སྣ་ལྕེ་བར་སྣང་སྣྲོན་དང་སྣུབས། །སྣར་མ་སྣག་ཚ་སྣ་ཚོགས་སྣུར། །སྣམ་སྦྱར་སྣམ་བུ་སྣ་ཡི་སྣབས། །སྣང་གསལ་སྣུམ་དྲི་སྣོམ་ཞིང་སྣང་། །སེར་སྣ་སྣྲེལ་ཞི་མང་དུ་སྣོན། །ལྟར་སྣང་ལ་སོགས་སར་བཏགས་ནའོ། །བརྣབ་སེམས་ངེས་བཟུང་ནན་ཏན་བརྣན། །བསམ་པའི་བརྣག་དང་བཟོད་དཀའི་བརྣག །ཟས་ཀྱིས་བརྣངས་དང་འཐེན་པའི་བརྣར། །བས་འཕུལ་ར་མགོ་ལྡན་པའི་ནའོ། །ནུ་མ་མདའ་བསྣུན་མང་དུ་བསྣན། །སྲོལ་བསྣུབས་མཚོན་བསྣམས་གོང་འོག་བསྣོར། །དུས་བསྣུར་མཇུག་བསྣར་ཞིབ་མོར་བསྣུར། །བས་འཕུལ་ས་མགོ་ལྡན་པའི་ནའོ། །རང་གི་པང་པར་པི་ཝང་འཛིན། །གཅིག་པུར་པིར་གྱིས་པ་ཏྲ་བྲིས། །མཁར་གྱི་པུ་ཤུ་བྱ་བུ་ཤུད། །པུས་བཙུགས་པོག་པོར་ག་པུར་འཐུལ། །པར་བཏབ་པོ་ཏི་པོ་ཏ་ལ། །པྲོག་ཞུ་འོག་བག་པི་པི་ལིང་། །པ་སངས་སེམས་པ་བསམ་པ་བཟང་། །བར་གྱིས་འཕར་སོགས་པ་རྐྱང་ངོ་། །དཔའ་བོ་དཔག་ཚད་རྗེས་སུ་དཔག །བྱང་ཆུབ་སེམས་དཔའ་དཔག་བྱ་དཔོག །དཔྱ་ཁྲལ་དར་དཔྱངས་དཔང་བོ་དཔེ། །དཔུང་བ་དཔངས་མཐོ་དམག་དཔུང་དཔོན། །དཔག་མེད་དཔལ་ལྡན་རྣམ་དཔྱོད་དཔྱད། །སློབ་དཔོན་དཔྱིད་ཀ་དཔྱས་མི་འདོགས། །དཔྲལ་བ་དཔྱེ་མགོ་དས་འཕུལ་བའོ། །མཛེས་པའི་སྤ་བ་སྤང་སྤོས་སྤུ། །སྤུན་ཟླ་སྤང་བྱ་སྤངས་པས་སྤྲོ། །སྤྲིན་སྤྲོས་ལོངས་སྤྱོད་སྤྱད་པ་སྤྱོད། །སྤེན་མ་སྤྱི་བོ་རྒྱན་གྱིས་སྤུད། །གོས་སྤྲུག་ནོར་སྤེལ་སྤྲ་ཚིལ་སྤྲིངས། །གནས་སྤར་མེ་སྤོར་གཡུལ་སྤྲད་སྤྲོད། །འཕར་སྦྱང་སྤྲེའུ་སྦྲུལ་པའི་སྤྱན། །གོས་སྤོ་ཚིག་གིས་སྤྱོས་ནས་སྦྱུགས། །ཚུར་སྦྱོན་སྤྱང་བོ་སྤོབས་པ་ཆེ། ཁེ་སྦོག་རྒྱན་སྤྲས་འབྱར་བྱེད་སྦྱིན། །དགའ་སྤྲོར་གདུང་སྤུང་རི་ཡི་སྤོ། །ཐགས་ཀྱི་སྤུན་སོགས་སར་བཏགས་པའོ། །སྟག་ལྤགས་ལ་སོགས་ལར་བཏགས་པའོ། །ཕ་མ་མི་ཕམ་ཕྱིན་ཆད་ཕྲད། །བྲུག་གུ་ཕན་ཚུན་རྡུལ་ཕྲན་ཕྲ། །བཅུ་ཕྲག་ཕྱོགས་སུ་ཕྱུག་པོ་ཕྱིན། །ཕྱགས་མས་ཕྱི་སའི་ཕྱེ་མ་ཕྱགས། །ནས་ཕྱེ་ཕྱིང་བ་ཕྱག་དར་ཕྱོར། །ཕྱི་དྲོ་ནམ་ཕྱེད་ཕྱེན་གཏོང་ཕྱུང་། །ཕོངས་ནས་ཕྲག་དོག་ཕྲ་མ་བྱས། །ཕྱུགས་ཀྱི་ཕྲུ་མ་ཕྱེ་མ་ལེ་བ། །སྒོ་ཕྱེ་ཕྲན་ཚེགས་ཕྲེང་བ་ཕྲོགས། །ཕྱག་གི་ཕྲག་པ་སྨིན་ཕྲག་པར། །ཚིག་ཕྲད་ལ་སོགས་ཕ་རྐྱང་ངོ་། །གཞན་ལ་འཕྱ་འཕྱས་འོད་འཕྲོ་འཕྲོས། །འཕྱི་བར་མདའ་འཕེན་འཕངས་ཚེ་འཕོག །གོ་འཕང་དུང་འཕྱུར་འཕྲལ་དུ་འཕངས། །དར་འཕྱར་འཕྱང་དང་ཕྱག་དར་འཕྱག །ལྟོ་འཕྱེ་འཕྱེ་བོ་འཕང་སྐྱེན་གྲག །འཕོངས་ཀྱིས་འཕག་འཕག་མགོ་འཕུར་འཕུར། །སེམས་ལ་འཕྲེང་སོགས་འས་འཕུལ་བའོ། །བླ་མ་བླ་གོས་བླ་བྲེ་བྲེས། །བྱམས་པ་བྱང་ཆུབ་བླ་ན་མེད། །བྱེ་མས་བྱད་བྱུར་བྱབས་པས་བྲེལ། །བྲན་གཡོག་བྱེས་བྱོན་བྱུག་པ་བྱིན། །བྱིས་པས་བྱ་རའི་བྱ་བ་བྱོས། །བྱ་བྱིའུ་བྱི་བ་བྱི་ལའི་བྲུན། །བྱོལ་སོང་བྲང་འགྲོའི་བྲང་བྱིལ་བྱིལ། །བླག་པ་བླུན་པོས་བླུས་ཀྱང་བླ། །བྱད་བཞིན་འདམ་བྱིང་བློ་བློང་བློང་། །བྲོ་ནད་དང་བྲལ་བྲོས་ཤིང་བྱེར། །བྱི་བོ་བྲོ་བརྡུང་ཡི་གེ་བྲིས། །སོས་བླད་ཆུ་བླུས་ཟས་སོགས་བྲིམས། །ཡོ་བྱད་བྲེ་གང་བྱུར་བུར་བླུགས། །བླ་ཚེ་བྱང་བུ་བླ་ཐབས་སུ། །བླ་གདགས་སྐྲ་བྱི་ཆ་བྱད་བླངས། །བྱེ་བྲག་རྒྱལ་བློན་རྣ་བ་བླགས། །རོ་བྲོ་བྲ་བ་ཕྱི་རུ་བྱས། །བྱང་ཕྱོགས་བྱུང་སོགས་བ་རྐྱང་ངོ་། །དབུ་སྐྲ་དབུ་མ་དབུ་བ་དབུས། །རྣམ་དབྱེ་དབྱེ་ནས་ཁ་ཡི་དབུགས། །ཆོས་དབྱིངས་དབྱིབས་ལེགས་དབྱེར་མི་ཕྱེད། །དབྱུ་གུ་དབྱིག་པ་དབྱུག་པ་དབྱུགས། །དབང་ཕྱུག་དབང་བསྐུར་དབང་ལྡན་ཕྱོགས། །དབུལ་བོ་ཕྱིར་དབྱུང་དབེན་པའི་གནས། །དབོན་པོས་དབྱངས་བྱས་གཏན་ལ་དབབ། །དབང་ཐང་བྱིན་དབབ་དབྱར་གྱི་དུས། །དབྱིག་གི་གཉེན་སོགས་དས་འཕུལ་བའོ། །འབྲས་འབྲུ་རབ་འབྱམས་འབའ་ཞིག་འབྱོར། །འབྱུང་བ་འབྲེལ་ཆགས་འབྲས་བུ་འབྱུང་། །འབྲིང་བོ་འབྲོག་པ་འབྲི་འབྲོང་གཡག ། འབེལ་གཏམ་སྒོ་འབྱེད་འབྲོམ་སྟོན་འབྱོན། །ཕྱིར་འབྲང་འབྱུང་བོ་འབྲོས་ཤིང་འབྱེར། །འབྲུབ་ཁུང་ཁ་འབྱེད་འབྲུམ་ནད་འབྱིན། །མཚང་འབྲུ་ཆང་འབྱོ་སྦྱར་ནས་འབྱར། །སྐྲ་འབལ་ལ་སོགས་འས་འཕུལ་བའོ། །ཁྱི་རྦད་རྦད་སྒྲིལ་ཁ་རྦད་ཆེ། །ཐགས་རྦད་བཅད་སོགས་རར་བཏགས་པའོ། །ལྦུ་བ་ལྦ་བ་ལར་བཏགས་པའོ། །སྦྱིན་བདག་ནོར་སྦྱིན་གནོད་སྦྱིན་དབང་། །སྦུན་པ་སྦང་མ་རྟ་སོགས་སྤངས། །སྦུབ་ཏུ་སྦོས་སྦས་སྦ་ཞིང་སྦེད། །ཉིས་སྦྲགས་སྦྲ་འབུབས་སྦྲེལ་ནས་སྦྱར། །སྦུར་མར་མེ་སྦར་སྦལ་པ་སྦོས། །སྦྲུམ་མ་ལྟོ་སྦོ་གྲོག་སྦུར་སྦྲུལ། །སྐད་སྦྲོན་ལུས་སྦྲིད་ས་ལེ་སྦྲམ། །དགེ་སྦྱོང་སྡིག་སྦྱངས་གཙང་སྦྲ་སྦྱོར། །ཆུར་སྤངས་སྦུད་ལྕགས་འདོམ་གྱི་སྦ། །སྦ་མཁར་ལ་སོགས་སར་བཏགས་པའོ།། །།ཉམས་མྱོང་རོ་མྱང་མྱ་ངན་འདའ། །མྱུ་གུ་རོ་མྱགས་ཆང་གིས་མྱོས། །མྱུར་དུ་ནགས་མྱུལ་མ་རྐྱང་ངོ་། །དམིགས་བསལ་ཉེས་དམིགས་དམྱལ་བར་ལྟུང་། །དམུ་ཆུ་ཉམས་དམས་དམངས་རིགས་དམན། །དམུས་ལོང་དམིགས་སུ་དམིགས་པ་མེད། །བུ་གའི་དམིག་པུ་དམུ་རྒོད་དམག །དམེ་བོ་མདོག་དམར་དམོད་པ་བྱས། །འཛུམ་དམུལ་དམའ་བ་དས་འཕུལ་མའོ། །ངོ་མཚར་རྨད་བྱུང་རྨི་ལམ་རྨིས། །ཞིང་རྨོ་རྨོངས་རྨུགས་ཁྱིས་རྨུར་རྨུགས། །རྨ་བྱུང་རྟ་རྨིག་སྒ་ཡི་རྨད། །རྨ་བྱ་རྨོག་གྱེན་དབུ་རྨོག་བཙན། །བལ་རྨེལ་རྨུགས་འཛིན་རར་བཏགས་མའོ། །སྨན་པས་སྨན་གྱི་གཏམ་སྨྲ་སྨྲོས། །སྨེ་བ་སྨོན་ལམ་ལུས་ཀྱི་སྨད། །སྨིག་རྒྱུ་འབྲས་སྨིན་སྨག་རུམ་འཐིབས། །མིང་སྨོས་སྨན་ལྗོངས་སྨད་རས་སྨོད། །སྨ་བབ་སྨྲེ་སྔགས་སྨོས་ཅི་དགོས། །ངུར་སྨིག་རྣམ་སྨིན་སྨོན་འགྲིན་ཆེ། །སྨུག་པོ་སྨིན་དྲུག་སྨེ་ཤ་ཅན། །སྨྱོ་གཏམ་སྨྱུང་གནས་བཟའ་བུ་སྨད། །སྨ་ར་སྨིན་མ་སར་བཏགས་མའོ། །ཙན་དན་དེ་ཙམ་དེ་ཙུག་ལགས། །ཙབ་ཙུབ་མི་བྱ་ཙོག་ཙོག་པུ། །ཙ་ན་ཀ་དང་ཙ་ཀོ་ར། །ཙུག་ཙུག་སྒྲ་དང་ཙམ་པ་ཀ །ནེ་ཙོ་ལ་སོགས་ཙ་རྐྱང་ངོ་། །གཙོ་བོ་གཙུག་ཏོར་གཙུག་ལག་ཁང་། །སྤྱི་གཙུག་གཙུབ་ཤིང་གནོད་པས་གཙེས། །གཙང་མ་གཙང་བོ་མཆེ་བ་གཙིགས། །གཙག་པུས་གཙག་སོགས་གས་འཕུལ་ཙའོ། །བཙན་པོ་བཀའ་བཙན་རྫོང་བཙན་དང་། །བཙུན་མོ་བུ་བཙས་ངན་བཙོག་བཙལ། །བཙུན་པ་མིག་བཙུམ་བཙོན་རར་བཙུད། །གོས་བཙེམས་བཙག་དང་བཙོད་ཀྱིས་བཙོས། །འདྲེ་བཙན་བཙན་དུག་ཚགས་ཀྱིས་བཙགས། །མཐོ་བཙམས་རྡེག་བཙོག་སྒོག་བཙོང་བཙུགས། །བཙན་ཐབས་ནོར་བཙོངས་ལྕགས་ཀྱི་བཙའ། །སྲོལ་བཙུགས་ཆུ་བཙིར་གྲུ་བཙས་བྱིན། །བཙོ་མའི་གསེར་སོགས་བས་འཕུལ་ཙའོ། །རྩ་བ་རྩེ་མོ་ཚོན་རྩི་རྩིང་། །རྩྭ་སྔོན་རྩི་ཤིང་རྩི་ཐོག་རྩུབ། །རྩེད་མོ་རྩོད་པ་རྩིས་རྩིས་མཁན། །རྩ་རྒྱུས་སྟོབས་རྩལ་འབད་རྩོལ་ཆེ། །རྩམ་པ་རྩད་གཅོད་རྩོམ་པ་རྩོམས། །ནོར་གྱི་རྩིད་པ་འཁོར་ལོའི་རྩིབས། །རྩིབ་མ་རྩིག་པ་རར་བཏགས་ཙའོ། །བཀའ་སྩོལ་དངོས་གྲུབ་སྩལ་དང་སྩོལ། །སྦྱིན་པ་བགྱིད་སྩལ་སར་བཏགས་ཙའོ། །བརྩོན་འགྲུས་སྙིང་བརྩེ་བརྩེ་བ་ཅན། །བརྩད་ཅིང་བསྟན་བཅོས་བརྩམ་བྱ་བརྩམས། །སོ་བརྩེ་རིམ་བརྩེགས་བརྩིགས་ཤིང་བརྩིས། །བས་འཕུལ་ར་མགོ་ལྡན་པའི་ཙའོ། །ནགས་ཚལ་སྐྱེད་ཚལ་ཚི་གུའི་ཚིགས། །ཚོགས་པ་སྡེ་ཚན་ལུས་ལང་ཚོ། །ཚོན་རྩི་ཕྲ་ཚོམ་ཚར་དུ་དངར། །ཐེ་ཚོམ་ཚམ་རྔམ་ཚྭ་ཚ་ལ། ཁང་བའི་ཚོམས་སོགས་ཚ་རྐྱང་ངོ་། །ངོ་མཚར་མཚར་སྡུག་མཚོན་བྱེད་མཚན། །ཕྱོགས་མཚམས་རྒྱ་མཚོ་མཚེ་མ་སྐྱེས། །མཚོན་བྱ་མཚན་གཞི་མཚན་ཉིད་མཚུངས། །སྐྱོན་མཚང་མཚན་མོ་ཚོན་གྱི་མཚལ། །རྒྱལ་མཚན་ཁྱིམ་མཚེས་མིང་གི་མཚན། །ཕྱག་མཚན་མཚོན་ཆ་མས་འཕུལ་ཚའོ། །ཕྱག་འཚལ་ནོར་འཚོལ་ཕྱུགས་མ་འཚོ། །གློ་འཚབས་ཆུ་འཚག་ནང་དུ་འཚངས། །འཚང་རྒྱ་འོད་འཚེར་བློ་དང་འཚམ། །འཚག་བཟང་གདུང་འཚོབ་སྐྱིན་པའི་འཚབ། །རླུང་འཚུབས་ལོངས་འཚར་བར་དུ་འཚིར། །ཤ་འཚོ་འཚག་བྱེད་དགའ་བའི་འཚེངས། །བརྡེག་འཚོག་འཚོག་ཆས་ངལ་འཚོ་བ། །འཚེ་བ་མེད་སོགས་འས་འཕུལ་ཚའོ། །ཛ་ལང་ལ་སོགས་ཛ་རྐྱང་ངོ་། །མཛའ་བོ་བར་མཛོད་ལེགས་པའི་མཛེས། །དཔའ་མཛད་མཛངས་མ་མཛད་པ་མཛོད། །མཛུབ་མོ་མཛོད་སྤུ་ཤིང་གི་མཛེར། །མཛེ་ནད་མཛོ་རྟ་མས་འཕུལ་ཛའོ། །འཛམ་གླིང་བཞིན་འཛུམ་གོས་འཛད་འཛེམ། །ཆུ་འཛག་འཛིར་ལངས་སྣོད་དུ་འཛུད། །འོག་འཛུལ་སྐས་འཛེགས་འཛུགས་ཤིང་འཛིན། །སྐད་འཛེར་འདུ་འཛི་ཆུད་མི་འཛའ། །ནོར་བའི་འཛོལ་སོགས་འས་འཕུལ་ཛའོ། །ཀུན་རྫོབ་རྫུན་གྱི་རྫབ་རྫུབ་མང་། །ཕྱུགས་རྫིའི་རྫོངས་སུ་རྫིའུ་བྱིན། །རྫིང་བུར་རྫུས་སྐྱེས་འདམ་རྫབ་རྫོགས། །ཛི་ཕྱོགས་རྫ་མ་མཁར་གྱི་རྫོང་། །ནོར་རྫས་རྫུ་འཕྲུལ་རྫོགས་སངས་རྒྱས། །རྫི་མེད་རྫི་མ་རར་བཏགས་ཛའོ། །གནོད་པས་མི་བརྫི་ཁྲོ་བོར་བརྫུས། །གྱེན་བརྗེས་ཟན་བརྫིས་རྐང་པས་བརྫིས། །མདོས་བརྫངས་བས་འཕུལ་རར་བཏགས་ཛའོ། །ཝ་སྐྱེས་པ་ཝང་ཆུ་ཡི་ཝ། །འགིའུ་ཝང་པི་ཝང་སྐད་ཝང་ཝང་། །ཡིད་ལ་ཝལ་ལེ་ཝ་རྐྱང་སྟེ། །ཀྭ་ཡེ་ཁྭ་ཏ་གྲྭ་བ་སོགས། །ཝ་བཏགས་ཅན་དུ་ཤེས་པར་བྱ། །ཞྭ་མོ་ཞ་ལོང་ཞེན་ཅིང་ཆགས། །འོ་ཞོ་ཞེ་དམ་ཞ་རྐྱང་ངོ་། །གཞི་གྲུབ་གཞི་མ་གཞུང་ལུགས་གཞན། །མཉམ་གཞག་གཞལ་བྱའི་རྣམ་གཞག་བྱེད། །གཞོན་ནུ་གཞུང་བཟང་ནམ་གཞག་དུས། །མདའ་གཞུས་བདུད་གཞོམ་ཡིད་ལ་གཞོག །གཞོང་བ་གཡང་གཞི་སྦོ་གཞོག་གཞང་། །གཞའ་ཚོན་གཞའ་གསང་བརྟག་གཞིག་གཞུག །མངག་གཞུག་ཡིད་གཞུངས་ཁུ་བ་གཞིབས། །གཞར་ཡང་གཞོབ་འཐུལ་གླུ་གཞས་བྱེད། །ཡིད་གཞོལ་ནང་གཞུག་གས་འཕུལ་ཞའོ། །བཞི་ལྔ་དགོངས་བཞེད་བཞད་གད་བྱེད། །བཞབས་ནས་སྐྲ་བཞར་གནས་སུ་བཞག །དེ་བཞིན་བཞེངས་བཞུགས་བཞོན་པས་བཞུད། །བཞོན་མར་འོ་བཞོ་མར་བཞུ་བཞེས། །བརླན་བཞའ་ཁུར་བཞེས་བས་འཕུལ་ཞའོ། །ཟ་མ་ཟ་ཟོས་ཟྭ་ཚོད་ཟད། །སྔགས་ཟློས་ཟློས་གར་ཉི་ཟླ་ཟླུམ། །ཟླ་གམ་ཟླ་ཕྱེད་གཞན་ལ་ཟློ། །ཟློག་པ་ཟླ་གྲོགས་ལོ་ཟླ་བ། །བསྐྱར་ཟློས་ལ་སོགས་ཟ་ཉིད་དོ། །མཁྱེན་གཟིགས་གཅན་གཟན་གཟིག་གི་གཟུགས། །གཟའ་སྐར་གཟི་བརྗིད་རིན་ཆེན་གཟི། །གཟན་ཤམ་ཕྲག་པར་གཟེད་ཅིང་གཟར། །གཟོང་གིས་གཟེར་ཐོབ་གཟེར་བུ་གཟུག །གནད་གཟིར་མདའ་གཟས་ཆུད་མི་གཟོན། །ད་གཟོད་དྲིན་གཟོ་ཟས་ཀྱི་གཟན། །གྲུ་གཟིངས་གཟར་བུ་དགང་བླུགས་གཟར། །རི་གཟར་གཟུངས་ཐག་གཟུངས་སྔགས་གཟབས། །གཟེངས་བསྟོད་གཟི་མདངས་གས་འཕུལ་ཟའོ། །བཟའ་བཏུང་བཟའ་བཅའ་ཆང་གིས་བཟི། །བཟའ་མིའི་ན་བཟའ་བཟང་བོར་བཟུང་། །བཟོ་བོས་ལྷུང་བཟེད་བཟེད་ཞལ་བཟེད། །མི་བཟད་ལས་ལ་བཟུར་བཟོད་པ། །སྔགས་བཟླ་མི་བཟློག་མྱ་ངན་བཟླ། །གཅིག་ཏུ་བཟླུམས་སོགས་བས་འཕུལ་ཟའོ། །ཡི་དམ་ཡི་གེ་ཆ་མིན་ཡ། །ཡ་མང་ཡ་ཡོ་ཡལ་ག་ཡང་། །ཡི་རང་ཡི་དྭགས་ཡ་རྐྱང་ངོ་། །གཡས་གཡོན་གཡབ་མོ་གཡབ་ཅིང་གཡུག །གཡང་ས་གཡུང་དྲུང་མི་གཡོ་བ། །གཡང་ལེན་གཡང་གཞི་གཡོག་མ་གཡོགས། །ལོག་གཡེམ་གཡུལ་སྤྲོད་གཡེང་བས་གཡེངས། །ཟངས་གཡའ་གཡི་ལྤགས་གཡར་ཁྲལ་གཡུ། །འབྲོང་གཡག་གཡེར་མ་གཡར་ནས་ཟོས། །མིག་གཡོར་གཡེར་ཁ་གས་འཕུལ་ཡའོ། །ར་ལུག་རྭ་ཅོ་རྡུལ་དུ་རློག །མངོན་རློམ་རློམ་སེམས་བྱིན་རླབས་ཆེ། །བྱིན་གྱིས་རློབས་ཤིག་རྦ་རླབས་རླུང་། །རླངས་པ་རློན་པ་འདོམས་ཀྱི་རླིག །རླབས་ཆེན་རླག་བྱེད་འཕུལ་ཡིག་མེད། །རྩུབ་པའི་བརླང་དང་བརླག་བྱ་བརླག །བརླ་ཤ་ཆུས་བརླན་ཡ་མ་བརླ། །སྲ་བརླིང་བྱིན་གྱིས་བརླབས་པར་བྱས། །གདོན་གྱིས་བརླམས་སོགས་བས་འཕུལ་རླའོ། །ལྭ་དང་ལ་ལ་ལང་ལིང་ལོང་། །ལམ་དང་ལམ་ལམ་ལག་ལེན་ལོ། །ཕལ་ཆེར་བཤད་ཟིན་ཁོངས་སུ་གཏོགས། །ཤར་གྱི་ཤིང་ཁར་ཤང་ཤང་ཤི། །ཤུལ་དུ་ཤིད་ཟན་ཤེལ་གྱི་ཤུབས། །ཤུགས་ཕྱུང་ཤུན་ལྤགས་ཤམ་ཐབས་བཅིངས། །ཤེས་ལྡན་ཤེས་པ་ཤིན་ཏུ་ཟབ། །ཤ་བ་ཤུབ་བུ་ཤ་རྐྱང་ངོ་། །བདེ་གཤེགས་གཤིས་ལུགས་དེ་བཞིན་གཤེགས། །གཤིན་པོའི་གཤགས་འབྱེད་གཤིན་རྗེའི་གཤེད། །གཤེན་རབས་གཤང་དཀྲོལ་དབུ་སྐྲ་གཤོར། །གཤིས་ངན་གཡུལ་གཤོམ་མོ་གཤམ་བུ། །གཤེ་སྨོད་བརླན་གཤེར་བྲེ་ལ་གཤོར། །ཆུ་གཤོ་ཤིང་གཤགས་ཐོང་གཤོལ་རྨོ། །གཤོག་པ་གཤིབས་ནས་གཤམ་དུ་འཕུར། །སྤང་གཤོངས་མཉེན་གཤིན་གས་འཕུལ་ཤའོ། །དགེ་བཤེས་ཆོས་བཤད་སྡིག་པ་བཤགས། །མཛའ་བཤེས་ལྷ་བཤོས་མཆོད་པ་བཤམས། །བགོ་བཤའ་ཕྱི་བཤོལ་བྲེ་ལ་བཤར། །གོས་བཤུས་བཤལ་དྲུད་བཤན་པས་བཤས། །མཁར་བཤིག་ཆུས་བཤལ་འཕྲང་ལ་བཤར། །བཤང་གཅི་ལ་སོགས་བས་འཕུལ་ཤའོ། །སངས་རྒྱས་ས་ཡ་ས་ཕྱོགས་སེར། །སོར་མོ་སེན་མོ་སོ་སིལ་སྙན། །སོ་སོར་སིལ་སིལ་སེ་མོ་དོ། །ཚེ་སྲོག་འོད་སྲུང་དྲང་སྲོང་སྲས། །སྲོལ་ཚུགས་སྲོད་ལ་སྲིད་པ་སྲིད། །གོས་སྲབ་སྲ་བརྟན་ས་སྲུང་བུ། །སྲིན་པོ་སྲིང་མོ་སྲེག་པ་སྲམ། །སྲིན་བུ་སྲོ་མ་སྲད་བུ་སྲ། །རྟ་སྲབ་ལམ་སྲང་འདེགས་བྱེད་སྲང་། །སྲེག་བྱེད་སྲན་མ་སློང་མོ་སློང་། །སློབ་དཔོན་སློབ་མ་སློབ་གཉེར་སླ། །རྒྱལ་སྲིད་སླར་ཡང་སླད་མའི་དུས། །གར་སླ་གྱེན་སློང་ཅི་ཡི་སླད། །འདིར་སླེབ་སློག་པ་ཕྱི་ནང་སློག །སླད་སླད་རོལ་ས་ཉིད་དོ། །གསང་སྔགས་གསང་བ་གསུང་རབ་གསུངས། །གསོལ་འདེབས་གསར་བ་གསན་ཞིང་གསོན། །གསེར་བཟང་འཁར་གསིལ་གསེག་གཤང་འཛིན། ཁ་གསག་གསོག་གསོབ་གསད་བྱ་གསོད། །གསོན་པོའི་ཚིག་གསོལ་རྟ་ཡི་གསེབ། །སྐད་གསང་གསོག་འཇོག་ཆུད་མ་གསན། ཁ་གསོ་གསོས་ནས་གསོར་གྱིས་གསིལ། །འོད་གསལ་ནང་གསེས་རལ་བ་གསིགས། །གསུང་དང་གསུམ་སོགས་གས་འཕུལ་སའོ། །ཚོགས་བསགས་སྐྱོན་བསལ་བསམ་བྱ་བསམས། །དམིགས་བསལ་དྲིན་བསབས་དྲི་མ་བསངས། །ཚེ་བསྲིང་བསོད་ནམས་བསོད་སྙོམས་བསགས། །ཡོ་བསྲང་རྒྱང་བསྲིང་བཟོད་བསྲན་ཆེ། །དྲི་བསུང་གིས་བསུས་བསེ་རུ་བསད། །བསྲུང་བྱ་བསྲུངས་ལ་བསྲེག་བྱ་བསྲེགས། །ཇ་བསྲོ་ཞོ་བསྲུབས་ཕན་ཚུན་བསྲེས། །རིང་བསྲེལ་ལྷ་བསངས་ངལ་བསོས་བསྡད། །རྗེས་བསུབ་བསང་གཏོར་ཞབས་བསིལ་བསིལ། །བསླད་བྱ་བསླད་ནས་བསླུ་བྱ་བསླུས། །བསླབ་བྱ་བསླབ་པ་གྱེན་དུ་བསླངས། །ཡི་གེ་བསྲིངས་སོགས་པས་འཕུལ་སའོ། །ཧ་ཧ་ཧི་ཧི་ཧུ་ཧུ་ཟེར། །ཧ་ཅང་ཧྲལ་ཧྲུལ་མིག་ཧྲེག་ཧྲིག །ཧྭ་ཤང་རྩབ་ཧྲལ་ཧ་ཉིད་དོ། །ཨ་ཏ་ཨ་མ་ཨ་ལ་ལ། །ཨ་ཀ་རུ་དང་ཨ་ཡུ་ཤི། །ཨ་རུ་ར་དང་ཨུཏྤལ། །ཨེ་མ་ཨ་མྲ་ལ་སོགས་ཨའོ། །དག་ཡིག་ཚིག་གསལ་སྒྲོན་མེ་ལས་ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་སྟེ་གཉིས་པའོ། །ད་ནི་རྣམ་དབྱེ་ཚིག་ཕྲད་སོགས། །བསྡུས་ཏེ་གསལ་བར་བསྟན་པར་བྱ། །དེ་ལ་རྣམ་དབྱེ་བརྒྱད་ཅེས་པ། །ངོ་བོ་ལས་དང་བྱེད་པ་ཆེད། །འབྱུང་ཁུངས་འབྲེལ་པ་གནས་བཞི་དང་། །བོད་པའི་སྒྲ་སྟེ་རིམ་པ་བཞིན། །ལྷ་ཀླུ་མི་དང་ས་རྡོ་ཤིང་། །ལ་སོགས་རེ་རེའི་དངོས་མིང་ནས། །བརྗོད་པ་རྣམ་དབྱེ་དང་པོའོ། །ཤིང་ལ་འཛེགས་དང་ཕྱོགས་སུ་འགྲོ། །མདུན་དུ་འདུག་ཅེས་བརྗོད་ལ་སོགས། །གཉིས་པ་ལས་སུ་བྱ་བའི་སྒྲ། །བདག་གིས་འདི་བྱས་ཁྱོད་ཀྱིས་ཤེས། །ནོར་གྱིས་དྲིན་གྱིས་བསྐྱངས་པ་སོགས། །རྣམ་དབྱེ་གསུམ་པ་བྱེད་ལས་སྒྲ། །བཀྲེས་ལ་ཟས་བྱིན་ནད་ལ་སྨན། །ཕོངས་ལ་ནོར་བྱིན་ཞིང་ལ་ཆུ། །དྲོངས་སོགས་བཞི་བ་དགོས་ཆེད་ཡིན། །མཁའ་ལས་ཆར་འབེབས་ས་ལས་ལོ། །རི་ལས་ཤིང་དང་མ་ལས་བུ། །སྐྱེས་སོགས་ལྔ་བ་འབྱུང་ཁུངས་ཚིག ཁྱོད་ཀྱི་མགོ་དང་ཤིང་གི་རྩེ། །གཏམ་གྱི་བརྗོད་བྱེད་དེ་ཡི་དོན། །ལ་སོགས་དྲུག་པ་འབྲེལ་བའི་སྒྲ། །གནམ་ལ་ཉི་ཟླ་མཚོ་ལ་ཉ། །སྟེང་ན་ལྷ་བཞུགས་འོག་ཏུ་ཀླུ། །གནས་སོགས་བདུན་པ་གནས་གཞིའོ། །ལྷ་དང་ཀླུ་སོགས་མིང་གི་སྔོན། །ཀྱེ་སྦྱར་བརྒྱད་པ་བོད་པའི་སྒྲ། །བརྒྱད་པོ་རེ་རེར་གཅིག་ཚིག་དང་། །གཉིས་ཚིག་མང་ཚིག་གསུམ་གསུམ་ལས། །གོང་དུ་བཤད་རྣམས་གཅིག་ཚིག་སྟེ། །ལྷ་དག་ཀླུ་དག་སོགས་སྦྱར་བ། །གཉིས་ཚིག་ཡིན་ནོ་ལྷ་རྣམས་དང་། །ཀླུ་རྣམས་སོགས་སྦྱར་མང་ཚིག་གོ །དེ་ཡང་གིས་གི་ལ་ལས་སོགས། །རྣམ་དབྱེ་དངོས་ཡིན་ཚིག་གྲོགས་གཞན། །ཕྱེ་བའི་ངག་ཡིན་རྣམ་དབྱེ་མིན། །ད་བ་ས་ཀྱི་ག་ང་གི །ན་མ་ར་ལ་བཞི་བོ་གྱི། །མཐའ་རྟེན་མེད་མཐའ་ཅི་ཐོབ་ཅིང་། །རྐང་བ་སྐོང་ཕྱིར་ཡི་སྟེ་དཔེར། ཁྱོད་ཀྱི་རྒྱབ་ཀྱི་ངོས་ཀྱི་ཆ། །བདག་གི་གདོང་གི་མདུན་གྱི་ཕྱོགས། །ལམ་གྱི་སྐོར་གྱི་གཞོལ་གྱི་གཞིའི། །དེ་ཡི་ཞེས་དང་ད་དྲག་མཐར། །ཀྱི་ཐོབ་གྱུར་གྱི་བརྒྱན་གྱི་ཟེར། །འོ་འུ་འམ་གྱི་ཚེག་ཁྱིམ་ཡང་། །རྐང་བ་སྐོང་མི་སྐོང་གིས་དབྱེ། །འི་དང་འང་སོགས་ཚེག་ཁང་མིན། །མཐའ་རྟེན་ཅན་དང་བརྩེགས་པ་དང་། །གུག་ཀྱེད་ཅན་ལ་འ་མཐའ་མེད། །ག་ད་བ་ཡི་རྗེས་སུ་ནི། །ཅིང་ཅེས་ཅེའོ་ཅེ་ན་ཅིག ། ལྔ་བོ་ལེགས་ཏེ་དཔེ་རིམ་བཞིན། །རྟག་ཅིང་རྟོག་ཅེས་དཔག་ཅེའོ། །ག་ར་འདུག་ཅེ་ན་འདིར་འདུག་ཅིག །བཤད་ཅིང་ཡོད་ཅེས་མེད་ཅེའོ། །ཅི་འཆད་ཅེ་ན་འདི་ཤོད་ཅིག །བརྒྱབ་ཅིང་ཐོབ་ཅེས་ཆུབ་ཅེའོ། །གང་རྒྱོབ་ཅེ་ན་མདའ་རྒྱོབ་ཅིག །ང་ན་མ་འ་ར་ལ་དང་། །མཐའ་རྟེན་མེད་མཐར་ཞིང་ཞེས་ཞེའོ། །ཞེ་ན་ཞིག་སྟེ་དཔེ་རིམ་བཞིན། །སོང་ཞིང་དྲང་ཞེས་འབྱུང་ཞེའོ། །གང་གཟུང་ཞེ་ན་འདི་གཟུང་ཞིག །ཡིན་ཞིང་མིན་ཞེས་འཛིན་ཞེའོ། །ཟས་ཡིན་ཞེ་ན་དོན་ཞིག་གཉེར། །ཞིམ་ཞིང་འཇམ་ཞེས་འཛུམ་ཞེའོ། །ལེན་ནམ་ཞེ་ན་ནམ་ཞིག་ལེན། །བཟའ་ཞིང་དགའ་ཞེས་གདའ་ཞེའོ། །དུ་གདའ་ཞེ་ན་འགའ་ཞིག་སྣང་། །འཕྱར་ཞིང་འཕུར་ཞེས་འགྱུར་ཞེའོ། །ཅི་འཕྱར་ཞེ་ན་དར་ཕྱོར་ཞིག །དལ་ཞིང་ཉལ་སེན་ངལ་ཞེའོ། །གང་ཚོལ་ཞེ་ན་ཟས་ཚོལ་ཞིག །ཟ་ཞིང་བདེ་ཞེས་སྤྲོ་ཞེའོ། །ཨེ་འགྲོ་ཞེ་ན་མ་འགྲོ་ཞིག །དམིགས་བསལ་ས་མཐར་ཤེས་དོར་ཏེ། །ཤིང་ཞེས་ཤེའོ་ཤེ་ན་ཤིག །འདུས་ཤིང་ངེས་ཞེས་བྱས་ཤེའོ། །བརྗོད་ཅེས་ཤེ་ན་ད་སྨྲོས་ཤིག ། འདས་ཚིག་ན་ར་ལ་གསུམ་གྱི། །རྗེས་སུ་ད་དྲག་ཐོབ་པའི་ཕྱིར། །འཛིན་ཅིང་བཀལ་ཅེས་བསྟན་ཅེའོ། །ཅི་མཁྱེན་ཅེ་ན་གྲོལ་ཅིག་དང་། །གྱུར་ཅིག་ཅེས་པ་ལྟ་བུའོ། །དྲི་བའམ་དགག་པའི་ཚིག་དག་ལ། །རང་རང་མཐའ་རུ་མ་སྦྱར་དཔེར། །འདུག་གམ་བྱུང་ངམ་ཡོད་དམ་སོགས། །རྫོགས་མཚམས་རང་འདྲར་ན་རོ་སྟེ། །ཕྱུག་གོ་བཟང་ངོ་བསྟོད་དོ་སོགས། །མཐའ་རྟེན་མེད་མཐར་འོ་དང་ནི། །ད་དྲག་ཅན་ལ་ཏོ་སྟེ་དཔེར། །དགེ་འོ་འཛིན་ཏོ་མཁྱེན་ཏོ་དང་། །གྱུར་ཏོ་ཞེས་པ་ལྟ་བུའོ། །ན་ར་ལ་ས་ད་དྲག་གི །རྗེས་སུ་ཏེ་རྐྱང་ད་མཐར་དེ། །ཡིན་ཏེ་སྦྱར་ཏེ་བཙལ་ཏེ་དང་། །རྒྱས་ཏེ་གྱུར་ཏེ་དོན་ཡོད་དེ། །ག་ད་བ་མ་འ་དང་ནི། །མཐའ་རྟེན་མེད་མཐར་ས་སྟེ་དཔེར། །རྟག་སྟེ་འབྱུང་སྟེ་འགྲུབ་སྟེ་གདའ། །འཇོམ་སྟེ་དགའ་སྟེ་བདེ་སྟེ་བཞིན། །ག་བ་ད་དྲག་ཅན་མཐར་ཏུ། །རྟག་ཏུ་རབ་ཏུ་གཏན་ཏུ་བདེ། །ང་ད་ན་མ་ར་ལ་དུ། །ནང་དུ་སྣོད་དུ་རྒྱུན་དུ་ཟོ། །ལམ་དུ་མྱུར་དུ་མཇལ་དུ་འོང་། །ས་སུ་རྟེན་མེད་འ་མཐའ་རུ། །རྗེས་སུ་འདི་རུ་དགའ་རུ་གནས། །ག་ད་བ་ས་ད་དྲག་ཀྱང་། །བདག་ཀྱང་འབད་ཀྱང་ཐོབ་ཀྱང་དོན། །བྱས་ཀྱང་འོན་ཀྱང་བསྟན་ཀྱང་ངོ་། །ང་འ་ན་མ་ར་ལ་ཡང་། །བྱུང་ཡང་འགའ་ཡང་བྱོན་ཡང་ནི། །ནམ་ཡང་སླར་ཡང་མཇལ་ཡང་བཞིན། །མཐའ་རྟེན་མེད་མཐར་འང་འཐོབ་ཅིང་། །ཚིག་རྐང་སྐོང་ཚེ་ཡང་སྟེ་དཔེར། །ཡིན་དུའང་ཟིན་ལ་འདི་ན་ཡང་། །ག་ད་ན་བ་ས་མ་ས་དང་། །ད་དྲག་ཅན་མཐར་པ་དང་ནི། །ང་འ་ར་ལ་རྟེན་མེད་མཐར། །བ་ཕྱེད་ཝར་འབོད་རྣམས་ལ་བ། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །ཟག་པ་མེད་པ་ཕན་པ་མཆོག །ཐོབ་པ་དམ་པ་མཁས་པ་རུ། །གྱུར་པ་འོང་བ་ལ་དགའ་བ། །མྱུར་བ་མཇལ་བ་སྤྲོ་བ་དང་། །ལུང་བ་མདའ་བ་འབྱོར་བ་སོགས། །གཅོད་མཚམས་ག་མཐར་ཆིག་ཤད་དང་། །ང་ཡིག་མ་གཏོགས་ཤད་གོང་དུ། །ཕྱི་ཚེག་མི་བྱེད་ཚིགས་བཅད་དང་། །ན་རོ་ཅན་མཐར་ཉིས་ཤད་བྱ། །ལེའུ་མཚམས་ལྟ་བུར་བཞི་ཤད་ཐོབ། །དག་ཡིག་ཚིག་གསལ་སྒྲོན་མེ་ལས་རྣམ་དབྱེ་ཚིག་ཕྲད་བཤད་པ་སྟེ་གསུམ་པའོ། །ད་ནི་གོང་དུ་བརྗོད་རྣམས་ལ། །འཁྲུལ་སེལ་ཅུང་ཟད་བརྗོད་བྱ་སྟེ། །དྲན་པ་ཉེར་གཞག་ཉེ་བར་བཞག །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །བསྒྲུབ་བྱ་ལེགས་པར་བསྒྲུབ་པར་བྱ། །བསྒོམ་བྱ་བསྒོམ་པར་བྱ་བ་སོགས། །དེ་དག་རྣམས་ཀྱི་སྔ་མ་མིང་། །ཕྱི་མ་བྱ་བའི་སྒྲ་རུ་འདོད། །བྱ་བྱེད་ལས་ནི་བཞི་ཡིན་ཏེ། །བྱེད་ལས་ད་ལྟ་བ་དང་ནི། །མ་འོངས་གཉིས་ཏེ་བྱ་བའི་ལས། །ད་ལྟར་དང་ནི་འདས་པ་གཉིས། །བྱ་བ་གང་གི་མ་མཐའ་རུ། །བྱེད་དང་འགྱུར་བའི་གསལ་བྱེད་སྒྲ། །དངོས་སམ་དོན་གྱིས་ཐོབ་གྱུར་ན། །བྱེད་ལས་ཡིན་ནོ་དེ་ལ་ནི། །བྱེད་ཅེས་བྱ་བའི་སྒྲ་ཡོད་ན། །བྱེད་ལས་ད་ལྟ་བ་ཡིན་ལ། །འགྱུར་ཞེས་ཐོབ་ན་མ་འོངས་ཚིག །གལ་ཏེ་མ་མཐར་བྱ་བྱས་ཞེས། །དངོས་སུ་ཡོད་པའམ་དོན་གྱིས་ཐོབ། །བྱ་བའི་ལས་ཏེ་བྱ་ཞེས་པ། །ཐོབ་ན་བྱ་བ་ད་ལྟར་དང་། །བྱས་ཟིན་ཞེས་པའི་སྒྲ་བྱུང་ན། །བྱ་བའི་ལས་ནི་འདས་པར་འདོད། །དཔེར་བརྗོད་སྒོམ་བྱེད་སྒོམ་པར་འགྱུར། །བསྒོམ་པར་བྱའོ་བསྒོམས་པར་བྱས། །སྲུང་བར་བྱེད་དོ་སྲུང་བར་འགྱུར། །བསྲུང་བར་བྱའོ་བསྲུངས་ཟིན་ཏོ། །སྒྲུབ་པར་བྱེད་དོ་སྒྲུབ་པར་འགྱུར། །བསྒྲུབ་པར་བྱའོ་བསྒྲུབས་ཟིན་སོགས། །བྱེད་འགྱུར་བྱ་བྱས་ཟིན་ཞེས་པའི། །གསལ་བྱེད་སྒྲ་ལས་ཤེས་པར་བྱ། །དེ་ཕྱིར་བསྒོམ་བྱ་བསྒོམས་ཟིན་པའི། །ཚིག་བསྡུས་བསྒོམ་བསྒོམས་སྔོན་འཇུག་འཐོབ། །སྒོམ་བྱེད་སྒོམ་འགྱུར་ཚིག་བསྡུས་པའི། །སྒོམ་སྒོམ་ས་ནི་སྔོན་འཇུག་མེད། །དེ་བཞིན་བསྒྲུབ་པར་བྱའོ་སོགས། །སྔོན་འཇུག་ཡོད་དང་མེད་པ་གཉིས། །བྱ་བའི་སྒྲ་ལ་ཨོ་ཡིག་ནི། །སྦྱར་བ་བྱེད་ལས་མ་སྦྱར་བ། །བྱ་བ་གཞི་ལ་ཡོད་པའི་ལས། །རྐང་བ་རྐྱོང་བྱེད་བརྐྱང་བར་བྱ། །དེ་བཞིན་ཀློག་དང་བཀླག་པར་བྱ། །སྐོང་བསྐང་གཏོང་བཏང་སྒྲོལ་བསྒྲལ་དང་། །རྒྱོབ་བརྒྱབ་སྟོན་པར་བྱེད་པ་དང་། །བསྟན་པར་བྱ་སོགས་ཤེས་པར་བྱ། །སྒྲུབས་ཤིག་སྒོམས་ཤིག་བྱིན་རློབས་ཤིག །ལ་སོགས་སྐུལ་ཚིག་བས་འཕུལ་མེད། །བསྒྲུབ་བྱ་བསྒོམ་བྱ་ལ་སོགས་པར། །ས་མཐའ་མི་འཐོབ་བསྒྲུབས་པར་བྱས། །བསྒོམས་ཟིན་སོགས་ལ་ས་མཐའ་འཐོབ། །གཞན་ཡང་རྔ་ཡབ་གེ་སར་དང་། །སིལ་སྙན་མངོན་སུམ་གས་འཕུལ་མེད། །གཤའ་མ་གཤགས་འབྱེད་མེད་ན་ནོར། །སར་བ་ལྟ་བུར་གང་ཡང་རུང་། །སྐྱིལ་ཀྲུང་སོགས་ལ་དས་འཕུལ་མེད། །དགུང་ལོ་ལ་སོགས་མེད་ན་ནོར། །སྙན་དངགས་ལ་སོགས་གང་ཡང་རུང་། །གད་མོ་སྒྲ་ཤད་གས་འཕུལ་སྤོང་། །བསེར་བུ་སྐྱོ་བསངས་མེད་ན་ནོར། །སྔོ་བསངས་ལྟ་བུར་གང་ཡང་རུང་། །ཐ་གྲུ་ཐ་མ་ཚར་དུ་དངར། །ཚོན་རྩི་སོགས་ལ་མས་འཕུལ་དོར། །མཐེ་བོ་མཚེ་མ་རིན་ཆེན་མཚལ། ཁྱིམ་མཚེས་སོགས་ལ་མེད་ན་ནོར། །ཐུན་མོངས་སོགས་ལ་གང་ཡང་རུང་། །ཚོང་བ་ཁམས་དང་ཚོགས་པ་ཚོམས། །ཕྲ་མ་ཁོན་འཛིན་ཁྲོ་བོ་ཁྲོས། །རིམ་གྲོ་ཡོ་བྱད་ཕོངས་པ་དང་། །ཕྱུག་པོ་སོགས་ལ་འས་འཕུལ་མེད། །མཐའ་འཁོབ་ཚུལ་འཆོས་སོགས་མེད་ནོར། །ཕྲིན་ལས་ཕྲེང་སོགས་གང་ཡང་རུང་། །ཡི་གེ་ཉུང་ངུ་ལུ་གུ་རྒྱུད། །ཤཱཀྱ་སོགས་ལ་ག་མཐའ་སྤང་། །ཕྲག་དོག་ཕྲུག་གུར་མེད་ན་ནོར། ཁ་མཆུ་ར་མདའ་ན་བཟའ་དང་། །རྒྱ་མཚོ་སོགས་ལ་མ་མཐའ་སྤང་། །བྱ་རྒོད་རྡོ་རྗེར་ར་མཐའ་མེད། །མདོར་བསྡུས་སོགས་ལ་མེད་ན་ནོར། །བདེ་གཤེགས་སོགས་ལ་གང་ཡང་རུང་། །པུས་མོའི་ལྷ་ང་སླ་ང་དང་། །སྒོ་ང་སོགས་ལ་ང་མཐའ་དོར། །ཡི་དམ་ཡི་རང་ཡི་དྭགས་དང་། །སྲི་ཞུ་སོགས་ལ་ད་མཐའ་ནོར། །སེ་མོ་དོ་ལ་ན་མཐའ་མེད། །གདུ་བུ་ལེ་རྒན་པ་མཐའ་ནོར། །རིག་སྔགས་གསུང་རབ་མཁྱེན་རབ་དང་། །གོ་འཕང་བསྐྱེད་རིམ་རྫོགས་རིམ་དང་། །ཉམ་ཆུང་ཉམ་ཐག་ཉམ་ང་བ། །ལོག་རྟོག་སོམ་ཉི་ཆོམ་རྐུན་དང་། །ནམ་མཁའ་སོགས་ལ་ས་མཐའ་ནོར། །སྐྱེས་རབས་སོགས་ལ་མེད་ན་མིན། །དྲི་བཟངས་རྒྱུད་མངས་གོ་རིམས་དང་། །འཁོར་ལོས་སྒྱུར་སོགས་གང་ཡང་རུང་། །ཀླད་ཀོད་སྟོད་ཀོར་འོད་ཀོར་དང་། །ཨ་མྲ་ལ་སོགས་ས་མགོ་མེད། །ངུར་སྨྲིག་སྨིག་རྒྱུར་མེད་ན་ནོར། །གཞན་ཡང་སྙིང་ཀ་སྙིང་ཁ་དང་། །དཀོན་མཆོག་དང་ནི་དཀོན་ཅོག་དང་། །ཇི་ལྟར་ཅི་ལྟར་བརྫུན་དང་རྫུན། །འོད་གཟེར་འོད་ཟེར་རིན་ཆེན་དང་། །རིན་ཅེན་ཁྱད་པར་ཆེར་མེད་གསུང་། །དག་ཡིག་ཚིག་གསལ་སྒྲོན་མེ་ལས་འཁྲུལ་སེལ་བཤད་པ་སྟེ་བཞི་པའོ། །སྨྲས་པ། གཞུང་ལུགས་སྨྲ་བ་རྣམས་ཀྱི་མིག་གཅིག་པོ། །མིང་ཚིག་ཀུན་གྱི་གཞིར་གྱུར་ཡི་གེ་སྟེ། །སྦྱོར་ཚུལ་ལེགས་ཤེས་དོན་ལ་མི་རྨོངས་ཤིང་། །གཞན་དུ་ཚིག་འཁྲུལ་དོན་ཀྱང་ག་ལ་ཞིག །ཐོན་མིའི་ལེགས་བཤད་ཡི་གེའི་སྦྱོར་བ་ཀུན། །ཇི་བཞིན་ཤེས་པའང་དཀོན་ན་གང་གི་ཚེ། །སོ་སོ་ཡང་དག་རིག་བཞི་མ་ཐོབ་པར། །དེ་སྲིད་སྡེབ་སྦྱོར་མཐའ་དག་སུ་ཡིས་ཤེས། །འོན་ཏེ་འདི་ལྟར་ཕྱོགས་རེའི་བརྡ་ལ་ཡང་། །སྦྱངས་གང་བླུན་རྨོངས་གཞན་ལས་ཁྱད་འཕགས་ཕྱིར། །མཁས་པའི་སྟན་ལ་འདུག་པར་འོས་སོ་ཞེས། །ཞ་ལུ་བློ་ལྡན་ཤེས་རབ་སོགས་ཀྱིས་བཤད། །དམ་པའི་མན་ངག་ཡན་ལག་བརྒྱད་ལྡན་ཆབ། །མང་ཐོས་ལྷ་ཆེན་རལ་པའི་ནགས་ཀླུང་དུ། །ཡོངས་བཟུང་བློ་གསལ་སྐལ་ལྡན་ཛ་ཧྣུའི། །ལོངས་སྤྱོད་ཆེད་དུ་འདི་ན་དལ་གྱིས་འབབ། །རབ་དཀར་ཕན་འདོད་ཡིད་ཀྱིས་ཉེར་དྲངས་ཏེ། །རབ་འབྱམས་མཁས་པའི་གཞུང་བཟང་དུ་མ་ལ། །རབ་ཏུ་དཔྱད་ནས་བཀོད་པ་ཡིན་མོད་ཀྱི། །རབ་རིབ་ནོངས་པར་གང་གྱུར་བདག་གིས་འཆགས། །འདིར་འབད་ལས་འོངས་དགེ་ལེགས་ཆར་གྱི་རྒྱུན། །ཇི་སྙེད་མཆིས་དེ་དགེ་བའི་ཀླུང་གཞན་དང་། །ལྷན་ཅིག་ཕན་བདེའི་མཇུག་ངོགས་ལ་ཞུགས་ཏེ། །ཀུན་མཁྱེན་རྒྱ་མཚོར་རོ་གཅིག་འགྱུར་ཕྱིར་བསྔོ། །དག་ཡིག་ཚིག་གསལ་སྒྲོན་མེ་ཞེས་བྱ་བ་འདི་ནི་རྣམ་དཔྱོད་ཅན་གྲགས་པ་དཔལ་འབྱོར་གྱིས་བསྐུལ་བས་རྐྱེན་བྱས། །གཞན་ལའང་ཕན་སྲིད་སྙམ་པའི་འདུན་པས། དག་ཡིག་ཉེར་མཁོ། ཟ་མ་ཏོག །འོད་ཟེར་བརྒྱ་བ། །དོན་གསལ་སྒྲོན་མེ། རིན་ཅེན་སྒྲོན་མེ་སོགས་དང་། སུམ་རྟགས་རྩ་འགྲེལ་ལའང་ལེགས་པར་འདྲིས་པ་སྔོན་དུ་བཏང་། བཞེད་པ་ཅུང་མི་འདྲ་བ་རེ་སྣང་ཡང་། །ངག་སྒྲོན་གྱི་དགོངས་པ་གཙོ་བོར་བྱས་ཏེ་འཇུག་པ་ཆུང་བ་ཕལ་ཆེར་དོར། གཞན་དག་ལས་ཀྱང་ལེགས་ཆ་བླངས་ཏེ་བརྒྱན་ནས་འཇུག་པ་བདེ་བར་མཐོན་པོའི་རིགས་སུ་འཁྲུངས་ཤིང་མདོ་སྔགས་དང་ཐ་སྙད་ཀྱི་རིག་གནས་དུ་མ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པ་ཀོའུ་ཤྲི་ནང་སོ་ཡེས་ཀྱི་བཀས་ཅོ་ནེའི་མཁན་ས་དང་མཚན་ཉིད་ཀྱི་བཤད་གྲྭ་ཟུང་འབྲེལ་གྱིས་སྐྱོང་བ་ཤཱཀྱའི་དགེ་སློང་རབ་འབྱམས་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས་དགེ་བྱེད་ཀྱི་ལོར་སྦྱར་བའོ།། །།

དག་ཡིག་བློ་གསར་གཞོན་ནུ་དགའ་བྱེད།

དག་ཡིག་བློ་གསར་གཞོན་ནུ་དགའ་བྱེད་ཅེས་བྱ་བ་བཞུགས།

ན་མོ་མཉྫུ་ཤྲཱི་ཡེ། དངོས་གྲུབ་འབྱུང་གནས་རྗེ་བཙུན་འཕགས་མ་སྒྲོལ། །འཆི་མེད་ཚེ་ཡི་དཔལ་སྟེར་རྣམ་པར་རྒྱལ། །ཚིག་གི་མཆོག་སྦྱིན་དབྱངས་ཅན་ལྷ་མོའི་ཞབས། །དུས་གནས་བྱང་ཆུབ་བར་དུ་གཙུག་གིས་བསྟེན། །ཡིག་སྡེ་བརྒྱས་པར་གཞན་དུ་བཤད་ཟིན་ཀྱང་། །འདིར་ཡང་དོན་གཉེར་ཅན་གྱིས་བསྐུལ་བའི་ངོར། །གསར་བུ་དག་ལ་གོ་སླའི་ཚུལ་གྱིས་དང་། །ཅུང་ཟད་རྟོགས་དཀའ་ཐོར་བུ་བསྡུས་ཏེ་བཤད། །པ་བཀར་ལོགས་བཀར་ད་དཀར་ཁ་དོག་དཀར། །ར་རྐ་ཆུའི་རྐ་ད་དཀའ་མི་ནུས་དཀའ། །བ་བཀའ་བཀའ་ལུང་རོ་བསྐ་བ་སའི་བསྐ། །བ་བཀལ་ཁལ་བཀལ་ཁྲལ་བཀལ་སྐུད་པ་བཀལ། །ས་སྐལ་ཐོ་བསྐལ་བསྐལ་བ་བ་སའི་བསྐལ། །ར་རྐན་རྐན་ཕུག་པ་བཀན་གྱེན་དུ་བཀན། བ་སའི་བསྐོས་ནི་དཔོན་དུ་བསྐོས་པ་སྟེ། །བ་རའི་བརྐོས་ནི་ས་སོགས་བརྐོས་པའི་མིང་། །ས་སྐུར་སྐུར་འདེབས་ནོར་བསྐུར་བ་སའི་བསྐུར། །བ་སའི་བསྐུས་ནི་ཚོན་སོགས་བསྐུས་པའི་མིང་། །བ་འོག་ར་བརྐུ་མ་བྱིན་ལེན་པའོ། །ད་དཀྲོལ་རོལ་མོ་བརྡུང་བའི་མིང་ཡིན་ཏེ། །བ་བཀྲོལ་བཅིངས་པ་བཀྲོལ་བའི་མིང་དུ་འདོད། །ས་སྐུག་གབ་པ་ལ་ལྐུག་སྨྲ་མི་ཤེས། །ད་དཀུ་སྟ་ཟུར་ས་སྐུ་བླ་མའི་སྐུ། །ར་རྐུ་རྐུན་པོ་བརྐུས་ཟིན་བ་རའི་བརྐུས། །བ་བཀུམ་བསད་པ་ལག་བསྐུམ་བ་སའི་བསྐུམ། །བ་བཀང་སྣོད་བཀང་ཐུགས་བསྐང་བ་སའི་བསྐང་། །བ་རའི་བརྐྱངས་ནི་རྐང་བ་སོགས་བརྐྱང་བ། །བ་སའི་བསྐྱངས་ནི་དྲིན་གྱིས་བསྐྱངས་པའོ། །བ་བཀོན་གནོད་ལན་དཀོན་རྙེད་དཀའི་དཀོན། །བ་སའི་བསྐོན་ནི་གོས་སོགས་བསྐོན་པའི་མིང་། །བ་བཀྲ་མདོག་སོགས་བཀྲ་དང་བཀྲ་ཤིས་ཏེ། །ས་བཏགས་སྐྲ་ནི་མགོ་ཡི་སྐྲ་ཡིན་ནོ། །བ་བཀྲག་འོད་ཆེ་ས་སྐྲག་འཇིགས་པའི་མིང་། །ད་དཀྱིལ་དབུས་ཡིན་ས་སྐྱིལ་ཆུ་སྐྱིལ་སོགས། །བ་བཀྲེན་ནོར་མེད་ས་སྐྲན་ནད་ཀྱི་མིང་། །བ་བཀའི་བཀྱོན་ནི་བཀའ་བཀྱོན་གནང་བ་སྟེ། །བ་སའི་བསྐྱོན་ནི་རྟ་ལ་བསྐྱོན་པའོ། །མ་མཁུར་མཁུར་ཚོས་འ་འཁུར་འཁུར་བོ་འཁུར། །ད་དགའ་སེམས་དགའ་ར་རྒ་ན་ཚོད་རྒ། །ས་སྒ་རྟ་སྒ་སྨན་ལྒ་ལ་བཏགས་ལྒ། །ད་དགོ་རི་དྭགས་ས་སྒོ་ཁང་བའི་སྒོ། །བ་བགོ་གོས་གོན་བཀའ་བསྒོ་བ་སའི་བསྒོ། །འ་འགོ་ནད་འགོ་ཐོག་མའི་འགོ་བ་སྟེ། །མ་མགོ་ལུས་ཀྱི་མགོ་སོགས་རྩེ་མོའི་དོན། །བ་བགྲོ་བགྲོ་གླེང་ས་སྒྲོ་བྱ་སོགས་སྒྲོ། །བ་བགོས་བགོས་སྐལ་ས་སྒོས་སྒོས་སུ་བཀར། །བ་འོག་ས་བསྒོས་བག་ཆགས་བསྒོས་པའོ། །ས་སྒར་དམག་སྒར་ད་དགར་ཟུར་དུ་དགར། །ད་དགང་གནོད་དགང་བ་འོག་ས་བཏགས་བསྒང་། །བྱ་བའི་གཞུང་སྟེ་ས་སྒང་མཐོ་བའི་མིང་། །བ་བགམ་ཚོ ད་ལེན་ས་སྒམ་ཤིང་སྒམ་ཟབ། །ར་རྒྱུ་རྒྱུ་རྐྱེན་ནང་ཁྲོལ་རྒྱུ་མ་སྟེ། །ས་སྒྱུ་སྒྱུ་མ་མཁན་དང་གཡོ་སྒྱུའི་སྒྱུ། །ར་རྒྱབ་ལུས་རྒྱབ་རྒྱོབ་ཅིག་ཅེས་པ་སྟེ། །བ་རའི་བརྒྱབ་ནི་དབྱུག་པས་བརྒྱབ་ཟིན་མིང་། །ས་སྒྱུག་སྒྱུག་མོ་ར་རྒྱུགས་མགྱོགས་པར་འགྲོ། །བ་བགག་ལམ་བཀག་མནའ་བསྒག་བ་སའི་བསྒག །ད་དགྲོལ་མདུད་ལྷོད་ས་སྒྲོལ་འཇིགས་ལས་སྒྲོལ། །བ་བགྲེས་རྒས་པོ་རིགས་བསྒྲེ་བ་སའི་བསྒྲེས། །ར་རྒོད་ཕྱི་དྲོའམ་ཡང་ན་ད་ཡི་དགོངས། །ཕྱི་དྲོའམ་ཤེས་པའི་ཞེ་སར་འདོད་པ་ཡིན། །མ་མགུལ་མགྲིན་པ་འ་འགུལ་གཡོ་ཞིང་འགུལ། །མ་མངའ་ཡོད་པ་ས་སྔ་དུས་ཀྱི་སྔ། །ལ་ལྔ་གྲངས་དང་ར་རྔ་བརྡུང་བྱའི་རྔ། །ས་སྔོ་ཁ་དོག་ར་རྔོ་ནད་ཡིན་ཏེ། །ད་དངོ་གྲི་སོ་བསྔོ་བྱ་བ་སའི་བསྔོ། །མ་མངར་རོ་མངར་ད་དངར་ཚར་དུ་དངར། །ད་དངུལ་རིན་ཆེན་ར་རྔུལ་ལུས་ཀྱི་ཆུ། །ས་སྔགས་གསང་སྔགས་མ་མངགས་ཕོ་ཉ་བཏང་། །བ་བཅལ་རིན་བཅལ་གཅལ་བཀྲམ་ག་ཡི་གཅལ། །ག་གཅི་རྟུག་པ་ལ་ལྕི་ལྗིད་ལྕི་བ། །མ་མཆུ་ཁ་མཆུ་འ་འཆུ་ཆུ་སོགས་འཆུ། །མ་མཆོར་མཛེས་པ་འ་འཆོར་བྱ་བ་འཆོར། །ག་གཉེན་ཉེ་དུ་མ་མཉེན་རེག་བྱ་འཇམ། །བ་སའི་བསྙེན་ནི་ཉེ་བའི་དོན་དུ་འདོད། །ག་གཉན་ས་བདག་མ་མཉན་ཉན་བྱའི་སྒྲ། །ས་སྙན་སྙན་པ་གཟུགས་བརྙན་བ་རའི་བརྙན། །ས་སྙམ་ཡིད་བསམ་མ་མཉམ་མཚུངས་པའི་མཉམ། །ས་སྙེད་མང་པོ་ར་རྙེད་གསར་དུ་རྙེད། །མ་མཉེད་ཀོ་བ་ལ་སོགས་མཉེད་པའི་མིང་། །ས་སྙེས་སྔས་ལ་སྙེས་པའོ་བ་རའི་བརྙེས། །གོ་འཕང་ཐོབ་པ་སོགས་ཀྱི་མིང་ཡིན་ནོ། །ག་གཉུག་དབེན་པ་ས་སྙུག་ཤིང་གི་སྙུག །ར་རྙིང་རྙིང་བ་ས་སྙིང་ནང་ཁྲོལ་སྙིང། །ར་རྙི་འཛིན་བྱེད་ས་སྙི་སྲ་མིན་སྙི། །ས་སྙད་སྙད་འདོགས་བཤད་པ་བ་སའི་བསྙད། །ག་གཏར་ཁྲག་གཏར་བྱི་དོར་བ་སའི་བསྟར། །ག་གཏན་རྒྱུན་དུ་ས་སྟན་གདན་གྱི་མིང་། བ་འོག་ས་བསྟན་ཆོས་བསྟན་རྒྱལ་བའི་བསྟན། །བླ་མ་བསྟེན་དང་བ་འོག་ར་བརྟན་ནི། །མི་འགྱུར་བརྟན་པ་ཉིད་དུ་འདོད་པ་ཡིན། །ར་རྟེན་མཆོད་རྟེན་ལ་སོགས་རྟེན་གྱི་མིང་། །བ་འོག་ར་བརྟེན་དེ་ལ་བརྟེན་པའོ། །ག་གཏོགས་དེར་གཏོགས་བ་བཏོགས་སྤུ་བཏོགས་པ། །ར་རྟོགས་དོན་རྟོགས་ལ་ལྟོགས་བཀྲེས་པའི་མིང་། །ཡང་ན་ར་རྟོག་རྣམ་རྟོག་རྟོག་པའོ། །ག་གཏམ་ཚིག་ཡིན་ཡང་ན་གང་བའི་གཏམས། །བ་ལའི་བལྟམས་ནི་སྐུ་འཁྲུངས་བལྟམས་པར་འདོད། །ར་རྟག་མི་འཇིག་ས་སྟག་གཅན་གཟན་ཏེ། །བ་བཏགས་ཐག་བཏགས་བརྟག་དཔྱད་བ་རའི་བརྟག །ལ་ལྟག་གཉའ་ལྟག་ར་རྟོད་ཕུར་བུ་རྟོད། །ས་སྟོད་ལུས་སྟོད་བསྟོད་བསྔགས་བ་སའི་བསྟོད། །བ་བཏོད་སྲོལ་བཏོད་ག་གཏོད་དམིགས་པ་གཏོད། །ག་གཏུན་གཏུན་བུ་ཐུགས་བསྟན་བ་སའི་བསྟུན། །ག་གཏེར་མཛོད་ཡིན་ས་སྟེར་གཞན་ལ་སྟེར། །བ་བཅུད་ཞབས་བཏུད་ག་གཏུབས་དུམ་བུར་གཏུབས། ས་སྟེའུ་མཚོན་ཆར་རྟེའུ་རྟ་ཡི་བུ། །ར་རྟ་དུད་འགྲོ་ལྟ་བྱེད་ལ་ལྟའོ། །མིག་གིས་བལྟས་པ་གཞན་ལ་རག་ལས་བལྟོས། །བ་འཕུལ་ཡིན་ཏེ་ལྟོས་ཤིག་བས་འཕུལ་མེད། །ག་གཏོས་ཁྱོན་ཡིན་རྒྱས་པ་བ་རའི་བརྟས། །ལ་ལྟས་སྔ་རྟགས་སྟེས་དབང་ས་སྟེས་ཡིན། །གཏོལ་མེད་ག་གཏོལ་རྣག་བརྟོལ་བ་རའི་བརྟོལ། །ར་རྟིང་རྟིང་བ་ག་གཏིང་ཆུ་ཡི་གཏིང་། །བ་བཏགས་ཕྱེ་བཏགས་མིང་བཏགས་སྒྲོ་བཏགས་སོ། །ར་རྟགས་མཚོན་བྱེད་སྒྲུབ་བྱེད་རྟགས་ཀྱང་ཡིན། །ག་གཏོང་སྦྱིན་གཏོང་ས་སྟོང་གྲངས་ཀྱི་མིག །ལ་ལྟོང་མདའི་ལྟོང་བ་བཏུལ་དགྲ་སོགས་བཏུལ། །ག་གཏུལ་སྤོས་གཏུལ་དུད་པ་གཏུལ་བའོ། །ར་རྟབ་ཙབ་ཙབ་བྱིན་པ་བ་སའི་བལྟབས། །ས་སྟོབས་མཐུ་ཡིན་བ་བཏབ་ས་བོན་བཏབ། །བ་ལའི་བལྟབ་ནི་གོས་སོགས་བལྟབ་པའོ། །རྟོག་རྐྱང་རྩེ་མོ་ག་གཏོག་སེ་གོལ་གཏོག །མ་མཐུ་ནུས་པ་འ་འཐུ་མེ་ཏོག་འཐུ། །འ་འཐུར་འཐུར་དུ་མ་མཐུར་མཐུར་མདའི་མིང་། །ག་གདའ་ཡོད་པ་བ་བདའ་ཁ་ཟས་ཞིམ། །བ་འོག་ར་བརྡ་ལག་བའི་བརྡ་སོགས་བྱེད། །བ་བདུག་སྤོས་ཡིན་ས་སྡུག་ཡིད་དུ་འོང་། །ག་གདུག་གནོད་བྱེད་འབུབས་པའི་གདུགས་ཀྱང་ཡིན། །ར་རྡུག་ཐབས་རྡུག་སྡུག་བསྔལ་ས་སྡུག་ཡིན། །ག་གདབ་གསོལ་གདབ་ས་བོན་གདབ་པ་སྟེ། །བ་རའི་བརྡབ་ནི་ས་ལ་བརྡབས་པའོ། །ར་རྡེག་བ་འོག་བརྡེག་ནི་རིམ་བཞིན་དུ། །རྡེག་པར་བྱེད་དང་བརྡེག་པར་བྱས་པའོ། །བ་བཏེག་གྱོན་བཏེག་ས་སྟེགས་སྟེགས་བུའི་སྟེགས། །ག་གདུང་གདུང་མ་ར་རྡུང་རྔ་སོགས་རྡུང་། །བ་བདུང་གཞུ་བདུང་ས་སྡོད་མི་འགུལ་སྡོད། །བ་བདེ་བདེ་ལེགས་ས་སྡེ་སྡེ་བའོ། །ར་རྡོ་རྡོ་ཉིད་ས་སྡོ་དོ་སྔོ་བ། །བ་བདོ་རྒྱས་པའམ་དར་བའི་མིང་དུ་འདོད། །ར་རྡུལ་རྡུལ་ཕྲན་ག་གདུལ་གདུལ་བྱའི་མིང་། །འ་འདུད་གུས་པ་མ་མདུད་མདུད་པའོ། །འ་འདུན་བསམ་པ་མ་མདུན་ལུས་ཀྱི་མདུན། །འ་འདོན་ཆོས་འདོན་ཕྱི་རུ་འདོན་པ་སྟེ། །ག་གདོན་གནོད་བྱེད་ལ་ལྡོན་ལན་སྨྲ་བ། །འ་འདབ་ཉེ་འདབས་ལོ་འདབ་པད་འདབ་སོགས། །ལ་ལྡབ་བསྐྱར་ལྡབ་ར་རྡོབ་ཕེ ག་རྡོབ་ཡིན། །མ་མདོངས་བྱ་སྒྲོ་ལ་ལྡོངས་ལོང་བ་སྟེ། །འ་འདོང་འགྲོ་བ་འ་འདུར་འདུར་རྒྱུག་བྱེད། །ལ་ཡི་ལྡུར་ནི་ལྡུར་ལྡུར་བྱེད་པའོ། །ག་གདན་སྟན་ཡིན་ལ་ལྡན་ཡོད་པའི་མིང་། །ས་སྣོད་སྣོད་སྤྱད་ག་གནོད་མི་ཕན་གནོད། །ག་གནག་མདོག་གནག་ར་རྣག་ཁྲག་རུལ་མིང་། བ་རའི་བརྣག་ནི་སེམས་ལ་བསམས་པའི་དོན། །ག་གནང་བྱིན་པ་ས་སྣང་བློ་ལ་སྣང་། །མ་མནན་འོག་མནན་མང་བཏང་བ་སའི་བསྣན། །བ་རའི་བརྣན་ནི་ངེས་བཟུང་ནན་ཏན་མིང་། །ས་སྣ་དྲི་འཛིན་ར་རྣ་སྒྲ་འཛིན་ཏེ། །ག་གནའ་ཐོག་མ་མནའ་བྱས་མ་ཡི་མནའ། །མ་མནོ་ཡིད་སེམས་ར་རྣོ་རྩེ་མོ་རྣོ། །ག་གནད་གནད་དོན་ལུས་བསྣད་བ་སའི་བསྣད། །མ་མནབས་གོས་གྱོན་ཁ་ཅིག་བ་བནབས་ཟེར། །ས་སྣབས་སྣ་ཡི་སྣབས་དང་ངར་སྣབས་སོ། །ར་རྣམས་མང་བོ་ག་གནམ་ནམ་མཁའི་མིང་། །བ་འོག་ས་བསྣམས་ཕྱག་ཏུ་བསྣམས་པའོ། །ག་གནངས་སང་ཡིན་གནང་སྦྱིན་ཉིད་ཀྱང་སྟེ། །བ་རའི་བརྣངས་ནི་ཟས་ཀྱིས་བརྣངས་པའོ། །མ་མནར་སྡུག་བསྔལ་ཐག་བསྣར་བ་སའི་བསྣར། །ད་དཔའ་དཔའ་བོ་ས་སྤ་མཛེས་པའི་མིང་། །པང་རྐྱང་པང་པ་སྤངས་རི་སྤངས་ཡི་སྤང་། །ད་དཔང་དཔང་བོ་པར་རྐྱང་སྐུ་གཟུགས་པར། །ས་བཏགས་སྤར་ནི་གནས་སྤར་གོང་དུ་སྤར། །ད་དཔངས་གྱེན་དཔངས་ས་སྤངས་དོར་བའི་མིང་། །ར་རྦ་ཆུ་འཁྲུགས་ས་སྦ་མི་མངོན་སྦ། །ལ་ལྦ་མགུལ་ལྦ་འབུ བས་སྤྲ་ས་བཏགས་སྤྲ། །འ་འབྱེད་སྒོ་འབྱེད་ག་འགྱེད་ཁྲ་སོགས་འགྱེད། །ད་དམིག་བུ་ག་ར་རྨིག་དུད་འགྲོའི་ལྷམ། །དད་མོད་དམོད་པ་ས་སྨོད་སྐྱོན་ནས་སྨོད། །ར་རྨ་ལུས་རྨ་ད་དམའ་ས་ཕྱོགས་དམའ། །ད་དམིགས་ཡོད་པ་ར་རྨི་རྨི་ལམ་རྨི། །ད་དམར་ཁ་དོག་ས་སྨར་མང་བའི་དོན། །ས་སྨག་མུན་པ་ད་དམག་གཡུལ་གྱི་མིང་། །ར་རྨོས་ཞིང་རྨོ་ས་སྨོན་སྨོན་ལམ་འདེབས། །ས་སྨན་འཚོ་བྱེད་ད་དམན་ངན་པའོ། །ས་སྨེ་མི་གཙང་ད་དམེ་དམེ་པོ་སྟེ། །ར་རྨེད་སྒ་རྨེད་ས་སྨེད་དྲི་བ་དྲིས། །ར་རྩེ་རྩེ་མོ་ག་གཙེ་གནོད་པ་བྱེད། །བ་རའི་བརྩེ་ནི་སྙིང་རྗེས་བརྩེ་བའོ། །ག་གཙིགས་མཆེ་གཙིགས་བ་འོག་ར་བརྩིགས་ནི། །རྩིག་པ་ལ་སོགས་བརྩིགས་པའི་མིང་དུ་འདོད། །ག་གཙག་གཙག་པུ་བ་བཙགས་ཚགས་ཀྱིས་བཙགས། །བ་བཙོན་བཙོན་ཁང་བརྩོན་འགྲུས་བ་རའི་བརྩོན། །ར་རྩལ་སྟོབས་རྩལ་བ་བཙལ་ནོར་སོགས་བཙལ། །ར་རྩྭ་རྩ་སྔོན་བ་བཙའ་ལྕགས་ཀྱི་བཙའ། །ར་རྩང་ས་བདག་ག་གཙང་དྲི་མ་བྲལ། །ཙོང་ཙོང་དབྱིབས་ཏེ་བ་བཙོང་སྒོག་པའི་ཕྱོགས། །ར་རྩུབ་རེག་བྱ་ག་གཙུབ་གཙུབ་ཤིང་མིང་། །བ་བཙམས་གནོད་བྱས་བརྩམ་བྱ་བ་རའི་བརྩམ། །ར་རྩི་རྩི་ཐོག་བ་བརྩི་བརྩི་བར་བྱ། །བ་བཙོད་ཆོས་ཡིན་ར་རྩོད་རྒོལ་བར་བྱེད། །ག་གཙོ་གཙོ་བོ་བ་བཙོ་གསེར་བཙོ་མ། །མ་མཚོ་རྒྱ་མཚོ་འ་འཚོ་སྲོག་འཚོ་བ། །མ་མཚར་མཛེས་པ་འ་འཚར་བྱ་བ་འཚར། །མ་མཚལ་ཚོན་ཡིན་འ་འཚལ་ཤེས་པའོ། །འ་འཚེར་འོད་འཚེར་མ་མཚེར་ལས་ལ་མཚེར། །འ་འཛའ་ཆུད་འཛའ་མ་མཛའ་འཛའ་མཐུན་མིང་། །འ་འཛད་ནོར་འཛད་མ་མཛད་མཛད་པ་མཛད། །འ་འཛད་ཟད་པ་མ་མཛངས་ཡ་རབས་མཛངས། །ག་གཞེས་བཞུགས་པ་བ་བཞེས་ཇ་སོགས་བཞེས། །ག་གཞོན་ན་ཚོད་བ་བཞོན་བཞོན་པའི་རྟ། །ག་གཞོག་སྦོ་གཞོག་བ་བཞོག་ཤིང་ལས་བཞོག །ག་གཞའ་གཞའ་ཚོན་བ་བཞའ་རློན་གྱི་བཞའ། །ག་གཞི་གཞི་མ་བ་བཞི་གྲངས་ཀྱི་མིང་། །ག་གཞུ་གཞུ་ཡིན་བ་བཞུ་མར་བཞུ་བ། །ག་གཞག་མཉམ་གཞག་བ་བཞག་ས་ལ་བཞག །ག་གཞིབས་བསྒྲིགས་པ་བ་བཞིབས་འཇིབས་པའི་མིང་། །ག་གཟའ་གཟའ་སྐར་བ་བཟའ་ཟས་བཟའ་བ། །བ་བཟས་ཟོས་ཟིན་ག་གཟས་མདའ་སོགས་གཟས། །ག་གཟུང་གཟུང་བྱ་བ་བཟུང་བཟུང་ཟིན་མིང་། །ག་གཟི་ནོར་བུ་བ་བཟི་ཆང་གིས་བཟི། །ག་གཟོ་དྲིན་གཟོ་བ་བཟོ་གོས་སོགས་བཟོ། །ག་གཟོད་དང་པོ་བ་བཟོད་བཟོད་པའི་མིང་། །ར་རྐྱང་དུད་འགྲོ་རྭ་ནི་མགོ་ཡི་རྭ། །ག་གཤོག་འདབ་གཤོག་འདོར་ཤོག་ཤ་རྐྱང་ཤོག །ག་གཤགས་ཤིང་གཤགས་བ་བཤགས་སྡིག་པ་བཤགས། །ག་གཤོལ་ཐོང་གཤོལ་བ་བཤོལ་བྱ་བ་བཤོལ། །བ་བཤར་བྲེ་དང་འཕྲང་ལ་བཤར་བའི་མིང་། །ཤིག་རྐྱང་ལུས་ཤིག་བཤིག་པ་བ་བཤིག་གོ །བ་བཤོས་ཟས་མིང་ག་གཤོས་ཆུ་གཤོས་པ། །ག་གཤིས་གཤིས་ལུགས་གནས་ཚུལ་སྡོད་ལུགས་ཡིན། །ཤུལ་ནི་རྗེས་ཤུལ་བ་བཤུལ་ལམ་གྱི་མིང་། །སད་ནི་གཉིད་སད་བ་བསད་སྲོག་དང་བྲལ། །སོག་ནི་སོག་པ་ག་གསོག་རྫུན་གྱི་གསོག །སང་ནི་ཐོ་རེངས་སངས་པ་སྒྲིབ་སོགས་སངས། །ག་གསང་སྦས་པ་བ་བསངས་ལྷ་ཡི་བསངས། །སེར་རྐྱང་ཁ་དོག་ག་གསེར་རིན་པོ་ཆེ། །ག་གསིལ་དུམ་བུར་བ་བསིལ་གྲང་ནས་བསིལ། །སོང་ནི་ཕར་སོང་ག་གསོང་སྦེད་པའི་མིང་། །ག་གསལ་འོད་གསལ་བ་བསལ་སྐྱོན་སོགས་བསལ། །ག་གསུང་དམ་ཆོས་བ་བསུང་དྲི་ཡི་མིང་། །བ་བླ་གོང་དང་ཚེ་བླ་རུང་ཆོག་སོགས། །ས་སླ་ལས་སླ་གར་བ་མིན་པའི་སླ། །ག་གླ་རི་དྭགས་རྔན་པའི་གླ་རྣམས་ཡིན། །བ་འོག་ར་བརླ་བརླ་ཤ་ཡ་མ་བརླ། །ཀ་ཀླུ་ཀླུ་ཡིན་ག་གླུ་སྐད་ཀྱི་གླུ། །བ་བླུ་རིན་བྱིན་ས་སླུ་གཞན་གྱིས་སླུ། །བ་སའི་བསླུས་ནི་བསླུས་ཟིན་ཞེས་པའི་ཚིག །ཀ་ཀླུང་མཚོ་སོགས་ར་རླུང་གཡོ་བའི་རླུང་། །ར་རླངས་དྲོད་རླངས་བ་བླངས་ཁས་བླངས་སོགས། །བ་འོག་བསླངས་པ་གྱེན་བསླངས་སློང་མོ་བསླངས། །ཀ་ཀློང་དབུས་ཡིན་བ་བློང་ཡིད་བློང་བློང་། །ས་སློང་ནོར་སློང་སྐྱོན་བརློང་བ་རའི་བརློང་། །ག་གླང་དུད་འགྲོ་ཚིག་རྩུབ་བ་རའི་བརླང་། །ཀ་ཀློག་ཆོས་འདོན་ག་གློག་ནམ་མཁའི་གློག །ཟ་ཟློག་ཕྱིར་ཟློག་ས་སློག་ཕྱི་ནང་སློག ། པགས་པའི་གོས་ཏེ་ར་རློག་མེད་པར་བྱེད། །ཀ་ཀླད་ཀླད་པ་བ་བླད་སོ་ཡིས་བླད། །ས་སླད་རྗེས་མ་སྐྱོན་བསླད་བ་སའི་བསླད། །བ་བློ་ཤེས་པ་གླ་གློ་གློ་བ་དང་། །སྒ་ཡི་གློ་དང་ལུས་ཀྱི་གཡས་གཡོན་སོགས། །བ་བླུད་ཇ་བླུད་ག་གླུད་འདྲེ་ལ་གཏོང་། །ག་གླན་ལྷན་པ་གླན་དང་ར་རླན་རློན། །བ་འོག་ས་བསླན་ཕྱོགས་སུ་གཏོགས་པའི་བསླན། །བ་འོག་ར་བརླན་རླན་གྱིས་བརླན་པར་བྱས། །ས་སླེབ་གནས་ཕྱིན་ག་གླེབས་ལེབ་མོ་གླེབས། །ར་རླབས་ཆུ་རླབས་བྱིན་རླབས་བྱིན་རློབས་ཤིག །བ་རའི་བརླབས་ནི་བྱིན་གྱིས་བརླབས་པར་བྱས། །བ་སའི་བསླབ་ནི་བསླབ་བྱ་བསླབས་ཟིན་སོགས། །ག་གླིང་གླིང་བཞི་བརྟན་བརླིང་བ་རའི་བརླིང་། །ག་གླག་བྱ་གླག་བ་བླགས་རྣ་བ་གཏོད། །བ་འོག་ཀ་བཀླག་དམ་ཆོས་བཀླག་པའི་མིང་། །བ་འོག་ར་བརླག་ཐལ་བར་བརླག་པའོ། །ར་རླུབས་ཁུང་བུ་ཀ་ཀླུབས་གོས་བཟང་གྱོན། །ཟ་ལ་ལ་བཏགས་ཟླ་གྲོགས་ནམ་མཁའི་ཟླ། །མ་མདའ་སྒྲོ་ལྡན་འ་འདའ་མྱ་ངན་འདའ། །ཟ་ཟློས་བསྐྱར་བ་མ་མདོས་བོན་གྱི་མདོས། །བ་བཀྲི་ཁྲིད་པ་ཞོ་སྤྲི་ས་བའི་སྤྲི། །སྐྲོད་ནི་ཕྱིར་འདེད་སྤྲོད་ནི་འཐབ་མོ་སྤྲོད། །བ་སའི་བསྐྲད་ནི་གནས་ནས་ཕྱུང་བའོ། །ད་ཀའི་དཀྲུགས་ནི་ཆུ་སོགས་དཀྲུགས་པ་སྟེ། །ས་བའི་སྦྲུག་ནི་གོས་སོགས་སྤྲུག་པའོ། །བ་ཀའི་བཀྲལ་ནི་སོ་སོར་བཀྲལ་བ་སྟེ། །དས་འཕུལ་དཔྲལ་ནི་ཐོད་ཀྱི་དཔྲལ་བའོ། ཁ་ཁྲག་ཁོང་ཁྲག་ཁྲག་ཁྲིག་ལ་སོགས་ཏེ། །ཕ་ཕྲག་བཅུ་ཕྲག་བརྒྱ་ཕྲག་སྟོང་ཕྲག་སོགས། ཁ་འཁྲུལ་ཕྱིན་ལོག་ཕ་འཕྲུལ་རྣམ་པར་འཕྲུལ། ཁ་ཁྲ་བྱ་ཡིན་ཕ་ཕྲ་རྟོགས་པར་དཀའ། ཁ་ཁྲུ་ལག་ཁྲུ་ཕ་ཕྲུ་རྫ་ཡི་ཕྲུ། ཁ་ཁྲལ་དཔོན་ཁྲལ་ཕ་ཕྲལ་སོ་སོར་ཕྲལ། །ག་གྲོ་འབྲུ་ཡིན་ད་དྲོ་དྲོད་ཀྱི་མིང་། །བ་བྲོ་མནའ་དང་གར་གྱི་བྱེ་བྲག་མིང་། །ག་གྲང་བསིལ་བ་ད་དྲང་དྲང་བོའི་དྲང་། །བ་བྲང་ལུས་མདུན་ད་དྲངས་ཟས་དྲངས་ཟིན། །ག་གྲངས་ད་དྲངས་ས་མཐའ་ཅན་དག་ནི། །གཅིག་སོགས་གྲངས་དང་གྱེན་ནམ་ཡར་དྲངས་ཟིན། །ད་དྲག་དྲག་པོ་བ་བྲག་རི་ཡི་བྲག །ག་གྲགས་སྒྲ་གྲགས་ད་དྲགས་བྱ་བ་ཐལ། །བ་བྲེགས་བཅད་པ་ད་དྲེགས་ཁེངས་པའི་མིང་། །ད་དྲིལ་གཅིག་དྲིལ་ག་གྲིལ་གོས་ཀྱིས་གྲིལ། །ད་དྲོས་མེས་དྲོས་བ་བྲོས་གཞན་དུ་བྲོས། །ག་གྲོངས་ཤི་བ་ད་དྲོངས་གྱེན་དུ་དྲོངས། །ག་གྲོད་གྲོད་པ་ད་དྲོད་འོད་ཀྱི་དྲོད། །བ་བྲོད་བྱ་བའི་ལས་ལ་བྲོ་བའོ། །ག་གྲུབ་དོན་གྲུབ་ད་དྲུབ་གོས་དྲུབ་པ། །ག་གྲི་མཚོན་ཆ་ད་དྲི་སྣ་ཡི་ཡུལ། །བ་བྲི་ཁ་བྲི་ཡི་གེ་བྲི་བའི་མིང་། །དོང་ཁྲུས་བ་བྲུས་བཞོན་དྲུས་ད་ཡི་དྲུས། །ག་གྲོགས་གྲོགས་མཆེད་དམ་གྲོག་ས་མཐའ་མེད། །ག་འགྲུབ་དོན་འགྲུབ་ད་འདྲུབ་ཆོས་གོས་འདྲུབ། །བ་བྲུབ་ཆུ་འཁྲུགས་དོང་དུ་སྦས་པའང་ཡིན། །ག་འགྲེ་རིགས་འགྲེ་ད་འདྲེ་གནོད་པའི་འདྲེ། །ད་དྲེད་དུད་འགྲོ་བ་བྲེད་འཇིགས་པའི་མིང་། །ག་འགྲངས་ལྟོ་འགྲངས་བ་འབྲངས་རྗེས་སུ་འབྲངས། །ག་འགྲུལ་མགྲོན་པོ་ད་འདྲུལ་རུལ་བའི་མིང་། །ད་འདྲི་གཏམ་འདྲི་བ་འབྲི་ཡི་གེ་འབྲི། །ད་དྲིས་གཏམ་དྲིས་བ་བྲིས་ཡི་གེ་བྲིས། །ག་འགྲེལ་དོན་འགྲེལ་བ་འབྲེལ་རག་ལས་འབྲེལ། །བ་འབྲོས་འཇིགས་འབྲོས་ག་འགྲོས་རྟ་ཡི་འགྲོས། །བ་འབྲས་འབྲུ་ཡིན་ག་འགྲས་ཞེ་འགྲས་པ། །ག་འགྲིལ་འཐུར་འགྲིལ་ད་འདྲིལ་གཅིག་ཏུ་འདྲིལ། །ད་དགྲ་གནོད་བྱེད་ས་སྒྲ་མཉན་བྱའི་སྒྲ། །ས་བཏགས་ག་སྒྲོན་སྒྲོན་མེའམ་སྟེང་དུ་སྒྲོན། །ས་བཏགས་བ་སྦྲོན་ར་མདའ་བྱེད་པར་སྦྲོན། །ག་སྒྲིབ་སྒྲིབ་པ་བ་སྦྲིད་ལུས་སྦྲིད་པ། །བ་སའི་བསྒྲགས་ནི་སྒྲ་བསྒྲགས་བྱས་པའི་མིང་། །ས་བཏགས་བ་སྦྲགས་གཉིས་སྦྲགས་སུམ་སྦྲགས་སོགས། །ག་གཅུགས་མཛའ་བ་བཅུག་ནང་དུ་བཅུག །ག་གཅོད་ཤིང་གཅོད་སྒྲོ་འདོགས་ལ་སོགས་གཅོད། །ད་འོག་པ་དཔྱོད་གང་ཡིན་དཔྱོད་པ་སྟེ། །ས་བཏགས་སྤྱོད་པ་བྱ་བ་སྤྱོད་པའོ། །བ་བཅད་ཤིང་བཅད་ད་དཔྱད་རྟོགས་པའི་དོན། །ས་བཏགས་སྤྱད་པ་བྱ་བ་བྱས་པའི་མིང་། །ག་གཅིན་བཤང་བ་འབྱར་བྱེད་ས་བཏགས་སྦྱིན། །ཆན་ནི་འབྲས་ཆན་མ་མཆན་ཡི་གེའི་མཆན། །འ་འཆི་སྲོག་འགག་མ་མཆི་འགྲོ་བའི་མིང་། །ཉ་ཉོས་ནོར་ཉོས་མ་མྱོས་ཆང་གིས་མྱོས། །ག་ཡི་ག ཡར་ནི་གཡར་བོ་བྱས་པ་སྟེ། །ད་འོག་དབྱར་ནི་དུས་ཀྱི་དབྱར་ཡིན་ནོ། །ག་གཡང་འབོད་པ་དཔལ་གྱི་གཡང་ཡིན་ཏེ། །ད་དབྱངས་ཡན་ལག་དྲུག་ཅུ་གསུང་གི་དབྱངས། །དེས་མཚོན་གཞན་དག་དཔྱད་དེ་ཤེས་པར་བྱ། །དེ་ནས་སུམ་རྟགས་རྩ་འགྲེལ་ནས་འབྱུང་བའི། །ཡི་གེའི་དབྱེ་བ་ཕོ་མོ་མ་ནིང་དང་། །མིང་མཐའ་རྣམ་དབྱེ་ཚིག་ཕྲད་ལ་སོགས་པ། །ཅུང་ཟད་རྟོགས་དཀའ་ཐོར་བུ་འདིར་འཆད་པར། །སྤྱིར་ན་གསལ་བྱེད་ཐམས་ཅད་ཡི་གེ་ཕོ། །དབྱངས་ཡིག་ཐམས་ཅད་མོ་རུ་གྲགས་པ་ལས། །མིང་གཞིའི་དབང་བྱས་ཕོ་མོའི་ཁྱད་པར་ནི། །ནང་གསེས་ཀ་ཅ་ཏ་པ་ཙ་རྣམས་ཕོ། །ག་ཇ་ད་བ་ཛ་ཝ་ཞ་ཟ་དང་། །འ་ཡ་ཤ་ས་རྣམས་ནི་མོ་ཡིན་ལ། ཁ་ཆ་ཐ་ཕ་ཚ་རྣམས་མ་ནིང་སྟེ། །ང་ཉ་ན་མ་ཤིན་ཏུ་མོ་རུ་འདོད། །ར་ལ་ཧ་རྣམས་མོ་གཤམ་ཞེས་བྱ་ཞིང་། །མ་ནིང་མཚན་མེད་ཅེས་སུ་གྲགས་པ་ཡིན། །དེ་ལས་ག་ང་ད་ན་བ་མ་འ། །ར་ལ་ས་བཅུ་རྣམས་ནི་རྗེས་འཇུག་སྟེ། །ག་ད་བ་མ་འ་ལྔ་སྔོན་དུའང་འཇུག ། འདི་ལས་བ་ནི་སྔོན་འཇུག་ཕོ་ཡིན་ལ། །ག་ད་གཉིས་ནི་མ་ནིང་འ་མོ་སྟེ། །མ་ཡིག་སྔོན་འཇུག་ཤིན་ཏུ་མོ་རུ་འདོད། །མིང་གཞི་སྔོན་རྗེས་གསུམ་ལས་རང་རང་གི །སྐབས་ཀྱི་ཕོ་མོ་གང་ཡིན་གཙོ་བོ་སྟེ། །བ་ནི་མིང་གཞིའི་མོ་ཡིག་སྔོན་འཇུག་ཕོ། །ས་ནི་རྗེས་འཇུག་ཕོ་ཡིན་མིང་གཞིའི་མོ། །རང་རང་སྐབས་ཀྱི་ཐོབ་ཚུལ་ཤེས་པར་བྱ། །འོན་ཀྱང་རྗེས་འཇུག་ཕོ་མོ་མ་ནིང་གི། །ངོས་འཛིན་བཞེད་ཚུལ་མི་འདྲ་འདི་ལྟ་སྟེ། །ཞ་ལུ་བས་ནི་ད་བ་ས་གསུམ་ཕོ། །རིམ་བཞིན་ཕོ་ལ་རབ་འབྲིང་གསུམ་དུ་ཕྱེ། །འ་མོ་ར་ནི་མོ་ཙམ་ཉིད་དུ་བཞེད། །ག་ང་ན་གསུམ་འགྱུར་བ་མ་ནིང་དང་། །མ་ཡིག་མཚན་གཉིས་ལ་ནི་མཚན་མེད་དོ། །རྣམ་གླིང་བ་སོགས་མཁས་པ་དུ་མ་ཡིས། །ག་ད་བ་ས་བཞི་ནི་རྗེས་འཇུག་ཕོ། །ང་ན་མ་ར་ལ་ནི་མོ་ཡིན་ལ། །འ་ནི་མ་ནིང་ཕོ་ལ་སྐྱེས་བུ་གསུམ། །ས་ནི་སྐྱེས་བུ་རབ་ཡིན་པ་འབྲིང་ལ། ག་ད་གཉིས་ཀ་སྐྱེས་བུ་ཐ་མར་འདོད། །ར་ལ་གཉིས་ནི་མོ་ཡིན་ང་ན་མ། །ཤིན་ཏུ་མོ་འོ་འ་ནི་གྲོགས་ཀྱི་དབང་། །མ་ནིང་མཚན་གཉིས་མཚན་མེད་དུ་འགྱུར་ཞིང་། །བཞེད་ཚུལ་མི་འདྲ་གཞན་ནི་དག་ཀྱང་ཡོད། །སྔོན་འཇུག་ཕོ་ཡིག་བ་ནི་འདས་པ་དང་། །བྱ་བ་བསྒྲུབ་ཕྱིར་འཇུག་སྟེ་དཔེར་མཚོན་ན། །ལོགས་སུ་བཀར་ཟིན་ལ་སོགས་འདས་ཚིག་དང་། །འབྲེལ་ན་འདས་པའི་དོན་ལ་འཇུག་པ་སྟེ། །བྱ་བ་སྟོན་དང་འབྲེལ་ན་གཞན་ལ་འཇུག །སྔོན་འཇུག་མ་ནིང་ག་ད་གཉིས་ཀ་ནི། །བདག་གམ་བྱེད་པ་པོ་ལ་ཡོད་པ་དང་། །གཞན་ནམ་བྱ་བ་གཞི་ལ་ཡོད་པ་དང་། །ད་ལྟ་བསྒྲུབ་པའི་ཆེད་དུ་འཇུག་པ་སྟེ། །སྔོན་འཇུག་མོ་ཡིག་འ་ནི་མ་འོངས་པ། །སྟོན་ཕྱིར་འཇུག་ཅིང་བདག་གཞན་ལའང་འཇུག །སྔོན་འཇུག་མ་ཡིག་ཤིན་ཏུ་མོ་ཉིད་དེ། །བདག་གཞན་གཉིས་དང་དུས་གསུམ་མཉམ་ལ་འཇུག །དེ་རྣམས་ཁྱད་པར་སུམ་རྟགས་རྩ་འགྲེལ་ལས། །ཤེས་པར་བྱ་སྟེ་འདིར་ནི་མང་དུ་དོགས། །སྔོན་རྗེས་མིང་གཞི་གསུམ་ཀ་རང་རང་གི །ཕོ་ཡིག་ནང་འཕྲད་དྲག་པའི་དྲག་པ་སྟེ། །སྔོན་རྗེས་ཕོ་ཡིག་མིང་གཞི་མོ་ཉིད་དང་། །སྔོན་འཇུག་མིང་གཞི་དྲག་ལ་རྗེས་འཇུག་ཞན། །མིང་གཞི་རྗེས་འཇུག་དྲན་ལ་སྔོན་འཇུག་ཞན། །སྔོན་འཇུག་དྲག་ལ་མིང་རྗེས་གཉིས་ཀ་ཞན། །སྔོན་འཇུག་མིང་གཞི་ཞན་ལ་རྗེས་འཇུག་དྲག ། སྔོན་རྗེས་ཞན་ལ་མིང་གཞི་དྲག་པ་དང་། །གསུམ་ཀ་ཞན་པ་ནང་འཕྲད་གྱུར་བ་ལ། །ནང་གསེས་དྲག་པའི་ཞན་དང་ཞན་པའི་དྲག །ཞན་པའི་ཞན་པ་གཉིས་སུ་དབྱེ་བར་གསུང་། །ཕོ་ཡིས་ཕོ་ཡི་མིང་མཐའ་འདྲེན་ཚུལ་ནི། །ཀ་ཅ་ཏ་པ་ལ་སོགས་མིང་གཞི་ཕོས། །རྗེས་འཇུག་ད་བ་ས་ག་དྲང་བྱ་སྟེ། །དཔྱིད་ཀ་ཐད་ཀ་གྱུར་ཏེ་གལ་ཏེ་དང་། །ཐབས་ཅིག་རྒྱོབ་ཅིག་དག་པ་ལ་སོགས་སོ། །མོ་ཡིས་མོ་ཡི་མིང་མཐའ་འདྲེན་པ་ནི། །བྱུང་བ་སྙིང་ག་དགུན་ཀ་ཚོར་བ་སོགས། །མ་ནིང་འ་ནི་ཕོ་དང་འཕྲད་ན་དྲག །མོ་འཕྲད་ཞན་པར་འགྱུར་སོགས་ཤེས་པར་བྱ། །རྣམ་དབྱེ་དང་པོ་ངོ་བོ་བརྗོད་པ་དང་། །གཉིས་པ་ལས་སུ་བྱ་དང་གསུམ་པ་ནི། །བྱེད་ལས་ཡིན་ནོ་བཞི་བ་དགོས་ཆེད་དང་། །ལྔ་བ་འབྱུང་ཁུངས་དྲུག་པ་འབྲེལ་བ་དང་། །བདུན་པ་གནས་བཞི་བརྒྱད་པ་བོད་པའི་སྒྲ། །དེ་དག་ངོས་འཛིན་རྒྱས་པར་གཞན་དུ་ཤེས། །མིང་ཙམ་བརྗོད་པ་རྣམ་དབྱེ་དང་པོ་སྟེ། །སུ་དུ་ལ་རུ་ན་སོགས་གཉིས་པ་དང་། །བཞི་པའམ་བདུན་པ་ཉིད་དུ་འགྱུར་བའང་སྲིད། །ཀྱིས་གྱིས་གིས་ཡིས་ལ་སོགས་གསུམ་པ་དང་། །ལས་ནས་གཉིས་ནི་ལྔ་བའམ་དགར་ཚིག་སྟེ། །ནས་ནི་མཚམས་སྦྱོར་ལྷག་བཅས་ཚིག་ཏུའང་འགྱུར། །ཀྱི་གྱི་གི་ཡི་འི་ནི་དྲུག་པ་འབྲེལ། །མིང་ཐོག་ཀྱེ་ཞེས་སྦྱར་བ་བརྒྱད་པའོ། །རྣམ་དབྱེ་བརྒྱད་པོ་དེ་རྣམས་ཀུན་ལ་དཔེར། །ལྷ་དང་ལྷ་དག་ལྷ་རྣམས་ལ་སོགས་པ། །མིང་ཙམ་གཅིག་ཚིག་དག་ནི་གཉིས་ཚིག་དང་། །རྣམས་ཀུན་མཐའ་དག་མང་ཚིག་ཉིད་དུ་འགྱུར། །སྟེ་དེ་ཏེ་གསུམ་ལྷག་བཅས་སྟོན་པའི་སྒྲ། །ཚིགས་བཅད་ཁ་སྐོང་ཉིད་ལའང་སྐབས་ཐོབ་འགྱུར། །ཚིག་མཐའི་དོ་སོགས་སླར་བསྡུ་རྫོགས་ཚིག་ཅན། །ཀྱང་ཡང་འང་ནི་སྡུད་པའི་ཚིག་རྒྱན་ཏེ། །གམ་དང་འམ་སོགས་འབྱེད་སྡུད་དྲི་བའོ། །ནི་ནི་དགར་དང་བསྣན་པའི་ཚིག་ཏུ་འདོད། །དང་ནི་འབྱེད་སྡུད་རྒྱུ་མཚན་ཚེ་སྐབས་དང་། །གདམས་ངག་ལྔ་ལ་འཇུག་པ་སྐབས་དང་སྦྱོར། །དེ་ཡིག་ངེས་བཟུང་འདས་པའི་དོན་ཉིད་དང་། །རྣམ་གྲངས་གཞན་དང་སྦས་དོན་སོགས་ལ་འཇུག །སུ་གང་ཅི་ནི་དྲི་བའམ་དགག་ཚིག་དང་། །སྤྱི་ལ་འཇུག་ཅིང་བྱེ་བྲག་གོ་བའང་སྲིད། །བ་དང་ཅན་ནི་ཕོ་སྒྲ་བདག་པོ་སྟེ། །ལྡན་པའི་དོན་དུའང་འགྱུར་བར་ཤེས་པར་བྱ། །མ་མི་མེད་མིན་མིང་གི་ཐོག་མཐར་སྦྱར། །ཕལ་ཆེར་མོ་སྒྲ་དགག་པའི་སྒྲ་རུ་འགྱུར། །ཤིན་ཏུ་ཀུན་ཏུ་རབ་ཏུ་ལ་སོགས་པ། ཁྱད་པར་ལྷག་པ་སྟོན་པའི་ཚིག་ཏུ་འདོད། །གང་ཅི་ལ་སོགས་ཕྲད་ནི་རེ་རེ་སྟེ། །གང་ལ་ཅི་ལ་སོགས་པ་ཕྲད་གཉིས་འདུས། །གང་གི་ཕྱིར་དང་ཅི་ཡི་ཕྱིར་ལ་སོགས། །འཕྲད་ནི་མང་བོ་འདུས་པ་ཉིད་ཅེས་བྱ། ཁོ་ན་ཞེས་པ་ངེས་བཟུང་ཚིག་ཡིན་ཏེ། །མི་ལྡན་གཞན་ལྡན་རྣམ་གཅོད་གཉིས་སུ་འགྱུར། །ཉིད་ནི་དེ་དང་ཕྱོགས་འདྲ་ངེས་བཟུང་ཚིག །འབའ་ཞིག་ཙམ་ནི་ལྷག་མ་འགོག་པ་སྟེ། །ཙམ་ནི་ཚད་འཛིན་ཉིད་དུ་འགྱུར་བའང་ཡིན། །ཚུལ་ནི་འདྲ་སྨད་སྡོམ་པ་ཐབས་སོགས་སྟོན། །བཞིན་ནི་ཡིན་དང་མ་ནོར་འདྲ་ལའང་འཇུག །ཅིང་དང་ཞིང་སོགས་མཚམས་སྦྱོར་སྡུད་ལའོ། །གང་ཕྱིར་དེ་ཕྱིར་གང་ཚེ་དེ་ཚེ་དང་། །ཅི་ཕྱིར་དེ་ཕྱིར་ཇི་ལྟར་དེ་ལྟར་སོགས། །ཚིག་ཕྲད་སྔ་ཕྱི་འདྲེན་ཚུལ་སྐབས་ཐོབ་སྦྱར། །ད་བ་ས་གསུམ་རྗེས་སུ་ཀྱི་འཐོབ་ཅིང་། །ག་ང་གི་སྟེ་ན་མ་ར་ལ་གྱི། །མཐའ་མེད་འ་མཐར་འི་དང་ཡི་གཉིས་ནི། །རྐང་བ་སྐོང་དང་མི་སྐོང་རྣམ་པར་དབྱེ། །ག་དང་བ་ཡི་རྗེས་སུ་ཏུ་ཐོབ་ཅིང་། །ང་ད་ན་མ་ར་ལ་རྣམས་ལ་དུ། །ད་དྲག་ཏུ་ཐོབ་ས་ཡི་རྗེས་སུ་སུ། །འ་དང་འདོགས་ཅན་རྐྱང་བའི་མཐར་ནི་རུ། །ད་དེ་ན་ར་ལ་ས་ཏེ་རྐྱང་ལ། །ག་ང་བ་མ་འ་དང་མཐའ་མེད་མཐར། །ས་སྟེའོ་ད་དྲག་ཐོབ་པའི་ན་ར་ལའི། །མཐར་ནི་ཏེ་རྐྱང་འཐོབ་འགྱུར་སྐབས་དང་སྦྱར། །ག་ད་བ་ས་ད་དྲག་ཐོབ་མཐར་ཀྱང་། །འ་ང་ན་མ་ར་ལའི་རྗེས་སུ་ཡང་། །མཐའ་རྟེན་མེད་མཐར་འང་དང་ཡང་གང་རུང་། །ག་ད་བ་ཡི་རྗེས་སུ་ཅིང་ཅེས་དང་། །ཅེའོ་ཅེ་ན་ཅིག་ཐོབ་སྐབས་དང་སྦྱར། །ང་འ་ན་མ་ར་ལ་རྟེན་མེད་མཐར། །ཞིང་ཞེས་ཞེའོ་ཞེ་ན་ཞིག་ཐོབ་བོ། །ས་མཐར་དམིགས་བསལ་ཤེས་དོན་ཞེས་སྦྱར་ཏེ། །ཤིང་ཞེས་ཤེའོ་ཤེ་ན་ཤིག་ཅེས་བྱ། །ད་དྲག་ཐོབ་པའི་ན་ར་ལ་གསུམ་རྗེས། །ཅིང་ཅེས་ལྔ་བོ་སྦྱོར་བ་དམིགས་བསལ་ཡིན། །ག་ད་ན་བ་མ་ས་ད་དྲག་མཐར། །བ་དང་ང་འ་ར་ལ་མཐའ་མེད་དང་། །རྐྱང་བའི་རྗེས་སུ་བ་ཕྱེད་ཝར་འབོད་ཅིང་། །གཞན་ལ་པ་ཉིད་སྦྱར་བ་སྐབས་དང་བསྟུན། །འདིར་ནི་ཡི་གེ་ཀློག་ཚུལ་མཚོན་བྱས་ན། །ཀ་ཡི་གུ་གུ་ཀི་དང་ཞབས་ཀྱུ་ཀུ། །ཀ་ཡི་འགྲེང་བུ་ཀེ་དང་ན་རོ་ཀོ །དེ་བཞིན་ཡི་གེ་སུམ་ཅུ་ཀུན་ལ་སྦྱར། །ག་འོག་ཅ་ལ་གཅ་ཡི་ཞབས་ཀྱུ་གཅུ། །གཅུ་ལ་ག་ས་གཅུགས་ཞེས་བརྗོད་བྱ་སྟེ། །འོན་ཀྱང་རང་རང་ཡུལ་སྐད་བསྟུན་པ་གཙོ། །ག་ཡི་འཕུལ་ཅན་ཐོག་མར་རྐན་ནས་དབྱུང་། །དས་འཕུལ་ལྕེ་རྩེ་གློད་ཅིང་བ་མས་འཕུལ། ཁ་ཡི་མཆུ་བཙུམ་པ་དང་ཁྱད་པར་སྣ། །འས་འཕུལ་གྲེ་བའི་ཕུགས་ནས་དབྱུང་བྱ་སྟེ། །འཕུལ་ཞིང་བརྩེགས་པའི་ཡི་གེ་རྣམས་ཀྱང་ནི། །གོ་རིམ་བཞིན་དུ་དབྱུང་ཞེས་མཁས་པས་བཤད། །མིང་ཚིག་ཡི་གེ་གསུམ་གྱི་ཁྱད་པར་ནི། །སྲོག་མེད་དབྱངས་གསལ་ཐམས་ཅད་ཡི་གེ་སྟེ། །ངོ་བོ་བརྗོད་ཙམ་ཕལ་ཆེར་མིང་ཡིན་ལ། །མིང་གཉིས་ཕན་ཆད་འདུས་པ་ཚིག་ཏུ་འདོད། །ཡི་གེ་ལ་ནི་དངོས་དང་བཏགས་པ་གཉིས། །དངོས་ནི་སྐད་ཀྱི་གདངས་སུ་བརྗོད་པ་སྟེ། །ངོ་བོ་སྒྲ་ཡིན་དབྱངས་དང་གསལ་བྱེད་གཉིས། །ངག་གི་རྗོད་པ་ཀུན་ལའང་ཡི་གེ་འབྱུང་། །བཏགས་པའི་ཡི་གེ་གཟུགས་སུ་བྲིས་པ་སྟེ། །ཡི་གེ་དངོས་མིན་དེ་རུ་གྲགས་པ་ཙམ། །དབྱེ་ན་རྒྱ་གར་ཡི་གེ་ལྔ་བཅུ་དང་། །བོད་ཀྱི་ཡི་གེ་སུམ་ཅུར་གྲགས་པ་སྟེ། །ཚངས་པའི་ཡི་གེ་ལ་སོགས་དྲུག་ཅུ་བཞི། །རྒྱས་པར་ཡིག་རིགས་སུམ་བརྒྱ་དྲུག་ཅུའམ། །དེ་ལས་མང་བ་ཉིད་དུའང་བརྗོད་པར་ནུས། །མིང་ལ་དངོས་དང་བཏགས་མིང་རྣམ་གཉིས་ཏེ། །གང་ལ་ཐོག་མར་འདོད་རྒྱལ་བརྡ་སྦྱར་བ། །དེ་ཡི་དངོས་མིང་ཡིན་ཏེ་རྗེས་གྲུབ་ཏུ། །འདྲ་འབྲེལ་རྒྱུ་མཚན་བྱས་ནས་བརྡ་སྦྱར་བ། །དེ་ཡི་བཏགས་མིང་ཉིད་དུ་འགྱུར་བ་ཡིན། །མིང་ནི་དུ་མ་འདུས་ལས་ཚིག་ཡིན་ཏེ། །དེ་ལ་གཅིག་ཚིག་གཉིས་ཚིག་མང་ཚིག་གསུམ། །རྗོད་བྱེད་ཀུན་ཀྱང་ཚིག་ཏུ་འདོད་པའང་ཡོད། །མདོར་ན་ཡི་གེ་འདུས་ལས་མིང་འབྱུང་ཞིང་། །མིང་ལས་ཚིག་ཏུ་འགྲུབ་སྟེ་དེ་ལས་ནི། །སྐྱེ་འཕགས་ཀུན་གྱི་ཚིག་གི་ཕུང་བོ་དང་། །གསུང་རབ་པོ་ཏི་ལ་སོགས་འགྲུབ་པ་ཡིན། །བརྗོད་འདོད་དབང་གིས་ཡི་གེ་མིང་ཚིག་འབྱུང་། །ཚིག་གིས་དོན་སྟོན་དེ་ཡང་ཐ་སྙད་དང་། །བརྡ་སྦྱར་གོམས་པའི་དབང་གིས་གོ་འགྱུར་གྱི། །དངོས་པོའི་དབང་གིས་མིན་ཏེ་རྣམ་འགྲེལ་ལས། །སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན་པ་དང་། །དེ་ནི་ཐ་སྙད་ཆེད་དུ་བྱས་ཞེས་གསུངས། །གལ་ཏེ་དངོས་པོའི་དབང་གིས་གོ་བྱེད་ན། །བརྡ་འབྲེལ་བྱེད་ལ་མི་ལྟོས་ཐལ་འགྱུར་ཏེ། །གང་ཕྱིར་བརྡ་དོན་མི་ཤེས་བྱིས་པས་ཀྱང་། །ལྟོ་ལྡིར་མཐོང་ཙམ་ཉིད་ནས་བུམ་པའོ། །སྙམ་པ་སྐྱེ་བར་འགྱུར་ན་དེ་མ་མཐོང་། །དེ་ཕྱིར་ཚིག་གིས་དོན་སྟོན་བརྡ་ལ་ལྟོས། །བརྡ་ཡང་མཁས་པ་དག་གིས་མཛད་པའམ། །རང་རང་ཡུལ་སྐད་འདོད་པའི་དབང་གིས་བཞག །དེ་དག་མཚོན་ཙམ་ལྡེ་མིག་ལྟ་བུ་སྟེ། །རྒྱས་པར་དམ་པའི་ལེགས་བཤད་གཞན་ནས་ལོངས། །ཞེས་དག་ཡིག་བློ་གསར་གཞོན་ནུ་དགའ་བྱེད་ཅེས་བྱ་བ་འདི་ནི་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའི་ཡི་གེ་བ་ནི་ཀུན་དགའ་ནོར་བུའོ། །བཀྲ་ཤིས།། །།

རྣམ་ཐར་གསོལ་འདེབས།

རྣམ་ཐར་གསོལ་འདེབས་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། དོན་གཉིས་མཐར་ཕྱིན་ཡང་དག་རྫོགས་སངས་རྒྱས། །བདེན་གཉིས་དབྱེར་མེད་འགོག་ལམ་དམ་པའི་ཆོས། །ཚོགས་གཉིས་ཟུང་འབྲེལ་ཉམས་ལེན་དགེ་འདུན་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །གཞུང་ལུགས་མང་དུ་ཐོས་པའི་རྣམ་དཔྱོད་ཀྱིས། །བློ་བཟང་གྲགས་པའི་མདོ་སྔགས་ལུང་རྟོགས་བསྟན། །བཤད་དང་སྒྲུབ་པའི་ཚུལ་གྱིས་འཛིན་མཛད་པའི། །བཤེས་གཉེན་དམ་པའི་ཞབས་ལ༴ དེ་ཉིད་སྔོན་བསགས་ལེགས་པར་སྤྱད་པའི་མཐུས། །དལ་འབྱོར་རྟེན་རྙེད་ཆུང་ངུའི་དུས་ན་ཡང་། །རྩོལ་ཆེར་མེད་པར་ཡིག་ཀློག་འབྲི་འདོན་སོགས། །ཀུན་ལ་བྱང་བར་གྱུར་ལ༴ བསྟན་ལ་རབ་བྱུང་ཆོག་བསྒྲིགས་མང་བཟུང་ཞིང་། །བློ་གྲོས་གསལ་ལྡན་དཀར་རམ་བྱ་སྙམ་ཚེ། །མཚན་ཉིད་མཁས་པའི་བླ་ཆེན་འགས་བསྐུལ་ལྟར། །དབུས་སུ་འགྲོ་འདོད་ཤར་ལ༴ དེ་ཚེ་ཕ་མས་གནང་སྟེ་གྲོགས་བཟང་ལ། །བརྟེན་ནས་དབུས་ཕྱིན་ཆོས་གྲྭར་ཞུགས་པ་ན། །ཉིན་མཚན་ཀུན་ཏུ་འབད་རྩོལ་ཤུགས་དྲག་གིས། །གཞུང་མང་འཛིན་པར་མཛད་ལ༴ སེ་རའི་ཚོགས་ཆེན་དགེ་འདུན་སྡེ་དབུས་སུ། །ལན་འགའ་དབུ་མར་འདུལ་མཛོད་ཚོགས་ལང་དུས། །གཞན་དང་བརྒལ་བརྟགས་ལུང་དང་རིགས་པ་ཡིས། །ཕ་རོལ་དཔའ་སྐོང་མཛད་ལ༴ གྲྭ་སར་བཅུ་ཕྲག་ལོ་སྟེང་བླ་མ་ཉིད། །མཉེས་ནས་ལྷ་སར་མིང་གདགས་མཛད་གསུང་ལྟར། །བསྒྲུབས་ཚེ་མཁས་ཀུན་རིགས་ལུང་ཆར་ཕབ་ཀྱང་། །ཐོགས་མེད་ལན་འདེབས་མཛད་ལ༴ ཡིག་སྡེབ་སྙན་ངག་སྒྲ་རྩིས་གཞུང་མང་ལ། །སྦྱངས་ནས་རྒྱུད་དང་དགའ་ལྡན་འབྲས་སྤུངས་སུ། །མདོ་སྔགས་གཞུང་ལ་དམ་བཅའ་ལེགས་བཞག་པས། །མཁས་རྣམས་མགུ་བར་མཛད་ལ༴ བཤེས་གཉེན་དུ་མའི་ཞབས་པད་ཉེར་བསྟེན་ནས། །དབང་ལུང་མན་ངག་བདུད་རྩི་འཐུང་བྱས་ཤིང་། །རྒྱུད་གྲྭར་ཞུགས་ནས་སྔགས་ཀྱི་ཕྱོགས་དག་ལ། །ཐོས་བསམ་ཉམས་ལེན་མཛད་༴ ལས་སྲེད་སྨོན་ལམ་དབང་གིས་རང་ཡུལ་དུ། །འོངས་ནས་གཞུང་མང་དག་ལ་ཐོས་བསམ་དང་། །བཀའ་འགྱུར་ཆེན་མོ་ཚར་གཅིག་བསྒྲགས་གྱུར་པས། །བློ་གྲོས་གོང་འཕེལ་གྱུར་ལ༴ སྨོན་ལམ་ལེགས་སྤྱད་དག་པས་མཚམས་སྦྱར་ཏེ། །ཕྱོགས་འདིར་གསར་བཙུགས་འཆད་ཉན་བླ་མ་རུ། །དཔོན་གྱིས་བསྐོས་པས་ཐོག་མར་གྲྭ་ཚང་ལ། །ལན་མང་ཕན་གདགས་མཛད་ལ༴ དེ་ཚེ་ལོག་སྒྲུབ་རླུང་གིས་མི་གཡོ་བར། །ཀོའུ་ཤྲིའི་ཞབས་དང་ལྷན་ཅིག་འཆད་ཉན་དང་། །གྲྭ་ཁང་གསར་རྒྱགས་སྐོར་ལ་གྲོས་མཐུན་གྱིས། །ཕན་མང་ངེས་པར་སྒྲུབ་ལ༴ འོན་ཀྱང་གང་དག་གཟུ་བོར་མི་གནས་ཤིང་། །དྲིན་བཟོས་དབེན་པའི་བློ་ངོར་ཇི་ལྟར་ཡང་། །ཕྱོགས་འདིར་བསྟན་པའི་རྒྱུན་ལ་ཕན་བཏགས་པར། །ཀུན་གྱིས་དགའ་བར་མཛད་ལ༴ རང་དགོན་འདི་ཡི་མཁན་པོའི་གོ་ས་རུ། །ལན་གཉིས་བསྐོས་ཤིང་རྒྱུད་པ་གསར་བཙུགས་ལའང་། །སློབ་དཔོན་གྱུར་ཚེ་གསང་བདེ་འཇིགས་སོགས་ཀྱི། །འཆད་ཉན་དར་བར་མཛད་ལ༴ དད་ལྡན་མང་ལ་དབང་བསྐུར་རྒྱུད་བཤད་ཅིང་། །རྒྱལ་བསྟན་ཡུན་རིང་གནས་པའི་ཆ་རྐྱེན་དུ། །དགོངས་འགྲེལ་བསྟན་བཅོས་མདོ་སྔགས་པོ་ཏིའི་སྐོར། །བཅུ་ཕྲག་ལྷག་ཙམ་མཛད་ལ༴ དུས་ཀྱི་དབང་དང་ཀུན་རྟོག་རགས་སྟོབས་ཀྱིས། །ས་ལམ་རྟོགས་པ་མཐོན་པོ་མ་རྙེད་ཀྱང་། །ཉིན་མཚན་དག་ཏུ་ཁ་ཏོན་དགེ་སྦྱོར་ལ། །བརྩོན་པས་འཇུག་པར་མཛད་ལ༴ འོན་ཏེ་ལྟ་བའི་ཚུལ་ལ་རྟག་འབད་ཅིང་། །གཞན་ཕན་ལྷག་བསམ་སྙིང་རྗེའི་རི་རབ་ཁུར། །བྱང་ཆུབ་བར་དུ་འདོར་མེད་འཁྱེར་བྱེད་པའི། །དམ་བཅའ་རྒྱུན་དུ་མཛད་ལ༴ རིགས་གསུམ་མགོན་སོགས་ལྷག་པའི་ལྷ་མང་དང་། །གསང་བདེ་འཇིགས་ཀྱི་རྣལ་འབྱོར་ལ་འབད་ཀྱང་། །རྟོགས་པའི་དངོས་གྲུབ་རིང་ཡང་དེ་ཀུན་གྱི། །བྱིན་རླབས་ཞུགས་པར་མཛད་ལ་གསོལ་བ་འདེབས། །སྐྱབས་གནས་བླ་མ་མཆོག་གསུམ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་བསྟན་སྲུང་མཐུ་བྱིན་དང་། །རྟེན་འབྲེལ་མི་སླུ་དད་ཅིང་མོས་སྟོབས་ཀྱིས། །ཡོངས་འཛིན་ཚོགས་རྣམས་བསྐལ་བརྒྱར་ཞབས་བརྟན་ཤོག །སྐྱེ་བ་ཀུན་དུ་ཞེས་སོགས་བརྗོད་ཀྱང་མི་འགལ་ལོ། །ཅེས་པ་འདི་ནི་དད་དང་རྣམ་དཔྱོད་ལྡན་པའི་གུར་ཡགས་རི་ཁྲོད་པ་དགེ་སློང་འཇམ་དབྱངས་བརྩོན་འགྲུས་ཀྱིས་རྣམ་ཐར་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་ནན་ཏན་དུ་བསྐུལ་བའི་ངོར། ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་ངོ་མ་ཟློག་པར་གཡར་ཁྲལ་དུ་བགྱིས་པའོ། །མངྒ་ལཾ།། །།

ཐམས་ཅད་མཁྱེན་པའི་སྤྲུལ་སྐུའི་བརྟན་བཞུགས་གསར་བའི་འགྲེལ་བ་དོན་གསལ།

ཐམས་ཅད་མཁྱེན་པའི་སྤྲུལ་སྐུའི་བརྟན་བཞུགས་གསར་བའི་འགྲེལ་བ་དོན་གསལ་ཞེས་བྱ་བ་བཞུགས།

དཔག་ཡས་བསྐལ་བའི་སྔོན་ནས་སངས་རྒྱས་ཀྱང་། །སྣང་བ་མཐའ་ཡས་ལ་སོགས་སངས་རྒྱས་ཀྱི། །དྲུང་དུ་ས་བཅུའི་དབང་ཕྱུག་ཟོལ་བསྟེན་པ། །རྣམ་འདྲེན་ཕྱག་ན་པདྨོས་བདག་སྐྱོངས་ཤིག །འདིར་ཐམས་ཅད་མཁྱེན་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་སྤྲུལ་སྐུའི་གསོལ་འདེབས་བརྟན་བཞུགས་གསར་བའི་དོན་ཅུང་ཟད་འགྲེལ་བ་ལ་གཉིས། དངོས་ཀྱི་དོན་དང་། དེ་ལ་མཐའ་དཔྱད་པའོ། །དང་པོ་ལ་གསུམ། གསོལ་བ་འདེབས་པ། བརྟན་པར་བཞུགས་པ། སྨོན་ལམ་འདེབས་པའོ། །དང་པོ་ནི། དུས་གསུམ་རྒྱལ་བའི་ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གཅིག་གསུང་། ཚིག་དོན་ནི། འདས་མ་འོངས་ད་ལྟར་གྱི་དུས་གསུམ་དུ་བྱོན་པར་འགྱུར་བ་དང་བྱོན་པའི་རྒྱལ་བ་སྟེ་ཉོན་མོངས་པའི་དགྲ་ལས་རྒྱལ་བའི་སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་མཁྱེན་པ་དང་། སེམས་ཅན་ཐམས་ཅད་ལ་བུ་བཞིན་དུ་གཟིགས་པའི་བརྩེ་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ནི། དེང་སང་གི་དུས་སྙིགས་མ་འདིར་སྙིགས་མའི་སེམས་ཅན་དམུ་རྒོད་འདུལ་དཀའ་བའི་མ་རུང་བ་རྣམས་འཁོར་བ་དང་ངན་སོང་གི་གནས་ནས་འདྲེན་པའི་ཕྱིར་དུ་མི་ཡི་སྲིད་པའི་རྣམ་པར་རོལ་པ་ཅན་ཏེ་མིའི་ཚུལ་བསྟན་པ་དང་། དེ་ཉིད་གདུལ་བྱའི་སེམས་ཅན་བསྐལ་བཟང་རྒྱ་མཚོ་སྟེ་སྐལ་ལྡན་གྱི་འགྲོ་བ་མང་བོའི་མགོན་སྐྱབས་དང་དཔུང་གཉེན་དུ་གྱུར་བ་དང་། རྒྱུ་མཚན་དེའི་ཕྱིར་ཁྱོད་ལ་གསོལ་བ་འདེབས་པའོ། །དེ་ཡང་རང་ཉིད་དམན་ས་བཟུང་ནས་ཡིད་གུས་པས་ཞུ་བའི་དོན་ནོ། །གཉིས་པ་བརྟན་བཞུགས་ནི། སྔོན་ཚེ་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གསུང་། དོན་ནི། སྔོན་བྱུང་གི་དུས་རྣམས་ཀྱི་ཚེ་གོ་འཕང་མཐོན་པོ་ལེགས་པར་རམ་ཡང་དག་པར་གཤེགས་པའམ་མཛེས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ་སངས་རྒྱས་རྣམས་ཀྱི་སྤྱན་སྔར་ཏེ་དྲུང་དུ་སེམས་ཅན་རྣམས་འཁོར་བ་དང་ངན་སོང་ལས་སྐྱོབ་པར་བྱེད་པའི་མགོན་པོ་ཁྱོད་ཀྱི་བདག་གིས་དུས་སྙིགས་མའི་འགྲོ་བ་ཐམས་ཅད་འདྲེན་པར་མཛད་དོ་ཞེས་དམ་ཇི་ལྟར་བཅས་པ་བཞིན་དུ། མ་ཉམས་པའི་ཐུགས་བསྐྱེད་བརྟན་པོས་བདག་སོགས་འགྲོ་བའི་དོན་སྒྲུབ་པའི་ཆེད་དུ་སྐུ་ཚེ་བསྐལ་བ་བརྒྱའི་བར་དུ་མི་མཐུན་པའི་རྐྱེན་གང་གིས་ཀྱང་མི་གཡོ་བར་ཞབས་པད་དུས་རྟག་ཏུ་བརྟན་པར་བཞུགས་པར་ཤོག་ཅིག་ཅེས་སྨོས་པའི་ཚུལ་གྱིས་གསོལ་པའོ། །གསུམ་པ་སྨོན་ལམ་ནི། བསྐལ་བཟང་གདུགས་དཀར་ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གཅིག་གསུང་། འདིའི་དོན་ནི་ཤིན་ཏུ་འཆད་བདེ་བ་ཞིག་མི་སྣང་ཡང་། རེ་ཞིག་དཔེ་དང་དཔེ་ཅན་སོ་སོར་ཕྱེ་ན་གོ་བདེ་བས་འདི་ལྟར་བྱ་སྟེ། སྐལ་བ་བཟང་བོ་དང་ལྡན་པའི་སྐུར་འཁྲུངས་ཤིང་འགྲོ་བའི་ཕན་བདེའི་གྲིབ་བསིལ་འབྱུང་བའི་སྐྱེས་བུ་དམ་པ་གདུགས་དཀར་བོ་དང་འདྲ་བ་མངོན་པར་མཐོ་བ་ནས་བྱོན་པ་ཁྱོད་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་གྱི་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་མཆོག་ཏུ་གྱུར་བས་ན་ཏོག་གི་རྣམ་པར་རོལ་བ་ཅན་ཏེ་གདུགས་ཀྱི་ཏོག་དང་འདྲ་བའོ། །དེ་ལྟ་བུའི་བསྟན་འཛིན་གྱི་གཙོ་བོ་ཉིད་ཀྱིས་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་རྗེ་བཙུན་ཙོང་ཁ་པའི་བསྟན་པའི་རྒྱལ་མཚན་ནམ། གདུགས་འདི་ནི་རྒྱ་མཚོའི་ཕ་མཐར་ཏེ་ས་ཆེན་པོ་འདིའི་ཕྱི་རོལ་གྱི་རྒྱ་མཚོའི་མཐའི་བར་དུ་མངོན་པར་བསྒྲེང་བ་སྟེ་དར་བར་མཛད་པ་དང་། བདག་སོགས་སེམས་ཅན་ཐམས་ཅད་ཀྱང་རྣམ་པ་ཀུན་དུ་འབྲལ་བ་མེད་པར་ཐུགས་ཀྱི་རྗེས་སུ་འཛིན་པར་ཤོག་ཅིག་ཅེས་པའོ། །འཆད་ཚུལ་འདི་ཡང་ཞིབ་ཏུ་བརྟགས་ན་སྐྱོན་ཡོད་ཚུལ་འཆད་པར་འགྱུར་རོ། །གཉིས་པ་དེ་ལ་མཐའ་དཔྱད་པ་ནི། དུས་གསུམ་རྒྱལ་བ་ཞེས་པ་སྤྱིར་འདས་མ་འོངས་ད་ལྟར་གྱི་སངས་རྒྱས་རྣམས་དང་། དུས་གསུམ་སངས་རྒྱས་བྱེ་བྲག་ཏུ་ཕྱེ་ན་གྲངས་མེད་ཀྱང་། དེང་སང་དུས་གསུམ་སངས་རྒྱས་ཞེས་པའི་ཐ་སྙད་བྱེད་པའི་ཚེ། སངས་རྒྱས་མར་མེ་མཛད་འདས་པའི་སངས་རྒྱས་དང་། བདག་ཅག་གི་སྟོན་པ་ད་ལྟ་བ་དང་། སངས་རྒྱས་བྱམས་པ་མ་འོངས་པའི་སངས་རྒྱས་ལ་བྱེད་ཀྱང་། བདག་ཅག་གི་སྟོན་པ་ལ་ད་ལྟ་བའི་སངས་རྒྱས་ཞེས་ཐ་སྙད་བྱེད་པ་ལྟར་ན། བྱམས་པ་བདག་ཅག་གི་སྟོན་པའི་རྗེས་མ་སངས་རྒྱས་ལྔ་བ་ཡིན་པས་མ་བྱོན་པའི་སངས་རྒྱས་དང་། །འོད་སྲུང་ནི་བདག་ཅག་གི་སྟོན་པའི་སྔོན་མའི་སངས་རྒྱས་གསུམ་པ་ཡིན་པས་དེ་ཉིད་ལ་འདས་པའི་སངས་རྒྱས་ཞེས་ཟེར་དགོས་པ་འདྲ་ཞིང་། མར་མེ་མཛད་ནི་བསྐལ་བ་འདིའི་གོང་དུ་བྱོན་ནས་བསྐལ་བ་མང་བོ་སོང་བར་སྒྲོན་གསལ་གྱི་མཆན་བུ་ལས་གསུངས་ཤིང་། རྩིས་དཀར་ནག་གི་དྲིས་ལན་དུ་ཡང་བཤད་དོ། །དེས་ན་དུས་གསུམ་བྱེད་པ་ནི་འོད་སྲུང་ཤཱཀྱ་ཐུབ་པ་བྱམས་པ་གསུམ་ལ་བྱེད་པ་སྐབས་སུ་བབ་པོ། །མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་དོན་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེའི་ཡོན་ཏན་རྣམས་སྤྱན་རས་གཟིགས་ལ་ཚང་བའི་དོན་ཡིན་གྱི། དེ་གཅིག་ཏུ་བསྡུས་པ་དངོས་ནི་མིན་ནོ། །སྙིགས་མ་ལ་ལྔ་ཡོད་དེ། དུས་སྙིགས་མ། སེམས་ཅན་སྙིགས་མ། ཚེ་སྙིགས་མ། ཉོན་མོངས་སྙིགས་མ། ལྟ་བ་སྙིགས་མ་དང་ལྔའོ། །དུས་སྙིགས་མ་དུས་ལྔ་བརྒྱའི་ཐ་མ་རྩོད་དུས། སེམས་ཅན་སྙིགས་མ་དམུ་རྒོད་འདུལ་དཀའ་བ། ཚེ་སྙིགས་མ་ཚེ་ལོ་བརྒྱ་བ་མན། ཉོན་མོངས་སྙིགས་མ་དུག་གསུམ་ཆེ་བ། ལྟ་བ་སྙིགས་མ་རང་འདོད་ཆེ་ཞིང་ངན་པའོ། །རྒྱ་མཚོ་ཞེས་པ་ནི་མང་ཚིག་གོ །སྔོན་ཚེ་བདེ་གཤེགས་སྤྱན་སྔར་དམ་བཅས་པ་ནི། བདེ་གཤེགས་སྤྱི་དང་ཁྱད་པར་སྔོན་འོད་དཔག་མེད་ཀྱི་དྲུང་དུ་དམ་བཅས་པར་བཤད་དོ། །མ་ཉམས་ཐུགས་བསྐྱེད་ཞེས་པ་ནི་སྡེབ་སྦྱོར་ལ་ཐུགས་བསྐྱེད་མ་ཉམས་ཞེས་བྱས་ན་ལེགས་སོ། །འོ་ན་ཚིགས་བཅད་གསུམ་པའི་དོན་སྔར་བཤད་པ་དེ་ཁྱོད་ཀྱི་རང་ལུགས་མིན་ན་ཇི་ལྟར་འཆད་དགོས་པ་ཡིན་ཞེ་ན། སྤྱིར་ཚིག་གསུམ་པ་འདི་གང་བྱས་ཀྱང་འཆད་མི་བདེ་བ་ཞིག་ཏུ་སྣང་སྟེ། དེ་ཡང་རང་ཉིད་བློའི་སྐྱོན་ཡིན་ནམ་ཡིག་སྐྱོན་ཤོར་བ་གང་རུང་ཞིག་ཡིན་པ་འདྲ་སྟེ། འདི་དེ་མོ་སྤྲུལ་སྐུས་མཛད་པར་གྲགས་ཀྱང་། དེས་ནི་སྡེབ་སྦྱོར་མི་འགྲིག་པ་ཞིག་མི་རྩོམ་སྙམ་མོ། །དོན་ཡོང་ལུགས་ལ་བརྟགས་ན། སངས་རྒྱས་ཀྱི་བསྟན་པ་དང་གདུགས་དཀར་པོ་སྦྱར། བསྟན་པའི་ཏོག་དང་རྗེ་བླ་མའི་བསྟན་པ་སྦྱར། བསྟན་པའི་གདུགས་བསྒྲེང་བ་པོ་རྒྱལ་བའི་སྤྲུལ་སྐུ་དང་། གདུགས་བསྒྲེང་བ་དང་། བསྟན་པ་དར་བར་མཛད་པ་དང་སྦྱར་དགོས་པ་ལྟ་བུར་སྣང་ཡང་། དེ་ལྟར་བཤད་ན་ཡང་མི་འགྲིག་སྟེ། བསྟན་པ་ལ་བསྐལ་བཟང་ཞེས་སྦྱར་བ་དང་། ཏོག་གི་རྣམ་རོལ་ཅན་ཞེས་པ་སྤྲུལ་སྐུ་ལ་བཤད་པ་ལྟ་བུ་དང་། ནས་ཞེས་སྦྱར་བའི་སྐྱོན་དང་། གདུགས་བསྒྲེང་བ་པོ་ཡང་སྤྲུལ་སྐུར་སྦྱར་བ་རྣམས་ལ་སྐྱོན་ཆགས་སོ། །ཡང་བསྐལ་བཟང་ཞེས་པ་བས་ཕུལ་ཅན་དུ་བྱེད་ན། བསྐལ་བཟང་གི་སངས་རྒྱས་འདི་ཉིད་ཀྱི་བསྟན་པ་ལ་སྦྱར་ན་སྐྱོན་ཆགས་ཏེ། གདུགས་དཀར་དང་མཐོ་བ་སོ་སོར་མ་བཤད་པར་གཅིག་ཏུ་སྦྱར་ན་བསྟན་པའི་ཏོག་ཞེས་པ་དེ་གདུགས་དཀར་ཞེས་པའི་གདུགས་དེའི་ཏོག་ལ་འཆད་དགོས་ཡང་། ནས་ཞེས་སྨོས་པས་སྐྱོན་ཆགས་པ་དང་། རྣམ་རོལ་ཅན་ཞེས་པའི་ཏོག་དང་བསྒྲེང་ཞེས་པའི་བསྒྲེང་བ་པོ་སྤྲུལ་སྐུ་རང་ལ་བྱེད་ན་བསྒྲེང་བ་དང་ཏོག་གཉིས་ཀར་འདོད་པ་མི་འགྲིག་ལ། དེ་ལྟར་མི་བྱེད་ན་རྣམ་རོལ་ཅན་ཞེས་པ་དེ། རྗེ་བླ་མའི་བསྟན་པ་ལ་བྱེད་དགོས་ཤིང་། དེ་ལ་བྱེད་ན་ནས་སྦྱར་བ་མི་ལེགས་པས། གདུགས་དཀར་མངོན་པར་མཐོ་བ་ནི། ཞེས་སྦྱར་ན་ཅུང་ཟད་ལེགས་ལ་དེ་ལྟར་སྦྱར་ན་སྐྱོན་ཅུང་ཟད་སྣང་སྟེ། སྔར་བཤད་པ་ལྟར་བསྟན་པ་ལ་བསྐལ་བཟང་ཞེས་སྦྱར་བའི་མངོན་བརྗོད་མི་ལེགས་ཤིང་། བསྐལ་བཟང་དང་གདུགས་དཀར་གཉིས་གཅིག་ཏུ་བྱེད་པ་དང་། བསྐལ་བཟང་ཞེས་པའི་བསྐལ་བཟང་གི་དོན་སྐལ་ལྡན་གྱི་གདུལ་བྱ་ལ་བྱེད་ན། བསྐལ་བཟང་གི་བསྟན་པ་འདི་ལ་སྦྱོར་ཞེས་པས་ཕུལ་ཅན་དུ་མི་རིགས་པའི་ཕྱིར་དང་། ཚིག་རྐང་དང་པོ་དེ་གཉིས་ཀྱིས་སྤྲུལ་སྐུའི་ཁྱད་ཆོས་བསྟན་དགོས་རྒྱུར་སྣང་ཡང་། བསྟན་པའི་ཁྱད་ཆོས་གཙོ་བོར་བཤད་པས་ཀྱང་སྦྱོར་ལུགས་ཅུང་ཟད་མི་ལེགས་པའི་ཕྱིར། དེས་ན་གལ་ཏེ་མཐོ་བ་ནི་ཞེས་འཆོས་ན། ཕྱི་མ་འདི་ཉིད་སྦྱར་རུང་ཙམ་སྣང་ལ། འོན་ཀྱང་སྙན་ངག་ཡིན་འདུག་རུང་སྡེབ་སྦྱོར་མི་ལེགས་པར་ལྟ་བུར། ཁོ་བོ་བློ་གྲོས་ཀྱི་མིག་ཆུང་ངུ་ཞིག་གིས་མཐོང་ཡང་། རང་ཉིད་འཁྲུལ་བ་ནི་མིན་ལས་ཆེ་ཞེས་ཞུའོ། །མཛད་བྱང་ནི། གཞན་གོ་སླ་ཡང་། བན་བུན་ལ་སྨྲས་པའོ་ཞེས་པ་ཡང་འགའ་ཞིག་ཏུ་འབྱུང་བས་དེ་ལྟར་ན། དེ་མོ་བ་རང་ཉིད་ཆང་འཐུང་ནས་གཟི་སྟེ་ཁྲལ་ཁྲུལ་དུ་སོང་བའི་སྐབས་སུ་སྨྲས་ཞེས་པར་སྣང་ལ། བན་བུན་གྱིས་སྨྲས་ཞེས་པ་ལྟར་ན། ར་གཟི་སྟེ་སྣང་བ་བན་བུན་དུ་སོང་བ་བདག་གིས་སྨྲས་ཞེས་པའོ། །དེ་ལྟར་ལུང་འདྲེན་སོགས་མེད་པར་མདོར་བསྡུས་མཐའ་དཔྱོད་དང་བཅས་ཞིག་མྱུར་དུ་བྲིས་ཏེ་ཕུལ་བ་ལགས་སོ། །སྨྲས་པ། རྒྱལ་ཀུན་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས། །རྒྱལ་སྲས་ཚུལ་གྱིས་སྙིགས་དུས་ས་སྟེང་འདིར། །རྒྱལ་བའི་བསྟན་པ་སྤེལ་བའི་ཕྱིར་བྱོན་ཞེས། །རྒྱལ་བོ་མངའ་འབངས་ཚོགས་ཀྱིས་མགྲིན་གཅིག་གླེང་། །འོན་ཏེ་མངོན་པར་ཤེས་པའི་མིག་བྲལ་ཡང་། །རང་རང་ཕྱོགས་སུ་ལྷུང་བའི་འདོད་ཞེན་གྱིས། །འདི་ཡིན་འདི་མིན་ཞེས་པའི་ཅ་ཅོའི་སྒྲ། །ཡངས་པའི་ས་ཆེན་འདི་ལ་ཁྱབ་པར་གྱུར། །དེ་ལྟ་མོད་ཀྱི་འཇིག་རྟེན་དབང་ཕྱུག་གི །རྣམ་པར་འཕྲུལ་བའི་མཐའ་ནི་ཡོད་མིན་པས། །མཆོག་དམན་བར་མའི་སྣང་ཚུལ་ཇི་སྙེད་པ། །ནམ་མཁའི་མཐའ་ལྟར་སུ་ཞིག་གཞལ་བར་ནུས། །དེ་ཕྱིར་གཅིག་ཏུ་འཛིན་པ་གང་ཡིན་ངེས། །རྒྱལ་བའི་རྣམ་འཕྲུལ་ཚད་འཛིན་འདོད་གྱུར་བ། །དེ་ནི་མཁས་མིན་བླུན་པོའང་མ་ཡིན་ཏེ། །སངས་རྒྱས་སྤྲུལ་པའི་མཐའ་དེ་རྙེད་འདོད་ཅིང་། །འཆི་འཕོ་ཀུན་བྲལ་འཕགས་མཆོག་སྤྱན་རས་གཟིགས། །སྐྱེ་འཆི་ཕྱེད་པར་འཛིན་ཕྱིར་སྐྱེས་བུ་དེ། །ཤེས་དང་མི་ཤེས་གཉིས་ཀའི་གཞི་མཐུན་དུ། །གྱུར་བ་གང་དེ་ཨེ་མའོ་ངོ་མཚར་རྨད། །འོན་ཀྱང་སྙིགས་མའི་ལུས་ཅན་མཐའ་དག་དང་། ཁྱད་པར་གངས་ཅན་འགྲོ་བའི་ལྷ་སྐལ་ཆེ། །ཕྱག་ན་པདྨོ་ལས་གཞན་ཆོས་སྲིད་ཟུང་། །ཡོངས་སུ་རྫོགས་པར་འཛིན་པ་ཡོད་མ་ཡིན། །གང་དེའི་རྣམ་པར་འཕྲུལ་བ་མཐའ་ཡས་ཀྱང་། །བོད་ཀྱི་ཆོས་རྒྱལ་བཅུ་དང་པཎ་གྲུབ་བདུན། །ངུར་སྨྲིག་འཆང་བ་ལྔར་བཅས་བྱོན་པ་སྟེ། ཁ་ཅིག་དྲུག་པ་མི་འདྲར་གཉིས་སུ་འདོད། །དེ་ཕྱིར་བདུན་པ་འདི་ལའང་མི་མཐུན་པའི། །འཛིན་ཚུལ་ཐ་དད་སྣང་ཡང་དྲུག་པ་ཉིད། །བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་རུ། །བོད་རྗེ་གནས་ལྔ་རིགས་པའི་པཎ་ཆེན་ནི། །ཆོས་ཀྱི་རྒྱལ་བོ་སངས་རྒྱས་རྒྱ་མཚོ་ཡིས། །བརྟགས་དཔྱད་དུ་མར་ལྡན་པའི་ལུང་བསྟན་བཅས། །བསྒྲུབས་པའི་བློ་གྲོས་མིག་དང་རབ་ལྡན་ཞིང་། །གཟུར་གནས་མཁས་པ་རྣམས་ཀྱིས་བཞེད་པར་ངེས། །མ་རུང་སྙིགས་མའི་སེམས་ཅན་དམུ་རྒོད་རྣམས། །ཉོན་མོངས་གདོན་གྱིས་ཟིན་པའི་རླུང་ཤུགས་ཀྱིས། །རྒྱལ་སྲས་ཉི་མ་དྲུག་པ་ཤར་མ་ཐག །ཆུ་ལྷའི་ཕྱོགས་ལས་རང་དབང་མེད་པར་བསྐྲད། །དེ་ཉིད་སླར་ཡང་དབང་ཕྱོགས་ས་འཛིན་རྩེར། །འཐོན་ཡང་མ་རིག་མུན་པས་བསྒྲིབ་གྱུར་པའི། །དམུས་ལོང་འགའ་ཡིས་ད་དུང་མ་ཤར་བའི། །གནས་སུ་འཛིན་པ་འདི་ན་མངོན་སུམ་མཐོང་། ཁོ་བོ་བྱིས་པ་ལྟ་བུས་ཅི་ཤེས་ཀྱང་། །ཆོས་ཀྱི་རྒྱལ་པོ་སངས་རྒྱས་རྒྱ་མཚོ་ལ། །འཕྲུལ་པ་ནམ་ཡང་སྲིད་པ་མ་ཡིན་ཞེས། །འདི་ཡི་བཞེད་པ་ཇི་ལྟར་དེ་ནི་འདོད། །ཞེས་བྱ་བ་རྣམས་ཀཱིརྟཱིའི་མིང་ཅན་གྱིས་ཆལ་ཆོལ་དུ་སྨྲས་པའོ། །སརྦ་མངྒ་ལཾ།། །།

འདུས་པའི་རྩ་རྒྱུད་ཕྱི་མ་དང་བཅས་པའི་གཞུང་གི་དོན་ཚན་སོ་སོའི་ངོས་འཛིན་རྒྱུད་ཀྱི་སྒོ་འཕར་འབྱེད་པའི་ལྡེ་མིག

འདུས་པའི་རྩ་རྒྱུད་ཕྱི་མ་དང་བཅས་པའི་གཞུང་གི་དོན་ཚན་སོ་སོའི་ངོས་འཛིན་རྒྱུད་ཀྱི་སྒོ་འཕར་འབྱེད་པའི་ལྡེ་མིག་ཅེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྡོ་རྗེ་འཆང་དབང་རྗེ་བཙུན་ཙོང་ཁ་པ། །ཡབ་སྲས་རྒྱུད་པར་བཅས་པའི་ཞབས་བཏུད་ནས། །རྒྱུད་ཀྱི་་དགོངས་པ་འགྲེལ་པའི་ལྡེ་མིག་མཆོག །གཞུང་ཚན་སོ་སོའི་ངོས་འཛིན་བཤད་པར་བྱ། འདི་ལ་བཞི། རྒྱུད་ཀྱི་མཚན། འགྱུར་གྱི་ཕྱག །གཞུང་དངོས། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་སྐད་དུ། ཞེས་པ་ནས། རྒྱུད་ཀྱི་རྒྱལ་པོ་ཆེན་པོའོ། །ཞེས་པའི་བར་རོ། །གཉིས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ཞེས་པའོ། །གསུམ་པ་ལ། ལེའུ་་དང་པོ་སོགས་བཅུ་བདུན་ཡོད་པའི་དང་པོ་ལ་གཉིས། །ལེའུའི་གཞུང་དང་། ལེའུའིི་མཚན་ནོ། །དང་པོ་ལ་གཉིས། གླེང་གཞི་དང་། དཀྱིལ་འཁོར་གཉིས་ཀྱི་རིམ་པ་གཉིས་ཀྱི་ལམ་བཤད་པ་དང་། དེའི་སྔོན་དུ་དབང་བསྐུར་བའི་དཀྱིལ་འཁོར་རོ། །དང་པོ་ལ་བཞི། གླེང་གཞི། གཟུངས་དཀྱིལ། །བསྡུས་དཀྱིལ། དེ་རྣམས་ལ་ཆེད་དུ་བརྗོད་པ་བྱས་ཚུལ་ལོ། །དང་པོ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག །ཞེས་པ་ནས། ནམ་མཁའི་་དབྱིངས་ཐམས་ཅད་ཤིན་ཏུ་གང་བར་སྣང་བར་གྱུར་ཏོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་ནས། ལ་ལ་ནི་རེག་གི་ངོ་བོ་ལྟ་བུ་དེར་ཡང་དག་པར་གནས་པར་གྱུར་ཏོ་ཞེས་པའི་བར་རོ། །གསུམ་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས། དེ་བཞིན་གཤེགས་པ་མི་བསྐྱོད་པས་ནས། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལ་ཞུགས་་སོ་ཞེས་པའི་བར་རོ། །གཉིས་པ་ལ་གཉིས། ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་དང་། དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་བཤད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནས། བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་ཏོ་ཞེས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནས། དེ་བཞིན་གཤེགས་པ་་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ་ཞེས་སོ། །བཞི་པ་ཆེན་བརྗོོད་ནི། དེ་ནས་དེ་བཞིན་གཤེགས་པ་ནས། རབ་ཏུ་མི་རྟོག་ནས་མེད་པའོ་ཞེས་སོ། །གཉིས་པ་དབང་གི་དཀྱིལ་འཁོར་ལ་བཞི། ཕྱག་འཚལ་བ་སྔོན་དུ་བཏང་ནས་གསོལ་བ་གདབ་པ། དེ་ལ་སྟོན་པས་རྒྱུད་དོན་རྟོགས་པར་དཀའ་བ་སྤྲོ་བ་མེད་པར་བསྟན་པ། འཁོར་རྣམས་ཀྱིས་སླར་ཡང་བསྐྱར་ཏེ་གསོལ་བ་གདབ་པ། དེའི་ལན་དུ་དཀྱིལ་འཁོར་སྤྲུལ་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། དེ་ཉིད་བཅོམ་ལྡན་བཤད་དུ་གསོལ་ཞེས་སོ། །གཉིས་པ་ནི་དེ་ནས་བཅོམ་ལྡན་འདས་ནས། བྱང་ཆུབ་སེམས་དཔའ་གཞན་རྣམས་ལྟ་ཅི་སྨོས་ཞེས་སོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་འདས་ནས། ཡང་དག་པར་བསྟན་དུ་གསོལ་ཞེས་སོ། །བཞི་པ་ལ་གསུམ། རིགས་ལྔ་སྤྲུལ་བ། ཡུམ་བཞི་སྤྲུལ་བ། ཁྲོ་བོ་བཞི་སྤྲུལ་བའོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བྱང་ཕྱོགས་སུ་བཞུགས་སོ་ཞེས་སོ། །གཉིས་པ་ནི། ཞེ་སྡང་གཏི་མུག་འདོད་ཆགས་དང་ནས། ཐར་བ་རབ་སྒྲུབ་པའོ་ཞེས་སོ། །གཉིས་པ་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། དེ་ནས་ཡང་བཅོམ་ལྡན་འདས་ནས། བྱང་ཕྱོགས་ཀྱི་གྲར་བཞུགས་སོ་ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། ཕུན་སུམ་ཚོགས་པའོ་ཞེས་སོ། །གསུམ་པ་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནས། བྱང་ཕྱོགས་ཀྱི་སྒོར་བཞུགས་སོ་ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། དཀྱིལ་འཁོར་གྱི་དམ་ཚིག་སེམས་དཔའ་རྣམས་སོ་ཞེས་སོ། །གཉིས་པ་མཚན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནས། ལེའུ་སྟེ་དང་པོའོ་ཞེས་པའི་བར་རོ། །གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། ཕྱག་མཆོད་སྔོན་དུ་བཏང་ནས་གསོལ་བ་གདབ་པ། དེའི་ལན་བཤད་པ། དེ་ལ་མཆོད་བརྗོད་བྱས་པའི་ཚུལ་ལོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་པ་ནས། བཅོམ་ལྡན་སྙིང་པོ་བཤད་དུ་གསོལ་ཞེས་པའི་བར་རོ། །གཉིས་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ། བྱང་ཆུབ་ཀྱི་སེམས་བསྐྱེད་པར་གདམས་ཤིང་གདམས་པ་ལྟར་དུ་བསྐྱེད་པ། དོན་དེ་དེ་བཞིན་གཤེགས་པ་དྲུག་གིས་གསུངས་ཚུལ་ལོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་ལ་གཉིས། དངོས་དང་། ཆེད་བརྗོད་མཛད་པའི་ཚུལ་ལོ། །དང་པོ་ནི། ཁྱེད་ཀྱིས་སེམས་ལུས་ལྟ་བུ་དང་ནས། འདི་ཆེད་དུ་བརྗོད་དོ་ཞེས་སོ། །གཉིས་པ་ནི། ཨ་མའོ་ཀུན་ཏུ་བཟང་པོ་ཡི་ནས། སྐྱེ་བ་འདི་ནི་རབ་ཏུ་བསྒྲགས་ཞེས་སོ། །གསུམ་པ་ལ་དྲུག །རྡོ་རྗེ་འཆང་གིས་གསུངས་པའི་བྱང་ཆུབ་ཀྱི་སེམས། དེ་བཞིན་དུ་རྣམ་སྣང་། མི་བསྐྱོད་པ། རིན་འབྱུང་། སྣང་མཐའ། དོན་གྲུབ་ཀྱིས་གསུངས་པའི་བྱང་ཆུབ་ཀྱིས་སེམས་སོ། །དང་པོ་ལ་གཉིས། བྱང་ཆུབ་ཀྱི་སེམས་གསུངས་པའི་ཏིང་ངེ་འཛིན་དང་། གསུངས་པའི་བྱང་ཆུབ་ཀྱི་སེམས་སོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གཉིས་པ་ནི། དངོས་པོ་མེད་པས་སྒོམ་པ་མེད་ནས། དེ་བཞིན་གཤེགས་པས་གསུངས་སོ་ཞེས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ནས། རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་འདས་ནས། མི་བསྐྱོད་པས་གསུངས་སོ། །བཞི་པ་ནི། དེ་ནས་བཅོམ་ལྡན་འདས་ནས། རིན་ཆེན་དཔལ་གྱིས་གསུངས་སོ། །ལྔ་པ་ནི། དེ་ནས་བཅོམ་ལྡན་འདས་ནས། ཚེ་དཔག་ཏུ་མེད་པས་གསུངས་སོ། །དྲུག་པ་ནི། དེ་ནས་བཅོམ་ལྡན་འདས་ནས། གྲུབ་པ་གདོན་མི་ཟ་བས་གསུངས་སོ། །གཉིས་པ་ཆེད་བརྗོད་ནི། དེ་ནས་བྱམས་པ་ལ་སོགས་པ་ནས། བྱང་ཆུབ་སེམས་ལ་ཕྱག་་འཚལ་ལོ་ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། བྱང་ཆུབ་སེམས་ཀྱི་ལེའུ་སྟེ་གཉིས་པའོ་ཞེས་པའི་བར་རོ། །གསུམ་པ་རྡོ་རྗེ་བཀོད་པའི་ལེའུ ས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། ཕྲ་མོ་སྒོམ་པའི་རྟེན་ལྷའི་རྣལ་འབྱོར། ཕྲ་མོའི་རྣལ་འབྱོར་སྒོམ་པ། ལྷའི་སྐྱེད་ཆོག་གི་རིམ་པ་བསྟན་པའོ། །དང་པོ་ལ་བཞི། སྡུད་པ་པོའི་ཚིག་གིས་ལེའུ་ལ་འཇུག་པ། ལྷ་བསྐྱེད་པའི་ཡན་ལག་ཏུ་གྱུར་པའི་སྔགས་བསྟན་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་ཚུལ། ལྷ་རྣམས་བསྐྱེད་པའི་ཡན་ལག་དང་པོ་སྦྱོར་བ་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། ལེའུ་འདི་གསུངས་སོ་ཞེས་པའི་བར་རོ། །གཉིས་པ་ནི། ༀ་ཤཱུནྱ་ཏ་ནས་ཨཱཏྨ་ཀོ་ཧཾ་ཞེས་སོ། །གསུམ་པ་ལ་གཉིས། དཀྱིལ་འཁོར་གཉིས་སྒོམ་ཚུལ་མདོར་བསྟན་པ་དང་། གཙོ་བོ་འཕོ་ཚུལ་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ནས་གཟུགས་ནི་དབུས་སུ་བསྒོམ་པར་བྱ་ཞེས་སོ། །གཉིས་པ་ལ་གཉིས། རིགས་སོ་སོའི་གཙོ་བོ་འཕོ་ཚུལ་དང་། དེ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་བསྟན་པའོ། །དང་པོ་ནི། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ་ནས། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་སོ། །གཉིས་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནས། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་སོ། །བཞི་བ་དང་པོ་སྦྱོར་བ་ནི། དེ་ནས་བཅོམ་ལྡན་འདས་ནས། དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ། ཞེས་སོ། །གཉིས་པ་ཕྲ་མོའི་རྣལ་་འབྱོར་བསྒོམ་པ་ནི། རིན་ཆེན་ཆེན་པོ་ཁ་དོག་ལྔ་ནས། སྤྲོ་བའི་བདག་ཉིད་ཅན་གྱིས་སྤྲོ་ཞེས་སོ། །གསུམ་པ་ལྷའི་སྐྱེད་ཆོག་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ནས། ཐམས་ཅད་མཁྱེན་པའི་ཚུལ་འཐོབ་པའོ་ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། ལེའུ་སྟེ་གསུམ་པའོ། །བཞི་བ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ་བསྟོད་པ་སྔོན་དུ་འགྲོ་བས་སྟོན་པ་ལ་དཀྱིལ་འཁོར་བཤད་པར་གསོལ་བ་གདབ་པ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྟོན་པའི་གསུང་གིས་དཀྱིལ་འཁོར་བཤད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ནས་སྟོན་པ་རྡོ་རྗེ་འཛིན་ནས། དཀྱིལ་འཁོར་རབ་ཏུ་ཉམས་དགའ་བཤད་ཞེས་སོ། །གསུམ་པ་ལ་གཉིས། བཤད་པར་དམ་བཅའ་བ་དང་། བཤད་པ་དངོས་སོ། །དང་པོ་ནི། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག་ནས། བཤད་པར་བྱ་ཞེས་སོ། །གཉིས་པ་ལ་བཞི། ཐིག་གདབ་པ། ཕྱག་རྒྱ་དགོད་པ། མཇུག་བསྡུས་ཏེ་གཞན་དུ་ཁ་འཕང་བ། དཀྱིལ་འཁོར་ལ་མཆོད་པའོ། །དང་པོ་ནི། ལུས་ངག་སེམས་ནི་བསྒོམས་པ་ཡིས་ནས། རབ་ཏུ་ཟླུམ་པོ་བྲི་བར་བྱ་ཞེས་སོ། །གཉིས་པ་ནི། དེ་ནས་ལས་ཀྱི་ཆོ་ག་ནི་ནས། བྱང་གི་ཕྱོགས་སུ་རྡོ་རྗེ་བྲི་ཞེས་སོ། །གསུམ་པ་ནི། ཐུགས་ཀྱི་དཀྱིལ་འཁོར་་དམ་པ་དེ། ཡོངས་སུ་གསལ་བར་ཤེས་བྱས་ནས་ཞེས་སོ། །བཞི་པ་ལ་གསུམ། མཆོད་པ་སྤྱིར་བསྟན་པ། ཁྱད་པར་བའི་མཆོད་པ། དེས་མཆོད་པའི་ཕན་ཡོན་ནོ། །དང་པོ་ནི། ལུས་དང་ངག་སེམས་མཆོད་པ་ཡིས། །ནན་ཏན་དུ་ནི་མཆོད་པར་བྱ་ཞེས་སོ། །གཉིས་པ་ལ་གཉིས། ནང་གི་མཆོད་པ་དང་། ལུས་ཀྱི་རྒྱུ་མཐུན་གྱི་མཆོད་པའོ། །དང་པོ་ནི། བུད་མེད་རབ་ཏུ་མདངས་བཟང་བ་ནས། ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན་ཞེས་སོ། །གཉིས་པ་ནི། བཤང་གཅི་ཁུ་བ་ཁྲག་ལ་སོགས། ལྷ་རྣམས་ལ་ནི་དབུལ་བར་བྱ། །ཞེས་སོ། །གསུམ་པ་ཕན་ཡོན་ནོ། །དེ་ལྟར་བྱས་ན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་གྲགས་ཆེན་མཉེས་ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཞེས་པ་ནས། ལེའུ་སྟེ་བཞི་པའོ་ཞེས་པའི་བར་རོ། །ལྔ་པ་ཀུན་ཏུ་སྤྱོད་པ་མཆོག་གི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་དྲུག །སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། བླ་ན་མེད་པའི་ཐེག་པའི་ཆེ་བ་བསྟན་པ། ཐེག་པ་དེས་བགྲོད་པའི་གང་ཟག་འགལ་བའི་ཚིག་གིས་བསྟན་པ་སྤྱོད་པ་བྱ་ཚུལ་ཕན་ཡོན་དང་བཅས་པ། མ་འོངས་པའི་དབང་དུ་བྱས་པའི་རྩོད་པ་སྤང་བ། དེ་ལྟར་བཤད་པ་ལ་འཁོར་རྣམས་ཀྱིས་བསྟོད་པའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ནི། ཞེས་པ་ནས། སྤྱོད་པའི་མཚན་ཉིད་བཀའ་་སྩལ་ཏོ་ཞེས་པའི་བར་རོ། །གཉིས་པ་ལ་བཞི། རྒྱུད་ཉོན་མོངས་ཀྱིས་ཤིན་ཏུ་འ ཁྲུགས་པས་ཀྱང་བསྒྲུབས་ན་འགྲུབ་པའི་ཐེག་པའི་ཆེ་བ། རིགས་དང་བྱ་བ་ལ་སོགས་སྨད་པ་རྣམས་ཀྱིས་ཀྱང་བསྒྲུབས་ན་འགྲུབ་པའི་ཐེག་པའི་ཆེ་བ། མཚམས་མེད་ལ་སོགས་པའི་སྡིག་པ་ཆེན་པོ་བྱེད་པས་ཀྱང་བསྒྲུབས་ན་འགྲུབ་པའི་ཐིག་པའི་ཆེ་བ། བླ་མའི་མཆོག་ཐེག་པ་འདི་བླ་མ་ལ་སྨོད་པས་བསྒྲུབས་ཀྱང་འགྲུབ་མི་སྲིད་པར་བསྟན་པའོ། །དང་པོ་ནི། རྣམ་པར་མི་རྟོག་དོན་ལས་བྱུང་། ནས། རབ་མཆོག་སྒྲུབ་པར་བྱེད་ཅེས་སོ། །གཉིས་པ་ནི། རིགས་ངན་སྨིག་མ་མཁན་ལ་སོགས་ནས། འདི་ལ་འགྲུབ་བར་འགྱུར་ཞེས་སོ། །གསུམ་པ་ནི། སེམས་ཅན་མཚམས་མེད་ལ་སོགས་པའི་ནས། འདི་ལ་འགྲུབ་ཅེས་སོ། །བཞི་པ་ནི། སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་འགྲུབ་པར་ཡོང་མི་འགྱུར་ཅེས་སོ། །གསུམ་པ་གང་ཟག་འགལ་བའི་ཚིག་གི་བསྟན་པ་ནི། སྲོག་གཅོད་པ་ཡི་སེམས་ཅན་གང་ནས། དེ་དག་སྒྲུབ་པའི་སྣོད་དུ་གྱུར་ཞེས་སོ། །བཞི་པ་སྤྱོད་པ་ཕན་ཡོན་དང་བཅས་པ་ལ་གཉིས། སྤྲོས་མེད་ཀྱི་སྤྱོད་པ་བསྡུས་པ་དང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་་འཕྲོས་དང་བཅས་པའོ། །དང་པོ་ནི། མ་དང་སྲིང་མོ་བུ་མོ་ལ་ནས། དངོས་གྲུབ་རྒྱ་ཆེ་དེས་ཐོབ་པོ་ཞེས་སོ། །གཉིས་པ་ནི། སངས་རྒྱས་གཙོ་བོ་་ཡུམ་དག་ལ་ནས། དེ་ནི་སངས་རྒྱས་འགྲུབ་པར་འགྱུར་ཞེས་སོ། །ལྔ་པ་མ་་འོངས་པའི་དབང་དུ་བྱས་པའི་རྩོད་པ་སྤོང་བ་ལ་གསུམ། འཁོར་རྣམས་ཀྱིས་ཞུས་པ་དང་། སྟོན་པས་དེའི་ལན་བཏབ་པ་དང་། ལན་གྱི་དོན་རྟོགས་པའི་་འབྲས་བུའོ། །དང་པོ་ནི། དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནས། ཚིག་ངན་པ་གསུང་ཞེས་གསོལ་ཏོ་ཞེས་སོ། །གཉིས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། བྱང་ཆུབ་སྤྱོད་པའི་གནས་འདི་ཡིན་ཞེས་སོ། །གསུམ་པ་ལ་གཉིས། ལན་གྱི་དོན་རྟོགས་ནས་བརྒྱལ་བ་དང་། བརྒྱལ་བ་ལས་བསླངས་པའོ། །དང་པོ་ནི། དེ་ནས་ཡང་བརྗོད་ཀྱིས་མི་ལང་བའི་ནས། བརྒྱལ་བར་འགྱུར་ཏོ་ཞེས་སོ། །གཉིས་པ་ལ་གཉིས་བསླང་བར་གསོལ་བ་དང་། བསླང་བ་དངོས་སོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། བླང་བར་གསོལ་ཞེས་སོ། །གཉིས་པ་ནི། དེ་ན་བཅོམ་ལྡན་ནས། རང་རང་གི་སྟན་ལ་གནས་པར་གྱུར་ཏོ་ཞེས་སོ། །དྲུག་པ་བསྟོད་པ་ལ་གཉིས། ཆོས་བསྟན་པའི་སྒོ་ནས་བསྟོད་པ་དང་། རིགས་ལྔའི་སྒོ་ནས་བསྟོད་པའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། ཆོས་དོན་དག་པ་བདག་མེད་པ་ཞེས་སོ། །གཉིས་པ་ནི། རྡོ་རྗེ་རྒྱལ་པོ་ཕྱག་འཚལ་འདུད་ནས། སྤྱོད་པའི་གནས་ལ་ཕྱག་འཚལ་འདུད་ཅེས་པའི་བར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནས། ལེའུ་སྟེ་ལྔ་བའོ་ཞེས་པའི་བར་རོ། །དྲུག་པ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང དང་། ལེའུའི་མཚན་ནོ། །དང་པོ་ལྔ་ལྔ། སྐུ་གསུངས་ཐུགས་བྱིན་གྱིས་བརླབས་པ་དང་། མཆོད་པའི་ཆོ་ག །རྫོགས་རིམ་དང་བྲལ་ན་ཚེ་འདིར་མཆོག་མི་འགྲུབ་པ། ཕྲ་མོའི་རྣལ་འབྱོར་སྒོམ་ཚུལ། སྤྱོད་པའི་ཆོ་གའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། དེ་ཉིད་གསལ་བར་བཤད་པའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ཞེེས་པ་ནས། སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ་ཞེས་པའི་བར་རོ། །གཉིས་པ་ནི། རྡོ་རྗེ་གསུམ་པོ་དེ་བཞིན་གཤེགས་པའི་གསང་ནས། བསྒྲུབ་པ་ཉིད་་དུ་བྱ་ཞེས་སོ། །གཉིས་པ་མཆོད་པའི་ཆོ་ག་ལ་གསུམ། རྗེས་སུ་ཆགས་པའི་སྦྱོར་བ་དང་། བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་དང་། རྫོགས་རིམ་པའི་མཆོད་པ་གཞན་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས། ཨ་ནུ་ར་ག་ན་ནས། ཨཏྨ་ཀོ་ཧཾ་ཞེས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་ནས། སངས་རྒྱས་ཚུལ་བཞིན་མཆོད་པར་བྱ་ཞེས་སོ། །གསུམ་པ་ནི་མཆོད་པ་རྣམ་པ་ལྔ་རྣམས་ཀྱིས་ནས། རྡོ་རྗེ་འཆང་བས་གསུངས་སོ་ཞེས་སོ། །གསུམ་པ་རྫོགས་རིམ་མེད་ན་མཆོག་མི་འགྲུབ་པ་ལ་གཉིས། མཚམས་སྦྱར་བ་དང་། དོན་དངོས་སོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས། གསང་བ་འདི་གསུངས་སོ་ཞེས་སོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྔགས་ལ་དམིགས་པའི་ལུས་དང་ནི་ནས། དངོས་གྲུབ་རབ་མཆོག་བསྒྲུབ་པར་བྱ་ཞེས་སོ། །གཉིས་པ་ལ་གསུམ། སེམས་དམིགས་ལ་སོགས་རིམ་པ་གསུམ་བཤད་པ། ཡེ་ཤེས་ཀྱི་སྐུ་བསྐྱེད་པ་མེད་ན་ཚེ་འདིར་མཆོག་མི་འགྲུབ་པར་བསྟན་པ། ཟུང་འཇུག་གི་རིམ་པ་བཤད་པའོ། །དང་པོ་ནི། སེམས་ལ་དམིགས་པ་བདག་མེད་པ་ནས། ངོ་བོ་ཉིད་ནི་དམིགས་སུ་མེད་ཅེས་སོ། །གཉིས་པ་ནི། སྔགས་ཀྱི་ལུས་སུ་སྦྱོར་བ་ལ། བྱང་ཆུབ་མེད་ཅིང་བསྒོམ་པའང་མེད་ཅེས་སོ། །གསུམ་པ་ནི། སྐུ་གསུང་ཐུགས་ཀྱི་མཚན་ཉིད་ནི་ནས། བྱང་ཆུབ་སྦྱོར་བ་བསྒོམ་པར་བྱ་ཅེས་སོ། །བཞི་པ་ཕྲ་མོའི་རྣལ་འབྱོར་ལ་བཞི། མཚམས་སྦྱར་ཏེ་སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྟེན་གང་ལ་གནས་ནས་ཕྲ་མོའི་རྣལ་འབྱོར་བསྒོམ་པ། དཀྱིལ་འཁོར་བཞིའི་བཟླས་པ། ཕྲ་མོའི་རྣལ་འབྱོར་གཞན་བསྟན་པའོ། །དང་པོ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། ནས། གོམ་པའི་མཆོག་ནི་བཀའ་སྩལ་ཏོ་ཞེས་སོ། །གཉིས་པ་ལ་གཉིས། ཕྲ་མོའི་རྣལ་འབྱོར་བསྒོམ་པའི་རྟེན་ལྷའི་རྣལ་འབྱོར་བསྟན་པ་དང་། ཕྲ་མོའི་རྣལ་འབྱོར་ཉིད་བཤད་པའོ། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ནས། ཕྲ་མོའི་སྦྱོར་བ་ཀུན་ཏུ་བརྩམ་ཞེས་་སོ། །གཉིས་པ་ནི། སྣའི་རྩེ་མོར་ནས། གསང་བའི་ཡེ་ཤེས་ཀྱིས་བརྟགས་བསྒོམ་ཞེས་སོ། །གསུམ་པ་དཀྱིལ་འཁོར་བཞིའི་བཟླས་པ་ལ་ལྔ། གྱེན་རྒྱུ་འོད་དཔག་མེད་ཀྱི་རྡོར་བཟླས། སྲོག་འཛིན་མི་བསྐྱོད་པའི་རྡོར་བཟླས། ཐུར་སེལ་རིན་འབྱུང་གི་རྡོར་བཟླས། རླུང་རེ་རེ་རྒྱུ་བ་ན་འཁོར་གྱི་རྒྱུ་ཚུལ་བཟླས་པའི་གྲང་དང་བཅས་པའོ། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ནས། གནས་བཞག་གོ་ཧཱུཾ་ཞེས་སོ། །གཉིས་པ་ནི། ནམ་མཁའི་དབྱིངས་ནས། རྣམ་པར་བསྒོམ་ཞེས་སོ། །གསུམ་པ་ནི། ནམ་མཁའི་དབྱིངས་ནས། ཡོངས་སུ་བསྒོམ་ཅེས་སོ། །བཞི་པ་ནི། ནམ་མཁའི་དབྱིངས་ནས། ཚུལ་ནི་ཞི་བ་སྤྲོ་ཞེས་སོ། །ལྔ་པ་ནི། འཁོར་ཡང་ཁྱད་པར་དག་ཏུ་སྤྲོ་ཞེས་སོ། །བཞི་པ་ཕྲ་མོའི་རྣལ་འབྱོར་གཞན་ལ་གཉིས། རྫོགས་རིམ་པའི་རྣལ་འབྱོར་ཕོ་མོ་གཉིས་ཀའི་གསང་གནས་ཀྱི་རྩེར་ཕྱག་མཚན་ཕྲ་མོ་བསྒོམ་ཚུལ་དང་། དེ་བསྒོམ་པའི་དགོས་པའོ། །དང་པོ་ནི། ཨུཏྤལ་ཐིང་ཀའི་མདོག་འདྲ་བ། ནས། སྒོམ་པ་དེ་ནི་བརྟག་པར་བྱ་ཞེས་སོ། །གཉིས་པ་ནི། དངོས་གྲུབ་ཐམས་ཅད་ཡོན་ཏན་གནས། ནས། ཆོས་ཀྱི་ཚིག་རྣམས་རབ་ཏུ་བརྗོད་ཅེས་སོ། །ལྔ་པ་སྤྱོད་པའི་ཆོ་ག་ལ་བཞི། མཚམས་སྦྱར་ཏེ་སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྤྱོད་པ་་དངོས་བསྟན་པ། ཁ་ཟས་ཀྱི་ཁྱད་པར་བསྟན་པ། དེ་དག་གི་ཕན་ཡོན་ནོ། །དང་པོ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། ནས། བཀའ་སྩལ་ཏོ་ཞེས་་སོ། །གཉིས་པ་ནི། གཟུགས་དང་སྒྲ་དང་རོར་ལྡན་པ་ནས། མཆོད་ནས་བསྒོམ་པར་བྱ་ཞེས་སོ། །གསུམ་པ་ནི། དངོས་གྲུབ་འབྲས་བུ་འདོད་པ་ཡིས། ནས། ཟས་གཞན་དག་ནི་མ་ཟོས་ན་ཞེས་སོ། །བཞི་པ་ནི། བྱང་ཆུབ་སེམས་དཔའ་བློ་ཆེན་དང་། ཞེས་པ་ནས། ལུས་ངག་སེམས་ལས་་འདའ་བའོ་ཞེས་པའི་བར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཞེས་པ་ནས། ལེའུ་སྟེ་དྲུག་པའོ་ཞེས་པའི་བར་རོ། །བདུན་པ་སྔགས་ཀྱི་་སྤྱོད་པ་མཆོག་གི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་ལྔ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྤྱོད་པ་གསུམ་བསྟན་པ། རྗེས་དྲན་དྲུག་གིས་དག་པའི་ལྷའི་སྐུ་བསྐྱེད་པ། རྣལ་འབྱོར་བ་ཐམས་ཅད་ཀྱི་སྙོམས་འཇུག་གི་ཆོ་ག །རྗེས་དྲན་བཅུ་དྲུག་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། ལེའུའི་འདི་གསུངས་སོ་ཞེས་པའི་བར་རོ། །གཉིས་པ་ལ་གསུམ། འདོད་ཡོན་ལ་ཆགས་པ་ལམ་བྱེད་ཀྱི་སྤྱོད་པས་བྱང་ཆུབ་སྒྲུབ་དགོས་པར་བསྟན་པ། ལམ་འདི་ལ་བརྟེན་ན་སངས་རྒྱས་བྱང་སེམས་བྱོན་ཟིན་པ་རྣམས་ཀྱིས་ཀྱང་སྤྱོད་པ་འདིས་འབྲས་བུ་བརྙེས་པར་བསྟན་པ། འདོད་ཡོན་ལ་ལོངས་སྤྱོད་པའི་དུས་ཀྱི་བསྒོམ་བསམ་བསྟན་པའོ། །དང་པོ་ལ་གསུམ། སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པས་འདོད་ཡོན་མི་དགག་པར་ཇི་ལྟར་འདོད་པ་བསྟེན་པ། སྤྲོས་མེད་ཀྱི་སྤྱོད་པ་བྱེད་པས་འདོད་ཡོན་ཇི་ལྟར་འདོད་པ་བསྟེན་ཅིང་ལུས་ཀྱི་གདུང་བ་དགག་པ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པས་འདོད་ཡོན་བསྟེན་ནས་སྒོ་གསུམ་བདེ་བར་གནས་པར་བྱའོ། །དང་པོ་ནི། འདོད་པའི་ལོངས་་སྤྱོད་ཐམས་ཅད་ལ། ཞེས་པ་ནས། སངས་རྒྱས་མྱུར་དུ་ཐོབ་པར་འགྱུར་ཞེས་པའི་བར་རོ། །གཉིས་པ་ནི། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། ནས། བསྟེན་ན་མྱུར་དུ་འགྲུབ་བར་འགྱུར་ཞེས་སོ། །གསུམ་པ་ནི། སློང་མོ་ཟ་ཞིང་མི་བཟླ་སྟེ། །ནས་དམྱལ་བར་ངེས་པར་སྲེག་པར་འགྱུར་ཞེས་སོ། །གཉིས་པ་ལམ་འདི་ལ་བརྟེན་ནས་སྤྱོད་པས་འབྲས་བུ་བསྙེས་པར་བསྟན་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ནས། འདོད་པ་ཐམས་ཅད་བསྟེན་པས་སོ་ཞེས་སོ། །གསུམ་པ་འདོད་ཡོན་ལ་སྤྱོད་པའི་དུས་ཀྱི་སྒོམ་བསམ་ལ་གཉིས། །འདོད་ཡོན་བསྟེན་ཚུལ་མདོར་བསྟན་དགོས་པ་དང་བཅས་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། ནས། བྱང་ཆུབ་ཉི་མ་ཆགས་པར་བྱ་ཞེས་སོ། །གཉིས་པ་ལ་གཉིས་གཟུགས་སོགས་ཐབས་ཀྱི་ལྷར་བསྒོམ་པ་དང་། ཤེས་རབ་ཀྱི་ལྷར་བསྒོམ་པའོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། ནས། མི་བསྐྱོད་པའི་ཚུལ་བརྙེས་པའོ་ཞེས་སོ། །གཉིས་པ་ནི། གཟུགས་སྒྲ་རོ་ལ་་སོགས་པ་ལ། ནས། སྙིང་པོ་བཏུས་པའོ་ཞེས་སོ། །གཉིས་པ་གཟུགས་་སོགས་ཤེས་རབ་ཀྱི་ལྷར་བསྒོམ་པ་ནི། གཟུགས་སྒྲ་དྲི་སོགས་སྔགས་པ་ཡིས། ནས། ཚུལ་དུ་རྣམ་པར་བསྒོམ་ཞེས་སོ། །གསུམ་པ་རྗེས་དྲན་དྲུག་གི་ལྷའི་སྐུ་བསྐྱེད་པ་ནི། སངས་རྒྱས་རྗེས་སུ་དྲན་པར་སྦྱོར། ནས། བསྒོམ་ན་བྱང་ཆུབ་ཐོབ་བར་འགྱུར་ཞེས་སོ། །བཞི་པ་སྙོམས་འཇུག་གི་ཆོ་ག་ལ་གཉིས། རིམ་གཉིས་ཐུན་མོང་བའི་སྙོམས་འཇུག་གི་ཆོ་ག་དང་། བསྐྱེད་རིམ་པའི་སྙོམས་འཇུག་གི་ཆོ་ག་བྱེ་བྲག་དུ་བཤད་པའོ། །དང་པོ་ནི། བུད་མེད་རབ་ཏུ་མདངས་བཟང་བ། ནས། སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར་ཞེས་་སོ། །གཉིས་པ་ནི། ཡི་གེ་ཧཱུཾ་དང་ༀ་དག་དང་། ནས། ཡིད་དུ་འོང་བ་བསྒོམ་པར་བྱ་ཞེས་སོ། །ལྔ་པ་རྗེས་དྲན་བཅུ་དྲུག་འཆད་པ་ལ་གསུམ། མདོར་བསྟན་པ་དང་། རྒྱས་པར་བཤད་པ། དེ་དག་གི་འབྲས་བུ་བསྟན་པའོ། །དང་པོ་ནི། སངས་རྒྱས་རྗེས་དྲན་སྦྱོར་ལ་སོགས། བྱང་ཆུབ་འདོད་པས་བསྒོམ་པར་བྱ་ཞེས་སོ། །གཉིས་པ་ལ་དྲུག །སངས་རྒྱས་རྗེས་དྲན་སོགས་ལྔས་ཟུང་འཇུག་གི་དང་པོ་སྦྱོར་བ་ལྔ་བསྟན་པ། དམ་ཚིག་རྗེས་དྲན་གྱིས་ལྕེ་ཆུང་གི་བདུད་རྩི་བཏུང་བའི་ཚུལ། དཀྱིལ་འཁོར་རྗེ་དྲན་གྱི་ཟུང་་འཇུག་པའི་དཀྱིལ་འཁོར་རྒྱལ་མཆོག་བསྟན་པ། སྐུ་རྗེས་དྲན་སོགས་ལྔས་རིམ་པ་གཉིས་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ། དམ་ཚིག་རྗེས་དྲན་གྱི་དོན་དམ་པའི་དཀྱིལ་འཁོར་དུ་འཇུག་ཚུལ་བསྟན་པ། ལྡང་བའི་རིམ་པ་བསྟན་པའོ། །དང་པོ་ནི། དེ་ལ་སངས་རྒྱས་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་ཞེ་ན་ནས། མཁས་པས་ཁྲོ་བོའི་སྤྲིན་རྣམས་སྤྲོ་ཞེས་སོ། །གཉིས་པ་ནི། དེ་ལ་དམ་ཚིག་རྗེས་སུ་དྲན་པ་ནས། སངས་རྒྱས་རྡོ་རྗེ་སེམས་དཔའ་མཆོད་ཞེས་སོ། །གསུམ་པ་ནི། དེ་ལ་དཀྱིལ་འཁོར་རྗེས་སུ་དྲན་པ་ནས། དཀྱིལ་འཁོར་ཚུལ་དུ་བྱ་ཞེས་སོ། །བཞི་པ་ལ་གཉིས། སྐུ་རྗེས་སུ་དྲན་པ་་སོགས་གསུམ་གྱིས་བསྐྱེད་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། སེམས་ཅན་རྗེས་སུ་དྲན་པ་སོགས་གཉིས་ཀྱིས་རྫོགས་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །དང་པོ་ནི། དེ་ལ་སྐུ་རྗེས་སུ་དྲན་པ་ནས། བདག་གི་སེམས་ཀྱང་དེ་འདྲར་འགྱུར་ཞེས་སོ། །གཉིས་པ་ནི། དེ་ལ་སེམས་ཅན་རྗེས་སུ་དྲན་པ་ནས། སྔགས་འཛིན་པ་དང་མཉམ་གྱུར་ཅིག་ཞེས་་སོ། །ལྔ་པ་ནི། དེ་ལ་དམ་ཚིག་རྗེས་སུ་དྲན་པ་ནས། དངོས་གྲུབ་རབ་ཏུ་ཐོབ་པར་འགྱུར་ཞེས་སོ། །དྲུག་པ་ལྡང་བའི་རིམ་པ་ལ་གཉིས། ཤེར་ཕྱིན་དང་མ་སྐྱེས་པ་རྗེས་དྲན་གྱི་འོད་གསལ་ལས་ཟུང་འཇུག་གི་སྐུར་ལྗང་ཚུལ་་དང་། མཆོད་པ་རྗེས་དྲན་གྱིས་དཀྱིལ་འཁོར་རྒྱལ་མཆོག་གི་སྤྲུལ་སྐུར་ལྡང་བའི་གཞི་དགོད་པའོ། །དང་པོ་ནི། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་་དམ་ཚིག་རྗེས་སུ་དྲན་པ་ནས། ཤིན་ཏུ་དྲི་མེད་ནས་མཁའ་བཞི་ཞེས་སོ། །གཉིས་པ་ནི། དེ་ལ་ཞེ་སྡང་གི་རིགས་ལ་སོགས་པའི་མཆོད་པ་ནས། བདག་གིས་ཁུ་བས་མཆོད་པར་བྱ་ཞེས་སོ། །གསུམ་པ་འབྲས་བུ་ལ་གཉིས། མཆོག་འགྲུབ་པ་དང་། དངོས་གྲུབ་དམན་པ་འགྲུབ་པའོ། །དང་པོ་ནི། འདིས་ནི་དེ་བཞིན་གཤེགས་པའི་སྐུ། །ནས། སྐུ་དང་གསུང་དང་ཐུགས་ཀྱང་འགྲུབ་ཞེས་སོ། །གཉིས་པ་ནི། གང་གཞན་ཕྲ་མོ་བཤད་པ་རྣམས། ནས། དེ་འགྲུབ་གྱུར་ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཞེས་པ་ནས། ལེའུ་སྟེ་བདུན་པའོ་ཞེས་པའི་བར་རོ། །བརྒྱད་པ་གཤང་གཅིའི་དམ་ཚིག་གི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ། སྟོད་ཅིང་གསོལ་བ་གདབ་པ། གསོལ་བ་བཏབ་པའི་དོན་བཤད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། གསོལ་བ་བཏབ་པོ་ཞེས་པའི་བར་རོ། །གཉིས་པ་ལ་གཉིས། སྤྱོད་པའི་སྒོ་ནས་བསྟོད་པ་དང་། ལམ་གྱི་སྒོ་ནས་བསྟོད་པའོ། །དང་པོ་ནི། རྡོ་རྗེ་སེམས་དཔའ་ཐེག་པ་ཆེ། ནས། རྒྱལ་མཆོག་མཆོད་པ་བཤད་དུ་གསོལ་ཞེས་སོ། །གཉིས་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ཆེ། ནས། ཕྱག་འཚལ་རྡོ་རྗེ་ཐེག་པ་ལའོ་ཞེས་སོ། །གསུམ་པ་གསོལ་བ་བཏབ་པའི་དོན་བཤད་པ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། མཆོད་པའི་ཆོ་ག །གསང་བའི་ཆོ་གའོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ནས་རྒྱལ་བ་འབྱུང་བར་འགྱུར་བ་བཤད་ཅེས་སོ། །གཉིས་པ་ལ་གསུམ། རྫོགས་རིམ་པའི་མཆོད་པ། བསྐྱེད་རིམ་པའི་མཆོད་པ། རིམ་གཉིས་ཐུན་མོང་བའི་མཆོད་པའོ། །དང་པོ་ནི། ན་ཆུང་གཞོན་ནུ་མིག་ཡངས་པ། ནས། བྱོལ་སོང་ལས་ཀྱང་རབ་ཏུ་བརྟག་ཅེས་སོ། །གཉིས་པ་ལ་གཉིས། གནས་་སྦྱང་ཞིང་མཆོད་པའི་ཡོ་བྱད་སྒྲུབ་པ་དང་། ཏིང་ངེ་འཛིན་དང་པོ་གཉིས་བསྒོམ་པའི་ཚུལ་ལོ། །དང་པོ་ནི། ས་ཕྱོགས་གཙང་ཞིང་རྣམ་པར་དབེན་པའམ། ནས། རྟག་པར་རབ་ཏུ་བྱ་ཞེས་སོ། །གཉིས་པ་ལ་བཞི། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག་བྱེད་ཚུལ་དང་པོ་སྦྱོར་བའི་སྐབས་སུ་ལུས་རྟེན་གྱི་དཀྱིལ་འཁོར་བསྒོམ་ཚུལ་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་སྤྲོ་བའི་ཚུལ་ལོ། །དང་པོ་ནི། ནུ་མའི་དབུས་ནས་སྤྱི་གཙུག་མཐའ་ཡི་བར། །ནས་དགོད་པར་བྱ་ཞེས་སོ། །གཉིས་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ནས་བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་སོ། །གསུམ་པ་ནི། རིན་ཆེན་སྣ་བཞིའི་མཆོད་རྟེན་ལ། །ནས་རྣམ་པར་བསམ་ཞེས་སོ། །བཞི་པ་ནི། བདག་གི་བ་སྤུའི་བུ་ག་ནས། མཁས་པས་མཆོད་པའི་སྤྲིན་རྣམས་སྤྲོ་ཞེས་སོ། །གསུམ་པ། ཐུན་མོང་གི་མཆོད་པ་ནི། མཁས་པས་ཨུཏྤལ་དག་དང་། ནས་རབ་ཏུ་བརྟག་ཅེས་སོ། །གསུམ་པ་གསང་བའི་ཆོ་ག་ལ་བཞི། བླ་མའི་བྱ་བ་དཀྱིལ་འཁོར་བསྐྱེད་པ། སློབ་མའི་བྱ་བ་ལྷ་དང་བླ་མ་ལ་མཆོད་པ། བླ་མས་གསང་དབང་བསྐུར་བའི་ཆོ་ག །གསང་དབང་བསྐུར་བའི་ཕན་ཡོན་ནོ། །དང་པོ་ནི། དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། ནས་ཤེས་རབ་ཅན་གྱི་གནས་་སུ་བསྒོམ་ཞེས་སོ། །གཉིས་པ་ལ་གཉིས། །ལྷ་དང་བླ་མའི་ཐུན་མོང་གི་མཆོད་པ་དང་། བླ་མ་ལ་ཁྱད་པར་ཅན་གྱི་མཆོད་པ་བྱ་བའོ། །དང་པོ་ནི། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །ནས་རྟག་ཏུ་ལྷ་རྣམས་མཉེས་པར་བྱ་ཞེས་སོ། །གཉིས་པ་ལ་གཉིས། རིག་མའི་མཆོད་པ་དང་། ཁྱད་པར་ཅན་གྱི་རྫས་ཀྱི་མཆོད་པའོ། །དང་པོ་ནི། རིན་ཆེན་འབྱུང་གནས་ན་ཆུང་མཆོག །ནས་སངས་རྒྱས་ཀུན་ལ་དབུལ་བར་བྱ་ཞེས་སོ། །གཉིས་པ་ནི། ཞིང་འདི་རིན་ཆེན་སྣ་བདུན་གྱིས། ནས། ཉིན་རེ་ཤེས་རབ་ཅན་གྱིས་དབུལ་ཞེས་སོ། །གསུམ་པ་གསང་དབང་བསྐུར་བ་ལ་གཉིས། བླ་མས་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱ་བ་དང་། གསང་དབང་བསྐུར་བ་དངོས་སོ། །དང་པོ་ནི། བདག་པོའི་ཕྱག་རྒྱར་མཉམ་གཞག་ལ། ནས། རེག་པའི་སྦྱོར་བ་དབུལ་བར་བྱ་ཞེས་སོ། །གཉིས་པ་ལ་གཉིས། གསང་དབང་མཆོག་བསྐུར་བ་དང་། གསང་དབང་ཙམ་བཀུར་བའོ། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ནས་སངས་རྒྱས་མཆོད་པ་རབ་ཏུ་བརྟག་ཞེས་སོ། །གཉིས་པ་ནི་མིག་བཟང་བརྟན་པའི་བློ་ལྡན་པས། ཁུ་བ་བླངས་ནས་བཟའ་བར་བྱ་ཞེས་་སོ། །བཞི་པ་གསང་དབང་གི་ཕན་ཡོན་ནི། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །ནས་སྔགས་རྣམས་དགོས་གྲུབ་བྱེད་པར་གསུངས་ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཞེས་པ་ནས། ལེའུ་སྟེ་བརྒྱད་པའོ་ཞེས་པའི་བར་རོ། །དགུ་བ་དེ་ཁོ་ན་ཉིད་ཀྱི་དམ་ཚིག་གི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྨད་དུ་བྱུང་བའི་དམ་ཚིག་བསྟན་པ། དེ་ལ་མ་འོངས་པ་ལ་ལྟོས་པའི་ཀླན་ཀ་སྤངས་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ཞེས་པ་ནས། ཉམས་དགའ་མཆོག་ནི་རབ་ཏུ་བཤད་ཅེས་པའི་བར་རོ། །གཉིས་པ་ལ་གཉིས། དམ་ཚིག་ལྔ་བཤད་པ་དང་། དེ་རྣམས་ཉེ་བར་སྡུད་པའོ། །དང་པོ་ལ་ལྔ། ཞེ་སྡང་གི་རིགས་ཀྱིས་སྲོག་གཅོད་པ། གཏི་མུག་གི་རིགས་ཀྱིས་གཞན་གྱི་ནོར་འཕྲོག་པ། འདོད་ཆགས་ཀྱི་རིགས་ཀྱིས་གཞན་གྱི་བུད་མེད་བསྟེན་པ། ལས་ཀྱི་རིགས་ཀྱིས་བརྫུན་དུ་སྨྲ་བ། རིན་པོ་ཆེའི་རིགས་ཀྱིས་ཚིག་རྩུབ་སྨྲ་བའོ། །དང་པོ་ལ་གཉིས། ལས་སྦྱོར་དང་། དེའི་ཕན་ཡོན་མཇུག་སྡུད་དང་བཅས་པའོ། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ནས་རྡོ་རྗེ་ཕྱིར་རླགས་མེད་གྱུར་པ་ཞེས་སོ། །གཉིས་པ་ནི། བསམ་གཏན་མཆོག་དེ་བསྒོམ་ན་ནི། ནས། རྒྱ་མཚོ་ཡིན་པར་ཤེས་པར་བྱའོ་ཞེས་སོ། །གཉིས་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། ལས་སྦྱོར་་དངོས། ཕན་ཡོན་མཇུག་སྡུད་དང་བཅས་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ནས་ཡང་དག་དམ་ཚིག་བཀའ་སྩལ་ཏོ་ཞེས་སོ། །གཉིས་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ནས་རྡོ་རྗེ་གསུམ་དུ་རྣམ་བསྒོམས་ན་ཞེས་སོ། །གསུམ་པ་ནི། ནོར་གྱི་རྒྱ་མཚོས་གང་བ་ཡི། །ནས་ཡང་དག་པ་ཉིད་དུ་ཤེས་པར་བྱའོ་ཞེས་སོ། །གསུམ་པ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་ལས་སྦྱོར་དངོས་དང་། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ནས་བཀའ་་སྩལ་ཏོ་ཞེས་སོ། །གཉིས་པ་ནི། ནམ་མཁའི་དབྱིངས་ནས། དེ་དག་ཐམས་ཅད་ཉེ་བར་སྤྱད་ཅེས་སོ། །གསུམ་པ་ནི། འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། ནས་བསྒོམ་པར་བྱའོ་ཞེས་སོ། །བཞི་པ་ལའང་སྔར་ལྟར་གསུམ་ལས། དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ནས་བཀའ་སྩལ་ཏོ་ཞེས་སོ། །གཉིས་པ་ནི། ནམ་མཁའི་དབྱིངས་ནས། རྒྱལ་བ་ཐམས་ཅད་བསླུ་བར་བྱ་ཞེས་སོ། །གསུམ་པ་ནི། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ནས་དོན་་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱའོ་ཞེས་སོ། །ལྔ་པ་ལ་སྔར་ལྟར་གསུམ་ལས། དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ནས་བཀའ་སྩལ་ཏོ་ཞེས་སོ། །གཉིས་པ་ནི། ནམ་མཁའི་ནས། གཟུགས་རྣམས་ཀུན་གྱིས་འདི་དག་དགང་ཞེས་སོ། །གསུམ་པ་ནི། རྩུབ་པའི་ངག་ནས་ཐོབ་པར་འགྱུར་ཞེས་སོ། །གཉིས་པ་དེ་རྣམས་ཉེ་བར་བསྡུ་བ་ནི། བཅོམ་ལྡན་འདས། ནས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སོ། །གསུམ་པ་མ་འོངས་པ་ལ་ལྟོས་པའི་ཀླན་ཀ་སྤངས་པ་ལ་གཉིས། འཁོར་གྱིས་ཐེ་ཚོམ་སྐྱེས་པ་ལྟར་བཅོམ་ནས་ཞུས་པ་དང་། སྟོན་པས་དེའི་ལན་བཏབ་པའོ། །དང་པོ་ནི། དེ་ནས་ཡང་དེ་བཞིན་གཤེགས་པ་ནས། ཅིའི་སླད་དུ་གསུང་ཅེས་སོ། །གཉིས་པ་ལ་གཉིས། སྤྱོད་པ་གཉིས་ཀྱི་སྒོ་ནས་བསྔགས་པ་དང་། བདེན་པ་གཉིས་ཀྱི་་དབྱེ་བས་དེ་སྒྲུབ་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། དེ་བཞིན་གཤེགས་པའི་སྤྱོད་པའོ་ཞེས་སོ། །གཉིས་པ་ལ་གསུམ། དོན་དམ་་འོད་གསལ་དུ་འཇུག་པ་ཡང་སྔགས་ཀྱི་སྤྱོད་པས་བྱེད་པ་དང་། ཀུན་རྫོབ་སྒྱུ་མའི་སྐུ་བསྒྲུབ་པ་ཡང་སྔགས་ཀྱི་སྤྱོད་པས་བྱེད་པ། བདེན་པ་གཉིས་ཀྱི་སྒོ་ནས་བསྟན་པ་ལ་ཆེད་དུ་བརྗོད་པའོ། །དང་པོ་ནི། རིགས་ཀྱི་བུ་འདི་ལྟ་སྟེ་ནས། དེ་དག་རྗེས་སུ་རིག་པར་བྱའོ་ཞེས་སོ། །གཉིས་པ་ནི། རིགས་ཀྱི་བུ་འདི་ལྟ་་སྟེ། དཔེར་ན་གཙུབ་ཤིང་ནས། རྗེས་སུ་རིག་པར་བྱའོ་ཞེས་སོ། །གསུམ་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཞེས་པ་ནས། ཀུན་རྫོབ་ཏུ་ཡང་བཤད་པར་མཚར་ཞེས་པའི་བར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། ལེའུ་སྟེ་དགུ་བའོ་ཞེས་པའི་བར་རོ། །བཅུ་བ་སྙིང་པོ་བསྐུལ་བའི་ལེའུ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་གཉིས། བསྐྱེད་རིམ་པ་དང་། རྫོགས་རིམ་པའི་སྙིང་པོ་བསྐུལ་བའོ། །དང་པོ་ལ་གསུམ། ཁོར་གྱིས་གསོལ་བ་བཏབ་པ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྟོན་པས་ལན་བཏབ་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། བཤད་དུ་གསོལ་ཞེས་པའི་བར་རོ། །གཉིས་པ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ནས། བཀའ་སྩལ་ཏོ་ཞེས་་སོ། །གསུམ་པ་ལ་དྲུག །རྡོ་རྗེ་གསུམ་དེ་ཁོ་ནར་དབྱེར་མི་ཕྱེད་པའི་ཚུལ་གྱི་བསྒོམ་པ། སྙིང་པོ་བསྐུལ་དགོས་པའི་རྒྱུ་མཚན། བསྐུལ་བའི་ཐབས། །བསྐུལ་བའི་ཡུན་ཚད། བསྐུལ་བའི་ཕན་ཡོན། བསྐུལ་བ་དང་བྲལ་བའི་ཉེས་དམིགས་སོ། །དང་པོ་ནི། ལུས་དང་ངག་དང་སེམས་རྣམས་ནི། ནས། རྡོ་རྗེ་བསྒོམ་ཞེས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ནས། སྤྱན་རས་ཀྱི་མི་འཚོ་སྟེ་ཞེས་སོ། །གསུམ་པ་ལ་གཉིས། སྙིང་པོ་བསྐུལ་བའི་སྔགས་དང་། དེ་བསྐུལ་བའི་ཏིང་ངེ་འཛིན་ཏོ། །དང་པོ་ནི། དེ་བས་ན་ནས། རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་ཞེས་སོ། །གཉིས་པ་ལ་གསུམ། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་གོ །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། རྡོ་རྗེ་སྙིང་པོ་བསྡུས་པ་ཡིན་ཞེས་སོ། །གཉིས་པ་ནི། རང་སྔགས་སྐྱེས་བུར་བསྒོམ་ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །གསུམ་པ་ལ་བཞི། ལྷ་ཐམས་ཅད་སེམས་དཔའ་སུམ་བརྩེགས་སུ་བྱ་བ། ཐུགས་བསྐུལ་བའི་ཆོག་དངོས། དེ་རིག་ཀུན་གྱི་ཟློས་པ་པོས་བྱ་བ་བསྟན་པ། དོན་བསྡུ་བའོ། །དང་པོ་ནི། དེ་ལ་འདི་ནི་རྡོ་རྗེ་མཆོག་གི་ནས། རྟག་ཏུ་སྦྱོར་བས་བསྒོམ་པར་བྱ་ཞེས་སོ། །གཉིས་པ་ནི། རྡོ་རྗེ་ཀྱོ་བའི་སྦྱོར་བ་ཡིས། ནས། ལྷ་རྣམས་ཇི་སྙེད་བསྐུལ་བར་བྱ་ཞེས་སོ། །གསུམ་པ་ནི། འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། ནས། ཀྱོ་བ་རྣམས་བསྒོམ་ཞིང་ཞེས་སོ། །བཞི་པ་ནི། སྙིང་ཁ་རུ་ནི་བསྐུལ་བར་བཤད། འདི་ནི་རོལ་མོའི་འབྱུང་བ་སྟེ་ཞེས་སོ། །བཞི་པ་ནི། རྡོ་རྗེ་ཡི་ནི་ཚུལ་མཆོག་འདི། ཞག་བདུན་བར་དུ་བྱས་ན་ནི་ཞེས་སོ། །ལྔ་པ་ནི། ཡེ་ཤེས་རྡོ་རྗེ་ཅན་གྱི་གསང་། ནས་སྔགས་ཀྱི་སྤྱོད་པའི་མཆོག་སྒྲུབ་པས་ཞེས་སོ། །དྲུག་པ་ནི། རྨོངས་པས་འདའ་བར་བྱས་ན་ནི། །དེ་ཡི་སྲོག་ནི་དེར་ཟད་འགྱུར། །ཞེས་་སོ། །གཉིས་པ་རྫོགས་རིམ་པའི་སྙིང་པོ་བསྐུལ་བ་ལ་བཞི། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྫོགས་རིམ་པའི་སྙིང་བོ་བསྐུལ་བ། བསྐུལ་བས་འགྲུབ་པའི་རྣལ་འབྱོར་བ་རྣམས་ཀྱིས་སྤྱོད་པ་བསྟན་པ། མཐར་་ཐུག་གི་འབྲས་བུ་བཤད་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ནས། འདི་སྐད་བཀའ་སྩལ་ཏོ། །གཉིས་པ་ལ་གསུམ། གང་གི་དོན་དུ་སྙིང་པོ་བསྐུལ་བའི་ཟུང་འཇུག་བསྟན་པ། དེའི་ཐབས་སུ་སྙིང་པོ་བཀུལ་བ། བསྐུལ་བའི་དགོས་པ་གྲུབ་ནས་ཅི་ཞིག་བྱ་བར་བསྟན་པའོ། །དང་པོ་ནི། སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། ནས། སྔགས་ཀྱི་དམ་ཚིག་བསྒོམ་པའོ་ཞེས་་སོ། །གཉིས་པ་ནི། རིག་མའི་དབང་ཕྱུག་ཞུགས་པ་ལ། །རྡོ་རྗེ་སྦྱོར་བས་རབ་བསྒོམ་ཞིང་ཞེས་སོ། །གསུམ་པ་ནི། ཆགས་ལ་ཆགས་པས་བལྟ་བར་བྱ། །འདི་ནི་དམ་ཚིག་དཀྱིལ་འཁོར་རོ་ཞེས་སོ། །གསུམ་པ་རྣལ་འབྱོར་བའི་ཀུན་སྤྱོད་བསྟན་པ་ལ་གཉིས། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྣལ་འབྱོར་དེས་ཇི་ལྟར་ཕྱེད་པའི་ཚུལ་ལོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ནས་འདི་སྐད་བཀའ་སྩལ་ཏོ་ཞེས་སོ། །གཉིས་པ་ནི། འཇིག་རྟེན་ཁམས་ནི་ཐམས་ཅད་ན། ནས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སོ། །བཞི་པ་མཐར་ཐུག་གི་འབྲས་བུ་ནི། །རྡོ་རྗེ་གསུམ་པོ་མཁའ་འདྲ་བའི། །ཞེས་པ་ནས། རྡོ་རྗེ་སེམས་དཔའི་ཚེ་དེས་འཐོབ་ཅེས་པའི་བར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནས། ལེའུ་སྟེ་བཅུ་བའོ་ཞེས་པའི་བར་རོ། །བཅུ་གཅིག་པ་རྡོ་རྗེ་རིག་པའི་སྐྱེས་བུའི་ལེའུ་བཤད་པ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་བཞི། རིག་པའི་སྐྱེས་བུ་མཆོག་གི་སྐུ་བསྐྱེད་པའི་ཚུལ། མངོན་ཤེས་ལྔ་སྒྲུབ་པའི་ཚུལ་རྫོགས་རིམ་པའི་ཏིང་ངེ་འཛིན་གཞན་བཤད་པ། དབང་ཐོབ་ནས་རྒྱུད་ཀློག་པ་སོགས་ཀྱིི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས། སྔགས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ། །དང་པོ་ལ་བཞི། སྡུད་པ་པོའི་ཚིག་གིས་ལེའུ་ལ་སྐབས་དགོད་པ། སྟོན་པའི་གསུང་གིས་བསྐྱེད་ཆོག་ཐུན་མོང་དུ་མདོར་བསྟན་པ། རིག་བཞིའི་ཏིང་ངེ་འཛིན་སོ་སོར་རྒྱས་པར་བཤད་པ། རིགས་ལྔའི་ཏིང་ངེ་འཛིན་གསུངས་པའི་ཚུལ་གྱི་མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། གསུངས་སོ་ཞེས་པའི་བར་རོ། །གཉིས་པ་ལ་གཉིས། ཡི་གེ་གསུམ་གྱིས་སྔགས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་བསྐྱེད་ཚུལ་དང་། དེའི་ངེས་དོན་བཤད་རྒྱུད་ལས་གསུངས་ཚུལ་གཉིས་ཡོད་ཀྱང་། དང་པོ་ཙམ་ནི། རྡོ་རྗེ་གསུམ་ཡིག་སྔགས་ཀྱི་མཆོག་ནས། བཀའ་སྩལ་ཏོ་ཞེས་སོ། །གསུམ་པ་རྒྱས་པར་བཤད་པ་ལ་གཉིས། རྟེན་གཞལ་ཡས་ཁང་བསྐྱེད་ཚུལ་དོགས་གཅོད་དང་བཅས་པ་དང་། བརྟེན་པ་ལྷ་བསྐྱེད་ཚུལ་ལོ། །དང་པོ་ནི། ནམ་མཁའ་རྡོ་རྗེ་དབུས་གནས་པར། ནས་རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ་ཞེས་སོ། །གཉིས་པ་ལ་བཞི། རྡོ་རྗེ་འཆང་གི་དྲན་པ་གཅིག་པ་དང་། རྣམ་སྣང་། འོད་དཔག་མེད། མི་བསྐྱོད་པའི་དྲན་པ་གཅིག་པའོ། །དང་པོ་ལ་གསུམ། རྣལ་འབྱོར་གྱི་རིམ་པ། དེའི་དོན་བསྡུ་བ། གནས་ཀྱི་མཚན་ཉིད་ཕན་ཡོན་དང་བཅས་པའོ། །དང་པོ་ནི། སྙིང་པོ་དུས་གསུམ་སངས་རྒྱས་ཀྱི། ནས་དམ་ཚིག་དག་གིས་རྫོགས་པར་འགྱུར་ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །གསུམ་པ་ནི། དབེན་ཞིང་ནས། ངེས་པར་འགྲུབ་ཞེས་སོ། །གཉིས་པ་ལ་གསུམ། རྣལ་འབྱོར་གྱི་རིམ་པ། དེའི་ཕན་ཡོན་མཇུག་བསྡུ་བའོ། །དང་པོ་ནི། གསལ་བའི་དཀྱིལ་འཁོར་ནས། མཆོག་ཏུ་བསྒོམ་ཞེས་སོ། །གཉིས་པ་ནི། འདི་ཡི་སངས་རྒྱས་ནས། བཀའ་སྩལ་ཏོ་ཞེས་སོ། །གསུམ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །གསུམ་པ་ལ། སྔར་ལྟར་གསུམ་ལས། དང་པོ་ནི། ཆོས་ཀྱི་དཀྱིལ་འཁོར་ནས། ལྔ་ཡི་མཆོག་ཞེས་སོ། །གཉིས་པ་ནི། ཆོས་ཀྱི་ཚིག་གི་ནས། བཀའ་སྩལ་ཏོ་ཞེས་སོ། །གསུམ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །བཞི་པ་ལ་གཉིས། རྣལ་འབྱོར་གྱི་རིམ་པ་དང་། དེའི་ཕན་ཡོན་ནོ། །དང་པོ་ནི། རྡོ་རྗེའི་དཀྱིལ་འཁོར་དབུས་ནས། ཡེ་ཤེས་རྡོ་རྗེ་་དག་གིས་བྱ་ཞེས་སོ། །གཉིས་པ་ནི། སྟོན་པ་རྡོ་རྗེའི་ནས། བཀའ་སྩལ་ཏོ་ཞེས་སོ། །བཞི་པ། མཇུག་བསྡུ་བ་ནི། དེ་བཞིན་གཤེགས་པ་ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །གཉིས་པ་ལ་བཞི། ཡེ་ཤེས་ཀྱི་སྐུ་བསྐྱེད་པ། རྗེས་གཞིག་གི་བསམ་གཏན་གྱིས་འོད་གསལ་དུ་བཞུག་པ། འོད་གསལ་ལས་ལྡང་བའི་དམ་ཚིག་བསྟན་པ། འོད་ཟུང་གི་དོན་དེ་ཉིད་རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། ཡེ་ཤེས་དཀྱིལ་འཁོར་ནས་བཀའ་སྩལ་ཏོ་ཞེས་སོ། །གཉིས་པ་ནི། སྐུ་དང་གསུང་དང་ཐུགས་ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །གསུམ་པ་ནི། རྡོ་རྗེའི་དཀྱིལ་འཁོར་ནས། བྱང་ཆུབ་སེམས་དཔའ་དེ་འགྱུར་རོ་ཞེས་སོ། །བཞི་པ་ནི། བྱང་ཆུབ་སེམས་དཔའི་ཡེ་ཤེས་ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །གཉིས་པ་མངོན་ཤེས་སྒྲུབ་པ་ལ་གཉིས། བསྐྱེད་རིམ་པའི་མངོན་ཤེས་དང་། རྫོགས་རིམ་པའི་མངོན་ཤེས་སྒྲུབ་ཚུལ་ལོ། །དང་པོ་ལ་གཉིས། བྱང་ཆུབ་སེམས་དཔའ་ལྔའི་སྒོ་ནས་དེ་སྒྲུབ་ཚུལ་དང་། དེ་བཞིན་གཤེགས་པ་ལྔའི་སྒོ་ནས་དེ་སྒྲུབ་ཚུལ་ལོ། །དང་པོ་ལ་ལྔ། མིག་ས་སྙིང་གི །རྣ་བ་ཕྱག་རྡོར་གྱི། སྣ་ནམ་སྙིང་གི །ལྕེ་འཇིག་རྟེན་དབང་ཕྱུག་གི །ལུས་སྒྲུབ་སེལ་གྱི་སྒོ་ནས་དེ་སྒྲུབ་ཚུལ་ལོ། །དང་པོ་ནི། འོད་ཟེར་འབར་བའི་ཡི་གེ་ཐིག་ལེ་ནས། མཆོག་སྒྲུབ་པའོ། །ཞེས་སོ། །གཉིས་པ་ནི། ནམ་མཁའི་དབྱིངས་ནས། དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་སོ། །གསུམ་པ་ནི། ནམ་མཁའི་དབྱིངས་ཀྱི་ནས། རྡོ་རྗེའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་སོ། །བཞི་པ་ནི། ནམ་མཁའི་་དབྱིངས་ནས། །རྡོ་རྗེ་འོད་ཀྱི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་སོ། །ལྔ་པ་ནི། ནམ་མཁའི་དབྱིངས་ནས། མཆོག་འབྱུང་བ་ཞེས་བྱ་བའི་ཏིང་ངེ་་འཛིན་ཏོ་ཞེས་སོ། །གཉིས་པ་ལ་གསུམ། མིག་ཏུ་རྣམ་སྣང་བཀོད་ནས། མངོན་ཤེས་སྐྱེད་ཚུལ། མངོན་ཤེས་སོགས་སྒྲུབ་པའི་མན་ངག་བསྟན་པ། མིག་སོགས་ལ་དེ་བཞིན་གཤེགས་པ་བཞི་བཀོད་ནས་མངོན་ཤེས་སྒྲུབ་ཚུལ་ལོ། །དང་པོ་ནི། ནམ་མཁའི་དབྱིངས་ནས། བྱང་ཆུབ་པ་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་སོ། །གཉིས་པ་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། རྣམ་པར་དབེན་པའི་རི་བོ་དང་། ནས། འདི་དག་བསྒོམ་ཞེས་སོ། །གཉིས་པའི་གཞུང་ཡང་དེ་ཉིད་དོ། །གསུམ་པ་ནི། མི་བསྐྱོད་ཡེ་ཤེས་དག་ལ་སོགས། ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་རྫོགས་རིམ་པའི་མངོན་ཤེས་ལ་གཉིས། ཡན་ལག་གི་རླུང་གིས་མངོན་ཤེས་སྒྲུབ་ཚུལ་དང་། དེ་ལྟར་སྒྲུབ་པའི་རྟེན་བསྟན་པའོ། །དང་པོ་ནི། རྡོ་རྗེ་ཆེན་པོ་རྩེ་ལྔ་པ་ནས། རྡོ་རྗེ་མངོན་ཤེས་འདྲ་བར་འགྱུར་ཞེས་སོ། །གཉིས་པ་ནི། རྡོ་རྗེ་ནམ་མཁའི་ནས། སངས་རྒྱས་གནས་དང་འདྲ་བར་འགྱུར་ཞེས་སོ། །གསུམ་པ་རྫོགས་རིམ་གཞན་བསྟན་པ་ལ་གསུམ། རྡོ་རྗེ་གསུམ་གྱི་རིལ་འཛིན་གྱི་ཏིང་ངེ་འཛིན་དང་། དེ་གསུམ་གྱི་ཕན་ཡོན་དང་། དེ་གསུམ་གྱི་རྗེས་གཞིག་གི་ཏིང་ངེ་འཛིན་བཤད་པའོ། །དང་པོ་ནི། སངས་རྒྱས་དཀྱིལ་འཁོར་ནས། རྡོ་རྗེ་ཐིག་ལེར་གྱུར་པར་བཞག །ཞེས་སོ། །གཉིས་པ་ནི། འདི་ནི་དམ་ཚིག་མཆོག་གི་ནས། སངས་རྒྱས་དངོས་གྲུབ་འཐོབ་པར་འགྱུར། །ཞེས་སོ། །གསུམ་པ་ནི། རྡོ་རྗེ་ནམ་མཁའི་དབྱིངས་ནས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སོ། །བཞི་པ་ཕན་ཡོན་བསྟན་པ་ནི། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། ནས། དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར། ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ། ཞེས་པ་ནས། ལེའུ་སྟེ་བཅུ་གཅིག་པའོ། །ཞེས་པའི་བར་རོ། །གསུམ་པ་བཅུ་གཉིས་པ་རྡོ་རྗེ་སྦྱོར་བའི་དམ་ཚིག་སྒྲུབ་པའི་མཆོག་བསྟན་པའི་ལེའུ་བཤད་པ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་ལྔ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། དོན་དམ་པ་ལ་དམིགས་པས་ཟིན་པའི་ངང་ནས་སྤྲོས་པ་རྣམས་བྱ་བར་བསྟན་པ། དངོས་གྲུབ་སྒྲུབ་པའི་གནས་བསྟན་པ། དེར་དངོས་གྲུབ་སྒྲུབ་པའི་ཆོ་ག་བསྟན་པ། དངོས་གྲུབ་ཀྱི་ཐབས་བསྙེན་པའི་ཆོ་ག་བསྟན་པའོ། །དང་པོ་ནི། དེ་ནས་་སྟོན་པ་རྡོ་རྗེ་འཛིན། ནས། བཀའ་སྩལ་པ་ཞེས་སོ། །གཉིས་པ་ནི། མཁའ་དང་མཚུངས་པ། ནས། རབ་ཏུ་བསྒོམ་ཞེས་སོ། །གསུམ་པ་ལ་གཉིས། དྲང་དོན་དང་། ངེས་དོན་ནོ། །དང་པོ་ནི། དགོན་པ་ཆེན་པོ། ནས། བསྡུས་པས་སྒྲུབ། ཞེས་སོ། །གཉིས་པའི་གཞུང་ཡང་དེ་ཉིད་དོ། །བཞི་པ་ལ་གསུམ། རྫོགས་རིམ་པའི་དངོས་གྲུབ་སྒྲུབ་པའི་རྒྱུའི་གཙོ་བོ། བསྐྱེད་རིམ་པས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་ཚུལ། རྫོགས་རིམ་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་ཚུལ་ལོ། །དང་པོ་ལ་གཉིས། སྒྱུ་མའི་སྐུ་སྒྲུབ་པ་དང་། དེ་ཉིད་འོད་གསལ་དུ་བཅུག་ནས་ཟུང་འཇུག་ཏུ་ལྡང་བའོ། །དང་པོ་ནི། མཾ་ལུས་དང་ངག་སེམས་རྡོ་རྗེ་ལ། ནས། མི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་མི་ཕྱེད་གསུམ་ནས། དེ་མ་ཐག་ཏུ་དེ་འགྱུར་རོ། །ཞེས་སོ། །གཉིས་པ་ལ་བཞི། རང་དོན་ཕུན་ཚོགས་སྒྲུབ་པ། གདུལ་བྱའི་སེམས་འདུན་པར་བྱ་བ། ལས་ཀྱི་དབྱེ་བས་ཟས་ལ་ལོངས་སྤྱོད་པའི་ཆོ་ག །ལྷ་རྣམས་ཚིམ་པར་བྱ་བའི་ཆོ་གའོ། །དང་པོ་ལ་གཉིས། དངོས་གྲུབ་སྒྲུབ་པའི་ཆོ་ག་དང་། དེའི་ཐབས་སུ་རིག་མ་བསྟེན་དགོས་པར་བཤད་པའོ། །དང་པོ་ལ་གསུམ། ཕྱི་རོལ་གྱི་ཕྱག་མཚན་ལ་བརྟེན་ནས་རིག་འཛིན་སྒྲུབ་པ། སྔགས་ཀྱི་རིལ་བུ་ལ་བརྟེན་ནས་རིག་འཛིན་སྒྲུབ་པ། ཕྱག་རྒྱ་ཆེན་པོའི་གཟུགས་བསྒོམས་ནས་རིག་འཛིན་སྒྲུབ་པའོ། །དང་པོ་ལ་བཞི། འཁོར་ལོའི་དང་། རྡོ་རྗེའི་དང་། པདྨའི་དང་། རལ་གྲིའིི་རིག་འཛིན་སྒྲུབ་པའོ། །དང་པོ་ལ་གཉིས། སྒྲུབ་པའི་ཚུལ་དང་། ཕན་ཡོན་མཇུག་སྡུད་དང་བཅས་པའོ། །དང་པོ་ནི། འཁོར་ལོ་འོད་འཕྲོ། ནས། སངས་རྒྱས་འདྲ་བར་འགྱུར། ཞེས་སོ། །གཉིས་པ་ནི། རི་རབ་སུམ་བཅུ་རྩ་དྲུག་གི །ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །གཉིས་པ་ལའང་སྒྲུབ་ཚུལ་ཕན་ཡོན་དང་བཅས་པ་གཉིས་ལས། དང་པོ་ནི། རྡོ་རྗེ་ཆེན་པོ་རང་སྔགས་ཀྱི། ནས་འདྲ་བར་འགྱུར། ཞེས་སོ། །གཉིས་པ་ནི། རི་རབ་སུམ་ཅུ། ནས་ཏིང་ངེ་འཛིན་ཏོ། །ཞེས་་སོ། །གསུམ་པ་ལའང་གཉིས་ལས། དང་པོ་ནི། པདྨ་ཆེན་པོ་འདབ་བརྒྱད་ལ། ནས་འདྲ་བར་འགྱུར་ཞེས་སོ། །གཉིས་པ་ནི། རི་རབ་སུམ་ཅུ། ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །བཞི་པ་ལའང་གཉིས་ལས། དང་པོ་ནི། ཡེ་ཤེས་ལྔ་ནས་ཐོགས་ན་ནི་ཞེས་སོ། །གཉིས་པ་ནི། རྡོ་རྗེ་གསུམ་རིག ། ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །གཉིས་པ། རིལ་བུ་སྒྲུབ་པ་ལ། རྣམ་སྣང་གི་སྒོ་ནས། དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་གིས་བྱས་ནས། ལས་རྒྱལ་མཆོག་གི་ཚེ། ༀ་ནི་རིལ་བུ་ཙ་ན་་ཀའི་ནས། རྡོ་རྗེའི་སྐུ་དང་འོད་འདྲར་འགྱུར། །ཞེས་སོ། །གསུམ་པ་ལ་གཉིས། རིགས་ལྔའི་གཟུགས་སུ་བསྒོམས་ནས། རིག་འཛིན་སྒྲུབ་པ་དང་། མི་བསྐྱོད་པའི་གཟུགས་སུ་བསྒོམས་ནས་ཁྲོ་བོའི་ཕྱག་མཚན་གྱིས་རིག་འཛིན་སྒྲུབ་པའོ། །དང་པོ་ནི། མཁའ་དབྱིངས་གསལ་བའི་ནས། ཡེ་ཤེས་རྡོ་རྗེ་དག་གིས་བྱ། ཞེས་སོ། །གཉིས་པ་ནི། རྩེ་གསུམ་ཡེ་ཤེས་ལྕགས་ཀྱུ་་སོགས། ནས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སོ། །གཉིས་པ་རིག་མ་བསྟེན་དགོས་པ་ནི། ལམ་གྱི་བཞི་མདོ་ནས། རྟག་ཏུ་བསྒྲུབ་ཞེས་སོ། །གཉིས་པ་གདུལ་བྱའི་སེམས་འདུན་པར་བྱ་བ་ལ་བཞི། སྐྱེ་བོ་སྐལ་ལྡན་དགུག་པ། ལྷ་མོ་རྣམས་དགུག་པ། གནོད་སྦྱིན་མོ་སོགས་དགུག་པ། དེ་རྣམས་ལ་ཐུན་མོང་དུ་རྒྱས་གདབ་པའི་ཆོ་གའོ། །དང་པོ་ནི། སྦྱོར་གསུམ་རྡོ་རྗེ་ཅན་རྣམས་ཀྱི། ནས། སངས་རྒྱས་དགུག་པ་དམ་པ་ཡིན་ཞེས་པའི་བར་རོ། །གཉིས་པ་ནི། དམ་ཚིག་ལས་བྱུང་ནས། དགུག་པའི་ཆོ་གའོ་ཞེས་པའི་བར་རོ། །གསུམ་པ་ནི། རྣམ་པར་སྣང་མཛད་འཁོར་ལོ་ཆེ། །ནས། དམ་ཚིག་དགུག་པའོ་ཞེས་སོ། །བཞི་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། རྣམ་པའི་མཆོག་ནས། གནས་ལས་བྱེད་པར་འགྱུར་ཞེས་སོ། །གཉིས་པ་ནི། རྣམ་པའི་ནས། མཆོད་ནས་རབ་ཏུ་བསྒྲུབ་ཞེས་སོ། །གསུམ་པ་ནི། འདི་ནི་སངས་རྒྱས་ནས། དེ་སྐད་ཅེས་གསུངས་སོ་ཞེས་སོ། །གསུམ་པ་ཟས་ལ་སྤྱོད་པའི་ཆོ་ག་ནི། ཤ་ཆེན་དམ་ཚིག་ནས། སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ་ཞེས་སོ། །བཞི་པ་ལྷ་ཚིམ་པར་བྱ་བ་ལ་གསུམ། དབུ་རྒྱན་གྱི་ལྷ་ལས་བྱུང་བའི་བདུད་རྩིས་སེམས་དཔའ་གསུམ་ཚིམ་པར་བྱ་ཚུལ་སྤྱི་བསྟན་པ། རིགས་སོ་སོའི་བསྐྱེད་ཆོག་གིས་བཟའ་བཏུང་བདུད་རྩིར་བྱས་ནས་ལོངས་སྤྱོད་པར་བསྟན་པ། ཕན་་ཡོན་མཇུག་སྡུད་དང་བཅས་པ་བསྟན་པའོ། །དང་པོ་ནི། རྣམ་པའི་མཆོག་ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །གཉིས་པ་ནི། ལྕེའི་དམ་ཚིག་ནས། རྡོ་རྗེའི་ཚུལ་མཆོག་སྟེ་ཞེས་སོ། །གསུམ་པ་ནི། འདི་ལྟ་བུ་ཡི་ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །གསུམ་པ་རྫོགས་རིམ་པའི་ཕྱག་ཆེན་གྱི་དངོས་གྲུབ་སྒྲུབ་པ་ལ་གཉིས། ཐབས་དངོས་བཤད་པ་དང་། རྫོགས་རིམ་པའི་ཆོ་འཕྲུལ་བསྟན་པའོ། །དང་པོ་ནི། རྡོ་རྗེ་དམ་ཚིག་གསུམ་ནས། རྡོ་རྗེ་ཅན་དུ་འགྱུར་ཞེས་སོ། །གཉིས་པ་ལ་གསུམ། རང་གཞན་གྱི་དོན་འགྲུབ་ཚུལ་སྤྱིར་བསྟན་པ། མངོན་ཤེས་ལྔས་གཞན་དོན་འགྲུབ་ཚུལ་བྱེ་བྲག་ཏུ་བཤད་པ། ཕྱོགས་བཅུའི་འཇིག་རྟེན་དུ་ཇི་ལྟར་སྤྱོད་ཅིང་གནས་པར་བསྟན་པའོ། །དང་པོ་ནི། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་ནི། དེ་ལ་མངོན་པར་ཤེས་པ་ལྔ་ནི་ནས། སྐུ་དང་འདྲ་བར་འགྱུར་ཞེས་སོ། །གསུམ་པ་ནི། གང་གའི་བྱེ་སྙེད་ནས། འཇིག་རྟེན་ཁམས་ཀུན་བགྲོད་པར་འགྱུར། ཞེས་སོ། །ལྔ་བ་བསྙེན་པའི་ཆོ་ག་བསྟན་པ་ལ་ལྔ། བསྙེན་པ་དངོས། བསྒྲུབ་པའི་གནས། རིམ་གཉིས་ཀྱི་སྒྲུབ་པ་མདོར་བསྡུས་པ། སྤྲོས་མེད་ཀྱི་སྤྱོད་པ་འབྲིང་ནོ། །བསྐྱེད་རིམ་པས་སྒོ་གསུམ་བྱིན་གྱིས་བརླབ་ཚུལ་བསྟན་པའོ། །དང་པོ་ལ་གཉིས། ཐུན་མོང་གི་བསྙེན་པ་དང་། མཆོག་གི་བསྙེན་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བསྙེན་པའི་་དམ་ཚིག་ནས། དེ་ནས་ལས་རྣམས་བསྒྲུབ་པར་བྱ་ཞེས་སོ། །གཉིས་པ་ལ། བསྙེན་པ། ཉེ་སྒྲུབ། སྒྲུབ་པ། སྒྲུབ་ཆེན་དང་བཞིའི། །དང་པོ་ནི། བསྙེན་པའི་ཏིང་ངེ་འཛིན་ནས་བསྒོམ་པར་བྱ་ཞེས་སོ། །གཉིས་པ་ནི། ཉེ་བར་སྒྲུབ་པ། ནས། རྣམ་པར་དཔྱད་ཅེས་སོ། །གསུམ་པ་ནི། སྔགས་ཀྱི་བདག་པོ། ནས། གསུངས་ཞེས་སོ། །བཞི་པ་ནི། གྲུབ་པ་ཆེན་པོ། ནས། རྡོ་རྗེ་འགྲུབ་པར་འགྱུར། ཞེས་སོ། །གཉིས་པ་ལ། མཆོག་གི་བསྙེན་པ་གཉིས་ཀྱི་དབྱེ་བ་སོགས་བཞི་ཡོད་ཀྱང་འདིར་མཆོག་གི་བསྙེན་པ་ངེས་པར་དགོད་པ་ནི། བསྙེན་པའི་ཡེ་ཤེས་བདུད་རྩི། ནས། སྔགས་ཀྱི་དེ་ཉིད་དོན་སྒྲུབ་པའོ་ཞེས་སོ། །གཉིས་པ་ལ། དྲང་ངེས་གཉིས་ཐུན་མོང་བའི་གཞུང་ནི། དགོན་པ་ཆེན་པོ། ནས། བཀའ་སྩལ་ཏོ་ཞེས་སོ། །གསུམ་པ་ལའང་དྲང་ངེས་གཉིས་ཐུན་མོང་བའི་གཞུང་ནི། ཡང་ན་རྡོ་རྗེ་བཞི་དག་གི་ནས། དངོས་གྲུབ་འཐོབ་པར་འགྱུར་ཞེས་སོ། །བཞི་བ་སྤྲོས་མེད་ཀྱི་སྤྱོད་པ་འབྲིང་ལ་གསུམ། དངོས་ཀྱི་དོན་དང་། ཕན་ཡོན་དང་། རྫོགས་རིམ་པའི་དངོས་གྲུབ་འགྲུབ་པའི་དུས་ཐབས་གང་གིས་འགྲུབ་པ་དང་བཅས་པའོ། །དང་པོ་ནི། དུས་བཞི་དག་ཏུ་ནས། ཡིན་པར་བཤད་ཅེས་སོ། །གཉིས་པ་ནི། ཞག་བདུན་ནས། མྱུར་དུ་འཐོབ་པར་འགྱུར་ཞེས་སོ། །གསུམ་པ་ནི། ཞག་གྲངས་ནས། འགྲུབ་པར་གསུངས་ཞེས་སོ། །ལྔ་པ་བསྐྱེད་རིམ་པའི་སྒོ་གསུམ་བྱིན་བརླབ་ལ་གཉིས། དངོས་ཀྱི་དོན་དང་། མཇུག་པ་སྡུས་ཏེ་ལྷའི་ང་རྒྱལ་བརྟན་པར་བྱ་དགོས་པའོ། །དང་པོ་ནི། དེ་ལ་འདི་ནི་ཉེ་བར་སྒྲུབ་པའི་སྡོམ་པའི་ཡུལ་ལོ། །ནས་བྱིན་གྱིས་བརླབས་ཀྱིས་གནས་མཛད་དོ། །ཞེས་སོ། །གཉིས་པནི། སངས་རྒྱས་རྡོ་རྗེ་སེམས་དཔའ་འམ། ནས། གདོན་མི་ཟ་ཞེས་པའི་བར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པ། ཞེས་པ་ནས། ལེའུ་སྟེ་བཅུ་གཉིས་པའོ། །ཞེས་པའི་བར་རོ། །བཅུ་གསུམ་པ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མངོན་པར་བྱང་ཆུབ་པའི་ལེའུས་བསྟན་ཚུལ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་དོན་ནོ། །དང་པོ་ལ་གཉིས། ལས་ཚོགས་ལ་གསོལ་བ་གདབ་པ་དང་། གསོལ་བ་བཏབ་པའི་་དོན་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། སྡུད་པ་པོའི་ཚིག་གིས་གསོལ་འདེབས་ཀྱི་མཚམས་སྦྱར་བ་དང་། བསྟོད་པས་སྟོན་པ་མཉེས་པར་བྱ་བ་དང་། མངོན་པར་འདོད་པའི་དོན་ལ་གསོལ་བ་གདབ་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་བདེ་གཤེགས་ཀུན། །ཞེས་པ་ནས། མཆོད་དེ་རྡོ་རྗེའི་་དབྱངས་འདི་གསུངས། ཞེས་པའི་བར་རོ། །གཉིས་པ་ནི། ཨེ་མའོ་བྱང་ཆུབ་ཚུལ་རེ་བཟང་། ནས། ཡེ་ཤེས་འབྱུང་བ་རབ་ཏུ་བཤད། ཅེས་པའི་བར་རོ། །གསུམ་པ་ནི། ཡིད་འོང་སྔགས་རྣམས་ཀུན་བསྡུས་པ། ནས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ཞེས་སོ། །གཉིས་པ་ལ་གསུམ། བཟླས་པའི་ཆོ་ག །ལས་ཚོགས་ཀྱི་ཏིང་ངེ་འཛིན། །དེ་དང་འབྲེལ་བའི་ཏིང་ངེ་འཛིན་ནོ། །དང་པོ་ལ་བཞི། རླུང་གི་རྡོར་བཟླས་ཕན་ཡོན་དང་བཅས་པ། མཆོད་པའི་ཆོ་ག །བཟླས་པའི་རབ་དབྱེ། དུག་གསུམ་གྱི་དོན་སྒོམ་པའོ། །དང་པོ་ལ་གཉིས། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང་། རྡོ་རྗེའི་བཟླས་པ་དངོས་སོ། །དང་པོ་ནི། དེ་ནས་སྟོན་པ་རྡོ་རྗེ་འཛིན། ནས། རྡོ་རྗེ་བཟླས་པ་འདི་གསུངས་སོ། །ཞེས་སོ། །གཉིས་པ་ནི། སྔགས་ཀྱི་དོན་ཀུན་བཟླས་པ་ནི། ནས། རྡོ་རྗེ་གསུམ་གྱི་ཐུགས་འདྲར་འགྱུར། ཞེས་སོ། །གཉིས་པ་མཆོད་པའི་ཆོ་ག་ལ་གཉིས། དབང་བོ་རབ་ཀྱི་མཆོད་པ་དང་། དབང་བོ་ཐ་མའི་མཆོད་པའོ། །དང་པོ་ནི། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། ནས། འདི་ནི་བྱང་ཆུབ་ཐོབ་པའོ། །ཞེས་སོ། །གཉིས་པ་ནི། ཡང་ན་དབྱེ་བ་རྣམ་གསུམ་གྱིས། ནས། སངས་རྒྱས་རྣམས་ནི་ཀུན་གྱི་ཡིན། །ཞེས་སོ། །གསུམ་པ་བཟླས་པའི་རབ་་དབྱེ་ལ་དྲུག །སྐུ་གསུང་ཐུག་ཀྱི་བཟླས་པ། རྡོར་བཟླས་ཀྱི་གཙོ་བོ་རིན་པོ་ཆེའི་བཟླས་པ། ཡན་ལག་གི་རླུང་ལ་བརྟེན་པའི་ཐོགས་མེད་ཀྱི་བཟླས་པ། ཁྲོ་བོའི་བཟླས་པ། དུག་གསུམ་གྱི་བཟླས་པ། མ་ནིང་གི་བཟླས་པའོ་དང་པོ་ནི། སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ། ནས། དེ་ནི་ཐུགས་ཀྱི་བཟླས་པར་བཤད། ཅེས་སོ། །གཉིས་པ་ནི། དོན་གྱི་རྗེས་འགྲོ་བཟླས་པ་ནི། ནས། དེ་ནི་རིན་ཆེན་བཟླས་པར་བཤད། ཅེས་སོ། །གསུམ་པ་ནི། སངས་རྒྱས་ཞིང་རྣམས་ཐམས་ཅད་དུ། ནས། དེ་ནི་ཐོགས་མེད་བཟླས་བར་བཤད། ཅེས་སོ། །བཞི་པ་ནི། ཁྲོ་བོའི་དམ་ཚིག་ཡེ་ཤེས་ཀྱིས། ནས། དེ་ནི་ཁྲོ་བོའི་བཟླས་པར་བཤད། ཅེས་སོ། །ལྔ་པ་ནི། འདོད་པའི་དོན་གྱིས་མྱོས་གྱུར་པ་ནས། དེ་ནི་ཞེ་སྡང་བཟླས་བར་བཤད། ཅེས་སོ། །དྲུག་པ་ནི། དམ་ཚིག་དེ་ཉིད་རྡོ་རྗེ་གསུམ། ནས། བཟླས་པ་མ་ནིང་ཞེས་བྱའོ། །ཞེས་སོ། །བཞི་པ་དུག་གསུམ་གྱི་དོན་སྒོམ་པ་ལ་གཉིས། འདོད་ཆགས་ཀྱི་དོན་སྒོམ་པ་དང་གཏི་མུག་དང་ཞེ་སྡང་གི་དོན་སྒོམ་པའོ། །དང་པོ་ལ་གཉིས། འདོད་ཡོན་ལ་ཆགས་པ་ལམ་དུ་བྱས་པས་ཐོབ་བྱའི་དོན་རྟོགས་པ་་དང་། ལམ་དེ་ཉིད་ལ་བརྟེན་ནས་བུད་མེད་ཀྱིས་ཀྱང་མཆོག་འགྲུབ་པར་བསྟན་པའོ། །དང་པོ་ནི། འདོད་ཆགས་དེ་ཉིད་དོན་སྒོམ་པ། ནས། འདོད་ཆགས་བྱང་ཆུབ་རྫོགས་པར་མཛད། ཅེས་སོ། །གཉིས་པ་ནི། རིག་པ་ཆེན་མོ་སྤྱན་ལ་སོགས། ནས། ཇི་ལྟར་འདོད་པ་བསྟེན་ན་འགྲུབ། ཅེས་སོ། །གཉིས་པ་ནི། གཏི་མུག་དམ་ཚིག་ལས་བྱུང་བ། ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་ལས་ཚོགས་ཀྱི་ཏིང་ངེ་འཛིན་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། བསྐྱེད་རིམ་པའི་ལམ་སྒྲུབ་པ་དང་། རྫོགས་རིམ་པའི་ལས་སྒྲུབ་པའོ། །དང་པོ་ལ་གསུམ། རིགས་ལྔའི་ལས་རྒྱལ་མཆོག་དང་། དེའི་སྔོན་དུ་བྱ་བའི་དཀྱིལ་འཁོར་རྒྱལ་མཆོག་དང་། དེའི་སྔོན་དུ་བྱ་བ་དང་པོའི་སྦྱོར་བ་སྒོམ་པའོ། །དང་པོ་ནི། ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱི། ནས། རལ་གྲིའི་སྔགས་དོན་བསྒོམ་པར་བྱ། ཞེས་སོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དཀྱིལ་འཁོར་ཀུན་གྱི་ངོས་རྣམས་སུ། །ནས། སྤྲོས་ན་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་ནི། སྔགས་རྣམས་ཐམས་ཅད་སྤྲོ་བ་ནི། ནས། རྡོ་རྗེ་ལྔ་རྣམས་བསྒོམ་པར་བྱ། ཞེས་་སོ། །གསུམ་པ་དང་པོ་སྦྱོར་བ་ནི། དབུས་སུ་བདག་པོ་བསམས་ནས་ནི། ནས། རང་སྔགས་རྡོ་རྗེའི་གཟུགས་དག་གིས། །ཞེས་སོ། གཉིས་པ་རྫོགས་རིམ་གྱི་ལས་སྒྲུབ་བ་ནི། དཀྱིལ་འཁོར་རྣམ་པ་བཞི་དག་ཏུ། ནས། བྱ་བའི་རོལ་མོས་མཚན་པའོ། །ཞེས་སོ། །གཉིས་པ་ལས་ཚོགས་རྒྱས་པར་བཤད་པ་ལ་བདུན། དྲག་པོའི་ལས། རྣམ་པར་འཚེ་བ་ཞི་བའི་སྦྱོར་བ། སྒྲུབ་ཐབས་ཀྱི་ཡན་ལག་སྲུང་འཁོར། སྔར་བཤད་པའི་ཞི་བའི་ལས་ཀྱི་རྒྱལ་བཤད། རྒྱས་པ་དང་དབང་གི་ལས་གཉིས་སྤེལ་བ། རིགས་གཉིས་ཀྱི་སྒོ་ནས་དབང་གི་ལས་སྒྲུབ་པ། གསད་ལས་ཀྱི་ལྷག་མ་བསྟན་པའོ། །དང་པོ་ལ་གཉིས། གསད་པའི་ལས་དང་། མནན་པའི་ལས་སྦྱོར་རོ། །དང་པོ་ལ་གཉིས། མཚམས་སྦྱར་ཏེ་གསད་ལས་བྱ་བའི་ཡུལ་དང་། གསད་པའི་ཆོ་ག་བསྟན་པའོ། །དང་པོ་ནི། མ་དད་སྨྲ་བའི་སེམས་ཅན་རྣམས། །ནས། འཁོར་ལོ་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་གསོད་པའི་ཆོ་ག་ལ་གཉིས། བསྐྱེད་རིམ་པའི་གསད་ལས་དང་། རྫོགས་རིམ་པའི་གསང་ལས་སོ། །དང་པོ་ལ་གསུམ། གསད་ལས་ཀུན་གྱི་ཐུན་མོང་བ་སྔོན་་དུ་ཁ་སྦྱར་དབྱེ་བའི་ཆོ་ག །གསང་ཆོག་གི་བཀའི་འཁོར་ལོ། །བགེགས་བཟློག་པའི་བཀའི་འཁོར་ལོའོ། །དང་པོ་ནི། ཁམས་གསུམ་གནས་པའི་སེམས་ཅན་རྣམས། ནས། དེ་ནས་ལས་རྣམས་བརྩམ་པར་བྱ། །ཞེས་སོ། །གཉིས་པ་གསར་ཆོག་གི་བཀའི་འཁོར་ལོ་བསྟན་པ་ལ་བཞི། མི་བསྐྱོད་པའི་དང་རྣམ་སྣང་ལ་སོགས་པའི་དང་། དེའི་འཁོར་རྣམས་ཀྱི་དང་། ལྷ་ཐམས་ཅད་ཀྱི་བཀའི་འཁོར་ལོའོ། །དང་པོ་ལ་ལྔ། དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་དེ་འགྲུབ་པར་ངེས་པའི་དུས་་དང་། ལས་རྒྱལ་མཆོག་དང་ཏིང་ངེ་འཛིན་གྱི་མིང་ངོ་། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ནས། རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ། ཞེས་སོ། །གཉིས་པ་ནི། དུས་གསུམ་དམ་ཚིག་ལས་བྱུང་བ། ནས། གདུག་པ་ཆེན་པོ་གསོད་པར་བྱེད། །ཅེས་སོ། །གསུམ་པ་ནི། སངས་རྒྱས་སྐུ་གསུམ་མཆོག་སྩོལ་བའོ། །ནས། འཆི་བར་འདི་ནི་གདོན་མི་ཟ། ཞེས་སོ། །བཞི་པ་ནི། འགྲེལ་བ་ལས་སོ། །ལྔ་པ་ནི། རྡོ་རྗེ་དམ་ཚིག་ཡེ་ཤེས་ཀྱི། ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །གཉིས་པ་ལ་གཉིས། དངོས་དང་། ཏིང་ངེ་འཛིན་གྱི་མིང་ངོ་། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། ནས། ཞིག་པར་འགྱུར་བར་གདོན་མི་ཟ། །ཞེས་སོ། །གཉིས་པ་ནི། འཁོར་ལོའི་དམ་ཚིག་ནས་ཏིང་ངེ་འཛིན་ཏོ། །ཞེས་སོ། །གསུམ་པ་ལ་གཉིས། དངོས་ཀྱི་དོན་དང་། ཏིང་ངེ་་འཛིན་གྱི་མིང་ངོ་། །དང་པོ་ནི། སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན། ནས། ཁྲོས་པས་ཐམས་ཅད་གསོད་པར་བསྒོམ་ཞེས་སོ། །གཉིས་པ་ནི། འདི་ནི་རྡོ་རྗེ་བཀའི་དཀྱིལ་འཁོར་ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །བཞི་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འམ། ནས། བཀའི་འཁོར་ལོ་སྦྱར་བར་བྱ་ཞེས་སོ། །གསུམ་པ་སྲུང་བའི་འཁོར་ལོ་ནི། སྔགས་ཀུན་བསྲུང་ཕྱིར་ཡེ་ཤེས་མཆོག །ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་རྫོགས་རིམ་པའི་གསད་ལས་ནི། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། ནས། རབ་ཏུ་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་སོ། །གཉིས་པ་མནན་པའི་ལས་སྦྱོར་བ་གཉིས། སྣོད་མནན་པ་དང་། བཅུད་མནན་པའི་ཆོ་གའོ། །དང་པོ་ལ་གཉིས། བསྐྱེད་རིམ་པའི་ཆོ་ག་དང་། རྫོགས་རིམ་པའི་ཆོ་གའོ། །དང་པོ་ནི་རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །ནས། ཆུ་ཡི་སྟེང་དུ་བཅག་པར་བྱ། །ཞེས་སོ། །གཉིས་པ་ནི། རྐང་བ་མཉམ་བཞག་སྦྱོར་བ་ཡིས། ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །གཉིས་པ་བཅུད་གནོན་པ་ལ་གསུམ། ངག་གནོད་པ་དང་། དཔུང་གནོན་པ་དང་། ཡིད་གནོན་པའོ། །དང་པོ་ནི། དབང་ཆེན་དཀྱིལ་འཁོར་བསྒོམས་ནས་ནི། །ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་གསུམ་མཆོག་ཁྲོ་བོའི་ཚུལ། ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །གསུམ་པ་ནི། དགྲ་བོ་སྐྲག་པའི་དམ་ཚིག་ནི། ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །གཉིས་པ་རྣམ་པར་འཚེ་བ་ཞི་བའི་སྦྱོར་བ་ལ་གཉིས། དངོས་ཀྱི་་དོན་དང་། དེའི་ཕན་ཡོན་ཏིང་ངེ་འཛིན་གྱི་མིང་དང་བཅས་པའོ། །དང་པོ་ནི། གྲོང་ངམ་ཡང་ན་གྲོང་ཁྱེར་རམ། །ནས། དབང་བསྐུར་བ་ནི་ཡང་་དག་བྱ་ཞེས་སོ། །གཉིས་པ་ནི། རྡོ་རྗེའི་བསམ་གཏན་འདི་ཡིས་ནི། ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །གསུམ་པ་ནི། བསམ་གཏན་ལས་བྱུང་དམ་བཅས་པས། ནས་ཏིང་ངེ་འཛིན་ཏོ་ཞེས་སོ། །བཞི་པ་ལ་གཉིས། དངོས་ཀྱི་དོན་དང་། དེའི་ཕན་ཡོན་ཏིང་ངེ་འཛིན་གྱི་མིང་དང་བཅས་པའོ། །དང་པོ་ནི། ཞི་བའི་དཀྱིལ་འཁོར་དམ་པ་ནི། ནས། དེ་ལ་དབང་བསྐུར་རབ་ཏུ་སྩོལ་ཞེས་སོ། །གཉིས་པ་ནི། ནད་པ་རྡོ་རྗེ་དམ་ཚིག་གིས། ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །ལྔ་པ་ལ་གཉིས། དངོས་ཀྱི་དོན་དང་། དེའི་ཕན་ཡོན་ཏིང་ངེ་འཛིན་གྱི་མིང་དང་བཅས་པའོ། །དང་པོ་ནི། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། ནས། དབང་བསྐུར་བ་ནི་ཡང་དག་བྱ་ཞེས་སོ། །གཉིས་པ་ནི། རྡོ་རྗེ་བསམ་གཏན་འདི་ཡིས་ནི། །ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །དྲུག་པ་ལ་གཉིས། དངོས་ཀྱི་དོན་དང་། དེའི་ཕན་ཡོན་ཏིང་ངེ་འཛིན་གྱི་མིང་དང་བཅས་པའོ། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། ནས། དེ་ནི་གཟི་བརྗིད་དབབ་པར་བྱ། །ཞེས་སོ། །གཉིས་པ་ནི། དེ་ནི་དེ་མ་ཐག་ཏུ་ཡང་། ནས་ཏིང་ངེ་་འཛིན་ཏོ་ཞེས་སོ། །བདུན་པ་ནི། ནམ་མཁའ་རྡོ་རྗེ་སྲིན་པོ་ནི། ནས། སྤྲིན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ངེ་འཛིན་ཏོ་ཞེས་སོ། །གསུམ་པ་དེ་་དང་འབྲེལ་བའི་ཏིང་ངེ་འཛིན་ལ་གསུམ། སྔགས་ཀྱི་སྐུ་བསྐྱེད་པ། ཡེ་ཤེས་ཀྱི་སྐུ་བསྐྱེད་པ། དེ་གཉིས་ཉེ་བར་བསྡུ་བའོ། །དང་པོ་ལ་བཞི། རིགས་ལྔའི་དང་། ཡུམ་བཞིའི་དང་། ཁྲོ་བོ་བཅུའི་སྐུ་མདོག་དང་ཕྱག་མཚན་སོགས་བཤད་པ་དང་།ལྷ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་གཞན་མང་པོར་བསྟན་པའོ། །དང་པོ་ནི། །རྣམ་པར་སྣང་མཛད་ཞལ་གསུམ་པ། ནས། བཟང་བོ་སྣ་ཚོགས་བསྣམས་པར་བསྒོམ། ཞེས་སོ། །གཉིས་པ་ནི། སེམས་ཅན་ཀུན་ལ་ཕན་བཞེད་མ། ནས་བསྒོམས་ན་ཡེ་ཤེས་ཐོབ་བར་འགྱུར། །ཞེས་སོ། །གསུམ་པ་ནི། ཁྲོ་བོ་ཆེན་པོ་གཤིན་རྗེ་བཤེད། ནས་གཟི་བརྗིད་ཕུང་པོ་གཙུག་ཏོར་རྒྱལ། ཞེས་སོ། །བཞི་པ་ནི། གང་གཞན་སྔགས་ཀྱི་འཁོར་ལོ་ཅན། ནས། ནམ་མཁའི་སྟེང་དུ་ཤིན་ཏུ་འཕགས། ཞེས་སོ། །གཉིས་པ་ཡེ་ཤེས་ཀྱི་སྐུ་ལ་གསུམ། ཟུང་འཇུག་ལོངས་སྐུ་ལ་གནས་པས་རིགས་ལྔའི་སྤྲུལ་སྐུ་སྐྱེད་པ་དང་། ཡུམ་བཞིའི་སྤྲུལ་སྐུ་སྐྱེད་པ་དང་། ཁྲོ་བོ་བཅུའི་སྤྲུལ་སྐུ་སྐྱེད་པའོ། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ནས། དམ་ཚིག་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་་འཛིན་ཏོ། །ཞེས་སོ། །གཉིས་པ་ནི། ཟླ་བའི་དཀྱིལ་འཁོར་དམ་པ་ནི། ནས། སྒྲོལ་མ་མཆོག་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་པའི་བར་རོ། །གསུམ་པ་ནི། ཉི་མའི་དཀྱིལ་འཁོར་དམ་པ་ནི། ནས། རྡོ་རྗེའི་དམ་ཚིག་སུམྦྷ་རབ་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་སོ། །གསུམ་པ་དེའི་གཉིས་ཉེ་བར་སྡུད་པ་ནི། འགོག་པའི་ཁྲོ་བོ་འཁོར་ལོ་ནི། ནས། རྡོ་རྗེའི་དཀྱིལ་འཁོར་འགྲུབ་པར་འགྱུར། ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནས། ལེའུ་སྟེ་བཅུ་གསུམ་པའོ་ཞེས་པའི་བར་རོ། །བཅུ་བཞི་པ་རྣམ་པར་འཕྲུལ་པའི་རྒྱལ་པོའི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་དོན་ནོ། །དང་པོ་ལ་གཉིས། ལས་ཚོགས་བཤད་པ་དང་། དེ་ལྟར་གསུངས་པ་ལས་དགྱེས་ནས། ཆེད་བརྗོད་མཛད་པའོ། །དང་པོ་ལ་གསུམ། སྔགས་དང་ནང་ལ་གཞོལ་བའི་ལས་ཚོགས་དང་། སྔགས་ལ་ཞོལ་བའི་ཆོ་གའི་ཁྱད་པར་དང་། ཕུར་བུས་གདབ་པའི་ལས་ཚོགས་སོ། །དང་པོ་ལ་ལྔ། སྔགས་ལ་གཞོལ་བས་ལས་སྒྲུབ་ཚུལ། ནང་ལ་གཞོལ་བས་ལས་སྒྲུབ་ཚུལ། དེ་གཉིས་ཀྱི་དོན་བསྡུ་བ། ལྷ་མོ་གཉིས་ལ་བརྟེན་པའི་དགུག་པའི་ལས། སྔགས་ལ་གཞོལ་བས་དངོས་གྲུབ་མྱུར་དུ་གྲུབ་པའི་བཟླས་པ་བསྟན་པའོ། །དང་པོ་ལ་གཉིས། ཡུམ་བཞིའི་ཕྲེང་སྔགས་ལ་བརྟེན་ནས་ལས་སྒྲུབ་བྱེད་ཚུལ་དང་། ཁྲོ་བོ་རྣམས་ཀྱི་ཕྲེང་སྔགས་ལ་བརྟེན་ནས་ལས་སྒྲུབ་པའོ། །དང་པོ་ལ་བཞི། སྤྱན་མ་ལ་བརྟེན་ནས་ཞི་བ། མཱ་མ་ཀི་ལ་བརྟེན་ནས་བགེག་བསལ་བ། །གོས་དཀར་མོ་ལ་བརྟེན་ནས་རྒྱས་པ། སྒྲོལ་མ་ལ་བརྟེན་ནས་དབང་གི་ལས་སྒྲུབ་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ། ཞེས་པ་ནས། ཤི་བ་སོས་པར་བྱེད་པར་གསུངས། ཞེས་པའི་བར་རོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ནས། རྟག་ཏུ་སྟོབས་ནི་བྱེད་པར་བཤད། ཅེས་སོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་འདས་ནས། བཟླས་པ་ཙམ་གྱིས་བྱེད་པར་འགྱུར། ཞེས་སོ། །བཞི་པ་ནི། དེ་ནས་བཅོམ་ལྡན་འདས། ནས་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གཉིས་པ་ལ་དགུ། གཤིན་རྗེ་གཤེད་ཀྱི་སྒོ་ནས་རིགས་མཐོན་པའི་བུད་མེད་་སོགས་དགུག་པ། བདུད་རྩི་འཁྱིལ་བའི་སྒོ་ནས་བསྐྲད་པ། གཞན་གྱིས་མི་་ཐུབ་པའི་སྒོ་ནས་གདོན་གྱིས་ཟིན་པ་དགྲོལ་བ། རྟ་མགྲིན་གྱི་སྒོ་ནས་དུག་བསལ་པ། དབྱུག་སྔོན་ཅན་གྱི་སྒོ་ནས་བསད་པ། སྟོབས་པོ་ཆེའི་སྒོ་ནས་ཆར་དབབ་པ། འདོད་རྒྱལ་གྱི་སྒོ་ནས་རྒྱལ་པོ་སོགས་དགུག་པ། མི་གཡོ་བའི་སྒོ་ནས་ལྷ་ཆེན་པོ་སོགས་དགུག་པ། གནོད་མཛེས་ཀྱི་སྒོ་ནས་བུ་མོ་སོགས་དགུག་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། ཐུགས་རྡོ་རྗེ་དེ་སྐད་ཅེས་གསུངས་སོ། །ཞེས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ནས། ཚུལ་བཞིན་བྱས་ན་སྐྲོད་པར་འགྱུར། ཞེས་སོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་འདས་ནས། ལས་རྣམས་ཆོ་ག་བཞིན་དུ་བྱ་ཞེས་སོ། །བཞི་པ་ནི། །དེ་ནས་བཅོམ་ལྡན་འདས་ནས། དུག་རྣམས་་ཐམས་ཅད་མེད་པར་བྱེད། །ཅེས་སོ། །ལྔ་པ་ནི། དེ་ནས་བཅོམ་ལྡན་་འདས་ནས། གདུག་པ་ཐམས་ཅད་གསོད་པར་འགྱུར། ཞེས་སོ། །དྲུག་པ་ནི། དེ་ནས་བཅོམ་ལྡན་འདས་ནས། ཆུ་ཡི་དཀྱིལ་འཁོར་འབེབས་པར་བྱེད། ཅེས་སོ། །བདུན་པ་ནི། དེ་ནས་བཅོམ་ལྡན་འདས་ནས། སྔགས་རྣམས་ཐམས་ཅད་དགུག་པའི་མཆོག །ཅེས་སོ། །བརྒྱད་པ་ནི། དེ་ནས་བཅོམ་ལྡན་འདས་ནས། ཁ་སྦྱར་ལུས་སུ་འགུགས་པར་འགྱུར། ཞེས་སོ། །དགུ་པ་ནི། དེ་ནས་བཅོམ་ལྡན་འདས་ནས། བུ་མོ་རྣམས་ནི་་དགུགས་པའི་མཆོག ། ཅེས་སོ། །གཉིས་པ་ནང་ལ་གཞོལ་བའི་ལས་སྒྲུབ་ཚུལ་ལ་གཉིས། སྐུ་གསུང་ཐུགས་དགུག་པ་དང་། རང་གི་མཚན་མས་དགུག་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། སྔགས་རྣམས་ཐམས་ཅད་དགུག་པའི་མཆོག །ཞེས་སོ། །གཉིས་པ་ལ་ལྔ། མིའི་བུ་མོ་དགུག་པ། ལྷའི་བུ་མོ་དགུག་པ། ལྷ་མ་ཡིན་གྱི་བུ་མོ་དགུག་པ། ཚངས་པ་ལ་སོགས་པའི་ལྷ་དགུག་པ། གནོད་སྦྱིན་མོ་དགུག་པའོ། །དང་པོ་ནི། ཐམས་ཅད་རྡོ་རྗེ་དངོས་ཞི་བ་དང་། །ངེས་པར་རྟག་ཏུ་འགུགས་པར་་འགྱུར། ཅེས་སོ། །གཉིས་པ་ནི། ཟླ་བའི་དཀྱིལ་འཁོར་དག་ལ་ནི། ནས། ནམ་མཁའི་བུ་མོ་དགུག་པའི་མཆོག །ཅེས་སོ། །གསུམ་པ་ནི། ཁྲོ་བོ་རྡོ་རྗེ་དམ་ཚིག་ནི། ནས། ལྷ་མིན་བུ་མོ་འགུགས་པའི་གནས། ཞེས་སོ། །བཞི་པ་ནི། བཙག་གམ་རྡོ་རྒྱུས་དག་ཀྱང་རུང་། ནས། འཇིགས་ཤིང་སྐྲག་ནས་འོང་བར་འགྱུར། ཅེས་སོ། །ལྔ་པ་ནི། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི་ནས། བསྒོམས་ནས་གནོད་སྦྱིན་མོ་དག་སྤྱད། ཅེས་སོ། །གསུམ་པ་དེ་གཉིས་ཀྱི་དོན་བསྡུ་བ་ནི། ཀུན་གྱི་ཕྱག་རྒྱའི་ཁྱད་པར་དང་། ནས། རྒྱལ་པོ་མཆོག་ཏུ་རྟག་པའོ། །ཞེས་སོ། །བཞི་པ་ལྷ་མོ་གཉིས་ལ་བརྟེན་ནས་དགུག་པའི་ལས་ལ་གཉིས། རལ་གཅིག་མའི་སྒོ་ནས་ཀླུའི་བུ་མོ་དགུག་པ། ཁྲོ་གཉེར་ཅན་གྱི་སྒོ་ནས་རིག་འཛིན་གྱི་བུ་མོ་དགུག་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས་བཀུག་ནས་ཉེ་བར་སྤྱད་པར་བྱ་ཞེས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་ནས། དམ་ཚིག་ལ་སོགས་པ་ཡིས་དགུག་ཞེས་སོ། །ལྔ་པ་སྔགས་ལ་གཞོལ་བས་ལས་མྱུར་དུ་འགྲུབ་པའི་བཟླས་པ་བསྟན་པ་ནི། འགོག་པའི་རྡོ་རྗེ་རྒྱལ་པོ་ནི། །ནས། །ཀུན་ནས་་དེ་མ་ཐག་ཏུ་འགུགས། ཞེས་སོ། །གཉིས་པ་སྔགས་ལ་གཞོལ་བའི་ཆོ་གའི་ཁྱད་པར་ལ་ལྔ། སྔོན་དུ་བསྙེན་པའི་ཆོ་ག །མངོན་སྤྱོད་བྱ་བའི་ཡུལ། །གསང་བའི་ཆོ་ག །དྲག་ལས་བྱ་བའི་གནས། གསང་བསྐྲད་ཀྱི་ཆོ་ག་གཞན་གསུམ་བསྟན་པའོ། །དང་པོ་ནི། ཡང་ན་ཁྲོ་བོ་ཐམས་ཅད་ཀྱི། ནས། ལས་རྣམས་ཐམས་ཅད་བྱེད་བར་བཤད། ཅེས་སོ། །གཉིས་པ་ནི། རྡོ་རྗེ་སློབ་དཔོན་སྨོད་པ་དང་། ནས། རྡོ་རྗེ་འཆང་ཆེན་པོས་གསུངས་སོའི་བར་རོ། །གསུམ་པ་ནི། ཡང་གསུངས་པ་ནས། ནམ་མཁའི་དབྱིངས་ཀྱང་འཇིག་པར་འགྱུར། ཞེས་སོ། །བཞི་པ་ནི། མ་མོའི་གནས་སམ་དུར་ཁྲོད་དམ། ནས། མངོན་པར་སྤྱོད་པ་བརྩམ་པར་བྱ། ཞེས་སོ། །ལྔ་པ་ནི། མི་རུས་ལས་བྱས་ཕུར་བུ་ནི། ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གསུམ་པ་ཕུར་བུས་གདབ་པའི་ལས་ཚོགས་ལ་གཉིས། ཐུན་མོང་གི་ཕུར་བུས་གདབ་པ་དང་། ཐུན་མོང་མ་ཡིན་པའི་ཕུར་བུས་གདབ་པའོ། །དང་པོ་ལ་གསུམ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་ནས་ཕུར་བུའི་སྔགས་་ཐུན་མོང་དུ་བསྟན་པ་དང་། རྫས་ཀྱི་ཕུར་གདབ་དང་། བསམ་གཏན་གྱི་ཕུར་གདབ་བོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས་ནམ་མཁའི་རྡོ་རྗེ་ཐུགས་དྲན་འགྱུར། །ཞེས་སོ། །གཉིས་པ་ནི། མི་རུས་ལས་བྱས་ཕུར་བུའམ། ནས་རྡོ་རྗེ་སྐུ་གསུམ་འཇིག་པར་བྱེད། །ཅེས་སོ། །གསུམ་པ་ལ་གཉིས། ཏིང་ངེ་འཛིན་ལ་བརྟེན་ནས་ཕུར་བུས་གདབ་པ་དང་། ཕུར་བུའི་་དབྱིབས་ཕན་ཡོན་དང་བཅས་པའོ། །དང་པོ་ནི། འོད་འཕྲོ་འཁྲུག་ཅིང་མདངས་བཟང་བའི། །ནས་བསམས་ན་རྡོ་རྗེ་གསུམ་ཡང་གནོན། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་བདུན་རྩི་འཁྱིལ་བ་ཡིས། ནས། ཕུར་བུས་བཏབ་ན་མྱུར་དུ་འཆི། ཞེས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཕུར་གདབ་ལ་གཉིས། བསྐྱེད་རིམ་པའི་ཕུར་གདབ་དང་། རྫོག་རིམ་པའི་ཕུར་གདབ་པོ། དང་པོ་ལ་གསུམ། བསྒྲུབ་བྱའི་ལུས་ལ་ཕུར་བུས་གདབ་པ། ངག་གི་གནས་ལ་ཕུར་བུས་གདབ་པ། ཡིད་ཀྱི་གནས་ལ་ཕུར་བུས་གདབ་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས། ཡང་ན་འཆི་བའི་གནས་སུ་འགྱུར་ཞེས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་ནས། འཆི་བའི་གནས་སུ་འགྱུར་ཞེས་སོ། །གསུམ་པ་ནི་དེ་ནས་བཅོམ་ལྡན་ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་་སོ། །གཉིས་པ་རྫོགས་རིམ་པའི་ཕུར་གདབ་ནི། རྡོ་རྗེ་དང་པདྨ་གཉིས་མཉམ་པར་སྦྱོར་བའི་ཕུར་གདབ་ཞིག་སྟེ་མཐའ་དཔྱོད་དུའོ། །གསུམ་པ་དགྱེས་ནས་ཆེད་བརྗོད་མཛད་པ་ནི། དེ་ནས་སངས་རྒྱས་སྐུ་གསུམ་མཆོག ནས། སྔགས་ཀྱིི་དེ་ཉིད་དོན་བསྡུས་པའོ། །ཞེས་པའི་བར་རོ། །གཉིས་པ་ལེའུའི་མཚན་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད། ནས། ལེའུ་སྟེ་བཅུ་བཞི་པའོ། །ཞེས་པའི་བར་རོ། །བཅོ་ལྔ་པ་དམ་ཚིག་་འབྱུང་བའི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་དྲུག །རྣལ་འབྱོར་གྱི་སྤྱོད་པ། དངོས་གྲུབ་སྒྲུབ་པའི་ལས་ཚོགས། རིགས་ཀྱི་དབྱེ་བས་ལྷ་ལ་དབང་བསྐུར་བ། །སྣོད་ལ་ཡེ་ཤེས་དབབ་པའི་ཆོ་ག །དངོས་གྲུབ་ཀྱི་ཆོ་གར་གཏོགས་པའི་ལས་སྣ་ཚོགས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པའོ། །དང་པོ་ལ་གཉིས། སྐྱེད་རིམ་པའི་སྤྲོས་མེད་ཀྱི་སྤྱོད་པ་དང་། རྫོགས་རིམ་པའི་སྤྱོད་པས་མཆོག་སྒྲུབ་ཚུལ་ལོ། །དང་པོ་ལ་དྲུག །སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། མི་བསྐྱོད་པའི་རྣལ་འབྱོར་བའི་སྤྱོད་པ། རིགས་ལྔའི་དཀྱིལ་འཁོར་བསྒོམ་པའི་རྣལ་འབྱོར་བས་གསང་མཆོད་བྱ་བ་ཐུན་མོང་དུ་བསྟན་པ། རྣམ་སྣང་གི་རིགས་ཀྱི་སྤྱོད་པ་དང་མི་བསྐྱོད་པའི་ཆོ་ག་ལྷག་མ་བཤད་པ། རིགས་གཞན་གསུམ་གྱི་རྣལ་འབྱོར་བའི་སྤྱོད་པ་ཕན་ཡོན་དང་བཅས་པ། སྣང་མཐའི་རྣལ་འབྱོར་བའི་ཁྱད་པར་གྱི་སྤྱོད་པ་ཕན་ཡོན་དང་བཅས་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ཞེས་པ་ནས། རྡོ་རྗེ་གསུམ་ནི་བཀའ་སྩལ་པ། ཞེས་པའི་བར་རོ། །གཉིས་པ་མི་བསྐྱོད་པའི་རྣལ་འབྱོར་བའི་སྤྱོད་པ་ལ་བཞི། རང་རིགས་ཀྱི་ཕྱག་རྒྱ་མ་སྒྲུབ་པ། གནས་སྦྱངས་ཏེ་དཀྱིལ་འཁོར་བྲི་བ། བྲིས་པའི་དཀྱིལ་འཁོར་སྒྲུབ་པ། དེའི་དབུས་སུ་མཚན་ལན་གྱི་ཕྱག་རྒྱས་འདོད་དོན་རྫོགས་པར་བྱེད་པའོ། །དང་པོ་ནི། སྨེ་ཤ་ཅན་གྱི་བདག་ཉིད་ཆེ། ནས། རྟག་ཏུ་བསྒྲུབ། ཅེས་སོ། །གཉིས་པ་ནི། བཤང་གཅི་དམ་ཚིག་ལ་སོགས་པ་ནས་གྲུ་བཞི་ལྷམ་པར་བྱ། ཞེས་སོ། །གསུམ་པ་ནི། རྡོ་རྗེའི་དཀྱིལ་འཁོར་བསྒོམས་པ་ཡིས། ཞེས་སོ། །བཞི་པ་ནི། མཚན་ཉིད་ཐམས་ཅད་ཡོངས་སུ་དག །ནས། རྣམ་པར་བསྒོམ། ཞེས་སོ། །གསུམ་པ་རིགས་ལྔའི་དཀྱིལ་འཁོར་བསྒོམས་པའི་རྣལ་འབྱོར་པས་གསང་མཆོད་བྱ་བ་ནི། དཀྱིལ་འཁོར་ལྔ་ཡི་འཁོར་ལོ་ཡིས། ནས། ཉམས་དགའ་བསྒོམ། ཞེས་སོ། །བཞི་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། ནས། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། ཞེས་དང་། ཡང་། བཙོ་ཀླག་མཁན་ནི། ནས་བརྩམ་པར་བྱ། ཞེས་སོ། །ལྔ་པ་ནི། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། ནས། འདོད་དང་ཐར་བར་བསྒྲུབ་པ། ཞེས་སོ། །དྲུག་པ་ནི། རྡོ་རྗེ་ཆོས་ནི་རྣམ་བསྒོམས་པས། ནས། མངའ་བདག་དམ་པ་ཀུན་གྱི་མཆོག །ཅེས་སོ། །གཉིས་པ་རྫོགས་རིམ་པའི་སྤྱོད་པས་མཆོག་སྒྲུབ་ཚུལ་ལ་བཞི། ཕྱག་རྒྱ་རིགས་བཞི་གང་རུང་ལ་བརྟེན་ནས་རྡོ་རྗེ་འཆང་སྒྲུབ་པའི་སྤྱོད་པ་བྱ་བ། སྤྱོད་པའི་མཐར་བྱང་ཆུབ་པ་གཉིས་མངོན་དུ་བྱ་བ། དེ་ལ་རྟེན་ནས་ཟུང་འཇུག་གི་མཚན་ཉིད་བསྟན་པ། དངོས་གྲུབ་དེ་འདོད་པས་སོར་སྡུད་དང་བསམ་གཏན་ལ་བསླབ་ན་འདོད་པའི་དོན་འགྲུབ་པར་བསྟན་པའོ། །དང་པོ་ནི། བྲམ་ཟེ་རྒྱལ་རིགས་རྗེའུ་ཡི་རིགས། ནས། འདི་ནི་གསང་བ་་ཐོབ་བྱེད་པའོ། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་ཉི་མ་ནུབ་ནས་ནི། ནས། འགྲུབ་པར་འགྱུར། །ཞེས་སོ། །གསུམ་པ་ནི། རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ནས། དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །ཞེས་སོ། །བཞི་པ་ནི། རྡོ་རྗེ་ཅན་གྱི་གྲུབ་འདོད་ན། ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་དངོས་གྲུབ་སྒྲུབ་པའི་ལས་ཚོགས་ལ་གཉིས། ཆོ་ག་དངོས་དང་། དེ་ལ་ཆེད་བརྗོད་མཛད་པའོ། །དང་པོ་ལ་བཞི། ཁྲོ་བོ་བཞིའི་སྒོ་ནས་ལས་སྒྲུབ་པ་དང་། རྫོགས་རིམ་པའི་་སྤྱོད་པ་གསལ་བར་བསྟན་པ། རིལ་བུའི་སྒྲུབ་པ་བཅུ་བསྟན་པ། རྫོགས་རིམ་པའི་ལས་ཚོགས་བསྟན་པའོ། །དང་པོ་ལ་གཉིས། ཧྲཱིཥྚཱིའི་ལས་སྦྱོར་་དང་། ཕཊ་ཀྱི་ལས་སྦྱོར་རོ། །དང་པོ་ལ་གཉིས། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔགས་གསུངས་པ་ཐུན་མོང་དུ་བསྟན་པ་དང་། དེའི་ལས་སྦྱོར་སོ་སོར་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་ནས། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཞེས་སོ། །གཉིས་པ་ལ་བཞི། དགུག་ཅིང་གནོན་པའི་ལས་སྦྱོར་དང་། ལས་དེའི་ནུས་པ་བསྟན་པ། ནོར་འགུགས་པ། གསང་བའི་ཆོ་གའོ། །དང་པོ་ནི། དུག་ནི་ཁྲག་དང་ཀུན་ཏུ་སྦྱར། ནས། དེ་་ཡིས་རྟག་ཏུ་གནོན་པར་འགྱུར། ཞེས་སོ། །གཉིས་པ་ནི། སངས་རྒྱས་་སམ་ནི་ཆོས་འཛིན་པའམ། ནས།་དེ་ཡི་ཚེ་ནི་དེར་ཟད་འགྱུར། ཞེས་སོ། །གསུམ་པ་ནི། བཅུ་བཞིའམ་ཡང་ན་ཚེས་བརྒྱད་ལ། ནས། དེ་ནི་རྟག་ཏུ་་སྟེར་བར་འགྱུར་རོ། །ཞེས་སོ། །བཞི་པ་ནི། སྔགས་ཤེས་པ་ཡིས་གང་རུང་བའི། ནས། འཆི་བར་འགྱུར་བར་གདོན་མི་ཟ། ཞེས་སོ། །གཉིས་པ་ཕཊ་གྱི་ལས་སྦྱོར་ལ་དྲུག ཐོ་བ་དང་རྡོ་རྗེས་གསང་བའི་ཆོ་ག །དེ་རྣམས་ནང་ལ་གཞོལ་བས་བྱེད་ཚུལ། སྟ་རེས་གསད་པ། སྣ་ཚོགས་རྡོ་རྗེས་ཆེར་གཅད་པ། རྟ་མགྲིན་གྱིས་བགེགས་བཟློག་པ། དེ་རྣམ་ཀྱི་སྔགས་བསྟན་པའོ། །དང་པོ་ནི། ཐོབ་བསམ་གཏན་སྦྱོར་བ་ཡིས། ནས་རབ་ཏུ་བསྒོམ། །ཞེས་སོ། །གཉིས་པ་ནི། ཕྱག་ན་རྡོ་རྗེ་ནས། འཇིག་པར་བྱེད། ཞེས་སོ། །གསུམ་པ་ནི། རྡོ་རྒྱུས་སོལ་བ་ལ་སོགས་པས། ནས། ཤི་བར་འགྱུར་བ་གདོན་མི་ཟ། ཞེས་སོ། །བཞི་པ་ནི། ལས་ཀྱི་རྡོ་རྗེ་མེ་འབར་བ། ནས་མནན་པའི་མཆོག་ཡིན་ནོ། །ཞེས་སོ། །ལྔ་པ་ནི། དཀྱིལ་འཁོར་དག་ནི་འདྲི་བ་ནས། ནས། འཆི་བར་འགྱུར་བ་གདོན་མི་ཟ། །ཞེས་སོ། །དྲུག་པ་ནི། དེ་ལ་འདི་ནི་སྔགས་ཐམས་ཅད་ཀྱི་གསང་བའི་སྙིང་པོའོ། །ཕཊ་ཞེས་སོ། །གཉིས་པ་རྫོགས་རིམ་པའི་སྤྱོད་པ་བསྟན་པ་ལ་གསུམ། སྤྲོས་མེད་འབྲིང་གི་སྤྱོད་པ་དང་། སྤྲོས་མེད་བསྡུས་པའི་སྤྱོད་པ་་དང་། ཐུན་མོང་གི་ཁ་ཟས་བསྟན་པའོ། །དང་པོ་ལ་གཉིས། དངོས་ཀྱི་་དོན་དང་། ཕན་ཡོན་མཇུག་སྡུད་འགལ་སྤོང་དང་བཅས་པའོ། །དང་པོ་ནི། ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། ནས། ཕབ་ན་བྱང་ཆུབ་ཐོབ་པར་འགྱུར། ཞེས་སོ། །གཉིས་པ་ནི། དེ་ནི་དེ་མ་ཐག་ཏུ་ཡང་། ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །གཉིས་པ་ནི། བཞིན་བཟང་ཕན་པར་འདོད་པ་ཡིས། ནས་འཛམ་བུའི་གསེར་གྱི་མདངས་འདྲར་འགྱུར། ཞེས་སོ། །གསུམ་པ་ནི། བཤང་བའམ་ཡང་ན་བཟའ་བའམ། ནས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གསུམ་པ་རིལ་བུའི་སྒྲུབ་པ་བཅུ་བསྟན་པ་ནི། བཤང་བ་ཆོ་ག་བཞིན་བླངས་ནས། ནས་སངས་རྒྱས་ཀུན་གྱིས་མི་མཐོང་ངོ་། །ཞེས་སོ། །བཞི་བ་རྫོགས་རིམ་པའི་ལས་ཚོགས་ལ་གཉིས། རྫོགས་རིམ་པའི་ལས་སྒྲུབ་ཚུལ་དངོས་དང་། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། རྡོ་རྗེ་འཛིན་པ་ནས། བྱིན་བརླབས་ནས། ཞེས་སོ། །གཉིས་པ་ནི། དེ་ནི་དེ་འདྲའི་དཔལ་ལྡན་པའོ། །ནས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་དེ་ལ་ཆེད་བརྗོད་ནི། དེ་ནས་སངས་རྒྱས་རབ་དགྱེས་བདག ། ནས། ཨེ་མའོ་ཤིན་ཏུ་དྲི་མེད་ཆོས། ཞེས་སོ། །གསུམ་པ་རིགས་ཀྱི་དབྱེ་བས་ལྷ་ལ་དབང་བསྐུར་བ་ལ་གཉིས། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ་དང་། ལྷ་ལ་དབང་བསྐུར་བའི་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་སྟོན་པ་རྡོ་རྗེ་འཛིན། ནས་བཀའ་སྩལ་པའོ། །ཞེས་་སོ། །གཉིས་པ་ལ་བཞི། འཇིག་རྟེན་ལས་འདས་པའི་ལྷ་ལ་དབང་བསྐུར་བ། འཇིག་རྟེན་པའི་ལྷ་ལ་དབང་བསྐུར་བ། དེ་རྣམས་ལ་དབང་བསྐུར་བའི་ཚུལ། དབང་བསྐུར་བའི་ཕན་ཡོན་ནོ། །དང་པོ་ལ་བཞི། མི་བསྐྱོད་པས་གང་ལ་རྒྱས་གདབ་པ། རིགས་པ་དག་གིས་དབུ་བརྒྱན་པའི་དགོས་པ། རིགས་ལྷག་མ་བཞིས་གང་ལ་རྒྱས་གདབ་པ། རིགས་ལྔ་ལ་གང་གིས་རྒྱས་གདབ་པའོ། །དང་པོ་ནི། སེམས་དཔའ་རྡོ་རྗེའི། ནས་མཉེས་པར་འགྱུར། ཞེས་སོ། །གཉིས་པ་ནི། སངས་རྒྱས་བྱང་ཆུབ་ནས། མཉེས་་འགྱུར། ཞེས་སོ། །གསུམ་པ་ནི། རྡོ་རྗེ་སྤྱན་གྱི་གཟུགས་ལ་སོགས། །ནས་གདོན་མི་ཟ་བའི་ཡེ་ཤེས་བསྒོམ། །ཞེས་སོ། །བཞི་པ་ནི། སྔགས་རྣམས། ནས་རྣམ་པར་བསྒོམ། །ཞེས་སོ། །གཉིས་པ་འཇིག་རྟེན་པའི་ལྷ་ལ་དབང་བསྐུར་བ་ནི། གནོད་སྦྱིན་མོ། །ནས་བརྟག་པར་བྱ། །ཞེས་་སོ། །གསུམ་པ་ནི། སྔགས་རྣམས་ཐམས་ཅད་ནས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །བཞི་པ་ནི། བསམ་གཏན་འཁོར་ལོ་དེ་ཡིས་ནི། །ནས་ཕན་པར་གསུངས་ཞེས་སོ། །བཞི་པ་སྣོད་ལ་ཡེ་ཤེས་དབབ་པའི་ཆོ་ག་ལ་གཉིས། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྟོན་པས་གསུངས་པའི་རྒྱུད་ཀྱི་ཚིག་དོན་བཤད་པའོ། །དང་པོ་ནི། དེ་ནས་སྟོན་པ་རྡོ་རྗེ་འཛིན། ནས་བཀའ་སྩལ། ཞེས་སོ། །གཉིས་པ་ལ་དྲུག །སྔོན་དུ་བསྙེན་པ་བྱ་ཚུལ། སྣོད་སྦྱངས་པའི་ཆོ་ག །སྣོད་ལ་དབབ་པའི་ཆོ་ག །སྣོད་ཀྱི་མཚན་ཉིད། ཆོ་ག་ལས་འདས་པའི་ཉེས་དམིགས། འབེབས་པའི་སྙིང་པོ་བྱེད་ལས་དང་བཅས་པའོ། །དང་པོ་ནི། རི་རྩེ་ཉམས་ནི་དགའ་བ་་དང་། ནས་ལས་རྣམས་སྣ་ཚོགས་བྱེད་པར་འགྱུར། ཞེས་སོ། །གཉིས་པ་ནི། རྡོ་རྗེ་ཆོས་ཀྱི་གཟུགས་ཆེན་པོ། ནས་རིགས་བརྟག་གོ །ཞེས་སོ། །གསུམ་པ་ནི། དབབ་པའི་ཆོ་ག་ཐམས་ཅད་ནི། ནམ་དེ་ལྟར་བྱས་ན་རྟག་པར་འགྲུབ། ཅེས་སོ། །བཞི་པ་ནི། བུ་མོ་ལོ་གྲངས་བཅུ་གཉིས་པའམ། །ནས། ལས་རྣམས་རབ་ཏུ་བསྒྲུབ་པར་བྱ། །ཞེས་སོ། །ལྔ་པ་ནི། རྣམ་པ་གཞན་དུ། ནས་དཔྱས་པར་འགྱུར། ཞེས་སོ། །དྲུག་པ་ནི། དེ་ལ་སྙིང་བོའི་སྔགས་ཀྱི་ཡི་གེའི་ཚིག་འདི་རྣམས་སོ། །ཧཱུཾ་ཧཱཿཨཱཿཛྷཱཻཿནས་འདི་ནི་གསང་བ་ཐོབ་བྱེད་པའོ། །ཞེས་སོ། །ལྔ་པ་དངོས་གྲུབ་ཀྱི་ཆོ་གར་གཏོགས་པའི་ལས་ཚོགས་ལ་གཉིས། དྲག་པོའི་ཆོ་ག་དང་། ཞི་བའི་ཆོ་གའོ། །དང་པོ་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། སྒྲུབ་པ་པོ་དང་ལྷའི་སྐུ་ཇི་ལྟ་བུས་བྱ་བ། ལས་སྦྱོར་དངོས་སོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ནས་འདི་སྐད་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་ནི། རྩེ་གཅིག་མ་གྱུར་པ་ཡིས་ཀྱང་། ནས། རྣམ་གཞིག་པའོ། །ཞེས་སོ། །གསུམ་པ་ལས་སྦྱོར་ལ་དྲུག །བསྐྱེད་རིམ་པས་བྱ་བའི་དྲང་དོན་གྱི་གསད་ལས། རྫོགས་རིམ་པས་བྱེད་པའི་ངེས་དོན་གྱི་གསད་ལས། སྲིན་པོ་དང་རིམས་ཀྱིས་འཛིན་དུ་གཞུག་པ། དྲག་ལས་དམིགས་བསལ་མེད་པ་རྣམས་ཀྱི་སྔགས་མཇུག་སྡུད་དང་བཅས་པ། གསང་བའི་ལས་གཞན་བསྟན་པ་ཕྲན་ཚེགས་ཀྱི་ལས་སྦྱོར་རོ། །དང་པོ་ལ་གཉིས། ལིངྒ་དང་བཟླས་པ་ལ་བརྟེན་པའི་གསད་ལས་དང་། སྦྱིན་སྲེག་གི་གསང་ལས་བཟླས་པའི་གསང་ལས་དང་བཅས་པའོ། །དང་པོ་ནི། དུར་ཁྲོད་སོལ་དང་ཕུབ་སོགས་ལས། ནས་འགྱུར་བ་གདོན་མི་ཟ། །ཞེས་སོ། །གཉིས་པ་ནི། དཀྱིལ་འཁོར་གྲུ་གསུམ་བྱས་པ་ལ། ནས་འདི་དག་མཆོག་ཏུ་གྱུར་པར་བཤད། ཅེས་སོ། །གཉིས་པ་ནི། ལེའུ་དགུ་པ་ལས་གསུངས་པ་ལྟར་རོ། །གསུམ་པ་ནི། སོལ་ཁུས་གཤིར་བའི་གོས་དག་ནི། ནས། ཚ་བ་ཆེན་པོས་བཏབ་པར་འགྱུར། ཞེས་སོ། །བཞི་པ་ནི། དེ་ལ་འདི་ནི། ནས་འདི་ནི་གསོད་པའི་མཆོག་ཡིན་ནོ། །ཞེས་སོ། །ལྔ་པ་ལ་གཉིས། བསྐྱེད་རིམ་པའི་གསང་ཆོག་དང་། རྫོགས་རིམ་པའི་གསང་ཆོག་གོ །དང་པོ་ལ་ལྔ། ཁ་་སྦྱོར་དབྱེ་བའི་སྔོན་འགྲོ་ཐུན་མོང་བའི་ཆོ་ག །བསམ་གཏན་གྱིས་གསད་པའི་ཆོ་གའི་ལྷག་མ། སྦྲུལ་དང་སྡིག་པ་སོགས་ཀྱི་གཟུགས་ལ་བརྟེན་པའི་གསང་ཆོག །དགྲ་བོ་འབྱུང་བོ་ནག་པོར་བསྐྱེད་པའི་བསྐྱེད་ཆོག་དངོས་གཞི་དང་བཅས་པ། ཁ་སྦྱོར་དབྱེ་བའི་ཆོ་ག་དངོས་སོ། །དང་པོ་ནི། རྡོ་རྗེ་སེམས་་དཔའ་ཁྲོ་བོ་ཆེ། ནས་འཆི་བར་འགྱུར་བ་གདོན་མི་ཟ། ཞེས་སོ། །གཉིས་པ་ནི། སྲིན་པོ་ཁྲོ་བོ་སྣ་ཚོགས་པ། ནས་སངས་རྒྱས་དག་ཀྱང་ངེས་པར་འཇིག་ཅེས་སོ། །གསུམ་པ་ནི། སྤྲུལ་ནག་རབ་ཏུ་ཁྲོ་བ་ནི། ནས། ངེས་པར་འཇིག །ཅེས་སོ། །བཞི་པ་ནི། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ། ནས་རྡོ་རྗེ་སེམས་དཔའ་དྲག་པོའང་འ ཆི། ཞེས་སོ། །ལྔ་པ་ནི། སྲུང་བ་ལ་སོགས་སྔགས་རྣམས་དང་། ནས་འདའ་དཀའ་བའོ། །ཞེས་སོ། །གཉིས་པ་རྫོགས་རིམ་པའི་གསང་ཆོག་ནི། རྡོ་རྗེ་ཕུང་པོས་ཇི་ཙམ་དུ། ནས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །དྲུག་པ་ཕྲན་ཚེགས་ཀྱི་ལས་སྦྱོར་ལ་གསུམ། སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རང་བཞིན་མེད་པའི་དེ་ཉིད་བསྒོམས་པས་ཞི་སོགས་ཀྱི་དངོས་གྲུབ་འབྱུང་བ་ངོ་མཚར་བར་བསྟན་པ། ལས་ཀྱི་མིང་སྒྲུབ་ཚུལ་དང་བཅས་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ནས་བཀའ་སྩལ་བ། ཞེས་སོ། །གཉིས་པ་ནི། ཨེ་མའོ་ངོ་བོ་ཉིད་ཀྱིས་དག་ནས་སྐྱེ་བར་བསྟན་ཅེས་སོ། །གསུམ་པ་ལ་གཉིས། སྡིག་སྦྲུལ་སོགས་ཀྱི་གཟུགས་ལ་དུག་བཅུག་པའི་གསད་ལས་དང། དུག་གིས་ཟིན་པའི་གནས་ནས་གཞན་དུ་སྤོ་བའི་ལས་སྦྱོར་རོ། །དང་པོ་ནི། དེ་ལས་འདི་ནི་ལས་ཕྲན་ཚེགས་ནས། ཆོ་ག་བཞིན་དུ་བྱ། ཞེས་སོ། །གཉིས་པ་ནི། དེ་ལ་འདི་ནི་དུག་ཐམས་ཅད། ནས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་ཞི་བའི་ཆོ་ག་ལ་གཉིས། བསྐྱེད་རིམ་པས་ནད་ཞི་བའི་ཆོ་ག་དང་། རྫོགས་རིམ་པས་ནད་ཞི་བའི་ཆོ་གའོ། །དང་པོ་ལ་གསུམ། དུག་གསོ་བའི་ཆོ་ག་ཉེ་བའི་དུག་གསོ་བའི་ཞར་ལ་འབྲས་ལ་སོགས་པའི་ནད་བསལ་བའི་ཆོ་ག ཁྱད་པར་དུ་ནད་གསོ་བའི་ཆོ་ག་ཕན་ཡོན་དང་བཅས་པའོ། །དང་པོ་ནི། དེ་ལ་འདི་ནི་དུག་གསོ་བའི་དམ་ཚིག་ནས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་ནི། དེ་ལ་འདི་ནི་ཉེ་བའི་དུ་གནས། ཡེ་ཤེས་དྲི་མེད་གསང་ཆེན་ཡིན། ཞེས་སོ། །གསུམ་པ་ནི། དེ་ལ་འདི་ནི་ཕྱི་ནང་གི་ནད་རྣམས་གསོ་བའི་ནས་ནད་ལས་ཐར་བ་རྣམ་པར་བསྒོམ། ཞེས་སོ། །གཉིས་པ་རྫོགས་རིམ་པས་ནད་ཞི་བའི་ཆོ་ག་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། ནས་དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །ཞེས་སོ། །དྲུག་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པ་ལ་ལྔ། མཚམས་སྦྱར་ཏེ་སྡུད་པ་པོའི་ཚིག་གིས་སྟོན་པའི་གསུང་ལ་འཇུག་པ། རྨི་ལམ་གྱི་དཔེས་ཆོས་ཐམས་ཅད་རང་བཞིན་མེད་པར་བཤད་པའི་དགོས་པ། སྒྲུབ་པ་པོ་གཉིས་ཀྱིས་རྨི་ལམ་གྱི་མཚན་མ་མཐོང་ཚུལ། དེ་ཁོ་ན་ཉིད་སྒྲུབ་པ་ལ་རྨི་ལམ་དཔེར་བཀོད་ནས་ཐེ་ཚོམ་གཅོད་པ། དེ་ལྟར་བཤད་པས་འཁོར་རྣམས་ཀྱི་ཐེ་ཚོམ་ཆོད་ནས་ཅང་མི་སྨྲ་བར་བཞུགས་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ནས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་ནི། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ནས་རྡོ་རྗེ་རབ་ཏུ་གསུང་། ཞེས་སོ། །གསུམ་པ་ལ་གཉིས། མདོར་བསྟན་པ་དང་། རྣམ་པར་ཕྱེ་སྟེ་བཤད་པའོ། །དང་པོ་ནི། བསམ་གཏན་བཟླས་པ་དོན་བརྩོན་པའི། །ནས། རྣམ་པ་གཉིས་སུ་མཐོང་། ཞེས་སོ། །གཉིས་པ་ལ་གཉིས། དངོས་གྲུབ་འགྲུབ་པའི་རྨི་ལམ་གྱི་མཚན་མ་མཐོང་ཚུལ་དང་། དམ་ཚིག་ཉམས་པས་རྨི་ལམ་ངན་པ་མཐོང་ཚུལ་ལོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང་། བཤད་པའི་་དོན་བསྡུ་བའོ། །དང་པོ་ལ་བཞི། འཇིག་རྟེན་ལས་འདས་པའི་དངོས་གྲུབ་་འགྲུབ་པའི་རྨི་ལམ། འཇིག་རྟེན་པའི་དངོས་གྲུབ་འགྲུབ་པའི་རྨི་ལམ། འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པའི་མཚན་མ་གཞན། འཇིག་རྟེན་པའི་དངོས་གྲུབ་འགྲུབ་པའི་མཚན་མ་གཞན་བསྟན་པའོ། །དང་པོ་ནི། དེ་ལ་འདི་ནི་རྨི་ལམ་ཆེན་པོའི་དམ་ཚིག་ནས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་་སྟེར། ཞེས་སོ། །གཉིས་པ་ནི། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པའོ། །ནས། འཐོབ་པར་འགྱུར། ཞེས་སོ། །གསུམ་པ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་། ནས་དམ་ཚིག་སྦྱོར་ནས་མཐོང་བར་འགྱུར། ཞེས་སོ། །བཞི་པ་ནི། ཀུན་དགའ་ར་བ་སྐྱེད་མོས་ཚལ། ནས་མཆོད་པར་བྱེད་པ་ངེས་པར་མཐོང་། ཞེས་སོ། །གཉིས་པ་བཤད་པའི་་དོན་བསྡུ་བ་ནི། ཡང་གསུངས་པ་ནས། འགྲུབ་པར་འགྱུར། ཞེས་སོ། །གཉིས་པ་རྨི་ལམ་ངན་པ་མཐོང་ཚུལ་ནི། གདོལ་བ་ཁྱི་ཡི་སྦྱོར་ལ་སོགས། །ནས་འགྲུབ་པར་འགྱུར། ཞེས་སོ། །བཞི་པ་རྨི་ལམ་དཔེར་བཀོད་ནས་ཐེ་ཚོམ་གཅོད་པ་ལ་གཉིས། རྨི་ལམ་གྱི་དཔེས་སྤྱི་དོན་གྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པ་དང་། དེས་ཐུན་མོང་མ་ཡིན་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པའོ། །དང་པོ་ལ་གཉིས། རྨི་ལམ་གྱི་དཔེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བར་བསྟན་པ་དང་། དེ་ལ་བྱ་བྱེད་མི་རུང་བར་་འཛིན་པའི་ལོག་རྟོག་བསལ་པའོ། །དང་པོ་ནི། །དེ་ལ་འདི་ནི་རྨི་ལམ་ནས། ཆོས་མེད་ཆོས་ཉིད་མེད་པའོ། །ཞེས་སོ། །གཉིས་པ་ལ་གཉིས། རང་བཞིན་གྱིས་སྟོང་པ་ལ་རྒྱུ་འབྲས་གྱི་བྱ་བྱེད་འཇོག་པ་འགལ་བར་ཞུས་པ་དང་། དེ་གཉིས་མི་འགལ་བ་དེ་བཞིན་གཤེགས་པའི་དགོངས་པ་ཡིན་པར་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། ནམ་མཁའི་ལ་ནི་ནམ་མཁའ་བསྒོམ། ཞེས་སོ། །གཉིས་པ་ལ་གཉིས། ནམ་མཁའི་དཔེས་རང་བཞིན་མེད་པའི་སྟོང་ཉིད་ཆོས་ཅན་ཀུན་ལ་ཁྱབ་པར་བསྟན་པ་དང་། དེས་དུ་མ་རོ་གཅིག་གི་དོན་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། རྗེས་སུ་རྟོགས་པར་བྱའོ། །ཞེས་སོ། །གཉིས་པ་ནི། བཅོམ་ལྡན་འདས། ནས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ། །ཞེས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྟན་པ་ལ་བཞི། སྒྱུ་མའི་ཡེ་ཤེས་ཀྱི་སྐུ་འབྱུང་བའི་གནས་བསྟན་པ་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུས་ཁྱབ་པར་བསྟན་པ། སྒྱུ་མའི་སྐུའི་ངོ་བོ་ཉིད་བསྟན་པ། དངོས་གྲུབ་རྣམ་པ་གཉིས་བདེན་གཉིས་གང་དུ་གནས་བསྟན་པའོ། །དང་པོ་ནི། ཀྱེ་མ་བཅོམ་ལྡན་འདས། ནས་རྡོ་རྗེའི་གནས་ཡིན་ནོ། །ཞེས་སོ། །གཉིས་པ་ནི་ཀྱེ་བཅོམ་ལྡན་འདས་ནས། རྗེས་སུ་རྟོགས་པར་བྱའོ། །ཞེས་སོ། །གསུམ་པ་ནི། བཅོམ་ལྡན་འདས་ནས་ཆོས་ཐམས་ཅད་ཀྱང་རྗེས་སུ་རྟོགས་པར་བྱའོ། །ཞེས་་སོ། །བཞི་པ་ལ་གསུམ། འཁོར་གྱིས་ཞུས་པ་དང་། སྟོན་པས་དེའི་ལན་མཛད་པ་དང་། ཁྱད་པར་དུ་རྡོ་རྗེ་འཆང་གི་དངོས་གྲུབ་ལ་ཞུས་ལན་མཛད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། དངོས་གྲུབ་དེ་དག་གང་ལ་གནས། ཞེས་སོ། །གཉིས་པ་ལ་གསུམ། ཆོས་ཐམས་ཅད་དོན་་དམ་པར་ངོ་བོ་ཉིད་མེད་པས་གང་ལ་ཡང་མི་གནས་པར་བསྟན་པ་དང་། ཀུན་རྫོབ་ཏུ་རང་གི་ལུས་ངག་ཡིད་གསུམ་ལ་བརྟེན་ནས་འབྱུང་བར་བསྟན་པ་དང་། དེ་ལྟར་ཡིན་ཀྱང་དངོས་གྲུབ་དང་དེའི་གཞི་རྣམས་བདེན་པར་དམིགས་སུ་ཡོད་པར་དགག་པའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེས་ནས། དེ་ཅིའི་ཕྱིར་ཞེ་ན། ཞེས་སོ། །གཉིས་པ་ནི་འོན་ཀྱང་བཅོམ་ལྡན་འདས། ནས། རྡོ་རྗེ་ལ་ནི་གནས་སོ། །ཞེས་སོ། །གསུམ་པ་ནི། ལུས་དང་ངག་དང་སེམས་རྡོ་རྗེ། ནས། ནམ་མཁའ་ལྟར་ངོ་བོ་ཉིད་དག་པའི་ཕྱིར་རོ། །ཞེས་སོ། །གསུམ་པ་ཁྱད་པར་དུ་རྡོ་རྗེ་འཆང་གི་དངོས་གྲུབ་ལ་ཞུས་ལན་མཛད་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད། ནས་བཀའ་སྩལ་པ། གང་ན་ཡང་མི་གནས་སོ། །ཞེས་པའི་བར་རོ། །ལྔ་པ་དེ་ལྟར་བཤད་པས་འཁོར་རྣམས་ཀྱི་ཐེ་ཚོམ་ཆོད་ནས་ཅང་མི་སྨྲ་བར་བཞུགས་པ་ནི། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཞེས་པ་ནས། ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ། །ཞེས་པའི་བར་རོ། །གཉིས་པ་ལེའུའི་མཚན་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ནས། ལེའུ་སྟེ་བཅོ་ལྔ་པའོ། །ཞེས་པའི་བར་རོ། །བཅུ་དྲུག་པ་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་དོན་ནོ། །དང་པོ་ལ་གསུམ། དཀྱིལ་འཁོར་གྱི་དང་། དངོས་གྲུབ་ཀྱི་དང་། སྤྱོད་པའི་ཆོ་གའོ། །དང་པོ་ལ་གཉིས། དཀྱིལ་འཁོར་ཉན་པའི་བསམ་པས་གསོལ་བ་གདབ་ཅིང་མཆོད་པ་དང་། གསོལ་བ་བཏབ་པའི་དོན་བཤད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས། ནས། ཚོགས་ཀྱིས་མཆོད་པར་བྱའོ། །ཞེས་པའི་བར་རོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་སོ་སོའི་་དང་། ཐུན་མོང་བའི་ཆོ་གའོ། །དང་པོ་ལ་གསུམ། སྐུ་དཀྱིལ་གྱི་དང་། གསུང་དཀྱིལ་གྱི་དང་། ལྷ་ལྷག་མ་རྣམས་ཀྱི་ཆོ་གའོ། །དང་པོ་ལ་བཞི། སྡུད་པ་པོའི་ཚིག་གིས་ཏིང་ངེ་འཛིན་དུ་བཏང་ནས་དཀྱིལ་འཁོར་བཤད་པར་དམ་བཅའ་བ་དང་། དེ་ཉིད་བསྡུས་པའི་ཆོ་གས་རྟེན་གྱི་དཀྱིལ་འཁོར་བྲི་བ། དེ་ལ་བརྟེན་པའི་ལྷ་ལུས་དང་ཡིད་ཀྱིས་བྲིས་ཏེ་དགོད་པ། སྒྲུབ་ཅིང་མཆོད་པ་དོན་བསྡུ་དང་བཅས་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས། ལེགས་པར་རབ་ཏུ་བཤད་པར་བྱ། ཞེས་སོ། །གཉིས་པ་ནི། ཁྲུ་ནི་བཅུ་དྲུག་ཚད་དུ་བྱ། ནས། རྡོ་རྗེ་ཆོགས་བྲི་བར་བྱ་ཞེས་སོ། །གསུམ་པ་ནི། སྔགས་རྣམས་ཀུན་གྱི་གསང་བ་མཆོག །ནས་ཁྲོ་བོ་རྣམས་ཀྱང་སྒོར་བྲིའོ། །ཞེས་སོ། །བཞི་པ་ནི། རྡོ་རྗེ་གསང་བ་རབ་བསྒོམས་པས། ནས། སྐུའི་དཀྱིལ་འཁོར་རོ། །ཞེས་སོ། །གཉིས་པ་གསུང་དཀྱིལ་ལ་བཞི། སྡུད་པ་པོའི་ཚིག་གིས་ཏིང་ངེ་འཛིན་སྔོན་དུ་བཏང་ནས་དཀྱིལ་འཁོར་བཤད་པར་་དམ་བཅའ་བ། རྟེན་གྱི་དཀྱིལ་འཁོར་རྫོགས་པར་བྲི་བ། དེར་ལུས་དང་ཡིད་ཀྱིས་ལྷ་རྣམས་དགོད་པ། སྒྲུབ་ཅིང་མཆོད་པ་དོན་བསྡུ་དང་བཅས་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན། ནས་ལེགས་པར་རབ་ཏུ་བཤད་པར་བྱ་ཞེས་སོ། །གཉིས་པ་ནི། ཁྲུ་ནི་ཉི་ཤུའི་ཚད་དུ་བྱ། ནས་ཟླུམ་པོ་ཀུན་ཏུ་བྲི་བར་བྱ། ཞེས་སོ། །གསུམ་པ་ནི། མདོ་རུ་ཕྱག་རྒྱ་ཐམས་ཅད་ནི། ནས། ཐམས་ཅད་ཡོངས་སུ་དགོད་པར་བྱ། །ཅེས་སོ། །བཞི་པ་ནི། ཡོངས་སུ་གསལ་བར་ཆོ་ག་བཞིན། ནས། གསུང་གི་དཀྱིལ་འཁོར་རོ། །ཞེས་སོ། །གསུམ་པ་ལྷ་ལྷག་མ་རྣམས་ཀྱི་ཆོ་ག་ལ་གཉིས། སྡུད་པ་པོའི་ཚིག་གིས་ཆོ་ག་ལྷ་མ་གསུང་བའི་མཚམས་སྦྱར་བ་དང་། གཙོ་བོ་འཕོ་ཚུལ་དོན་བསྡུ་དང་བཅས་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས། ནས། རྡོ་རྗེ་ལས་ཕྱུང་ངོ་། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་འཛིན་མཆོག་གང་་ཡིན་པའོ། །ནས་རབ་ཏུ་གསང་བའོ། །ཞེས་སོ། གཉིས་པ་ཐུན་མོང་པའི་ཆོ་ག་ལ་གཉིས། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་གའོ། །དང་པོ་ལ་བཞི་དཀྱིལ་འཁོར་བྲི་སྒྲུབ་ཀྱི་དང་། བགེགས་བཟློག་པའི་དང་། བུམ་པའི་དང་། སྦྱིན་སྲེག་གི་ཆོ་གའོ། །དང་པོ་ལ་གཉིས། ཕྱག་རྒྱ་དང་བཅས་པའི་དཀྱིལ་འཁོར་བྲི་སྒྲུབ་སྤྱིར་བསྟན་པ་དང་། ཕྱག་རྒྱ་དང་བྲལ་བའི་ཆོ་གའི་དམིགས་བསལ་བསྟན་པའོ། །དང་པོ་ལ་གཉིས་དཀྱིལ་འཁོར་བྲི་བ་དང་། སྒྲུབ་ཅིང་མཆོད་པའོ། །དང་པོ་ལ་གཉིས། ཐིག་འདེབས་པ་དང་ཚོན་དགྱེ་བའི་སྔགས་བསྟན་པ་དང་། དེའི་གྲོགས་ཕྱག་རྒྱ་འདུ་བྱའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། ཚོན་ཅི་དག་ནི་དགྱེ་བ་དག །ཞེས་སོ། །གཉིས་པ་ལ་བཞི། བདེ་བ་ཆེན་པོ་ལས་ཕྱིར་ཕྱོགས་པའི་རྒྱུད་ལ་བརྟེན་ནས་དཀྱིལ་འཁོར་བྲི་བ་དགག་པ། དེས་ན་ཕྱག་རྒྱ་མ་དང་བཅས་པར་དཀྱིལ་འཁོར་བྲི་ཚུལ་སྤྱིར་བསྟན་པ། ཕྱག་རྒྱའི་རིགས་ཀྱི་དབྱེ་བས་ཕྱེ་བའི་ཆོ་ག །དེ་ལྟར་བྱས་པའི་ཕན་ཡོན་ནོ། །དང་པོ་ནི། སྔགས་ཀྱི་སེམས་པས་མི་བྱ་སྟེ། བྱས་ན་བྱང་ཆུབ་རྙེད་པར་དཀའ། ཞེས་སོ། །གཉིས་པ་ནི་དེ་བས་དམ་ཚིག་ཚུལ་ཤེས་པས། ནས་རྣམ་པར་བརྟག །ཅེས་སོ། །གསུམ་པ་ནི། རྒྱལ་ཆེན་རྣམ་པར་སྣང་མཛད། ནས། གསང་བ་རྨད་དུ་བྱུང་བའོ། །ཞེས་སོ། །བཞི་པ་ནི། དེ་ལྟར་བྱས་ན་བྱིན་རློབ་ཅིང་། ནས། མཆོག་ཀྱང་སྩོལ། ཞེས་སོ། །གཉིས་པ་སྒྲུབ་ཅིང་མཆོད་པ་ལ་གསུམ། དམ་ཚིག་གི་དཀྱིལ་འཁོར་རྫོགས་པར་བྱས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་པ། ཕྱིའི་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ། ནང་ལུས་ཀྱི་དཀྱིལ་འཁོར་མཆོད་པའོ། །དང་པོ་ནི། འདི་སྐད་ཀྱང་གསུངས་སོ། །ནས་སངས་རྒྱས་ཐམས་ཅད་མཆོད་པར་བྱ། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་དྲི་མེད་གསུམ་དག་གི །ནས། དངོས་གྲུབ་ཐོབ་པར་བྱེད། ཅེས་སོ། །གསུམ་པ་ནི། འདི་སྐད་ཀྱང་གསུངས་སོ། །ནས་སངས་རྒྱས་བྱང་ཆུབ་རྫོགས་བྱེད་པའོ། །ཞེས་སོ། །གཉིས་པ་ཕྱག་རྒྱ་དང་བྲལ་བའི་ཆོ་གའི་དམིགས་བསལ་ལ་གཉིས། སློབ་དཔོན་དང་སྒྲུབ་གྲོགས་ལྟར་བསྐྱེད་པ་དང་། ཚོན་རྩི་བྱིན་གྱིས་བརླབས་ཏེ་གདབ་ཅིང་དགྱེ་བའོ། །དང་པོ་ནི། ཐིག་གདབ་པ་ཡི་ཆོ་ག་འདི། ནས། ལས་ཀྱི་གོ་འཕང་བསྒོམ་པར་བྱ། ཞེས་སོ། །གཉིས་པ་ནི། སངས་རྒྱས་རྒྱལ་ཆེན་ལྔ་རྣམ་ནི། ནས་གསང་བ་བྱང་ཆུབ་དམ་པ་ཡིན། ཞེས་སོ། །གཉིས་པ་བགེགས་བྱུང་ན་བཟློག་པ་ནི། སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། ནས། འཇིགས་ཤིང་སྐྲག་ནས་བྱིན་རློབ་མཛད། ཅེས་སོ། །གསུམ་པ་བུམ་པའི་ཆོ་ག་ནི། རྡོ་རྗེ་བུམ་པ་བཞག་པ་ནི། ནས། བརྟག་པར་བྱ། ཞེས་སོ། །བཞི་པ་་སྦྱིན་སྲེག་གི་ཆོ་ག་ལ་གཉིས། གཉིས་ཀའི་རྒྱུད་ལས་གསུངས་པའི་ཆོ་གས་ནང་དང་ཕྱིའི་ཟས་ཀྱི་སྦྱིན་སྲེག་རིམ་ཅན་དུ་བྱ་བ་དང་། སྙོམས་འཇུག་ལ་གནས་པས་ནང་དང་ཟས་ཀྱི་སྦྱིན་སྲེག་གཉིས་སྤེལ་ཏེ་བྱ་བའོ། །དང་པོ་ནི། དངོས་གྲུབ་ཀུན་གྱི་འབྲས་འདོད་པའི། ནས། བསམས་ཏེ་ཞལ་དུ་དབབ་པར་བྱ། ཞེས་སོ། གཉིས་པ་ནི། འདི་སྐད་ཀྱང་གསུངས་སོ། །ནས། འདའ་དཀའ་བའོ། །ཞེས་སོ། །གཉིས་པ་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་ལ་བཞི། དབབ་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་དུ་གཞུག་པ་དང་། དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ལྷག་མ་བསྟན་པ། ཞུགས་པ་ལ་དབང་བསྐུར་བ། སྤྱོད་པའི་དམ་ཚིག་དཔོག་པའོ། །དང་པོ་ལ་གཉིས། ཡེ་ཤེས་དབབ་པའི་ཆོ་ག་ཁྱད་པར་བ་དང་། དཀྱིལ་འཁོར་དུ་འཇུག་པའི་སྙིང་པོའོ། །དང་པོ་ནི། རྣམ་སྣང་མཛད་ཀྱི་སྦྱོར་བ་ཡིས། །ནས་བྱིན་གྱི་བརླབས་ནི་རབ་ཏུ་གསོལ། ཞེས་སོ། །གཉིས་པ་ནི། །དེ་ལ་འདི་ནི་དཀྱིལ་འཁོར་ཆེན་པོར་ནས། རྡོ་རྗེའི་སྙིང་པོའི་ཞེས་སོ། །གཉིས་པ་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ལྷག་མ་ནི། དེ་ལ་འདི་ནི་རྡོ་རྗེ་ཆེན་པོ། ནས། སིལ་སྙན་དྲི་ཡི་སྤྲིན་རྣམས་བསྒོམ། ཞེས་སོ། །གསུམ་པ་ཞུགས་པ་ལ་དབང་བསྐུར་བ་ལ་བཞི། བུམ་པའི་དང་། གསང་བའི་དང་། ཤེས་རབ་ཡེ་ཤེས་ཀྱི་དང་། བཞི་པའི་དབང་བསྐུར་བའོ། །དང་པོ་ལ་ལྔ། དབང་ལྷ་སྤྱན་དྲངས་ཏེ་ཆུ་དབང་བསྐུར་བ། སློབ་མ་ལ་ལུས་ཀྱི་དཀྱིལ་འཁོར་དགོད་པ་སྔོན་དུ་བྱས་ནས་དེའི་འོག་ཏུ་དབང་བསྐུར་བ། དབང་བསྐུར་བ་དང་དབང་གི་དོན་དུ་གསོལ་བ་གདབ་པ། དཀྱིལ་འཁོར་བསྟན་ཅིང་དམ་ཚིག་བསྒྲག་པ། ལྷ་དང་སྔགས་ཀྱི་རྗེས་གནང་སྦྱིན་པའོ། །དང་པོ་ནི། འདི་སྐད་ཀྱང་གསུངས་སོ། །ནས། བཟུང་བར་མཁས་པ་དག་གིས་བསྒོམ། །ཞེས་སོ། །གཉིས་པ་ནི། རྡོ་རྗེ་རྣམ་པར་སྣང་མཛད་བསམ། ནས། དགོད་པར་བྱ། ཞེས་སོ། །གསུམ་པ་ནི། དེ་ལ་འདི་ནི་དབང་བསྐུར་བ་ནས། སྙིང་ཁར་བདག་པོ་བཞག་པར་བྱ། ཞེས་སོ། །བཞི་པ་ནི། རྡོ་རྗེ་སློབ་མ་བློ་ལྡན་ལ། ནས། དམ་ཚིག་མཆོག་ཏུ་བརྟག་པའོ། །ཞེས་སོ། །ལྔ་པ་ནི། སྔགས་ཀྱིས་བསྐུལ་བ་སྨྲས་པ་ཡིས། ནས། ཏིང་ངེ་འཛིན་དང་། ཞེས་སོ། །གཉིས་པ་གསང་བའི་དབང་ནི། གསང་བ་བྱིན་པ་བརྩམ་པར་བྱ། ནས། དངོས་གྲུབ་རྙེད་མི་དཀའ། ཞེས་སོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། རྣམ་པ་འདི་བཞི་གསང་ཆེན་ཏེ། ནས། དོན་སྤྱོད་ཕྱིར་གནས་པའོ། །ཞེས་སོ། །བཞི་པ་དབང་བཞི་པ་ནི་རྒྱུད་ཕྱི་མ་དང་རྡོ་རྗེ་འཆང་བ་ལས་མདོར་བསྟན་ཏེ། མཐའ་གཅོད་དང་དཀྱིལ་ཆོག་སོགས་ལས་ཤེས་པར་བྱའོ། །བཞི་པ་སྤྱོད་པའི་་དམ་ཚིག་ནི། དེ་ལ་འདི་ནི་དཀྱིལ་འཁོར་ཐམས་ཅད། ནས། དེ་སྐད་ཅེས་བཀའ་སྩལ་ཏོ། ཞེས་སོ། །གཉིས་པ་དངོས་གྲུབ་ཀྱི་ཆོ་ག་ལ་གཉིས། དབང་བསྐུར་བས་དམ་ཚིག་བསྲུངས་ན་དངོས་གྲུབ་གཉིས་ཀ་འགྲུབ་པར་བསྟན་པ་དང་། དངོས་གྲུབ་བསྒྲུབ་པའི་ལས་ཚོགས་སོ་སོར་བཤད་པའོ། །དང་པོ་ནི། དངོས་གྲུབ་ཐམས་ཅད་སྒྲུབ་པ་དང་། ནས། དཀྱིལ་འཁོར་དག་གིས་ཐམས་ཅད་འགྲུབ། ཞེས་སོ། །གཉིས་པ་ལ་དྲུག །ཤ་ལྔ་བདུད་རྩི་ལྔའི་རིལ་བུའི་སྒྲུབ་པ། མངག་གཞུག་སྒྲུབ་པ། རྡོ་རྗེ་འཇམ་དཔལ་གྱི་སྒོ་ནས་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བ། གདུལ་བྱ་མ་དད་པ་དད་པར་བྱེད་པའི་སྦྱོར་བ། རྣམ་སྣང་གི་སྒོ་ནས་བཀྲེས་སྐོམ་ཞི་བའི་སྦྱོར་བ། ལྷ་སོ་སོའི་སྒྲུབ་ཐབས་ལ་བརྟེན་ནས་ལས་སྒྲུབ་པའོ། །དང་པོ་ནི། བཤང་གཅི་དང་ནི་ཤ་ཆེན་རྣམས། ནས། ལྷན་ཅིག་འཁོད། ཅེས་སོ། །གཉིས་པ་ལ་བདུན། འཇིག་རྟེན་ལས་འདས་པའི་མངག་གཞུག་བསྒྲུབ་པ། འཇིག་རྟེན་པའི་མངག་གཞུག་པ་བསྐུལ་བ། མངག་གཞུག་པ་སྒྲུབ་པའི་གནས་དང་དུས། མངག་གཞུག་པ་སྒྲུབ་པའི་ཕན་ཡོན་ནོ། །མངག་གཞུག་པ་བསྐུལ་བའི་སྙིང་པོ། མངག་གཞུག་བསྒྲུབ་པའི་ཚུལ་བསྡུས་ཏེ་བསྟན་པ། མཇུག་བསྡུ་བའོ། །དང་པོ་ལ་གསུམ། མངག་གཞུག་པའི་སྒྲུབ་བ་ཐུན་མོང་དུ་བསྟན་པ། རིགས་སོ་སོར་བྱེད་བའི་སྒྲུབ་པ། མངག་གཞུག་པ་བསྐུལ་ཚུལ་ལོ། །དང་པོ་ནི། འདི་སྐད་ཅེས་ཀྱང་གསུངས་ཏེ། ནས། ཨཱཿལཾཿདྷཱི། ཞེས་སོ། །གཉིས་པ་ནི། ཕྱག་ན་རྡོ་རྗེའི་གཟུགས་ཆེན་དང་། ནས། གསང་བའི་གནས་བཞག་གོ །ཞེས་སོ། །གསུམ་པ་ནི། དེ་ལ་འདི་ནི་རྡོ་རྗེ་ནས། སྙིང་པོ་ཐམས་ཅད་བསྐུལ་བའོ། །ཨཱཿཞེས་སོ། །གཉིས་པ་འཇིག་རྟེན་པའི་མངག་གཞུག་བསྐུལ་བ་ནི། མདུང་རྩེ་ཆེ་དང་རྡོ་རྗེ་ཆེ། ནས། བྱང་ཆུབ་རབ་ཏུ་འགྲུབ། ཞེས་སོ། །གསུམ་པ་ནི། འདི་སྐད་ཅེས་ཀྱང་གསུངས་སོ། །ནས། ཐོབ་པ་གདོན་མི་ཟ། ཞེས་སོ། །བཞི་པ་ཕན་ཡོན་ལ་གཉིས། རིག་འ ཛིན་གྱི་འཁོར་ཚད་མེད་པ་འགྲུབ་ཚུལ་དང་། སངས་རྒྱས་ཀྱི་ཞིང་དུ་ཁྲིད་ནས་མཆོག་འགྲུབ་པའི་ཚུལ་ལོ། །དང་པོ་ནི། རི་རབ་སུམ་ཅུ་རྩ་དྲུག་གི །ནས། བྱང་ཆུབ་འགྲུབ། ཞེས་སོ། །གཉིས་པ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །ལྔ་པ་སྙིང་པོ་ནི། དེ་ལ་འདི་ནི་མངག་གཞུག །ནས། རྟག་ཏུ་བསྐུལ། ཞེས་སོ། །དྲུག་པ་ལ་གཉིས། དངོས་ཀྱི་དོན་དང་། མངག་གཞུག་པས་ལས་སྒྲུབ་ཚུལ་ལོ། །དང་པོ་ནི། དེ་ལ་འདི་ནི་རྡོ་རྗེ་ཡེ་ཤེས་ནས། དམ་ཚིག་བཅིང་བའོ། །ཞེས་སོ། །གཉིས་པ་ནི། མཁའ་་དབྱིངས་རྒྱ་ཆེན་དག་པ་ནི། ནས། རྨད་བྱུང་གཟུགས་ཅན་ནོ། །ཞེས་སོ། །བདུན་པ་མཇུག་བསྡུ་བ་ནི། བཅོམ་ལྡན་ནས། བཀའ་སྩལ་ཏོ། །ཞེས་སོ། །གསུམ་པ་རྡོ་རྗེ་འཇམ་དཔལ་གྱི་སྒོ་ནས་རྒྱལ་བོ་སོགས་དབང་དུ་བྱ་བ་ནི། སངས་རྒྱས་རྡོ་རྗེ་སེམས་དཔའ་འང་རུང་། ནས། རྡོ་རྗེའི་བློ་ཡི་་དོན་གྱིས་གསུངས། ཞེས་སོ། །བཞི་པ་མ་དད་པ་དད་པར་བྱེད་པ་ནི། སངས་རྒྱས་དཀྱིལ་འཁོར་མཆོག་དག་ནི། ནས། སྐུ་གསུམ་རྡོ་རྗེ་ཅན་དུ་མཐོང་། ཞེས་སོ། །ལྔ་པ་བཀྲེས་སྐོམ་ཞི་བ་ནི། བཀྲེས་སྐོམ་ལ་སོགས་ཉོན་མོངས་ཆེ། ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །དྲུག་པ་ལས་སྒྲུབ་པ་ལ་ལྔ། དཔའ་བོ་རྡོ་རྗེའི་སྒོ་ནས་ཞི་སོགས་ཀྱི་ལས་ཐམས་ཅད་སྒྲུབ་ཚུལ། སྐུལ་བྱེད་པའི་སྒོ་ནས་ལས་སྒྲུབ་ཚུལ། ཛམྦྷ་ལའི་སྒོ་ནས་ནོར་སྒྲུབ་ཚུལ། གནོད་སྦྱིན་མོ་དབང་དུ་བྱས་ནས་ལས་སྒྲུབ་ཚུལ། མཁའ་འགྲོ་མ་གཉིས་དང་སྙོམས་པར་ཞུགས་པས་འབྲས་བུ་གཉིས་འགྲུབ་ཚུལ་ལོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ཀུན་ནས་དབྱངས་རྡོ་རྗེ་ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །བཞི་པ་ནི། །དེ་ནས་བཅོམ་ལྡན་འདས་ནས། ཏིང་ངེ་འཛིན་ཏོ་ཞེས་སོ། །ལྔ་པ་ནི། དེ་ནས་བཅོམ་ལྡན་འདས་ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གསུམ་པ་སྤྱོད་པའི་ཆོ་ག་ལ་དྲུག །སྤྲོས་མེད་བསྡུས་པའི་སྤྱོད་པ་བྱ་ཚུལ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱ་ཚུལ། སྤྱོད་པའི་འབྲས་བུ། སྤྲོས་མེད་ཀྱི་སྤྱོད་པའི་ཐུན་མོང་བའི་ཆོ་ག །སྤྱོད་པ་གཉིས་ལ་བརྟེན་ནས་སྒྲུབ་པ་པོས་ལམ་བགྲོད་ཚུལ་སྤྱོད་པའི་གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་ལྔ། མཚམས་་སྦྱོར་སྔོན་འགྲོས་སྤྱོད་པ་བྱེད་པ་ཆ་ལུགས་བསྒྲུབ་དགོས་པར་བསྟན་པ། རིགས་གསུམ་སོ་སོ་ཕྱེ་བའི་སྤྱོད་པ་བྱེད་ཚུལ། ཁ་ཟས་ལ་ལོངས་སྤྱོད་ཚུལ་ཕན་ཡོན་དང་བཅས་པ། ངེས་དོན་གྱི་དམ་ཚིག་བཞི་ལ་གནས་པར་བྱ་བ། རང་རིགས་ཀྱི་ཕྱག་རྒྱ་མ་མ་རྙེད་ན་ཇི་ལྟར་བྱ་བའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། དེ་ལྟར་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་ནི། དེ་ལ་འདི་ནི་སྐུ་དང་གསུང་དང་ཐུགས་ནས། གསང་བའི་མཆོད་པ་རབ་ཏུ་བྱ་ཞེས་སོ། །གསུམ་པ་ནི། སྡོང་བུ་རྩ་བ་འབྲས་བུ་ཡི། །ནས། གདོན་མི་ཟ་བར་འཐོབ་པར་འགྱུར་ཞེས་སོ། །བཞི་པ་ནི། རྟག་ཏུ་གཞན་གྱི་ནོར་རྐུ་ཞིང་། ནས། ཀུན་ཏུ་བསྡོམས། ཅེས་སོ། །ལྔ་པ་ནི། འདོད་ཆགས་རྡོ་རྗེ་ལྕགས་ཀྱུ་མོ། །ནས། ཀུན་དུ་རིགས་ཞེས་སོ། །གཉིས་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། བསམ་བསྟན་ཡིག་གསུམ་རྡོ་རྗེ་ཅན། ནས། དེ་དག་སྐྲག་ནས་སྟེར་བར་འགྱུར། །ཞེས་སོ། །གསུམ་པ་སྤྱོད་པའི་འབྲས་བུ་ནི། རྡོ་རྗེ་བདག་ཉིད་གསུམ་འདས་ནས། །རྡོ་རྗེའི་ཡི་གེ་འཇིག་པར་འགྱུར་ཞེས་སོ། །བཞི་པ་སྤྱོད་པའི་ཐུན་མོང་གི་ཆོ་ག་ནི། ལྷ་མོ་ཀླུ་མོ་གདོན་སྦྱིན་མོ། །ནས། ཡེ་ཤེས་བསྟེན། ཞེས་སོ། །ལྔ་པ་ལམ་བགྲོད་ཚུལ་ནི། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། ནས། སངས་རྒྱས་བྱང་ཆུབ་རབ་འཇུག་པའོ། །ཞེས་སོ། །དྲུག་པ་སྤྱོད་པའི་གཞུང་ཉེ་བར་བསྡུ་བ་ནི། བཅོམ་ལྡན་འདས། ཞེས་པ་ནས། དེ་སྐད་ཅེས་བཀའ་སྩལ་ཏོའི་བར་རོ། །གཉིས་པ་ལེའུའི་མཚན་ནི། དེ་བཞིན་གཤེགས་པ་ཐམས་ཅད། ཞེས་པ་ནས། ལེའུ་སྟེ་བཅུ་དྲུག་པའོ། །ཞེས་པའི་བར་རོ། །བཅུ་བདུན་པ་རྡོ་རྗེའི་བྱིན་རླབས་ཀྱི་རྒྱལ་པོའི་ལེའུས་བཤད་ཚུལ་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་བཞི། མཚམས་སྦྱོར་ནས་བསྟོད་ཅིང་གསོལ་བ་གདབ་པ། བསྟོད་པ་ལ་སྟོན་པ་དགྱེས་ནས་གསུང་པ་ལ་མངོན་དུ་ཕྱོོགས་པ། གསོལ་བ་བཏབ་པའི་དོན་བཤད་པ། མཇུག་སྡུད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས། ཞེས་པ་ནས། དེ་ཡང་སངས་རྒྱས་འདྲ་བར་འགྱུར། ཞེས་པའི་བར་རོ། །གཉིས་པ་ནི། དེ་ནས་སྟོན་པ་རྡོ་རྗེ་འཛིན། ནས། ནམ་མཁའི་དབྱིངས་བཞིན་དྲི་མ་མེད་ཞེས་སོ། །གསུམ་པ་ལ་དགུ། དམ་ཚིག་དང་སྡོམ་པ་རྣམས་བསྟན་པ། མཚན་མ་མེད་པའི་ཏིང་ངེ་འཛིན་གཏན་ལ་དབབ་པ། དེའི་ཐབས་སུ་ལྷའི་སྐུ་ཇི་ལྟར་བསྐྱེད་བ་སྤྱོད་པའི་དམ་ཚིག་དང་བཅས་པ། འཁོར་གྱི་དྲིས་ལན་གྱིས་བླ་མ་བསྙེན་བཀུར་ཚུལ་བསྟན་པ། བསམ་གཏན་གྱི་་དཀྱིལ་འཁོར་ལ་བརྟེན་ནས་ཀྱང་དབང་རྫོགས་པར་བསྐུར་ཚུལ། ལས་ཚོགས་མཆོད་པ་དམ་ཚིག་རྣམས་སྤེལ་ནས་བསྟན་པ། རྒྱུད་ཀྱི་ཆེ་བ་བསྟན་པ། ཐོས་བསམ་གྱིས་ཐེ་ཚོམ་ཆོད་ནས་ཉམས་སུ་བླངས་པའི་འབྲས་བུ་བསྟན་པ། རྒྱུད་ཡོངས་སུ་གཏད་པའི་ཚུལ་ལོ། །དང་པོ་ལ་གསུམ། ཐེག་པ་གསུམ་གྱི་་དམ་ཚིག་དང་སྡོམ་པ། འཇིག་རྟེན་པ་གཞན་གྱི་དམ་ཚིག་དང་སྡོམ་པ། རིམ་པ་གཉིས་ལ་གནས་པའི་སོ་སོའི་དམ་ཚིག་དང་སྡོམ་པ་བསྟན་པའོ། །དང་པོ་ལ་གསུམ། རིགས་གསུམ་གྱི་བཟའ་བ་དང་བསྲུང་བའི་དམ་ཚིག་བསྟན་པ། རང་སངས་རྒྱས་ཀྱི་དམ་ཚིག་བསྟེན་ཚུལ། ཉན་ཐོས་ཀྱི་དམ་ཚིག་བསྟེན་ཚུལ་ལོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། དེ་མ་ཐག་ཏུ་སངས་རྒྱས་་འགྱུར། །ཞེས་སོ། །གཉིས་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། དམ་ཚིག་མཆོག་ཏུ་རྟག་པའོ། །ཞེས་སོ། །གསུམ་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། དམ་ཚིག་འདི་ནི་རྨད་པོ་ཆེ། ཞེས་སོ། །གཉིས་པ་འཇིག་རྟེན་པ་གཞན་གྱི་དམ་ཚིག་དང་སྡོམ་པ་ལ་བཞི། གཙོ་བོ་གསུམ་གྱི་དམ་ཚིག་འཁྲུལ་སྤོང་དང་བཅས་པ། རྫུ་འཕྲུལ་ཆུང་བ་ལྔའི་དམ་ཚིག་གི །དམ་ཚིག་དེ་བརྒྱད་ལ་ལ་གསང་བ་འདུས་པས་ཀྱང་སྤྱད་པར་བྱ་བ། དོན་བསྡུ་བ་ཁུང་དང་བཅས་པའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། དེ་ཉིད་ཁྱབ་འཇུག་རྫུ་འཕྲུལ་ཆེ། །ཞེས་སོ། །གཉིས་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། གནས་ཀྱི་མཚན་ཉིད་ཀྱིས་གསད་བྱ་ཞེས་སོ། །གསུམ་པ་ནི། ངོ་བོ་ཉིད་ཀྱི་་ཀུན་འབྱུང་བ་ནས། མ་ལུས་སྤྱད་པར་བྱ། ཞེས་སོ། །བཞི་པ་ནི། ཁམས་གསུམ་པ་ནས། ཏིང་ངེ་འཛིན་ཏོ། །ཞེས་སོ། །གསུམ་པ་རིམ་པ་གཉིས་ལ་གནས་པ་སོ་སོའི་དམ་ཚིག་ལ་དྲུག །རྫོགས་རིམ་པས་ལས་ཀྱི་ལམ་རྣམས་འོད་གསལ་གྱིས་དག་པར་བྱ་བའི་དམ་ཚིག་དང་སྡོམ་པ། བསྐྱེད་རིམ་པ་དང་རྫོགས་རིམ་པས་ཕྱག་བྱ་བ་དང་མི་བྱ་བའི་ཚུལ། བསྐྱེད་རིམ་པས་འདོད་ཡོན་ལ་ལོངས་སྤྱོད་པའི་དུས་སུ་ཡུལ་དབང་རྣམས་ཐབས་ཤེས་སུ་སྡུད་པའི་སྡོམ་པ། རྫོགས་རིམ་པས་ཐ་མལ་བའི་ལུས་སྤངས་ནས་རྡོ་རྗེའི་སྐུ་བསྐྱེད་པའི་ཐབས་ཀྱི་དམ་ཚིག །ནང་ལ་གཞོལ་བ་རྣམས་ཀྱི་ཚིམ་པར་བྱ་བའི་ཆོ་ག །སྔགས་ལ་གཞོལ་བ་རྣམས་ཀྱི་ཚིམ་པར་བྱ་བའི་ཆོ་གའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་ནི། དེ་ནས་ཕྱག་ན་རྡོརྗེ་ནས། དམ་ཚིག་རྡོ་རྗེ་ལས་བྱུང་བའོ། །ཞེས་་སོ། །གསུམ་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། དམ་ཚིག་རབ་ཏུ་བརྟག་པའོ། །ཞེས་སོ། །བཞི་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། དམ་ཚིག་རྡོ་རྗེ་རྫོགས་བྱེད་པའོ། །ཞེས་སོ། །ལྔ་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། ཁྲོས་པ་རྣམས་ཀྱིས་མི་ཐུབ་པའོ། །ཞེས་སོ། །དྲུག་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་སོ། །གཉིས་པ་མཚན་མེད་ཀྱི་ཏིང་ངེ་འཛིན་ལ་ལྔ། རྗེས་འཇུག་གི་ལས་ཚོགས་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དགོས་པར་བསྟན་པའི་ཕྱིར་དུ་སྟོན་པ་འོད་གསལ་དུ་ཞུགས་པ། དེ་ལ་སྔོན་བྱུང་གི་དགོས་པ་བསྟན་པའི་ཕྱིར་དུ་འཁོར་རྣམས་ཀྱིས་དྲིས་ལན་མཛད་པ། དེ་ལ་སྟོན་པ་མཉེས་ནས་དོན་དེ་ཉིད་རང་གི་གསུང་གིས་སྟོན་པར་མཛད་པ། སློབ་བཞིན་པའི་རྣལ་འབྱོར་པས་སངས་རྒྱས་སུ་འགྲུབ་པའི་རྒྱུ་ལ་ཞུས་ལན་མཛད་པ། འོད་ཟུང་གི་ཏིང་ངེ་འཛིན་བཤད་པ་ལ། འཁོར་རྣམས་ཀྱིས་ངོ་མཚར་དུ་གྱུར་པའོ། །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། ཅང་མི་གསུང་བར་གྱུར་ཏོ་ཞེས་སོ། །གཉིས་པ་ལ་བཞི། འཁོར་གྱི་བྱང་སེམས་རྣམས་ཀྱིས་འོད་གསལ་ལ། ཞུགས་པའི་རྒྱུ་མཚན་ཞུས་པ། དེའི་ལན་འཁོར་གྱི་དེ་བཞིན་གཤེགས་པས་གསུངས་པ། ལན་དེ་ལ་ལོག་པར་རྟོག་པ་་འཇམ་དཔལ་ལ་སོགས་པས་བསལ་བ། འཁོར་གྱི་དེ་བཞིན་གཤེགས་པས་བྱང་ཆུབ་ཐོབ་པར་ཡོད་མེད་ཀྱི་ཚུལ་དུ་བསྟན་པའོ། །དང་པོ་ནི། དེ་ནས་་ཡང་ནས། ཅང་མི་གསུང་བར་བཞུགས། །ཞེས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ནས། ལོག་པར་བཟུང་བས་ཟིན་པ་ཡིན་ཞེས་སོ། །གསུམ་པ་ལ་གཉིས། ལོག་པར་བཟུང་བ་ཞེས་པའི་ཚིག་དོན་ལ་ལོག་རྟོག་བསལ་བ་དང་། འོད་ཟུང་གི་ཟབ་པ་དང་རྒྱ་ཆེ་དགོས་པ་བསྟན་པའོ། །དང་པོ་ནི། དེ་ནས་འཇམ་དཔལ་ནས། བྱོན་པའི་རྗེས་སུ་འགྲོའོ། །ཞེས་སོ། །གཉིས་པ་ནི། དེ་ཅིིའི་སླད་དུ་ཞེ་ན་ནས། སེམས་པ་ཡང་མཆིས་སོ། །ཞེས་སོ། །བཞི་པ་ལ་གཉིས། དོན་དམ་པར་ཐོབ་བྱ་སོགས། མ་གྲུབ་པས་བྱང་ཆུབ་རྙེད་དཀའ་བར་བསྟན་པ་དང་། ཐ་སྙད་དུ་རྙེད་སླ་བར་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། མི་འགྱུར་བ་ལས་བྱུང་བའོ། །ཞེས་སོ། །གཉིས་པ་ནི། རིགས་ཀྱི་བུ་ནས། རྡོ་རྗེ་ཡེ་ཤེས་ཐོབ་པའོ་ཞེས་སོ། །གསུམ་པ་སྟོན་པ་མཉེས་ནས་ལན་མཛད་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། སྨྲ་བ་བྱེད་པ་སྨྲ་མ་ཡིན། ཞེས་སོ། །བཞི་པ་་སངས་རྒྱས་འགྲུབ་པའི་རྒྱུ་ཞུས་པ་ལ་གསུམ། འཁོར་གྱི་དེ་བཞིན་གཤེགས་པས་སངས་རྒྱས་ཐམས་ཅད་ཀྱི་དངོས་གྲུབ་གང་ལས་འབྱུང་བ་དང་གང་དུ་ཐིམ་པའི་རྒྱུ་ཞུས་པ། སྟོན་པས་རང་གི་ལུས་ངག་ཡིད་གསུམ་འོད་གསལ་དུ་ཞུགས་པ་རྒྱུ་ཡིན་པར་བསྟན་པ། དེ་ལ་སླར་ཞུས་ལན་མཛད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། གང་ན་གནས་ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། རྒྱུད་ཀྱི་རྡོ་རྗེ་ལ་གནས་སོ་ཞེས་སོ། །གསུམ་པ་ལ་གཉིས། དངོས་གྲུབ་དང་ཁམས་གསུམ་ཐམས་ཅད་ཀྱི་རྩ་གང་ཡིན་ཞུ་བ་དང་། དེའི་རྩ་བ་འོད་གསལ་དང་དེ་ལ་རྩ་བ་གཉིས་པ་མེད་པར་བསྟན་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་ནས། གང་ན་གནས། ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། གང་ན་ཡང་མ་ཡིན་ནོ་ཞེས་སོ། །ལྔ་པ་འོད་ཟུང་བཤད་པ་ལ་འཁོར་རྣམས་ངོ་མཚར་བ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ནས། དེ་རྒྱུ་གཟུགས་ནི་རྣམ་པར་བསྒོམ་ཞེས་སོ། །གསུམ་པ་ལྷ་སྐུ་བསྐྱེད་པ་སྤྱོད་པ་དམ་ཚིག་དང་བཅས་པ་ལ་ལྔ། རིགས་སོ་སོའི་སྔགས་ཀྱི་བསྐྱེད་པའི་ཐབས། རྫོགས་རིམ་པའི་སྤྱོད་པ། དེས་ལག་པའི་ཕྱག་རྒྱ་མི་བཅིང་པའི་དམ་ཚིག །ཕྱག་རྒྱ་མ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་བསྟན་པ། སྤྱོད་པ་གསུམ་ལ་གནས་པས་ཕྱི་རོལ་གྱི་ལྷར་ཞེན་པ་བསལ་ནས་བདག་ཉིད་ལྷག་པའི་ལྷར་བལྟ་བའི་དམ་ཚིག་གོ །དང་པོ་ནི། དེ་ནས་སྟོན་པ་རྡོ་རྗེ་འཛིན། ནས། དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་་སོ། །གཉིས་པ་ལ་གཉིས། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་སྤྱོད་པ་ཕན་་ཡོན་དང་བཅས་པ་དང་། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་སྤྱོད་པ་ཕན་ཡོན་དང་བཅས་པའོ། །དང་པོ་ནི། ཁམས་གསུམ་ལས་བྱུང་རྒྱལ་བོ་ཆེ། ནས་སྐུ་གསུམ་དངོས་གྲུབ་ཐོབ་བར་འགྱུར། །ཞེས་སོ། །གཉིས་པ་ནི། དེ་ནས་་ཡང་བཅོམ་ལྡན་ནས། སྐད་ཅིག་གིས་ནི་སངས་རྒྱས་འཐོབ་ཞེས་སོ། །གསུམ་པ་རྫོགས་རིམ་པས་ལག་པའི་ཕྱག་རྒྱ་མི་བཅིང་བ་ནི། དེ་ནས་ཕྱག་ན་རྡོ་རྗེས་ནས། རྒྱལ་བ་རྣམས་ཀྱང་མི་འདའོ། །ཞེས་སོ། །བཞི་པ་ཕྱག་རྒྱ་མ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་གསུམ། རིག་མ་དང་། སྙོམས་པར་ཞུགས་པས་བསྐྱེད་པའི་བདུད་རྩི་ཟོས་པའི་བཅུད་ལེན་གྱིས་ལུས་སྟོབས་རྒྱས་པར་བྱ་བ། གསུང་རྡོ་རྗེའི་ལྕེས་རྩ་བསྐུལ་ནས་བདེ་བ་བསྐྱེད་པ་དེ་ལས་བྱུང་བའི་བདུད་རྩི་ལྕེས་མྱང་བ། པདྨ་ཅན་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཡིད་དགའ་བར་བྱ་ཞིང་དེ་རྣམས་ཀྱི་ཐུགས་སུན་མི་འབྱུང་བར་མཇུག་སྡུད་་དང་བཅས་པའོ། །དང་པོ་ནི། དེ་ནས་ཡང་ཕྱག་ན་རྡོ་རྗེ་ནས། གསང་་འདི་རྡོ་རྗེ་གསུམ་བྱུང་ཡིན། ཞེས་སོ། །གཉིས་པ་ནི། །དེ་ནས་ཡང་བཅོམ་ལྡན་ནས། གསུང་གི་རྡོ་རྗེ་མི་སྨད་དོ། །ཞེས་སོ། །གསུམ་པ་ནི། དེ་ནས་ཡང་ཕྱག་ན་རྡོ་རྗེས་ནས། དེ་སྐད་ཅེས་བཀའ་སྩལ་ཏོ། ཞེས་སོ། །ལྔ་པ་བདག་ཉིད་ལྷར་བལྟ་བའི་དམ་ཚིག་ནི། དེ་ནས་ཡང་ཕྱག་ན་རྡོ་རྗེས་ནས། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སོ། །བཞི་པ་བླ་མ་བསྙེན་བཀུར་ཚུལ་ལ་གསུམ། འཁོར་རྣམས་ལ་དྲིས་ལན་གྱི་སྐབས་དབྱེ་བའི་ཕྱིར་སྟོན་པ་འོད་གསལ་དུ་ཞུགས་པ། དེའི་ཚེ་འཁོར་རྣམས་ཀྱིས་དྲིས་ལན་ཇི་ལྟར་མཛད་པ། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཐེ་ཚོམ་ཆོད་ནས་ཐུགས་རངས་པ་ཐོབ་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན། ནས། མི་གསུང་བར་གྱུར་ཏོ། །ཞེས་་སོ། །གཉིས་པ་ལ་བཞི། བྱམས་པས་འདུས་པའི་སློབ་དཔོན་ལ་ཇི་ལྟར་བལྟ་ཞེས་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཞུས་པ། བྱམས་པ་ལ་དེའི་ལན་མཛད་པ། འཁོར་གྱི་དེ་བཞིན་གཤེགས་པ་ལྔས་བྱང་ཆུབ་སེམས་དཔའ་རྣམས་ལ་བླ་མའི་བསྔགས་པ་བསྟན་པ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གང་ལ་གནས་པའི་དྲིས་ལན་ནོ། །དང་པོ་ནི། དེ་ནས་ཡང་བྱང་ཆུབ་ནས། ཇི་ལྟར་བལྟ་བར་བགྱི། ཞེས་སོ། །གཉིས་པ་ནི། རིགས་ཀྱི་བུ་ནས། ཅང་མི་སྨྲ་བར་གྱུར་ཏོ། །ཞེས་སོ། །གསུམ་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། ཡེ་ཤེས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །ཞེས་སོ། །བཞི་པ་ལ་གསུམ། དངོས་གྲུབ་ཀྱི་རྩ་བ་གང་ཡིན་ཞུས་པ། །དེ་བླ་མ་ཡིན་པར་བསྟན་པའི་ལན། །བླ་མའི་རྡོ་རྗེ་གསུམ་ཡང་རྡོ་རྗེ་འཆང་ལ་གནས་པར་བསྟན་པའོ། །དང་པོ་ནི། དེ་ནས་བྱང་ཆུབ་ནས། དངོས་གྲུབ་རྣམས་ཅི་ལ་གནས་ཞེས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ནས། རྡོ་རྗེ་ལ་གནས་སོ། །ཞེས་སོ། །གསུམ་པ་ནི། བྱང་ཆུབ་ནས། གང་ལ་ཡང་མི་གནས་སོ། །ཞེས་སོ། གསུམ་པ་བྱང་སེམས་རྣམས་ཐེ་ཚོམ་ཆོད་པ་ནི། དེ་ནས་བྱང་ཆུབ་ནས། ཅང་མི་སྨྲ་བར་འཁོད་དོ། །ཞེས་སོ། ལྔ་པ་བསམ་བསྟན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་ཚུལ་ལ་བཞི། སྟོན་པ་འོད་གསལ་ལས་བཞེངས་ནས་བསམ་གཏན་གྱི་དཀྱིལ་འཁོར་ཉན་པར་བསྐུལ་བ། འཁོར་རྣམས་ཀྱིས་དེ་བཤད་པར་གསོལ་བ། གསོལ་བ་བཏབ་པ འི་དོན་བཤད་པ། དོན་བསྡུ་བའོ། །དང་པོ་ནི། བཅོམ་ལྡན་ནས། ཏིང་ངེ་འཛིན་དཀྱིལ་འཁོར་ཉོན་ཅིག །ཅེས་སོ། །གཉིས་པ་ནི། དེ་ནས་་ཡང་དེ་བཞིན་གཤེགས་པ་ནས། བཤད་དུ་གསོལ་ཞེས་སོ། །གསུམ་པ་ལ་བཞི། བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་པའི་སྔོན་དུ་བདག་བསྐྱེད་སྒོམ་ཚུལ། དེ་ནས་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ་བསམ་གཏན་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། སློབ་མ་ལ་དབང་བསྐུར་བ་ལྷག་མའི་མཚོན་བྱེད་ནང་དབང་བསྐུར་བ། དབང་བསྐུར་བའི་ཕན་ཡོན་ནོ། །དང་པོ་ནི། ནམ་མཁའི་དབྱིངས་ཀྱི་དབུས་བསམ་པ། ནས། འཁོར་ལོ་ཅན་ཀུན་གཞུག་པར་བྱ། །ཞེས་སོ། །གཉིས་པ་ནི། མཆོད་པའི་ནས། རྟག་ཏུ་བྱ་ཞེས་སོ། །གསུམ་པ་ནི། སློབ་དཔོན་སྙིང་ཁར་རབ་བསྒོམས་ནས། ནས། ཐམས་ཅད་ཆོ་ག་བཞིན་དུ་དབབ། །ཞེས་སོ། །བཞི་པ་ནི། སེམས་ཅན་ཀུན་ལ་ཕན་འདོད་པའི། ནས་འགྲུབ་པར་འགྱུར་ཞེས་སོ། །བཞི་པ་དོན་བསྡུ་བ་ནི། སངས་རྒྱས་དང་ནས། བསམ་གཏན་གྱི་དཀྱིལ་འཁོར་རོ། །ཞེས་སོ། །དྲུག་པ་ལས་ཚོགས་མཆོད་པ་དམ་ཚིག་རྣམས་སྤེལ་ནས་བསྟན་པ་ལ་དྲུག །རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིས་གདུག་པ་རྣམས་ཚར་གཅད་པ། མཆོད་པའི་ཆོ་ག་ལ་ལུས་བརྟན་པར་བྱེད་པའི་ཆོ་ག །རྫོགས་རིམ་པའི་ལུས་ངག་གི་དམ་ཚིག །ལེའུ་བཅོ་ལྔ་པ་ལས་གསུངས་པའི་ལས་ཕྲ་མོའི་ལྷག་མ། ལས་ཀྱི་མཐར་རྡོ་རྗེ་ཨཉྫན་སྒྲུབ་པའི་ཆོ་ག་བསྟན་པའོ། །དང་པོ་ནི། དེ་ནས་ཡང་ཕྱག་ན་རྡོ་རྗེ་ནས། རྡོ་རྗེའི་སྦྱོར་བས་གདབ་པར་བྱ། ཅེས་སོ། །གཉིས་པ་ལ་ལྔ། ནང་གི་སྦྱིན་སྲེག་གི་མཆོད་པ། ཡིད་དུ་འོང་བའི་ཡུལ་ལྔའི་ཐུན་མོང་གི་མཆོད་པ། རིགས་ཀྱི་སྲས་བསྐྲུན་ཏེ་བསྲུང་བ་དང་གསོ་བ་ལ་སོགས་པའི་ཁྱད་པར་གྱི་མཆོད་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་་ས་ལ་ལོངས་སྤྱོད་པའི་ཕུལ་དུ་བྱུང་བའི་མཆོད་པ། མཆོད་པ་རྣམས་སྒྲུབ་པ་ལ་མཚན་འཛིན་གྱི་དྲི་མ་དག་པར་བྱ་བའི་ཐབས་བསྟན་པའོ། །དང་པོ་ནི། དེ་ནས་ཡང་ཕྱག་ན་རྡོ་རྗེས་ནས། ཆོ་ག་བཞིན་དུ་ཡོངས་སུ་བརྟག །ཅེས་སོ། །གཉིས་པ་ནི། དེ་ནས་ཡང་ནས། དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །ཞེས་སོ། །གསུམ་པ་ནི། དེ་ནས་ཡང་ནས། སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར་ཞེས་སོ། །བཞི་པ་ནི། དེ་ནས་ཡང་ནས། སྡོམ་པ་འདི་ནི་རྨད་པོ་ཆེ། །ཞེས་སོ། །ལྔ་པ་ནི། དེ་ནས་ཡང་ནས། འདིར་ནི་ཡོང་ཡེ་འཇིག་པར་འགྱུར། །ཞེས་སོ། །གསུམ་པ་ལུས་བརྟས་པའི་ཆོ་ག་ནི། དེ་ནས་ཡང་ཕྱག་ན་རྡོ་རྗེས་ནས། འགྱུར་བར་འདི་ནི་དོགས་པ་མེད། ཅེས་སོ། །བཞི་པ་ནི། དེ་ནས་ཡང་ནས། རྡོ་རྗེ་གསུམ་མཆོག་ཕྱག་མི་བྱའོ། །ཞེས་་སོ། །ལྔ་པ་ལས་ཕྲ་མོའི་ལྷག་མ་བསྟན་པ་ལ་གཉིས། དུག་བསལ་བ་ལ་་སོགས་པའི་ཆོ་ག་དང་། དེ་ལྟར་བྱེད་པའི་སྡིགས་པས་གཞན་བསྲུང་བའི་ཆོ་ག་བསྟན་པའོ། །དང་པོ་ནི། དེ་ནས་ཡང་ནས་ས་བོན་གསང་གསུམ་ལས་བྱུང་བའོ། །ཞེས་སོ། །གཉིས་པ་ནི། དེ་ནས་ཡང་ནས། གསང་བ་གསུམ་གྱི་གནས་བསྡུས་པའོ། །ཞེས་སོ། །དྲུག་པ་ལས་ཀྱི་མཐར་རྡོ་རྗེ་ཨཉྫ་ན་སྒྲུབ་པའི་ཆོ་ག་བསྟན་པ་ནི། དེ་ནས་ཡང་ནས། ཀུན་ཏུ་བཟང་པོས་གསུངས་སོ་ཞེས་སོ། །བདུན་པ་རྒྱུད་ཀྱི་ཆེ་བ་ལ་བཞི། རྒྱུད་འདི་ལ་དད་ཅིང་སྒོམ་པ་ལ་་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་གནད་རྟོགས་དགོས་པར་བསྟན་པ། རྒྱུད་ཤིན་དུ་རྙེད་དཀའ་བར་བསྟན་པ། རྒྱུད་འདི་ལ་བརྟེན་ནས་ཚེ་འདིར་མཆོག་འགྲུབ་པར་བསྟན་པ། རྒྱུད་ཤིན་ཏུ་ཟབ་པར་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། ཅང་མི་གསུང་བར་གྱུར་ཏོ་ཞེས་སོ། །གཉིས་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། སེམས་ཅན་རྣམས་ལ་སྐལ་བ་མེད་པའི་ཕྱིར་རོ་ཞེས་སོ། །གསུམ་པ་ནི། འོན་ཀྱང་ནས། གྲངས་སུ་འགྲོའི་ཞེས་སོ། །བཞི་པ་ལ་གསུམ། རྗེས་འཇུག་གི་གང་ཟག་བཞིས་རྒྱུད་མ་ལུས་པ་ཉན་ཡང་དོན་མ་རྟོགས་པར་བསྟན་པའི་ཕྱིར་སྔོན་བྱུང་ལ་བྱང་ཆུབ་སེམས་དཔའ་རྣམས་བཤུམས་པ། རྗེས་འཇུག་ལ་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་དེ་རྣམས་དབུགས་འབྱིན་པ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་བསལ་བའི་དྲི་ལན། རིན་པོ་ཆེ་ལྟ་བུའི་གང་ཟག་གིས་་དེ་དག་གི་རབ་རིབ་བསལ་བས་དེ་དག་གིས་ཀྱང་དེ་ཁོ་ན་ཉིད་རྟོགས་པར་བསྟན་པའོ། །དང་པོ་ནི། དེ་ནས་བྱང་ཆུབ་ནས། རབ་ཏུ་དུས་སོ། །ཞེས་སོ། །གཉིས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། གསང་བའི་ཡི་གེ་རྣམ་པར་དག་པའི་ཕྱིར་རོ་ཞེས་སོ། །གསུམ་པ་ནི། དེ་ནས་བྱང་ཆུབ་ནས། གནས་པར་གྱུར་ཏོ་ཞེས་སོ། །བརྒྱད་པ་ཐེ་ཚོམ་ཆོད་ནས་ཉམས་སུ་་བླངས་པའི་འབྲས་བུས་བསྟན་པ་ལ་ལྔ། ཐོབ་བྱའི་འབྲས་བུ་བསྟན་པའི་ཕྱིར་གཙོ་བོ་འོད་གསལ་དུ་ཞུགས་པ། དེ་ལ་ལྷ་མོ་བཞིའི་གླུས་བཞེངས་པར་བསྐུལ་བ། འོད་གསལ་ལས་བཞེངས་ནས་རིགས་བཞིའི་ངོ་བོས་སྤྱན་སོགས་དང་སྙོམས་པར་ཞུགས་པ། དེའི་འོག་ཏུ་རྗེ་གསུམ་གྱིས་ནམ་མཁའི་ཁམས་ཐམས་ཅད་གང་བར་བསྟན་པ། སྟོན་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་འགྲོ་བའི་དོན་མཛད་ཚུལ་ལོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞུགས་སོ། །ཞེས་སོ། །གཉིས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། དགྱེས་པར་མཛད་དུ་གསོལ་ཞེས་སོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་འདས་ནས། མི་གསུང་བར་གྱུར་ཏོ་ཞེས་་སོ། །བཞི་པ་ནི། དེ་ནས་ནམ་མཁའི་དབྱིངས་ནས། གནས་པར་གྱུར་ཏོ་ཞེས་སོ། །ལྔ་པ་ལ་བཞི། སྙོམས་པར་ཞུགས་པའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་སེམས་ཅན་རྣམས་ལ་དབང་བསྐུར་བས་དེ་རྣམས་ཀུན་དུ་བཟང་བོའི་མིང་ཅན་དུ་གྱུར་པ། སེམས་ཅན་ཀུན་དུ་བཟང་བོར་མཉམ་པ་ཉིད་དུ་བསྟན་པ་འཁོར་རྣམས་ཀྱིས་གཟིགས་ཚུལ། དེ་ལ་འཁོར་རྣམས་ངོ་མཚར་ནས་ཞུ་བ། འདོད་ཆགས་ཀྱི་རང་བཞིན་འོད་གསལ་ཉིད་ཡིན་པ་ངོ་མཚར་རྒྱུ་མེད་པར་བསྟན་པའོ། །དང་པོ་ནི། དེ་ནས་རྡོ་རྗེ་ནམ་མཁའི་དབྱིངས་འདི་ནས། དབང་བསྐུར་བར་གྱུར་ཏོ་ཞེས་སོ། །གཉིས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། བདེ་བར་གཤེགས་པ་མཐོང་ལགས་སོ། ཞེས་སོ། །གསུམ་པ་ནི། དེ་ནས་བཅོམ་ལྡན་ནས་ངོ་མཚར་ཏོ་ཞེས་སོ། །བཞི་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། ཅང་མི་གསུང་བར་གྱུར་ཏོ་ཞེས་སོ། །དགུ་བ་རྒྱུད་ཡོངས་སུ་གཏད་པ་ལ་གསུམ། འདུས་པ་སངས་རྒྱས་བྱང་སེམས་རྣམས་ལ་སྤྱིར་གཏད་པ། བྱེ་བྲག་ཏུ་རྡོ་རྗེ་ཆོས་ལ་གཏད་དེ་ཞལ་གྱིས་བཞེས་པ། རྒྱུད་གཏད་པའི་འོག་ཏུ་འཁོར་རྣམས་རྡོ་རྗེ་གསུམ་དུ་གྱུར་པར་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ནས། འདི་ལ་སྐལ་བ་ཡོད་པའི་ཕྱིར་རོ། །ཞེས་་སོ། །གཉིས་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ནས། ཅང་མི་གསུང་བར་གྱུར་ཏོ་ཞེས་སོ། །གསུམ་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། དམིགས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་སོ། །བཞི་པ་མཇུག་སྡུད་ནི། དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སོ། །གཉིས་པ་མཚན་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནས། ལེའུ་སྟེ་བཅུ་བདུན་པའོ། །ཞེས་པའི་བར་རོ། །བཞི་པ་མཇུག་གི་དོན་རྒྱུད་འདི་གང་གིས་བསྒྱུར་བ་ནི། རྒྱ་གར་གྱི་མཁན་པོ། ཞེས་པ་ནས། གཡར་ཁྲལ་དུ་འཚལ་བའོ། །ཞེས་པའི་བར་རོ། །དེ་ཡན་ཆད་ནི་རྩ་རྒྱུད་ཀྱི་གཞུང་ཚན་སོ་སོའི་ངོས་འཛིན་གྱི་བསྡུས་་དོན་ཡིན་ནོ། །ད་ནི་ལེའུ་བཅོ་བརྒྱད་པ་རྒྱུད་ཕྱི་མའི་གཞུང་སོ་སོའི་དོན་ཚན་ངོས་བཟུང་གི་བསྡུས་དོན། དཔལ་ནཱ་རོ་བའི་འགྲེལ་བ་དང་བསྟུན་ནས་བཤད་པར་བྱ་སྟེ། དེ་ལ་གསུམ། རྒྱུད་ཀྱི་དོན་ལ་དྲི་བ་ཞུ་བའི་སྔོན་འགྲོ་དང་། ཞུས་ལན་དངོས་དང་། ཞུས་ཟིན་པའི་སྐོར་རོ། །དང་པོ་ལ་གཉིས། བྱམས་པ་སོགས་ཀྱིས་རྩ་རྒྱུད་ཀྱི་དོན་གསན་པས་ཐུགས་སུ་ཆུད་ནས་དགའ་བས་བསྟོད་ཅིང་བསྔགས་པ་དང་། །དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་ལ་དོན་དང་མཐུན་པའི་ལན་གནང་བའོ། །དང་པོ་ནི། དེ་ནས་བྱམས་པ་ལ་སོགས་པ་ཞེས་པ་ནས། ཨེ་མའོ་མཆོག་ཏུ་མྱ་ངན་འདས། །ཞེས་པའི་བར་རོ། །གཉིས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། སེམས་དཔའ་ཆེན་པོ་དེ་དེ་བཞིན་ནོ། །ཞེས་སོ། །གཉིས་པ་ལ་གཉིས། ཞུ་པ་དང་། དེའི་ལན་གསུངས་པའོ། །དང་པོ་ལ་གསུམ། མཆོད་དེ་ཞུ་བའི་སྙན་གསན་དབབ་པ་དང་། དེ་ལ་ལེགས་པའི་ལན་གསུངས་པ་དང་། དོན་ཚན་སོ་སོར་ཕྱེ་ནས་ཞུས་པའོ། །དང་པོ་ནི། དེ་ནས་བྱང་ཆུབ་སེམས་་དཔའ་ཆེན་པོ། ནས། མགོན་པོ་ཁྱོད་ལ་གསོལ་བ་འཚལ། །ཞེས་སོ། །གཉིས་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། ཡོན་ཏན་འབྱུང་གནས་ལེགས་སོ་ལེགས། ཞེས་སོ། །གསུམ་པ་ལ་གཉིས། དགའ་སྟེ་ཕྱག་བཙལ་བ་དང་། སོ་སོར་ཞུས་པ་དངོས་སོ། །དང་པོ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ནས། །འདི་ཡི་སོམ་ཉི་ཞུས་པར་གྱུར། ཞེས་སོ། །གཉིས་པ་ནི། གསང་བ་ཞེས་འདིར་གང་ལ་བགྱི། ནས། སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར། །ཞེས་པའི་བར་ཏེ། འདི་ལ་རྩ་རྒྱུད་ལས་གསུངས་པའི་གསང་བ་ཞེས་པའི་དོན་ཞུས་པ་དང་། དེ་བཞིན་དུ་འདུས་པ་དང་། རྒྱུད་ཀྱི་འབྲེལ་བ་དང་། རྣལ་འབྱོར་དང་། རྒྱུད་དང་། དེ་ཉིད་རིགས་ལྔ་་དང་། གསང་བ་རྣམ་པ་གསུམ་དང་། གསང་ཆེན་རིགས་གཅིག་དང་། དམ་པ་རིགས་བརྒྱད་དབྱེ་བ་དང་། བྱང་ཆུབ་ཀྱི་སེམས་དང་། རིག་པའི་སྐྱེས་བུ་དང་། བཛྲ་དྷྲི ཀ་སོགས་སྙིང་པོ་ལྔ་དང་། རིག་དང་། མོ་ཧ་སོགས་བཞི་དང་། ར་ཏི་དང་། ཕུན་ཚོགས་དང་། ཡ་མནྟ་ཀྲི་ཏ་སོགས་ཁྲོ་བོའི་བཞིའི་སྙིང་པོ་དང་། ཀུན་ཏུ་སྤྱོད་པ་དང་། སྔགས་ཀྱི་སྤྱོད་པ་དང་། བཟླས་པ་དང་། རྒྱས་གདབ་པ་དང་། ཆོས་འབྱུང་དང་། སྡོམ་པ་དང་། རིགས་གསུམ་གྱི་དོན་མཛད་ཚུལ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དགོད་པ་དང་། མེ་ཏོག་དང་། མཆོད་རྟེན་དང་། ཡེ་ཤེས་ཀྱི་འཁོར་ལོ་་དང་། གནས་དང་། བསྐུལ་བ་དང་གཏོར་བ་དང་། སྤྱན་དྲངས་པ་དང་བཅིང་བ་དང་དབང་བསྐུར་བ་དང་། རིག་པའི་བརྟུལ་ཞུགས་དང་། བདུད་རྩི་ལྔ་དང་། དཔའ་བོ་ལྔ་དང་། དངོས་གྲུབ་ཐ་མ་དང་། དངོས་གྲུབ་མཆོག་དང་། དེའི་ཐབས་དང་། ཐབས་བྱུང་དང་། བཀའ་ཇི་ལྟར་བསྒོ་བ་དང་། ལས་ཚོགས་ཇི་ལྟར་བྱེད་པ་སྟོང་གསུམ་གྱི་གྲངས་ཞུས་སོ། །གཉིས་པ་དེའི་ལན་སོ་སོར་གསུངས་པ་ལ་ལྔ། དེ་བཞིན་གཤེགས་པ་རྣམས་ཀྱིས་འཁོར་གྱིས་ཞུས་པའི་ཚིག་གསན་ནས་དོན་གྱིས་འཆད་པར་ཞལ་བཞེས་གནང་སྟེ་ཅང་མི་གསུང་བར་བཞུགས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་་དགའ་ནས་ཡིད་ཀྱིས་བསྐུལ་བ་དང་། དེ་བཞིན་གཤེགས་པས་འཁོར་ལ་ཉན་པར་བསྐུལ་བ་དང་། ཉན་པར་ཁས་བླངས་ཏེ་ལེགས་སོ་ཕུལ་ནས་ཅང་མི་སྨྲ་བར་འཁོད་པ་དང་། ལན་སོ་སོར་གསུངས་པ་དངོས་སོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། ཅང་མི་གསུང་བར་གྱུར་ཏོ་ཞེས་སོ། །གཉིས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཆེ། ནས། མགོན་ལ་ཡང་་དང་ཡང་དུ་བསྐུལ། །ཞེས་སོ། །གསུམ་པ་ནི། དེ་ནས་དེ་བཞིན་གཤེགས་པ་ནས། ཞུས་པ་རྒྱ་ཆེན་ཉན་པར་གྱིས། ཞེས་སོ། །བཞི་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ནས། ཅང་མི་སྨྲ་བར་གྱུར་ཏོ་ཞེས་སོ། །ལྔ་པ་ནི། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནས་མི་གསུང་བར་བཞུགས་པར་གྱུར་ཏོ། །ཞེས་པའི་བར་ཏེ། དེ་ཡང་དེ་ནས་དེ་བཞིན་གཤེགས་པ་ནས། གསུང་གཅིག་གིས་བཀའ་སྩལ་བ་ཞེས་མཚམས་སྦྱར་ཏེ། དང་པོ་གསང་བའི་དོན་ནི། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། གསང་བ་ཞེས་ནི་བསྟན་པ་ཡིན། ཞེས་སོ། །གཉིས་པ་ནི། སངས་རྒྱས་ཐམས་ཅད་ཅེས་བྱ་བ། ཚོགས་པ་འདུས་པ་ཡིན་པར་བཤད། ཅེས་སོ། །གསུམ་པ་་འབྲེལ་བ་ནི། ལྔ་བ་དང་ནི་དགུ་བ་དང་། ནས། བསྟན་པས་ཡོངས་སུ་གྲོལ་བ་ཡིན། ཞེས་སོ། །དེ་ནས་རྣལ་འབྱོར་དང་རྒྱུད་གཉིས་སོ་སོར་བྱས་ན། བཞི་པ་ནི། ཐབས་དང་ཤེས་རབ་སྙོམས་འཇུག་པ། ནས། ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་སོ། །ལྔ་པ་ནི། རྒྱུད་ནི་རྒྱུད་ཞེས་བྱ་བར་གྲགས། ནས། གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་སོ། །དེ་ནས་རིགས་ནི་ལྔ་དང་གསུམ་དག་དང་། ནས། དེ་ནི་ཕྱིར་མའི་རྒྱུད་དུ་འདོད་ཅེས་ལྷའི་རིགས་ཀྱི་རྣམ་དབྱེ་མདོར་བསྟན་ནས། དྲུག་པ་རིགས་ལྔ་ནི། དེ་ཉིད་རྣམ་པ་ལྔ་རུ་བཤད། ཅེས་སོ། །བདུན་པ་ནི། གསང་བ་རྣམ་པ་གསུམ་དུ་བཤད། ཅེས་སོ། །བརྒྱད་པ་རིགས་གཅིག་ན། ལྷག་པའི་ལྷ་ནི་གསང་ཆེན་ཏེ། །ཞེས་སོ། །དགུ་པ་ནི། དམ་པའི་རིགས་ནི་རྣམ་པ་བརྒྱ། ཞེས་སོ། །བཅུ་བ་བྱང་ཆུབ་ཀྱི་སེམས་ནི། ཐོག་མ་ཐ་མ་མེད་ཞི་བ། ནས། བྱང་ཆུབ་སེམས་ཞེས་བྱ་བ་ཡིན། ཞེས་སོ། །བཅུ་གཅིག་པ་རིག་པའི་སྐྱེས་བུ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ནས། རིག་པའི་སྐྱེས་བུ་ཞེས་བརྗོད་དོ། །ཞེས་སོ། །བཅུ་གཉིས་པ་རིགས་ལྔ་ལས་བཛྲ་དྷྲིཀ་ནི། རྒྱུད་ལྔ་དང་ནི་འབྲས་བུ་ལྔ། ནས། རྣམ་ཤེས་རྡོ་རྗེ་འཛིན་་དུ་འདོད། ཅེས་སོ། །བཅུ་གསུམ་པ་ཛི་ན་ཛིཀ་ནི། ཡོད་དང་མེད་དང་་དབུས་ལས་འདས། ནས། སྐྱེ་ལས་རྒྱལ་བ་ཛི་ན་ཛིཀ །ཅེས་སོ། །བཅུ་བཞི་པ་རཏྣ་དྷྲིཀ་ནི། དོན་རྣམས་ཐམས་ཅད་ནས། རཏྣ་དྷྲིཀ་ཏུ་བརྗོད་ཅེས་་སོ། །བཅོ་ལྔ་པ་ཨཱ་རོ་ལིཀ་ནི། མཚན་གཞི་མཚན་ཉིད་ནས། ཨཱ་རོ་ལིཀ་ཅེས་བཤད་པ་ཡིན། ཞེས་སོ། །བཅུ་དྲུག་པ་པྲ ཛྙཱ་དྷྲིཀ་ནི། རྣམ་ཤེས་རབ་མཐར་ནས། ཤེས་རབ་འཛིན་ཅེས་བྱ་བར་བཤད། །ཅེས་སོ། །བཅུ་བདུན་པ་རིགས་ཀྱི་ཁྱད་པར་ནི། རིགས་ནི་རྒྱུད་ཅེས་བྱ་བར་བཤད། ནས། དེ་ནི་ཡིན་པར་བཤད་ཅེས་སྤྱིར་བསྟན་པ། རིགས་དེ་ལ་དབྱེ་ན་ཞེ་སྡང་གི་རིགས་ལ་སོགས་པ་ལྔ་ཡོད་ཅེས་སྟོན་པ་ནི། རྒྱུ་འབྲས་གཉིས་ལ་སྡང་བས་ན། ནས། འདུ་བྱེད་རྟག་ཏུ་ཕྲག་དོག་ཡིན། །ཞེས་གསུངས་ནས། དེའི་དོན་བསྡུ་བ་ནི། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། ནས། སེམས་ནི་་འདོད་ཆགས་ཞེས་བྱར་བཤད། ཅེས་སོ། །བཅོ་བརྒྱད་པ་མོ་ཧ་ནི། དམ་ཚིག་སྣ་ཚོགས་འདྲ་བ་ཡིས། ནས། ང་རྒྱལ་བྱེད་པ་རྨོངས་ཞེས་བཤད། །ཅེས་སོ། བཅུ་དགུ་པ་དྭེ་ཥ་ནི། དེ་ལ་ཕན་ཚུན་འཛེར་བ་ནི། ཞེ་སྡང་ཞེས་ནི་བྱ་བར་བཤད། ཅེས་སོ། །ཉི་ཤུ་བ་རཱ་ག་ནི། མཚན་ཉིད་འདོད་ཆགས་ཞེན་པ་ཡིན། ཞེས་སོ། །ཉེར་གཅིག་པ་བཛྲ་ནི། ཡེ་ཤེས་འདི་ནི་རྡོ་རྗེར་བཤད། ཅེས་སོ། །ཉེར་གཉིས་པ་ར་ཏི་ནི། དགའ་བ་རྫོགས་པའི་ལོངས་སྤྱོད་མཆོག །ཅེས་སོ། །ཉེར་གསུམ་པ་ཕུན་ཚོགས་ནི། བུད་མེད་བདེ་མཆོག་ཕུན་སུམ་ཚོགས། ནས། རྡོ་རྗེ་ཐེག་པ་ཞེས་བཤད་དོ། །ཞེས་སོ། །ཉེར་བཞི་པ་ཡ་མནྟ་ཀྲིཏ་ནི། མི་འཇིག་བདག་ཉིད་ཆོས་རྣམས་ནི། ནས། དེ་ཉིད་གཤིན་རྗེ་མཐར་བྱེད་དོ། །ཞེས་སོ། །ཉེར་ལྔ་པ་པྲཛྙཱ་ཏ་ཀྲིཏ་ནི། རྣམ་ཤེས་མིན་བདག་ནས། ཤེས་མཐར་བྱེད་ཅེས་སོ། །ཉེར་དྲུག་པ་པདྨ་ནྟ་ཀྲིཏ་ནི། བརྗོད་མེད་བདག་ཉིད་ནས། པད་མཐར་ཕྱེད་ཅེས་སོ། །ཉེར་བདུན་པ་པྲཛྙཱ་ཏ་ཀྲིཏ་ནི། མི་རྟོག་བདག་ཉིད་ནས། བགེགས་མཐར་བྱེད་ཅེས་སོ། །ཁྲོ་བོ་བཞིའི་སྔགས་དོན་སོ་སོར་བསྟན་པ་དེའི་དོན་བསྡུ་བ་ནི། མི་འཇིག་རྣམ་པར་ནས། བདེ་བ་ཐོབ་པར་འགྱུར་ཞེས་སོ། །ཡང་དྲང་ངེས་དང་སྦྱར་ཏེ་འཆད་པ་ནི། གཏི་མུག་གཏི་མུག་ལོངས་སྤྱོད་པས། ནས། ལས་སྐྱེས་འབྲས་བུ་རྣམ་པར་དག །ཅེས་སོ། །དེའི་ཞར་ལ་ཁྲོ་བོ་དྲུག་སྟོན་པ་ནི། གཟུང་དང་ཆགས་པ་ཉིད་དང་ནི། ནས། ཁྲོ་བོའི་དབང་བོར་རྣམ་པར་གྲགས། ཞེས་སོ། །ཡང་ཞར་ལ་སེམས་དཔའ་དྲུག་སྟོན་པ་ནི། དམ་ཚིག་རྡོ་རྗེ་ལ་སོགས་དྲུག །ཅེས་སོ། །ཡང་ཡུམ་བཞི་དང་འཇམ་དཔལ་ནི། ས་ལ་སོགས་པ་རྣམ་པ་ལྔ། ཞེས་སོ། །འབྱུང་དང་འབྱུང་ལས་གྱུར་པར་གྲགས་ནི། འབྱུང་བ་ནི་ཡུམ་བཞི་དང་། འབྱུང་བ་ལས་གྱུར་པ་ནི། སའི་སྙིང་པོ་སོགས་སེམས་དཔའ་དྲུག་སྟེ། རིག་པའི་རྒྱལ་པོ་ཞེས་བཤད་དོ། །ཞེས་པའི་རིག་པ་ནི་ཡུམ་དང་རྒྱལ་པོ་ནི་སེམས་་དཔའ་རྣམས་སོ། །ཡང་གཟུགས་རྡོ་རྗེ་ལ་སོགས་དྲུག་ནི་རྡོ་རྗེ་མ་ལྔ་དང་ཀུན་་དུ་བཟང་པོ་སྟེ་དྲུག་གོ །རྡོ་རྗེ་བདག་པོ་ཞེས་བཤད་དོ་ནི་རྡོ་རྗེ་འཆང་དཀྱིལ་་འཁོར་གྱི་བདག་པོར་བསྟན་ཏོ། །ལྷ་དེ་རྣམས་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་ལས་བྱུང་བ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། བདག་ཉིད་ཆེན་པོ་ཀུན་དུ་བྱུང་། ཞེས་སོ། །ཕྱི་མ་འ དི་རྣམས་བྲི་བའི་སྐབས་སུ་མི་བསལ་ཡང་ལན་གྱིས་ཁ་བསྐང་ཏེ་ལྷ་སོ་གཉིས་ཚང་བར་གསུངས་སོ། །ཉེར་བརྒྱད་པ་ནི་ཐབས་དང་ཤེས་རབ་ལས་བྱུང་བའི། ནས། ཀུན་དུ་སྤྱོད་པ་ཞེས་བཤད་དོ། །ཞེས་སོ། །ཉེར་དགུ་པ་སྔགས་ཀྱི་སྤྱོད་པ་ནི། དབང་པོ་དང་ནི་ཡུལ་རྣམས་ཀྱི། ནས། སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་སོ། །སུམ་ཅུ་པ་བཟླས་པ་ནི། རང་རང་གི་ནི་ངོ་བོ་ཉིད། ནས། དེ་ཉིད་བསྐུལ་བ་སྨྲ་བའོ། །ཞེས་སོ། །སོ་གཅིག་པ་རྒྱས་གདབ་པ་ནི། ཇི་ལྟར་ཐུགས་སོགས་བྱིན་རློབ་པ། ནས། བསྐལ་བ་བྱེ་བར་འབྱུང་མི་འགྱུར། །ཞེས་པའི་བར་ཏེ། འདིར་སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་དང་། ཡེ་ཤེས་སེམས་དཔའ་བསྒོམ་པ་སྟེ་ལོངས་སྤྱོད་བཞི་དང་ལྷ་སོ་སོའི་རིགས་བདག་གིས་དབང་བསྐུར་བ་དང་། འབྲུ་གསུམ་དང་བཅས་པ་རྣམས་སྟོན་པ་འབྱུང་ངོ་། །སོ་གཉིས་པ་ཆོས་འབྱུང་སྲུང་འཁོར་ནི། ལོངས་སྤྱོད་བཞི་དང་ཡང་དག་ལྡན། ནས། མི་གཡོ་བ་དང་མཚུངས་པར་འཁོར། ཞེས་སོ། །དེ་ཡེ་ཤེས་ཀྱི་བདག་ཉིད་དུ་སྟོན་པ་ནི། དེ་ལྟར་ཆོས་འབྱུང་ནས། རབ་ཏུ་འབྱུང་ཞེས་སོ། །སོ་གསུམ་པ་རྒྱུད་སྡོམ་ནི། རྡོ་རྗེ་ཅན་གྱིས་དེར་སྟོན་པ་ནས། རིམ་པའི་དབྱེ་བས་ཕྱེ་བ་ཡིན། །ཞེས་པའི་བར་ཏེ། །འདིས་རིམ་པ་གཉིས་དང་། དཀྱིལ་འཁོར་སྒྲུབ་པ་དང་། སྙིང་པོ་བསྐུལ་བ་དང་། རྣལ་འབྱོར་གྱི་སྤྱོད་པ་་དང་། རྨད་དུ་བྱུང་བའི་སྤྱོད་པ་དང་། དམ་ཚིག་དང་སྡོམ་པ་རྣམས་ཀྱི་རིམ་པ་རྩ་རྒྱུད་ལས་གསུངས་པ་བསྡུས་ནས་སྟོན་ནོ། །སོ་བཞི་པ་ནི། གཟུགས་སྒྲ་ལ་སོགས་འདོད་པ་ནི། ནས། གྲུབ་པའི་བགྲོད་པ་གཞན་ཡིན་ནོ། །ཞེས་པའི་བར་རོ། །སོ་ལྔ་བ་དཀྱིལ་འཁོར་ནི། བྷ་གའི་དཀྱིལ་འཁོར་ཞེས་གྲགས་དང་། ནས། གསུམ་པོ་དཀྱིལ་འཁོར་ཡིན་པར་གསུངས། ཞེས་་སོ། །སོ་དྲུག་པ་ནི། ཕྱག་རྒྱ་དགོད་པ་ནི། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། ནས། རིགས་ཀྱི་ཁ་དོག་དག་གིས་བརྟག །ཅེས་སོ། །སོ་དྲུག་པ་མེ་ཏོག་གི་དོན་ནི། ལྷ་མོ་དགུ་དང་ནམ་མཁའི་ཁམས། ནས། རིགས་ཀྱིས་རིམ་གྱི་དགོད་པར་བྱ། ཞེས་སོ། །སོ་བདུན་པ་ནི། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་གནས་ཕོ་བྲང་ཡིན་པར་བཤད། །ཅེས་སོ། །སོ་བརྒྱད་པ་ཡེ་ཤེས་ཀྱི་འཁོར་ལོ་ནི། །ཡེ་ཤེས་སེམས་དཔས་གང་རེག་པ་དང་། ཡེ་ཤེས་འཁོར་ལོ་ཞེས་བཤད་དོ། །ཞེས་སོ། །སོ་དགུ་པ་གནས་ནི། མི་འགྱུར་རྡོ་རྗེ་གསུམ་ཡི་གེ །ས་བོན་ཡི་གེ་གནས་ཞེས་བཤད། །ཅེས་སོ། །བཞི་བཅུ་བ་བསྐུལ་བ་ནི། སྐུ་གསུང་ཐུགས་ཀྱི་དེ་ཉིད་ནི། སད་པར་བྱ་བ་བསྐུལ་བ་ཡིན། །ཞེས་སོ། །ཞེ་གཅིག་པ་གཏོང་བ་ནི། ཕྱོགས་བཅུའི་ནས་གཏོང་བ་ཡིན་ཞེས་སོ། །ཞེ་གཉིས་པ་སྤྱན་དྲང་བ་ནི། རྡོ་རྗེ་ཅན་ཀུན་ནས། སྤྱན་དྲང་བའོ་ཞེས་སོ། །ཞེ་གསུམ་པ་བཅིང་བ་ནི། རྡོ་རྗེ་ཅན་གྱི་གནས་དེ་ཡི། ནས། བཅིང་བ་ཡིན་པར་བཤད་ཅེས་་སོ། །ཞེ་བཞི་པ་དབང་བསྐུར་བ་ལ་དབང་བཞི་བསྐུར་བ་མདོར་བསྟན་པ་དང་། གསང་དབང་བསྐུར་ཚུལ་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། ནས། དེ་ཡང་བཞི་པ་དེ་བཞིན་ནོ། །ཞེས་་དང་། གཉིས་པ་ནི། མིག་ཡངས་སྔགས་ཀྱི་སྣོད་དུ་རུང་། ནས། ཤེས་རབ་ཡེ་ཤེས་བདག་ཉིད་འགྱུར། །ཞེས་སོ། །ཞེ་ལྔ་པ་རིག་པའི་བརྟུལ་ཞུགས་ནི། རིག་པའི་ལྷ་མོ་དེ་ཉིད་ནི། །ནས། དེ་ཡི་དངོས་གྲུབ་མཆོག་མི་འགྱུར། །ཞེས་སོ། །ཞེ་དྲུག་པ་བདུད་རྩི་ལྔ་ནི། ཐ་མལ་ལུས་ཀྱི་ཆོས་ལ་ནི། །ནས། བཟའ་བའི་སྦྱོར་བས་བཟའ་བར་བྱ། །ཞེས་སོ། །ཞེ་བདུན་པ་དཔའ་བོ་ལྔ་ནི། བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས། །ནས་གཞན་་དུ་དེ་ནི་འགྲུབ་མི་འགྱུར། །ཞེས་སོ། །ཞེ་བརྒྱད་པ་དངོས་གྲུབ་ཐ་མ་ནི། །མི་སྣང་ལ་སོགས་དངོས་གྲུབ་ནི། །ཐ་མལ་བ་ཞེས་བཤད་པ་ཡིན་ཞེས་སོ། །ཞེ་དགུ་པ་དངོས་གྲུབ་མཆོག་ནི། སངས་རྒྱས་ཉིད་བསྒྲུབ་སངས་རྒྱས་ཀྱིས། །དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན། ཞེས་སོ། །ལྔ་བཅུ་པ་གནས་ལ་མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། ཐབས་ནི་རྣམ་པ་བཞི་པ་དག །ནས། བསྒྲུབ་པ་ཆེན་པོ་བཞི་པའོ་ཞེས་སོ། །རྒྱས་བཤད་ལ་བསྐྱེད་རྫོགས་གཉིས་ཏེ། །ཐུན་མོང་མཆོག་གི་བྱེ་བྲག་གིས། །བསྙེན་པ་རྣམ་པ་གཉིས་སུ་་འགྱུར། །རྡོ་རྗེ་བཞི་བོ་ཐུན་མོང་སྟེ། ཡེ་ཤེས་བདུད་རྩི་མཆོག་ཡིན་ནོ། །གསུངས་ནས། བསྐྱེད་རིམ་པའི་བསྙེན་སྒྲུབ་ཡན་ལག་བཞི་བ་དགོས་པ་དང་བཅས་པ་ནི། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། ནས། ཐ་མལ་བསྒྲུབ་ལ་བསྙེན་པར་བྱ། །ཞེས་སོ། །རྫོགས་རིམ་པའི་དེ་བཞི་ལས་བསྙེན་པ་སྦྱོར་བ་་ཡན་ལག་དྲུག་དགོས། མཆོག་ནི་ཡེ་ཤེས་བདུད་རྩི་ཉིད། །སྦྱོར་བ་དྲུག་གིས་བྱ་བ་ཡིན། །ཞེས་གསུངས་ནས། བསྙེན་པ་ཡན་ལག་དྲུག་གིས་ནི། །ནས། འབྱུང་མི་འགྱུར་ཞེས་པས་དེ་མེད་ན་མཆོག་མི་འགྲུབ་པར་བསྟན་ཅིང་། དྲུག་པོ་སོ་སོར་འཆད་པ་ལ་དབྱེ་བ་དང་། རྒྱས་བཤད་གཉིས་ཀྱི་དང་པོ་ནི། སོ་སོར་སྡུད་དང་བསམ་གཏན་དང་། ནས། སྦྱོར་བ་ཡན་ལག་དྲུག་ཏུ་བཤད། །ཅེས་གསུངས་སྟེ། སོ་སོར་རྒྱས་པར་བཤད་པ་ནི། དབང་པོ་བཅུ་པོ་རྣམས་ཀྱི་ཡང་། ནས། ཏིང་ངེ་འཛིན་ཅེས་བྱ་བར་བཤད། །ཅེས་་སོ། །དེའི་ཕན་ཡོན་ནི། སོ་སོར་སྡུད་ལ་སྙོམས་འཇུག་ན། ནས། སྒྲིབ་པ་རྣམས་དང་བྲལ་བར་འགྱུར། །ཞེས་སོ། །ཉེར་བསྒྲུབ་ནི། སྙིང་པོ་དེ་ནི་ཐུགས་ཀ་རུ། །ནས། བསྒོམ་པ་ཉེ་བར་སྒྲུབ་པའོ། །ཞེས་སོ། །སྒྲུབ་པ་ནི། ཇི་སྲིད་མཐོང་བ་དེ་སྲིད་དུ། ནས། ཐམས་ཅད་དུ་ནི་རྟག་ཏུ་བྱ། ཞེས་སོ། །སྤྱོད་པའི་ཏིང་ངེ་འཛིན་སྤྱི་བསྟན་ནས། དཔོག་ཆོག་ནི། གལ་ཏེ་ཟླ་དྲུག་གིས་ནི། ནས། འགྲུབ་པ་ངེས་པས་ཉེ་བར་འགྱུར། ཞེས་སོ། །ཡང་ཕུར་གདབ་ནི། རིགས་ཀྱི་དབྱེ་བའི་སྦྱོར་བས་ནི། །རྡོ་རྗེ་ཕུར་བུས་ཕུར་བུ་གདབ། །ཅེས་སོ། །དབང་དུ་བྱ་བ་དང་། བསྲུང་བ་དང་། འདོད་པ་ལ་ལོངས་སྤྱོད་པའི་ཏིང་ངེ་འཛིན་ནི། དེ་ནས་དབང་དུ་བྱ་བ་དང་། ནས། བསྒྲུབ་པར་བྱ་བའི་ལུས་ལ་འགོད། ཅེས་སོ། །མི་བསྐྱོད་པས་བསྡུས་པའི་ཏིང་ངེ་འཛིན་གཙོ་བོར་སྟོན་པ་ནི། ཡོངས་སུ་གྱུར་ལས་ཕྱག་རྒྱ་བཞི། ནས། དེ་འོག་བྱང་ཆུབ་བསྒྲུབ་པར་བྱ། ཞེས་སོ། །ལྷ་མོ་བཞིས་རྡོ་རྗེ་འཆང་འོད་གསལ་ལས་བཞེངས་པར་བསྐུལ་བ་ནི། བསྐུལ་བའི་གླུ་དབྱངས་བཞི་ཡིས་ནི། ནས། ལུས་བསྒོམ་མོ་ཞེས་སོ། །བཞེངས་ནས་འགྲོ་བའི་དོན་མཛད་པ་ནི། བཞི་ཡི་ཁ་ཏོག་རྣམ་པར་དབྱེ། ནས། ཆོས་ཀྱི་ཕྱག་རྒྱས་སོ་ཞེས་སོ། །སེམས་ཅན་ཐམས་ཅད་ལ་དབང་བསྐུར་བས་་ཀུན་ཏུ་བཟང་བོར་གྱ྄ུར་པ་ནི། འཁོར་ལོ་སྒྱུར་བའི་རྒྱལ་པོ་དྲུག །ནས། གཉིས་སུ་མེད་པར་བྱེད་སྒྲུབ་པ་ཞེས་སོ། །དེ་ནས་སྒྲུབ་པ་ཆེན་པོ་ནི། སྔར་བཤད་པ་ཡི་རིམ་གྱིས་ནི། ནས་སྒྲུབ་པ་ཆེན་པོ་ཞེས་སོ་བཤད་དོ་ཞེས་སོ། །ཡང་བསྐྱེད་རིམ་པའི་ལས་ཀྱི་བསྙེན་སྒྲུབ་བཞི་ལས་བསྙེན་པ་ནི། བསྙེན་པའི་་དུས་སུ་གཙུག་ཏོར་ཆེ། །སྦྱོར་བ་ཡིད་ཀྱི་གཟུགས་སུ་དམིགས། ཞེས་སོ། །ཉེར་སྒྲུབ་ནི། ཉེ་བར་སྒྲུབ་པའི་དུས་སུ་ནི། བདུད་རྩི་འཁྱིལ་བའི་གཟུགས་ཀྱི་བར། ཞེས་སོ། །སྒྲུབ་པ་ནི། སྔགས་པས་ཆོ་ག་ཤེས་པ་ཡིས། སྒྲུབ་པ་རང་ལྷའི་སྦྱོར་བས་བྱ། ཞེས་སོ། །སྒྲུབ་ཆེན་ནི། སྒྲུབ་པ་ཆེན་པོའི་དུས་སུ་ནི། ནས། ངེས་པར་འབྱུང་བར་མི་འགྱུར་རོ། །ཞེས་སོ། །སྙོམས་འཇུག་གི་དུས་ཀྱི་སྒྲུབ་པ་བཞི་ནི། བསྒྲུབ་བྱ་སྒྲུབ་པར་ཡང་དག་སྦྱོར། ནས། སྒྲུབ་པ་ཆེན་པོ་ཞེས་བཤད་དོ་ཞེས་སོ། །དེ་རྣམས་ཀྱིས་ཐབས་སོ་སོར་བསྟན་པ། ང་གཅིག་པ་ཐབས་ལས་བྱུང་བ་ནི། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །ནས། དེ་ཉིད་ཆོས་རྣམས་ཆོས་ཉིད་དོ་ཞེས་སོ། །ང་གཉིས་པ་བཀའ་བསྒོ་བ་ནི། ལས་དང་རྗེས་མཐུན་གང་གང་གིས། ནས། རང་གི་འཁོར་ལོ་བཀའ་ཡང་བསྒོ། །ཞེས་སོ། །ང་གསུམ་པ་ལས་ཚོགས་ཇི་ལྟར་བྱེད་པ་ནི། བསྒྲུབ་བྱའི་ལུས་ངག་ཡིན་པ་ལའང་། ཞེས་པ་ནས། ཁྲོ་ལ་གཏུམ་པས་རབ་ཏུ་བསྒྲུབ། །ཞེས་པའོ། །ཞེས་པའི་བར་ཏེ། འདིས་ཁ་སྦྱར་དབྱེ་བ་བྱེད་ཚུལ་དང་བཅས་དྲག་ལས་ཞིག་གསལ་བར་བསྟན་ནས། ལས་གཞན་རྣམས་མདོར་བསྡུས་ཏེ་གསུངས་སོ། །གསུམ་པ་ཞུས་ཟིན་མཇུག་གི་སྐོར་ལ། དེ་ནས་བཅོམ་ལྡན་འདས་ནས། མི་གསུང་བར་བཞུགས་པར་གྱུར་ཏོ། །ཞེས་པས་ཞུས་པའི་ལན་དེ་བཞིན་གཤེགས་པས་གསུངས་ཟིན་ནས་ཅང་མི་གསུང་བར་བཞུགས་པར་བསྟན། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནས། གལ་ཏེ་གོས་གྱུར་འབྲས་བུ་གང་ཞེས་པས་དེ་བཞིན་གཤེགས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད། དེ་ནས་དེ་བཞིན་གཤེགས་པ་ནས། བྱས་ནས་ལས་རྣམས་བརྩམ་པར་བྱ། ཞེས་པས་་དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་སོ་དང་བཅས་ཏེ་ལན་གནང་། དེ་ནས་བྱང་ཆུབ་སེམས་དཔའ་ནས། སངས་རྒྱས་ཉིད་ཀྱི་འབྲས་བུ་སྩོལ་ཞེས་པས་བྱང་སེམས་རྣམས་ཀྱི་དེ་བཞིན་གཤེགས་པ་ལ་ཆོས་བསྟན་པའི་ལེགས་སོ་་དང་བཅས་པ་ཕུལ། དེ་ནས་དེ་བཞིན་གཤེགས་པ་ནས། ཡོངས་སུ་སྤང་བར་མི་བྱའོ། །ཞེས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་སེམས་རྣམས་་དབུགས་དབྱུང་སྟེ་རྒྱུད་བཟུང་བར་གདམས། དེ་ནས་བྱང་ཆུབ་སེམས་དཔའ་ནས། བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ་ཞེས་དཀྱིལ་འཁོར་བའི་ལྷ་རྣམས་བསྟོད་ཕྱག །གང་ཞིག་ཐོགས་མ་མེད་དངོས་སོགས་རྐང་བ་བཞིས་རྒྱུད་གསུངས་པའི་སྒོ་ནས་བསྟོད་ཕྱག །གང་ཞིག་དངོས་གྲུབ་མཆོག་གི་ཐབས་ནི་འདི་སྒོམ་ཞིང་། ཞེས་སོགས་ཚིགས་བཅད་ལྔས་རྒྱུད་འཛིན་པའི་སྒྲུབ་པ་པོ་རྣམས་ལ་བསྟོད་ཕྱག་མཛད་ལ། བསྟོད་པའི་ཚིག་ནི་ཞི་བ་འདིས། ཞེས་པ་ནས། རྒྱུད་འདི་ལེགས་པར་གསུངས་པ་ཡིན། །ཞེས་པའི་བར་གྱིས་བསྟོད་པའི་ཕན་ཡོན་དང་། རྗེས་སུ་ཡིད་རང་བ་དང་། རྒྱུད་རྫོགས་པར་གསུངས་པ་ལ་དགའ་ཞིང་བསྔགས་སོ། །དེ་བཞིན་གཤེགས་པ་དེ་དག །ཞེས་པ་ནས། ཅང་མི་གསུང་བར་གྱུར་ཏོ་ཞེས་པའི་བར་གྱིས། །དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུད་ཀྱི་འཆད་ཉན་རེ་ཞིག་རྫོགས་ནས་ཐུགས་བསམ་གཏན་ལ་བཞུགས་པར་བསྟན། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ནས། ལེའུ་བཅོ་བརྒྱད་པ་རྫོགས་སོའི་བར་ནི་ལེའུ་མཚན་ནོ། །རྒྱ་གར་གྱི་མཁན་པོ། ཞེས་པ་ནས། ཞུས་ཏེ་གཏན་ལ་ཕབ་པའོ་ཞེས་པའི་བར་ནི་འགྱུར་བྱུང་ངོ་། །སྨྲས་པ། རྒྱུད་སྡེ་་སྟོང་ཕྲག་སུམ་ཅུ་རྩ་གསུམ་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི །རྩེ་མོ་འདུས་པའི་རྒྱུད་ཀྱི་དོན་ཚན་རྣམས། །སོ་སོའི་ངོས་འཛིན་གསལ་བར་ཕྱ་་འདིར་ལྟོས། ཅེས་འདུས་པའི་རྩ་རྒྱུད་དང་དེའི་རྒྱུད་ཕྱི་མའི་དོན་ཚན་རྣམས་ཀྱང་། རྗེ་ནཱ་རོ་བའི་འགྲེལ་པ་དང་བསྟུན་ནས་གཞུང་གི་དོན་ཚན་སོ་སོའི་ངོས་་འཛིན་རྒྱུད་ཀྱི་སྒོ་འཕར་འབྱེད་པའི་སྡེ་མིག་ཅེས་བྱ་བ་འདིའང་། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་བསྟན་པའི་མངའ་བདག་ཀོའུ་ཤྲི་ནང་སོ་ཡེས་ཀྱིས་གསང་དུ་བཙུགས་པའི་རྒྱུད་པའི་འཆད་ཉན་སྤྱི་དང་། ཁྱད་པར་དུ་འདུས་པའི་རྒྱུད་ཀྱི་འཆད་ཉན་གྱི་རྒྱུད་ལ་ཕན་པར་བསམས་ནས་སྦྱར་བ་ལས། ཕྱིས་ཀོའུ་ཤྲི་ཡེས་ཉིད་ཀྱིས་པར་བསྒྲུབས་པའོ། །མངྒ་ལཾ།། །།

འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་རྟོག་བདུན་གྱི་བསྡུས་དོན་ཊཱིཀྐ་རྒྱུད་ཀྱི་སྒོ་འབྱེད།

འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་རྟོག་བདུན་གྱི་བསྡུས་དོན་ཊཱིཀྐ་རྒྱུད་ཀྱི་སྒོ་འབྱེད་ཅེས་བྱ་བ་བཞུགས།

ན་མོ་མཉྫུ་ཤྲཱི་ཡེ། རྒྱལ་བའི་ཡབ་གཅིག་འཇམ་དཔལ་ཞི་བའི་སྐུ། །མ་རུངས་གདུལ་ཕྱིར་དྲག་པོའི་སྐུ་བསྟན་པ། །བཅོམ་ལྡན་བླ་མ་གཤིན་རྗེ་གཤེད་པོ་ལ། །བཏུད་ནས་དེ་ཡི་རྒྱུད་ཀྱི་བསྡུས་དོན་བྲི། །དེ་ཡང་གྲུབ་ཆེན་ལ་ལི་ཏས་གཤིན་རྗེ་གཤེད་ཀྱི་རྒྱུད་རྒྱས་པ་ལས་ལོགས་སུ་ཕྱུང་བ་རྟོག་བདུན་དུ་གྲགས་པ་འདིས་བརྗོད་བྱ་ཇི་ལྟར་བསྟན་པའི་ཚུལ་ཙམ་ཞིག་སློབ་དཔོན་མི་བསྐྱོད་པ། སཽ་ན་ཤྲི། རྡོ་རྗེ་གྲུབ་པ། གཞོན་ནུ་ཟླ་བ་རྣམས་ཀྱི་དཀའ་འགྲེལ་དང་། མཁས་གྲུབ་རིན་པོ་ཆེའི་མན་ངག་ལ་བརྟེན་ནས་ཅུང་ཟད་བརྗོད་པར་བྱ་སྟེ། འདི་ལ་རྟོག་པའམ་ལེའུ་བདུན་ཡོད་པའི་དང་པོ་དཀྱིལ་འཁོར་བསྟན་པའི་རྟོག་པ། གཉིས་པ་ལས་ཐམས་ཅད་གྲུབ་པའི་རྟོག་པ། གསུམ་པ་སྔགས་བཏུ བ་པ་བསྟན་པའི་རྟོག་པ། བཞི་པ་ལྷ་བསྒོམ་པའི་རྟོག་པ། ལྔ་པ་བྲིས་སྐུའི་ཆོ་གའི་རྟོག་པ། དྲུག་པ་སྦྱིན་སྲེག་གི་ལས་ཀྱི་ཆོ་ག་རྒྱ་ཆེ་བའི་རྟོག་པ། བདུན་པ་བསམ་གཏན་གྱི་ལས་བསྒྲུབ་པ་བརྟག་པའི་རྟོག་པའོ། །དེ་་ཡང་ལེའུ་དང་པོས་གནས་ཀྱི་ཁྱད་པར་སོགས་བསྟན་པའི་གནས་ནི། དེ་ལ་་ཐོག་མར་སྔགས་པས་ཡིད་དུ་འོང་བའི་གནས་གང་ཡང་རུང་བར་གནས་ལ་དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ལ་གནས་གསུངས་པ་ནི་དུར་ཁྲོད་་དམ། ཞེས་པ་ནས། གྲོང་ལ་སོགས་པའི་གནས་སུ་སྔགས་པ་གནས་ཏེ་ཞེས་པའི་བར་དང་། སྔགས་པའི་ཁྱད་པར་ནི། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོར་དབང་བསྐུར་བའི་རྣམ་འབྱོར་པས་ཞེས་དང་། ལས་རབ་འབྱམས་ཀྱི་ཁྱད་པར་ནི། དབང་དང་དགུག་པ་དང་བཤད་པ་དང་བསྐྲད་པ་དང་དབྱེ་བ་དང་རེངས་པ་དང་རལ་གྲི་དང་། ཞེས་པ་ནས། ཆོ་ག་འདིས་བསྒྲུབ་པར་བྱའོ་ཞེས་པའི་བར་དང་། སློབ་དཔོན་གྱི་ཁྱད་པར་ནི། དེ་ལ་ཆོ་ག་ནི་དང་པོ་རེ་ཤིག་སྔགས་པས་ཐལ་ཆེན་གྱིས་ལུས་བྱུགས་ཏེ། ཞེས་པ་ནས། མ་ཧེའི་གདོང་ཅན་གྱི་རྣལ་འབྱོར་གྱིས་ཞེས་པའི་བར་རོ། །དཀྱིལ་འཁོར་གྱི་ཁྱད་པར་ནི། དུར་ཁྲོད་ལ་སོགས་པར་དཀྱིལ་འཁོར་བྲིས་ཏེ། གྲུ་བཞི་བ་ལ་སྒོ་བཞི་པ། རྟ་བབས་བཞི་ཡིས་རྣམ་པར་བརྒྱན། དྲིལ་བུ་དར་གྱི་འཕན་ལ་སོགས། མི་ཏོག་ཕྲེང་བས་རྣམ་པར་ཀླུ བས། གྲྭ་རྣམས་དག་ནི་ཐམས་ཅད་དང་། སྒོ་་འཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པའི། །ཟླ་བ་ཕྱེད་པ་དེ་བཞིན་ནོ། །དེ་དབུས་འཁོར་ལོ་བྲི་བ་ནི། །རེའུ་མིག་དགུ་པ་ཟླུམ་པོའོ། །སྒོ་གཅིག་པ་ནི་དབྱེ་བར་བྱ། །ལྷག་མ་ཡོངས་སུ་བཅད་པར་བྱ། །དེ་དབུས་མི་རོ་དྲི་བར་བྱ། ཤར་དུ་མགོ་བོ། ལྷོར་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་བ། ཤར་ལྷོའི་གྲྭར་ཐོད་པ། ལྷོ་ནུབ་ཏུ་ཐོད་ཚལ། ནུབ་བྱང་་དུ་དུར་ཁྲོད་ཀྱི་རས། བྱང་ཤར་དུ་སྐྱེས་བུ་གསལ་ཤང་ལ་བཙུགས་པ། དེ་་དག་ནི་འཁོར་ལོའི་དབུས་མཚན་མའི་ཕྱག་རྒྱའོ། །དེ་ནས་འཁོར་ལོའི་ཕྱི་རོལ་གྱི་ཕྱག་རྒྱ་རྣམས་ནི། །ཤར་ཕྱོགས་ཀྱི་སྣམ་བུ་ལ་གྲི་གུག་དང་། མཚོན་རྩེ་གཅིག་པ་དང་། གཏུན་ཤིང་དང་། ཆུ་གྲི་དང་། རྡོ་རྗེ་རྩེ་གཅིག་པ་དང་། ལྕགས་ཀྱུ་ལ་སོགས་པ་རྣམས་བྲིའོ། །ལྷོ་ཕྱོགས་ཀྱི་སྣམ་བུ་ལ་སྟ་རེ་དང་། མདའ་དང་། ཁ་ཊཱཾ་ག་དང་། དབྱིག་ཐོ་དང་། འཁོར་ལོ་དང་། རྡོ་རྗེ་ཞགས་པ་ལ་སོགས་པའོ། །ནུབ་ཕྱོགས་ཀྱི་སྣམ་བུ་ལ་རྡོ་རྗེ་དང་། ཏེའུ་ཆུང་་དང་། ཕུབ་དང་། གཞུ་དང་། དྲིལ་བུ་དང་། རླུང་གི་རས་ལ་སོགས་པ་དྲིའོ། །བྱང་ཕྱོགས་ཀྱི་སྣམ་བུ་ལ་བསྡིགས་མཛུབ་དང་། འཕན་རྩེ་གསུམ་པ་དང་། གླང་བོའི་པགས་པ་དང་། རྡོ་རྗེ་ཐོ་བ་དང་། མདུང་དང་། མེ་ཐབ་ལ་སོགས་པ་བྲིའོ། །ཞེས་གསུངས་ཏེ། སོགས་ཀྱི་སྒྲ་བཞིས་ཤར་དུ་མ་ཧེ་དང་བ་གླང་། ལྷོར་ཕག་དང་བོང་བུ། ནུབ་ཏུ་རྔ་མོ་དང་ཁྱི། བྱང་དུ་མེ་ཐབ་དང་ལུག་སྟེ་གཉིས་རེ་བསྣོན་དགོས་པ་སྟོན་ནོ། །དེ་ནས་སྒོ་བཞི་དང་གྲྭ་རྣམས་སུ་རོ་ལངས་ཆེན་པོ་བྲིའོ། །ཞེས་པའི་དོན་འོག་ཏུ་འཆད་པར་འགྱུར་རོ། །དཀྱིལ་འཁོར་འདིའི་དོན་ལ་རྒྱ་གཞུང་ཁ་ཅིག་ཏུ་དབུས་ཀྱི་མཚན་མ་འཇིགས་བྱེད་དཔའ་གཅིག་དང་རོ་ལངས་བརྒྱད་དུ་བསྐྱེད་ནས་མཚན་མ་གཞན་ལྷར་བསྐྱེད་པའི་ཚུལ་མ་བཤད་ལ། ལ་ལི་ཏའི་དགོངས་པ་ལྟར་མཁས་གྲུབ་རིན་པོ་ཆེ་སོགས་ཀྱིས་ལྷར་བསྐྱེད་པར་མཛད་དེ་ཞེ་དགུ་མ་དང་སྦྱར་རོ། །འདི་ལ་རྒྱུའི་ལྷ་དང་འབྲས་བུའི་ལྷ་གཉིས་ལས། རྒྱུའི་ལྷ་ཞེ་དགུ་ནི་དབུས་སུ་འཇམ་དཔལ། འཁོར་ལ་ནང་གི་ཤར་དུ་གཏི་མུག་རྡོ་རྗེ། ལྷོར་སེར་སྣ། ནུབ་ཏུ་འདོད་ཆགས། བྱང་དུ་ཕྲག་རྡོ་རྗེ་དང་། ནང་གི་ཤར་ལྷོར་སེམས་མ་རྡོ་རྗེ་མ། ལྷོ་ནུབ་ཏུ་རིན་ཆེན། ནུབ་བྱང་དུ་ཆོས། བྱང་ཤར་དུ་ལས་ཀྱི་རྡོ་རྗེ་མ་དང་། ཕྱིའི་ལྷ་སྣམ་ལ་ཤར་སྒོའི་གཡས་གཡོན་གྱི་ཕྱོགས་སུ། རྡོ་རྗེ་རྣོན་པོ། རྡོ་རྗེ་རལ་གྲི། བྱམས་པ། འཇམ་དཔལ། ཡེ་ཤེས་སྐུ། ངག་གི་དབང་ཕྱུག །ཟླ་བའི་འོད། ཡེ་ཤེས་མཚོ་དང་། ལྷོ་སྒོའི་ཕྱོགས་སུ་རྡོ་རྗེ་སྣ་ཚོགས། དེ་བཞིན་དུ་གནོད་སྦྱིན། ཁུ་ཚུར། ཆོས། སྲུང་བ། རྣོན་པོ། རྒྱུ། དྲ་བའི་འོད་དང་། ནུབ་སྒོའི་ཕྱོགས་སུ་རྡོ་རྗེ་སྨྲ་བ། དེ་བཞིན་དུ་སེམས་དཔའ། རྒྱལ་བོ། ཆགས་པ། ལེགས་པ་རིན་ཆེན། ཉི་མའི་འོད། ཉི་མ་དང་། བྱང་སྒོའི་ཕྱོགས་སུ་རྡོ་རྗེ་དཔལ། དེ་བཞིན་དུ་བཞད་པ། སྤོས་ཀྱི་གླང་བོ། ཡེ་ཤེས་ཏོག །ཐབས་ཀྱི་འགྲོ་བ། རྒྱ་མཚོའི་བློ་གྲོས། བློ་གྲོས་མི་ཟད་པ། བདུད་རྩིའི་འོད་དང་། སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ། ཕྱིའི་མཚམས་བཞིར་རྡོ་རྗེ་གནོན་མཛེས། གཙུག་ཏོར། ཧཱུཾ་མཛད། གཞན་གྱིས་མི་ཐུབ་པ་སྟེ། ཞེ་དགུའོ། །འབྲས་བུའི་ལྷ་ཞེ་དགུ་ནི་དབུས་སུ་འཇིགས་བྱེད་དང་། འཁོར་དུ་ནང་གི་ཕྱོགས་བཞིར་རྡོ་རྗེ་མགོ་བོ། རྡོ་རྗེ་ལག་པ། རྡོ་རྗེ་རྒྱུ་མ། རྡོ་རྗེ་རྐང་བ་སོགས་གོང་གི་མཚན་མ་བཀོད་པ་དང་མཐུན་པའི་མིང་ཅན་གྱི་ལྷ་མ་ཧེའི་གདོང་ཅན་ནག་པོ་ཞལ་གཅིག་ཕྱག་གཉིས་པ་ཞེ་བརྒྱད་དོ། །འདིར་སྒོ་བཞི་དང་གྲྭ་བཞིར་རོ་ལངས་ཆེན་པོ་བརྒྱད་བྲི་བར་བཤད་པའི་དོན་ལ། མཚན་མ་འགོད་པའི་ཚེ་སྒོ་བཞིར་བྱ་རྒོད་འུག་པ་བྱ་རོག་ནེའུ་ཙོ་བཞི་དང་། མཚམས་བཞིར་བྱ་ཆེན་པོ་ཁྲ་ཁྱིམ་བྱ་བཞད་རྣམས་བཀོད་ནས་སྔར་ལྟར་རང་རང་གི་མིང་ཅན་ཀྱི་ལྷ་བརྒྱད་བསྐྱེད་པར་མཛད་དེ། ལྷ་ཞེ་དགུའི་གྲངས་སུ་འདྲེན་ལ། ཡང་ཞེ་དགུའི་གྲངས་ལ་མི་འདྲེན་པར་རོ་ལངས་བརྒྱད་ཅེས་པའི་ཐ་སྙད་མཛད་པ་ཞིག་ཀྱང་སྣང་སྟེ། མཁས་གྲུབ་ཀྱིས་བསྐྱེད་རིམ་ཆེན་མོར་སྐབས་འདིར་འཇིགས་བྱེད་ལ་རོ་ལངས་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་ཟུར་བ་ཞིག་ཀྱང་བསྟན་པར་བཞེད་པའི་ཕྱིར་རོ། །དམ་པ་འགའ་ཞིག་གོང་གི་རེའུ་མིག་དགུ་པ་ཟླུམ་པོའོ། །ཞེས་པ་འདིས་དཔའ་བོ་གཅིག་པའི་དཀྱིལ་འཁོར་ལའང་རེའུ་མིག་དགུ་བྱར་རུང་བའི་ཁུགས་སུ་མཛད་དེ་བརྟག །སྒོ་གཅིག་པ་ནི་དབྱེ་བར་བྱ། ལྷག་མ་ཡོངས་སུ་བཅད་པར་བྱ། །ཞེས་པའི་དོན་ལ་སྤྱིར་བཤད་ཚུལ་མི་འདྲ་བ་སྣང་ཡང་འདིའི་འགྲེལ་བ་མང་བོར་ལྷོ་སྒོ་དབྱེ་བ་དང་། སྒོ་གཞན་གསུམ་བཅད་པའི་དོན་དུ་བཤད་དོ། །དཀྱིལ་འཁོར་ལ་མཆོད་པ་དང་ཉེར་སྤྱད་ཀྱི་ཁྱད་པར་ནི། གལ་ཏེ་མཆོག་གི་དངོས་གྲུབ་འདོད་ན་མར་ཁུ་ཆེན་པོའི་མར་མེ་དངུལ་ལོ། །མི་དང་བོང་བུ་དང་རྔ་མོ་དང་། ཞེས་པ་ནས། ལྷ་བཤོས་ཐམས་ཅད་དབུལ་བར་བྱའོ་ཞེས་པའི་བར་དང་། སྒྲུབ་པ་པོ་ཆས་་འཇུག་བྱས་ཏེ་དཀྱིལ་འཁོར་དུ་ཞུགས་ནས་སྒྲུབ་ཅིང་མཆོད་པ་དང་སྒྲུབ་པའི་ཚུལ་ནི། དེ་ནས་སྔགས་པས་སྔོན་དུ་སྤྱད་པ་བྱས་ཏེ། ཞེས་པ་ནས་དེ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དགྱེས་སོ་ཞེས་པ་དང་། དངོས་གྲུབ་བླང་བ་ནི། དགྱེས་ནས་ཁྱོད་ཅི་འདོད་ཅེས་གསུང་བ་དང་། ཞེས་པ་ནས། དེ་ལ་་ཐེ་ཚོམ་མེད་པར་སྩོལ་ལོ་ཞེས་དང་། གལ་ཏེ་ཆེན་པོ་མ་གྲུབ་ཀྱང་ཕྲ་མོ་འགྲུབ་པ་ནི། བརྒྱ་ཞིག་ལ་སྔགས་པས་དེ་དག་ལམ་གྲུབ་ནའང་དེའི་ཕྲ་མོའི་ལས་ཐམས་ཅད་ངེས་པར་འགྲུབ་བོ། །ཞེས་གསུངས་ཏེ་རྟོག་པ་དང་པོའི་བཤད་པའོ། །རྟོག་པ་གཉིས་པས་ལས་ཚོགས་ཀྱི་ཁྱད་པ་རྣམས་སྟོན་ཏེ། དེ་ནས་ལས་ཀྱི་ཚོགས་ཀྱི་ཆོ་ག་རབ་ཏུ་བཤད་དེ། རིམ་པ་བཞིན་དུ་བསད་པ་དང་བསྐྲད་པ་ལ་སོགས་པ་ཞེས་སོགས་གསུངས་ཤིང་། དེ་ཡང་གསང་བའི་ལས་དྲུག་དང་། བསྐྲད་པའི་ལས་ལྔ་དང་། དབྱེ་བའི་ལས་བཞི་དང་། རིམས་ནད་ཀྱིས་འཛིན་པ་དང་། རེངས་པར་བྱ་བ་གསུམ་དང་། མནན་པ་དང་། དབང་དུ་བྱ་བ་དང་། དགུག་པ་དང་། སྨྱོ་བར་བྱ་བ་དང་། བུ་མོ་དབང་དུ་བྱ་བ་དང་། ཞི་བའི་ལས་དང་། འཁྲུལ་འཁོར་སྦ་བའི་གནས་དང་། སྦྱོར་བ་དགྲོལ་ཐབས་དང་། ལས་དེ་རྣམས་ཀྱི་བྱ་བ་གསལ་བར་བྱེད་པའི་ཚུལ་རྣམས་བསྟན་ཏེ། ལས་དེ་རྣམས་ཀྱི་གོ་རིམས་ནི་འཁྲུགས་བསྡེབས་སུ་བྱས་པ་་ཡིན་གྱི། མཐར་ཆགས་སུ་མིན་ཏེ། དེའང་འདིའི་ལས་ནི་ཞེས་པ་ནས། ཐེ་ཚོམ་མེད་པར་འཆིའོ་ཞེས་པའི་བར་གྱིས་གསད་པའི་ལས་གཅིག་བསྟན་ཏེ་བར་དུ། གཞན་ཡང་རིམས་ནད་ཀྱིས་ཐེབས་པར་འདོད་ན་ཞེས་སོགས་ཀྱིས་རིམ་གྱིས་འཛིན་ཚུལ་བསྟན་ལ། དེའི་ཕྲོར་དེ་ལ་ལེ་ཚེ་བཅུ་དྲུག་པའི་རབ་ཏུ་་སྦྱོར་བ་ཞེས་སོགས་ཀྱིས་གསང་ལས་གཅིག་བཤད་པའི་རྗེས་སུ། ཤིང་གཅིག་གི་དྲུང་དུ་སྦས་ན་སྐྲོད་པར་འགྱུར་རོ་ཞེས་སོགས་ཀྱི་བསྐྲད་པ་དང་དབྱེ་བ་དང་གྲོལ་བའི་ལས་ཀྱང་བསྟན་ཏོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་གསུངས་པ་གཤེད་རྗེའི་འཁོར་ལོ། །ཞེས་པ་ནས། བྱས་ན་ཉི་མ་བདུན་གྱིས་འཆིའོ་ཞེས་པས་གསད་ལས་དང་། བྱུང་ནས་བཀྲུས་ན་ཐར་བར་འགྱུར་རོ་ཞེས་པས་གྲོལ་ཐབས་ཀྱང་བཤད་དོ། །དེའི་ཕྲོར་དེ་ནས་རེངས་པའི་རབ་ཏུ་སྦྱོར་བ་གསུངས་ཏེ། །ཞེས་པ་ནས། ཞག་གཅིག་གིས་རེངས་པར་བྱེད་དོ་ཞེས་པའི་བར་གྱིས་རེངས་ཐབས་དང་། གཞན་ཡང་དབྱེ་བའི་རབ་ཏུ་སྦྱོར་བ་ནི་ཞེས་པ་ནས། ཞགས་གསུམ་གྱིས་འབྱེར་བར་བྱེད་དོ་ཅེས་པས་དབྱེ་བའི་ལས་དང་། དེ་ནས་སྔགས་པས་བསྐྲད་པར་འདོད་ན་ཞེས་པ་ནས། ཞག་བདུན་གྱིས་ཐེ་ཚོམ་མེད་པར་སྐྲོད་པར་བྱེད་དོ་ཞེས་པས་བསྐྲད་ལས་དང་། དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་ཏེ། ཞེས་པ་ནས། སྐད་ཅིག་གིས་དེ་སྐྲོད་དོ་ཞེས་པས་བསྐྲད་ལས་གཅིག་དང་། དེ་ནས་གཞན་ཡང་ཞེས་པ་ནས། གང་གི་མགོར་བླུགས་པ་དེ་སྐྲོད་པར་འགྱུར་རོ་ཞེས་པས་ཀྱང་བསྐྲད་ལས་གཅིག་བསྟན་ལ། གཞན་ཡང་དབྱེ་བའི་རབ་ཏུ་སྦྱོར་བ་ནི་ཞེས་པ་ནས། འབྱེད་པར་བྱེད་དོ་ཞེས་དང་། དེ་ནས་དུར་ཁྲོད་ཞེས་པ་ནས་འཐབ་པར་འགྱུར་རོ་ཞེས་པས་དབྱེ་བ་དང་འཐབ་པའི་ལས་སྦྱོར་ཀྱང་བསྟན་ཏོ། །དེ་ནས་གསད་པར་འདོད་པ་ནི་ཞེས་པ་ནས་དེ་སྐད་ཅིག་གིས་འཆིའོ་ཞེས་པས་གསད་པའི་ལས་་སྦྱོར་ཞིག་དང་། དེ་ནས་བསྐྲད་པར་འདོད་པས་ཞེས་པ་ནས་ཤིང་ལ་རྒྱལ་མཚན་བཞག་ན་དེ་སྐྲོད་པར་འགྱུར་རོ་ཞེས་པས་བསྐྲད་ལས་གཅིག་དང་། དེ་ནས་རེངས་པར་འདོད་པས་ཞེས་པ་ནས་བྲིས་ལ་བཞག་ན་རེངས་པར་འགྱུར་རོ་ཞེས་པས་རེངས་པའི་ལས་གཅིག་དང་། གལ་ཏེ་སྔགས་པས་དབང་དུ་བྱ་བར་་འདོད་ན་ཞེས་པ་ནས་བརྒྱ་བྱིན་ཡང་དབང་དུ་འགྱུར་ན་ཕྲ་མོའི་མི་ལྟ་ཅི་སྨོས་ཞེས་པས་དབང་དུ་བྱ་བའི་ལས་དང་། དེ་ནས་ཡང་དགུག་པར་འདོད་ན་ཞེས་པ་ནས་འགུགས་པར་འགྱུར་རོ་ཞེས་པས་འགུས་ལས་དང་། དེ་ནས་སྔགས་པས་སྨྱོ་བར་བྱ་བར་འདོད་ཞེས་པ་ནས་ཞག་བདུན་གྱིས་སྨྱོ་བའམ་འཆིའོ་ཞེས་པས་སྨྱོ་བའི་ལས་དང་། དེ་ནས་གཞན་ཡང་ཞེས་པ་ནས་བསྲེགས་ན་དེ་མྱུར་དུ་འཆིའོ་ཞེས་པས་གསད་ལས་དང་། དེ་ནས་དབྲལ་བའི་རབ་ཏུ་སྦྱོར་བ་ཞེས་པ་ནས་་འབྲལ་བར་འགྱུར་རོ་ཞེས་པས་དབྱེ་བའི་འབྲལ་བའི་ལས་དང་། དེ་ནས་གཤིན་རྗེ་ཞེས་པ་ནས་མཚོན་གྱིས་འབུགས་པར་འགྱུར་རོ་གནོད་པའི་ལས་དང་། དེ་ནས་བུ་མོ་རེངས་པའི་རབ་ཏུ་སྦྱོར་བ་ནི་ཞེས་པ་ནས་རེངས་པར་འགྱུར་རོ་ཞེས་པས་བུ་མོ་རེངས་པའི་ལས་རྣམས་བསྟན་ཏེ། འཁྲུལ་འཁོར་སྦ་བའི་གནས་དང་གྲོལ་བའི་ལས་སྔ་མའི་ཞོར་ལ་སོང་ངོ་། །དེ་ནས་འདིའི་ལས་རྣམས་ནི་གཞན་་སུ་ཡང་སྨྲ་བར་མི་བྱའོ་ཞེས་སོགས་ཀྱི་ལས་འདི་རྣམས་གང་ལ་བྱ་མི་བྱ་བའི་ཁྱད་པར་དང་བསམ་པའི་ཁྱད་པར་དང་བཅས་བཤད་དོ། །རྟོག་པ་གསུམ་པ་ལས་སྔགས་བཏུ་བའི་ཚུལ་སྟོན་ཏེ། དེ་ནས་གོ་རིམ་ཇི་ལྟ་བའི་ཆོ་གས་ཞེས་པ་ནས་སྔགས་བཏུ་བར་བྱ་སྟེ་ཞེས་མཚམས་སྦྱར་ནས། ཇི་ལྟར་དྲུག་པའི་དང་པོ་་དང་། ལྔ་པ་ཡི་ནི་ལྔ་པ་དང་། དྲུག་པ་ཡི་ནི་གཉིས་པ་ལ། ཞེས་པ་ནས། མ་ཧེའི་གདོང་ཅན་རྩ་སྔགས་ཏེ། །འབུམ་བཟླས་པ་ཡིས་ལས་ཀུན་བྱེད། །འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་པས་རྩ་སྔགས་འཐུ་ཚུལ་བསྟན་ཏེ། འདིར་དྲུག་པའི་དང་པོ་ཞེས་པ་ནི་གསལ་བྱེད་ཀྱི་སྡེ་ཚན་ལྔ་རྫོགས་པའི་རྗེས་མ་ཡ་ར་ལ་ཝ་ཤ་ས་ཧའི་སྡེ་ཚན་ནི་དྲུག་པ་སྟེ། དེའི་དང་པོ་ནི་ཡའོ། །ལྔ་པ་པ་སྡེའི་ལྔ་བ་མ་དང་། དྲུག་པ་ཡ་ར་ལ་ཝའི་ར་་སྟེ་གཞན་རྣམས་ཀྱང་ཚུལ་དེས་ཤེས་པར་བྱའོ། །བཏུས་པའི་སྔགས་ནི་ཡ་མ་རཱ་ཛ་ས་དོ་མེ་ཡ། ཞེས་སོགས་སུ་འགྱུར་རོ། །དེ་ནས། བདུན་པ་ཡི་ནི་བཞི་པ་ལ། དབྱངས་ཡིག་བཞི་པ་ཡང་དག་ལྡན། ཞེས་པ་ནས། ལས་ཀྱི་སྔགས་སུ་གྲགས་པ་སྟེ། སུམ་འབུམ་བཟླས་ན་ལས་ཀུན་བྱེད། །ཅེས་པའི་བར་གྱི་ལས་སྔགས་ཡི་གེ་བཅུ་བ་འཐུ་ཚུལ་བསྟན་ཏེ། འདིའི་བདེན་པ་ན ི་ཡ་ནས་བགྲངས་པའི་ཧའོ། །དབྱངས་ཡིག་བཞི་པ་ནི་ཨཱིའོ། །མེའི་ས་བོན་ནི་རའོ། །དེས་གཞན་ཡང་ཤེས་པར་བྱའོ། །དེ་ནས་དྲུག་པ་ཡི་ནི་དང་པོ་དང་། ལྔ་པ་ཡི་ནི་ལྔ་པ་ལ། ཞེས་པ་ནས། སྙིང་པོའི་སྔགས་སུ་རབ་ཏུ་གྲགས། །ཡི་གེ་རེ་རེ་འབུམ་བཟླས་ན། །འཇིག་རྟེན་གསུམ་གྱི་ལས་ནི་གང་། །ཅི་ཡང་རུང་བ་ཐམས་ཅད་བྱེད། །ཅེས་པའི་བར་གྱིས་ཡ་མཱནྟ་ཀ་འཐུ་ཚུལ་བསྟན་ཏེ། །འདིའི་དྲུག་པའི་དང་པོ་ནི་ཡའོ། །ལྔ་པའི་ལྔ་པ་ནི་མའོ། །དེས་གཞན་ཡང་ཤེས་སོ། །ལས་སྔགས་ཀྱི་མཇུག་ཏུ། དང་པོར་རྣམ་པར་ནང་མཛད་སྦྱིན། །ཞེས་པས་མགོར་ༀ་དང་། ཡ་སོགས་བརྒྱད་པའི་ས་བོན་ལ། ཞེས་སོགས་ཞེས་པ་གཉིས་ཀྱིས་སྔགས་གསུམ་པོར་མཐར་ཧཱུཾ་དང་། ལྔ་པ་ཡི་ནི་གཉིས་པ་དང་ཞེས་པ་གཉིས་ཀྱིས་མཐར་ཕཊ་སྦྱོར་བར་བསྟན་ཏོ། །སློབ་་དཔོན་རྡོ་རྗེ་གྲུབ་པའི་དཀའ་འགྲེལ་སོགས་འགའ་ཞིག་ཏུ། །སྐབས་འདིར་ཡ་་ཡིག་ཞེ་སྡང་ཉིད་དུ་འགྱུར། །ཀྵེ་ཡི་ཡི་གེ་གཏི་མུག་བརྗོད། ཅེས་པ་ནས། ཎ་ཡོའི་ནི་རའི་རང་བཞིན་ཡང་། །ཐོད་པ་གཤིན་རྗེ་འཇོམས་པའོ། །ཞེས་པའི་བར་དྲངས་ནས་ཡི་གེ་བཅུ་བདུན་ལྷ་བཅུ་བདུན་གྱི་བདག་ཉིད་དུ་བསྒོམ་པར་བཤད་ཅིང་། འོན་ཀྱང་ཎ་ཡོ་ནི་རའི་ཡི་གེ་བཞི་ལྷའི་ངོ་བོ་ཐོད་པ་བཞིར་བསྐྱེད་པ་སྟེ་བཅུ་གསུམ་མ་དང་སྦྱོར་རོ། །དེ་ནས་རྟག་པ་བཞི་བ་ལས་ལྷ་སྒྲུབ་པའི་་ཡན་ལག་འཆད་དེ། དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་ཞེས་སོགས་མཚམས་སྦྱར་ནས་ཐོག་མར་བདག་མེད་པའི་དོན་བསྒོམ་པར་བསྟན་ཏེ། དེ་ཡང་དང་པོར་རེ་ཞིག་རང་བཞིན་གྱིས་དག་པའི་སྔགས་བརྗོད་པས། ཆོས་ཐམས་ཅད་བདག་མེད་པའི་ངོ་བོར་བྱས་ནས་ཞེས་པས་སཱ་བྷཱ་ཝ་དང་ཤཱུནྱ་ཏའི་སྔགས་བརྗོོད་ནས་དེའི་དོན་བསྒོམ་པར་བཤད་ཅིང་། དེ་ནས་ནམ་མཁའི་དཀྱིལ་དུ་ཡཾ་གྱི་རྣམ་པ་ལས་གྲུབ་པའི་རླུང་གི་དཀྱིལ་འཁོར་མདོག་དུ་བའི་རྣམ་པར་བསམ་མོ། །དེའི་་སྟེང་དུ་དང་པོའི་དབྱངས་ཡིག་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་དམིགས་ཏེ། དེའི་སྟེང་དུ་དྷཱིཿའི་རྣམ་པ་ལས་འཇམ་དཔལ་གཞོན་ནུའི་གཟུགས་སུ་གྱུར་པར་བསམ་པར་བྱའོ། །དེར་ཨའི་རྣམ་པ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་བསམས་ཏེ། ཞེས་པའི་འཇུག་ཏུ་དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམ་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་རྣམས་བཀུག་ནས་ཉི་མའི་་དཀྱིལ་འཁོར་ལ་ཞུགས་པས། འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་དཀྱིལ་དུ་བསམས་པ་དང་། དེའི་སྟེང་ས་བོན་ཧཱུཾ་ལས་ཁྲོ་བོའི་རྡོ་རྗེར་བསྐྱེད་པའི་འོད་ཟེར་བསྡུས་ཏེ་རྡོ་རྗེ་དེ་ལ་ཐིམ་པས་འཇིགས་བྱེད་དུ་གྱུར་པར་བསམ་པར་བཤད་དེ་མངོན་རྟོག་ལྟར་རོ། །གོང་དུ་དྷཱིཿལས་རལ་གྲིར་བསྐྱེད་ཚུལ་མི་གསལ་ཡང་བསྐྱེད་པ་ནི་གཞན་གྱི་མན་ངག་གིས་ཁ་བསྐང་བའོ། །འཇིགས་བྱེད་ཀྱི་སྐུའི་ཉམས་དང་ཕྱག་མཚན་ཞབས་འོག་གི་སྲོག་ཆགས་སོགས་ཀྱང་བཤད་དེ། མངོན་རྟོགས་དང་བསྐྱེད་རིམ་སོགས་སུ་གསལ་ལོ། །དེའི་རྗེས་སུ་རྣལ་འབྱོར་བས་དེ་ནས་ཕྱི་ནས་སྔགས་བཟླ་བར་བྱ་སྟེ་ཞེས་སོགས་ཀྱིས་བསྙེན་པ་བྱ་ཚུལ་དང་། གནས་དང་། ཁ་ཟས་ཀྱང་བཤད་དོ། །སྐབས་་འདིར་དངོས་སུ་ནི་དཔའ་བོ་གཅིག་པ་བསྒོམས་པའི་ཚུལ་སྟོན་ཏོ། །རྟོག་པ་་དང་པོར་བཤད་པ་དང་སྦྱར་ན་ཞེ་དགུ་མ་དང་རོ་ལངས་བརྒྱད་སྐོར་གྱི་གཙོ་བོ་ཡང་སྟོན་པ་ཡིན་ནོ། །ཡུམ་དངོས་སུ་མི་གསལ་ཡང་ཡོད་པའི་སྐབས་སྲིད་པའི་སྒྲུབ་བྱེད་ནི་རྗེ་ཉིད་ཀྱིས་བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག་ཏུ་ལེགས་པ་བཤད་ཅིང་། དེ་ལ་གཞན་གྱིས་ཀླན་ཀ་བཏང་བའི་ལན་མཁས་གྲུབ་རྗེས་་འཇིགས་བྱེད་ཀྱི་བསྐྱེད་རིམ་ཆེན་མོར་ལུང་རིགས་ཡང་དག་གིས་རྒྱས་པར་བསྒྲུབས་པ་ལྟར་རོ། །སྐུ་དང་ཕྱག་མཚན་དང་ཞབས་འོག་གི་སྲོག་ཆགས་དང་བཅས་པའི་དག་པ་རྒྱས་པར་ལ་ལི་ཏའི་གཞུང་དང་། སཽ་ན་ཤྲཱི་དང་། རྡོ་རྗེ་གྲུབ་པའི་འགྲེལ་བར་བཤད་དེ་མ་བྲིས་སོ། །རྟོག་པ་ལྔ་པ་ལས་རས་བྲིས་ཀྱི་ཆོ་ག་བཤད་དེ། དེ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོས་བསྟན་པའི་བྲིས་སྐུའི་ཆོ་ག་རབ་ཏུ་གསུངས་པ། དཔའ་བོའི་རས་སམ་ཞེས་སོགས་ཀྱིས་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་དུར་ཁྲོད་དང་བཅས་པ་འབྲི་ཚུལ་དང་། འབྲི་ཚུལ་དེ་ཡང་གང་བྱུང་དུ་མ་ཡིན་པར་དབེན་པར་འབྲི་བ་སོགས་ཀྱི་ཁྱད་པར་རྣམས་བསྟན་ཏེ། དུར་ཁྲོད་འབྲི་བར་བཤད་པ་འདི་ལྟར་ན་གཞལ་ཡས་ཁང་་འབྲི་བར་མི་གསལ་ཡང་འབྲི་བར་ཐོབ་བོ། །སྐབས་འདི་དག་ཏུ་གཞལ་ཡས་ཁང་གི་རྣམ་གཞག་མི་གསལ་བའི་རྐྱེན་གྱིས་རྒྱ་གར་བའི་མཁས་པས་མཛད་པའི་སྒྲུབ་ཐབས་སུ་གཞལ་ཡས་ཁང་མེད་པའི་འཇིགས་བྱེད་ཀྱི་སྒྲུབ་ཐབས་མང་དུ་བྱུང་སྟེ་མི་འགལ་ལོ། །འདི་ནི་གསང་བའི་བྲིས་སྐུ་སྟེ། གནས་གཅིག་ཏུ་ལེགས་པར་བཞག་ལ། ཤ་ཆེན་གྱི་སྤོས་དབུལ་ཞེས་པས་སྐུ་མཆོད་ཚུལ་དང་། དེ་ནས་ཕྲེང་བའི་རྒྱུ་དང་། ཐུན་མཚམས་ཀྱི་བྱ་བ་དང་། ཁ་ཟས་བསྟེན་ཚུལ་་དང་། བདུག་སྤོས་འབུལ་བ་དང་བཅས་པ་བཤད་དོ། །རྟོག་པ་དྲུག་པ་ལས་སྦྱིན་སྲེག་གི་ཆོ་ག་བཤད་དེ། དེ་ནས་སྦྱིན་སྲེག་གི་ལས་ཀྱི་ཆོ་ག་གསུངས་པ་ཞེས་མཚམས་སྦྱར་ནས་ཇི་ལྟར་སྔོན་གྱི་རིམ་པ་སྟེ། དང་པོར་རེ་ཤིག་ཅེས་པ་ནས་ལས་ཐམས་ཅད་བྱའོ་ཞེས་པས་སྤྱི་བསྟན་ནས། གལ་ཏེ་གསད་པར་་འདོད་ཞེས་པ་ནས་དེ་ཉིད་འགྲུབ་བོ་ཞེས་པའི་བར་གྱིས་གསང་བའི་སྦྱིན་སྲེག་་དང་། དེ་ནས་དབྲལ་བར་འདོད་ན་ཞེས་པ་ནས་མེ་ལ་བསྲེགས་ན་དེས་འབྲལ་བར་འགྱུར་རོ་ཞེས་པས་དབྱེ་བའི་སྦྱིན་སྲེག་དང་། ཡང་ན་དུར་ཁྲོད་ཀྱི་ཞེས་པ་ནས་ཉི་མ་བདུན་གྱིས་འཕྲལ་ལོ་ཞེས་པས་ཀྱང་དབྱེ་བའི་སྦྱིན་སྲེག་གི་ཚུལ་གཅིག་དང་། དེ་ནས་བསྐྲད་པར་འདོད་ན་ཞེས་པ་ནས་གཞན་དུ་མ་ཡིན་ནོ་ཞེས་པས་བསྐྲད་པ་དང་། དེ་ནས་རེངས་པར་འདོད་ན་ཞེས་པ་ནས་རེངས་པར་འགྱུར་རོ་ཞེས་པས་རེངས་པ་དང་། དེ་ནས་གྲོང་བསྐྲད་པར་འདོད་ན་ཞེས་པ་ནས་གཞན་དུ་ནས་སྔགས་པ་རང་ཉིད་ལ་འབབ་པར་འགྱུར་རོ་ཞེས་པས་གྲོང་ཆེན་པོ་བསྐྲད་པ་དང་། དེ་ནས་བུ་མོ་རེངས་པར་འདོད་ཞེས་པ་ནས་རེངས་པ་ལས་གཞན་མ་ཡིན་ནོ་ཞེས་པས་བུ་མོ་རེངས་པ་དང་། དེ་ནས་ཞི་བར་འདོད་ན་ཞེས་སོགས་དང་། རྒྱས་པར་འདོད་ན་ཞེས་སོགས་དང་། དགུག་པར་འདོད་ན་ཞེས་སོགས་དང་། སྨྱོ་བར་འདོད་ན་ཞེས་སོགས་ཀྱིས་དེ་རྣམས་ཀྱི་སྦྱིན་སྲེག་དང་། དེ་ནས་ནོར་ནོར་མ་ཡིན་པར་བྱ་བར་འདོད་ན་ཞེས་སོགས་ཀྱིས་ནོར་རྫས་གཞན་དུ་བསྒྱུར་བ་དང་། ཨ་རུ་ར་བསྲེགས་ན་སླར་རྫས་དེ་ཉིད་དུ་་འགྱུར་རོ་ཞེས་པས་ནོར་དེ་སླར་རང་སོར་བསྒྱུར་བ་དང་། རྗེ་བཙུན་གྱི་མདུན་་དུ་ཞེས་སོགས་ཀྱི་ཡུལ་གྱི་བདག་པོར་འགྱུར་བ་དང་། བ་ལང་ཤ་དང་ཞེས་སོགས་ཀྱིས་བྲན་དུ་བསྒྱུར་བ་དང་། ཁྱི་ཤ་རྡོ་རྗེ་ཞེས་སོགས་ཀྱིས་ནོར་བདག་ཏུ་འགྱུར་བ་དང་། གླང་པོའི་ཤ་ཞེས་སོགས་ཀྱིས་རྒྱལ་པོ་དབང་དུ་བྱེད་པ་དང་། ཉ་ཤ་ཞེས་སོགས་ཀྱིས་རྡོ་རྗེ་འཛིན་ལྟ་བུར་འགྱུར་བ་དང་། དེ་ནས་བྱ་རོག་ཅེས་སོགས་ཀྱིས་བསྐྲད་པ་དང་། སེང་ལྡེང་གི་ཞེས་སོགས་ཀྱིས་དབང་དུ་བྱ་བ་དང་། དེ་ནས་འགུག་པར་འདོད་ན་ཞེས་སོགས་ཀྱིས་དགུག་པའི་སྦྱིན་སྲེག་རྣམས་བསྟན་ཏེ། དེ་རྣམས་ཀྱང་སྦྱིན་སྲེག་གིས་བྱ་བའོ། །ལས་འདི་རྣམས་ནི་ཞེས་པ་མན་གྱིས་བསྒོམ་བཟླས་སོགས་ཀྱི་སྒོ་ནས་ནུས་པ་ཐོབ་པའི་གང་ཟག་གིས་བྱ་བ་དང་། དམ་ཚིག་དང་ལྡན་དགོས་པར་བཤད་དོ། །རྟོག་པ་བདུན་པ་ལས་བསམ་གཏན་གྱི་ཆོ་ག་འཆད་དེ། དེ་ནས་བསམ་གཏན་གྱི་ལས་ཀྱི་ཆོ་ག་ཇི་ལྟ་བ་ཡང་དག་པར་གསུངས་ཏེ་ཞེས་མཚམས་སྦྱར་ནས། གང་ཟག་ཁྱད་པར་ཅན་གྱིས་རྫས་སོགས་ལ་མ་ལྟོས་པར་བསམ་གཏན་ཙམ་གྱི་སྒོ་ནས་གསད་པ་དང་དབྱེ་བ་བསྐྲད་པ་ལ་སོགས་པའི་ལས་བྱ་ཚུལ་ནི། བསམ་གཏན་དང་སྔགས་ཀྱི་རབ་ཏུ་སྦྱོར་བས་ཞེས་པ་ནས་ལས་ཐམས་བྱའོ་ཞེས་སྤྱིར་བསྟན་ནས། རེ་བ་ལས་ལོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་ཞེས་པ་ནས། རྡོ་རྗེ་འཛིན་པ་ཡང་ཞག་བདུན་གྱིས་འཆི་ན་ཕྲ་མོའི་སྲོག་ཆགས་ལྟ་ཅི་སྨོས་ཞེས་པའི་བར་གྱི་གསད་ལས་གཅིག་དང་། དེ་ནས་གཞན་ཡང་ཞེས་པ་ནས་སྔགས་པས་བསམ་གཏན་བྱའོ་ཞེས་པས་ཀྱང་གསད་ལས་ཞིག་དང་། དེ་ནས་དབྲལ་བར་འདོད་ན་ཞེས་པ་ནས་གཞན་དུ་མ་ཡིན་ནོ་ཞེས་བས་དབྱེ་བའི་ལས་སྦྱོར་དང་། དེ་ནས་བསྐྲད་པར་འདོད་ན་ཞེས་སོགས་དང་། གཞན་ཡང་བསམ་གཏན་གྱི་རབ་ཏུ་སྦྱོར་བ་ནི་ཞེས་པ་ནས་ཞག་བདུན་ནས་སྐྲོད་པར་འགྱུར་རོ་ཞེས་པས་སྐྲོད་པའི་ལས་གཉིས་དང་། དེ་ནས་འགུག་པར་འདོད་ན་ཞེས་པ་ནས་བུད་མེད་བཀུག་ལ་རོལ་བར་བྱའོ་ཞེས་པས་བུད་མེད་འགུགས་པའི་ལས་སྦྱོར་དང་། དེ་ནས་སྦྲུལ་གྱིས་ཟིན་པ་བླང་བའི་རབ་ཏུ་བྱེད་པ་ཞེས་པ་ནས་ཁམས་གསུམ་ཡོངས་་སུ་གང་བའི་དུག་ཀྱང་མེད་པར་འགྱུར་རོ། །ཞེས་པས་དུག་གསོ་བའི་ལས་དང་། དེ་ཞུ་བའི་བསམ་གཏན་གྱི་ཞེས་པ་ནས་ཞུ་བར་བསམ་པར་བྱའོ་ཞེས་་སོགས་ཀྱི་བུད་མེད་ལས་བདུད་རྩིའི་དཀྱིལ་འཁོར་ཞུ་བའི་ལས་དང་། དེ་ནས་རྒྱལ་པོའམ་རྒྱལ་པོའི་བློན་པོ་དབང་དུ་བྱ་བར་འདོད་ན་ཞེས་པ་ནས་མི་གཡོ་བའི་བསམ་གཏན་གྱིས་བྱའོ་ཞེས་པའི་བར་གྱིས་རྒྱལ་པོ་སོགས་དབང་དུ་བྱ་བའི་ལས་་སྦྱོར་དང་། དེ་ནས་རྒྱུད་གང་ལ་ཡང་མི་སྦྱིན་ནོ་ཞེས་པ་ནས་དམ་ཚིག་ཉམས་པར་འགྱུར་རོ་ཞེས་པའི་བར་གྱིས་དམ་ཚིག་གི་སྐོར་རྣམས་བཤད་དོ། །རྒྱུད་གང་ལ་ཡང་མི་སྦྱིན་ནོ་ཞེས་གསུངས་པ་ནི། རྒྱུད་ཀྱི་དོན་དྲག་པོའི་ལས་འདི་རྣམས་ཀྱི་མན་ངག་གསལ་བར་གང་ཡིན་ལ་མི་སྦྱིན་པའི་དོན་ཡིན་གྱི། དད་ཅིང་དམ་ཚིག་དང་ལྡན་ན་སྦྱིན་པར་བཤད་དེ། སྟེར་ན་དམ་ཚིག་མ་ཉམས་པ་་དང་། རྣམ་པར་རྟོག་པ་མེད་པ་དང་། དམ་པའི་བརྟུལ་ཞུགས་ཅན་དཔའ་བོ་བླ་མ་ལ་གུས་པ་དུལ་བ་ཅན་ཞེས་པ་ནས། བླ་མས་དེ་ལྟ་བུའི་སློབ་མ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཆེན་པོ་སྦྱིན་ནོ་ཞེས་པའི་བར་གསུངས་པའི་ཕྱིར་རོ། །ལས་སྦྱོར་གྱི་འཁྲུལ་འཁོར་རྒྱས་པར་ནི་བཤད་རྒྱུད་རྟོག་གསུམ་ལས་བཤད་དོ། །སྨྲས་པ། ཡབ་གཅིག་འཇམ་དཔལ་ཁྲོས་པའི་གར་མཛད་པ། །བཅོམ་ལྡན་ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡིས། །རྒྱུད་དོན་ཅུང་ཟད་བཤད་པའི་རབ་དཀར་དགེས། །སྐྱེ་ཀུན་འཇམ་དཔལ་ཞི་ཁྲོས་རྗེས་འཛིན་ཤོག །ཅེས་པ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་རྟོག་བདུན་དང་དེའི་འགྲེལ་བ་སོགས་ལ་འདྲིས་པར་བྱས་ནས་དད་པས་སྦྱར་བ་སྟེ། ཡི་གེ་པ་ནི་གནས་བརྟན་རི་ཁྲོད་པ་ཤེས་རབ་བཀྲ་ཤིས་སོ།། །།མངྒལཾ།