cover

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

པོད་དགུ་པ།

ཅོ་ནེ་གྲགས་པ་བཤད་སྒྲུབ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བསྟན་རྩིས་འཕྲོས་དོན་དང་བཅས་པ།

བསྟན་རྩིས་འཕྲོས་དོན་དང་བཅས་པ་བཞུགས།

ན་མོ་ཤྲཱིཿཀཱ་ལ་ཙཀྲ་ཡེ། །དང་པོར་ཐུགས་བསྐྱེད་བར་དུ་ཚོགས་གཉིས་བསགས། །ཐ་མར་མངོན་སངས་རྒྱས་ཏེ་གདུལ་བྱ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་དོན་མཛད་པའི། །ཟླ་མེད་སྟོན་པ་དེ་ལ་མགོས་ཕྱག་འཚལ། །འདིར་བསྟན་རྩིས་འཕྲོས་དོན་དང་བཅས་པ་འགའ་ཞིག་བསྡུས་ནས་བརྗོད་པར་བྱ་སྟེ། དེ་ཡང་སྤྱིར་དམ་པ་གོང་མ་རྣམས་ཀྱིས་མཛད་པའི་བསྟན་རྩིས་མཐུན་མི་མཐུན་མང་དུ་སྣང་ཡང་། །འཁྲུལ་མེད་ཕུག་ལུགས་འཛིན་པའི་མཁས་བ་དག་གི་བཞེད་པ། བཻ་དཀར་དུ་བཤད་པ་ལྟར་བརྗོད་ན། བདག་ཅག་གི་སྟོན་པ་དེ་ནི་ས་ལུག་གི་ཆུ་སྟོད་ཟླ་བ་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ་ལྷུམས་སུ་ཞུགས། དེའི་ཕྱི་ལོ་ལྕགས་སྤྲེལ་ས་ག་ཟླ་བ་ཧོར་ཟླ་བཞི་པའི་ཚེས་བདུན་ལ་སྐུ་བལྟམས། དེ་ནས་བཟུང་སྟེ་དགུང་ལོ་ཉེར་དགུའི་ངོ་མཐོང་ཙམ་དུ་ཁབ་ཏུ་བཞུགས། རབ་ཏུ་བྱུང་ནས་དཀའ་སྤྱད་ལོ་དྲུག་མཛད། དགུང་ལོ་སོ་ལྔ་པ་ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔའི་མཚན་གྱི་སྨད་ཆ་ལ་གསར་དུ་སངས་རྒྱས་པའི་ཚུལ་བསྟན། ལོ་དེ་ཀའི་ཆུ་སྟོད་ཟླ་བ་ཧོར་ཟླ་དྲུག་པའི་ཚེས་བཞི་ལ་བདེན་བཞིའི་ཆོས་འཁོར་བསྐོར། དེ་ནས་ལོ་ཉེར་གཅིག་སོང་བའི་ཤིང་ཡོས་ཧོར་ཟླ་དང་པོའི་ཡར་ངོ་ལ་ཆོ་འཕྲུལ་ཆེན་པོ་བསྟན། དེ་ནས་དགུང་ལོ་གྱ་གཅིག་པ་ལྕགས་འབྲུག་གི་ནག་ཟླའི་བཅོ་ལྔ་ལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་ནས་དེའི་ས་ག་ཟླ་བའི་བཅོ་ལྔའི་མཚན་གྱི་གུང་ཐུན་ལ་མྱ་ངན་འདའ་བའི་ཚུལ་བསྟན་ཏེ། དེ་ཡང་སྟོན་པའི་བསྟན་པ་ལྔ་བརྒྱ་པ་ཕྲག་བཅུར་གནས་པར་བཤད་པའི་ལྔ་བརྒྱ་པ་ཕྲག་དང་པོ་ལ་དགྲ་བཅོམ། གཉིས་པ་ལ་ཕྱིར་མི་འོང་། གསུམ་པ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་མང་དུ་འབྱུང་བས་དེ་གསུམ་ལ་འབྲས་བུའི་དུས་དང་། དེ་ནས་ལྔ་བརྒྱ་པ་ཕྲག་བཞི་པ་ལ་ཤེས་རབ་དང་། ལྔ་པ་ཏིང་ངེ་འཛིན་དང་དྲུག་པ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་འཛིན་པ་མང་དུ་འབྱུང་བས་དེ་གསུམ་ལ་སྒྲུབ་པའི་དུས་དང་། དེ་ནས་ལྔ་བརྒྱ་པ་ཕྲག་བདུན་པ་བརྒྱད་པ་དགུ་པ་གསུམ་ལ་རིམ་པ་བཞིན་དུ་མངོན་པ་མདོ་སྡེ་འདུལ་པའི་སྡེ་སྣོད་འཛིན་པ་མང་དུ་འབྱུང་བས་དེ་གསུམ་ལ་ལུང་གི་དུས་དང་། ལྔ་བརྒྱ་པ་ཕྲག་བཅུ་པ་ལ་ལྟ་སྤྱོད་རྣམ་དག་མེད་པར་རྟགས་ཙམ་འཛིན་པ་མང་དུ་འབྱུང་བས་དེ་ལ་རྟགས་ཙམ་འཛིན་པའི་དུས་ཞེས་ཐ་སྙད་བྱས་པའི་དུས་བཅུ་ལས། ད་ལྟ་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ནས་ལོ་ང་གཉིས་པ་ས་རྟ་འདི། ཡན་ལ་ལྔ་བརྒྱ་པ་ཕྲག་ལྔ་རྫོགས་ནས་དྲུག་པ་ཚུལ་ཁྲིམས་ཀྱི་ལེའུའི་སྟེང་ནས་ལོ་བརྒྱ་དང་བཅོ་བརྒྱད་འདས་ཏེ་བཅུ་དགུ་པའི་ཐོག་ཏུ་སླེབས་སོ། །སྟོན་པ་འཁྲུངས་ནས་ཀཽའུ་ཤྲཱི་ཡེས་སྐུ་གཤེགས་པའི་ས་རྟ་འདིའི་བར་ལོ་ཉིས་སྟོང་བདུན་བརྒྱ་སོང་། སྟོན་པ་འདས་ནས་ས་རྟ་འདིའི་བར་ལོ་ཉིས་སྟོང་དྲུག་བརྒྱ་དང་བཅུ་དགུ་སོང་། སྟོན་པ་འདས་ནས་ལོ་སྟོང་ལྔ་བརྒྱ་དང་དགུ་ནས་རྒྱལ་པོ་སྲོང་བཙན་འཁྲུངས་ཤིང་། འཁྲུངས་ལོ་དེ་ནས་ས་རྟ་འདིའི་བར་ལོ་སྟོང་དང་བརྒྱ་དང་བཅུ་སོང་། སྟོན་པ་གཤེགས་ནས་ལོ་སྟོང་བརྒྱད་བརྒྱ་རེ་གཉིས་ནས་ཇོ་བོ་རྗེ་འཁྲུངས་ཤིང་། དེ་ནས་ས་རྟའི་དེའི་བར་ལོ་བདུན་བརྒྱ་དང་ང་བདུན་སོང་། །སྟོན་པ་འདས་ནས་ལོ་ཉིས་སྟོང་དང་ཉིས་བརྒྱ་སོ་བདུན་ནས་རྗེ་རིན་པོ་ཆེ་འཁྲུངས་ཤིང་། །དེ་ནས་ས་རྟ་འདིའི་བར་ལོ་སུམ་བརྒྱ་དང་གྱ་གཉིས་སོང་ཞིང་། རྗེ་ལོ་རེ་གསུམ་བཞུགས་ཏེ་སྐུ་གཤེགས་ནས་ས་རྟ་འདིའི་བར་ལོ་སུམ་བརྒྱ་དང་བཅུ་དགུ་སོང་། རྗེ་དགུང་ལོ་ང་གསུམ་པ་ས་གླང་ལོར་དགའ་ལྡན་བཏབ། རྗེ་དགུང་ལོ་དྲུག་ཅུ་པ་མེ་སྦྲེལ་ལོར་འབྲས་སྤུངས་བཏབ། རྗེ་དགུང་ལོ་རེ་གསུམ་པ་ས་ཕག་ལ་སེ་ར་བཏབ་ཅིང་ལོ་འདིའི་བཅུ་པའི་ཉི་ཤུ་རྩ་ལྔ་ལ་རྗེ་དགའ་ལྡན་དུ་གཤེགས། རྗེ་གཤེགས་ནས་ལོ་ཉེར་དགུ་པ་མེ་ཡོས་ལོར་བཀྲ་ཤིས་ལྷུན་པོ་བཏབ། ཅོ་ནེ་དགོན་འདི་འཇམ་དབྱངས་གཙང་པ་གདུང་བདུན་བྱོན་པའི་རྗེས་ཡེ་ཤེས་བཟང་པོའི་དུས་སུ་བཏབ་འདུག་པས། ལོ་ཚིགས་ཞིབ་ཏུ་ངེས་དཀའ་ཡང་རྗེ་འདས་ནས་ལོ་དྲུག་ཅུ་བསྐོར་སོང་བའི་ཚེ་བཏབ་པར་ནི་ངེས་སོ། །ཅོ་ནི་དགོན་འདིའི་མཚན་ཉིད་གྲྭ་ཚང་ཤིང་རྟ་ས་ག་ཟླ་བའི་ཚེས་བདུན་སྟོན་པ་སྐུ་བལྟམས་པའི་དུས་ཆེན་ལ་བཙུགས་ཤིང་། དེ་ནས་ས་རྟ་འདིའི་བར་ལོ་ཉེར་ལྔ་སོང་། རྒྱུད་པ་གྲྭ་ཚང་ས་བྱ་ལོའི་སྣྲོན་ཟླ་བའི་ཡར་ཚེས་ལ་བཙུགས་ཤིང་། དེ་ནས་ས་རྟ་འདིའི་བར་ལོ་བཅུ་སོང་ངོ་། །དེ་དག་ནི་བསྟན་རྩིས་སྤྱི་དང་བྱེ་བྲག་གི་སྙིང་པོ་རྣམ་པར་དག་པའི་དོན་བསྡུས་པའོ། །དེ་ནས་དཔལ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་འཇིག་རྟེན་གྱི་ཁམས་དང་། དེའི་དབྱིབས་ཚད་སོགས་འགའ་ཞིག་གཞན་དུ་བཤད་ཟིན་ཀྱང། འདིར་ཡང་ཅུང་ཟད་བརྗོད་ན། རླུང་དཀྱིལ་གྱི་ཞེང་དུ་དཔག་ཚད་བཞི་འབུམ། དེའི་སྟེང་དུ་མེ་དཀྱིལ་གྱི་ཞེང་ལ་སུམ་འབུམ། དེ་སྟེང་ཆུ་དཀྱིལ་གྱི་ཞེང་ལ་ཉིས་འབུམ། དེ་སྟེང་ས་དཀྱིལ་གྱི་ཞེང་ལ་འབུམ་ཕྲག་གཅིག་སྟེ། དེ་སོ་སོའི་དཔངས་ལ་དཔག་ཚད་ལྔ་ཁྲི་རེ་དང་། དེ་སོ་སོའི་སྟེང་མ་ལས་འོག་མ་དཔག་ཚད་ལྔ་ཁྲི་རེ་ཕྱིར་འཕགས་སོ། །བཞི་ཀའང་ཟླུམ་པོ་སྟེང་མ་ལས་འོག་མ་རྒྱ་ཆེ་བས་རླུང་མཐར་འབུམ་ཕྲག་བཅུ་གཉིས། མེ་མཐར་དགུ་འབུམ། ཆུ་མཐར་དྲུག་འབུམ། ས་མཐའ་སུམ་འབུམ་མོ། ས་དཀྱིལ་གྱི་དབུས་སུ་ལྷུན་པོ་དཔངས་སུ་དཔག་ཚད་འབུམ་ཕྲག་གཅིག ལྷུན་པོའི་ཚངས་ཐིག་ནས་དེའི་རྩ་བའི་མཐའི་བར་ཕྱོགས་དེར་དཔག་ཚད་སྟོང་ཕྲག་བརྒྱད་རེ། དེ་ནས་ལྷུན་པོའི་ཁོར་ཡུག་ལ་སྟོང་ཕྲག་གཅིག །བསིལ་རིའི་སྟེང་གི་ཐད་ལྷུན་པོའི་ཞེང་ལ་ལྔ་ཁྲི། བསིལ་རིའི་མཐའ་ནས་ལྷུན་པོའི་ཁ་ཁྱེར་གྱི་ཁོངས་སུ་དཔག་ཚད་སྟོང་ཕྲག་བཅུ་དྲུག་ཡོད་པ་ལ་ཆ་མཉམ་བཅོ་བརྒྱད་དུ་བྱས་པའི་ཆ་རེ་ལ་གླིང་དྲུག་མཚོ་དྲུག་རི་དྲུག་སྤེལ་ཏེ་གནས་པ་དང་། བསིལ་རི་ནས་ལྷོར་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་དོར་ཞིང་། ཆུ་མཐའ་ནས་བྱང་དུ་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་དོར་བའི་དབུས་ན་དཔག་ཚད་སྟོང་ཕྲག་ལྔ་བཅུ་ཡོད་པའི་ས་ཁྱོན་གྱི་ནམ་མཁའ་ཟླུཾ་པོ་ནི་སྐར་ཁྱིམ་རྣམས་རྒྱུ་བའི་ལམ་སྟེ། དེ་ཡང་ལྷུན་པོའི་ཚངས་ཐིག་གི་བར་རྣམས་ཆ་མཉམ་གསུམ་གསུམ་དུ་བཅད་པའི་ཕྱོགས་རེར་གཉིས་གཉིས་དང་ཟུར་དུ་རེ་རེ་དང་བཅས་པའི་དུམ་བུ་བཅུ་གཉིས་དང་། ཡང་ཕྱོགས་རེ་རེར་དུམ་བུ་གསུམ་གསུམ་དུ་བྱས་པའི་བཅུ་གཉིས་ཏེ། ངོས་གཉིས་དང་ངོས་གསུམ་མ་གཉིས་སུ་བྱར་ཡོད་དོ། །ངོས་གསུམ་མ་འདི་ལ་ཕྱོགས་རེ་མའི་ཐ་སྙད་བྱེད་པ་ན་དབུས་མ་ཕྱོགས་དང་གཞན་གཉིས་ཟུར་དུ་གནས་པས་ཟུར་གཉིས་མ་ཡིན་ལ། ཕྱོགས་གཉིས་མ་ལ་ཡར་ངོ་སྔོན་འགྲོ་དང་། ཕྱོགས་རེ་མ་ལ་མར་ངོ་སྔོན་འགྲོ་འོང་ངོ། ཁྱིམ་བཅུ་གཉིས་པོ་རེ་རེར་ཡང་ཉི་མ་ལྷོ་བྱང་དུ་བགྲོད་པའི་ཆ་དུམ་བུ་དྲུག་རེ་ཡོད་ལ། དུམ་བུ་བཅུ་གཉིས་པོ་དེ་ཁྱིམ་བཅུ་གཉིས་སུ་བྱས་པའི་ཁྱིམ་རེ་རེ་ལ་ཆ་སུམ་ཅུ་རེར་བགོས་པ་ནི་ཁྱིམ་ཟླ་རེའི་ཞག་གྲངས་སོ། །ཉི་མ་རླུང་འགྲོས་ཀྱིས་གཡས་བསྐོར་ཡིན་ཀྱང་། ཁྱིམ་དེ་རྣམས་ལ་ནི་གཡོན་སྐོར་དུ་རང་འགྲོས་ཀྱིས་སྤྱོད་པ་ཡིན་ནོ། །དེ་ཡང་རྒྱུ་སྐར་རེ་རེའི་སའི་ཁྱོན་ལ་རྐང་པ་བཞི་རེར་བྱས་པའི་རྒྱུ་སྐང་གཉིས་དང་གཅིག་གི་རྐང་པའི་བཞི་ཆ་བཅས་རྐང་པ་དགུ་རེ་ནི་ཁྱིམ་རེའི་ཁྱོན་ཚད་དེ། རྐང་པ་རེར་ཡུལ་གྱི་ཆུ་ཚོད་བཅོ་ལྔ་རེ་དང་། ཁྱིམ་རེ་རེ་ལ་ཡུལ་གྱི་ཆུ་ཚོད་བརྒྱ་དང་སོ་ལྔ་རེ་ཡོད་པ་དེ་ནི་མདའ་ཡོན་ཟླ་བའི་གོ་དོན་ནོ། ཁྱིམ་རེའི་རྒྱུ་སྐར་གང་ཡིན་པ་ནི། སྣྲུབས་སྐར་ནས་བཟུང་ཆུ་སྨད་བཞི་ཆ་གཞུ། །ཆུ་སྨད་བཞི་གསུམ་མཚན་ཕྱེད་ཆུ་སྲིན་ཁྱིམ། །མོན་ཕྱེད་ནས་བཟུང་ཁྲུམས་སྟོད་བཞི་གསུམ་བུམ། ཁྲུམས་སྟོད་རྐང་གསུམ་ནམ་གྲུ་རྫོགས་པར་ཉ། །ཐ་སྐར་ནས་བཟུང་སྨིན་དྲུག་བཞི་ཆ་ལུག ། མགོ་ཕྱེད་གླང་དང་ནབས་སོའི་བར་གསུམ་འཁྲིག །སྐག་རྫོགས་ཀརྚ་དབོ་ཡི་བཞི་ཆ་སེང་། །ནག་ཕྱེད་བུ་མོ་ས་གའི་བཞི་གསུམ་སྲང་། །ས་གའི་བཞི་ཆ་སྣྲོན་རྫོགས་སྡིག་པའི་ཁྱིམ། །ཞེས་གསུངས་པ་ལྟར་རོ། ཁྱིམ་དེ་རྣམས་ལ་ཉི་མས་གཡོན་དུ་རང་འགྲོས་ཀྱིས་རྫོགས་པར་འཁོར་བའི་ཚད་ལ་ཁྱིམ་ལོ་གཅིག་ཏུ་འཇོག་ཅིང་། མདོར་ན་ཁྱིམ་བཅུ་གཉིས་ལ་ཆ་སུམ་ཅུ་རེར་ཕྱེ་བ་ལ་ཁྱིམ་ཞག་རེ་དང་སུམ་ཅུ་བསྡོམས་པ་ལ་ཁྱིམ་ཟླ་རེ་དང་། དེ་བཅུ་གཉིས་ལ་ཁྱིམ་ལོ་རེ་སྟེ་ཚད་ནི་འཆད་པ་ལྟར་རོ། །ཉིན་ཞག་གི་ངོ་བོ་ནི་ནམ་ལངས་ལག་པའི་རི་མོ་མཐོང་བ་ནས་ཞག་ཕྱི་མའི་ནམ་ལངས་ཀྱི་བར་འཇོག་ལ། ཚད་ནི་ཆུ་ཚོད་དྲུག་ཅུ་རེར་ངེས་སོ། །ཚེས་ཞག་ནི་ཡང་ངོ་མར་ངོ་ལ་ཟླ་བ་འཕེལ་འགྲིབ་བྱེད་པའི་ཡུན་ཚད་ལ་འཇོག་ཅིང་། ཡར་ངོ་ལ་འཕེལ་ཆ་བཅོ་ལྔ་དང་མར་ངོ་ལ་འགྲིབ་ཆ་བཅོ་ལྔ་སྟེ། ཆ་རེ་རེ་རྫོགས་པའི་ཡུན་ལ་ཚེས་ཞག་རེའོ། །ཚད་ནི་ཆུ་ཚོད་ང་དགུ་སོགས་འཆད་པ་ལྟར་རོ། །རྒྱུ་སྐར་ཉི་མ་ཟླ་བ་གསུམ་ལ་མགྱོགས་བུལ་ཡོད་དེ། ཉི་མ་ནི་ཉིན་ཞག་རེ་ལ་རྒྱུ་སྐར་གྱིས་སྐར་ཁོང་རེའི་ཆ་དྲུག་ཅུ་ལས་ཆ་བཞི་རེ་ཕྱིར་ལུས་ཤིང་། ཟླ་བ་ནི་ཉིན་ཞག་རེ་རེ་ལ་སྐར་ཁོང་རེ་རེ་ཕྱིར་ལུས་པར་འགྱུར་བའི་ཕྱིར་རོ། །དབྱར་དགུན་ཉི་མ་རིང་ཐུང་དུ་འགྱུར་བའི་རྒྱུ་མཚན་ཡོད་དེ། སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་སུ་ཤར་གླིང་དབུས་མའི་ཚངས་ཐིག་ནས་ཤར་ཏེ། ནུབ་གླིང་དབུས་མའི་ཚངས་ཐིག་གི་ཐད་ནས་ནུབ་པ་ཡིན་ཀྱང་། དབྱར་ཉི་རིང་བ་མཐར་ཐུག་གི་ཚེ་ཉི་མ་མཐོ་རུ་སོང་སྟེ་ས་ནས་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་གི་སྟེང་ནས་འཆར་པས། ཤར་གླིང་དབུས་མའི་ཚངས་ཐིག་ལས་ཤར་དུ་དུས་ཀྱི་ཆུ་ཚོད་ཕྱེད་གསུམ་གྱི་ལམ་ནས་ཤར་ཏེ་ནུབ་གླིང་དབུས་མའི་ཚངས་ཐིག་གི་ཐོག་ཏུ་དེ་མཚུངས་སུ་ནུབ་པར་འགྱུར་བས་འཆར་ཕྱི་ལ་ནུབ་པ་སྔ་བའི་དབང་གིས་ཡིན་པའི་ཕྱིར་རོ། །དེ་ནི་ཉིན་ཞག་གཅིག་ལའང་འབྱུང་སྟེ། གླིང་གང་དུ་དབྱར་ཉི་རིང་བའི་སར་མཐོ་ལ་དགུན་ཉི་ཐུང་བའི་སར་དམའ་ཞིང་ཉིན་མཚན་མཉམ་པའི་སར་དེའི་བར་ཙམ་ན་རྒྱུ་བའི་ཕྱིར་རོ། །གླིང་གང་དང་ཡུལ་གང་དུ་ཡིན་ཀྱང་ཉིན་མཚན་མཉམ་པའི་དུས་སུ་ཉིན་མཚན་གཉིས་སོ་སོ་ལ་ཆུ་ཚོད་སུམ་ཅུ་རེར་ངེས་ཀྱང་། དབྱར་དགུན་གྱི་ཉི་མ་རིང་ཐུང་མི་འདྲ་སྟེ། ཡུལ་དྲུག་གི་གངས་ལྡན་དུ་ཉི་མ་རིང་བའི་སྐབས་ཉིན་མོ་ཆུ་ཚོད་སོ་དྲུག་དང་མཚན་མོ་ཐུང་བའི་ཚེ་ཆུ་ཚོད་ཉེར་བཞི་ཡིན་ཞིང་། ཀེ་ལ་ཤ་དང་རྒྱ་ནག་དང་ལི་དང་བོད་དང་འཕགས་ཡུལ་རྣམས་ལའང་ཁྱད་པར་ཡོད་པས། བོད་ཡུལ་འདིར་ཉིན་མ་རིང་བ་མཐར་ཐུག་གི་ཚེ་ཉིན་མོ་ཆུ་ཚོད་སོ་གསུམ་དང་། ཆུ་སྲང་སུམ་ཅུ། །༣༣་༣༠ མཚན་མོ་ཆུ་ཚོད་ཉེར་དྲུག་དང་ཆུ་སྲང་སུམ་ཅུ་༢༦་༣༠ དགུན་ཉི་ཐུང་བ་མཐར་ཐུག་གི་ཚེ་ཉིན་མོ་ཆུ་ཚོད་ཉེར་དྲུག་དང་ཆུ་སྲང་སུམ་ཅུ། ༢༦་༣༠ མཚན་མོ་ཆུ་ཚོད་སོ་གསུམ་དང་ཆུ་སྲང་སུམ་ཅུའོ། །༣༣་༣༠ ཁྱིམ་ལོ་གཅིག་ལ་ཁྱིམ་ཞག་གི་དབང་གིས་སྟོན་དཔྱིད་ཉིན་མཚན་མཉམ་པ་སུམ་བརྒྱ་དྲུག་ཅུ། དབྱར་དགུན་ཉི་མ་ལྡོག་པ་སུམ་བརྒྱ་དྲུག་ཅུ་དང་། ཁྱིམ་ལོ་གཅིག་ལ་ཉིན་ཞག་གི་དབང་གིས་མཉམ་ལྡོག་བཞི་པོ་སུམ་བརྒྱ་རེ་ལྔ་རེ་ཁོར་ཡུག་ཏུ་བྱས་ནས་འོང་སྟེ། མཚོན་ན་གླིང་འདིར་ཞག་གཅིག་ལ་དབྱར་ཉི་ལྡོག་པའི་ཚེ་དེའི་ཐད་ཀྱི་བྱང་དུ་དགུན་ཉི་ལྡོག་ཅིང་། ཤར་དུ་སྟོན་ཉིན་མཚན་མཉམ་པ་དང་ནུབ་ཏུ་དཔྱིད་ཉིན་མཚན་མཉམ་བ་རྣམས་ཞག་རེ་ལ་འཁོར་ཡུག་ཏུ་བྱས་ནས་དུས་བཞི་གཡས་བསྐོར་དུ་འབྱུང་བ་བཞིན་ནོ། །དུས་བཞི་གཡས་བསྐོར་དུ་འོངས་ཏེ། གླིང་འདིར་དབྱར་ཤར་དུ་སྟོན་བྱང་དུ་དགུན་ནུབ་ཏུ་དཔྱིད་ཡོད་པ་རྣམས་ནི་གཡས་བསྐོར་དུ་རིམ་གྱིས་འཁོར་བའི་ཕྱིར་རོ། །འཕགས་ཡུལ་གྱི་ཚངས་ཐིག་ཏུ་ཉི་མ་ལྡོག་སྔོན་ཞག་ཉེར་གསུམ་ཙམ་སོང་བ་ན་བོད་ཡུལ་དབུས་སུ་ཉི་མ་ལྡོག་པར་བཤད་པས། །དེ་ནས་ཞག་གསུམ་ཙམ་ན་མདོ་སྨད་གྱི་ཡུལ་འདིར་ཉི་མ་ལྡོག་ཅིང་། །དེ་ནས་ཞག་ཕྱེད་གཉིས་ཙམ་ན་རྒྱ་ནག་གི་ཡུལ་ཆེན་པོར་ཉིན་ལྡོག་འབྱུང་བར་མངོན་ཏེ། །དེ་དག་ནི་རང་རང་གནས་པའི་ཡུལ་དེའི་ཐད་ཀྱི་སའི་ཆ་ནས་ལྡོག་པའི་དབང་དུ་བྱས་པའོ། །མཉམ་ལྡོག་མི་འགྱུར་པའི་གཟེར་བཞི་པོ་སོ་སོའི་བར་ལ་ཁྱིམ་ཟླ་གསུམ་གསུམ་འགྲོ་བར་ངེས་པས་དབྱར་དགུན་གྱི་བགྲོད་པ་གཉིས་མཐར་ཐུག་གི་བར་ལ་ནི་ཁྱིམ་ཟླ་དྲུག་རེའོ། །ལོ་སྔ་མའི་དགུན་ཉི་ལྡོག་པ་ནས་ལོ་ཕྱི་མའི་དགུན་ཉི་ལྡོག་པའི་བར་ཁྱིམ་ལོ་གཅིག་གམ། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུར་ངེས་ཀྱང་། ཉིན་ཞག་སུམ་བརྒྱ་རེ་ལྔ་རྗེས་འབྲང་དང་བཅས་པ་དང་། ཚེས་ཞག་སུམ་བརྒྱ་དོན་གཅིག་རྗེས་འབྲང་དང་བཅས་པ་འཆད་པ་བཞིན་འགྲོའོ། །དེ་ལྟར་ན་ལོ་སྔ་མའི་དགུན་ཉི་ལྡོག་པའི་ཞག་དེ་ནས་ཚེས་ཞག་བཅུ་གཅིག་རྗེས་འབྲང་བཅས་སོང་བ་ན་ལོ་རྗེས་མའི་དགུན་ཉི་ལྡོག་ཅིང་། །དབྱར་ཉི་ལྡོག་པ་ལའང་འདྲ་སྟེ་འོན་ཀྱང་ཟླ་བཤོལ་བཏོན་མ་ཐག་ཡིན་ན་ཞིབ་ཆ་དབྱེར་ཡོད་དོ། །འཕགས་ཡུལ་གྱི་སའི་ཚངས་ཐིག་ཏུ་ཧོར་ཟླ་བཅུ་གཉིས་པ་ལ་ཉི་ལྡོག་འབྱུང་ཡང་། བོད་དང་ཡུལ་འདིར་ཧོར་ཟླ་བཅུ་གཅིག་པའི་ནང་དུ་འབྱུང་བ་གཙོ་ཆེའོ། །ཟླ་བཤོལ་གྱི་དབང་གིས་བཅུ་གཅིག་པ་དང་བཅུ་གཉིས་པའི་ཚེས་འགོ་ལའང་ཉི་ལྡོག་འབྱུང་སྲིད་དོ། །རགས་རྩིས་ཧོར་ཟླ་བཅུ་གཅིག་པ་གཞུའི་ཁྱིམ་དང་། བཅུ་གཉིས་པ་ནས་བཅུ་པའི་བར་རིམ་པ་བཞིན་ཆུ་སྲིན་དང་བུམ་པ་དང་ཉ་དང་ལུག་དང་གླང་དང་འཁྲིག་པ་དང་ཀརྐ་ཊ་དང་སེང་གེ་དང་བུ་མོ་དང་སྲང་དང་སྡིག་པའི་ཁྱིམ་ཏུ་འཇོག་སྟེ། ཞིབ་ན་གཞུ་ཁྱིམ་གྱི་འགོ་ཧོར་ཟླ་བཅུ་པ་ནས་འཛུག་པའང་ཡོད་དོ། །ལྡོག་མཉ མ་བཞི་པོ་ཁྱིམ་གྱི་དབང་དུ་བྱས་ན་ལྔ་པ་མཁྲིག་པའི་ཁྱིམ་དུ་དབྱར་ཉི་དང་བཅུ་གཅིག་པ་གཞུའི་ཁྱིམ་དུ་དགུན་ཉི་ལྡོག གཉིས་པ་ཉའི་ཁྱིམ་དུ་དཔྱིད་མཉམ་དང་བརྒྱད་པ་བུ་མོའི་ཁྱིམ་དུ་སྟོན་མཉམ་འོང་ངོ་། ཁྱིམ་ཞག་རེའི་མཉམ་ལྡོག་གི་སའི་ཆ་རེ་རེར་ཡང་དཔག་ཚད་སྟོང་དང་བཞི་བཅུ་ལྷག་ཙམ་རེ་ཡོད། །ཉི་མའི་རྒྱུ་ལཾ་ཟླུཾ་པོའི་ཚད་དཔག་ཚད་བདུན་ཁྲི་ལྔ་སྟོང་པོ་ལ་ཁྱིམ་ཞག་གི་གྲངས་ཀྱིས་བགོས་པས་དེ་ལྟར་འབྱུང་བའི་ཕྱིར་རོ། །ལོ་དེ་ལ་རྣམ་གྲངས་ཀྱི་སྒོ་ནས་ཚེས་ལོ་དང་ཉིན་ཞག་གི་ལོ་དང་། ཁྱིམ་ལོ་དང་གསུམ་ཡོད་ཅིང་། །དེ་དག་གི་བར་ཁྱད་དམ་རིང་ཐུང་གི་ཁྱད་པར་ཡོད་དེ། ལོ་གསུམ་པོ་དེ་སྔ་མ་ལས་ཕྱི་མ་རིང་པའི་ཕྱིར་ཏེ། ཁྱིམ་ལོ་གཅིག་སོང་བའི་ཚེ་ཉིན་ཞག་གི་ལོ་གཅིག་དང་དེའི་སྟེང་དུ་ཉིན་ཞག་ལྔ་རྗེས་འབྲང་དང་བཅས་པ་སོང་ཞིང་། ཁྱིམ་ལོ་གཅིག་གི་ཚེ་ཚེས་ལོ་གཅིག་དང་ཚེས་ཞག་བཅུ་གཅིག་རྗེས་འབྲང་དང་བཅས་པ་སོང་པའི་ཕྱིར་ཏེ། སྤྱིར་ལོ་གསུམ་པོ་དེ་གང་འཇོག་ཀྱང་རང་རང་གི་ཞག་སུམ་བརྒྱ་དྲུག་ཅུ་རེར་འཇོག་པ་ཡིན་པས། ཁྱིམ་ལོ་གཅིག་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཙམ་ཡོད་ཀྱང་། དེ་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རྩ་ལྔ་དང་། ཆུ་ཚོད་བཅུ་དྲུག ཆུ་སྲང་བཅུ་བཞི། དབུགས་གཅིག རི་མཁའ་རིའི་ཆ་ཉིས་བརྒྱ་ཉེར་གཅིག་ཡོད། དེ་ལ་ཚེས་ཞག་སུམ་བརྒྱ་དོན་གཅིག ཆུ་ཚོད་བཞི། ཆུ་སྲང་སོ་དྲུག དབུགས་ལྔ། འདོད་ཆ་བདུན། ཡོད་པའི་ཕྱིར་ཏེ། རྒྱུ་མཚན་ནི་ཁྱིམ་ཞག་ལས་ཉིན་ཞག་ཐུང་། ཉིན་ཞག་ལས་ཚེས་ཞག་ཐུང་པའི་དབང་གིས་ཡིན་པའི་ཕྱིར་ཏེ། ཁྱིམ་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་དང་ཆུ་སྲང་གཉིས། དབུགས་བཞི། རི་མཁའ་རིའི་ཆ་བརྒྱ་རེ་བརྒྱད་མདའ་རོའི་ཆ་ལྔ་བཅུ་རྣམས་ཡོད་ལ། ཉིན་ཞག་ལ་ནི་ཆུ་ཚོད་དྲུག་ཅུར་ངེས་ཤིང་། ཚེས་ཞག་གཅིག་ལ་ཆུ་ཚོད་ང་དགུ ཆུ་སྲང་གསུམ། དབུགས་བཞི། ཆ་ཤས་བཅུ་དྲུག་ཙམ་ཡོད་པའི་ཕྱིར་ཏེ། དེའི་དབང་གིས་ཚེས་ཞག་ལས་ཁྱིམ་ཞག་ཆུ་ཚོད་གཅིག ཆུ་སྲང་ཞེ་དགུ དབུགས་སྟོང་པ། རི་མཁའ་རིའི་ཆ་བརྒྱ་དང་ང་གཉིས་ཀྱིས་རིང་ཞིང་ཚེས་ཞག་ལས་ཉིན་ཞག་ཆུ་སྲང་ང་དྲུག་དང་། དབུགས་གཅིག རི་མཁའ་རིའི་ཆ་དྲུག་བརྒྱ་གོ་གཅིག འདིས་རིང་བའི་ཕྱིར་རོ། །མིའི་དབུགས་ཁུག་པ་དྲུག་ལ་ཆུ་སྲང་གཅིག ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག ཆུ་ཚོད་དྲུག་ཅུའི་ཡུན་ལ་ཉིན་ཞག་གཅིག་ལ་དབུགས་ཉིས་ཁྲིི་ཆིག་སྟོང་དྲུག་བརྒྱའོ། །ཚེས་ཞག་ལས་ཁྱིམ་ཞག་རིང་བའི་དབང་གིས་ཚེས་ཞག་དང་ཚེས་ཟླ་ལྷག་པོ་འདོན་པ་ཡིན་ཏེ། ཁྱིམ་ཞག་ཕྱེད་བཅས་སོ་གཉིས་ན་ཚེས་ཞག་གཅིག་ལྷག་པོ་འབྱུང་ལ་དེ་བསགས་པས་ཁྱིམ་ཟླ་ཕྱེད་བཅས་སོ་གཉིས་ནས་ཚེས་ཟླ་གཅིག་ལྷག་པོ་འབྱུང་སྟེ་ཟླ་བཤོལ་འདོན་ཚུལ་དངོས་ཡིན་པའི་ཕྱིར། དོན་ལ་ཁྱིམ་ལོ་གཉིས་དང་ཟླ་བ་ཕྱེད་དགུ་ན་ཟླ་ལྷག་རེ་འདོན་པ་ཡིན་པས། ཟླ་བཤོལ་མ་བཏོན་བར་དུ་ཚེས་ལོ་གཙོ་ཆེ་ཡང་། ཟླ་བཤོལ་འདོན་པ་ནི་ཁྱིམ་ལོའི་དབང་དུ་སོང་བའོ། །དེས་ན་ཞག་ལ་ཉིན་ཞག་དབང་བ ཙན། །ཟླ་བ་ལ་ཚེས་ཟླ་དབང་བཙན་ཞིང་། ལོ་ལ་ཁྱིམ་ལོ་དབང་བཙན་པ་ཡིན་ཏེ། ཉི་མས་ལྷོ་བྱང་གི་བགྲོད་པ་གཉིས་རྫོགས་པ་ནི་ཁྱིམ་ལོ་ལ་ཡོད་ཀྱིས་ལོ་གཞན་གཉིས་ལ་མེད་པའི་ཕྱིར་རོ། །ཟླ་བཤོལ་བཏོན་ནས་ལོ་བཤོལ་སྒེར་དུ་འདོན་རྒྱུ་མེད་ཀྱང་། ཁྱིམ་ལོ་ཕྱེད་བཅས་སོ་གཉིས་སོང་བ་ན་ཚེས་ཟླ་བཅུ་གཉིས་ཀྱི་ཟླ་བཤོལ་འབྱུང་བས་བཅུ་གཉིས་པོ་དེ་དག་ཚེས་ལོ་གཅིག་གི་གྲངས་ཡིན་ལ། རིགས་པ་དེས་ཁྱིམ་ལོ་དྲུག་ཅུ་རྩ་ལྔ་སོང་བ་ན་ཟླ་བཤོལ་ཉེར་བཞི་འཐོན་པས། ཚེས་ལོ་གཉིས་ཀྱི་གྲངས་ཚང་བས་འདི་གཉིས་ལོ་དྲུག་ཅུ་རྩ་ལྔའི་སྟེང་དུ་བསྣན་ན་ཚེས་ལོ་དྲུག་ཅུ་རྩ་བདུན་སོང་བ་སྟེ། གཞན་ལའང་རིགས་པ་སྦྱོར་རོ། །རྣམ་གྲངས་ལ་ཁྱིམ་ལོ་རེ་ལ་ཉིན་ཞིག་གི་ལོ་གཅིག་དང་ཞག་ལྔ་རྗེས་འབྲང་དང་བཅས་པ་འབྱུང་བས་ཞག་ལྔ་པོ་དེ་བསགས་པ་ཁྱིམ་ལོ་རེ་དགུ་ན་ཉིན་ཞག་གི་ལོ་གཅིག་གི་གྲངས་ཀྱི་ཟླ་བཤོལ་འབྱུང་ཡང་ད་ལྟ་ལག་ལེན་ལ་ནི་ལོགས་སུ་མི་བྱེད་དོ། །རགས་རྩིས་ཉིན་ཞག་གི་ཟླ་བ་གཉིས་རེ་ན་ཚེས་ཞག་རེ་ལྷག་པས། ཉིན་ཞག་གི་ཟླ་བ་བཅུ་གཉིས་རྫོགས་པ་ན་ཚེས་ཞག་དྲུག་ལྷག་སྟེ། དེ་ལྟར་ཉིན་ཞག་གི་ལོ་དྲུག་ཅུ་ལྷག་ཙ་ན་ཚེས་ལོ་གཅིག་གི་གྲངས་ཀྱི་ཟླ་བཤོལ་འོང་ངོ་། །འདི་ནི་ཉིན་ལོ་གཅིག་ལ་ཚེས་ལོ་གཅིག་དང་དེའི་སྟེང་དུ་ཚེས་ཞག་དྲུག་མ་ལོངས་ཙམ་ཞིག་ལྷག་པོ་འབྱུང་བ་དེ་བསགས་པས་ཉིན་ལོ་རེ་གསུམ་ན་ཚེས་ལོ་གཅིག་གི་གྲངས་ཀྱི་ཟླ་བཤོལ་འབྱུང་བ་དང་དོན་འདྲའོ། །ཞག་མི་ཐུབ་འདོར་བ་ཡང་འདིའི་སྒོ་ནས་ཡིན་ཏེ། ཚེས་ཞག་གི་ཟླ་བ་གཉིས་རེ་སོང་པའི་ཚེ་ཉིན་ཞག་ང་དགུ་ལས་མ་སོང་ཡང་། དེའི་ཚེ་ཚེས་ཟླ་དབང་བཙན་པར་སོང་ནས། ཉིན་ཞག་གཅིག་མ་ལོངས་པ་ན་གནམ་གང་ཆད་པར་འཇོག་དགོས་པའི་ཕྱིར་རོ། །ཡང་ས་རིས་ཀྱི་སྐབས་ཟླ་དག་གི་འདས་ལོ་ལ་བརྟེན་ནས་ཟླ་བ་ལྷག་པོ་ཅི་ཙམ་སོང་བ་ནི་གསལ་བར་ཤེས་ཏེ། ཟླ་དག་གནས་གཉིས་སུ་བྱས་པའི་གནས་འོག་མ་ལ་རེ་ལྔས་བགོས་པའི་ནོར་ནི་དེའི་བར་གྱི་འདས་ལོ་ལ་ཟླ་བཤོལ་ཅི་ཙམ་སོང་བའི་གྲངས་ཡིན་པའི་ཕྱིར་ཏེ། དཔེར་ན། རབ་བྱུང་བཅུ་གཉིས་པའི་མེ་ཡོས་ནས་ལོ་ང་གཉིས་སོང་བའི་ས་རྟ་འདིའི་བར་ལ་མདའ་རོས་དགོས་པའི་ཐོབ་ནོར་ལ་ཟླ་བཤོལ་བཅུ་དགུ་བྱུང་བར་ཤེས་པ་བཞིན་ནོ། །ཡང་ས་རིས་ཀྱི་སྐབས་སུ་ཞག་ལ་ཆད་ལྷག་འབྱུང་བ་ནི་ཞག་མི་ཐུབ་དང་ཟླ་རྐང་གི་ལོངས་སྤྱོད་འཕེལ་འགྲིབ་ཀྱི་དབང་གིས་ཡིན་ཏེ། སྤྱིར་ཚེས་ཞག་ལ་ཆུ་ཚོད་ང་དགུ་ལྷག་ཙམ་ལས་མེད་ཀྱང་། རྐང་པའི་ལོངས་སྤྱོད་འཕེལ་བ་ན་ཚེས་ལ་ཆུ་ཚོད་རེ་བཞི་ལྷག་ཙམ་འོངས་ལ་རྐང་པ་འགྲིབ་པའི་དུས་སུ་ཚེས་ལ་ཆུ་ཚོད་ང་བཞི་ཅུང་མེད་པ་རེ་འོང་སྟེ། དེའི་སྟོབས་ཀྱིས་རགས་པ་ལོ་གཅིག་ལ་ཆད་པ་བཅུ་གཅིག་གམ་བཅུ་གཉིས་ཙམ་འོངས་ཤིང་། ལྷག་པ་ལྔའམ་དྲུག་ལས་མེད་དེ། རྐང་པའི་དབང་གིས་བྱུང་བའི་ཆད་ལྷག་རྣམས་ཁ་འགྲིག་ནས་ཆད་པའི་ཞག་གྲངས་དྲུག་ཙམ་མང་བ་ནི་ཞག་མི་ཐུབ་པ་སྟེ་གནམ་གང་ཆད་པའི་དོན་ནོ། །ཆད་ལྷག་འོང་བའི་དུས་ནི་ཉིན་ཞག་གིས་ཚེས་ཞག་གསུམ་གྱི་ངོ་མཐོང་མ་མཐོང་འདྲའི། དེས་ཚེས་ཞག་རིལ་པོ་གཅིག་དང་ཚེས་ཞག་ཕྱི་མའི་ངོ་ཡང་མཐོང་བ་དེའི་ཚེ་གཟའ་གཅིག་ལན་གཉིས་ཤར་བ་ན་ཆུ་ཚོད་མང་བའི་ཚེས་དེ་ཆད་པ་བཞག་ལ། ཡང་ཚེས་ཞག་གཅིག་གིས་ཉིན་ཞག་གསུམ་གྱི་ངོ་མཐོང་བ་འོང་ཡང་མཐོང་མ་མཐོང་འདྲའི། །དེས་ཉིན་ཞག་གོང་མའི་ངོ་མཐོང་ཞིང་འོག་མ་རིལ་པོ་དང་འགྲོགས་པ་ནམ་བྱུང་བ་དེའི་ཚེ། རེས་གཟའ་མཆོངས་ཏེ་ཆུ་ཚོད་ཉུང་བའི་ཚེས་དེ་ལྷག་པར་འཇོག་པ་ཡིན་ནོ། །ཡང་མཛོད་ལས། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་གསུངས་པ་ལྟར་གླིང་བཞིར་ཉི་མ་འཆར་ནུབ་བྱེད་ཀྱི་ཚུལ་གྱི་ཁྱད་པར་ཡོད་དེ། སྒྲ་མི་སྙན་དུ་ནམ་ཕྱེད་པ་དང་། ལུས་འཕགས་པོར་ཉི་མ་ནུབ་པ་དང་། འཛམ་བུའི་གླིང་ཉི་མ་ཕྱེད་པ་དང་། བ་ལང་སྤྱོད་དུ་ཉི་མ་འཆར་བ་རྣམས་དུས་མཉམ་པའི་ཕྱིར་རོ། །དེ་བཞིན་དུ་ཞག་རེ་རེ་ལའང་གླིང་གཞན་དུ་འཁོར་ནས་འོངས་ཏེ། གླིང་གང་དུ་ནམ་ཕྱེད་པ་དེའི་ཐད་ཀྱི་རྒྱབ་ཏུ་ཉིན་ཕྱེད། གླིང་གང་དུ་ཉི་མ་ནུབ་པ་དེའི་ཐད་རྒྱབ་ཏུ་ཉི་མ་འཆར་བར་འགྱུར་བའི་ཕྱིར་རོ། །ཡང་ཟླ་བ་ནི་རགས་རྩིས་ལྷག་ཆད་མེད་པའི་ཚེས་གཅིག་གི་ནམ་ལངས་དུས་སུ་ཟོར་པའི་ལྟག་པ་ལྟར་ཉི་མ་དང་ཉེ་བ་ནས་འཆར་ཞིང་། སྲོད་ལ་ཉི་མ་ནུབ་པའི་རྗེས་སུ་ནུབ་ཀྱི་རི་རྩེར་ནུབ། ཚེས་བརྒྱད་གྱི་མུན་རུབ་དུས་སུ་ཡར་འཕེལ་བའི་ཟླ་བ་ཕྱེད་པ་ཅན་ནམ་མཁའི་དཀྱིལ་ཐད་དུ་གནས་ཤིང་ནམ་ཕྱེད་ཀྱི་དུས་སུ་ནུབ་རིའི་རྩེར་ནུབ། བཅོ་ལྔའི་ཚེ་མུན་རུབ་པ་དང་མཉམ་དུ་ཉ་གང་པའི་ཚུལ་གྱིས་ཤར་ནས་ཕྱི་མའི་ནམ་ལངས་དུས་སུ་ནུབ་རིའི་རྩེར་ནུབ། ཉེར་གཉིས་ཀྱི་ནམ་ཕྱེད་ནས་མར་འགྲིབ་ཀྱི་ཕྱེད་པ་ཅན་དུ་འཆར་ཞིང་ཉེར་གསུམ་གྱི་ནམ་ལངས་དུས་སུ་ནམ་མཁའི་དཀྱིལ་ཐད་དང་། ཉིན་ཕྱེད་ནས་ནུབ་རིའི་རྩེར་ནུབ། ཉེར་དགུའམ་གནམ་གང་གི་ཚེ་མཐའ་ནས་ཅུང་ཟད་ལུས་པའི་ཚུལ་གྱིས་ཉི་མ་དང་ཉེ་བར་ཤར་ཏེ། དེའི་སྔོན་ནམ་དུས་མཉམ་དུ་ནུབ་ཀྱི་རེ་རྩེར་ནུབ་སྟེ་རགས་པའོ། །ཟླ་བའི་ཆ་ལས་འཕེལ་འགྲིབ་འོང་བ་ནི། ཟླ་བ་ཉི་མ་དང་ཉེ་རུ་འགྲོ་བའི་ཚེ་དཀར་ཆ་འགྲིབ་ལ། རིང་དུ་འགྲོ་བའི་དུས་སུ་དཀར་ཆ་འཕེལ་བའོ། །ཉི་ཟླ་གཉིས་ལྷོ་བྱང་དུ་བགྲོད་པ་རེས་མོས་སུ་བྱེད་པ་ཡིན་ཏེ། དེ་གཉིས་ལས་གཅིག་ལྷོར་འགྲོ་བའི་ཚེ་གཅིག་བྱང་དུ་འགྲོད་པ་དང་གཅིག་བྱང་དུ་བགྲོད་པའི་ཚེ་གཅིག་ལྷོར་བགྲོད་པར་བྱེད་པའི་ཕྱིར་རོ། །ཟླ་བ་བཅུ་གཉིས་ལ་ཉ་སྐར་བཅུ་གཉིས་ཡོད་དེ། ཆད་ལྷག་མེད་པའི་ཚེ་བཅུ་གཅིག་པའི་བཅོ་ལྔ་ལ་ཟླ་བ་སྐར་མ་མགོ་དང་འགྲོགས་ནས་འཆར། དེ་བཞིན་དུ་བཅུ་གཉིས་པའི་བཅོ་ལྔ་ལ་རྒྱལ་དང་། ཧོར་ཟླ་དང་པོའི་བཅོ་ལྔ་ལ་མཆུ་དང་། གཉིས་པའི་བཅོ་ལྔ་ལ་དབོ་དང་། གསུམ་པའི་བཅོ་ལྔ་ལ་ནག་པ་དང་། བཞི་པའི་བཅོ་ལྔ་ལ་ས་ག་དང་། ལྔ་བའི་བཅོ་ལྔ་ལ་སྣྲོན་དང་། དྲུག་པའི་བཅོ་ལྔ་ལ་ཆུ་སྟོད་དང་། བདུན་པའི་བཅོ་ལྔ་ལ་གྲོ་བཞིན་དང་། བརྒྱད་པའི་བཅོ་ལྔ་ལ་ཁྲུམས་སྟོད་དང་། དགུ་པའི་བཅོ་ལྔ་ལ་ཐ་སྐར་དང་། བཅུ་པའི་བཅོ་ལྔ་ལ་སྨིན་དྲུག་དང་འགྲོགས་ནས་འཆར་བའི་ཕྱིར། ཉ་སྐར་དེ་དག་ལ་ལོ་འགོ་འཛིན་པའི་ཚུལ་ཡོད་དེ། ཧོར་རྒྱལ་པོའི་ལུགས་དང་གསོ་བ་རིག་པ་དང་ད་ལྟའི་རྒྱ་རྩིས་པའི་ལུགས་ལ་ཧོར་ཟླ་དང་པོ་མཆུ་ཟླ་བ་ནས་ལོ་འགོ་འཛིན། མདོ་སྡེ་གསེར་འོད་དམ་པ་དང་དུས་འཁོར་བས་ཧོར་ཟླ་གསུམ་བ་ནག་པ་ཟླ་བ་ནས་ལོ་འགོ་དང་། འདུལ་བ་དང་མངོན་པའི་ལུགས་ལ་ཧོར་ཟླ་བ་བཅུ་པ་སྨིན་དྲུག་ཟླ་པའི་བཅུ་དྲུག་ནས་ལོ་འགོ་དང་། ཁྱུང་དང་བཻ་དཀར་དང་ཕུག་ལུགས་ཧོར་ཟླ་བཅུ་གཅིག་པ་མགོ་ཟླ་བ་ནས་ལོ་འགོ་དང་། རྒྱུད་མཁའ་འགྲོ་རྒྱ་མཚོ་དང་རྒྱ་རྩིས་ཁ་ཅིག་ཧོར་ཟླ་བཅུ་གཉིས་པ་རྒྱལ་ཟླ་བ་ནས་ལོ་འགོ་འཛིན་པའི་ཕྱིར་རོ། །དེ་དག་ནི་དཔྱོད་པའི་སྒོ་མཚོན་ཙམ་བསྟན་པ་ཡིན་ནོ། །དུས་ཀྱི་འཁོར་ལོའི་ལུགས་ཇི་བཞིན། །བསྟན་རྩིས་ཞག་གསུམ་དཀའ་གནད་བཅས། །བློ་ལྡན་གཞན་ལ་ཕན་འདོད་དང་། །རང་གི་བརྗེད་ཐོར་བསམས་ནས་བྲིས། །ཞེས་པ་འདིའང་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེ་དགོན་ཉིད་ནས་བྲིས་སོ།། །།མདྒལཾ།།

ལམ་རིམ་བསྡུས་དོན་གྱི་ཚིག་འགྲེལ་སྙིང་པོ་མདོར་བསྡུས་གསལ་བ།

ལམ་རིམ་བསྡུས་དོན་གྱི་ཚིག་འགྲེལ་སྙིང་པོ་མདོར་བསྡུས་གསལ་བ་ཞེས་བྱ་བ་བཞུགས།

ན་མོ་སུ་མ་ཏི་ཀཱིརྟི་ཡེ། །ཐུགས་བསྐྱེད་མགྱོགས་འགྲོའི་ཤུགས་ཀྱིས་ཉེར་དྲངས་པའི། །གཞན་ཕན་འཕྲིན་ལས་འགྲོ་བའི་དཔལ་དུ་ཤར། །སྐལ་ལྡན་པདྨོ་ཡོངས་ཀྱི་གཉེན་གཅིག་པོ། །ཐུབ་དབང་སྨྲ་བའི་ཉི་མ་དེ་ལ་འདུད། །བློ་ཆེན་གཞན་གྱིས་ཤིན་ཏུ་དཔག་དཀའ་བའི། །ཟབ་དོན་ལེགས་པར་འགྲེལ་པའི་རྣམ་དཔྱོད་ཀྱིས། །བཟང་པོའི་མཛད་མཆོག་གྲགས་པའི་སྣང་བ་ཅན། །རྗེ་བཙུན་བླ་མའི་ཞབས་ལ་གུས་ཕྱག་འཚལ། །གང་དེའི་ལེགས་བར་བཤད་པའི་མཐར་ཐུག་ནི། །བྱང་ཆུབ་ལམ་གྱི་རིམ་པ་ཞེས་གྲགས་པ། །དེ་ཡི་གནད་ཀུན་གཅིག་ཏུ་རབ་བསྒྲིལ་པ། །ལམ་རིམ་བསྡུས་པའི་དགོངས་དོན་གསལ་བར་བྱ། །དེ་ལ་འདིར་བདག་ཅག་གི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོས་མཛད་པའི་ཉམས་མགུར་རམ། ལམ་རིམ་བསྡུས་པའི་དོན་ནི་གང་བཤད་པར་བྱ་བའི་ཆོས་སོ། །འདི་ལ་གསུམ། སྔོན་འགྲོ་མཆོད་བརྗོད་སོགས་དང་། དངོས་གཞི་གཞུང་དོན་དང་། མཇུག་གི་བཤད་པའི་ཁྱད་པར་རོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། བཤད་བྱ་ངོས་བཟུང་བའོ། །དང་པོ་ལའང་གཉིས་ཏེ། དང་པོ་ནི། ལ་ལར་ན་མོ་གུ་རུ་མཉྫུ་ལྷོ་ཥཱ་ཡ། ཞེས་འབྱུང་བ་ནི་སླའོ། །གཉིས་པ་ལ་ལྔ་ལས། དང་པོ་ཐུབ་དབང་ལ་ཕྱག་འཚལ་བ་ནི། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །ཞེས་སོགས་རྐང་པ་བཞི་སྟེ། འདི་ལ་མཁྱེན་བརྩེ་ནུས་གསུམ་མམ། སྤངས་རྟོགས་ཀྱི་ཡོན་ཏན་སྤྱི་དང་། བྱེ་བྲག་སྐུའི་ཡོན་ཏན་གྱི་དབང་དུ་བྱས་ན། མཚན་དང་དཔེ་བྱད་སོགས་ཡོན་ཏན་དུ་མས་ཁྱད་པར་དུ་བྱས་པ་དེ་ནི། རྒྱུ་གང་ལས་འཁྲུངས་པ་ཡོད་དེ། བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པ་ཕུན་གསུམ་ཚོགས་པའི་དགེ་ལེགས་རེ་རེ་ཙམ་མ་ཡིན་པར་བྱེ་བས་བསྐྲུན་པ་སྟེ་བསྐྱེད་པ་ཡིན་པའི་ཕྱིར་རོ། །འདིར་བྱེ་བ་ཞེས་པ་ནི། མང་ཚིག་ཡིན་གྱི། གྲངས་ཀྱི་བྱེ་བ་ཙམ་ལ་མི་བཟུང་ངོ། །མཚན་དཔེ་རེ་རེ་ལ་རྒྱུ་ཇི་ཙམ་དགོས་པ་ནི། རིན་ཆེན་འཕྲེང་བ་ལས་གསལ་ལ། རྒྱུ་སོ་སོ་བ་རེ་རེའི་དབང་དུ་བྱས་པ་ནི། ཡུམ་གྱི་མདོ་སོགས་དང་། མངོན་རྟོགས་རྒྱན་ནའང་ཡོད་དོ། །གསུང་གི་ཡོན་ཏན་ལ་ངོ་བོའི་དབང་དུ་བྱས་ནའང་རུང་ལ་འབྲས་བུའི་དབང་དུ་བྱས་ན། །དེ་བཞིན་གཤེགས་པའི་གསུང་གི་ཡོན་ཏན་བྱེད་ལས་ཡོད་དེ། གྲངས་མཐའ་ཡས་པའི་འགྲོ་བའི་གནས་སྐབས་དང་མཐར་ཐུག་གི་རེ་བ་སྐོང་བར་བྱེད་པའི་ཕྱིར་རོ། །རེ་བ་སྐོང་ཚུལ་ཡང་། ཆོས་བསྟན་ནས་མངོན་མཐོ་དང་ངེས་ལེགས་ལ་བཀོད་པའི་སྒོ་ནས་ཕན་འདོགས་པ་དང་། དེ་དང་དེའི་སྐབས་ཀྱི་ཐེ་ཚོམ་གཅོད་པ་ལ་བྱའོ། །ཐུགས་ཀྱི་ཡོན་ཏན་གྱི་ཁྱད་པར་ཡོད་དེ། ངོ་བོའི་དབང་དུ་བྱས་ན་མ་ལུས་ཇི་ལྟ་ཇི་སྙེད་ཀྱིས་ཤེས་བྱ་ཐམས་ཅད་ཇི་བཞིན་མངོན་སུམ་དུ་གཟིགས་པའི་ཕྱིར་རོ། །དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ལྡན་པ། ཤཱཀྱའི་རིགས་ཀྱི་གཙོ་བོ་ཤཱཀྱ་ཐུབ་པ་དེ་ལ་ཇི་ལྟར་ཕྱག་འཚལ་བ་ཡོད་དེ། ཡན་ལག་གི་དམ་པ་མགོ་པོས་ཕྱག་འཚལ་བ་སྟེ་འདུད་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། །ཟླ་མེད་སྟོན་པ་དེ་ཡིས། །ཞེས་སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། འགྲན་ཟླ་མེད་པའི་སྟོན་པ་དེ་ཡི་ཆོས་ཀྱི་སྲས་བྱང་སེམས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིང་རྒྱལ་བ་དེའི་སྐུ་གསུང་ཐུགས་ཀྱི་མཛད་པ་ཀུན་གྱི་ཁུར་བསྣམས་པ་སྟེ་བཞེས་ནས་འཇིག་རྟེན་གྱི་ཁམས་འདིར་མ་ཟད་གྲངས་མེད་པའི་སངས་རྒྱས་ཀྱི་ཞིང་དུ་བྱང་སེམས་སོགས་སྤྲུལ་པ་དུ་མའི་གར་གྱིས་རྣམ་པར་རོལ་བ་ཅན་མི་ཕམ་བྱམས་པ་དང་འཇམ་པའི་དབྱངས་གཉིས་ལའོ། །མཛད་པའི་ཁུར་བཞེས་ཚུལ་ནི། བྱམས་འཇམ་དབྱངས་གཉིས་ཀྱིས་ཐུབ་པའི་དམ་པའི་ཆོས་སྤྱི་དང་། ཁྱད་པར་རྒྱ་ཆེན་སྤྱོད་པ་དང་ཟབ་མོའི་ལྟ་བའི་བརྒྱུད་རིམ་བཟུང་སྟེ་སྤེལ་བར་མཛད་པ་འདིའོ། །གསུམ་པ་ནི། ཤིན་ཏུ་དཔག་པར་དཀའ་བ་སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ན། རྒྱལ་བའི་གསུང་རབ་སྤྱི་དང་ཁྱད་པར། ཤིན་ཏུ་དཔག་པར་ཏེ་རྟོགས་པར་དཀའ་བ་རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་གྱི་དོན་ཇི་ལྟ་བ་བཞིན་དུ་དགོངས་པ་འགྲེལ་བར་མཛད་པའི་སྒོ་ནས་འཛམ་གླིང་གི་རྒྱན་དུ་གྱུར་པ་མཚན་ལ་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ཅེས་ནི་ས་འོག་ས་སྟེང་ས་བླ་སྟེ་གསུམ་ན་ཡོངས་སུ་གྲགས་པའི་ཞབས་ལའོ། །གང་གིས་ན། བདག་བློ་བཟང་གྲགས་པའི་དཔལ་གྱིས་སོ། །བཞི་པ་ནི། ཤིང་རྟ་ཆེན་པོ་གཉིས་ལས་སོགས་བཞི་སྟེ། འདུད་དོ། །གང་ལ་ན། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་རྣམ་པ་གཉིས་ལས་ལེགས་པར་བརྒྱུད་པའི་ཟབ་མོ་ལྟ་བ་དང་། རྒྱ་ཆེན་སྤྱོད་པའི་ལམ་གྱི་རིམ་པ་ཚང་ལ་མ་ནོར་བར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི་གདམས་པའི་མཛོད་འཛིན་པ་དཔལ་མར་མེ་མཛད་ལའོ། །དེ་ཡང་ཇོ་བོ་ཆེན་པོས་བླ་མ་གསེར་གླིང་པ་བསྟེན་ནས་བྱམས་པ་དང་ཐོགས་མེད་ནས་བརྒྱུད་པའི་གདམས་པ་གསན་ལ། རིགས་པའི་ཁུ་བྱུག་བསྟེན་ནས་འཇམ་དབྱངས་དང་ཀླུ་སྒྲུབ་ནས་བརྒྱུད་པའི་གདམས་པ་མ་ལུས་པ་གསན་ནས་གདམས་པའི་ཆུ་བོ་གཉིས་ཟུང་དུ་འབྲེལ་བང་མཛད་དོ། །ལྔ་པ་ནི། རབ་འབྱམས་གསུང་རབ་ཀུན་ལ་སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ན། ཕྱོགས་རེ་ཙམ་མ་ཡིན་པར་རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག་ཏུ་གྱུར་ཅིང་། སྐལ་བ་བཟང་པོར་གྱུར་པའི་འདུལ་བྱ་ཐར་པར་བགྲོད་པའི་འཇུག་ངོགས་ཏེ་ལམ་མཆོག་ཏུ་གྱུར་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདི་ཉིད། བརྩེ་བའི་ཐུགས་ཀྱིས་བསྐྱོད་པ་སྟེ་དྲངས་པའི་ཐབས་མཁས་ཀྱི་མཛད་པ་ཡིས་གདུལ་བྱ་ལ་གསལ་བར་མཛད་པའི་བཤེས་གཉེན་རྣམས་ལའོ། །ཚུལ་ཇི་ལྟར་ན། ཚིག་ཙམ་མ་ཡིན་པར་ཡིད་གུས་པའི་སྒོ་ནས་སོ། །འདིར་ལྟ་བའི་མིག་ཅེས་པ་ནི། ཁ་ཅིག་བཤེས་གཉེན་ལ་སྦྱོར་བར་སྣང་ཡང་། ལམ་རིམ་ཉིད་ལ་བྱེད་པར་རྗེའི་དགོངས་པ་ཡིན་པར་ལམ་རིམ་ཆེན་མོའི་མཇུག་ཏུ་གསལ་ལོ། །གཉིས་པ་བཤད་བྱ་ངོས་བཟུང་བ་ལ་གསུམ། བརྒྱུད་པའི་ཁྱད་པར། ཁྱད་ཆོས། དགོས་པའོ། །དང་པོ་ནི། འཛམ་གླིང་མཁས་པ་ཡོངས་ཀྱི་སོགས་བཞི་སྟེ། འཛམ་གླིང་འདིར་བྱོན་པའི་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན་དུ་གྱུར་ཅིང་། མཁས་པའི་སྙན་པ་ཕྱོགས་ཀུན་དུ་གྲགས་པའི་བ་དན་འགྲོ་བའི་གནས་འདི་ན་ཉི་མ་ལྟར་ལྷང་ངེར་གསལ་བ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ལས་རིམ་པ་བཞིན་དུ་ལེགས་པར་བརྒྱུད་པའི་བྱང་ཆུབ་ལམ་གྱི་རིམ་པའི་གཞུང་ཉིད་འཆད་པར་བྱའོ། །ཞེས་རྩོམ་པ་དམ་བཅའ་དོན་གྱིས་མཛད་དོ། །གཉིས་པ་ལ་གཉིས། དཔེ་དོན་གྱི་ཁྱད་པར་དང་། ཁྱད་ཆོས་དངོས་སོ།། དང་པོ་ནི། སྐྱེ་རྒུའི་འདོད་དོན་མ་ལུས་སྐོང་བས་ན། །སོགས་བཞི་སྟེ། དེ་ལྟར་བརྒྱུད་པའི་བྱང་ཆུབ་ལམ་གྱི་རིམ་པ་འདི་ནི། དཔེ་དོན་གྱི་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། ཡོད་དེ། ཐར་འདོད་ཀྱི་སྐྱེ་རྒུའི་འདོད་དོན་མ་ལུས་པ་སྐོང་བས་ན། གདམས་པ་རིན་ཆེན་དབང་གི་རྒྱལ་པོ་ལྟ་བུ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་ཤིང་། ཐེག་པ་ཆེ་ཆུང་གི་གཞུང་ལུགས་བཟང་པོ་སྟོང་གི་ལེགས་བཤད་ཀྱི་ཆུ་བོ་མ་ལུས་པ་འདུ་བའི་ཕྱིར་ན། དཔལ་ལྡན་ཏེ་ཕུན་སུམ་ཚོགས་པ་ལེགས་པར་བཤད་པའི་རྒྱ་མཚོ་ལྟ་བུའང་ཡིན་ནོ། །འདོད་པའི་དོན་སྐང་ཚུལ་ནི། འདིའི་དོན་ཉམས་སུ་བླངས་པ་ལས་མངོན་མཐོ་དང་ངེས་ལེགས་འགྲུབ་པ་དང་། གཞུང་ལུགས་སྟོང་སྟེ་མང་ཚིག་སྨོས་པ་ཡིན་པས་གྲངས་སྟོང་ཁོ་ནར་མི་བཟུང་ཞིང་། དེ་རྣམས་འདུ་ཚུལ་ཡང་རྗོད་བྱེད་ཀྱི་ཚིག་ཐམས་ཅད་འདུ་བའི་དོན་མིན་གྱི་བརྗོད་བྱའི་དོན་མཐའ་དག་འདུ་བའོ། །གཉིས་པ་ནི། བསྟན་པ་ཐམས་ཅད་འགལ་མེད་སོགས་བཞི་སྟེ། དེ་ལྟ་བུའི་གཞུང་འདི་ནི། ཁྱད་ཆོས་སམ་ཆེ་བ་བཞི་དང་ལྡན་ཏེ། གདམས་པ་འདི་ལ་བརྟེན་ནས་རྒྱལ་བས་ཆོས་ཚུལ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ལས། ཁ་ཅིག་ནི་ལམ་གྱི་གཙོ་བོ། ཁ་ཅིག་ནི་དེའི་ཡན་ལག་སྟོན་བྱེད་དུ་ཤེས་ནས་དངོས་དང་བརྒྱུད་པ་ཅི་རིགས་ཀྱི་སྒོ་ནས་འཚང་རྒྱ་བའི་ཆ་རྐྱེན་དུ་གོ་བར་འགྱུར་བས་ན། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང་། མདོ་སྔགས་གྱི་གསུང་རབ་རྣམས་དང་དེའི་གོངས་འགྲེལ་གྱི་བསྟན་བཅོས་རྣམས་བཤད་ཆོས་ཙམ་དུ་བཟུང་ནས་ཉམས་སུ་ལེན་རྒྱུ་དེ་དག་གི་དོན་ལས་གཞན་ཞིག་ན་ཡོད་པར་འཛིན་པའི་ལོག་རྟོག་རྣམས་ལྡོག་སྟེ། གསུང་རབ་དགོངས་འགྲེལ་དང་བཅས་པའི་བརྗོད་བྱ་མཐའ་དག་ཉམས་ལེན་གྱི་གོ་རིམ་དང་མཐུན་པར་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་བསྡུས་ནས་དཔྱད་སྒོམ་དང་འཇོག་སྒོམ་ཅི་རིགས་ཀྱི་སྒོ་ནས་ཉམས་སུ་ལེན་ཚུལ་ཤེས་པར་འགྱུར་བས་ན། གསུང་རབ་ཐམས་ཅད་གདམས་པར་འཆར་བའི་ཆེ་བ་དང་། །དེ་ལྟར་གསུང་རབ་ཐམས་ཅད་གདམས་ངག་གི་མཆོག་ཡིན་ཀྱང་བློ་མ་སྦྱངས་པའི་ལས་དང་པོ་པས་གཞུང་ཆེ་བ་དེ་དག་གི་དགོངས་དོན་རང་སྟོབས་ཀྱིས་རྟོགས་ནས་ཉམས་སུ་ལེན་མི་ཤེས་པས། དེ་དག་གི་དགོངས་དོན་རྣམས་འདུས་པའི་བླ་མའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་འདི་ལྟ་བུ་ལ་བརྟེན་ནས་གཞུང་ཆེ་བ་དེ་རྣམས་ཀྱི་དགོངས་དོན་ལེགས་པར་རྟོགས་པར་འགྱུར་བས་ན། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྟོགས་པའི་ཆེ་བ་དང་། དེ་ལྟར་རྙེད་པའི་ཚེ་སངས་རྒྱས་གྱི་བཀའ་ཐམས་ཅད་དངོས་དང་བརྒྱུད་པ་ཅི་རིགས་ཀྱི་སྒོ་ནས་འཚང་རྒྱ་བའི་ཐབས་སུ་གོ་ནས་འཚང་རྒྱ་བའི་ཐབས་མི་སྟོན་པའི་སངས་རྒྱས་ཀྱི་བཀའ་མེད་པར་ཤེས་ཏེ། གསུང་རབ་དེ་དག་ལ་གདུལ་བྱའི་དབང་གིས་བརྗོད་བྱ་ཅུང་ཟད་རེ་མི་མཐུན་པ་དང་མཆོག་དམན་ཡོད་ཀྱང་། ཐམས་ཅད་འཚང་རྒྱ་བའི་ཐབས་སྟོན་པ་ཙམ་ལ་ཁྱད་པར་མེད་པར་ངེས་ནས་ཆོས་སྤོང་པའི་ལས་མི་འབྱུང་བ་སྟེ། ཉེས་སྦྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་བའི་ཆེ་བ་བཞི་དང་ལྡན་པའི་ཕྱིར་རོ། །གསུམ་པ་ལ་གཉིས། ཆེ་བ་དེ་ལྡན་གྱི་ཆོས་འདི་ཉམས་སུ་ལེན་རིགས་པ་དང་། ཉམས་སུ་བླངས་པའི་ཕན་ཡོན་ནོ། །དང་པོ་ནི། དེ་ཕྱིར་རྒྱ་བོད་མཁས་པའི་སོགས་བཞི་སྟེ། སྔར་བཤད་པའི་ཆེ་བ་དེ་ལྟར་ཡོད་པའི་རྒྱུ་མཚན་དེའི་ཕྱིར་ན། རྒྱ་གར་དང་བོད་ཀྱི་མཁས་པའི་སྐྱེ་བོ་ནི་སྐལ་པ་དང་ལྡན་པ་དུ་མས་ཉམས་ལེན་དུ་བསྟེན་པའི་གདམས་པ་མཆོག་ཏུ་གྱུར་པ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་གྱི་རིམ་པ་ཡིས་ནི་ཡིད་རབ་ཏུ་མི་འཕྲོག་པའི་རྣམ་དབྱོད་དང་ལྡན་པ་སུ་ཞིག་ཡོད་དེ་མེད་དོ། །གཉིས་པ་ནི། གསུང་རབ་ཀུན་གྱི་སྙིང་པོ་སོགས་བཞི་སྟེ། ཐེག་པ་ཆེ་ཆུང་གི་གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་པའི་གཞུང་གི་ཚུལ་འདི་ནི། ལན་མང་དུ་ལྟ་ཅི་ཐུན་རེ་སྟོན་པ་དང་ལན་རེ་ཉན་པས་ཀྱང་གཞུང་ཆེ་བ་ནས་དམ་ཆོས་འཆད་པ་དང་ཐོས་པའི་ཕན་ཡོན་གྱི་ཚོགས་རླབས་ཆེན་འབྱུང་བར་གསུངས་པ་དེ་རྣམས་སྡུད་པར་ངེས་པས་སོ། །རྒྱུ་མཚན་དེས་ན། དེའི་དོན་ཡིད་ལ་བསམ་པར་བྱའོ། །ཞེས་པ་ནི་དོན་བསྡུ་པའི་སྒོ་ནས་གདམས་པའོ། །བསྡུ་བསྡུ་བ་ནི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ་དང་དེ་ཡང་མདོར་བསྡུས་ཏེ་བསྟན་པའི་དོན་ནོ། །གཉིས་པ་གཞུང་གི་དོན་བཤད་པ་ལ། མཆོད་བརྗོད་སོགས་ནི། གཞུང་གི་ཡན་ལག་ཡིན་ལ། འདིར་གཞུང་དོན་དངོས་ཀྱི་དབང་དུ་བྱས་ཏེ་འཆད་པ་ལ་གཉིས། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་ལམ་ལ་བསླབ་ཚུལ་ལོ། །དང་པོ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ནི། དེ་ནས་འདི་ཕྱིའི་ལེགས་ཚོགས་སོགས་བརྒྱད་དེ། ལམ་རིམ་ཡོངས་རྫོགས་དང་དེའི་ཆ་ཤས་ཙམ་ཉམས་སུ་བླངས་པ་ལས་ཀྱང་ཕན་ཡོན་ཆེན་པོ་ཡོད་ཚུལ་བསམ་པ་སོགས་སྔོན་དུ་བཏང་སྟེ་དེ་ནས་འདི་ལྟར་ཉམས་སུ་བླང་བར་བྱའོ། །ཞེས་མཚམས་སྦྱོར། ཕན་ཡོན་དེ་ལྟར་མཐོང་བ་དེས། འདི་དང་ཕྱི་མའི་ལེགས་ཚོགས་ཇི་སྙེད་མཆིས་པའི་རྟེན་འབྲེལ་ལེགས་པར་འགྲིག་པར་འགྱུར་བའི་རྩ་བ་ནི། རང་ལ་ལམ་སྟོན་པའི་དགེ་བའི་བཤེས་གཉེན་དམ་པར་ཤེས་པར་བྱས་ཏེ། འབད་པ་དྲག་པོ་ཡིས། བླ་མ་ལ་སྐྱོན་རྟོག་གི་བློ་བཀག་ནས་དད་པ་སྐྱེ་ཅི་ཐུབ་བྱེད་པའི་སྒོ་ནས་བསམ་པས་བསྟེན་པ་དང་། བླ་མ་མཉེས་པ་སྒོ་མཐའ་དག་ནས་བསྒྲུབ་ཅིང་མ་མཉེས་པ་ནམ་ཡང་མི་བསྒྲུབ་པ་དང་། ལུས་ཀྱིས་བཀུར་ཞིང་ངག་གིས་བསྟོད་པ་སོགས་དང་། ཅི་གསུང་བཀའ་བཞིན་དུ་སྒྲུབ་པའི་སྒོ་ནས་སྦྱོར་བས་ཚུལ་བཞིན་དུ་བསྟེན་པ་རུ་སྟེ་བསྟེན་པ་ལ་རག་ལས་པར་མཐོང་ནས་རྐྱེན་ཅུང་ཟད་ཙམ་དུ་མ་ཟད། སྲོག་གི་ཕྱིར་ཡང་མི་གཏོང་བར་བཀའ་བཞིན་དུ་སྒྲུབ་པའི་མཆོད་པས་མཉེས་པར་བྱེད་དགོས་སོ། །དེའི་མཇུག་ཏུ། རྗེའི་གསུང་འབུམ་ཐོར་བུ་ལས། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་འབྱུང་བ་ནི། རྗེའི་གསུང་དངོས་ཡིན་ལ། ཆོས་སྤྱོད་ལས། རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་དག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་འབྱུང་བ་ནི། ཕྱིས་གཞན་གྱིས་བསྒྱུར་བ་སྟེ། དོན་གོ་སླ་ཞིང་ཕྱི་མ་གཞན་ལའང་སྦྱོར། བླ་མའི་མཚན་ཉིད། བསྟེན་ཚུལ་སོགས་ལམ་རིམ་སོགས་ནས་ཤེས་པར་བྱའོ། །གཉིས་པ་ལ་གཉིས། དལ་འབྱོར་ལ་སྙིང་པོ་ལེན་པར་བསྐུལ་བ་དང་། སྙིང་པོ་ཇི་ལྟར་ལེན་ཚུལ་ལོ། །དང་པོ་ནི། དལ་བའི་རྟེན་འདི་ཡིད་བཞིན་ནོར་སོགས་ཏེ། དལ་བརྒྱད་འབྱོར་བཅུ་ལྡན་པའི་སྒོ་ནས་ཆོས་སྒྲུབ་པ་ལ་ཁོམ་པས་ན་དལ་པའི་རྟེན་ཁྱད་པར་ཅན་འདི་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཀྱང་ལྷག་པ་འདི་འདྲ་བ་ནི་སྔར་ཡང་ཡང་རྙེད་པ་མ་ཡིན་གྱི་རྙེད་པ་དུས་ད་རེས་ཙམ་ཞིག་ཡིན་ནོ། །དེས་རྙེད་ན་དོན་ཆེ་བར་མ་ཟད། རྙེད་པར་དཀའ་བར་བསྟན་ཏོ། །ཡིད་བཞིན་གྱི་ནོར་བུ་ལས་ལྷག་ཚུལ་ནི་ནོར་བུ་ལས་དགོས་འདོད་འབྱུང་ཡང་ཚེ་འདིའི་གནས་སྐབས་ཀྱི་འདོད་དོན་ཡིན་ལ། རྟེན་འདི་ལ་བརྟེན་ནས་མངོན་མཐོ་ཙམ་དུ་མ་ཟད། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབས་ནའང་ཐོབ་ནུས་པར་གསུངས་པའི་ཕྱིར་ན་ལྷག་གོ །དེ་ལྟར་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་གྱི་རྟེན་འདི་དོན་མེད་དུ་མི་བཏང་བར་འདི་ལ་རང་གིས་ཅི་ནུས་གྱི་སྒོ་ནས་ཆོས་བྱ་བའི་དམ་བཅའ་བརྟན་པོ་བྱའོ། །གཉིས་པ་སྙིང་པོ་ཇི་ལྟར་ལེན་ཚུལ་ལ་གཉིས། ལམ་གྱི་དབང་དུ་བྱས་པའི་གསུང་རབ་རྣམས་འདུ་ཚུལ་དང་། ཉམས་སུ་ལེན་ཚུལ་དངོས་སོ། །དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་ནི་སེམས་ཅན་གྱི་དོན་དུ་ཡིན་ལ། དེ་ཡང་མངོན་མཐོ་ངེས་ལེགས་གཉིས་ལས། མངོན་མཐོ་ལས་བརྩམས་ཏེ་གཙོ་བོར་གསུངས་པ་རྣམས་སྐྱེས་བུ་ཆུང་ངུ་དངོས་སམ་དེ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་ཞིང་། ངེས་ལེགས་ལ་གཉིས་ལས་ཐར་པ་ལ་བརྩམས་ཏེ་གཙོ་བོར་གསུངས་པ་རྣམས་སྐྱེས་བུ་འབྲིང་དངོས་སམ་དེ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་ལ། ཐམས་ཅད་མཁྱེན་པ་སྒྲུབ་པ་ལས་བརྩམས་ཏེ་གསུངས་པ་ཐམས་ཅད་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུ་བ་ཡིན་ནོ། །འདིར་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་འགའ་ཞིག་སྐྱེས་བུ་ཆེན་པོའི་ལམ་གྱི་ཡན་ལག་ཏུ་དགོས་པ་དེར་འཁྲིད་པ་ཡིན་གྱི། སྐྱེས་བུ་ཆུང་འབྲིང་དངོས་ཀྱི་ལམ་ལ་འཁྲིད་པ་ནི་མ་ཡིན་ཏེ། མངོན་མཐོ་ཙམ་ཞིག་དོན་གཉེར་གྱི་བློ་དེ་སྐྱེས་བུ་ཆུང་ངུའི་ལམ་དངོས་དང་། རང་དོན་དུ་ཐར་པ་ཙམ་ཞིག་དོན་གཉེར་གྱི་བློ་དེ་སྐྱེས་བུ་འབྲིང་གི་ལམ་དངོས་ཡིན་པས། དེར་འཁྲིད་ན་ནི་སྐྱེས་བུ་ཆེན་པོའི་ལམ་གྱི་གོ་སར་འཁྲིད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །འོ་ན། དེ་གཉིས་དང་ཐུན་མོང་བའི་ལམ་ཇི་ལྟ་བུ་ཞེ་ན། སྡིག་སྤོང་དགེ་བ་སྒྲུབ་བའི་སྒོ་ནས་མངོན་མཐོ་དོན་གཉེར་གྱི་བློ་དེ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དང་། འཁོར་བ་ལས་གྲོལ་འདོད་ཀྱི་སྒོ་ནས་ཐར་པ་དོན་གཉེར་གྱི་བློ་དེ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ཡིན་ཏེ། དེ་གཉིས་གའང་བྱང་སེམས་ཀྱི་རྒྱུད་ལ་ཡོད་ཅིང་། དེས་ཉམས་སུ་ལེན་དགོས་པའི་ཕྱིར་རོ། །གལ་ཏེ་སྐྱེས་བུ་ཆུང་འབྲིང་གི་ལམ་གཉིས་སྐྱེས་བུ་ཆེན་པོའི་ལམ་གྱི་གོལ་ས་ཡིན་ན། དེའི་གེགས་སམ་མི་མཐུན་ཕྱོགས་ཡིན་པའི་ཕྱིར་འཚང་རྒྱ་བའི་ཐབས་ཀྱང་མ་ཡིན་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ལམ་དེ་གཉིས་སྐྱེས་བུ་ཆེན་པོ་མྱུར་དུ་འཚང་རྒྱ་བའི་ལམ་གྱི་གོལ་ས་ཡིན་པས་དེ་འཚང་རྒྱ་བའི་ཐབས་མ་ཡིན་ཀྱང་། །ཉན་རང་རྣམས་རིམ་གྱིས་རྒྱུད་སྨིན་ཏེ་འཚང་རྒྱ་བའི་ཐབས་སུ་འགྱུར་བ་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར་རོ། །དེ་ཡང་རང་ཉིད་གཅིག་བུ་ཞི་བདེ་དོན་གཉེར་གྱི་བློ་ལྟ་བུ་ལ་གཙོ་བོར་དགོངས་པའོ། །གཉིས་པ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ། འབྲིང་དང་ཐུན་མོང་བའི་ལམ། ཆེན་པོའི་ལམ་དངོས་སོ། །དང་པོ་ལ་གཉིས། ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ། ཕྱི་མའི་བདེ་ཐབས་བསྟེན་པའོ། །དང་པོ་ལ་གཉིས། འཆི་བ་མི་རྟག་པ་བསམ་པ་དང་། ངན་འགྲོའི་སྡུག་བསྔལ་བསམ་པའོ། །དང་པོ་ནི། རྙེད་དཀའ་འཇིག་སླ་སོགས་བཞི་སྟེ། རྒྱུ། ངོ་བོ། དཔེའི་སྒོ་ནས་རྙེད་པར་དཀའ་ཞིང་། འཆི་རྐྱེན་མང་བས་འཇིག་པར་སླ་བ་ནི། དཔེར་ན། ནམ་མཁའི་གློག་མྱུར་དུ་འཇིག་པ་དང་འདྲ་བའི་ཚུལ་འདི་བསམས་ནས་དགྲ་འདུལ་གཉེན་སྐྱོང་སོགས་འཇིག་རྟེན་གྱི་བྱ་བ་ཀུན་དཔེར་ན། སྙིང་པོ་མེད་པའི་ཤུན་པའི་སྦུན་པ་འཕྱར་བ་བཞིན་དུ་དོན་མེད་པར་རྟོགས་པར་གྱུར་ནས་ཉིན་མཚན་ཀུན་ཏུ་རྟེན་འདི་ལ་སྙིང་པོ་ལེན་པ་དགོས་སོ། །གཉིས་པ་ངན་འགྲོའི་སྡུག་བསྔལ་བསམ་པ་ནི། ཤི་ནས་ངན་འགྲོར་སྐྱེ་བའི་རྒྱུ་ནི་མང་དུ་བསགས་སོ། །དེའི་ཕྱིར་ན་ཕྱི་མར་དམྱལ་བ་ལ་སོགས་པ་ངན་འགྲོར་མི་སྐྱེ་བའི་གདེངས་ཐོབ་བ་བདག་ལ་མེད་ཅིང་། མེད་པར་མ་ཟད། དེར་སྐྱེ་བ་ཤུགས་ཆེའོ་སྙམ་ནས་ངན་འགྲོའི་སྡུག་བསྔལ་ཡང་ཡང་བསམས་ཏེ་དེ་ལས་ཐར་འདོད་ཤུགས་ཅན་བསྐྱེད་དོ། །གཉིས་པ་ཕྱི་མའི་བདེ་ཐབས་ལ་གསུམ། སྐྱབས་འགྲོ་བསླབ་བྱ་དང་བཅས་པ་དང་། དེ་ལ་ལས་གཉིས་ཀྱི་བླང་དོར་ལ་འཇུག་དགོས་པ་དང་། རྣམ་མཁྱེན་སྒྲུབ་པའི་རྟེན་བཤད་པའོ། །དང་པོ་ནི། དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་སོགས་གསུམ་སྟེ། དེ་ལྟར་ལས་ཀྱི་དབང་གིས་ངན་འགྲོར་ལྷུང བར་འགྱུར་བས་ངན་འགྲོ་དེ་ཡི་འཇིགས་པ་ལས་སྐྱོབ་པའི་སྐྱབས་ནི་དཀོན་མཆོག་གསུམ་དུ་ངེས་སོ། དེ་ཡང་ཇི་སྐད་དུ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་འབྱུང་བ་ལྟར། དཀོན་མཆོག་གསུམ་སོ་སོའི་ཁྱད་པར་དང་ཡོན་ཏན་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་དགོས་སོ། །འགྲོ་ཚུལ་ཡང་སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པའི་སྒོ་ནས་རེ་ལྟོས་འཆའ་བའི་བློ་བསྐྱེད་པའོ། །དེ་ལྟར་འཇིགས་པ་དེ་ལས་སྐྱོབ་ནུས་པར་ཤེས་ནས་སྐྱོབ་པ་དེའི་ཕྱིར་དུ་དེ་གསུམ་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་ཤིན་ཏུ་བསྟེན་པ་དང་སྐྱབས་འགྲོ་དེ་ཡི་བསླབ་བྱ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ལམ་རིམ་སོགས་ནས་བཤད་པ་ཉམས་པ་མེད་པར་བྱའོ། །གཉིས་པ་ནི། དེ་ཡང་དཀར་ནས་ལས་འབྲས་སོགས་ཏེ། དེ་ཡང་དད་པ་ལ་སྤྱིར་དང་བའི་དད་པ། ཡིད་ཆེས་པའི་དད་པ། འདོད་པའི་དད་པ་དང་གསུམ་ཡོད་ཀྱང་འདིར་ནི་གཙོ་བོ་ཡིད་ཆེས་པའི་དད་པ་སྟེ། དཀོན་མཆོག་གིས་སྐྱོབ་པ་དེ་ཡང་ལས་འབྲས་ལ་བླང་དོར་ཕྱིན་ཅི་ལོག་ཏུ་བསྒྲུབས་ན་མི་འབྱུང་བས། དཀར་པོ་དགེ་བ་དང་ནག་པོ་མི་དགེ་བའི་ལས་འབྲས་བུ་དང་བཅས་པ་ཇི་ལྟར་ཡིན་ལེགས་པར་བསམས་ནས་དགེ་བ་འབྲས་བུ་དང་བཅས་པ་ལ་བླང་བྱ་དང་། མི་དགེ་འབྲས་བུ་དང་བཅས་ལ་དོར་བྱར་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་སྒྲུབ་པ་ལ་རག་ལས་སོ། །མདོར་ན་སངས་རྒྱས་ཀྱིས་དགེ་མི་དགེ་སོགས་ལས་དང་འབྲས་བུ་ཇི་ལྟར་གསུངས་པ་ལ་ཡིད་ཆེས་པའི་སྒོ་ནས་བླང་དོར་བྱེད་དགོས་པའི་དོན་ནོ། །ལྷག་མ་རྗེ་བཙུན་བླ་མས་སོགས་སླའོ། །གསུམ་པ་ལ་གཉིས་། །དངོས་དང་། སྟོབས་བཞི་བསྟེན་ཚུལ་ལོ། །དང་པོ་ནི། ལམ་མཆོག་སྒྲུབ་ལ་སོགས་ཏེ། ཁྱད་པར་དུ་ལམ་མཆོག་རྣམ་མཁྱེན་སྒྲུབ་པ་ལ་ཚེ་རིང་བ་ཁ་དོག་བཟང་བ་སོགས་རྣམ་སྨིན་གྱི་རྒྱུ་བརྒྱད་སོགས་མཚན་ཉིན་ཚང་བའི་རྟེན་ཅི་རིགས་པ་མ་རྙེད་ཀྱི་བར་དུ་ལམ་སྒྲུབ་ཀྱང་ས་ཆོད་མི་འོང་བས། དེ་འོང་བའི་ཆེད་དུ་རྟེན་མཚན་ཉིད་ཚང་བ་དེ་ཡི་མ་ཚང་མེད་པའི་རྒྱུ་སྒྲུབ་པ་ལ་བསླབ་པར་བྱའོ། །རྒྱུ་ནི་གཞན་གྱི་སྲོག་སྐྱོབ་པ། རྟེན་ལ་མར་མེ་འབུལ་བ་སོགས་མང་ངོ་། །དེའི་ཚེ་ལས་འབྲས་ལ་བླང་དོར་ཅི་ཐུབ་བྱས་ཀྱང་། བག་མེད་པ་དང་ཉོན་མོངས་མང་བའི་དབང་གིས་ཉེས་པ་འབྱུང་བས་སོ། །གཉིས་པ་ནི། སྒོ་གསུམ་སྡིག་ལྟུང་སོགས་ཏེ། རང་ཅག་ནི། ལུས་ངག་ཡིད་ཀྱི་སྒོ་གསུམ་ལས་ཉོན་སྦྱི་དང་ཁྱད་པར་རང་བཞིན་གྱི་ཁ་ན་མ་ཐོ་བའི་སྡིག་པ་དང་། བཅས་པའི་ཁ་ན་མ་ཐོ་བའི་ལྟུང་བའི་དྲི་མས་སྦགས་པ་འདི་ནི། ལས་དང་ཉོན་མོངས་པའི་སྒྲིབ་པ་གཉིས་ལས་ལྷག་པར་ལས་ཀྱི་སྒྲིབ་པ་སྦྱོང་བ་གནད་ཆེ་བས་ན། དུས་རྒྱུན་ཏུ་རྟེན་གྱི་སྟོབས་དང་། སུན་འབྱིན་པའི་སྟོབས། སླར་ལྡོག་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་སྟོབས་བཞིའི་གཤགས་སྡོམ་ཚང་བར་བསྟེན་པར་གཅེས་སོ། །དྲི་མས་སྦགས་པ་འདི་ཞེས། གཞུང་མང་པོར་འབྱུང་བ་ལྟར་བྱས་ལ། ཆོས་སྤྱོད་དུ་ནི་འདིས་ཞེས་འབྱུང་ངོ་། །སྟོབས་བཞིའི་ངོས་འཛིན་དང་བཤགས་ཚུལ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །རྗེ་བཙུན་བླ་མས་སོགས་སྔར་བཞིན་ནོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ཉམས་སུ་ལེན་ཚུལ་གཉིས། སྡུག་ཀུན་གཉིས་ཀྱི་ཉེས་དམིགས་བསམ་དགོས་པའི་རྒྱུ་མཚན་དང་། བསམ་ཚུལ་དངོས་སོ། །དང་པོ་ནི། སྡུག་བདེན་ཉེས་དམིགས་སོགས་ཏེ། འཁོར་བ་ལས་ཐར་བར་འདོད་པས་ཐོག་མར་སྡུག་ཀུན་གཉིས་ཀྱི་ཉེས་དམིགས་བསམ་དགོས་ཏེ། ངན་སོང་གསུམ་གྱི་སྡུག་བསྔལ་དང་བདེ་འགྲོའི་སྡུག་བསྔལ་སྤྱི་དང་བྱེ་བྲག་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་བདེན་པས་བསྡུས་པའི་འཁོར་བའི་ཉེས་དམིགས་བསམ་པ་ལ་མ་འབད་ན་ནི། སྡུག་བསྔལ་ལས་ཐར་འདོད་མེད་པར་ཐར་པ་དོན་གཉེར་གྱི་བློ་ཇི་ལྟ་བ་བཞིན་མི་སྐྱེ་ཞིང་། འདོད་ཆགས་སོགས་ཀྱི་ངོ་བོ་སྐྱེ་ཚུལ་ཇི་ལྟར་ཡིན་པའི་ཁྱད་པར་ཤེས་པའི་སྒོ་ནས་ཀུན་འབྱུང་བདེན་པ་འཁོར་བའི་འཇུག་རིམ་དུ་འགྲོ་ཚུལ་མ་བསམས་ན། འབེན་མ་མཐོང་བར་མདའ་འཕེན་པ་བཞིན་འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས་སོ། །གཉིས་པ་ལ་གཉིས། སྡུག་བསྔལ་འཁོར་བའི་ཉེས་དམིགས་དང་། ཀུན་འབྱུང་གི་འཁོར་བའི་འཇུག་རིམ་བསམ་པའོ། །དང་པོ་ནི། སྲིད་ལས་ངེས་འབྱུང་སོགས་ཏེ། འཁོར་བའི་གནས་སུ་སྐྱེ་རྒ་ན་འཆི་བཞི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་ཡིད་མི་བདེ་བ་དང་ཚ་གྲང་འཐབ་རྩོད་སོགས་ཀྱི་སྡུག་བསྔལ་རྣམས་མཐོང་ནས་སྲིད་པ་འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་སྐྱོ་ནས་དྲག་པོ་བསྟེན་པ་དང་། འཆད་འགྱུར་ལྟར་སྡུག་བསྔལ་དེ་བསྐྱེད་པའི་རྒྱུ་ཡང་ཤེས་པར་བྱའོ། གཉིས་པ་ནི། འཁོར་བར་གང་གིས་སོགས་ཏེ། འཁོར་བར་འཆིང་བྱེད་གང་གིས་བཅིངས་པ་ཤེས་པ་གཅེས་པ་སྟ་ག་ལ་ཆེའོ། །འཆིང་བྱེད་ལ་ལས་ཉོན་གཉིས་ཏེ་ཁྱད་པར་ཕྱེ་ན་མང་ཡང་། དོན་བསྒྲིལ་ན་སོ་སྐྱེའི་རྒྱུད་ཀྱི་འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་ཐེ་ཚོམ་ཉོན་མོངས་ཅན་ཕྲག་དོག་སོགས་ཉོན་མོངས་ཐམས་ཅད་ནི་ཉོན་མོངས་པའི་ཀུན་འབྱུང་བདེན་པ་ཡིན་ལ། ཉོན་མོངས་དེས་ཀུན་ནས་བསླངས་པའི་ལས་དགེ་མི་དགེ་གང་ཡིན་ཀྱང་ལས་ཀྱི་ཀུན་འབྱུང་བདེན་པ་ཡིན་ནོ། །དེ་ཡང་གཙོ་བོ་མ་རིག་པའི་དབང་གིས་ལས་བསགས་ལས་ཀྱི་དབང་གིས་འཁོར་བར་འཇུག་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རིམ་པ་ལེགས་པར་ཤེས་ཤིང་། མདོར་ན་ལས་དང་ཉོན་མོངས་གཉིས་ཀྱི་དབང་གིས་འཁོར་བར་འཁོར་ཚུལ་རྣམས་བླ་མའི་མན་ངག་ལ་བརྟེན་ནས་ཤེས་པ་ནི། ཀུན་འབྱུང་འཁོར་བའི་འཇུག་རིམ་ཤེས་པའོ། འཁོར་བའི་རྩ་བ་གཅོད་ཚུལ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མ་རིག་པའི་ཞེན་ཡུལ་ལེགས་པར་སུན་ཕྱུང་བའི་ཚུལ་གྱིས་གོམས་པར་བྱས་པའི་མཐར་མ་རིག་པ་སྤངས་པ་ན་འཁོར་བའི་རྩ་བ་བཅད་ཅིང་། ཉོན་མོངས་གཞན་ཐམས་ཅད་ཀྱང་ཞོར་ལ་སྦྱོང་བར་འགྱུར་བ་ཡིན་ནོ། །སྡུག་ཀུན་གཉིས་ཀྱི་ནང་ནས་ཀུན་འབྱུང་སྤངས་ན་ཤིང་རྩ་བ་བཅད་ན་བསྐམ་འགྲོ་བ་ལྟར་སྡུག་བསྔལ་ཡང་སྤོང་བར་འགྱུར་བ་གཞུང་ཆེན་པོ་རྣམས་ཀྱི་དགོངས་པ་ཡིན་མོད། དེང་སང་གི་ལས་དང་པོ་བས་ནི། ཉོན་མོངས་རྩ་བ་ནས་སྤོང་མི་ནུས་པས། སྟོབས་བཞིའི་བཤགས་པ་ལ་བརྟེན་ནས་ཀུན་འབྱུང་གི་ནང་ཚན་སྡིག་ལྟུང་རྣམས་སྤོང་བ་གནད་ཆེའོ། ཁྱད་པར་དུ་ཚུལ་ཁྲིམས་ཀྱི་བསླབ་པ་སོགས་གསུམ་ལ་འབད་དགོས་ལ། ཚུལ་ཁྲིམས་ཀྱི་བསླབ་པ་ནི་གཙོ་བོའི་དབང་དུ་བྱས་ན་མི་དགེ་བ་བཅུ་སྤོང་བའི་སྤོང་སེམས་ཡིན་ལ། ཏིང་ངེ་འཛིན་གྱི་བསླབ་པའི་གཙོ་བོ་ནི་ཞི་གནས་ཡིན་མོད། དེར་མ་ངེས་ཏེ་དགེ་བའམ་ཡང་དག་པའི་དམིགས་པ་ལ་རིང་ཐུང་གང་ཡིན་ཡང་རྩེ་གཅིག་ཏུ་གནས་པའི་སེམས་པ་རྣམས་ཏིང་ངེ་འཛིན་གྱི་བསླབ་པས་བསྡུས་སོ། །ཤེས་རབ་ཀྱི་བསླབ་པའི་གཙོ་བོ་ནི་ལྷག་མཐོང་ཡིན་ཀྱང་། དེར་མ་ངེས་ཏེ། བདག་མེད་ཕྲ་རགས་ཅི་རིགས་ལ་དཔྱོད་པའི་རིགས་པ་དོན་མཐུན་རྣམས་དང་། ཆོས་ཀྱི་ཚིག་དོན་གཞན་ལའང་ལེགས་པར་དཔྱོད་པའི་ཤེས་རབ་རྣམས་ནི་ཤེས་རབ་ཀྱི་བསླབ་པར་འདུས་སོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་གཉིས། སྤྱོད་པའི་རྟེན་སེམས་བསྐྱེད་དང་། སྤྱོད་པ་ལ་བསླབ་ཚུལ་ལོ། །དང་པོ་ལ་གཉིས་ལས། དང་པོ་ཁྱད་ཆོས་སམ་ཕན་ཡོན་ནི། སེམས་བསྐྱེད་ཐེག་མཆོག་སོགས་བཞི་སྟེ། ཐེག་ཆེན་སེམས་བསྐྱེད་ནི། ཐེག་མཆོག་ལམ་གྱི་གཞུང་ཤིང་ལྟ་བུ་སྟེ། ཕྱིན་དྲུག་སོགས་རླབས་ཆེན་སྤྱོད་པ་རྣམས་ཀྱི་སྐྱེ་བ་དང་གནས་པ་དང་འཕེལ་བའི་གཞི་དང་རྟེན་ཡིན་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀུན་རྫོགས་བྱང་དུ་སྒྱུར་བར་བྱེད་པ་ལ། ལྕགས་ཁམས་གསེར་དུ་སྒྱུར་བར་བྱེད་པའི་གསེར་འགྱུར་གྱི་རྩི་ལྟ་བུ་དང་། རབ་འབྱམས་དགེ་ཚོགས་མང་པོ་སྡུད་པའི་བསོད་ནམས་ཀྱི་གཏེར་ཆེན་པོའོ། །གཞུང་འདིས་སེམས་དེ་བསྐྱེད་དགོས་པའི་རྒྱུ་མཚན་ཡང་བསྟན་ལ། གཞི་དང་རྟེན་ཞེས་པས་ཐེག་ཆེན་སེམས་བསྐྱེད་དེ། ཐེག་ཆེན་ལམ་གྱི་འཇུག་སྒོར་ཡང་བསྟན་ཏོ། །གཉིས་པ་བསྐྱེད་ཚུལ་ནི། དེ་ལྟར་ཤེས་ནས་སོགས་གཉིས་ཏེ། ཐེག་ཆེན་སེམས་བསྐྱེད་ཀྱི་ཁྱད་ཆོས་སམ་ཕན་ཡོན་དེ་ལྟར་ཤེས་ནས་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་གཞན་དོན་དུ་འཇུག་པར་ནུས་པ་དཔའ་པོ་རྣམས་ཀྱིས་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་རིན་ཆེན་སེམས་མཆོག་དེ་ཉམས་ལེན་ཀྱི་གཙོ་བོའམ་ཐུགས་དམ་གྱི་མཐིལ་དུ་འཛིན་པར་མཛད་པ་ལྟར་བྱའོ། །རྗེ་བཙུན་སོགས་སྔར་བཞིན་ནོ། །གཉིས་པ་སྤྱོད་པ་ལ་བསླབ་ཚུལ་ལ་དྲུག སྦྱིིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་པོ། །དང་པོ་ལ་གཉིས་ལས་དང་པོ་ཁྱད་ཆོས་སམ་ཕན་ཡོན་ནི། སྦྱིན་པ་འགྲོ་བའི་སོགས་བཞི་སྟེ། ལུས་ལོངས་སྤྱོད་སོགས་གཞན་ལ་གཏོང་བའི་སྦྱིན་པ་ནི། སློང་པ་པོའི་འགྲོ་བའི་རེ་བ་སྐོང་བར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། དངོས་པོ་ལ་ཆགས་ཞེན་གཅོད་པའི་ཕྱིར་ན་སེར་སྣའི་མདུད་གཅོད་པའི་མཚོན་ཆ་མཆོག་ཡིན་ལ། འགྲོ་བའི་དོན་ལ་མ་ཞུམ་ཞིང་སྙིང་སྟོབས་སྐྱེད་པའི་རྒྱལ་སྲས་ཀྱི་སྤྱོད་པ་དང་། གཏོང་པ་པོའི་སྙན་པའི་གྲགས་པ་ཕྱོགས་བཅུར་སྒྲོགས་པའི་གཞིའོ། །གཉིས་པ་གཏོང་ཚུལ་ནི། དེ་ལྟར་ཤེས་ནས་སོགས། ཚུལ་དེ་ལྟར་ཤེས་ནས་རང་གི་ལུས་དང་ཟས་ནོར་སོགས་ལོངས་སྤྱོད་དང་། བདེ་དགེ་ཐམས་ཅད་གཞན་ལ་ཡོངས་སུ་གཏོང་བའི་ལམ་བཟང་པོ་མཁས་པས་བསྟེན་པར་བྱའོ། །ལོངས་སྤྱོད་ཞེས་པས་ཟང་ཟིང་གི་སྦྱིན་པ་དང་། དགེ་ཞེས་པས་ཀྱང་ཆོས་ཀྱི་སྦྱིིན་པའང་བསྡུས་ཤིང་། མི་འཇིགས་སྦྱིན་པ་ནི་ཤུགས་ཀྱིས་ཐོབ་པོ། །གཉིས་པ་ལ་སྔར་ལྟར་གཉིས་ལས། དང་པོ་ནི། །ཚུལ་ཁྲིམས་ཉེས་སྤྱད་སོགས་བཞི་སྟེ། ཚུལ་ཁྲིམས་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གསུམ་ལས་གཙོ་བོར་ཉེས་སྦྱོད་སྡོམ་པའི་དབང་དུ་བྱས་ན། ཚུལ་ཁྲིམས་དེ་ནི། སྒོ་གསུམ་གྱི་ཉེས་སྤྱོད་ཀྱི་དྲི་མ་འཁྲུད་པའི་ཆུ་ལྟ་བུ་དང་། ཉོན་མོངས་བའི་ཚ་གདུང་སེལ་བར་བྱེད་པའི་ཟླ་བའི་འོད་ལྟ་བུ་དང་། སྲུང་བ་པོའི་རྟེན་གྱི་གང་ཟག་དེ་སྐྱེ་རྒུའི་དབུས་ན་རི་རྒྱལ་ལྷུན་པོ་ལྟ་བུར་བརྗིད་ཆེ་ཞིང་། དེ་ལྟ་བུའི་སྟོབས་ཀྱིས་གཞན་དག་གིས་རང་ལ་འཚེ་བའི་བརྡེགས་པ་མེད་པར་འགྲོ་བ་ཀུན་འདུད་པར་བྱེད་དོ། །གཉིས་པ་སྲུང་ཚུལ་ནི། དེ་ལྟར་ཤེས་ནས་སོགས་ཏེ། ཚུལ་དེ་ལྟར་ཤེས་ནས་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་སྔོན་གྱི་དམ་པ་རྣམས་ཀྱིས་མིག་བཞིན་དུ་སྲུང་བར་མཛད་པ་ལྟར་བྱའོ། །གསུམ་པ་ལ་གཉིས་ལས་དང་པོ་ནི། བཟོད་བ་སྟོབས་ལྡན་སོགས་བཞི་སྟེ། བཟོད་པ་ལ་སྡུག་བསྔལ་དང་ལེན། གནོད་པ་ལ་ཇི་མི་སྙམ་པ། ཆོས་ལ་ངེས་ཐོབ་ཀྱི་བཟོད་པ་གསུམ་ལས། འདིར་དངོས་བསྟན་བར་པའི་དབང་དུ་བྱས་ནས་གནོད་པ་ལ་བཟོད་པའི་བཟོད་པ་ནི། གནོད་པའི་ཁུར་ཁྱེར་ནུས་པའི་བྱང་སེམས་སྟོབས་ལྡན་རྣམས་ལ་མཛེས་བྱེད་དུ་གྱུར་པའི་རྒྱན་གྱི་མཆོག་ཡིན་ལ། ཉོན་མོངས་པའི་མེས་གདུང་བའི་གཉེན་པོ་ལ་དཀའ་ཐུབ་དུ་མ་ཡོད་ཀྱང་། དཀའ་ཐུབ་ཀུན་གྱི་ཕུལ་ཏེ་མཆོག་དང་ཞེ་སྡང་ལག་འགྲོ་སྟེ་སྦྲུལ་གྱིས་མཚོན་པར་བྱེད་པ་ཀླུའི་དགྲ་ལ་མང་དུ་ཡོད་ཀྱང་། ནམ་མཁའི་ལྡིང་སྟེ་ཁྱུང་བཞིན་དང་། ཕ་རོལ་གྱིས་ཚིག་རྩུབ་ཀྱི་མཚོན་འཕེན་པ་ལ་དེས་མི་ཕིག་པའི་སྲ་བའི་གོ་ཆ་ཁྲབ་ལྟ་བུ་ཡིན་ནོ། །གཉིས་པ་དེ་བསྒོམ་པ་ནི། དེ་ལྟར་ཤེས་ནས་སོགས་ཏེ། ཚུལ་དེ་ལྟར་ཤེས་ནས་བཟོད་པའི་མཆོག་སྔོན་གྱི་དམ་པས་རང་གི་གོ་ཆ་ལ་ཐབས་རྣམ་པ་སྣ་ཚོགས་ཚུལ་གྱིས་རྒྱུད་ལ་གོམས་པར་མཛད་པར་ལྟར་བྱའོ། །བཞི་པ་ལ་གཉིས་ལས། དང་པོ་ནི། བརྩོན་འགྲུས་ལ་གསུམ་ལས། དང་པོ་ནི། མི་བཟློག་བརྟན་པའི་སོགས་བཞི་སྟེ། གཙོ་བོར་གོ་ཆའི་བརྩོན་འགྲུས་ཀྱི་དབང་དུ་བྱས་ན། ཕྱིར་མི་བཟློག་ཅིང་བརྟན་པའི་བརྩོན་འགྲུས་ཀྱི་གོ་ཆ་བགོས་ན། ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་བ་བཞིན་གོང་དུ་འཕེལ་ལ། སྤྱོད་ལམ་ཐམས་ཅད་ལ་རྩོམ་པ་དོན་དང་ལྡན་པར་འགྱུར་ཞིང་། རང་གིས་བྱ་བ་གང་བརྩམས་པའི་ལས་ཀྱི་མཐའ་རྣམས་ཡིད་ལ་བསམས་པ་བཞིན་དུ་འགྲུབ་པར་འགྱུར་རོ། །གཉིས་པ་རྩོམ་ཚུལ་ནི། དེ་ལྟར་ཤེས་ནས་སོགས་ཏེ། ཇི་སྐད་བཤད་པ་དེ་ལྟར་ཤེས་ནས་ཕྱི་བཤོལ་གྱི་ལེ་ལོ་ཀུན་སེལ་བར་བྱེད་པའི་རླབས་ཆེན་གྱི་བརྩོན་འགྲུས་སྔོན་རྒྱལ་སྲས་རྣམས་ཀྱིས་བརྩམས་པར་བྱས་པ་ལྟར་འཇུག་གོ །ལྔ་པ་གཉིས་ལས། དང་པོ་ནི། བསམ་གཏན་སེམས་ལ་སོགས་བཞི་སྟེ། དམིགས་པ་རྩེ་གཅིག་པའི་བསམ་གཏན་ནི། རང་གི་སེམས་ལ་ཇི་ལྟར་འདོད་པ་བཞིན་དབང་བསྒྱུར་བའི་རྒྱལ་པོ་ལྟ་བུ་སྟེ། དེ་ཡང་དམིགས་པ་ལ་བཞག་ན་ནི། བྱིང་རྒོད་ཀྱིས་གཡོ་བ་མེད་པར་རི་ཡི་དབང་པོ་བཞིན་དུ་གནས་ལ། བཞག་པ་དེ་བཏང་ན་ཡང་དགེ་བའི་དམིགས་པ་སྟེ་ཡུལ་ཀུན་ལ་འཇུག་ཅིང་། རང་གི་ལུས་སེམས་དགེ་བའི་ཕྱོགས་ལ་བཀོལ་ཏུ་རུང་པའི་ལས་སུ་རུང་བའི་ཤིན་སྦྱངས་ཀྱི་བདེ་ཆེན་འདྲེན་ནོ། །དམིགས་པ་ལ་རྩེ་གཅིག་ཏུ་བཞག་པའི་སྟོབས་ཀྱིས། ལུས་སེམས་ཤིན་སྦྱངས་ཀྱིི་བདེ་བ་ཁྱད་པར་ཅན་འདྲེན་ཚུལ་ནི་རྗེའི་ལམ་རིམ་ལས་ཤེས་པར་བྱའོ། །གཉིས་པ་བསྒོམ་ཚུལ་ནི། དེ་ལྟར་ཤེས་ནས་སོགས་ཏེ། ཚུལ་དེ་ལྟར་ཤེས་ནས་སྔོན་བྱོན་པའི་རྣལ་འབྱོར་གྱི་དབང་པོ་རྣམས་ཀྱིས་རྣམ་གཡེང་གི་དགྲ་འཇོམས་ཤིང་། དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དུས་རྒྱུན་ཏུ་བསྟེན་པ་ལྟར་བསླབ་བོ། །འདི་ནི་གཙོ་བོ་ཞི་གནས་བསྒོམས་པའི་དབང་དུ་བྱས་ལ། རྗེ་བཙུན་སོགས་སྔར་བཞིན་ནོ། །དྲུག་པ་ལ་གསུམ། ཤེས་རབ་བསྒོམ་ཚུལ། ཞི་ལྷག་ཟུང་དུ་འབྲེལ་ཚུལ། མཉམ་རྗེས་གཉིས་ཀ་སྐྱོང་ཚུལ་ཡན་ལག་དང་བཅས་པའོ། །དང་པོ་ལ་ཁྱད་ཆོས་སམ་ཕན་ཡོན་དང་། བསྒོམ་ཚུལ་གཉིས་ལས། དང་པོ་ནི། ཤེས་རབ་ཟབ་མོའི་དེ་ཉིད་སོགས་བཞི་སྟེ། ཤེས་རབ་ལ་ཇི་ལྟ་བ་རྟོགས་པའི་ཤེས་རབ་སོགས་གསུམ་ཡོད་ཀྱང་། འདིར་གཙོ་བོ་ནི་དང་པོའི་དབང་དུ་བྱས་ནས། ཟབ་དོན་རྟོགས་པའི་ཤེས་རབ་ནི། ཆོས་རྣམས་ཀྱི་ཟབ་མོའི་དེ་ཁོ་ན་ཉིད་ལྟ་བར་བྱེད་པའི་མིག་ལྟ་བུ་དང་། སྲིད་པ་འཁོར་བའི་རྩ་བ་མ་རིག་པ་དྲུང་ནས་འབྱིན་པའི་ལམ་དུ་འགྱུར་ཞིང་། ཡུམ་གྱི་མདོ་སོགས་རྒྱལ་བའི་གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གྱི་གཏེར་ཆེན་པོ་དང་། རྨོངས་པའི་གཏི་མུག་གི་མུན་པ་སེལ་བར་བྱེད་པའི་སྒྲོན་མེ་མཆོག་ཏུ་གྲགས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་ཤེས་ནས་སོགས་ཏེ། ཚུལ་དེ་ལྟར་ཤེས་ནས་ཐར་པ་འདོད་པའི་མཁས་པ་ཡིས་ལམ་དེ་ཉིད་འབད་པ་དུ་མས་རང་རྒྱུད་ལ་བསྐྱེད་པར་མཛད་དོ། །གོང་དུ་བརྗོད་པའི་ཕྱིན་དྲུག་སོ་སོའི་ངོ་བོ། དབྱེ་བ་སོགས་རྒྱས་བར་ནི་འདིར་མང་དུ་དོགས་པས་ལམ་རིམ་ཆེན་མོ་སོགས་ལས་ཤེས་པར་བྱ་ཞིང་། དོན་བསྡུས་པ་ཞིག་ཁོ་བོས་ལམ་རིམ་དམར་འཁྲིད་དུ་བཤད་ཟིན་ཏོ། །གཉིས་པ་ལ་གཉིས་ལས། ཞི་ལྷག་ཟུང་འབྲེལ་བསྒོམ་པའི་དགོས་པ་དང་། བསྒོམ་ཚུལ་དངོས་སོ། །དང་པོ་ནི། རྩེ་གཅིག་བསམ་གཏན་སོགས་བརྒྱད་དེ། དམིགས་པ་ལ་རྩེ་གཅིག་པའི་བསམ་གཏན་ཙམ་ལ་འཁོར་བ་ཡི་རྩ་བ་མ་རིག་པ་རྩད་ནས་གཅོད་པའི་ནུས་པ་མ་མཐོང་ཞིང་། དེ་ལྟ་ནའང་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཞི་གནས་ཀྱི་ལམ་དང་བྲལ་བའི་ཐོས་བསམ་གྱི་ཤེས་རབ་ཀྱིས་ཀྱང་། བདེན་མེད་སོགས་ཀྱི་དཔྱད་དོན་ལ་ཇི་ཙམ་དཔྱད་ཀྱང་ཉོན་མོངས་རྩད་ནས་མི་ལྡོག་པས་ན། སྔོན་གྱི་དམ་པས་དེ་ཁོ་ན་ཉིད་ཀྱི་དོན་ཚུལ་བཞིན་དུ་གོ་བའི་ཡིན་ལུགས་ཀྱི་དོན་ལ་ཕུ་ཐག་ཆོད་པའི་ཤེས་རབ་དེ། དེ་ཁོ་ན་ཉིད་ལ་བྱིང་རྒོད་ཀྱི་རྣམ་རྟོག་གིས་གཡོ་བ་མེད་པའི་ཞི་གནས་ཀྱི་རྟ་ལ་བསྐྱོན་ནས་ནི། རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མའི་རིགས་པ་གཅིག་དུ་བྲལ་ལ་སོགས་བའི་མཚོན་རྣོན་གྱིས་ནི། རྟག་པ་དང་ཆད་པའི་མཐར་འཛིན་གྱི་དམིགས་པའི་གཏད་སོ་བདེན་གྲུབ་ཏུ་བཟུང་བ་ལྟར་བདེན་འཛིན་གྱི་ཞེན་ཡུལ་ཐམས་ཅད་འཇིག་པར་བྱེད་པའི་རིགས་པ་ཡང་དག་པའི་དོན་ལ་ཚུལ་བཞིན་དུ་དཔྱོད་པའི་ཡངས་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད་དོ། །གཉ ིས་པ་ནི། རྩེ་གཅིག་གོམས་པས་སོགས་དྲུག་སྟེ། རང་གི་དམིགས་པ་གང་རུང་ཅིག་ལ་དམིགས་ནས་མི་དཔྱོད་པར་རྩེ་གཅིག་ཏུ་གནས་པ་གོམས་པས་ཏིང་ངེ་འཛིན་འགྲུབ་པར་འགྱུར་བ་ནི་གཞིར་བཅས་ཤིང་སྨོས་པ་ཅི་འཚལ་ཏེ་བརྗོད་མི་དགོས་ཀྱི། དམིགས་པ་ལ་རྩེ་གཅིག་ཏུ་གནས་བཞིན་པའི་ངང་ནས་དོན་ལ་ཚུལ་བཞིན་དུ་དཔྱོད་པ་ཡི་སོ་སོར་རྟོགས་པ་ཡི་ཤེས་རབ་ཀྱིས་ཀྱང་ཡིན་ལུགས་ཀྱི་དོན་ལ་གཡོ་བ་མེད་པར་ཤིན་ཏུ་བརྟན་པར་གནས་པ་ཡི་ཏིང་འཛིན་སྐྱེད་པར་ནུས་པ་བློས་མཐོང་ནས་ཞི་ལྷག་གཉིས་ལས་ཕྱོགས་རེ་ཙམ་མ་ཡིན་བར་ཟུང་འབྲེལ་སྒྲུབ་པར་བྱེད་པ་ལ་བརྩོན་པ་རྣམས་ཡ་མཚན་ཆེའོ། །རང་གི་དམིགས་པ་ལ། གཏོད་དེ་རྩེ་གཅིག་ཏུ་གནས་པ་གོམས་ཀྱང་ཞི་གནས་འགྲུབ་མོད་ལྷག་མཐོང་འགྲུབ་པ་ལ་ནི། དེ་ཙམ་གྱིས་མི་ཆོག་པར་རྩེ་གཅིག་ཏུ་གནས་བཞིན་པའི་ངང་ནས་དཔྱད་སྟོབས་ཀྱིས་ཤིན་སྦྱངས་ཀྱི་བདེ་བ་འདྲེན་ནུས་པ་དང་དགོས་པའི་དོན་ནོ། །གསུམ་པ་ནི། མཉམ་གཞག་ནམ་མཁའ་སོགས་དྲུག་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ལ་མཉམ་པར་བཞག་པའི་མཉམ་གཞག་དགག་བྱ་བདེན་གྲུབ་བཀག་པའི་ནམ་མཁའ་ལྟ་བུའི་སྟོང་ཉིད་སྒོམ་པ་དང་། དེ་ལས་ལངས་ནས་རྗེས་ཐོབ་ཏུ་བདེན་པར་སྣང་ཡང་དེར་མ་གྲུབ་པའི་སྒྱུ་མ་ལྟ་བུའི་སྟོང་པ་ཉིད་གཉིས་པོ་བསྒོམས་ནས། སྦྱིན་པ་ལ་སོགས་པ་ཐབས་དང་། སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས་ཀ་ཟུང་དུ་འབྲེལ་བ་ཡི་སྒོ་ནས་རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བ་ནི་རྒྱལ་དང་དེ་སྲས་རྣམས་ཀྱིས་བསྔགས་སོ། །རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུ་བསྒོམས་པ་ནི་སྟོང་ཉིད་སྒོམ་པ་དངོས་མིན་ནའང་ཕྱོགས་མཐུན་ཡིན་པས་དེར་བཏགས་པ་ཙམ་མོ། །ཇི་སྐད་བཤད་པ་དེ་ལྟར་རྟོགས་ནས་ཐབས་ཤེས་ཕྱོགས་རེ་བའི་ལམ་གྱིས་ནི་ཚིམ་པ་མེད་པ་སྐལ་བཟང་རྣམས་ཀྱི་ལུགས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པ་ལ་བསླབ་ཚུལ་ནི། དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི། སོགས་དྲུག་སྟེ། སྔར་བཤད་པ་དེ་ལྟར་ལམ་བགྲོད་ཚུལ་དེ་ནི། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པའི་ཐེག་ཆེན་གྱི་ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་བའི་ལམ་ཡིན་ལ། དེ་ཇི་ལྟ་བ་བཞིན་རྒྱུད་ལ་བསྐྱེད་དེ། དེ་ནས་སྔགས་ལ་མཁས་པའི་དེད་དཔོན་གྱི་མགོན་རྡོ་རྗེ་སློབ་དཔོན་ལ་བརྟེན་ནས་རྒྱུད་སྡེའི་རྒྱ་མཚོ་ཆེན་པོར་ཞུགས་ནས་མདོ་སྔགས་གཉིས་ཀྱི་ལམ་གྱི་གནད་ཡོངས་སུ་རྫོགས་པའི་མན་ངག་བསྟེན་པའི་གང་ཟག་དེས། དལ་འབྱོར་གྱི་ལུས་རྟེན་འདི་ཐོབ་པ་དོན་དང་ལྡན་པར་བྱས་པ་ཡིན་ནོ། །རྗེ་བཙུན་སོགས་སྔར་ལྟར་རོ། །གསུམ་པ་མཇུག་ནི། རང་གི་ཡིད་ལ་སོགས་དྲུག་སྟེ། རང་གི་ཡིད་ལ་གོམས་པར་བྱ་བའི་ཕྱིར་དང་། དོན་གཉེར་ཅན་གྱིི་སྐལ་བཟང་གཞན་ལའང་ཕན་པར་བྱ་བའི་ཕྱིར་དུ། རྒྱལ་བ་དགྱེས་པའི་ཡོངས་སུ་རྫོགས་པའི་ལམ་མདོར་བསྡུས་ནས། གོ་སླའི་ངག་གིས་བཤད་པའི་དགེ་བ་དེས་ནི། ཕྱོགས་རེ་ཙམ་མ་ཡིན་པར་འགྲོ་བ་ཀུན་ཀྱང་རྣམ་དག་ལམ་བཟང་འདི་དང་། འབྲལ་བ་མེད་པར་གྱུར་ཅིག་ཅེས་ནི་སྨོན་ལམ་འདེབས་སོ། །རྗེ་བཙུན་བླ་མས་སོགས་སམ། རྣལ་འབྱོར་ངས་ཀྱང་སྨོན་ལམ་དེ་ལྟར་བཏབ། །ཐར་འདོད་ཁྱེད་ཀྱང་དེ་བཞིན་འདེབས་འཚལ་ལོ། །ཞེས་པ་གང་བྱས་ཀྱང་དོན་ནི་སླའོ། །འདིའི་འཕྲོར་སྟོན་པ་བླ་ན་མེད་པའི་བསྟན་པ་དང་། །ཞེས་སོགས་ཚིགས་བཅད་གཅིག་དང་། ང་ཡི་བླ་མ་བློ་བཟང་གྲགས་པ་དེ། །ཞེས་སོགས་ཚིགས་བཅད་གཅིག་དང་། །དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །ཞེས་སོགས་ཚིགས་བཅད་གཅིག་སྟེ་ཚིགས་བཅད་གསུམ་འབྱུང་བ་ནི། གཞན་གྱིས་འདོན་ཆ་ལ་ཁ་བཀང་བ་སྟེ། འདིའི་མཇུག་དངོས་མིན་པས་མ་བྲིས་སོ། །ཞེས་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་གྱི་རྣམ་གཞག་མདོར་བསྡུས་ཏེ་བརྗེད་བྱང་དུ་བྱས་པ་འདི་ནི། མང་དུ་ཐོས་པའི་དགེ་སློང་སྤོང་པ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་པའི་གླིང་དུ་སྦྱར་པའོ། །ཞེས་པ་ནི་སླའོ། །འདིར་བྱང་ཆུབ་ལམ་གྱི་རིམ་པའི་གནད་ཚང་བས། འདོན་པའི་ཚེ་དལ་བུས་དོན་ཡིད་ལ་ཤར་བར་བྱས་ན་ལམ་རིམ་གྱི་དོན་བསྡུས་ནས་ཉམས་སུ་བླངས་པར་འགྱུར་ཡང་། ཚིག་ཙམ་ཏོན་པས་ནི་མིན་ནོ། །དེས་ན་འདི་ཁ་ཏོན་བྱེད་པས་ནི། དབྱངས་ཀྱི་སྒྲ་སྙན་པ་ཙམ་ལ་ཆགས་པར་མི་བྱའོ། །འདིར་ཉམས་སུ་ལེན་ཚུལ་རྒྱས་པར་ལམ་རིམ་དང་སྦྱར་ནས་འཆད་ནུས་ནའང་མང་དུ་དོགས་ཤིང་། དམིགས་སྐོར་ཞིག་ལོགས་སུ་བྲིས་ཡོད་པར་རྒྱས་པར་མ་བཤད་ལ། ཚིག་དོན་རྫོགས་པར་སྔར་གཞན་གྱིས་བཀྲལ་བ་མ་མཐོང་ཡང་རང་བློས་ཅི་ནུས་ཀྱིས་བཀྲལ་བའོ། །སྨྲས་པ། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །ཉམས་སུ་ལེན་པའི་རིམ་པར་རབ་བསྒྲིལ་བ། །བྱང་ཆུབ་བགྲོད་པའི་ལམ་གྱི་རིམ་པ་འདི། །ཐུབ་བསྟན་རྒྱལ་མཚན་རྩེ་ན་ནོར་བུ་བཞིན། །དེ་ཕྱིར་ཚུལ་འདིར་ཉམས་ལེན་ཕྱོགས་ཙམ་ཞིག །བགྱིས་པ་ཡིས་ཀྱང་སྐལ་བར་ལྡན་འགྱུར་ན། །ཇི་སྐད་བཤད་བཞིན་རྫོགས་པར་ཉམས་ལེན་དུ། །བསྟན་པ་གང་ཡིན་ངོ་མཚར་ཅིས་མི་ཆེ། །གཞུང་དོན་ཆ་ཤས་ཡོངས་རྫོགས་ཀུན་དའི་གཉེན། །ཐུབ་བསྟན་ལྷ་ལམ་མཛེས་པར་བྱ་ཕྱིར་དང་། །འགྲོ་འདིའི་ཁམས་ཀྱི་སྒྲིབ་མུན་བསལ་བའི་ཆེད། །ལྷག་བསམ་དག་པའི་མགྱོགས་འགྲོའི་ཤུགས་ཀྱིས་དྲངས། །འདིར་འབད་འོ་མ་ལས་འཁྲུངས་རྣམ་དཀར་གྱི། །དགེ་ལེགས་བདུད་རྩིས་དོན་གཉེར་ལྡན་པ་ཡི། །འཆི་མེད་ཡིད་ཀྱི་རེ་བ་ཡོངས་རྫོགས་ཏེ། །གཏན་བདེ་སྲོག་གི་ཉེར་འཚོར་འགྱུར་བར་ཤོག །ཅེས་བྱང་ཆུབ་ལམ་གྱི་རིམ་པའི་བསྡུས་དོན་གྱི་ཚིག་འགྲེལ་སྙིང་པོ་མདོར་བསྡུས་གསལ་བ་ཞེས་བྱ་བ་འདི་ནི། །དད་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་ཁྱའོ་ལུང་དཀའ་བཅུ་པ་བློ་བཟང་བསམ་འགྲུབ་ཀྱིས་བསྐུལ་བའི་ངོར། ཤཱཀྱ་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་འཕྲལ་དུ་མགྱོགས་ལས་སུ་བྲིས་པ་སྟེ། ཕྱིས་པར་དུ་བརྐོ་བའི་ཚེ་ཡི་གེ་བའང་བསྐུལ་པ་པོ་ཉིད་དོ། །འདིས་ཀྱང་རྒྱལ་པའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་གྱུར་ཅིག། །། །།

མངོན་རྟོགས་རྒྱན་གྱི་ཊིཀྐ་བཤད་བསྒྲིགས་སུ་བྱས་པ་ལས་སྐབས་དང་པོའི་ཚིག་འགྲེལ།

མངོན་རྟོགས་རྒྱན་གྱི་ཊིཀྐ་བཤད་བསྒྲིགས་སུ་བྱས་པ་ལས་སྐབས་དང་པོའི་ཚིག་འགྲེལ་བཞུགས།

ན་མོ་ཨཱ་ཪྱ་མཻ་ཏྲི་ཡི། །ལྷར་བཅས་འགྲོ་བའི་སྟོན་པ་ཤཱཀྱའི་ཏོག །ས་བཅུའི་དབང་ཕྱུག་རྒྱལ་ཚབ་འཇམ་པའི་དབྱངས། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་སོགས། །འཛམ་གླིང་རྒྱན་གྱུར་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་སྲས་སྨྲ་བའི་ཁྱུ་མཆོག་སཻདྒ་བཟང་། །རྒྱལ་པའི་དམ་ཆོས་ཀུན་འཛིན་ཙོང་ཁ་པ། །རྒྱལ་ཚབ་མཁས་གྲུབ་རྗེ་བཙུན་བསྟན་དར་སོགས། །དམ་པའི་བཤེས་གཉེན་རྣམས་ལ་གུས་བཏུད་ནས། །ཤེར་ཕྱིན་རྒྱ་མཚོའི་སྦས་དོན་རིན་ཆེན་གྱི། །བཞིན་རས་རྒྱན་གྱི་མེ་ལོང་ཡ ངས་པའི་ངོས། །འཆར་ཀུན་གསལ་བར་སྟོན་པའི་ཐབས་ཀྱི་མཆོག །ཊིཀྐ་སྣང་བྱེད་སྒྲོན་མེ་སྦར་བར་བྱ། །དེ་ལ་འདིར་རང་ཅག་རྣམས་ཀྱི་སྟོན་པ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་འདྲེན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས། ལུས་ཅན་མཐའ་དག་སངས་རྒྱས་ཀྱི་གོ་འཕང་མཆོག་ལ་འགོད་པའི་ཆེད་དུ། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་བླ་མེད་བྱང་ཆུབ་མངོན་དུ་མཛད་ནས། གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཞིང་། དེ་ལས་བརྗོད་བྱའི་ངོས་ནས་རབ་དང་ཕུལ་དུ་གྱུར་པ་ནི། རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་གསུམ་པོ་འདི་ཉིད་ཡིན་ཏེ། འདིའི་བསྟན་དོན་ལ་དངོས་བསྟན་སྟོང་ཉིད་གཙོ་བོར་སྟོན་པའི་རིམ་པ་དང་། སྦས་དོན་མངོན་རྟོགས་སྟོན་པའི་རིམ་པ་གཉིས་སུ་ཡོད་པ་ལས། དང་པོའི་དབང་དུ་བྱས་ནས་དཔལ་དགོན་འཕགས་པ་ཀླུ་སྒྲུབ་ཀྱིས། རྩ་བ་ཤེས་རབ་ལ་སོགས་པ་དབུ་མ་རིགས་པའི་ཚོགས་དྲུག་མཛད། ཕྱི་མ་གཙོ་བོར་འགྲེལ་བ་ལ། རྗེ་བཙུན་བྱམས་པ་མགོན་པོས་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་སོགས་མཛད་པའི་ཕྱིར། དེ་གཉིས་ཀྱི་ནང་ནས་ཕྱི་མའི་དགོངས་པ་གཙོ་བོར་འགྲེལ་བའི་དབང་དུ་བྱས་ན། དེ་ཡང་རྒྱལ་བས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་ཐོགས་མེད་ཅེས་བྱ་བ་དེ་ཉིད་ཀྱིས་རྗེ་བཙུན་བྱམས་མགོན་བསྒྲུབས་པས་ཞལ་གཟིགས་ཏེ །ཡུམ་གྱི་མདོའི་ཚིག་དོན་མ་ལུས་པ་རྫོགས་པར་གསན་ཞིང་། རྗེ་བཙུན་གྱིས་ཀྱང་ཕྱིས་རབས་ཀྱི་གདུལ་བྱའི་དོན་དུ་ཤེར་ཕྱིན་གྱི་མདོའི་སྦས་དོན་ཐམས་ཅད་ཕྱིན་ཅི་མ་ལོག་པ་རྫོགས་པར་འགྲེལ་པར་བྱེད་པའི་བསྟན་བཅོས་ཆེན་པོ་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་འདི་ཉ ིད་མཛད་ནས་གནང་བས། སླར་འཛམ་བུ་གླིང་དུ་བྱོན་ཏེ་དགོངས་འགྲེལ་གྱི་བསྟན་བཅོས་མཛད་པ་སོགས་ཀྱི་སྒོ་ནས་དར་རྒྱས་སུ་མཛད་ལ་འདིར་གང་བཤད་པར་བྱ་བའི་ཆོས་ཀྱང་དེ་ཉིད་ཡིན་ཏེ། ཤེར་ཕྱིན་གྱི་མདོའི་བརྗོད་བྱ་ཟབ་པ་དང་རྒྱ་ཆེ་བའི་ཕྱོགས་གཉིས་མ་ལུས་པ་མངོན་སུམ་དུ་གཟིགས་པ་ནི་སངས་རྒྱས་ཉག་ཅིག་ཡིན་ཡང་། རྗེ་བཙུན་འདི་ཉིད་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་རང་གི་རྒྱལ་ཚབ་དུ་དབང་བསྐུར་ཞིང་། ཡུམ་གྱི་མདོའི་དགོངས་པ་རྫོགས་པར་འགྲེལ་བ་ལ་བཀའི་གནང་བ་དངོས་སུ་ཐོབ་པར་མ་ཟད། ཐུན་མོང་མ་ཡིན་པར་ངེས་པའི་དོན་ཉིད་དུ་རྗེ་བཙུན་འདིས་སངས་རྒྱས་ཀྱི་གོ་འཕང་བརྙེས་པས་རང་སྟོབས་ཀྱིས་ཀྱང་ཡུམ་གྱི་མདོའི་དགོངས་པ་མཐའ་དག་ཕྱིན་ཅི་མ་ལོག་པར་འགྲེལ་ནུས་པའི་ཕྱིར། གལ་ཏེ་འདིར་རྒྱན་གྱི་མཚན་ལ་བསྟན་བཅོས་ཞེས་འབྱུང་བས་རྗེ་བཙུན་ཉིད་བྱང་སེམས་དངོས་མིན་ནམ་ཞེ་ན། སྐྱོན་མེད་དེ། བསྟན་བཅོས་ཀྱི་སྒྲ་བཤད་དུ་ཡོད་པ་ལ་དགོངས་ཞིང་། གདུལ་བྱ་ཐུན་མོངས་བ་རྣམས་རྗེས་སུ་གཟུང་བའི་ཆེད་དུ་རྗེ་བཙུན་ཉིད་བྱང་སེམས་ཀྱི་ཚུལ་བསྟན་པའི་དབང་དུ་བྱས་ནས་རེ་ཞིག་དེ་ལྟར་དུ་ཁས་ལེན་པ་མི་འགལ་བའི་ཕྱིར། དེས་ན་བསྟན་བཅོས་འདིའི་ཚིག་དོན་འཆད་པར་བྱེད་པ་ལ། སྔོན་དུ་འགྲོ་བ་སྤྱིའི་རྣམ་གཞག་བཤད་པ་དང་། སྐབས་སུ་བབས་པའི་གཞུང་དོན་སོ་སོར་བཤད་པ་དང་གཉིས། དང་པོ་ལ། རྒྱལ་བའི་བསྟན་པ་ཉིད་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་ནས་དེ་ལ་འཇུག་པའི་ཚུལ་བཤད་པ་དང་། རྒྱན་གྱི་མདོ་འཆད་པའི་བཤད་ཐབས་ཇི་ལྟར་ཡིན་པའི་ཚུལ་བཤད་པ་དང་བཅས་པ་གཉིས། དང་པོ་ནི། ཐར་འདོད་ཀྱི་སྐྱེས་བུ་རྣམས་ཀྱི་འཇུག་ངོགས་བླ་ན་མེད་པ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་ཡང་རྒྱལ་བ་དང་དེས་བསྟན་པའི་ཆོས་དང་དེ་སྒྲུབ་པའི་དགེ་འདུན་རྣམས་ལ་སྐྱབས་སུ་སོང་བའི་སྒོ་ནས་དེའི་བསྟན་པ་ལ་འཇུག་རིགས་པ་ཡིན་ཏེ། སྤེལ་མར་བསྟོད་པ་ལས། དེ་རིང་གང་ལ་སྐྱབ་སུ་མཆི། །གང་ལ་ཉེས་པ་ཐམས་ཅད་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །གང་ཞིག་ལ་ནི་ཡོན་ཏན་ཀུན། །རྣམ་པ་ཀུན་ཏུ་གནས་གྱུར་པ། །གལ་ཏེ་སེམས་ཞིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེའི་བསྟན་ལ་གནས་པར་རིགས། །ཞེས་གསུངས་པའི་ཕྱིར། འཇུག་བྱ་རྒྱལ་བའི་བསྟན་པ་དེ་ལ་གཉིས་ཡོད་དེ། ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས་ཡོད་པའི་ཕྱིར། དེ་གཉིས་ལ་འཇུག་པའི་ཚུལ་ཡོད་དེ། ལུང་གི་བསྟན་པ་ལ་འཆད་ཉན་དང་འབྲེལ་བའི་ཐོས་བསམ་གྱི་སྒོ་ནས་འཇུག་པ་དང་། རྟོགས་པའི་བསྟན་པ་ལ་ཉམས་ལེན་དང་འབྲེལ་བའི་སྒྲུབ་པའི་སྒོ་ནས་འཇུག་དགོས་པའི་ཕྱིར། བསྟན་པ་གཉིས་འཛིན་པ་ཡང་ཚུལ་དེ་གཉིས་ཀྱི་སྒོ་ནས་ཡིན་ཏེ། དེ་སྐད་དུའང་མཛོད་ལས། སྟོན་པའི་དམ་ཆོས་རྣམས་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པའི་ཕྱིར། ལུང་གི་བསྟན་པ་ལ་ཐོས་བསམ་གྱིས་འཇུག་ཚུལ་ཡོད་དེ། སྡེ་སྣོད་དགོངས་འགྲེལ་དང་བཅས་པ་ཅི་རིགས་དང་པོར་གཞན་ལ་ཐོས་ནས་གཞན་སྟོབས་ཀྱིས་ངེས་པར་བྱེད་པའི་ཚུལ་གྱིས་འཇུག་པ་ཐོས་པའི་སྒོ་ནས་འཇུག་པ་ཡིན་ལ། དེ་ནས་དེའི་དོན་རང་སྟོབས་ཀྱིས་ངེས་པར་བྱེད་པ་ནི་བསམ་པའི་སྒོ་ནས་འཇུག་ཚུལ་ཡིན་པའི་ཕྱིར། རྟོགས་པའི་བསྟན་པ་ལ་སྒྲུབ་པའི་སྒོ་ནས་འཇུག་ཚུལ་ཡོད་དེ། བསླབ་གསུམ་ཡན་ལག་དང་བཅས་པ་ཅི་རིགས་རང་རྒྱུད་ལ་བསྟེན་ནས་གཞུང་དོན་ལ་ཡང་ཡང་དཔྱོད་ཅིང་འདྲིས་པ་དང་དེ་ལ་ཡིད་རྩེ་གཅིག་ཏུ་གནས་པར་བྱེད་པ་དང་། འགའ་ཞིག་ལ་འདོར་ལེན་ཚུལ་ཞིན་དུ་བྱེད་པའི་སྒོ་ནས་འཇུག་པའི་ཕྱིར། གཉིས་པ་ནི། རྗེ་བཙུན་གྱི་མདོའི་དོན་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་བཤད་པ་ཡིན་ཏེ། དགོས་དོན། བསྡུས་དོན། ཚིག་དོན། འཚམས་སྦྱར། བརྒལ་ལན་དང་ལྔའི་སྒོ་ནས་འཆད་པར་བྱེད་པའི་ཕྱིར། དེ་ཡང་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེད་ཉིད་ལམ། །ཞེས་སོགས་ཀྱིས་དགོས་དོན་དང་། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་པ་ནས། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཞེས་པའི་བར་དང་། མཚན་ཉིད་དེ་ཡི་སྦྱོར་བ་དང་། །ཞེས་པ་ནས་དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཞེས་པའི་བར་གྱི་བསྡུས་དོན་དང་། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པ་ནས། རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཞེས་པའི་བར་གྱི་ཚིག་དོན་དང་། དེ་ནས་ཐམས་ཅད་ཤེས་པ་ཉིད། །ཞེས་པ་ནས། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཞེས་པས་འཚམས་སྦྱར་དང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་སོགས་དང་། དེ་ལ་ཀླན་ཀ་སྤངས་པ་ཡིས། །ཞེས་སོགས་དང་། དངོས་པོ་བརྗོད་དུ་མེད་པ་ལ། །ཞེས་སོགས་དང་། འགོག་པ་མེད་པའི་རང་བཞིན་ལ། །ཞེས་སོགས་ཀྱིས་བརྒལ་ལན་གྱི་སྒོ་ནས་བཤད་ཅིང་འཚམས་སྦྱར་ཕལ་ཆེར་ཤུགས་ལ་བསྟན་པའི་ཕྱིར། བཤད་ཐབས་དེ་ལྟར་བསྟན་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། དགོས་དོན་གྱིས་དགོས་པ་དང་། བསྡུས་དོན་གྱིས་ལམ་གྱི་ལུས་དང་། ཚིག་དོན་གྱིས་མཐའ་ཆོད་པ་དང་། འཚམས་སྦྱར་གྱིས་སྔ་ཕྱིའི་འབྲེལ་དང་། བརྒལ་ལན་གྱིས་འགལ་མེད་དུ་ཤེས་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར་ཏེ། དེ་ལྟར་ཡང་རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བ་རྣམས་ལ་ནི། །མན་ངག་སྦྱིན་ཅུང་ཟད་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་འཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་དང་། ཐོག་མར་དགོས་པ་བརྗོད་པར་བྱ། །དེ་སྒྲུབ་དེ་ནི་བསྡུས་དོན་ལ། །བསྡུས་པའི་དོན་ནི་ཚིག་དོན་ལས། །གོ་རིམ་རིགས་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་སྐབས་སུ་བབས་པའི་གཞུང་དོན་སོ་སོར་བཤད་པ་ལ། ཀླད་ཀྱི་དོན། གཞུང་གི་དོན། འཇུག་གི་དོན་བཤད་པ་དང་གསུམ། དང་པོ་ལ། མཚན་གྱི་དོན་དང་། འགྱུར་གྱི་ཕྱག་བཤད་པ་དང་གཉིས། དང་པོ་ལ། མཚན་བསྒྱུར་བ་དང་མཚན་བཤད་པ་གཉིས། དང་པོ། བསྟན་བཅོས་འདིའི་མཚན་ལ་ཅི་བྱ་ཞེ་ན། དེ་ཡང་རྒྱ་གར་གྱི་སྐད་དུ་ཨ་བྷི་ས་མ་ཡ་ཞེས་སོགས་སུ་འབོད་པ་ཡིན་ཏེ། བོད་སྐད་དུ་དེ་ལ་ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པ། ཨ་ལང་ཀ་ར་ནི། རྒྱན། ནཱ་མ་ནི་ཞེས་བྱ་བ། པྲཛྙཱ་ནི་ཤེས་རབ། པཱ་ར་མི་ཏ་ནི་ཕ་རོལ་ཏུ་ཕྱིན་པ། ཨུ་པ་དེ་ཤ་ནི་མན་ངག །ཤཱསྟྲ་ནི་བསྟན་བཅོས་ལ་འཇུག་པའི་ཕྱིར། གཉིས་པ་ལ། བསྟན་བཅོས་འདི་ཆོས་ཅན་ཁྱོད་ཀྱི་མཚན་ལ་དེ་ལྟར་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་གྱི་དོན་རྟོགས་པར་བྱེད་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིིན་པའི་མན་ངག །འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པ་ན་བསྟན་བཅོས། དོན་མངོན་པར་རྟོགས་པ་བརྒྱད་གསལ་བར་སྟོན་པས་ན་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ཡིན་པའི་ཕྱིར། འདིར་རྒྱན་གྱི་དོན་གཙོ་བོར་གསལ་བྱེད་ཀྱི་རྒྱན་ལ་བྱེད་པ་ཡིན་ཏེ། སྐྱེས་བུའི་ལུས་བཟང་པོ་རྒྱན་གྱིས་སྤྲས་པ་གསལ་བྱེད་མེ་ལོང་ནང་དུ་ཤར་བ་དགའ་བ་བསྐྱེད་པ་ལྟར་ཡུམ་གྱི་ལུས་བཟང་པོ་ལ་མཛེས་བྱེད་དོན་བདུན་ཅུས་སྤྲས་པ་གསལ་བྱེད་བསྟན་བཅོས་འདིར་སྣང་བས་མཁས་པ་རྣམས་དགའ་བ་བསྐྱེད་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། །གཉིས་པ་འགྱུར་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་གསུངས། ངག་དོན་ནི ཤེས་བྱ་ཆོས་ཅན། འགྱུར་གྱི་ཕྱག་ཡོད་དེ། མ་རིག་པའི་གཉིད་སངས་ཤིང་ཤེས་བྱ་ལ་བློ་རྒྱས་པའི་སངས་རྒྱས་དང་། རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་བ་ཡིན་པའི་ཕྱིར། གཉིས་པ་གཞུང་དོན་བཤད་པ་ལ། བཤད་པ་ལ་འཇུག་པ་དང་། བཤད་པ་ཉིད་ཉེ་བར་དགོད་པ་དང་གཉིས། དང་པོ་ལ། མཆོད་པར་བརྗོད་པ་དང་། བཤད་པར་དམ་བཅས་པ་དང་གཉིས། དང་པོ་དེ་ཉིད་འཆད་པར་བྱེད་པ་ལ། ཉན་ཐོས་ཞི་བ་འཚོལ་རྣམས། ཞེས་པ་ནས། ཡུམ་དེ་ལ་ཕྱག་འཚལ་ལོ། ཞེས་པའི་བར་གསུང་། འདིའི་དོན་ལ་ཡུམ་མཁྱེན་གསུམ་ལ་བསྟོད་པ་དང་དེ་ལ་ཕྱག་འཚལ་བ་དང་གཉིས། དང་པོ་ནི། རིགས་ཅན་གསུམ་ལས་རྟེན་ཉན་ཐོས་རང་སངས་རྒྱས་རང་དོན་དུ་སྡུག་ཀུན་སྤངས་པའི་ཞི་བ་མྱང་འདས་འཚོལ་བ་པོ་རྣམས་ཆོས་ཅན། ཁྱོད་འབྲས་བུ་སྡུག་ཀུན་ཉེ་བར་ཞི་བའི་ཉེར་ཞིར་འཁྲིད་པའི་ཐབས་ཡོད་དེ། གང་ཟག་གི་བདག་མེད་རྟོགས་པའི་ཀུན་ཤེས་དེ་གཞི་ཤེས་གང་ཡིན་པའི་ཐབས་དེ་ཉིད་ཀྱིས་འཁྲིད་པར་མཛད་པའི་ཕྱིར། རྟེན་འགྲོ་ལ་ཕན་བསྒྲུབ་པར་བྱེད་པའི་བྱང་འཕགས་རྣམས་ཆོས་ཅན། ཁྱོད་ཀྱིས་འབྲས་བུ་འཇིག་རྟེན་གདུལ་བྱ་རིགས་ཅན་གསུམ་གྱི་དོན་སྒྲུབ་པའི་ཐབས་ཡོད་དེ། ལམ་གསུམ་བདག་མེད་པར་རྟོགས་པའི་ལམ་ཤེས་གང་ཡིན་པའི་ཐབས་དེ་ཉིད་ཀྱིས་འཁྲིད་པར་མཛད་པའི་ཕྱིར། རྟེན་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཅན། ཁྱོད་ཀྱི་འབྲས་བུ་བརྗོད་བྱ་རྣམ་པ་ཀུན་དང་ལྡན་པའི་སྡེ་སྣོད་རིན་པོ་ཆེ་སྣ་ཚོགས་པ་འདི་གསུངས་པའི་ཐབས་ཡོད་དེ། ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་ཀྱི་རྣམ་པ་ཐམས་ཅད་བདག་མེད་རྟོགས་པའི་རྣམ་མཁྱེན་གང་དང་ཡང་དག་ལྡན་པའི་ཐབས་དེ་ལ་བརྟེན་ནས་བསྐོར་བའི་ཕྱིར། མཁྱེན་གསུམ་ཆོས་ཅན། འཕགས་བཞིའི་བཞེད་དོན་སྒྲུབ་ནུས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། རང་སྲས་ཉན་ཐོས་འཕགས་པ་དང་བྱང་སེམས་འཕགས་པའི་ཚོགས་དང་བཅས་བ་སྟེ་རང་རྒྱལ་དང་སངས་རྒྱས་འཕགས་པ་རྣམས་ཀྱི་བཞེད་དོན་སྒྲུབ་པའི་ཡོན་ཏན་རྣམས་དང་ལྡན་པའི་ཕྱིར། གཉིས་པ་ནི། རྗེ་བཙུན་ཆོས་ཅན། ཁྱོད་ཀྱིས་རྒྱན་རྩོམ་པའི་ཐོག་མར་ཡུམ་མཁྱེན་གསུམ་ལ་ཕྱག་འཚལ་བ་ཡིན་ཏེ། རང་དོན་དང་གཞན་དོན་གྱི་དགོས་པ་གཉིས་ཀྱི་སྒོ་ནས་གུས་པར་འདུད་པའི་ཕྱིར། གལ་ཏེ་ཚིག་རྐང་གསུམ་པའི་གང་ཞེས་པ་སྤྱི་སྒྲ་ཡིན་པས་བྱེ་བྲག་རྣམ་མཁྱེན་ལ་ཇི་ལྟར་གོ་ཞེ་ན། དེ་རྣམ་མཁྱེན་ལ་གོ་བར་ཐལ། སྤྱི་སྒྲ་ཡིན་ཀྱང་མཁྱེན་གསུམ་བསྟོད་པའི་སྐབས་དང་། ཐུབ་རྣམས་ཞེས་པའི་ཚིག་དང་འབྲེལ་བས་དེ་ལ་གོ་བའི་ཕྱིར། ཁ་ཅིག་ཚིགས་རྐང་དང་བར་གཉིས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། རྒྱུ་ལམ་ཤེས་མེད་གསུང་བ་ནི་མི་འཐད་དེ། ཉན་རང་གཉིས་ཉེར་ཞིར་འཁྲིད་པའི་ཐབས་ལ་ནི་རང་རྒྱུད་ཀྱི་གཞི་ཞེས་དགོས་ཤིང་། བྱང་འཕགས་རྣམས་ཀྱིས་རང་རྒྱུད་ཀྱི་ལམ་ཤེས་ལ་བརྟེན་ནས་རིགས་ཅན་གསུམ་གྱི་དོན་སྒྲུབ་བར་མཛད་པའི་ཕྱིར་ཏེ། དེ་རྣམས་ཀྱི་རང་རྒྱུད་ཀྱི་ལམ་ལ་མ་བརྟེན་པར་འབྲེལ་མེད་གཞན་ཞིག་ལ་བརྟེན་ནས་དེ་ལྟར་མི་ནུས་པའི་ཕྱིར། དེས་ན་ཚིག་རྐང་དང་བར་གཉིས་ཀྱིས་རིམ་པ་བཞིན་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། རྒྱུ་ལམ་ཤེས་དངོས་སུ་བསྟན་པར་འདོད་དགོས་ཏེ། གཞན་དུ་དོན་མེད་ཀྱི་ཚིག་ཙམ་ཞིག་ཏུ་འགྱུར་བའི་ཕྱིར། འོ་ན། འདིར་བསྟན་བཅོས་ལུས་ཀྱི་རིམ་པ་དང་མི་མཐུན་པར་དང་པོར་གཞི་ཤེས་དེ་ལ་བསྟོད་པ་ཅི་ཡིན་ཞེ་ན། དེ་ལྟར་བསྟོད་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་ལམ་ཉམས་ལེན་གྱི་རིམ་པ་དང་མཐུན་པར་བསྟོད་པའི་ཕྱིར། དེའི་ཆེད་དུ་བྱ་བའི་གདུལ་བྱས་རྣམ་མཁྱེན་ཐོབ་པ་ལ། ལམ་ཤེས་རང་རྒྱུད་ལ་བསྐྱེད་པ་སྔོན་དུ་འགྲོ་དགོས་ཤིང་། དེའི་སྔོན་དུ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་བསམ་པ་སྦྱོང་དགོས་པའི་རིམ་པ་དང་མཐུན་པར་བསྟོད་པའི་ཕྱིར། དེ་ཡང་ཡིན་ཏེ། འཁོར་བ་སྤྱི་དང་བྱེ་བྲག་ལས་ཐར་འདོད་མེད་ན་ནི་ལམ་ཤེས་མི་སྐྱེ་ལ། དེ་མ་སྐྱེས་ན། འབྲས་བུ་རྣམ་མཁྱེན་འཐོབ་བར་མི་འགྱུར་པའི་ཕྱིར། གཉིས་པ་བཤད་པ་ཉེ་བར་དགོད་པ་ལ། དགོས་དོན་དང་། །བསྡུས་དོན་དང་། ཚིག་དོན་བཤད་པ་དང་གསུམ། དང་པོ་དེ་ཉིད་སྟོན་པ་ལ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་པ་ནས། བྱ་བ་བརྩམས་པའི་དགོས་པ་ཡིན། །ཞེས་པའི་བར་གསུང་། ངག་དོན་ནི། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཆོས་ཅན། ཁྱོད་བརྩམས་པ་ལ་ཡུམ་གྱི་མདོ་དང་ཟློས་པའི་སྐྱོན་མེད་ཅིང་དགོས་པ་ཡོད་དེ། ཁྱོད་ལ་བརྟེན་ནས་ཡུམ་གྱི་མདོའི་དོན་བདེ་བླག་ཏུ་རྟོགས་པ་ཞེས་བྱ་བ་དེ་ཁྱོད་བརྩམས་པའི་དགོས་པ་ཡིན་པའི་ཕྱིར། བསྟན་བཅོས་འདི་ཆོས་ཅན། དགོས་པ་ཁྱད་པར་ཅན་དང་ལྡན་ཏེ། ཁྱོད་ལ་བརྟེན་ནས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ཡི་བདག་ཉིད་ཅན་གྱི་མདོ་རྒྱས་འབྲིང་བསྡུས་གསུང་གྱི་དོན་ཐོས་བསམ་གྱི་དྲན་པ་ལ་བཞག་ནས་བློ་གྲོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར། འདི་ཆོས་ཅན། བརྗོད་བྱ་ཁྱད་པར་ཅན་དང་ལྡན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཀྱིས་མངོན་སུམ་དུ་གཟིགས་ཤིང་། དེར་བསྒྲོད་པའི་ལམ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་གནས་སྐབས་དོན་མངོན་པར་རྟོགས་པ་བརྒྱད་དུ་ཕྱེ་བ་སྟོན་པས་ཡུམ་རྒྱས་འབྲིང་བསྡུས་གསུམ་པོ་འདི་ལས་བཤད་པ་གང་ཡིན་པ་དེ་ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། ཁྱོད་ཀྱི་བརྗོད་བྱའི་རིམ་པ་དེ་རྣམས་ཆོས་ཅན། གང་ཟག་གང་ཡང་རུང་བས་རྫོགས་བར་ཉམས་སུ་མྱོང་བ་མ་ཡིན་ཏེ། ཕྱི་རོལ་པ་དང་ཉན་རང་ལ་སོགས་པས་གཞན་གྱི་རང་ལམ་ནས་རྫོགས་པར་ཉམ་སུ་ལེན་མི་ནུས་པའི་ཕྱིར། གཉིས་པ་བསྡུས་དོན་བཤད་པ་ལ། ལུས་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་གཉིས། དང་པོ་ལ། འཆད་བྱ་འཆད་བྱེད་མདོར་བསྟན་པ་དང་། འཆད་བྱེད་ཀྱི་རྐང་གྲངས་བཤད་པ་དང་གཉིས། དང་པོ་ལ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་གསུང་། ངག་དོན་ནི། བསྟན་བཅོས་འདི་ཆོས་ཅན། ཁྱོད་ཀྱིས་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་ཀྱི་དོན་ནི་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པ་ཡིན་ཏེ། ཁྱོད་ཀྱིས་བརྗོད་བྱེད་ལ་སྐབས་བརྒྱད་དང་བརྗོད་བྱ་ལ་དངོས་པོ་བརྒྱད་དུ་ཕྱེ་བ་དེ་ཉིད་ཀྱིས་ཡང་དག་པར་བཤད་པའི་ཕྱིར། གཉིས་བ་འཆད་བྱེད་ཀྱི་རྐང་གྲངས་ངོས་བཟུང་ནས་འཆད་པར་བྱེད་པ་ལ། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །ཞེས་པ་ནས། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་པའི་བར་གསུང་། འདི་ལ་ཚིག་དོན་དང་། སོ་སོའི་མཚན་ཉིད་དབྱེ་བ་སོགས་བཤད་པ་དང་གཉིས། དང་པོ་ལ། ངག་དོན་ནི། ཤེས་བྱ་ཆོས་ཅན། མཁྱེན་པ་གསུམ་ཡོད་དེ། ཤེས་བྱའི་རྣམ་པ་ཀུན་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་ཉིད་དང་། ཐེག་པ་གསུམ་གྱི་ལམ་ཤེས་པའི་ལམ་ཤེས་ཉིད་དང་། དེ་ནས་མི་རྟག་ལ་སོགས་བཅུ་དྲུག་པོ་ཐམས་ཅད་ཤེས་པའི་གཞི་ཤེས་ཉིད་དང་གསུམ་ཡོད་པའི་ཕྱིར །དེ་ཆོས་ཅན། སྦྱོར་བ་བཞི་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་རྣམ་རྫོགས་སྦྱོར་བ་དང་། དེའི་རྣམ་པ་སྒོམ་པ་ལ་གོམ་པ་དབང་དུ་གྱུར་པའི་རྩེ་མོར་ཕྱིན་པའི་རྩེ་སྦྱོར་དང་། དེའི་རྣམ་པ་སྒོམ་པ་ལ་བརྟན་པ་ཐོབ་པ་མཐར་གྱིས་སྦྱོར་བ་དང་། སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བའི་སྐད་ཅིག་མའི་སྦྱོར་བ་དང་བཞི་ཡོད་པའི་ཕྱིར། དེ་ཆོས་ཅན། མཐར་ཐུག་འབྲས་བུ་ཆོས་སྐུ་ཡོད་དེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང་བཅས་པ་དེ་ལྟར་ན་གྲངས་རྣམ་པ་བརྒྱད་ཡོད་པའི་ཕྱིར། གཉིས་པ་ལ། འདིར་རྣམ་མཁྱེན་གྱི་མཚན་ཉིད་ཡོད་དེ། ཆོས་བཅུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་དེ་སྐབས་འདིར་བསྟན་པའི་རྣམ་མཁྱེན་གྱི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གཉིས་ཡོད་དེ། ཇི་ལྟ་ཇི་སྙེད་མཁྱེན་པའི་རྣམ་མཁྱེན་གཉིས་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། སངས་རྒྱས་ཀྱིས་ས་ཁོ་ན་ལ་ཡོད་པའི་ཕྱིར། ལམ་ཤེས་ཀྱི་མཚན་ཉིད་ཡོད་དེ། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ་ལཾ་ཤེས་གྱི་མཚན་ཉིད་ཡིན་པའི་ཕྱིར། དེ་ལ་དབྱེ་ན་གཉིས་ཡོད་དེ། རྒྱུ་དང་འབྲས་བུའི་ལམ་ཤེས་གཉིས་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་གྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པའི་ཕྱིར། གཞི་ཤེས་ཀྱི་མཚན་ཉིད་ཡོད་དེ། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་དང་། །ཐེག་དམན་འཕགས་པའི་མཁྱེན་པ་གང་རུང་གིས་བསྡུས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གཉིས་ཡོད་དེ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་གཉིས་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཉན་ཐོས་ཀྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པའི་ཕྱིར། རྣམ་རྫོགས་སྦྱོར་བའི་མཚན་ཉིད་ཡོད་དེ། མཁྱེན་གསུམ་གང་རུང་གི་རྣམ་པ་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བས་རྫོགས་པར་བསྒོམ་པའི་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་དུ་མ་ཡོད་དེ། བརྒྱ་བདུན་ཅུ་རྩ་གསུམ་ཡོད་པའི་ཕྱིར་། ས་མཚམས་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་ཡོད་པའི་ཕྱིར། རྩེ་སྦྱོར་གྱི་མཚན་ཉིད་ཡོད་དེ། ཐེག་ཆེན་སྦྱོར་ལམ་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་མཁྱེན་གསུཾ་གང་རུང་གི་རྣམ་པ་ཉམས་སུ་ལེན་པའི་སེམས་དཔའི་ཡེ་ཤེས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དེ་ལ་དབྱེ་ན་བཞི་ཡོད་དེ། སྦྱོར་ལམ་རྩེ་སྦྱོར་ནས་བར་ཆད་མེད་པའི་རྩེ་སྦྱོར་གྱི་བར་བཞི་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་དུ་ཡོད་པའི་ཕྱིར། མཐར་གྱིས་སྦྱོར་བའི་མཚན་ཉིད་ཡོད་དེ། མཁྱེན་གསུམ་གང་རུང་གི་རྣམ་པ་ལ་བརྟན་པ་ཐོབ་ཕྱིར་དུ་བསྒོམ་པའི་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་དེ་དེའི་མཚན་ཉིན་ཡིན་པའི་ཕྱིར། དབྱེ་ན་བཅུ་གསུམ་སྟེ། ཕྱིན་དྲུག་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ་དྲུག་དང་། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མཐར་གྱིས་སྦྱོར་བ་གསུམ་དང་། ལྷ་དང་གཏོང་བ་དང་ཚུལ་ཁྲིམས་རྗེས་སུ་དྲན་པའི་དེ་གསུམ་དང་དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ཡོད་པའི་ཕྱིར། སྐད་ཅིག་སྦྱོར་བའི་མཚན་ཉིད་ཡོད་དེ། རྩོལ་བ་གཅིག་གི་བྱེད་པ་ལ་བརྟེན་ནས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གོ་རིམ་མ་འཆོལ་བར་རྫོགས་པར་བསྒོམ་པའི་ནུས་པ་ཐོབ་པས་རབ་ཏུ་ཕྱེ་བའི་སེམས་དཔའི་ཡེ་ཤེས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་བཞི་ཡོད་དེ། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་དང་། རྣམ་པར་སྨིན་པ་མ་ཡིན་པའི་དེ་དང་། མཚན་ཉིད་མེད་པའི་དེ་དང་། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། རྒྱུན་མཐའི་སྦྱོར་དངོས་གང་རུང་ཁོ་ན་ལ་ཡོད་པའི་ཕྱིར། འབྲས་བུ་ཆོས་སྐུའི་མཚན་ཉིད་ཡོད་དེ། སྦྱོར་བཞི་བསྒོམས་སྟོབས་ཀྱིས་ཐོབ་པའི་ཐོབ་བྱ་མཐར་ཐུག་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་བཞི་ཡོད་དེ། ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ། ཡེ་ཤེས་ཆོས་སྐུ་རྣམས་སུ་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད་པའི་ཕྱིར། གཉིས་པ་ལུས་རྒྱས་པར་བཤད་པ་ལ། སེམས་བསྐྱེད་པ་དང་གདམས་ངག་དང་། །ཞེས་བ་ནས། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པའི་བར་གསུང་། འདིའི་སྐབས་སུ། མཁྱེན་གསུམ་གྱི་ལུས་རྒྱས་པར་བཤད་པ་དང་། སྦྱོར་བཞིའི་ལུས་རྒྱས་པར་བཤད་པ་དང་། ཆོས་སྐུའི་ལུས་རྒྱས་པར་བཤད་པ་དང་གསུམ། དང་པོ་ལ། རྣམ་མཁྱེན་དང་ལམ་ཤེས་དང་གཞི་ཤེས་ཀྱི་ལུས་རྒྱས་པར་བཤད་པ་དང་གསུམ། དང་པོ་ལ། མཚོན་བྱེད་ཀྱི་ཆོས་བཅུ་ངོས་བཟུང་བ་དང་། བསྟན་བཤད་སྦྱར་བ་དང་གཉིས། དང་པོ་འཆད་པ་ལ། སེམས་བསྐྱེད་པ་དང་ཞེས་པ་ནས། ངེས་པར་འབྱུང་བཅས་རྣམས་ཞེས་པའི་བར་གསུང་། འདི་ལའང་། ཚིག་དོན་དང་། སོ་སོའི་མཚན་ཉིད་དབྱེ་བ་སོགས་བཤད་པ་དང་གཉིས། དང་པོ་ལ། ཤེས་བྱ་ཆོས་ཅན། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་ཡོད་དེ། དང་པོ་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གཉིས་པ་གཞན་དོན་སྒྲུབ་པའི་ཐབས་སྟོན་པའི་གདམས་ངག་དང་། གསུམ་པ་སྒྲུབ་པའི་ངོ་བོ་ངེས་འབྱེད་ཡན་ལག་རྣམ་པ་བཞི་དང་། བཞི་བ་སྒྲུབ་པ་ཡིི་ནི་རྟེན་གྱུར་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པའི་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་དང་། ལྔ་པ་ཐེག་ཆེན་སྒྲུབ་པའི་དམིགས་པ་དག་དང་། དྲུག་པ་དེའི་ཆེད་དུ་གཉེར་བྱ་ཆེན་པོ་གསུམ་དང་། བདུན་པ་ཕྱིན་དྲུག་ཉམས་སུ་ལེན་པའི་གོ་ཆའི་སྒྲུབ་པ་དང་། བརྒྱད་པ་སྦྱོར་བའི་སྒོ་ནས་འཇུག་པའི་འཇུག་སྒྲུབ་དང་། དགུ་པ་ཚོགས་སྒྲུབ་པ་བཅུ་པ་ངེས་པར་འབྱུང་བའི་སྒྲུབ་པ་དང་བཅས་པ་རྣམས་ཡོད་པའི་ཕྱིར། གཉིས་པ་ལ། ཤེས་བྱ་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ཡོད་དེ། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་ཤིང་རང་གི་གྲོགས་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་དུ་གྱུར་པའི་ཐེག་ཆེན་ལམ་གྱི་འཇུག་སྒོའི་རིགས་སུ་གནས་པའི་ཐེག་ཆེན་གཙོ་བོ་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་ཉེར་གཉིས་ཡོད་དེ། ས་ལྟ་བུའི་སེམས་བསྐྱེད་ནས་སྤྲིན་ལྟ་བུའི་སེམས་བསྐྱེད་ཀྱི་བར་ཉེར་གཉིས་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པའི་ཕྱིར། འདིར་དངོས་སུ་བསྟན་པའི་གདམས་ངག་གི་མཚན་ཉིད་ཡོད་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་ཆེད་དུ་གཉེར་བྱ་ཐོབ་པའི་ཐབས་མ་ནོར་བར་འདོམས་པའི་སངས་རྒྱས་ཀྱི་བཀར་གྱུར་པའི་ཐེག་ཆེན་གྱི་བརྗོད་བྱེད་རྣམ་དག་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གཉིས་ཡོད་དེ། རྗེས་དྲན་གྱི་གདམས་ངག་དང་། འདོམས་པའི་གདམས་ངག་གཉིས་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པའི་ཕྱིར། ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ཡོད་དེ། རང་གི་ཉེར་ལེན་དུ་གྱུར་པའི་ཐེག་ཆེན་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ། དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་བཞི་ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་ཁོ་ན་ལ་ཡོད་པའི་ཕྱིར། རིགས་ཀྱི་མཚན་ཉིད་ཡོད་དེ། སངས་རྒྱས་སུ་འགྱུར་རུང་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གཉིས་ཡོད་དེ། རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་ཡོད་པའི་ཕྱིར། ཐེག་ཆེན་སྦྱོར་ལམ་ཐོབ་པའི་ཐེག་ཆེན་སྒྲུབ་པའི་ཆོས་ཉིད་གང་ཞིག །ཐེག་ཆེན་སྒྲུབ་པའི་དངོས་ཀྱི་རྟེན་གཞི་བྱེད་པ་དེ། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཀྱི་མཚན་ཉིད་དང་། སྤྱིར་ཆོས་དབྱིངས་གང་ཞིག །ངོ་བོ་ཉིད་སྐུར་འགྱུར་རུང་དེ། རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་སྤྱིར་ལམ་དུ་ཞུགས་མ་ཞུགས་ཀྱི་དབྱེ་བས་གཉིས་ཡོད་ཀྱང་འདིར་དངོས་སུ་བསྟན་པའི་དབང་དུ་བྱས་ན་དུ་མ་ཡོད་དེ། བཅུ་གསུམ་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། རིགས་ཙམ་དང་རང་བཞིན་གནས་རིགས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་ཀྱང་། ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ནི་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དང་། འདིར་དངོས་བསྟན་ནི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་ཡོད་པའི་ཕྱིར། ཐེག་ཆེན་སྒྲུབ་པའི་དམིགས་པའི་མཚན་ཉིད་ཡོད་དེ། ཐེག་ཆེན་སྒྲུབ་པའི་སྒྲོ་འདོགས་གཅད་གཞི་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གསུམ་ཡོད་དེ། དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་པའི་ཕྱིར། ས་མཚམས་ནི་ཕྱོགས་རེ་བ་མ་ཡིན་ཏེ། ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཕྱིར། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་མཐར་ཐུག་གི་མཚན་ཉིད་ཡོད་དེ། གང་གི་ཆེད་དུ་བྱང་སེམས་སྒྲུབ་པ་ལ་འཇུག་པའི་ཐོབ་བྱ་མཐར་ཐུག་དེ་དེའི་མཚན་ཉ ིན་ཡིན་པའི་ཕྱིར། དབྱེ་ན་སྤྱིར་མང་ཡང་འདིར་དངོས་བསྟན་གྱི་དབང་དུ་བྱས་ན་གསུམ་སྟེ། སེམས་སྤོང་བ་རྟོགས་པ་ཆེན་པོ་གསུམ་ཡོད་པའི་ཕྱིར། སྒྲུབ་པ་བཞིའི་དང་པོ་གོ་སྒྲུབ་ཀྱི་མཚན་ཉིད་ཡོད་དེ། ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དེ་ལ་དབྱེ་ན་སོ་དྲུག་སྟེ། སྦྱིན་པའི་གོ་སྒྲུབ་ནས་ཤེས་རབ་ཀྱི་གོ་སྒྲུབ་གི་བར་སོ་དྲུག་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ཡོད་པའི་ཕྱིར། འཇུག་སྒྲུབ་ཀྱི་མཚན་ཉིད་ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་པའི་སྟོང་ཉིད་རྟོགས་པའི་བསྒོམས་བྱུང་གི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་སྦྱོར་བ་ལག་ལེན་གཙོ་བོར་བྱས་ནས་ཉམས་སུ་ལེན་པའི་སེམས་དཔའི་ཡེ་ཤེས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་དུ་མ་ཡོད་དེ། དགུ་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་ཡོད་པའི་ཕྱིར། ཚོགས་སྒྲུབ་ཀྱི་མཚན་ཉིད་ཡོད་དེ། རང་འབྲས་གནས་སྐབས་དང་མཐར་ཐུག་གི་བྱང་ཆེན་གང་རུང་དངོས་སུ་འབྱིན་པས་རབ་ཏུ་ཕྱེ་བའི་སེམས་དཔའི་ཡེ་ཤེས་དེ་དེའི་མཚན་ཉིན་ཡིན་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས་རྒྱུན་མཐའི་བར་ཡོད་པའི་ཕྱིར། ངེས་འབྱུང་སྒྲུབ་པའི་མཚན་ཉིད་ཡོད་དེ། རང་འབྲས་རྣམ་མཁྱེན་གདོན་མི་ཟ་བར་འབྱིན་པར་བྱེད་པའི་དག་སའི་ཡེ་ཤེས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་དུ་མ་ཡོད་དེ། བརྒྱད་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། དག་པ་ས་གསུམ་ཁོ་ན་ལ་ཡོད་པའི་ཕྱིར། གཉིས་པ་འཆད་པ་ལ། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་གསུང་། ངག་དོན་ནི། ཆོས་བཅུ་པོ་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་རྣམ་མཁྱེན་ཆོས་ཅན། རྣམ་པ་ཀུན་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཉིད་ཡིན་ཏེ། ཐུབ་པའི་དབང་པོའི་མངོན་རྟོགས་མཐར་ཐུག་ཡིན་པའི་ཕྱིར། འདིས་ཆོས་བཅུས་རྣམ་མཁྱེན་མཚོན་ཚུལ་བསྟན་པ་ཡིན་ཏེ། དེ་ཡང་རྒྱུས་འབྲས་བུ་མཚོན་ཚུལ་ལ་ཅུང་ཟད་བཤད་དུ་རུང་མོད། སློབ་དཔོན་གྱིས་ཡུལ་གྱིས་ཡུལ་ཅན་མཚོན་པའི་དབང་དུ་མཛད་པ་ལྟར་ཡིན་པའི་ཕྱིར། ཇི་ལྟར་མཚོན་ན་བཤད་དུ་ཡོད་དེ། སེམས་བསྐྱེད་སོགས་ཆོས་བཅུ་པོ་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་ཡེ་ཤེས་ནི་རྣམ་མཁྱེན་དུ་འཇོག་གོ་ཞེས་པའི་ཚུལ་གྱིས་མཚོན་པ་ཡིན་པའི་ཕྱིར། གཉིས་པ་ལམ་ཤེས་ཀྱི་ལུས་རྒྱས་པར་བཤད་པ་ལ། མཚོན་བྱེད་ཀྱི་ཆོས་དང་། བསྟན་བཤད་སྦྱར་བ་དང་གཉིས། དང་པོ་དེ་ཉིད་འཆད་པ་ལ། མོག་མོག་པོར་བྱེད་ལ་སོགས་དང་། ཞེས་པ་ནས། བྱ་བ་འདི་ཉིད་སྒོམ་པའི་ལམ། །ཞེས་པའི་བར་གསུང་། འདིའི་སྐབས་སུ་ཚིག་དོན་དང་། སོ་སོའི་མཚན་ཉིད་དབྱེ་བ་སོགས་བཤད་པ་དང་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་མཚོན་བྱེད་གྱི་ཆོས་བཅུ་གཅིག་ཡོད་དེ། དེ་བཞིན་གཤེགས་པའི་འོད་ཀྱིས་འདོད་གཟུགས་ཀྱི་ལྷའི་འོད་མོག་མོག་པོར་བྱེད་པ་ལ་སོགས་པས་བསྟན་པའི་ལམ་ཤེས་ཀྱི་ཡན་ལག་ལྔ་དང་། སློབ་མ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་། བསེ་རུ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་དང་། ཚེ་འདི་དང་གཞན་པའི་ཡོན་ཏན་གྱི་ཕན་ཡོན་ཆེ་བ་མཐོང་བའི་ལམ་དང་། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་དང་། མོས་པ་བསྒོམ་ལམ་དང་། ཕན་ཡོན་བསྟོད་དང་བཀུར་དང་བསྔགས་པའི་སྒོམ་ལམ་དང་། དགེ་རྩ་རྫོགས་བྱང་དུ་བསྔོ་བའི་བསྔོ་བ་སྒོམ་ལམ་དང་། དེ་ལ་རྗེས་ཡི་རང་བ་ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་དང་། ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་དང་། ཤིན་ཏུ་རྣམ་དག་སྒོམ་ལམ་ཞེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། ཤེས་བྱ་ཆོས་ཅན། སྐབས་འདིར་དངོས་སུ་བསྟན་པའི་ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད་ཡོད་དེ། ལམ་ཤེས་རྫོགས་བྱེད་ཀྱི་ཁྱད་པར་དུ་གྱུར་པའི་སེམས་དཔའི་ཡོན་ཏན་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་ལྔ་ཡོད་དེ། དེར་གྱུར་པའི་གེགས་མངོན་པའི་ང་རྒྱལ་མངོན་འགྱུར་བ་དང་བྲལ་བ་སོགས་རྣམ་པ་ལྔ་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། འདིར་དངོས་སུ་བསྟན་པ་ནི་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ཡོད་པའི་ཕྱིར། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཡོད་དེ། སེམས་བསྐྱེད་བསྔོ་བ་ཤེས་རབ་གསུམ་གྱིས་ཟིན་པའི་སྒོ་ནས་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གཉིས་ཡོད་དེ། དེར་གྱུར་པའི་རྒྱུ་ལམ་ཤེས་དང་འབྲས་བུ་ལམ་ཤེས་གཉིས་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་གྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ཡོད་པའི་ཕྱིར། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཡོད་དེ། རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་བ་དང་ས་མཚམས་ཡོད་དེ། སྔར་ལྟར་ཡོད་པའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ཡོད་པའི་ཕྱིར། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཡོད་དེ། རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་བ་དང་ས་མཚམས་ཡོད་དེ། སྔར་ལྟར་ཡོད་པའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད་ཡོད་དེ། ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གཉིས་ཏེ། དེར་གྱུར་པའི་མཉ མ་རྗེས་གཉིས་ཡོད་པའི་ཕྱིར། མཉམ་བཞག་ལ་དབྱེ་ན་དུ་མ་ཡོད་དེ། ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ས་དང་པོའི་དཀྱིལ་སྟོད་ན་ཡོད་པའི་ཕྱིར། ཐེག་ཆེན་སྒོམ་ལམ་གྱི་བྱེད་པའི་མཚན་ཉིད་ཡོད་དེ། ཐེག་ཆེན་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་ལྔ་སྟེ། དེར་གྱུར་པའི་སྐྱེས་བུ་བྱེད་པའི་འབྲས་བུ་སོགས་ལྔ་ཡོད་པའི་ཕྱིར་ས་མཚམས་ཡོད་དེ། འདིར་དངོས་སུ་བསྟན་པ་ནི་ཐེག་ཆེན་གྱི་སྒོམ་ལམ་ནས་སངས་རྒྱས་ཀྱི་སའི་བར་ཡོད་ཅིང་སྤྱིར་ལམ་མ་ཞུགས་ནས་ཡོད་པར་ཁས་བླངས་ཀྱང་མི་འགལ་སྙམ་དུ་སེམས་པའི་ཕྱིར། མོས་པ་སྒོམ་ལམ་གྱི་མཚན་ཉིད་ཡོད་དེ། ཡུམ་རང་འབྲས་དོན་གསུམ་པོ་གང་ཡང་རུང་བའི་འབྱུང་གནས་སུ་ཡིད་ཆེས་པའི་རིགས་སུ་གནས་པའི་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གསུམ་ཡོད་དེ། རང་དོན་མོས་པ་སྒོམ་ལམ་སོགས་གསུམ་ཡོད་པའི་ཕྱིར་། མོས་པ་སྒོམ་ལམ་གྱི་ཕན་ཡོན་གྱི་མཚན་ཉིད་ཡོད་དེ། མོས་པ་སྒོམ་ལམ་སྒོམ་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་ཡང་རུང་བས་ཐུགས་དགྱེས་པའི་ཆ་དང་དེ་གང་ཡང་རུང་བས་དངོས་གནས་གྱི་ཡོན་ཏན་བརྗོད་པའི་ཆ་གང་རུང་དུ་དམིགས་པ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་ཉེར་བདུན་ཡོད་དེ། དེར་གྱུར་པའི་བསྟོད་བཀུར་བསྔགས་པ་གསུམ་པོ་རེ་རེ་ལའང་དགུ་དགུ་ཡོད་པའི་ཕྱིར། བསྔོ་བ་སྒོམ་ལམ་གྱི་མཚན་ཉིད་ཡོད་དེ། རང་གཞན་གང་རུང་གི་དགེ་རྩ་ཡུལ་ཁྱད་པར་ཅན་དུ་སྒྱུར་བར་བྱེད་པའི་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་དུ་མ་ཡོད་དེ། བཅུ་གཉིས་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ས་བཅུའི་རྗེས་ཐོབ་ཀྱི་གནས་སྐབས་ན་ཡོད་པའི་ཕྱིར། འདིར་བསྟན་རྗེས་སུ་ཡི་རང་སྒོམ་ལམ་ཀྱི་མཚན་ཉིད་ཡོད་དེ། རང་གཞན་གང་རུང་གི་དགེ་རྩ་ལ་དགའ་བ་སྒོམ་པའི་རང་གི་གྲོགས་ཡིད་བདེ་དང་མཚུངས་ལྡན་དུ་གྱུར་པའི་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གཉིས་ཡོད་ཅིང་། ས་མཚམས་སྔར་ལྟར་ཡིན་པའི་ཕྱིར། སྒྲུབ་པ་སྒོམ་ལམ་གྱི་མཚན་ཉིད་ཡོད་དེ། གཙོ་བོར་རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་ཀྱི་ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་དེ་དེའི་མཚན་ཉིན་ཡིན་པའི་ཕྱིར། དབྱེ་ན་ལྔ་ཡོད། རྣམ་དག་སྒོམ་ལམ་ཀྱི་མཚན་ཉིད་ཡོད་དེ། གཙོ་བོར་སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་ཀྱི་ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དེ་གཉིས་ལག་རྗེས་འཇོག་ཚུལ་གྱི་སྒོ་ནས་སོ་སོར་བཤད་པ་ཡིན་གྱི་འགལ་བ་ནི་མ་ཡིན་ཏེ། ངོ་བོ་ས་མཚམས་སོགས་ས་བཅུའི་མཉམ་བཞག་གི་གནས་སྐབས་ན་ཡོད་པར་མཚུངས་པའི་ཕྱིར། ཁ་ཅིག །ས་དང་པོའི་གནས་སྐབས་སུ་སྒྲུབ་པ་སྒོམ་ལམ་དང་རྣམ་དག་སྒོམ་ལམ་ཡོད་ཀྱང་མོས་པ་སྒོམ་ལམ་མེད་ཟེར་བ་མི་འཐད་དེ། རྣམ་བཤད་ལས། རང་དོན་མོས་བ་སྒོམ་ལམ་གཙོ་ཆེ་བའི་དབང་དུ་བྱས་ཏེ་མ་དག་ས་བདུན་དུ་བཞག་པར་བཤད་པའི་ཕྱིར། གཉིས་པ་འཆད་པ་ནི། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་གསུང་། ངག་དོན་ནི། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་ཆོས་ཅན། ཁྱོད་མཚོན་བྱེད་ཀྱི་ཆོས་སྔར་ལྟར་ཡིན་ཏེ། མཚོན་བྱེད་དེ་འདྲ་བར་ཡུམ་གྱི་མདོ་ལས་བཤད་པའི་ཕྱིར། མཚོན་ཚུལ་ཡོད་དེ། རྒྱུ་ངོ་བོ་བྱེད་ལས་ཅི་རིགས་ཀྱི་སྒོ་ནས་མཚོན་པའི་ཕྱིར། གསུམ་པ་གཞི་ཤེས་ཀྱི་ལུས་རྒྱས་པར་བཤད་པ་ལ། མཚོན་བྱེད་ཀྱི་ཆོས་དང་། བསྟན་བཤད་སྦྱར་བ་དང་གཉིས། དང་པོ་དེ་ཉིད་འཆད་པ་ལ། །ཤེས་པས་སྲིད་ལ་མི་གནས་ཤིང་། །ཞེས་པ་ནས། དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་པའི་བར་གསུང་། འདི་ལའང་ཚིག་དོན་དང་། སོ་སོའི་མཚན་ཉིད་དབྱེ་བ་སོགས་བཤད་པ་དང་གཉིས། དང་པོ་ལ། ཤེས་བྱ་ཆོས་ཅན། གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ཡོད་དེ། ཤེས་པས་སྲིད་ལ་མི་གནས་པའི་ལམ་ཤེས་དང་། སྙིང་རྗེ་ཞི་ལ་མི་གནས་པའི་ལམ་ཤེས་དང་། ཐབས་ལ་མཁས་པ་མིན་པས་འབྲས་ཡུམ་ལ་རིང་པའི་གཞི་ཤེས་དང་། ཐབས་ལ་མཁས་པས་རིང་བ་མ་ཡིན་པ་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་དང་། མི་འཐུན་ཕྱོགས་ཀྱི་གཞི་ཤེས་དང་། གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་དང་། སེམས་དཔའི་གཞི་ཤེས་སྦྱོར་བ་དང་། དེའི་འཛིན་སྟངས་མཉམ་ཉིད་དང་། འདའ་བྱ་འདའ་བྱེད་ཀྱི་མཐོང་ལམ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། ཤེས་བྱ་ཆོས་ཅན། ཤེས་པས་སྲིད་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད་ཡོད་དེ། གཞི་ཀུན་རྫོབ་ལ་ལྟོས་ཏེ། སྲིད་མཐའ་འགོག་བྱེད་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། གཞི་ཀུན་རྫོབ་ལ་ལྟོས་ཏེ་ཞི་མཐའ་འགོག་བྱེད་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། སྙིང་རྗེས་ཞི་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད། དབྱེ་ན་གཉིས་ཡོད་དེ། དེར་གྱུར་པའི་རྒྱུ་དང་འབྲས་བུའི་ལམ་ཤེས་གཉིས་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་གྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པའི་ཕྱིར། མཚན་འཛིན་གྱིས་བཅིངས་པའི་ཐེག་དམན་འཕགས་པའི་མཁྱེན་པ། འབྲས་ཡུམ་ལ་རིང་པའི་གཞི་ཤེས་ཀྱི་མཚན་ཉ ིད། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱི་ཟིན་པའི་སྒོ་ནས་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཀྱི་མཚན་ཉིད་སྔ་མ་ལ་གཉིས་ཡོད་དེ། ཉན་རང་འཕགས་པའི་མཁྱེན་པ་གཉིས་གཉིས་ཡོད་པའི་ཕྱིར། ཕྱི་མ་ལའང་གཉིས་ཡོད་ཏེ། དེར་གྱུར་པའི་རྒྱུ་དང་འབྲས་བུ་ལམ་ཤེས་གཉིས་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། སྔ་མ་དང་འདིར་ཐེག་དམན་འཕགས་པའི་མཁྱེན་པ་གཉིས་དོན་གཅིག་ལ། ཕྱི་མ་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་གཉ ིས་དོན་གཅིག་པར་འཇོག་ཏུ་རུང་བའི་ཕྱིར། མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་གཉེན་པོ་ཕྱོགས་ཀྱི་གཞི་ཤེས་ཀྱི་མཚན་ཉིད་སོགས་ཀྱང་སྔར་དང་འདྲའོ། །སེམས་དཔའི་གཞི་ཤེས་སྦྱོར་བའི་མཚན་ཉ ིད་ཡོད་དེ། ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་དེ་དེའི་མཚན་ཉིན་ཡིན་པའི་ཕྱིར། དབྱེ་ན་དུ་མ་ཡོད་དེ། རྣམ་པ་བཅུ་གཉིས་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ནས་ས་བཅུའི་བར་ཡོད་པའི་ཕྱིར། སེམས་དཔའི་གཞི་ཤེས་སྦྱོར་བའི་ཡུལ་ཡུལ་ཅན་བདེན་སྟོང་མཉམ་པ་ཉིད་དུ་རྟོགས་པའི་སེམས་དཔའི་ཡེ་ཤེས། སེམས་དཔའི་གཞི་ཤེས་སྦྱོར་བའི་འཛིན་སྟངས་མཉམ་ཉིད་ཀྱི་མཚན་ཉིད། དབྱེ་ན་བཞི་སྟེ། ཟིན་བྱེད་ཀྱི་སྒོ་ནས་བཞི་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ཡོད་པའི་ཕྱིར། མཐོང་ལམ་གྱི་མཚན་ཉིད་ཡོད་དེ། བདེན་པ་མངོན་རྟོགས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདིར་དབྱེ་ན་གཉིས་ཏེ། འདའ་བྱ་འདའ་བྱེད་ཀྱི་མཐོང་ལམ་གཉིས་ཡོད་པའི་ཕྱིར། གཉིས་པ་འཆད་པ་ལ། དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་གསུང་། ངག་དོན་ནི། སྔར་བཤད་པའི་ཉན་རང་བྱང་སེམས་འཕགས་པའི་མངོན་རྟོགས་དེ་ཆོས་ཅན། ཀུན་ཤེས་ཏེ་གཞི་ཤེས་མཚོན་བྱེད་ཀྱི་ཆོས་ཡིན་ཏེ། དེ་འདྲ་ཉིད་དུ་བྱམས་མགོན་ཉིད་ཀྱིས་འདོད་པའི་ཕྱིར། མཚོན་ཚུལ་ཡོད་དེ། ངོ་བོ་དང་ཟིན་བྱེད་ཀྱི་སྒོ་ནས་མཚོན་པའི་ཕྱིར། གཉིས་པ་སྦྱོར་བཞིའི་ལུས་རྒྱས་པར་བཤད་པ་ལ། རྣམ་རྫོགས་སྦྱོར་བ། རྩེ་མོའི་སྦྱོར་བ། མཐར་གྱིས་སྦྱོར་བ། སྐད་ཅིག་སྦྱོར་བའི་ལུས་རྒྱས་པར་བཤད་པ་དང་བཞི། དང་པོ་ལ། མཚོན་བྱེད་དང་། བསྟན་བཤད་གཉིས། དང་པོ་འཆད་པ་ལ། རྣམ་པ་སྦྱོར་བ་བཅས་རྣམས་དང་། །ཞེས་པ་ནས། ཐབས་མཁས་བཅས་པ་ཡིན་ཞེས་པའི་བར་གསུངས། འདི་ལའང་ཚིག་དོན་དང་། སོ་སོའི་མཚན་ཉིད་དབྱེ་བ་སོགས་བཤད་པ་དང་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ཡོད་དེ། སེམས་དཔའི་སྦྱོར་བའི་རྣམ་པ་དང་། སྦྱོར་བར་བཅས་པའི་རྟེན་གྱི་གང་ཟག་དང་། སྦྱོར་བའི་ཡོན་ཏན་དང་། དེའི་སྦྱོར་བའི་སྐྱོན་དང་། ལམ་ཤེར་ཕྱིན་གྱི་རྣལ་འབྱོར་གྱི་མཚན་ཉིད་དང་བཅས་པ་དང་། ཐར་པ་ཆ་མཐུན་དང་། ངེས་འབྱེད་ཆ་མཐུན་དང་། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་ཚོགས་རྟགས་དང་བཅས་པ་དང་། སྲིད་པ་དང་ཞི་བ་མཉམ་ཉིད་ཀྱི་སྦྱོར་བ་དང་། ཞིང་དག་བླ་ན་མེད་པའི་སྦྱོར་བ་དང་། ཐབས་མཁས་སྦྱོར་བ་དང་བཅས་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། ཤེས་བྱ་ཆོས་ཅན། འདིར་བསྟན་གཉེན་པོའི་མཚན་ཉིད་ཡོད་དེ། རང་ཡུལ་གྱི་རྣམ་པ་ལེགས་པར་ཤར་བའི་སྒོ་ནས་རང་གི་དམིགས་པའི་ཆོས་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་སྒྲོ་འདོགས་ལ་དངོས་སུ་གནོད་བྱེད་ཀྱི་མཁྱེན་པ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གསུམ་སྟེ། མཁྱེན་གསུམ་གྱི་སྒོ་ནས་གསུམ་ཡོད་པའི་ཕྱིར། རྣམ་པའི་དབང་དུ་བྱས་ན་གཉིས་ཡོད་དེ། དོན་རྣམ་དང་ཤེས་རྣམ་གཉིས་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། འདིར་བསྟན་གཉེན་པོ་ནི་ཚོགས་ལམ་ནས་སངས་རྒྱས་ཀྱི་བར་ཡོད་ལ། སྤྱིར་ལམ་མ་ཞུགས་ནའང་ཡོད་པའི་ཕྱིར། རྣམ་པ་ལ་ཁྱབ་ཆེ་ཆུང་ཡོད་དེ། དོན་རྣམ་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅིང་། ཤེས་རྣམ་ནི་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ཡོད་པའི་ཕྱི་ཏེ། དོན་རྣམ་དང་བསྒོམ་བྱའི་རྣམ་པ་རྣམ་གྲངས་ཡིན་ལ། ཤེས་རྣམ་ནི་སྤྱིར་ཤེས་པ་ཐམས་ཅད་ལ་ཁྱབ་ཅིང་། སྒོམ་བྱེད་ཀྱི་ཤེས་རྣམ་ནི་མི་མཐུན་ཕྱོགས་ཅི་རིགས་ཀྱི་གཉེན་པོར་གྱུར་པའི་ཤེས་པ་ཞིག་ལ་བྱེད་པའི་ཕྱིར། འདིར་བསྟན་སེམས་དཔའི་སྦྱོར་བའི་མཚན་ཉིད་ཡོད་དེ། རང་ཡུལ་བདེན་མེད་དུ་རྟོགས་པའི་སེམས་དཔའི་ཡེ་ཤེས་དེ་དེའི་མཚན་ཉིན་ཡིན་པའི་ཕྱིར། དེ་ལ་དབྱེ་ན་ཉི་ཤུ་ཡོད་དེ། དེར་གྱུར་པའི་ངོ་བོའི་སྦྱོར་བ་ལྔ་དང་གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ཡོད་པའི་ཕྱིར། སེམས་དཔའི་སྦྱོར་བ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཕན་ཡོན། སེམས་དཔའི་སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད། དབྱེ་ན་བཅུ་བཞི་དང་། ས་མཚམས་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་ཡོད་པའི་ཕྱིར། སེམས་དཔའི་སྦྱོར་བ་སྐྱེ་བ་དང་གནས་པ་གང་རུང་ལ་གེགས་བྱེད་དེ། སེམས་དཔའི་སྦྱོར་བའི་སྐྱོན་གྱི་མཚན་ཉིད། དབྱེ་ན་ཞེ་དྲུག་ཡོད་ཅིང་། ས་མཚམས་ཡོད་དེ། ཐེག་ཆེན་གྱི་ཚོགས་ལམ་ནས་ས་བཅུ་པའི་བར་ཡོད་པའི་ཕྱིར། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས། ལམ་ཤེར་ཕྱིན་གྱི་རྣལ་འབྱོར་གྱི་མཚན་ཉིད། དབྱེ་ན་བཞི་སྟེ། ཤེས་མཚན་ཁྱད་མཚན་བྱེད་མཚན་ངོ་བོ་ཉིད་མཚན་དང་བཞི་ཡོད་པའི་ཕྱིར། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་ཚོགས་ལམ་གྱི་མཚན་ཉིད་ཡོད་དེ་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་རིགས་པ་མྱོང་བ་ཐོན་པའི་ཐེག་ཆེན་གྱི་ཆོས་མངོན་རྟོགས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གསུམ་སྟེ། ཆུང་འབྲིང་ཆེན་པོ་གསུམ་ཡོད་པའི་ཕྱིར། སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་སྦྱོར་ལམ་གྱི་མཚན་ཉིད་ཡོད་དེ། གཙོ་བོར་ཐབས་ཀྱི་ཆ་ཁྱད་པར་དུ་བྱས་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་བཞི་སྟེ། དེར་གྱུར་པའི་དྲོད་སོགས་བཞི་ཡོད་པའི་ཕྱིར། སྔ་ཕྱིའི་ས་མཚམས་ཀྱི་ཁྱད་པར་ཡོད་དེ། འདིར་དངོས་སུ་བསྟན་པའི་དབང་དུ་བྱས་ན་རིམ་པ་བཞིན་དུ་དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་ཚོགས་སྦྱོར་ཉིད་ན་ཡོད་པའི་ཕྱིར། འདིར་བསྟན་ཕྱིར་མི་ལྡོག་པའི་དོན་ཡང་ཡོད་དེ། ལམ་གཞན་གྱི་བར་མ་ཆོད་པར་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་ངེས་པ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གསུམ་སྟེ། དེར་གྱུར་པའི་སྦྱོར་ལམ་པ་སོགས་ཡོད་པའི་ཕྱིར། གཟུགས་སོགས་ལ་བདེན་ཞེན་མངོན་འགྱུར་པ་ལྡོག་པ་སོགས་རྟགས་ཉི་ཤུ་པོ་གང་རུང་ཐོབ་པའི་ངེས་འབྱེད་ཆ་མཐུན་ལ་གནས་པའི་སེམས་དཔའ། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་སྦྱོར་ལམ་པའི་མཚན་ཉིད། དེ་ལ་དབྱེ་ན་དུ་མ་ཡོད་དེ། དེར་གྱུར་པའི་བཞི་དང་རྟགས་གྱི་དབང་དུ་བྱས་ན་ཉི་ཤུ་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཡན་ཆད་ན་ཡོད་པའི་ཕྱིར། མཐོང་ལམ་པ་དང་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་དང་དབྱེ་བའང་ཤེས་པར་བྱའོ། །སྲིད་ཞི་མཉམ་ཉིད་སྦྱོར་བའི་མཚན་ཉིད་ཡོད་དེ། མཉམ་བཞག་གི་གནས་སྐབས་སུ་སྲིད་ཞི་བདེན་སྟོང་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པ་ལ་བརྟེན་ནས་རྗེས་ཀྱི་གནས་སྐབས་སུ་བདེན་འཛིན་མངོན་འགྱུར་བ་སྐྱེ་བའི་གོ་སྐབས་བཅོམ་པའི་དག་པའི་སའི་ཡེ་ཤེས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། ཞིང་དག་སྦྱོར་བའི་མཚན་ཉིད་ཡོད་དེ། རྟེན་གྱི་གང་ཟག་གང་དུ་འཚང་རྒྱ་འགྱུར་གྱི་ཞིང་ཁྱད་པར་ཅན་འགྲུབ་པའི་དགེ་རྩ་ནུས་པ་མཐུ་ཅན་དུ་གྱུར་པའི་དག་སའི་ཡེ་ཤེས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། ཐབས་མཁས་སྦྱོར་བའི་མཚན་ཉིད་ཡོད་དེ། འབད་རྩོལ་རགས་པ་ཞི་བའི་སྒོ་ནས་འཕྲིན་ལས་ལྷུན་གྱིས་འགྲུབ་པའི་དག་སའི་ཡེ་ཤེས་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དེ་གསུམ་པོ་མི་འགལ་ཏེ་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། །དབྱེ་ན་རེ་རེ་ལའང་གཉིས་གཉིས་ཡོད་དེ། མཉམ་རྗེས་གཉིས་གཉིས་ཡོད་པའི་ཕྱིར། གསུམ་ཀའང་དག་ས་ཁོ་ནར་ཡོད། གཉིས་པ་འཆད་པ་ལ། རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། །ཞེས་གསུངས། ངག་དོན་ནི། སྔར་བཤད་པའི་བཅུ་གཅིག་པོ་འདི་ཆོས་ཅན། རྣམ་ཀུན་མངོན་རྫོགས་རྟོགས་པའི་སྦྱོར་བ་མཚོན་བྱེད་ཡིན་ཏེ། ངོ་བོ་བྱེད་ལས་ཁྱད་ཆོས་ཅི་རིགས་ཀྱི་སྒོ་ནས་མཚོན་པར་བྱེད་པའི་ཕྱིར། གཉིས་པ་རྩེ་སྦྱོར་ཀྱི་ལུས་རྒྱས་པར་བཤད་པ་ལ། མཚོན་བྱེད་དང་། བསྟན་བཤད་གཉིས། དང་པོ་འཆད་པ་ལ། དེ་ཡི་རྟགས་དང་རྣམ་འཕེལ་དང་། །ཞེས་པ་ནས། ལོག་པར་སྒྲུབ་དང་བཅས་པ་ནི། །ཞེས་པའི་བར་གསུངས། འདི་ལ་ཚིག་དོན་དང་། མཚན་ཉིད་དབྱེ་བ་སོགས་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད་ཡོད་དེ། སྦྱོར་ལམ་དྲོད་ཐོབ་པ་དེའི་རྟགས་བཅུ་གཉིས་པོ་གང་རུང་དང་ལྡན་པའི་ངེས་ཆ་དང་པོ་དང་། བསོད་ནམས་རྣམ་པར་འཕེལ་བ་སོགས་བཅུ་དྲུག་པོ་གང་རུང་ཐོབ་པའི་ངེས་ཆ་གཉིས་པ་དང་། གཞན་དོན་ལ་བརྟན་པ་ཐོབ་པའི་ངེས་ཆ་གསུམ་པ་དང་། ཏིང་ངེ་འཛིན་ལ་སེམས་ཀུན་དུ་གནས་པའི་ཐེག་ཆེན་གྱི་ངེས་ཆ་བཞི་པ་དང་། མཐོང་ལ་རྩེ་སྦྱོར་དང་སྒོམ་ལམ་རྩེ་སྦྱོར་ཞེས་བྱ་བ་གཉིས་པོ་སོ་སོ་ལ་གཟུགས་འཛིན་གྱི་རྣམ་པར་རྟོགས་པ་བཞིའི་གཉེན་པོ་བཞི་བཞི་དང་། བར་ཆད་མེད་པའི་ཏིང་ངེ་འཛིན་དང་། བསལ་བྱ་ལོག་པར་སྒྲུབ་པ་དང་བཅས་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། །ཤེས་བྱ་ཆོས་ཅན། དྲོད་རྩེ་སྦྱོར་སོགས་ཀྱི་མཚན་ཉིད་ཡོད་དེ། རྨི་ལམ་གྱི་གནས་སྐབས་སུ་ཆོས་ཐམས་ཅད་བདེན་མེད་དུ་མངོན་སུམ་དུ་རྟོགས་ནས་རྨི་ལམ་ལྟ་བུར་ལྟ་བ་ལ་སོགས་པའི་རྟགས་བཅུ་གཉིས་པོ་གང་རུང་ཐོབ་པའི་ཐེག་ཆེན་གྱི་ངེས་ཆ་དང་པོ་དྲོད་རྩེ་སྦྱོར་གྱི་མཚན་ཉིད། བསོད་ནམས་རྣམ་པར་འཕེལ་པའི་རྟགས་བཅུ་དྲུག་པོ་གང་རུང་ཐོབ་པའི་ཐེག་ཆེན་གྱི་ངེས་ཆ་གཉིས་པ། རྩེ་མོའི་རྩེ་སྦྱོར་གྱི་མཚན་ཉིད། ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་གཉིས་ཐོབ་པའི་ཐེག་ཆེན་གྱི་ངེས་ཆ་གསུམ་པ། འདིར་བསྟན་བཟོད་པའི་རྩེ་སྦྱོར་གྱི་མཚན་ཉིད། བསོད་ནམས་མང་པོས་མཚོན་ཏེ་བསྟན་པའི་ཐེག་ཆེན་གྱི་ངེས་ཆ་བཞི་པ། འདིར་བསྟན་ཆོས་མཆོག །རྩེ་སྦྱོར་གྱི་མཚན་ཉིད། མཐོང་སྤང་རྟོག་པའི་གཉེན་པོ་བྱེད་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། མཐོང་ལམ་རྩེ་སྦྱོར་གྱི་མཚན་ཉིད། སྒོམ་སྤང་རྟོགས་པའི་གཉེན་པོ་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། སྒོམ་ལམ་རྩེ་སྦྱོར་གྱི་མཚན་ཉིད་ཡིན་པའི་ཕྱིར། དེ་ལ་དབྱེ་ན་རེ་རེལའང་བཞི་བཞི་ཡོད་དེ། ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཀུན་བཏགས་དང་ལྷན་སྐྱེས་བཞི་བཞིའི་གཉེན་པོ་བཞི་ཡོད་པའི་ཕྱིར། ས་མཚམས་ཡོད་དེ། དང་པོ་ཐེག་ཆེན་གྱི་མཐོང་ལམ་དང་། ཕྱི་མ་ས་བཅུ་བའི་གནས་སྐབས་སུ་ཡོད་པའི་ཕྱིར། བར་ཆད་མེད་བའི་རྩེ་སྦྱོར་གྱི་མཚན་ཉིད་ཡོད་དེ། བསོད་ནམས་མང་པོས་མཚོན་ཏེ་བསྟན་པའི་སྒོ་ནས་གནས་ངན་ལེན་གྱི་དྲི་མ་ཕྲ་མོ་དངོས་སུ་འཇོམས་བྱེད་ཀྱི་ཐེག་ཆེན་གྱི་བར་ཆད་མེད་ལམ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདི་དང་རྒྱུན་མཐའི་བར་ཆད་མེད་ལམ་གཉིས་དོན་ཅིག་ཅིང་། ས་མཚམས་རྒྱུན་མཐའ་ཁོ་ན་ལ་ཡོད། བདེན་གཉིས་གཞི་གཅིག་གི་སྟེང་དུ་འདུར་མི་རུང་བར་འཛིན་པའི་ལོག་རྟོག་ཆོས་ཅན། སྐབས་འདིར་བསྟན་པའི་བསལ་བྱ་ལོག་རྟོག་གི་མཚན་ཉིད་ཡིན་ཏེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། དབྱེ་ན་དུ་མ་ཡོད་དེ། བཅུ་དྲུག་ཡོད་པའི་ཕྱིར། གཉིས་པ་འཆད་པ་ལ། རྩེ་མོའི་མངོན་རྟོགས། ཞེས་གསུངས། ངག་དོན་ནི། སྔར་བཤད་པའི་བརྒྱད་པོ་དེ་རྣམས་ཆོས་ཅན། རྩེ་མོའི་མངོན་རྟོགས་མཚོན་བྱེད་ཀྱི་ཆོས་ཡིན་ཏེ། དེའི་ངོ་བོ་ཡོན་ཏན་སྤང་བྱ་ཅི་རིགས་ཀྱི་སྒོ་ནས་མཚོན་པར་བྱེད་པའི་ཕྱིར། གསུམ་པ་མཐར་གྱིས་སྦྱོར་པའི་ལུས་རྒྱས་པར་བཤད་པ་ལ། མཚོན་བྱེད་དང་། བསྟན་བཤད་གཉིས། དང་པོ་ནི། རྣམ་གསུམ་རྣམ་བཅུ་ཞེས་གསུང་། ངག་དོན་ནི། ཤེས་བྱ་ཆོས་ཅན། མཐར་གྱིས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ་ཡོད་དེ། ཕར་ཕྱིན་དྲུག་གི་མཐར་གྱིས་སྦྱོར་བ་དྲུག་དང་། སངས་རྒྱས་ཆོས་དགེ་འདུན་ལྷ་གཏོང་བ་ཚུལ་ཁྲིམས་ཏེ་རྗེས་དྲན་དྲུག་གི་མཐར་གྱིས་སྦྱོང་བ་དྲུག་དང་། དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་སྦྱོར་བ་གཅིག་སྟེ། དེ་ལྟར་ན་རྣམ་པ་གསུམ་དང་བཅས་པའི་བཅུ་གསུམ་ཡོད་པའི་ཕྱིར། གཉིས་པ་འཆད་པར། མཐར་གྱིས་པ་ཞེས་གསུངས། ངག་དོན་ནི། སྔར་བཤད་པ་དེ་དག་ཆོས་ཅན། མཐར་གྱིས་པའི་སྦྱོར་བ་མཚོན་བྱེད་གྱི་ཆོས་ཡིན་ཏེ། དེ་ངོ་བོ་དང་ཁྱད་པར་གྱི་སྒོ་ནས་མཚོན་པར་བྱེད་པའི་ཕྱིར། བཞི་པ། སྐད་ཅིག་སྦྱོར་བའི་ལུས་རྒྱས་པར་བཤད་པ་ལ། མཚོན་བྱེད་དང་བསྟན་བཤད་གཉིས། དང་པོ་འཆད་པ་ལ། མཚན་ཉིད་ཀྱིས་ནི་རྣམ་པ་བཞི། ཞེས་གསུངས། ངག་དོན་ནི། ཤེས་བྱ་ཆོས་ཅན། སྐད་ཅིག་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི་ཡོད་དེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་མཚན་ཉིད་ཀྱིས་དབྱེ་བ་རྣམ་པ་བཞི་ཡོད་པའི་ཕྱིར། དེ་ཡང་ཡོད་དེ། རྣམ་པར་སྨིན་པ་དང་། རྣམ་པར་མ་སྨིན་པ་དང་། མཚན་ཉིད་མེད་པ་དང་། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་འཆད་པ་ལ། ཆོས་བཞི་པོ་དེ་ཆོས་ཅན། སྐད་ཅིག་མ་ཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་ཡིན་ཏེ། དེ་ངོ་བོ་དང་ནུས་པའི་ཡོན་ཏན་གྱི་སྒོ་ནས་མཚོན་པར་བྱེད་པའི་ཕྱིར། གསུམ་པ་འབྲས་བུ་ཆོས་སྐུའི་ལུས་རྒྱས་པར་བཤད་པ་ལ། མཚོན་བྱེད་དང་བསྟན་བཤད་གཉིས། དང་པོ་འཆད་པ། ངོ་བོ་ཉིད་ཡོངས་རྫོགས་བཅས་དང་། ཞེས་པ་ནས། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པའི་བར་གསུངས། འདི་ལ་ཚིག་དོན་དང་། སོ་སོའི་མཚན་ཉིད་དབྱེ་བ་སོགས་བཤད་པ་གཉིས། དང་པོ་ལ། ཤེས་བྱ་ཆོས་ཅན། འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་ཡོད་དེ། ངོ་བོ་ཉིད་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་བཅས་པ་དང་། དེ་བཞིན་དུ་དེ་གཉིས་ལས་གཞན་པ་སྤྲུལ་པའི་སྐུ་དང་། ཡེ་ཤེས་ཆོས་སྐུ་མཛད་པ་འཕྲིན་ལས་དང་བཅས་པ་རྣཾ་པ་བཞིར་ནི་ཡང་དག་བརྗོད་པའི་ཕྱིར། །གཉིས་པ་ལ། ཤེས་བྱ་ཆོས་ཅན། ངོ་བོ་ཉིད་སྐུའི་མཚན་ཉིད་ཡོད་དེ། དག་པ་གཉིས་ལྡན་གྱི་ཆོས་ཉིད་ཀྱི་སྐུ་དེ་དེའི་མཚན་ཉིད་ཡིན་པའི་བྱིར། དབྱེ་ན་གཉིས་ཡོད་དེ། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་དང་། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་དང་གཉིས་ཡོད་པའི་ཕྱིར། ལོངས་སྐུའི་མཚན་ཉིད་ཡོད་དེ། ངེས་པ་ལྔ་དང་ལྡན་པས་རབ་ཏུ་ཕྱེ་བའི་གཟུགས་སྐུ་མཐར་ཐུག་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། ལོངས་སྐུ་ཆོས་ཅན། ངེས་པ་ལྔ་དང་ལྡན་པ་ཡིནཏེ། སྐུ་ངེས་པ་མཚན་དཔེ་གསལ་རྫོགས་དང་། འཁོར་ངེས་བ་བྱང་འཕགས་ཤ་སྟག་གིས་བསྐོར་བ་དང་། དུས་ངེས་པ་འཁོར་བ་ཇི་སྲིད་ཀྱི་བར་དུ་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པར་བཞུགས་པ་དང་། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་གསུངས་པ་དང་། གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པའི་ངེས་པ་ལྔ་དང་ལྡན་པའི་ཕྱིར། སྤྲུལ་སྐུའི་མཚན་ཉིད་ཡོད་དེ། ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དབྱེ་ན་གསུམ་ཡོད་དེ། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྦྲུལ་སྐུ། མཆོག་གི་སྦྲུལ་སྐུ་དང་གསུམ་ཡོད་པའི་ཕྱིར། གཉིས་པ་འཆད་པ་ལ། ཆོས་སྐུ་མཛད་པ་དང་བཅས་པ། ཞེས་པའི་ཚིག་ཟུར་གྱི་ཆོས་སྐུ་ཞེས་པའི་གཞུང་འདི་གསུངས་། ངག་དོན་ནི། ཤེས་བྱ་ཆོས་ཅན། སྔར་བཤད་པའི་ཆོས་བཞི་པོ་དེ་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་ཡིན་ཏེ། དེ་ངོ་བོ་དང་བྱེད་ལས་ཅི་རིགས་ཀྱི་སྒོ་ནས་མཚོན་པར་བྱེད་པའི་ཕྱིར། ཁོ་ན་རེ། དེ་མི་འཐད་པར་ཐལ། ཆོས་སྐུ་ཞེས་པའི་ཚིག་དེ་བསྟན་བཤད་སྦྱོར་བའི་གཞུང་མ་ཡིན་པའི་ཕྱིར། དེར་ཐལ། དེ་ཡེ་ཤེས་ཆོས་སྐུའི་ལུས་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། དེ་དེ་གཉིིས་ཀ་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། དེར་ཐལ། སློབ་དཔོན་འཕགས་པས། དེ་བསྟན་བཤད་སྦྱོར་བའི་གཞུང་དུ་སྦྱར་ཞིང་སློབ་དཔོན་སེང་གེ་བཟང་པོས་ཡེ་ཤེས་ཆོས་སྐུའི་ལུས་རྒྱས་པར་བཤད་བའི་གཞུང་དུ་སྦྱར་བས་གང་བྱས་ཀྱང་མི་འགལ་བའི་ཕྱིར། གསུམ་པ་ཚིག་དོན་ཡན་ལག་རྒྱས་བཤད་ཀྱི་སྒོ་ནས་འཆད་པ་ལ། མཁྱེན་གསུམ་རྒྱས་པར་བཤད་པ་དང་། སྦྱོར་བཞི་རྒྱས་པར་བཤད་པ་དང་། ཆོས་སྐུ་རྒྱས་པར་བཤད་པ་དང་གསུམ། དང་པོ་ལ། རྣམ་མཁྱེན་བཤད་པ་དང་། ལམ་ཤེས་བཤད་པ་དང་། གཞི་ཤེས་བཤད་པ་དང་གསུམ། དང་པོ་དེ་འཆད་པར་བྱེད་པ་ལ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པ་ནས། ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཞེས་པའི་བར་གསུངས། འདི་ལའང་མཚོན་བྱེད་ཀྱི་ཆོས་བཅུའི་ནང་ནས། དང་པོ་སེམས་བསྐྱེད་འཆད་པ་ལ། སེམས་བསྐྱེད་པ་ནི་ཞེས་པ་ནས། ཉི་ཤུ་རྩ་གཉིས་སོ། །ཞེས་པའི་བར་གསུངས། ངག་དོན་ནི། མཚན་ཉིད་དང་རབ་དབྱེ་བའི་སྒོ་ནས་འཆད་ཚུལ་གཉིས་ཡོད་པ་ལས། དང་པོ་ནི། གཞན་གྱི་ཕྱིར་དུ་རང་གི་གྲོགས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་དུ་གྱུར་པའི་ཐེག་ཆེན་ལམ་གྱི་འཇུག་སྒོའི་རིགས་སུ་གནས་པའི་ཐེག་ཆེན་གཙོ་བོའི་ཡིད་ཀྱི་རྣམ་རིགས་ཁྱད་པར་ཅན་ཆོས་ཅན། ཁྱོད་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་ཏེ། དེའི་དོན་ལྡོག་ཡིན་པའི་ཕྱིར། དམིགས་ཡུལ་བྱང་ཆུབ་དེ་དང་གཞན་གྱི་དོན་དེ་ནི་ཆོས་ཅན། ཡུམ་གསུམ་ཀ་ལས་ཀྱང་བསྡུས་པ་དང་རྒྱས་པའི་སྒོ་ནས་བརྗོད་པ་ཡིན་ཏེ། ཡུམ་བར་མ་ལས་བསྟན་པ་དེ་བཞིན་དུ་གཞན་གཉིས་ལས་ཀྱང་བསྟན་པའི་ཕྱིར། འདིར་ཐེག་ཆེན་སེམས་བསྐྱེད་ལ་འདོད་པའི་སྒྲས་བསྟན་པའི་དགོས་པ་ཡོད་དེ། གཞན་དོན་འདོད་པ་སེམས་བསྐྱེད་ཀྱི་རྒྱུ་དང་། བྱང་ཆུབ་འདོད་པ་གྲོགས་སུ་འབྱུང་བར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་སེམས་བསྐྱེད་དེ་ཡང་ཆོས་ཅན། ཁྱོད་ལ་དབྱེ་ན་རྣམ་པ་ཉི་ཤུ་རྩ་གཉིས་ཡོད་དེ། དཀར་ཆོས་ཀྱི་རྟེན་གཞི་བྱེད་པའི་ས་ལྟ་བུའི་སེམས་བསྐྱེད་དང་། དེ་བཞིན་དུ་སྦྱར་ཏེ་བྱང་ཆུབ་ཀྱི་བར་དུ་མི་ཉམས་པའི་གསེར་ལྟ་བུ་དང་། དགེ་བའི་ཆོས་གོང་འཕེལ་དུ་འགྱུར་བའི་ཟླ་བ་ལྟ་བུ་དང་། མཁྱེན་གསུམ་བསྒོམས་པ་ལ་སྒྲིབ་པའི་བུད་ཤིང་མངོན་འགྱུར་བ་སྲེག་པའི་མེ་ལྟ་བུ་དང་། ལོངས་སྤྱོད་ཀྱིས་སེམས་ཅན་ཚིམ་པར་བྱེད་པའི་གཏེར་ལྟ་བུ་དང་། ཡོན་ཏན་རིན་པོ་ཆེའི་རྟེན་བྱེད་པའི་རིན་ཆེན་འབྱུང་གནས་ལྟ་བུ་དང་། མི་འདོད་བ་ཐོག་ཏུ་བབ་ཀྱང་མི་འཁྲུགས་པའི་རྒྱ་མཚོ་ལྟ་བུ་དང་། ཐེག་ཆེན་གྱི་ལམ་ལ་མི་ཕྱེད་པའི་བརྟན་པ་ཐོབ་པའི་རྡོ་རྗེ་ལྟ་བུ་དང་། གཡེང་བའི་རྣམ་རྟོག་གིས་མི་བསྐྱོད་པའི་རི་རབ་ལྟ་བུ་དང་། ཉོན་མོངས་བའི་ནད་ཞི་བར་བྱེད་པའི་སྨན་ལྟ་བུ་དང་། སེམས་ཅན་ཡོངས་སུ་མི་གཏོང་བའི་དགེ་བའི་བཤེས་གཉེན་ལྟ་བུ་དང་། མངོན་ཤེས་ཀྱིས་ཇི་ལྟར་འདོད་པའི་དོན་སྒྲུབ་པའི་ཡིད་བཞིན་ནོར་བུ་ལྟ་བུ་དང་། གདུལ་བྱ་སྨིན་པར་བྱེད་པའི་ཉི་མ་ལྟ་བུ་དང་། ཆོས་ཀྱི་སྒྲ་དབྱངས་སྒྲོག་པའི་གླུ་ལྟ་བུ་དང་། མཐུ་ཐོགས་པ་མེད་པས་གཞན་དོན་སྒྲུབ་པའི་རྒྱལ་པོ་ལྟ་བུ་དང་། ཚོགས་གཉིས་ཀྱི་མཛོད་འཛིན་པའི་བང་མཛོད་ལྟ་བུ་དང་། ཐེག་ཆེན་གྱི་འཕགས་པ་ཐམས་ཅད་ཀྱང་དེ་ནས་གཤེགས་ཤིང་གཤེགས་པར་འགྱུར་བས་ལམ་པོ་ཆེ་ལྟ་བུ་དང་། སྲིད་ཞིའི་མཐར་མི་ལྟུང་བར་བགྲོད་པའི་བཞོན་པ་ལྟ་བུ་དང་། ཆོས་ཀྱི་མཛོད་མི་ཟད་པ་འཛིན་པའི་བཀོད་མའི་ཆུ་ལྟ་བུ་དང་། གདུལ་བྱ་རྣམས་ལ་ཆོས་ཀྱི་སྙན་པ་སྒྲོགས་པའི་སྒྲ་སྙན་ལྟ་བུ་དང་། གདུལ་བྱ་འདུལ་བའི་ཚུལ་ལ་རྒྱུན་མི་ཆད་དུ་འཇུག་པའི་ཆུ་བོ་ལྟ་བུ་དང་། མཛོད་བཅུ་གཉིས་ཀྱི་སྒོ་ནས་ཆོས་ཀྱི་ཆར་འབེབས་པའི་སྤྲིན་ལྟ་བུའི་སེམས་བསྐྱེད་རྣམས་ཀྱང་ཕྱེ་བས་ཉི་ཤུ་རྩ་གཉིས་ཡོད་པའི་ཕྱིར་རོ། ས་དང་། གསེར་དང་། ཟླ་བ་ཚེས་པ་དང་། མེ་དང་། གཏེར་དང་། རིན་པོ་ཆེའི་འབྱུང་གནས་དང་། རྒྱ་མཚོ་དང་། རྡོ་རྗེ་དང་། རིའི་རྒྱལ་པོ་དང་། སྨན་དང་། བཤེས་གཉེན་དང་། ཡིད་བཞིན་ནོར་བུ་དང་། ཉི་མ་དང་། གླུ་དབྱངས་དང་། རྒྱལ་པོ་དང་། །མཛོད་དང་། ལམ་བོ་ཆེ་དང་། བཞོན་པ་དང་། བཀོད་མའི་ཆུ་དང་། སྒྲ་སྙན་དང་། ཆུ་བོ་དང་། སྤྲིན་ལྟ་བུའི་སེམས་བསྐྱེད་ཀྱི་བར་ཉེར་གཉིས་ཡོད་པའི་ཕྱིར། འདིའི་དངོས་བསྟན་གྱི་དབང་དུ་བྱས་པའི་ས་མཚམས་ཀྱི་ཁྱད་པར་ཡོད་དེ། ས་ལྟ་བུའི་སེམས་བསྐྱེད་སོགས་དང་པོ་གསུམ་པོ་དེ་ཐེག་ཆེན་གྱི་ཚོགས་ལམ་ཆུང་འབྲིང་ཆེན་བོ་གསུམ་དང་། མེ་ལྟ་བུའི་སེམས་བསྐྱེད་སྦྱོར་ལམ་དང་། གཏེར་ལྟ་བུའི་སེམས་བསྐྱེད་ནས་གླུ་དབྱངས་ལྟ་བུའི་སེམས་བསྐྱེད་ཀྱི་བར་བཅུ་པོ་དེས་དང་པོ་ནས་བཅུ་པའི་བར་དང་། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་སོགས་ལྔ་པོ་དེ། དག་པ་ས་གསུམ་དང་། ཐ་མ་གསུམ་པོ་དེས་བཅུ་བ་དང་། ལོངས་སྐུ་དང་། མཆོག་གི་སྤྲུལ་སྐུའི་རྒྱུད་ཀྱི་བསྡུས་པ་ལ་རིམ་པ་བཞིན་དུ་སྦྱོར་བའི་ཕྱིར། སྤྱིར་ཐེག་ཆེན་སེམས་བསྐྱེད་ཡིན་ན། ས་ལྟ་བུའི་སེམས་བསྐྱེད་ཡིན་དགོས་ཏེ། དེ་ཡིན་ན་སྤྱོད་པའི་རྟེན་བྱེད་པའི་རིགས་གནས་ཀྱི་སེམས་བསྐྱེད་ཡིན་དགོས་པའི་ཕྱིར། སློབ་པའི་རྒྱུད་ལ་ཆུ་བོ་དང་སྤྲིན་ལྟ་བུའི་སེམས་བསྐྱེད་ཡོད་པར་ཁས་བླངས་ཀྱང་འགལ་བ་མེད་དེ། དག་ས་ན་དེ་དག་ཡོད་པར་གོ་བའི་ཕྱིར། གཉིས་པ་གདམས་ངག་འཆད་པ་ལ། སྒྲུབ་དང་བདེན་པ་རྣམས་དང་ནི། །ཞེས་པ་ནས། བཅུ་ཡི་བདག་ཉིད་ཤེས་པར་བྱ། ཞེས་པའི་བར་གསུངས། འདི་ལ་དབྱེ་བ་དང་། དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་དང་གཉིས། དང་པོ་ནི། ཐེག་ཆེན་གྱི་གདམས་ངག་དེ་ནི་ཆོས་ཅན། ཁྱོད་ལ་བཅུ་ཡི་བདག་ཉིད་དུ་ཤེས་པར་བྱ་སྟེ། སྒྲུབ་པའི་ངོ་བོ་བདེན་གཉིས་ལ་འདོམས་པ་དང་། དམིགས་པ་བདེན་པ་བཞི་རྣམས་དང་། སངས་རྒྱས་ལ་སོགས་པའི་དཀོན་མཆོག་གསུམ་དང་། བྱ་བ་ངན་པར་ཞེན་པའི་བརྩོན་འགྲུས་དང་། ཡོངས་སུ་མི་ང ལ་བ་དང་། ཐེག་ཆེན་གྱི་ལམ་ནི་ཡོངས་སུ་འཛིན་པ་དང་། མངོན་ཤེས་ཀྱི་ཡོན་ཏན་དྲུག་དང་། མཐོང་ལམ་དང་། སྒོམ་ལམ་ཞེས་བྱ་བ་ལ་སོགས་པའི་གདམས་ངག་བཅས་པ་བཅུ་ཡོད་པའི་ཕྱིར། གཉིས་པ་འཆད་པ་ལ། དབང་པོ་རྟུལ་དང་རྣོན་པོ་དག །ཞེས་པ་ནས། བསེ་རུ་དང་ནི་ཉི་ཤུའོ། །ཞེས་པའི་བར་གསུངས། ངག་དོན་ནི། ཤེས་བྱ་ཆོས་ཅན། མཚོན་བྱ་མཚོན་བྱེད་ཀྱི་དགེ་འདུན་གྱི་ནང་ནས་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུ་ཡོད་དེ། རྒྱུན་ཞུགས་ཞུགས་པ་དབང་པོ་རྟུལ་པོ་དང་དབང་པོ་རྣོན་པོའི་མིང་ཅན་གྱི་བྱང་སེམས་གཉིས་དག་དང་། ཤུགས་བསྟན་རྒྱུན་ཞུགས་འབྲས་གནས་ཙམ་པོ་པའི་མིང་ཅན་གཅིག་དང་། ཕྱིར་འོང་དང་། །ཕྱིར་མི་འོང་ཞུགས་པའི་མིང་ཅན་དབང་རྟུལ་དད་མོས་པ་དང་དབང་རྣོན་མཐོང་ཐོབ་པ་གཉིས་དང་། རྒྱུན་ཞུགས་རིགས་ནས་རིགས་སྐྱེའི་མིང་ཅན་གཉིས་དང་། ཤུགས་བསྟན་ཕྱིར་འོང་འབྲས་གནས་ཙམ་པོ་པ་དང་། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་མིང་ཅན་གཅིག་དང་། ཕྱིར་མི་འོང་བར་འདའ་བ་དང་། སྐྱེས་ནས་འདའ་བ་དང་། འདུ་བྱེད་བཅས་ཏེ་འདའ་བ་དང་། འདུ་བྱེད་མིན་པར་འདའ་བ་དང་བཅས་པའི་ཕྱིར་མི་འོང་གི་མིང་ཅན་བཞི་དང་། དབྱེ་གཞི་འོག་མིན་འགྲོ་ལ་ཕྱེ་བའི་གོང་འཕོ་འཕར་བ་གསུམ་གྱི་མིང་ཅན་རྣམས་དང་། སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བའི་གཟུགས་ཀྱི་ཆགས་བཅོམ་གཞིར་བྱས་ན ས་དེ་ལས་ཕྱིར་མི་འོང་མཐོང་བ་ཡི་ཆོས་ལ་ཞི་བ་དང་། ལུས་མངོན་སུམ་དུ་བྱེད་པ་གཉིས། ཤུགས་བསྟན་དགྲ་བཅོམ་ཞུགས་པའི་མིང་ཅན་གཅིག་དང་། བསེར་རུ་རང་སངས་རྒྱས་ཀྱི་མིང་ཅན་གཅིག་སྟེ་ཉི་ཤུ་ཡོད་པའི་ཕྱིར། དེ་དག་ཀྱང་སློབ་དཔོན་གྱི་བཞེད་པ་ལྟར་བཤད་པ་ཡིན་གྱི། དེར་ངེས་པ་ནི་མིན་ཏེ། སློབ་དཔོན་འཕགས་པས་སྔར་གྱི་དེ་དང་ཅུང་ཟད་མི་འདྲ་བར་བཤད་པའི་ཕྱིར། གསུམ་པ་ངེས་འབྱེད་ཆ་འཐུན་འཆད་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་འཆད་པ་ལ། དམིགས་པ་དག་དང་རྣམ་པ་དང་། །ཞེས་པ་ནས། བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་པའི་བར་གསུངས། ངག་དོན་ནི། བྱང་ཆུབ་སེམས་དཔའ་སྐྱོབས་པ་ཡི་སྦྱོར་ལམ་དྲོད་སོགས་བཞི་ཆོས་ཅན། ཉན་ཐོས་བསེ་རུ་ལྟ་བུ་དང་བཅས་པའི་སྤྱོད་ལམ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དམིགས་པ་དང་ནི་རྣམ་པ་དང་། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས་དང་། བདག་ཉིད་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་པོ་ཇི་བཞིན་སྤང་བྱའི་ངོ་བོར་ལྡན་པ་ལ་བརྟེན་པ་དང་ཆུང་དང་འབྲིང་དང་ཆེན་པོ་རྣམས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཕྱིར། གཉིས་པ་འཆད་པ་ལ། དམིགས་པ་མི་རྟག་ལ་སོགས་པ། །ཞེས་པ་ནས། ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་པའི་བར་གསུངས། ངག་དོན་ནི། བདེན་པ་བཞིའི་རྟེན་ཅན་མི་རྟག་ལ་སོགས་བཅུ་དྲུག་པོ་ཆོས་ཅན། ཐེག་ཆེན་སྦྱོར་ལམ་དྲོད་ཆུང་ངུའི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། རྟགས་འདི་འོག་མ་རྣམས་ལའང་སྦྱར་དགོས་པ་ཡིན་ཏེ། ཐམས་ཅད་ཀྱི་སྒྲོ་འདོགས་གཅད་གཞི་མཚུངས་པའི་ཕྱིར། བདེན་པ་བཞི་པོ་དེ་ཡི་ནི་ཁྱད་ཆོས་བཅུ་དྲུག་ལ་བདེན་པར་མངོན་པར་ཞེན་པ་འཛིན་པ་ལ་སོགས་པ་འགོག་པའི་དྲོད་ཆུང་ངུའི་ཡེ་ཤེས་ཆོས་ཅན། དྲོད་ཆུང་ངུའི་རྣམ་པ་ཡིན་ཏེ། དེའི་དམིགས་པའི་ཆོས་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་སྒྲོ་འདོགས་འགོག་བྱེད་ཀྱི་དྲོད་ཆུང་ངུའི་ཡེ་ཤེས་ཡིན་པའི་ཕྱིར། རྣམ་པ་གཞན་རྣམས་ལའང་དེ་བཞིན་དུ་སྦྱར་དགོས་ཏེ། ཐམས་ཅད་ཀྱིས་རང་གི་དམིགས་པའི་ཆོས་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་སྒྲོ་འདོགས་འགོག་པར་མཚུངས་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆུང་ངུའི་ཡེ་ཤེས་ཆོས་ཅན། རང་འབྲས་ཁྱད་པར་ཅན་གྱི་རྒྱུ་བྱེད་པ་ཡིན་ཏེ། ཐེག་པ་གསུམ་ཅར་གྱི་རྟོགས་རིགས་ཚང་བར་ཐོབ་པའི་ཐེག་ཆེན་མཐོང་ལམ་གྱི་ཐུན་མོང་མ་ཡིན་པའི་ཉེ་རྒྱུར་བྱེད་པའི་ཕྱིར། འདི་ཡང་ལྷག་མ་རྣམས་ལ་སྦྱར་དགོས་ཏེ། ཉེར་འབྲས་དེ་འབྱིན་པར་མཚུངས་པའི་ཕྱིར། དྲོད་འབྲིང་གི་དམིགས་རྣམས་ཀྱི་ཁྱད་པར་ཡོད་དེ། གཟུགས་སོགས་རྣམས་དོན་དམ་པར་འདུག་གོ་བདེན་པ་དང་བྲལ་བས་ཁྱད་པར་དུ་བྱས་ནས་བདེན་བཞིའི་དམིགས་པ་དང་། མིང་གི་རྒྱུད་དོན་དམ་པར་གནས་པ་དང་བྲལ་བ་སྟེ་གནས་པ་མེད་པར་རྟོགས་པའི་དྲོད་འབྲིང་གི་ཡེ་ཤེས་དེ་རྣམ་པ་ཡིན་པའི་ཕྱིར །དྲོད་ཆེན་པོའི་དམིགས་རྣམ་ཡོད་དེ། གཟུགས་སོགས་བརྡར་བཏགས་པས་ཁྱད་པར་དུ་བྱས་བའི་བདེན་བཞི་དམིགས་པ་དང་། དེ་དག་དོན་དམ་པར་བརྗོད་དུ་མེད་པར་རྟོགས་པའི་དྲོད་ཆེན་པོའི་ཡེ་ཤེས་རྣམ་པ་ཡིན་པའི་ཕྱིར། །རྩེ་མོ་ཆུང་ངུའི་དམིགས་རྣམ་ཡོད་དེ། བདེན་པ་རྣམ་པར་བཞག་མ་གཞག་གཉིས་ལས་ཕྱི་མའི་དབང་དུ་བྱས་ན། གཟུགས་ཚོར་སོགས་དོན་དམ་པར་མི་གནས་པ་དེ་དག་ནི་དོན་དམ་པར་དེ་ཡི་ངོ་བོ་རང་བཞིན་མེད་པས་ཁྱད་པར་བྱས་པས་དམིགས་པ་དང་། གཟུགས་སོགས་དང་དེའི་ཆོས་ཉིད་དེ་དག་བདེན་སྟོང་གཅིག་གི་རང་བཞིན་གཅིག་ཏུ་རྟོགས་པའི་རྩེ་མོའི་ཆུང་ངུའི་ཡེ་ཤེས་རྣམ་པ་དང་། དང་པོའི་དབང་དུ་བྱས་ན་གཟུགས་སོགས་དེ་རྣམས་དེའི་ངོ་བོ་བདེན་པས་སྟོང་པས་དེ་དག་དོན་དམ་པའི་མི་སྐྱེ་བ་ལ་སོགས་པར་མི་གནས་པས་ཁྱད་པར་དུ་བྱས་པའི་བདེན་བཞི་དམིགས་པ་དང་། མི་རྟག་སོགས་དང་དེའི་ཆོས་ཉིད་དེ་དག་གི་བདེན་སྟོང་གཅིག་གི་རང་བཞིན་གཅིག་ཏུ་རྟོགས་པའི་རྩེ་མོའི་ཆུང་ངུའི་ཡེ་ཤེས་དེ་རྣམ་པ་ཡིན་པའི་ཕྱིར། རྩེ་མོ་འབྲིང་གི་དམིགས་རྣམ་གྱི་ཁྱད་པར་ཡོད་དེ། ཆོས་རྣམས་བདེན་གྲུབ་ཀྱི་མཚན་མར་མི་འཛིན་པ་གང་ཡིན་པས་ཁྱད་པར་དུ་བྱས་པའི་བདེན་བཞི་དམིགས་པ་དང་། དེ་དག་བདེན་པར་གྲུབ་པའི་མཚན་མར་མི་མཐོང་བར་རྟོགས་པའི་རྩེ་མོ་འབྲིང་གི་ཡེ་ཤེས་རྣམ་པ་ཡིན་པའི་ཕྱིར། རྩེ་མོ་ཆེན་པོའི་དམིགས་རྣམ་ཡོད་དེ། དོན་དམ་དཔྱོད་བྱེད་ཀྱི་ཤེས་རབ་ཀྱིས་ནི་ཡོངས་སུ་རྟོགས་པའི་ཚུལ་གྱིས་དཔྱད་པས་ཁྱད་པར་དུ་བྱས་པའི་བདེན་བཞི་དམིགས་པ་དང་། འཁོར་གསུམ་ཐམས་ཅད་དམིགས་སུ་མེད་པར་རྟོགས་པའི་རྩེ་མོ་ཆེན་པོའི་ཡེ་ཤེས་དེ་རྣམ་པ་ཡིན་པའི་ཕྱིར། བཟོད་པ་ཆུང་ངུའི་དམིགས་རྣམ་ཡོད་དེ། གཟུགས་སོགས་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་བདེན་བཞི་དམིགས་པ་དང་། གཟུགས་སོགས་དེ་རྣམས་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཡིན་ཀྱང་ཐ་སྙད་པའི་ངོ་བོ་ཉིད་དུ་རྟོགས་པའི་བཟོད་པ་ཆུང་ངུའི་ཡེ་ཤེས་རྣམ་པ་ཡིན་པའི་ཕྱིར། བཟོད་པ་འབྲིང་གི་དམིགས་རྣམ་ཡོད་དེ། གཟུགས་སོགས་དེ་དག་དོན་དམ་པར་སྐྱེ་བ་མེད་པ་དང་ངེས་པར་འབྱུང་བ་མེད་པས་ཁྱད་པར་དུ་བྱས་པའི་བདེན་བཞི་དམིགས་པ་དང་། སྒོ་གསུམ་བདེན་གྲུབ་ཀྱིས་རྣམ་པར་དག་པའི་བཟོད་པ་འབྲིང་གི་ཡེ་ཤེས་དེ་རྣམ་པ་ཡིན་པའི་ཕྱིར། བཟོད་པ་ཆེན་པོའི་དམིགས་རྣམ་ཡོད་དེ། སྒོ་གསུམ་དེ་དག་བདེན་གྲུབ་ཀྱི་མཚན་མ་མེད་པས་ཁྱད་པར་དུ་བྱས་པ་དམིགས་པ་དང་། དེ་གསུམ་དོན་དམ་པར་དེ་ཡི་མཚན་མར་མི་བརྟེན་པས་ཡིད་གཉིས་ཀྱི་མོས་པ་མིན་པ་དང་འདུ་ཤེས་མིན་པ་དང་འདུ་ཤེས་མེད་པར་རྟོགས་པའི་བཟོད་པ་ཆེན་པོའི་ཡེ་ཤེས་དེ་རྣམ་པ་ཡིན་པའི་ཕྱིར། ཆོས་མཆོག་ཆུང་ངུའི་དམིགས་རྣམས་ཡོད་དེ། བསྒོམ་བྱའི་ཏིང་ངེ་འཛིན་གྱི་ངོ་བོར་གྱུར་པ་དམིགས་པ་དང་། ཏིང་ངེ་འཛིན་དེའི་བྱེད་པ་ལྷུན་གྲུབ་དུ་འཇུག་པར་རྟོགས་པའི་ཆོས་མཆོག་ཆུང་ངུའི་ཡེ་ཤེས་དེ་རྣམ་པ་ཡིན་པའི་ཕྱིར། ཆོས་མཆོག་འབྲིང་གི་དམིགས་རྣམ་ཡོད་དེ། ལྐོག་ཏུ་ལུང་སྟོན་པའི་རྒྱུ་ཁྱད་པར་ཅན་དམིགས་པ་དང་། དོན་དམ་པར་རློམ་པ་རགས་པ་ཟད་པའི་ཡེ་ཤེས་དེ་རྣམ་པ་ཡིན་པའི་ཕྱིར། ཆོས་མཆོག་ཆེན་པོའི་དམིགས་རྣམ་ཡོད་དེ། འཁོར་གསུམ་པོ་བདེན་པས་སྟོང་པ་ཕན་ཚུན་ངོ་བོ་གཅིག་པ་དམིགས་པ་དང་། ཆོས་མཆོག་གི་ཏིང་ངེ་འཛིན་མཐའ་གང་དུའང་རྣམ་པར་མི་རྟོགས་པར་བདེན་མེད་དུ་རྟོགས་པའི་ཆོས་མཆོག་ཆེན་པོའི་ཡེ་ཤེས་དེ་དེའི་རྣམ་པ་ཡིན་པའི་ཕྱིར། ཐེག་ཆེན་གྱི་ངེས་འབྱེད་ཆ་འཐུན་ཆོས་ཅན། ཁྱོད་ལ་རྣམ་པ་བཅུ་གཉིས་ཡོད་དེ། སྔར་བཤད་པ་དེ་ལྟར་རེ་རེ་ལའང་ཆུང་དང་འབྲིང་དང་ཆེན་པོའི་དབྱེ་བས་རྣམ་པ་བཅུ་གཉིས་ཡོད་པའི་ཕྱིར། གཞུང་དེ་རྣམས་ཀྱིས་ཇི་ལྟར་བསྟན་པའི་ཚུལ་ཡོད་དེ། ཤེས་སྒྲིབ་སྤོང་བ་ལ་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་པོ་དེ་བདེན་མེད་དུ་གཙོ་བོར་བསྒོམ་པ་ཉིད་གལ་ཆེ་ཞིང་། དེ་ཡང་ཐེག་ཆེན་སྦྱོར་ལམ་གྱི་གནས་སྐབས་སུ་འབྱུང་གི །ཐེག་དམན་སྦྱོར་ལམ་གྱི་གནས་སྐབས་སུ་ནི་བཅུ་དྲུག་པོ་གཙོ་བོར་བསྒོམ་པར་བྱེད་ཀྱང་། བདེན་མེད་དུ་གཙོ་བོར་མི་བསྒོམ་པར་བསྟན་པའི་ཕྱིར། དེར་ཐལ། ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོགས་པ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀའི་སྟོང་ཉིད་གཙོ་བོར་བསྒོམས་སྟོབས་ཀྱིས་སྤོང་བར་བྱེད་ནུས་ཀྱི། ཁ་ཏོན་བྱེད་པ་ཙམ་གྱིས་སྤོང་མི་ནུས་པའི་ཕྱིར། ཐེག་ཆེན་སྦྱོར་ལམ་གྱི་སྤང་བྱ་དེ་འཆད་པ་ལ། གཞི་དང་དེ་ཡི་གཉེན་པོ་ཡིས། །ཞེས་པ་ནས། ཕུང་སོགས་རྟེན་ལའང་དེ་བཞིན་ནོ། །ཞེས་པའི་བར་གསུངས། ངག་དོན་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་སྦྱོར་ལམ་གྱི་སྤང་བྱ་ཡོད་དེ། ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོགས་པ་བཞི་ཡོད་པའི་ཕྱིར། གཟུང་བར་རྟོག་པ་དེ་ཆོས་ཅན། རྣམ་པ་གཉིས་ཡོད་དེ། གཞི་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་། དེ་ཡི་གཉེན་པོའི་ཕྱོགས་ལ་བརྟེན་པའི་དབྱེ་བ་ཡིས་དེ་ལྟར་ཡོད་པའི་ཕྱིར། གཉིས་པོ་དེ་ནི་ཆོས་ཅན། སོ་སོར་དབྱེ་བས་རྣམ་པ་དགུ་དགུ་ཡོད་དེ། རྨོངས་པ་དང་མི་རྟག་པ་དང་ཕུང་སོགས་ལ་དམིགས་པའི་བྱེ་བྲག་གིས་དེ་ལྟར་ཡོད་པའི་ཕྱིར། འཛིན་པའི་རྣམ་པར་རྟོགས་པའང་ཆོས་ཅན། རྣམ་པ་གཉིས་སུ་འདོད་དེ། གང་ཟག་རྣམས་དང་སྐྱེས་བུ་བཏགས་པའི་རྟེན་ཅན་གྱི་དབྱེ་བས་དེ་ལྟར་ཡོད་པའི་ཕྱིར། གཉིས་པོ་དེ་ནི་ཆོས་ཅན། རྣམ་པ་དགུ་དགུ་ཡོད་དེ། རང་དབང་ཅན་གྱི་བདག་སོགས་ཀྱི་ངོ་བོ་དང་། ཕུང་སོགས་ཀྱི་རྟེན་ལ་དམིགས་པ་ལ་དེ་བཞིན་དུ་ཡོད་པའི་ཕྱིར། སྔ་ཕྱི་བཞི་པོ་དེའི་ཁྱད་པར་ཡོད་དེ། སྤང་བྱ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱའམ་ཤེས་བྱར་བདེན་པར་འཛིན་པའི་བདེན་འཛིན་དེ་ཤེས་སྒྲིབ་ཉོན་མོངས་གཟུང་རྟོག་དང་། གཉེན་པོ་རྣམ་བྱང་ཕྱོགས་ཀྱི་ཆོས་ལ་དམིགས་ནས་ལོངས་སྤྱད་བྱའམ་ཤེས་བྱར་བདེན་པར་འཛིན་པའི་བདེན་འཛིན་དེ། ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་ཡིན་ལ། རྫས་འཛིན་གྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱེད་ཀྱི་ཤེས་བྱེད་དུ་བདེན་པར་འཛིན་པའི་བདེན་འཛིན་དེ། ཤེས་སྒྲིབ་རྫས་འཛིན་རྟོགས་པ་དང་། རྟག་འཛིན་གྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱེད་ཀྱི་ཤེས་བྱེད་ཏུ་དབེན་པར་འཛིན་པའི་བདེན་འཛིན་དེ། ཤེས་སྒྲིབ་བརྟགས་འཛིན་རྟོགས་པར་འཇོག་པའི་ཕྱིར། དེ་རེ་རེ་ལའང་གཉིས་གཉིས་ཡོད་དེ། ཀུན་བཏགས་དང་ལྷན་སྐྱེས་གཉིས་ཡོད་པའི་ཕྱིར། སྐབས་འདིར་དངོས་བསྟན་གྱི་དབང་དུ་བྱས་ནས་ཀུན་བཏགས་གཙོ་ཆེ་སྟེ། ལྷན་སྐྱེས་ནི་སྐབས་ལྔ་པར་བྱེད་པའི་ཕྱིར། ཐེག་ཆེན་སྦྱོར་ལམ་པའི་ཡོངས་འཛིན་དེ་འཆད་པར་བྱེད་པ་ལ། སེམས་མི་འགོང་པ་ཉིད་ལ་སོགས། །ཞེས་པ་ནས། རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པའི་བར་གསུངས། ངག་དོན་ནི། སྟོང་ཉིད་ཟབ་མོ་ལ་སེམས་མི་འགོང་ཞིང་མི་སྐྲག་པ་ཉིད་ལ་སོགས་པའི་ཐབས་མཁས་དང་། དེའི་མི་མཐུན་ཕྱོགས་ཉན་རང་ཡིད་བྱེད་དང་བདེན་ཞེན་ཅི་རིགས་བོར་པའི་བྱང་སེམས་སྦྱོར་ལམ་པའི་ཡེ་ཤེས་ཆོས་ཅན། རྣམ་པ་ཀུན་དུ་བྱང་སེམས་སྦྱོར་ལམ་པའི་ནང་གི་ཡོངས་འཛིན་ཡིན་ཏེ། དེ་སྲིད་ཞི་གང་རུང་དུ་མི་ལྟུང་བར་འཛིན་པར་བྱེད་པའི་དེའི་ཡེ་ཤེས་ཡིན་པའི་ཕྱིར། བྱང་སེམས་སྦྱོར་ལམ་པ་ལ་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་སོགས་སུ་སྟོན་པར་བྱེད་ཅིང་དེ་ཡི་མི་མཐུན་ཕྱོགས་བོར་བའི་མཆོག་གི་སྤྲུལ་སྐུ་ཆོས་ཅན། བྱང་སེམས་སྦྱོར་ལམ་པའི་ཕྱིའི་ཡོངས་འཛིན་ཡིན་ཏེ། དེ་ལ་ཐབས་ཤེས་རྫོགས་པར་སྟོན་པའི་དགེ་བའི་བཤེས་གཉེན་ཡིན་པའི་ཕྱིར། བཞི་པ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་འཆད་པ་ལ། རྟོགས་པ་ཡི་ནི་ཆོས་དྲུག་དང་། །ཞེས་པ་ནས། འཇུག་པའི་རྟེན་ལ་རིགས་ཤེས་བྱ། །ཞེས་གསུངས། ངག་དོན་ནི། ཐེག་ཆེན་སྦྱོར་ལམ་དྲོད་སོགས་བཞི་དང་། ཐེག་ཆེན་གྱི་མཐོང་སྒོམ་གྱི་ལམ་གཉིས་ཏེ་རྟོགས་པ་ཡི་ནི་ཆོས་དྲུག་དང་། གཉེན་པོའི་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་། སྤང་བྱའི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པའི་ཚུལ་གྱིས་སྤོང་བ་དང་། སྤང་བྱ་དེ་དག་ཡོངས་སུ་གཏུགས་པ་སྟེ་ཟད་པའི་རྣམ་གྲོལ་ལམ་དང་། སྲིད་ཞིའི་མཐའ་འགོག་བྱེད་ཤེས་རབ་སྙིང་བརྩེར་བཅས་པ་དང་། སློབ་མ་ཉན་ཐོས་སོགས་དང་ཐུན་མོང་མ་ཡིན་པ་ཉིད་དང་། གཞན་གྱི་དོན་ཀྱི་གོ་རིམ་སྒྲུབ་པ་དང་། ཇི་ལྟ་ཇི་སྙེད་ལ་ཡེ་ཤེས་རྩོལ་བ་རགས་པ་སྤངས་ཤིང་། །མི་མངའ་བར་འཇུག་པའི་ཡེ་ཤེས་ཀྱི་རྟེན་ཆོས་ཉིད་བཅུ་གསུམ་པོ་དེ་ཆོས་ཅན། ཁྱོད་ལ་རིགས་ཞེས་བྱ་སྟེ། ཐེག་ཆེན་སྒྲུབ་པ་རང་ཉིད་ལ་དམིགས་ནས་བསྒོམས་པས་དེ་རྟོགས་པ་གོང་འཕེལ་དུ་འགྱུར་པའི་རིགས་ཡིན་པའི་ཕྱིར། དེ་རྣམས་ཀྱི་ས་མཚམས་ཀྱི་ཁྱད་པར་ཡོད་དེ། རྟོགས་པའི་ཆོས་དྲུག་ནི་སྔར་ལྟར་དང་། གཉེན་པོ་དང་ནི་སྤོང་པ་དང་། ཞེས་བས་ཐེག་ཆེན་མཐོང་སྒོམ་གཉིས་ལ་ནི་གཉེན་པོའི་བར་ཆད་མེ་ལམ་དང་སྤོང་པའི་བར་ཆད་མེད་ལམ་གཉིས་སྤང་བྱ་སྤོང་ཚུལ་གྱིས་གཉིས་སུ་ཕྱེ་ནས་བསྟན། དེ་དག་ཡོངས་སུ་གཏུགས་པ་དང་ཞེས་པས། དེ་གཉིས་གྱི་རྣམ་གྲོལ་ལམ་གཅིག་ཏུ་བྱས་ཏེ་ས་བདུན་པ་མན་ཆད་དང་། ཤེས་རབ་སྙིང་བརྩེར་བཅས་པ་ས་བརྒྱད་པ་དང་། སློབ་མ་ཐུན་མོང་མ་ཡིན་པ་ས་དགུ་པ་དང་། གཞན་དོན་གོ་རིམས་སུ་བྱེད་པ་དང་། ཡེ་ཤེས་རྩོལ་བ་མི་མངའ་བ་གཉིས་ཀ་ས་བཅུ་བ་དང་སྦྱར་ཞིང་། དེ་ཡང་འདིའི་དངོས་བསྟན་ལ་དགོངས་པའི་ཕྱིར། རིགས་ལ་རྩོད་པ་སྤོང་པ་འཆད་པ་ལ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་པ་ནས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་པའི་བར་གསུངས། འདི་ལ་རྩོད་པ་དང་། ལན་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ཐེག་པ་གསུམ་གྱི་རིགས་ཀྱི་དབྱེ་བ་ནི་ཐ་དད་པར་རུང་བ་མ་ཡིན་པར་ཐལ། དེ་གསུམ་བདེན་པས་སྟོང་པའི་ཆོས་དབྱིངས་ལ་ངོ་བོ་རིགས་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར། རིགས་ཅན་གསུམ་ཀའི་སློབ་མ་རྣམས་ཆོས་ཅན། ཐེག་པ་ཆེན་པོའི་ལམ་གྱི་གནས་སྐབས་ཀྱི་རིགས་ལ་གནས་པར་ཐལ། རྟགས་དེའི་ཕྱིར། ཞེ་ན། གཉིས་པ་ལ་ལན་ནི། ཤེས་བྱ་ཆོས་ཅན། རིགས་གསུམ་དང་རང་བཞིན་གསུམ་གྱི་དབྱེ་བ་མི་རུང་བའི་སྐྱོན་དེ་མེད་པར་ཐལ། དེའི་ཆོས་དབྱིངས་ཀྱི་ངོ་བོ་ལ་རིགས་མི་འདྲ་བའི་ཁྱད་པར་མེད་ཀྱང་རྟེན་པའི་ཆོས་སྒྲུབ་པ་གསུམ་གྱི་བྱེ་བྲག་གིས་རིགས་དང་རིགས་ཅན་གསུམ་པོ་དེ་ཡི་དབྱེ་བ་ཡོངས་སུ་བརྗོད་རིགས་པའི་ཕྱིར། དཔེར་ན། རྟེན་བུམ་པ་གཅིག་གི་ནང་དུ་བརྟེན་པ་སྦྲང་རྩི་དང་བུ་རམ་སོགས་བླུགས་པ་དེའི་ཚེ་སྦྲང་རྩིའི་བུམ་པ་དང་། བུ་རམ་སོགས་ཀྱི་བུམ་པ་ཞེས་བརྗོད་དུ་རུང་བ་བཞིན་ནོ། །གཞུང་འདིས་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རིགས་ཅན་དུ་བསྟན་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་བདེན་སྟོང་དེ་སངས་རྒྱས་སུ་འགྱུར་རུང་གི་རིགས་སུ་བསྟན་པ་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱིར་ཆོས་ཐམས་ཅད་བདེན་པས་སྟོང་བཞིན་དུ་བྱ་བྱེད་ཀྱི་རྣམ་བཞག་འཐད་པ་ལྟར། སེམས་ཅན་ཐམས་ཅད་གྱི་སེམས་བདེན་པས་སྟོང་ཞིང་དྲི་མ་གློ་བུར་པ་ཡིན་པ་ལ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འཐད་པར། རྒྱུད་བླ་མ་རྩ་འགྲེལ་ལས་དཔེ་དགུ་དོན་དགུའི་སྒོ་ནས་རྒྱས་པར་གཏན་ལ་ཕབ་པ་ལྟར་གཉེན་པོ་དང་འཕྲད་ན་ནི་དྲི་མ་སྦྱོང་ནུས་པས་འཚང་རྒྱ་བར་འགྱུར་བའི་ཕྱིར། དེར་མ་ཟད། འཕགས་པས་ཆོས་དབྱིངས་བསྟོད་པ་ལས་ཀྱང་། གང་ཞིག་ཀུན་དུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་ལ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་རྒྱུར་འགྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ནི་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་རང་བཞིན་གནས་རིགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་དང་། དེ་ཉིད་སྦྱངས་པ་ལས་ཆོས་ཀྱི་སྐུར་འགྱུར་བར་གསུངས་པ་ལྟར་ཡིན་པའི་ཕྱིར། ལྔ་པ། ཐེག་ཆེན་སྒྲུབ་པའི་དམིགས་པ་འཆད་པ་ལ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་པ་ནས། །གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་པའི་བར་གསུངས། ངག་དོན་ནི། དགེ་སོགས་ཀྱི་ཆོས་རྣམས་ཐམས་ཅད་ཆོས་ཅན། ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། དམིགས་པའི་ཆོས་དེ་ཡང་ཆོས་ཅན། དུ་མ་ཡོད་དེ། དགེ་བ་དང་། ལ་སོགས་བས་མི་དགེ་བ་དང་། ལུང་མ་བསྟན་དང་། འཇིག་རྟེན་པ་ཡི་རྟོགས་པ་ཕུང་པོ་ལྔ་དང་། འཇིག་རྟེན་ལས་འདས་པར་འདོད་པ་ནི་བསམ་གཏན་བཞི་གང་དག་དང་། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་དང་། ཟག་པ་མེད་པ་མེད་པའི་ཆོས་དྲན་པ་ཉེར་བཞག་བཞི་དང་། འདུས་བྱས་ཁམས་གསུམ་པོ་གང་དག་དང་། འདུས་མ་བྱས་དེ་བཞིན་ཉིད་དང་། སློབ་མ་ཉན་ཐོས་དང་ཐུན་མོང་མ་ཡིན་པའི་ཆོས་བསམ་གཏན་བཞི་རྣམས་དང་། ཐུབ་པའི་ཐུན་མོང་མ་ཡིན་པའི་ཆོས་གང་དག་རྣམས་སུ་ཡོད་པའི་ཕྱིར། ཡོད་ན་ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་པས་ཁྱབ་སྟེ། དེའི་སྒྲོ་འདོགས་གཅད་གཞི་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཡོད་ན་ཐེག་ཆེན་སྒྲུབ་པས་རང་ལ་དམིགས་ནས་བདེན་མེད་དུ་རྟོགས་དགོས་པས་ཁྱབ་པའི་ཕྱིར། དེར་ཐལ། ཡོད་ན་དགེ་མི་དགེ་ལུང་མ་བསྟན་གསུམ་པོ་གང་རུང་ཡིན་པས་ཁྱབ་པའི་ཕྱིར་ཏེ། དགེ་མི་དགེ་གང་རུང་མ་ཡིན་པའི་ཆོས་ཡིན་ན། ལུང་མ་བསྟན་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་ཡིན་ན་རང་འབྲས་རྣམ་སྨིན་ཡིད་འོང་དང་ཡིད་མི་འོང་གང་རུང་འབྱིན་རུང་མ་ཡིན་པས་ཁྱབ་པའི་ཕྱིར། དྲུག་པ། ཐེག་ཆེན་སྒྲུབ་པའི་ཆད་དུ་བྱ་བ་འཆད་པ་ལ། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །ཞེས་པ་ནས། ཆེད་དུ་བྱ་བ་འདིར་ཤེས་བྱ། །ཞེས་པའི་བར་གསུངས། ངག་དོན་ནི། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་འདི་ཆོས་ཅན། ཁྱོད་གང་གི་ཤེས་པར་བྱ་བའི་གང་ཟག་ཡོད་དེ། རང་བྱུང་གི་མིང་གིས་བརྗོད་པ་བྱང་སེམས་རྣམས་ཀྱིས་ཤེས་པར་བྱ་བའི་ཕྱིར། གང་གི་སྒོ་ནས་ཤེས་པར་བྱེད་པ་ཡོད་དེ། ཆེན་པོ་གསུམ་གྱི་སྒོ་ནས་ཤེས་པར་བྱེད་པའི་ཕྱིར། ཆེན་པོ་གསུམ་ཡང་ཆོས་ཅན། ཡོད་དེ་སེམས་ཅན་ཀུན་གྱི་མཆོག་ཉིད་དུ་བྱེད་པའི་སེམས་ཆེན་པོ་དང་སྤོང་བ་ཆེན་པོ་དང་རྟོགས་པ་ཆེན་པོ་དང་གསུམ་པོ་རྣམས་སུ་ཡོད་པའི་ཕྱིར། མཚན་གཞི་ཡོད་དེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཐུགས་རྗེ་ཆེན་པོ་དང་པོ་དང་། མི་གནས་པའི་མྱང་འདས་གཉིས་པ་དང་། ཇི་ལྟ་ཇི་སྙེད་མཁྱེན་པའི་རྣམ་མཁྱེན་གསུམ་པ་ཡིན་པའི་ཕྱིར། བདུན་པ་གོ་སྒྲུབ་འཆད་པ་ལ། དེ་དག་སོ་སོར་སྦྱིན་ལ་སོགས། །ཞེས་པ་ནས། དྲུག་མཚན་དྲུག་གིས་ཇི་བཞིན་བཤད། །ཅེས་པའི་བར་གསུངས། ངག་དོན་ནི། གོ་ཆའི་སྒྲུབ་པ་གང་ཡིན་པ་དེ་ནི་ཆོས་ཅན། འཇོག་ཚུལ་ཡོད་དེ། མདོ་ལས་སྦྱིིན་པའི་སྦྱིན་པ་སོགས་དྲུག་ནས། ཤེས་རབ་ཀྱི་ཤེས་རབ་བར་དྲུག་ཚན་དྲུག་གི་སྒོ་ནས་ཇི་ལྟ་བ་བཞིན་དུ་བཤད་པ་ལྟར་ཡིན་པའི་ཕྱིར། དེ་ལྟར་བྱེད་པར་རུང་སྟེ། གོ་ཆའི་སྒྲུབ་པ་དེ་དག་སོ་སོར་ཏེ་རིས་ནས་ཀྱང་སྦྱིན་པ་ལ་སོགས་པ་རྣམ་པ་དྲུག་ཏུ་བསྡུས་པའི་ཕྱིར། བརྒྱད་པ་འཇུག་སྒྲུབ་འཆད་པ་ལ། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། ཞེས་པ་ནས། འཛེག་པ་ཡིན་པར་ཤེས་པར་བྱ །ཞེས་པའི་བར་གསུངས། ངག་དོན་ནི། ཐེག་ཆེན་ལམ་གྱིས་བསྡུས་པའི་བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། སྦྱིན་སོགས་དྲུག་དང་། མཐོང་སྒོམ་གྱི་ལམ་དང་། བྱམས་སོགས་ཚད་མེད་བཞི་དང་། བདེན་གྲུབ་ཀྱི་དམིགས་པ་མེད་པ་དང་ལྡན་པ་དང་། གང་ལ་གང་གིས་ཇི་ལྟར་སྦྱིན་པའི་འཁོར་གསུམ་བདེན་མེད་དུ་རྟོགས་པའི་རྣམ་པར་དག་པ་དང་། ཆེད་དུ་བྱ་བ་ཆེན་པོ་གསུམ་གྱི་ཕྱིར་དུ་བསྔོ་བའི་དགེ་བ་དང་མངོན་ཤེས་དྲུག་དང་། འབྲས་བུ་རྣམ་ཀུན་མཁྱེན་པའི་ཚུལ་ལ་འཇུག་པའི་འཇུག་སྒྲུབ་ཀྱི་ཡེ་ཤེས་རྣམས་ཆོས་ཅན། ཐེག་ཆེན་གྱི་ལམ་ལ་འཛེག་པ་ཡིན་པར་ཤེས་པར་བྱ་སྟེ། ཐེག་པ་ཆེན་པོའི་རྒྱུ་འབྲས་ཀྱི་ཆོས་ཅི་རིགས་པ་གོང་འཕེལ་དུ་འཇུག་པའི་སྒྲུབ་པ་ཡིན་པའི་ཕྱིར། དགུ་པ་ཚོགས་སྒྲུབ་འཆད་པ་ལ། དངོས་དང་འཕྲོས་པའི་དོན་ས་བཅུ་པའི་ཡོངས་སྦྱོང་དང་གཉེན་པོའི་ཚོགས་སྒྲུབ་དང་བཅས་པ་བཤད་པ་གཉིས། དང་པོ་འཆད་པ་ལ། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞེས་པ་ནས། རིམ་པ་ཡིན་པར་ཤེས་བར་བྱ། །ཞེས་པའི་བར་གསུངས། ངག་དོན་ནི། ཚོགས་སྒྲུབ་ཆོས་ཅན། ཁྱོད་ཉམས་སུ་ལེན་པའི་རིམ་པ་ལ་བཅུ་བདུན་ཡོད་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ལ་ཡང་དེར་གྱུར་བའི་བརྩེ་བ་སྙིང་རྗེ་ཆེན་པོ་དང་། སྦྱིན་པ་ལ་སོགས་དྲུག་ཉམས་སུ་ལེན་པ་དང་། ཞི་གནས་ལྷག་མཐོང་དང་བཅས་པ་དང་། ཞི་ལྷག་ཟུང་དུ་འབྲེལ་བའི་ལམ་གང་ཡིན་པ་དང་། གཞན་དོན་སྒྲུབ་པའི་ཐབས་མཁས་པ་གང་ཡིན་པ་དང་། ཡེ་ཤེས་དང་ནི་བསོད་ནམས་ཀྱིས་བཏུས་པ་དང་། མཐོང་སྒོམ་གྱི་ལམ་དང་། ཚིག་དོན་གྱི་གཟུང་དང་། ས་བཅུ་དང་། གཉེན་པོའི་ཚོགས་ཀྱི་སྒྲུབ་པ་ཡི་ཁྱད་པར་བཅུ་བདུན་རྣམས་སུ་ཡོད་པའི་ཕྱིར། དེ་ཐམས་ཅད་བསྡུས་ན་གཉིས་སུ་འདུ་སྟེ། ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་སྒྲུབ་གཉིས་སུ་འདུ་བའི་ཕྱིར། གཉིས་པ་ལ་གཉིས། དང་པོ་ཡོངས་སྦྱོང་བྱེ་བྲག་ཏུ་བཤད་པ་ལ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ཞེས་པ་ནས། བཅུ་པ་ཡིན་པར་ཤེས་བར་བྱ། །ཞེས་པའི་བར་གསུངས། འདི་ལ་ས་དང་པོའི་ཡོངས་སྦྱོང་བཤད་པ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང། ལྔ་པ་དང་། དྲུག་པ་དང་། བདུན་པ་དང་། བརྒྱད་པ་དང་། དགུ་པའི་ཡོངས་སྦྱོང་དང་། བཅུ་པ་མཚན་ཉིད་ཀྱི་སྒོ་ནས་བཤད་པ་དང་བཅུ། དང་པོ་དེ་འཆད་པ་ལ། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ཞེས་པ་ནས། ཡོངས་སུ་སྦྱོང་བ་ཤེས་པར་བྱ། །ཞེས་པའི་བར་གསུངས། ངག་དོན་ནི། ས་ནི་དང་པོ། རབ་ཏུ་དགའ་བ་ཆོས་ཅན། ཁྱོད་ཐོབ་པར་འགྱུར་བའི་ཐབས་ཡོད་དེ། འཆད་པ་ལྟར་ཡོངས་སུ་སྦྱོང་བ་རྣམ་བ་བཅུ་ཡི་སྒོ་ནས་ཐོབ་པར་འགྱུར་བའི་ཕྱིར། ཡོངས་སྦྱོང་བཅུ་ཡང་ཡོད་དེ། གཡོ་སྒྱུ་སོགས་མེད་པའི་བསམ་པ་དང་། རང་གཞན་གྱི་དོན་སྒྲུབ་པ་ལ་ཕན་པའི་དངོས་པོ་ཉིད་དང་། སེམས་ཅན་རྣམས་ལ་ཚད་མེད་བཞིའི་སྒོ་ནས་སེམས་མཉམ་པ་ཉིད་དང་། དགེ་རྩ་སོགས་གཞན་ལ་གཏོང་བ་དང་། དགེ་བའི་བཤེས་གཉེན་བསྟེན་པ་དང་། ཐེག་ཆེན་གྱི་སྡེ་སྣོད་སོགས་དམ་པའི་ཆོས་ཀྱི་དམིགས་པ་འཚོལ་བ་དང་། རྟགས་ཏུ་ངེས་པར་འབྱུང་བའི་སེམས་དང་བཅས་པ་ཉིད་དང་། སངས་རྒྱས་ཀྱི་སྐུ་ཐོབ་པར་འདོད་པ་ལ་དགའ་བ་དང་། ཆོས་སྟོན་པ་ལ་དཔེ་འཁྱུད་མེད་པ་དང་། ཚིག་ཐམས་ཅད་བདེན་པར་སྨྲ་བ་ཡི། ས་དང་པོའི་ཡོངས་སྦྱོང་ནི་བཅུ་པ་ཡིན་པར་འདོད་པའི་ཕྱིར། ཁྱོད་ཀྱིས་ས་དང་པོ་ཡོངས་སུ་སྦྱོང་བར་བྱེད་ཚུལ་ཡོད་དེ། སྙིང་རྗེ་ཆེན་པོ་དང་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་དེའི་སྐྱོན་སེལ་ཞིར་ཡོན་ཏན་རྫོགས་པར་བྱེད་པའི་ཚུལ་གྱིས་ཤེས་པར་བྱ་བའི་ཕྱིར། གཉིས་པ་འཆད་པ་ལ། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །ཞེས་པ་ནས། བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །ཞེས་པའི་བར་གསུངས། ངག་དོན་ནི། ཤེས་བྱ་ཆོས་ཅན། ས་གཉིས་པའི་ཡོངས་སྦྱོང་བརྒྱད་ཡོད་དེ། ཚུལ་ཁྲིམས་ཀྱི་ཉམས་ལེན་ལྷག་པར་ཐོབ་པ་དང་། བྱས་པ་བཟོ་བ་དང་། བཟོད་པ་སྒོམ་པ་དང་། དགེ་བ་སྒྲུབ་པར་ལ་རབ་ཏུ་དགའ་བ་དང་། གཞན་ལ་སྙིང་རྩེ་ཆེ་བ་དང་བཅས་པ་དང་། མཁས་སོགས་བཀུར་སྟི་བྱེད་པ་དང་། བླ་མ་ལ་གུས་པས་ཆོས་ཉན་པ་དང་། བརྒྱད་པ་སྦྱིན་པ་ལ་སོགས་ཀྱི་ཉམས་ལེན་ལ་བརྩོན་པའི་ཡོངས་སྦྱོང་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་འཆད་པ་ལ། ཐོས་པས་མི་ངོམས་ཉིད་དང་ནི། །ཞེས་པ་ནས། རློམ་མེད་བདག་ཉིད་དེ་རྣམས་ལྔ། །ཞེས་པའི་བར་གསུངས། ངག་དོན་ནི། ཤེས་བྱ་ཆོས་ཅན། ས་གསུམ་པའི་ཡོངས་སྦྱོང་རྣམ་པ་ལྔ་ཡོད་དེ། ཐོས་པས་མི་ངོམས་པ་ཉིད་ཀྱིས་ཆོས་འཚོལ་བ་དང་། ཉོན་མོངས་པའི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་དང་། སངས་རྒྱས་ཀྱི་ཞིང་ཀུན་སྦྱོང་བར་བྱེད་པ་དང་། འཁོར་བ་པས་གནོད་པ་བྱས་ཀྱང་དེའི་དོན་ལ་ཡོངས་སུ་མི་སྐྱོ་བ་དང་། སྡིག་པ་ལ་འཛེམ་པའི་ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ་རྣམས་སུ་ཡོད་ལ། དེ་རྣམས་ལ་རློམ་སེམས་མེད་པའི་བདག་ཉིད་ཅན་གྱི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཡོངས་སུ་སྦྱོང་བར་བྱེད་པའི་ཕྱིར། བཞི་པ་འཆད་པ་ལ། ནགས་གནས་འདོད་ཆུང་ཆོག་ཤེས་དང་། །ཞེས་པ་ནས། མི་ཞུམ་པ་དང་ལྟ་བ་མེད། །ཞེས་པའི་བར་གསུངས། ཤེས་བྱ་ཆོས་ཅན །ས་བཞི་པའི་ཡོངས་སྦྱོང་ལ་བཅུ་ཡོད་དེ། ཉན་རང་ཡིད་བྱེད་ཀྱི་བསམ་པས་དབེན་པའི་ནང་ན་གནས་པ་དང་། འདོད་པ་ཆུང་བ་དང་། ཆོས་ཤེས་པ་དང་། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་པའི་སྡོམ་པ་ལ་བརྟེན་པ་དང་། བསླབ་པ་ཁས་སླངས་ཡོངས་སུ་མི་གཏོང་བ་དང་། འདོད་པའི་ཡོན་ཏན་ལ་ཆགས་པ་སྨོད་ཅིང་སྤོང་བ་དང་། གཞན་མྱང་འདས་ལ་འགོད་པ་དང་། བདོག་པའི་དངོས་པོ་ཀུན་གཏོང་བ་དང་། ཆོས་ཀྱི་དཀའ་སྤྱོད་ལ་མི་ཞུམ་པའི་སྤྲོ་བ་དང་། བདེན་གྲུབ་ཏུ་ལྟ་བའི་ཞེན་པ་མེད་པ་རྣམས་སུ་ཡོད་པའི་ཕྱིར། ལྔ་པ་འཆད་པ་ལ། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་། །ཞེས་པ་ནས། ས་ལྔ་པ་ནི་ཡང་དག་ཐོབ། །ཞེས་པའི་བར་གསུངས་། ངག་དོན་ནི། ཤེས་བྱ་ཆོས་ཅན། ས་ལྔ་པ་ལ་ཡོངས་སྦྱོང་བཅུ་ཡོད་དེ། རྙེད་བཀུར་ཀྱི་ཆེད་དུ་ཁྱིམ་ལ་འདྲིས་པ་སྤོང་བ་དང་། ཁྱིམ་ལ་འཁྲེན་པའི་རྐྱེན་གྱིས་གཞན་ལ་དེ་མི་སྟོན་པ་དང་། འདུ་འཛིར་གྱུར་པའི་གནས་སྤོང་པ་དང་། རྙེད་བཀུར་གྱི་ཆེད་དུ་བདག་ལ་བསྟོད་ཅིང་། གཞན་ལ་བརྙས་པ་སྤོང་བ་གཉིས་དང་། མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་བ་དང་། ང་རྒྱལ་གྱི་རློམ་པས་ཁེངས་པ་སྤོང་པ་དང་། དགེ་སྡིག་ལ་བླང་དོར་ཕྱིན་ཅི་ལོག་ཏུ་བྱེད་པ་སྤོང་བ་དང་། བློ་ངན་འཇིག་ལྟ་སྤོང་བ་དང་། ཉོན་མོངས་ཕྱོགས་ལ་བཟོད་ཅིང་དང་དུ་ལེན་པ་སྤོང་བ་དང་བཅས་པ་རྣམས་སུ་ཡོད་པའི་ཕྱིར། སྔར་བཤད་པ་ལྟར་བཅུ་པོ་འདི་ནི་ཆོས་ཅན། སྦྱང་གཞི་ཡོད་དེ། མི་མཐུན་ཕྱོགས་རྣམ་པ་བཅུ་སྦྱངས་ཤིང་རྣམ་པར་སྤངས་པས་ན་ས་ལྔ་པ་ནི་ཡང་དག་པར་ཐོབ་པར་འགྱུར་བའི་ཕྱིར། དྲུག་པ་འཆད་པ་ལ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །ཞེས་པ་ནས། ས་ནི་དྲུག་པ་ཡང་དག་ཐོབ། །ཞེས་པའི་བར་གསུངས། ངག་དོན་ནི། ཤེས་བྱ་ཆོས་ཅན། ས་དྲུག་པ་ལ་ཡོངས་སྦྱོང་བཅུ་ཡོད་དེ། སྦྱིན་སོགས་དྲུག་དང་དེའི་སྤང་བྱ་དྲུག་སྦྱར་ནས་སྦྱོང་ཞིང་། དེ་ཡང་སྦྱིན་པའི་ཉམས་ལེན་གྱིས་སློབ་མ་ཉན་ཐོས་ཀྱི་བྱང་ཆུབ་འདོད་པ་སྤོང་བ་དང་། རང་དོན་ནི་ཡིད་བྱེད་ཀྱི་སེམས་སྤོང་བའི་ཚུལ་ཁྲིམས་ཀྱིས་བསེ་རུ་རང་རྒྱལ་གྱི་བྱང་ཆུབ་ལ་དགའ་བ་སྤོང་བ་དང་། སྟོང་ཉིད་ལ་མི་སྐྲག་པའི་བཟོད་པས་ཟབ་དོན་ལ་སྐྲག་པའི་སེམས་སྤོང་པ་དང་། སྦྱིིན་པ་ལ་སྤྲོ་བའི་བརྩོན་འགྲུས་ཀྱིས་སློང་བ་པོས་བསླངས་པའི་སེམས་མི་ཞུམ་པ་དང་། སྦྱིན་པ་ལ་ཡང་སེམས་རྩེ་གཅིག་པའི་བསམ་གཏན་གྱིས་ཕྱི་ནང་གི་བདོག་པ་ཀུན་གཏང་ཡང་ཡིད་མི་དགའ་བ་མེད་པ་དང་། སྦྱིན་པའི་ཡོན་ཏན་རྟོགས་པའི་ཤེས་རབ་རབ་ཏུ་རྫོགས་པས་བཏང་བས་རང་ཉིད་དབུལ་ཡང་སློང་པོ་མི་སྤོང་བར་བསླབས་ནས་ས་ནི་དྲུག་པ་ཡང་དག་པར་ཐོབ་པར་འགྱུར་བའི་ཕྱིར། དེ་ལྟར་བསྡོམས་ན་དྲུག་ཡོད་ཀྱང་ཕྱེ་ན་བཅུ་གཉིས་སུ་འགྱུར་ཏེ། སྤང་བྱ་དང་སྤོང་བྱེད་ཀྱི་སྒོ་ནས་སོ་སོ་ཕྱེ་བ་བཅུ་གཉིས་སུ་འགྱུར་བའི་ཕྱིར། བདུན་པ་འཆད་པ་ལ། བདག་དང་སེམས་ཅན་འཛིན་པ་དང་། །ཞེས་པ་ནས། སྟོང་པ་ཉིད་དང་ཉི་ཤུའོ། །ཞེས་པའི་བར་གསུངས། འདི་སྤང་བྱ་དང་། གཉེན་པོའི་སྒོ་ནས་སྦྱར་བ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ས་བདུན་པའི་ཡོངས་སྦྱོང་ལ་སྤང་བྱ་སྤོང་ཚུལ་གྱིས་བཞག་པ་ཉི་ཤུ་ཡོད་དེ། འཆད་པར་འགྱུར་པ་ལྟར་ཉི་ཤུ་ཡོད་པའི་ཕྱིར། དེར་ཐལ། སྤང་བྱ་གང་ཟག་གི་བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་དང་། དེ་བཞིན་དུ་སྲོག་དང་། རང་དབང་ཅན་གྱི་གང་ཟག་དང་། སེམས་ཅན་ཆད་པ་དང་། བདག་རྟག་པ་དང་། བླང་དོར་གྱི་མཚན་མ་དང་། རྒྱུ་མི་འདྲ་བ་གསུམ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་དང་། ཁམས་གསུམ་པོ་ལ་གནས་བྱར་དང་། དོར་བྱར་བདེན་པར་ཆགས་པ་དང་། སེམས་ནི་ཀུན་དུ་མི་ཞུམ་པ་དང་། དཀོན་མཆོག་གསུམ་རེ་རེ་དང་། ཚུལ་ཁྲིམས་ལ་དེར་བདེན་པར་ལྟ་བའི་མངོན་ཞེན་དང་། སྟོང་པ་ཉིད་ལ་ཕྱིན་ཅི་ལོག་ཏུ་རྩོད་པ་དང་། བདེན་སྟོང་དེ་དང་ཀུན་རྫོབ་འགལ་བར་འཛིན་པའི་ཉེས་པ་ནི་ཉི་ཤུ་རྣམས་གང་ལས་རྣམ་པར་ཆད་པའི་བྱ ང་སེམས་དེ་ཡིས་ས་ནི་བདུན་པ་ཐོབ་པར་འགྱུར་པའི་ཕྱིར། གཉིས་པ་གཉེན་པོའི་ཡོངས་སྦྱོང་ཉི་ཤུ་ཡོད་དེ། དེ་ཡང་སྔར་བཤད་པའི་སྤང་བྱ་ཉི་ཤུ་པོ་རྣམས་ཀྱི་གཉེན་པོར་རིམ་པ་བཞིན་དུ་སྦྱར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་གསུམ་ཤེས་པས་བདག་དང་སེམས་ཅན་དང་སྲོག་ཏུ་འཛིན་པ་རྣམས་སྤོང་བ་དང་། དེ་དགེ་བཅུའི་འཁོར་གསུམ་ལ་བདེན་པར་ཞེན་པ་མེད་པའི་རྣམ་པར་དག་པ་ཉིད་ཀྱིས་རང་དབང་ཅན་གྱི་སེམས་ཅན་དུ་འཛིན་པ་སྤོང་པ་དང་། སེམས་ཅན་ལ་དམིགས་པའི་སྙིང་རྗེས་སེམས་ཅན་ཆད་པར་འཛིན་པ་སྤོང་བ་དང་། བདེན་གྲུབ་ཏུ་རློམ་པ་མེད་པས་སེམས་ཅན་རྟག་པར་འཛིན་པ་སྤོང་པ་དང་། ཆོས་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་དུ་རྟོགས་པས་བླང་དོར་མཚན་མར་འཛིན་པ་སྤོང་པ་དང་། མཐར་ཐུག་ཐེག་པ་ཆེན་པོའི་ཚུལ་གཅིག་ཏུ་ཤེས་པས་རྒྱུ་རིགས་མི་འདྲ་བ་གསུམ་ཏུ་འཛིན་པ་སྤོང་པ་དང་། འདུས་བྱས་རྣམས་དོན་དམ་པར་མི་སྐྱེ་བར་ཤེས་པས་ཕུང་པོ་ལ་བདེན་ཞེན་སྤོང་བ་དང་། སྟོང་ཉིད་ཟབ་མོ་ལ་བཟོད་པ་ཤེས་པས་ཁམས་གསུམ་ལ་བདེན་ཞེན་སྤོང་བ་དང་། ཆོས་རྣམས་བདེན་སྟོང་ཀྱི་རྣམ་པ་གཅིག་ཏུ་སྟོན་པས་སྐྱེ་མཆེད་ལ་བདེན་ཞེན་སྤོང་པ་དང་། བདེན་འཛིན་གྱི་རྟོགས་པ་ཀུན་ཏུ་འཇོམས་པས་ཁམས་གསུམ་ལ་གནས་བྱར་བདེན་པར་ཞེན་པ་སྤོང་བ་དང་། ཚུལ་མིན་ཡིད་བྱེད་ཀྱི་འདུ་ཤེས་དང་། ལྟ་བ་ལྔ་དང་། ཆགས་སོགས་ཀྱི་ཉོན་མོངས་པས་ཁམས་གསུམ་ལ་དོར་བྱ་བདེན་པར་ཞེན་པ་སྤོང་བ་དང་། ཞི་གནས་ངེས་པར་སེམས་ཤིང་བསྒོམས་པས་སེམས་ཞུམ་པ་སྤོང་པ་དང་། ལྷག་མཐོང་གི་ལམ་ནི་མཁས་པས་སངས་རྒྱས་དང་། སེམས་དུལ་བས་ཆོས་དང་། ཆོས་ཐམས་ཅད་ལ་ཐོག་པ་མེད་པའི་ཡེ་ཤེས་དང་ལྡན་པས་དགེ་འདུན་ལ་བདེན་པར་ཞེན་པ་སྦོང་བ་གསུམ་དང་། ཆོས་གང་ལའང་བདེན་པར་ཆགས་པའི་ས་མིན་པར་རྟོགས་པས་ཚུལ་ཁྲིམས་ལ་བདེན་ཞེན་སྤོང་པ་དང་། ཆོས་ཀྱི་དོན་དུ་གར་འདོད་པར་སངས་རྒྱས་ཀྱི་ཞིང་གཞན་དུ་ནི་དུས་མཉམ་དུ་འགྲོ་བས་སྟོང་པ་ཉིད་ལ་རྩོད་པ་སྤོང་བ་དང་། གདུལ་བྱའི་དོན་དུ་འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་བདག་གི་ལུས་ཀྱི་ངོ་བོ་ཉིད་རབ་ཏུ་སྟོན་པ་ཉིད་དང་ཉི་ཤུ་ཡོད་པའི་ཕྱིར། སྤང་བྱ་དེ་རྣམས་ནི། ཕྲ་རགས་ཅི་རིགས་ལ་དགོངས་པ་ཡིན་གྱི། ཕྲ་བ་ཐམས་ཅད་ལ་མིན་ཏེ། ལུགས་འདིར་བདེན་འཛིན་མ་ལུས་པར་སྤངས་པ་དང་སངས་རྒྱས་པ་དུས་མཉམ་པའི་ཕྱིར། བརྒྱད་པ་མྱང་འདས་འཆད་པ་ལ། སེམས་ཅན་ཀུན་ཡིད་ཤེས་པ་དང་། །ཞེས་པ་ནས། ལས་ནི་རྣམ་པ་འདི་བརྒྱད་བཤད། །ཅེས་པའི་བར་གསུངས། ངག་དོན་ནི། ས་བརྒྱད་པའི་ཡོངས་སྦྱོང་གི་ལས་ནི་ཆོས་ཅན། རྣམ་པ་འདི་བརྒྱད་དུ་བཤད་པ་ཡིན་ཏེ། སེམས་ཅན་ཀུན་གྱི་ཡིད་ཀྱི་སྤྱོད་པ་བཟང་ངན་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་རྣམས་སུ་རྫུ་འཕྲུལ་གྱིས་མངོན་པར་ཤེས་པས་བརྩེ་བ་དང་། རང་ཉིད་གང་དུ་འཚང་རྒྱ་འགྱུར་གྱི་སངས་རྒྱས་ཀྱི་ཞིང་བཟང་པོ་སྒྲུབ་པ་དང་། ཆོས་ཀྱི་ཚིག་ཡོངས་སུ་བརྟགས་པའི་ཕྱིར་དུ་སངས་རྒྱས་བརྟེན་པ་དང་། གདུལ་བྱ་རྣམས་ཀྱི་དབང་པོ་རྣོ་རྟུལ་ཤེས་པ་དང་། རྒྱལ་བ་ཡི་ཞིང་གི་སེམས་ཅན་ཀྱི་ཉོན་མོངས་སྦྱོང་བ་དང་། དེ་དག་ཐམས་ཅད་བདེན་སྟོང་སྒྱུ་མ་ལྟ་བུར་བར་ལྟ་བ་ལ་གནས་པ་དང་སེམས་ཅན་གྱི་དོན་དུ་བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པ་དང་བརྒྱད་རྣམས་སུ་ཡོད་པའི་ཕྱིར། དགུ་པ་འཆད་པ་ལ། སྨོན་ལམ་དག་ནི་མཐའ་ཡས་དང་། །ཞེས་པ་ནས། ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་པའི་བར་གསུངས། ངག་དོན་ནི། ཤེས་བྱ་ཆོས་ཅན། ས་དགུ་པ་ལ་ཡོངས་སྦྱོང་བཅུ་གཉིས་ཡོད་དེ། བྱང་ཆུབ་ཏུ་སྨོན་པའི་སྨོན་ལམ་དག་ནི་མཐའ་ཡས་པ་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པའི་སྐད་ཤེས་པ་དང་། སྤོབས་པ་ཆུ་བོ་ལྟ་བུར་ཟད་མི་ཤེས་པ་དང་། མའི་མངལ་དུ་འཇུག་པ་མཆོག་དང་། རྒྱལ་རིགས་སོགས་རིགས་ཕུན་སུམ་ཚོགས་པ་དང་། བུ་རམ་ཤིང་པ་ལྟར་རུས་ཕུན་སུམ་ཚོགས་པར་སྐྱེ་བ་དང་། གཉེན་གྱི་ཆོ་འབྲང་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། བརྒྱ་བྱིན་སོགས་ཀྱིས་བསྟོད་པའི་སྐྱེ་བ་ཕུན་སུམ་ཚོགས་པ་དག་དང་། སངས་རྒྱས་དང་ལྷ་སོགས་ཀྱིས་བསྐུལ་ཏེ་ངེས་པར་འབྱུང་བ་དང་། བྱང་ཆུབ་ཀྱི་ཤིང་རྣམས་ཀྱི་དྲུང་དུ་འདུག་པ་དང་། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རྫོགས་པར་བྱེད་པ་རྣམས་སུ་ཡོད་པའི་ཕྱིར། བཅུ་པ་མཚན་ཉིད་ཀྱི་སྒོ་ནས་འཆད་པ་ལ། ས་དགུ་འདས་ནས་ཡེ་ཤེས་ནི། །ཞེས་པ་ནས། བཅུ་བ་ཡིན་པར་ཤེས་བར་བྱ། །ཞེས་པའི་བར་གསུངས། ངག་དོན་ནི། དམན་པའི་ས་བརྒྱད་དང་ས་དགུ་པ་མན་ཆད་བྱང་སེམས་ཀྱི་ས་ཞེས་གཅིག་ཏུ་བྱས་ན་ས་དགུའི་སྔ་མ་བརྒྱད་ལ་ཤེས་མཐོང་དང་ཕྱི་མ་ལ་གནས་ནས་འདས་པར་བྱས་ནས་ཐོབ་པའི་ས་བཅུ་པའི་ཡེ་ཤེས་དེ་ནི་ཆོས་ཅན། བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་ཤེས་པར་བྱ་སྟེ། རྒྱུ་མཚན་གང་གིས་ན་མདོ་ལས། འདའ་བྱས་དགུ་འདས་ནས་ས་བཅུ་པ་ལ་གནས་པ་དེ་ལ་སངས་རྒྱས་ཀྱི་སར་གནས་ཞེས་མིང་གིས་བཏགས་ནས་བཤད་པའི་ཕྱིར། ས་བཅུ་པ་ཆོས་ཅན། ཁྱོད་འདིར་མཚན་ཉིད་ཀྱི་སྒོ་ནས་དངོས་སུ་བཤད་ནས་ཡོངས་སྦྱོང་གི་སྒོ་ནས་དངོས་སུ་མ་བཤད་པ་ལ་རྒྱུ་མཚན་ཡོད་དེ། ཁྱོད་འདའ་བྱའི་ས་དེ་དག་གི་འབྲས་བུའི་ས་ཡིན་པར་ཤེས་པ་དང་། འདའ་བྱའི་ས་དགུ་པོ་ཐམས་ཅད་ཀྱི་ཡོན་ཏན་གྱི་རིགས་ཡར་ལྡན་དུ་ཡོད་པར་ཤེས་པའི་ཆེད་དུ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་སངས་རྒྱས་ཀྱི་མིང་གིས་འདོག་པའི་རྒྱུ་མཚན་ཡོད་དེ། རྗེས་ཐོབ་ཀྱི་གནས་སྐབས་སུ་གཞན་དོན་བྱེད་པའི་སྒོ་སངས་རྒྱས་དང་ཕྱོགས་མཐུན་མཉམ་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་གཉེན་པོའི་ཚོགས་སྒྲུབ་འཆད་པ་ལ། །མཐོང་དང་གོམས་པའི་ལམ་དག་ལ། །ཞེས་པ་ནས། གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་པའི་བར་གསུངས། ངག་དོན་ནི། ཐེག་ཆེན་གྱི་མཐོང་ལམ་དང་སྒོམ་པའི་ལམ་དག་ཆོས་ཅན། ཁྱོད་ལ་གཉེན་པོ་རྣམ་པ་བརྒྱད་ཅེས་བྱ་བ་ཡོད་པ་ཡིན་ཏེ། སྤང་བྱ་ཤེས་སྒྲིབ་གཟུང་རྟོག་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་དུ་གྲངས་ཀྱི་སྒོ་ནས་བརྒྱད་ཡོད་པའི་ཕྱིར། དེར་ཐལ། ཤེས་སྒྲིབ་ཀུན་བཏགས་ལྷན་སྐྱེས་གཉིས་པོ་རེ་རེ་ལའང་ཉོན་མོངས་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་གཉིས་རེ་དང་། རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་གཉིས་རེ་སྟེ་སོ་སོར་ཕྱེ་བ་བརྒྱད་ཡོད་པའི་ཕྱིར། བཅུ་པ་ངེས་འབྱུང་སྒྲུབ་པ་འཆད་པ་ལ། ཆེད་དུ་བྱ་དང་མཉམ་ཉིད་དང་། །ཞེས་པ་ནས། ངེས་འབྱུང་སྒྲུབ་པ་ཡིན་ཞེས་བྱ། །ཞེས་པའི་བར་གསུངས། ངག་དོན་དུ་བསྒྲིམ་ན། ངེས་པར་འབྱུང་བ་བརྒྱད་ཀྱི་བདག་ཉིད་འོག་ནས་འབྱུང་བ་འདི་རྣམས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཉམས་སུ་ལེན་པའི་དག་སའི་ཡེ་ཤེས་ཆོས་ཅན། ངེས་འབྱུང་སྒྲུབ་པ་ཡིན་པར་ཤེས་པར་བྱ་སྟེ། རྣམ་མཁྱེན་གདོན་མི་ཟ་བར་ཐོབ་པ་བྱེད་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ངེས་འབྱུང་སྒྲུབ་པས་འབྱུང་བའི་དབྱེ་བ་ལ་བརྒྱད་ཡོད་དེ། སྔར་བཤད་པ་ལྟར་ཆེད་དུ་བྱ་བ་གསུམ་དང་། ཆོས་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཐུགས་རྗེ་དང་། སེམས་ཅན་གྱི་དོན་རྫོགས་པར་བྱེད་པ་དང་། དོན་དེ་འབད་མེད་ལྷུན་གྲུབ་ཏུ་བྱེད་པ་དང་། སྲིད་ཞིའི་མཐའ་ལས་འདས་པར་ངེས་པར་འབྱུང་བ་དང་། ཐེག་པ་གསུམ་གྱི་ཐོབ་བྱའི་རིགས་ཐམསཅད་ཐོབ་པའི་མཚན་ཉིད་ངེས་པར་འབྱུང་བ་དང་། ཆོས་བཅུའི་རྣམ་པ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་ཉིད་དང་། རྣམ་མཁྱེན་དེའི་ཁྱད་པར་གྱི་ལམ་གྱི་ཡུལ་ཅན་ངེས་པར་འབྱུང་པ་སྟེ་བརྒྱད་རྣམས་སུ་ཡོད་པའི་ཕྱིར། འདིར་དངོས་སུ་བསྟན་པའི་ངེས་འབྱུང་ཡིན་ན། ངེས་འབྱུང་སྒྲུབ་པ་ཡིན་པས་མ་ཁྱབ་སྟེ། ངེས་པར་འབྱུང་བ་དང་པོ་བདུན་པོ་དེ་ངེས་འབྱུང་སྒྲུབ་པ་མ་ཡིིན་པའི་ཕྱིར། དེར་ཐལ། དང་པོ་བདུན་པོ་དེ་སངས་རྒྱས་ཀྱི་སར་འཇོག་དགོས་ཤིང་། ཐ་མ་དེ་ས་བཅུ་བའི་ཁྱད་པར་གྱི་ལམ་ལ་འཇོག་པའི་ཕྱིར། དེར་ཐལ། གསེར་འཕྲེང་ལས། མི་སློབ་ལམ་ན་བདུན་དང་། སློབ་ལམ་གཅིག་ཏུ་བྱས་པ་ན་རིགས་སོ། ཅེས་པ་འདི་ནི་གཞན་གྱིས་བསྐུལ་པའི་ངོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་རང་གི་ཡིག་ཆ་དང་མཐུན་པར་གཙོ་བོར་བྱས་ནས་གཞན་ལའང་ཕན་སྙམ་པའི་བསམ་པས་བྲིས་པ་སྟེ། དེ་ཡང་རྩ་བའི་ཚིག་དོན་བཤད་པའི་སྒོ་ནས་བཤད་པ་རྒྱབ་ན་ཕན་ཡོན་ལྷག་པར་ཆེ་བསམས་ནས་ཡིན་ལ། ཕྱིས་དད་དང་རྣམ་དཔྱོད་ལྡན་པའི་གླང་ལིའི་དགེ་སློང་འཇམ་དབྱངས་དོན་ཡོད་ཞེས་བགྱི་བས་བཀའ་བཅུའི་མཚན་བཞེས་པའི་སྐབས་སུ་གཞན་ལ་ཕན་འདོགས་ཀྱི་ལྷག་བསམ་དག་པས་པར་དུ་བསྒྲུབས་པའི་དགེ་བས་སྐྱེ་བ་ཐམས་ཅད་དུ་རྗེ་བཙུན་བྱམས་པ་མགོན་པོས་རྗེས་སུ་འཛིན་པར་གྱུར་ཅིག །།། མངྒ་ལཾ།།

སྐབས་གཉིས་པ་དང་གསུམ་པའི་ཊཱིཀྐ།

སྐབས་གཉིས་པ་དང་གསུམ་པའི་ཊཱིཀྐ་བཞུགས།

རྗེ་བཙུན་མི་ཕམ་མགོན་པོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གཉིས་པ་ལམ་ཤེས་ཚིག་དོན་ཡན་ལག་གི་སྒོ་ནས་རྒྱས་པར་བཤད་པ་ལ། སྐབས་འདིར་ལམ་ཤེས་འཆད་པའི་རྒྱུ་མཚན་བཤད་པ་དང་། གཞུ་དོན་དངོས་བཤད་པ་དང་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། སྐབས་དང་པོར་རྣམ་མཁྱེན་བཤད་ཟིན་པའི་འོག་ཏུ་ལམ་ཤེས་འཆད་པའི་རྒྱུ་མཚན་ཡོད་དེ། རྣམ་མཁྱེན་ཐོབ་པ་ལ་ལམ་ཤེས་བསྒོམ་པ་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་འགྲེལ་བའི་མཚམས་སྦྱར་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཤེས་པ་ཉིད་ཡོངས་སུ་ཤེས་པ་མེད་ན་མེད་པས་ལམ་ཤེས་པ་ཉིད། ཅེས་གསུངས་པའི་ཕྱིར། གཉིས་པ་ལ། ལམ་ཤེས་ཀྱི་ཡན་ལག་བཤད་པ་དང་། དེའི་རང་བཞིན་བཤད་པ་དང་གཉིས། རྩ་བ་ལས། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །ཞེས་སོགས་ཀྱི་རྐང་བ་བཞི་གསུངས་། འདི་ལ་ཚིག་དོན་དང་། ཁྱབ་པའི་དོན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། སྦྱོར་ངག་ཏུ་བསྒྲིལ་ན། ཤེས་བྱ་ཆོས་ཅན། ཡུམ་གྱི་མདོ་ལས་ལམ་ཤེས་འཆད་པའི་སྐབས་སུ་བབ་པ་ན་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་འདོད་གཟུགས་ཀྱི་ལྷའི་འོད་མོག་མོག་པོར་མཛད་ནས་ཟིལ་གྱིས་མནན་པ་ལ་དགོས་པ་ཡོད་དེ། ལྷ་དེ་རྣམས་ཀྱི་ང་རྒྱལ་བཅོམ་ནས་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་དང་ལམ་ཤེས་སྐྱེ་རུང་བར་བྱ་བའི་ཕྱིར་དུ་ཡིན་པའི་ཕྱིར། ལམ་ཤེས་སྐྱེ་བའི་རྟེན་གྱི་ཡུལ་ངེས་པ་ཡིན་ཏེ། ལམ་གསུམ་རྫོགས་པར་བསྒོམ་པའི་ལམ་ལ་མཁས་པ་ལ་ནི། དེའི་སྔོན་དུ་རིགས་ཅན་གསུམ་ཀའི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་རྟེན་ངེས་པར་དགོས་པའི་ཕྱིར། བྱང་ཆུབ་སེམས་དཔར་མ་ཟད། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལམ་ཤེས་སྐྱེ་རུང་བ་ཡིན་ཏེ། དེ་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་འཇིག་རྟེན་རང་བཞིན་གནས་རིགས་ཀྱིས་ཁྱབ་པའི་ཕྱིར། ལམ་ཤེས་ཆོས་ཅན། ཉན་རང་གི་ལམ་ལས་རང་བཞིན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཉན་རང་ལྟར་ཉོན་མོངས་གཙོ་བོར་མི་སྤོང་བར་ཉོན་མོངས་འགའ་ཞིག་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྒྱུར་བར་བྱེད་ནུས་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཉན་རང་གི་ལམ་ལས་ལམ་ཤེས་དེའི་བྱེད་ལས་ཀྱང་ཁྱད་པར་དུ་འཕགས་ཏེ། དུས་མ་ཡིན་པར་ཡང་དག་མཐའ་མངོན་དུ་མི་བྱེད་ཅིང་། སེམས་ཅན་མཐའ་ཡས་པ་སྨིན་ཅིང་གྲོལ་བར་བྱེད་ནུས་པའི་བྱེད་ལས་ཅན་ཡིན་པའི་ཕྱིར། བསྡུ་ན་འདིར་བསྟན་པའི་ལམ་ཤེས་ཀྱི་ཡན་ལག་དེ་ལ་ལྔ་ཡོད་དེ། དེར་གྱུར་པའི་གེགས་མངོན་པའི་ང་རྒྱལ་མངོན་འགྱུར་བ་དང་བྲལ་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ། རྟེན་རང་བཞིན་གནས་རིགས་ཀྱིས་ཁྱབ་པ། ཉོན་མོངས་གཙོ་བོར་མི་སྤོང་པའི་རང་བཞིན། སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་ནུས་པའི་བྱེད་ལས་དང་ལྔ་ཡོད་པའི་ཕྱིར། གཉིས་པ་ལ། ཁྱབ་པའི་དོན་བཤད་པ་དང་། རང་བཞིན་བཤད་པ་དང་གཉིས། དང་པོ་ནི། འདིར་ཁྱབ་པའི་དོན་ཡོད་དེ། འགྲེལ་པ་ལས། ཐེག་པ་གསུམ་རྣམ་པར་གཞག་པ་ནི་དགོངས་པ་ཅན་ཡིན་གྱི། མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་ལུགས་ལས་འབྱུང་བས། སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་ཅན་ཡིན་ཏེ། ཞེས་པ་ནས། ལམ་ཤེས་པ་ཉིད་བསྒོམ་པར་བྱ་བས་ཁྱབ་པ་ཡིན་ནོ། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པས། ལམ་ཤེས་བསྒོམ་པར་བྱར་རུང་བས་ཁྱབ་པ། དེ་ལ་བརྟེན་ནས་ཀྱང་མཐར་འཚང་རྒྱ་བས་ཀྱང་ཁྱབ་པ་ནི་ཁྱབ་པའི་དོན་ཡིན་པས་ཁྱབ་པ་རྣམ་པ་གསུམ་ག་ཡང་འདིར་བསྟན་པའི་ཕྱིར། དེ་ལྟར་ནའང་མཐར་ཐུག་ཐེག་པ་གསུམ་བསྟན་པའི་མདོ་དང་མི་འགལ་ཏེ། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་དྲང་དོན་དུ་འགྲེལ་བའི་ཕྱིར། དགོངས་གཞི་ཡོད་དེ། གནས་སྐབས་རིགས་གསུམ་སོ་སོར་ངེས་པ་ཡོད་པ་ལ་དགོངས་པའི་ཕྱིར། དགོས་པ་ཡོད་དེ། དང་པོ་ནས་ཐེག་ཆེན་དུ་འཇུག་པ་འདོད་པ་འགའ་ཞིག་རིམ་གྱིས་དཀྲི་བའི་ཆེད་ཡིན་པའི་ཕྱིར། དངོས་ལ་གནོད་བྱེད་ཡོད་དེ། ལུང་དུ་མ་དང་། རིག་པ་དུ་མས་གནོད་པའི་ཕྱིར། དང་པོ་གྲུབ་སྟེ། དམ་ཆོས་པད་དཀར་དང་། དཔལ་འཕྲེང་གི་མདོ་ལ་སོགས་པའི་ལུང་དུ་མས་གནོད་པའི་ཕྱིར། རིགས་པས་གནོད་པའི་ཚུལ་མཐར་ཐུག་པ་ཡང་། སེམས་ཅན་ཐམས་ཅད་ཀྱི་སེམས་དོན་དམ་པར་རང་བཞིན་གྱིས་མེད་ཅིང་། དྲི་མ་རྣམས་གློ་བུར་པ་སེམས་རྒྱུད་ལ་འབྲལ་རུང་དུ་གནས་པ་ལ་ངེས་པ་ཐོབ་དགོས་པ་ཡིན་ཏེ། དེའི་ཚུལ་རྒྱས་པར་ནི་རྒྱུད་བླ་མ་རྩ་འགྲེལ་ལས་བཤད་པ་ལྟར་ཤེས་དགོས་ཤིང་། བསྡུ་ན་ཀུན་བྱང་གི་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་ཀྱང་། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་ཅིང་བཙལ་ན་བཏགས་དོན་མི་རྙེད་པས། ཆགས་སོགས་ཉོན་མོངས་གཞན་ཐམས་ཅད་ཀྱི་རྩ་བ་བདེན་འཛིན་དེ་ཉིད་ཞེན་ཡུལ་ལ་འཁྲུལ་བར་རྟོགས་པས་སྤོང་ནུས་སུ་འགྲུབ་པའི་ཕྱིར། དེ་ཡང་ཡིན་ཏེ། ཉོན་མོངས་ཀྱི་རྩ་བ་བདེན་འཛིན་དེ། ཐག་ཁྲ་ལ་སྦྲུལ་འཛིན་གྱི་བློ་ལྟར་འཁྲུལ་བར་ངེས་སྟོབས་ཀྱིས། དེས་བསྐྱེད་པའི་ཉོན་མོངས་གཞན་ཐམས་ཅད་ཀྱང་གློ་བུར་བ་ཡིན་པར་ངེས་ནུས་ལ། དེ་ལ་བརྟེན་ནས་གཉེན་པོ་བསྒོམས་ན་ཆགས་སོགས་ཀྱི་ཉོན་མོངས་ཐམས་ཅད་ཀྱང་སྤོང་ནུས་སུ་གོ་བས། མཐར་སྒྲིབ་པ་ཐམས་ཅད་སྤངས་བའི་སངས་རྒྱས་ཐོབ་ནུས་སུ་ཤེས་པར་འགྱུར་བའི་ཕྱིར། དེར་མ་ཟད་། རིགས་པ་དེས་འཁོར་བ་ལ་ཐོག་མ་མེད་ཀྱང་ཕྱི་མཐའ་ཡོད་པར་ཡང་ངེས་ནུས་ཏེ། རྒྱུད་བླ་མའི་འགྲེལ་བ་ལས། རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར་འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ཏེ། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ཕྱིར། །ཐོག་མེད་སྦུབས་ཀྱིས་ཕྱིས་སྒྲིབ་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་སྒྲིབ་པ་བཞིན། །ཞེས་དང་། བཞི་བརྒྱ་པ་ལས། ཇི་ལྟ་ས་བོན་མཐའ་མཐོང་ཞིང་། །དེ་ལ་ཐོག་མ་ཡོད་མིན་ལྟར། །ཞེས་སོགས་དང་། དེ་བཞིན་དུ་རྒྱན་སྣང་། རྣམ་འགྲེལ་སོགས་ལས་འབྱུང་བའི་ཕྱིར། དེ་རྣམས་འདིར་མཚོན་ཙམ་ཞིག་བསྟན་གྱི། རྒྱས་པར་ནི་གཞུང་གཞན་དང་ཁོ་བོས་ཀྱང་ཕར་ཕྱིན་གྱི་སྐབས་གཉིས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། བྱང་ཆུབ་སེམས་དཔས་ཉོན་མོངས་གཙོ་བོར་མི་སྤོང་བའི་སྒོ་ནས་ཉན་རང་གི་ལམ་ལས་རང་བཞིན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པར་བཤད་པའི་རྒྱུ་མཚན་དུ། ཉོན་མོངས་འགའ་ཞིག་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྒྱུར་བ་བྱེད་པར་འགོད་ན། ཉོན་མོངས་དེ་གང་ཡིན་ཞེ་ན། ཡོད་དེ། འདོད་པའི་འདོད་ཆགས། གཟུགས་ཀྱི་སས་བསྡུས་ཀྱི་ཉོན་མོངས་འགའ་ཞིག་བྱང་ཆུབ་སེམས་དཔས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་སྒྱུར་བར་བྱེད་དགོས་པས་སྤང་བྱའི་གཙོ་བོར་བྱས་ནས་མི་སྤོང་པའི་ཕྱིར། དེར་ཐལ། བྱང་འཕགས་འཁོར་ལོ་སྒྱུར་རྒྱལ་ལྟ་བུར་སྐྱེ་བ་བླངས་ནས་སྲས་བསྐྲུན་ཏེ་གཞན་དོན་བྱེད་པའི་ཡན་ལག་ཏུ་འདོད་པའི་འདོད་ཆགས་ངེས་བར་དགོས་ཤིང་། གཟུགས་ཁམས་སུ་སྐྱེ་བ་བླངས་ནས་དེ་རྣམས་ཀྱི་དོན་བྱེད་པ་ལ་གཟུགས་ཀྱི་འདོད་ཆགས་ཡན་ལག་ཏུ་སྒྱུར་བར་མཛད་པའི་ཕྱིར། དེ་དག་ཀྱང་ཐུན་མོང་དུ་གྲགས་ཚུལ་ཀྱི་དབང་དུ་བྱས་པ་ཡིན་གྱི། བྱང་འཕགས་སྐྱེ་བ་བླངས་ནས་སྲས་བསྐྲུན་ཏེ་གཞན་དོན་བྱེད་པའི་ཡན་ལག་ཏུ་འདོད་ཆགས་ངེས་པར་དགོས་པ་མིན་ཏེ། སྐྱེ་བ་ལ་དབང་ཐོབ་པའི་བྱང་འཕགས་ཉོན་མོངས་སྤངས་པ་འགའ་ཞིག་འཁོར་ལོ་བསྒྱུར་རྒྱལ་ལྟ་བུར་སྐྱེ་བ་བླངས་ནས་ཡུམ་སྲས་ཀྱི་འབྲེལ་བ་སྟོན་པའི་ཕྱིར། དཔེར་ན། རྒྱལ་པོ་གཞོན་ནུ་དོན་གྲུབ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་བཞིན། གཞན་ཡང་དེ་ལྟར་ཡོད་དེ། རྗེའི་རིམ་ལྔ་གསལ་སྒྲོན་ལས་དེ་མེད་པར་འདོད་པ་ལ་དགག་པ་མཛད་ནས་ཡོད་པར་ལུང་རིགས་གཉིས་ཀྱིས་བསྒྲུབས་པའི་ཕྱིར་རོ། །གཉིས་པ་ལམ་ཤེས་ཀྱི་རང་བཞིན་བཤད་པ་ལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ། དང་པོ་ལ། ངོ་བོ་བཤད་པ་དང་། རང་བཞིན་བཤད་པ་དང་གཉིས། དང་པོ་ནི། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་སོགས་རྐང་པ་བཞི་གསུངས། ངག་དོན་ནི། ལམ་ཤེས་རྫོགས་པར་སྒོམ་པ་ཉིད་ཀྱི་ཚུལ་ལ་ནི་ཉན་ཐོས་ཀྱི་ལམ་འདི་ཆོས་ཅན། ཁྱོད་ཇི་ལྟར་སྒོམ་པའི་ཚུལ་ཤེས་པར་བྱ་བ་ཡོད་དེ། སྡུག་བདེན་ལ་སོགས་པའི་འཕགས་པའི་བདེན་པ་བཞི་པོ་དག་གི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་པོ་བདེན་པར་མི་དམིགས་པར་རྟོགས་པའི་ཤེས་རབ་དང་། སེམས་བསྐྱེད་དང་། རྫོགས་བྱང་དུ་བསྔོ་བའི་བསྔོ་བ་གསུམ་གྱིས་ཟིན་པའི་སྒོ་ནས་སྒོམ་པར་བྱེད་པ་ཡིན་པའི་ཕྱིར། དེའི་དོན་བསྡུ་ན་འདི་ལྟར་ཡིན་ཏེ། ཉན་ཐོས་རྣམས་ཀྱིས་མི་རྟག་ལ་སོགས་བཅུ་དྲུག་བསྒོམས་ནས་ཐར་བ་ཐོབ་པར་མཛད་ལ། བྱང་འཕགས་ཀྱིས་ཀྱང་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་འཛིན་པ་དང་། རང་རྒྱུད་ཀྱི་ཉོན་མོངས་སྦྱོང་བའི་ཆེད་དུ་སེམས་བསྐྱེད་བསྔོ་བ་ཤེས་རབ་གསུམ་གྱིས་ཟིན་པའི་སྒོ་ནས་ཉན་ཐོས་ཀྱི་སྒོམ་ཚུལ་དེ་དང་ཚུལ་མཐུན་པར་མི་རྟག་ལ་སོགས་བཅུ་དྲུག་སྒོམ་པར་མཛད་པའི་མཁྱེན་པ་དེ་ལ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཞེས་པའི་ཐ་སྙད་མཛད་པའི་ཕྱིར། མངོན་རྟོགས་རྒྱན་འདིར་བདེན་བཞིའི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་ཉམས་སུ་ལེན་པའི་ཚུལ་ཡན་མང་དུ་གསུངས་པས་བཅུ་དྲུག་གི་ངེས་འཛིན་ཙམ་ཞིག་ཀྱང་ཤེས་པ་གལ་ཆེ་སྟེ། དེ་ཡང་སྡུག་བདེན་ཉེར་ལེན་གྱི་ཕུང་པོ་ལ་ནི་སྐྱེ་འཇིག་གི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་རྣམ་པ་བཞི་དང་། ཀུན་འབྱུང་ལས་ཉོན་གཉིས་ལ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པ་དང་། ཀུན་ནས་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་གྱི་རྣམ་པ་བཞི་དང་། འགོག་པ་ཉོན་མོངས་སྤངས་པའི་བྲལ་བ་ལ་ནི་སྡུག་བསྔལ་འགོག་པ་དང་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་པའི་རྣམ་པ་བཞི་དང་། ས་ལམ་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་ནི་ཐར་ལམ་དང་རིག་པ་དང་སྒྲུབ་པ་དང་ངེས་འབྱིན་གྱི་བཞི་རྣམ་པ་བཞི་སྟེ་བཅུ་དྲུག་ཏུ་འབྱེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་པ་ནས། མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་པའི་བར་གསུངས་། ངག་དོན་ནི། ཤེས་བྱ་ཆོས་ཅན། འཕགས་པ་ཉན་ཐོས་ཀྱི་ལམ་མངོན་སུམ་དུ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ལ་ནི་སྦྱོར་ལམ་དྲོད་ལ་སོགས་པའི་ངེས་འབྱེད་ཆ་མཐུན་བཞི་ཡོད་དེ། དེ་ཡང་ཡུམ་ཀྱི་མདོ་ལས་གཟུགས་ལ་སོགས་པ་དོན་དམ་པར་རང་གི་ངོ་བོས་སྟོང་བའི་ཕྱིར་ན་དེ་དག་གི་སྟོང་བ་ཉིད་རྣམས་ངོ་བོ་དབྱེར་མེད་པར་བསྟན་པའི་གཞུང་གིས་བཤད་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོ་བ་དང་། གཟུགས་སོགས་དེ་དག་དོན་དམ་པར་མི་དམིགས་ཤིང་མི་གནས་པར་བསྟན་པས་བཤད་པའི་ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོར་གྱུར་པ་དག་ཏུ་འདོད་པ་དང་། གཟུགས་སོགས་དེ་དག་ལ་དོན་དམ་པར་རྟག་པ་དང་མི་རྟག་པ་ལ་སོགས་པའི་ཚུལ་གྱིས་གནས་བཀག་ཅིང་མི་གནས་པར་བསྟན་པས་བཤད་པའི་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་རྣམས་དང་། ས་དང་པོ་སོགས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་སོགས་ཀྱི་མདོ་ལས་ས་བཅུ་པོ་དག་ལས་བརྩམས་ནས་དོན་དམ་པར་མི་གནས་པའི་ཚུལ་རྒྱས་པར་བསྟན་པ་ཡིས་མདོ་ལས་བཤད་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཀྱི་མཆོག་ཏུ་གྱུར་པ་དང་བཞི་བཤད་པའི་ཕྱིར། དེ་ལྟར་བཤད་པ་ཅི་ཕྱིར་ཞེ་ན་ཡོད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཉིད་མངོན་སུམ་དུ་མཁྱེན་ནས་ཆོས་རྣམས་དོན་དམ་པར་གནས་པར་མ་གཟིགས་པའི་ཕྱིར་རོ། །མདོ་ཚིག་འདིར་ལམ་ཤེས་དེའི་རྒྱུད་ངེས་འབྱེད་ཆ་འཐུན་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་དགོས་པར་བསྟན་གྱི་སྟོང་ཉིད་རྟོགས་པས་མ་ཁྱབ་སྟེ། དེ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་དང་འདྲ་བར་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པ་ཞིག་དགོས་པའི་ཕྱིར་རོ། །གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ། ལམ་བགྲོད་པའི་ཁྱད་པར། ཆོས་སྟོན་ཚུལ། ལམ་ཇི་ལྟར་ཤེས་ཚུལ། དེའི་རྒྱུ་ངེས་འབྱེད་ཆ་འཐུན་བཤད་པ་དང་བཞི། དང་པོ་ནི། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་པ་ནས། ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་པའི་བར་གསུངས། ངག་དོན་ནི། རང་བྱུང་སྟེ་རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་སྲིད་པ་ཐ་མའི་ཚེ་རང་གི་བྱང་ཆུབ་མངོན་དུ་བྱེད་པར་སློབ་དཔོན་གཞན་གྱིས་གདམས་ངག་བསྟན་པ་ལ་བལྟོས་མི་དགོས་ཏེ། དེའི་ཚེ་དེ་ལ་མི་བལྟོས་པར་བདག་ཉིད་ཀྱིས་བྱང་ཆུབ་རྟོགས་པ་སྟེ་མངོན་དུ་བྱེད་ནུས་པའི་ཕྱིར། ཡང་ཞེས་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དེའི་ཚེ་ངག་གིས་གཞན་ལ་ཆོས་མི་སྟོན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། བསེ་རུ་ལྟ་བུའི་ཡེ་ཤེས་དེ་ནི་ཆོས་ཅན། ཉན་ཐོས་ལས་རྟོགས་པ་ཟབ་པ་ཉིད་དུ་མངོན་པར་བརྗོད་པ་ཡིན་ཏེ། ཉན་ཐོས་ལྟར་ཆོས་སྟོན་པའི་ངག་གི་འབྲས་རྟགས་ལས་རྟོགས་མི་དགོས་ཤིང་། སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པའི་རྟོགས་པ་ཟབ་མོ་དང་ལྡན་པའི་ཕྱིར། འདིར་བསེ་རུ་ལྟ་བུ་ཞེས་སྨྲོས་པ་ནི་ཕྱོགས་གཅིག་གི་སྒྲས་བསྟན་པ་ཡིན་གྱི། རང་རྒྱལ་ཡིན་ན། བསེ་རུ་ལྟ་བུའི་རང་རྒྱལ་ཡིན་པས་མ་ཁྱབ་སྟེ། རང་རྒྱལ་ལ་བསེ་རུ་ལྟ་བུ་དང་ཚོགས་སྤྱོད་ཆེ་ཆུང་གི་རང་རྒྱལ་གསུམ་ཡོད་པའི་ཕྱིར། རང་རྒྱལ་སློབ་པ་ཡིན་ན། རང་གི་བྱང་ཆུབ་མངོན་དུ་བྱེད་ངེས་ཡིན་པས་མ་ཁྱབ་སྟེ། ཚོགས་སྤྱོད་ཆེ་ཆུང་གི་རང་རྒྱལ་རིགས་མ་ངེས་པ་བར་སྐབས་སུ་ཐེག་ཆེན་ལམ་དུ་འཇུག་པ་ཡོད་པའི་ཕྱིར། རང་རྒྱལ་གྱིས་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པ་མང་ཡང་། སྒྲ་མེད་དུ་ཆོས་སྟོན་པས་མ་ཁྱབ་སྟེ། ཚོགས་སྤྱོད་ཀྱི་རང་རྒྱལ་ལ་སྒྲ་བཅས་སུ་ཆོས་སྟོན་པ་ཡོད་པའི་ཕྱིར། གཉིས་པ་ཆོས་སྟོན་ཚུལ་ནི། གང་གང་དོན་ནི་གང་གང་ལ། །ཞེས་སོགས་རྐང་པ་བཞི་གསུངས་། དོན་ནི། ཤེས་བྱ་ཆོས་ཅན། རང་རྒྱལ་གྱིས་སྒྲ་མེད་ཀྱང་ཆོས་སྟོན་པ་མི་འགལ་ཏེ། ལུས་ཀྱི་རྣམ་འགྱུར་བསྟན་པའི་སྒོ་ནས་གདུལ་བྱ་གང་དང་གང་ཡིན་པ་དེས་རྟོགས་བྱའི་དོན་ནི་གང་དང་གང་ལ་རྣམ་པ་ཇི་ལྟ་ཇི་ལྟར་ཉན་པར་འདོད་པ་དེ་དང་དེ་ལ་དོན་དེ་དང་དེ་བཤད་པ་དེ་ལྟར་སྣང་བར་བྱེད་ནུས་པའི་ཕྱིར། གསུམ་པ་ལམ་ཇི་ལྟར་ཤེས་ཚུལ་ནི། གཟུང་དོན་རྟོགས་པ་སྤོང་ཕྱིར་དང་། ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། བསེ་རུ་ལྟ་བུའི་ལམ་དེ་ནི་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་པས་ཡང་དག་པར་བསྡུས་པར་ཤེས་པར་བྱ་སྟེ། གཟུང་བ་གཟུགས་སོགས་ཕྱི་རོལ་དོན་དུ་འཛིན་པའི་རྟོག་བ་གཙོ་བོར་སྤོང་བའི་ཕྱིར་དང་། གཟུགས་འཛིན་ཤེས་པ་སོགས་ནང་འཛིན་པ་ལ་བདེན་པར་ཞེན་པ་གཙོ་བོར་མི་སྤོང་བའི་ཕྱིར་དང་ནི། རང་རྒྱལ་གྱི་རིགས་ལ་བརྟེན་པའི་རྟེན་གྱི་ཁྱད་པར་གྱི་སྒོ་ནས་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཞུང་འདིས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱང་བསྟན་པ་ཡིན་ཏེ། རང་རྒྱལ་གྱི་རྟོགས་པ་བརྗོད་པའི་ཚུལ་གྱིས་ཚིག་གི་ཟུར་ལ་བསྟན་པའི་ཕྱིར་ཏེ། བྱང་འཕགས་ཀྱིས་གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྗེས་སུ་འཛིན་པའི་ཕྱིར་དུ་དོན་འཛིན་གྱི་རྟོག་པ་སྤོང་བར་བྱེད་པའི་རང་གི་ཡེ་ཤེས་རང་རྒྱལ་གྱི་ལམ་ཤེས་སུ་བསྟན་པའི་ཕྱིར། འོན་ཀྱང་རང་རྒྱལ་གྱིས་ནང་ཤེས་པ་བདེན་པར་འཛིན་པའི་བདེན་འཛིན་གཙོ་བོར་མི་སྤོང་བ་ལྟར་བྱང་འཕགས་ཀྱིས་མ་ཡིན་ཏེ། བྱང་སེམས་ཀྱིས་བདེན་འཛིན་ལྷན་སྐྱེས་ཐམས་ཅད་གཙོ་བོར་སྤོང་དགོས་པའི་ཕྱིར་རོ། །བཞི་པ་ནི། བཏགས་པའི་ཆོས་ཉིད་མི་འགལ་བར། ཞེས་པ་ནས། རྣམ་པ་ཅན་ནི་ཆོས་ཀྱི་མཆོག ། ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་འཐུན་ལ་བཞི་ཡོད་དེ། ཕྱི་དོན་མེད་པར་རྟོགས་ཀྱང་བརྡར་བཏགས་པའི་ཆོས་ཉིད་དང་མི་འགལ་བར་ཆོས་སྟོན་པའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་སྦྱོར་ལམ་དྲོ་བར་གྱུར་པ་དང་། གཟུགས་ལ་སོགས་པ་ཕྱི་རོལ་དོན་དུ་འགྲིབ་པ་མེད་པར་རྟོགས་པ་ལས་སོགས་པས་ཕྱེ་བའི་སྦྱོར་ལམ་རྩེ་མོར་གྱུར་པ་དང་། ནང་སྟོང་པ་ཉིད་ལ་སོགས་པ་རྟོགས་པའི་མཐུ་ཡིས་གཟུགས་སོགས་ཕྱི་རོལ་དོན་གྱི་ཆེད་དུ་མི་འཛིན་པའི་ཕྱིར་དུ་ཞུགས་པའི་སྦྱོར་ལམ་བཟོད་པ་དང་། གཟུགས་སོགས་ཕྱི་རོལ་དོན་དུ་སྐྱེ་བ་མེད་པ་ལ་སོགས་པའི་རྣམ་པ་ཅན་དུ་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཀྱི་མཆོག་ཅེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། གཞུང་འདིས་རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་གྱི་སྦྱོར་ལམ་བཞི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུར་བསྟན་པ་ཡིན་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཕྱི་དོན་མེད་པར་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་ལམ་ཤེས་དེའི་རྒྱུ་ངེས་འབྱེད་ཆ་འཐུན་དུ་བསྟན་པར་འདོད་དགོས་པའི་ཕྱིར། རྣམ་བཤད་ལྟར་ན་དེ་ལྟར་ཡིན་ཡང་། འགྲེལ་བའི་ཚིག་རིས་ལ་ཟིན་བྱེད་ཀྱི་སྦྱོར་ལམ་བཞི་དངོས་སུ་བསྟན་པར་བཤད་དོ། །གསུམ་པ་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་འཆད་པ་ལ། མཐོང་ལམ་དང་། སྒོམ་ལམ་བཤད་པ་དང་གཉིས། དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི བདེན་དང་བདེན་ལ་བཟོད་པ་དང་། །ཞེས་པ་ནས། ཕན་ཡོན་བཅས་པ་འདི་བཤད་དོ། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་ཉིད་ཀྱི་སྐབས་ལ་མཐོང་བའི་ལམ་ཕན་ཡོན་དང་བཅས་པ་འདི་བཤད་པར་བྱ་སྟེ། སྡུག་ཀུན་གྱི་བདེན་པ་དང་འགོག་ལམ་གྱི་བདེན་པ་བཞི་ལ་བཟོད་པ་དང་ཤེས་པའི་སྐད་ཅིག་མ་རྣམ་པ་བཞི་བཞི་ཡི་སྒོ་ནས་བཤད་པར་བྱ་བའི་ཕྱིར། གཉིས་པ་ནི། དེ་བཞིན་ཉིད་དང་སངས་རྒྱས་དག ། ཞེས་པ་ནས། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་པའི་བར་གསུངས ། དོན་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཡོད་དེ། དོན་དམ་བར་སྡུག་བདེན་གྱི་དེ་བཞིན་ཉིད་དང་སངས་རྒྱས་ཏེ་དེ་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་གྱི་ཡེ་ཤེས་དག་ཕན་ཚུན་རྟེན་དང་བརྟེན་པ་མེད་པའི་ཕྱིར་དོན་དམ་པར་རྟེན་བརྟེན་པའི་རྣམ་གྲངས་ཁས་མི་ལེན་ཞིང་ལེན་པ་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་སྡུག་བསྔལ་ཆོས་བཟོད་དང་། གཟུགས་སོགས་ཀྱི་ཆོས་དབྱིངས་རྒྱ་ཆེན་པོར་རྒྱུར་པ་དོན་དམ་པར་མེད་པར་རྟོགས་པའི་ཡེ་ཤེས་སྡུག་བསྔལ་ཆོས་ཤེས་དང་། སྡུག་བསྔལ་དོན་དམ་པར་འཇལ་པའི་ཚད་མ་དང་བཅས་པ་མེད་པར་རྟོགས་པའི་སྡུག་བསྔལ་རྗེས་བཟོད་དང་། སྡུག་བསྔལ་གྱི་ཚད་དོན་དམ་པར་མེད་བར་རྟོགས་པའི་སྡུག་བསྔལ་རྗེས་ཤེས་དང་། ཀུན་འབྱུང་དོན་དམ་པར་མཐའ་མེད་པར་རྟོགས་པའི་ཀུན་འབྱུང་ཆོས་བཟོད་དང་། ཆོས་བཟོད་དེར་གནས་ནས་གཟུགས་ལ་སོགས་པ་ལ་སངས་རྒྱས་ཀྱི་རང་བཞིན་བདེན་སྟོང་ཉིད་དུ་ངེས་པར་འཛིན་པའི་ཀུན་འབྱུང་ཆོས་ཤེས་དང་། དོན་དམ་པར་བླང་བར་བྱ་བ་མེད་ཅིང་དོར་མེད་པ་སོགས་སུ་རྟོགས་པའི་ཀུན་འབྱུང་རྗེས་བཟོད་དང་། བྱམས་པ་ལ་སོགས་ཚད་མེད་བཞི་བསྒོམ་པའི་ཡོན་ཏན་དང་ལྡན་པའི་ཀུན་འབྱུང་རྗེས་ཤེས་དང་། འགོག་པའི་རང་བཞིན་སྟོང་བ་ཉིད་མངོན་སུམ་དུ་རྟོགས་པའི་འགོག་པ་ཆོས་བཟོད་དང་། འབྲས་བུ་སངས་རྒྱས་ཉིད་ནི་འཐོབ་པར་བྱེད་པའི་འགོག་པ་ཆོས་ཤེས་དང་། རྣམ་པར་བྱང་པའི་རིགས་ཀུན་ཡོངས་སུ་བསྡུས་པའི་འགོག་པ་རྗེས་བཟོད་དང་། ཕྱིའི་འཚེ་བ་ཉམ་ང་བ་དང་ནང་གི་ཀུན་སེལ་བར་བྱེད་པའི་འགོག་པ་རྗེས་ཤེས་དང་། ལམ་བདེན་གྱི་ཐོབ་བྱ་མཐར་ཐུག་གི་མྱ་ངན་ལས་འདས་པ་ནི་བདེན་འཛིན་གྱི་སྤྲོས་པ་ཞི་བའི་བདེན་སྟོང་ཉིད་དུ་རྟོགས་པའི་ལམ་རྗེས་བཟོད་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རང་ཉིད་ལ་གནས་པའི་རྣལ་འབྱོར་པ་སྲུང་བ་ལ་སོགས་པར་བྱེད་པའི་ལམ་ཆོས་ཤེས་དང་། སྲོག་མི་གཅོད་པ་ལ་སོགས་པའི་དགེ་བཅུ་རྣམ་པ་ཀུན་མཁྱེན་པའི་སངས་རྒྱས་སྒྲུབ་པར་བྱེད་པའི་ཚུལ་ལ་ནི་བདག་ཉིད་ཀྱང་གནས་ཏེ། སེམས་ཅན་གཞན་དག་འགོད་པར་བྱེད་པའི་ལམ་རྗེས་བཟོད་དང་། སྦྱིན་པ་ལ་སོགས་པ་ཕྱིན་དྲུག་གི་དགེ་རྩ་རྣམས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པའི་ལམ་རྗེས་ཤེས་དང་བཅས་པ་ལམ་ཤེས་པ་ཉིད་ཀྱི་སྐབས་སུ་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཡོད་པའི་ཕྱིར། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ནི་ལྡོག་པ་ཕྱེ་བ་ཡིན་གྱི། བསྡུ་ན་བཟོད་ཤེས་གཉིས་སུ་འདུ་སྟེ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ལ་བཟོད་པ་བརྒྱད་དང་། རྣམ་གྲོལ་ལམ་ལ་ཤེས་པ་བརྒྱད་དུ་ཕྱེ་བས་དེ་གཉིས་སུ་འདུ་བའི་ཕྱིར། བཟོད་ཤེས་གཉིས་ལས་བཟོད་པ་བརྒྱད་སྔོན་དུ་སྐྱེ་ཞིང་། ཤེས་པ་བརྒྱད་རྗེས་སུ་སྐྱེ་བ་ཡིན་ཏེ། མཐོང་ལམ་བར་ཆད་མེད་ལམ་སྔོན་དུ་སྐྱེས་ནས་རྣམ་གྲོལ་ལམ་རྗེས་སུ་སྐྱེ་བའི་ཕྱིར། དེས་ན་བཟོད་པ་བརྒྱད་ཅིག་ཅར་དང་། ཤེས་པ་བརྒྱད་ཅིག་ཅར་དུ་སྐྱེ་ཡང་བརྒྱད་ཀྱི་ཐ་སྙད་བྱེད་པའི་རྒྱུ་མཚན་ཡོད་དེ། བདེན་བཞིའི་ཆོས་ཉིད་དང་དེ་རྟོགས་པའི་ཡེ་ཤེས་ཀྱི་ཆོས་ཉིད་གཟིགས་ཚུལ་གྱི་སྒོ་ནས་འཇོག་པའི་ཕྱིར་ཏེ། སྡུག་བསྔལ་ཆོས་བཟོད་དང་རྗེས་བཟོད། དེ་བཞིན་དུ་ཀུན་འབྱུང་། འགོག་པ། ལམ་ལའང་སྦྱར་ཏེ། བཟོད་པ་བརྒྱད་དང་། སྡུག་བསྔལ་ཆོས་ཤེས་དང་རྗེས་ཤེས་དང་དེ་བཞིན་དུ་གཞན་གསུམ་ལ་སྦྱར་བས་ཤེས་པ་བརྒྱད་དུ་འཇོག་པའི་ཕྱིར་ཏེ། ཡུལ་བདེན་བཞིའི་ཆོས་ཉིད་གསར་དུ་མངོན་སུམ་དུ་རྟོགས་པའི་ཆ་ནས་ཆོས་བཟོད་དང་། ཡུལ་ཅན་ཆོས་བཟོད་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་རྗེས་བཟོད་དུ་འཇོག་ལ། བདེན་འཛིན་ཀུན་བཏགས་སྤངས་པའི་སྒོ་ནས་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པས་ཆོས་ཤེས་དང་། ཆོས་ཤེས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་རྗེས་ཤེས་སུ་འཇོག་པ་ཡིན་པའི་ཕྱི། བཟོད་པ་དང་ཤེས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཆོས་ཉིད་མངོན་སུམ་དུ་རྟོགས་པ་ན་བྱ་བྱེད་ཀྱི་རྣམ་གཞག་འཇིག་པ་ལྟར་འགྱུར་བས་སྐྲག་རིགས་པ་ལས་མི་སྐྲག་པས་སྐྱེ་མེད་ལ་བཟོད་པ་དང་། བདེན་འཛིན་ཀུན་བཏགས་སྤངས་པའི་འགོག་པ་མངོན་དུ་བྱས་པའི་ཆ་ནས་ཆོས་ཉིད་མངོན་སུམ་དུ་ཤེས་པས་ཤེས་པ་ཞེས་བརྗོད་པ་ཡིན་པའི་ཕྱིར། སྐབས་འདིར་མཐོང་ལམ་མཉམ་གཞག་ཡེ་ཤེས་དངོས་སུ་བསྟན་ནས་མཐོང་ལམ་རྗེས་ཐོབ་ཡེ་ཤེས་དོན་གྱིས་འཕངས་པ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་ཐམས་ཅད་སྟོན་པའི་སྐབས་ཡིན་པའི་ཕྱིར། གཉིས་པ་སྒོམ་ལམ་བཤད་པ་ལ། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་བཤད་པ་དང་གཉིས། དང་པོ་ནི། ཀུན་ནས་ཞི་དང་ཐམས་ཅད་ལ། །ཞེས་པ་ནས། བྱང་ཆུབ་དང་ནི་རྟེན་མཆོད་ཉིད། །ཅེས་པའི་བར་རྐང་པ་བཞི་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་དེ་ལ་དྲུག་ཡོད་དེ། བྱང་སེམས་སྒོམ་ལམ་པ་ཐུགས་ཁེངས་པའི་ང་རྒྱལ་སོགས་ཀུན་ནས་ཞི་བ་དང་། དེའི་མཐུས་དགེ་བའི་བཤེས་གཉེན་ཐམས་ཅད་ལ་འདུད་པ་དང་། ཉོན་མོངས་ཅི་རིགས་པའི་གཡུལ་ལས་རྒྱལ་བ་དང་། ཕ་རོལ་གྱི་གནོད་པས་བརྫི་བ་མེད་པ་ཉིད་དང་བཅས་པའི་སྐྱེས་བུ་བྱེད་པའི་འབྲས་བུ་བཞི་དང་། རྫོགས་པའི་བྱང་ཆུབ་ཐོབ་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་རྒྱུ་མཐུན་གྱི་འབྲས་བུ་གཅིག་དང་། རྟེན་སྒོམ་ལམ་པ་རང་ཉིད་གང་དུ་གནས་པའི་ས་ཕྱོགས་དེ་གཞན་གྱིས་མཆོད་པའི་གནས་ཉིད་དུ་འགྱུར་པའི་བདག་པོའི་འབྲས་བུ་གཅིག་དང་དྲུག་ཡོད་པའི་ཕྱིར། འདིར་བྱེད་པའི་དོན་ནི་ཐེག་ཆེན་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པ་དང་ཐོབ་འགྱུར་གྱི་ཕན་ཡོད་ལ་བྱེད་པ་ཡིན་ཞིང་། དེ་ཡང་འདིའི་དངོས་བསྟན་ནི་ཐེག་ཆེན་གྱི་སྒོམ་ལམ་རང་རྒྱུད་ལ་སྐྱེས་བ་ཞིག་གིས་དེ་བསྒོམས་པའི་ཕན་ཡོན་ཡིན་ལ། ཐེག་ཆེན་སྒོམ་ལམ་མོས་པ་ཡིད་བྱེད་ཀྱིས་སྒོམ་པ་དང་དེ་བསྒོམས་པའི་ཕན་ཡོན་ཙམ་ལ་ནི་སྒོམ་ལམ་ཐོབ་པས་མ་ཁྱབ་སྟེ། ལམ་མ་ཞུགས་ན་དེ་སྒོམ་པ་ཡོད་པའི་ཕྱིར་ཏེ། དེ་ན་རྣམ་མཁྱེན་སྒོམ་པ་ཡོད་པའི་ཕྱིར་ཏེ། དེ་ན་སངས་རྒྱས་ཀྱི་སྐུ་སྒོམ་པར་བྱེད་པ་ཡོད་པའི་ཕྱིར་རོ། །གཉིས་པ་ལ། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ། ཟག་མེད་སྒོམ་ལམ་བཤད་པ་དང་གཉིས ། དང་པོ་ལ། མོས་པ་སྒོམ་ལམ། བསྔོ་བ་སྒོམ་ལམ། རྗེས་སུ་ཡི་རང་སྒོམ་ལམ་བཤད་པ་དང་གསུམ། དང་པོ་ལ། དངོས་དང་། ཕན་ཡོན་ནོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་མོས་པ་སྒོམ་ལམ་ཆོས་ཅན། རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། རང་གི་དོན་གྱི་མོས་པ་སྒོམ་ལམ་དང་། དེ་བཞིན་རང་གཞན་གཉིས་ཀའི་དོན་དང་། གཞན་དོན་མོས་པ་སྒོམ་ལམ་དང་བཅས་པ་རྣམས་སུ་ཡོད་པའི་ཕྱིར། གསུམ་པོ་དེ་ཡང་ནི་ཆོས་ཅན། ཁྱོད་ལ་དབྱེ་ན་སོ་སོར་རྣམ་པ་གསུམ་དུ་ཡོད་དེ། ཁྱོད་རེ་རེ་ལ་དེར་གྱུར་པའི་ཆུང་ངུ་དང་འབྲིང་དང་ཆེན་པོ་མོས་པ་སྒོམ་ལམ་རྣམས་སུ་ཡོད་པའི་ཕྱིར། མོས་པ་སྒོམ་ལམ་ཆུང་འབྲིང་ཆེན་པོ་དེ་ཡང་ཆོས་ཅན། རེ་རེ་ལའང་རྣམ་པ་གསུམ་གསུམ་དུ་འདོད་པ་ཡིན་ཏེ། ཆུང་ངུའི་ཆུང་ངུ་སོགས་ཏེ་ཆུང་ངུའི་འབྲིང་དང་དེའི་ཆེན་པོ་སོགས་ཀྱི་དབྱེ་བ་ཡིས་དེ་ལྟར་དུ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྡུ་ན་མོས་པ་སྒོམ་ལམ་དེ་དེ་ལ་རྣམ་པ་ཉི་ཤུ་རྩ་བདུན་དུ་འདོད་པ་ཡིན་ཏེ། སྔར་བཤད་པ་ལྟར་དགུ་གསུམ་ཉི་ཤུ་རྩ་བདུན་དུ་འགྱུར་བ་དེ་ལྟར་ནའི་ཕྱིར། གཉིས་པ་ཕན་ཡོན་ནི། གཞུང་ལམ་འབྲས་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་དོན་གཞན་དོན་གཉིས་དོན་གསུམ་གྱི་འབྱུང་གནས་སུ་མོས་པའི་གནས་སྐབས་རྣམས་ལ་ནི་ཆོས་ཅན། དེ་ལྟར་མོས་པའི་བྱང་སེམས་སྒོམ་ལམ་པ་ལ་སངས་རྒྱས་བྱང་སེམས་རྣམས་ཀྱིས་བསྟོད་པ་དང་བཀུར་བ་དང་ནི་བསྔགས་པར་འདོད་དེ། སྔར་ལྟར་དགུ་ཚན་གསུམ་གྱིས་བསྟོད་བཀུར་བསྔགས་པར་བཞེད་པའི་ཕྱིར། མོས་པ་སྒོམ་ལམ་ལ་མོས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་པོ་རེ་རེའང་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་ཤིང་མོས་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། སྒོམ་ལམ་འདི་གཙོ་བོའི་དབང་དུ་བྱས་ན་རྗེས་ཐོབ་ཡེ་ཤེས་ཀྱིས་བསྡུས་ཏེ། སྔར་ལྟར་མོས་ཤིང་སྒོམ་པ་ནི་རྗེས་ཐོབ་ནས་འབྱུང་བའི་ཕྱིར། མཉམ་གཞག་ཡིན་པ་ཡོད་ཀྱང་རྟོག་བཅས་ཡིན་ཏེ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་རྟོག་པས་བསྡུས་པ་ཞིག་དགོས་པའི་ཕྱིར་ཏེ། འདིར་རྟོག་པ་དང་བཅས་པའི་སྒོམ་ལམ་ལ་ནི་ཟག་བཅས་སྒོམ་ལམ་ཞེས་པའི་ཐ་སྙད་མཛད་པ་ཡིན་པའི་ཕྱིར། གཉིས་པ་བསྔོ་བ་སྒོམ་ལམ་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །ཞེས་པ་ནས། བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། བྱང་སེམས་སྒོམ་ལམ་པའི་ཡོངས་སུ་བསྔོ་བ་ཁྱད་པར་ཅན་དེ་ཡི་བྱེད་པ་ནི་བསྔོ་བ་གཞན་ལས་མཆོག་ཡིན་ཏེ། རང་གཞན་གྱི་དགེ་བ་རྫོགས་བྱང་དུ་སྒྱུར་བར་བྱེད་པའི་ཁྱད་པར་ཏུ་བྱས་པ་ཡིན་པའི་ཕྱིར། བསྔོ་བ་སྒོམ་ལམ་དེ་ཆོས་ཅན། རྣམ་པ་བཅུ་གཉིས་སུ་འགྱུར་ཏེ། ཇི་སྐད་བཤད་པའི་བྱེད་པ་མཆོག་དང་ལྡན་པའི་བསྔོ་བ་དང་། བསྔོ་བྱའི་རྫས་ལ་བདེན་ཞེན་འགོག་པའི་དམིགས་མེད་ཀྱི་རྣམ་པ་ཅན་གྱི་བསྔོ་བ་དང་། གང་གིས་བསྔོ་བར་བྱེད་པའི་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཅན་གྱི་བསྔོ་བ་དང་། བསྔོ་བ་པོ་དོན་དམ་པར་དབེན་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་བསྔོ་བ་དང་། རང་དང་སངས་རྒྱས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་དོན་དམ་པར་མི་དམིགས་པར་དྲན་པའི་སྤྱོད་ཡུལ་ཅན་གྱིས་བསྔོ་བ་དང་། ཕྱིན་དྲུག་གི་དགེ་རྩ་དོན་དམ་པར་མི་དམིགས་པར་བསྔོ་བའི་ཐབས་མཁས་དང་བཅས་པའི་བསྔོ་བ་དང་། གང་གིས་གང་དུ་གང་བསྔོ་བའི་འཁོར་གསུམ་གྱི་བདེན་ཞེན་འགོག་པ་མཚན་མ་མེད་པའི་བསྔོ་བ་དང་། དོན་དམ་པར་མེད་ཀྱང་སྒྱུ་མ་ལྟ་བུར་ཤེས་ནས་སངས་རྒྱས་ཀྱི་སར་བསྔོ་བའི་སངས་རྒྱས་ཀྱིས་རྗེས་སུ་ཡི་རང་བའི་བསྔོ་བ་དང་། འཁོར་བའི་རྒྱུར་མི་བསྔོ་བས་འདོད་པའི་ཁམས་ལ་སོགས་པའི་ཁམས་དང་བཅས་པའི་བསྔོ་བ་དང་། སྟོང་གསུམ་གྱི་སེམས་ཅན་རྣམས་དགེ་བ་བཅུ་ལ་བཀོད་པའི་བསོད་ནམས་དང་མཉམ་པའི་བསྔོ་བ་ཆུང་ངུ་དང་། རྒྱུན་ཞུགས་ལ་དཀོད་པའི་བསོད་ནམས་འབྲིང་དང་། སངས་རྒྱས་ཀྱི་ལམ་ལ་བཀོད་པའི་བསོད་ནམས་ཆེན་པོ་འབྱུང་བ་ཡི་བསྔོ་བ་རྣམས་སུ་ཡོད་པའི་ཕྱིར། དེ་རྣམས་ལས་གང་བསོད་ནམས་ལྷག་པར་ཆེ་བ་ཡོད་དེ། ཕྱི་མ་གཞན་ནི་རྣམ་པ་གསུམ་པོ་དེ་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། བསྔོ་བ་སྒོམ་ལམ་འདི་ནི་དགེ་རྩ་བསྔོ་ཚུལ་གྱི་སྒོ་ནས་བཞག་པ་ཡིན་ཏེ། དགེ་རྩ་རྣམས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་སྒོ་ནས་བཞག་པའི་ཕྱིར། འདི་ཡང་རྗེས་ཐོབ་ཏུ་འབྱུང་བ་ཡིན་ཏེ། བསྔོ་སྨོན་གྱི་བྱ་བ་རྗེས་ཐོབ་ཏུ་མཛད་དགོས་པའི་ཕྱིར། བྱང་སེམས་སྒོཾ་ལཾ་པས་རང་རྒྱུད་ཀྱི་དགེ་རྩ་རྫོགས་བྱང་དུ་བསྔོ་བར་ངེས་ཀྱང་དེ་ཁོ་ནར་བསྔོ་བ་མིན་ཏེ། སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ལ་འགོད་པའི་ཆེད་དུ་བསྔོ་བ་ཡིན་པའི་ཕྱིར། དེས་གཞན་གྱི་དགེ་རྩ་རྣམས་རྫོགས་བྱང་དུ་བསྔོ་ཡང་། དེ་ཙམ་གྱིས་དགེ་རྩ་དེ་རྫོགས་བྱང་དུ་བསྔོས་པའི་གོ་ཆོད་པར་བཞག་དཀའ་སྟེ། གཞན་དུ་ན་ཉན་རང་ལ་སོགས་པའི་དགེ་རྩ་ཐམས་ཅད་ཀྱང་རྫོགས་བྱང་དུ་བསྔོས་པའི་དགེ་རྩ་ཐལ་བར་འགྱུར་བའི་ཕྱིར་རོ། །དགེ་རྩ་རྣམས་རྫོགས་བྱང་དུ་བསྔོས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། མི་མཛད་ཅིང་བསོད་ནམས་རྒྱ་ཆེན་པོ་འབྱུང་བའི་ཆེད་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིག་ལྷུང་། །ཞེས་པ་ནས། བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཞེས་གསུངས་པའི་ཕྱིར། གསུམ་པ་རྗེས་སུ་ཡི་རང་སྒོམ་ལམ་ནི། ཐབས་དང་མི་དམིགས་པ་དག་གིས། །ཞེས་པ་ནས། སྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་པའི་བར་གསུངས། དོན་ནི། བྱང་སེམས་སྒོམ་ལམ་པའི་རྒྱུད་གྱི་རང་གཞན་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་མཛད་པའི་སྒོམ་ལམ་ཆོས་ཅན། ཁྱོད་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་སྒོམ་པའི་ལམ་ཡིན་པར་སྐབས་འདིར་བརྗོད་པ་ཡིན་ཏེ། དགེ་རྩ་རྣམས་བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་ཐབས་དང་དེ་རྣམས་དོན་དམ་པར་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་དག་གིས་རང་གཞན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་མཛད་པའི་སྒོམ་ལམ་ཆོས་ཅན། ཁྱོད་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། རྗེས་སུ་ཡི་རང་སྒོམ་ལམ་འདི་ཡང་རྗེས་ཐོབ་ཏུ་འབྱུང་བ་ཡིན་ཏེ། རང་གཞན་གྱིས་དགེ་བ་སྒྲུབས་པའི་ཚུལ་ཤེས་ནས་རྗེས་སུ་ཡི་རང་མཛད་པ་ནི་རྗེས་ཐོབ་ནས་འབྱུང་བའི་ཕྱིར། རང་གཞན་གྱི་དགེ་བ་སོགས་བྱ་བ་བཟང་པོ་གང་ལ་ཡང་རྗེས་སུ་ཡི་རང་བར་བྱས་ན་ཕན་ཡོན་ཆེན་པོ་འབྱུང་བ་ཡིན་ཏེ། སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལས་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟར་མིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ཟག་མེད་སྒོམ་ལམ་བཤད་པ་ལ། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་བཤད་པ་དང་གཉ ིས། དང་པོ་ནི། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཞེས་པ་ནས། གཏོད་པར་བྱེད་པར་དོན་ཆེན་ཉིད། །ཅེས་པའི་བར་གསུངས། དོན་ནི། སྒྲུབ་པ་སྒོམ་ལམ་ཆོས་ཅན། ཁྱོད་ལ་ལྡོག་པའི་སྒོ་ནས་རྣམ་པ་ལྔ་ཡོད་དེ། གཟུགས་སོགས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་མངོན་སུམ་དུ་རྟོགས་པའི་སྒྲུབ་པ་སྒོམ་ལམ་དེ་ཡི་ངོ་བོ་ཉིད་དང་། ཐབས་ཁྱད་པར་ཅན་གྱིས་མ་ཟིན་པའི་སྦྱིན་སོགས་ཀྱི་སངས་རྒྱས་མི་འཐོབ་ཅིང་ཐབས་ལ་མཁས་པས་དེ་འཐོབ་པའི་ཐབས་ཀྱི་མཆོག་ཉ ིད་དང་། ཆོས་ཐམས་ཅད་བདེན་མེད་རྟོགས་པས་ཀུན་ལ་བདེན་པར་མངོན་པར་འདུ་མི་བྱེད་པ་དང་། གནས་སྐབས་ཀྱི་བྱང་ཆུབ་ཁྱད་པར་ཅན་ཆོས་རྣམས་དམིགས་སུ་མེད་པར་ནི་གཏོད་པར་བྱེད་པ་དང་། མཐར་སངས་ཐོབ་པར་འགྱུར་བས་དོན་ཆེན་པོ་ཉིད་དུ་བྱེད་པ་རྣམས་སུ་ཡོད་པའི་ཕྱིར། སྒྲུབ་པ་སྒོམ་ལམ་འདི་དང་། འཆད་པར་འགྱུར་པའི་རྣམ་དག་སྒོམ་ལམ་གཉིས་ཀ་མཉམ་གཞག་གི་གནས་སྐབས་སུ་འབྱུང་བ་ཡིན་ལ། འདིའི་དངོས་བསྟན་ནི་གཙོ་བོར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དབང་དུ་མཛད་ཅིང་། སྤྱིར་སྒོམ་ལམ་དེ་གཉིས་ཀས་སྟོང་ཉིད་རྟོགས་པས་མ་ཁྱབ་སྟེ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། སྒྲུབ་པ་སྒོམ་ལམ་ཡིན་ཏེ། གཙོ་བོར་རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་ཡིན་པའི་ཕྱིར་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་སྒྲུབ་བྱེད་ཀྱི་བྱང་སེམས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་རྣམ་དག་སྒོམ་ལམ་ཡིན་ཏེ། གཙོ་བོར་སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་བྱེད་ཡིན་པའི་ཕྱིར་ཏེ། བདག་འཛིན་གཉིས་སྤངས་པའི་སྤངས་པ་མཐར་ཐུག་སྒྲུབ་བྱེད་པའི་ཡེ་ཤེས་ཁྱད་པར་ཅན་ཡིན་པའི་ཕྱིར། འོན་ཀྱང་། དེ་གཉིས་སྒྲུབ་བྱེད་དང་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པ་ནི་མིན་ཏེ། དེ་རྟོགས་པ་ཉི་ཚེ་བ་དང་སྤངས་པ་ཉི་ཚེ་བའི་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པའི་ཕྱིར་ཏེ། དེ་རྟོགས་རིགས་གཉིས་ལས་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་ཕྱིར་རོ། །གཉིས་པ་ལ། རྒྱུའི་ཁྱད་པར། ཡུལ་གྱི་ཁྱད་པར། འབྲས་བུའི་ཁྱད་པར། ངོ་བོའི་ཁྱད་པར་དང་བཞི། དང་པོ། སངས་རྒྱས་བསྟེན་དང་སྦྱིན་སོགས་དང་། །ཞེས་པ་ནས། སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །ཞེས་པའི་བར་གསུངས། དོན་ནི། ཕྱིིའི་རྐྱེན་སངས་རྒྱས་ཀྱིས་མཚོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང་། ནང་རྐྱེན་སྦྱིན་སོགས་དང་བཞི་ལྷག་ཟུང་འབྲེལ་གྱི་ཐབས་ལ་མཁས་པ་གང་ཡིན་པ་དེ་ཆོས་ཅན། ཁྱོད་རྣམ་དག་སྒོམ་ལམ་འདི་ལ་མོས་པའི་རྒྱུ་དག་ཡིན་ཏེ། དེ་སྐྱེ་པའི་མཐུན་རྐྱེན་ཁྱད་པར་ཅན་ཡིན་པའི་ཕྱིར། བདུད་གྱིས་ཐིབས་ཀྱིས་ནོན་པའི་གནོད་པར་བྱས་པ་དང་། ཟབ་མོའི་ཆོས་སྟོང་པ་ཉིད་ལ་མ་མོས་པ་དང་། ཕུང་པོ་ལ་སོགས་པའི་ཆོས་ལ་བདེན་པར་མངོན་པར་ཞེན་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་རྣམས་ཆོས་ཅན། ཁྱོད་རྣམ་དག་སྒོམ་ལམ་སོགས་ཆོས་ཀྱིས་ཕོངས་པའི་རྒྱུ་དག་ཡིན་ཏེ། དེ་སྐྱེ་བའི་གེགས་བྱེད་འགལ་རྐྱེན་ཡིན་པའི་ཕྱིར། གཉིས་པ་ཡུལ་གྱི་ཁྱད་པར་ནི། འབྲས་བུ་དག་པ་གཟུགས་ལ་སོགས། །ཞེས་པ་ནས། གཅད་དུ་མེད་པར་དག་པར་བརྗོད། །ཅེས་པའི་བར་གསུངས། །དོན་ནི། ཤེས་བྱ་ཆོས་ཅན། དགེ་སྦྱོང་ཚུལ་གྱིས་འབྲས་བུའི་མིང་གིས་བཏགས་པའི་ཐེག་ཆེན་སྒོམ་ལམ་རྣམ་གྲོལ་ལམ་དེ་རང་འདྲེན་བྱེད་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་ན། དེའི་དམིགས་ཡུལ་གཟུགས་ལ་སོགས་པ་ཡང་བར་ཆད་མེད་ལམ་དེའི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་ཉིད་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་དག་པ་དེ་གཉིས་དག་བྱ་གཅིག་གིས་དབེན་པའི་སྒོ་ནས་ངོ་བོ་ཐ་དད་མ་ཡིན་ཞིང་། ལྡོག་པ་ཡང་རིགས་ཐ་དད་པར་གཅད་དུ་མེད་པས་ཏེ་དེའི་ཕྱིར། དེ་གཉིས་ཆོས་ཅན། རིགས་ཐ་དད་མ་ཡིན་ཏེ། རིགས་གཅིག་པར་བརྗོད་པའི་ཕྱིར། དེ་ཡང་ཅུང་ཟད་ཕྱེ་ན། ས་གཉིས་པའི་སྒོམ་ལམ་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པའི་ཚེ། ཁྱོད་ཀྱི་དམིགས་ཡུལ་གཟུགས་སོགས་ཀྱང་ཁྱོད་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་ཀྱི་དྲི་མས་རྣམ་པར་དག་པ་ཡིན་ཏེ། དེའི་ཚེ་ཁྱོད་རང་ཉིད་འདྲེན་བྱེད་གྱིི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པའི་དག་པ་དེ་དང་། ཁྱོད་ཀྱི་དམིགས་ཡུལ་གཟུགས་སོགས་ཁྱོད་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་དུ་གྱུར་པའི་དྲི་མས་རྣམ་པར་དག་པའི་དག་པ་དེ་གཉིས་དག་བྱ་གཅིག་གིས་དབེན་པའི་དག་པ་རིགས་གཅིག་ཡིན་པའི་ཕྱིར། དེའི་དོན་ཡང་ཡོད་དེ། ས་གཉིས་པའི་སྒོམ་ལམ་རྣམ་གྲོལ་ལམ་ལྟ་བུས་རང་འདྲེན་བྱེད་ཀྱི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་དྲི་མ་སྤངས་ནས། རྗེས་ཐོབ་ཏུ་གཟུགས་སོགས་ཀྱི་ཆོས་གང་ལ་དམིགས་ཀྱང་སྔར་སྤངས་པའི་དྲི་མ་རྣམས་སླར་སྐྱེ་མི་རུང་དུ་སོང་བས་དེའི་སྒོ་ནས་རང་དང་དམིགས་ཡུལ་གཉིས་དག་པར་མཚུངས་པའི་དོན་ཡིན་པའི་ཕྱིར། གསུམ་པ་འབྲས་བུའི་ཁྱད་པར་ནི། ཉོན་མོངས་ཤེས་བྱ་ལམ་གསུམ་གྱིས། །ཞེས་པ་ནས། སངས་རྒྱས་རྣམ་དག་ཤིན་དུ་བ། །ཞེས་པའི་བར་གསུངས། དོན་ནི། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། སློབ་མ་ཉན་ཐོས་ཀྱི་རྣམ་དག་ཡིན་ཏེ། ཉོན་མོངས་སྤངས་པའི་ཉན་ཐོས་ཀྱི་བྲལ་བ་ཡིན་པའི་ཕྱིར། རང་རྒྱལ་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། བསེ་རུ་རང་སངས་རྒྱས་ཀྱི་རྣམ་དག་ཡིན་ཏེ། གཟུགས་སོགས་ཕྱི་རོལ་དོན་འཛིན་གྱི་རྟོག་པའི་ཤེས་བྱའི་སྒྲིབ་པ་སྤངས་པའི་རང་རྒྱལ་གྱི་བྲལ་བ་ཡིན་པའི་ཕྱིར། བྱང་འཕགས་ཀྱི་འགོག་བདེན་ཆོས་ཅན། རྒྱལ་སྲས་རྣམས་ཀྱི་རྣམ་པར་དག་པ་ཡིན་ཏེ། ཉན་རང་བྱང་སེམས་ཀྱི་ལམ་གསུམ་ཀྱི་སྒྲིབ་པ་ཅི་རིགས་ཉམས་ཤིང་སྤངས་པའི་བྱང་སེམས་ཀྱི་བྲལ་བ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་འགོག་བདེན་ཆོས་ཅན། རྣམ་ཀུན་ཤིན་དུ་བའི་དག་པ་ཡིན་ཏེ། སྒྲིབ་གཉིས་མ་ལུས་པར་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། རྣམ་དག་གི་ཐ་སྙད་དེ་དག་ཡུམ་གྱི་མདོ་ལས་གསུངས་པའི་དབང་དུ་མཛད་པ་ཡིན་ཏེ། སྔ་མ་ནི་མདོ་ལས། རབ་འབྱོར་གཟུགས་རྣམ་པ་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཞེས་པ་ནས་དེ་ལྟར་ན་ཐམས་ཅད་མཁྱེན་ཉིད་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་འདི་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་པའི་བར་དང་། ཕྱི་མ་ནི། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་པར་དག་དང་། ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཡོངས་སུ་དག་པ་གང་ཡིན་པ་འདི་ལ་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་མ་ཆད་པའོ། །ཞེས་པའི་བར་གསུངས་པ་ལྟར་མཛད་པ་ཡིན་པའི་ཕྱིར་རོ། །བཞི་པ་ངོ་བོའི་ཁྱད་པར་ལ། རྣམ་དག་ཤིན་ཏུ་ཡིན་མིན་གྱི་ཁྱད་པར་དང་། སངས་རྒྱས་ཀྱི་རྣམ་དག་ཤིན་དུ་བར་བསྒྲུབ་པའོ། །དང་པོ་ནི། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་པ་ནས། སོགས་པའི་ལམ་ནི་དག་པ་ཡིན། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། རྣམ་དག་ལ་ཤིན་དུ་བ་ཡིན་མིན་གྱི་ཁྱད་པར་འཐད་དེ། སངས་རྒྱས་གྱི་རྣམ་དག་རེ་ནི་འདོད་པ་དང་བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་ས་དགུ་ལ་ནི་གཏོགས་པའི་སྒོམ་སྤངས་འདེན་འཛིན་ལྷན་སྐྱེས་ཆེན་པོ་ཡི་ཆེན་པོ་ནས་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དྲི་མ་རྣམས་རིམ་གྱིིས་འཇོམས་བྱེད་གཉེན་པོ་ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་ཆུང་ངུའི་ཆུང་ངུ་དང་ཆུང་ངུའི་འབྲིང་ལ་སོགས་པའི་ལམ་ནི་རིམ་ཀྱིས་སྦྱངས་སྟོབས་ཀྱིས་དྲི་མ་དེ་དག་དག་པར་བྱེད་པའི་རྒྱུ་བྱས་པའི་སྒོ་ནས་མཐར་ཐོབ་པའི་རྣམ་དག་ཤིན་ཏུ་ཡིན་ལ། ཉན་རང་གི་རྣམ་དག་ནི་ཚུལ་དེ་ལྟར་ཐོབ་པ་ཡིན་པའི་ཕྱིར། གཉིས་པ་ནི། དེ ལ་ཀླན་ཀ་སྤངས་པ་ཡིས། ཞེས་པ་ནས། གཉེན་པོ་ཉིད་དུ་འདོད་པ་ཡིན། ཞེས་པའི་བར་གསུངས། ངག་དོན་ནི། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་རྣམས་ནི་ཆོས་ཅན། ཁམས་གསུམ་ས་དགུས་བསྡུས་པའི་སྒྲིབ་པའི་གཉེན་པོ་ཁྱད་པར་ཅན་ཉིད་དུ་འདོད་པ་ཡིན་ཏེ། སྤང་བྱ་ཆེ་རིམ་ནས་འགག་ཅིང་གཉེན་པོ་ཆུང་རིམ་ནས་སྐྱེ་བའི་སྤང་གཉེན་གྱི་རིམ་པ་དེ་ལ་གཞན་གྱིས་རྩོད་པའི་ཀླན་ཀ་སྤངས་པ་ཡི་སྒོ་ནས་བྱ་དེ་རྣམས་ཀྱི་གཉེན་པོར་གྲུབ་པའི་ཕྱིར། དེ་ལྟར་གྲུབ་སྟེ། དཔེར་ན། སྣང་བ་སྐྱེ་སྟོབས་ཀྱིས་མུན་པ་རིམ་གྱིས་སེལ་བ་ལྟར། འཇལ་བྱེད་ཤེས་པ་དང་། གཞལ་བྱ་དག་བདེན་སྟོང་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པ་ཉིད་ཀྱི་སྒོ་ནས་ཡེ་ཤེས་དེ་རྣམས་ཀྱིས་སྤང་བྱ་དེ་དག་རིམ་གྱིས་འཇོམས་པར་བྱེད་པའི་ཕྱིར། ཀླན་ཀ་ནི། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་ཆུང་རིམ་ནས་བདེན་འཛིན་ཆེ་རིམ་གྱིས་སྤོང་བ་མི་འཐད་པར་ཐལ། སྒོམ་ལམ་ཆེ་རིམ་གྱིས་བདེན་འཛིན་ཆེ་རིམ་ནས་སྤོང་པ་འཐད་པའི་ཕྱིར། དཔེར་ན། དགྲ་སྟོབས་ལྡན་འདུལ་བ་ལ་གཉེན་པོ་ཡང་སྟོབས་དང་ལྡན་དགོས་པ་བཞིན་ནོ་ཞེ་ན། ལན་ནི་སྐབས་འདིར་སྐྱོན་དེ་མི་འཇུག་པར་ཐལ། འདིར་སྤང་གཉེན་གྱི་རིམ་པ་དེ་ནི་གོས་ལ་ཆགས་པའི་དྲི་མ་ཆེ་རིམ་ནས་སེལ་བ་དང་མཚུངས་ཀྱི། སྔ་མ་དང་དཔེ་མཚུངས་པ་མ་ཡིན་པའོ། །གཙོ་བོའི་དབང་དུ་བྱས་ན་ཐེག་ཆེན་གྱིས་སྒོམ་ལམ་ས་གཉིས་པ་ནས་བཅུ་བའི་བར་ལ་འཇོག་ཀྱང་། ས་དང་པོར་ཡང་སྒོམ་ལམ་ཡོད་དེ། ཐེག་ཆེན་སྒོ་འབྱེད་ལས། ས་དང་པོ་ནི་བསྐལ་པ་ལ་སོགས་པའི་ཡུན་གྱིས་རྫོགས་དགོས་པས་དེའི་ངོ་བོར་གྱུར་པའི་སྒོམ་ལམ་ཡོད་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ས་དང་པོ་ན་སྒོམ་ལམ་མཉམ་གཞག་ཡེ་ཤེས་ཡོད་པར་མ་ཟད། རྗེས་ཐོབ་ཡེ་ཤེས་ཀྱང་ཡོད་དེ། རྣམ་བཤད་ལས། མོས་པ་སྒོམ་ལམ་དེ་མ་དག་ས་བདུན་ན་ཡོད་པར་བཤད་པའི་རིགས་པས་འགྲུབ་པའི་ཕྱིར། གཞན་ཡང་། ས་དང་པོའི་ངོ་བོར་གྱུར་པའི་སྒོམ་ལམ་ཡོད་དེ། འགྲེལ་ཆེན་ལས། ས་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ནོ། །སྐད་ཅིག་མ་གཉིས་པ་ནས་རྡོ་རྗེ་ལྟ་བུར་བརྗོད་པའི་བར་ཆད་མེད་པའི་ལམ་གང་ལས་དེ་མ་ཐག་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་བྱེད་པའི་བར་འདི་དག་ཐམས་ཅད་ནི་སྒོམ་པའི་ལམ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར།། །།སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གསུམ་པ་གཞི་ཤེས་ཀྱི་ལུས་རྒྱས་པར་བཤད་པ་ལ། སྐབས་འདིར་གཞི་ཤེས་འཆད་པའི་རྒྱུ་མཚན་དང་། གཞུང་དོན་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་པ་བཤད་ཟིན་པའི་འོག་ཏུ་གཞི་ཤེས་འཆད་པའི་རྒྱུ་མཚན་ཡོད་དེ། ལམ་ཤེས་རྒྱུད་ལ་སྐྱེ་བ་མི་རྟག་སོགས་བཅུ་དྲུག་ཡོངས་སུ་ཤེས་པའི་སྒོ་ནས་གཞི་ཤེས་ཀྱི་རྣམ་པ་ཉམས་སུ་ལེན་དགོས་ཤིང་མེད་ན་མི་འབྱུང་བའི་ཕྱིར་ཏེ། འགྲེལ་པ་ལས། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་མེད་པས་ཐམས་ཅད་ཤེས་པ་ཉིད། ཅེས་གསུངས་པའི་ཕྱིར། གཉིས་པ་གཞུང་དོན་བཤད་པ་ལ། དངོས་དང་། མཁྱེན་གསུམ་གྱི་མཇུག་བསྡུ་བ་བཤད་པ་གཉིས། དང་པོ་ལ། འབྲས་ཡུམ་ལ་ཉེ་རིང་གི་ལམ་བཤད་པ། གཞི་ཤེས་སྦྱོར་བ་བཤད་པ། སྦྱོར་བ་བསྒོམས་པའི་འབྲས་སུ་བཤད་པ་དང་གསུམ། དང་པོ་ལ། ཉེ་རིང་གི་རྒྱུ་མཚན། རྒྱུ་མཚན་དེ་ཉིད་སྒྲུབ་པ། མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་དབྱེ་བ་བཤད་པ་དང་གསུམ། དང་པོ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་པ་ནས། ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་པའི་བར་གསུངས། ངག་དོན་ནི། འདིར་བསྟན་གཞི་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཅན། ཁྱོད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྒྱུད་པ་ཉེ་བར་འདོད་པ་ཡིན་ཏེ། དུས་གསུམ་གྱི་ཆོས་རྣམས་བདེན་པའི་རང་བཞིན་མེད་པར་མཉམ་པ་ཉིད་དུ་མངོན་སུམ་དུ་ཤེས་རབ་ཀྱིས་ཟིན་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། ཚུ་རོལ་འཁོར་བའི་མཐའ་དང་ཕ་རོལ་ཞི་བའི་མཐའ་གཉིས་ལ་གནས་པ་མ་ཡིན་ཏེ། མཐར་གཉིས་འགོག་བྱེད་ཀྱི་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། མཐའ་དེ་དག་གི་བར་ན་ཡང་དོན་དམ་པར་གནས་པ་མ་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཡེ་ཤེས་ཡིན་པའི་ཕྱིར། འདིར་བསྟན་སྲིད་ཞི་གཉིས་ཀྱི་མཐའི་ཁྱད་པར་ཡོད་དེ། སྲིད་མཐའ་ནི་གཞི་ཀུན་རྫོབ་ལ་བལྟོས་པའི་སྲིད་མཐའ་ཏེ་འཁོར་བ་ཡིན་ལ། ཞི་མཐའ་ནི་དེ་ལ་བལྟོས་པའི་ཞི་མཐའ་ཏེ་ཆད་པའི་མྱང་འདས་ལ་བྱེད་པའི་ཕྱིར། བྱང་འཕགས་ཆོས་ཅན། འདིར་བསྟན་སྲིད་མཐའ་ལ་མི་གནས་ཏེ། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་མི་ལེན་པའི་ཕྱིར། དེ་ཆོས་ཅན། འཁོར་བའི་གནས་སུ་སྐྱེ་བ་ལེན་པ་ཡིན་ཏེ། དེར་སྐྱེ་བ་ལེན་པའི་རྒྱུ་བརྩེ་བ་སྙིང་རྗེ་སོགས་ཐབས་ཤེས་རབ་ཁྱད་པར་ཅན་གཉིས་དང་ལྡན་པའི་ཕྱིར། དེ་ཆོས་ཅན། འདིར་བསྟན་ཞི་མཐའ་ལ་ཡང་མི་གནས་ཏེ། ལས་ཉོན་ཆད་ཙམ་གྱི་མྱང་འདས་ཐོབ་བྱར་དོན་དུ་མི་གཉེར་བའི་ཕྱིར། དེ་ཆོས་ཅན། དེ་ལྟ་བུའི་མྱང་འདས་དོན་དུ་མི་གཉེར་ཏེ། སེམས་ཅན་གྱི་དོན་དུ་འཁོར་བའི་གནས་སུ་སྐྱེ་བ་བཞེས་ནས་དོན་མཛད་ཅིང་སངས་རྒྱས་དོན་དུ་གཉེར་བ་ཡིན་པའི་ཕྱིར། གཉིས་པ་ཉེ་རིང་གི་རྒྱུ་མཚན་སྒྲུབ་པ་ནི། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་པ་ནས། ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་པའི་བར་གསུངས། དོན་ནི། ཉན་རང་འཕགས་པ་ཆོས་ཅན། གཞི་ཤེས་པའི་ཤེར་ཕྱིན་དེ་ནི་ཁྱོད་ལ་རིང་བ་ཡིན་ཏེ། ཁྱོད་གཞི་བདེན་པའི་མཚན་མར་དམིགས་པ་སྟེ་བཟུང་བའི་སྒོ་ནས་འབྲས་ཡུམ་བསྐྱེད་པའི་ཐབས་མ་ཡིན་པས་ཟིན་པའི་ཕྱིར། བྱང་འཕགས་ཆོས་ཅན། ཤེས་ཕྱིན་དེ་ནི་ཁྱོད་ལ་ཡང་དག་པར་ཉེ་བ་ཉིད་དུ་བཤད་དེ། འབྲས་ཡུམ་བསྐྱེད་པའི་ཐབས་ལ་མཁས་པ་སྟོང་ཉིད་རྟོགས་པ་ཡིས་ཟིན་པའི་ཕྱིར། དེ་ནི་བདེན་འཛིན་ཡོད་པ་ཙམ་མིན་གྱི། བདེན་འཛིན་གྱིས་བཅིངས་མ་བཅིངས་ཀྱི་དབང་གིས་ཡིན་ཏེ། སྐབས་གསུམ་པའི་ལུགས་འདིར་ཉན་རང་ལ་སྟོང་ཉིད་རྟོགས་པ་མེད་པས་བདེན་འཛིན་གྱིས་བཅིངས་པར་འདོད་ཅིང་། །བྱང་འཕགས་རྣམས་ཀྱིས་སྟོང་ཉིད་རྟོགས་མྱོང་བས་དེས་མ་བཅིངས་པའི་ཕྱིར། བདེན་འཛིན་གྱིས་བཅིངས་པའི་དོན་ཡང་ཡོད་དེ། སྟོང་ཉིད་རྟོགས་མ་མྱོང་ཞིང་བདེན་ཞེན་ལས་རེ་ཞིག་འདའ་མི་ནུས་པའི་དོན་ཡིན་པའི་ཕྱིར། གསུམ་པ་མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་དབྱེ་བ་བཤད་པ་ལ། གཞི་ལམ་ལ་མཚན་འཛིན་སྤང་གཉེན་དང་། འབྲས་བུ་ལ་མཚན་འཛིན་སྤང་གཉེན་དང་། མཇུག་བསྡུ་བ་བཤད་པ་དང་གསུམ། དང་པོ་ལ། མི་མཐུན་ཕྱོགས་དང་། གཉེན་པོའི་ཕྱོགས་གཉིས་ལས། དང་པོ་ནི། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ཞེས་པ་ནས། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པའི་བར་གསུངས། དོན་ནི། གཞི་ཤེས་བྱ་ཇི་ལྟ་བས་བསྡུས་པའི་གཟུགས་ལ་སོགས་པའི་ཕུང་པོ་བདེན་པས་སྟོང་པའི་སྟོང་ཉིད་དང་། ཇི་སྙེད་པས་བསྡུས་པ་འདས་པ་ལ་སོགས་པའི་དུས་གསུམ་དུ་གཏོགས་པའི་ཆོས་རྣམས་དང་། ལམ་སྦྱིན་པ་དང་ཚུལ་ཁྲིམས་སོགས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བདེན་ཞེན་གྱིས་སྤྱོད་པའི་འདུ་ཤེས་ཀྱིས་བཅིངས་པའི་ལམ་ཆོས་ཅན། བྱང་ཆུབ་སེམས་དཔའ་རིགས་ངེས་པ་དེའི་ལམ་གྱི་གོལ་སའི་མི་མཐུན་ཕྱོགས་ཡིན་ཏེ། འབྲས་བུར་ཤེར་ཕྱིན་སྒྲུབ་པའི་རིང་ལ མ་ཡིན་པའི་ཕྱིར། གཉིས་པ་ནི། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་པ་ནས། དེ་ནི་ཆགས་པའི་མཐའ་འགོགས་པས། །ཞེས་པའི་བར་གསུངས། དོན་ནི། ལམ་སྦྱིན་པ་ལ་སོགས་པ་ལ་བདེན་ཞེན་གྱི་ངར་འཛིན་མེད་པ་ལ་རང་ཉིད་གནས་ཤིང་། གཞན་དག་དེ་ལ་སྦྱོར་བར་བྱེད་པའི་བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་གཞི་བདེན་མེད་དུ་མངོན་གསུམ་དུ་རྟོགས་པའི་ཡེ་ཤེས་དེ་ནི་ཆོས་ཅན། གཞི་ལམ་ལ་བདེན་པར་ཆགས་པའི་མཐའ་འགོག་པ་ཡིན་ཏེ། ཆགས་པ་དེའི་གཉེན་པོ་ཁྱད་པར་ཅན་ཡིན་པའི་ཕྱིར། ཐེག་དམན་གྱི་གཞི་ཤེས་ལ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱི་ཐ་སྙད་མཛད་པ་ནི་བདེན་འཛིན་གྱིས་མ་བཅིངས་པའི་བྱང་སེམས་ཀྱི་ལམ་ལ་བལྟོས་ནས་ཡིན་གྱི། ཐེག་དམན་གྱི་གཞི་ཤེས་དེ་མི་མཐུན་ཕྱོགས་དངོས་མ་ཡིན་ཏེ། མཐུན་ཕྱོགས་ཁྱད་པར་ཅན་ཡིན་པའི་ཕྱིར་ཏེ། འཕགས་ལམ་མིན་པའི་ཕྱིར་རོ། །སྐབས་གསུམ་པ་འདིར་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ལ་བདེན་འཛིན་གྱིས་བཅིངས་པས་ཁྱད་པར་བསྟན་པ་ནི་དགོས་པའི་དབང་གིས་ཡིན་གྱི། དེ་ཁོ་ན་ལྟར་འདོད་དགོས་པའི་ངེས་པ་ནི་མེད་དེ། སྐབས་གཞན་དང་ཁྱད་པར་དུ་རིགས་ཀྱི་སྐབས་སུ་ཐེག་དམན་འཕགས་པ་ལ་སྟོང་ཉིད་རྟོགས་མྱོང་ཡོད་པར་བསྟན་པའི་ཕྱིར་རོ། །གཉིས་པ། འབྲས་བུ་ལ་མཚན་འཛིན་སྤང་གཉེན་བཤད་པ་ལ། ཆགས་པའི་ངོ་བོ། དེའི་རྒྱུ་མཚན། དེའི་གཉེན་པོ་འཕྲོས་དོན་བཤད་པ་དང་བཞི། དང་པོ་ནི། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་གསུངས། དོན་ནི། རྒྱལ་བ་ལ་སོགས་པའི་འབྲས་བུ་ལ་བདེན་པར་ཆགས་པ་ཕྲ་མོས་བཅིངས་བཞིན་དུ་དེ་ལ་ཕྱག་འཚལ་བ་ལ་སོགས་པ་ཆོས་ཅན། བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་ཏེ། དེའི་གོལ་ས་ཡིན་པའི་ཕྱིར། གཉིས་པ་ནི། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་གསུངས། དོན་ནི། ཆོས་རྣམས་ཀྱི་ལམ་གནས་ལུགས་མཐར་ཐུག་དེ་ནི་ཆོས་ཅན། ཟབ་པ་ཉིད་ཡིན་ཏེ། །བདེན་པར་གྲུབ་པའི་རང་བཞིན་གྱིས་དབེན་པའི་ཆོས་ཉིད་ཡིན་པའི་ཕྱིར། གསུམ་པ་ནི། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །ཞེས་གསུངས། དོན་ནི། ཆོས་རྣམས་ཀྱི་རང་བཞིན་བདེན་སྟོང་དུ་གཅིག་པར་ནི་མངོན་སུམ་དུ་ཤེས་པའི་བྱང་འཕགས་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་ཀྱིས་འབྲས་བུ་ལ་བདེན་པར་ཆགས་པ་སྤོང་བ་ཡིན་ཏེ། དེ་འཇོམས་བྱེད་ཀྱི་གཉེན་པོ་ཁྱད་པར་ཅན་ཡིན་པའི་ཕྱིར། །བཞི་པ་ལ། ཟབ་པའི་རྒྱུ་མཚན་དང་། རྟོགས་དཀའ་བའི་རྒྱུ་མཚན་དང་གཉིས། དང་པོ་ནི། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །ཅེས་གསུངས། དོན་དམ་པའི་བདེན་པ་དེ་ནི་ཆོས་ཅན། ཟབ་མོ་རྟོགས་པར་དཀའ་བར་བཤད་དེ། དོན་དམ་དཔྱོད་བྱེད་ཅི་རིགས་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་གྱི་གཟུགས་སྒྲ་མཐོང་བ་ལ་སོགས་པའི་ཐ་སྙད་པའི་ཚད་མས་ཁྱོད་མཐོང་བ་བཀབ་པ་ཡིས་ཏེ་དེའི་ཕྱིར། གཉིས་པ་ནི་གཟུགས་ལ་སོགས་པ་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་གསུངས། དོན་ནི། དོན་དམ་བདེན་པ་དེ་ནི་ཆོས་ཅན། ཐ་སྙད་པའི་བློས་རྟོགས་པར་དཀའ་བ་ཡིན་ཏེ། བློ་དེ་བསམ་གྱིས་མི་ཁྱབ་པར་འདོད་པ་དེའི་ཕྱིར། དེར་ཐལ། ཁྱོད་གཟུགས་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་མི་ཤེས་པའི་ཕྱིར་རམ། གཟུགས་སོགས་ལྟར་མི་ཤེས་པའི་ཕྱིར་རོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ཞེས་པ་ནས། །ཇི་སྐད་བཤད་པ་འདིར་ཤེས་བྱ། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ཀུན་ཤེས་བཞི་ཤེས་ཉིད་ཀྱི་ལུགས་ལ་ཏེ་སྐབས་སུ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་དག་གི་རྣམ་པར་དབྱེ་བ་མ་ལུས་པ་ཡུམ་གྱི་མདོ་ལས་ཇི་སྐད་བཤད་པ་དེ་རྣམས་འདིར་ཡང་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་བཤད་པར་ཤེས་པར་བྱ་སྟེ། སྔར་བཤད་པ་དེ་ལྟར་ཤེས་པར་བྱ་དགོས་པའི་ཕྱིར། གཉིས་པ་གཞི་ཤེས་སྦྱོར་བ་འཆད་པ་ལ། དབྱེ་བ་དང་། རང་བཞིན་བཤད་པ་གཉིས། དང་པོ་ནི། གཟུགས་སོགས་དེ་མི་རྟག་སོགས་དང་། ཞེས་པ་ནས། སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། སེམས་དཔའི་གཞི་ཤེས་སྦྱོར་བ་དེ་ལ་བཅུ་ཡོད་དེ། ཡུལ་གྱི་སྒོ་ནས་བཞི། ངོ་བོའི་སྒོ་ནས་གསུམ། བྱེད་ལས་ཀྱི་སྒོ་ནས་ཆ་གཉིས། དཔེའི་སྒོ་ནས་གཅིག་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡུལ་གྱི་སྒོ་ནས་བཞི་ཡོད་དེ། ཁྱད་གཞི་གཟུགས་སོགས་ལ་བདེན་པར་ཞེན་པ་དང་། ཁྱད་ཆོས་དེ་མི་རྟག་སྡུག་བསྔལ་སོགས་དང་། དེ་ཡོན་ཏན་གྱི་རྟེན་དུ་མ་རྫོགས་པ་དང་རབ་རྫོགས་པ་དང་། དེ་ལ་བདེན་པར་ཆགས་པ་མེད་ཉིད་ལ་བདེན་པར་སྤྱོད་པ་བཀག་པའི་སྦྱོར་བ་དང་བཞི་ཡོད་པའི་ཕྱིར། གཉིས་པ་ངོ་བོའི་སྒོ་ནས་གསུམ་ཡོད་དེ། བྱ་བ་ལ་བདེན་ཞེན་འགོག་པ་མི་འགྱུར་བ་དང་། བྱེད་པ་པོ་ལ་བདེན་ཞེན་འགོག་པ་བྱེད་པོ་མེད་པ་ཉིད་དང་། འབྲས་བུ་ལ་བདེན་ཞེན་འགོག་པ་བྱ་དཀའ་བ་རྣམ་པ་གསུམ་གྱི་སྦྱོར་བ་དང་གསུམ་ཡོད་པའི་ཕྱིར། བྱ་དཀའ་བ་གསུམ་ཡོད་དེ། ཆེད་དུ་བྱ་དཀའ་བ། སྦྱོར་བ་བྱ་དཀའ་བ། ལས་བྱ་དཀའ་བ་དང་གསུམ་ཡོད་པའི་ཕྱིར། གསུམ་པ་བྱེད་ལས་ཀྱི་སྒོ་ནས་གཉིས་ཡོད་དེ། རིགས་ཅན་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་འབྲས་བུ་ཐོབ་པས་འབྲས་བུ་ཡོད་པར་འདོད་པའི་སྦྱོར་བ་དེ་དང་ནི། ཕན་ཡོན་དང་ལྡན་པའི་སྒོ་ནས་གཞན་ལ་རག་ལས་པ་མེད་པ་གང་ཡིན་པའི་སྤྱོད་པ་དང་གཉིས་ཡོད་པའི་ཕྱིར། བཞི་བ་ཤེས་བྱེད་དཔེའི་སྒོ་ནས་གཅིག་ཡོད་དེ། སྣང་བ་རྣམ་པ་བདུན་དུ་ཤེས་པར་བྱེད་པའི་བྱང་སེམས་ཀྱི་གཞི་ཤེས་སྦྱོར་བ་གཅིག་ཡོད་པའི་ཕྱིར། སྣང་བ་རྣམ་བདུན་ཡོད་དེ། རྨི་ལམ་སྒྱུ་མ་སྨིག་སྒྱུ་སྒྲ་བརྙན་གཟུགས་བསྙན་དྲི་ཟའི་གྲོང་ཁྱེར་སྤྲུལ་པའི་དཔེ་བདུན་གྱིས། ཕྱི་ནང་གི་ཆོས་རྣམས་བདེན་པར་མེད་ཀྱང་རྟེན་འབྲེལ་གྱི་སྣང་བ་ཙམ་དུ་སྒྲུབ་ཚུལ་རྣམ་པ་བདུན་ཡོད་པའི་ཕྱིར། དེ་མ་རྫོགས་དང་རབ་རྫོགས་དང་། ཞེས་པའི་དངོས་བསྟན་གྱི་ཡོན་ཏན་གྱི་རྟེན་དུ་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་དེ། གང་ལ་དམིགས་ན་ཉོན་མོངས་སྐྱེ་བར་འགྱུར་བའི་ཕྱོགས་གཟུགས་སྒྲ་སོགས་ཡོན་ཏན་གྱི་རྟེན་དུ་མ་རྫོགས་ལ། གང་ལ་དམིགས་ནས་བསྒོམས་པས་རྟོགས་པ་གོང་འཕེལ་དུ་འགྱུར་བ་གཟུགས་སོགས་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་བ་དང་བདག་མེད་པ་ལྟ་བུ་ཡོན་ཏན་གྱི་རྟེན་དུ་རྫོགས་པར་འཇོག་པ་ཡིན་པའི་ཕྱིར། གཉིས་པ་རང་བཞིན་ནི། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་གསུངས། དོན་ནི། །ཤེས་བྱ་ཆོས་ཅན། འདིར་སེམས་དཔའི་གཞི་ཤེས་སྦྱོར་བ་དེ་ཡི་མཉམ་ཉིད་དེ་ལ་རྣམ་པ་བཞི་ཡོད་དེ། ཡུལ་གཟུགས་ལ་སོགས་པའི་ངོ་བོ་དང་མཚན་མ་དང་དབྱེ་བ་དང་ཡུལ་ཅན་ལ་བདེན་པར་རློམ་པ་མེད་པའི་སྦྱོར་བ་བཞི་རྣམས་སུ་ཡོད་པའི་ཕྱིར། སེམས་དཔའི་གཞི་ཤེས་སྦྱོར་བ་དང་། དེའི་མཉམ་ཉིད་ཀྱི་ཁྱད་པར་ཡོད་དེ། སྤྱིར་ཐེག་དམན་ཀྱི་རྟོགས་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་རྣམས་དང་པོ་ཡིན་ཞིང་། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་རྣམས་ཕྱི་མ་ཡིན་ལ། གཞུང་གཉིས་ཀའི་དངོས་བསྟན་གྱི་དབང་དུ་བྱས་ན་དེ་འདྲ་བའི་ཐེག་ཆེན་གྱི་སྦྱོར་ལམ་ལ་བྱེད་པའི་ཕྱིར། གསུམ་པ་སྦྱོར་བ་བསྒོམས་པའི་འབྲས་བུ་བཤད་པ་ལ། སྐད་ཅིག་མ་མདོར་བསྟན་པ་དང་། རྣམ་པ་རྒྱས་པར་བཤད་པ་གཉིས། དང་པོ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཞེས་པ་ནས། ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །ཞེས་པའི་བར་གསུངས། དོན་ནི། བྱང་སེམས་མཐོང་ལམ་བའི་རྒྱུད་ཀྱི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་སོ་སོ་ལ་དམིགས་ནས་ཆོས་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། ཆོས་དང་རྗེས་སུ་ཤེས་པའི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་འདི་ཆོས་ཅན། ཀུན་ཤེས་ཚུལ་ལ་མཐོང་བའི་ལམ་ཡིན་ཏེ། འདའ་བྱེད་ཀྱི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། འདིས་འདའ་བྱ་འདའ་བྱེད་གཉིས་ཀྱི་ནང་ནས་འདའ་བྱེད་ཀྱི་མཐོང་ལམ་བསྟན་པ་ཡིན་ལ། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་གནས་ནས་འདའ་བྱེད་དང་། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་ཤེས་མཐོང་གིས་བལྟས་ནས་འདའ་བྱའི་ལམ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ཡོད་དེ། བྱང་སེམས་ཀྱིས་ཐམས་ཅད་མཁྱེན་པ་ཐོབ་པའི་དོན་དུ་སྟོང་ཉིད་གཙོ་བོར་བསྒོམ་དགོས་ཤིང་། ཉན་རང་གི་རིགས་ཅན་རྗེས་སུ་འཛིན་པའི་ཆེད་དུ་གང་ཟག་གི་བདག་མེད་ཞར་བྱུང་ངམ་ཕལ་པའི་ཚུལ་གྱིས་སྒོམ་པར་བྱེད་པའི་དོན་ཡིན་པའི་ཕྱིར། གཉིས་པ་རྣམ་པ་རྒྱས་པར་བཤད་པ་ལ། སོ་སོར་བཤད་པ་དང་། དོན་བསྡུ་བ་གཉིས། དང་པོ་ནི། གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་པ་ནས། ཤེས་པ་སྐྱེ་བ་མེད་པ་ནི། །ཞེས་པའི་བར་གསུངས། དོན་ནི། སྡུག་བསྔལ་གྱི་བདེན་པས་བསྡུས་པའི་གཟུགས་ཚོར་སོགས་མི་རྟག་པ་ཆོས་ཅན། དོན་དམ་པར་རྟག་པ་ཡང་མིན་མི་རྟག་པ་ཡང་མ་ཡིན་ཏེ། དོན་དམ་པར་རྟག་མི་རྟག་གཉིས་ཀ་དང་བྲལ་བའི་ཕྱིར་ཏེ། དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར། རྟགས་འདི་འོག་མ་རྣམས་ལའང་སྦྱར་དགོས་ཏེ། བདེན་བཞི་དོན་དམ་པར་མེད་པར་མཚུངས་པའི་ཕྱིར་རོ། །སྡུག་བདེན་གྱི་རྣམ་པ་ཕྱི་མ་གསུམ་ཆོས་ཅན། དོན་དམ་པར་རྟག་ཆད་ཀྱི་མཐའ་ལས་འདས་པ་དང་། དོན་གཞན་གྱིས་སྟོང་པ་རྣམ་པར་དག་པ་དང་། རང་དབང་བའི་བདག་གི་ངོ་བོ་མ་གྲུབ་དོན་དམ་པར་མ་སྐྱེས་པ་དང་མ་འགག་པ་ལ་སོགས་ཀྱིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མིན་ཏེ། རིམ་པ་བཞིན་དོན་དམ་པར་སྡུག་བསྔལ་དང་སྡུག་བསྔལ་མ་ཡིན་པ་དང་བྲལ་བའི་ཕྱིར་དང་། སྟོང་མི་སྟོང་དང་། བདག་དང་བདག་མེད་པ་དང་ཡང་བྲལ་བའི་ཕྱིར་ཏེ། མཐོང་ལམ་སྡུག་བསྔལ་ཤེས་བཟོད་ཀྱིས་དེ་ལྟར་དོན་དམ་པར་མ་གྲུབ་པར་རྟོགས་པའི་ཕྱིར། ལས་སྲེད་ཀྱིས་བསྡུས་པའི་ཀུན་འབྱུང་གི་རྣམ་པ་འདི་ཆོས་ཅན། དོན་དམ་པར་མ་གྲུབ་པ་ནམ་མཁའ་དང་འདྲ་བ་དང་། ཆགས་སོགས་ཀྱི་སྲེད་པ་དོན་དམ་པར་གྲུབ་པ་སྤངས་པ་དང་། དོན་དམ་པར་ཡོངས་སུ་འཛིན་པ་ལས་གྲོལ་བ་དང་། དོན་དམ་པར་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པ་ཡིན་ཏེ། རིམ་པ་བཞིན་སྡུག་བསྔལ་གྱི་རྒྱུ་དང་རྒྱུ་མ་ཡིན་པ་དང་། ཀུན་འབྱུང་ཡིན་མིན་དང་། རབ་སྐྱེ་ཡིན་མིན་དང་། རྐྱེན་དང་རྐྱེན་མིན་རྣམས་སུ་དོན་དམ་པར་མ་གྲུབ་པའི་ཕྱིར་ཏེ། ཀུན་འབྱུང་ཤེས་བཟོད་ཀྱིས་དེ་ལྟར་དོན་དམ་པར་མ་གྲུབ་པར་མངོན་སུམ་དུ་རྟོགས་པའི་ཕྱིར། འགོག་བདེན་འདིའི་དོན་སྡུག་བསྔལ་སྤངས་པའི་བྲལ་པ་ཆོས་ཅན་དོན་དམ་པར་མ་གྲུབ་པའི་རྒྱུ་མཚན་གང་གི་ཕྱིར་ན་ཚིག་ཏུ་བརྗོད་པ་ཡི་སྒོ་ནས་གཞན་རྒྱུད་ལ་དོན་དམ་པར་སྦྱིན་དུ་མེད་པ་དང་། དམིགས་པ་དོན་དམ་པར་མེད་པར་བྱེད་པ་དང་། རྟག་ཆད་ལས་འདས་ཤིང་རང་བཞིན་གྱིས་ཤིན་ཏུ་རྣམ་པ་དག་པ་དང་། གནོད་པའི་ནད་ཐམས་ཅད་མི་འབྱུང་པའི་ཡོན་ཏན་ལྡན་པ་ཡིན་ཏེ། རིམ་པ་བཞིན་འགོག་པ་ཡིན་མིན་དང་། ཞི་བ་ཡིན་མིན་དང་། གྱ་ནོམ་ཡིན་མིན་དང་། ངེས་འབྱུང་ཡིན་མིན་རྣམས་སུ་དོན་དམ་པར་མ་གྲུབ་པའི་ཕྱིར་ཏེ། འགོག་པ་ཤེས་བཟོད་ཀྱིས་དེ་ལྟར་དོན་དམ་པར་མ་གྲུབ་པར་མངོན་སུམ་དུ་རྟོགས་པའི་ཕྱིར། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ལམ་བདེན་ཆོས་ཅན། ངན་སོང་གསུམ་ཆད་པ་དང་། རྒྱུན་ཞུགས་སོགས་ཀྱི་འབྲས་བུ་ནི་མངོན་དུ་བྱ་བ་ལ་རྣམ་པར་མི་རྟོག་པ་ཉིད་དང་། དོན་དམ་པར་གྲུབ་པའི་མཚན་མ་དག་དང་མ་འབྲེལ་བ་དང་བརྗོད་བྱའི་དངོས་པོ་དང་བརྗོད་བྱེད་ཀྱི་མིང་སོ་སོ་བ་དང་གཉིས་པོ་ལ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་ཤེས་པ་སྐྱེ་བ་མེད་པ་ནི་ཡིན་ཏེ། རིམ་པ་བཞིན་ལམ་དང་ལམ་མ་ཡིན་པ་དང་། རིག་པ་དང་རིག་པ་མ་ཡིན་པ་དང་། སྒྲུབ་པ་དང་སྒྲུབ་པ་མ་ཡིན་པ་དང་། ངེས་འབྱིན་དང་ངེས་འབྱིན་མ་ཡིན་པར་དོན་དམ་པར་མ་གྲུབ་པའི་ཕྱིར་ཏེ། ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་ཀྱིས་དེ་ལྟར་དོན་དམ་པར་མ་གྲུབ་པར་གཉིས་སྣང་ནུབ་པའི་ཚུལ་ཀྱིས་རྟོགས་པའི་ཕྱིར་རོ། །གཉིས་པ་དོན་བསྡུ་ཚུལ་ནི། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་གསུངས། དོན་ནི། སྔར་བཤད་པའི་ཀུན་ཤེས་ཉིད་ཀྱི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཆོས་ཅན། བྱང་སེམས་ཀྱི་མཐོང་ལམ་ཡིན་ཏེ། དེའི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཞི་ཤེས་འཆད་པའི་སྐབས་སུ་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་འཆད་རིགས་པ་ལས། དེ་མི་སྟོན་པར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་སྟོན་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། འདིར་ཟིན་བྱེད་འདའ་བྱེད་ཀྱི་མཐོང་ལམ་དངོས་སུ་བསྟན་པའི་ཤུགས་ལ། ཐེག་པ་ཆེ་ཆུང་གཉིས་ཀའི་དེ་འདྲ་བའི་འདའ་བྱའི་མཐོང་ལམ་བསྡུས་ནས་བསྟན་པའི་ཕྱིར་ཏེ། རྣམ་བཤད་ལས། འདིས་ཉན་ཐོས་རང་རྒྱུད་ཀྱི་མཐོང་ལམ་དང་། བྱང་ཆུབ་སེམས་དཔའི་རྒྱུད་ལ་བསྒོམ་པར་བྱ་བ་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་མཐོང་ལམ་གཉིས་ཀ་བསྡུས་ནས་བསྟན་པའི་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིར་མཐོང་ལམ་བསྟན་པའི་མཇུག་དེ་མ་ཐག་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་དངོས་སུ་སྟོན་པའི་གཞུང་ཞིག་འབྱུང་རིགས་པ་ལས་མི་འབྱུང་བའི་རྒྱུ་མཚན་ཅི་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དེ་བྱང་ཆུབ་སེམས་དཔས་གནས་ནས་འདའ་བའི་ལམ་དུ་སྟོན་མི་རིགས་པས་མ་བསྟན་ལ། ཤེས་མཐོང་གིས་བལྟས་ནས་འདའ་བའི་ལམ་དུ་སྟོན་མི་དགོས་པའི་ཕྱིར། ཕྱི་མ་གྲུབ་སྟེ། སྔར་དེ་འདྲ་བའི་མཐོང་ལམ་དེ་ཤེས་མཐོང་གིས་བལྟས་ནས་འདའ་བའི་ལམ་བསྟན་པ་ལ་བརྟེན་ནས། དེའི་རིགས་རྒྱུན་དུ་གྱུར་པའི་སྒོམ་ལམ་ཡང་དེ་འདྲ་བའི་ལམ་དུ་གནས་པས་མ་བསྟན་པའི་ཕྱིར་རོ། །གཉིས་པ་མཁྱེན་གསུམ་གྱི་མཇུག་བསྡུ་ནི། དེ་ལྟར་འདི་དང་ཡང་འདི་དང་། །ཞེས་པ་ནས། རྫོགས་པར་ཡོངས་སུ་བསྟན་པ་ཡིན། །ཞེས་པའི་བར་གསུངས་། དོན་ནི། རྩ་བ་ལྟར་ན་དེ་ལྟར་མཁྱེན་གསུམ་རྒྱས་པར་བསྟན་ནས། ཡུམ་བར་མ་ལས། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། ཞེས་སོགས་གཞི་ཤེས་ཀྱི་མཇུག་བསྡུར་སྟོན་པའི་ཚིག་བཅུ་དགུ་པོ་འདི་དང་། ཡང་རབ་འབྱོར་དེ་ལྟར་ཁམས་གསུམ་ལས་འདའ་བར་བྱེད་པ་མ་ཡིན་ཞེས་སོགས་ལམ་ཤེས་ཀྱི་མཇུག་བསྡུ་པའི་ཚིག་འདི་དང་། ཡང་རབ་འབྱོར་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པའམ་འཕྲོག་པར་བྱེད་པ་མ་ཡིན་ཞེས་སོགས་རྣམ་མཁྱེན་གྱི་མཇུག་བསྡུ་བའི་ཚིག་འདི་ཡིན་ཏེ་མདོ་ཚིག་རྣམ་པ་གསུམ་པོ་འདི་ནི་ཆོས་ཅན། སྔར་མཁྱེན་གསུམ་བརྗོད་བྱར་བྱས་པའི་གནས་སྐབས་གསུམ་པོ་དག་གི་མཇུག་རྫོགས་པར་ཡོངས་སུ་བསྟན་པ་ཡིན་ཏེ། དེ་རྣམས་ཀྱི་མཇུག་སྡུད་རྫོགས་པར་སྟོན་པའི་ཚིག་ཡིན་པའི་ཕྱིར། འོན་ཀྱང་འགྲེལ་བ་ལས་རྣམ་མཁྱེན་གྱི་མཇུག་སྡུད་ཐོག་མར་བྱས་ནས་འཆད་དེ། ཐམས་ཅད་མཁྱེན་པ་ཉིད་འདི་དང་། །ལམ་ཤེས་པ་ཉིད་འདི་དང་། །ཐམས་ཅད་ཤེས་པ་ཉིད་འདི་སྟེ། །ཞེས་གསུངས་པའི་ཕྱིར། དེ་གཉིས་ཀྱི་དགོངས་པ་མི་འགལ་ཏེ། རྩ་བ་ལྟར་བཤད་པ་ནི་ཡུམ་བར་མའི་དབང་དུ་བྱས་ལ། འགྲེལ་པར་བཤད་པ་དེ་ཉིད་བརྒྱད་སྟོང་པའི་མཇུག་སྡུད་སྟོན་ཚུལ་ཡིན་པའི་ཕྱིར། ཡུམ་རྒྱས་འབྲིང་བསྡུས་པ་གསུམ་པོ་ལ་ཚིག་རྒྱས་བསྡུས་ཡོད་ཀྱང་དོན་འདྲ་སྟེ། བརྒྱད་སྟོང་པར་ཡང་གཞན་གཉིས་ཀྱི་དོན་ཐམས་ཅད་ཚང་བར་སྟོན་པའི་ཕྱིར་ཏེ། བརྒྱད་སྟོང་དོན་བསྡུས་ལས། དེ་ལྟར་ཇི་སྐད་བཤད་རྣམས་ཀྱི། །བརྒྱད་སྟོང་འདིར་དོན་མ་ཚང་མེད། །འདིར་གཞུང་བསྡུས་པ་ཡིན་འདོད་དེ། །དོན་ནི་ཇི་སྐད་གསུངས་དེ་ཉིད། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་སྐབས་གཉིས་པ་དང་གསུམ་པའི་ཊིཀྐ་ལེགས་པར་བཤད་པའི་སྙིང་པོ་འདི་ཉིད་ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་དད་པས་སྦྱར་བ་ལས། དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་བློ་བཟང་བསྟན་འཛིན། དཀའ་བཅུའི་མཚན་བཞེས་པའི་ཚེ་གཞན་ལ་ཕན་པའི་འདུན་པས་པར་དུ་བསྒྲུབས་པའོ། །བཀྲ་ཤིས་བར་གྱུར་ཅིག །

སྐབས་བཞི་པའི་ཊིཀྐ་ལེགས་པར་བཤད་པའི་སྙིང་པོ་བསྡུས་པ།

སྐབས་བཞི་པའི་ཊིཀྐ་ལེགས་པར་བཤད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས།

རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཉིས་པ་སྦྱོར་བཞི་རྒྱས་པར་བཤད་པ་ལ་སྦྱོར་བཞིའི་དང་པོ་རྒྱུ་རྣམས་རྫོགས་སྦྱོར་བ་འཆད་པ་ལ། སྐབས་འདིར་རྣམ་རྫོགས་སྦྱོར་བ་འཆད་པའི་རྒྱུ་མཚན་དང་། གཞུང་དོན་དངོས་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། མཁྱེན་གསུམ་བཤད་ཟིན་པའི་འོག་ཏུ་སྦྱོར་བཞིའི་དང་པོ་རྣམ་རྫོགས་སྦྱོར་བ་འཆད་པའི་རྒྱུ་མཚན་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་ལ་གོམས་པ་དབང་དུ་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། འགྲེལ་པ་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ཉིད་དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས། རྣམ་པ་ཀུན་མངོན་པར་རྫོགས་པ་རྟོགས་པ། ཞེས་གསུངས་པའི་ཕྱིར། གཉིས་པ་ལ། རྣམ་རྫོགས་སྦྱོར་བ་སྤྱིའི་རྣམ་གཞག་དང་། ཐར་པ་ཆ་འཐུན་ནས་བཟུང་སྟེ་རྒྱུད་ལ་སྐྱེ་པའི་རིམ་པ་བཤད་པ་གཉིས། དང་པོ་ལ། སྦྱོར་བའི་ངོ་བོ། སྦྱོར་བའི་སྐྱོན་ཡོན། སྦྱོར་བའི་མཚན་ཉིད་བཤད་པ་དང་གསུམ། དང་པོ་ལ། མི་མཐུན་ཕྱོགས་ཀྱི་གཉེན་པོ་རྣམ་པའི་བྱེ་བྲག་བཤད་པ་དང་། བདེན་འཛིན་དངོས་སུ་འཇོམས་པར་བྱེད་པའི་སྦྱོར་པ་ཁྱད་པར་ཅན་ངོས་བཟུང་བ་གཉིས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་པ་ནས། རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཞེས་པའི་བར་གསུངས། ངག་དོན་ནི། གཞི་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་ཤེས་པ་ཡི་ཡེ་ཤེས་ཀྱི་བྱེ་བྲག་གམ་ཁྱད་བར་རྣམས་ནི་རང་གི་མི་མཐུན་ཕྱོགས་དེ་དང་དེའི་ཡུལ་གྱི་ཟློག་ཕྱོགས་ཀྱི་རྣམ་པ་ཤར་པའི་སྒོ་ནས་དེ་དག་འཇོམས་པར་བྱེད་པའི་སེམས་དཔའི་ཡེ་ཤེས་ཞེས་བྱ་བ་ཆོས་ཅན། སྐབས་འདིར་གཙོ་བོར་བསྟན་པའི་གཉེན་པོའི་མཚན་ཉིད་ཅེས་བྱ་བར་བརྗོད་དེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། གཉེན་པོའི་ཡེ་ཤེས་ཀྱི་རྣམ་པ་དེ་ཆོས་ཅན། རིགས་བསྡུ་ན་རྣམ་པ་གསུམ་དུ་འདོད་པ་ཡིན་ཏེ། བསྒོམ་བྱ་ཀུན་མཁྱེན་ཉིད་ཀྱི་ནི་རྣམ་པ་གསུམ་དུ་ངེས་པའི་ཕྱིར། དོན་ནི་ཡིད་ལྟར་དུ་འགྱུར་བ་ཡིན་ཏེ། ཕུང་པོ་མི་རྟག་པར་རྟོགས་པ་ལ་སོགས་པའི་སེམས་དཔའི་ཡེ་ཤེས་ཆོས་ཅན། ཕུང་པོ་རྟག་འཛིན་ལ་སོགས་པའི་གཉེན་པོ་ཡིན་ཏེ། དེ་རྣམས་ཀྱི་ཞེན་ཡུལ་གྱི་ཟློག་ཕྱོགས་མི་རྟག་པ་ལ་སོགས་པའི་རྣམ་པ་ལེགས་པར་ཤར་བའི་སྒོ་ནས་དེ་དག་དངོས་སུ་གནོད་བྱེད་ཀྱི་སེམས་དཔའི་ཡེ་ཤེས་ཡིན་པས་སོ་ཞེས་པའི་དོན་ཡིན་པའི་ཕྱིར། སྐབས་འདིར་རྣམ་རྫོགས་སྦྱོར་བའི་བསྒོམ་བྱ་དོན་རྣམ་དང་ཤེས་རྣམ་གཉིས་བསྟན་པ་ཡིན་ཏེ། བདེན་གཞི་མི་རྟག་ལ་སོགས་བཅུ་དྲུག་པོ་དེ་དོན་རྣམ་དང་། དེ་རྟོགས་པའི་ཡེ་ཤེས་རྣམས་ཤེས་རྣམ་དུ་བསྟན་པའི་ཕྱིར་དོན་རྣམ་དང་ཤེས་རྣམ་གཉིས་ཀ་བསྒོམ་བྱ་ཡིན་ཀྱང་བསྒོམ་བྱ་བསྒོམ་བྱེད་སྒོམ་པ་པོ་གསུམ་དུ་ཕྱེ་བའི་ཚེ་གཟུང་རྣམ་བསྒོམ་བྱེད་དང་། དོན་རྣམ་བསྒོམ་བྱ་དང་། རྟེན་གྱི་གང་ཟག་སྒོམ་པ་པོར་འགྱུར་པ་ཡིན་ཏེ་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་འཐད་པའི་ཕྱིར། ཤེས་རྣམ་ཡིན་ན་བསྒོམ་བྱ་ཡིན་པས་མ་ཁྱབ་སྟེ། ཉོན་མོངས་ཕྱོགས་ཀྱི་ཤེས་རྣམ་རྣམས་བསྒོམ་བྱ་མ་ཡིན་པའི་ཕྱིར་ཏེ། དུག་གསུམ་སྒོམ་པ་ལ་དགོས་པ་མེད་པའི་ཕྱིར། དེ་བཞིན་དུ་དོན་རྣམ་ལ་ཡང་བསྒོམ་བྱས་མ་ཁྱབ་སྟེ། ཤེས་རྣམ་ཐམས་ཅད་ཀྱང་དོན་རྣམ་ཡིན་པའི་ཕྱིར་ཏེ་རྟོགས་བྱ་ཡིན་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། གཞི་ཤེས་ཀྱི། ལམ་ཤེས་ཀྱི། རྣམ་མཁྱེན་གྱི་རྣམ་པ་བཤད་པ་དང་གསུམ། དང་པོ་ནི། མེད་པའི་རྣམ་པ་ནས་བཟུང་སྟེ། ཞེས་པ་ནས། ལམ་ལ་དེ་ནི་བཅོ་ལྔར་བཤད། །ཅེས་པའི་བར་གསུངས། དོན་ནི། ཡུམ་བར་མ་ལས་ཤེས་ཕྱིན་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སྡུག་བསྔལ་རྟག་པར་མེད་པའི་རྣམ་པ་སྟོན་པ་ནས་བཟུང་སྟེ། ཤེར་ཕྱིན་འདི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་ལམ་བདེན་གྱི་མི་གཡོ་བ་ཡི་རྣམ་པའི་བར་སྟོན་པའི་མདོ་ཚིག་འདི་ཆོས་ཅན། ཁྱོད་ཀྱིས་གཞི་ཤེས་གྱི་རྣམ་པ་ཉེར་བདུན་བསྟན་པ་ཡིན་ཏེ། བདེན་པ་དང་པོ་གསུམ་སོ་སོ་ལ་དམིགས་པའི་གཞི་ཤེས་ཀྱི་རྣམ་པ་བཞི་བཞི་དང་། ལམ་བདེན་ལ་དམིགས་པའི་གཞི་ཤེས་ཀྱི་རྣམ་པ་དེ་ནི་བཅོ་ལྔར་བཤད་པའི་ཕྱིར། སྡུག་བདེན་ལ་དམིགས་པ་བཞི་ཡོད་དེ། སྡུག་བསྔལ་རྟག་པར་མེད་པ་དང་། དོན་དམ་པར་མི་སྐྱེ་བ་དང་། དོན་གཞན་གྱིས་སྟོང་པ་དང་། རང་གི་ངོ་བོར་གྱུར་པའི་བདག་གིས་མི་བརྫི་བ་དང་བཞི་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་བྱང་སེམས་ཀྱི་གཞི་ཤེས་ཀྱི་རྣམ་པ་བཞི་ཡོད་པའི་ཕྱིར། ཀུན་འབྱུང་ལ་དམིགས་པ་བ ཞི་ཡོད་དེ། སྲེད་པ་དོན་དམ་པར་གནས་མེད་པ་དང་། ཀུན་འབྱུང་དོན་དམ་པར་ནམ་མཁའ་དང་འདྲ་བ་དང་། རྟོག་དཔྱོད་དོན་དམ་པར་བརྗོད་དུ་མེད་པ་དང་། སྲེད་ཚོར་དོན་དམ་པར་མིང་མེད་པ་དང་བཞི་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བཞི་ཡོད་པའི་ཕྱིར། འགོག་བདེན་ལ་དམིགས་པ་བཞི་ཡོད་དེ། འགོག་པ་དོན་དམ་པར་འགྲོ་བ་མེད་པ་དང་། ཞི་བ་རྐྱེན་གྱིས་མི་འཕྲོག་པ་དང་། གྱ་ནོམ་པའི་ཐར་པ་མི་ཟད་པ་དང་། ངེས་འབྱུང་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བཞི་ཡོད་པའི་ཕྱིར། ལམ་བདེན་ལ་རྣམ་པ་བཅོ་ལྔ་ཡོད་དེ། བྱེད་པ་པོ་དང་། ཤེས་པ་པོ་དང་། གནས་ནས་འཕོ་བ་པོ་དང་། ཉོན་མོངས་འདུལ་བ་པོའི་གང་ཟག་གི་བདག་མེད་པ་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་བཞི་དང་། ཕྱི་དོན་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་དང་། མ་འགག་པ་དང་། བཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་སྒོམ་ལམ་ལྔ་དང་། ཕྱི་རོལ་དོན་གྱི་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། བག་ཆགས་ཀྱིས་མ་གོས་པ་དང་། དབྱེ་བའི་སྤྲོས་པ་མེད་པ་དང་། རློམ་པའི་ཞེན་པ་མེད་པ་དང་། མི་གཡོ་བའི་གཟུང་བྱ་དོན་གཞན་མེད་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཀྱི་མཐོང་ལམ་དྲུག་ཡོད་པའི་ཕྱིར། ཕྱི་མ་བསྡོམས་ན་བཅྭོ་ལྔ་ཡིན་ཏེ། ཉོན་སྒྲིབ་ཀྱི་གཉེན་པོ་མཐོང་ལམ་ཟག་མེད་བཞི། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་སྒོམ་ལམ་ཟག་བཅས་ལྔ། དེའི་གཉེན་པོ་མཐོང་ལམ་ཟག་མེད་དྲུག་ཡིན་པའི་ཕྱིར་རོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་ནི། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །ཞེས་པ་ནས། ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་ཀྱི་རྣམ་པ་དེ་ལ་སུམ་ཅུ་རྩ་དྲུག་ཡོད་དེ། རྒྱུ་ཀུན་འབྱུང་དང་ལམ་བདེན་དང་འབྲས་བུ་སྡུག་བསྔལ་དང་འགོག་པའི་བདེན་པ་ལ་ནི་གོ་རིམ་བཞིན་དུ་སྦྱར་ན། ཀུན་འབྱུང་བདེན་པ་ལ་རྣམ་པ་དེ་དག་བརྒྱད་དང་། ལམ་བདེན་ལ་བདུན་དང་། སྡུག་བསྔལ་བདེན་པ་ལ་ལྔ་དང་། འགོག་བདེན་ལ་དམིགས་པ་བཅུ་དྲུག་ཡོད་ཅེས་ཡུམ་གྱི་མདོ་ལས་བཤད་ཅིང་བསྒྲགས་པ་ཡིན་པའི་ཕྱིར། ཀུན་འབྱུང་ལ་དམིགས་པ་བརྒྱད་ཡོད་དེ། རྒྱུའི་རྣམ་པ་ཡུལ་ལ་འདུན་པའི་སྲེད་པ་དང་། འདོད་ཆགས་ཀྱི་སྲེད་པ་དང་། ཡང་སྲིད་ལ་དགའ་བ་གསུམ་གྱི་གཉེན་པོ་བྱང་སེམས་ཀྱི་མཐོང་ལམ་གསུམ། ཀུན་འབྱུང་གི་རྣམ་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱི་གཉེན་པོ་བྱང་སེམས་ཀྱི་མཐོང་ལམ་གསུམ། རབ་སྐྱེའི་རྣམ་པ་གཙང་བདེ་རྟག་བདག་ཏུ་འཛིན་པའི་གཉེན་པོ་བྱང་སེམས་ཀྱི་མཐོང་ལམ་གཅིག །རྐྱེན་གྱི་རྣམ་པ་རང་དབང་བའི་སེམས་ཅན་དུ་ཞེན་པའི་གཉེན་པོ་བྱང་སེམས་ཀྱི་མཐོང་ལམ་གཅིག་སྟེ་བརྒྱད་ཡོད་པའི་ཕྱིར། ལམ་བདེན་ལ་བདུན་ཡོད་དེ། ལམ་གྱི་རྣམ་པ་ལ་སེམས་ཅན་ཚད་མེད་པ་ལ་ཐར་པའི་གོ་སྐབས་འབྱེད་པ་དང་། འཁོར་འདས་ཀྱི་མཐའ་གཉིས་དང་མ་འབྲེལ་པར་བྱེད་པའི་མཐོང་ལམ་གཉིས། རིགས་པའི་རྣམ་པ་ལ་ཆོས་ཐམས་ཅད་བདེན་སྟོང་དུ་ཐ་མི་དད་པར་རྟོགས་པ་དང་། ཉན་རང་གི་ལམ་མཆོག་ཏུ་མི་འཛིན་པའི་མཐོང་ལམ་གཉིས། སྒྲུབ་པའི་རྣམ་པ་ལ་ཆོས་ཐམས་ཅད་དོན་དམ་པར་རྣམ་པར་མི་རྟོག་པ་དང་། གཞལ་དུ་མེད་པར་རྟོགས་པའི་མཐོང་ལམ་གཉིས། ངེས་འབྱིན་གྱི་རྣམ་པ་ལ་ཆོས་ཐམས་ཅད་དོན་དམ་པར་ཆགས་པ་མེད་པའི་རྣམ་པ་ཅན་གྱི་མཐོང་ལམ་གཅིག་རྣམས་སུ་ཡོད་པའི་ཕྱིར། སྡུག་བདེན་ལ་ལྔ་ཡོད་དེ། ཕུང་པོ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་བ་དང་། བདག་མེད་པ་དང་། དོན་དམ་པར་མཚན་ཉིད་མེད་པར་རྟོགས་པའི་བྱང་སེམས་ཀྱི་ལམ་ཤེས་ཀྱི་རྣམ་པ་དང་ལྔ་ཡོད་པའི་ཕྱིར། འགོག་བདེན་ལ་དམིགས་པ་བཅུ་དྲུག་ཡོད་དེ། འགོག་པའི་རྣམ་པ་ལ་ནང་དང་ཕྱི་དང་གཉིས་ཀའི་ཆོས་ལ་བདེན་ཞེན་ཅི་རིགས་སྤངས་པའི་ནང་དང་ཕྱི་དང་ཕྱི་ནང་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་རྟོགས་པའི་བྱང་སེམས་ཀྱི་ལམ་ཤེས་གསུམ་དང་། དེ་བཞིན་དུ་ཞི་བའི་རྣམ་པ་ལ་སྟོང་པ་ཉིད་དང་། ཆེན་པོ་དང་། དོན་དམ་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། མཐའ་ལས་འདས་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་། དོར་བ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པ་བརྒྱད་རྟོགས་པའི་ལམ་ཤེས་བརྒྱད། གྱ་ནོམ་པའི་རྣམ་པ་ལ་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་རྟོགས་པའི་ལམ་ཤེས་གཅིག །ངེས་འབྱུང་གི་རྣམ་པ་ལ་ཆོས་ཐམས་ཅད་དང་། རང་གི་མཚན་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་རྟོགས་པའི་ལམ་ཤེས་གསུམ། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་ཀྱི་རྣམ་པ་རྟོགས་པའི་ལམ་ཤེས་ཀྱི་རྣམ་པ་གཅིག་རྣམས་སུ་ཡོད་པའི་ཕྱིར་རོ། །གསུམ་པ་རྣམ་མཁྱེན་གྱི་རྣམ་པ་ནི། དྲན་པ་ཉེར་གཞག་ནས་བཟུང་སྟེ། ཞེས་པ་ནས། སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ཞེས་པའི་བར་གསུངས། དོན་ནི། ཤེར་ཕྱིན་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོགས་ཀྱིས་དངོས་སུ་བསྟན་པའི་དྲན་པ་ཉེར་བཞག་ནས་བཟུང་སྟེ། ཤེར་ཕྱིན་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པའི་བར་གྱི་མདོ་ལས་བསྟན་པའི་སངས་རྒྱས་ཀྱི་རྣམ་པའི་མཐར་ཐུག་པའི་ཤེས་རྣམ་རྣམས་ནི་ཆོས་ཅན། རྣམ་མཁྱེན་གྱི་རྣམ་པ་ཡིན་ཏེ། ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྣམ་མཁྱེན་གྱི་རྣམ་པ་དེ་ལ་སུམ་ཅུ་རྩ་བདུན་དང་། སུམ་ཅུ་རྩ་བཞི་དང་། སུམ་ཅུ་རྩ་དགུ་དག་ཏུ་དབྱེ་བར་མདོ་ལས་བཞེད་དེ། སྡེ་ཚན་དུ་ཕྱེ་ནས་སློབ་མ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ལ་རིམ་པ་བཞིན་དུ་དེ་ལྟར་བཞག་པའི་ཕྱིར། རྒྱུ་མཚན་ཡོད་དེ། རྣམ་མཁྱེན་ཉིད་ལ་རིགས་ཀྱི་སྒོ་ནས་ཀུན་མཁྱེན་གསུམ་དུ་ཕྱེ་བས་ན་དེའི་ཕྱིར་ཏེ། གང་ཟག་དེ་གསུམ་གྱི་རྒྱུད་ལ་ལམ་གྱི་བདེན་པ་མི་འདྲ་བ་གསུམ་ཡོད་པའི་རྗེས་སུ་མཐུན་པར་རྣམ་མཁྱེན་ཉིད་ལ་གསུམ་དུ་ཕྱེ་བ་ཡིན་པའི་ཕྱིར། མེད་པའི་རྣམ་པ་ནས་བཟུང་སྟེ་འདིའི་བར་གྱི་མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་བསྡོམས་ན་བརྒྱ་བདུན་ཅུ་རྩ་གསུམ་དུ་འགྱུར་ཏེ། འགྲེལ་པ་ལས། རྣམ་པ་རྣམས་གཅིག་ཏུ་བསྡོམས་ན་བརྒྱ་བདུན་ཅུ་རྩ་གསུམ་ཡོད་དོ། །ཞེས་གསུངས་པའི་ཕྱིར། ཉན་ཐོས་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་དེ་ལ་སོ་བདུན་ཡོད་དེ། དྲན་པ་ཉེར་གཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལུས་དྲན་པ་ཉེར་བཞག། ཚོར་བ་དྲན་པ་ཉེར་བཞག ཆོས་དྲན་པ་ཉེར་བཞག །སེམས་དྲན་པ་ཉེར་བཞག་དང་བཞི་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། མི་དགེ་བའི་ཆོས་སྐྱེ་འགྱུར་མི་སྐྱེ་བ། སྐྱེས་ཟིན་སྤོང་བ། དགེ་བའི་ཆོས་སྐྱེ་འགྱུར་སྐྱེད་པ། སྐྱེས་ཟིན་སྤེལ་བར་བྱེད་པའི་ཡང་དག་སྤོང་པ་དང་བཞི་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་དང་བཞི་ཡོད་པའི་ཕྱིར། བཞི་པ་ཡོད་དེ། དད་པའི་དབང་པོ། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་དང་ལྔ་ཡོད་པའི་ཕྱིར། ལྔ་པ་ཡོད་དེ། དད་པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་ཀྱི་སྟོབས་དང་ལྔ་ཡོད་པའི་ཕྱིར། དྲུག་པ་ཡོད་དེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་བཞིན་དུ་སྦྱར་ཏེ། ཆོས་རབ་ཏུ་རྣམ་འབྱེད་ཡང་དག བརྩོན་འགྲུས་ཡང་དག །དགའ་བ་ཡང་དག ཤིན་ཏུ་སྦྱང་བ་ཡང་དག ཏིང་ངེ་འཛིན་ཡང་དག བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་བདུན་ཡོད་པའི་ཕྱིར། བདུན་པ་ཡོད་དེ། དེར་གྱུར་པའི་ཡང་དག་པའི་ལྟ་བ། ཡང་དག་པའི་རྟོག་པ། ཡང་དག་པའི་ངག ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་པ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་དང་བརྒྱད་ཡོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དང་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་དེ་ལ་སོ་བཞི་ཡོད་དེ། རྣམ་ཐར་སྒོ་གསུམ། རྣམ་ཐར་བརྒྱད། སྙོམས་འཇུག་དགུ སྤོང་བའི་ལམ་བཞི། ཕར་ཕྱིན་བཅུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་གསུམ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། གཟུགས་ཅན་གྱི་རྣམ་ཐར་གསུམ། གཟུགས་མེད་ཀྱི་རྣམ་ཐར་བཞི། འགོག་པའི་རྣམ་ཐར་གཅིག་སྟེ་བརྒྱད་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། བསམ་གཏན་བཞི། གཟུགས་མེད་བཞི། འགོག་པའི་སྙོམས་འཇུག་གཅིག་དང་དགུ་ཡོད་པའི་ཕྱིར། བཞི་པ་ཡོད་དེ། བདེན་བཞི་བདེན་མེད་དུ་རྟོགས་པའི་ལྡོག་ཆས་བར་ཆད་མེད་ལམ་གྱི་མིང་ཅན་བཞི་ཡོད་པའི་ཕྱིར། ལྔ་པ་ཡོད་དེ། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་བཅུ་ཡོད་པའི་ཕྱིར། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་དེ་ལ་སོ་དགུ་ཡོད་དེ། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པའི་རིག་པ་བཞི། མ་འདྲེས་པ་བཅོ་བརྒྱད། དེ་བཞིན་ཉིད་ཀྱི་རྣམ་པ་རྣམ་མཁྱེན་ཀྱི་རྣམ་པ་སོགས་གསུམ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། གནས་དང་གནས་མིན་མཁྱེན་པའི་སྟོབས་ནས། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་བར་བཅུ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། རང་དོན་དུ་སྤངས་རྟོགས་ཕུན་སུམ་ཚོགས་པར་དམ་བཅས་པ་ལ་མི་འཇིགས་པ་གཉིས་དང་། གཞན་དོན་དུ་བར་ཆད་དང་ངེས་འབྱུང་གི་ཆོས་དམ་བཅས་པ་ལ་མི་འཇིགས་པ་གཉིས་ཏེ་བཞི་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། ཆོས་སོ་སོ་ཡང་དག་རིག་པ། དོན་སོ་སོ་ཡང་དག་རིག་པ། ངེས་པའི་ཚིག་སོ་སོ་ཡང་དག་རིག་པ། སྤོབས་པ་སོ་སོ་ཡང་དག་རིག་པ་དང་བཞི་ཡོད་པའི་ཕྱིར། བཞི་པ་ཡོད་དེ། འཁྲུལ་པ་མི་མངའ་བའི་ཡེ་ཤེས་སོགས་རྟོགས་པ་མ་འདྲེས་པ་དྲུག །འདུན་པ་ལ་སོགས་པའི་ཡེ་ཤེས་མ་འདྲེས་པ་དྲུག སྐུ་གསུང་ཐུགས་ཀྱི་འཕྲིན་ལས་མ་འདྲེས་པ་གསུམ། དུས་གསུམ་ཆགས་ཐོགས་མེད་པར་མཁྱེན་པའི་ཡེ་ཤེས་མ་འདྲེས་པ་གསུམ་སྟེ་བཅོ་བརྒྱད་ཡོད་པའི་ཕྱིར། ལྔ་པ་ཡོད་དེ། དེ་བཞིན་ཉིད་དང་རང་བྱུང་དང་སངས་རྒྱས་ཉིད་ཀྱི་རྣམ་མཁྱེན་ཀྱི་རྣམ་པ་གསུམ་ཡོད་པའི་ཕྱིར་རོ། །གཉིས་པ་བདེན་འཛིན་དངོས་སུ་འཇོམས་བྱེད་ཀྱི་སྦྱོར་བ་ཁྱད་པར་ཅན་བཤད་པ་ལ། རྟེན་གྱི་གང་ཟག་དང་། སྦྱོར་བ་བཤད་པ་གཉིས། དང་པོ་ནི། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་པ་ནས། སྣོད་དུ་དམ་པ་རྣམས་བཞེད་དོ། །ཞེས་པའི་བར་གསུངས། དོན་ནི། རྒྱན་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་བྱང་སེམས་ཆོས་ཅན། ཤེར་ཕྱིན་འདི་ཉན་པ་ཡི་སྣོད་ཡིན་ཏེ། སྔོན་སངས་རྒྱས་རྣམས་ལ་བཀུར་བསྟི་ལྷག་པར་བྱས་པ་དང་། སངས་རྒྱས་དེ་ལ་བསོད་སྙོམས་འབུལ་བ་སོགས་དགེ་བའི་རྩ་བ་བསྐྲུན་པ་དང་། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་པའི་ཕྱིར། དེ་ཆོས་ཅན། ཡུམ་གྱི་གཞུང་དོན་བློ་ལ་ལེན་པ་དང་འཛིན་པ་ལ་སོགས་པའི་སྣོད་དུ་རུང་བར་དམ་པ་རྣམས་བཞེད་དེ། དེའི་ཆེད་དུ་སངས་རྒྱས་གྲངས་མེད་པ་བསྟེན་པ་དང་དེ་ལ་དོན་ཀུན་འདྲི་བ་དང་། དྲིས་པའི་དོན་སྦྱིན་པ་དང་ཚུལ་ཁྲིམས་སོགས་ལ་ཚུལ་བཞིན་དུ་སྤྱོད་པས་ཉམས་སུ་ལེན་པར་མཛད་པའི་ཕྱིར་རོ། །གཉིས་པ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་པ་ནས། དེ་ནི་དག་པ་མཚམས་དང་བཅས། ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། འདིར་བསྟན་ངོ་བོའི་སྦྱོར་བ་དེ་ལ་ལྔ་ཡོད་དེ། ཡུལ་གཟུགས་ལ་སོགས་པ་ལ་དོན་དམ་པར་མི་གནས་པའི་སྦྱོར་བ་དང་། ཡུལ་ཅན་དེ་ལ་བདེན་ཞེན་གྱིས་སྦྱོར་བ་བཀག་པའི་སྦྱོར་བ་དང་། གཞི་དེ་ཡི་དེ་བཞིན་ཉིད་ཟབ་པར་རྟོགས་པའི་སྦྱོར་བ་དང་། ལམ་དེ་རྣམས་ཀྱི་དེ་བཞིན་ཉིད་གཏིང་དཔག་དཀའ་བར་རྟོགས་པའི་སྦྱོར་བ་དང་། རྣམ་པའི་ཆོས་དེ་དག་གི་ཆོས་ཉིད་ཚད་ནི་མེད་པར་རྟོགས་པའི་སྦྱོར་བ་དང་བཅས་པ་ལྔ་ཡོད་པའི་ཕྱིར། ཕྱིར་ཞེས་པའི་རྒྱུ་མཚན་འདི་ལྔ་ཀ་ལ་ལྔ་སྦྱོར་དགོས་ཏེ། ཁྱད་པར་དེ་དང་དེའི་སྒོ་ནས་སྦྱོར་བ་ཁྱད་པར་ཅན་དུ་བཞག་པར་མཚུངས་པའི་ཕྱིར། རྟེན་གྱི་སྒོ་ནས་བརྒྱད་ཡོད་དེ། ཚོགས་ལམ་པའི་རྒྱུད་ཀྱི་ཚོགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ། དྲོད་སོགས་བཞི་ལ་རིམ་བཞིན་དུ་ལུང་བསྟན་པ་དང་། ཕྱིར་མི་ལྡོག་པ་ཉིད་དང་། ངེས་པར་འབྱུང་བ་དང་། བར་ཆད་མེད་བཅས་དང་། མཐོང་ལམ་ལ་བྱང་ཆུབ་ཉེ་བ་དང་། ས་གཉིས་པ་ནས་བདུན་པའི་བར་ལ་མྱུར་དུ་འཚང་རྒྱ་བ་དང་། ས་བརྒྱད་པ་ལ་གཞན་དོན་གྱི་སྦྱོར་བ་འཇོག་པའི་ཕྱིར། ཐབས་ཀྱི་སྒོ་ནས་ས་བཞི་ཡོད་དེ། ས་བརྒྱད་པ་ལ་འཕེལ་མེད་འགྲིབ་མེད་དང་། དོན་དམ་པར་ཆོས་དང་ཆོས་མིན་སོགས་མི་མཐོང་བ་དང་། གཟུགས་སོགས་བསམ་མི་ཁྱབ་ཏུ་མི་མཐོང་བ་དང་། གཟུགས་དང་གཟུགས་རུང་སོགས་དེའི་མཚན་མ་དང་གསུམ། དེ་ཡི་མཚོན་བྱའི་ངོ་བོ་དོན་དམ་པ་རྣམ་པར་མི་རྟོགས་པའི་ཡེ་ཤེས་རྣམས་སུ་ཡོད་པའི་ཕྱིར། འབྲས་བུ་དང་དུས་ཀྱི་སྦྱོར་བ་ཡོད་དེ། ས་དགུ་པའི་ཡེ་ཤེས་འབྲས་བུ་རིན་ཆེན་སྦྱིན་བྱེད་དང་། ས་བཅུ་པའི་ཡེ་ཤེས་དེ་ནི་རྣམ་པར་དག་པ་དུས་ཀྱི་སྦྱོར་བ་ཡིན་པའི་ཕྱིར། ས་མཚམས་ཀྱི་སྦྱོར་བ་ཡོད་དེ། ཡུམ་མྱུར་དུ་སྒོམ་པའི་སེམས་དཔའི་ཡེ་ཤེས་དེ་ས་མཚམས་དང་བཅས་པའི་སྦྱོར་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། འདིར་བསྟན་སྦྱོར་བ་ཉི་ཤུ་ཡོད་དེ། རང་བཞིན་གྱི་སྦྱོར་བ་ལྔ་དང་། གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་ཡོད་པའི་ཕྱིར། གཉིས་པ་སྦྱོར་བའི་སྐྱོན་ཡོན་བཤད་པ་ལ། ཡོན་ཏན་བཤད་པ་དང་། སྐྱོན་བཤད་པ་གཉིས། དང་པོ་ནི། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། ཡོན་ཏན་རྣམ་པ་བཅུ་བཞིའོ། ཞེས་གསུངས། དོན་ནི། ཤེས་བྱ་ཆོས་ཅན། རྣམ་རྫོགས་སྦྱོར་བ་བསྒོམ་པའི་ཕན་ཡོན་ནི་ཡོན་ཏན་རྣམ་པ་བཅུ་བཞི་ཡོད་དེ། སྦྱོར་བ་བསྒོམས་སྟོབས་ཀྱིས་བདུད་ཀྱི་མཐུ་བཅོམ་པ་དང་ལ་སོགས་པ་སྟེ་སངས་རྒྱས་དགོངས་ཤིང་གཟིགས་པ་དང་། དེས་མངོན་སུམ་དུ་མཛད་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བ་དང་། དོན་ཆེ་བ་དང་། ལུང་བསྟན་པའི་ཡུལ་ལ་དཔྱད་པ་དང་། ཟག་མེད་ཀྱི་ཡོན་ཏན་རྫོགས་པར་བྱེད་པ་དང་། སྨྲ་བའི་སྐྱེས་བུ་ཆེན་པོར་འགྱུར་པ་དང་། བདུད་ཀྱིས་མི་ཕྱེད་པ་དང་། ཉན་རང་དང་ཐུན་མོང་མ་ཡིན་པའི་དགེ་རྩ་བསྐྱེད་པ་དང་། གཞན་དོན་ཆེན་པོ་སྒྲུབ་པའི་དོན་འགྲུབ་པ་དང་། འབྲས་བུ་རྒྱ་ཆེན་པོ་འཛིན་པ་དང་། སེམས་ཅན་གྱི་དོན་སྒྲུབ་པ་དང་། ཡུམ་ངེས་པར་འཐོབ་པར་འགྱུར་བའི་ཡོན་ཏན་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་གསུངས། དོན་ནི། ཤེས་བྱ་ཆོས་ཅན། སྦྱོར་བ་སྐྱེ་བ་དང་གནས་པའི་སྐྱོན་ཞེ་དྲུག་ཡོད་དེ། དེ་འདྲའི་སྐྱོན་ནི་བཅུ་ཚན་བཞི་དང་བཅས་པའི་དྲུག་ཏུ་ངེས་པར་རྟོགས་པར་བྱ་བའི་ཕྱིར། དེ་ཡང་ཡིན་ཏེ། དེར་གྱུར་པའི་སྦྱོར་པའི་འགལ་རྐྱེན་རང་ལ་བརྟེན་པ་ཉི་ཤུ། རང་གཞན་གང་རུང་ལ་བརྟེན་པ་ཉེར་གསུམ། གཞན་ལ་བརྟེན་པ་གསུམ་དང་བཅས་པ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཡུམ་གྱི་ཚིག་དོན་ཚོགས་ཆེན་པོས་འཐོབ་པ་ནས། བདུད་ཀྱི་ལས་ལ་འཇུག་པའི་བར་ཉི་ཤུ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཉན་པ་པོ་ཡུམ་ལ་འདུན་ཀྱང་འཆད་པ་པོ་སྙོམས་ལས་ཀྱིས་ཉམས་པ་ནས། འཆད་པ་པོ་བསོད་སྙོམས་སྟེར་བའི་ཁྱིམ་དུ་འགྲོ་འདོད་ཀྱང་ཉན་པ་པོ་འགྲོ་མི་འདོད་པའི་བར་ཉེར་གསུམ་ཡོད་པའི་ཕྱིར། གསུམ་པ་གྲུབ་སྟེ། བདུད་ཀྱིས་ཆོས་དང་གང་ཟག་གཉིས་སོ་སོར་འབྱེད་པ་སོགས་གསུམ་ཡོད་པའི་ཕྱིར། གཉིས་པ་སྦྱོར་བའི་མཚན་ཉིད་བཤད་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། གང་གི་མཚོན་དེ་མཚོན་ཉིད་དུ། །ཞེས་པ་ནས། ངོ་བོ་ཉིད་གང་མཚོན་བྱ་ཡང་། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། འདིར་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་གྱི་མཚན་ཉིད་འཆད་པའི་རྒྱུ་མཚན་ཡོད་དེ། མཚོན་བྱེད་གང་གིས་ལམ་ཤེར་ཕྱིན་གྱི་རྣལ་འབྱོར་དུ་མཚོན་ནུས་པ་དེ་དེའི་མཚོན་ཉིད་དུ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། མཚན་ཉིད་དེ་ཆོས་ཅན། ཁྱོད་ལ་ཡང་རྣམ་པ་གསུམ་ཡོད་དེ། མཁྱེན་གསུམ་སྦྱོར་བ་མཚོན་བྱེད་ཤེས་པའི་མཚན་ཉིད་དང་། ཉན་རང་གི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་ཁྱད་པར་གྱི་མཚན་ཉིད་དང་། གཞན་དོན་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་བྱེད་པའི་མཚན་ཉིད་དང་གསུམ་ཡོད་པའི་ཕྱིར། ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་བསྟན་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སྦྱོར་བའི་ངོ་བོ་ཉིད་གང་ཡིན་པ་མཚོན་བྱ་དང་། མཚན་གཞི་ཡང་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། མཚོན་ཚུལ་ཡོད་དེ། ཉོན་མོངས་རྟགས་དང་མཚན་མ་དང་། །ཞེས་སོགས་ཀྱི་སྐབས་འབྱུང་བ་ལྟར་ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་པོ་མཚན་གཞི། ལམ་ཤེས་ཕྱིན་གྱི་རྣལ་འབྱོར་ཡིན་པར་མཚོན། སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་གཉིས་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར། ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་པོ་དེ་མཚན་གཞི་དང་། མཚོན་བྱ་དང་། མཚན་ཉིད་གསུམ་གྱི་སྒོ་ནས་བསྟན་པ་ཡིན་ཏེ། མཚོན་པར་བྱ་བས་ན་མཚོན་བྱ་དང་མཚན་གཞི་གཉིས་ཀའི་མིང་གིས་བསྟན། མཚོན་པར་བྱེད་པས་ན་མཚན་ཉིད་ཀྱི་མིང་གིས་བསྟན་པའི་ཕྱིར་ཏེ། རྩ་བར་མཚོན་བྱ་ཡང་ཞེས་ཡང་གི་སྒྲ་སྨྲོས་པ་ལ་དགོས་པ་ཡོད་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། ཤེས་མཚན། ཁྱད་མཚན། བྱེད་མཚན། ངོ་བོ་ཉིད་མཚན་དང་བཞི་ཡོད་པའི་ཕྱིར། དང་པོ་ལ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་སྦྱོར་བའི་མཚན་ཉིད་དང་བཞི། དང་པོ་ནི། དེ་བཞིན་གཤེགས་པ་འབྱུང་བ་དང་། །ཞེས་པ་ནས། ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། འདིར་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་ཤེས་པའི་མཚན་ཉིད་བཅུ་དྲུག་ཏུ་བསྡུས་ནས་བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པ་འབྱུང་བ་ཞེས་པའི་སེམས་དཔའི་ཡེ་ཤེས་དང་དེ་བཞིན་དུ་འཇིག་རྟེན་དོན་དམ་པར་འཇིག་པ་མེད་པའི་བདག་ཉིད་དུ་རྟོགས་པ་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་། གང་ཟག་གི་བདག་མེད་ལ་སེམས་དེ་བསྡུས་པ་དང་། དེ་ལས་སེམས་ཕྱིར་བལྟས་པ་དང་། སེམས་ཅན་ནམ་མཁའ་དང་འདྲ་བར་མི་ཟད་པ་ཡི་རྣམ་པ་དང་། སེམས་འདོད་ཆགས་དང་བཅས་པ་སོགས་ཏེ་ཞེ་སྡང་གཏི་མུག་དང་བཅས་པ་དང་། ཤུགས་བསྟན་སེམས་འདོད་ཆགས་སོགས་དང་བྲལ་བ་དང་། སེམས་ཀྱི་གནས་ལུགས་རྒྱ་ཆེན་པོ་དང་སེམས་སྒྱུ་མ་ལྟར་སྣང་བའི་ཆེན་པོར་གྱུར་པ་དང་། དོན་དམ་པར་སེམས་ཚད་མེད་པ་དང་། སེམས་རྣམ་ཤེས་དབང་ཤེས་ཀྱི་ངོ་བོར་བསྟན་དུ་མེད་པ་དང་། སེམས་སྤྱན་སྔ་མ་བལྟར་མེད་པ་དང་། ཤེས་པ་དེ་ལ་གཡོ་བ་དང་ལ་སོགས་པ་འདུ་བ་དང་བཀྲམ་པ་དང་བཅུམ་བ་བཞི་ཡོད་པར་ཤེས་པ་ཞེས་བྱ་བ་དང་། ཤེས་ཚུལ་དེ་ལས་གཞན་ཡང་གཡོ་བ་སོགས་དེ་དག་ནི་རང་བཞིན་བདེན་པས་སྟོང་བ་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་དང་། ཐུབ་པའི་དབང་པོས་དེ་བཞིན་ཉིད་རྟོགས་པ་དེ་གཞན་ལ་བསྟན་པ་ཤེས་པ་ཞེས་བྱ་བའི་སེམས་དཔའི་ཡེ་ཤེས་འདི་དང་བཅུ་དྲུག་ཡོད་པར་བསྟན་པའི་ཕྱིར། བཅུ་དྲུག་པོ་དེའི་སྒོ་ནས་མཚོན་ཚུལ་ཡོད་དེ། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་གི་ནང་མཚན་གྱི་རྣལ་འབྱོར་དང་པོ་བཞི་མཚན་གཞི། འདིར་དངོས་སུ་བསྟན་པའི་སེམས་དཔའི་གཞི་ཤེས་སྦྱོར་བ་ཡིན་པར་མཚོན། དེ་བཞིན་གཤེགས་པ་འབྱུང་བ་སོགས་ཡུལ་བཅུ་དྲུག་པོ་གང་རུང་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར། དབྱེ་ན་བཅུ་དྲུག་ཡོད་དེ། ཟིན་བྱེད་ཀྱི་དབྱེ་བས་དེ་ལྟར་དུ་ཡོད་པའི་ཕྱིར། གཡོ་བ་ལ་སོགས་ཞེས་བྱ་དང་། ཞེས་སོགས་ཀྱིས་ལྟ་ངན་བཅུ་བཞི་བསྟན་པ་ཡིན་ལ། དེའི་ཁྱད་པར་ཡོད་དེ། གཞན་སྡེའི་རྒྱུད་ཀྱི་གང་ཟག་གི་བདག་དང་འཇིག་རྟེན་རྟག་པར་ལྟ་བ་སོགས་སྔོན་གྱི་མཐའ་ལ་བརྟེན་པའི་ལུང་མ་བསྟན་གྱི་ལྟ་ངན་བཞི། གང་ཟག་གི་བདག་དང་འཇིག་རྟེན་མཐའ་དང་ལྡན་པ་སྐྱེ་བ་ཕྱི་མར་མི་འཇུག་པར་ལྟ་བ་སོགས་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་ངན་བཞི། གྲོལ་བ་པོའི་བདག་གྲོངས་ནས་དེ་ཕན་ཆད་དུ་འབྱུང་བར་ལྟ་བ་སོགས་མྱང་འདས་ཀྱི་མཐའ་ལ་བརྟེན་པའི་ལྟ་ངན་བཞི། གང་ཟག་གི་བདག་དང་ཕུང་པོ་རྫས་གཅིག་ཏུ་ལྟ་བ་དང་ཐ་དད་དུ་ལྟ་བའི་ལུང་མ་བསྟན་གཉིས་ཏེ་བཅུ་བཞི་ཡོད་པའི་ཕྱིར། འདིར་བསྟན་ལྟ་ངན་བཅུ་བཞི་པོ་དེ་ཀུན་བཏགས་ཡིན་ཏེ། གྲུབ་མཐའ་ངན་པས་བློ་བསྒྱུར་པའི་དབང་གིས་ཡིན་པའི་ཕྱིར། གཉིས་པ་ལམ་ཤེས་སྦྱོར་བ་ནི། །སྟོང་ཉིད་མཚན་མ་མེད་བཅས་དང་། །ཞེས་པ་ནས། ཤེས་པའི་མཚན་ཉིད་ཅེས་བཤད་དོ། ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། སེམས་དཔའི་ལམ་ཤེས་སྦྱོར་བ་བཅུ་དྲུག་ཡོད་དེ། ལམ་ཤེས་པའི་ཤེར་ཕྱིན་ལ་བརྟེན་ནས་ངོ་བོ་བདེན་པར་གྲུབ་པའི་སྟོང་ཉིད་དང་། རྒྱུ་ལ་དོན་དམ་པར་མཚན་མ་མེད་པ་དང་བཅས་པ་དང་། འབྲས་བུ་ལ་དོན་དམ་པར་སྨོན་པ་རྣམ་པར་སྤངས་པར་རྟོགས་པའི་སེམས་དཔའི་ཡེ་ཤེས་གསུམ་དང་། དེ་བཞིན་དུ་འདུས་བྱས་ཀྱི་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། སོགས་སྒྲས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་སྤངས་བྱའི་དངོས་པོ་དང་སྟོང་པའི་ངོ་བོ་ཉིད་དང་རྟེན་རྣམས་དོན་དམ་པར་མེད་པ་དང་ནམ་མཁའི་མཚན་ཉིད་དེ་དྲུག་དང་། ཆོས་ཉིད་གཞན་དུ་རྣམ་པར་འཁྲུག་པ་མེད་པ་དང་། བློ་སྔོན་དུ་བཏང་ནས་འདུ་མི་བྱེད་པ་དང་། མཚན་ཉིད་དང་གཞིའི་རབ་དབྱེ་ལ་རྣམ་པར་མི་རྟོག་པ་དང་། མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་དང་། དོན་དམ་པར་མཚན་ཉིད་མེད་པ་ཉིད་དུ་རྟོགས་པའི་སེམས་དཔའི་ཡེ་ཤེས་དང་བཅུ་དྲུག་ཡོད་པའི་ཕྱིར། ཤེས་པའི་མཚན་ཉིད་དེ་རྣམས་ཆོས་ཅན། ལམ་ཤེས་ཉིད་ཀྱི་སྐབས་ཀྱིས་ནི། བསྡུས་པ་ཡིན་པར་བཞེད་དེ། མཚོན་བྱའི་སྒོ་ནས་བསྡུས་པའི་ཕྱིར། མཚོན་ཚུལ་ཡོད་དེ། གཞན་དོན་བྱ་དཀའ་བ་སོགས་སྒྲུབ་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བར་བ་བཞི་པོ་མཚན་གཞི། འདིར་བསྟན་སེམས་དཔའི་ལམ་ཤེས་སྦྱོར་བ་ཡིན་པར་མཚོན། སྟོང་ཉིད་མཚན་མེད་སོགས་ཡུལ་བཅུ་དྲུག་པོ་གང་རུང་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་ཀྱིས་མཚོན་པའི་ཕྱིར་རོ། །གསུམ་པ་རྣམ་མཁྱེན་གྱི་སྦྱོར་བ་ནི། དེ་ནི་ཉིད་ཀྱི་ཆོས་བསྟན་ནས། །ཞེས་པ་ནས། ཤེས་པའི་མཚན་ཉིད་ཅེས་བཤད་དོ། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། སེམས་དཔའི་རྣམ་མཁྱེན་སྦྱོར་བ་ཡོད་དེ། དེ་བཞིན་གཤེགས་པ་དེ་ནི། དེ་ཉིད་ཀྱི་ཆོས་ལ་བརྟེན་ནས་མཐོང་ཆོས་ལ་བདེ་བར་གནས་པར་རྟོགས་པའི་སེམས་དཔའི་ཡེ་ཤེས་དང་། དེ་བཞིན་དུ་དགེ་བའི་བཤེས་གཉེན་ལ་གུས་པར་བྱ་བ་དང་། བཀའ་ལས་མི་འདའ་བར་བླ་མ་ཉིད་དུ་བྱ་བ་དང་། རྙེད་བཀུར་གྱིས་མཉེས་པར་བྱ་བ་དང་། བླ་མ་དེ་ལ་མཆོད་པར་བྱེད་པ་དང་། དོན་དམ་པར་མཆོད་པར་བྱེད་དུ་མེད་པ་དང་། ཡེ་ཤེས་ཀྱིས་ཤེས་བྱ་ཀུན་ཏུ་འཇུག་པར་མཁྱེན་པ་གང་ཡིན་པ་དང་། དོན་དམ་པར་མ་མཐོང་བའི་དོན་སྟོན་པར་མཛད་པ་དང་། འཇིག་རྟེན་བདེན་པས་སྟོང་པའི་སྟོང་པ་ཉིད་རྣམ་པ་ཤེས་པ་དང་། འཇིག་རྟེན་བདེན་སྟོང་ཉིད་དུ་བརྗོད་པ་དང་། དེ་བདེན་སྟོང་ཉིད་དུ་ཤེས་པར་མཛད་པ་དང་། དེ་ལྟར་མངོན་སུམ་དུ་མཐོང་བར་མཛད་པ་དང་། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཉིད་དུ་སྟོན་པ་དང་། དོན་དམ་པར་སྤྲོས་པ་ཞི་བ་ཉིད་དུ་སྟོན་པ་དང་། འཇིག་རྟེན་ལ་བདེན་པར་འདུ་ཤེས་པ་འགོག་པ་དང་། འདི་དང་ཕ་རོལ་ལ་དོན་དམ་པར་བླང་དོར་གྱི་འདུ་ཤེས་འགོག་པ་ཤེས་པའི་སེམས་དཔའི་ཡེ་ཤེས་དང་བཅུ་དྲུག་ཡོད་པའི་ཕྱིར། བཅུ་དྲུག་པོས་ཆོས་ཅན། རྣམ་པ་ཀུན་མཁྱེན་པའི་ཚུལ་ལ་ནི་མི་ཤེས་པའི་མཚན་ཉིད་ཏུ་བཤད་པ་ཡིན་ཏེ། །སྔར་བཤད་པ་དེ་ལྟར་ཡིན་པའི་ཕྱིར། མཚོན་ཚུལ་ཡོད་དེ། གཞི་ལམ་གྱི་ཁྱད་པར་ལ་དམིགས་པ་སོགས་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་ཐ་མ་བདུན་པོ་མཚན་གཞི། འདིར་བསྟན་པའི་སེམས་དཔའི་རྣམ་མཁྱེན་སྦྱོར་བ་ཡིན་པར་མཚོན། ཐུབ་པས་དེ་བཞིན་ཉིད་ཀྱི་ཆོས་རྟོགས་ནས་མཐོང་ཆོས་ལ་བདེ་བར་གནས་པ་སོགས་ཡུལ་བཅུ་དྲུག་པོ་གང་རུང་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར་རོ། །གཉིས་པ་ཁྱད་མཚན་ནི། བསམ་མི་ཁྱབ་སོགས་ཁྱད་པར་གྱིས་ཞེས་པ་ནས། ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་པའི་བར་གསུངས། །འདི་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཁྱད་མཚན་བཅུ་དྲུག་ཡོད་དེ། སྡུག་བདེན་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པར་ཐུགས་སུ་ཆུད་པ་དང་། མི་མཉམ་པ་ལ་སོགས་པའི་ཁྱད་པར་གྱིས་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་ཉན་རང་གི་སྦྱོར་བ་ལས་ཁྱད་པར་དུ་ཞུགས་པའི་བདེན་པའི་སྤྱོད་ཡུལ་ཅན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་དབང་གིས་མཚོན་བྱེད་ཁྱད་པར་ཀྱིས་མཚན་ཉིད་བཅུ་དྲུག་ཏུ་བཤད་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཁྱད་མཚན་ལ་རྒྱས་པར་དབྱེ་ན་བཅུ་དྲུག་ཡོད་དེ། སྡུག་བདེན་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དང་། དཔེས་མི་མཉམ་པ་དང་། ཐ་སྙད་པའི་ཚད་མས་གཞལ་བ་ལས་འདས་པ་དང་། གྲངས་ཀྱིས་བགྲང་བ་ལས་ཡང་དག་པར་འདས་པ་རྟོགས་པའི་ཡེ་ཤེས་བཞི་དང་། འཕགས་པའི་གང་ཟག་གི་ཡོན་ཏན་ཅན་སྡུད་པ་དང་། ཆོས་ཐམས་ཅད་ཤེས་པའི་སྐྱེས་བུ་མཁས་པ་ཡིས་རིག་པར་བྱ་བ་ཉིད་དང་། ཉན་རང་དང་ཐུན་མོང་མ་ཡིན་པའི་དངོས་པོ་ཡོངས་སུ་ཤེས་པར་བྱ་བ་ཉིད་དང་། རང་གི་མངོན་པར་ཤེས་པ་ཤིན་ཏུ་མྱུར་བ་ཏེ་ཀུན་འབྱུང་གི་ཆོས་ཉིད་རྟོགས་པའི་ཡེ་ཤེས་བཞི་དང་། ཆོས་ཐམས་ཅད་དོན་དམ་པར་བྲི་བ་དང་གང་བ་མེད་པ་དང། ཕྱིན་དྲུག་ཤུགས་དྲག་ཏུ་སྒྲུབ་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་འགྲུབ་པ་དང་། ཐབས་ཀྱིས་ཟིན་པའི་རྣམ་པར་མི་རྟོག་པ་ཆོས་ཐམས་ཅད་ལ་དམིགས་པ་སྟེ་འགོག་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་བཞི་དང་། བྱང་ཆུབ་སེམས་དཔའི་ལམ་གྱི་རིགས་ལ་བརྟེན་པ་དང་བཅས་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཚོགས་མཐའ་དག་པ་ལྡན་པ་དང་། ཐེག་ཆེན་གྱི་ལམ་རྫོགས་པར་སྟོན་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་དང་བཅས་པ་དང་། ཆོས་གང་ལའང་བདེན་ཞེན་གྱིས་རོ་མྱང་བ་མེད་པ་སྟེ་ལམ་བདེན་གྱི་ཆོས་ཉིད་རྟོགས་པའི་སེམས་དཔའི་ཡེ་ཤེས་བཞི་དང་བཅས་པ་ཁྱད་པར་གྱི་ནི་མཚན་ཉིད་བཅུ་དྲུག་གི་བདག་ཉིད་དུ་ཤེས་པར་བྱ་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། གང་གིས་ལམ་ཤེས་དང་རྣམ་མཁྱེན་གྱི་སྦྱོར་བའི་ལམ་ནི་ཁྱད་པར་དུ་འཕགས་པའི་ལམ་དུ་འཇོག་པའི་རྒྱུ་མཚན་ཡོད་དེ། ལམ་གཞན་ཉན་རང་གི་ལམ་དག་ལས་ཁྱད་པར་དུ་འཕགས་པའི་སྒོ་ནས་བཞག་པའི་ཕྱིར། དེ་ལྟར་ཡིན་ཏེ། ལམ་དེ་སངས་རྒྱས་ལེགས་པར་སྒྲུབ་པའི་ཤེས་རབ་ཁྱད་པར་ཅན་སྔར་བཤད་པ་དེ་དག་གིས་ཟིན་པ་ཡིན་པའི་ཕྱིར། མཚོན་ཚུལ་ཡོད་དེ། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་པོ་མཚན་གཞི། འདིར་བསྟན་དམན་པའི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་སེམས་དཔའི་སྦྱོར་བ་ཡིན་པར་མཚོན། སྡུག་བདེན་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་སོགས་ཡུལ་བཅུ་དྲུག་པོ་གང་རུང་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར། སེམས་དཔའི་གཞི་ཤེས་སྦྱོར་བ་དེ། དམན་པའི་སྦྱོར་བ་ལས་ཁྱད་པར་དུ་འཕགས་ཀྱང་སྐབས་འདིར་དངོས་སུ་དེ་ལས་འཕགས་པར་མི་སྟོན་པའི་རྒྱུ་མཚན་ཡོད་དེ། གཞི་ཤེས་སྦྱོར་བ་ཉན་རང་ལའང་ཡོད་པས་དེ་ལྟར་མ་བསྟན་པའི་ཕྱིར། གསུམ་པ་བྱེད་མཚན་ནི། ཕན་དང་བདེ་དང་སྐྱོབ་པ་དང་། །ཞེས་པ་ནས། འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། བྱེད་ལས་ཁྱད་པར་ཅན་གྱི་སེམས་དཔའི་སྦྱོར་བ་བཅུ་གཅིག་ཡོད་དེ། གཞི་ཤེས་ཀྱི་སྦྱོར་བའི་བྱེད་པ་མ་འོངས་པའི་ཕན་པ་དང་ཚེ་འདིའི་བདེ་བ་དང་། སེམས་ཅན་སྡུག་བསྔལ་ལས་སྐྱོབས་པའི་སེམས་དཔའི་ཡེ་ཤེས་གསུམ་དང་། མི་རྣམས་ཀྱིས་ནི་སྐྱབས་སོགས་བྱེད་པ་དག་དང་། སྡུག་བསྔལ་གྱི་རྒྱུ་ཟློག་པས་གནས་དང་། འཁོར་འདས་དོན་དམ་པར་མཉ མ་པ་ཉིད་དུ་རྟོགས་པས་དཔུང་གཉེན་དང་། སྲིད་པའི་ཆུ་ཀླུང་ལས་སྒྲོལ་ཞིང་རང་གཞན་གྱི་དོན་རྟོགས་པའི་རྟེན་གྱི་ངོ་བོ་གླིང་དང་། རང་གཞན་གྱི་དོན་སྒྲུབ་པས་ཡོངས་སུ་འདྲེན་པ་ཞེས་བྱ་བ་དང་། དོན་དེ་ཡང་ལྷུན་གྱིས་གྲུབ་པར་བྱེད་པ་དང་། ཐེག་པ་གསུམ་གྱི་ངེས་པར་འབྱུང་བའི་དུས་མ་ཡིན་པར་མངོན་དུ་མི་བྱེད་པའི་བདག་ཉིད་ཅན་གྱི་སེམས་དཔའི་ཡེ་ཤེས་ཏེ་ལམ་ཤེས་ཀྱི་བྱེད་པ་བདུན་དང་བྱེད་པ་བཅུ་གཅིག་གི་ཐ་མ་རྣམ་མཁྱེན་གྱི་སྦྱོར་བ་ནི་སེམས་ཅན་གྱི་རྟེན་གྱི་མཛད་པ་གཅིག་སྟེ་བཅུ་གཅིག་པོ་འདི་ནི་བྱེད་པའི་མཚན་ཉིད་དམ་རང་བཞིན་ཡིན་པའི་ཕྱིར། མཚོན་ཚུལ་ཡོད་དེ། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་པོ་མཚན་གཞི། འདིར་བསྟན་གཞན་དོན་རྒྱ་ཆེན་པོ་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་གྱི་སེམས་དཔའི་སྦྱོར་བ་ཡིན་པར་མཚོན། ཕན་བདེ་སྐྱོབ་པ་སོགས་བྱེད་ལས་བཅུ་གཅིག་པོ་ཅི་རིགས་དང་ལྡན་པའི་སེམས་དཔའི་ཡེ་ཤེས་ཡིན་པ་ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར། བཞི་པ་ངོ་བོ་ཉིད་མཚན་ནི། ཉོན་མོངས་རྟགས་དང་མཚན་མ་དང་། །ཞེས་པ་ནས། མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་ཡོད་དེ། འདོད་ཆགས་སོགས་ཉོན་མོངས་པ་སྤོང་པ་དང་། དེའི་རྟགས་ལུས་ཀྱི་གནས་ངན་ལེན་སྤོང་བ་དང་། དེའི་རྒྱུ་མཚན་མ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མེད་པ་དང་། ཆགས་སོགས་མི་མཐུན་ཕྱོགས་དང་དེའི་གཉེན་པོ་དག་དོན་དམ་པར་བདག་གིས་དབེན་པར་རྟོགས་པའི་སེམས་དཔའི་གཞི་ཤེས་སྦྱོར་པའི་ངོ་བོ་ཉིད་བཞི་དང་། དོན་དམ་བར་མེད་པའི་སེམས་ཅན་མཐའ་ཡས་པ་མྱ་ངན་ལས་བཟླ་བའི་གཞན་དོན་བྱ་དཀའ་བ་སྒྲུབ་པ་དང་། ཐེག་པ་གཞན་དུ་མི་ལྟུང་བར་འཚང་རྒྱ་བར་ངེས་པ་སྒྲུབ་པ་དང་། ཆེད་དུ་བྱ་བ་ཆེན་པོ་གསུམ་སྒྲུབ་པ་དང་། བསྒོམ་བྱ་དང་བསྒོམ་པ་པོའི་ཆོས་དོན་དམ་པར་མི་དམིགས་པར་རྟོགས་པ་དང་། དངོས་པོ་ལ་བདེན་པར་མངོན་པར་ཞེན་པ་བཀག་པའི་སེམས་དཔའི་ལམ་ཤེས་སྦྱོར་བའི་ངོ་བོ་ཉིད་ལྔ་དང་། གཞི་ཤེས་དང་ལམ་ཤེས་ཀྱི་ཁྱད་པར་ལ་དམིགས་པ་ཞེས་བྱ་བ་གང་ཡིན་པ་དང་། བྱིས་པ་འཛིན་པ་མི་མཐུན་པ་དངོས་པོ་དང་དངོས་མེད་ལ་བདེན་ཞེན་མེད་པ་དང་། གཟུགས་སོགས་ཀྱི་ཆོས་རྣམས་ཐོགས་པ་མེད་པར་ཤེས་པ་དང་། ཤེས་བྱ་གཟུགས་སོགས་དེ་རྣམས་དོན་དམ་པར་མེད་པས་འཁྲུལ་གཞི་བདེན་པར་མེད་པར་ཤེས་པ་དང་། དོན་དམ་པར་གང་དུ་འགྲོ་བ་མེད་པ་དང་། དོན་དམ་པར་སྐྱེ་བ་མེད་པ་དང་། དངོས་པོ་དང་དངོས་མེད་དང་གཉིས་ཀའི་དེ་བཞིན་ཉིན་ནི་དོན་དམ་པར་དམིགས་པར་རྟོགས་པའི་སེམས་དཔའི་རྣམ་མཁྱེན་སྦྱོར་བ་བདུན་དང་བཅས་པ་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་གི་བདག་ཉིད་རྣམས་སུ་ཡོད་པའི་ཕྱིར། བཅུ་དྲུག་པོ་དེ་ཆོས་ཅན། མཚན་ཉིད་བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་པར་བཞེད་པ་ཡིན་ཏེ། ཁྱོད་ཀྱིས་མེ་དང་ཚ་བ་ལྟར་མཁྱེན་གསུམ་གྱི་སྦྱོར་བ་སྔར་བཤད་པ་དེ་དག་རང་གི་མཚན་ཉིད་དང་ལྡན་པའི་མཚོན་བྱ་ལྟ་བུར་མཚོན་པར་བྱེད་པའི་ཕྱིར་རོ། །སྦྱོར་བའི་མཚན་ཉིད་ཀྱི་གྲངས་བསྡོམས་ན་གོ་གཅིག་ཏུ་འགྱུར་རོ། །འདིར་མཚོན་བྱ་དང་མཚན་ཉིད་ཀྱི་ཐ་སྙད་ནི་བྱ་བྱེད་གཉིས་ཀ་དང་འདྲ་འབྲེལ་བའི་དབང་གིས་ཡིན་གྱིས། མཚོན་བྱ་དང་མཚན་ཉིད་དངོས་ཡིན་པའི་དབང་དུ་བྱས་པ་ནི་མིན་ཏེ། རྣལ་འབྱོར་ཐ་མ་བཅུ་དྲུག་པོ་ལ་མཚན་མཚོན་གཉིས་ཀའི་ཐ་སྙད་མཛད་ཀྱང་དེ་གཉིས་ཀ་ཡིན་པ་མི་སྲིད་པའི་ཕྱིར། གཉིས་པ་ཐར་པ་ཆ་འཐུན་ནས་བཟུང་སྟེ་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་ལ། གྲངས་མེད་གསུམ་ནས་འཚང་རྒྱ་བའི་ལམ་གྱི་ཐོག་མ་ངོས་བཟུང་པའི་སྒོ་ནས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ངོས་བཟུང་བ། རྒྱུད་སྨིན་བྱེད་ཀྱི་ལམ་གྱི་རིམ་པ། མངོན་རྟོགས་ཁྱད་པར་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་དང་གསུམ། དང་པོ་ལ། ལམ་སྤྱིའི་མཚན་ཉིད་དང་། ལམ་གྱི་ཆིངས་ལྔར་བསྡུས་ནས་དེ་ལ་མཁས་པར་བཤད་པ་དང་གཉིས། དང་པོ་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་པ་ནས། ཐར་པའི་ཆ་དང་འཐུན་པར་འདོད། །ཅེས་པའི་བར་གསུངས། དོན་ནི། མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་པའི་གདུལ་བྱའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཐེག་ཆེན་གྱི་ཚོགས་ལམ་ནི་ཆོས་ཅན། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྐབས་འདིའང་ཐར་བའི་ཆ་དང་འཐུན་པ་ཡིན་པར་འདོད་དེ། དོན་དམ་པར་མཚན་མ་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་རབ་ཏུ་སྦྱིན་པ་ལ་སོགས་པ་ནས་རྣམ་མཁྱེན་གྱི་བར་རང་རྒྱུད་ལ་ཡང་དག་པར་སྒྲུབ་བཅས་ལ་མཁས་པའི་ཐེག་ཆེན་གྱི་ཆོས་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ནི། སངས་རྒྱས་སོགས་དམིགས་དད་པ་དང་། །ཞེས་པ་ནས། རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པའི་བར་གསུངས། འདི་ལ་ལམ་གྱི་ཆིངས་དང་། དེ་ལ་མཁས་པའི་གདུལ་བྱ་ངོས་བཟུང་བ་གཉིས། དང་པོའི་དོན་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་རིགས་ཅན་ཐེག་ཆེན་ལམ་དུ་ཞུགས་ནས་སྤྱོད་པ་གང་ལ་སློབ་ཚུལ་ཡོད་དེ། སངས་རྒྱས་སོགས་ལ་དམིགས་པའི་དད་པ་དང་། སྦྱིན་སོགས་ཕར་ཕྱིན་དྲུག་སྤྱོད་ཡུལ་དུ་བྱེད་པའི་བརྩོན་འགྲུས་དང་། ཐེག་ཆེན་ལམ་གྱི་འཇུག་སྒོ་བསམ་པ་ཕུན་ཚོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དེའི་གྲོགས་རྣམ་མཁྱེན་ཡང་ཡང་དྲན་པའི་དྲན་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་དམིགས་ཡུལ་དུ་བྱས་པའི་རྣམ་པར་མི་རྟོགས་པའི་ཏིང་ངེ་འཛིན་དང་། ཆོས་རྣམས་རྣམ་པ་ཐམས་ཅད་དུ་ཤེས་པའི་ཤེས་རབ་རྣམ་པ་ལྔ་ལ་སློབ་དགོས་པའི་ཕྱིར། ཤེས་བྱ་ཆོས་ཅན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་ལ་ནང་སེས་ཀྱི་དབང་པོའི་རིམ་པ་གཉིས་སུ་ཡོད་དེ། རྫོགས་པའི་བྱང་ཆུབ་ནི་དབང་པོ་རྣོན་པོ་ཡིས་རྟོགས་པ་སྟེ་ཐོབ་སླ་ལ། དེ་ལ་ལྟོས་ནས་དབང་པོ་རྟུལ་པོས་རྟོགས་པ་སྟེ་ཐོབ་དཀའ་བར་བཤད་པའི་ཕྱིར་རོ། །ཐེག་ཆེན་གྱི་ཚོགས་ལམ་ཡིན་ན། དད་སོགས་ཡུལ་ལྔ་ལ་མཁས་པས་མ་ཁྱབ་སྟེ། བདེན་འཛིན་གྱིས་བཅིངས་པའི་ཐེག་ཆེན་གྱི་ཚོགས་ལམ་ཡོད་པའི་ཕྱིར། དེ་ཡིན་ན་བསྐལ་བ་གྲངས་མེད་གསུམ་ནས་འཚང་རྒྱ་བའི་ལམ་གྱི་ཐོག་མ་ཡིན་པས་ཀྱང་མ་ཁྱབ་སྟེ། སེམས་བསྐྱེད་ནས་བསྐལ་བ་གྲངས་མེད་སོ་གསུམ་ནས་འཚང་རྒྱ་བ་ཡང་སྲིད་པའི་ཕྱིར་རོ། །རྟུལ་པོས་རྟོགས་དཀའ་བཞེད་ཅེས་པའི་དངོས་བསྟན་གྱི་དབང་རྟུལ་ལ་དབང་རྟུལ་གྱིས་མ་ཁྱབ་སྟེ། མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྟུལ་དེ་དབང་རྟུལ་མ་ཡིན་པའི་ཕྱིར་ཏེ། དབང་རྣོན་ཡིན་པའི་ཕྱིར། དེའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པའི་ཕྱིར། མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་རྒྱན་ལ་བརྟེན་ནས་ལམ་བགྲོད་ཚུལ་ཡང་ཤེས་དགོས་ཏེ། བསྡུ་ན་ཐོག་མར་སྐབས་དང་པོ་ནས་བསྟན་པའི་རིགས་སད་པར་བྱས་ནས་སེམས་བསྐྱེད་འདིར་བསྟན་པའི་ཚོགས་ལམ་རང་རྒྱུད་ལ་བསྐྱེད་དགོས། དེ་ནས་དྲོ་བ་རྣམས་ཀྱི་ཞེས་སོགས་ཀྱི་སྐབས་དང་དེའི་གོང་ནས་བསྟན་པའི་སྦྱོར་ལམ་དང་། སྐབས་དང་པོ་གསུམ་དང་། ལྔ་པའི་སྐབས་ནས་བསྟན་པའི་སྦྱོར་ལམ་རང་རྒྱུད་ལ་བསྐྱེད་དགོས། དེ་ནས་སྐབས་གཉིས་པའི་བདེན་དང་བདེན་ལ་སོགས་དང་། སྐབས་གསུམ་པའི་གཟུགས་རྟག་མ་ཡིན་ཞེས་སོགས་དང་། རྩེ་སྦྱོར་དང་། རྣམ་རྫོགས་སྦྱོར་བའི་སྐབས་ནས་བསྟན་པའི་མཐོང་ལམ་རང་རྒྱུད་ལ་བསྐྱེད་དགོས། དེ་ནས་སྐབས་གཉིས་པ་དང་། བཞི་པ་དང་། ལྔ་པའི་སྐབས་ནས་བསྟན་པའི་སྒོ་ལམ་རང་རྒྱུད་ལ་བསྐྱེ་དགོས། དེ་དག་གི་ཚེ་སྐབས་འདི་ནས་བཤད་པའི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་བྱེད་པ་དང་། གོ་སྒྲུབ་ལ་སོགས་པའི་སྒྲུབ་པ་བཞིའི་སྒོ་ནས་ཉམས་སུ་ལེན་ཅིང་། དྲུག་པའི་མཐར་གྱིས་སྦྱོར་བས་གོ་རིམ་མ་འཆོལ་བར་སྒྲུབ་པ་དང་། བདུན་པའི་སྐད་ཅིག་སྦྱོར་བ་ལ་བརྟེན་ནས་བརྒྱད་པའི་འབྲས་བུ་ཆོས་སྐུ་ཐོབ་པར་བྱེད་དགོས་པའི་ཕྱིར་རོ། །གཉིས་པ་རྒྱུད་སྨིན་བྱེད་ལམ་ངེས་འབྱེད་ཆ་འཐུན་ནི། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་པ་ནས། སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ །ཞེས་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞིའི་དམིགས་པ་ཡོད་དེ། དང་པོ་སྦྱོར་ལམ་དྲོ་བ་རྣམས་ཀྱི་དམིགས་པ་སྐབས་འདིར་སེམས་ཅན་ཐམས་ཅད་ཡིན་པར་ཡུམ་གྱི་མདོ་ལས་བསྔགས་ཤིང་བརྗོད་པའི་ཕྱིར། ཚུལ་ཇི་ལྟར་ཞེ་ན་ཡོད་དེ། སེམས་ཅན་དེ་དག་ཉིད་ལ་དམིགས་ནས་སེམས་མཉམ་པར་ལྟ་བ་སོགས་རྣམ་པ་དག་ནི་བཅུར་བཤད་པའི་ཕྱིར། སྦྱོར་ལམ་རྩེ་མོར་གྱུར་པའི་དམིགས་པ་ཡོད་དེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དམིགས་རྩེ་མོ་བ་བདག་ཉིད་སྡིག་པ་མི་དགེ་བ་བཅུ་ལས་ལྡོག་ཅིང་། སྦྱིན་སོགས་ལ་གནས་པའི་སྒོ་ནས་སེམས་ཅན་གཞན་དག་དེ་དག་ལ་ནི་འགོད་པ་དང་། དེ་དག་གི་བསྔགས་པ་བརྗོད་པ་དང་མཐུན་པས་དགའ་བར་བྱེད་པ་ཉིད་ཀྱིས་དམིགས་པའི་ཕྱིར། སྦྱོར་ལམ་བཟོད་པའི་དམིགས་པ་ཡོད་དེ། དེ་བཞིན་དུ་སེམས་ཅན་ལ་དམིགས་ནས་རང་བདེན་པ་བཞི་ཤེས་པ་ལ་གནས་ཤིང་སེམས་ཅན་གཞན་གྱི་རྟེན་ཅན་བདེན་པ་ཤེས་པ་དེ་ལ་འགོད་པའི་ཚུལ་གྱིས་དམིགས་པའི་ཕྱིར། སྦྱོར་ལམ་ཆོས་མཆོག་གི་དམིགས་པ་ཡོད་དེ། དེ་བཞིན་དུ་སེམས་ཅན་རྣམས་ལ་དམིགས་ནས་སྨིན་པར་བྱེད་པ་དང་གྲོལ་བར་བྱེད་པ་སོགས་ཀྱིས་དམིགས་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །སྔོན་གྱི་དམ་པ་ཁ་ཅིག་སྐབས་འདིར་བསྟན་པའི་སྦྱོར་ལམ་སྦྱོར་ལམ་བཏགས་པ་བར་འདོད་པ་ནི་མི་འཐད་དེ། སྐབས་གང་དུ་ཡིན་ཡང་སྦྱོང་མཐོང་སྒོམ་གསུམ་བསྟན་པ་དེ་རྣམས་མཚན་ཉིད་པ་ཡིན་པའི་ཕྱིར་རོ། །གསུམ་པ་མངོན་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་ལ། ཕྱིར་མི་ལྡོག་པའི་རྟགས་བཤད་པ་དང་། སྐུ་གསུམ་སྒྲུབ་བྱེད་ཀྱི་ལམ་ཁྱད་པར་ཅན་བཤད་པ་དང་གཉིས། དང་པོ་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པ་གཉིས། དང་པོ་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །ཞེས་པ་ནས། དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། སྐབས་འདིར་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་ཚོགས་རྣམས་པ་གསུམ་ཡོད་དེ། ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་ལ་གནས་པའི་སེམས་དཔའ་དབང་རྣོན་ནས་བཟུང་སྟེ། ཐེག་ཆེན་གྱི་མཐོང་བའི་ལམ་དང་སྒོམ་པའི་ལམ་དག་ལ་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་དག་རྣམས་སུ་ཡོད་པའི་ཕྱིར་རོ། །གཉིས་པ་སོ་སོར་བཤད་པ་ལ། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་དང་གསུམ། དང་པོ་ལ། མདོར་བསྟན་དང་། རྒྱས་པར་བཤད་པ་དང་གཉིས། དང་པོ་ནི། གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་ངེས་འབྱེང་ཡན་ལག་ལ་གནས་པའི་དགེ་འདུན་གྱི་ཕྱིར་མི་ལྡོག་པའི་མཚན་ཉིད་དེ་རྟགས་ཡོད་དེ། འཆད་འགྱུར་ལྟར་གཟུགས་ལ་སོགས་པ་ལ་བདེན་ཞེན་མངོན་འགྱུར་བ་ལྡོག་པ་སོགས་རྟགས་རྣམ་པ་ཉི་ཤུར་བརྗོད་པ་ཡིས་ནི་ཤེས་པའི་ཕྱིར། གཉིས་པ་ནི། གཟུགས་ལ་སོགས་ལས་ལྡོག་པ་དང་། །ཞེས་པ་ནས། རྫོགས་པའི་བྱང་ཆུབ་ལས་མི་ལྡོག ། ཅེས་པའི་བར་གསུངས། དོན་ནི། དྲོད་སོགས་བཞི་ལས། དང་པོ་དྲོད་ཀྱི་རྟགས་བཅུ་གཅིག་ཡོད་དེ། གཟུགས་ལ་སོགས་པའི་ཆོས་ལ་བདེན་ཞེན་མངོན་འགྱུར་བ་ཅི་རིགས་ལས་ལྡོག་པ་དང་། སྐྱབས་གནས་ལ་དེ་ཡིན་མིན་གྱི་ཐེ་ཚོམ་མངོན་འགྱུར་བ་ཟད་པ་དང་། དལ་བ་ལྡན་པའི་མི་དལ་བ་ཡི་ཁོམ་པ་བརྒྱད་དུ་སྐྱེ་བ་བཟང་བ་དང་། བདག་ཉིད་སྦྱིིན་སོགས་དགེ་བ་ལ་གནས་ཤིང་གཞན་དག་དེ་ལ་འགོད་པའི་བྱེད་པའི་སྤྱོད་པ་དང་། སེམས་ཅན་གཞན་གྱི་རྟེན་ཅན་བདག་གི་སྦྱིན་སོགས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པར་གྱུར་ཅིག་པའི་བསྔོ་བ་དང་། སྟོང་ཉིད་ཟབ་མོའི་དོན་ལའང་སོམ་ཉི་མེད་པ་དང་། བྱམས་པའི་སེམས་ཀྱི་ལུས་སོགས་ཏེ་ངག་དང་ཡིད་ཀྱི་ལས་དང་ལྡན་པ་དང་། འདོད་པ་ལ་འདུན་པ་དང་གནོད་སེམས་དང་གཉིད་རྨུགས་གཉིས་དང་འགྱོད་རྒོད་གཉིས་དང་ཐེ་ཚོམ་ཉོན་མོངས་ཅན་གྱི་སྒྲིབ་པ་ནི་རྣམ་པ་ལྔ་དང་མི་འགྲོགས་པ་དང་། མ་རིག་པ་དང་ལྡན་པའི་ལྟ་བ་ངན་པའི་བག་ལ་ཉལ་ཀུན་འཇོམ་པར་བྱེད་ནུས་པའི་མཐུ་དང་ལྡན་པ་དང་། སྤྱོད་ལམ་ཐམས་ཅད་དུ་དྲན་པ་དང་ནི་ཤེས་བཞིན་དང་ལྡན་པ་དང་གོས་ལ་སོགས་པ་ཡོངས་སུ་སྤྱད་པ་གཙང་བ་ཞེས་བྱ་བ་དང་བཅུ་གཅིག་ཡོད་པའི་ཕྱིར་རོ། །གཉིས་པ་རྩེ་མོའི་རྟགས་དྲུག་ཡོད་དེ། གང་ཟག་དེའི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་རྣམས་མི་འབྱུང་བ་དང་། རང་དོན་ཡིད་བྱེད་ཀྱི་སེམས་གྱ་གྱུ་མེད་པ་དང་། ཕྱག་དར་ཁྲོད་པ་ལ་སོགས་པའི་སྦྱངས་པའི་ཡོན་ཏན་ནི་ལེན་པ་དང་། སྦྱིན་སོགས་ལ་སྤྱོད་པའི་ཚེ་སེར་སྣ་མེད་པ་སོགས་དང་ལྡན་པ་དང་། སྟོང་ཉིད་གྱི་ཆོས་ཉིད་དང་འགལ་བར་མི་བྱེད་པའི་ཤེར་ཕྱིན་ཀྱི་རྣལ་འབྱོར་དང་ལྡན་པར་འགྲོ་བ་དང་། སེམས་ཅན་གཞན་གྱི་དོན་དུ་དམྱལ་བར་འགྲོ་བར་འཚོལ་བའི་འདོད་པ་དང་དྲུག་ཡོད་པའི་ཕྱིར་རོ། །གསུམ་པ་བཟོད་པའི་རྟགས་གཉིས་ཡོད་དེ། སྟོན་པ་གཞན་གྱིས་ལམ་ངན་པ་ལ་བཀྲི་བར་མི་བཏུད་པ་དང་། མེ་ལྔ་བརྟེན་པ་སོགས་ལམ་ལྟར་བཅོས་པ་གཞན་ཉེ་བར་སྟོན་པའི་བདུད་ཡིན་པ་ལ་བདུད་ཅེས་བྱ་བར་རྟོགས་པ་དང་གཉིས་ཡོད་པའི་ཕྱིར་རོ། །བཞི་པ་ཆོས་མཆོག་གི་རྟགས་ཡོད་དེ། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་སངས་རྒྱས་དགེས་པ་སྟེ་དགྱེས་པའི་སྤྱོད་པ་ཞེས་བྱ་བ་ཐོབ་པ་གཅིག་དང་ལྡན་པའི་ཕྱིར་རོ། །དོན་བསྡུ་བ་ནི། སྔར་བཤད་པའི་རྟགས་ནི་ཉི་ཤུ་པོ་དེ་དག་གིས་བྱང་སེམས་སྦྱོར་ལམ་པ་དབང་རྣོན་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཤེས་པར་བྱ་སྟེ། དྲོད་དང་རྩེ་མོ་དང་བཟོད་པ་བཅས་པ་དང་ཆོས་མཆོག་རྣམས་ལ་གནས་པའི་རྟགས་ནི་སྔར་ལྟར་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། མཐོང་བའི་ལམ་ལ་བཟོད་པ་དང་། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། བྱང་སེམས་མཐོང་ལམ་པ་དབང་འབྲིང་གི་རྒྱུད་ཀྱི་མཐོང་བའི་ལམ་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པའི་ཆར་གཏོགས་པའི་ཐབས་ཤེས་ཁྱད་པར་ཅན་དང་བཅུ་དྲུག་པོ་དེས་དྲངས་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་འཁྲུལ་མེད་བརྟན་པོ་གཉིས་ནི་ཆོས་ཅན། བྱང་ཆུབ་སེམས་དཔའ་འབྲིང་མཐོང་ལམ་པ་ཕྱིར་མི་ལྡོག་པའི་མཚན་ཉིད་དེ་རྟགས་ཡིན་པར་ཤེས་པར་བྱ་སྟེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། གཉིས་པ་ནི། གཟུགས་སོགས་འདུ་ཤེས་ལྡོག་པ་དང་། ཞེས་པ་ནས། ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཅུ་དྲུག་ཡོད་དེ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གིི་མིང་ཅན་མཐོང་ལམ་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་གཟུགས་སོགས་ལ་བདེན་པར་འདུ་ཤེས་པ་ཀུན་བཏགས་ལྡོག་པ་དང་། ཀུན་རྫོགས་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བརྟན་པ་དང་། ཐེག་པ་དམན་པ་སེམས་དག་ལས་རྣམ་པར་ལྡོག་པ་དང་། བསམ་གཏན་དང་ལ་སོགས་ཏེ་གཟུགས་མེད་ཀྱི་སྙོམས་འཇུག་གི་དབང་གིས་དབང་མེད་དུ་སྐྱེ་བའི་རྒྱུའི་ནུས་པའི་ཡན་ལག་ཡོངས་སུ་ཟད་པ་དང་བཞི་ནི་སྡུག་བདེན་ལ་དམིགས་པའི་རྣམ་པ་ཅན་དང་། ལུས་སེམས་ཡང་བ་ཤིན་ཏུ་སྦྱངས་པའི་བདེ་བ་ཁྱད་པར་ཅན་དང་ལྡན་པ་ཉིད་དང་། ཞེན་པ་མེད་པར་འདོད་པ་ལ་སྤྱོད་པ་ལ་ཐབས་མཁས་པ་དང་། རྟག་ཏུ་ཚངས་པར་སྤྱོད་པ་ཉིད་དང་། འཚོ་བའི་ཡོ་བྱད་རྣམ་པར་དག་པ་ཉིད་དང་བཞི་ནི་ཀུན་འབྱུང་བདེན་པ་ལ་བརྟེན་པའི་རྣམ་པ་ཅན་དང་ཕུང་པོ་ལ་སོགས་པ་སྟེ་ཁམས་དང་སྐྱེ་མཆེད་ལ་དང་པོ་དང་རྗེས་སུ་བདེན་པར་ཞེན་པའི་སྦྱོར་བ་བཀག་པ་དང་། བར་ཆད་བྱེད་པའི་མི་མཐུན་ཕྱོགས་རྣམས་ལ་སྔར་ལྟར་བདེན་པར་སྦྱོར་བ་བཀག་པ་དང་། སྦྱིན་སོགས་ཀྱི་ཚོགས་ལ་སྔར་ལྟར་སྦྱོར་བ་བཀག་པ་དང་། མདོ་ལས་གྲོང་ཁྱེར་གྱི་སྒྲས་བསྟན་པ་མིག་གི་དབང་པོ་སོགས་དབང་རྟེན་དང་གྲོང་རྡལ་གྱི་སྒྲས་བསྟན་པ་དབང་ཡུལ་རྣམས་དང་བཅས་པ་ཡི་ཡུལ་ཡུལ་ཅན་ལ་སྤང་གཉེན་གྱི་གཡུལ་འགྱེད་པ་ལ་སྔ་མ་བཞིན་སྦྱོར་བ་བཀག་པ་བཞིན་ནི་འགོག་པ་ལ་བརྟེན་པའི་རྣམ་པ་ཅན་དང་། སེར་སྣ་དང་ཚུལ་འཆལ་ལ་སོགས་པ་ལ་དང་པོར་བདེན་པར་སྦྱོར་བ་དང་རྗེས་སུ་བདེན་པར་སྦྱོར་བ་ཡི་གནས་པ་སོ་སོར་བཀག་པ་དང་། ལམ་དང་འབྲས་བུའི་ཆོས་ནི་དོན་དམ་པར་སྡུག་བསྔལ་ཙམ་ཡང་མི་དམིགས་པ་ཉིད་དང་ལྡན་པ་དང་། བྱང་སེམས་རང་གི་ས་ལ་ཐེ་ཚོམ་དང་བྲལ་བར་གནས་པ་ངེས་པ་ཉིད་ཀྱིས་མཁྱེན་གསུམ་གྱི་བདག་ཉིད་དང་རང་གིས་ཐོབ་པའི་ས་གསུམ་ལ་ནི་གནས་པ་དང་ལྡན་པ་དང་། རྣམ་མཁྱེན་སོགས་ཐོབ་བྱའི་ཆོས་ཀྱི་དོན་དུ་སྲོག་གཏོང་བ་ལ་སེར་སྣ་དང་སྡུག་བསྔལ་མི་འབྱུང་བ་བཞི་ནི་ལམ་བདེན་ལ་དམིགས་པའི་རྣམ་པ་ཅན་རྣམས་སུ་ཡོད་པའི་ཕྱིར། དེ་འདྲའི་སྐད་ཅིག་མ་བཅུ་དྲུག་པོ་ནི་ཆོས་ཅན། བློ་ལྡན་བྱང་སེམས་མཐོང་ལམ་པའི་ལམ་ལ་གནས་པ་དེ་རྣམས་ཀྱི་ཕྱིར་མི་ལྡོག་པའི་རྟགས་དག་ཡིན་ཏེ། རྒྱུ་མཚན་སྔར་བཤད་པ་དེའི་ཕྱིར། འདིར་ཕྱིར་མི་ལྡོག་པའི་དོན་ཡོད་དེ། ལམ་གཞན་གྱི་བར་མ་ཆོད་པར་བླ་མེད་བྱང་ཆུབ་ཏུ་འགྱུར་ངེས་དེ་དེའི་དོན་ཡིན་པའི་ཕྱིར། དོན་དེ་ཚང་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་མ་ཁྱབ་སྟེ། མངོན་རྟོགས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན་དེ་ཡིན་དགོས་པའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་པོ་དེ་ཕྱིར་མི་ལྡོག་པའི་རྟགས་མ་ཡིན་ཏེ། བྱང་སེམས་མཐོང་ལམ་རྣམ་གྲོལ་ལམ་པ་བ་ཡིན་ན། དེ་ཐོབ་པས་ཁྱབ་པའི་ཕྱིར་དང་། རང་ལས་རྟོགས་པ་དམའ་བས་མངོན་སུམ་དུ་ངེས་མི་ནུས་པའི་ཕྱིར་རོ། །གསུམ་པ་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་པ་ལ། སྒོམལམ་རྒྱས་པར་བཤད་པ་དང་། ཕྱིར་མི་ལྡོག་པའི་རྟགས་བཤད་པ་གཉིས། དང་པོ་ལ། སྒོམ་ལམ་གྱི་ཁྱད་གཞི། ཁྱད་ཆོས། དབྱེ་བ་བཤད་པ་དང་གསུམ་མོ། །དང་པོ་ནི། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ཐེག་ཆེན་སྒོམ་ལམ་བར་ཆད་མེད་ལམ་ནི་ཆོས་ཅན། ཟབ་པ་ཡིན་ཏེ། རང་གི་གནས་ལུགས་ཟབ་མོ་སྟོང་པ་ཉིད་ལ་སོགས་པ་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་ཡིན་པའི་ཕྱིར། སྟོང་པ་ཉིད་དེ་ནི་ཆོས་ཅན། ཟབ་པ་ཡང་ཡིན་ཏེ། སྒྲོ་འདོགས་དང་སྐུར་པ་འདེབས་པའི་མཐའ་ལས་གྲོལ་པ་ཉིད་ཀྱི་ཡུལ་ཟབ་མོ་ཡིན་པའི་ཕྱིར། གཉིས་པ་ནི། ངེས་འབྱེད་ཡན་ལག་དང་མཐོང་བའི། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། རྒྱུན་ཆགས་སུ་གནས་པ་ཡིན་ཏེ། ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་དང་མཐོང་བའི་ལམ་དང་སྒོམ་པའི་ལམ་ཉིད་ལ་རང་གི་མཐོང་བའི་དོན་མཁྱེན་གསུམ་གྱི་རྣམ་པ་ལ་ཐོས་སོགས་ཀྱིས་ཡང་དང་ཡང་དུ་སེམས་པ་དང་། ཚད་མས་འཇལ་བ་དང་། ཞིབ་ཏུ་ངེས་པར་རྟོགས་པའི་སྒོམ་པའི་ལམ་ཡིན་པའི་ཕྱིར། གསུམ་པ་ནི། ད་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་སོགས་རྐང་པ་བཞི་གསུངས། འདི་ལ་དངོས་དང་། རྩོད་པ་སྤོང་པ་གཉིས། དང་པོའི་དོན་ནི། ཐེག་ཆེན་སྒོམ་ལམ་དེ་ནི་ཆོས་ཅན། རྣམ་པ་དགུར་བཞེད་དེ། ཁྱོད་ལ་དེར་གྱུར་བའི་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་སུ་ཡོད་ཅིང་དེ་རེ་རེ་འང་ཆུང་ངུའི་ཆུང་ངུ་སོགས་ཏེ་ཆུང་ངུའི་འབྲིང་དང་ཆུང་ངུའི་ཆེན་པོ་དང་། འབྲིང་དང་ཆེན་པོ་ལའང་དེ་ལྟར་དབྱེ་བ་ཡིས་རྣམ་པས་དེ་བཞིན་དུ་ཡོད་པའི་ཕྱིར། རྒྱུ་མཚན་ཡོད་དེ། ཁྱོད་རྒྱུན་ཆགས་སུ་འབྱུང་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། དབྱེ་བའི་རྩོད་སྤོང་དང་། གྲངས་ངེས་གྱི་རྩོད་སྤོང་དང་། བྱེད་ལས་ལ་རྩོད་པ་སྤོང་བ་གསུམ། དང་པོ་ལ། རྩོད་པ་དང་། ལན་བཤད་པ་གཉིས། དང་པོ་ནི། ཐེག་ཆེན་གྱི་སྒོམ་ལམ་ལ་རྣམ་པ་དགུར་གྲངས་ངེས་པ་མི་འཐད་པར་ཐལ། སྒོམ་ལམ་དང་དེའི་བསོད་ནམས་གྲངས་མེད་པར་མདོ་ལས་བཤད་པའི་ཕྱིར་ཞེ་ན། གཉིས་པ་ནི། གྲངས་མེད་ལ་སོགས་བསྟན་པ་རྣམས། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ཡུམ་གྱི་མདོ་ལས་སྒོམ་ལམ་གྱི་འབྲས་བུ་བསོད་ནམས་གྲངས་མེད་ལ་སོགས་པ་བསྟན་པ་རྣམས་ནི་དམ་པའི་དོན་དུ་སྟེ་དོན་དམ་པར་དབྱེར་བཟོད་པ་མ་ཡིན་ཡང་། ཀུན་རྫོབ་ཏུ་འབྲས་བུ་དེ་ལྟར་འབྱུང་ནི་སངས་རྒྱས་ཉིད་ཀྱིས་ཐུགས་བརྩེ་བའི་རྒྱུ་མཐུན་གྱི་འབྲས་བུ་བསྟན་པ་དེ་དག་ཐུབ་པ་རང་ཉིད་བཞེད་པའི་ཕྱིར་རོ། །གཉིས་པ་ལ། དོན་དམ་ལ་ལྟོས་པའི་རྩོད་པ་དང་། ཐ་སྙད་ལ་ལྟོས་པའི་རྩོད་པ་གཉིས། དང་པོ་ལ། རྩོད་པ་དང་། ལན་གཉིས་དང་པོ་ནི། དངོས་པོ་བརྗོད་དུ་མེད་པ་ལ། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ཐེག་ཆེན་གྱི་སྒོམ་ལམ་ཞེས་བྱའི་ལམ་ཀྱིས་ནི་ཆོས་ཅན། སྤང་བྱ་ཅི་ཞིག་ཉམས་ཤིང་གཉེན་པོ་ཅི་ཞིག་ཐོབ་པ་མི་འཐད་པར་ཐལ། དོན་དམ་པར་མ་གྲུབ་པའི་ཕྱིར་ཁྱབ་སྟེ། སྒོམ་ལམ་གྱི་དངོས་པོ་དོན་དམ་པར་བརྗོད་དུ་མེད་པ་ལ་སྤང་བྱ་ཉམས་པ་དང་གཉེན་པོ་འཕེལ་པའི་རྣམ་གཞག་མི་རུང་བའི་ཕྱིར་ཞེ་ན། གཉིས་པ་ལན་ནི། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ཤེས་བྱ་ཆོས་ཅན་དོན་དམ་པར་སྤང་གཉེན་འཕེལ་འགྲིབ་མེད་ཀྱང་། སྤང་གཉེན་མི་འཐད་པའི་སྐྱོན་མེད་པར་ཐལ། བླ་མེད་བྱང་ཆུབ་ཀྱི་ཡེ་ཤེས་དེ་དོན་དམ་པར་མེད་ཀྱང་ཐ་སྙད་དུ་གདུལ་བྱའི་དོན་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་སྒོམ་ལམ་འདི་ནི་དོན་དམ་པར་མེད་ཀྱང་ཐ་སྙད་དུ་སྤང་བྱ་ལ་གནོད་པ་ལ་སོགས་པའི་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར། དཔེ་དོན་མི་མཚུངས་པའི་སྐྱོན་མེད་པར་ཐལ། དེ་གཉིས་ཐ་སྙད་དུ་བྱ་བ་བྱེད་ནུས་པར་མཚུངས་ཤིང་། བྱང་ཆུབ་དོན་དམ་པར་མེད་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་ཡིན་པ་དེ་ལྟར་སྒོམ་ལམ་དེ་ཡང་དེ་ཡི་མཚན་ཉིད་ཅན་དུ་བཞེད་པའི་ཕྱིར། གཉིས་པ་ལ། རྩོད་པ་དང་། ལན་ནོ། །དང་པོ་ནི། སེམས་ནི་སྔ་མས་བྱང་ཆུབ་པར། །རིགས་མིན་ཕྱི་མས་ཀྱང་མ་ཡིན། །ཞེས་གསུངས། དོན་ནི། བྱང་འཕགས་ཀྱི་རྒྱུད་ཀྱི་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་ཆོས་ཅན། རང་འབྲས་རྫོགས་པའི་བྱང་ཆུབ་བསྐྱེད་པར་མི་རིགས་པར་ཐལ། ཁྱོད་སྐད་ཅིག་སྔ་མ་ཁོ་ནས་རང་འབྲས་རྫོགས་པའི་བྱང་ཆུབ་བསྐྱེད་པ་ནི་རིགས་པ་མ་ཡིན་ལ། སྐད་ཅིག་ཕྱི་མ་ཁོ་ནས་ཀྱང་བསྐྱེད་ནུས་པ་རིགས་པ་མ་ཡིན་ཞིང་། ཅིག་ཅར་རིམ་ཅན་གྱིས་ཀྱང་དེ་ལྟར་རིགས་པ་མ་ཡིན་པའི་ཕྱིར་ཞེ་ན། གཉིས་པ་ལན་ནི། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་གསུངས། དོན་ནི། སེམས་བསྐྱེད་པ་སྐད་ཅིག་སྔ་ཕྱི་མང་པོ་རིམ་གྱིས་འབྱུང་བས་རང་འབྲས་བྱང་ཆུབ་མི་བསྐྱེད་པའི་སྐྱོན་མེད་པར་ཐལ། མར་མེ་སྐད་ཅིག་སྔ་མ་ལས་ཕྱི་མ་ནུས་ལྡན་དུ་རིམ་གྱིས་འབྱུང་བས་སྡོང་བུ་སྣུན་ལྡན་རྫོགས་པར་སྲེག་པར་བྱེད་པའི་མར་མེའི་དཔེའི་ཚུལ་གྱིས་ནི། སེམས་བསྐྱེད་སྔ་ཕྱི་རིམ་གྱིས་འབྱུང་བས་རང་འབྲས་སྐུ་གསུམ་བསྐྱེད་པའི་ཕྱིར་དང་། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་པོ་འཆད་པ་འདི་རྣམས་ཀྱང་ཁོང་དུ་ཆུད་པར་འགྱུར་པའི་ཕྱིར་རོ་། །གཉིས་པ་རྟགས་ནི། སྐྱེ་བ་དང་འགག་པ་དང་། ཞེས་སོགས་རྐང་བ་བཞི་གསུངས། །དོན་ནི། ས་བརྒྱད་པ་ཆོས་ཅན། ཟབ་མོ་རྣམ་པ་བརྒྱད་ཐུགས་སུ་ཆུད་པ་དང་ལྡན་ཏེ། གཞིའི་གནས་ལུགས་སྐྱེ་བའི་རྟེན་འབྲེལ་ཟབ་པ་དང་། འགག་པ་ཟབ་པ་དང་། སྤྱོད་པ་ཉམས་ལེན་གྱི་དེ་བཞིན་ཉིད་ཟབ་པ་དང་། སྦྱིན་སོགས་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པའི་ཤེས་བྱ་ཟབ་པ་དང་། ཆོས་ཐམས་ཅད་སྤྲོས་བྲལ་དུ་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་གྱི་ཤེས་པ་ཟབ་པ་དང་། དོན་དམ་པར་མེད་ཀྱང་ཐ་སྙད་དུ་སྤྱོད་པ་ཟབ་པ་དང་། མཚན་མ་དང་དེ་མེད་པ་གཉིས་ཀ་དོན་དམ་པར་གཉིས་སུ་མེད་པར་རྟོགས་པའི་ཟབ་པ་དང་། འབྲས་བུ་མངོན་དུ་བྱེད་པའི་ཐབས་མཁས་པ་ལ་ཟབ་པ་ཉིད་དང་ལྡན་པའི་ཕྱིར། གསུམ་པ་སྐུ་གསུམ་འགྲུབ་བྱེད་ཀྱི་སྦྱོར་བ་ཁྱད་པར་ཅན་བཤད་པ་ལ། ཆོས་སྐུ་སྒྲུབ་བྱེད་སྲིད་ཞི་མཉམ་ཉིད་སྦྱོར་བ་དང་། ལོངས་སྐུ་སྒྲུབ་བྱེད་ཞིང་དག་སྦྱོར་བ་དང་། སྤྲུལ་སྐུ་སྒྲུབ་བྱེད་ཐབས་མཁས་སྦྱོར་བ་བཤད་པ་གསུམ། དང་པོ་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་སོགས་རྐང་པ་བཞི་གསུངས། འདི་ལ་དངོས་དང་། ཀླན་ཀ་སྤང་པ་གཉིས། དང་པོ་ནི། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། སྲིད་ཞི་མཉམ་ཉིད་སྦྱོར་བ་ཡིན་ཏེ། སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པར་དོན་དམ་པར་རྣམ་པར་མི་རྟོག་པར་འཁོར་འདས་བདེན་སྟོང་མཉ མ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དེར་ཐལ། འཁོར་འདས་ཀྱིས་མཚོན་པའི་ཆོས་རྣམས་དོན་དམ་པར་མེད་ཀྱང་ཐ་སྙད་ཙམ་དུ་གྲུབ་པ་རྨི་ལམ་དང་འདྲ་བར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ཀླན་ཀ་དང་། དེའི་ལན་ནོ། །དང་པོ་ནི། ཉིན་པར་དགེ་མི་དགེ་ལས་གསོག་པ་བྱེད་པ་མེད་པར་ཐལ། ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པར་ཐ་སྙད་དུ་རྨི་ལམ་དང་འདྲ་བའི་ཕྱིར། ཞེ་ན། གཉིས་པ་ལན་ནི། ཤེས་བྱ་ཆོས་ཅན། ཇི་སྐད་བཤད་པའི་ཀླན་ཀ་དེ་མི་འཇུག་པར་ཐལ། ལས་མེད་དུ་ཐལ་བ་ལ་སོགས་པའི་ཀླན་ཀ་དེ་ཡི་ལན་ནི་ཡུམ་གྱི་མདོ་ལས་ཇི་སྐད་བཤད་ཟིན་པར་ཟད་པ་དེའི་ཕྱིར། མདོ་ལས་གསུངས་ཚུལ་ཡོད་དེ། ལས་གསོག་པ་མཛད་པར་ཐལ་བ་དང་། ལས་འབྲས་དོན་དམ་པར་མེད་པར་ཐལ་བ་དང་། ལུང་དང་འགལ་བར་ཐལ་བ་དང་། རྨི་ལམ་དུ་ལས་གསོག་པ་མི་འཐད་པའི་ཀླན་ཀ་བཞི་དང་ལན་བཞི་གསུངས་པའི་ཕྱིར། དང་པོ་གྲུབ་སྟེ། རབ་འབྱོར་བྱང་ཆེན་གྱིས་རྨི་ལམ་དུ་ལས་གང་གིས་བྱས་པའི་ལས་དེ་ལ་གསོག་པ་དང་བྲི་བར་འགྱུར་རམ། ཞེས་བཀོད་ནས། ལན་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་པ་དེ་ལྟར་ན་ཞེས་སོགས་ཀྱིས་བསྟན་པའི་ཕྱིར། གཉིས་པ་གྲུབ་སྟེ། རབ་འབྱོར་གྱིས་སྨྲས་པ། ཉིན་པར་སྲོག་བཅད་པ་དང་རྨི་ལམ་དུ་སྲོག་བཅད་པ་དེ་ལ་འདི་སྙམ་དུ་དེ་བདག་གིས་བསོད་ལེགས་པར་བསོད་དོ་ཤིན་ཏུ་བསད་དོ་ཞེས་སད་དེ་རྣམ་པར་རྟོག་ན་ཞེས་སོགས་བཀོད་ནས། ལན་ནི། རབ་འབྱོང་དམིགས་པ་མེད་པར་ལས་མི་སྐྱེ་སྟེ་ལས་ནི་དམིགས་པ་དང་བཅས་པ་ཁོ་ནར་སྐྱེའོ་ཞེས་སོགས་ཀྱིས་བསྟན་པའི་ཕྱིར། གསུམ་པ་གྲུབ་སྟེ། རབ་འབྱོར་ལས་ཐམས་ཅད་དང་སེམས་པ་ཐམས་ཅད་དབེན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པས་ཇི་ལྟར་དམིགས་པ་དང་བཅས་པར་ལས་སྐྱེ་ཞེས་སོགས་བཀོད་ནས། ལན་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་མཚན་མར་བྱས་ན་དམིགས་པ་དང་བཅས་པར་ལས་སྐྱེ་སྟེ་ཞེས་སོགས་ཀྱིས་བསྟན་པའི་ཕྱིར། བཞི་པ་གྲུབ་སྟེ། རབ་འབྱོར་གལ་ཏེ་བྱང་ཆེན་གྱིས་རྨི་ལམ་དུ་སྦྱིིན་པ་བྱིན། ཞེས་པ་ནས། དགེ་བའི་རྩ་བ་དེ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ན་ཞེས་སོགས་བཀོད་ནས། ལན་ནི། ཤཱ་རིའི་བུ་བྱང་ཆེན་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པ་འདི་ལ་དྲིས་ཞིག་ཞེས་སོགས་ཀྱིས་བསྟན་པ་ལྟར་ཡིན་པའི་ཕྱིར། རྨི་ལམ་དུ་དགེ་མི་དགེའི་ལས་བྱེད་པར་རྨིས་ནས་སད་པའི་ཚེ་མངོན་ཞེན་གྱིས་དགའ་བ་སྒོམ་ན་ལས་དེ་ལས་འབྲས་བུ་བདེ་སྡུག་འབྱུང་བ་སྲིད་ཀྱང་། རྨི་ལམ་གྱི་མི་དེ་མི་མ་ཡིན་པས་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་མེད་དེ། དེ་བཞིན་དུ་རྨི་ལམ་དུ་སྦྱིན་པ་བཏང་བ་རྨོངས་པ་སོགས་ལ་ཡང་ལས་ལམ་གྱི་དངོས་གཞི་རྫོགས་པ་མེད་པའི་ཕྱིར། འོ་ན། གཉིད་དེ་དགེ་མི་དགེ་གང་ཡང་མིན་ནམ་ཞེ་ན། མིན་ཏེ་གཉིད་གཞན་འགྱུར་ཡིན་པས་དེ་དང་དགེ་བའི་གཞི་འཐུན་དང་། མི་དགེ་བའི་གཞི་འཐུན་དང་། ལུང་མ་བསྟན་ཡང་ཡོད་པའི་ཕྱིར། དང་པོ་ཡོད་དེ། རྨི་ལམ་དུ་དཀོན་མཆོག་གསུམ་ལ་དད་གུས་བྱེད་པ་ཡོད་པའི་ཕྱིར། གཉིས་པ་ཡོད་དེ། རྨི་ལམ་དུ་སྲོག་གཅོད་བྱེད་པའི་རྨིས་པ་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། གཉིད་དུས་དྲན་མེད་དུ་འགྱུར་བ་ཡོད་པའི་ཕྱིར། སྲིད་ཞི་མཉམ་ཉིད་ཅེས་གསུངས་པ་ནི་དེ་གཉིས་བདེན་སྟོང་དུ་མཚུངས་པའི་དོན་ཡིན་གྱི། སྲིད་ཞི་གཉིས་མཉམ་པ་ཉིད་དུ་འདོད་མི་རུང་སྟེ། གཞན་དུ་ན་འཁོར་འདས་མཉམ་པ་ཉིད་དང་། བཟང་ངན་ཡང་མཉམ་པ་ཉིད་དུ་འགྱུར་བས་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་ཞིང་དག་སྦྱོར་བ་ནི། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། སངས་རྒྱས་ཀྱི་ཞིང་ནི་དག་པ་ཉིད་ཀྱི་སྦྱོར་བ་ཡིན་ཏེ། བཅུད་ཀྱི་སེམས་ཅན་འཇིག་རྟེན་མ་དག་པ་རྣམས་དག་པར་སྒྲུབ་པར་བྱེད་པ་དེ་བཞིན་དུ། སྣོད་ཀྱི་འཇིག་རྟེན་ཡང་མ་དག་པ་དེ་ལ་དག་པར་སྒྲུབ་པ་ཡི་དགེ་རྩ་མཐུ་ཅན་དུ་གྱུར་པའི་དག་སའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །གསུམ་པ་ཐབས་མཁས་སྦྱོར་བ་ནི། ཡུལ་དང་སྦྱོར་བ་ཅན་འདི་ནི། ཞེས་པ་ནས། ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་པའི་བར་གསུངས། དོན་ནི་རྣམ་ཐར་སྒོ་གསུམ་སོགས་ཤེར་ཕྱིན་གྱི་ཡུལ་དང་ཡུལ་ཅན་དུ་དུས་དང་དུས་མ་ཡིན་པར་སྦྱོར་བ་ལ་མཁས་པ་ཅན་གྱི་དག་སའི་ཡེ་ཤེས་འདི་ནི་ཆོས་ཅན། ཁྱོད་ལ་ཐབས་ལ་མཁས་པའི་སྦྱོར་བ་རྣམ་པ་བཅུ་ཡོད་དེ། ཕུང་པོའི་བདུད་ལ་སོགས་པའི་བདུད་བཞིའི། དགྲ་ཅི་རིགས་ལས་རྣམས་ལས་ནི་འདས་པའི་ཐབས་མཁས་སྦྱོར་བ་དང་། ཆོས་ཐམས་ཅད་ལ་དོན་དམ་པར་མི་གནས་པར་ཐ་སྙད་དུ་སྤྱོད་པའི་སྦྱོར་བ་དང་། གཞན་གྱི་དོན་སྔོན་གྱི་སྨོན་ལམ་ཇི་བཞིན་ཤུགས་ཀྱིས་འཕངས་པའི་བྱེད་པ་ཅན་གྱི་སྦྱོར་བ་དང་། ཉན་རང་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་ཅན་གྱི་དཀའ་སྤྱད་གོམས་པ་དང་། ཆོས་ཐམས་ཅད་ལ་བདེན་ཞེན་གྱིས་མ་ཆགས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གྱིས་འདུས་བྱས་ཐམས་ཅད་ཀྱི་ངོ་བོ་དོན་དམ་པར་མི་དམིགས་པར་རྟོགས་པ་དང་། མཚན་མེད་ཀྱི་རྒྱུའི་མཚན་མ་དོན་དམ་པར་མེད་པར་རྟོགས་པ་དང་། སྨོན་མེད་ཀྱིས་འབྲས་བུ་ལ་དོན་དམ་པར་སྨོན་ལམ་ཟད་པར་རྟོགས་པ་དང་། རང་ཉིད་ཕྱིར་མི་ལྡོག་པ་ཡིན་པ་དེ་ཡི་རྟགས་ཁྱད་པར་ཅན་དང་ལྡན་པ་དང་རིགས་པའི་གནས་ལྔ་ལ་མཁས་པའི་རྟོགས་པ་ཚད་མེད་པ་ཞེས་བྱ་བའི་ཐབས་མཁས་སྦྱོར་བ་དང་བཅུ་ཡོད་པའི་ཕྱིར། སྦྱོར་བ་དེ་གསུམ་ལྡོག་པའི་སྒོ་ནས་བཞག་པ་ཡིན་གྱི། འགལ་བ་ནི་མ་ཡིན་ཏེ། དག་སའི་ཡེ་ཤེས་ཡིན་ན། དེ་གསུམ་ཀ་ཡིན་དགོས་པའི་ཕྱིར་ཏེ། དེ་གསུམ་ལག་རྗེས་འཇོག་ཚུལ་ཐ་དད་པ་ཙམ་གྱི་སྒོ་ནས་བཞག་པའི་ཕྱིར་ཏེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་སྒྲུབ་བྱེད་ཀྱི་ལག་རྗེས་ཐ་དད་པ་ཙམ་གྱིས་བཞག་པའི་ཕྱིར་ཏེ། ས་བརྒྱད་པ་ནས་བདེན་འཛིན་མངོན་འགྱུར་བ་སྤངས་ཤིང་མི་རྟོགས་ཡེ་ཤེས་ལ་གོམས་པ་དབང་བསྒྱུར་ཐོབ་པས་དེ་གསུམ་གྱི་ལག་རྗེས་ཁྱད་པར་ཅན་འཇོག་ནུས་པར་མཚུངས་པའི་ཕྱིར། འདིར་བདུད་བཞིའི་ཁྱད་པར་ཡོད་དེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ཕུང་པོའི་བདུད་རགས་པ་དང་། ཉོན་སྒྲིབ་ཐམས་ཅད་ཉོན་མོངས་པའི་བདུད་རགས་པ་དང་། ལྷའི་བུ་དགའ་རབ་དབང་ཕྱུག་ལྷའི་བུའི་བདུད་རགས་པ་དང། ལས་ཉོན་གྱི་དབང་གིས་སྲོག་དབང་འགག་པའི་ཆ་དེ་འཆི་བདག་གི་བདུད་རགས་པ་ཡིན་ལ། མ་རིག བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱི་དབང་གིས་སྐྱེ་བ་བླངས་པའི་ཕུང་པོའི་བདུད་ཕྲ་མོ་དང་། མ་རིག་པའི་བག་ཆགས་ཕྲ་མོ་དེ་ཉོན་མོངས་པའི་བདུད་ཕྲ་མོ་དང་ལྷའི་བུའི་བདུད་ཕྲ་མོ་གཉིས་ཀ་དང་། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བྱེད་པའི་ཆ་དེ་འཆི་བདག་གི་བདུད་ཕྲ་མོ་ཡིན་པའི་ཕྱིར། བདུད་བཞི་ལམ་གང་གི་གནས་སྐབས་སུ་བཅོམ་ཚུལ་ཡོད་དེ། ཐེག་པ་ཆེ་ཆུང་གི་དབང་དུ་བྱས་ན། ཐེག་དམན་དགྲ་བཅོམ་གྱི་གོ་འཕང་དང་ས་བརྒྱད་པ་ཐོབ་ནས་ཉོན་མོངས་པའི་བདུད་རགས་པ་ཅི་རིགས་བཅོམ། ཐེག་དམན་གྱི་མཐོང་ལམ་དང་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་ནས་ལྷའི་བུའི་བདུད་རགས་པ་བཅོམ། ཐེག་དམན་གྱི་ལྷག་མེད་མྱང་འདས་དང་ཐེག་ཆེན་གྱི་མཐོང་ལམ་ཐོབ་ནས་ཕུང་པོའི་བདུད་རགས་པ་དང་འཆི་བདག་གི་བདུད་རགས་པ་གཉིས་ཀ་བཅོམ་པའི་ཕྱིར། བདུད་བཞི་མ་ལུས་པར་བཅོམ་པ་དང་སངས་རྒྱས་པ་གཉིས་དུས་མཉམ་པ་ཡིན་ཏེ། ཚིགས་གསལ་ལས། ཁྱོད་ཀྱིས་བྱང་ཆུབ་པ་དང་ཁོ་ནར་བདུད་བཞི་བཅོམ་པ་ལགས། ཞེས་པ་དང་། རྣམ་བཤད་ལས་ཀྱང་། བདུད་བཞི་མ་ལུས་པར་བཅོམ་པ་ནི་སངས་རྒྱས་པ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། ཅེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་བགྱིས་པ་སྟེ། ཕྱིས་གནས་བརྟན་བཀྲ་ཤིས་དར་རྒྱས་ཀྱིས་གྲྭ་ཚང་ནང་ཏུ་རབ་འབྱམས་པའི་མཚན་གདགས་མཛད་པའི་ཚེ་སྤར་ཏུ་བསྒྲུབ་པའོ།། །།མདྒ་ལམ། །

སྐབས་ལྔ་བ་དྲུག་པ་བདུན་པ་གསུམ་གྱི་ཊཱིཀྐ་མཐོང་བ་དོན་ཡོད།

སྐབས་ལྔ་བ་དྲུག་པ་བདུན་པ་གསུམ་གྱི་ཊཱིཀྐ་མཐོང་བ་དོན་ཡོད་ཅེས་བྱ་བ་བཞུགས།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཉིས་པ་རྩེ་སྦྱོར་བཤད་པ་ལ། རྒྱུ་མཚན་དང་། གཞུང་དོན་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་རྫོགས་སྦྱོར་བ་བཤད་ཟིན་པའི་འོག་ཏུ་རྩེ་སྦྱོར་འཆད་པའི་རྒྱུ་མཚན་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་ལ་གོམས་པ་དབང་བསྒྱུར་མ་ཐོབ་པའི་རྣམ་རྫོགས་སྦྱོར་བ་བསྒོམས་པ་ལ་བརྟེན་ནས་དེ་ཐོབ་པའི་རྩེ་སྦྱོར་འབྱུང་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་འགྲེལ་པ་ལས། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་རབ་ཀྱི་མཐར་ཕྱིན་པའི་རྟོགས་པ་འབྱུང་བས། ཞེས་པ་ནས། རྩེ་མོའི་མངོན་པར་རྟོགས་པ་དང་། ཞེས་པའི་བར་གསུངས་པའི་ཕྱིར། གཉིས་པ་ལ། སྦྱོར་ལམ་རྩེ་སྦྱོར། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་སྦྱོར་དང་བཞི། དང་པོ་ལ། བཞི་ལས། དང་པོ་དྲོད་ནི། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །ཞེས་པ་ནས། རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཞེས་པའི་བར་གསུངས། གཉིས་པ་རྩེ་མོ་ནི། འཛམ་བུའི་གླིང་གི་སྐྱེ་བོ་སྙེད། །ཞེས་པ་ནས། རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་པའི་བར་གསུངས། གསུམ་པ་བཟོད་པ་ནི། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི་ནས། བརྟན་པ་ཞེས་ནི་མངོན་པར་བརྗོད། །ཅེས་པའི་བར་གསུངས། བཞི་པ་ཆོས་མཆོག་ནི། གླིང་བཞི་པ་དང་སྟོང་དག་དང་། །ནས། ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་པའི་བར་གསུངས། དང་པོའི་དོན་ནི། དྲོད་རྗེས་ཐོབ་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། དྲོད་རྩེ་སྦྱོར་ཐོབ་པ་ཡིན་ཏེ། བསྒོམས་སྟོབས་ཀྱིས་ཉིན་པར་མ་ཟད་རྨི་ལམ་ན་ཡང་ཆོས་རྣམས་ཀུན་བདེན་སྟོང་རྨི་ལམ་ལྟ་བུར་ལྟ་བ་ལ་སོགས་པའི་རྩེ་མོར་བྱིན་པའི་སྦྱོར་བ་ཐོབ་པའི་རྟགས་རྣམ་པ་བཅུ་གཉིས་དག་ཏུ་མདོ་ལས་བཞེད་པ་སྟེ་བཤད་པ་དེ་དག་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། གཉིས་པ་སྦྱོར་ལམ་རྩེ་མོ་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། རྩེ་མོའི་རྩེ་སྦྱོར་ཐོབ་པ་ཡིན་ཏེ། མདོ་ལས་འཛམ་བུའི་གླིང་གི་སྐྱེ་བོ་ལ་སོགས་པ་སྟོང་གསུམ་ཀྱི་སེམས་ཅན་གྱི་གྲངས་གྱི་སངས་རྒྱས་མཆོད་པའི་དགེ་བ་ལ་སོགས་པ་རྣམ་པ་མང་དུ་ནི་དཔེར་མཛད་ནས་བསོད་ནམས་རྣམ་པར་འཕེལ་བ་བཅུ་དྲུག་གི་བདག་ཉིད་ཐོབ་པའི་སེམས་དཔའ་ཡིན་པའི་ཕྱིར། གསུམ་པ་ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་ཆོས་ཅན། ཁྱོད་ལ་བརྟན་པའི་རྩེ་སྦྱོར་ཞེས་པ་ནི་ཡུམ་གྱི་མདོ་ལས་མངོན་པར་བརྗོད་པའི་རྒྱུ་མཚན་ཡོད་དེ། གཞི་ཤེས་ལ་སོགས་པའི་ཀུན་མཁྱེན་ཉིད་གསུམ་གྱི་ཆོས་རྣམས་ཀྱི་རྟོགས་རིགས་ཡོངས་སུ་རྫོགས་པ་བླ་ན་མེད་པ་ཐོབ་ཅིང་སེམས་ཅན་གྱི་དོན་བྱེད་པ་ཡོངས་སུ་མི་གཏོང་བ་ཐོབ་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་འཐུན་གསུམ་པ་ཡིན་པའི་ཕྱིར། བཞི་པ་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཆོས་ཅན། ཁྱོད་མདོ་ལས་ཏིང་ངེ་འཛིན་ཅེས་ཡོང་སུ་བསྒྲགས་པ་ཡིན་ཏེ། གླིང་བཞི་པ་དང་སྟོང་དང་པོ་དག་དང་སྟོང་གཉིས་པ་དང་སྟོང་གསུམ་གྱི་ས་དག་སྲང་གྲངས་གྱིས་གཞལ་པ་དང་ཆུ་སྐྲ་རྩེས་གཞལ་ནུས་པ་དཔེར་མཛད་ནས། དེ་བས་ཀྱང་སེམས་དང་པོ་བསྐྱེད་པ་སྤྱོད་པ་ལ་ཞུགས་པ་ཕྱིར་མི་ལྡོག་པ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བའི་བསོད་ནམས་མང་པོ་ཉིད་ཀྱིས་ནི་མཚོན་ཏེ་བསྟན་པའི་ཐེག་ཆེན་གྱི་ངེས་ཆ་བཞི་པ་ཡིན་པའི་ཕྱིར། དྲོད་རྩེ་སྦྱོར་གྱི་རྟགས་བཅུ་གཉིས་ཡོད་དེ། རྨི་ལམ་དུ་ཆོས་ཐམས་ཅད་བདེན་མེད་རྨི་ལམ་ཅི་འདྲ་དེ་ལྟ་བུར་ལྟ་བ་དང་། རྨི་ལམ་དུ་དམན་པའི་ལམ་ལ་དགའ་བ་མི་བསྐྱེད་པ་དང་། རྨི་ལམ་དུ་དེ་བཞིན་གཤེགས་པ་འཁོར་བཅས་མཐོང་བ་དང་། དེ་བཞིན་དུ་སངས་རྒྱས་ཀྱིས་རྫུ་འཕྲུལ་སྟོན་པ་མཐོང་བ་དང་། དེས་ཆོས་སྟོན་པ་མཐོང་བ་དང་། ངན་སོང་མཐོང་ནས་སྤོང་པའི་སྨོན་པ་བྱེད་པ་དང་། རྨི་སད་གང་རུང་ལ་གྲོང་ཁྱེར་སོགས་མེས་འཚིག་པ་མཐོང་ནས་བདེན་པའི་བྱིན་གྱིས་དེ་དག་ཞི་བར་བྱེད་ནུས་པ་དང་། རྨི་སད་གང་རུང་གི་ཚེ་སེམས་ཅན་གཞན་མི་མ་ཡིན་གྱིས་ཟིན་པ་བདེན་སྟོབས་བརྗོད་པས་ཞི་ནུས་པ་དང་། བདུད་ལས་ཤེས་ནས་དེ་ཟིལ་གྱིས་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་དང་། ཤེར་ཕྱིན་ལ་སློབ་པ་དང་། ཆོས་ཐམས་ཅད་ལ་བདེན་པར་མི་ཞེན་པ་དང་། སངས་རྒྱས་ཀྱི་སར་ཉེ་བར་གྱུར་པའི་ཡེ་ཤེས་ཐོབ་པ་དང་བཅུ་གཉིས་ཡོད་པའི་ཕྱིར། རྩེ་མོའི་རྟགས་བཅུ་དྲུག་ཡོད་དེ། སྟོང་གསུམ་གྱི་སེམས་ཅན་གྱི་གྲངས་དང་མཉ མ་པའི་སངས་རྒྱས་མཚོན་པའི་བསོད་ནམས་ལས་ལྷག་པ་ཐོབ་པ་དང་། དེ་གོང་དུ་འཕེལ་བས་ཤེར་ཕྱིན་ཡིད་ལ་བྱེད་པ་དང་མི་འབྲལ་བ་དང་། སྟོང་ཉིད་ལ་མི་སྐྲག་པའི་བཟོད་པ་ཐོབ་པ་དང་། བྱང་ཆུབ་ཐོབ་བྱེད་ཀྱི་ལམ་དོན་དམ་པར་མི་དམིགས་པ་དང་། དགེ་བ་བཅུ་དང་བསམ་གཏན་གཟུགས་མེད་ལ་སྙོམ་པར་འཇུག་པ་དང་། འདོད་གཟུགས་ཀྱི་ལྷ་འོངས་ནས་སྲུང་བ་དང་། བདུད་ཟིལ་གྱིས་གནོན་ནུས་པ་དང་། བྱང་སེམས་དང་གྲོགས་གཅིག་པར་བསླབ་པ་སྟེ་ཕྱིའི་རྟགས་གཙོ་བོར་གྱུར་པ་བརྒྱད་དང་། ཉན་རང་ཡིད་བྱེད་དང་བྲལ་བའི་ཐབས་ལ་མཁས་པ་དང་། སངས་རྒྱས་ཀྱི་རིགས་ཁྱད་པར་ཅན་དུ་གྱུར་པ་དང་། འབྲས་བུ་སངས་རྒྱས་འཐོབ་པའི་རྒྱུ་ནུས་ལྡན་འགྲུབ་པ་དང་། ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་སོགས་ཆེར་མི་སྐྱེ་བ་དང་། ཆོས་རྣམས་ལ་བདེན་ཞེན་ཅི་རིགས་མི་སྐྱེ་བ་དང་། ཤེར་ཕྱིན་གྱིས་ཕྱིན་དྲུག་ལ་སློབ་ཚུལ་ཤེས་པ་དང་། ཐེག་པ་གསུམ་གྱི་རྟོགས་རིགས་ཕུན་སུམ་ཚོགས་པ་ཐོབ་པ་དང་། ཤེར་ཕྱིན་གྱི་མཐུས་རྫོགས་བྱང་ལ་ཉེ་བ་ཐོབ་པ་སྟེ་ནང་གི་རྟགས་བརྒྱད་དང་བཅུ་དྲུག་ཡོད་པའི་ཕྱིར། བཟོད་པའི་རྟགས་ཡོད་དེ། གཞན་དོན་ཁྱད་པར་ཅན་སྒྲུབ་ནུས་པའི་ཐབས་ཀྱིས་ཟིན་པའི་སྙིང་རྗེ་ཆེན་པོ་དང་། བསྒོམ་བྱུང་གི་ཤེས་རབ་ཀྱིས་སྟོང་ཉིད་རྟོགས་པའི་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་དེ་དེ་ཡིན་པའི་ཕྱིར། ཆོས་མཆོག་རྩེ་སྦྱོར་ཐོབ་པའི་རྟགས་ཡོད་དེ། མདོ་ལས་བསོད་ནམས་མང་པོ་འབྱུང་བས་མཚོན་ཏེ་བསྟན་པ་དེ་ལྟ་བུས་ཤེས་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་མཐོང་ལམ་རྩེ་སྦྱོར་བཤད་པ་ལ། སྤང་བྱ་རྟོགས་པ་དང་། གཉེན་པོ་རྩེ་སྦྱོར་བཤད་པ་གཉིས། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ལ། གཟུང་རྟོག་དང་། འཛིན་རྟོག་གཉིས་ལས་དང་པོ་ནི། འཇུག་པ་དང་ནི་ལྡོག་པ་ལ། །ནས། མིན་པའི་བདག་ཉིད་དག་ཤེས་བྱ། །ཞེས་པའི་བར་གསུངས། དོན་ནི། ཐེག་ཆེན་མཐོང་ལམ་གྱི་སྤང་བྱ་འཇུག་པ་གཟུང་རྟོག་དང་ནི་ལྡོག་པ་ལ་གཟུང་བའི་རྣམ་པར་རྟོག་པ་གཉིས་ཆོས་ཅན། སོ་སོར་དགུ་དགུའི་བདག་ཉིད་དུ་ཤེས་པར་བྱ་སྟེ། དམིགས་ཡུལ་གྱི་སྒོ་ནས་དེ་ལྟར་ཡོད་པའི་ཕྱིར། དེ་ཆོས་ཅན། ཇི་ལྟ་བ་བཞིན་དུ་ཡུལ་གྱི་རང་བཞིན་འཛིན་པ་མ་ཡིན་པའི་བདག་ཉིད་དག་ཏུ་ཤེས་པར་བྱ་སྟེ། རང་གི་ཞེན་ཡུལ་ལ་ཕྱིན་ཅི་ལོག་ཏུ་འཁྲུལ་པའི་ཕྱིར། གཉིས་པ་ནི། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ནས། ངོ་བོས་སྟོང་པའི་མཚན་ཉིད་དོ། །ཞེས་པའི་བར་གསུངས། དོན་ནི། སོ་སོ་སྐྱེ་བོ་དང་འཕགས་པའི་རྟེན་དབྱེ་བས་སེམས་ཅན་རྫས་ཡོད་དང་སྐྱེས་བུ་བཏགས་པར་ཡོད་པར་བདེན་པར་འཛིན་པའི་རྣམ་པར་རྟོག་པ་འཛིན་པ་དག་ཏུ་འདོད་པ་དེ་དག་ཆོས་ཅན། སོ་སོར་དགུའི་བདག་ཉིད་དུ་འདོད་དེ། དམིགས་ཡུལ་གྱི་སྒོ་ནས་དེ་ལྟར་འབྱེད་པའི་ཕྱིར། རྟོག་པ་དེ་དག་ཆོས་ཅན། གནས་ཚོད་དང་མཐུན་པར་ཡུལ་གང་གིས་འཛིན་པར་འདོད་པ་མི་རིགས་ཏེ། རྒྱུ་མཚན་གལ་ཏེ་འམ་གང་གི་ཕྱིར་ན་གཟུང་བའི་དོན་དེ་བཞིན་མེད་པའི་ལོག་ཤེས་ཡིན་པའི་ཕྱིར་ཏེ། དེ་ལ་རྟོག་པ་དེ་དག་རང་གི་ཇི་ལྟར་འཛིན་པ་ཡི་ངོ་བོས་སྟོང་པའི་མཚན་ཉིན་ཅན་ཡིན་པའི་ཕྱིར། གཉིས་པ་རྒྱས་བར་བཤད་པ་ལ། གཟུང་རྟོག་དང་། འཛིན་རྟོག་བཤད་པ་གཉིས། དང་པོ་ལ། གཟུང་རྟོག་འཛིན་རྟོག་གཉིས་ལས། དང་པོ་ལ། ངོ་བོ་ཉིད་དང་རིགས་དང་ནི། །ནས། རྣམ་རྟོག་དེ་ནི་རྣམ་དགུར་འདོད། །ཅེས་པའི་བར་གསུངས་། དོན་ནི། བྱང་སེམས་ཀྱི་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི་རྣམ་རྟོག་དེ་ནི་ཆོས་ཅན། རྣམ་པ་དགུར་འདོད་པ་ཡིན་ཏེ། བྱང་སེམས་ཀྱི་འཇུག་བྱ་སྤྱིའི་ངོ་བོ་ཉིད་ལ་དམིགས་ནས་འཇུག་བྱར་བདེན་པར་ཞེན་པ་དང་། དེ་བཞིན་དུ་སྦྱར་ཏེ་བྱེ་བྲག་སངས་རྒྱས་ཀྱི་རིགས་ངེས་པ་དང་། བྱང་ཆེན་ཀྱི་ལམ་ནི་ཡང་དག་པར་འགྲུབ་པ་དང་། བློའི་ཤེས་པའི་དམིགས་པ་མ་འཁྲུལ་བ་དང་མི་མཐུན་ཕྱོགས་འཇོམས་ནུས་ཤིང་གཉེན་པོ་སྐྱེ་བ་དང་། རང་གི་རྟོགས་པ་མཐར་ཐུག་པ་དང་། གཞན་ཀྱི་དོན་བྱེད་ནུས་པ་དང་། གཞན་དོན་དེའི་ནི་ལས་སུ་བྱ་བ་དང་། དེའི་བྱ་བའི་འབྲས་བུ་ལ་དམིགས་ནས་འཇུག་བྱར་བདེན་པར་འཛིན་པའི་རྟོག་པ་དང་དགུ་ཡོད་པའི་ཕྱིར། གཉིས་པ་ནི། སྲིད་དང་ཞི་བར་ལྟུང་པའི་ཕྱིར། ནས། ཉན་ཐོས་ལ་སོགས་ཡིད་ལས་འབྱུང་། །ཞེས་པའི་བར་གསུངས། དོན་ནི། ཤེས་སྒྲིབ་ལྡོག་པ་གཟུང་རྟོག་ཞེས་པའི་ཕྱོགས་ཀྱི་རྟེན་ཅན་གྱི་ཏེ་ཉན་ཐོས་ལ་སོགས་པའི་ཡིད་ལ་འབྱུང་བ་དམན་པའི་ལམ་ལ་ལྟོས་པའི་ལྡོག་བྱར་བདེན་པར་འཛིན་པའི་རྣམ་རྟོག་འདི་ཆོས་ཅན། རྣམ་པ་དགུ་ཡི་བདག་ཉིད་དུ་ཡོད་དེ། སྲིད་པ་དང་ཞི་བར་ལྟུང་པའི་ཕྱིར་ན་ཐེག་ཆེན་ལས་རྟོག་པ་དམན་པ་ཉིད་ལ་དམིགས་ནས་ལྡོག་བྱར་བདེན་པར་ཞེན་པ་དང་། དེ་བཞིན་དུ་ལམ་ཁྱད་པར་ཅན་གྱིས་ཡོངས་སུ་འཛིན་པ་མེད་པ་ལ་དམིགས་པ་དང་། གཞན་དོན་སྒྲུབ་པའི་ལམ་གྱི་རྣམ་པ་མ་ཚང་བ་ལ་དམིགས་པ་དང་། ཐར་པར་གཞན་གྱི་རྐྱེན་གྱིས་འགྲོ་བ་ལ་དམིགས་པ་དང་། ཆེད་དུ་བྱ་བ་ཆེན་པོ་གསུམ་ལས་ལོག་པ་ལ་དམིགས་པ་དང་། སྤང་པ་ཉི་ཚེ་བའི་ལམ་ལ་དམིགས་པ་དང་རྟོགས་པ་མཐོ་དམན་སྣ་ཚོགས་པ་ཉིད་དང་། ཞི་མཐའ་མངོན་དུ་མ་བྱས་པར་ཐེག་ཆེན་གྱི་ལམ་ལ་གནས་པ་དང་དེར་འཇུག་པ་ལ་རྨོངས་པའི་ལམ་ལ་དམིགས་པ་དང་། ཞི་མཐའ་མངོན་དུ་བྱས་པའི་རྗེས་ལ་རྣམ་མཁྱེན་དུ་འགྲོ་བ་ཞེས་བྱ་བ་ལ་དམིགས་ནས་ལྡོག་བྱར་བདེན་པར་འཛིན་པའི་རྣམ་པར་རྟོག་པ་དང་དགུ་ཡོད་པའི་ཕྱིར། འདིར་དངོས་སུ་བསྟན་པའི་གཟུང་རྟོག་གཉིས་ཀྱི་འཇོག་ཚུལ་ཡོད་དེ། བྱང་སེམས་ལམ་གྱི་འཇུག་བྱའི་ཆོས་ལ་དམིགས་ནས་དེའི་འཇུག་བྱར་བདེན་པར་འཛིན་པའི་བདེན་འཛིན་དེ་ལ་འཇུག་པ་གཟུང་རྟོག་དང་། དེ་ལ་ལྟོས་པའི་ལྡོག་བྱའི་ཆོས་ལ་དམིགས་ནས་དེའི་ལྡོག་བྱར་བདེན་པར་འཛིན་དེ་ལ་ལྡོག་པ་གཟུང་རྟོག་ཏུ་བཞག་པ་ཡིན་པའི་ཕྱིར། དེ་ལྟར་བསྟན་པའི་དགོས་པ་ཡོད་དེ། བྱང་སེམས་ཀྱིས་འཇུག་པར་བྱ་བ་བླང་བྱ་དང་། ལྡོག་པར་བྱ་བ་སྤང་བྱའི་ཆོས་གང་ལའང་བདེན་པར་མི་འཛིན་ཅིང་། བདེན་མེད་དུ་རྟོགས་ནས་བསྒོམ་པར་བྱ་དགོས་སོ་ཞེས་གོ་བའི་ཆེད་དུ་ཡིན་པའི་ཕྱིར། གཉིས་པ་འཛིན་རྟོག་རྒྱས་པར་བཤད་པ་ལ། །རྫས་འཛིན་རྟོག་པ་དང་། རྟག་འཛིན་རྟོག་པའི་དབྱེ་བ་བཤད་པ་གཉིས། དང་པོ་ནི། འཛིན་པ་དང་ནི་འདོར་བ་དང་། །ནས། འཛིན་པ་དང་པོར་ཤེས་པར་བྱ། །ཞེས་པའི་བར་གསུངས། དོན་ནི། འཛིན་པ་དང་པོ་རྗས་འཛིན་རྟོག་པ་ཆོས་ཅན། ཁྱོད་ལ་རྣམ་པ་དགུ་ཡོད་པར་ཤེས་པར་བྱ་སྟེ། ཀུན་རྫོབ་ཏུ་ཡོན་ཏན་འཛིན་པ་དང་སྐྱོན་འདོར་བའི་གང་ཟག་ལ་དམིགས་ནས་བདེན་པར་འཛིན་པ་དང་། དེ་བཞིན་དུ་གང་ཟག་ལ་ཞེས་སྦྱར་ཏེ་གནས་ལུགས་ཀྱི་དོན་ཕྱིན་ཅི་ལོག་ཏུ་ཡིད་ལ་བྱེད་པ་ལ་དམིགས་པ་དང་། བདེན་འཛིན་གྱི་ཁམས་ནི་འདོད་ཁམས་སོགས་གསུམ་པོ་དག་དང་ཉེ་བར་འབྲེལ་བ་ལ་དང་། ཆོས་རྣམས་བདེན་པར་བཟུང་ནས་གནས་པ་ལ་དང་། དེ་ལ་བདེན་མེད་དུ་བདེན་པར་མངོན་པར་ཞེན་པ་དང་། ཆོས་ཐམས་ཅད་ཐ་སྙད་དུ་ཆོས་ཀྱི་དངོས་པོ་ཙམ་དུ་བཏགས་པ་ལ་དང་། མི་མཐུན་ཕྱོགས་ལ་བདེན་པར་ཆགས་པ་དང་། བདེན་འཛིན་གྱི་གཉེན་པོ་སྒོམ་པ་ལ་དང་། རྣམ་མཁྱེན་དུ་ཇི་ལྟར་འདོད་པ་བཞིན་མྱུར་དུ་འགྲོ་བ་ལས་ཉམས་པའི་གང་ཟག་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་རྣམ་རྟོག་དང་དགུ་ཡོད་པའི་ཕྱིར། གཉིས་པ་ནི། ཆེད་བཞིན་ངེས་པར་མི་འབྱུང་དང་། །ནས། འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་པའི་བར་གསུངས། འཛིན་པའི་རྣམ་རྟོག་གཞན་བཏགས་འཛིན་རྟོག་པ་ཆོས་ཅན། རྣམ་པ་དགུ་ཡོད་པ་ཡིན་ཏེ། ཆེད་དུ་བྱ་བར་ཇི་ལྟ་བ་བཞིན་ངེས་པར་མི་འབྱུང་བའི་སྐྱེས་བུ་བཏགས་ཡོད་ལ་དམིགས་ནས་བདེན་པར་ཞེན་པ་དང་། དེ་བཞིན་དུ་ལམ་མིན་དྲུག་ལ་ལམ་མ་ཡིན་པར་ངེས་པར་འཛིན་པའི་སྐྱེས་བུ་ལ་དམིགས་པ་དང་། རྒྱུ་འགག་པ་དང་བཅས་པའི་འབྲས་བུ་སྐྱེ་བར་ཞེན་པའི་སྐྱེས་བུ་ལ་དང་། བདེན་འཛིན་གྱིས་མ་བཅིངས་པའི་ལམ་གྱི་དངོས་པོ་ལྡན་པ་དང་། བཅིངས་པའི་ལམ་གྱི་དངོས་པོ་མི་ལྡན་པར་འཛིན་པའི་སྐྱེས་བུ་ལ་དང་། གཟུང་རྟོག་ལ་བདེན་པར་ཞེན་ཏེ་གནས་པའི་སྐྱེས་བུ་ལ་དང་། ཐེག་དམན་གྱི་རིགས་ནི་འཇིག་ཅིང་ཉམས་པར་བྱེད་པའི་སྐྱེས་བུ་ལ་དང་། རྫོགས་བྱང་དོན་དུ་གཉེར་བ་མེད་པའི་སྐྱེས་བུ་ལ་དང་། རྒྱུ་ཤེར་ཕྱིན་སྒོམ་པ་མེད་པའི་སྐྱེས་བུ་ལ་དང་། བདུད་སོགས་ཕྱིར་རྒོལ་བ་ནི་དམིགས་པའི་སྐྱེས་བུ་བཏགས་ཡོད་ལ་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་རྣམ་རྟོག་དང་དགུ་ཡོད་པའི་ཕྱིར། འཛིན་རྟོག་འདི་གཉིས་ཀྱི་འཇོག་ཚུལ་ཡོད་དེ། རྫས་ཡོད་རྫས་འཛིན་གྱི་ཆོས་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་ལ་རྫས་འཛིན་རྟོག་པ་དང་། བཏགས་ཡོད་བཏགས་འཛིན་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་བདེན་འཛིན་ལ་བཏགས་འཛིན་རྟོག་པར་བཞག་པ་ཡིན་པའི་ཕྱིར། སྐབས་འདིའི་དངོས་བསྟན་ནི་ཀུན་བཏགས་ཀྱི་དབང་དུ་བྱས་པ་ཡིན་ཏེ། མཐོང་ལམ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་འཆད་པའི་སྐབས་ཡིན་པའི་ཕྱིར། འདིར་གཟུང་རྟེན་འཛིན་རྟོག་གཉིས་ནི་བདེན་འཛིན་ལ་འཇོག་པར་མཚུངས་ཀྱང་ཁྱད་པར་ཡོད་དེ། གཟུང་རྟོག་གཉིས་ཡུལ་ལ་ཞེན་པ་དང་། འཛིན་རྟོག་གཉིས་ཡུལ་ཅན་ལ་ཞེན་པ་གཙོ་བའི་དབང་དུ་མཛད་པ་ཡིན་པའི་ཕྱིར་ཏེ། སྔ་མ་གཉིས་ཡུལ་ལ་ལོངས་སྤྱད་བྱ་དང་ཕྱི་མ་གཉིས་ཡུལ་ཅན་ལ་ལོངས་སྤྱོད་པ་པོར་ཞེན་པའི་ཁྱད་པར་གྱིས་ཡིན་པའི་ཕྱིར་རོ། །གཉིས་པ་གཉེན་པོ་རྩེ་སྦྱོར་བཤད་པ་ལ། མཐོང་ལམ་རྩེ་སྦྱོར་གྱི་རྒྱུ། དེའི་འབྲས་བུ་བྱང་ཆེན། རྩེ་སྦྱོར་གྱི་ངོ་བོ་བཤད་པ་གསུམ། དང་པོ་ནི། བྱང་ཆུབ་ལ་གཞན་སྟོན་པ་དང་། ནས། བསོད་ནམས་མང་པོའི་མཚན་ཉིན་དོ། །ཞེས་པའི་བར་གསུངས། དོན་ནི། ཐེག་ཆེན་གྱི་རིགས་ཅན་གཞན་བྱང་ཆུབ་ལ་སྟོན་པ་སྟེ། འགོད་པ་དང་། བྱང་ཆུབ་དེ་ཡི་རྒྱུ་ཤེར་ཕྱིན་གྱི་ཚིག་དོན་ནི་ཡོངས་སུ་གཏོད་པ་སྟེ་འཆད་པ་དང་། བྱང་ཆེན་དེ་ཐོབ་བྱེད་བསོད་ནམས་མང་པོའི་མཚན་ཉིད་ཅན་གྱི་ཐེག་ཆེན་གྱི་སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཆོས་ཅན། ཁྱོད་མཐོང་ལམ་རྩེ་སྦྱོར་གྱིི་བར་ཆད་མེད་པའི་རྒྱུ་ཡིན་ཏེ། དེ་བར་ཆད་མེད་པར་སྐྱེད་བྱེད་ཡིན་པའི་ཕྱིར། གཉིས་པ་ལ། བྱང་ཆེན་ངོས་བཟུང་བ། དངོས་པོ་བདེན་གྲུབ་དུ་ཁས་ལེན་པའི་མི་འཐད་པ། དབུ་མ་པས་ཆོས་ཐམས་ཅད་བདེན་སྟོང་དུ་ཁས་ལེན་དགོས་པར་བསྟན་པ་དང་གསུམ། དང་པོ་ནི། དྲི་མ་ཟད་དང་མི་སྐྱེ་བའི། །ནས། གོ་རིམ་བཞིན་དུ་ཤེས་པར་བྱ། །ཞེས་པའི་བར་གསུངས། དོན་ནི། རྣམ་མཁྱེན་ཆོས་ཅན། བྱང་ཆུབ་ཆེན་པོ་ཡིན་ཅེས་བརྗོད་དེ། དྲི་མ་དོན་དམ་པར་ཟད་པ་མེད་པ་དང་མི་སྐྱེ་བར་རྟོགས་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར་ཏེ། དེ་ལྟར་རྟོགས་པ་མཐར་ཕྱིན་པའི་ཡེ་ཤེས་དེ་དག་གོ་རིམ་བཞིན་དུ་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཆེན་པོར་ཤེས་པར་བྱ་བ་ཡིན་པའི་ཕྱིར། དྲི་མ་དེ་ཡང་ཆོས་ཅན། དོན་དམ་པར་ཟད་མེད་སྐྱེ་མེད་ཡིན་ཏེ། དོན་དམ་པར་གྲུབ་པ་མེད་པའི་ཕྱིར། གཉིས་པ་ལ། རིགས་པ་དང་འགལ་བ་དང་། ལུང་དང་འགལ་བ་གཉིས། དང་པོ་ནི། འགོག་པ་མེད་པའི་རང་བཞིན་ལ། །ནས། སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་པའི་བར་གསུངས། དོན་ནི། ཐེག་ཆེན་གྱི་མཐོང་ཞེས་བྱ་བའི་ལམ་གྱིས་ནི་ཆོས་ཅན། ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་པར་རྟོག་པའི་རིགས་བདེན་གྲུབ་སྔར་ཡོད་ཅི་ཞིག་ཟད་ཅིང་། དེ་བདེན་གྲུབ་སྐྱེ་འཕྲོ་ཆད་པའི་སྐྱེ་མེད་ཀྱི་རྣམ་པ་ཅི་ཞིག་ཀྱང་འཐོབ་སྟེ་འཐོབ་པ་མེད་པར་ཐལ། དྲི་མ་བདེན་གྲུབ་སྔར་ཡོད་གསར་དུ་འགགས་པའི་འགོག་པ་མེད་པ་སྟེ། སྤྲོས་པ་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། གཉིས་པ་ནི། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ནས། དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་པའི་བར་གསུངས། དོན་ནི། དངོས་སྨྲ་བ་གཞན་གྱི་ལུགས་ལ་ཕྱི་ནང་གི་ཆོས་རྣམས་ཀྱང་དོན་དམ་པར་ཡོད་ལ། ཤེས་བྱ་ལ་ཡང་རྨོངས་པའི་སྒྲིབ་པ་མཐའ་དག་སྟོན་པ་ཡིས་ཟད་པར་བརྗོད་པ་གང་ཡིན་པའི་དངོས་སྨྲ་བའི་ལུགས་དེ་ལ་བྱམས་པ་ཁོ་བོས་ངོ་མཚར་དུ་བརྩིས་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། སྒྲིབ་པ་བདེན་པར་གྲུབ་ན་གཉེན་པོས་སྤང་དུ་མི་རུང་བས་དེ་ལྟར་འདོད་པ་དེ་གཞད་གད་ཀྱི་གནས་ཡིན་པར་རྟོགས་པའི་ཕྱིར། གསུམ་པ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །ནས། ཡང་དག་མཐོང་ནས་རྣམ་པར་གྲོལ། ཤེས་པའི་བར་གསུངས། དོན་ནི། ཁམས་རང་བཞིན་གྱི་རྣམ་པར་དག་པ་འདི་ལ་ཆོས་ཅན། གང་ཟག་དང་ཆོས་ཀྱི་བདག་གཉིས་སྔར་ཡོད་གསར་དུ་བསལ་བར་བྱ་བ་དང་། བདག་འཛིན་གཉིས་དོན་དམ་པར་གྲུབ་པ་ཅི་ཡང་མེད་དེ། བདག་འཛིན་གཉིས་ཞེན་ཡུལ་དང་བཅས་པ་དོན་དམ་པར་གྲུབ་མ་མྱོང་པའི་ཕྱིར། ཡང་དེ་ཆོས་ཅན། བདག་མེད་གཉིས་སྔར་མེད་པར་གསར་དུ་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། བདག་གཉིས་གདོད་ནས་མ་གྲུབ་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྒྱུ་མཚན་དེས་ན། རྟེན་འབྲེལ་བདེན་པར་མེད་པའི་ཡང་དག་པའི་དོན་ཉིད་ལ་མཉམ་པར་བཞག་པའི་ཤེས་རབ་ཀྱིས་ཡང་དག་བར་ལྟ་བ་ཡིན་ཏེ་ཡང་དག་པའི་དོན་ཇི་ལྟ་བ་བཞིན་དུ་མཐོང་ནས་ཡང་ཡང་གོམས་པར་བྱས་པས་མཐོང་པ་པོ་སྒྲིབ་གཉིས་ལས་རྣམ་པར་གྲོལ་བར་འགྱུར་བའི་ཕྱིར་རོ། །འདིའི་དོན་གོ་བདེ་བར་བཤད་ན་འདི་ལྟར་ཡིན་ཏེ། ཆོས་ཐམས་ཅད་གྲུབ་ཙམ་ཉིད་ནས་བདེན་པར་མེད་པ་ཡིན་གྱི་བདེན་གྲུབ་དེ་ཉིད་སྔར་ཡོད་ལུང་རིགས་སོགས་ཀྱིས་གསར་དུ་མེད་པར་བྱས་པ་མིན་ཅིང་། བདེན་སྟོང་དེ་ཡང་སྔར་མེད་གསར་དུ་ལུང་རིགས་སོགས་ཀྱིས་བཞག་པ་མ་ཡིན་པས། ཡང་དག་པའི་དོན་གྱི་གནས་ལུགས་སྔར་ཡོད་ལ་དེར་ངོ་ཤེས་པར་བྱས་ནས་གྲོལ་བར་འགྱུར་རོ་ཞེས་པའི་དོན་ཡིན་པའི་ཕྱིར། འདིས་དབུ་མའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་བསྟན་པ་ཡིན་ཏེ། གཟུགས་སོགས་བདེན་སྟོང་གཞི། དེ་རྟོགས་པའི་ཡེ་ཤེས་ལམ། ངོ་བོ་ཉིད་སྐུ་ལྟ་བུ་འབྲས་བུ་དབུ་མར་བཞག་པ་ཡིན་པའི་ཕྱིར། གསུམ་པ་ལ། དངོས་དང་། སྤངས་པ་ལ་དབང་བྱེད་པ་གཉིས་། དང་པོ་ནི། སྦྱིན་པ་ལ་སོགས་རེ་རེར་ནི། །ནས། བསྡུས་བ་དེ་འདིར་མཐོང་པའི་ལམ། །ཞེས་པའི་བར་གསུངས། དོན་ནི། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ངོ་བོ་རེ་རེར་ནི་སྦྱིན་སོགས་དེ་དག་ཕན་ཚུན་བསྔགས་པ་གང་ཡིན་པ་སྐད་ཅིག་གཅིག་པའི་སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པའི་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། སྐབས་འདིར་མཐོང་བའི་ལམ་གྱི་རྩེ་སྦྱོར་ཡིན་ཏེ། མཐོང་སྤང་ཤེས་སྒྲིབ་དངོས་སུ་འཇོམ་པར་བྱེད་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་ནི། དེ་ནས་སེདྒེ་རྣམ་བསྒྱིངས་པའི། །ནས། ལུགས་མི་མཐུན་ལ་རྟོགས་པར་བྱེད། །ཞེས་པའི་བར་གསུངས། དོན་ནི། བཤད་ཟིན་པ་དེ་ནས་མཐོང་ལམ་རྩེ་སྦྱོང་ལ་གནས་པའི་སེམས་དཔའ་ཆོས་ཅན། རང་གི་སྤངས་པ་ལ་དབང་བྱེད་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། མཉམ་བཞག་ཏུ་སེདྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དུས་ཕྱིས་རྗེས་ཐོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་ལུགས་མཐུན་དང་ལུགས་མི་མཐུན་ལ་རྟོགས་པར་བྱེད་པའི་སེམས་དཔའ་ཡིན་པའི་ཕྱིར། དེར་ཐལ། སེདྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་རྣམ་གྲོལ་ལམ་ལས་ལངས་རྗེས་སུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ནས་སྐྱེ་བའི་རྐྱེན་ཀྱིས་རྒ་ཤི་འབྱུང་བའི་བར་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་མཐུན་དང་མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ནས་སྐྱེ་བ་འགགས་པས་རྒ་ཤི་འགགས་པའི་བར་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་མཐུན་དང་། ཡང་རྒ་ཤི་སྐྱེ་བ་ལས་འབྱུང་བ་ནས་འདུ་བྱེད་མ་རིག་པ་ལས་འབྱུང་བའི་བར་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ལུགས་མི་མཐུན་དང་། རྒ་ཤི་འགགས་པས་མ་རིག་པ་འགགས་པའི་བར་རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལུགས་མི་མཐུན་དུ་རྟོག་པའི་ཕྱིར་རོ། །གསུམ་པ་སྒོམ་ལམ་རྩེ་སྦྱོར་བཤད་པ་ལ། གཉེན་པོ་སྒོམ་ལམ། སྤང་བྱ་རྟོག་པ། དེ་སྤངས་པའི་ཕན་ཡོན་གསུམ། དང་པོ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །ནས། འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་པའི་བར་གསུངས། དོན་ནི། ས་བརྒྱད་པ་པའི་རྒྱུད་ཀྱི་སེདྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་གྱི་སྙོམས་འཇུག་ཆོས་ཅན་ཐོད་རྒལ་གྱི་སྦྱོར་བ་ཡིན་ཏེ། ཐོད་རྒལ་གྱི་དངོས་གཞི་དངོས་འགྲོ་འགོག་པ་དང་བཅས་པའི་སྙོམས་འཇུག་དགུ་པོའི་བར་དག་ཏུ། གང་ཡང་མ་བཅུག་པར་ལུགས་མཐུན་དང་ལུགས་མི་མཐུན་རྣམ་པ་གཉིས་སུ་ཡར་སོང་ཞིང་མར་འོངས་ནས་སྙོམས་པར་འཇུག་པའི་མངོན་རྟོགས་མདོར་བཤད་པ་དེ་ཡིན་པའི་ཕྱིར། ས་བརྒྱད་པ་པའི་རྒྱུད་ཀྱི་མཉམ་བཞག་མ་ཡིན་པའི་འདོད་པར་གཏོགས་པའི་ལས་བསྡུས་པའི་རྣམ་པར་ཤེས་པས་ས་མཚམས་གཟུང་སྟེ་བར་ལ་འདོད་སེམས་སྤེལ་བའི་སྙོམས་འཇུག་དེ་ཆོས་ཅན། ཐོད་རྒལ་དུ་ནི་སྙོམས་པར་འཇུག་པའི་དངོས་གཞི་ཡིན་ཏེ། སྦྱོར་བ་སེདྒེ་རྣམ་བསྒྱིངས་སྔོན་དུ་བཏང་ནས་དང་པོར་འགོག་པ་ལ་སྙོམས་པར་འཇུག །དེ་ལས་ལངས་ནས་འདོད་སེམས་མངོན་དུ་བྱེད། དེ་ནས་འགོག་པ་གཅིག་པུ་བརྒལ་ནས་སྲིད་རྩེ་དང་། དེ་ནས་འདོད་སེམས། དེ་ནས་འགོག་པ་དང་སྲིད་རྩེ་གཉིས་བརྒལ་ནས་ཅི་ཡང་མེད་དང་། དེ་ནས་ཡང་འདོད་སེམས། དེ་ལྟར་དེ་གསུམ་བརྒལ་ནས་རྣམ་ཤེས་མཐའ་ཡས་དང་། དེ་ནས་འདོད་སེམས། དེ་ལྟར་བཞི་བརྒལ་ནས་ནམ་མཁའ་མཐའ་ཡས་དང་། ཡང་འདོད་སེམས། དེ་ལྟར་ལྔ་བརྒལ་ནས་བསམ་གཏན་བཞི་པ་དང་། ཡང་འདོད་སེམས། དེ་ལྟར་དྲུག་བརྒལ་ནས་བསམ་གཏན་གསུམ་པ་དང་། ཡང་འདོད་སེམས། དེ་ལྟར་བདུན་བརྒལ་ནས་བསམ་གཏན་གཉིས་པ་དང་། ཡང་འདོད་སེམས། དེ་ལྟར་བརྒྱད་བརྒལ་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅིང་། དེ་ལས་ལངས་ནས་འདོད་སེམས་མངོན་དུ་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་ཡིན་པའི་ཕྱིར། དེ་ལྟ་བུའི་ཐོད་རྒལ་གྱི་ཏིང་ངེ་འཛིན་དེ་ཆོས་ཅན། སྒོམ་ལམ་རྩེ་སྦྱོར་གྱི་རང་བཞིན་ཐོད་རྒལ་གྱི་སྙོམས་འཇུག་ཞེས་བྱ་སྟེ། འགོག་པ་དང་བཅས་པའི་སྙོམས་འཇུག་དགུའི་བར་དུ་འདོད་སེམས་སྤེལ་ཏེ། སྤེལ་གཞི་དང་སྤེལ་ཆོས་མི་འདྲ་བར་སྤེལ་ནས་འགྲོ་བའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར་ཏེ། སྤེལ་གཞི་མཐར་གནས་སྙོམས་འཇུག་དགུ་ལ་སྤེལ་ཆོས་འདོད་སེམས་སྤེལ་ནས་སྙོམས་པར་འཇུག་པའི་སྙོམས་འཇུག་ཡིན་པའི་ཕྱིར། དེ་ནི་དངོས་བསྟན་ཡིན་ལ། དེའི་ཤུགས་ཀྱིས་གང་བསྟན་པ་ཡང་ཡོད་དེ། བར་དུ་གང་ཡང་མ་གྲུབ་པའི་ཡར་སོང་གཅིག་དང་། མར་འོངས་བསམ་གཟུགས་བརྒྱད་ལ་འགོག་པ་སྤེལ་བ་གཉིས་དོན་གྱིས་བསྟན་པའི་ཕྱིར། གཉིས་པ་སྦང་བྱ་རྟོག་པ་ལ། གཟུང་རྟོག་དང་འཛིན་རྟོག་བཤད་པ་གཉིས། དང་པོ་ལ། འཇུག་པ་གཟུང་རྟོག་དང་། ལྡོག་པ་གཟུང་རྟོག་གཉིས། དང་པོ་ནི། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི། །ནས། སྦྱོར་པའི་རྣམ་པའི་སྤྱོད་ཡུམ་ཅན། །ཞེས་པའི་བར་གསུངས། དོན་ནི། གཉེན་པོ་སྦྱོང་བའི་རྣམ་པའི་སྤྱོད་ཡུལ་ཅན་སྤང་བྱ་ཤེས་སྒྲིབ་འཇུག་པ་གཟུང་བའི་རྣམ་པར་རྟོག་པ་འདི་ཆོས་ཅན། ཁྱོད་ལ་དགུ་ཡོད་དེ། མདོར་བསྡུས་པའི་གསུང་རབ་བརྗོད་བྱ་དང་བཅས་པ་ལ། དམིགས་ནས་འཇུག་བྱར་བདེན་པར་ཞེན་པ་དང་། དེ་བཞིན་དུ་གསུང་རབ་རྒྱས་པའི་བརྗོད་བྱ་བ་དང་། སངས་རྒྱས་ཀྱི་བསྲུང་བས་ཏེ་གྲོགས་ཀྱིས་ཡོངས་སུ་མ་བཟུང་བའི་གཉེན་པོ་ཤེར་ཕྱིན་མ་དང་། འདས་པ་སྦྱོར་ལམ་དང་ད་ལྟ་བ་མཐོང་ལམ་དང་མ་འོངས་པ་སྒོམ་ལམ་སྟེ་དུས་གསུམ་ཀྱི་ཡོན་ཏན་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་པ་ལ་དམིགས་པ་དུས་ལ་ལྟོས་པ་གསུམ་དང་། ལེགས་པའི་མྱ་ངན་ལས་འདས་པའི་ལམ་ནི་སྦྱོར་མཐོང་སྒོམ་པའི་ལམ་སྒོམ་པའི་ལམ་རྣམ་པ་གསུམ་གྱི་ངོ་བོ་ལ་དམིགས་ནས་འཇུག་བྱར་བདེན་པར་འཛིན་པའི་བདེན་འཛིན་གསུམ་དང་བཅས་པ་དགུ་ཡོད་པའི་ཕྱིར། གཉིས་པ་ནི། གཉིས་པ་སེམས་དང་སེམས་བྱུང་རྣམས། །ནས། སྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་པའི་བར་གསུངས། དོན་ནི། ཐེག་ཆེན་གྱི་སྒོམ་པའི་ལམ་གྱིས་བསྡུས་པའི་སེམས་དང་སེམས་བྱུང་འཇུག་པའི་ཡུལ་ཅན་བར་ཆད་མེད་ལམ་རྣམས་ཀྱིས་སྤོང་བར་ཡིན་པར་བཞེད་པའི་གཉིས་པ་ཤེས་སྒྲིབ་ལྡོག་པ་གཟུང་རྟོག་ཆོས་ཅན། ཁྱོད་ལ་དགུ་ཡོད་པར་ཤེས་པར་བྱ་སྟེ། རེ་ཞིག་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་ལ་དམིགས་ནས་ལྡོག་བྱར་བདེན་པར་ཞེན་པ་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ཆོས་སྐུ་ཡིད་ལ་མི་བྱེད་པ་ལ་དང་། ཉན་རང་གི་ཐེག་པ་དམན་པ་ཡིད་ལ་བྱེད་པ་གཉིས་ལ་དང་། རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་ལ་དང་། ལམ་ཤེར་ཕྱིན་གྱི་གཟུགས་བརྙན་སྒོམ་པ་ལ་དང་། སྟོང་ཉིད་ཕྲ་མོ་སྒོམ་པ་མེད་པ་ལ་དང་། སྒོམ་དང་སྒོམ་པ་མེད་པ་དེ་དག་ལས་ནི་བཟློག་པ་སྒོམ་མིན་པ་ཉིད་ལ་དམིགས་པ་གཉིས་པ་དང་། གནས་ལུགས་ཇི་ལྟ་བ་བཞིན་གྱི་དོན་མ་ཡིན་པ་རྣམས་ལ་དམིགས་ནས་ལྡོག་བྱར་བདེན་པར་རྣམ་པར་རྟོག་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། རྫས་འཛིན་རྟོག་པ་དང་། བཏགས་འཛིན་རྟོགས་པ་གཉིས། དང་པོ་ནི། སེམས་ཅན་བཏགས་པའི་སྦྱོད་ཡུལ་ཅན། །ནས། ཤེས་བར་བྱ་བ་བསྒྲགས་པ་ཡིན། །ཞེས་པའི་བར་གསུངས། དོན་ནི། སྤང་བྱ་རྫས་སུ་འཛིན་པར་བྱེད་པ་དང་པོར་གནས་པ་དེ་ལྟར་ཤེས་པར་བྱ་བ་མདོ་ལས་བསྒྲགས་པ་གང་ཡིན་པའི་སྒོམ་སྤང་རྫས་འཛིན་རྟོགས་པ་ཆོས་ཅན། ཁྱོད་ལ་དགུ་ཡོད་དེ། སེམས་ཅན་དུ་བཏགས་པའི་སྤྱོད་ཡུལ་སོ་སྐྱེ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པ་དང་། དེ་བཞིན་དུ་ཕུང་སོགས་ཀྱི་ཆོས་སུ་བཏགས་པ་ཙམ་གྱིས་གང་ཟག་ལ་དང་། ཐ་སྙད་དུ་ཡོད་པས་སྟོང་པ་མ་ཡིན་པ་ཉིད་ཀྱི་མཁྱེན་གསུམ་སྒོམ་པའི་གང་ཟག་ལ་དང་། དམིགས་པ་ལ་བདེན་པར་ཆགས་པའི་སྐྱེ་བོ་ལ་དང་། གནས་ལུགས་ཀྱི་དོན་རབ་ཏུ་འབྱེད་པའི་བདག་ཉིད་ཅན་གྱི་བྱང་སེམས་ལ་དང་། དམན་པའི་མྱ་འདས་ཀྱི་དངོས་པོ་ཐོབ་བྱར་བྱེད་པའི་ཉན་རང་འཕགས་པ་ལ་དང་། ཐེག་པ་གསུམ་གྱིས་ངེས་འབྱུང་བའི་བྱང་སེམས་ལ་དང་། སྦྱིན་བདག་གི་ཡོན་གྱི་དག་པ་མ་ཡིན་པའི་ཉན་ཐོས་ཚོགས་ལམ་པ་ལ་དང་། ཕྱིན་དྲུག་གི་སྤྱོད་པ་རྣམ་པར་འཁྲུག་པའི་ཉན་ཐོས་ཚོགས་ལམ་པ་ལ་དམིགས་ནས་ལོངས་སྤྱོད་དུ་བདེན་པར་འཛིན་པའི་བདེན་འཛིན་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཞེས་སོགས་རྐང་པ་བཞིས་མདོར་བསྟན་ནས། བདག་ཉིད་ཇི་བཞིན་ཀུན་མཁྱེན་ཉིད། །ནས། རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་པའི་བར་གྱིས་རྒྱས་པར་བཤད་ལ། དང་པོའི་དོན་ནི། སེམས་ཅན་དུ་ཐ་སྙད་དུ་བཏགས་པ་དང་ཐ་སྙད་དེ་འདོགས་པའི་རྒྱུ་ཡི་ཕུང་པོ་ལ་བདེན་པར་ཞེན་པའི་ཡུལ་ཅན་གཞན་སྒོམ་སྤང་བཏགས་འཛིན་རྟོག་བ་ཆོས་ཅན། ཐེག་ཆེན་གྱི་སྒོམ་པའི་དེ་ཡིས་རྣམ་པར་འཇོམས་པས་སྒོམ་པའི་ལམ་དེ་དང་འབྲེལ་བ་ཡི་མི་མཐུན་པའི་ཕྱོགས་རྣམ་པ་དགུ་ཡོད་དེ། དམིགས་ཡུལ་གྱི་དབྱེ་བས་དེ་ལྟར་ཡོད་པའི་ཕྱིར། གཉིས་པའི་དོན་ནི། རྟོག་པ་དེ་ཆོས་ཅན། ཁྱོད་ལ་དགུ་ཡོད་དེ། རང་གི་དམིགས་པའི་བདག་ཉིད་ཇི་བཞིན་དུ་གཞི་ཤེས་སོགས་ཀུན་མཁྱེན་ནི་རྣམ་པ་གསུམ་གྱི་སྒྲིམ་པ་རྣམ་པ་གསུམ་སྤོང་པའི་སྐྱེས་བུ་ལ་དམིགས་ལོངས་སྤྱོད་པ་པོར་བདེན་པར་འཛིན་པའི་རྨོངས་པ་གསུམ་དང་། དེ་བཞིན་དུ་སྒྲིབ་པ་ཐམས་ཅད་ཞི་བའི་ལམ་ལ་རྨོངས་པ་དང་། ཆོས་ཉིད་ཀྱི་དེ་བཞིན་ཉིད་ལ་སོགས་པ་དང་ཆོས་ཅན་གཟུགས་སོགས་མཚུངས་པར་ལྡན་པ་ངོ་བོ་གཅིག་པ་དང་མི་ལྡན་པ་ངོ་བོ་ཐ་དད་པ་ལ་དང་། ཐེག་པ་ཆེ་ཆུང་གི་ལམ་མི་མཉམ་པ་ལ་དང་། སྡུག་བསྔལ་ལ་སོགས་པ་བདེན་བཞིའི་ཆོས་ཉིད་ལ་དང་། ཉོན་མོངས་རྣམས་གློ་བུར་བ་ཉིད་ཀྱི་རང་བཞིན་ལ་དང་། གཟུང་འཛིན་རྗས་ཐ་དད་པའི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ལ་ཀུན་ཏུ་རྨོངས་པའི་སྐྱེས་བུ་ལ་དམིགས་ནས་ལོངས་སྦྱོད་པ་པོར་བདེན་པར་རྣམ་བར་རྟོག་པ་ཐ་མར་བཞེད་པ་རྣམས་སུ་ཡོད་པའི་ཕྱིར། སྐབས་འདིར་དངོས་སུ་བསྟན་པ་ནི་རྟོག་པ་ལྷན་སྐྱེས་ཀྱི་དབང་དུ་མཛད་པ་ཡིན་ཏེ། སྒོམ་སྤངས་ཀྱི་དབང་དུ་མཛད་ནས་གསུངས་པའི་ཕྱིར། གཟུང་རྟོག་དང་འཛིན་རྟོག་ཏུ་འཇོག་ཚུལ་གྱི་ཁྱད་པར་ནི་སྔར་བཤད་པ་དང་འདྲའོ། གསུམ་པ་ཕན་ཡོན་ནི། ཡམས་ནད་འདི་རྣམས་ཟད་ནས་ནི། །ནས། རྣམས་པ་ཀུན་ཏུ་བསྟེན་པར་བྱེད། །ཅེས་པའི་བར་གསུངས། དོན་ནི། ཐེག་པ་ཆེན་པོའི་སྤངས་རྟོགས་ཀྱི་འབྲས་བུ་མཆོག་གིས་སྤ་བ་སྟེ་མཛེས་པ་ཡི་སྒོམ་ལམ་ཆེན་པོའི་ཆེན་པོ་ལ་གནས་པའི་སེམས་དཔའ་ཆེན་པོ་དེ་ཆོས་ཅན། ཁྱོད་ལ་ནི་ཐེག་པ་གསུམ་གྱི་སྤང་རྟོགས་ཀྱི་ཡོན་ཏན་གྱི་རིགས་ཕུན་སུམ་ཚོགས་པ་རྣམ་པ་ཀུན་ཏུ་བསྟེན་པར་བྱེད་དེ། ནད་པ་ནད་ལས་གྲོལ་ནས་ཡུན་རིང་ལོན་ནས་དགའ་བས་དབུགས་ཕྱིན་པ་ལྟར་མི་བཟད་པའི་ཡམས་ནད་དང་འདྲ་བའི་སྒོམ་སྤངས་ཆུང་ངུའི་ཆུང་ངུ་སོགས་སྤང་བྱ་འདི་རྣམས་ཟད་ནས་ནི་རྣམ་པ་ཀུན་ཏུ་འགྲོ་བ་ཡི་སྒྲིབ་གཉིས་ཀྱི་ནད་སེལ་བར་བྱེད་པའི་སྤང་བའི་ཡོན་ཏན་དང་། རྒྱ་མཚོ་ཆེ་ལ་ཆུ་བོ་འདུ་བ་བཞིན་དུ་ཐེག་པ་གསུམ་གྱི་རྟོགས་རིགས་རྣམས་ངང་གིས་འདུ་བས་འགྲོ་བའི་བདེ་བ་མ་ལུས་པ་སྒྲུབ་པར་བྱེད་པའི་རྟོགས་པའི་ཡོན་ཏན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། བཞི་པ་བར་ཆད་མེད་པའི་རྩེ་སྦྱོར་བཤད་པ་ལ། དངོས་ཀྱི་དོན་དང་། ལོག་རྟོག་བསལ་བ་གཉིས། དང་པོ་ལ། བསོད་ནམས་མང་པོས་མཚོན་ཏེ་བསྟན་པ་དང་། དམིགས་རྣམ་བཤད་པ་གཉིས། དང་པོ་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། ནས། དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་པའི་བར་གསུངས། དོན་ནི། མདོ་ལས་སྟོང་གསུམ་ཀྱི་སྐྱེ་བོ་རྣམས་ཉན་ཐོས་དང་བསེ་རུ་ལྟ་བུའི་རང་རྒྱལ་གྱི་རྟོགས་པ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་སྐྱོན་མེད་པའི་ས་དང་པོ་ལ་བཀོད་པའི་དགེ་བ་རྣམས་བསོད་ནམས་ཆེ་བ་དཔེར་མཛད་ནས་དེ་བས་ཀྱང་བསོད་ནམས་ཆེས་མང་པོ་ཉིད་ཀྱིས་ནི་མཚོན་ཏེ་བསྟན་པའི་རྒྱུན་མཐའི་བར་ཆད་མེད་ལམ་པའི་ཏིང་ངེ་འཛིན་དེ་ནི་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་ཡིན་ཏེ། སངས་རྒྱས་ཉིད་ཀྱི་ཡེ་ཤེས་རྣམ་པ་ཀུན་མཁྱེན་པ་ཉིད་བར་ཆད་མེད་ལམ་དུ་དངོས་སུ་སྐྱེད་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་ནི། འདི་ཡི་དམིགས་པ་དངོས་མེད་དེ། །ནས། །རབ་ཏུ་སྨྲ་རྣམས་རྒྱུད་མར་རྒོལ། །ཞེས་པའི་བར་གསུངས། དོན་ནི། བདེན་གྲུབ་ཀྱི་དངོས་པོ་མེད་པ་དེ་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་འདི་ཡི་དམིགས་པ་ཡིན་ཏེ། དེའི་སྒྲོ་འདོགས་གཅད་གཞི་ཡིན་པའི་ཕྱིར། རྒྱུན་མཐའི་སྦྱོར་བའི་དུས་ཀྱི་དྲན་པ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། རྩེ་སྦྱོར་དེའི་བདག་པོའི་རྐྱེན་ཡིན་པར་བཞེད་དེ། དེ་རང་དབང་དུ་དངོས་སུ་བསྐྱེད་པར་བྱེད་པའི་སེམས་པའི་ཡེ་ཤེས་ཡིན་པའི་ཕྱིར། བར་ཆད་མེད་པའི་རྩེ་སྦྱོར་ཆོས་ཅན། རྣམ་པ་ཞི་བ་ཉིད་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་གཉིས་སྣང་གི་སྤྲོས་པ་ཉེ་བར་ཞི་བའི་སེམས་དཔའི་རྣམ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྣམ་འདི་ཆོས་ཅན། ཤིན་ཏུ་ཟབ་པ་ཡིན་ཏེ། ཁྱོད་ལ་ནི་བདེན་གཉིས་ངོ་བོ་འགལ་བར་འཛིན་པའི་དབང་གིས་རྩོད་པ་རབ་ཏུ་སྨ་བ་རྣམས་ཀྱིས་རྒྱུད་མར་རྒོལ་བར་འབྱུང་ཡང་ཀླན་ཀའི་གནས་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལོག་རྟོག་བསལ་པ་ནི། དམིགས་པ་འཐད་དད་དེ་ཡི་ནི། །ནས། རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཞེས་པའི་བར་གསུངས། དོན་ནི། རྣམ་པ་ཀུན་མཁྱེན་པ་ཉིད་དང་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྣམས་ལ་བརྟེན་པ་ཅན་གྱི་བདེན་གཉིས་ངོ་བོ་གཅིག་ཏུ་འདུ་མི་རུང་བར་འགལ་བར་སྨྲ་བ་རྣམས་ཀྱིས་ལོག་པར་རྟོག་པ་ཆོས་ཅན། རྣམ་པ་བཅུ་དྲུག་དག་ཏུ་བཞེད་དེ། བར་ཆད་མེད་པའི་རྩེ་སྦྱོར་དེའི་དམིགས་པ་འཐད་པ་ལ་མི་འཐད་དོ་སྙམ་དུ་ལོག་པར་རྟོག་པ་དང་། དེ་བཞིན་དུ་དམིགས་པ་དེ་ཡི་ནི་ངོ་བོ་ཉིད་བདེན་སྟོང་དུ་ངེས་པར་བཟུང་བ་ལ་དང་། འབྲས་བུ་རྣམ་ཀུན་མཁྱེན་ཉིད་ཀྱི་ཡེ་ཤེས་ལ་དང་། དོན་དམ་པའི་བདེན་པའི་དོན་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ལ་དང་། སྤྱོད་པ་ཞི་ལྷག་ཟུང་འབྲེལ་ཀྱི་རྣལ་འབྱོར་བ་དང་། སྐྱབས་དཀོན་མཆོག་གསུམ་སོ་སོ་ལ་དང་། ཐབས་ལ་མཁས་དང་བཅས་པ་ལ་དང་། ཐུབ་པའི་མངོན་པར་རྟོགས་པ་ལ་དང་། རྟག་འཛིན་སོགས་ཕྱིན་ཅི་ལོག་བཞི་དང་ནི་དེ་དག་སྤོང་བར་བྱེད་པའི་ལམ་དང་བཅས་པ་གཉིས་པ་ལ་དང་། གཉེན་པོ་ཡེ་ཤེས་དང་སྤང་བྱ་མི་མཐུན་ཕྱོགས་དག་ལ་དང་། སྒོམ་བྱ་དང་སྤྱིའི་མཚན་ཉིད་དང་དེ་སྒོམ་པ་གཉིས་ལ་ལོག་པར་རྟོག་པ་གཉིས་རྣམས་སུ་ཡོད་པའི་ཕྱིར། ལོག་རྟོག་རྣམས་ཀྱི་ཀུན་ནས་བསླངས་པའི་སུན་འཕྱིན་དེ་ལ་གཉིས་ཡོད་དེ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་དང་དོན་དམ་སྒོ་ཅན་གྱི་ཀླན་ཀ་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། དབུ་མ་པའི་ཀུན་རྫོབ་ཀྱི་ཁས་ལེན་རྟགས་སུ་བཀོད་ནས་དོན་དམ་སུན་འབྱིན་པའི་སུན་འབྱིན་དེ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་དང་། དབུ་མ་པའི་དོན་དམ་གྱི་ཁས་ལེན་རྟགས་སུ་བཀོད་ནས་ཀུན་རྫོབ་སུན་འབྱིན་པའི་སུན་འབྱིན་དེ། དོན་དམ་སྒོ་ཅན་གྱི་ཀླན་ཀ་ཡིན་པའི་ཕྱིར། དང་པོ་ནི། དངོས་སྨྲ་བས་དབུ་མ་པ་ལ་ས་བོན་གྱིས་མྱུ་གུ་བསྐྱེད་པ་མི་འཐད་པར་ཐལ། ས་མྱུ ག་ཀུན་རྫོབ་ཏུ་གྲུབ་པའི་ཕྱིར་ཞེས་འཕངས་པའི་སུན་འབྱིན་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ནི། བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྣམ་མི་འཐད་པར་ཐལ། ཆོས་ཐམས་ཅད་དོན་དམ་པར་གྲུབ་པའི་ཕྱིར་ཞེས་པ་ལྟ་བུ་ཡིན་པའི་ཕྱིར་རོ། །གསུམ་པ་མཐར་གྱིས་སྦྱོར་བ་ནི། སྦྱིན་པ་ཤེས་རབ་བར་དག་དང་། ཞེས་པ་ནས། མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་པའི་བར་གསུངས། དོན་ནི། ཤེས་བྱ་ཆོས་ཅན། མཐར་གྱིས་པ་ཡི་བྱ་བར་བཞེད་པ་བཅུ་གསུམ་ཡོད་དེ། སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི་མཐར་གྱིས་བར་དྲུག་དག་དང་། སངས་རྒྱས་ལ་སོགས་པ་སྟེ་ཆོས་དགེ་འདུན་ཚུལ་ཁྲིམས་གཏོང་བ་ལྷ་རྗེས་སུ་དྲན་པ་དྲུག་དང་། ཆོས་ཐམས་ཅད་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་པ་ཉིད་ཀྱི་ནི་དབྱེ་བས་མཐར་གྱིས་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། མཐར་གྱིས་སྦྱོར་བའི་དོན་ཡོད་དེ། མཁྱེན་གསུམ་གྱི་རྣམ་པར་བརྒྱ་བདུན་ཅུ་རྩ་གསུམ་བསྒོམ་པའི་ཚེ་ཆོས་བཅུ་གསུམ་པོ་དེས་ཟིན་པའི་སྒོ་ནས་གོ་རིམ་མ་འཆོལ་བར་སྒོམ་པར་བྱེད་པའི་དོན་ཡིན་པའི་ཕྱིར། །བཞི་པ་སྐད་ཅིག་སྦྱོར་བ་བཤད་པ་ལ། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་སྦྱོར་བ། རྣམ་པར་སྨིན་པའི། མཚན་ཉིད་མེད་པའི། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བ་དང་བཞི། དང་པོ་ལ་དངོས་དང་། དཔེ་གཉིས་ལས། དང་པོ་ནི། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། རྒྱུན་མཐའི་བར་ཆད་མེད་ལམ་ལ་གནས་པའི་ཐུབ་པའི་རྒྱུད་ཀྱི་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ལམ་གྱི་རིགས་རྣམས་མངོན་དུ་བྱེད་པའི་སྦྱོར་བ་འདི་ནི་ཆོས་ཅན། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མ་གཅིག་པ་ཡི་རྟོགས་པ་ཡིན་པར་ཤེས་བྱ་སྟེ། སྦྱིན་པ་ལ་སོགས་པའི་ཕྱིན་དྲུག་རེ་རེས་ཀྱང་རྣམ་པར་སྨིན་པ་མ་ཡིན་པའི་ཟག་མེད་ཀྱི་ཆོས་ཀྱི་རིགས་ཀུན་བསྡུས་ནས་མངོན་དུ་བྱེད་པའི་སེམས་དཔའི་སྦྱོར་བ་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་དཔེ་ནི། ཇི་ལྟར་སྐྱེས་བུ་ཟོ་ཆུན་རྒྱུད། །ཞེས་སོགས་རྐང་བ་བཞི། དོན་ནི། རྒྱུད་མཐའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཟག་མེད་ཀྱི་ཡེ་ཤེས་ཐམས་ཅད་ཤེས་ནུས་པ་ཐོབ་པ་ཡིན་ཏེ། ཇི་ལྟར་ཏེ་དཔེར་ན་ཟོ་ཆུན་གྱི་རྒྱུད་གཅིག་སྐྱེས་བུས་རྡོག་ཐབས་གཅིག་གིས་བསྐྱོད་པ་ན་རྒྱུད་ཐམས་ཅད་ཅིག་ཆར་འགུལ་བ་ལྟར་དཔེ་ཚུལ་དེ་བཞིན་དུ་ཤེས་ནུས་པའི་ཕྱིར། གཉིས་པ་རྣམ་པར་སྨིན་པ་ནི། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །ཞེས་སོགས་རྐང་པ་བཞི། དོན་ནི། སྒྲིབ་གཉིས་ཀྱི་དངོས་གཉེན་བར་ཆད་མེད་ལམ་སྒོམ་པ་གང་གི་ཚེ་དྲི་མ་ཐམས་ཅད་དང་བྲལ་བའི་ཆོས་དཀར་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟག་མེད་རྣམ་པར་སྨིན་པའི་ཆོས་ཉིད་ཀྱི་གནས་སྐབས་རྒྱུན་མཐའི་ཡེ་ཤེས་སྐྱེས་པ་དེའི་ཚེ་རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། ཟག་མེད་ཀྱི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་དུ་བྱེད་ནུས་པ་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། གསུམ་པ་མཚན་ཉིད་མེད་པ་ནི། སྦྱིན་པ་ལ་སོགས་སྤྱོད་པ་ཡིས། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། རྒྱུན་མཐའི་བར་ཆད་མེད་ལམ་ཆོས་ཅན། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། ཀུན་བྱང་གི་ཆོས་རྣམས་དོན་དམ་པར་མཚན་ཉིད་མེད་པ་ཉིད་དུ་དུས་སྐད་ཅིག་མ་གཅིག་གིས་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། དེར་ཐལ། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་དྲུག་གི་སྤྱོད་པ་ཡིས་ཆོས་ཀུན་སྣང་ལ་རང་བཞིན་མེད་པ་རྨི་ལམ་དང་འདྲ་བར་རྟོགས་པ་ལ་གནས་ནས་གོམས་པའི་སེམས་དཔའི་རྣམ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། བཞི་པ་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་པ་ནི། རྨི་ལམ་དང་ནི་དེ་མཐོང་ཉིད་ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། རྒྱུན་མཐའི་བར་ཆད་མེད་ལཾ་ཆོས་ཅན། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། གཟུང་འཛིན་གྱི་ཆོས་རྣམས་རྫས་ཐ་དད་ཀྱིས་སྟོང་པ་གཉིས་སུ་མེད་པ་ཡི་དེ་ཉིད་སྐད་ཅིག་མ་གཅིག་གིས་མངོན་སུམ་དུ་མཐོང་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། དཔེར་ན། རྨི་ལཾ་གྱི་རི་རབ་ཁང་ཁྱིམ་སོགས་དང་ནི་དེ་མཐོང་པའི་སད་པའི་ཤེས་པ་ཉིད་རྫས་ཐ་དད་པ་གཉིས་ཀྱི་ཚུལ་དུ་མི་མཐོང་བ་ལྟར་རོ། སྐད་ཅིག་མའི་སྦྱོར་བ་བཞི་པོ་ནི་འགལ་བ་མ་ཡིན་ཏེ། གཞི་གཅིག་བྱེད་ལས་ཐ་དད་པའི་སྒོ་ནས་བཞག་པས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཙམ་ཡིན་པའི་ཕྱིར་ཏེ། རྩ་བར་མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་གསུངས་པའི་ཕྱིར་རོ། །ཅེས་པ་འདི་ཉིད་ཀྱང་བཤད་སྒྲུབ་མིང་ཅན་གྱིས་བྲིས་པའོ། །བཀྲ་ཤིས། །

མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་པའི་ཊཱིཀྐ་དོན་གྱི་སྙིང་པོ་བསྡུས་པ།

མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་པའི་ཊཱིཀྐ་དོན་གྱི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས།

གསུམ་པ་ཆོས་སྐུ་རྒྱས་པར་བཤད་པ་ལ། སྐབས་འདིར་ཆོས་སྐུ་འཆད་པའི་རྒྱུ་མཚན་དང་། གཞུང་དོན་དངོས་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། སྐད་ཅིག་སྦྱོར་བ་བཤད་ཟིན་པའི་རྗེས་སུ་འབྲས་བུ་ཆོས་སྐུ་འཆད་པའི་རྒྱུ་མཚན་ཡོད་དེ། སྐད་ཅིག་སྦྱོར་བ་སྒོམ་པའི་བྱང་སེམས་རྒྱུན་མཐའ་བ་དེས་སྐད་ཅིག་གཉིས་པའི་དུས་སུ་འབྲས་བུ་ཆོས་སྐུ་འཐོབ་པར་འགྱུར་བའི་རྒྱུ་མཚན་གྱིས་བཤད་པའི་ཕྱིར་ཏེ། དེ་ལྟར་ཡང་འགྲེལ་བ་ལས། སྐད་ཅིག་མ་ཅིག་པའི་མངོན་པར་རྟོགས་པ་བྱང་ཆུབ་པ་རྣམ་པར་བསྒོམས་པའི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། བྱང་སེམས་རྒྱུན་མཐའ་བ་གསར་དུ་སངས་རྒྱས་པའི་དུས་མཚམས་ཡོད་དེ། རྣམ་མཁྱེན་སྐད་ཅིག་དང་པོ་ཐོབ་པ་དང་། ཇི་ལྟ་བ་ལ་མཉམ་པར་བཞག་བཞིན་པའི་ངང་ནས་ཇི་སྙེད་པའི་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པ་དང་། ཡང་དག་མཐའ་མངོན་དུ་བྱས་པ་དང་། མཚན་དཔེས་སྦྲས་པའི་ལུས་ཀྱི་རིགས་འདྲ་ཕྱི་མ་ལོངས་སྐུའི་ལུས་སུ་གནས་གྱུར་པ་དང་། ལོངས་སྐུ་དང་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་པའི་ཚུལ་གྱིས་འབྲེལ་པ་གྲུབ་པའི་སྤྲུལ་སྐུ་གྲངས་མེད་ཐོབ་པ་དུས་མཉམ་པའི་ཕྱིར་རོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ། སྐུའི་རྣམ་གཞག་དང་། འཕྲིན་ལས་ཀྱི་རྣམ་གཞག་གཉིས། དང་པོ་ལ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའི་རྣམ་གཞག་བཤད་པ་དང་བཞི། དང་པོ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་པ་ནས། དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་པའི་བར་གསུངས། དོན་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཆོས་ཅན། ཁྱོད་ཁྱད་ཆོས་གསུམ་དང་ལྡན་པ་ཡིན་ཏེ། ཟག་པ་མེད་པའི་ཆོས་ཡེ་ཤེས་སྡེ་ཚན་ཉེར་ཅིག་པོ་གང་དག་རྫོགས་པར་ཐོབ་པར་གྱུར་པ་ལྡན་པའི་ཁྱད་པར། སྒྲིབ་གཉིས་རྣམ་པ་ཀུན་ཏུ་རྣམ་པར་དག་པ་བྲལ་བའི་ཁྱད་པར། ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་དེ་དག་རང་བཞིན་བདེན་པས་སྟོང་པའི་མཚན་ཉིད་ཅན་གྱི་ངོ་བོའི་ཁྱད་པར་ཏེ་ཁྱད་ཆོས་གསུམ་དང་ལྡན་པའི་དག་པ་གཉིས་ལྡན་གྱི་སྐུ་ཡིན་པའི་ཕྱིར། དབྱེ་ན་གཉིས་ཡོད་དེ། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་དང་། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་གཉིས་ཡོད་པའི་ཕྱིར། སྐབས་འདིར་དེ་གཉིས་འགལ་བ་ཡིན་ཏེ། དང་པོ་དོན་དམ་བདེན་པ་དང་། ཕྱི་མ་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཏེ། དང་པོ་ནི་སྟོང་གཞི་ཟག་མེད་ཀྱི་ཡེ་ཤེས་རྣམས་བདེན་པས་སྟོང་པའི་སྟོང་ཉིད་དང་། ཕྱི་མ་ནི་དེ་རྣམས་ཀྱི་དྲི་མ་སྤངས་པའི་ཆ་ལ་འཇོག་པའི་ཕྱིར་རོ། །གཉིས་པ་ཡེ་ཤེས་ཆོས་སྐུ་བཤད་པ་ལ། དངོས་དང་། བྱེ་བྲག་ཏུ་བཤད་པ་དང་། དེ་ལ་རྩོད་པ་སྤོང་པ་དང་གསུམ། དང་པོ་ནི། སངས་རྒྱས་འཕགས་པའི་རྒྱུད་ཀྱི་དྲན་པ་ཉེར་བཞག་ནས། འཕགས་ལམ་ཡན་ལག་བརྒྱད་ཀྱི་བར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང་། བྱམས་སོགས་ཚད་མེད་པ་བཞི་དང་། གཟུགས་ཅན་གྱི་རྣམ་ཐར་གཉིས་སྡུག་པའི་རྣམ་ཐར་གཅིག གཟུགས་མེད་ཀྱི་རྣམ་ཐར་བཞི་འགོག་པའི་རྣཾ་པར་ཐར་པ་དང་བརྒྱད། བསམ་གཏན་བཞི་དང་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་བཞི་འགོག་པའི་སྙོམས་འཇུག་གཅིག་སྟེ་མཐར་གྱིས་ནི་གནས་པའི་སྙོམས་པར་འཇུག་པ་དགུ་ཡི་བདག་ཉིད་དང་། ཟད་པར་ས་ཆུ་མེ་རླུང་སྔོན་པོ་སེར་པོ་དམར་པོ་དཀར་པོ་ནམ་མཁའ་རྣམ་ཤེས་ཀྱི་སྐྱེ་མཆེད་དེ་ཟད་པར་གྱི་སྐྱེ་མཆེད་བཅུ་ཡི་བདག་ཉིད་དང་། རྣལ་འབྱོར་པ་རང་ལུས་ལ་གཟུགས་ཀྱི་འདུ་ཤེས་བཞག་ནས་ཕྱི་རོལ་གྱི་གཟུགས་ཆེ་ཆུང་ལ་ལྟ་བ་གཉིས་དང་། གཟུགས་ཀྱི་འདུ་ཤེས་མ་བཞག་པར་གཟུགས་ཆེ་ཆུང་དུ་ལྟ་བ་གཉིས་ཏེ་བཞི་དང་། དེའི་འདུ་ཤེས་མ་བཞག་པར་སྔོ་སེར་དཀར་དམར་བཞི་ཟིལ་གྱིས་གནོན་པའི་ཟིལ་གནོན་གྱི་སྐྱེ་མཆེད་བཞིའི་རབ་ཏུ་དབྱེ་བས་རྣམ་པ་བརྒྱད་དང་། ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང་། སྨོན་གནས་མཁྱེན་པ་དང་། མིག་གི་མངོན་ཤེས་སོགས་མངོན་ཤེས་དྲུག་དང་། ཆོས་དོན་ངེས་པའི་ཚིག་སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་དང་། རྟེན་དམིགས་པ་ཐུགས་ཡེ་ཤེས་ཏེ་རྣམ་པ་ཐམས་ཅད་དག་པ་བཞི་དང་། ཚེ་སེམས་ཡོ་བྱད་ལས་སྐྱེ་བ་མོས་པ་སྨོན་ལམ་རྫུ་འཕྲུལ་ཡེ་ཤེས་ཆོས་ལ་དབང་བ་སྟེ་དབང་བཅུ་དང་། གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་བཅུ་དང་། མི་འཇིགས་པ་ནི་བཞི་དག་དང་། སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་བསྲུང་བ་མེད་པ་རྣམ་པ་གསུམ་དང་། ཆོས་སྟོན་པའི་ཚེ་གདུལ་བྱས་ཉན་འདོད་པ་དང་མི་འདོད་པ་དང་དེ་གཉིས་ཀ་ལ་ཆགས་སྡང་མེད་པའི་དྲན་པ་ཉེ་བར་གཞག་པ་རྣམ་པ་གསུམ་དང་། སེམས་ཅན་འདུལ་བའི་འདུས་ལས་མི་འདའ་བའི་བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། སྒྲིབ་གཉིས་གྱི་བག་ཆགས་ཡང་དག་པར་བཅོམ་པ་དང་། སྐྱེ་བོ་མཐའ་དག་ལ་ཕན་པའི་ཐུགས་རྗེ་ཆེན་པོ་དང་། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཁོ་ནའི་མ་འདྲེས་པའི་ཆོས་བཅོ་བརྒྱད་མདོ་ལས་བཤད་པ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དང་གི་སྒྲས་བསྟན་པའི་ལམ་ཤེས་དང་། གཞི་ཤེས་ཏེ་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་དེ་དག་ཆོས་ཅན། ཁྱོད་ལ་ཡེ་ཤེས་ཆོས་སྐུ་ཞེས་བརྗོད་པ་ཡིན་ཏེ། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། འདིར་སློབ་དཔོན་འཕགས་པ་དང་སེང་བཟང་གཉིས་ཀྱིས་རྩ་བའི་དགོངས་པའི་འགྲེལ་ཚུལ་ལ་ཁྱད་པར་ཅུང་ཟད་ཡོད་དེ། འཕགས་པས་ཐུབ་པའི་ངོ་བོ་ཉིད་སྐུ་ནི་ཞེས་སོགས་རྐང་པ་བཞིས་ངོ་བོ་ཉིད་སྐུ་མདོར་བསྟན་ནས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་བར་གྱིས་ངོ་བོ་ཉིད་སྐུ་རྒྱས་པར་བཤད་པར་བཞེད་ལ། སློབ་དཔོན་སེང་གེ་བཟང་པོས་ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་སོགས་ཀྱིས་ངོ་བོ་ཉིད་སྐུ་གཙོ་བོར་བསྟན་ནས། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། ཞེས་སོགས་ཀྱིས་ཆོས་སྐུ་གཙོ་བོར་རྒྱས་པར་འཆད་པར་བཤད་པའི་ཕྱིར། དེ་ལྟར་བཤད་ཀྱང་དགོངས་པ་ནི་མི་འགལ་ཏེ། ཚིག་གི་འབྲེལ་ལྟར་ན་ནི། འཕགས་པ་བཞིན་འཆད་དགོས་ལ། དོན་གྱིས་ཐོབ་ཚུལ་ལ་སེང་གེ་བཟང་པོའི་བཞེད་པ་ལྟར་བྱས་པ་ལའང་དགོས་པ་ཁྱད་པར་ཅན་ཡོད་པའི་ཕྱིར། རྒྱས་བཤད་ཀྱི་སྐབས་འདིར་མ་ཟད་ལུས་རྣམ་བཞག་གི་སྐབས་ཀྱི་ཚིག་དོན་འཆད་ཚུལ་ལའང་ཅུང་ཟད་མི་འདྲ་བ་ཡོད་དེ་མི་འགལ་ལོ། །དེས་ན། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཞེས་པ་འདི་འཕགས་པ་ལྟར་ན་ཆོས་ཉིད་སྐུ་ཞེས་བརྗོད་པ་ཡིན་ཞེས་ཐོབ་ལ། སེང་བཟང་ལྟར་ན་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བརྗོད། ཞེས་པ་ཞིག་དོན་གྱིས་ཐོབ་པ་ཡིན་ཏེ། སྔ་མས་དེ་ལྟར་ཐོབ་པ་ཡིན་ཀྱང་རྒྱ་སྐད་ལ་བདེ་བའི་དབང་གིས་ཆོས་ཉིད་སྐུ་ཞེས་མི་འབྱུང་བར་ཆོས་ཀྱི་སྐུ་ཞེས་འབྱུང་བར་བཞེད། ཕྱི་མས་ཚིག་སྡུད་ཀྱི་དབང་གིས་དེ་ལྟར་དུ་འབྱུང་བར་བཞེད་པའི་ཕྱིར་ཏེ། སྔ་མས་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་དེ་དག་བདེན་པས་སྟོང་བའི་ཆོས་ཉིད་ལ་ཆོས་ཉིད་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཞེས་བཞེད་ལ། ཕྱི་མས་དེ་ལས་ལོགས་སུ་ཆོས་ཅན་ཟག་མེད་ཀྱི་ཡེ་ཤེས་དེ་རྣམས་ལ་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཞེས་བརྗོད་པའི་ཕྱིར། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། ཉོན་མོངས་མེད་པའི་ཏིང་ངེ་འཛིན་དང་། སྨོན་གནས་མཁྱེན་པའི་ཏིང་ངེ་འཛིན་བཤད་པ་དང་གཉིས། དང་པོ་ནི། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །ཞེས་སོགས་རྐང་པ་བཞི་གསུངས། དོན་ནི། རྒྱལ་བའི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་དེ་ཆོས་ཅན། ཉན་རང་གི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཉན་ཐོས་སོགས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི་རང་ལ་ལྟ་བའི་མི་ཡི་མི་དགེ་བའི་ཉོན་མོངས་ཀྱི་དམིགས་རྐྱེན་བྱེད་པ་ཡོངས་སུ་སྤོང་བ་ཙམ་ཉིད་ཡིན་ལ། ཁྱོད་ཀྱིས་རང་རྒྱུད་ལྡན་གྱི་རྒྱལ་བ་གྲོང་སོགས་སུ་བྱོན་པ་ལྟ་བའི་སྐྱེ་བོ་དེའི་ཉོན་མོངས་རྣམས་རྒྱུན་གཅོད་ནུས་པའི་བྱེད་ལས་དང་ལྡན་པའི་ཕྱིར་རོ། །གཉིས་པ་ནི། སངས་རྒྱས་སྨོན་གནས་མཁྱེན་པ་ཉིད། །ཞེས་སོགས་རྐང་པ་བཞི་གསུངས། སངས་རྒྱས་ཀྱི་སྨོན་གནས་མཁྱེན་པའི་ཏིང་ངེ་འཛིན་ནི་ཆོས་ཅན། ཉན་རང་གི་སྨོན་གནས་མཁྱེན་པ་ལས་ཁྱད་པར་དུ་འཕགས་ཏེ། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་དང་། བདེན་འཛིན་གྱི་ཆགས་པ་སྤངས་པ་དང་། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་། དུས་རྒྱུན་མི་འཆད་པར་རྟག་ཏུ་གནས་པ་དང་། འདྲི་བ་ཀུན་གྱི་ལན་འདེབས་ནུས་པར་མདོ་ལས་བཞེད་པའི་ཕྱིར། གཉིས་པ་དེ་ལ་རྩོད་པ་སྤོང་བ་ལ། ཆོས་སྐུ་རྟག་པ་ལ་རྩོད་པ་སྤོང་པ། ཁྱབ་རྟག་གཉིས་ཀ་ལ་རྩོད་པ་སྤོང་པ་གཉིས། དང་པོ་ལ། རྩོད་པ་དང་ལན་ནོ། །དང་པོ་རྩ་བར་དངོས་སུ་མ་ཟིན་ཀྱང་འགྲེལ་བ་ལྟར་ན། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། སེམས་ཅན་ལ་སྐུ་དངོས་སུ་སྣང་བའི་སྒོ་ནས་དོན་མཛད་མི་མཛད་ཀྱི་ཁྱད་པར་མི་འཐད་པར་ཐལ། དུས་རྟག་ཏུ་ཐུགས་རྗེ་ཆེན་པོའི་ངང་ལས་མ་གཡོས་པར་བཞུགས་པའི་ཕྱིར་ཞེས་རྩོད། གཉིས་པ་ལན་ལ་སྒྲུབ་ཕྱོགས་དང་། དགག་ཕྱོགས་ཀྱི་ལན་བཤད་པ་གཉིས། དང་པོ་ནི། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །ཞེས་སོགས་རྐང་པ་བཞི་གསུངས། སྟོན་པ་ཆོས་ཅན། རྟག་ཏུ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་ཡང་གཞན་ལ་སྐུ་དངོས་སུ་སྣང་མི་སྣང་གི་སྒོ་ནས་དོན་མཛད་པ་མི་འགལ་བར་ཐལ། ཁྱོད་ལ་དངོས་སུ་ཆོས་ཉན་པའི་རྒྱུ་ཚོགས་ནི་ཡོངས་སུ་སྨིན་པར་གྱུར་ནས་གདུལ་བྱ་གང་དང་གང་ལ་ཡུལ་གང་ལ་ནི་དུས་གང་གི་ཚེ་དངོས་སུ་ཆོས་དེ་སྟོན་པའི་བྱ་བ་ཕན་པར་གྱུར་པ་དེ་དང་དེ་ལ་སྐུ་དངོས་སུ་སྣང་བའི་སྒོ་ནས་དོན་མཛད་པ་ཡིན་གྱི། ཚོགས་མ་བསགས་མ་སྨིན་པའི་གདུལ་བྱ་ལ་དེ་ལྟར་སྣང་བའི་སྒོ་ནས་དོན་མི་མཛད་པའི་ཕྱིར་རོ། །གཉིས་པ་ནི། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ཞེས་སོགས་རྐང་པ་བཞི་གསུངས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཅན། འཇིག་རྟེན་དུ་དངོས་སུ་བྱུང་བར་གྱུར་ཀྱང་སེམས་ཅན་ཁ་ཅིག་གིས་ཁྱོད་ལ་དངོས་སུ་ཆོས་ཉན་པ་ལ་སོགས་པའི་སྐལ་པ་བཟང་པོ་མི་མྱོང་བའི་རྒྱུ་མཚན་ཡོད་པར་ཐལ། དེ་དག་ཁྱོད་ལ་དངོས་སུ་ཆོས་ཉན་པ་སོགས་ཀྱི་སྐལ་པ་མེད་པས་སོ། །དཔེར་ན། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། རུལ་བ་ལ་སོགས་པའི་རྐྱེན་གྱིས་ས་བོན་མི་རུང་བར་གྱུར་པ་དེ་ལས་མྱུ་གུ་སྔོན་པོ་མི་འཁྲུངས་པ་ལྟར་རོ། །གཉིས་པ་ཁྱབ་རྟག་གཉིས་ཀ་ལ་རྩོད་པ་སྤོང་བ་ལ། དྲི་བ་དང་། ལན་གཉིས། དང་པོ་རྩ་བར་དངོས་སུ་མི་གསལ་ཡང་འགྲེལ་བ་ལྟར་ན། ཡེ་ཤེས་ཆོས་སྐུ་དེ་ཆོས་ཅན། ཁྱོད་ལ་ཁྱབ་པོ་ཞེས་བརྗོད་མི་རིགས་པར་ཐལ། ཁྱོད་སངས་རྒྱས་འཕགས་པ་ཉིད་ཀྱི་རྒྱུད་ཁོ་ན་ལ་ཡོད་པའི་རྟེན་ངེས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་རྟག་པ་ཞེས་ཀྱང་བརྗོད་མི་རིགས་པར་ཐལ། སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འབྱུང་བའི་ཕྱིར་ཞེ་ན། གཉིས་པ། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །ཞེས་སོགས་རྐང་པ་བཞི་གསུངས། སངས་རྒྱས་དེ་ཉིད་ཆོས་ཅན། ཁྱོད་ལ་ཁྱབ་པ་ཞེས་ངེས་པར་བརྗོད་པ་ཡིན་ཏེ། སྐལ་ལྡན་མཐའ་དག་ལ་མཛད་པ་འཕྲིན་ལས་འཇུག་པ་རྒྱ་ཆེ་བས་ན། དེ་ལྟར་དུ་བརྗོད་པའི་ཕྱིར། སངས་རྒྱས་དེ་ཆོས་ཅན། ཁྱོད་ལ་རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ཏེ། རང་ཉིད་རྒྱུན་འཆད་པའི་ཟད་པ་མེད་པའི་ཕྱིར་རོ། །གཉིས་པ་ལོངས་སྐུ་བཤད་པ་ལ། མཚན་ཉིད་ཀྱི་སྒོ་ནས་མདོར་བསྟན་པ་དང་། ཡོན་ཏན་གྱི་སྒོ་ནས་རྒྱས་པར་བཤད་པ་གཉིས། དང་པོ་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང་། །ཞེས་པ་ནས། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པའི་བར་གསུངས། འཆད་འགྱུར་ལྟར་མཚན་ནི་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན་གྱི་གཟུགས་སྐུར་དངོས་སུ་བསྟན་པ་འདི་ཆོས་ཅན། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད་པ་ཡིན་ཏེ། ཐེག་ཆེན་གྱི་ཆོས་ལ་ཉེ་བར་ལོངས་སྤྱོད་པ་ལ་སོགས་པ་ངེས་པ་ལྔ་ལྡན་གྱི་རབ་ཏུ་ཕྱེ་བའི་གཟུགས་སྐུ་མཐར་ཐུག་ཡིན་པའི་ཕྱིར་རོ། །གཉིས་པ་ཡོན་ཏན་གྱི་སྒོ་ནས་རྒྱས་པར་བཤད་པ་ལ། མཚན་དང་། དཔེ་བྱད་བཤད་པ་གཉིས། དང་པོ་ལ། དངོས་དང་། དེའི་རྒྱུ་བཤད་པ་གཉིས། དང་པོ་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཞེས་པ་ནས། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་པའི་བར་གསུངས། ཤེས་བྱ་ཆོས་ཅན། ལོངས་སྐུའི་མཚན་འདི་དག་སུམ་ཅུ་རྩ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། དེ་ཡང་ལོངས་སྐུའི་ཕྱག་དང་ཞབས་གཉིས་འཁོར་ལོའི་མཚན་དང་ལྡན་པ་དང་། རུས་སྦལ་བཞིན་དུ་ཞབས་གནས་པ་དང་། ཕྱག་དང་ཞབས་ཀྱི་སོར་མོ་རྣམས་དྲ་བས་འབྲེལ་བ་དང་། ཕྱག་དང་ཞབས་བཅས་འཇམ་ཞིང་བཞོན་ཤ་ཆགས་པ་དང་། སྐུ་འདི་ཡི་ནི་ཕྱག་ཞབས་ཀྱི་རྒྱབ་བཞི་དང་ཕྲག་གོང་གཉིས་དང་ལྟག་པ་སྟེ་བདུན་པོ་དག་མཐོ་བ་དང་། སོར་མོ་རྣམས་རིང་བ་དང་། ཕྱག་ཞབས་ཀྱི་རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཞབས་ཀྱི་ལོང་བུ་ཕྱིར་འབུར་བ་མི་མངོན་པ་དང་། སྐུའི་སྤུ་ནི་གྱེན་དུ་ཕྱོགས་པ་སྟེ་བཅུ་དང་། བྱིན་པ་རི་དགས་ཨེ་ན་ཡའི་བྱིན་པ་དང་འདྲ་བ་དང་། ཕྱག་རིང་ཞིང་མཛེས་པ་དང་། གསང་གནས་འདོམས་གྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག་དང་ལྡན་པ་དང་། སྐུའི་ལྤགས་པ་གསེར་མདོག་མཆོག་དང་ལྡན་པ་དང་། ལྤགས་པ་འཇམ་ཞིང་སྲབ་པ་དང་། སྐུའི་སྤུ་ནི་རེ་རེ་ནས་གཡས་ཕྱོགས་སུ་ལེགས་པར་འཁྱིལ་ཞིང་འཁྲུངས་པ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། རོ་སྟོད་སེང་གེའི་སྟོད་དང་འདྲ་བ་དང་། སྐུ་འདི་ཡི་དཔུང་པའི་མགོ་ཟླུམ་པ་དང་། ཐལ་གོང་རྒྱས་པ་སྟེ་བཅུ་དང་། ལྗགས་འདི་ལ་རོ་མི་ཞིམ་པ་རོ་མཆོག་ཏུ་སྣང་བ་དང་། སྐུ་ནི་ཤིང་ནྱ་གྲོ་དྷ་ལྟར་འདོམ་གྱི་ཕན་ཚུན་གྱི་རྩེ་མོ་ནས་འཇམ་པའི་ཚད་ཅི་ཙམ་པ་ཞབས་ནས་སྤྱི་བོའི་བར་ཡང་དེ་ཙམ་དུ་མཉམ་པའི་ཆུ་ཞེང་གབ་པ་དང་། དབུ་གཙུག་ཏོར་དང་ལྡན་པ་དང་། ལྗགས་རིང་ཞིང་མཛེས་པ་དང་། གསུང་ཚངས་པའི་དབྱངས་ལྟ་བུ་དང་། འགྲམ་པ་སེངྒེའི་འགྲམ་པ་འདྲ་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་མཉམ་པ་དང་། དེ་ཐག་བཟང་པ་དང་། དེ་གྲངས་ནི་བཞི་བཅུ་ཐམ་པ་ཚང་པ་སྟེ་བཅུ་དང་། སྤྱན་ནི་དཀར་ནག་གི་ཆ་མ་འདྲེས་པའི་མཐོན་མཐིང་ཅན་དང་། སྤྱན་གྱི་རྫི་མ་བ་མཆོག་སྟེ་ཁྱུ་མཆོག་གི་རྫི་མ་དང་འདྲ་བ་གཉིས་དང་བཅས་པ་སོ་གཉིས་ཡོད་པའི་ཕྱིར། གཉིས་པ་རྒྱུ་ནི། འདི་ལ་མཚན་ཉིད་གང་གང་གི །ཞེས་པ་ནས། མདོ་ལས་ཇི་སྐད་འབྱུང་བ་བཞིན། །ཞེས་པའི་བར་གསུངས། ལོངས་སྐུ་འདི་ལ་ནི། ཇི་སྐད་བཤད་པའི་མཚན་ནི་སོ་གཉིས་པོ་འདི་དག་ཡང་དག་པར་འགྲུབ་པའི་རྒྱུ་ཡོད་དེ། མཚན་སོ་གཉིས་པོ་གང་དག་གང་གི་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་དང་དེ་ནི་རབ་ཏུ་རྫོགས་པ་ལས་དེ་དག་འགྲུབ་པའི་ཕྱིར། རྒྱུ་དེ་དག་ཀྱང་ཡོད་དེ། ཡུམ་གྱི་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ། བླ་མ་སྐྱེལ་བ་དང་བསུ་བ་ལ་སོགས་བྱས་པས་ནི་ཕྱག་ཞབས་ཀྱི་འཁོར་ལོའི་མཚན་འགྲུབ་པའི་རྒྱུ་བྱེད་པ་དང་། སྡོམ་པ་ཡང་དག་པར་བླངས་པ་བརྟན་པས་ནི་ཞབས་རུས་སྦལ་བཞིན་དུ་གནས་པའི་རྒྱུ་བྱེད་པ་དང་། བསྡུ་བ་བཞི་བརྟེན་པས་ནི་སོར་མོ་རྣམས་དྲ་བས་འབྲེལ་བའི་རྒྱུ་བྱེད་པ་དང་། གྱ་ནོམ་པའི་དངོས་པོ་གཞན་ལ་སྦྱིན་པ་ནི་ཕྱག་ཞབས་གཞོན་ཤ་ཆགས་པ་སོགས་ཀྱི་རྒྱུ་དང་། གསད་པར་བྱ་བ་ལས་ཐར་བར་བྱེད་པ་ནི་རྒྱུ་ཆེ་ཞིང་དྲང་པའི་རྒྱུ་དང་། དགེ་བའི་ཆོས་ནི་ཡང་དག་པར་བླངས་པ་སྤེལ་པ་ལ་སོགས་པ་ནས། ཁོང་ཁྲོ་མེད་པ་ནི་བའི་རྫི་མ་ལྟ་བུའི་མཚན་སྒྲུབ་བྱེད་ཀྱི་རྒྱུ་ཡི་མཚན་ཉིད་དང་རང་བཞིན་གྱི་བར་སོ་གསུམ་ཡོད་པའི་ཕྱིར། མཚན་དཔེ་གསལ་རྫོགས་པར་ལྡན་པའི་གང་ཟག་ལ་ལོང་སྐུས་མ་ཁྱབ་སྟེ། མཆོག་གི་སྤྲུལ་སྐུ་ལའང་དེ་ཡོད་པའི་ཕྱིར། མཚན་དཔེ་དང་ལྡན་པའི་གང་ཟག་ལ་ནི་སངས་རྒྱས་ཀྱིས་ཀྱང་མ་ཁྱབ་སྟེ། འཁོར་སྒྱུར་དང་བྱང་སེམས་རྒྱུན་མཐའ་བ་ལ་དེ་ཡོད་པའི་ཕྱིར། དང་པོ་དེ་ལྟར་ཡིན་ཏེ། རིན་ཆེན་འཕྲེང་བ་ལས། འཁོར་ལོ་བསྒྱུར་བ་ཐམས་ཅད་ལ།། འདི་དག་ཡོད་པ་འདོད་མོད་ཀྱིས། །དག་དང་མཛེས་དང་གསལ་བ་ནི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གང་རུང་སྟེ། རྒྱུན་མཐའ་བའི་མཚན་དཔེས་ལོངས་སྐུའི་མཚན་དཔེ་རྣམས་ཀྱི་དངོས་རྒྱུ་བྱེད་པའི་ཕྱིར། གཉིས་པ་དཔེ་བྱད་ནི། ཐུབ་པའི་སེན་མོ་ཟངས་མདོག་དང་། །ཞེས་པ་ནས། སངས་རྒྱས་དཔེེ་བྱད་བཟང་པོར་བཞེད། །ཅེས་པའི་བར་གསུངས། འཆད་འགྱུར་ལྟར་བརྒྱད་ཅུ་པོ་འདི་ཆོས་ཅན། སངས་རྒྱས་ཀྱི་དཔེ་བྱད་བཟང་པོར་བཞེེད་དེ། དེ་ཡང་ཐུབ་པའི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། དེའི་མདོག་སྣུམ་པ་དང་། དེ་མཐོ་བ་དང་། སེར་མོ་རྣམས་ཟླུམ་པ་དང་། དེ་རྒྱས་པ་དང་། དེ་བྱིན་ཀྱིས་ཕྲ་བ་དང་། ལུས་ཀྱི་རྩ་མི་མངོན་པ་དང་། དེ་མདུད་པ་མེད་པ་དང་། ལོངས་བུ་མི་མངོན་པ་དང་། ཞབས་རིང་ཐུང་མཉམ་པ་སྟེ་བཅུ་དང་། སེདྒེའི་དང་། གླང་ཆེན་གྱི་དང་། བྱ་ངང་པའི་དང་། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། གཡས་ཕྱོགས་སུ་གཤེགས་པ་དང་། མཛེས་པར་གཤེགས་པ་དང་། དྲང་བ་དང་། སྐུ་འཁྲིལ་བག་ཆགས་པ་འདྲ་བ་དང་། བྱི་དོར་བྱས་པ་དང་འདྲ་བ་དང་། སྦོམ་ཕྲ་སོགས་རིམ་པར་འཚམས་པ་སྟེ་བཅུ་དང་། སྐུ་གཙང་པ་དང་། འཇམ་པ་དང་། སྐུ་དག་པ་དང་། མཚན་ནི་ཆ་ཤས་ཡོངས་སུ་རྫོགས་པ་དང་། སྐུ་ཡི་རྒྱ་ཁྱོན་རྒྱ་ཆེ་པའི་ཁོ་ལག་ཡངས་ཤིང་བཟང་བ་དང་། གོམ་པ་ཆེ་ཆུང་མེད་པར་མཉམ་པ་དང་། སྤྱན་གཉིས་ནི་ར་རི་སོགས་མེད་པའི་དག་པ་དང་། སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། སྐུ་ཞུམ་པ་མེད་པ་དང་། སྐུ་རྒྱས་པ་སྟེ་བཅུ་དང་། སྐུ་ཤིན་ཏུ་གྲིམ་པ་ཉིད་ཀྱི་ཁྱད་པར་དང་། ཡན་ལག་དང་ཉིང་ལག་ཚིགས་རིང་ཐུང་གི་ཆ་ཤས་ཤིན་ཏུ་རྣམ་པར་འཕྱེས་པ་སྟེ་རྣམ་པར་ཕྱེད་པ་དང་། གཟིགས་པ་གློ་བུར་གྱི་སྒྲིབ་པ་མེད་པར་དག་པ་དང་། སྐེད་སྐབས་མཚམས་ཀྱི་ཀུ་ཟླུམ་པ་དང་། དཀུ་སྐབས་ཕྱིན་པ་དང་། དཀུ་ཧ་ཅང་མི་རིད་བས་ཆ་སྙོམས་པ་དང་། ཕྱལ་ལམ་ལྟོ་བ་མཐོ་དམན་མེད་པར་ཕྱང་ངེ་བ་དང་། ལྟེ་བ་ནི་གཏིང་ཟབ་པ་དང་། ལྟེ་བ་རི་མོ་གཡས་ཕྱོགས་སུ་འཁྱིལ་པ་དང་། སྤྱོད་ལམ་ཀུན་ནས་ལྟ་ན་སྡུག་པ་སྟེ་བཅུ་དང་། ཀུན་སྦྱོད་གཙང་བ་དང་། སྐུ་ལ་ནི་རྨེ་བའི་གནག་བག་མེད་པ་དང་། ཕྱག་ནི་ཤིང་བལ་ལྟར་འཇམ་པ་དང་། ཕྱག་རིས་མདངས་ཡོད་པ་དང་། ཟབ་པ་དང་། རིང་བ་དང་། ཞལ་ནི་ཧ་ཅང་མི་རིང་པ་དང་། མཆུ་ནི་བིམ་པ་ལྟར་དམར་བ་དང་། ལྗགས་མཉེན་པ་དང་། དེ་སྲབ་པ་སྟེ་བཅུ་དང་། ལྗགས་དམར་བ་དང་། གསུང་འབྲུག་གི་སྒྲ་ལྟ་བུ་ཉིད་དང་། གསུང་སྙན་ཅིང་འཇམ་པ་དང་། མཆེ་བ་ཟླུམ་པ་དང་། དེ་རྣོ་བ་དང་། དེ་དཀར་བ་དང་། དེ་རིང་ཐུང་མཉམ་པ་དང་། དེ་བྱིན་གྱིས་ཕྲ་བ་དང་། ཤངས་གཟེངས་མཐོ་བ་དང་། དེ་སྣབས་སོགས་ཀྱི་མཆོག་ཏུ་དག་པ་དག་དང་ནི་བཅུ་དང་། སྤྱན་ཡངས་པ་དང་། རྫི་མ་སྟུགས་པ་དང་། སྤྱན་པདྨའི་འདབ་མ་རངས་པ་འདྲ་བ་དང་། སྨིན་ཚུགས་རིང་བ་དང་། སྨིན་མ་འཇམ་པ་དང་། དེ་སྣུམ་པ་དང་། དེའི་སྤུ་ནི་མཉམ་པ་དང་། ཕྱག་རིང་ཞིང་རྒྱས་པ་དང་། སྙན་རིང་ཐུང་སོགས་མཉམ་པ་དང་། སྙན་གྱི་དབང་པོ་ཉམས་པ་རྣམ་པར་སྤངས་པ་སྟེ་བཅུ་དང་། དཔྲལ་བ་ལེགས་པར་འབྱེས་པ་དང་། དེ་དབྱེས་ཆེ་བ་དང་། དབུ་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། སྟུགས་པ་དང་། དེ་འཇམ་པ་དང་། དེ་མ་འཛིངས་པ་དང་། དེ་མི་གཤོར་བ་དང་། དེ་དྲི་ཞིམ་པས་སྐྱེས་བུ་ཡི་ཡིད་ནི་འཕྲོག་པར་བྱེད་པ་དང་། ཕྱག་ཞབས་ཀྱི་མཐེ་བོང་ལ་དཔལ་གྱི་བེའུ་དང་། མཐིལ་ལ་བཀྲ་ཤིས་པའི་གཡུང་དྲུང་འཁྱིལ་པ་སྟེ་བཅུ་དང་བཅས་པའི་བརྒྱད་ཅུས་བརྒྱན་པའི་ཕྱིར་རོ། །བཞི་པ་མཆོག་གི་སྤྲུལ་སྐུ་བཤད་པ་ནི། གང་གིས་སྲིད་པ་ཇི་སྲིད་པས། །ཞེས་པ་ནས། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་པའི་བར་གསུངས། སྟོན་པ་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་ཀྱི་སྐུ་གང་གིས་རྒྱུན་མི་ཆད་པར་འཕྲིན་ལས་མཛད་པའི་ངེས་པ་ལྔ་དང་མི་ལྡན་པས་ཕྱེ་བའི་གཟུགས་སྐུ་དེ་ནི་ཆོས་ཅན། སྤྲུལ་སྐུ་ཡིན་ཏེ། དུས་སྲིད་པ་ཇི་སྲིད་བར་དག་མ་དག་གི་འགྲོ་བ་དུ་མ་ལ་དངོས་སུ་སྣང་བའི་སྒོ་ནས་མངོན་མཐོ་ངེས་ལེགས་ཀྱི་ཕན་པ་སྣ་ཚོགས་པ་དག་དུས་མཉམ་དུ་མཛད་པའི་གཟུགས་སྐུ་ཡིན་པའི་ཕྱིར། སྤྲུལ་སྐུའི་འཇོག་བྱེད་ཡོད་དེ། ངེས་པ་ལྔ་དང་མི་ལྡན་པས་རབ་ཏུ་ཕྱེ་བའི་གཟུགས་སྐུ་དེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། དེ་ལ་དབྱེ་ན་གསུམ་ཡོད་དེ། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་དང་གསུམ་ཡོད་པའི་ཕྱིར། དེ་གསུམ་པོའི་མཚན་གཞི་ཡོད་དེ། སྟོན་པས་བཟོ་བོ་བི་ཤྭ་ཀརྨའི་རྣཾ་པར་སྤྲུལ་པ་དེ་དང་པོ། དམ་པ་ཏོག་དཀར་དང་། དྲི་ཟའི་རྒྱལ་པོར་རབ་དགའི་རྣམ་པར་སྤྲུལ་པ་དེ་གཉིས་པ། སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། གཉིས་པ་མཛད་པ་འཕྲིན་ལས་བཤད་པ་ལ་གསུམ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། །དེ་བཞིན་འཁོར་བ་ཇི་སྲིད་འདིའི། ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་གསུངས། འདི་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། སྤྲུལ་པའི་སྐུ་དང་ཡེ་ཤེས་ཆོས་སྐུ་འདི་ཆོས་ཅན། ཁྱོད་གཉིས་རྒྱུན་མི་ཆད་པ་དེ་བཞིན་དུ་ཁྱོད་གཉིས་ཀྱི་འཕྲིན་ལས་ཀྱང་རྒྱུན་མི་ཆད་དུ་འདོད་དེ། འགྲོ་བའི་དོན་དུ་སྲིད་པ་ཇི་སྲིད་པར་འཇུག་པའི་རྒྱུ་ཚོགས་དང་ལྡན་པའི་ཕྱིར། གཉིས་པ་ལ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་མཚན་ཉིད་ཡོད་དེ། རང་རྒྱུ་ཡེ་ཤེས་ཆོས་སྐུའི་བདག་རྐྱེན་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དེ་ལ་ངོ་བོའི་སྒོ་ནས་གཉིས་ཡོད་དེ། བྱེད་པ་པོ་ལ་ཡོད་པའི་སངས་རྒྱས་ཀྱི་འཕྲིན་ལས་དང་། བྱ་བ་ཡུལ་ལ་ཡོད་པའི་དེ་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། སངས་རྒྱས་ཀྱི་གདུལ་བྱ་མངོན་མཐོ་ངེས་ལེགས་ལ་འགོད་པའི་འཕྲིན་ལས་ནི་སངས་རྒྱས་རང་ཉིད་ལ་ཡོད་ཅིང་། དེ་ལ་བཀོད་པ་ནི་གདུལ་བྱའི་རྒྱུད་ལ་ཡོད་པའི་ཕྱིར། དཔེར་ན། སྟ་རེས་ཤིང་གཅོད་པའི་བྱེད་ལས་ནི་སྟ་རེ་ལ་ཡོད་ཅིང་། ཤིང་བཅད་པའི་བྱ་བ་ནི་ཤིང་ཉིད་ལ་ཡོད་པ་བཞིན་ནོ། །བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་ཡིན་ན་གདུལ་བྱའི་རྒྱུད་ལ་ཡོད་པས་མ་ཁྱབ་སྟེ། སངས་རྒྱས་ཀྱིས་སེམས་ཅན་གང་སངས་རྒྱས་ཀྱི་ས་ལ་བཀོད་པའི་ཚེ་བྱ་བའི་འཕྲིན་ལས་དེ་སངས་རྒྱས་ཀྱི་ས་ན་ཡོད་པའི་ཕྱིར། གཞུང་འདིའི་དངོས་བསྟན་གྱི་འཕྲིན་ལས་ནི་ལམ་ཞུགས་ཀྱི་དབང་དུ་མཛད་ཀྱང་། སྤྱིར་སངས་རྒྱས་ཀྱི་འཕྲིན་ལས་ནི་ལམ་མ་ཞུགས་ནའང་ཡོད་དེ། གདུལ་བྱའི་རྒྱུད་ལ་ལམ་དང་དགེ་སེམས་སྣ་གཅིག་སྐྱེས་པ་ཡང་སངས་རྒྱས་ཀྱི་འཕྲིན་ལས་སུ་བཤད་པའི་ཕྱིར། གང་ཟག་གཞན་དུ་མ་ཟད། ཕྱི་རོལ་བའི་རྒྱུད་ལའང་སངས་རྒྱས་ཀྱི་འཕྲིན་ལས་ཡོད་དེ། སངས་རྒྱས་ཀྱིས་དེའི་དོན་ཀྱང་མཛད་པའི་ཕྱིར། དེར་ཐལ། དེས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཕྱིར་རོ། །གཉིས་པ་ལ། ལམ་དང་ལམ་གྱི་འབྲས་བུ་ལ་འགོད་པ་གཉིས། དང་པོ་ནི། འགྲོ་རྣམས་ཞི་བའི་ལས་དང་ནི། །ཞེས་པ་ནས། ཐ་དད་ཡོངས་སུ་མི་ཤེས་དང་། །ཞེས་པའི་བར་གསུངས། འདིར་བསྟན་པའི་འཕྲིན་ལས་ཆོས་ཅན། ཁྱོད་ལ་ཉེར་དྲུག་ཡོད་དེ། འགྲོ་བ་རྣམས་ཐར་པ་དོན་གཉེར་གྱི་བསམ་པ་ཚོགས་ལམ་ལ་འགོད་པ་དང་། ཐོག་མ་དེ་བཞིན་དུ་སྦྱར་ཏེ་བསྡུ་བ་རྣམ་བཞིའི་ཚོགས་ལམ་ལ་འགོད་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་འབྲས་སྡུག་ཀུན་དང་བཅས་པ་དོར་བྱ་དང་རྣམ་པར་བྱང་བའི་རྒྱུ་འབྲས་བླང་བྱར་རྟོགས་པའི་ཚོགས་ལམ་ལ་འགོད་པའི་འཕྲིན་ལས་གསུམ་དང་། སེམས་ཅན་རྣམས་ཀྱི་དོན་དུ་གནས་ལུགས་ཇི་ལྟ་བ་བཞིན་གྱི་དོན་རྟོགས་པའི་སྦྱོར་ལམ་ལ་འགོད་པའི་དེ་དང་། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་སྦྱོར་ལམ་ལ་དང་། སངས་རྒྱས་སུ་བ གྲོད་པའི་ལམ་དགེ་བ་བཅུའི་སྦྱོར་ལམ་ལ་དང་། དོན་དམ་པར་རང་བཞིན་གྱིས་སྟོང་པ་ཉིད་སྒོམ་བྱུང་གིས་རྟོགས་པའི་སྦྱོར་ལམ་ལ་འགོད་པའི་འཕྲིན་ལས་བཞི་དང་། གཉིས་སྣང་གི་སྤྲོས་པ་ཐམས་ཅད་ཟད་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ལ་འགོད་པའི་འཕྲིན་ལས་གཅིག་དང་། ཆོས་ཐམས་ཅད་བརྡ་ཙམ་གྱིས་བཏགས་པར་རྟོགས་པའི་ས་གཉིས་པའི་ཚུལ་ཁྲིམས་གྱི་ཉམས་ལེན་ལ་འགོད་པ་དང་། ཆོས་ཐམས་ཅད་དེ་ལྟར་རྟོགས་པའི་ས་གསུམ་པའི་བཟོད་པའི་ཉམས་ལེན་ལ་འགོད་པ་གཉིས་བསྡོམས་པས་གཅིག་དང་། ཆོས་ཐམས་ཅད་དོན་དམ་པར་དམིགས་པ་མེད་པར་རྟོགས་པའི་ས་བཞི་པ་ལྔ་པ་དྲུག་པ་གསུམ་ལ་འགོད་པའི་འཕྲིན་ལས་གཅིག་དང་། ལུས་ཅན་རྣམས་ནི་ཡོངས་སུ་སྨིན་པར་མཛད་པའི་ས་བདུན་པའི་ཐབས་མཁས་ལ་འགོད་པའི་འཕྲིན་ལས་གཅིག་དང་། ས་བརྒྱད་པའི་བྱང་ཆུབ་སེམས་དཔའི་ལམ་ཉན་རང་གི་ལམ་ཤེས་པའི་ལམ་ཤེས་ལ་འགོད་པ་དང་། བདེན་པར་མངོན་པར་ཞེན་པ་མངོན་འགྱུར་བ་བཟློག་པའི་ས་བརྒྱད་པ་ལ་དང་། སངས་རྒྱས་དཀོན་མཆོག་བཏགས་པ་པའི་བྱང་ཆུབ་ཐོབ་པའི་ས་བརྒྱད་པ་ལ་དང་། གང་དུ་འཚང་རྒྱ་བའི། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པའི་ས་བརྒྱད་པ་ལ་འགོད་པ་སྟེ་བཞི་དང་། ཐེག་དམན་དུ་མི་ལྷུང་བར་འཚང་རྒྱ་བར་ངེས་པའི་ས་དགུ་པ་ལ་དང་། སེམས་ཅན་གྱི་དོན་ནི་ཚད་མེད་པ་སྒྲུབ་པའི་ས་དགུ་པ་ལ་འགོད་པ་གཉིས་དང་། དགེ་བའི་བཤེས་གཉེན་སངས་རྒྱས་ལ་བརྟེན་ནས་དེ་ལ་ཆོས་ཉན་པ་སོགས་ཀྱིས་ཡོན་ཏན་དང་། བྱང་ཆུབ་ཀྱི་ཡན་ལག་སྒྲུབ་པའི་ས་བཅུ་པ་ལ་དང་། ལས་ཕྲ་རགས་རྣམས་ནི་ཆུད་མི་ཟ་བར་རྟོགས་པའི་དེ་ལ་དང་། བདེན་བཞི་རྫོགས་པར་མངོན་སུམ་དུ་མཐོང་བའི་དེ་ལ་དང་། ཕུང་པོ་གཙང་བདེ་རྟག་པ་དག་ཏུ་འཛིན་པའི་ཕྱིན་ཅི་ལོག་ནི་སྤངས་པའི་དེ་ལ་དང་། ཕྱིན་ཅི་ལོག་བཞི་པོ་དེ་བསྐྱེད་པའི་གཞི་སྟེ་རྒྱུ་བདེན་འཛིན་མེད་པའི་ཚུལ་ལ་དང་། ཆོས་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་དུ་རྟོགས་པའི་རྣམ་བྱང་རྫོགས་པའི་དེ་ལ་དང་། བྱང་ཆུབ་ཀྱི་རྒྱུ་ཚོགས་གཉིས་རྫོགས་པའི་དེ་ལ་དང་། འདུས་བྱས་འཁོར་བ་འདུས་མ་བྱས་མྱ་ངན་ལས་འདས་པ་ལ་དོན་དམ་པར་ཐ་དད་དུ་ཡོངས་སུ་མི་ཤེས་པར་མངོན་སུམ་དུ་རྟོགས་པའི་ས་བཅུ་པ་ལ་འགོད་པའི་འཕྲིན་ལས་དང་དགུ་སྟེ་དག་ས་ལ་འགོད་པའི་འཕྲིན་ལས་བཅོ་ལྔ་ཡོད་པའི་ཕྱིར། གཉིས་པ་ནི་། མྱ་ངན་འདས་ལ་འགོད་པ་སྟེ། །ཞེས་གསུངས། དོན་ནི། ཤེས་བྱ་ཆོས་ཅན། ལམ་གྱི་འབྲས་བུ་ལ་འགོད་པ་གཅིག་ཡོད་དེ། མཆོག་གི་སྤྲུལ་སྐུས་གདུལ་བྱ་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པའི་འཕྲིན་ལས་ཡོད་པའི་ཕྱིིར། གསུམ་པ་དོན་བསྡུ་བ་ནི། ཆོས་ཀྱི་སྐུའི་འཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་གསུངས། དོན་ནི། ཤེས་བྱ་ཆོས་ཅན། འདིར་བསྟན་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཡི་འཕྲིན་ལས་ནི་རྣམ་པ་ཉི་ཤུ་རྩ་བདུན་དུ་བཞེད་པ་ཡིན་ཏེ། གོང་དུ་བཤད་པ་ལྟར་ཚོགས་ལམ་ལ་གསུམ། སྦྱོར་ལམ་ལ་བཞི། མཐོང་ལམ་ལ་གཅིག ས་གཉིས་པ་དང་གསུམ་པ་ལ་གཅིག བཞི་པ་ལྔ་པ་དྲུག་པ་གསུམ་ལ་གཅིག །བདུན་པ་ལ་གཅིག །བརྒྱད་པ་ལ་བཞི། དགུ་པ་ལ་གཉིས། བཅུ་པ་ལ་དགུ །སངས་རྒྱས་ཀྱི་སར་གཅིག་སྟེ་ཉེར་བདུན་དུ་འགྱུར་པའི་ཕྱིར་རོ། །གསུམ་པ་བསྡུས་དོན་གཞན་ལ། དྲུག་ཏུ་བསྡུ་བ་དང་། གསུམ་དུ་བསྡུ་པ་གཉིས། དང་པོ་ནི། མཚན་ཉིད་དེ་ཡི་སྦྱོར་བ་དང་། །ཞེས་པ་ནས། དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཅེས་པའི་བར་གསུངས། ཤེས་བྱ་ཆོས་ཅན། མངོན་རྟོགས་རྒྱན་གྱི་དོན་བརྒྱད་བསྟན་པ་ལས་དོན་བསྡུས་གཞན་རྣམ་པ་དྲུག་ཏུ་ཤེས་པར་བྱ་སྟེ། མཁྱེན་གསུམ་གྱི་ངོ་བོར་གྱུར་པའི་མཚན་ཉིད་དང་། མཁྱེན་གསུམ་དེ་ཡི་ཉམས་སུ་ལེན་བྱེད་རྣམ་རྫོགས་སྦྱོར་བ་དང་། རྣམ་རྫོགས་སྦྱོར་བ་དེ་རབ་ཏུ་གྱུར་པའི་རྩེ་སྦྱོར་བ་དང་། མཁྱེན་གསུམ་གྱི་དེ་ཡི་ཉམས་ལེན་གྱི་གོ་རིམ་མཐར་གྱིས་སྦྱོར་བ་དང་། མཁྱེན་གསུམ་དེ་ཡི་སྦྱོར་བ་མཐར་ཐུག་པའི་སྐད་ཅིག་སྦྱོར་བ་དང་། མཁྱེན་གསུམ་དེ་ཡི་རྣམ་སྨིན་གྱི་འབྲས་བུ་ཆོས་སྐུ་དང་ནི་དྲུག་ཏུ་ཤེས་པར་བྱ་བའི་ཕྱིར་རོ། །གཉིས་པ་དོན་གསུམ་དུ་བསྡུ་བ་ནི། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་པ་ནས། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཞེས་པའི་བར་གསུངས། མཁྱེན་པ་རྣམ་པ་གསུམ་པོ་ཆོས་ཅན། སྦྱོར་བའི་བསྒོམ་བྱའི་ཡུལ་ནི་ཡིན་ཏེ། དེའི་ཉམས་སུ་བླང་བྱ་ཡིན་པའི་ཕྱིར། སྦྱོར་བ་བཞི་ཡི་བདག་ཉིད་ཆོས་ཅན། མཐར་ཐུག་གི་མཁྱེན་གསུམ་དེའི་རྒྱུ་ཡིན་ཏེ། དེ་འཐོབ་བྱེད་གྱི་ཐབས་ཡིན་པའི་ཕྱིར། ཆོས་སྐུ་དང་འཕྲིན་ལས་ཆོས་ཅན། མཁྱེན་གསུམ་སྦྱོར་བའི་འབྲས་བུ་ཡིན་ཏེ། དེའི་སྟོབས་ཀྱིས་ཐོབ་པའི་ཐོབ་བྱ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། འདིར་ཡུམ་གསུམ་གྱི་དོན་བསྡུས་སྔ་མ་ལས་དོན་བསྡུས་གཞན་རྣམ་པ་གསུམ་དུ་བསྟན་པ་ཡིན་ཏེ། ཡུལ་དང་རྒྱུ་དང་འབྲས་བུའི་རྣམ་པ་གསུམ་དུ་བསྡུས་ནས་བཤད་པའི་ཕྱིར་རོ། བསྡུས་དོན་དྲུག་དང་གསུམ་དུ་བྱས་པའི་ཚེ་རྒྱས་བཤད་ཀྱི་སྐབས་ཀྱང་དེ་དང་མཐུན་པར་དྲུག་དང་གསུམ་དུ་འབྱེད་དགོས་ཏེ། བསྡུས་དོན་བརྒྱད་དུ་ཕྱེ་བ་ལ་སྐབས་བརྒྱད་འབྱུང་བའི་ཕྱིར་རོ། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་པ་ཡི། །སྦས་དོན་མངོན་པར་རྟོགས་པའི་རིམ་པ་ཀུན། །ཇི་བཞིན་གསལ་མཛད་མི་ཕམ་མགོན་གྱི་གསུང། །བསྟན་བཅོས་ཆེན་པོ་འདི་ལས་གཞན་ན་གང་། །འདི་ཡི་ཚིག་འགྲེལ་མཐའ་དཔྱོད་དང་བཅས་པའི། །ཡིག་ཆ་རྒྱས་པ་སྔོན་དུ་བྲིས་པ་ལས། །ཚིག་འགྲེལ་འདི་ཉིད་ལོགས་སུ་བཀོལ་བྱས་ནས། །རང་དང་དད་ལྡན་གཞན་བཅས་སྤར་དུ་བསྒྲུབས། །གང་འདིའི་དགོངས་དོན་འགྲེལ་ལ་རང་ཉིད་ཀྱིས། །སྒོ་གསུམ་འབད་ལས་ཐོབ་པའི་དགེ་དེ་བདག །ཚེ་རབས་ཀུན་ཏུ་རྗེ་བཙུན་བྱམས་མགོན་གྱིས། །ཐུགས་རྗེས་འབྲལ་མེད་རྗེས་སུ་འཛིན་ཕྱིར་བསྔོ། །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་དད་པས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། བར་གྱི་ཡི་གེ་བ་ནི་དཀའ་བཅུ་འཇམ་དབྱངས་དོན་ཡོད་དོ། །མདྒ་ལཾ། །

ཤེས་རབ་སྙིང་པོའི་རྣམ་བཤད་ཟབ་མོའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ཉི་མ།

ཤེས་རབ་སྙིང་པོའི་རྣམ་བཤད་ཟབ་མོའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་ནས་ནི། དེ་ཉིད་འགྲོ་ལ་བརྩེ་བས་འདོམས་མཛད་པས། མཁྱེན་དང་སྟོན་པ་བླ་ན་མེད་གྱུར་པ། ཐུབ་དབང་སྨྲ་པའི་ཉི་མར་གུས་ཕྱག་འཚལ། རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་ནས། །རྒྱས་སྲས་གཞོན་ནུའི་གར་གྱིས་སྲིད་གསུམ་འདིར། །རྒྱལ་བའི་མཛད་པ་མཐའ་དག་སྒྲུབ་བརྩོན་པ། །རྒྱལ་སྲས་ཐུ་བོ་སྤྱན་རས་གཟིགས་ལ་འདུད། །ཤེས་རབ་ཆེན་པོའི་མཆོག་གྱུར་ཤཱ་རིའི་བུ། །ཟབ་དོན་འགྲེལ་མཛད་ཀླུ་སྒྲུབ་ཟླ་བ་གྲགས། །རྒྱལ་བ་གཉིས་པ་ཡབ་སྲས་ལ་བཏུད་ནས། །ཤེར་ཕྱིན་སྙིང་པོའི་རྣམ་བཤད་བྲི་བར་བྱ། །འདི་ལ་གསུམ་སྤྱིར་ཟབ་མོའི་དོན་ལ་འཇུག་དགོས་པར་བསྟན་པ། སྐབས་ཀྱི་གཞུང་དོན་བཤད་པ། ཟབ་དོན་རིགས་པས་གཏན་ལ་འབེབ་ཚུལ་མདོར་བསྡུས་བཤད་པའོ། །དང་པོ་ནི། ཐར་འདོད་ཀྱི་སྐྱེས་བུས་གང་ལ་འཇུག་པར་བྱ་བའི་གཞི་ནི་རྒྱལ་བའི་བསྟན་པ་ཡིན་ལ། དེའི་ནང་ནས་ཀྱང་སྟོང་ཉིད་ཀྱི་ལྟ་བ་འཚོལ་བ་ལ་འཇུག་དགོས་པ་ཡིན་ཏེ། ལྟ་བ་དེ་ནི་རྟོགས་པའི་བསྟན་པ་ཐམས་ཅད་ཀྱི་གཙོ་བོ་འམ་སྙིང་པོ་དང་། དེ་སྟོན་པའི་གཞུང་ནི་ལུང་གི་བསྟན་པ་ཐམས་ཅད་ཀྱི་གཙོ་བོའམ་སྙིང་པོ་ཡིན་པས། ཆོས་སྟོན་པ་ཐམས་ཅད་ཀྱི་ནང་ནས་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་སྟོན་པ་དེ་སྟོན་པའི་མཆོག་དང་། ཆོས་ཤེས་པ་ཐམས་ཅད་ཀྱི་ནང་ནས་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་ཤེས་པ་དེ་ཤེས་པའི་མཆོག་ཡིན་པའི་ཕྱིར་ཏེ། རྗེས། རྟེན་འབྲེལ་བསྟོད་པ་ལས། བསྟན་པའི་སྙིང་པོ་སྟོང་པ་ཉིད། །ཞེས་པ་དང་། སྟོན་པའི་ནང་ནས་རྟེན་འབྲེལ་སྟོན་པ་དང་། །ཤེས་རབ་ནང་ནས་རྟེན་འབྲེལ་ཤེས་པ་ཉིད། དདདའཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །ཕུལ་བྱུང་ལེགས་པར་ཁྱོད་མཁྱེན་གཞན་གྱིས་མིན། །ཞེས་གསུངས་པའི་ཕྱིར་རོ། །ཐར་པ་ཐོབ་པ་ལ་སྟོང་ཉིད་རྟོགས་པའི་ལྟ་བ་མེད་མི་རུང་གི་ཡན་ལག་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་བདག་མེད་ཆོས་ལ་སོ་སོར་རྟོག །སོ་སོར་དེར་བརྟགས་གང་ཞིག་སྒོམ་བྱེད་ན། །དེ་ནི་མྱ་ངན་འདས་འཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་བསྟེན་མ་ཡིན།། འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེའི་གནད་ཀྱང་། བདག་དང་བདག་གིར་རང་བཞིན་གྱིས་གྲུབ་པར་བཟུང་ན་འཁོར་བར་འཁོར་ཞིང་། དེ་རང་བཞིན་གྱིས་མེད་པར་རྟོགས་ན་འཁོར་བ་ལས་གྲོལ་བར་འགྱུར་པའི་རྒྱུ་མཚན་གྱིས་ཡིན་ཏེ། སྡུད་པ་ལས། དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མིན་རྟོག་སྐྱེ་ཞིང་འཇིག །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་རྒྱལ་བའི་གསུང་རབ་མཐའ་དག་དངོས་དང་བརྒྱུད་པ་ཅི་རིགས་ཀྱི་སྒོ་ནས་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་སྟོན་པ་ལ་གཞོལ་བ་ཡིན་ཏེ། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། ཞེས་དང་། རྗེ་ཉིད་ཀྱིས་ཀྱང་། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །ཅེས་གསུངས་པའི་ཕྱིར་རོ། །སྟོང་ཉིད་ཟབ་མོ་ལ་མོས་ནས་ཉན་པ་དང་སྟོན་པ་དང་རྟོགས་པའི་ཕན་ཡོན་ནི་མདོ་སྔགས་གཉིས་ཀ་ལས་མང་དུ་གསུངས་ཤིང་། ཁྱད་པར་དུ་རྡོར་གཅོད་དུ་གྲགས་པའི་ཤེར་ཕྱིན་སུམ་བརྒྱ་པ་ལས། རབ་འབྱོར་གང་གིས་འཇིག་རྟེན་གྱི་ཁམས་དེ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་དུ་བཟུང་ནས། གཞན་དག་ལ་ཡང་དག་པར་བཤད་དེ་ཡང་དག་པར་རབ་ཏུ་བསྟན་ན། དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ། །ཞེས་དང་། ཁྱེའུ་རིན་ཆེན་བྱིན་པའི་མདོ་ལས་ཀྱང་། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང་བྲལ་བས་བསྐལ་པ་བརྒྱ་སྟོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐེ་ཚོམ་དང་བཅས་པས་ཉན་པ་འདི་བསོད་ནམས་ཆེས་མང་དུ་བསྐྱེད་ན། གང་ཐེ་ཚོམ་མེད་པར་ཉན་པ་ལྟ་ཅི་སྨོས། གང་གིས་ཡི་གེར་བྲིས་ནས་ལུང་འབོག་པ་དང་འཆད་པ་དང་གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས། ཞེས་གསུངས་པ་ལྟར་ཏེ། ཉན་པ་ནས་གཞན་ལ་སྟོན་པའི་བར་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕན་ཡོན་ལྷག་པར་ཆེ་བར་སྟོན་པ་ཡིན་ནོ། །སྟོང་ཉིད་མ་རྟོགས་ཀྱང་དེ་ལ་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་ཙམ་གྱིས་ཀྱང་སྲིད་པ་ཧྲུལ་པོར་བྱེད་ཅིང་། ཐར་པའི་ས་བོན་འཇོག་ནུས་པ་ཡིན་ཏེ །འཕགས་པ་ལྷས་བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བ་ཡང་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་དང་། མདོ་ལུང་སྔ་མས་ཀྱང་འགྲུབ་པའི་ཕྱིར་རོ། །རྡོར་གཅོད་ཀྱི་གཞུང་གི་ཕན་ཡོན་ཡོངས་སུ་རྫོགས་པར་ནི། དེའི་བརྗོད་བྱ་དོན་གྱི་ཤེར་ཕྱིན་ལས་འབྱུང་བར་དགོངས་པ་ཡིན་གྱི། གཞུང་བཀླག་པ་ཙམ་ལས་ནི་མ་ཡིན་ནོ། ཁ་ཅིག །ཤེར་སྙིང་འདོན་པ་ཐམས་ཅད་ཀྱང་གནོད་པ་ཞི་བའི་ཆེད་ཙམ་དུ་དམིགས་ནས་བྱེད་པ་ནི། དགོས་པའི་གཙོ་བོ་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་གྱི་མདོ་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་ཀྱི་གཙོ་བོ་བདག་མེད་རྟོགས་པའི་ལྟ་བ་རྒྱུད་ལ་བསྐྱེད་པའི་ཆེད་དུ་གསུངས་ཀྱི། གནོད་པ་ཕལ་བ་ཟློག་བྱེད་ཙམ་དུ་གསུངས་པ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་ད་ལྟ་ཟློག་པའི་ཆེད་དུ་དམིགས་ནས་འདོན་པ་དར་བ་ནི། སྔོན་ལྷའི་དབང་པོས་ཤེར་ཕྱིན་གྱི་དོན་ཡིད་ལ་བྱེད་ཅིང་ཚིག་ཁ་ཏོན་བྱས་པས་བདུད་ཕྱིར་ལྡོག་པར་གསུངས་པ་ལ་བརྟེན་པ་སྟེ། དགོས་པ་ཕལ་པའོ། །དགོས་པའི་གཙོ་བོ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཆེད་དུ་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་པ་དང་འཁོར་བ་དང་ངན་སོང་ལས་ཐར་པ་དང་། ལས་སྒྲིབ་འདགས་པའི་ཆེད་དུ་དམིགས་ནས་འདོན་དགོས་ལ། ཞར་བྱུང་ངམ་ཕལ་པ་ནི་རང་བཞིན་གྱི་གནོད་པ་ཞི་བའི་ཆེད་དུ་དམིགས་ནས་འདོན་པ་ནི་སྐབས་དང་བསྟུན་དགོས་པར་མངོན་ནོ། །གང་ལྟར་ཡང་ཀུན་སློང་འཕེན་པ་རྒྱ་ཆེ་ན་ཕན་ཡོན་ཆེ་ཞིང་ཆུང་ན་ནི་དེ་དང་འདྲ་བས་ཀུན་སློང་བཟང་བ་གལ་ཆེའོ། །མདོར་ན་རྡོར་གཅོད་སོགས་ལས་ཤེར་ཕྱིན་གྱི་གཞུང་དོན་ལ་ཐོས་བསམ་བྱས་ན་ཕན་ཡོན་མང་པོ་འབྱུང་བར་གསུངས་པ་ལྟར། ཕན་ཡོན་ཤིན་ཏུ་ཆེ་བའི་ཤེར་ཕྱིར་ཟབ་མོ་འདིའི་དོན་ཤེས་པ་ལ་འབད་པར་བྱའོ། །གཉིས་པ་ལ་གསུམ། མཚན་གྱི་དོན་དང་། གཞུང་གི་དོན་དང་། མཇུག་དོན་ནོ། །དང་པོ་ལ་གཉིས། དངོས་དང་། འགྱུར་གྱི་ཕྱག་གོ །དང་པོ་ནི། རྒྱ་གར་ན་སྐད་རིགས་བཞི་ཡོད་པའི་ནང་ནས་ལེགས་སྦྱར་གྱི་སྐད་དུ་བྷ་ག་ཝ་ཏི་ཞེས་སོགས་ཡིན་ལ། དེ་ཉིད་བོད་སྐད་དུ་བསྒྱུར་ན། བཅོམ་ལྡན་འདས་མ་ཞེས་སོགས་སུ་འགྱུར་བ་ཡིན་ཏེ། བྷ་ག་ཝ་ཏི་ནི་བཅོམ་ལྡན་འདས་མ།པྲ་ཛྙཱ་ནི་ཤེས་རབ། པཱ་ར་མི་ཏཱ་ནི་ཕ་རོལ་ཏུ་ཕྱིན་པ། ཧྲི་ད་ཡ་ནི་སྙིང་པོ་ཅེས་བྱ་བར་འགྱུར་བའི་ཕྱིར། འདིར་ཕར་ཕྱིན་ཞེས་བརྗོད་པའི་རྒྱུ་མཚན་ཅི་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཞེས་པ་ནི་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་དོན་ཡིན་ལ། དེ་ཡང་བྱེད་ཚིག་ལ་སྦྱར་བ་དང་། ལས་ཚིག་ལ་སྦྱར་བ་གཉིས་ཡོད་པའི་སྔ་མ་ལྟར་ན། ཕྱིན་པར་བྱེད་པའི་དོན་ཡིན་པས་སློབ་ལམ་ནའང་ཤེར་ཕྱིན་དངོས་ཡོད་ལ། ཕྱི་མ་ལྟར་ན་ཕྱིན་ཟིན་པའི་དོན་ཡིན་པས་སངས་རྒྱས་ཀྱི་སར་ཡོད་པ་དང་སྦྱར་དགོས་སོ། །བརྗོད་བྱ་དོན་གྱི་ཤེར་ཕྱིན་དངོས་ནི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཞིག་ལ་བྱེད་པ་ཡིན་ཀྱང་། ཡུམ་དང་ཤེར་ཕྱིན་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། རང་བཞིན་གྱི་ཤེར་ཕྱིན། གཞུང་ཤེར་ཕྱིན། ལམ་ཤེར་ཕྱིན། འབྲས་བུ་ཤེར་ཕྱིན་རྣམས་སུ་ཡོད་ཅིང་། དེའི་དང་པོ་ནི་སྟོང་ཉིད་དང་དོན་གཅིག །གཉིས་པ་ནི་སྟོང་ཉིད་སྟོན་པའི་ཐེག་ཆེན་གྱི་མདོ་ལྟ་བུ། གསུམ་པ་ནི་བྱང་སེམས་འཕགས་པའི་མཁྱེན་པ་ལྟ་བུ། བཞི་པ་ནི་རྣམ་མཁྱེན་ནོ། །གཉིས་པ་འགྱུར་ཕྱག་ནི། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ་ལོ་ཙཱ་བས་བཀོད་པའོ། །འདིར་བཅོམ་ལྡན་འདས་མ་ནི་ཤེས་ཕྱིན་ཉིད་ལ་དགག་སྒྲ་སྦྱར་བ་ཡིན་གྱི། གང་ཟག་ཞིག་ལ་མི་བཟུང་ངོ་། །གཉིས་པ་ལ་གཉིས། གླེང་གཞི་དང་། དངོས་ཀྱི་དོན། དང་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གླེང་གཞི་གཉིས་ཡོད་པའི་དང་པོ་ལ་བཞི་སྟེ། དུས་དང་སྟོན་པ་དང་གནས་དང་འཁོར་ཕུན་སུམ་ཚོགས་པ་བཞིའོ། །དུས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པས་སྟོན་ཏེ། འདི་སྐད་ཅེས་པ་ནི་འཆད་འགྱུར་གྱི་མདོ་འདི་སྐད་ཅེས་པ་ཡིན་ལ། བདག་གིས་ཐོས་པ་ཞེས་པ་ནི་གཞན་ལས་བརྒྱུད་ནས་མ་ཡིན་ཀྱི། བདག་གིས་དངོས་སུ་བཅོམ་ལྡན་འདས་ལས་ཐོས་ཞེས་པའོ། །དུས་གཅིག་ན་ཞེས་པ་ནི། སྤྱིར་ཆོས་གཞན་དུས་གཞན་དང་གཞན་དུ་ཐོས་ལ། དུས་གཅིག་གི་ཚེ་ན་འདི་ཐོས་ཞེས་པ་སྟེ། ཡང་ཡང་མ་ཐོས་པས་ཐོས་དཀའ་བའོ། །ཡང་དུས་གཅིག་གི་ཚེ་ལན་གཅིག་ཐོས་པ་ཙམ་གྱིས་བཟུང་བར་སྟོན་པས་ཤེས་རབ་ཆེ་བ་བསྟན་ཏོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་ཞེས་པ་སྟེ། བྷ་ག་ཝན་ནི་བཅོམ་ལྡན་དང་སྐལ་ལྡན་གཉིས་ཀ་ལ་འཇུག་པས། དང་པོའི་དབང་དུ་བྱས་ན། བཅོམ་ལྡན་ནི་ཇི་སྐད་དུ་ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ཡང་མི་མཐུན་ཕྱོགས་ཆོས་བཅོམ། །དེ་འདིར་བཅོམ་ལྡན་འདས་སུ་བཤད། །ཅེས་བཤད་པ་ལྟར་ཡིན་ལ། ཕྱི་མའི་དབང་དུ་བྱས་ན། སཾ་བྷུ་ཊི་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པ་དེ་ལ་སྐལ་ཞེས་བྱ། །ཞེས་གསུངས་པ་ལྟར་ཏེ། ལུང་སྔ་མ་བཅོམ་པ་དང་། ལུང་ཕྱི་མ་ལྡན་པའི་དོན་དུ་སོ་སོར་སྦྱར་ཡང་རུང་ངོ་། བྷ་ག་ཝན་ལ་འདས་ཞེས་པའི་དོན་དངོས་སུ་མེད་ཀྱང་། དོན་གྱིས་ཐོབ་པའི་དབང་དུ་བྱས་ནས་བླ་ཐབས་སུ་བསྣན་པ་སྟེ། སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་ཤིང་འཇིག་རྟེན་པའི་ལྷ་ལས་ཁྱད་པར་འཕགས་པའོ། །གནས་ཕུན་སུམ་ཚོགས་པ་ནི། རྒྱལ་པོའི་ཁ བ་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏེ། རྒྱལ་པོ་བཞུགས་པའི་གནས་ཡིན་པས་ན་རྒྱལ་པོའི་ཁབ་དང་། དེའི་ཤར་ན་རི་བྱ་རྒོད་ཀྱི་གཟུགས་ཕུང་ལྟར་ཡོད་པས་བྱ་རྒོད་ཕུང་པོ་དང་། བྱ་རྒོད་སྤུངས་པ་ལྟར་དང་། རིན་པོ་ཆེའི་བྲག་བྱ་རྒོད་ཀྱི་མགོ་བོ་ལྟ་བུ་ཡོད་པས་བྱ་རྒོད་ཕུང་པོའི་རི་ཞེས་བྱ་བ་དེ་ལ་བཞུགས་ནས་སོ། །དེ་ལྟ་བུའི་རི་དེ་བསྐལ་པ་འཇིག་པའི་ཚེ་ཡང་མི་འཇིག་ཅེས་མཁས་པ་ཁ་ཅིག་གསུང། འཁོར་ཕུན་སུམ་ཚོགས་པ་ནི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་སྟོན་ཏེ། དགེ་སློང་གི་དགེ་འདུན་ཆེན་པོ་ནི་ཉན་ཐོས་ཀྱི་དབང་དུ་བྱས་པ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ནི་སྒྲས་ཟིན་ལྟར་རོ། །དགེ་སློང་ནི་བསྙེན་པར་རྫོགས་པ་སྟེ་མྱ་ངན་ལས་འདས་པ་དང་ཉེ་བར་བྱེད་པའི་དོན་དང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཆེན་པོ་ཐོབ་པའི་ཆེད་དུ་སེམས་པས་ན་དེ་སྐད་ཅེས་བྱ་ཞིང་། དགེ་འདུན་ནི་མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པའི་དོན་དང་། ཆེན་པོ་སྔ་མ་ནི་སྤངས་རྟོགས་ཀྱི་ཡོན་ཏན་མཐོན་པོ་ཐོབ་པའི་དོན་ཡིན་ལ། ཆེན་པོ་ཕྱི་མ་ནི་དོན་བདུན་ལ་འཇུག་སྟེ། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་དང་། སྒྲུབ་པ་གཉིས་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། ཐབས་མཁས་དང་། སྒྲུབ་པ་དང་། འཕྲིན་ལས་ཆེན་པོ་སྟེ་བདུན་ལ་འཇུག་པར་བཤད་པ་ལྟར་རོ། །ཐབས་གཅིག་ཏུ་བཞུགས་པ་ནི་དེ་རྣམས་དང་ལྷན་ཅིག་ཏུ་བཞུགས་པའོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་གསུམ། །གང་གིས་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན། གང་ལ་བྱིན་གྱིས་བརླབ་པའི་གང་ཟག །ཇི་ལྟར་བྱིན་གྱིས་བརླབས་པའི་ཚུལ་ལོ། །དང་པོ་ནི། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པས་བསྟན་ཏེ། དུས་དེའི་ཚེ་ཞེས་པ་དུས་ཀྱི་ཁྱད་པར་བཅོམ་ལྡན་འདས་ནི་སྟོན་པའི་ཁྱད་པར། ཟབ་མོ་ནི་ཡུལ་གྱི་ཁྱད་པར་ཏེ་སྟོང་པ་ཉིད་ཡིན་ལ། སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཡུལ་ཅན་གྱི་ཁྱད་པར་སྟེ། དེ་ལྟ་བུའི་ཟབ་མོ་རྟོགས་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ་མཉམ་པར་བཞག་པའོ། །སྤྱིར་སངས་རྒྱས་བཅོམ་ལྡན་འདས་ནི་དུས་རྟག་ཏུ་དེ་བཞིན་ཉིད་ལ་སླར་མི་ལྡང་པའི་ཚུལ་གྱིས་མཉམ་པར་བཞག་པ་ཡིན་པས། གསར་དུ་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་མིན་ཡང་། སྙོམས་པར་འཇུག་པའི་རྣམ་པ་བསྟན་པ་ཙམ་ནི་མི་འགལ་ལོ། །གཉིས་པ་ནི། སྟོན་པ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཡུལ་ཤཱ་རི་བུ་ལ་ཟབ་མོའི་དོན་ཞུ་བར་བྱིན་གྱིས་བརླབས་པའོ། །གསུམ་པ་ལ་གཉིས། དྲི་བའི་རྒྱུ་དང་། དྲི་བ་དང་ལན་གྱི་ཚུལ་ལོ། དང་པོ་ལ་འོག་གི་དྲིས་ལན་རྣམས་འབྱུང་བའི་རྒྱུ་ནི། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །ཞེས་པ་ནས། རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ། །ཞེས་པ་སྟེ། ཡང་ནི་སྟོན་པ་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་མ་ཟད་ཅེས་པའོ། །དུས་དེའི་ཚེ་སངས་རྒྱས་ཀྱི་བྱང་ཆུབ་དེ་ནི་བྱང་སེམས་རང་དོན་ལ་དམིགས་ནས་ཐོབ་པར་འདོད་པས་ན་བྱང་ཆུབ་སེམས་དཔའ་དང་། གཞན་དོན་དུ་དམིགས་ནས་ཐོབ་པར་འདོད་པས་ན་སེམས་དཔའ་ཆེན་པའོ། སོ་སྐྱེའི་ས་ལས་འདས་ཤིང་མི་དགེ་བའི་ཆོས་ལས་རིང་དུ་སོང་བས་ན་འཕགས་པ། རྒྱུད་ལྔའི་འགྲོ་བ་ལ་ཐུགས་རྗེས་དུས་དྲུག་ཏུ་གཟིགས་པས་ན་སྦྱན་རས་གཟིགས། ཆོས་ཀྱི་དབང་ཕྱུག་ཡིན་པས་དབང་ཕྱུག་ཅེས་བྱ་སྟེ། དེ་ཉིད་ཀྱིས་ཀྱང་སྟོན་པ་དང་མཐུན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་ཤེས་རབ་ཀྱིས་རྣམ་པར་ལྟ་ཞིང་། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་ཤེས་རབ་ཀྱིས་རྣམ་པར་ལྟ་བར་མཛད་པའོ། བལྟའོ་ཞེས་པས་འཕུལ་ཡོད་པ་ལྟར་བྱས་ན་བལྟ་བར་བྱའོ་ཞེས་པའི་དོན་དུ་འགྱུར་བས་ཅུང་མི་བདེ་སྙམ་ཡང་། ཕལ་ཆེར་ལས་དེ་ལྟར་འབྱུང་བས་བརྟག སྤྱིར་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཕྱིན་དྲུག་ཡོད་ཀྱང་། འདིར་ཟབ་མོ་རྟོགས་པའི་ཤེས་རབ་སྒོམ་པ་ལ་ཟབ་མོའི་སྤྱོད་པ་ཞེས་བྱ་སྟེ། དེ་ལྟ་ན་སྤྱིར་ལྟ་སྤྱོད་གཉིས་མི་འགལ་བར་སེམས་སོ། །གཉིས་པ་ལ་གཉིས། དྲི་བ་དང་དེའི་ལན་ཇི་ལྟར་མཛད་པའི་ཚུལ་ལོ།། དང་པོ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རི་བུས་ཞེས་པ་ནས། འདི་སྐད་ཅེས་སྨྲས་སོ་ཞེས་པ་སྟེ་འགོའི་དེ་ནས་ཞེས་པ་ནི་མཚམས་སྦྱར་བ་སྟེ་དུས་ཀྱི་ཁྱད་པར་རོ། །སངས་རྒྱས་ཀྱི་མཐུས་ཞེས་པ་ནི་འདིར་ཤ་རིའི་བུས་དྲི་བ་མཛད་པ་འདི་རང་སྟོབས་ཙམ་མིན་གྱི། སངས་རྒྱས་ཀྱི་མཐུས་ཞུས་པ་སྟེ་རྒྱུའི་ཁྱད་པར་རོ། །ཚེ་དང་ལྡན་པ་ནི་སྤྱིར་ཚེ་མ་དོར་བ་ཞིག་ལ་བྱེད་ཀྱང་། འདིར་བསྔགས་པའམ་ཞེས་སའི་ཁྱད་པར་རོ། །མ་ཤཱ་རི་ཀའི་བུ་ཡིན་པས་ན་ཤཱ་རིའི་བུ་སྟེ། དྲི་བ་པོའི་གང་ཟག་གི་ཁྱད་པར་རོ། །འདི་དངོས་པོ་ལ་ཉན་ཐོས་མཚན་ཉིད་པ་མ་ཡིན་ཏེ། སྒྲོན་གསལ་ལས་སྒྲིབ་སེལ་གྱི་སྤྲུལ་པར་ཡིན་པར་བཤད་པས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་སོགས་ནི་སྔར་ལྟར་ཡིན་ལ། འདི་སྐད་ཅེས་སྨྲས་སོ་ཞེས་པ་ནི་འཆད་པར་འགྱུར་བ་ལྟར་བརྗོད་པའི་དོན་ནོ། །དེ་ནས་དྲི་བ་དངོས་ནི། རིགས་ཀྱི་བུ། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་པ་ནས། ཇི་ལྟར་བསླབ་པར་བྱ། ཞེས་དྲིས་པ་སྟེ། དེ་ལ་རིགས་ཀྱི་བུ་ཞེས་པ་ནི་ཆོས་སམ་བྱང་ཆུབ་ཀྱི་རིགས་སུ་སྐྱེས་པ་སྟེ། མཁས་པ་ཁ་ཅིག་སྐབས་འདིར་རིགས་ཀྱི་བུ་མོ་ཞེས་འབྱུང་བ་ནི་མ་དག་ཅེས་བཞེད་པ་ལྟར་ན། རིགས་ཀྱི་བུ་ནི་སྤྱན་རས་གཟིགས་ལ་བ སྙེགས་དགོས་ལ། ཁ་ཅིག་རྒྱ་དཔེ་ལ་འདིར་རིགས་ཀྱི་བུ་མོ་ཞེས་འདུག་ཅེས་གསུངས་པ་ལྟར་ན་ཤེར་ཕྱིན་འདི་ལ་བསླབ་པར་འདོད་པའི་སྐྱེས་པ་དང་བུད་མེད་སྤྱི་ལ་སྦྱོར་དགོས་སོ། །ཅི་ལྟར་ཡང་། གང་ལ་ལ་ནི་སྐྱེས་པའམ་བུད་མེད་གང་ལ་ལ་ཞེས་པར་མ་རིགས་ཀྱི་བུའམ་བུ་མོ་གང་ལ་ལ་ཞེས་སྦྱར་ཀྱང་རུང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ལ་བརྩོན་པས་སྤྱད་པ་སྟེ་བསྒྲུབ་པར་འདོད་པའི་གང་ཟག་དེས་ཚོགས་སྦྱོར་དང་མཐོང་སྒོམ་གྱི་ལམ་རྣམས་སུ་ཚུལ་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་སོ། །ཤཱ་རིའི་བུས་དེ་སྐད་ཅེས་སྨྲས་པ་དང་ཞེས་པ་ནི་ཞུས་ཟིན་པའི་མཚམས་སྦྱར་རོ། །གཉིས་པ་ལ་བཞི། བསླབ་ཚུལ་སོ་སོར་ཕྱེ་སྟེ་བསྟན་པ། སྔགས་ཚིག་གིས་བསྡུས་ནས་བསྟན་པ། མདོར་བསྡུས་ཏེ་བསླབ་པར་གདམས་པ། རྗེས་སུ་ཡི་རང་མཛད་པའོ། །དང་པོ་ལ་བཞི། ཚོགས་ལམ་དང་སྦྱོར་ལམ་གཉིས་ཀྱི་སྐབས་སུ་ཤེར་ཕྱིན་ལ་སློབ་ཚུལ། མཐོང་ལམ་དུ་སློབ་ཚུལ། སྒོམ་ལམ་དུ་སློབ་ཚུལ། མི་སློབ་པའི་སངས་རྒྱས་ཐམས་ཅད་ཤེར་ཕྱིན་ལ་བརྟེན་ནས་ཐོབ་ཚུལ་ལོ། །དང་པོ་ལ་གཉིས། མཚམས་སྦྱར་དང་། སློབ་ཚུལ་དངོས་སོ། །དང་པོ་ནི། དེ་ལྟར་ཞུས་པའི་ལན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། ཞེས་པ་ནས། སྨྲས་སོ་ཞེས་པའི་བར་ཏེ་དེ་ནས་ཤཱ་རིའི་བུ་ཞེས་བོས་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་པ་ནས། འདི་ལྟར་རྣམ་པར་བལྟ་པར་བྱ་སྟེ་ཞེས་པ་ནི་མཚམས་སྦྱར་བའོ། །གཞན་སླ་ཞིང་འདི་ལྟར་ནི་འཆད་པར་འགྱུར་བའི་སློབ་ཚུལ་འདི་ལྟར་བྱ་ཞེས་པའི་དོན་ནོ། ཁ་ཅིག་འདི་ཚོགས་སྦྱོར་གཉིས་ལ་སློབ་ཚུལ་ཙམ་དང་སྦྱར་ཡང་འཆད་པར་འགྱུར་པའི་ཉམས་ལེན་ཐམས་ཅད་ལ་སློབ་ཚུལ་དང་སྦྱོར་རྒྱུ་ཡིན་ནོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་། ཕྱེ་སྟེ་བཤད་པའོ། །དང་པོ་ནི། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་པ་སྟེ། ཕུང་པོ་ལྔ་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བཏགས་དོན་མ་བཙལ་བར་ཐ་སྙད་དུ་འཇོག་ནུས་མོད། བཏགས་དོན་བཙལ་ན་རིག་ཤེས་ཀྱི་དཔྱད་བཟོད་དུ་མ་གྲུབ་པས། གཟུགས་སོགས་ཀྱི་ཕུང་པོ་རེ་རེར་མ་ཟད། ཕུང་པོ་ལྔ་པོ་དེ་དག་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་གནས་ཚུལ་ཇི་ལྟ་བ་བཞིན་རྗེས་སུ་བལྟ་བར་བྱའོ་ཞེས་སྟོང་ཉིད་ཟབ་མོ་ལ་བལྟ་ཚུལ་མདོར་བསྡུས་ཏེ་བསྟན་པ་ཡིན་ལ། དེ་ཡང་ཚོགས་སྦྱོར་གྱི་གནས་སྐབས་སུ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང་། མཐོང་ལམ་ནས་མངོན་སུམ་དུ་རྟོགས་པ་དང་། སྒོམ་ལམ་ནས་མངོན་སུམ་དུ་རྟོགས་ཟིན་གོམས་པ་ལྷུར་ལེན་གྱི་ཚུལ་དུ་སྒོམ་པར་བྱེད་དགོས་པར་བསྟན་པའོ། །གཉིས་པ་ལ་གཉིས། གཟུགས་ཕུང་གི་སྟེང་དུ་ཟབ་མོ་བཞི་སྦྱོར་བ་བསྟན་པ་དང་། རིགས་པ་དེ་ཕུང་པོ་གཞན་བཞི་ལ་བསྒྲེ་བར་བསྟན་པའོ། །དང་པོ་ནི། གཟུགས་ཕུང་ལྟ་བུ་རང་བཞིན་མེད་པར་བལྟ་ཚུལ་ཇི་ལྟར་བྱ་ཞེ་ན། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་པ་སྟེ། གང་ཟག་གི་གཟུགས་ཕུང་ནི་མ་བརྟགས་མ་དཔྱད་པའི་ཐ་སྙད་པའི་ཤེས་ངོར་སྣང་བ་ཙམ་མ་གཏོགས། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་བརྟགས་ཤིང་དཔྱད་པ་ན་བཏགས་དོན་མི་རྙེད་པས་རང་ངོས་ནས་སམ་རང་བཞིན་གྱིས་གྲུབ་པས་སྟོང་པའོ། །དཔེར་ན། ཆུ་ནང་གི་ཟླ་བ་དང་མེ་ལོང་གི་གཟུགས་བརྙན་དང་སྨིག་རྒྱུའི་ཆུ་དང་རྨི་ལམ་གྱི་མི་དང་སྒྱུ་མའི་རྟ་གླང་སོགས་ཐ་སྙད་པའི་ཤེས་ངོར་སྣང་བ་ཙམ་མ་གཏོགས། སྣང་ཙམ་ཉིད་ནས་ཟླ་བ་སོགས་སུ་མ་གྲུབ་པ་བཞིན་ནོ། །བཏགས་དོན་འཚོལ་ཚུལ་ནི་འོག་ཏུ་འཆད་པར་འགྱུར་རོ། །གལ་ཏེ་རང་བཞིན་གྱིས་མ་གྲུབ་ན་མེད་པར་མི་འགྱུར་རམ་སྙམ་ན་དེར་མི་འགྱུར་བ་ནི་དེ་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ཡིན་བཞིན་དུ་ཐ་སྙད་ཙམ་དུ་གཟུགས་སུ་སྣང་ངོ་། །དཔེར་ན། ཟླ་བའི་གཟུགས་བརྙན་ནི་ཟླ་བ་ཡིན་པར་མ་གྲུབ་ཀྱང་ཟླ་བར་སྣང་བ་ཙམ་མི་འགལ་བ་ལྟར་རོ། །འོ་ན། ཟླ་བའི་གཟུགས་བརྙན་ཟླ་བར་མ་གྲུབ་པ་དེ་བཞིན་དུ། གཟུགས་ཉིད་ཀྱང་གཟུགས་སུ་མ་གྲུབ་པ་ཡིན་ནམ། གཞན་དུ་དེའི་དཔེར་ཇི་ལྟར་རིགས་ཞེ་ན། འདི་ལྟ་བུ་ནི་དོགས་པའི་གནས་ཆེན་པོ་ཡིན་པས་རྒྱས་པར་བཤད་དགོས་པ་ཡིན་ཡང་། འདིར་མང་དུ་དོགས་པས་རྗེ་ཡབ་སྲས་ཀྱི་གཞུང་ཆེ་བ་དག་ལས་ཤེས་པར་བྱ་དགོས་ལ། ཅུང་ཟད་བརྗོད་ན། དཔེ་དོན་དེ་ལྟར་སྦྱོར་བ་ནི་གཟུགས་བརྙན་བྱད་བཞིན་དུ་མ་གྲུབ་པ་དེ་བཞིན་དུ། གཟུགས་ནི་གཟུགས་སུ་རང་བཞིན་གྱིས་མ་གྲུབ་ཅེས་གོ་བར་བྱེད་པ་ཡིན་ཞིང་། དེ་ཡང་མེ་ལོང་གི་གཟུགས་བརྙན་ལྟ་བུ་ནི་འཇིག་རྟེན་པའི་རྒན་པོ་བརྡ་བྱང་རྣམས་ཀྱིས་བྱད་བཞིན་དུ་མ་གྲུབ་པར་རྟོགས་ནུས་པས། གཟུགས་བརྙན་དེ་འཇིག་རྟེན་ན་བརྫུན་པར་གྲགས་ལ། གཟུགས་རང་བཞིན་གྱིས་མ་གྲུབ་པར་འཇིག་རྟེན་རང་ག་བས་རྟོགས་མི་ནུས་པས། གཟུགས་དེ་ནི་འཇིག་རྟེན་རང་ག་བའི་ཤེས་ངོར་བདེན་པར་སྣང་ཞིང་དེའི་ངོར་བདེན་ཡང་། དབུ་མའི་རིགས་པས་སྣང་བ་ལྟར་མ་གྲུབ་པར་རྟོགས་ནུས་པས་དབུ་མ་པ་ལ་གྲགས་པའི་བརྫུན་པ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ན་གྲགས་པའི་བརྫུན་པ་ཞིག་དཔེར་བཟུང་ནས། དེ་ལ་བརྫུན་པར་མ་གྲགས་པའི་གཟུགས་སོགས་རང་གི་ངོ་བོས་གྲུབ་པར་སྣང་ཡང་། དེར་མ་གྲུབ་པར་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ནས་གཟུགས་བརྙན་བྱད་བཞིན་དུ་མ་གྲུབ་ཀྱང་གཟུགས་བརྙན་དུ་གྲུབ་པ་ལྟར། གཟུགས་རང་བཞིན་གྱིས་མ་གྲུབ་ཀྱང་གཟུགས་སུ་གྲུབ་པར་ཐ་སྙད་པའི་ཚད་མས་འཇོག་ནུས་ཏེ། དེ་འདྲ་བ་གཞན་ལའང་སྦྱར་རོ། །གལ་ཏེ་གཟུགས་ནི་ཀུན་རྫོབ་པའི་ངོ་བོ་འདུས་བྱས་ཡིན་ལ། གཟུངས་རང་བཞིན་གྱིས་མེད་པ་ནི་དོན་དམ་འདུས་མ་བྱས་ཡིན་པས་དེ་གཉིས་ངོ་བོ་ཐ་དད་དུ་འགྱུར་རོ་སྙམ་ན་དེར་མི་འགྱུར་བ་ནི། གཟུགས་ཕུང་ལས་དེའི་རང་བཞིན་སྟོང་པ་ཉིད་ངོ་བོ་གཞན་ཏེ་ངོ་བོ་ཐ་དད་པ་མ་ཡིན་ཏེ། ངོ་བོ་གཅིག་ཡིན་ནོ་ཞེས་པའོ། །དཔེར་ན་གཟུགས་བརྙན་ཟླ་བར་སྣང་བ་དང་དེ་ཟླ་བར་མ་གྲུབ་པ་གཉིས་ངོ་བོ་གཅིག་ཅིང་ཐ་དད་མ་ཡིན་པ་ལྟར་རོ། །དེ་ཡང་གཟུགས་བརྙན་ཟླ་བར་སྣང་བ་དང་གཟུགས་བརྙན་ཟླ་བར་མ་གྲུབ་པ་གཉིས་གཞི་གཅིག་ལ་དུས་གཅིག་ཏུ་ཚོགས་པ་འཇིག་རྟེན་པའི་ཐ་སྙད་པའི་ཚད་མས་ངེས་པ་མངོན་སུམ་གྱིས་གྲུབ་པ་ཡིན་ལ། གཟུགས་དང་དེའི་རང་བཞིན་མེད་པ་གཉིས་ངོ་བོ་གཅིག་པ་དེ་འཇིག་རྟེན་རང་ག་བས་མི་ངེས་ཀྱང་དབུ་མའི་རིགས་པ་ཤེས་པས་ངེས་ནུས་སོ། །དེ་ལྟར་ན་གཟུགས་ལས་དེའི་རང་བཞིན་སྟོང་པ་ཉིད་ངོ་བོ་གཞན་མ་ཡིན་པར་མ་ཟད། གཟུགས་ཀྱི་རང་བཞིན་སྟོང་པ་ཉིད་ལས་ཀྱང་གཟུགས་ངོ་བོ་གཞན་ཏེ་ངོ་བོ་ཐ་དད་མ་ཡིན་ནོ། །དཔེར་ན་གཟུགས་བརྙན་བྱད་བཞིན་གྱིས་སྟོང་པ་ལས་གཟུགས་བརྙན་ངོ་བོ་ཐ་དད་དུ་མེད་པ་བཞིན་ནོ། །མདོར་ན་གཟུགས་སོགས་རྣམས་རང་གི་རང་བཞིན་སྟོང་པ་ཉིད་དང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་ཏེ། དཔེར་ན། བྱས་པ་དང་དེའི་མི་རྟག་དང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་བཞིན་ནོ། །དེ་ལྟར་ཡང་། མགོན་པོ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཞེས་གསུངས་སོ། གཟུགས་སོགས་དང་དེ་རྣམས་ཀྱི་རང་བཞིན་མེད་པ་གཉིས་གཅིག་དང་ངོ་བོ་ཐ་དད་ལ། གནོད་བྱེད་བཞི་དགོངས་འགྲེལ་ལས་གསུངས་ཀྱང་། བསྡུ་ན་གཟུགས་དང་དེའི་རང་བཞིན་གྱིས་སྟོང་པ་གཉིས་ངོ་བོ་གཅིག་ཡིན་ཀྱང་གཏན་ནས་གཅིག་མ་ཡིན་ཏེ། གཟུགས་ཀུན་རྫོབ་དང་དེའི་རང་བཞིན་གྱིས་སྟོང་པ་ནི་དོན་དམ་བདེན་པ་ཡིན་པའི་ཕྱིར་རོ། །དེ་གཉིས་ངོ་བོ་ཐ་དད་མ་ཡིན་ཏེ། ཡིན་ན་མ་འབྲེལ་བས་གཟུགས་རང་བཞིན་གྱིས་སྟོང་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར། དེའི་ཚུལ་ཡང་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པས་རྟེན་འབྲེལ་མ་ཡིན་པའི་ཆོས་མེད་ལ་དེ་མེད་པས་རང་བཞིན་གྱིས་སྟོང་པ་མ་ཡིན་པའི་ཆོས་ཀྱང་མེད་དེ། རྟེན་འབྲེལ་བསྟོད་པ་ལས། དེ་ཕྱིར་བརྟེན་ནས་འབྱུང་བ་ལ། །མ་གཏོགས་ཆོས་འགའ་ཡོད་མིན་པས། །རང་བཞིན་གྱིས་ནི་སྟོང་པ་ལས། །མ་གཏོགས་ཆོས་འགའ་མེད་པར་གསུངས། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་བར་ཤེས་པ་རྣམས་སྟོང་པའོ། །ཞེས་པ་སྟེ། གཟུགས་ཕུང་ལ་བཤད་པའི་དཔེ་དོན་དེ་བཞིན་དུ། ཚོར་བ་སོགས་བཞི་པོ་རང་བཞིན་གྱི་གྲུབ་པ་སྟོང་པའོ། །ཚོར་བ་སོགས་བཞི་རང་བཞིན་གྱིས་སྟོང་ཡང་ཐ་སྙད་དུ་ཚོར་བ་སོགས་བཞི་པོ་དེར་སྣང་ངོ་། །ཚོར་བ་སོགས་བཞི་ལས་དེ་བཞིའི་རང་བཞིན་གྱི་སྟོང་པ་ཉིད་ངོ་བོ་གཞན་མ་ཡིན། དེ་བཞིའི་རང་བཞིན་སྟོང་པ་ཉིད་ལས་ཚོར་བ་སོགས་བཞི་པོ་དེ་ངོ་བོ་གཞན་ནམ་ངོ་བོ་ཐ་དད་མ་ཡིན་ཏེ་ངོ་བོ་གཅིག་གོ་ཞེས་སྦྱོར་རྒྱུ་ཡིན་ནོ། །གཉིས་པ་མཐོང་ལམ་ལ་སློབ་ཚུལ་ནི། ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགག་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ་ཞེས་པ་སྟེ། ཟབ་མོ་ཁྱད་པར་བརྒྱད་དང་ལྡན་པར་བསྟན་ཏོ། །དེ་ཡང་ཤཱ་རིའི་བུ་ཞེས་བོས་ནས། སྔར་ཕུང་པོ་ལྔ་རང་བཞིན་གྱིས་སྟོང་པར་བཤད་པ་དེ་ལྟར་སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་ཀྱི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་དེ། དེ་ཡང་རང་བཞིན་གྱིས་སྟོང་ཡང་ཆོས་དེ་རྣམས་སུ་སྣང་ངོ་། །ཆོས་དེ་རྣམས་ལས་དེའི་རང་བཞིན་སྟོང་པ་ཉིད་ངོ་བོ་གཞན་མ་ཡིན། དེ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ལས་ཆོས་དེ་རྣམས་ངོ་བོ་གཞན་མ་ཡིན་ནོ་ཞེས་སྦྱར་བར་བྱ་སྟེ། དེས་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་བསྟན་ཏོ། །ཆོས་ཐམས་ཅད་རང་གི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པ་དང་། སྤྱིའི་མཚན་ཉིད་མི་རྟག་པ་དང་བདག་མེད་པ་ལ་སོགས་པ་རྣམས་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པ་དང་། གཟུགས་སོགས་འདུས་བྱས་ཀྱི་ཆོས་རྣམས་ཐ་སྙད་ཙམ་དུ་སྐྱེ་ཡང་རང་བཞིན་གྱིས་མ་སྐྱེས་པ་དང་། དེ་རྣམས་སྐྱེས་མཐའ་འགག་པ་ཡང་ཐ་སྙད་ཙམ་དུ་ཡིན་གྱི་རང་བཞིན་གྱིས་མ་འགགས་པ་དང་། ཐར་འདོད་ཀྱི་སྐྱེས་བུ་རྣམས་ཀྱི་སྤང་བྱའི་དྲི་མ་འཁོར་བ་རྒྱུ་དང་བཅས་པ་རང་བཞིན་གྱིས་མེད་པ་ཡིན་ལ། བླང་བྱ་དྲི་མ་དང་བྲལ་བ་མྱ་ངན་ལས་འདས་པའི་ཐར་པ་ཡང་རང་བཞིན་གྱིས་མེད་དོ་ཞེས་པས་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་བསྟན་ཏོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་བྲི་པ་སྟེ་ཟད་བར་འགྱུར་བ་ཡང་རང་བཞིན་གྱིས་མེད་པ་དང་། རྣམ་པར་བྱང་བའི་ཕྱོགས་གང་བ་སྟེ་རྫོགས་པར་འགྱུར་པའམ་གོང་འཕེལ་དུ་འགྲོ་བ་ཡང་རང་བཞིན་གྱིས་མེད་པའོ་ཞེས་པས་རྣམ་པར་ཐར་པའི་སྒོ་སྨོན་མེད་བསྟན་པར་བཞེད་དོ། །དེ་ཡང་ཡུམ་གྱི་མདོ་ལས། གཟུགས་ནི་གང་ནས་ཀྱང་མ་འོངས། གང་དུ་ཡང་མི་འགྲོ། གང་ཡང་གནས་པར་འགྱུར་བ་མེད་དོ། །ཞེས་སོགས་དང་། འགྲེས་མོས་ཞུས་པ་ལས། སྲིང་མོ་སྐྱེ་བ་གང་ནས་ཀྱང་མ་འོངས་། ཞེས་སོགས་མང་དུ་གསུངས་པ་ལྟར་ཏེ། འདི་ལ་སྤྱིར་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ཚུལ་ཤེས་ན། བྱེ་བྲག་ཏུ་འདུས་བྱས་ཀྱིས་ཆོས་ཐམས་ཅད་དང་པོར་རང་བཞིན་གྱིས་མ་སྐྱེས་པའི་ཚུལ་ཤེས་ལ། རང་བཞིན་གྱིས་མ་སྐྱེས་པའི་ཚུལ་ཤེས་ན་བར་དུ་རང་བཞིན་གྱིས་མི་གནས་པ་དང་མཐར་རང་བཞིན་གྱིས་མི་འགགས་པ་སོགས་ཀྱང་ཤེས་ནུས་པས་བླང་དོར་གྱི་རྣམ་གཞག་ཐམས་ཅད་ཐ་སྙད་ཙམ་མ་གཏོགས། དོན་དམ་པར་མེད་པའི་ཚུལ་རྣམས་ཤེས་པར་ནུས་སོ། །རང་བཞིན་གྱིས་མི་སྐྱེ་པའི་རྒྱུ་མཚན་གྱི་གཙོ་བོ་ཡང་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བའི་དབང་གིས་ཡིན་ཏེ། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །ཞེས་དང་། ཀླུ་སྒྲུབ་ཀྱིས་ཀྱང་རིགས་པ་དྲུག་ཅུ་པ་ལས། བརྟེན་ནས་སྐྱེས་པར་མ་སྐྱེས་པར། །དེ་ཉིད་མཁྱེན་པ་མཆོག་གིས་གསུངས། །ཞེས་དང་། དཔལ་ལྡན་ཟླ་བས་དབུ་མ་འཇུག་པར་ཡང་། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བ། །ཞེས་སོགས་དང་། རྗེ་ཉིད་ཀྱིས་ཀྱང་། གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །ཞེས་སོགས་གསུངས་པ་ལྟར་རོ། །དེ་ཡང་རྒྱུ་རྐྱེན་དང་ཆ་ཤས་ལ་བརྟེན་ནས་འབྱུང་ན་གཞན་དབང་གིས་སམ་གཞན་ལ་རག་ལས་པའི་དབང་གིས་བྱུང་བ་ཡིན་གྱི། རང་དབང་གིས་སམ་གཞན་ལ་བལྟོས་མེད་དུ་བྱུང་བ་ཡིན་པས་ན་རང་བཞིན་གྱིས་མེད་པ་ཡིན་ཏེ། བཞི་བརྒྱ་པ་ལས། འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་གི་ཡོད་མ་ཡིན། །ཞེས་གསུངས་པས་སོ། འོན་ཀྱང་དོན་ཕྲ་བས་བློ་ཆུང་གིས་རྟོགས་དཀའོ། །གསུམ་པ་སྒོམ་ལམ་ལ་སློབ་ཚུལ་ལ་གཉིས་སྒོམ་ལམ་ལ་ཇི་ལྟར་སློབ་ཚུལ་དང་། དེ་ལྟར་བསླབས་པས་ཇི་ལྟར་འཚང་རྒྱ་བའི་ཚུལ་ལོ། །དང་པོ་ནི། ཤཱ་རིའི་བུ། དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཞེས་པ་ནས། ཆོས་མེད་དོ། །ཞེས་པའི་བར་གྱིས་སྐྱེ་མཆེད་བཅུ་གཉིས་རང་བཞིན་མེད་པ་དང་། མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད་ཅེས་པས་རྟེན་དབང་པོའི་ཁམས་དྲུག་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ་ཞེས་པ་རྣམ་ཤེས་ཀྱི་ཁམས་དྲུག་གི་རང་བཞིན་གྱིས་སྟོང་ཚུལ་དངོས་སུ་བསྟན་ནས། དེ་གཉིས་ཀ་བསྡོམས་པས་དམིགས་པ་ཡུལ་གྱི་ཁམས་དྲུག་རང་བཞིན་གྱིས་སྟོང་ཚུལ་འཕགས་པས། ཁམས་བཅོ་བརྒྱད་རང་བཞིན་གྱིས་སྟོང་པར་བསྟན་ཏེ། དེ་ཡང་ཤཱ་རིའི་བུ་ཞེས་བོས་ནས། གོང་དུ་བཤད་པའི་རྒྱུ་མཚན་དེ་ལྟ་བས་ན་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་གཟུགས་ངོ་ལ་སྟེ་གཟིགས་ངོར་གཟུགས་མེད། དེ་བཞིན་དུ་སྦྱར་ཏེ་ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད་པ་སྟེ་ཕུང་པོ་ལྔའི་གཉིས་སྣང་མེད་པར་བསྟན་ལ། དེའི་ངོར་མིག་གི་སྐྱེ་མཆེད་མེད་ཅིང་། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་ཀྱི་སྐྱེས་ཆེད་རྣམས་མེད་པ་སྟེ་ཡུལ་ཅན་གྱི་སྐྱེ་མཆེད་དྲུག་གི་གཉིས་སྣང་མེད་དོ། །དེ་བཞིན་དུ་གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་པ་སྟེ། ཡུལ་གྱི་སྐྱེ་མཆེད་དྲུག་གི་གཉིས་སྣང་མེད་དོ། །དེ་བཞིན་དུ་མིག་གི་ཁམས་མེད་པ་ནས། ཡིད་ཀྱི་ཁམས་མེད་ཅེས་པའི་ནས་ཞེས་པ་ནི་སྡུད་ཚིག་ཡིན་པས་རྣ་བ་སྣ་ལྕེ་ལུས་བཞིའི་ཁམས་དང་བཅས་པའི་དབང་པོའི་ཁམས་དྲུག་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ཏུ་ཡང་མེད་དོ་ཞེས་པའི་བར་གྱིས། གཟུགས་ཀྱི་ཁམས་དང་། སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་ཁམས་ཏེ་ཡུལ་གྱི་ཁམས་དྲུག་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་ཁམས་ཏེ་རྣམ་ཤེས་ཀྱི་ཁམས་དྲུག་གི་གཉིས་སྣང་ལྡོག་གོ །འདིར་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་རྣམས་སྟོང་ཉིད་ལ་ཆུ་ལ་ཆུ་བཞག་པ་བཞིན་དུ་གྱུར་པའི་མཉམ་བཞག་གི་གཟིགས་ངོར་མེད་པ་དང་། དེ་རྣམས་སྤྱིར་རང་བཞིན་གྱིས་མེད་པ་དང་། དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དཔྱད་བཟོད་དུ་མེད་པ་དང་། དེ་རྣམས་གྱི་ཐ་སྙད་བཏགས་དོན་བཙལ་ན་མི་རྙེད་པ་གང་ལ་སྦྱར་ཡང་གནད་གཅིག་ཏུ་འགྲོའོ། སྐབས་འདི་དག་ཏུ་དགག་བྱའི་ཁྱད་པར་དངོས་སུ་མ་སྦྱར་ཡང་། གོང་དུ་ཕུང་པོ་ལྔ་པོ་རང་བཞིན་གྱིས་སྟོང་པར་གསུངས་པའི་ཚེ་དགག་བྱ་ལ་རང་བཞིན་གྱིས་ཞེས་དངོས་སུ་སྦྱར་ཟིན་པ་ལ་དགོངས་ཤིང་། འདིར་སྟོང་པ་ཉིད་ལ་ཞེས་གསུངས་པས་ཀྱང་གོ་ནུས་སོ། །ཡང་མ་རིག་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ་ཞེས་པས་གཟིགས་ངོ་དེར་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་གི་གཉིས་སྣང་མེད་པར་སྟོན་ཏེ། དེ་ཡང་མ་རིག་པ་མེད་པ་ནས་ཞེས་པའི་ནས་ནི་སྡུད་པའི་ཚིག་ཡིན་པས། དེ་དང་རྒ་ཤི་མེད་པའི་བར་ཀྱིས་འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དང་རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་བཅས་པའི་ཉོན་མོངས་ཕྱོགས་ཀྱི་ཡན་ལག་བཅུ་གཉིས་དང་། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ་ཞེས་པས་ཐ་མ་བསྟན་པ་དང་བར་དུ་ཞེས་པས་དེར་མ་ཟད་མ་རིག་པ་ཟད་པ་དང་། འདུ་བྱེད་ཟད་པ་དང་། དེ་བཞིན་དུ། སྐྱེ་བ་ཟད་པ་དང་། རྒ་ཤི་ཟད་པའི་བར་གྱིས་རྣམ་བྱང་ཕྱོགས་ཀྱི་ཡན་ལག་བཅུ་གཉིས་ཀྱི་མངོན་ཞེན་གཟིགས་ངོར་དེར་ལྡོག་པར་བསྟན་ཏོ། །ཡང་དེ་བཞིན་དུ་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད་ཅེས་པས་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་སྟེ་འཕགས་པའི་བདེན་པ་བཞིའི་མངོན་ཞེན་གཟིགས་ངོ་དེེ་མེད་དོ། ཡང་ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ་ཞེས་པས་མཉམ་གཞག་དེའི་གཟིགས་ངོར་ཡུལ་ཅན་ལམ་དང་ཡེ་ཤེས་རང་ཉིད་ཀྱི་གཉིས་སྣང་མེད་ལ། ཐོབ་པར་བྱ་བའི་ཆོས་ཡང་མེད་ཅིང་། ཐོབ་འགྱུར་དང་ཐོབ་བྱ་མ་ཡིན་པའི་མ་ཐོབ་པ་ཡང་མེད་དོ་ཞེས་གཟིགས་ངོ་དེར་བླང་དོར་ལ་བདེན་ཞེན་ལྡོག་པའི་ཚུལ་བསྟན་པའོ། །ཕྱི་མ་འདི་དག་ལ་དོན་འཆད་ཚུལ་མི་འདྲ་བ་འགའ་རེ་མཐོང་སྟེ་དོན་དུ་མི་འགལ་ཡང་། འདི་ཉིད་འཐད་པར་སེམས་སོ། །འོན་ཀྱང་རོང་ཊིཀ་པས་མ་ཐོབ་པ་ཡང་མེད་དོ་ཞེས་པ་ནི། ཀུན་རྫོབ་ཏུ་ཐོབ་པ་ཡོད་པ་ལ་འཆད་པ་ནི་སྐབས་སུ་བབ་བར་མ་མཐོང་ངོ་། མདོར་ན་དེ་དག །སློབ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་དོན་དམ་གཟིགས་པའི་གཟིགས་ངོར་གཟུགས་སོགས་ཀུན་རྫོབ་པའི་གཉིས་སྣང་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དོན་ཏེ། དེ་ཡང་། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ཞེས་དང་། གང་དག་དེ་ནི་འདུས་མ་བྱས་ཡིན་སྤྲོས་མེད་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། མངོན་རྟོགས་རྒྱན་ལས། གཟུགས་ལ་སོགས་པ་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཞེས་དང་། ཀླུ་སྒྲུབ་ཀྱིས་རྩ་ཤེས་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཞེས་སོགས་དང་། ཞི་བ་ལྷས་སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་རྣམས་དང་དོན་འདྲའོ། །དེ་ལ་འཕགས་པའི་མཉམ་གཞག་མི་རྟོག་པའི་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་གཟིགས་ངོ་ན་གཟུགས་སོགས་ཀུན་རྫོབ་ཀྱི་རྣམ་པ་མི་འཆར་བའི་རྒྱུ་མཚན་ཡོད་དེ། དེས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཚེ་གཉིས་སྣང་ནུབ་པའི་སྒོ་ནས་གཟིགས་པ་ཡིན་ལ། ཀུན་རྫོབ་པའི་ཆོས་གང་བློ་ལ་འཆར་བ་ན་གཉིས་སྣང་དང་བཅས་པའི་ཚུལ་གྱིས་འཆར་བ་ཡིན་པའི་ཕྱིར་ཏེ། དོན་དམ་པའི་ཆོས་རྣམས་ནི་དགག་བྱ་བདེན་གྲུབ་སོགས་གཉིས་སྣང་གི་སྤྲོས་པ་རྣམ་པར་བཅད་པའི་ཚུལ་གྱིས་སྣང་ཚུལ་མཐུན་པར་གནས་ཤིང་། གནས་པ་ལྟར་གཟིགས་པ་ཡིན་ལ། ཀུན་རྫོབ་པའི་ཆོས་རྣམས་ནི་གཉིས་སྣང་གི་སྤྲོས་པ་དུ་མ་དང་བཅས་ཏེ་སྣང་ཚུལ་དང་གནས་ཚུལ་མི་མཐུན་པར་གཟིགས་པའི་ཕྱིར་རོ། །སྤྱིར་གཉིས་སྣང་གི་སྤྲོས་པ་ལ་སྒྲ་རྟོག་དང་། ཡུལ་ཡུལ་ཅན་ཐ་དད་པའི་སྣང་བ་དང་། བདེན་གྲུབ་དང་དེར་སྣང་བ་དང་། ཀུན་རྫོབ་ཀྱི་གཉིས་སྣང་སོགས་མང་ཡང་འདིར་ཤེས་ན་དེ་རྣམས་གང་དང་སྦྱར་ཀྱང་མི་འགལ་ལོ། །དགག་བྱ་ལ་རྟགས་ཀྱི་དགག་བྱ་དང་། རིགས་པའི་དགག་བྱ་དང་། ལམ་གྱི་དགག་བྱ་སོགས་མང་ཡང་། རྟགས་ཡང་དག་གི་དགག་བྱ་མཐར་ཐུག་ནི། རང་བཞིན་གྱིས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་ངོས་ནས་གྲུབ་པ། བདེན་པར་གྲུབ་པ། དོན་དམ་པར་གྲུབ་པ། ཡང་དག་པར་གྲུབ་པ། རང་དབང་དུ་གྲུབ་པ་རྣམས་ཏེ། རང་བཞིན་གྱིས་སྟོང་པ་འམ། རང་བཞིན་གྱིས་མེད་ཅེས་སྦྱོར་རུང་བ་ཐམས་ཅད་ལ་ནི་དེ་ཐམས་ཅད་ཀྱིས་སྟོང་པ་དང་མེད་ཅེས་སྦྱོར་རུང་སྟེ། དེ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་ལ་བརྟེན་ནས་ཇི་ལྟར་འཚང་རྒྱ་བའི་ཚུལ་ལ་གཉིས་གྱི་དང་པོ་ནུས་པ་ནི། ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ལྟུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཅིང་གནས་ཏེ་ཞེས་པས་སྟོན་ཏེ། ཤཱ་རིའི་བུ་ཞེས་བོས་ནས། ཚོགས་སྦྱོར་གཉིས་དང་མཐོང་སྒོམ་གྱི་ལཾ་གཉིས་ཏེ་བཞི་ལ་སློབ་ཚུལ་གོང་དུ་བསྟན་པའི་ཚུལ་དེ་ལྟ་བས་ན། གང་ཟག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོ་ན་གཟུགས་མེད་པ་ནས། ཐ་མའི་ཐོབ་པ་དང་མ་ཐོབ་པའི་བར་གང་ཡང་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར་དེ་ལྟར་མེད་པར་མངོན་སུམ་དུ་རྟོགས་པའི་ཚུལ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འཇོག་ལ། ཟབ་མོའི་སྤྱོད་ཚུལ་དེ་ལ་བརྟེན་ཅིང་གནས་པར་བྱས་པས་ཏེ། དེའི་མཐུས་འབྲས་བུ་འཆད་པར་འགྱུར་བ་ལྟར་འཐོབ་པར་ནུས་སོ། །འདི་ནི་འཆད་ཚུལ་གཅིག་གི་དབང་དུ་བྱས་པ་ཡིན་ལ། འོན་ཀྱང་སེམས་ལ་སྒྲིབ་པ་མེད་ཅིང་ནས་ཤིན་ཏུ་འདས་ཞེས་པ་ཡན་ཆད་རྒྱུན་མཐའ་དང་སྦྱར་ནའང་མི་འགལ་ཞིང་། སྐབས་འདི་གཞུང་སྔོན་མའི་དོན་བསྡུས་སྦྱར་རུང་བར་སེམས་སོ། །གཉིས་པ་མཐར་འཚང་རྒྱ་ཚུལ་ནི། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་འདས་པར་ཕྱིན་ཏོ་ཞེས་བསྟན་ཏེ། འདི་ལ་ཆོས་རྗེ་རོང་ཊིཀ་པ་དང་། གུང་རུ་རྒྱལ་མཚན་བཟང་པོ་གཉིས་ཀྱིས། སྟོང་ཉིད་ཀྱི་དོན་རྟོགས་ཤིང་གོམས་ན་སེམས་ལ་བདེན་འཛིན་སྒྲུབ་པ་མེད་པས། སྟོང་པ་ཉིད་ཀྱི་དོན་ལ་སྐྲག་པ་མེད་དེ། ཕྱིན་ཅི་ལོག་བདེན་འཛིན་ལས་ཤིན་ཏུ་འདས་ནས་ཐེག་ཆེན་གྱི་མྱ་ངན་ལས་འདས་པའི་མཐར་ཐོབ་པར་བྱ་བ་སངས་རྒྱས་ཀྱི་སར་ཕྱིན་ཏེ་ཞེས་འཆད་ལ། འཇམ་དབྱངས་དགའ་བློས་དེ་ནི། གང་དྲན་དྲན་གྱི་འབྲུ་བསྣོན་ཡིན་པར་བཤད་ནས། ས་བཅུའི་ངོ་སྐལ་གྱི་སྤང་བྱའི་སྒྲིབ་པ་གཉིས་གཉིས་ཡོད་པ་རྣམས་རིམ་གྱིས་སྤངས་ཏེ། ཕྱིན་ཅི་ལོག་བཞིས་འཇིགས་ཤིང་སྐྲགས་པ་མེད་པས། དེ་ལས་འདས་པའི་མི་གནས་པའི་མྱང་འདས་ཐོབ་པར་འཆད་དོ། །ཕྱིན་ཅི་ལོག་བཞི་ནི་གཙང་བདེ་རྟག་བདག་ཏུ་འཛིན་པ་བཞི་ལ་གཞན་ནས་བཤད་པ་ལྟར་རོ། ཁོ་བོ་ལྟར་ན་ནི་དེ་གཉིས་གང་བྱས་ཀྱང་མི་འགལ་ཞིང་། ཁྱད་པར་དུ་བཤད་པ་དང་པོ་ཉིད་བདེ་བར་སེམས་སོ། །བདག་མེད་པ་ལ་བདག་ཏུ་འཛིན་པ་ནི་ཕྱིན་ཅི་ལོག་ཏུ་བཤད་པའི་ཕྱིར་བདག་འཛིན་ནམ་བདེན་འཛིན་ཡང་ཕྱིན་ཅི་ལོག་ཏུ་འཇོག་དགོས་པས། ཕྱིན་ཅི་ལོག་ཞེས་པ་ཙམ་གྱིས་ཕྱིན་ཅི་ལོག་བཞི་ཀ་ལ་ངེས་པར་བཤད་དགོས་པ་ནི་མ་ཡིན་ནོ། ཁ་ཅིག་ཏུ་འདས་པར་ཕྱིན་ཏོ་ཞེས་འབྱུང་ལ། ལ་ལར་འདས་པར་མཐར་ཕྱིན་ཏོ་ཞེས་འབྱུང་བའི་སྔ་མ་ལྟར་བྱས་ན་བདེ་བར་སེམས་པས། དེ་ལྟར་ན་སངས་རྒྱས་ཀྱི་སའི་མྱ་ངན་ལས་འདས་པར་ཕྱིན་པའམ། དེ་ཐོབ་པར་འགྱུར་བའི་དོན་ཏོ། །སྤྱིར་འཆི་བའི་དུས་བྱས་པ་འགའ་ཞིག་ལ་མྱ་ངན་ལས་འདས་པ་ཞེས་ཟེར་ཡང་། འདིར་ཐར་བ་ལ་མྱ་ངན་འདས་སམ་མྱ་ངན་ལས་འདས་པའི་ཐ་སྙད་མཛད་པ་ལྟར་ཡིན་གྱི། སྔ་མ་མིན་ལ། མྱ་ངན་ཡང་སྡུག་ཀུན་གཉིས་ལ་བྱས་ནས། དེ་ལས་འདས་པ་ནི་དེ་སྤངས་པའི་དོན་ནོ། །དེ་ལྟ་ནའང་མྱང་འདས་ཐོབ་ན་ནི། ཉོན་མོངས་སྤངས་པས་ཁྱབ་ཀྱང་། སྡུག་ཀུན་གཉིས་སྤངས་པས་ཁྱབ་པར་མི་འདོད་དོ། བཞི་པ་ནི། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ནས། སངས་རྒྱས་སོ་ཞེས་པ་ནི། འདས་མ་འོངས་ད་ལྟའི་དུས་གསུམ་དུ་རང་དུས་དེར་སངས་རྒྱས་ནས་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བསྒོམས་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྫོགས་པར་སངས་རྒྱས་སོ་ཞེས་པ་སྟེ། ཀྱང་གི་སྒྲ་ནི་སངས་རྒྱས་རེ་རེ་གཉིས་གཉིས་སུ་མ་ཟད་ཅེས་པའོ། །འོ་ན་འདས་པ་དང་མ་བྱོན་པ་གཉིས་ལ་བཞུགས་ཅེས་གསུང་པ་ཇི་ལྟར་ཡིན་སྙམ་ན། སྐྱོན་མེད་དེ། རང་དུས་ལ་དགོངས་པའི་ཕྱིར་རོ། །ཤེར་ཕྱིན་ནི་འདིར་གཞུང་ཤེར་ཕྱིན་ལ་བྱེད་པ་མ་ཡིན་གྱི། ལམ་ཤེར་ཕྱིན་ཏུ་གྱུར་པའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ་བྱེད་པ་ཡིན་ནོ། །ཚུལ་དེ་ནི་རྒྱལ་པའི་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ནས་འབྱུང་བའི་དོན་མདོ་སྡུད་པ་ལས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་པ་ལྟར་ཡིན་ནོ། །སངས་རྒྱས་ཐོབ་པ་ལ་སྟོང་ཉིད་རྟོགས་དགོས་པར་མ་ཟད། ཐེག་པ་གསུམ་པོ་གང་གིའང་ཐར་པ་ཐོབ་པ་ལ་ནི་སྟོང་ཉིད་ངེས་པར་རྟོགས་དགོས་ཏེ། སྟོང་ཉིད་རྟོགས་པའི་ལྟ་བ་ནི་ཞི་སྒོ་གཉིས་སུ་མེད་པར་བཤད་པའི་དགོས་པ་དེ་ཡིན་ཞིང་། ཏིང་ངེ་འཛིན་རྒྱལ་པོའི་ལུང་སྔར་དྲངས་པ་ལྟར་དང་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། ཉན་ཐོས་རྣམས་དང་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱིས་ངེས་བསྟན་པའི། །ཐར་ལམ་ཁྱོད་ནི་གཅིག་བུ་སྟེ། །གཞན་ཞེས་བགྱི་པ་མ་མཆིས་ངེས། །ཞེས་གསུངས་པ་ལྟར་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་ནི་ཐེག་ཆེན་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཡེ་ཤེས་དང་དོན་གཅིག་ཏུ་འདོད་པ་དང་དེའི་རྒྱུད་ཉིད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དང་དོན་གཅིག་ཏུ་འདོད་པའི་ཚུལ་སོགས་མང་དུ་ཡོད་ཀྱང་། སྟོང་ཉིད་རྟོགས་དགོས་པ་ལ་ནི་འདྲའོ། །རྡོར་གཅོད་ལས། དུས་གསུམ་གྱི་རྒྱུད་ཏུ་ཞུགས་པ་ནས་སངས་རྒྱས་ཀྱི་བར་ཐམས་ཅད་ཤེར་ཕྱིན་ལ་བརྟེན་ནས་ཐོབ་པར་གསུངས་པ་ནི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ་དགོངས་པ་ཡིན་ནོ། །སྟོང་ཉིད་རྟོགས་པའི་ཡེ་ཤེས་དེ་ཐེག་དམན་པའི་རྒྱུད་ལ་ཡོད་ཀྱང་། །ཤེར་ཕྱིན་ཏུ་མི་འགྱུར་བ་ནི་ཐེག་ཆེན་སེམས་བསྐྱེད་དང་རྫོགས་བྱང་དུ་བསྔོ་བའི་བསྔོ་བས་མ་ཟིན་པའི་དབང་གིས་ཡིན་ལ། ཡེ་ཤེས་དེ་ཉིད་སེམས་བསྐྱེད་དང་བསྔོ་བ་དེ་གཉིས་ཀྱིས་ཟིན་ན་ཤེས་ཕྱིན་དུ་འགྱུར་བར་བཞེད་པ་ལྟར་བྱའོ། །སྦྱིན་སོགས་ཕར་ཕྱིན་དང་པོ་ལྔ་སྟོང་ཉིད་རྟོགས་པའི་ཤེར་ཕྱིན་གྱིས་མ་ཟིན་ན་ལོང་བ་དང་འདྲ་ཞིང་། དེས་ཟིན་ན་ལོང་འཁྲིད་དམ་མིག་ལྡན་དང་འདྲ་བར་གསུངས་ཏེ། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པ་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་ན། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིག་འཐོབ་བོ། །ཞེས་དང་། རྡོར་གཅོད་ལས། འདི་ལྟ་སྟེ་དཔེར་ན་མིག་དང་ལྡན་པའི་མི་ཞིག་མུན་པར་ཞུགས་ནས་ཅི་ཡང་མི་མཐོང་བར་དེ་བཞིན་དུ་གང་དངོས་པོར་ལྷུང་པའི་སྦྱིན་པ་ཡོངས་སུ་གཏོང་པའི་བྱང་ཆུབ་སེམས་དཔར་བལྟ་བར་བྱའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་ལངས་ཏེ་ཉི་མ་ཤར་ནས་མིག་དང་ལྡན་པའི་མིས་གཟུགས་རྣམ་པ་སྣ་ཚོགས་པ་དག་མཐོང་པ་དེ་བཞིན་དུ། གང་དངོས་པོར་མ་ལྷུང་བའི་སྦྱིན་པ་ཡོངས་སུ་གཏོང་པའི་བྱང་ཆུབ་སེམས་དཔའ་བལྟ་བར་བྱའོ། །ཞེས་དང་། ཟླ་བས་ཀྱང་། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་འཁྲིད་པ་དེ་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། །ཞེས་གསུངས་པ་ལྟར་རོ། །དངོས་པོར་ལྷུང་བ་ནི་བདེན་འཛིན་གྱིས་བཅིངས་ནས་སྟོང་ཉིད་མ་རྟོགས་པ་ཡིན་ལ། དངོས་པོར་མ་ལྷུང་བ་ནི་བདེན་མེད་རྟོགས་པ་སྟེ། སྦྱིན་པས་ཚུལ་ཁྲིམས་སོགས་ལྷག་མ་བཞི་ཡང་མཚོན་ནོ། །གཉིས་པ་སྔགས་ཚིག་གིས་བསྡུས་ཏེ་བསྟན་པ་ལ་གཉིས། ཆེ་བ་བསྟན་པ་དང་། སྔགས་ཚིག་དངོས་བཤད་པའོ། དང་པོ་ནི་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། ཞེས་པ་ནས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ་ཞེས་པ་སྟེ། ཤེར་ཕྱིན་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་བསླབ་པར་བྱ་བའི་གཞི་ཡིན་པའོ་དེ་ལྟ་བས་ན། ལམ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཡིན་ཏེ། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་བྱེད་པའི་ཕྱིར་རོ། །རིག་པ་ཆེན་པོའི་སྔགས་ཡིན་ཏེ། མ་རིག་པ་སོགས་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པའི་ཕྱིར། བླ་ན་མེད་པའི་སྔགས་ཡིན་ཏེ། འདི་ལས་ལྷག་པའི་ཐར་པར་བགྲོད་པའི་ལམ་མེད་པའི་ཕྱིར། མི་མཉམ་པ་དང་མཉམ་པའི་སྔགས་ཡིན་ཏེ། མཉམ་པ་མེད་པའི་སངས་རྒྱས་དང་མཉམ་པའི་ཕྱིར། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ཡིན་ཏེ། སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་ཞི་བར་བྱེད་ནུས་པའི་ཕྱིར། བདེན་པར་ཤེས་པར་བྱ་བའི་སྔགས་ཡིན་ཏེ། ཤེར་ཕྱིན་དེས་ཆོས་ཉིད་གཟིགས་པ་ལྟར་བདེན་ཅིང་མི་སླུ་བའི་མི་རྫུན་པས་ན་ཏེ་དེའི་ཕྱིར་རོ། །དེ་ཡང་སྡུད་པ་ལས། རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་རིགས་སྔགས་ཆེ། །ཞེས་པ་ནས། རིག་སྔགས་འདི་ལ་བསླབས་ནས་མཁས་པ་བྱང་ཆུབ་རེག །ཅེས་གསུངས་པ་ལྟར་ཏེ། དེ་ནི་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ལས་འབྱུང་བའི་དོན་བསྡུས་པའོ། །ངེས་དོན་གྱི་གསང་སྔགས་དང་རིག་སྔགས་ནི་ཐབས་ཤེས་ཁྱད་པར་ཅན་ཞིག་ལ་བྱེད་པས། ཤེར་ཕྱིན་དངོས་ཡང་དོན་དུ་སྔགས་སུ་མི་འགལ་མོད། མདོ་སྔགས་གཉིས་སུ་ཕྱེ་བའི་སྔགས་ནི་མ་ཡིན་ནོ། །འདིའི་སྔགས་ཚིག་ཀྱང་མདོ་ཕྱོགས་ཀྱི་སྔགས་ཚིག་ཡིན་གྱི། རྒྱུད་བཞིར་གཏོགས་པའི་སྔགས་མ་ཡིན་པས་ཕྱེད་པར་བྱའོ། །གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། སྨྲས་པ་ཏདྱ་ཐཱ་ཨོཾ་ག་ཏེ་ག་ཏེ་ནས་སྭཱ་ཧཱའི་བར་ཏེ། འདི་ལ་མཁས་པ་ཕལ་ཆེར་ལྟར་ན། ཏདྱ་ཐཱ་ནི། འདི་ལྟ་སྟེ་འམ།དེ་གང་། ཨོཾ་ནི་བཀྲ་ཤིས་པ་དང་བདེ་བ་སྟེར་བ་སོགས་དོན་བདུན་ལ་འཇུག་ཅེས་བྱ་ལ། ག་ཏེ་ག་ཏེ་ནི་སོང་ཤིག་སོང་ཤིག་ཅེས་པ་སྟེ། གང་དུ་སོང་ཞེ་ན། སྔ་མ་ཚོགས་ལམ་དང་། ཕྱི་མ་སྦྱོར་ལམ་དུ་སོང་ཤིག པཱ་ར་ག་ཏེའི་པཱ་ར་ནི་ཕ་རོལ་ཏེ། དེའི་ཕ་རོལ་མཐོང་ལམ་དུ་སོང་ཤིག པཱ་ར་སདྒ་ཏེ་ནི། དེའི་ཕ་རོལ་སྒོམ་ལམ་དུ་ཡང་དག་པར་སོང་ཤིག་ཅེས་པ་སྟེ། སཾ་ནི་འདིར་ཡང་དག་པའི་དོན་དུ་བསྒྱུར་བའོ། བྷོ་དྷི་སྭཱ་ཧཱ་ནི་བྱང་ཆུབ་ཏུ་གཞི་ཚུགས་ཞེས་པ་ཡིན་ལ། དོན་ནི་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་སར་སོང་ཤིང་ཅེས་པའོ། །ཞེས་པའི་དོན་ཡིན་ལ། བོད་སྔ་མ་ཁ་ཅིག །ག་ཏེ་གཉིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སོང་། པཱ་ར་ག་ཏེ་ནི་རང་རྒྱལ་གྱི་བྱང་ཆུབ་ཏུ་སོང་། པ་ར་ར་སཾ་ག་ཏེ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སོང་ཞེས་འདོད་། པོ་ཏོ་བ་དང་དྭགས་པོ་པས་ནི། ག་ཏེ་གཉིས་ཀྱིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་བསྟན། པཱ་ར་ག་ཏེས་ནི་མཚན་མ་མེད་པ་དང་། པཱ་ར་སཾ་ག་ཏེས་ནི་སྨོན་མེད་བསྟན་པར་བཞེད། བཤེས་གཉེན་སྟོན་པས་ནི། སྔར་བཤད་པ་ལྟར་བཞེད་པས་ཕྱི་མའི་བཤད་པ་བདེ་ཞེས་མཁས་པ་ཁ་ཅིག་གསུངས་ཤིང་། རང་ལུགས་ཀྱང་དེ་ལྟར་རོ། །གསུམ་པ་མདོར་བསྡུས་ཏེ་བསླབ་པར་གདམས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ་ཞེས་པ་སྟེ། ཤཱ་རིའི་བུ་ཞེས་བོས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོང་དུ་བཤད་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གལ་ཆེ་བར་གདམས་པའོ། །གསུམ་པ་རྗེས་སུ་ཡི་རང་མཛད་པ་ནི། དེ་ནས་བཅོལ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཞེས་པ་མན་ཆད་ཀྱིས་སྟོན་ཅིང་། དེ་ཡང་སྤྱན་རས་གཟིགས་ཀྱིས་དེ་ལྟར་བསྟན་ཟིན་པ་དེ་ནས་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་པའི་ཚུལ་བསྟན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྦྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། ཁྱོད་ཀྱིས་དེ་ལྟར་བསྟན་པ་དེ་ལེགས་པར་བསྟན་པས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ་གཉིས་གསུངས་པ་ནི་ཤིན་ཏུ་ལེགས་པར་བསྟན་པ་ལ་ཐུགས་དགྱེས་ཤིང་། གཞན་ཡིད་ཆེས་སུ་གཞུག་པའི་དོན་དུ་ལྷག་པར་བསྣན་པའོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ་ཞེས་གཉིས་གསུངས་པ་ནི། དོན་ཇི་ལྟར་བཞིན་དུ་ཆོས་དང་མཐུན་པར་བསྟན་པ་ལ་བདེན་ཁ་སྟེར་བ་སྟེ། དེ་ཡང་འཁོར་རྣམས་ཡིད་ཆེས་པའི་དོན་དུའོ། །ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྤྱད་པར་བྱ་སྟེ། དེ་ལྟར་བསྟན་པ་འདི་ལ་ངས་རྗེས་སུ་ཡི་རང་བ་མཛད་པ་ཙམ་དུ་མ་ཟད། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱང་ཐུགས་དགྱེས་པས་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། གཞན་དེར་འདུས་པའི་ཐམས་ཅད་དང་ལྡན་པའི་འཁོར་བྱང་སེམས་ཉན་ཐོས་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་པ་རྣམས་ཡི་རང་ཞིང་དགའ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པ་སྟེ། ཡིད་ཆེས་པའི་མཇུག་སྡུད་དང་བསྔགས་པའོ། ཁ་ཅིག་ཏུ་ཤཱ་ར་དྭ་ཏིའི་བུ་ཞེས་འབྱུང་བ་ལྟར་ན། སྟོན་ལྡན་མའི་བུ་སྟེ་ཤཱ་ར་ད་ནི་སྟོན་པ་དང་། བ་ཏི་ལྡན་པའི་དོན་དུ་བཤད་པ་ལྟར་རོ། །འོ་ན་འདིའི་གཞུང་དངོས་ནི་སྤྱན་རས་གཟིགས་ཀྱིས་བཤད་པས་དེ་སངས་རྒྱས་ཀྱི་བཀར་ཇི་ལྟར་འགྱུར་ཞེ་ན། སྤྱིར་སངས་རྒྱས་ཀྱི་བཀའ་ལ་ཞལ་ནས་གསུངས་པ་དང་། བྱིན་གྱིས་རླབས་པ་དང་། རྗེས་སུ་གནང་པའི་བཀའ་གསུམ་ཡོད་པ་ལྟར། གཞུང་འདི་ལའང་དེ་གསུམ་ག་ཚང་སྟེ། ཐོག་མའི་གླེང་གཞི་དང་མཇུག་གི་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་སོགས་རྗེས་སུ་གནང་པའི་བཀའ། ཤཱ་རིའི་བུས་དྲིས་པ་དང་སྤྱན་རས་གཟིགས་ཀྱིས་ལན་མཛད་པ་རྣམས་བྱིན་གྱིས་རླབས་པའི་བཀའ། སངས་རྒྱས་ཉ ིད་ཀྱིས་ལེགས་སོ་དང་ཡི་རང་མཛད་པ་ནི་ཞལ་ནས་གསུངས་པའི་བཀའ་ཡིན་ནོ། །སངས་རྒྱས་ཀྱི་བཀའ་ཡིན་ན་ཞལ་ནས་གསུངས་དགོས་པའི་ངེས་པ་མེད་དེ། གདུགས་དཀར་ནི་སངས་རྒྱས་ཀྱི་གཙུག་ཏོར་ནས་བྱུང་ཞིང་། དེར་མ་ཟད། སངས་རྒྱས་ཀྱི་མཛོད་སྤུ་མགྲིན་པ་སྤྱན་སྙན་ཤང་ལ་སོགས་པའི་སྐུའི་ཆ་ཤས་ཐམས་ཅད་དང་ལྗོན་པ་དག་ལས་ཀྱང་ཆོས་སྟོན་ནུས་པའི་ཕྱིར་ཏེ། རྗེས། བསྟོད་སྤྲིན་རྒྱ་མཚོ་ལས། སྤྱི་གཙུག་མཛོད་སྤུ་མགྲིན་པ་ལ་སོགས་ཁྱོད་སྐུའི་ཆ་ཤས་ཀུན་ནས་འབྱུང་བར་རབ་སྟོན་ཀྱང་། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱི་རོ། །གསུམ་པ་མཇུག་གི་དོན་ནི། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྫོགས་སོ། །ཞེས་པ་སྟེ། སྤྱིར་བཅོམ་ལྡན་འདས་ནི་སངས་རྒྱས་ལ་བྱེད་པ་ཡིན་ཡང་། འདིར་ཤེར་ཕྱིན་ལ་དེའི་སྒྲས་བརྗོད་པ་ཡིན་ལ། མ་ཞེས་པས་ནི་སྟོང་ཕྱོགས་སྐྱེ་མེད་མཚོན་ཞིང་། ཡུམ་ཞེས་པའི་དོན་ཀྱང་ཡིན་སྟེ། དེ་ཡང་རྒྱལ་པའི་ཡུམ་ཞེས་འབྱུང་བ་རྣམས་ནི། རྒྱལ་བ་རྣམས་ཤེས་ཕྱིན་ཉམས་སུ་བླངས་པ་ལ་བརྟེན་ནས་འཁྲུངས་པ་ལྟར་དུ་བརྗོད་ཀྱི། བུད་མེད་ལ་ཡུམ་དུ་བྱས་པ་ལྟ་བུ་མ་ཡིན་ནོ། །ཤེར་ཕྱིན་གྱི་དོན་གོང་དུ་ཅུང་ཟད་བཤད་ཟིན་ཅིང་། སྙིང་པོ་ཞེས་པ་ནི་ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་མང་དུ་བཞུགས་པ་རྣམས་ཀྱི་དོན་གྱི་སྙིང་པོ་བསྡུས་ཏེ་སྟོན་པ་ལ་བྱ་དགོས་པང་མངོན་ནོ། །འདིར་བཀའ་གདམས་པ་འགའ་ཞིག་གིས་ཡུམ་ཆེན་མོའི་སྐུ་བསྒོམ་པ་དང་། སྔགས་བཟླ་བར་བཤད་པ་ནི་དཔྱད་གཞིར་སྣང་ལ། ཁ་ཅིག་དབང་བསྐུར་བྱེད་པ་ནི་རང་བཟོར་བཤད་དོ། །ཟློག་པའི་ཆེད་ཡིན་ན། མཐར་བདེན་སྟོབས་བརྗོད་ནས་བྱེད་པ་དར་ཞིང་། ཐལ་མོ་བརྡབས་པ་ནི་དེའི་ཡན་ལག་ཙམ་ཡིན་ནོ། །འདི་དག་ལ་དཔྱད་པ་ནི་གོང་དུ་བརྗོད་ཟིན་ཏོ། །གསུམ་པ་ཟབ་དོན་རིགས་པས་གཏན་ལ་འབེབས་ཚུལ་མདོར་བསྡུས་ཞིང་བཤད་པ་ལ། འདིར་ཐལ་འགྱུར་བའི་ལུགས་གཞིར་བཞག་ནས་འཆད་པ་ཡིན་ཞིང་། འདི་ལ་རིགས་པའི་རྣམ་གྲངས་མང་ཡང་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དུ་འཇོག་ལུགས་ཤེས་ན་རང་བཞིན་གྱིས་མ་གྲུབ་པའི་ཚུལ་ཤེས་སླ་བས། རྟོག་པས་འཇོག་ཚུལ་ཡང་དཔེར་ན། ཐག་པ་ཁ་དོག་ཁྲ་བོ་དང་འཁྱིལ་ལུགས་དབྱིབས་སྦྲུལ་དང་འདྲ་ཞིང་ཡུལ་མི་གསལ་བ་ན་གནས་པའི་ཚེ་འདི་སྦྲུལ་ལོ་སྙམ་པའི་རྣམ་རྟོག་སྐྱེའོ། །དེའི་ཚེ་ཐག་པའི་ཁ་དོག་དང་དབྱིབས་དང་ཆ་ཤས་དང་ཚོགས་པ་དང་རྒྱུན་གང་ཡང་དོན་ལ་སྦྲུལ་གྱི་མཚན་གཞིར་བཟུང་རྒྱུ་ཅུང་ཟད་ཀྱང་མེད་པས་ཐག་པ་དེ་ཉིད་སྦྲུལ་དུ་སྣང་བ་ནི་རྟོག་པས་བཏགས་པ་ཁོ་ནར་གསལ་ལོ། །དཔེ་དེ་བཞིན་དུ་ཕུང་པོ་འདི་ལ་བརྟེན་ནས་ངའོ་སྙམ་པའི་བློ་སྐྱེས་པའི་ཚེ། རང་གི་ཕུང་པོའི་ཁ་དོག་དང་དབྱིབས་དང་སྐད་ཅིག་རེ་རེ་དང་ཡན་ལག་དང་དེ་དག་གི་ཆ་ཤས་དང་སྔ་ཕྱིའི་ཚོགས་པ་དང་རྒྱུན་སོགས་གང་ཡང་མཚན་གཞིར་འཇོག་ཏུ་མི་རུང་སྟེ། དེ་ལ་རིགས་པས་གནོད་པའི་ཕྱིར་རོ། །དེར་མ་ཟད་གཟུགས་སོགས་ཀྱི་ཕུང་པོ་ལས་ངོ་བོ་ཐ་དད་པའི་ཆོས་གཞན་ཡང་ང་དེའི་མཚན་གཞིར་མི་རུང་ལ། འོན་ཀྱང་མ་བརྟགས་མ་དཔྱད་པར་ཞེས་པའི་ཐ་སྙད་བྱེད་མོད། འདི་ལའང་ཞེས་པའི་ཐ་སྙད་འཇུག་པའི་གཞི་དེ་གང་ཞིག་ཡིན་སྙམ་དུ་རིགས་པས་རྣམ་པར་དཔྱད་པ་ན་ཅུང་ཟད་ཀྱང་མི་རྙེད་པས། དེའི་ཚེ་ང་དེ་ནི་རྟོག་པས་བཞག་པ་ཙམ་དུ་ཟད་དོ། དེ་བཞིན་དུ་གཟུགས་ཕུང་ཡང་མགོ་ལ་སོགས་པའི་ཡན་ལག་ལྔ་ཚོགས་པའི་སྟེང་ནས་བཞག་པ་ཡིན་གྱི། ཡན་ལག་ལྔ་རེ་རེ་ནས་གཟུགས་ཕུང་དེ་མ་ཡིན་ཞིང་ཡན་ལག་ལྔ་ལས་ངོ་བོ་ཐ་དད་པའི་གཟུགས་ཕུང་སྤྱི་ཙམ་པ་མེད་དོ། །དེ་བཞིན་དུ་ཚོར་ཕུང་སོགས་བཞི་ལའང་སྦྱོར་ཞིང་ང་ཕུང་ལ་བཤད་པ་དེ་བཞིན་དུ་བུམ་པ་ཀ་བ་རེ་རེ་བ་ཁང་ཁྱིམ་ཡོ་བྱད་སོགས་ཐམས་ཅད་ལ་སྦྱར་བར་བྱ་སྟེ། ཀ་བུམ་ལྟ་བུའི་ཆ་ཤས་ཚོགས་པ་སོགས་གང་ཡང་ཀ་བུམ་སོགས་ཀྱིི་མཚན་གཞིར་མི་རུང་ཞིང་། དེ་ལས་དོན་གཞན་པ་ཞིག་ཀྱང་དེ་དག་གི་མཚན་གཞིར་མི་རུང་བར་ཀུན་ནས་མཚུངས་པའི་ཕྱིར་རོ། །འོན་ཀྱང་ཐག་པ་ལ་སྦྲུལ་དུ་འདོགས་པའི་རྟོག་པ་ནི་ལོག་ཤེས་ཡིན་ལ། གང་ཟག་དང་ཕུང་པོ་དང་ཀ་བུམ་སོགས་སུ་འདོགས་པའི་རྟོག་པ་ནི་མ་བརྟགས་མ་དཔྱད་པའི་ཐ་སྙད་པའི་རྟོག་པ་དོན་མཐུན་ཡིན་ཏེ། དེའི་ཁྱད་པར་ཅུང་ཟད་ཅིག་འོག་ཏུ་འཆད་པར་འགྱུར་རོ། །རིགས་པ་དེས་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དུ་གྲུབ་པ་ལས། རྟོག་པས་བཏགས་ཙམ་མིན་པར་རང་དབང་གིས་གྲུབ་པར་འཛིན་པ་ནི་བདེན་འཛིན་དང་། དེས་བཟུང་བ་ལྟར་གྲུབ་ན་རང་བཞིན་གྱིས་གྲུབ་པ་དང་བདེན་པར་གྲུབ་པ་སོགས་སུ་འགྱུར་རོ། །དགག་བྱ་དེ་འགོག་པའི་རིགས་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལས་རྒྱས་པར་གསུངས་ཤིང་། རིན་ཆེན་འཕྲེང་བ་ལས། སྐྱེ་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་པའི་སྐྱེས་བུ་གང་། །སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟར་བར། །དེ་བཞིན་ཁམས་ནི་རེ་རེ་ཡང་། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཞེས་ཕུང་པོའི་སྟེང་དུ་རྟོག་པས་བཏགས་པ་ཙམ་མ་གཏོགས། ང་རང་ངོས་ནས་མ་གྲུབ་པར་བསྟན་ཏོ། །དེ་ཡང་སྐྱེས་བུ་ནི་ང་འམ་གང་ཟག་གོ །ས་མིན་ནས་རྣམ་ཤེས་མིན་ཞེས་པའི་བར་གྱིས་གང་ཟག་གི་ས་ལ་སོགས་པའི་ཁམས་དྲུག་གི་ཆ་སོ་སོ་ནས་གང་ཏུ་འཇོག་པ་བཀག་ཅིང་། ཀུན་མིན་ཞེས་པས་ཁམས་དྲུག་གི་ཚོགས་པ་གང་ཟག་ཏུ་འཇོག་པ་བཀག་ལ། དེ་ལས་གཞན་ནས་སྐྱེས་བུ་གང་། ཞེས་པས་ཕུང་ཁམས་ལས་ངོ་བོ་ཐ་དད་པའི་གང་ཟག་འཇོག་པ་བཀག་གོ། སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཞེས་པས། ང་དེ་ཁམས་དྲུག་འདུས་པའི་སྟེང་ནས་བཞག་པར་བསྟན་ཅིང་། རྒྱུ་མཚན་དེ་ཉིད་ཀྱིས་སྐྱེས་བུ་འམ་ང་རང་བཞིན་གྱིས་མ་གྲུབ་པ་ནི། ཡང་དག་མིན་ཞེས་པས་བསྟན་ཏོ། །དཔེ་དེ་བཞིན་དུ་ཁམས་རེ་རེ་ཡང་རང་རང་གི་ཆ་ཤས་ཚོགས་པ་ལ་བརྟེན་ནས་བཞག་པས་ཡང་དག་པར་རམ་བདེན་པར་གྲུབ་པ་མེད་ཅེས་སྟོན་པ་ནི། ཇི་ལྟ་བར། དེ་བཞིན་ཁམས་ནི་རེ་རེ་ཡང་། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཞེས་གསུངས་སོ། རྩ་ཤེས་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་ང་ཕུང་གཅིག་དང་ངོ་བོ་ཐ་དད་པའི་ཕྱོགས་གཉིས་ཀ་ཡིན་པ་བཀག་ཅིང་། སྤྱོད་འཇུག་ལས་ཀྱང་དེ་ལྟར་གསུངས་སོ། །ཀ་བུམ་སོགས་ཆོས་གཞན་ལའང་དེ་བཞིན་དུ་སྦྱོར་དགོས་པ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ན། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱང་བྱ། །ཞེས་པ་དང་། སྡུད་པ་ལས། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ཡང་བུམ་པ་ལྟ་བུ་ལ་སྦྱོར་ཚུལ་གསལ་བར་བཤད་ན། བུམ་པ་ཞེས་འཇོག་པ་ནི་ཐ་སྙད་དམ་རྟོག་པའི་དབང་གིས་བཞག་པ་ཡིན་ཏེ། བུམ་པ་ཡོད་པར་ནི་འདོད་དགོས་ལ། དེ་ཡང་བུམ་པའོ་ཞེས་བརྗོད་པ་ན་མིང་དེ་ཙམ་གྱི་རྗེས་སུ་འབྲང་ནས་ལྟོ་ལྡིར་བ་ལ་བུམ་པའོ་སྙམ་དུ་འཛིན་པའི་བློ་འབྱུང་བ་ལྟར་བུམ་པ་མཐོང་དང་བླང་དོར་གྱི་བྱ་བ་ལ་ཞུགས་པས་ཀུན་རྫོབ་མི་བསླུ་བ་དང་བྱ་བྱེད་ཀྱི་རྣམ་གཞག་འཐད་པ་ཡིན་གྱི། དེས་མ་ཆོག་པར་བུམ་པ་དེ་རང་གི་མཆུ་དང་ལྟོ་བ་དང་ཞབས་མགྲིན་པ་སོགས་གང་ཡིན་སྙམ་དུ་བརྟགས་པ་ན་བུམ་པ་རྙེད་རྒྱུ་མེད་པས། བླང་དོར་གྱི་རྣམ་གཞག་བྱེད་མི་ནུས་སོ། །དེ་བཞིན་དུ་སྐྱེས་བུ་གང་དང་འཕྲད་ཅིང་མཐོང་བར་འདོད་པའི་ཚེ་སྐྱེས་བུ་དེ་འདིའོ་ཞེས་བསྟན་པ་ནི་མིང་དེ་ཙམ་གྱིས་རྗེས་སུ་འབྲང་ནས་བལྟས་པས་སྐྱེས་བུ་དེའི་གཟུགས་ཀྱི་ཆ་མཐོང་བའི་ཚེ་སྐྱེས་བུ་དེ་མཐོང་བར་འཇོག་ནུས་ཀྱི། དེ་ཙམ་གྱིས་མ་ཚིམ་པར་ད་དུང་སྐྱེས་བུ་དེ་ཁོ་རང་གི་མགོ་ལ་སོགས་པའི་ཡན་ལག་དང་དེའི་ཆ་ཤས་དང་དེ་ལས་ངོ་བོ་ཐ་དད་པའི་དོན་གང་ཡིན་ཞེས་དཔྱད་པ་ན་སྐྱེས་བུ་ཞེས་བྱ་བ་ཅི་ཡང་མི་རྙེད་པས། དེའི་ཕྱིར་ཆོས་ཐམས་ཅད་ཀྱང་མིང་བརྡས་བཞག་ཙམ་དང་རྟོག་པས་བཏགས་ཙམ་དུ་གྲུབ་བོ། །དེ་ལྟར་ཡང་ཡུམ་གྱི་མདོ་ལས། འདི་ལྟ་སྟེ་གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །ཞེས་སོགས་དང་། སྡུད་པ་ལས། ཆོས་དེ་རྣམས་ནི་མིང་ཙམ་དུ་ནི་ཡོངས་སུ་བསྒྲགས། །ཞེས་དང་། རིན་ཆེན་འཕྲེང་བ་ལས་ཀྱང་། གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །ཞེས་སོགས་གསུངས་སོ། །མིང་ཙམ་ཞེས་པས་ཐ་སྙད་ཀྱི་དོན་ཡོད་པ་མི་འགོག་གོ །དོན་དམ་པར་ཡོད་པ་འགོག་པ་ཡིན་ནོ། །ཐ་སྙད་ཀྱི་དོན་ལ་ཐ་སྙད་ཀྱི་དཔྱད་པ་མི་འཇུག་པ་མིན་ཀྱང་། དོན་དམ་གྱི་དཔྱད་པ་མི་འཇུག་སྟེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་དཔྱད་ན་བཤད་པ་ལྟར་ཆོས་གང་ཡང་དཔྱད་མཐར་མི་རྙེད་པའི་ཕྱིར་ཏེ། དེ་ལ་དགོངས་ནས་དཔལ་ལྡན་ཟླ་བས། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་གསུངས་པ་ཡིན་ནོ། །དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བུམ་སོགས་བཙལ་བའི་ཚེ་མ་རྙེད་པ་དེ་བུམ་སོགས་དོན་དམ་པར་རམ་རང་བཞིན་གྱིས་མེད་པའི་དོན་དུ་སོང་བ་ཡིན་གྱི། སྤྱིར་བུམ་སོགས་མེད་པའི་དོན་དུ་སོང་བ་མིན་ཏེ། དེའི་ཚེ་བུམ་སོགས་རང་བཞིན་མེད་པར་རྙེད་པ་ཡིན་གྱི། བུམ་སོགས་མེད་པར་རྙེད་པ་མིན་ནོ། །འོ་ན་བུམ་སོགས་ཀྱི་ཆོས་རང་བཞིན་གྱིས་མེད་ན། མེད་པའི་གོ་མི་ཆོད་དམ་ཞེ་ན། ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་ཀྱང་། རང་བཞིན་གྱིས་མེད་པས་མེད་གོ་མི་ཆོད་པ་ཡིན་ཏེ། ཡོད་མེད་ནི་ཐ་སྙད་ཀྱི་དབང་གིས་འཇོག་པའི་ཕྱིར་རོ། །གསུང་རབ་ལས་ཆོས་རྣམས་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་ཀ་མིན་པ་བཞི་པོ་གང་ཡང་མིན་པ་ལྟ་བུ་ཞིག་གསུངས་པའི་སྒྲས་ཟིན་གྱི་རྗེས་སུ་འབྲང་ནས། སྔོན་གྱི་མཁས་པ་འགའ་ཞིག་ཆོས་རྣམས་ཡོད་པ་ཡང་མིན། མེད་པའང་མིན་ཞེས་ཟེར་དགོས་པ་བྱུང་ངོ་། རྗེས་རྟེན་འབྲེལ་བསྟོད་པ་ལས། དེ་ཡང་ཀུན་ཏུ་མེད་པ་དང་། །རང་བཞིན་གྱིས་ནི་ཡོད་པས་མིན། །བལྟོས་མེད་ནམ་མཁའི་མེ་ཏོག་བཞིན། །དེས་ན་མ་བརྟེན་ཡོད་མ་ཡིན། །ཞེས་པའི་རྐང་པ་དང་པོས་ཆོས་ཐམས་ཅད་ནི། རྣམ་པ་ཀུན་ཏུ་སྟེ་གཏན་ནས་མེད་པ་མིན་པ་དང་། རང་བཞིན་གྱིས་ནི་ཡོད་པས་མིན། །ཞེས་པས་རང་བཞིན་གྱིས་གྲུབ་པ་མིན་པར་བསྟན་ཏེ། གཏན་ནས་མེད་པ་མིན་ཞེས་པས་ཐ་སྙད་དུ་ཡོད་པ་དང་། རང་བཞིན་གྱིས་ཡོད་པ་མིན་ཞེས་པས་བདེན་པར་གྲུབ་པ་མིན་ཞེས་སྟོན་པས་སྔ་མ་ཆད་མཐའ་སེལ་ཞིང་། ཕྱི་མས་རྟག་མཐའ་སེལ་པའི་ཕྱིར་རྟག་ཆད་ཀྱི་མཐའ་གཉིས་བཀག་གོ །རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་པའི་རྒྱུ་མཚན་གྱི་གཙོ་བོ་ནི་རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཏེ། རྟེན་འབྲེལ་ཡིན་པའི་དོན་ཡང་རང་གི་ཆ་ཤས་སོགས་ལ་བལྟོས་པའི་དོན་ཡིན་པས། ཆོས་ཐམས་ཅད་ཀྱང་རང་རང་གི་ཆ་ཤས་སོགས་ལ་བལྟོས་པ་ཡིན་ལ་ཆ་ཤས་ལ་མ་བལྟོས་པ་ནི་མེད་དེ། ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བར་དགོངས་སོ། །མཐའ་གཉིས་འགོག་བྱེད་ཀྱི་རིགས་པའི་རྣམ་གྲངས་མང་ཡང་གཙོ་བོ་རྟེན་འབྲེལ་གྱི་རིགས་ཉིད་ཡིན་ཏེ། དཔལ་ལྡན་ཟླ་བས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་དང་། རྗེ་ཉིད་ཀྱིས། བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། །མཐར་ལྟ་བ་ལ་མི་བརྟེན་ཞེས། །ལེགས་གསུངས་འདི་ནི་མགོན་ཁྱོད་ཀྱི། །སྨྲ་བ་བླ་ན་མེད་པའི་རྒྱུ། །ཞེས་གསུངས་པའི་ཕྱིར་རོ། །རྟེན་འབྲེལ་གྱི་རྟགས་ཀྱིས་མཐའ་གཉིས་ཅིག་ཅར་དུ་སེལ་ནུས་པ་ཡིན་ཏེ། དེ་ཡང་རྟེན་འབྲེལ་ནི་བརྟེན་ནས་བྱུང་བའམ་བརྟེན་ནས་བཞག་པ་དང་བལྟོས་པའི་དོན་ཡིན་པས། བརྟེན་ནས་བྱུང་ཞེས་པས་དངོས་སུ་ཆད་པའི་མཐའ་འགོག་པ་ཡིན་ལ། བརྟེན་ནས་བྱུང་བའམ་བཞག་པའི་ཡོད་པར་གོ་བའི་ཚེ། གཏན་ནས་མེད་པའི་ཆད་མཐའ་དངོས་སུ་འགོག་ནུས་པའི་ཚུལ་གྱིས་རྟག་མཐའ་ཡང་འགོག་པ་ཡིན་ཏེ། བརྟེན་ནས་བྱུང་བའམ་བཞག་གོ །རང་བཞིན་གྱིས་གྲུབ་པ་མིན་ཞེས་གོ་བ་ན་རྟག་མཐའ་ལེགས་པར་འགོག་ནུས་པའི་ཕྱིར་རོ། །ཆོས་གཅིག་གི་སྟེང་དུ་མཐའ་གཉིས་བཀག་པའི་ལྟ་བ་བསྐྱེད་ནུས་ན། ཆོས་གཞན་གྱི་སྟེང་དུ་དེ་ལྟ་བུའི་ལྟ་བ་བསྐྱེད་ནུས་པ་ཡིན་ཏེ། འཕགས་པ་ལྷས། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་པོར་བརྗོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། །ཞེས་དང་། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་གསུངས་པའི་ཕྱིར། ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དུ་གོ་བས་ཀྱང་མཐའ་གཉིས་སེལ་ནུས་པ་ཡིན་ཏེ། རྟོག་པས་བཏགས་ཙམ་དུ་ཡོད་ན། ཐ་སྙད་དུ་ཡོད་པར་གོ་བས་ཆད་མཐའ་སེལ། ཐ་སྙད་དུ་ཡོད་ན་རང་བཞིན་གྱིས་མེད་པར་ཤེས་པས་རྟག་མཐའ་སེལ་ལོ། །དེ་ནི་ཡུལ་གྱི་མཐའ་གཉིས་འགོག་པའི་དབང་དུ་བྱས་ལ། ཡུལ་ཅན་རྟག་ཆད་ཀྱི་ལྟ་བ་གཉིས་ཀྱང་སེལ་བ་ཡིན་ནོ། །སྤྱིར་རྟག་ཆད་གཉིས་ཀྱི་མཐའ་མེད་ཀྱང་། མཐར་ལྷུང་བར་འཇོག་ཚུལ་ནི། དཔེར་ན་འཇིག་རྟེན་ན་བྲག་གཡང་གི་མཐའ་ལ་ལྷུང་ན་ཕུང་བར་འགྱུར་བ་ལྟར། མཐའ་དེ་གཉིས་སུ་བཟུང་ན་འཛིན་པ་པོ་ཕུང་བར་འགྱུར་བས་མཐར་ལྷུང་བར་འཇོག་ལ། དེ་ཡང་རང་བཞིན་གྱིས་གྲུབ་པར་བཟུང་བའི་བློ་ཡོད་པ་ཙམ་གྱིས་རྟག་མཐར་ལྷུང་བར་མི་འཇོག་སྟེ། རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ནི་ཐེག་ཆེན་འཕགས་པ་ལ་ཡང་ཡོད་པའི་ཕྱིར་རོ། །འོ་ན་ཇི་ལྟར་འཇོག་ཅེ་ན། བདེན་འཛིན་གྱིས་བཅིངས་ན་རྟག་མཐར་ལྷུང་བ་ཡིན་ལ། བཅིངས་པའི་དོན་ནི་བདེན་འཛིན་ཡོད་པ་ཙམ་མིན་གྱི། ཆོས་གང་ལ་ཡང་བདེན་པར་གྲུབ་བམ་མ་གྲུབ་སྙམ་དུ་སེམས་པ་ན། དེ་ཉིད་བདེན་པར་གྲུབ་པར་འཛིན་པའི་བདེན་ཞེན་ལས་མི་འདའ་ཞིང་འདའ་མི་ནུས་ན་ནི། དེས་བཅིངས་པར་འཇོག་གོ །དེས་ན་བདེན་མེད་རྟོགས་མྱོང་ན་བདེན་འཛིན་གྱིས་བཅིངས་པ་མིན་ནོ། །ཆད་མཐར་ལྷུང་བ་ཡང་ཡོད་པ་ཞིག་མེད་པར་བཟུང་བ་ཙམ་གྱིས་མི་འཇོག་སྟེ། སངས་རྒྱས་མ་གཏོགས་སོ་སྐྱེ་ལྟ་ཅི་སློབ་པ་ལ་འཕགས་པ་ཐམས་ཅད་ཀྱང་ཇི་སྙེད་པའི་ཆོས་རྣམས་ཀྱི་རྣམ་པར་རབ་དབྱེ་ཕྲ་ཞིང་ཕྲ་བ་མཐའ་དག་ལ་ཐེ་ཚོམ་ཆོད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་སྤྱིར་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་ལྟ་བ་སོགས་ཆད་མཐར་ལྷུང་བ་ཡིན་ཞིང་། །ཇི་ལྟ་ཇི་སྙེད་པའི་ཆོས་རགས་པ་དང་བདེན་བཞི་རགས་པ་སོགས་མེད་པར་ལྟ་བའང་དེ་དང་མཚུངས་པར་སེམས་ལ། ལས་འབྲས་དང་ཇི་ལྟ་ཇི་སྙེད་པའི་ཆོས་ཕྲ་མོ་འགའ་ཞིག་ཡོད་པར་མ་ཤེས་པས་དེ་དག་མེད་པར་བཟུང་བ་ནི་སྐྱོན་ཡིན་ཡང་། དེ་རྒྱུད་ལྡན་གྱི་གང་ཟག་ཐམས་ཅད་ཆད་མཐར་ལྷུང་བ་ཡིན་ཞེས་བྱས་ན་མི་བདེ་བས་དཔྱད་པར་བྱའོ། ཁ་ཅིག་སྤྱིར་ཡོད་པར་བཟུང་ན་རྟག་མཐར་ལྷུང་བ་དང་། མེད་པར་བཟུང་ན་ཆད་མཐར་ལྷུང་བར་འདོད་པ་ནི་མ་གོ་བ་ཆེན་པོ་ཡིན་ཏེ། སངས་རྒྱས་ལ་ཡོན་ཏན་ཡོད་པར་བཟུང་བ་དང་། སྐྱོན་མེད་པར་བཟུང་བས་རྟག་ཆད་དུ་ག་ལ་ལྟུང་། རང་འཛིན་རྟོག་པ་འགའ་ཞིག་གི་ངོ་བོར་ཡོད་ན་སྤྱིར་ཡོད་མི་དགོས་ཏེ། བུམ་པ་བདེན་གྲུབ་དེ་དེ་འཛིན་པའི་རྟོག་པའི་ངོ་བོར་ཡོད་ཀྱང་སྤྱིར་མེད་ལ། དེ་བཞིན་དུ་ཐག་ཁྲ་སྦྲུལ་ཡིན་པ་དེ་དེ་སྦྲུལ་འཛིན་གྱི་རྟོག་པའི་ངོ་བོར་ཡོད་ཀྱང་སྤྱིར་མེད་དོ། །འོ་ན་ཐག་ཁྲའི་སྟེང་དུ་སྦྲུལ་མེད་པ་ལྟར། ཆོས་ཐམས་ཅད་ཀྱང་དེ་ལྟར་དུ་འགྱུར་ཏེ། གོང་དུ་དཔེ་དོན་སྦྱོར་ཚུལ་དེ་འཐད་པའི་ཕྱིར་རོ་སྙམ་ན། འདི་ནི་དཀའ་བའི་གནས་ཡིན་ཞིང་། ཤེས་དགོས་པ་ཡིན་ཡང་། འདིར་མང་དུ་དོགས་པས་རྒྱས་པར་མི་འཆད་ལ། ཅུང་ཟད་བརྗོད་ན་སྐྱོན་མེད་དེ། ཐག་ཁྲའི་སྟེང་དུ་སྦྲུལ་མེད་ཀྱང་དེ་ཡོད་པར་སྣང་བ་ལྟར། ང་སོགས་རང་གི་གདགས་གཞིའི་སྟེང་དུ་རང་ངོས་ནས་མེད་ཀྱང་ཡོད་པར་སྣང་བ་གཉིས་དཔེ་དོན་མཚུངས་པའི་སྒོ་ནས་ཡིན་གྱི། ཐག་ཁྲའི་སྟེང་དུ་སྦྲུལ་དང་གདགས་གཞི་ཕུང་སོགས་ཀྱི་སྟེང་དུ་ང་སོགས་ཐ་སྙད་དུ་ཡོད་མེད་མཚུངས་ཞེས་སྦྱོར་བ་མིན་པའི་ཕྱིར་ཏེ། དེ་གཉིས་ལ་ཐ་སྙད་པའི་ཚད་མས་གནོད་མི་གནོད་ཀྱི་ཁྱད་པར་ཡོད་པའི་ཕྱིར་ཏེ། ཐག་ཁྲའི་སྟེང་དུ་སྦྲུལ་ཡོད་པ་ལ་ཐ་སྙད་པའི་ཚད་མས་གནོད། གདགས་གཞི་ཕུང་སོགས་ཀྱི་སྟེང་དུ་ང་སོགས་ཀྱི་ཆོས་ཡོད་པ་ལ་ཐ་སྙད་པའི་ཚད་མས་མི་གནོད་པའི་ཕྱིར་ཏེ། དང་པོ་དེ་ལྟར་ཡོད་པ་ནི་འཇིག་རྟེན་པའི་ཐ་སྙད་དམ་གྲགས་པ་དོན་མཐུན་ལ་མེད། ཕྱི་མ་དེ་ལྟར་ཡོད་པ་ནི་འཇིག་རྟེན་པའི་ཐ་སྙད་དོན་མཐུན་ལ་གྲགས་པའི་ཕྱིར། འཇིག་རྟེན་པས་ཡོད་པར་ཁས་ལེན་ན་ཡོད་པ་དང་། མེད་པར་ཁས་ལེན་ན་མེད་པས་མ་ཁྱབ་ཀྱང་། ཡོད་མེད་ནི་འཇིག་རྟེན་གྱི་ཐ་སྙད་དང་གྲགས་པ་དོན་མཐུན་ལ་བལྟོས་ནས་འཇོག་པ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། སངས་རྒྱས་འཇིག་རྟེན་བསྙད་དབང་གིས། །གསུངས་ཀྱི་ཡང་དག་དབང་གིས་མིན། །ཞེས་དང་། ཟླ་བས་ཀྱང་། འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །ཞེས་གསུངས་པའི་ཕྱིར་རོ། །སངས་རྒྱས་ཀྱིས་ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་པ་དང་མཐུན་པར་མཛད་ཀྱང་འཇིག་རྟེན་པས་དེ་དག་རང་བཞིན་གྱིས་ཡོད་པར་འདོད་པས། སངས་རྒྱས་ཀྱིས་ནི་དེ་དག་རང་བཞིན་མེད་པར་བསྟན་པ་ལ་རྩོད་པ་ཡིན་ཏེ། སྡུད་པ་ལས། སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །འཛིན་ལ་གནས་ཤིང་མི་མཁས་བླུན་རྨོངས་མུན་པ་བཞིན། །ཐོབ་པར་བྱ་བའི་ཆོས་ནི་གནས་མེད་འཛིན་མེད་དེ། །དེས་ན་འཇིག་རྟེན་དག་དང་རྩོད་པ་འབྱུང་བ་ཡིན། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས་ཀྱང་། འོད་སྲུང་འཇིག་རྟེན་ང་དང་རྩོད་ཀྱི། །ང་ནི་འཇིག་རྟེན་དང་མི་རྩོད་དོ། །ཞེས་གསུངས་པའི་ཕྱིར་རོ། །འཇིག་རྟེན་པའི་ཐ་སྙད་དོན་མཐུན་ནི། འཇིག་རྟེན་རང་ག་བའི་ཐ་སྙད་ཙམ་ལ་མི་བྱེད་ཀྱི། སྐྱེ་འཕགས་རྣམས་ལ་ཡོད་པའི་ཐ་སྙད་པའི་ཚད་མ་ལ་བྱེད་པ་ཡིན་ནོ། །མདོར་ན། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་ཤིང་རྟའི་ཡན་ལག་རེ་རེ་བ་དང་ཚོགས་པ་ཤིང་རྟ་མ་ཡིན་ཀྱང་། དེ་དག་ལ་བརྟེན་ནས་ཤིང་རྟ་ཐ་སྙད་ཀུན་རྫོབ་ཏུ་འཐད་པ་ལྟར། ཕུང་པོ་རེ་རེ་བ་དང་ཚོགས་པ་སོགས་ང་མིན་ཀྱང་། དེ་དག་ལ་བརྟེན་ནས་ཀུན་རྫོབ་ཏུ་འཐད་པའང་རིགས་པས་འགྲུབ་ཅིང་། ཚུལ་དེ་ཆོས་ཐམས་ཅད་ལ་སྦྱར་ནས། རང་བཞིན་གྱིས་སྟོང་པ་ལ་བྱ་བྱེད་ཀྱི་རྣམ་གཞག་ཐམས་ཅད་ཤིན་ཏུ་འཐད་པའི་ཚུལ་ལ་ངེས་པ་བརྟན་པོ་བཙལ་བར་བྱ་སྟེ། ཚུལ་དེ་ནི་ངོ་མཚར་རྨད་དུ་བྱུང་བའི་གནས་ཡིན་པར་མདོ་ལས་གསུངས་ཤིང་། སྔགས་ནས་ཀྱང་གསུངས་ཏེ །འདུས་པའི་རྩ་རྒྱུད་ལེའུ་བཅོ་ལྔ་པ་ལས། བཅོམ་ལྡན་འདས་འདི་ཅི་ཞིག་ལགས། ཆོས་རྣམས་ངོ་བོ་མེད་པ་ལ་ཆོས་ཀྱི་དེ་ཉིད་ཀུན་བཤད་པ། །ཨེ་མའོ་ངོ་མཚར་ལས་བྱུང་བ། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་དང་། ལེའུ་གཉིས་པའི་བྱང་ཆུབ་སེམས་འགྲེལ་ལས་མགོན་པོ་ཀླུ་སྒྲུབ་ཀྱིས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་དང་། རྟེན་འབྲེལ་བསྟོད་པར་ཡང་། འདི་ཀུན་ངོ་བོས་སྟོང་པ་དང་། །འདི་ལས་འདི་འབྲས་འབྱུང་བ་ཡི། །ངེས་པ་གཉིས་པོ་ཕན་ཚུན་དུ། །གེགས་མེད་པར་ནི་གྲོགས་བྱེད་པ། །འདི་ལས་ངོ་མཚར་གྱུར་པ་གང་། །འདི་ལས་རྨད་དུ་བྱུང་བ་གང་། །ཞེས་གསུངས་པའི་ཕྱིར་རོ། །སྨྲས་པ། རྒྱལ་ཡུམ་ཕ་རོལ་ཕྱིན་རྣམས་ཀྱི། །བརྗོད་བྱའི་གནད་དོན་ཀུན་བསྡུས་པ། །ཤེར་ཕྱིན་སྙིང་པོར་རབ་གྲགས་པའི། །དགོངས་དོན་གསལ་བྱེད་ཉི་མ་ཤར། །འདི་ནི་རྣམ་དཔྱོད་དད་ལྡན་པའི། །མཐར་འཛིན་ལྟ་བའི་མུན་སེལ་དང་། །ཟབ་མོའི་དེ་ཉིད་སྟོན་བྱེད་པའི། །ལེགས་བཤད་ཉི་མ་གཉིས་པའང་ཡིན། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི། །ལུགས་བཟང་ཇི་བཞིན་འཛིན་མཛད་པ། །བློ་བཟང་རྒྱལ་བ་གཉིས་པ་ཡི། །དགོངས་པའི་དོན་གྱི་གནད་བསྡུས་བཤད། །ཚུལ་འདིར་འབད་ལས་བདག་གིས་ནི། །རྣམ་དཀར་དགེ་བ་གང་བསགས་དེས། །ཀུན་གྱི་ཟབ་མོའི་དོན་རྟོགས་ནས། །རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་འདི་ནི། དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་གྲགས་པ་དཔལ་འབྱོར་གྱིས་ནན་ཆེར་བསྐུལ་བ་ལ་བརྟེན་ནས། ཅོ་ནེའི་མདོ་སྔགས་ཟུང་འབྲེལ་གྱི་བླ་མའི་གོ་སར་གནས་པའི་ཤཱཀྱའི་དགེ་སློང་རིགས་པ་སྨྲ་པ་དོན་གྱི་དབུ་མ་པར་རློམ་པ་གྲགས་པ་བཤད་སྒྲུབ་ཀྱིས་བསྐུལ་པ་པོའི་ངོ་དང་ཕན་ཡོན་ལ་བསམས་ཏེ་ལྕགས་ཕག་གི་ལོར་གཟིམས་ཁང་ཉིད་ནས་སྦྱར་བའོ།། ཡེ་གེ་པ་ནི་དད་སྟོབས་ལྡན་པའི་གནས་བརྟན་ཀུན་དགའ་རིན་ཆེན་ནོ།། །།

རྟེན་འབྲེལ་བསྟོད་པའི་རྣམ་བཤད་རྟག་ཆད་ཀྱི་ཚ་གདུང་རྣམ་པར་སེལ་བར་བྱེད་པ་བླ་མའི་དགོངས་དོན་གསལ་བའི་ཟླ་བ།

རྟེན་འབྲེལ་བསྟོད་པའི་རྣམ་བཤད་རྟག་ཆད་ཀྱི་ཚ་གདུང་རྣམ་པར་སེལ་བར་བྱེད་པ་བླ་མའི་དགོངས་དོན་གསལ་བའི་ཟླ་བ་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཚོགས་གཉིས་ས་འཛིན་མཐོན་པོའི་རྩེར་གནས་མཁྱེན་དང་བརྩེ་པའི་ལུས་སྟོབས་རྒྱས། །ཕུང་བྱུང་སྟོབས་བཅུ་མི་འཇིགས་རྣམ་བཞིའི་མཆེ་སྡེར་མི་བཟད་རབ་ཏུ་འབར། །ཆོས་ཀུན་གདོད་ནས་རང་བཞིན་སྟོང་པའི་རྟེན་འབྲེལ་ང་རོ་ཆེར་སྒྲོགས་པ། །ཟླ་མེད་སྟོན་པ་སྨྲ་བའི་སེང་གེའི་ཞབས་པད་བྱང་ཆུབ་བར་དུ་མཆོད། །ཆོས་དབྱིངས་ཆུ་གཏེར་འཇིང་ལ་རྟག་རོལ་ཞིང་། །རྟེན་འབྱུང་ཕུད་སྒྲ་དྲག་པོ་ཀུན་ནས་འབྱིན། །བླ་མེད་གདེངས་ཀ་མཆོག་གིས་ཉེར་མཛེས་པ། །ནཱ་གཱརྫུན་ཀླུ་ཡི་དབང་པོར་འདུད། །ཐབས་ཤེས་ཟུང་དུ་འབྲེལ་བའི་རླུང་ཤུགས་ཀྱིས། །བྱང་ཆུབ་སྤྱོད་པའི་མཁའ་ལ་རྣམ་པར་རྩེན། །ཐུབ་བསྟན་གླིང་བཞི་གསལ་མཛད་པདྨོའི་གཉེན། །ཀུན་མཁྱེན་ཙོང་ཁ་པ་ཡིས་དགེ་ལེགས་སྩོལ། །མགོན་དེའི་ཐུགས་གསང་ཤར་རིའི་རྩེ་མོ་ནས། །ལེགས་འཐོན་རྟེན་འབྲེལ་བསྟོད་ཚིག་འོད་དཀར་ཅན། །རྟག་ཆད་ལྟ་པའི་ཚ་གདུང་སེལ་བྱེད་འདིའི། །དགོངས་དོན་སྣང་བརྙན་རྣམ་བཤད་རྫིང་འདིར་གསལ། །དེ་ལ་འདིར་རྗེ་ཉིད་ཀྱིས་མཛད་པ་རྟེན་འབྲེལ་ལེགས་པར་བཤད་པའི་སྙིང་པོའི་ཚིག་དོན་ནི་གང་བཤད་པར་བྱ་བའི་ཆོས་སོ། །འདི་འཆད་པ་ལ་གཉིས། ཐུབ་པའི་དབང་པོ་ལ་རྟེན་འབྲེལ་གསུངས་པའི་སྒོ་ནས་བསྟོད་པ། རྩོམ་པའི་རྒྱུ་མཚན་དང་བསྔོ་བའོ། །དང་པོ་ལ་གསུམ། མཆོད་བརྗོད་ཀྱི་སྒོ་ནས་མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ།། དང་པོ་ནི། གང་ཞིག་གཟིགས་ཤིང་ཞེས་སོགས་ཤོ་ལོ་ཀ་གཅིག་གིས་སྟོན་ཏེ། དོན་ནི་རྟེན་འབྲེལ་གང་ཞིག་ཇི་ལྟ་བ་བཞིན་མངོན་སུམ་དུ་གཟིགས་ཤིང་། རང་གིས་ཇི་ལྟར་གཟིགས་པ་བཞིན་གསུངས་པ་ཡི་སྒོ་ནས། རིམ་པ་བཞིན་དུ་མཁྱེན་པ་བླ་ན་མེད་པ་དང་། སྟོན་པ་བླ་ན་མེད་པར་བཞག་ཅིང་། དེ་ལྟར་བཞག་པའི་རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང་བ། གཟིགས་ཤིང་འདོམས་པ་དེ་ལ་གུས་པས་འདུད་དོ། །ཞེས་པ་སྟེ། རྐང་པ་དང་པོ་གཉིས་ཀྱིས་ཡོན་ཏན་དེ་དང་ལྡན་པའི་བསྟོད་ཡུལ་ངོས་བཟུང་ནས། ཕྱི་མ་གཉིས་ཀྱིས་ཡོན་ཏན་དེ་ལྡན་གྱི་སྟོན་པ་ལ་བསྟོད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། བསྟོད་པའི་རྒྱུ་མཚན་དང་། བསྟོད་པ་དངོས་སོ། །དང་པོ་ལ་གཉིས། རྟེན་འབྲེལ་ཤེས་པ་བསྟན་པའི་སྙིང་པོར་བསྟན་པ། རྟེན་འབྲེལ་གྱི་སྒོ་ནས་བསྟོད་པར་བསྔགས་པའོ། །དང་པོ་ནི། འཇིག་རྟེན་རྒུད་པ་སོགས་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། དོན་ནི། འཇིག་རྟེན་ན་སྐྱེ་རྒ་ན་འཆི་སོགས་ཀྱི་རྒྱུ་ཆགས་སོགས་ཀྱི་རྒུད་པ་ཇི་སྙེད་ཡོད་པ། དེ་ཡི་རྩ་བ་མཐར་ཐུག་པ་ནི། ཆོས་དང་གང་ཟག་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདེན་འཛིན་གྱི་མ་རིག་པ་ཡིན་པར་བཞག་སྟེ། རྟེན་འབྲེལ་གྱི་ཆོས་ཉིད་ཟབ་མོ་གང་ཞིག་མངོན་སུམ་དུ་མཐོང་བའི་སྟེ་རྟོགས་པས་མ་རིག་པ་དེ་ལྡོག་པར་འགྱུར་བས་ན། མ་རིགས་པ་དེ་སྤོང་བའི་ཐབས་སུ་རྒྱལ་བས་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་པའོ། །འདིར་མ་རིག་པ་ནི། ང་དང་ང་ཡིའོ་སྙམ་པ་སོགས་གང་ཟག་དང་ཆོས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདག་འཛིན་ཞིག་ལ་འཇོག་ཅིང་དེ་འདྲ་བའི་མ་རིག་པ་དེ་ཉོན་མོངས་གཞན་རྣམས་ཀྱི་རྩ་བ་ཡིན་ཏེ། དབུ་མ་འཇུག་པ་ལ ས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་ཞེས་དང་། རྣམ་འགྲེལ་ལས། གཏི་མུག་ཉེས་པའི་རྩ་བ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །སྤྱིར་མ་རིག་པ་ལ་ནི། ལས་འབྲས་ལ་རྨོངས་པའི་མ་རིག་པ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་གཉིས་གསུངས་པའི་འདིར་ནི་ཕྱི་མ་ཡིན་ལ། དེ་ལའང་ཕྲ་རགས་གཉིས་ལས་ཕྲ་བ་ཡིན་ནོ། །མི་ཤེས་པ་ཁ་ཅིག་ཕྱི་ནང་གི་དངོས་པོ་ལ་ཆགས་པའི་སེར་སྣ་ལ་བདག་འཛིན་དུ་འདོད་པ་ནི་ཆེར་འཁྲུལ་ཏེ། དེ་ལ་བདག་འཛིན་དུ་ཐེག་པ་ཆེ་ཆུང་གི་ཚད་ལྡན་གྱི་གཞུང་གང་ལས་ཀྱང་མ་བཤད་པའི་ཕྱིར། རྐང་པ་ཕྱི་མར་འབྱུང་བར་གསུངས་ཞེས་པའང་ཡོད་དེ། རྟེན་འབྲེལ་ལ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་གཉིས་ལས། རང་གི་ཆ་ཤས་ལ་བརྟེན་ནས་གྲུབ་པ་ནི། ཐུན་མོང་བའི་རྟེན་འབྲེལ་གྱི་དོན་དང་། མིང་བརྡ་འམ་རྟོག་པ་ཙམ་གྱིས་བཞག་པའི་ལྟོས་གྲུབ་ནི། ཐུན་མོང་མ་ཡིན་པའི་རྟེན་འབྲེལ་གྱི་དོན་ཏེ་འདི་ལ་གྲུབ་མཐའི་འདོད་ཚུལ་གྱིས་ཕྱེ་ན་མང་ངོ་། རྟེན་འབྲེལ་གྱི་དོན་མཐོང་བས་ཆགས་སོགས་ལྡོག་པར་འགྱུར་པ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་ལས། མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམ་པའོ། །ཞེས་དང་། ཟླ་བས་དབུ་མ་འཇུག་པར་ཡང་། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པས་སོ། རྒྱུ་མཚན་དེ་ལྟར་ཡིན་པ་དེའི་ཚེ་ན། བློ་གྲོས་དང་ལྡན་པའི་མཁས་པ་ཡིས། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རྟོགས་པའི་ལམ་དེ་ཉིད། མགོན་པོ་ཁྱོད་ཀྱི་བསྟན་པའི་གནད་དམ་སྙིང་པོ་མཐར་ཐུག་པ་ཉིད་དུ་ཚུལ་ཇི་ལྟ་བུར་ཁོང་དུ་ཆུད་པར་མི་འགྱུར་ཏེ། བསྟན་པའི་སྙིང་པོར་ཁོང་དུ་ཆུད་པར་འགྱུར་རོ། །དེ་ཡང་གོ་བདེ་བར་བྱས་ན། ཁ་ཅིག་ཤེས་སླ་བ་ཞིག་ལ་དེ་ཅིའི་ཆེད་ལ་མི་ཤེས་ཞེས་མ་ཡིན་དགག་བརྗོད་ནས་ཟློག་དོན་ལ་ཤེས་པར་འཕངས་པ་བཞིན་ཏེ། དེ་འདྲ་གཞན་ལའང་སྦྱར་བར་བྱའོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྟེན་འབྲེལ་རྟོགས་པའི་ལམ་དེ་བསྟན་པའི་སྙིང་པོ་ཡིན་ཏེ། བཤེས་སྤྲིང་ལས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། མགོན་པོ་ཁྱེད་ལ་རྟེན་འབྲེལ་གསུངས་པའི་སྒོ་ནས་བསྟོད་རིགས་པའི་རྒྱུ་མཚན་གོང་དུ་བརྗོད་པ་དེ་ལྟ་ལགས་པ་སྟེ་ཡིན་ན། མགོན་པོ་ཁྱོད་ལ་བསྟོད་པའི་སྒོར་ཏེ་བསྟོད་པའི་གནས་སམ་ཐབས་ནི་མཁས་པ་སུ་ཞིག་གིས་བརྟེན་ནས་འབྱུང་བ་གསུང་བ་ལས་གཞན་དུ་ངོ་མཚར་ཆེ་བར་གྱུར་པ་ཅི་ཞིག་རྙེད་དེ་རྙེད་པར་མི་ནུས་སོ། །དེ་ཡང་རྟེན་འབྲེལ་གསུངས་པའི་སྒོ་ནས་བསྟོད་པ་ནི་བསྟོད་པ་གཞན་ལས་ཁྱད་པར་དུ་འཕགས་པའི་དོན་ཏེ། དེ་ལ་དགོངས་ནས། འཕགས་པས་རྩ་ཤེའི་མཆོད་བརྗོད་དུ། གང་གིས་རྟེན་ཅིང་ཞེས་སོགས་དང་། རིགས་པ་དྲུག་ཅུ་པར། གང་གིས་སྐྱེ་དང་། ཞེས་སོགས་ཀྱིས་སྟོན་པ་ལ་རྟེན་འབྲེལ་གསུངས་པའི་སྒོ་ནས་བསྟོད་པ་ཡིན་ནོ། །གཉིས་པ་བསྟོད་པ་དངོས་ལ་གཉིས། སྤྱིར་བསྟོད་པ་དང་། བྱེ་བྲག་ཏུ་བསྟོད་པའོ། །དང་པོ་ལ་གསུམ། སྟོན་པ་ཉིད་སྨྲ་བ་གཞན་ལས་ཁྱད་པར་ཞུགས་པར་བསྔགས་པ། རྟེན་འབྲེལ་གཟིགས་ཤིང་གསུངས་ཚུལ། དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ། རྟེན་འབྲེལ་གསུང་བ་ལེགས་འདོམས་ཀྱི་མཆོག་ཏུ་བསྟན་པ། དེ་ཉིད་སྤྲོས་པ་གཅོད་བྱེད་དུ་བསྟན་པ། རྟེན་འབྲེལ་སྟོན་པ་ཉིད་མཆོག་ཏུ་བསྔགས་པའོ། །དང་པོ་ནི། གང་གང་རྐྱེན་ལ་ཞེས་སོགས་རྐང་པ་བཞིས་སྟོན་ཏེ། སྟོན་པ་ཁྱོད་ཀྱི་ཞལ་ནས་ཆོས་གང་དང་གང་རང་གི་རྒྱུ་རྐྱེན་ལ་རག་ལས་པ་སྟེ་ལྟོས་ནས་འབྱུང་བ་གང་ཡིན་པ་དེ་དང་དེ་རང་བཞིན་གྱིས་གྲུབ་པས་སྟོང་ངོ་ཞེས་འཁོར་དབུས་གསུངས་པ་འདི་ལས་ལྷག་པར་ཡ་མཚན་པ་སྟེ་ངོ་མཚར་རྨད་དུ་བྱུང་པའི་ལེགས་འདོམས་ཀྱི་ཚུལ་ནི་གཞན་ཅི་ཞིག་ཡོད་དེ་མེད་དོ། །དེ་ནི་རང་བཞིན་གྱིས་སྟོང་བའི་སྟོང་ཉིད་སྟོན་པའི་གསུང་རབ་རྣམས་གསུང་རབ་གཞན་ལས་ཁྱད་པར་དུ་འཕགས་པར་སྟོན་པའོ། །ངོ་མཚར་དང་ཡ་མཚན་གྱི་སྒྲ། སྤྱིར་བསྔགས་པ་དང་སྨད་པ་སོགས་ལ་འཇུག་པ་ཡོད་ཀྱང་འདི་ནི་དང་པོའི་དབང་དུ་བྱས་པའོ། །བསྟོད་པ་འདི་ནི། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལས་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པའི་དགོངས་པའོ། །གཉིས་པ་ནི། གང་དུ་བཟུང་སོགས་ཚིགས་བཅད་གཅིག་གིས་སྟོན་ཏེ། དོན་ནི་རྒྱུ་ལས་འབྲས་བུ་འབྱུང་བར་མཐོང་པའི་ཚུལ་གྱིས་རྟེན་འབྲེལ་གང་དུ་བཟུང་བས་རྒྱུ་འབྲས་ལ་བདེན་གྲུབ་ཏུ་ཞེན་པའི་གྲུབ་མཐའ་ལ་མ་ཞུགས་པ་དང་ཞུགས་པའི་བྱེ་བྲག་ཏུ་སྨྲ་བ་སོགས་བྱིས་པ་དངོས་སྨྲ་བ་རྣམས་ནི། རྟག་པའི་མཐར་འཛིན་གྱི་འཆིང་བ་རང་རྒྱུད་ལ་གོམས་པ་ཤིན་ཏུ་བརྟན་པར་བྱེད་པའི་གནས་རྟེན་འབྲེལ་དེ་ནི་མཁས་པ་དབུ་མ་པ་རྣམས་ལ་མཐར་འཛིན་གྱི་སྤྲོས་པ་ཡི་དྲ་བ་མ་ལུས་པ་གཅོད་པའི་སྒོ་སྟེ་ཐབས་དམ་པ་ཡིན་ནོ། །སྤྲོས་པའི་ཐ་སྙད་ནི། སྤྱིར་ཀུན་རྫོབ་ཀྱི་སྤྲོས་པ། བདེན་གྲུབ་ཀྱི་སྤྲོས་པ། ཀུན་རྟོག་གི་སྤྲོས་པ་ཞེས་སོགས་ཡོད་ཀྱང་། འདིར་ཀུན་རྟོག་གྱི་སྤྲོས་པའོ། །དྲ་བ་ལ་དཔེའི་དྲ་བ་ནི་རྩ་སོགས་སྤར་སྤུར་འཆིང་བྱེད་ཀྱི་དྲ་བ་ལྟ་བུ་ཡིན་ལ། སྐབས་འདིར་བསྟན་པའི་བདེན་འཛིན་དེ་དྲ་བ་དང་འདྲ་ཆོས་སུ་དོན་གྱིས་བསྟན་ཏོ། །འོ་ན་དངོས་སྨྲ་བའི་མཁས་པ་དེ་དག་ཀྱང་བྱིས་པ་ཡིན་ནམ། མིན་ན་འདིར་བྱིས་པ་རྣམས་ཞེས་པ་ནི་མ་འབྲེལ་བར་འགྱུར་ལ། ཡིན་ན་སློབ་དཔོན་དབྱིག་གཉེན། ཕྱོགས་གླང་། ཆོས་གྲགས་སོགས་ཀྱང་བྱིས་པར་ཐལ་བར་འགྱུར་རོ། །ཞེ་ན་སྐྱོན་མེད་དེ། དེ་དག་ནི་འདིའི་དངོས་བསྟན་གྱི་བྱིས་པར་འདོད་དམ་མི་འདོད་ཇི་ལྟར་ཡང་། སྤྱིར་བྱིས་པ་ག་ལ་ཡིན། འོན་ཀྱང་མཁས་པ་དབུ་མ་པ་རྣམས་ལ་ལྟོས་ནས་རང་བཞིན་ཀྱིས་སྟོང་པའི་དོན་ཤེས་མི་ནུས་པའི་དངོས་སྨྲ་བ་རྣམས་བྱིས་པ་དང་ཆོས་མཚུངས་སུ་འཇོག་ཏུ་ཡོད་པ་ལ་དགོངས་སོ། །བསྡུ་ན་དངོས་སྨྲ་བས་རྒྱུ་ལས་འབྲས་བུ་འབྱུང་བར་བསམས་ནས་བདེན་གྲུབ་ཏུ་འཛིན་ལ། དབུ་མ་པས་ནི་རྒྱུ་ལ་འབྲས་བུ་ལྟོས་ནས་གྲུབ་ཅིང་འབྱུང་གི་མ་ལྟོས་པར་མི་འབྱུང་བའི་རྒྱུ་མཚན་གྱིས་དེ་རྣམས་རང་བཞིན་གྱིས་མ་གྲུབ་པར་བཞེད་པ་སྟེ། དེའི་རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཞེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཡང་ཆ་ཤས་ཕན་ཚུན་བལྟོས་ནས་གྲུབ་པའི་རྟེན་འབྲེལ་གང་ཡིན་པ་དེ་ནི། གཞན་གྱི་དབང་གིས་གྲུབ་པར་ཡིན་གྱི་རང་དབང་གིས་མ་གྲུབ་སྟེ་དེའི་ཕྱིར་རང་བཞིན་གྱིས་སྟོང་ཞེས་པའི་དོན་ཡིན་ཏེ། བཞི་བརྒྱ་བ་ལས། འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི་བསྟན་འདི་སོགས་ཚིགས་བཅད་གཉིས་གསུངས་ཏེ། དེ་ལྟར་རང་བཞིན་གྱིས་སྟོང་པ་གསུངས་པའི་བསྟན་པ་བླ་ན་མེད་པའི་ཚུལ་འདི་ནི། ཐུབ་པ་ཁྱོད་ཀྱི་ལུགས་ཡིན་གྱི། དེ་ལས་གཞན་དུ་མུ་སྟེགས་བྱེད་ཀྱི་ལུགས་ལས་མ་མཐོང་བས་ན། རྒྱུ་མཚན་དེ་ཉིད་ཀྱི་སྒོ་ནས་སྟོན་པ་ཞེས་བྱ་བའི་སྒྲ་ནི་ཁྱོད་ཉིད་ལ་དངོས་མིང་དུ་འཇུག་པར་བྱེད་དེ། གཞན་ཝ་སྐྱེས་ཏེ་ཝ་ལ་ནི་སེང་གེ་ཞེས་པའི་སྒྲ་བཏགས་ནས་བརྗོད་པ་བཞིན་དུ། མུ་སྟེགས་ཅན་སེར་སྐྱ་དང་། རྐང་མིག་དང་། གཟེག་ཟན་སོགས་ཕྱི་རོལ་པའི་སྟོན་པ་དེ་དག་ལའང་རང་གི་རྗེས་འབྲང་རྣམས་ཀྱིས་སྟོན་པ་ཞེས་བརྗོད་པར་བྱེད་ཀྱང་དེ་ནི་གཅམ་པུའི་ཚིག་སྟེ་དོན་དང་མི་མཐུན་པའི་ངོ་བསྟོད་ཀྱིས་བརྗོད་པ་ཡིན་ནོ། །འང་ཞེས་པ་ནི་ཁྱོད་ལ་སྟོན་པ་ཟེར་པ་ཙམ་དུ་མ་ཟད། ཅིག་ཤོས་ལ་ཡང་སྟོན་པའི་སྒྲས་བརྗོད་པ་ཡོད་ཅེས་པའོ། །རྒྱུ་མཚན་དེས་ན་གོའུ་ཏ་མ་ཁྱོད་ཉིད་སྟོན་པ་དང་། སྐྱབས་དང་། སྨྲ་མཆོག་དང་། མགོ ན་བླ་ན་མེད་པ་ཡིན་གྱི། གཞན་ནི་དེ་ལྟར་མ་ཡིན་པའི་ཕྱིར་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ལེགས་པར་གསུང་པའི་སྟོན་པ་དེ་ལ་བདག་ཕྱག་འཚལ་ལོ། །ཞེས་པའོ། །ཨེ་མའོ་ཞེས་པ་བཞི་ནི་ངོ་མཚར་རྨད་དུ་བྱུང་བའི་བསྔགས་ཚིག་གོ །གཉིས་པ་ལ་གསུམ། རང་བཞིན་གྱིས་སྟོང་པ་རྟེན་འབྱུང་གི་དོན་དུ་གསུངས་ཚུལ། དེ་མ་རྟོགས་ན་བསྟན་པའི་སྙིང་པོ་མི་རྟོགས་པར་བསྟན་པ། རྟོགས་ན་སྟོན་པ་ལ་ཚད་མས་དྲངས་པའི་དད་པ་ཁྱད་པར་ཅན་སྐྱེ་བར་བསྟན་པའོ། །དང་པོ་ལ་གཉིས། རྒྱས་པར་བཤད་པ་དང་། བསྡུས་ཏེ་བསྔགས་པའོ། །དང་པོ་ལ་གཉིས། རང་བཞིན་གྱིས་སྟོང་པ་རྟེན་འབྱུང་གི་དོན་དུ་མི་འདོད་པ་ཐུབ་པའི་བཞེད་པ་མ་ཡིན་པར་བསྟན་པ། སྟོང་པ་རྟེན་འབྲེལ་གྱི་དོན་དུ་འདོད་པ་ཐུབ་པའི་བཞེད་པར་བསྒྲུབས་པའོ། །ཚིག་ཚོགས་སྤོང་པའི་ཆེད་རྩ་བ་མ་དྲངས་པར་བཤད་ན། དང་པོའི་དོན་ནི། གཞན་ལ་ཕན་པར་མཛད་པ་ཁྱོད་ཀྱིས་གདུལ་བྱའི་འགྲོ་བ་ལ། སྨན་པ་སྟེ་ཕན་པའི་སླད་དུ་བཀའ་སྩལ་པའི་བསྟན་པའི་སྙིང་པོ་ནི་ཆོས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་བསྟན་པ་དེ་ཉིད་ཡིན་ལ། སྟོང་ཉིད་དེ་ངེས་པར་བྱེད་པའི་རྒྱུ་མཚན་ཏེ་ཐབས་འགྲན་པའི་ཟླ་མེད་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་པའི་རྟགས་ཀྱི་ཚུལ་འདི་ཉིད་ཡིན་ནོ། །འོན་ཀྱང་མྱུ་གུ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་རྟགས་སྦྱོར་ལ། ཁྱབ་པ་མེད་ཅེས་ཁྱབ་པ་འགལ་བའི་ལན་འདེབས་པའི་དངོས་སྨྲ་བ་དང་ནི་རྟགས་མ་གྲུབ་པར་མཐོང་བ་སྟེ་འདོད་པའི་ལན་འདེབས་པའི་མུ་སྟེགས་བྱེད་འདི་ཡིས་ནི་སྟོན་པ་ཁྱོད་ཀྱི་ལུགས་བླ་ན་མེད་པ་རྟེན་འབྱུང་གི་དོན་ཇི་ལྟར་ཁོང་དུ་ཆུད་པར་ནུས་ཏེ་ཁོང་དུ་ཆུད་མི་ནུས་སོ། །གཉིས་པ་ལ་གསུམ། རང་བཞིན་གྱིས་སྟོང་པ་ལ་བྱ་བྱེད་ཐམས་ཅད་འཐད་ཅིང་གཞན་དུ་མི་འཐད་པ། རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་རང་བཞིན་གྱིས་སྟོང་པར་གྲུབ་པ། དེའི་སྒོ་ནས་སྟོན་པ་ཉིད་སྨྲ་བ་བླ་མེད་པར་བསྒྲུབས་པའོ། །དང་པོ་ལ་གསུམ། རང་བཞིན་གྱིས་སྟོང་པ་ལ་བྱ་བྱེད་འཐད་ཚུལ་དང་ཟློག་ཕྱོགས་ལ་མི་འཐད་པ་རྟེན་འབྲེལ་མཐོང་བ་ལ་བསྔགས་པའོ།། དང་པོ་ནི། སྟོན་པ་ཁྱོད་ནི་འདི་ལྟར་ནམ་ཞིག་གི་ཚེ་རང་བཞིན་གྱིས་སྟོང་པར་གྲུབ་པ། དེའི་སྒོ་ནས་སྟོན་པ་ཉིད་སྨྲ་བ་བླ་ན་མེད་པར་བསྒྲུབས་པའོ། །དང་པོ་ལ་གསུམ། རང་བཞིན་གྱིས་ནི་གྲུབ་པས་སྟོང་པ་ཡིན་པ་དང་། དེར་མ་ཟད་དེ་ལ་ནི་གནས་སྐབས་སུ་སོང་ཞིག་འདུག་ཅིག་སོགས། བླང་དོར་གྱི་ཚུལ་རྣམས་འཇོག་པར་བྱ་བྱེད་ཐམས་ཅད་ཐ་སྙད་ཙམ་དུ་འཐད་པའང་མི་འགལ་ཞིང་། ཆོས་མཐུན་པར་བཞེད་དོ། །དེ་ལྟར་ཡང་རྩ་ཤེས། ལས། གང་ལ་སྟོང་པ་ཉིད་རུང་པ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་གསུངས་སོ།། འདིས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་ཀྱང་། ཀུན་རྫོབ་ཙམ་དུ་འཁོར་འདས་ཀྱི་རྣམ་གཞག་སྤྱི་དང་། ཁྱད་པར་དུ་སྤང་བླང་གི་རྣམ་གཞག་ཐམས་ཅད་འཐད་པ་ཙམ་དུ་མ་ཟད། ཤིན་ཏུ་རུང་བར་ཤེས་དགོས་པར་སྟོན་ནོ། །གཉིས་པ་ནི། གལ་ཏེ་སྔར་བཤད་པ་ལྟར་ཆོས་རྣམས་རང་བཞིན་གྱིས་སྟོང་པ་དེ་ལས་ལྡོག་པ་གལ་ཏེ་རང་བཞིན་གྱིས་གྲུབ་པར་མཐོང་པ་སྟེ་ཁས་ལེན་པར་བྱེད་ན། དེ་ནི་མི་འཐད་དེ་རང་བཞིན་གྱིས་སྟོང་པ་ལ་བྱ་བ་བྱེད་པ་ཐམས་ཅད་འཐད་པར་བཞག་ཏུ་མི་རུང་ཞིང་གནས་སྐབས་སུ་རྒྱུ་འབྲས་སོགས་ཀྱི་བྱ་བྱེད་འཐད་པ་དང་བཅས་པ་ལ་ནི་རང་བཞིན་གྱིས་གྲུབ་པས་སྟོང་པ་མེད་པར་འདོད་དགོས་པར་འགྱུར་བས་སོ། །དེ་ལྟར་འདོད་དུའང་མི་རུང་སྟེ་དེ་འདྲའི་གང་ཟག་དེ་རྟག་ཆད་ཀྱི་ལྟ་བའི་གནས་ཉམ་ང་བའི་གཡང་དུ་ལྷུང་བ་ཡིན་པར་སྟོན་པ་ཁྱོད་ཀྱིས་བཞེད་པའི་ཕྱིར་རོ། །འདིར་མཐོང་བ་ན་ཞེས་ནའི་སྒྲ་ཡོད་པས་དེ་ལྟར་བཤད་ཀྱི། ལ་ལར་ཅུང་ཟད་འདི་དང་མི་འདྲ་པའང་ཡོད་དོ། །རྗེའི་གསུང་འབུམ་དུ་བཅས་ལ་ཞེས་གནས་གཞིའི་སྒྲ་ཡོད་ལ། ཆོས་སྤྱོད་དུ་བཅས་པ་ཞེས་འབྱུང་ངོ་། དེ་ལྟར་ཡང་རྩ་ཤེ་ལ ས། གང་ལ་སྟོང་ཉིད་མི་རུང་པ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་གསུངས་སོ། །གསུམ་པ་ནི། གོང་དུ་བརྗོད་པའི་རྒྱུ་མཚན་དེའི་ཕྱིར་ན། སྟོན་པ་ཁྱོད་ཀྱི་བསྟན་པ་འདི་ལ་རྟེན་འབྱུང་གི་གནས་ལུགས་སམ་ཆོས་ཉིད་མཐོང་བ་ནི་ལེགས་པར་བསྔགས་སོ། །རང་བཞིན་གྱིས་སྟོང་པ་དང་དེའང་བྱ་བྱེད་འཐད་ཚུལ་ལེགས་པར་ཤེས་པ་ལ་བསྔགས་ཚུལ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་ཤིང་། མདོ་ལས་ཀྱང་། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ནི་ཆོས་མཐོང་ངོ་། །ཞེས་གསུངས་པ་རྣམས་སོ། །རྟེན་འབྲེལ་གྱི་གནས་ལུགས་དེ་ཡང་རྟེན་འབྲེལ་དེ་ཉིད་ཀུན་དུ་སྟེ་ཐ་སྙད་དུ་གཏན་མེད་པར་ལྟ་བ་དང་། རང་བཞིན་གྱིས་ནི་ཡོད་པར་ལྟ་བས་མཐོང་བ་མ་ཡིན་ཏེ། རྟེན་འབྱུང་གི་རིགས་པ་ལེགས་པར་ཤེས་པ་ཉིད་ཀྱིས་མཐོང་དགོས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། གསུངས་ཚུལ་དང་། རྒོལ་བས་གླགས་མི་རྙེད་པར་བསྟན་པའོ། །དང་པོ་ལ་གསུམ། ལྟོས་ནས་གྲུབ་པ་རྟེན་འབྲེལ་གྱི་དོན་དུ་བསྟན་པ། རྟེན་འབྲེལ་ཡིན་པ་ཉིད་ཀྱིས་རང་བཞིན་གྱིས་སྟོང་པར་བསྟན་པ། རང་བཞིན་གྱིས་གྲུབ་ན་ཐོབ་བྱ་མྱང་འདས་སོགས་མི་རུང་བར་བསྟན་པའོ། །དང་པོ་ནི། རང་གི་གདགས་གཞི་ཆ་ཤས་ཚོགས་པ་ལ་བལྟོས་མེད་ཀྱི་ཆོས་ནི་དཔེར་ན་ནམ་མཁའི་མེ་ཏོག་བཞིན་དུ་གཞི་མ་གྲུབ་པའི་རྒྱུ་མཚན་དེས་ན། རང་གི་ཆ་ཤས་སོགས་ལ་མ་བརྟེན་པར་རང་དབང་ངམ་ཚུགས་ཐུབ་ཏུ་གྲུབ་པའི་ཆོས་ནི་ཡོད་པ་མ་ཡིན་ལ། གལ་ཏེ་མྱུ་གུ་ལྟ་བུ་ནི། རང་གི་ངོ་བོས་རང་དབང་དུ་གྲུབ་པ་ཞིག་ཡིན་ན། མྱུ་གུ་དེ་འགྲུབ་པར་བྱེད་པ། རང་གི་རྒྱུ་དང་རྐྱེན་ལ་ལྟོས་པ་འགལ་བར་འགྱུར་ཏེ། རང་དབང་ངམ་ངོ་བོས་གྲུབ་ན་བདེན་པར་གྲུབ་དགོས་ལ་བདེན་གྲུབ་ཡིན་ན། ལྟོས་མེད་དུ་གྲུབ་དགོས་པ་ལས་ལྟོས་མེད་དུ་གྲུབ་པ་མེད་པའི་ཕྱིར་རོ། །འདིས་མྱུ་གུ་སོགས་ནི་རང་གི་ངོ་བོས་མ་གྲུབ་སྟེ། གཞན་ལ་ལྟོས་ནས་གྲུབ་པའི་ཕྱིར་ཞེས་བསྟན་ཏོ། འདིར་བལྟོས་པ་ཞེས་འབྱུང་ཡང་། གསུང་འབུམ་ལ་ལར་བལྟོས་པར་ཞེས་འབྱུང་བ་ནི་བདེ་བར་མངོན་ཏེ། དེ་ལ་བལྟོས་པ་ཡིན་པར་འགལ་ཞེས་ཐོབ་བོ། འདི་ནི་རྩ་ཤེ་ལས། །རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་བལྟོས་པ་མེད་པ་ཡིན། །ཞེས་གསུངས་པའི་དགོངས་པའོ། །གཉིས་པ་ནི། རྒྱུ་མཚན་སྔར་བཤད་པ་དེའི་ཕྱིར་ན། བརྟེན་ནས་འབྱུང་བ་ལས་མ་གཏོགས་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་ལ། དེ་མེད་པས་ན་སྟོན་པས་རང་བཞིན་གྱིས་ནི་སྟོང་པ་ལས་མ་གཏོགས་པའི་ཆོས་ནི་འགའ་ཡང་མེད་པར་གསུངས་སོ། །གསུང་འབུམ་ལས་འདས་ཚིག་གི་དོན་དུ་གསུངས་ཞེས་འབྱུང་བ་བཞིན་བྱས་ཀྱི། ཆོས་སྤྱོད་འདིར་གསུང་ཞེས་པ་ལྟར་ན་གསུང་ངོ་ཞེས་ཐོབ་པས་འདྲ་ཡང་ཅུང་ཟད་ཙམ་གྱི་ཁྱད་པར་ཡོད་དོ། །མ་གཏོགས་ཞེས་པ་ནི། དེར་མ་གཏོགས་ཞེས་པའི་དོན་ཡིན་ཀྱང་། ལས་ཞེས་དགར་ཚིག་འབྱུང་བ་ནི། དེ་ལས་གཞན་པའི་ཆོས་མེད་པའི་དོན་ནོ། །དེ་ལྟར་རྩ་ཤེ་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ནི། བདེན་པར་གྲུབ་པའི་རང་བཞིན་ཡིན་ན་དེ་ནི་ནམ་ཡང་ལྡོག་པ་མེད་པ་སྟེ་བསྒྱུར་མི་ནུས་པ་ཞིག་ཡོད་དགོས་པའི་ཕྱིར། གལ་ཏེ་ཆོས་རྣམས་ལས་རང་བཞིན་གྱིས་གྲུབ་པ་འགའ་ཞིག་ཡོད་ན་ནི། དེའིི་ཚེ་བྱ་བྱེད་མི་འཐད་པར་མ་ཟད་མྱ་ངན་ལས་འདས་པ་སྟེ་ཐར་པ་ཐོབ་པ་ཡོད་ཅེས་ཁས་ལེན་དུའང་མི་རུང་ཞིང་། མཐར་འཛིན་ཀུན་རྟོག་གི་སྤྲོས་པ་ཀུན་ཀྱང་ལྡོག་པ་མེད་པར་སྟོན་པ་ཁྱོད་ཀྱིས་གསུངས་སོ། །འདི་ཡང་བདེན་འཛིན་ནི་བདེན་པར་གྲུབ་ན་ནི་བསྒྱུར་མི་ནུས་པས་སྤོང་བར་ཡང་མི་འཐད་པའི་ཕྱིར། མྱང་འདས་ཀྱང་ཐོབ་མི་ནུས་སོ་ཞེས་པའོ། །ལྡོག་པ་མེད་ཅེས་པའི་དོན་ལ། བཟློག་པ་མེད་པའི་ཚིག་འབྱུང་བ་ནི་དོན་འདྲའོ། །འདི་ནི་རྩ་ཤེ་ལས། རང་བཞིན་གཞན་དུ་འགྱུར་བར་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་གསུངས་པའི་དགོངས་པའོ། །བདེན་པར་གྲུབ་པའི་རང་བཞིན་ཡིན་ན་གོང་དུ་དྲངས་པ་ལྟར་བཅོས་པ་མ་ཡིན་པ་དང་། གཞན་ལ་བལྟོས་པ་མ་ཡིན་པ་དང་། གཞན་དུ་མི་འགྱུར་པའི་ཁྱད་ཆོས་གསུམ་ཚང་དགོས་ཏེ། ཞིབ་པར་ནི་རྩ་ཤེའི་འགྲེལ་པ་སོགས་དབུ་མའི་གཞུང་ཆེ་བ་ནས་ཤེས་དགོས་སོ། །ཚིགས་བཅད་འདི་ལྟ་བུ་ནི། གོ་རིམ་བཟློག་སྟེ་བཤད་ན་འཆད་བ དེ་ཡང་། གཞན་ལ་གོ་སླ་བའི་ཆེད་དུ་མཐར་ཆགས་སུ་བཤད་ཅིང་འཆད་པར་ཡང་འགྱུར་རོ། །གཉིས་པ་ནི། རྒྱུ་མཚན་བཤད་མ་ཐག་པ་དེའི་ཕྱིར་སྟོན་པ་ཁྱོད་ཀྱིས་ཆོས་རྣམས་བདེན་པར་གྲུབ་པའི་རང་བཞིན་རྣམ་པར་བྲལ་ལོ་ཞེས་འཇིགས་པ་མེད་པའི་སེང་གེའི་སྒྲ་ཡིས་ཡང་དང་ཡང་དུ་མཁས་པའི་འཁོར་གྱི་ཚོགས་སུ་ལེགས་པར་གསུངས་པ་འདི་ལ་རྒོལ་པ་སུ་ཡིས་འགོང་བར་ནུས་ཏེ་འགོང་བར་མི་ནུས་སོ། །འགོང་མི་ནུས་པ་ནི། ཕས་རྒོལ་གྱིས་ཆོས་འཐུན་དུ་ཀླན་ཀ་མི་ནུས་པའི་དོན་ཏེ། དེ་ཡང་གསུངས་པ་དེའི་དོན་ལས་བརྒལ་བར་བྱས་ནས་གཞན་ལེགས་བར་འཆད་མི་ནུས་པའོ། །གསུམ་པ་ནི། ཆོས་གང་གི་སྟེང་དུ་འང་རང་བཞིན་གྱིས་གྲུབ་པ་འགའ་ཡང་མེད་པ་དང་། ཐ་སྙད་དུ་རྒྱུ་འདི་ལ་བརྟེན་ནས་འབྲས་བུ་འདི་འབྱུང་བ་ཡིན་ཞེས་བྱ་བ་ལ་སོགས་པའི་རྣམ་གཞག་ཐམས་ཅད་འཐད་ལྡན་དུ་འཇོག་པ་གཉིས་ནི་མི་འགལ་པར་མ་ཟད། གཅིག་གྲོགས་སུ་གཅིག་འགྲོ་བར་གསུངས་པས་ནི། ལྷན་ཅིག་འདུ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་གཞི་གཅིག་ལ་འདུ་རུང་བར་ངེས་སོ། །དེ་ལྟར་ཡང་། མདོ་ལས། སྟོང་པ་ཉིད་གཟུགས་སོ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། ཞེས་སོགས་དང་། རྩ་ཤེ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ཉིད་རྒྱུར་བྱས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་དང་། འཇུག་པ་ལས། དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། ཞེས་དང་དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །མགོན་པོ་ཁྱོད་ཀྱིས། ཆོས་རྣམས་རྟེན་འབྲེལ་དང་ཁྱད་པར་འདུས་བྱས་ཐམས་ཅད་ནི། རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་བཞི་པོ་གང་རུང་ལས་སྐྱེ་བར་འཛིན་པའི་མཐའ་འཛིན་ཀྱི་ལྟ་བ་མི་བརྟེན་ནོ། །ཞེས་ལེགས་པར་གསུངས་པ་འདི་ནི་མགོན་པོ་ཁྱོད་ཀྱི་སྨྲ་བ་ཉིད་བླ་ན་མེད་པར་འཇོག་པའི་རྒྱུ་དམ་པ་ཡིན་ནོ། །དེ་ཡང་རྩ་ཤེ་ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བར་མ་གཏོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་གསུངས་པ་ལྟ་བུ་སྟེ། མཐར་འཛིན་ལ་རྟག་པའི་མཐར་འཛིན་དང་། ཆད་པའི་མཐར་འཛིན་གཉིས་ཡོད་ལ། མཐའ་བཞི་གང་རུང་ལས་སྐྱེ་བར་འཛིན་པ་དང་དངོས་པོ་རྣམས་རང་བཞིན་གྱིས་ཡོད་པར་འཛིན་པའི་རྟོག་པ་ནི། རྟག་པའི་མཐར་འཛིན་དང་། ཐ་སྙད་དུ་རྒྱུ་འབྲས་སོགས་བྱ་བྱེད་མི་འཐད་པར་འཛིན་པའི་རྟོག་པ་ནི་ཆད་པའི་མཐར་འཛི་ཡིན་ལ། མཐའ་ཞེས་པ་ནི་འཇིག་རྟེན་ན་གང་དུ་ལྷུང་ན་ཕུང་བར་འགྱུར་བའི་གཡང་ལ་མཐའ་ཞེས་བརྗོད་པ་ལྟར། འདིར་གང་དུ་བཟུང་ན་འཛིན་པ་པོ་ཕུང་བར་འགྱུར་བའི་གནས་ལ་མཐའ་དང་། དེར་འཛིན་པའི་རྟོག་པ་ནི་མཐར་འཛིན་ཅེས་བྱའོ། །གཉིས་པ་བསྡུས་ཏེ་བསྔགས་པ་ནི། ཕྱི་ནང་གི་རྒྱུ་འབྲས་ཀྱི་དངོས་པོ་འདི་ཀུན་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་ཐ་སྙད་བཏགས་པའི་བཏགས་དོན་བཙལ་པའི་ཚེ་བཏགས་དོན་རྙེད་རྒྱུ་མེད་པས་ངོ་བོས་གྲུབ་པས་སྟོང་བར་ངེས་པ་དང་། རིགས་པ་དེས་མ་བརྟག་མ་དཔྱད་པར་ཀུན་རྫོབ་ཀྱི་ཐ་སྙད་ཙམ་དུ་རྒྱུ་འདི་ལས་འདིའི་འབྲས་བུ་འདི་འབྱུང་བ་ཡི་ངེས་པ་གཉིས་པོ་ཕན་ཚུན་དུ་འཇོག་མི་ཐུབ་པའི་གེགས་མེད་པར་ནི། གཅིག་གིས་ཅིག་ཤོས་ལ་ངེས་པ་ལྷག་པར་འདྲེན་ཐུབ་པའི་གྲོགས་བྱེད་པ་འདི་ལས་ལྷག་ངོ་མཚར་དུ་གྱུར་པ་དང་། འདི་ལས་ཆེས་རྨད་དུ་བྱུང་བ་གང་ཞིག་ཡོད་དེ་ཡོད་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ན། །ཞེས་སོགས་སྔར་དྲངས་པའི་དགོངས་པའོ། །རྗེ་བླ་མས། དབུ་མའི་ལྟ་བའི་དཀའ་སའི་མཐར་ཐུག་པ་འདི་ཡིན་པར་གསུངས་ཏེ། ལམ་རིམ་ཆུང་བ་ལས། དཀའ་ས་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་མ་ལུས་པར་ཁེགས་པ་དང་། རང་བཞིན་མེད་པའི་གང་ཟག་ལ་སོགས་པ་དེ་ཉིད་ལས་སོག་པ་པོ་དང་འབྲས་བུ་མྱོང་བ་པོ་ལ་སོགས་པར་འཇོག་པ་ལ་ངེས་པ་གཏིང་ནས་འདྲོངས་ཏེ། དེ་རྣམས་སུ་འཇོག་ཐུབ་པའི་གཉིས་ཚོགས་དེ་སྲིད་མཐའ་ཙམ་དུ་སོང་བས་དབུ་མའི་ལྟ་བ་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ནོ། །ཞེས་དང་། དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་བཙལ་བ་ན། སྐྱེ་བ་དང་འཆི་འཕོ་བའི་གང་ཟག་ལ་སོགས་པ་དཔྱད་བཟོད་པ་རྡུལ་ཙམ་ཡང་མི་རྙེད་ཀྱང་། ཆོས་རྣམས་སྒྱུ་མ་ལྟ་བུ་ལ་དཀར་ནག་གི་འབྲས་བུ་འབྱུང་བར་གསུངས་པ་ལྟ་བུའི་གོ་བ་ཆགས་པར་དགོས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན། ཐུབ་པ་ཁྱོད་ལ་བསྟོད་འོས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་ཀྱང་། ཁྱད་པར་རྟེན་འབྲེལ་གསུང་པའི་ཚུལ་འདིའི་སྒོ་ནས་ཁྱོད་ལ་བསྟོད་ན་ནི། ཆོས་དོན་དང་མཐུན་པར་བསྟོད་པར་འགྱུར་པ་ཡིན་གྱི། བསྟོད་པ་དེ་ལས་གཞན་དུ་ཡོན་ཏན་གཞན་གྱི་སྒོ་ནས་བསྟོད་པས་དེ་ཙམ་ཞིག་ཏུ་ལེགས་པར་བསྟོད་པར་འགྱུར་བ་མ་ཡིན་ནོ། །ཞེས་སོ། གཉིས་པ་ལ་བཞི། རྟེན་འབྲེལ་ཁས་བླངས་ནས་རང་བཞིན་གྱིས་སྟོང་པ་ཁས་མི་ལེན་པ་མི་འཐད་པར་བསྟན་པ། རང་སྡེ་དངོས་སྨྲ་བ་སོགས་བསྟན་པའི་སྙིང་པོ་ལས་ཕྱི་རོལ་ཏུ་གྱུར་པར་བསྟན་པ། རྟེན་འབྲེལ་དང་རང་བཞིན་གྱིས་གྲུབ་པ་ཅིག་ཅར་ཁས་ལེན་པ་འགལ་བར་བསྟན་པ། ཆོས་ཐམས་ཅད་རང་བཞིན་མེད་ཀྱང་སྒྱུ་མ་ལྟ་བུར་བསྟན་པའོ། །དང་པོ་ནི། ཡིད་ནི་མི་ཤེས་པའི་རྨོངས་པའི་དབང་དུ་སོང་བས་དེའི་བྲན་དུ་བཟུང་བ་ཡི་སྟོབས་སམ་མཐུས། མུ་སྟེགས་ཀྱི་རྒོལ་བ་གང་ཞིག་སྟོན་པ་ཁྱོད་དང་ཞེ་འགྲས་པ་དེ་ཡིས་ནི། ཁྱོད་ཀྱི་ཆོས་རྣམས་རང་བཞིན་གྱིས་མེད་དོ་ཞེས་བསྟན་པའི་སྒྲ་ཐོས་ནས་ཡིད་ལ་མི་བཟོད་པ་སྐྱེས་པར་གྱུར་པ་ལ་ངོ་མཚར་དུ་བརྩི་རྒྱུ་ཅི་ཡོད་དེ། དེ་ཉིད་རྨོངས་པའི་དབང་དུ་སོང་བ་དང་། དེའི་སྟོན་པའི་ལུགས་ཀྱང་ཡིན་པས་སོ། །འོ་ན་གང་ལ་བརྩི་ཞེ་ན། སྟོན་པ་ཁྱོད་ཀྱི་གསུང་གི་གཅེས་པའི་མཛོད་མཐར་ཐུག་པ་བརྟེན་ནས་འབྱུང་བ་སྟེ་རྟེན་འབྲེལ་ཁས་བླངས་ནས། ཡང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དོ་ཞེས་བསྟན་པས། སྒྲའི་ང་རོ་མི་བཟོད་པའི་རང་སྡེ་དངོས་སྨྲ་བའི་སྐྱེ་བོ་འདི་ལ་ཁོ་བོ་བློ་བཟང་གྲགས་པའི་དཔལ་ངོ་མཚར་དུ་གྱུར་ཏེ། རྟ་ལ་ཞོན་བཞིན་དུ་རྟ་དེ་ཉིད་འཚོལ་བ་ལྟར་ཆོས་རྣམས་རང་བཞིན་གྱིས་སྟོང་པ་ཉིད་རྟེན་འབྲེལ་གྱི་དོན་ཡིན་པར་མ་རྟོགས་པའི་ཕྱིར་རོ། །གསུང་འབུམ་ལ་ལར། བརྟེན་ནས་འབྱུང་བ་ཞེས་གསུངས་པ་ལྟར་བཤད་ཀྱི། ཆོས་སྤྱོད་ཁ་ཅིག་ཏུ་འབྱུང་བར་ཞེས་ཡོད་དོ། །མཚར་བ་ནི། སྤྱིར་སྨད་པ། སྨོན་པ། བསྔགས་པ་རྣམས་ལ་འཇུག་ཀྱང་། འདིར་སྨད་པ་ལ་འཇུག་སྟེ་ཁྲེལ་བའི་དོན་ནོ། །འདི་ནི་མངོན་རྟོགས་རྒྱན་ལས། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཤེས་བྱ་ལ་ཡང་སྟོན་པ་ཡིས། །སྒྲིབ་པ་ཟད་པར་བརྗོད་པ་གང་། །དེ་ལ་ཁོ་བོས་མཚར་དུ་བརྩིས། །ཞེས་གསུངས་པ་དང་ཕྱོགས་འདྲའོ། །གཉིས་པ་ནི། དངོས་པོ་རང་བཞིན་མེད་པའི་གནས་ལུགས་རྟོགས་པ་ལ་བཀྲི་བའི་སྒོ་སྟེ་ཐབས་བླ་ན་མེད་པ་རྟེན་འབྲེལ་ཡིན་ཀྱང་དངོས་སྨྲ་བས་རྟེན་ཅིང་འབྲེལ་འབྱུང་གི་མིང་ཙམ་ལ་ཞེན་པ་ཉིད་ཀྱིས་ནི། དངོས་པོ་རྣམས་རང་བཞིན་གྱིིས་གྲུབ་པ་ཉིད་དུ་འཛིན་པ་སྟེ་ཁས་ལེན་པར་བྱེད་ན། ད་ཀོ་སྟེ་ད་ནི་དངོས་སྨྲ་བའི་སྐྱེ་བོ་འདི་རྣམས་ནི། འཕགས་མཆོག་རྣམས་ཀྱིས་ལེགས་པར་བགྲོད་པའི་འཇུག་ངོགས་འགྲན་ཟླ་དང་བྲལ་བར་གྱུར་པ། སྟོན་པ་ཁྱོད་དགྱེས་པར་གྱུར་པའི་དངོས་པོ་རང་བཞིན་མེད་པར་རྟོགས་པའི་ལམ་བཟང་པོ་དེར་ཐབས་གཞན་གང་གིས་ནི་ཚུལ་ཇི་ལྟ་བུར་བཀྲི་བའམ་འཁྲིད་པར་བྱ་སྟེ་བཀྲི་པའི་ཐབས་ཁྱད་པར་ཅན་གཞན་མེད་དོ། །འདི་ནི་སྨན་ནད་གསོ་བའི་ཐབས་ཡིན་པ་ལ། མ་ཞུ་བར་ནད་བསྐྱེས་པ་ལྟ་བུར་སོང་པ་སྟེ། རྟེན་འབྲེལ་གྱི་དོན་རང་བཞིན་གྱིས་མེད་པའི་དོན་ཡིན་པ་ལ། རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་རང་བཞིན་གྱིས་གྲུབ་པར་བཟུང་པའི་ཕྱིར་རོ། །སྤྱིར་དངོས་སྨྲ་བ་ནི། དངོས་པོ་བདེན་གྲུབ་ཏུ་འདོད་པ་ཐམས་ཅད་དང་། ཁྱད་པར་སྐབས་འདིར་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བའི་རྒྱུ་མཚན་གྱིས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བྱེ་བྲག་ཏུ་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ་སྟེ་རང་སྡེ་དངོས་སྨྲ་བ་རྣམས་དང་། རང་རྒྱུད་པ་ཡང་དེའི་ཕྱོགས་སུ་ནི་བསྡུ་རུང་ངོ་། །དེས་ན་མིང་ཉིད་ཀྱིས་ནི་ཞེས་པའང་རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་རང་བཞིན་གྱིས་གྲུབ་པར་འཛིན་པའི་རང་སྡེ་གཙོ་ཆེའོ། །འཇུག་ངོགས་ནི་འཇུག་པའི་ལམ་མམ་གཞིའོ། །ཐབས་གང་གིས་ནི་བཀྲི་བར་བྱ། ཞེས་པས་རྟེན་འབྲེལ་ཡིན་པའི་རྒྱུ་མཚན་ལས་གཞན་རང་བཞིན་མེད་པའི་སྟོང་ཉིད་རྟོགས་པའི་ཐབས་སམ་རྟགས་ནི་དེ་དང་མཚུངས་པ་འམ་ལྷག་མེད་པར་སྟོན་པ་སྟེ་བསྔགས་པའོ། །གསུམ་པ་ནི། དངོས་པོར་སྨྲ་བ་ཁྱོད་ཀྱིས་རང་བཞིན་གྱིས་གྲུབ་པ་ཁས་ལེན་འདུག་ན། རང་བཞིན་གྱིས་གྲུབ་པ་ལ་རྐྱེན་གྱིས་གསར་དུ་བཅོས་པ་ནི་ཡོད་པ་མ་ཡིན་པ་དང་། རྐྱེན་གཞན་ལ་ལྟོས་པ་མེད་པ་ཞིག་དགོས་པ་དང་། རྟེན་འབྲེལ་ནི་གཞན་ལ་བལྟོས་ནས་གྲུབ་པ་དང་བཅོས་མ་ཞིག་ལ་འཇོག་པ་ཡིན་པས་གཉིས་ཀ་ཚུལ་ཇི་ལྟ་བུར་ན་གཞི་གཅིག་ལ་མི་འགལ་བར་གཞི་མཐུན་དུ་འདུ་བ་ཉིད་དུ་འགྱུར་ཏེ་གཞི་གཅིག་གི་སྟེང་དུ་མི་འགལ་བར་འཇོག་མི་རུང་ཞེས་པའོ། འདི་ནི་རྩ་ཤེ་ལས། རང་བཞིན་དག་ནི་བཅོས་མིན་དང་། །ཞེས་སོགས་དང་། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་གསུངས་པའི་དོན་ནོ། །འདུས་མ་བྱས་ཀྱི་ཆོས་རྣམས་རྒྱུ་རྐྱེན་གྱིས་བསྐྱེད་པའི་བཅོས་བ་མིན་ཀྱང་། རང་འདོགས་བྱེད་ཀྱི་རྟོག་པའི་དབང་གིས་བཅོས་པའམ་བཞག་པ་ཡིན་ཏེ། མདོ་ལས། དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། ཞེས་སོགས་དང་། བཞི་བརྒྱ་པའི་འགྲེལ་བ་ལས་ཀྱང་། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་ཞེས་གསུངས་པས་སོ། །བཞི་པ་ནི། རྒྱུ་མཚན་གོང་དུ་བཤད་པ་དེ་ལྟར་ཡིན་པ་དེའི་ཕྱིར་དཔེར་ན་སྒྱུ་མའི་རྟ་གླང་ནི་རྟ་གླང་དངོས་གནས་སུ་མ་གྲུབ་བཞིན་དུ་དེར་སྣང་བ་ལྟར་རྒྱུ་རྐྱེན་དང་ཆ་ཤས་དང་རྟོག་པ་ལ་བརྟེན་ནས་འབྱུང་བའི་ཆོས་གང་ཡིན་པ་འདི་རྣམས་ནི་རང་བཞིན་གྱིས་ནི་གདོད་མ་ནས་གྲུབ་པས་རྣམ་པར་དབེན་ཡང་རང་བཞིན་གྱིས་གྲུབ་པ་དེར་སྣང་བས་ན་རྟེན་འབྱུང་གི་ཆོས་འདི་ཀུན་སྟོན་པ་ཁྱོད་ཀྱིས་སྒྱུ་མ་ཇི་ལྟ་བ་དེ་བཞིན་དུ་རྫུན་པར་གསུངས་པ་ལགས་སོ། །དེ་ལ་གདོད་མ་ནས་ཞེས་པ་ནི་ཐོག་མ་ནས་དང་དབེན་པ་ནི་མེད་པ་སྟེ། དེ་ཡང་རང་བཞིན་གྱིས་མེད་པའི་དོན་ནོ། །དེར་སྣང་བ་ཞེས་པའི་དོན་ཡང་། སོ་སྐྱེའི་རྒྱུད་ཀྱི་རྟོག་པ་རྣམས་ལ། རྟེན་འབྲེལ་གྱི་ཆོས་ཀུན་རང་བཞིན་གྱིས་མེད་ཀྱང་གྲུབ་པར་སྣང་བའི་དོན་ཡིན་གྱི། སངས་རྒྱས་འཕགས་པ་ལ་ནི་དེ་ལྟར་མི་སྣང་ངོ་། །འོན་ཀྱང་གཞན་ལ་བདེན་གྲུབ་ཏུ་སྣང་བ་དེ། སངས་རྒྱས་ལ་སྣང་བ་ཡིན་ཏེ་སངས་རྒྱས་ལ་མི་སྣང་ན་མེད་པར་འགྱུར་པའི་ཕྱིར་རོ། །སོ་སྐྱེའི་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་ལ་གང་སྣང་ཐམས་ཅད་རང་ངོས་ནས་གྲུབ་པར་སྣང་བས། སོ་སྐྱེའི་ཤེས་པ་ཐམས་ཅད་འཁྲུལ་ཤེས་སུ་སྐབས་འདིར་ཁས་ལེན་ཡང་། གཟུགས་སྒྲ་སོགས་ཡུལ་ལྔའི་ཐ་སྙད་པའི་ངོ་བོ་ལ་ཚད་མར་སོང་བའི་ཤེས་པ་ནི་ཡོད་པར་འདོད་དགོས་སོ། །གསུམ་པ་ལ་གསུམ། གནས་ལུགས་བསྟན་པས་ངེས་ཤེས་སྐྱེ་ཚུལ། ཉེས་པའི་རྩ་བ་ལྡོག་པས་ངེས་ཤེས་སྐྱེ་ཚུལ། དོན་རྟོགས་ནས་ངེས་ཤེལ་སྐྱེ་ཚུལ་ལོ། །དང་པོ་ལ་གཉིས། དངོས་པོའི་གནས་ལུགས་བསྟན་པས་ཀླན་ཀ་མེད་པ། བརྟེན་འབྱུང་གི་ལམ་ལ་བརྟེན་ནས་གཞན་ལའང་ངེས་པ་སྟེར་ཚུལ་ལོ། །དང་པོ་ནི། སྟོན་པ་ཁྱོད་ཀྱིས་གསུང་རབ་གཞན་མང་པོ་ཞིག་ཇི་ལྟར་བསྟན་པ་ལ་ཕས་ཀྱིས་རྒོལ་བ་འགས་ཀྱང་ཆོས་མཐུན་དུ་གླགས་མི་རྙེད་པར་གསུངས་པ་ཡང་། ཡིད་ཆེས་སུ་རྟེན་འབྱུང་གི་ལམ་གསུང་པ་འདི་ཉིད་ཀྱིས་ནི་དཔགས་ནས་དེ་ཐམས་ཅད་ཀྱང་འཐད་པའི་གནས་སུ་ལེགས་པར་འཁུམས་པ་སྟེ་བསམས་སོ། དེའི་རྒྱུ་མཚན་ཅིའི་སླད་དུ་ཅེ་ན། ཡོད་དེ་རྟེན་འབྲེལ་འདི་བཤད་པས་མཐོང་བ་སྟེ་སོ་སྐྱེའི་མངོན་སུམ་གྱི་ཡུལ་དུ་གྱུར་པའི་མངོན་གྱུར་དང་། མ་མཐོང་བ་སྟེ་ལྐོག་གྱུར་གྱི་དངོས་པོ་ཇི་ལྟར་བསྟན་པ་ལ་རིམ་པ་བཞིན་དུ་རང་བཞིན་གྱིས་ཡོད་པར་སྒྲོ་འདོགས་པ་དང་། ཐ་སྙད་དུ་མེད་པར་སྐུར་འདེབས་ཀྱི་གོ་སྐབས་རྒྱང་རིང་དུ་མཛད་པའི་ཕྱིར་རོ། །ཆོས་མཐུན་དུ་གླགས་མི་རྙེད་པ་ནི། ཀླན་ཀ་ལྟར་སྣང་ཡོད་ཀྱང་ཚུལ་དང་མཐུན་པའི་ཀླན་ཀ་མེད་པའོ། །མཐོང་བ་མངོན་གྱུར་ནི། སོ་སྐྱེའི་མིག་ཤེས་ཚད་མ་སོགས་ཀྱི་ཡུལ་མངོན་སུམ་པ་ཀ་བུམ་ལྟ་བུ་དང་། མ་མཐོང་བ་ལྐོག་གྱུར་ལ་ཅུང་ཟད་ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་གཉིས་ལས། དང་པོ་ནི། སྒྲ་མི་རྟག་པ་ལྟ་བུ་དང་། འཇིག་རྟེན་ཕ་རོལ་ལྟ་བུ་ཡིན་ལ། གཉིས་པ་ནི། སྦྱིན་པ་ལས་ལོངས་སྤྱོད་འབྱུང་བ་དང་། བཟོད་པ་ལས་རྣམ་སྨིན་གཟུགས་མཛེས་པ་སོགས་དང་། ལས་འབྲས་ཀྱི་འབྲེལ་བ་ཕྲ་ཞིང་ཕྲ་བ་རྣམས་སོ། །མངོན་གྱུར་ནི། ཚུར་མཐོང་གིས་མངོན་སུམ་ཚད་མས་ངེས་ནུས་ལ། ཅུང་ཟད་ལྐོག་གྱུར་ནི་རྟགས་ཡང་དག་ལ་མ་ལྟོས་པར་ཚད་མས་ངེས་མི་ནུས་པ་དང་། ཤིན་ཏུ་ལྐོག་གྱུར་ནི། དཔྱད་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་ངེས་དགོས་ཀྱི། སྔ་མ་གཉིས་ལྟར་ངེས་མི་ནུས་སོ། །སྒྲོ་འདོགས་ནི། རང་བཞིན་གྱིས་མེད་པ་ལ་དེར་ཡོད་པར་བཟུང་ནས་སྒྲོ་འདོགས་པ་དང་། སྐུར་འདེབས་ནི་ཐ་སྙད་དུ་ཡོད་པ་ལ་དེར་མེད་པར་འཛིན་པ་ལྟ་བུ་རྣམས་སོ། །དེ་ཡང་ཚིག་གིས་ཡོད་དམ། མེད་ཅེས་བརྗོད་དགོས་པའི་ངེས་པ་མེད་དེ། སེམས་ཀྱི་འཛིན་ཚུལ་ལ་དེ་ལྟར་ཡོད་ན་དེས་འགྲུབ་པས་སོ། །གཉིས་པ་ནི། སྟོན་པ་ཁྱོད་ཀྱི་སྨྲ་བ་འགྲན་ཟླ་མེད་པར་མཐོང་པའི་རྒྱུ་མཚན་མཐར་ཐུག་པ་རྟེན་འབྱུང་གི་ལམ་འདི་ཉིད་ཀྱིས་ཏེ། འདི་ཉིད་ལ་དཔགས་ནས་སྟོན་པ་ཁྱོད་ཀྱི་གསུང་གཞན་ཡང་ལུང་ཚད་མར་གྱུར་པར་ངེས་པ་སྐྱེ་བ་ལགས་སོ། །དེ་ནི་བཞི་བརྒྱ་བ་ལས། སངས་རྒྱས་ཀྱིས་གསུངས་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་འགྱུར་པ། །དེ་ཡིས་སྟོང་པ་ཉིད་ཤེས་ནས། །འདི་ཉིད་ཁོ་ནས་ཡིད་ཆེས་བྱ། །ཞེས་གསུངས་པའི་དོན་ཏེ། རང་བཞིན་གྱིས་སྟོང་པ་རྟེན་འབྲེལ་གྱི་དོན་དུ་གསུངས་པའི་ཐུབ་པའི་གསུང་རབ་རང་གི་བསྟན་དོན་ལ་མི་བསླུ་བར་ངེས་པ་ལ་བརྟེན་ནས། ཟང་ཟིང་གི་སྦྱིན་པ་བཏང་བས་ལོངས་སྤྱོད་འབྱུང་བ་དང་། ཚུལ་ཁྲིམས་བསྲུངས་པས་མངོན་མཐོ་འགྲུབ་པར་སྟོན་པའི་གསུངས་གཞན་རྣམས་ཀྱང་ལུང་ཚད་མར་གོ་ནུས་པའི་དོན་ནོ། །ལུང་ཚད་མ་ཞེས་པ་ནི་ལུང་ཡང་དག་ཅེས་པ་སྟེ། བསྟན་བྱའི་དོན་ལ་མི་བསླུ་བའི་ལུང་ངོ་། འདིར་ལམ་འདི་ཉིད་ཀྱིས་ཞེས་འབྱུང་བ་ལྟར་བཤད་པ་ཡིན་གྱི། གསུང་འབུམ་དུ་ལམ་འདིས་ཉིད་ཀྱི་ཞེས་འབྱུང་བ་ལྟར་ན། ཉིད་ཀྱི་ཞེས་པ་ནི་སྟོན་པ་ལ་བྱེད་དགོས། གཉིས་པ་ནི། གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་གཟིགས་ནས་ལེགས་བར་གསུང་པའི་སྟོན་པ་ཁྱོད་ཀྱི་རྗེས་སུ་སློབ་པར་བྱེད་པའི་སློབ་པ་དགྲ་བཅོམ་ལ་ཆགས་སོགས་ཀྱི་ཀུན་འབྱུང་དང་དེས་དྲངས་པའི་སྡུག་བསྔལ་གྱི་རྒུད་པ་ཐམས་ཅད་རྒྱང་རིང་དུ་གྱུར་པ་སྟེ་སྤངས་པའི་རྒྱུ་མཚན་ཡོད་དེ། དེ་དག་གི་ཉེས་པ་ཀུན་གྱི་རྩ་བ་དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདག་ལྟ་ལྷན་སྐྱེས་ལྡོག་པ་སྟེ་སྤངས་པའི་ཕྱིར་རོ། །དེ་ཡང་རིང་དུ་གྱུར་ཞེས་པ་ལྟར་བརྗོད་ལ་རྒྱལ་དབང་གི་དེར་འགྱུར་ཞེས་འབྱུང་བ་བཞིན་འགྱུར་ཚིག་ཐོབ་པར་བྱས་ན་དགྲ་བཅོམ་ཁོ་ན་ལ་བཤད་མི་དགོས་སོ། ཡང་སྟོན་པ་ཁྱོད་ཀྱི་བསྟན་པ་ལས་ཕྱིར་ཕྱོགས་པའི་མུ་སྟེགས་བྱེད་རྣམས་ཀྱིས། བདག་ཉིད་གྲོལ་བའི་ཆེད་ཡུན་རིང་པོའི་བར་དུ་དཀའ་ཐུབ་དྲག་པོས་ངལ་བ་བསྟེན་པར་བྱས་ཀྱང་། ཕྱི་ཕྱིར་སྟེ་སླར་ཡང་རིམ་གྱིས་ཆགས་སོགས་ཀྱི་སྐྱོན་རྣམས་ཁོ་བོ་ཅག་གི་རྒྱུད་སྟེང་དུ་ཤོག་ཅིག་ཅེས་བོས་པ་བཞིན་དུ་གྱུར་ནས་མི་གྲོལ་པའི་རྒྱུ་མཚན་ཡོད་དེ། དེ་དག་གི་རྒྱུད་ལ་སྐྱོན་གྱི་རྩ་བ་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་བདག་ཏུ་ལྟ་བ་ཤིན་ཏུ་བརྟན་པོར་ཡོད་པའི་ཕྱིར་རོ། །ཨེ་མའོ་ཞེས་པ་ནི་ངོ་མཚར་ཆེ་བའོ། བླང་དོར་འབྱེད་ནུས་པའི་མཁས་པས་སྔར་བཤད་པ་ལྟར་ཉེས་པ་ལྡོག་མི་ལྡོག་གི་དབྱེ་བ་ཡོད་པ་འདི་གཉིས་ཀྱི་ཁྱད་པར་དེ་ལེགས་པར་ཁོང་དུ་ཆུད་པར་གྱུར་པ་དེའི་ཚེ། ཚིག་ཙམ་མ་ཡིན་པར་རྐང་གི་ཁོང་ནས་ཏེ་སྙིང་ཁོང་རུས་པའི་གཏིང་ནས་ནི་སྟོན་པ་ཁྱོད་ལ་ཅིའི་ཕྱིར་དུ་གུས་པར་མི་འགྱུར་ཏེ་གུས་དགོས་ཤིང་། མི་གུས་པའི་རྒྱུ་མཚན་མེད་པའི་ཕྱིར་ཞེས་པའོ། །དེ་ཡང་ཕྱོགས་ལྷུང་གིས་རང་གི་སྟོན་པ་མཆོག་དང་། གཞན་གྱི་སྟོན་པ་རྗེས་འབྲང་དང་བཅས་པ་ནི་དམན་པའོ་སྙམ་དུ་བཟུང་ནས་དད་པ་དང་མ་དད་པ་མི་བྱེད་པར། དེ་གཉིས་ཀྱིས་བཤད་པའི་གཞུང་གི་དོན་ལ། གཟུ་བོར་གནས་པའི་བློས་རིགས་པ་ཡང་དག་གིས་དཔྱད་པ་ན། རང་གི་སྟོན་པའི་གསུང་ནི་ལེགས་པར་བཤད་པ་དང་། ཅིག་ཤོས་དེ་ལས་ལྡོག་པར་ངེས་པའི་སྟོབས་ཀྱིས་གུས་མི་གུས་སྐྱེ་དགོས་པ་ཡིན་ཏེ། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་དང་། མུ་སྟེགས་བྱེད་ཀྱི་གཞུང་ལུགས་ལ། །ཇི་ལྟར་ཇི་ལྟར་རྣམས་བསམས་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་ཡིད་ནི་དད་པར་གྱུར། །ཞེས་གསུངས་པ་བཞིན་ཏེ། ཚུལ་དེ་ལྟར་བྱ་དགོས་པར་སྔགས་རིམ་ཆེ་མོ་དང་། ཐར་ལམ་གསལ་བྱེད་ལས་ཀྱང་བཤད་དོ། །གསུམ་པ་ནི། སྟོན་པ་ཁྱོད་ཀྱི་གསུང་རབ་དུ་མའི་དོན་རྟོགས་པས་བདེ་བ་མཆོག་སྟེར་པ་ལྟ་ཅི་ཞིག་སྨོས། གསུང་གི་ཆ་ཤས་རེ་རེ་ཡི་དོན་ཙམ་ལའང་འོལ་སྤྱི་སྟེ་རགས་རིམ་ཙམ་གྱི་ངེས་པ་རྙེད་པ་དེ་ལའང་མཆོག་གི་བདེ་བ་སྟེར་བར་བྱེད་དོ། །མཆོག་གི་བདེ་བ་ནི་ངེས་ལེགས་ཀྱི་བདེ་བར་བྱས་ཀྱང་རུང་བར་སེམས་ལ། གནས་སྐབས་ཀྱི་དབང་དུ་བྱས་ཚེ་ཡིད་བདེ་བ་ལའང་གོ་བ་ལྟར་སྣང་ངོ་། ཀྱེ་ཧུད་ཅེས་པ་ནི་ཞུམ་ཞིང་ཡིད་འབྱུང་བའི་ཚིག་གོ །བདག་གི་བློ་གྲོས་ནི་མི་ཤེས་པའི་རྨོངས་པས་བཅོམ་སྟེ། ཇི་སྐད་སྨྲས་པ་འདི་འདྲ་བའི་ཡོན་ཏན་གྱི་ཕུང་པོ་ཆེན་པོའི་སྟོན་པ་ཁྱོད་ལ་སྔར་གྱི་དུས་རིང་པོ་ནས་སྐྱབས་སུ་སོང་བར་གྱུར་ཀྱང་ཁྱོད་ཀྱི་ཡོན་ཏན་མཐའ་དག་ལྟ་ཞོག །ཡོན་ཏན་གྱི་ཆ་ཤས་ཕྲ་མོ་ཙམ་ཡང་བདག་གིས་མ་འཚལ་ཏེ་ཤེས་པར་མ་གྱུར་ཏེ། མ་ཤེས་མོད། འོན་ཀྱང་སྟེ་དེ་ལྟ་ཡིན་ནའང་འཆི་བདག་གི་ཁར་ཕྱོགས་པའི་སྲོག་གི་རྒྱུན་ནི་མ་ནུབ་པར་གནས་པའི་དུས་འདི་ཉིད་ལ་སྟོན་པ་ཁྱོད་ལ་རིགས་པ་ཡང་དག་གི་སྒོ་ནས་ཅུང་ཟད་ཡིད་ཆེས་བརྙེད་པ་འདི་ཙམ་ཡང་བདག་ཉིད་སྐལ་བ་བཟང་པོ་ཞིག་གོ་སྙམ་བགྱིས་པ་སྟེ་བསམ་མོ། །འདི་རྗེ་ཉིད་ཁེངས་པ་སྐྱུངས་པའི་ཚུལ་གྱིས་གསུངས་པའོ། །མ་ནུབ་པར་ཞེས་འབྱུང་བ་དང་བསྟུན་པ་ཡིན་ལ། རྒྱལ་དབང་གི་དེར་བར་ཞེས་པའི་དོན་དུ་བཤད་དོ། །གསུམ་པ་དོན་བསྡུ་བ་ནི། འཆད་པའང་སྟོན་པའི་ནང་ནས་རྟེན་འབྲེལ་གྱི་དོན་ལེགས་པར་སྟོན་པ་དང་། ཤེས་རབ་ཀྱི་ནང་ནས་རྟེན་འབྲེལ་ཤེས་པའི་ཤེས་རབ་གཉིས་པོ་དེ་ཉིད། དཔེར་ན། འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་སངས་རྒྱས་ཉིད་གཞན་ཀུན་ནས་ཁྱད་པར་དུ་འཕགས་པ་ཡིན་པ་དེ་བཞིན་དུ། དེ་གཉིས་ཀའང་གཞན་ལས་ཕུལ་དུ་བྱུང་བ་ལགས་པ་སྟེ་ཡིན་པར་སྟོན་པ་ཁྱོད་ཁོ་ནས་མཁྱེན་གྱི། ཕལ་པའམ་སྟོན་པ་གཞན་གྱིས་ཏེ་སེར་སྐྱ་སོགས་ཀྱིས་དེ་ལྟར་ཤེས་པ་མ་ཡིན་ནོ། ཆོས་སྤྱོད་འདི་དང་རྒྱལ་དབང་གི་དེར། ཕུལ་བྱུང་ལེགས་པར་ཞེས་འབྱུང་ཡང་གསུང་འབུམ་ཐོར་བུ་ལ་ལར་ལགས་པར་ཁྱོད་མཁྱེན་ཞེས་པ་ནི་བདེ་ཞིང་འཐད་པར་སེམས་ཏེ། ལགས་པ་ནི་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་རྟེན་འབྲེལ་གསུང་བའི་སྒོ་ནས་བྱེ་བྲག་ཏུ་བསྟོད་པ་ལ་གསུམ། རྟེན་འབྲེལ་གསུངས་པའི་དགོས་པ། ཐུབ་པའི་དགོངས་པ་རྟོགས་པར་བཞེད་པའི་ཐུགས་བསྐྱེད་ཚུལ། ཐུབ་པའི་དགོངས་པ་བཙལ་ཚུལ་དངོས་སོ། །དང་པོ་ལ་གསུམ། ཐར་པའི་ཆེད་དུ་ཆོས་བསྟན་ཚུལ། བསྟན་པའི་ཆོས་འཛིན་པར་གུས་ཚུལ། བསྟན་པ་ཉིད་ཀྱི་ཆེ་བ་བཤད་པའོ། །དང་པོ་ནི། སྟོན་པ་ཁྱོད་ཀྱིས་གསུང་རབ་ཇི་སྙེད་ཅིག་བཀའ་སྩལ་པ་ཐམས་ཅད་བརྗོད་བྱ་རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག་ལ། དེ་ལྟར་འཇུག་པ་དེ་ཡང་གདུལ་བྱ་དེ་དག་གིས་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་པའི་ཕྱིར་ཏེ་ཆེད་དུ་ཡིན་གྱི། གདུལ་བྱའི་ཉོན་མོངས་པ་ཞི་བར་འགྱུར་པའི་ཐབས་མ་ཡིན་པའི་མཛད་པ་སྟོན་པ་ཁྱོད་ལ་མེད་དོ། །འདི་ནི། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ཅན་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་པར་འདོད་པས་ཤེས་རབ་བསྐྱེད། །ཅེས་དང་། ཇོ་བོས་ཀྱང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་། །ཆོས་ཉིད་ལ་ནི་གཞོལ་ཅིང་འབབ། །གསུངས་པའི་དགོངས་པའོ། །གསུང་འབུམ་ལ་ལར་ཞི་གྱུར་ཅེས་འདས་ཚིག་འབྱུང་ཡང་མི་འགལ་ལོ། །གཉིས་པ་ནི། ཀྱེ་མའོ་ཞེས་པ་ནི། སྤྱིར་སྨད་པ། སྨོན་པ། ཞུམ་པ། ངོ་མཚར་ཆེ་བ་རྣམས་ལ་འཇུག་པ་ལས་འདིར་ནི་ཕྱི་མའོ། །སྟོན་པ་ཁྱོད་ཀྱི་ལུང་གི་བསྟན་པ་ནི་གདུལ་བྱ་གང་གི་རྣ་བའི་ལམ་དུ་སོང་བའི་གདུལ་བྱ་དེ་དག་ཐམས་ཅད་ཞི་བ་མྱང་འདས་ཐོབ་པར་འགྱུར་པའི་ཕྱིར་ན། སྟོན་པ་ཁྱོད་ཀྱི་བསྟན་པ་འཛིན་པར་ནི་སུ་ཞིག་མི་གུས་ཏེ་གུས་རིགས་སོ། །འདིར་རྒྱལ་དབང་གི་དེར། ཁྱོད་ཀྱིས་བསྟན་པ་ཞེས་བྱེད་པའི་སྒྲ་འབྱུང་བ་ལྟར་ན། ལུང་གི་བསྟན་པ་ཞེས་པའི་དོན་མ་ཡིན་པར། ཆོས་བསྟན་ཞེས་པ་ལྟ་བུའི་དོན་ནོ། །གསུམ་པ་ནི། མུ་སྟེགས་ལ་སོགས་པ་ཕས་ཀྱི་རྒོལ་བ་མཐའ་དག་འཇོམས་པ་དང་ལྟག་འོག་སྟེ་གོང་འོག་འགལ་འདུས་སྟོང་པ་སྟེ་འགལ་འདུ་མེད་པ་དང་། སྐྱེ་རྒུའི་དགོས་པ་གནས་སྐབས་མཐར་ཐུག་གི་དོན་གཉིས་ཀྱི་འདོད་དོན་སྟེར་པར་བྱེད་པའི་ཁྱོད་ཀྱི་ཁྱད་ཆོས་གསུམ་ལྡན་གྱི་ལུགས་འདིར་ཁོ་བོ་བློ་བཟང་གྲགས་པའི་དཔལ་སྤྲོ་བ་ཆེས་ཆེར་འཕེལ་ལོ། །ལྟག་འོག་ཅེས་པ་ལ་གཉིས་ཏེ། གྲུབ་མཐའ་གོང་འོག་དང་། རང་ལུགས་གྱི་གྲུབ་མཐའི་འོག་མཇུག་ནས་བཤད་པ་གཉིས་ལས །དང་པོ་ནི། གྲུབ་མཐའ་བཞི་པོ་སོ་སོའི་གཞུང་ནས་བཤད་ཚུལ་མི་འདྲ་བ་ཡོད་ཀྱང་། དེ་ཐམས་ཅད་ཇི་སྐད་དུ། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། ཞེས་པའི་ཚུལ་གྱིས་མི་འགལ་བར་ཤེས་དགོས་པ་དང་། ཕྱི་མ་ནི་ཁས་བླངས་སྔ་ཕྱི་མི་འགལ་བ་དང་། སྐབས་ཀྱི་དབྱེ་བས་ཀྱང་མི་འགལ་བ་སོགས་སུ་ཤེས་པའོ། །གཉིས་པ་ལ་གཉིིས། ཐུབ་པས་ནན་ཏན་གྱིས་བ སྒྲུབས་ཚུལ། དེ་རྟོགས་པར་བཞེད་པ་ཇི་ལྟར་འཁྲུངས་ཚུལ་ལོ། །དང་པོ་ནི། རྟེན་འབྲེལ་གྱི་ཆོས་ཟབ་མོ་འདི་བཙལ་བ་ཡི་ཕྱིར་ཏེ་ཆེད་དུ་སྟོན་པ་ཁྱོད་ཀྱིས་ནི་དུས་དང་གནས་སྐབས་ལ་ལར་རང་གི་སྐུ་སྟེ་ལུས་དང་། དུས་གཞན་དུ་སྲོག་དང་སྙིང་དུ་སྡུག་པའི་བུ་དང་ཆུང་མ་སོགས་གཉེན་དང་། ཟས་གོས་གནས་མལ་བཞོན་པ་སོགས་ལོངས་སྤྱོད་ཀྱི་ཚོགས་རྣམས། གྲངས་མེད་པའི་བསྐལ་པར་ལན་གཅིག་ཙམ་མ་ཡིན་པར་ཡང་དང་ཡང་དུ་བཏང་ངོ་། །དེ་ནི་འཛངས་བླུན་སོགས་ནས་བཤད་པ་ལྟར། ཆོས་ཚིགས་བཅད་རེ་རེའི་ཕྱིར་དུ་ལུས་ལ་ལྕགས་གཟེར་སྟོང་བཏབ་པ་དང་། མར་མེ་སྟོང་བཙུགས་པ་དང་། མེར་མཆོངས་པ་ལ་སོགས་པའོ། །གཉིས་པ་ནི། རྟེན་འབྲེལ་གྱི་ཆོས་གང་གི་ཡོན་ཏན་ནི། རྟོགས་པ་ཙམ་གྱིས་སྲིད་པའི་རྩ་བ་གཅོད་པ་དེ་མཐོང་བ་ཡི་སྟོབས་ཀྱིས། དཔེར་ན། ལྕགས་ཀྱུས་ཉ་ལ་སྟེ་དེས་ཉ་འདྲེན་པའམ། འགུགས་པ་ཇི་ལྟ་བ་དེ་བཞིན་དུ། སྟོན་པ་ཉིད་ཀྱི་ཐུགས་དྲངས་པ་སྟེ། འཕྲོག་པའི་རྟེན་འབྲེལ་གྱི་ཆོས་ཟབ་མོ་དེ་ནི་སྟོན་པ་ཁྱོད་ཉིད་ལས་དངོས་སུ་མ་ཐོས་པས་བདག་ནི་སྐལ་པ་ཞན་པ་སྟེ་དམན་པ་ཞིག་གོ་སྙམ་དུ་བསམས་སོ། །དེ་ལྟར་བསམས་པ་དེ་ཡི་མྱ་ངན་གྱི་ཤུགས་ཏེ་སྟོབས་ཀྱིས་ནི། དཔེར་ན། སྙིང་དུ་གཅེས་ཤིང་སྡུག་པའི་བུ་ཤི་བ་ལ། དེ་ཉིད་ཀྱི་མ་ཡི་ཡིད་རྗེས་སུ་སོང་བ་སྟེ་ཕྱོགས་པ་ཇི་ལྟ་བ་དེ་བཞིན་དུ། སྟོན་པ་ཁྱོད་དྲན་ནས་གུས་ཤིང་བསྟོད་པར་འདུན་པ་ལས་བདག་གི་ཡིད་ནི་གཏོང་བར་མི་བྱེད་ལགས་སོ། །ཉིད་ཀྱི་ཐུགས་དྲངས་ཞེས་པ་ནི་གོ་བདེ་བར་བྱེད་ན། ལྕགས་ཀྱུས་ཉ་འདྲེན་པ་དང་དྲངས་ནས་བྱ་བ་ལ་འཇུག་པ་དེ་བཞིན་དུ། རྟེན་འབྲེལ་རྟོགས་པའི་ཕན་ཡོན་མཐོང་ནས་སྟོན་པའི་ཐུགས་དྲངས་ཏེ། རྟེན་འབྲེལ་གྱི་ཆོས་འཚོལ་བ་ལ་སྔོན་འབད་པར་མཛད་ཅེས་པའོ། སྐལ་པ་གཞན་ཞེས་པ་ནི་མ་དག་གོ །ཡིད་གཏོང་པར་མི་བྱེད་པ་ནི། སྟོན་པ་ལ་གུས་ཤིང་བསྟོད་པའི་འདུན་པ་མི་འཇོག་པའོ། སྐབས་འདིར་ཤུགས་ཞེས་པ་ནི་སྟོབས་ཀྱིས་ཞེས་པའི་དོན་ཡིན་གྱི། དངོས་དང་ཤུགས་ཀྱི་ཟླས་ཕྱེ་པའི་ཤུགས་བསྟན་གྱི་དོན་མིན་ནོ། འོན་ཀྱང་ཞུགས་ཞེས་གསུངས་སྒྲོས་ཡོད་པ་ལྟར་ན། མྱ་ངན་གྱི་མེ་ཡིས་ཞེས་པ་སྟེ། ཞུགས་ཀྱི་སྒྲ་ནི་མེ་ལ་འཇུག་པས་སོ། །དེ་ལྟར་ཡིད་མྱ་ངན་གྱིས་གདུང་བའི་སྐབས་འདི་ལའང་སྟོན་པ་ཁྱོད་ཀྱི་གསུང་རབ་ཀྱི་ཚིག་དོན་ལ་བསམས་པ་ན། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུའི་དཔལ་གྱི་རབ་ཏུ་འབར་ཞིང་། འོད་ཀྱི་དྲ་བས་ཡོངས་སུ་བསྐོར་བའི་སྟོན་པ་དེའི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པའི་ཚངས་པའི་དབྱངས་ཀྱིས་ཆོས་ཚུལ་འདི་ནི་ཚུལ་འདི་ལྟར་གསུངས་སོ་སྙམ་དུ་བསམས་ཏེ། ཡིད་ལ་ཐུབ་པའི་དབང་པོ་ཁྱོད་ཀྱི་སྐུའི་གཟུགས་བརྙན་ཏེ་དོན་སྤྱི་ནི་ཤར་བ་ཙམ་ཡང་། ཚ་བ་ཡི་དྲོད་ཀྱིས་གདུངས་པ་ལ། ཤིན་ཏུ་བསིལ་བའི་ཟླ་ཟེར་ཕན་པའི་རྐྱེན་དུ་གྱུར་བ་བཞིན་དུ་བདག་གི་ཡིད་ལ་སྨན་པ་སྟེ་ཕན་པར་གྱུར་ཏེ། འདི་ལའང་ཞེས་པའི་འདི་ནི། རྟེན་འབྲེལ་གསུང་པའི་ཚུལ་འདི་ལའང་ཞེས་པ་ཞིག་ཀྱང་ཐོབ་པར་སེམས་ལ། འང་ནི་སྐབས་གཞན་དུ་མ་ཟད་ཅེས་པ་སྟེ་དེ་ལྟར་ན་འདི་ནི་ཞེས་པ་ནི་རྟེན་འབྲེལ་སྟོན་པའི་གསུང་རབ་གཙོ་ཆེའོ། །ཤར་བ་ཙམ་ཡང་ཞེས་པ་ནི། དངོས་སུ་མཐོང་བ་དང་ཐོས་ན་སྨན་པར་འགྱུར་པ་ལྟ་ཅི་སྨོས་པའོ། །གསུམ་པ་ལ་གསུམ། འཚོལ་པའི་རྒྱུ། བཙལ་པའི་ཚུལ། ཇི་ལྟར་རྙེད་པའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་ངོ་མཚར་རྨད་དུ་བྱུང་བ་ཡི་རྟེན་འབྲེལ་གྱི་རྣམ་པར་གཞག་པའི་ལུགས་བཟང་པོ་དེ་ཡང་མི་མཁས་ཤིར་མཁས་པར་རློམ་པའི་སྐྱེ་བོ་གྲུབ་མཐའ་སྨྲ་བ་འགའ་ཞིག་གིས་དཔེར་ན་བལ་པ་ཛ་བཞིན་དུ་རྣམ་པ་ཀུན་ཏུ་འཛིངས་པ་སྟེ་འཁྲུགས་པར་བྱས་སོ། །འདིར་ཕལ་པ་ཛ་ཞེས་འབྱུང་བ་ནི་མ་དག་པར་སེམས་ཏེ། གཞུང་འགའ་ཞིག་ལས་བལ་བ་ཛ་ཞེས་འབྱུང་ཞིང་། དེ་ཡང་གཡའ་སྤང་མཚམས་སུ་སྐྱེ་བའི་རྩྭ་ཟི་དུ་ཞེས་གྲགས་པ་ཞིག་ལ་བཤད་དོ། །གང་ལྟར་ཡང་ཕར་འཛིངས་ཚུར་འཛིངས་སུ་ཡོད་པའི་རྩྭའི་རིགས་ཞིག་སྟེ། རྩྭ་དེ་འཁྲུགས་ནས་ཡོད་པ་དེ་བཞིན་དུ་རྒྱ་བོད་ཀྱི་མཁས་རློམ་དུ་མས་གྲུབ་མཐའ་སོ་སོའི་ཁྱད་པར་དང་། མདོ་སྔགས་ཀྱི་དགོངས་པ་དྲང་ངེས་དོན་གྱི་དབྱེ་བ་ལེགས་པར་མ་ཕྱེད་པར་མ་བཤད་ལོག་བཤད་ཀྱིས་འཁྲུགས་པར་བྱས་པའོ། །གཉིས་པ་ནི། དེ་ལྟར་འཁྲུགས་པར་བྱས་པའི་ཚུལ་འདི། ཁོ་བོ་བློ་བཟང་གྲགས་པའི་དཔལ་གྱིས་རྣམ་དཔྱོད་ཀྱིས་ལེགས་པར་མཐོང་བས་རྐྱེན་བྱས་ནས་བདག་གིས་ནི་འབད་པ་དུ་མས་ཀླུ་སྒྲུབ་ཐོགས་མེད་སོགས་རྒྱལ་བའི་དགོངས་པ་འགྲེལ་པ་ལ་ཚད་མར་གྱུར་པའི་འཕགས་ཡུལ་གྱི་མཁས་པ་ཡི་གསུང་རབ་ནས་བཤད་པའི་རྗེས་སུ་འབྲངས་ནས་སྟོན་པ་ཁྱོད་ཀྱི་ནི་དགོངས་པ་ལན་ཅིག་མ་ཡིན་པར་ཡང་དང་དུ་བཙལ་ལོ། །མཁས་པའི་རྗེས་སུ་འབྲང་བ་དང་གསུང་རབ་ནས་བཤད་པའི་རྗེས་སུ་འབྲང་བ་གང་བྱས་ཀྱང་མི་འགལ་ལོ། །གསུམ་པ་ལ་གཉིས། ཚེགས་ཆུང་ངུས་མ་རྙེད་པ་དང་། བླ་མའི་དྲིན་གྱིས་རྙེད་པའོ། །དང་པོ་ནི། དེ་ལྟར་བཙལ་བ་དེའི་ཚེ་རང་དང་གཞན་གྱི་སྡེ་པ་ཡི་གཞུང་ལུགས་མང་པོ་དག་ལ་སྦྱངས་པ་ན། དེ་དག་གི་བཤད་ཚུལ་མི་མཐུན་པ་ལ་བརྟེན་ནས་ཕྱི་ཕྱིར་སླར་གང་མི་འཐད་ཅེས་བྱ་བ་ལ་སོགས་པའི་ཐེ་ཚོམ་གྱི་དྲི་བ་ཡིས་འཚོལ་བ་པོ་བདག་གི་ཡིད་ནི་ཀུན་ཏུ་སྟེ་རབ་ཏུ་གདུངས་སོ། །འདིར་རང་གི་སྡེ་བ་ནི་ནང་པ་སངས་རྒྱས་པ་དང་། གཞན་གྱི་སྡེ་བ་ནི་ཕྱི་རོལ་པའི་གྲུབ་མཐར་ཞུགས་པ་སྟེ། གཞུང་ཡང་དེ་གཉིས་ཀྱིས་བཤད་པའི་གཞུང་རྣམས་ལ་བྱེད་དགོས་པར་སེམས་སོ། འོན་ཀྱང་། རང་ངམ་གཞན་གྱི་གྲུབ་པའི་མཐའ། ཞེས་པའི་སྐབས་སུ་རང་སྔགས་དང་གཞན་ཕ་རོལ་ཏུ་ཕྱིན་པའི་གྲུབ་མཐའ་ལ་བཤད་པའང་ཡོད་དོ། །གཉིས་པ་ནི། སྟོན་པ་ཁྱོད་ཀྱི་བླ་ན་མེད་པའི་ཐེག་པའི་ཚུལ་ཏེ་ལུགས་སམ་རྣམ་གཞག་ལ་རང་བཞིན་གྱིས་ཡོད་པ་དང་། ཐ་སྙད་དུ་མེད་པའི་སྒྲོ་སྐུར་གྱི་མཐའ་སྤངས་ཏེ་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་འགྲེལ་བར་སྟོན་པ་རང་ཉིད་ཀྱིས་འཇམ་དཔལ་རྩ་རྒྱུད་དང་ལང་ཀར་གཤེགས་པ་རྔ་བོ་ཆེའི་མདོ་སོགས་ལས་ལུང་བསྟན་པ་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྩ་བ་ཤེས་རབ་ལ་སོགས་པའི་ཀུན་དའི་ཚལ་རྣམས་ཀྱིས་ཚིག་དོན། འཁྲུལ་བའི་དྲི་མ་མེད་པའི་མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས་ཤིང་། རྒྱལ་བའི་གསུང་རབ་ཀྱི་ནམ་མཁའ་ལ་ཐོགས་པ་མེད་པར་རྒྱུ་བས་གདུལ་བྱའི་རྒྱུད་ཀྱི་རྟག་ཆད་ཀྱི་མཐར་འཛིན་གྱི་འཆིང་བ་འགྲོལ་བའི་སྙིང་གི་སྟེ་ཡིད་སྒྲིབ་བྱེད་ཀྱི་མུན་པ་སེལ་བར་བྱེད་ཅིང་། གཞུང་དོན་ལོག་པར་སྨྲ་པའི་མཁས་རློམ་རྒྱུ་སྐར་གྱི་ཚོགས་ཟིལ་གྱིས་གནོན་པར་མཛད་པ་དཔལ་ལྡན་ཟླ་བ་གྲགས་པའི་ལེགས་བཤད་དབུ་མ་འཇུག་པ་དང་། རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིགས་གསལ་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལ་སོགས་པ་རྣམས་ཀྱི་འོད་དཀར་གྱི་འཕྲེང་བས། ཆེས་ཆེར་གསལ་བར་བྱས་པའི་དོན་བླ་མ་འཇམ་པའི་དབྱངས་ལ་སོགས་པའི་དྲིན་གྱི་མཐུ་ལས་བློ་གྲོས་ཀྱིས་མཐོང་པའི་ཚེ། བློ་བཟང་གྲགས་པའི་དཔལ་བདག་གི་ཡིད་ཀྱིས་བདེ་བའི་ངལ་གསོ་ཐོབ་བོ། །འདི་དག་གོ་བདེ་བར་བྱས་ཚེ། དཔེ་དང་དཔེ་ཅན་སོ་སོར་བཤད་ན་ཀླུ་སྒྲུབ་ཀྱི་གསུང་དང་མེ་ཏོག་ཀུན་ད་སྦྱར། དཔལ་ལྡན་ཟླ་བའི་གསུང་དང་། ཟླ་བའི་འོད་ཟེར། གསུང་རབ་སྤྱི་དང་ཁྱད་པར་སྟོན་པའི་གསུང་དང་ནམ་མཁའ། མཐར་འཛིན་དང་མུན་པ། ལོག་པར་སྨྲ་བ་དང་རྒྱུ་སྐར་སྦྱར་བ་སྟེ། དེ་དག་གི་བྱེད་ལས་ཀྱང་དེས་གོ་བར་འགྱུར་རོ། །འདིར་བསྟན་པའི་བླ་མའི་གཙོ་བོ་ནི་འཇམ་པའི་དབྱངས་ཡིན་པར་སྐབས་སྟོབས་ཀྱིས་ཤེས་ལ། ཆོས་སྤྱོད་འདིར་ཡིད་ཀྱིས་ཞེས་བྱེད་སྒྲ་འབྱུང་ལ། གསུང་འབུམ་དང་རྒྱལ་དབང་གི་དེར་ཡིད་ཀྱི་ཞེས་དྲུག་པའི་སྒྲ་ཡོད་དོ། །དེའི་དང་པོ་ལྟར་ན་ཡིད་ཐོབ་པ་པོ་དང་། ངལ་གསོ་ནི་ཐོབ་བྱའོ། །ཕྱི་མ་ལྟར་ན། ཡིད་ཀྱིི་ངལ་གསོ་ཐོབ་བྱ་དང་། རྗེ་ཉིད་ཐོབ་པ་པོར་འཇོག་དགོས་ལ། དང་པོ་ལའང་རྗེ་བླ་མ་ཐོབ་པ་པོར་དོན་གྱིས་གོའོ། །གསུམ་པ་དོན་བསྡུ་བ་ནི། ཐུབ་པའི་དབང་པོའི་སྐུ་གསུང་ཐུགས་ཀྱི་མཛད་པ་ཀུན་ལས་གསུང་གི་ནི་མཛད་པ་མཆོག་ཡིན་ཞིང་། གསུང་གི་མཛད་པ་མཆོག་དེ་ཡང་ནི་རྟེན་འབྲེལ་གསུངས་པའི་ཚུལ་འདི་ཉིད་ཡིན་པའི་ཕྱིར་ན། བསྟན་པའི་གནད་མཐོང་བའི་མཁས་པ་ཡིས་རྟེན་འབྱུང་གསུངས་པའི་ཚུལ་འདི་ལས་སངས་རྒྱས་རྗེས་སུ་དྲན་པར་བྱོས་ཤིག་ཅེས་པའོ། །རྒྱལ་དབང་གི་དེར་ནི། བསྟོད་པའི་ཚུལ་འདི་ལས་ཞེས་འབྱུང་ངོ་། རྗེས་སུ་དྲན་པ་ནི་སངས་རྒྱས་ཀྱི་བཀའ་དྲིན་དྲན་པ་དང་སངས་རྒྱས་དྲན་པ་གང་ལ་སྦྱར་ཀྱང་རུང་བར་སྣང་ངོ་། གཉིས་པ་ལ་གཉིས། རྩོམ་པའི་རྒྱུ་མཚན་དང་། བསྔོ་བའོ། དང་པོ་ནི། ཐུབ་པ་ལ་དེ་ལྟར་བསྟོད་པའི་རྒྱུ་མཚན་གང་ཞེ་ན། ཡོད་དེ། སྟོན་པ་བླ་ན་མེད་པ་དེའི་རྗེས་སུ་རབ་ཏུ་བྱུང་བར་གྱུར་ཏེ་རྒྱལ་བའི་གསུང་རབ་ཀུན་ལ་སྦྱངས་པ་མི་དམན་ཞིང་། དོན་ཉམས་སུ་ལེན་པའི་རྣལ་འབྱོར་གྱི་སྦྱོད་པ་ལ་བརྩོན་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བ་ཞིག །དྲང་སྲོང་ཆེན་པོ་ཐུབ་དབང་དེ་ལ་དེ་ལྟར་གུས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །སྦྱངས་པ་ཇི་ལྟར་མཛད་པ་ནི། རྣམ་ཐར་རྣམས་དང་། རྗེ་ཉིད་ཀྱིས་མཛད་པའི་རྟོགས་བརྗོད་ལས་ཤེས་པར་བྱའོ། །སྤྱིར་དྲང་སྲོང་གི་སྒྲ་དོན་ནི། ཡིད་དྲང་པོར་སྲོང་པ་ལ་བཤད་ཅིང་། དེ་ལའང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དྲང་སྲོང་གཉིས་ཡོད་ལ། འདིར་ནི་སྟོན་དེའི་ཞེས་པའི་ཚིག་དང་འབྲེལ་བས་སྟོན་པ་ཉིད་ལ་གོའོ། །གཉིས་པ་ལ་གཉིས། བསྔོ་བ་དང་། སྨོན་ལམ་མོ། །དང་པོ་ནི། སྟོན་པ་བླ་ན་མེད་པའི་ཞེས་སོགས་རྐང་པ་བཞིས་སྟོན་ཏེ། དོན་ནི། སྟོན་པ་བླ་ན་མེད་པའི་ལུང་རྟོགས་ཀྱི་བསྟན་པ་དང་། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་མཇལ་རྒྱུ་བྱུང་བ་འདི་འདྲ་བ་ནི། བླ་མའི་དྲིན་ཡིན་པས་ན། དགེ་བ་གཞན་དུ་མ་ཟད་བསྟོད་པ་འདི་བརྩམས་པ་ལས་བྱུང་བའི་དགེ་བ་འདི་ཡང་འགྲོ་བ་མ་ལུས་པ་ཐམས་ཅད། དགེ་བའི་བཤེས་གཉེན་དམ་པས་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོའོ། །སྐབས་འདིའི་བླ་མ་ནི་བཤེས་གཉེན་སྤྱིའི་དབང་དུ་བྱས་པའོ། །རྒྱལ་བའི་བསྟན་པ་ནི། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར། ལུང་གི་བསྟན་པ་དང་། རྟོགས་པའི་བསྟན་པ་གཉིས་སུ་ངེས་ཤིང་། ལུང་གི་བསྟན་པ་ལ་ཐོས་བསམ་དང་། རྟོགས་པའི་བསྟན་པ་ལ་ཉམས་ལེན་བྱས་ན། སངས་རྒྱས་ཀྱི་བསྟན་པ་ལ་གནས་པ་དང་། དེ་འཛིན་པ་ཞེས་བྱའོ། །གཉིས་པ་ནི། ཕན་མཛད་དེའི་བསྟན་པའང་། ཞེས་སོགས་ཚིགས་སུ་བཅད་པ་བཞིས་སྟོན་ཏེ། འདི་ལ་བཞིའི་དང་པོ་ནི། འགྲོ་བ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་སྒྲུབ་པར་མཛད་པ་སྟོན་པ་དེ་ཡི་བསྟན་པའང་སྲིད་པའི་མཐར་ཐུག་པའི་བར་དུ་སྟེ་འཁོར་པའི་མཐའ་བར་དུ། བསྟན་པ་འདི་ལ་མ་གུས་པ་དང་། མ་རྟོགས་པ་དང་། ལོག་པར་རྟོག་པའི་སྐྱེ་བོའི་ངན་རྟོག་གི་རླུང་གི་ཤུགས་ཀྱིས་རྣམ་པར་མི་གཡོ་ཞིང་། བསྟན་པའི་ངང་ཚུལ་རྟེན་འབྲེལ་སྟོན་པ་ཉིད་བསྟན་པའི་སྙིང་པོར་ཤེས་པར་བྱས་ནས་དེས་དྲངས་པའི་དད་པས་སྟོན་པ་ལ་ཡིད་ཆེས་རྙེད་པས་རྟག་ཏུ་རང་རྒྱུད་གང་བར་ཤོག་ཅིག་ཅེས་པ་སྟེ། སྲིད་པའི་མཐར་ཞེས་པས་འཁོར་བའི་ཕྱི་མཐའ་སྟོངས་ཀྱི་བར་དུ་བསྟན་པ་གནས་པར་སྨོན་པ་ཡིན་ལ། དེ་ནི་བརྟག་པ་མཐའ་བཟུང་ཙམ་སྟེ །དཔེར་ན། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པ། །ཞེས་གསུངས་པ་བཞིན་ནོ། །ངན་རྟོག་རླུང་དང་སྦྱར་བའི་ཤུགས་ཀྱིས། བསྟན་པ་ནི་མར་མེ་དང་སྦྱོར་བ་འཐོབ་སྟེ། དེ་ཡང་མཛོད་ལས། དེ་ཉིད་མ་མཐོང་རང་དགར་སྤྱོད་གྱུར་པའི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། །ཞེས་གསུངས་པ་དང་འདྲའོ། །ཡིད་ཆེས་རྙེད་པས་གང་བ་ནི། སྟོན་པ་ལ་རིགས་པ་ཡང་དག་གིས་ཡིད་ཆེས་ཐོབ་པ་ཙམ་དུ་མ་ཟད། དེ་དུས་རྒྱུན་དུ་གནས་ཤིང་འཕེལ་བར་སྨོན་པའོ། །འང་ནི་བསྔོ་བར་དེར་མ་ཟད་ཅེས་པའོ། །གཉིས་པ་ནི། བརྟེན་ནས་འབྱུང་བའི་དེ་ཉིད་དེ་རྟེན་འབྲེལ་གྱི་ཆོས་ཉིད་རང་བཞིན་གྱིས་སྟོང་པའི་དོན་གསལ་བ་སྟེ་བསྟན་ནས་རྒྱས་པར་མཛད་པའི་སྒོ་ནས་ཐུབ་པའི་ལུགས་བཟང་ལུང་རྟོགས་ཀྱི་བསྟན་པ་རྣམ་གཉིས་སྐྱེ་བ་ཐམས་ཅད་དུ་ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། དུས་རིང་པོར་ལྟ་ཅི། དུས་སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག་ཅེས་པའོ། །གསུང་འབུམ་ལས་གསལ་མཛད་པས། ཞེས་འབྱུང་བ་ལྟར་བཤད་ཀྱི་འདིར་ས་སྒྲ་མེད་པ་ལྟར་ན། ལུགས་བཟང་ནི་རྟེན་འབྲེལ་གྱི་ཆོས་ཚུལ་གསལ་བ་ལ་གོ་བར་བྱའོ།། ཀྱང་ནི་རྐྱེན་ཕྲན་ཚེགས་ཀྱིས་གཏོང་བ་ལྟ་ཅི། ལུས་སྲོག་ལ་བབ་ཀྱང་དེ་བོར་ནས་བསྟན་པ་འཛིན་པའོ། །མི་ལྷོད་པ་ནི་བརྩོན་པ་མི་འདོར་པ་སྟེ། ལྷོད་པ་ཡང་དེའི་ཟློག་ཕྱོགས་སོ། །གསུམ་པ་ནི། འདྲེན་པ་མཆོག་སྟོན་པ་དེས་སྔར་བཤད་པ་ལྟར་ལུས་གཏོང་བ་སོགས་དཀའ་བ་དཔག་མེད་ཀྱི་སྒོ་ནས་ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པའི་བསྟན་པའི་སྙིང་པོ་རྟེན་འབྲེལ་གྱི་ཆོས་ཚུལ་རྣམ་པར་བཞག་པ་འདི། ཐབས་གང་འདྲ་བ་ཞིག་གིས་འཕེལ་བར་འགྱུར་སྙམ་པའི་རྣམ་པར་དཔྱོད་པས་ཉིན་དང་མཚན་གྱི་དུས་འདའ་བར་ཤོག་ཅིག་ཅེས་པའོ། །ནན་ཏན་སྙིང་པོར་མཛད་པ་ནི་བརྩོན་འགྲུས་དྲུག་པོའི་སྒོ་ནས་བསྒྲུབས་པའི་དོན་ནོ། །བཞི་པ་ནི་རང་གཞན་ལ་ཕན་པར་འདོད་པའི་ལྷག་བསམ་རྣམ་པར་དག་པས། ཐུབ་པས་བསྒྲུབས་པའི་བསྟན་པའི་སྙིང་པོ་འཛིན་པའི་ཚུལ་དེར་བརྩོན་པར་བྱེད་པའི་ཚེ་ན། ཚངས་པ་དང་། དབང་པོ་བརྒྱ་བྱིན་དང་འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་བཞི་དང་། དེར་མ་ཟད་མགོན་པོ་ལེགས་ལྡན་ནག་པོ་ལ་སོགས་པ་སྟེ་ཆོས་ཀྱི་རྒྱལ་པོ་རྣམ་ཐོས་སྲས་སོགས་ཆོས་སྐྱོང་སྲུང་མས་ཀྱང་གཡེལ་བ་མེད་པར་དུས་ཐུང་ངུ་ཙམ་མིན་པར་དུས་རྟག་ཏུ་གྲོགས་བྱེད་པར་ཤོག་ཅིག་ཅེས་པའོ། །ལེགས་ལྡན་ནག་པོ་ནི་སྐབས་འདིར་ཕྱག་དྲུག་པ་ལ་བྱེད་དགོས་པར་སེམས་ལ། གདུགས་དཀར་ལས། ལེགས་ལྡན་གསུམ་བཤད་པའི་ལེགས་ལྡན་ནག་པོ་ནི། མགོན་པོ་བེང་ཡིན་ཞེས་མཁས་གྲུབ་རིན་པོ་ཆེས་བཤད་དོ། །སྤྱིར་བསྔོ་བ་དང་སྨོན་ལམ་གཉིས་མི་འགལ་ཏེ། བསྔོ་རྒྱུའི་དགེ་བ་རྒྱུར་བྱས་ནས་རྫོགས་བྱང་ཐོབ་པར་སྨོན་པ་ནི་བསྔོ་བ་དང་སྨོན་ལམ་གཉིས་གར་འགྱུར་བའི་ཕྱིར་རོ། །མཛད་བྱང་ལ། ཅེས་སངས་རྒྱས་བཅོམ་ལྡན་འདས་ཞེས་སོགས་ཀྱི་དོན་ནི་སླའོ། །སྨྲས་པ། རྒྱལ་པའི་ཡེ་ཤེས་གཅིག་ཏུ་ཡོངས་བསྡུས་ཏེ། །མཁྱེན་པའི་ཐིག་ལེ་མཆོག་མར་རབ་གྲགས་པ། །བརྟན་པའི་འཁོར་ལོ་མི་ཡི་རྣམ་རོལ་དེས། །ཞབས་སེན་སླར་ཡང་བདག་གི་སྤྱི་བོར་ཞོག ཁྱོད་ཀྱི་ལེགས་བཤད་གསལ་པའི་ཉིན་མོར་བྱེད། །ཐུབ་བསྟན་བྱ་ལམ་ཡངས་པར་ཤར་པ་ན། །མཐའ་ཡས་གཞུང་ལུགས་པད་ཚལ་རྒོད་པ་དང་། །ལྷན་ཅིག་ཉེས་བཤད་ཀུན་ད་ཟུམ་སྙམ་གྱུར། ཁྱད་པར་རྟེན་ཅིང་འབྲེལ་བར་འབྱུང་པའི་ལམ། །ཇི་བཞིན་སྣང་བར་བྱས་ཚེ་རྟག་ཆད་ཀྱི། །གཅོང་རོང་ཁྲོད་ན་རྩེ་བའི་མེ་འཁྱེར ཀུན། །ཟིལ་མནན་ཐུབ་བསྟན་འཛིན་མ་ཅི་ཡང་གསལ། །ཚུལ་དེས་ཐུགས་དྲངས་ཐུབ་པ་ཆེན་པོ་ཉིད། །མཉེས་བྱེད་རྟེན་འབྲེལ་རྔ་གསང་ཆེར་བསྒྲགས་པས། །མཁས་མང་མདོངས་ལྡན་ཡོངས་ཀྱི་སྙིང་དབུས་སུ། །སིམ་པའི་དགའ་སྟོན་མཆོག་ཏུ་སྟེར་བར་མཛད། །རྗེ་བཙུན་བླ་མའི་དགོངས་པ་འཆད་པ་ལ། །ཞུགས་འདིར་གལ་ཏེ་ཉེས་པར་གྱུར་གང་འཆགས། །ཇི་བཞིན་བཤད་ལས་ཐོབ་པའི་དགེ་བ་ཡང་། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་ཕྱིར་བསྔོ་། །ཅེས་པ་འདི་ནི་རྣམ་དཔྱོད་ཅན་དགེ་སློང་བློ་བཟང་ནོར་བུས་བསྐུལ་བའི་ངོར་ཅོ་ནེའི་སྔགས་མཚན་ཉིད་གཉིས་ཀྱི་བླ་མའི་གོ་སར་གནས་པ་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་བྲིས་པའི་རྒྱས་པ་ནས་དངོས་གཞི་ཙམ་ཟུར་དུ་ཕྱུང་སྟེ་པར་དུ་བཀོད་པའི་ཡི་གེ་པ་ནི་བཙུན་པ་བློ་བཟང་དར་རྒྱས་ཀྱིས་བྲིས་པའོ། །སརྦ་མངྒ་ལཾ།། ཤུ་བཾ།།

སྒྲོལ་བསྟོད་ཀྱི་རྣམ་བཤད་མདོར་བསྡུས་རབ་གསལ།

སྒྲོལ་བསྟོད་ཀྱི་རྣམ་བཤད་མདོར་བསྡུས་རབ་གསལ་ཞེས་བྱ་བ་བཞུགས།

ན་མོ་ཨཱཪྱ་ཏཱ་རེ་ཡེ། རྒྱལ་བ་ཀུན་གྱི་འཕྲིན་ལས་མ་ལུས་པ། །རབ་མཛེས་ལྷ་མོའི་གཟུགས་སུ་ཉེར་ཤར་བ། །བཅོམ་ལྡན་འདས་མའི་ཞབས་ལ་གུས་བཏུད་ནས། །དེ་ཉིད་བསྟོད་པའི་ཚིག་དོན་བཤད་པར་བྱ། །དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཉིད་ཀྱིས་རྗེ་བཙུན་སྒྲོལ་མ་ལ་བསྟོད་པ་ཕྱག་འཚལ་ཉེར་གཅིག་ཏུ་གྲགས་པ་མཛད་པའི་དོན་རྣམ་པར་བཤད་པར་བྱ་སྟེ། དེ་ཡང་བསྟོད་པ་འདི་ཉིད་སྤྱིར་སྒྲོལ་མ་ཐམས་ཅད་ཀྱི་གཙོ་མོ་སེང་ལྡེང་ནགས་སྒྲོལ་མའི་བསྟོད་པར་གྲགས་པ་ལྟར་ཡིན་ལ། བྱེ་བྲག་ཏུ་ཕྱེ་ན་སྒྲོལ་མ་ཉེར་གཅིག་གི་བསྟོད་པར་ཡང་འགྲོ་བས། རྗེ་དགེ་འདུན་རྒྱ་མཚོས་སྔ་མའི་དབང་དུ་བྱས་ནས་བཤད་ལ། འདིར་ཕྱི་མ་དང་འབྲེལ་བར་བཤད་པར་བྱའོ། །དེ་ལྟར་ནའང་དམ་པ་ཁ་ཅིག་སྒྲོལ་མ་ཉེར་གཅིག་པོ་ཐམས་ཅད་ཀྱང་སེང་ལྡེང་མའི་སྤྲུལ་པ་ཡིན་ཞེས་བཤད་ལ། ཁ་ཅིག་སྒྲོལ་མ་རིགས་མི་འདྲ་བ་ཉེར་གཅིག་ཡིན་ནོ། ཞེས་གསུང་ངོ་། །གང་ལྟར་ཡང་གསོལ་འདེབས་བྱེད་པའི་ཚེ། སེང་ལྡེང་མ་ལ་སྒྲོལ་མ་གཞན་རྣམས་ཀྱིས་བསྐོར་བ་འམ། སྒྲོལ་མ་གཞན་ཐམས་ཅད་སེང་ལྡེང་མར་འདུས་པར་བསམ་ན། དེ་ཐམས་ཅད་ཀྱིས་རྗེས་སུ་འཛིན་པའི་རྟེན་འབྲེལ་ཡོད་པས་དེ་ལྟར་དུ་བྱའོ། །འདིར་འཆད་པ་ལ་གཉིས་བསྟོད་པ་དངོས་དང་། དེའི་ཕན་ཡོན་བཤད་པའོ། །དང་པོ་ནི། བསྟོད་པ་འདིའི་ཐོག་མར་པོ་ཏ་ལའི་གནས་མཆོག་ན། །ཞེས་སོགས་ཚིགས་བཅད་གཉིས་དང་རྐང་པ་གཅིག་གི་རྗེས་སུ་ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ཞེས་འདོན་པ་ནི། གཞན་གྱི་བསྣན་པ་སྟེ། དེའི་དང་པོ་གནས་གང་ནས་སྤྱན་འདྲེན་པ་དང་། ལྷག་མ་ནི་ཕྱག་འཚལ་བའོ། །དེ་ནས་ཕྱག་འཚལ་བའི་ཚིགས་བཅད་ཉེར་གཅིག་ཡོད་པ་ལས། དང་པོ་ནི། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། ཞེས་སོགས་ཚིགས་སུ་བཅད་པ་གཅིག་གིས་རྗེ་བཙུན་མ་མྱུར་མ་དཔའ་མོ་ལ་ཕྱག་འཚལ་བའི་སྒོ་ནས་བསྟོད་པ་ཡིན་ཏེ། ཚིག་དོན་ནི། ཕྱག་འཚལ་ལོ་ཞེས་དྲང་ངོ་། གང་ལ་ན། འགྲོ་བ་རྣམས་འཁོར་བ་དང་ངན་སོང་ལས་སྒྲོལ་བའི་སྒྲོལ་མ་དེ་ལའོ། །སྒྲོལ་མ་དེ་ནི་སེམས་ཅན་གྱི་དོན་སྤྱི་དང་དབང་དུ་སྡུད་པའི་འཕྲིན་ལས་མྱུར་བས་ན་མྱུར་མ། བདུད་དང་ཉོན་མོངས་འཇོམས་པར་བྱེད་པས་ན་དཔའ་མོའོ། །དེའི་སྤྱན་ནི་འོད་ཤིན་ཏུ་གསལ་ཞིང་འཕྲོ་བ་ནི་སྐད་ཅིག་གིས་གློག་འཁྱུག་པ་དང་འདྲ་བའི་སྒྲོལ་མ་སྟེ། དེ་གང་ལས་འཁྲུངས་པ་ནི། ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་གྱི་མགོན་པོ་སྤྱན་རས་གཟིགས་ཀྱི་གདོང་གི་དཀྱིལ་འཁོར་ལ་གནས་པའི་སྤྱན་གྱི་ཆུ་བབ་པ་ལས། སྐྱེས་པའི་ཞལ་གྱི་པདྨའི་གེ་སར་བྱེ་བ་ལས་ནི་བྱུང་མའོ། །གཉིས་པ་ཞི་བ་ཆེན་མོ་ལས་བསྟོད་ཕྱག་ནི། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། ཞེས་སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། སྟོན་གའི་ཟླ་བ་ཉ་ཀུན་ཏུ་གང་བ་བརྒྱ་ཕྲག་ནི་བརྩེགས་པ་ལྟ་བུ་དཀར་ཞིང་གསལ་བའི་ཞལ་རས་དང་ལྡན་མ་སྟེ། དེ་ཡང་སྐར་མ་སྟོང་ཕྲག་གཅིག་ནམ་མཁར་ཚོགས་པ་རྣམས་ཀྱིས་རབ་ཏུ་ཕྱེ་བ་སྟེ་བརྒྱན་པ་ལྟ་བུའི་འོད་དཀར་པོ་རབ་ཏུ་འབར་མ་དེ་ལའོ། །འདིའི་འཕྲིན་ལས་ནི་ནད་གདོན་སོགས་འཇོམས་པར་བྱེད་པའོ། །གསུམ་པ་གསེར་མདོག་ཅན་མ་ནི། ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། ཞེས་སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཁ་དོག་གསེར་ལྟར་སེར་བ་ལ་ཅུང་ཟད་སྔོ་བའི་མདངས་ཅན་ཆུ་ནས་བྱུང་པའི་ཆུ་སྐྱེས་ཀྱི་པདྨས་རང་གི་ཕྱག་ནི་རྣམ་པར་བརྒྱན་པའི་ཕྱག་མཚན་འཛིན་མ་སྟེ། སྤྱིན་པ་དང་། བརྩོན་འགྲུས་དང་། དཀའ་ཐུབ་སྟེ་ཚུལ་ཁྲིམས་ཀྱིས་ཉོན་མོངས་པ་ཞི་བར་བྱེད་པ་དང་ལྡན་ཅིང་དེ་བཞིན་དུ་བཟོད་པ་དང་། བསམ་གཏན་དང་། དེ་ཁོ་ན་ཉིད་ཀྱི་སྤྱོད་ཡུལ་ཅན་གྱི་ཤེས་རབ་ཉིད་ཤེས་རབ་ཉིད་དང་བཅས་པའི་སྒྲོལ་མ་དེ་ལའོ། །བཞི་པ་གཙུག་ཏོར་རྣམ་རྒྱལ་ནི། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།། ཞེས་སོགས་བཞི་སྟེ །ཕྱག་འཚལ་ལོ། གང་ལ་ན། དེ་བཞིན་གཤེགས་པའི་གཙུག་ཏོར་ལྟར་ཀུན་གྱིས་མཆོད་པར་བྱ་བའི་གནས་སུ་གྱུར་ཅིང་། མི་མཐུན་ཕྱོགས་མཐའ་ཡས་པ་རྣམས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཅན་མ། སྦྱིན་པ་ལ་སོགས་པས་ཟིན་པའི་ས་བཅུ་མ་ལུས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིན་ཏུ་གུས་པས་ཞབས་པད་བསྟེན་མ་དེ་ལའོ། །དེའི་འཕྲིན་ལས་ཀྱི་གཙོ་བོ་ནི་ཚེ་སྤེལ་པར་མཛད་པའོ། །ལྔ་པ་ཧཱུྃ་སྒྲ་སྒྲོག་མ་ནི། ཕྱག་འཚལ་ཏུ་ཏྟ་ར་ཧཱུྃ་ཡི་གེས།། ཞེས་སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ༀ་ཏྱ་ཏྟ་རེ་ཧཱུྃ་ཞེས་པའི་རིགས་སྔགས་ཀྱི་ཡི་གེ་སྒྲོགས་ཤིང་དེ་ལས་སྤྲོས་པའི་འོད་ཟེར་གྱིས་འདོད་པའི་ཁམས་དང་། ཕྱོགས་ཏེ་གཟུགས་ཁམས་དང་། ནམ་མཁའ་སྟེ་གཟུགས་མེད་ཀྱི་ཁམས་རྣམས་གང་བར་མཛད་མ་འམ་ས་འོག་ས་སྟེང་ས་བླ་གསུམ་གང་བར་མཛད་ཅེས་སྦྱར་ཡང་རུང་ངོ་། འཇིག་རྟེན་བདུན་པོ་སྟེ་ངན་སོང་གསུམ་དང་མི་འདོད་ལྷ་དང་བཅས་པ་ལྔའི་སྟེང་དུ་ཁམས་གོང་མ་གཉིས་བསྣན་པ་ལྟར་རམ། ཁ་ཅིག་རིགས་དྲུག་བར་དོ་བ་དང་བཅས་པ་དྲུག་ལ་བཞེད་པ་བཞིན་ཏེ། དེ་གཉིས་གང་བྱེད་ཀྱང་དེ་རྣམས་ཞབས་ཀྱིས་མནན་ཏེ། དེ་ཐམས་ཅད་ཀྱང་རིག་སྔགས་ཀྱི་མཐུས་ལུས་པ་མེད་པར་འགུག་པར་ནུས་པའི་སྒྲོལ་མ་ལའོ། །འདིའི་འཕྲིན་ལས་ནི་དབང་དུ་སྡུད་པའོ། །དྲུག་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ནི། ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །ཞེས་སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། དབང་པོ་བརྒྱ་བྱིན་དང་། མེ་ལྷ་དང་། ཚངས་པ་དང་། རླུང་ལྷ་དང་། སྣ་ཚོགས་པའི་གཟུགས་ཅན་དབང་ཕྱུག་ཆེན་པོ་སོགས་འཇིག་རྟེན་པའི་ལྷ་ཆེན་པོ་དེ་རྣམས་ཀྱིས་མཆོད་པར་བྱེད་མ་སྟེ། འབྱུང་པོ་དང་། རོ་ལངས་དང་། དྲི་ཟ་རྣམས་དང་། གནོད་སྦྱིན་ཚོགས་རྣམས་ཀྱིས་ཀྱང་མདུན་ནས་གུས་པར་བསྟོད་པར་བྱེད་པའི་སྒྲོལ་མ་ལའོ། །འདིའི་འཕྲིན་ལས་ནི་འབྱུང་པོའི་གདོན་ཞི་བར་མཛད་པའོ། །བདུན་པ་གཞན་མཐུ་འཇོམས་མ་ནི། ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ན། ཞལ་ནས་ཏྲད་ཅེས་བྱ་བ་དང་ཕཊ་ཀྱི་སྒྲ་དྲག་པོ་བསྒྲགས་པས་ཕ་རོལ་གྱི་བསམ་སྦྱོར་ངན་པས་བྱས་པའི་འཁྲུལ་འཁོར་གྱི་སྦྱོར་པ་ངན་པ་ཐམས་ཅད་རབ་ཏུ་འཇོམས་པར་མཛད་མ་སྟེ། གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་ཞབས་ཀྱི་བཞུགས་སྟབས་ཀྱིས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་རབ་ཏུ་མནན་ཏེ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ཞིང་འཁྲུགས་པ་ཤིན་ཏུ་འབར་པའི་དབུས་ན་བཞུགས་མ་ལའོ། །འདིའི་འཕྲིན་ལས་ཀྱི་གཙོ་བོ་ནི་གཞན་གྱི་ངན་སྔགས་ཕྱིར་ཟློག་པར་མཛད་པའོ། །བརྒྱད་པ་བདུད་དང་དགྲ་འཇོམས་མཛད་མ་ནི། ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཞལ་ནས་ཏུ་རེ་ཞེས་སོགས། འཇིག་པ་ཆེན་མོ་སེལ་པའི་གསུང་བསྒྲགས་པ་ཙམ་གྱིས། ཕ་རོལ་གྱི་དགྲ་དང་བདུད་ཀྱི་དཔའ་པོ་སྟེ་གཙོ་བོ་ལྷའི་བུའི་བདུད་ལ་སོགས་པ་ཡང་རྣམ་པར་འཇོམས་མ་སྟེ། ཆུ་སྐྱེས་འདབ་མ་རྒྱས་པ་ལྟར་མཛེས་པའི་ཞལ་ནི་ཁྲོ་གཉེར་དང་ལྡན་པའི་རྣམ་པར་མཛད་པའི་ཁྲོ་མོའི་རྣམ་པ་ཅན་ཕྱི་ནང་གི་དགྲ་པོ་ཐམས་ཅད་མ་ལུས་གསོད་པར་མཛད་པའོ། །དགུ་བ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱ་མ་ནི། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཕྱག་གཡོན་པས་དཀོན་མཆོག་གསུམ་ཚོན་པའི་བརྡར་མཛུབ་མོ་གུང་མོ་མཐེའུ་ཆུང་གསུམ་བསྒྲེང་པའི་ཕྱག་རྒྱ་མཛད་པའི་སོར་མོ་གསུམ་གྱིས་རང་གི་ཐུགས་ཀར་རྣམ་པར་བརྒྱན་པའི་སྒྲོལ་མ་སྟེ། ཤར་ལ་སོགས་པ་མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པ་སྟེ་མཛེས་པར་བྱེད་པའི་རང་གི་སྐུ་ལས་སྐྱེས་པའི་འོད་ཀྱི་ཚོགས་རྣམས་དྲྭ་བས་འཁྲུགས་ཤིང་བསྐོར་བར་མཛད་མ་ལའོ། །འདིས་སྲུང་གཙོ་བོར་མཛད་དོ། །བཅུ་བ་འཇིག་རྟེན་དབང་སྡུད་མ་ནི། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། །གཞན་གྱི་མཐོང་ན་ཡིད་རབ་ཏུ་དགའ་བ་དང་། ཟིལ་གྱིས་གནོན་པའི་བརྗིད་ཆགས་པ་དང་ལྡན་པའི་རིན་པོ་ཆེའི་དབུ་རྒྱན་ཀྱི་ཚོགས་འཕྲོ་བ་དང་། རིན་པོ་ཆེའི་ཕྲེང་བས་སྤེེལ་པས་བརྒྱན་མ་སྟེ། ཞལ་གད་མོ་བཞད་པ་རབ་ཏུ་བཞད་པའི་སྒོ་ནས་རང་སྔགས་ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཞེས་སོགས་ཀྱི་སྒྲ་རབ་ཏུ་བསྒྲགས་པ་ཡས་བདུད་དང་འཇིག་རྟེན་ཐམས་ཅད་དབང་དུ་མཛད་མ་ལའོ། །བཅུ་གཅིག་པ་ཕོངས་པ་ཀུན་སེལ་ནི། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། སོགས་བཞི་སྟེ། ཕྱག་འཚལ་ལོ། གང་ལ་ན། ཕྱོགས་སྐྱོང་བཅུ་དང་འཇིག་རྟེན་སྐྱོང་བ་བཞི་ལ་སོགས་པ་ས་བཞི་སྐྱོང་བའི་ཚོགས་རྣམས་ཐམས་ཅད་ཀྱང་འགུགས་པར་ནུས་མ་ཉིད་མ་སྟེ། དེ་ཉིད་ཞལ་ཁྲོ་གཉེར་གཡོ་བའི་ཁྲོ་མའི་རྣམ་པར་བཞུགས་པའི་ཐུགས་ཀར་ཡི་གེ་ཧཱུཾ་གིས་མཚན་པའི་འོད་ཀྱིས་འགྲོ་བ་དབུལ་ཞིང་ཕོངས་པའི་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་སྒྲོལ་ལའོ། །བཅུ་གཉིས་པ་བཀྲ་ཤིས་འབྱུང་གནས་མ་ནི། ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ན། ཟླ་བའི་དུམ་བུ་ཕྱེད་པས་དབུ་ལ་བརྒྱད་ཅིང་། བརྒྱན་པ་ཐམས་ཅད་ལས་འོད་ཤིན་ཏུ་འབར་པ་སྟེ་འཕྲོ་བ་དང་། དབུའི་རལ་པའི་ཁྲོད་ནས་སངས་རྒྱས་འོད་དཔག་མེད་རིགས་བདག་ཏུ་བཞུགས་པ་ལས་དུས་རྟག་པར་ཤིན་ཏུ་འོད་རབ་ཏུ་འགྱེད་པར་མཛད་མེད་ལའོ། །འདིས་བཀྲ་ཤིས་པར་མཛད་དོ། །བཅུ་གསུམ་པ་མེ་ལྟར་འབར་བ་ནི། ཕྱག་འཚལ་བསྐལ་པའི་མཐའ་མིའི་མེ་ལྟར། །སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ན། འཇིགས་པའི་དུས་ཀྱི་བསྐལ་པ་ཐ་མའི་མེ་ལྟར་རབ་ཏུ་འབར་བས་བསྐོར་བའི་ཕྲེང་བའི་དབུས་ན་གནས་མ་སྟེ། དེ་ཉིད་ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་སྟབས་ཀྱིས་ཀུན་ནས་བསྐོར་བའི་འོད་ཟེར་གྱི་ཚོགས་འཕྲོ་ཡིད་དགའ་བར་བྱེད་པའི་དབུས་ན་བཞུགས་བཞིན་པར་ཕ་རོལ་གྱི་དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ་ལའོ། །འདིས་བགེགས་དང་བར་ཆད་སྲུང་ངོ། །བཅུ་བཞི་པ་ཁྲོ་གཉེར་ཅན་མ་ནི། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །སོགས་བཞི་སྟེེ། ཕྱག་འཚལ་ལོ། །གང་ལ་ན། ས་གཞིའི་ངོས་ལ་སྡིག་མཛུབ་དང་བཅས་པའི་གཡོན་པའི་ཕྱག་གི་མཐིལ་བསྣུན་ཅིང་། ཞབས་ཀྱིས་བརྡུང་བར་མཛད་མ་སྟེ། དེ་ཉིད་ཞལ་ཁྲོ་གཉེར་ཅན་དུ་མཛད་ཅིང་། ཕྱག་གཡས་པའི་མཐིལ་ན་ཡོད་པའི་ཡི་གེ་ཧཱུཾ་གེ་འོད་ཟེར་གྱིས། ས་རིམ་པ་བདུན་པོ་རྣམས་ནེ་འགེམས་པ་སྟེ་ཐལ་བྱུང་དུ་ཐོགས་པ་མེད་པར་ཁྱབ་པར་མཛད་མ་ལའོ། །འདིས་བགེགས་ཞི་བར་མཛད་དོ། །བཅོ་ལྔ་པ་ཞི་བ་ཆེན་མོ་ནི། ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ན། །ཟག་མེད་ཀྱི་བདེ་བས་བདེ་མ་དང་། ཉོན་མོངས་བག་ཆགས་དང་བཅས་པ་སྤངས་པས་དགེ་མ་དང་། དྲི་མ་མེད་པས་ན་ཞི་མ་དང་། ཐར་པ་མྱ་ངན་ལས་འདས་པ་ཞི་བ་བརྙེས་པས་དེའི་སྤྱོད་ཡུལ་ཅན་དུ་གྱུར་པ་ཉི་མ་སྟེ། མཐར་སྭཱ་ཧཱ་དང་འགོར་ཨོཾ་དང་ཡང་དག་ལྡན་པའི་རང་གིས་སྔགས་ཏཱ་རེ་བརྗོད་པས་གཞན་གྱི་སྡིག་པ་ཆེན་པོ་འཇོམས་པར་མཛད་མ་ལའོ། །བཅུ་དྲུག་པ་རིག་པ་ཧཱུཾ་ལས་སྒྲོལ་མ་ནི། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་པའི། །སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ན། ཐུགས་ཁའི་འཁོར་ལོའི་ལྟེ་བར་ཏཾ་ཡིག་དང་། རྩིབས་རྣམས་སུ་ལ་སྔགས་ཀྱི་ཡི་གེས་ཀུན་ནས་བསྐོར་བ་རབ་ཏུ་མཛེས་པས་ཡིད་དགའ་བར་བྱེད་པའི་སྔགས་འཕྲེང་ལས་འཕྲོས་པའི་འོད་ཟེར་གྱིས་དགྲའི་ལས་ནི་རབ་ཏུ་འགེམས་མ་སྟེ། ཨོཾ་ཏཱ་རེ་སོགས་ཡི་གེ་བཅུ་བའི་སྔགས་ནི་ཐུགས་ཀར་བཀོད་པའི་སྒོ་ནས། ཨོཾ་ན་མ་ཿཏཱ་རེ་ན་མོ་ཧཱ་རེ་ཧཱུཾ་ཧཱ་རེ་སྭཱ་ཧཱ་ཞེས་པའི་རིག་པ་ༀ་གི་སྔགས་བརྗོད་པས། གཞན་གྱི་རིགས་སྔགས་ཀྱི་མཐུ་ཐམས་ཅད་བཅད་ནས་དེ་ལས་སྒྲོལ་བར་མཛད་པ་ཉིད་ཀྱི་སྒྲོལ་མ་ལའོ། །བཅུ་བདུན་པ་འཇིག་རྟེན་གསུམ་གཡོ་མ་ནི། ཕྱག་འཚལ་ཏུ་རེ་ཞབས་ནི་བརྡབས་པས། །སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ན། ཏུ་རེ་ན་མྱུར་མ་སྟེ་དེའི་ཞབས་ནི་ས་ལ་བརྡབས་པས་ཐུགས་ཀ་ནས་ཡི་གེ་ཧཱུཾ་གི་རྣམ་པའི་ས་བོན་ཉིད་འཕྲོ་མ་སྟེ། དེའི་མཐུས་རི་རབ་མནྡྷ་ར་དང་རི་བོ་འབིགས་བྱེད་དང་བཅས་པའི་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ་ལའོ། །འདིར་འབིགས་བྱེད་ཅེས་པའི་དོན་འབིབས་པར་བྱེད་པ་ལ་མཛད་པ་ནི་ཅུང་མི་བདེའོ། །འདིས་ཀྱང་གཞན་ཀྱི་རིག་སྔགས་འཇོམས་པར་མཛད་དོ། །བཅོ་བརྒྱད་པ་དུག་སེལ་མ་ནི། ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ནི། ལྷ་ཡི་བདུད་རྩིའི་མཚོ་ཡི་རྣམ་པ་ཅན་དུ་གནས་པའི་ཟླ་བའི་དཀྱིལ་འཁོར་རི་དགས་རི་བོར་གི་རྟགས་ཅན་ཕྱག་ན་བསྣམས་པར་མཛད་མ་སྟེ། ཡི་གེ་བཅུ་པ་དང་བཅས་པའི་ཏཱ་ར་ཞེས་ཏཱ་ར་གཉིས་བརྗོད་ཅིང་ཕཊ་ཀྱི་ཡི་གེས་དུག་གི་ནད་རྣམས་མ་ལུས་པ་ནི་སེལ་བར་མཛད་མ་ལའོ། །བཅུ་དགུ་པ་སྡུག་བསྔལ་སེལ་མ་ནི། ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ན །ལྷ་ཡི་ཚོགས་རྣམས་གྱི་རྒྱལ་པོ་ཚངས་པ་བརྒྱ་བྱིན་སོགས་དང་། ལྷ་གཞན་དང་། མིའམ་ཅི་ཡིས་ཞབས་པད་བསྟེན་མ་སྟེ། ཀུན་ནས་རིགས་སྔགས་ཀྱི་གོ་ཆ་དགའ་བའི་གཟི་བརྗིད་གྱིས་གཞན་གྱི་རྩོད་པ་དང་རྨི་ལམ་ངན་པ་ཐམས་ཅད་སེལ་མ་ལའོ། །ཉི་ཤུ་པ་རིམས་ནད་སེལ་མ་ནི། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སོགས་བཞི་སྟེ། ཕྱག་འཚལ་ལོ། །གང་ལ་ན། ཉི་མ་དང་ཟླ་བ་དང་འདྲ་བའི་སྤྱན་གཉིས་པོ་ལ་འོད་རབ་ཏུ་གསལ་ཞིང་འབར་མ་སྟེ། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཧ་ར་ཧ་ར་ཕཊ་ཅེས་ཧ་ར་གཉིས་བརྗོད་པ་དང་བཅས་པའི་ཏུ་ཏྟཱ་ར་ཡི་སྔགས་ཀྱིས་ཤིན་ཏུ་དྲག་པའི་རིམ་ནད་སེལ་མ་ལའོ། །ཉེར་གཅིག་པ་འཕྲིན་ལས་སྒྲུབ་མཛད་མ་ནི། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །སོགས་བཞིའི་སྟོན་ཏེ །ཕྱག་འཚལ་ལོ། །གང་ལ་ནི། རང་གི་གནས་གསུམ་དུ། ཨོཾ་ཨཱཿཧཱུཾ་གི་དེ་ཉིད་གསུམ་རྣམས་བཀོད་པའི་འོད་ཀྱིས་ཉོན་མོངས་པ་ཐམས་ཅད་དང་སྡུག་བསྔལ་ཞི་བར་བྱེད་པའི་མཐུ་དང་ཡང་དག་པར་ལྡན་མ་སྟེ། འབྱུང་པོ་ལ་སོགས་པའི་གདོན་དང་དུར་ཁྲོད་ཀྱི་རོ་ལངས་དང་གནོད་སྦྱིན་གྱི་ཚོགས་རྣམས་ཀྱི་གནོད་པ་ཐམས་ཅད་འཇོམས་པར་བྱེད་ནུས་པའི་རིག་སྔགས་ཆེན་མོ་ཡི་གེ་བཅུ་པ་ཏུ་རེ་རབ་མཆོག་ཉིད་དང་ལྡན་པའི་སྒྲོལ་མ་དེ་ལའོ། །ཞེས་སོ། གོང་དུ་བརྗོད་པ་ལྟར་ཡི་གེ་བཅུ་པའི་རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་བཅས་ཏེ་བསྟོད་པ་ལ་ཕྱག་འཚལ་བ་ནི་ཉེ་ཤུ་རྩ་གཅིག་ཡོད་དོ། །གཉིས་པ་ནི། ལྷ་མོ་ལ་གུས་སོགས་ཚིགས་སུ་བཅད་པ་ཉེ་གཉིས་ཀྱིས་སྟོན་ཏེ། །ལྷ་མོ་སྒྲོལ་མ་ལ་གུས་པ་ཡང་དག་པ་ལྡན་པའི་བློ་ལྡན་གང་གིས་གུས་པའི་སྒོ་ནས་བསྟོད་པ་འདི་རབ་ཏུ་བརྗོད་དེ། སྲོད་དང་ཐོ་རངས་ལངས་པར་བྱས་ནས་སྒྲོལ་མ་དེ་དག་གི་སྐུ་དྲན་པས་འཇིགས་པ་ཐམས་ཅད་ཞི་སྟེ་མི་འཇིགས་པ་ཐམས་ཅད་རབ་ཏུ་སྟེར་བར་འགྱུར་རོ། དེར་མ་ཟད་ངན་འགྲོའི་རྒྱུར་འགྱུར་པའི་སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་ཅིང། འབྲས་བུ་དམྱལ་བ་ལ་སོགས་པའི་ངན་འགྲོ་ཐམས་ཅད་ཀྱང་འཇོམས་པ་ཉིད་འཐོབ་པར་འགྱུར་བ་དང་། རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས་ཀྱང་རིང་པོར་མི་ཐོགས་པར་མྱུར་དུ་དབང་ནི་བསྐུར་བར་འབྱུང་ལ། ཚེ་འདི་ལས་ཀྱང་ལྷག་པར་བཟང་ཞིང་ཆེ་བ་ཉིད་འཐོབ་ཅིང།འབྲས་བུ་སངས་རྒྱས་ཀྱི་གོ་འཕང་མཐར་ཐུག་པ་དེར་མྱུར་དུ་འགྲོ་བར་འགྱུར་རོ། །དེ་འགྲོ་ཞེས་པ་ལྟར་ན་དེ་སྒྲ་ནི་བསྟོད་པ་འདི་འདོན་པ་པོ་ལ་སྦྱར་དགོས་ཤིང་། ཡང་དེ་ཡིས་དུག་ནི་ཞེས་འབྱུང་བ་ལྟར་ན་སྔ་མ་ལྟར་སྦྱོར་བ་འཐོབ་བོ། ཁ་ཅིག་ཏུ་དེ་ཡི་དུག་ནི་ཞེས་ས་སྒྲ་མེད་པ་ལྟར་ན་དོན་གཉིས་འབྱུང་སྟེ། གང་ཟག་ལ་སྦྱོར་བའམ། སངས་རྒྱས་ཀྱི་གོ་འཕང་དེ་འཐོབ་པ་ལ་བར་དུ་གཅོད་པའི་དུག་ནི་ཞེས་སྦྱར་རུང་ངོ། །འོན་ཀྱང་རེ་ཞིག་འདི་ལྟར་བསྟོད་པ་བརྗོད་པ་དེ་ཡི་མཐུས་ཕྱི་ནང་གི་དུག་དངོས་སམ། དུག་དངོས་མིན་ཀྱང་དེ་དང་འདྲ་བའི་གནོད་པ་ཆེན་པོ་བརྟན་པ་གནས་པ་སྟེ་རྒྱུན་དུ་གནོད་པའམ། གཞན་ཡང་འགྲོ་བ་སྦྲུལ་ལྟ་བུ་ལ་སོགས་པའི་གནོད་པ་དང་། ཟོས་པ་དང་ནི་འཐུང་པ་ལ་བརྟེན་པའི་གནོད་པ་ཉིད་ཀྱང་དྲན་པ་ཙམ་གྱིས་རབ་ཏུ་སེལ་པ་ཉིད་འཐོབ་ཅིང་། གདོན་དང་རིམ་དང་དུག་གིས་ལུས་ཀྱི་གནད་གཟིར་བའི་སྡུག་བསྔལ་གྱི་ཚོགས་གང་ཡིན་དེ་ནི་རྣམ་པར་སྤངས་ཏེ་བདེ་བར་གནས་པར་འགྱུར་ལ། རང་ཙམ་དུ་མ་ཟད་རང་ལས་ཐ་དད་པའི་སེམས་ཅན་གཞན་པ་རྣམས་ཀྱི་དོན་དུ་འདོན་པ་ལ་ཡང་དེ་ལྟ་བུའི་ཕན་ཡོན་འབྱུང་ངོ། །ཉིན་མཚན་གཉིས་ཀྱི་ཚེ་དུས་གསུམ་དུ་བསྟོད་པ་འདི་ལན་བདུན་བདུན་དུ་མངོན་པར་བརྗོད་ན་བུ་འདོད་པས་ནི་བུ་འཐོབ་འགྱུར་ཞིང་། ནོར་འདོད་པས་ཀྱང་ནི་ནོར་རྣམས་ཉིད་འཐོབ་པ་སོགས་རང་གི་འདོད་པ་ཐམས་ཅད་འཐོབ་པར་འགྱུར་ལ། བགེགས་དང་བར་གཅོད་རྣམས་མེད་ཅིང་མ་འབྱུང་བ་སྟེ་གལ་སྟེ་བྱུང་ནའང་རྗེ་བཙུན་མའི་མཐུས་དེ་ཐམས་ཅད་སོ་སོར་འཇོམས་པར་འབྱུང་བ་ཡིན་ནོ། །གཉིས་གསུམ་ཞེས་པའི་དོན་ནི་ཚར་ལན་གཉིས་གསུམ་ཞེས་པའི་འདོན་དུའང་བཤད་དུ་རུང་བར་མངོན་ཏེ་བརྟག། རྗེ་བཙུན་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་སོགས་གོ་སླའོ། །བསྟོད་པ་འདི་སྒྲོལ་མ་ཉེར་གཅིག་དང་སྦྱོར་བ་ནི་སེང་ལྡེང་ནགས་སྒྲོལ་མ་རང་ཉིད་ཀྱིས་ཇོ་བོ་ཆེན་པོ་ལ་དངོས་སུ་གནང་བ་ཡིན་པས་ཡིད་ཆེས་པའི་གནས་སོ། །སྨྲས་པ། རྒྱལ་བའི་མཁྱེན་བརྩེ་ནུས་པ་ཀུན། །གཅིག་བསྡུས་རྗེ་བཙུན་སྒྲོལ་མ་ཡི། །བསྟོད་པ་ཕྱག་འཚལ་ཉེར་གཅིག་ཅེས། །ཡོངས་སུ་གྲགས་པ་དེ་ཉིད་ཀྱི། །ཚིག་དོན་གསལ་བར་མདོར་བསྡུས་ཏེ། །ཇི་བཞིན་བཤད་ལས་ཐོབ་དེ་ཡང་། །ཚེ་རབ་ཀུན་ཏུ་རྗེ་བཙུན་མས། །འབྲལ་མེད་རྗེས་སུ་འཛིན་ཕྱིར་བསྔོ། །ཅེས་པ་འདི་ནི། སྔགས་རམ་པ་བརྩོན་འགྲུས་དཔལ་འབྱོར་གྱིས་ཉེ་བར་བསྐུལ་བ་ལ་བརྟེན་ནས། ཤཱ་ཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་མཁས་པའི་མན་ངག་བཞིན་དུ་སྦྱར་པའོ། །ཡི་གེ་པ་ནི་དཀའ་བཅུ་དོན་ཡོ་དོ། བཀྲ་ཤིས།། །།

ལས་རྣམ་པར་འབྱེད་པའི་མདོ་སོགས་དང་ཚེ་མཐའི་དོན་བསྡུས་ནས་བཀོད་པ།

ལས་རྣམ་པར་འབྱེད་པའི་མདོ་སོགས་དང་ཚེ་མཐའི་དོན་བསྡུས་ནས་བཀོད་པ་བཞུགས།

ན་མོ་མཉྫུ་ཤྲཱི་གྷོ་ཥཱ་ཡ། དཀར་ནག་ལས་ཀྱི་རྣམ་སྨིིན་མི་འཁྲུལ་བར། །སོ་སོར་འབྱིན་པའི་ལས་འབྲས་མི་སླུའི་ཚུལ། །ཇི་བཞིན་གཟིགས་ནས་སྟོན་མཛད་སྐྱབས་ཀྱི་ཕུལ། །ཟླ་མེད་སྟོན་པ་ཐུགས་རྗེ་ཅན་དེར་འདུད། །ཟག་མེད་ཡེ་ཤེས་མཆོག་ལ་དབང་བསྒྱུར་བའི། །འཕགས་ཀུན་ལས་ཀྱི་དབང་དུ་འགྱུར་མིན་ཡང་། །ཆོས་ཉིད་མ་རྟོགས་ཚུ་རོལ་མཐོང་བ་རྣམས། །ལས་ཀྱི་ཆུ་བོས་འཁོར་པའི་རྒྱ་མཚོར་འཁྱེར། །དེ་ཕྱིར་མདོ་སྡེ་དག་ལས་ལས་ཉོན་གྱི། །རྣམ་པར་བཞག་པ་མང་ཡང་ལས་ཀྱི་ཚུལ། །སྒེར་དུ་འཆད་པའི་མདོ་ཡི་དགོངས་འགྲེལ་བར། །དད་པས་འཇུག་པའི་བརྩོན་པ་ལྷུར་ལེན་བྱ། །དེ་ཡང་མངོན་པ་མཛོད་སོགས་ནས་འབྱུང་བ་ལྟར་གྱི་ལམ་དཀར་ནག་གི་རྣམ་གཞག་ཞིག་བདག་གིས་གཞན་དུ་བཤད་ཟིན་ལ། འདིར་ལས་རྣམ་པར་འབྱེད་པ་དང་རྣམ་པར་འགྱུར་པའི་མདོ་གཉིས་དང་མདོ་གཞན་ནས་འབྱུང་བའི་དོན་འགའ་ཞིག་ཅི་ལྟར་རིགས་པར་བསྡུས་ནས་གོ་རིམ་བཞིན་དུ་བརྗོད་པར་བྱ་སྟེ། དེ་ཡང་ལས་ལ་དབྱེ་ན། ཚེ་ཐུང་བར་འགྱུར་པའི་ལས། ཚེ་རིང་བའི་ལས། ནད་མང་བའི་ལས། ནང་ཉུང་བའི་ལས། མི་སྡུག་པར་འགྱུར་པའི་ལས། མཛེས་པར་འགྱུར་པའི་ལས། དབང་ཆུང་ངུར་འགྱུར་བའི་ལས། དབང་ཆེ་བའི་ལས། མ་རབས་སུ་སྐྱེ་བའི་ལས། ཡ་རབས་སུ་འགྱུར་བའི་ལས། དབུལ་པོར་འགྱུར་པའི་ལས། ཕྱུག་པོར་འགྱུར་པའི་ལས། ཤེས་རབ་ཆུང་བར་འགྱུར་བའི་ལས། ཤེས་རབ་ཆེ་བའི་ལས། དམྱལ་བར་སྐྱེ་བའི་ལས། བྱོལ་སོང་དུ་སྐྱེ་བའི་ལས། ཡི་དྭགས་སུ་སྐྱེ་བའི་ལས། ལྷ་མིན་དུ་སྐྱེ་བའི་ལས། མིར་སྐྱེ་བའི་ལས། གཟུགས་ཁམས་ཀྱི་ལྷར་སྐྱེ་བའི་ལས། གཟུགས་མེད་ཀྱི་ལྷར་སྐྱེ་བའི་ལས། སྐྱེ་བར་ངེས་པའི་ལས། སྐྱེ་བར་མ་ངེས་པའི་ལས། ཡུལ་གཞན་དུ་སྨིན་པའི་ལས། བྱས་ལ་བསགས་པ་མ་ཡིན་པའི་ལས། བསགས་ལ་མ་བྱས་པའི་ལས། བྱས་ལ་བསགས་པའི་ལས། མ་བྱས་མ་བསགས་པའི་ལས། དམྱལ་བར་སྐྱེས་ནས་ཚེ་རྫོགས་དགོས་པའི་ལས། དེར་སྐྱེས་མ་ཐག་ཏུ་ཐར་པའི་ལས། སྔར་བདེ་ལས་ཕྱིས་མི་བདེ་པའི་ལས། སྔར་ཡང་བདེ་ལ་ཕྱིས་ཀྱང་བདེ་བའི་ལས། སེར་སྣ་ཅན་དུ་འགྱུར་བའི་ལས། ཕྱུག་ཅིང་གཏོང་ཕོད་པའི་ལས། ཕྱུག་ཀྱང་སེར་སྣ་ཅན་དུ་འགྱུར་བའི་ལས། དབུ་ཡང་གཏོང་ཕོད་པའི་ལས། དབུལ་པོ་སེར་སྣ་ཅན་དུ་འགྱུར་པའི་ལས། ལུས་བདེ་ཡང་སེམས་མི་བདེ་བ། ལུས་མི་བདེ་ལ་སེམས་བདེ་བ། ལུས་སེམས་གཉིས་ཀ་བདེ་བ། དེ་གཉིས་ཀ་མི་བདེ་བ། ཚེ་ཟད་ལ་ལས་མ་ཟད་པ། ལས་ཟད་ལ་ཚེ་མ་ཟད་པ། གཉིས་ཀ་ཟད་པ། གཉིས་ཀ་མ་ཟད་པ། ངན་པའི་སར་སྐྱེས་ཀྱང་གཟུགས་མཛེས་པ་དང་ཁ་དོག་བཟང་པོ་ཐོབ་པ། ངན་པའི་སར་ཡང་སྐྱེས་ལ་གཟུགས་དང་ཁ་དོག་སོགས་ཀྱང་ངན་པར་འགྱུར་བའི་ལས་རྣམས་སོ། དེ་ལྟར་དབྱེ་བ་བསྟན་ནས་དེ་རྣམས་ཀྱི་ངོས་འཛིན་ལ། དང་པོ་ཚེ་ཐུང་བར་འགྱུར་པའི་ལས་ནི། སེམས་ཅན་གྱི་སྲོག་བཅད་པ་དང་། གཅོད་དུ་འཇུག་པ། སྲོག་གཅོད་པ་ལ་བསྟོད་པ། དེ་ལ་སྨོན་པ། མངལ་ནས་འཆི་བར་བྱེད་པ། བྱེད་དུ་འཇུག་པ། དགྲ་བོ་གསོད་པར་སེམས་པ། མེ་མཛའ་བ་ཤི་ན་དགའ་བ། དུད་འགྲོའི་རིགས་གསོད་པའི་རྟེན་འཆའ་ཤིང་གསོད་པ། གཞན་འཐབ་མོ་བྱེད་པ་ལ་ལྟ་ཞིང་ལྟ་འདོད་པ་དང་བཅུ་སྟེ། འདི་བཅུས་ཚེ་ཐུང་བར་མ་ཟད་ནད་མང་བར་འགྱུར་རོ། །ཚེ་རིང་པའི་ལས་ནི། སྲོག་གཅོད་པ་སྤོང་སྤོང་པ་ལ་བསྟོད་ཅིག་དགའ་བ། གསད་བྱ་བའི་སེམས་ཅན་གཏོང་བར་བྱེད་པ། འཇིགས་ཤིག་སྐྲག་པའི་སེམས་ཅན་དང་མགོན་མེད་པའི་སེམས་ཅན་དང་ནད་པའི་སྐྱབས་བྱེད་ཅིང་སྙིང་རྗེ་བ་དང་བྱམས་པ་བསྒོམ་པ། དབུལ་ཕོངས་ལ་ཟས་གོས་སོགས་སྟེར་བ་སྟེ། འདི་དག་གིས་ནི་ཚེ་རིང་ཞིང་ནད་མེད་པར་འགྱུར་རོ། །ནད་མང་བའི་ལས་ནི། དབྱུག་པ་དང་ཐལ་མོ་སོགས་ཀྱིས་བརྡེག་པ་དང་། བརྡེག་ཏུ་འཇུག་པ་དང་། དེ་ལ་དགའ་བ་དང་། ཕ་མ་དང་དམ་པ་རྣམས་ཀྱི་སེམས་མི་དགའ་བར་བྱེད་པ་དང་། མི་མཛའ་བ་རྣམས་ན་བ་དང་ནད་མ་སོས་ན་དགའ་བ། སྨན་ལོག་དང་མི་འཇུ་པའི་ཟས་སྟེར་བ་རྣམས་སོ། །ནད་ཉུང་བའི་ལས་ནི། སྔ་མ་ལས་བཟློག་པ་སྟེང་དབྱུག་པ་སོགས་ཀྱིས་མི་བརྡེག་པ་ནས། འཇུ་བའི་ཟས་སྟེར་པའོ། ཁ་དོག་མི་སྡུག་པའི་ལས་ནི། གཞན་ལ་ཁྲོ་བ་མང་བ་དང་། འཁོན་དུ་འཛིན་པ་དང་། གཏུམ་པ་དང་། འཕགས་པ་དང་ཕ་མ་སོགས་ལ་ངན་དུ་བརྗོད་པ་དང་། མཆོད་རྟེན་དང་གཙུག་ལག་ཁང་གིས་གཞི་མི་སྡུག་པར་བྱས་པ་དང་། རྟེན་གྱི་མར་མེ་བསད་པ་དང་། སེམས་ཅན་ཁ་དོག་ངན་པ་རྣམས་ལ་ཕྱས་འདོགས་པ་དང་། གཙང་སྦྲ་མེད་པ་རྣམས་སོ། མཛེས་ཤིང་སྡུག་པར་འགྱུར་པའི་ལས་ནི། བཟོད་ཅིང་ཁོང་མི་ཁྲོ་བ་དང་འཁོན་དུ་མི་འཛིན་པ་ནས་གཙང་སྦྲ་བྱེད་པའི་བར་ཏེ་སྔ་མ་ལས་བཟློག་པའོ། །དབང་ཆུང་བར་འགྱུར་པའི་ལས་ནི། གཞན་གྱི་རྙེད་པ་ལ་ཕྲག་དོག་བྱེད་པ་དང་། དེའི་རྙེད་པ་ལ་མི་དགའ་བ་དང་། དེས་མ་རྙེད་ན་དགའ་བ་དང་། ཕ་རོལ་གྱི་གྲགས་པ་དང་སྙན་པ་སོགས་ལ་མི་དགའ་བ་དང་། དེའི་གྲགས་པ་མིན་པ་སོགས་ལ་དགའ་བ་དང་། ཕ་མ་དང་འཕགས་པ་རྣམས་ལ་བརྙས་པ་དང་། དགེ་རྩ་ཆེན་པོ་བྱེད་པ་ལ་བར་དུ་གཅོད་ཅིང་ཆུང་ངུ་བྱེད་དུ་འཇུག་པ་དང་། དབང་ཆུང་བའི་གང་ཟག་རྣམས་ལ་དབང་ཆེན་བྱེད་པའོ། དབང་ཆེ་བར་འགྱུར་པའི་ལས་ནི། གཞན་གྱི་རྙེད་པ་ལ་ཕྲག་དོག་མི་བྱེད་ཅིང་དགའ་ནས་གཞན་ལ་དགེ་རྩ་ཆེན་པོ་བྱེད་དུ་འཇུག་པ་སྟེ་སྔ་མ་ལས་བཟློག་པའོ། །མ་རབས་སམ་རིགས་དམའ་བར་འགྱུར་པའི་ལས་ནི། ཁེངས་པ་དང་ང་རྒྱལ་ཆེ་བ་དང་། ཕ་མར་མི་འཛིན་པ་དང་། དགེ་སྦྱོང་དང་བྲམ་ཟེར་མི་ཤེས་པ་དང་། ཁྱིམ་གྱི་གཙོ་བོ་སོགས་ལ་རིམ་གྲོ་མི་བྱེད་པ་དང་། ཕ་མ་དང་འཕགས་པ་ལ་མི་ལྡང་བ་སོགས་སོ། ཡ་རབས་སམ་རིགས་མཐོ་བར་འགྱུར་པའི་ལས་ནི། ཁེངས་པ་དང་ང་རྒྱལ་མེད་པ་ནས་འཕགས་པ་རྣམས་ལ་ལྡང་པ་སྟེ་སྔ་མ་ལས་བཟློག་པའོ། དབུལ་ཞིང་ལོངས་སྤྱོད་ཆུང་བར་འགྱུར་བའི་ལས་ནི། མ་བྱིན་པར་ལེན་པ་དང་། ལེན་དུ་འཇུག་པ་དང་། ལེན་པའི་བསྔགས་པ་བརྗོད་པ་དང་། ལེན་པ་ལ་རྗེས་སུ་ཡི་རང་བ་དང་། ཕ་མ་དང་འཕགས་པའི་གང་ཟག་གི་འཚོ་བ་རྒྱུན་གཅོད་པ་དང་། ཕ་རོལ་གྱིས་རྙེད་ན་མི་དགའ་ཞིང་མ་རྙེད་ན་དགའ་པ་དང་། དེའི་རྙེད་པའི་བར་ཆད་བྱེད་པ་དང་། མུ་གེ་བྱུང་ན་དགའ་བའོ། །ཕྱུག་ཅིང་ལོངས་སྤྱོོད་ཆེ་བར་འགྱུར་པའི་ལས་ནི། མ་བྱིན་པར་ལེན་པ་སྤོང་པ་ནས་གཞན་གྱི་ལོ་ལེགས་ན་དགའ་བའི་བར་ཏེ་སྔ་མ་ལས་བཟློག་པའོ། ཤེས་རབ་ཆུང་བར་འགྱུར་པའི་ལས་ནི། མཁས་པའི་དྲུང་དུ་སོང་ཡང་མི་འདྲི་མི་བསྟེན་བསྙེན་བཀུར་མི་བྱེད་པ་དང་། འཆལ་བའི་ཤེས་རབ་ཅན་ལ་བསྟེན་ཅིང་བཀུར་བ་དང་། མཁས་པ་དང་དེ་དག་གི་ལེགས་བཤད་སྤོང་ཞིང་གཞན་གྱི་ཉེས་བཤད་འཛིན་པ་དང་། དམ་པའི་ཆོས་སྤོང་ཞིང་ཆོས་མིན་སྟོན་པ་དང་། ཆོས་སྨྲ་བ་ལ་ལེགས་སོ་མི་སྦྱིན་པ་དང་། ལོག་པར་ལྟ་བ་ལ་བསྟོད་ཅིང་ཡང་དག་པར་ལྟ་བ་ལ་སྨོད་པའོ། །ཤེས་རབ་ཆེ་བར་འགྱུར་བའི་ལས་ནི། མཁས་པའི་གྲངས་སུ་གཏོགས་པའི་དྲུང་དུ་འགྲོ་བ་དང་བསྟེན་ཅིང་འདྲི་བ་ནས་ཡང་དག་པའི་ལྟ་བ་ལ་བསྔགས་པའི་བར་ཏེ་སྔ་མ་ལས་བཟློག་པའོ། །དམྱལ་བར་སྐྱེ་བར་འགྱུར་བའི་ལས་ནི། ཞེས་སྡང་ཆེ་བ་སོས་སྒོ་གསུམ་གྱི་ཉེས་སྦྱོར་ཆེ་བ་དང་། རྟག་ཆད་དུ་ལྟ་བ་སོགས་དང་། བྱས་པ་མི་བཟོ་བ་དང་། མཚམས་མེད་པའི་ལས་བྱེད་པ་དང་། ལོག་ལྟ་ཆེན་པོ་འཛིན་ཅིང་གཞན་འཛིན་དུ་འཇུག་པའོ། །དུད་འགྲོར་སྐྱེ་བའི་ལས་ནི། སྒོ་གསུམ་གྱི་ཉེས་སྤྱོད་འབྲིང་དང་། དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་འབྲིང་པོ་སྣ་ཚོགས་དང་། བྱོལ་སོང་རྣམས་ལ་ཁྲོ་བོ་དང་། དུད་འགྲོའི་མིང་གིས་གཞན་ལ་གཤེ་བ་སོགས་སོ། ཡི་དྭགས་སུ་སྐྱེ་བའི་ལས་ནི། སྒོ་གསུམ་གྱི་ཉེས་སྤྱོད་ཅི་རིགས་དང་། འདོད་ཆགས་ཆེ་བ་དང་། ལོག་འཚོ་དང་དངོས་པོ་ལ་སེར་སྣ་ཆེ་བ་དང་། སྦྱིན་པ་འགོག་པ་དང་། བཀྲེས་སྐོམ་གྱིས་འཆི་བ་དང་འདོད་པ་ལ་ཆགས་བཞིན་དུ་འཆི་བ་རྣམས་སོ། །ལྷ་མིན་དུ་སྐྱེ་བའི་ལས་ནི། ལུས་ངག་གིས་ལས་ཆུང་འབྲིང་ཅི་བྱེད་པ་དང་། ངར་སེམས་དང་ང་རྒྱལ་སྣ་ཚོགས་བྱེད་པ་དང་། དགེ་རྩ་ལོག་པར་སྨོན་པའོ། །མིར་སྐྱེ་བའི་ལས་ནི། སྲོག་གཅོད་པ་སྤོང་བ་ནས་ལོག་པར་ལྟ་བ་སྤོང་པའི་བར་ཏེ་དགེ་བ་བཅུ་རྣམས་སོ། །འདོད་པའི་ལྷར་སྐྱེ་བའི་ལས་ནི། དགེ་བ་བཅུ་སྔ་མ་ལས་ལྷག་པར་བྱས་པའོ། གཟུགས་ཁམས་ཀྱི་ལྷར་སྐྱེ་བའི་ལས་ནི། བསམ་གཏན་བཞིའི་ཏིང་ངེ་འཛིན་དང་ལྡན་པའི་དགེ་བཅུ་སྔ་མ་ལས་ཀྱང་ཆེ་བའོ། །གཟུགས་མེད་ཁམས་སུ་སྐྱེ་བའི་ལས་ནི། གཟུགས་མེད་གྱི་སྙོམས་འཇུག་བཞི་སྒོམ་པའོ། སྐྱེ་བར་ངེས་པའི་ལས་ནི། དགེ་པའི་ལས་སྟོབས་ཆེན་བསགས་ནས་འདིར་སྐྱེ་བར་གྱུར་ཅིག་ཅེས་བསྔོ་ཞིང་སྨོན་པ་དང་། མཚམས་མེད་ཀྱི་ལས་རྣམས་སོ། སྐྱེ་བར་མ་ངེས་པ་ནི། དགེ་བའི་ལས་ཀྱང་དེར་མི་བསྔོ་བ་ལ་སོགས་པའོ། །ཡུལ་གཞན་དུ་སྨིན་པའི་ལས་ནི། ལས་དེའི་འབྲས་བུ་རང་ཡུལ་མིན་པའི་ཡུལ་གཞན་དུ་སྨིན་པར་འགྱུར་པའོ། །བྱས་ལ་བསགས་པ་མ་ཡིན་པའི་ལས་ནི། མི་དགེ་བའི་ལས་དེ་བྱས་ཀྱང་འགྱོད་ཅིང་ངོ་ཚ་བ་དང་སྨོད་པ་དང་འཆགས་པ་དང་མཐོལ་བ་སོགས་བྱེད་པའོ། །བསགས་ལ་མ་བྱས་པའི་ལས་ནི། ལུས་ངག་གི་བྱ་དགོས་པའི་ལས་དེ་སེམས་ཀྱིས་བྱ་བར་བསམས་ཀྱང་ལུས་ངག་གིས་མ་བྱས་པའོ། །བྱས་ལ་བསགས་པའི་ལས་ནི། མི་དགེ་བའི་ལས་དེ་བྱས་ནས་མི་འགྱོད་ཅིང་མི་སྨོད་པ་དང་མི་མཐོལ་བ་དང་དགའ་བར་བྱེད་པ་སོགས་སོ། མ་བྱས་མ་བསགས་པའི་ལས་ནི། ལས་དེ་ཆེད་དུ་མ་བྱས་ཤིང་མ་བསགས་པའོ། །དམྱལ་བར་སྐྱེས་ནས་ཚེ་རྫོགས་དགོས་པའི་ལས་ནི། དེར་སྐྱེ་བའི་ལས་བསགས་པ་ལ་མི་འགྱོད་པ་དང་མི་སྨོད་པ་དང་མི་མཐོལ་བ་སོགས་དང་བཅས་པ་དང་། དམྱལ་བར་སྐྱེ་བའི་ལས་ལ་འགྱོད་པ་སོགས་ཅུང་ཟད་དང་བཅས་ན་ཚེ་ཕྱེད་ནས་གཞན་དུ་འཕོ་བའོ། །དམྱལ་བར་སྐྱེས་མ་ཐག་ཏུ་ཐར་པའི་ལས་ནི། ལས་དེ་ལ་འགྱོད་པ་དྲག་པོ་དང་བཅས་པ་ཁ་ཅིག་དམྱལ་པར་སྐྱེས་ཀྱང་དེ་མ་ཐག་ཐར་བར་འགྱུར་བ་སྟེ། རྒྱལ་པོ་མ་སྐྱེས་དགྲ་ལྟ་བུའོ། །ཕྱི་མའི་དུས་སུ་སྔར་བདེ་ལ་ཕྱིས་སྡུག་བསྔལ་བའི་ལས་ནི། དང་པོ་སྦྱིན་ནས་ཕྱིས་འགྱོད་པ་ལྟ་བུའོ། །སྔར་སྡུག་བསྔལ་ལ་ཕྱིས་བདེ་བར་འགྱུར་པའི་ལས་ནི། དང་པོ་སྦྱིན་པ་སྟེར་པའི་ཚེ་མི་འདོད་བཞིན་དུ་སྟེར་ཞིང་སྡུག་བསྔལ་བར་བྱས་ཀྱང་ཕྱིས་བྱིན་པ་ལ་མི་འགྱོད་ཅིང་དགའ་བར་བྱས་པའོ། །སྔ་ཕྱི་གཉིས་ཀར་བདེ་བའི་ལས་ནི། དགའ་བཞིན་དུ་སྦྱིན་པ་བྱིན་ནས་ཕྱིས་མི་འགྱོད་ཅིང་རྗེས་སུ་ཡི་རང་བའོ། །ཚེ་སྟོད་སྨད་གཉིས་ཀར་སྡུག་བསྔལ་བའི་ལས་ནི། འགའ་ཞིག་སྦྱིན་བ་ཅི་ཡང་མ་བྱིན་ཞིང་སྡིག་པའི་ལས་ཀྱང་ཆེན་པོ་མ་བསགས་པར་དབུལ་པོར་སྐྱེ་བའི་ལས་ལྟ་བུའོ། །སེར་སྣ་ཅན་དུ་འགྱུར་བའི་ལས་ནི། ཡོ་བྱད་ལ་འཛིན་ཆགས་གོམས་པ་ཆེ་བའོ། ཕྱུག་པོ་གཏོང་ཕོད་པའི་ལས་ནི། སྦྱིན་པ་ཡང་ཡང་སྟེར་བ་ལ་གོམས་པའི་ལས་ལྟ་བུའོ། །ཕྱུག་ཀྱང་སེར་སྣ་ཅན་དུ་འགྱུར་བའི་ལས་ནི། སྦྱིན་པ་གཏོང་ཡང་གོམས་པར་མི་བྱེད་པའོ། །དབུལ་ཡང་གཏོང་ཕོད་པའི་ལས་ནི། སྦྱིན་པའི་གནས་མ་ཡིན་པ་ལ་ཡོ་བྱད་སྟེར་བར་གོམས་པར་བྱས་པ་ཁ་ཅིག་སྔར་འབྱོར་པ་ཅུང་ཟད་ཐོབ་ཀྱང་རིམ་གྱིས་དབུལ་བར་འགྱུར་པའོ། །དབུལ་པོ་སེར་སྣ་ཅན་དུ་འགྱུར་པའི་ལས་ནི། སྦྱིན་པ་མ་བཏང་ཡང་མི་སྐྱེ་བའི་ལས་ཙམ་བསགས་པ་ལྟ་བུའོ། །ལུས་བདེ་ལ་སེམས་མི་བདེ་བ་ནི། ལུས་བདེ་བར་གནས་པ་ཐོབ་ཀྱང་སེམས་ལ་བྱ་བ་ཕལ་ཆེར་མི་འགྲུབ་པར་སྡུག་བསྔལ་མང་པོ་འབྱུང་བའི་རྒྱལ་པོ་ལྟ་བུའོ། །སེམས་བདེ་ལ་ལུས་མི་བདེ་བ་ནི། དགྲ་བཅོམ་ནད་པ་ལྟ་བུའོ། །ལུས་སེམས་གཉིས་ཀ་བདེ་བ་ནི། བསོད་ནམས་ཆེ་བའི་དགྲ་བཅོམ་པ་དང་ལྷ་ལྟ་བུའོ། །ལུས་སེམས་གཉིས་ཀ་མི་བདེ་བ་ནི། བསོད་ནམས་ཆུང་བའི་སོ་སྐྱེ་འགའ་ཞིག་དང་དམྱལ་བ་བལྟ་བུའོ། །ཚེ་ཟད་ལ་ལས་མ་ཟད་པ་ནི། ངན་སོང་གསུམ་ལ་སོགས་པར་སྐྱེས་ཀྱང་ཚེ་དེ་རྫོགས་ནས་ཤི་ཡང་སླར་དེ་རྣམས་སུ་སྐྱེ་པའོ། །ལས་ཟད་ལ་ཚེ་མ་ཟད་པ་ནི། ཚེ་སྟོད་བདེ་ལ་ཚེ་སྨད་སྡུག་བསྔལ་བ་དང་ཚེ་སླད་བདེ་ལ་ཚེ་སྟོད་སྡུག་བསྔལ་བ་ལྟ་བུའོ། །ལས་དང་ཚེ་གཉིས་ཀ་ཟད་པ་ནི། དམྱལ་བ་ནས་ཤི་འཕོས་ཏེ་དེར་མི་སྐྱེ་བར་ཡི་དྭགས་དང་དུད་འགྲོ་དང་མི་སོགས་སུ་སྐྱེ་བ་སྟེ་སྔར་སྐྱེས་པ་དེ་ཉིད་དུ་སླར་སྐྱེ་མི་དགོས་པའོ། །ལས་དང་ཚེ་གཉིས་ཀ་མ་ཟད་པ་ནི། འཕགས་པའི་གང་ཟག་དང་སོ་སྐྱེ་ཕལ་ཆེར་རོ། ངན་འགྲོར་སྐྱེས་ཀྱང་གཟུགས་མཛེས་པ་ནི། འདོད་ཆགས་གྱི་དབང་གིས་སྡིག་པའི་ལས་ཆུང་ངུ་བསགས་པ་ལས་བྱུང་བ་སྟེ་ནེ་ཙེ་དང་རྨ་བྱ་ལྟ་བུའོ། །ངན་འགྲོར་སྐྱེས་ནས་གཟུགས་མི་སྡུག་པ་ནི། ཞེ་སྡང་གིས་ཀུན་ནས་བསླངས་བའི་ལས་བསགས་པ་ལས་བྱུང་བ་སྟེ་སྡིག་སྦྲུལ་ལ་སོགས་པའོ། །ངན་འགྲོར་སྐྱེས་ལ་བློ་ཡང་མི་གསལ་པ་ནི། གཏི་མུག་གི་དབང་གིས་དེར་སྐྱེ་བའི་ལས་བྱས་པའོ། གཞན་ཡང་མི་དགེ་བ་བཅུའི་བདག་འབྲས་ལ། སྲོག་གཅོད་ཀྱིས་སའི་མཐུ་ཉམས། མ་བྱིན་ལེན་གྱིས་སེར་བ་དང་བྱེ་བར་དང་བྱི་བ་དང་མུ་གེ་འཕྱུང་། མི་ཚངས་སྤྱོད་ཀྱིས་བཙའ་དང་ས་འབབ་པ་དང་རྡུལ་དང་རླུང་ཆེན་དང་ཆར་དྲག་པོ་འོང་། བརྫུན་དུ་སྨྲ་བས་ཁའི་དྲི་མི་ཞིམ་པ་དང་མནམ་པ་འབྱུང་། ཕྲ་མས་ས་ཕྱོགས་མཐོ་དམན་ཅན་དང་ངམ་གྲོག་དང་འདམ་རྫབ་དང་གཡང་ས་དང་ལྗན་ལྗིན་སོགས་འབྱུང་། ཚིག་རྩུབ་ཀྱིས་འབྲས་བུ་དམན་པ་དང་རྩུབ་པ་དང་གསེག་མ་དང་གྱོ་མོ་དང་ཚང་ཚིང་རྣམས་འབྱུང་། ཚིག་ཀྱལ་པས་རྩྭ་ཚང་ཚིང་དང་ནགས་འཐིབ་པོ་དང་འཁྲི་ཤིང་དང་ཚེར་མ་ཚང་ཚིང་ཅན་རྣམས་འབྱུང་། བརྣབ་སེམས་ཀྱིས་ལོ་ཏོག་སོགས་ཀྱི་འབྲས་བུ་ཉུང་། གནོད་སེམས་ཀྱིས་ས་བོན་ཚ་བ་དང་ཁ་བ་སོགས་འབྱུང་། ལོག་ལྟས་འབྲས་བུ་མེད་པ་དང་ཉུང་བར་འགྱུར་རོ། །སྲོག་གཅོད་པ་སོགས་མི་དགེ་བ་བཅུ་སྤངས་པའི་བདག་འབྲས་ལ། སའི་མཐུ་བཅུད་མི་ཉམས་པ་ནས་འབྲས་བུ་མེད་པ་དང་ཉུང་བར་མི་འགྱུར་པ་སོགས་སྔ་མ་ལས་བཟློག་པ་རྣམས་ཏེ། འདི་རྣམས་རང་གནས་པའི་ཡུལ་ལམ་ཕྱི་རོལ་གྱི་དངོས་པོ་ལ་འབྱུང་བའོ། །ཡང་རྩ་བ་བཞི་ཆང་དང་ལྔ་ལས་སྲོག་གཅོད་པའི་རྣམ་སྨིན་ནི་ངན་འགྲོར་སྐྱེ་བ་སོགས་ཡིན་ལ། ཚེ་འདིར་ཡང་ཤ་གཉེར་བ་མང་བ་དང་ཡིད་དུ་མི་འོང་བ་དག་དེ་ལ་སེམས་ཅན་གཞན་འཇིགས་པ་དང་མི་བདེ་བཞིན་ཉལ་ཞིང་སད་པ་དང་སྡིག་པའི་རྨི་ལམ་མཐོང་བ་དང་། རྨུགས་ཏེ་འཆི་བ་དང་འགྱོད་པར་འགྱུར་བ་དང་ཚེ་ཐུང་བ་དང་ཤི་ནས་ཀྱང་ངན་འགྲོས་སྐྱེ་བ་རྣམས་སོ། མ་བྱིན་ལེན་གྱིས་ཁོན་གཅུགས་སུ་འགྱུར་བ་དང་རྒྱལ་པོའི་ཆད་པ་འབྱུང་བ་སོགས་དང་། ཤི་ནས་ཀྱང་ངན་འགྲོར་སྐྱེ་བའོ། འདོད་ལོག་གིས་ཆུང་མ་མ་སྲུང་བར་འགྱུར་བ་དང་མི་སྙན་པ་ཐོས་པ་དག་མི་དགེ་བ་འཕེལ་ཞིང་དགེ་བའི་ཕྱོགས་ཉམས་པ་དང་ཤི་ནས་ཀྱང་ངན་འགྲོར་སྐྱེ་བའོ། །རྫུན་དུ་སྨྲ་བས་གཞན་ཡིད་མི་ཆེས་པ་དང་སྐུར་བ་འདེབས་པ་ཐོབ་པ་དང་ཁའི་དྲི་མནམ་པ་སོགས་སྔར་བཞིན་འབྱུང་ངོ། །ཆང་འཐུང་བ་ལ་ཉེས་པ་སོ་དྲུག་གསུངས་ཏེ། ནོར་ཟད་པ་དང་ནད་མང་བ་དང་འཐབ་པ་དང་མཚང་འདྲུ་བ་དང་རྩོད་པ་འབྱུང་བ་དང་ཁྲེལ་ཡོད་ངོ་ཚ་བྲལ་བ་དང་ཤེས་རབ་དང་དྲན་པ་ཉམས་པ་དང་ལོངས་སྤྱོད་མི་ཐོབ་པ་དང་ཐོབ་པ་ཉམས་པ་དང་། གསང་རྡོལ་བ་དང་ལས་ཀྱི་མཐའ་ཉམས་པ་དང་མྱ་ངན་གྱི་རྩ་བར་འགྱུར་བ་དང་ཉམས་ཆུང་བ་དང་ཕ་མར་མི་ཤེས་པ་དང་དགེ་སྦྱོར་དང་བྲམ་ཟེར་མི་ཤེས་པ་དང་རིམ་གྲོ་མེད་པ་དང་། དཀོན་མཆོག་གསུམ་ལ་མི་གུས་པ་དང་སྡིག་གྲོགས་ཀྱིས་ཟིན་པ་དང་དགེ་བའི་བཤེས་གཉེན་གྱིས་སྤོང་པ་དང་འཛེམ་མི་ཤེས་པ་དང་དབང་པོ་མི་བསྡམས་པ་དང་བག་མེད་དུ་འགྱུར་བ་དང་། སྐྱེ་བ་མང་པོའི་ཡིད་དུ་མི་འོང་ཞིང་མི་མཐུན་པ་དང་ཉེ་དུ་རྣམས་ཀྱིས་སྨད་པའི་གནས་ཐོབ་པ་དང་། དམ་པའི་ཆོས་སྤོང་ཞིང་ཆོས་མིན་འཛིན་པ་དང་མཁས་པས་ཡིད་ཆེས་པའི་གནས་སུ་མི་འཇོག་པ་དང་གཡེལ་བ་དང་མྱང་འདས་ལས་རིང་བར་འགྱུར་བ་དང་། མྱོས་ཤིང་མྱོས་པར་འགྱུར་པའི་ལས་བྱེད་ཅིང་ལུས་དང་བྲལ་ནས་ངན་འགྲོར་སྐྱེ་བར་འགྱུར་པ་རྣམས་སོ།། །།ཡང་ཕན་ཡོན་ཀྱི་ཕྱོགས་ལ། དེ་བཞིན་གཤེགས་པའི་མཆོད་རྟེན་སོགས་ཀྱི་རྟེན་ལ་ཐལ་མོ་སྦྱར་པའི་ཕན་ཡོད་ནི། རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་དང་དེ་བཞིན་དུ་རྒྱ་ཆེ་བའི་གཟུགས་དང་འཁོར་གཡོག་དང་མཆོད་པ་དང་བཀུར་སྟི་དང་ནོར་དང་ཐོས་པ་དང་དད་པ་དང་དྲན་པ་དང་ཤེས་རབ་དང་རྒྱ་ཆེ་བའི་རྟོགས་པ་ཐོབ་པའོ། །དེ་ལ་ཕྱག་འཚལ་བའི་ཕན་ཡོན་ནི་བཅུ་སྟེ། གཟུགས་བཟང་བ་དང་གསེར་མདོག་ལྟ་བུར་འགྱུར་བ་དང་མིག་ཏུ་སྡུག་པ་དང་སྐད་སྙན་ཅིང་ཚིག་བཟུང་འོས་པ་དང་། འཁོར་དུ་བག་མི་ཚ་བ་དང་ལྷ་མི་རྣམས་དགའ་བ་དང་གཟི་བརྗིད་ཆེན་པོར་འགྱུར་ཞིང་སངས་རྒྱས་བྱང་སེམས་སོགས་དང་འགྲོགས་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བ་དག་མཐོ་རིས་སུ་སྐྱེ་བ་དང་མྱུར་དུ་མྱ་ངན་ལས་འདའ་བའི་གོ་འཕང་ཐོབ་པ་རྣམས་སོ། དེ་བཞིན་གཤེགས་པའི་མཆོད་རྟེན་སོགས་ཕྱགས་ཤིང་བྱི་དོར་བྱས་པའི་ཕན་ཡོན་ནི་བཅུ་སྟེ། གཟུགས་བཟང་བ་དང་ལྟ་ན་སྡུག་ཅིང་མཛེས་པ་དང་སྐད་སྙན་པ་དང་དུག་གསུམ་ཆུང་བ་དང་ལམ་བདེ་བ་དང་རིགས་བཙུན་པར་སྐྱེ་ཞིང་ལོངས་སྤྱོད་ཆེ་བར་འགྱུར་པ་དང་མཐོ་རིས་སུ་སྐྱེ་བ་དང་མྱུར་དུ་མྱང་འདས་ཐོབ་པ་རྣམས་སོ། །དེ་རྣམས་ལ་གདུགས་ཕུལ་བའི་ཕན་ཡོན་ནི་བཅུ་སྟེ། འཇིག་རྟེན་ན་གདུགས་ལྟ་བུར་འགྱུར་བ་དང་ལུས་སེམས་ལ་གདུང་བ་མེད་པ་དང་འཇིག་རྟེན་གྱི་རྟེན་དང་བདག་པོ་དང་འཁོར་ལོས་བསྒྱུར་བར་འགྱུར་བ་དང་། དབང་ཆེ་ཞིང་ལོངས་སྤྱོད་ཆེ་བ་དང་མཐོ་རིས་སུ་སྐྱེ་བ་དག་མྱང་འདས་མྱུར་དུ་ཐོབ་པའོ། །དེ་དག་ལ་དྲིལ་བུ་སོགས་སྒྲ་སྙན་ཕུལ་བའི་ཕན་ཡོན་ནི་བཅུ་སྟེ། གཟུགས་བཟང་ཞིང་སྒྲ་སྙན་པ་དང་ཡིད་དུ་འོང་བ་སྨྲ་བ་དང་ཀ་ལ་པིང་ཀའི་སྐད་ལྟ་བུ་ཐོབ་པ་དང་། གཟུང་བའི་ཚིག་ཏུ་འགྱུར་བ་དང་རབ་ཏུ་དགའ་བ་དང་ཤུན་ཏུ་དགའ་བའི་སྒྲ་ཆེན་པོ་ཐོབ་པ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་འབྱུང་ངོ། །དེ་དག་ལ་རྒྱལ་མཚན་དང་བ་དན་ཕུལ་པའི་ཕན་ཡོན་བཅུ་སྟེ། འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ་དང་མཛའ་བཤེས་སོགས་གྱིས་བསྟི་སྟང་དང་བཀུར་སྟི་དང་མཆོད་པར་བྱེད་པ་དང་གྲགས་པ་ཆེན་པོ་ཐོབ་པ་དང་། གཟུགས་མཛེས་པ་དང་ཚེ་རིང་བ་དང་དབང་ཆེ་བ་དང་རིགས་བཙུན་ཞིང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །དེ་དག་ལ་མེ་ཏོག་ཕུལ་པའི་ཕན་ཡོན་ནི་བཅུ་སྟེ། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་སྣའི་དབང་པོ་མི་ཉམས་པ་དང་ལུས་ཀྱི་དྲི་ངན་པ་དག་པར་འགྱུར་ཞིང་དྲི་ཞིམ་པོ་འབྱུང་བ་དང་། ཚུལ་ཁྲིམས་ཀྱི་དྲི་ཕྱོགས་རྣམས་སུ་ལྡང་བ་དང་འཇིག་རྟེན་གྱི་མངོན་དུ་འགྲོ་ཞིང་འདོད་པའི་དོན་ཐོབ་པ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །དེ་དག་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་ནི་བཅུ་སྟེ། འཇིག་རྟེན་ཕྲེང་བ་ལྟ་བུ་དང་ལུས་ཀྱི་དྲི་ང་བ་རྣམ་པར་དག་ཅིང་ཕྱོགས་མཚམས་སུ་ཚུལ་ཁྲིམས་ཀྱི་དྲི་ལྡང་བ་དང་། རྒྱན་དུ་འགྱུར་ཞིང་གཡོག་འཁོར་མི་ཕྱེད་པ་དང་ཀུན་གྱི་ཡིད་དུ་འོང་ཞིང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །དེ་དག་ལ་མར་མེ་ཕུལ་པའི་ཕན་ཡོན་ནི་བཅུ་སྟེ། འཇིག་རྟེན་ན་མེ་ལྟ་བུ་དང་ལྷ་དང་ལྷ་བའི་རྣམ་པར་དག་པ་དང་དགེ་མི་དགེའི་ཆོས་ཤེས་པར་འགྱུར་པ་དང་། མ་རིག་པའི་མུན་པ་སེལ་ཅིང་ཤེས་རབ་ཀྱི་སྣང་བ་ཐོབ་པ་དང་མུན་ནག་ཏུ་མི་སྐྱེ་བ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །དེ་དག་ལ་སྤོས་ཕུལ་པའི་ཕན་ཡོན་ནི་བཅུ་སྟེ། འཇིག་རྟེན་ན་སྤོས་ལྟ་བུ་དང་སྣའི་དབང་པོ་དག་པ་དང་ལུས་ཀྱི་དྲི་ཞིམ་པ་དང་གཟུགས་བཟང་ཞིང་འཇིག་རྟེན་གྱི་མངོན་དུ་འགྲོ་བར་འགྱུར་བ་དང་སྡུག་པའི་ཆོས་རྣམས་ཐོབ་ཅིང་ལོངས་སྤྱོད་འབྱུང་བ་སོགས་སྔར་ལྟར་རོ། །དེ་དག་ལ་ན་བཟའ་ཕུལ་བའི་ཕན་ཡོན་ནི་བཅུ་སྟེ། མདོག་བཟང་ཞིང་འཇམ་པ་དང་རྡུལ་མི་འཆགས་པ་དང་ཁྲེལ་ཁྲམ་དང་ལྡན་པ་དང་མཐོང་ན་དགའ་བ་དང་། གོས་བཟང་པོ་ཐོབ་ཅིང་ལོངས་སྤྱོད་མང་བ་སོགས་སྔར་ལྟར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་ནི་བཅོ་བརྒྱད་དེ། རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་དང་གཟུགས་བཟང་བ་དང་མཛེས་ཤིང་མིག་ཏུ་སྡུག་པ་སོགས་དང་། དབང་ཆེ་བ་དང་འཁོར་གཡོག་མང་ཞིང་མི་ཕྱེད་པ་དང་གཞན་གྱི་རྟེན་དང་མངོན་དུ་འགྲོ་བ་དང་། གྲགས་པ་ཆེ་ཞིང་ལྷ་མིས་མཆོད་པ་དང་ནོར་མང་བ་དང་རྒྱལ་སྲིད་ཐོབ་པ་དང་ཚེ་རིང་བ་དང་། ལུས་རྡོ་རྗེ་ལྟར་འགྱུར་ཞིང་མཚན་དཔེ་འགྲུབ་པ་དང་མཐོ་རིས་སུ་སྐྱེ་བ་དང་མྱུར་དུ་ཐར་པ་ཐོབ་པར་འགྱུར་པའོ། ཁྲི་སྟན་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། འཇིག་རྟེན་གྱི་བླ་མར་འགྱུར་བ་དང་བསྔགས་པ་ཐོབ་པ་དང་གྲགས་པ་རྒྱས་པ་དང་བདེ་བ་མང་བ་དང་། བཞོན་པ་དང་བསྟན་དང་ལྡན་པ་དང་རིམ་གྲོ་བྱེད་པ་ཐོབ་པ་དང་དབང་ཆེ་བ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །ལྷམ་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། བཞོན་པ་ཐོབ་པ་དང་རྐང་པ་ལེགས་པར་གནས་པ་དང་འགྲོ་ན་སྟོབས་དང་ལྡན་པ་དང་ལུས་མི་ངལ་བ་དང་། རྐང་པ་སྣད་པར་མི་འགྱུར་བ་དང་རྫུ་འཕྲུལ་ཐོབ་པ་དང་རིམ་གྲོ་བྱེད་པ་དང་ལྡན་པ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །སྣོད་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། ཡོན་ཏན་གྱི་སྣོད་དུ་འགྱུར་བ་དང་མདོག་སྣུམ་པ་དང་སེམས་རྒྱུད་མཉེན་པ་དང་སྐོམ་རྙེད་སླ་བ་དང་། ཡི་དྭགས་སུ་མི་སྐྱེ་བ་དང་ལྷ་མི་རྣམས་དགའ་བ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། ཁ་ཟས་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། ཚེ་རིང་ཞིང་ཁ་དོག་བཟང་བ་དང་སྟོབས་དང་ལྡན་པ་དང་དྲན་པ་དང་སྤོངས་པ་དང་ལྡན་ཞིང་བག་ཚ་བ་མེད་པ་དང་། ལྷ་མི་དང་འཁོར་འདུན་ཞིང་དགའ་བ་དང་ལོངས་སྤྱོད་ཆེ་བ་སོགས་སྔར་ལྟར་རོ། །བཞོན་པ་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། རྐང་པ་འཇམ་པ་དང་ཤིན་ཏུ་གནས་པ་དང་འགྲོ་བའི་མཐུ་ཡོད་པ་དང་བདེ་བ་མང་བ་དང་། མི་མཛའ་བ་མི་མང་བ་དང་རྫུ་འཕྲུལ་གྱི་རྐང་པ་འགྲུབ་པ་དང་བཞོན་པས་མི་བྲེལ་པ་དང་། རིམ་གྲོ་རྙེད་པ་དང་མཐོ་རིས་སུ་སྐྱེ་བ་སོགས་སོ། གནས་སྦྱིན་པའི་ཕན་ཡོན་ནི་མང་སྟེ། འཇིགས་པ་མེད་པ་དང་སྟན་དང་གོས་རྙེད་པ་དང་འདོད་པའི་ཡོན་ཏན་ལྔ་རྙེད་པ་དང་རྒྱལ་རིགས་དང་བྲམ་ཟེའི་རིགས་བཟང་པོ་དང་འཁོར་ལོས་བསྒྱུར་པའི་རྒྱལ་པོ་དང་། འདོད་ལྷ་རིགས་དྲུག་པོ་གང་རུང་དང་གཟུགས་ཁམས་དང་གཟུགས་མེད་ཀྱི་ལྷ་གང་དུ་སྐྱེ་བར་འདོད་པ་དེར་སྨོན་ན་དེ་དང་དེ་དག་ཏུ་སྐྱེ་བ་དང་། གལ་ཏེ་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་རྣམས་དང་སངས་རྒྱས་ཀྱི་བར་མྱུར་དུ་ཐོབ་པར་འདོད་ནའང་སྨོན་ལམ་འགྲུབ་པར་འགྱུར་རོ། །སྐོམ་སྦྱིན་པའི་ཕན་ཡོན་ནི་བཅུ་སྟེ། དབང་པོ་ཚང་བར་འགྱུར་བ་དང་དབྲལ་བ་ལེགས་པ་དང་སྨྲས་པ་ལ་གཞན་མགུ་བ་དང་སེམས་རྒྱུད་མཉེན་པ་དང་སྐོམ་རྙེད་པ་འཛུམ་པའི་བཞིན་དང་ལྡན་པ་དང་ཡི་དྭགས་སུ་མི་སྐྱེ་བ་དང་ལོངས་སྤྱོད་མང་བ་སོགས་སྔར་ལྟར་རོ། །རབ་ཏུ་བྱུང་པའི་ཕན་ཡིན་ནི་བཅུ་སྟེ། བུ་དང་ཆུང་མ་དང་ཁྱིམ་གྱི་ནོར་ལ་མི་སྲེད་པ་དང་འདོད་སྲེེད་མི་ཆེ་བ་དང་དགོན་པར་དགའ་བ་དང་དཀོན་མཆོག་ལ་གུས་པ་དང་། བདུད་ཀྱི་ལས་སྤོང་པ་དང་དགེ་བའི་ཆོས་འཚོལ་བ་དང་ངན་འགྲོའི་རྒྱུ་སྤོང་བ་དང་། ལྷ་མིས་སྨོན་པ་དང་རྟག་ཏུ་སངས་རྒྱས་ཀྱི་བསྟན་དང་མཇལ་བ་དང་མཐོ་རིས་སུ་འགྲོ་བ་དང་མྱུར་དུ་མྱ་ངན་ལས་འདའ་བ་རྣམས་སོ། །དགོན་པར་གནས་པའི་ཕན་ཡོན་ནི་བཅུ་སྟེ། འདུ་འཛི་སྤོང་པ་དང་དབེན་པ་ལ་དགའ་བ་དང་བསམ་གཏན་འགྲུབ་པ་དང་། སངས་རྒྱས་ལ་སྨོན་པ་དང་དགའ་བ་དང་ལུས་སེམས་བདེ་བ་དང་བར་ཆད་མི་འབྱུང་བ་དང་ཐོས་པའི་ཆོས་ཀྱི་དོན་ཤེས་པ་དང་ཞི་ལྷག་འཐོབ་པར་འགྱུར་བའོ། །དེའི་ཕྱིར་བསོད་སྙོམས་ལ་འགྲོ་བའི་ཕན་ཡོན་བཅུ་དང་དེའི་ཚེ་འཇིགས་པ་མེད་པར་གྲོང་དུ་འཇུག་པའི་ཕན་ཡོན་ཀྱང་བཅུ་འབྱུང་སྟེ་མ་བྲིས་སོ། །དེ་དག་ནི་ལས་རྣམ་པར་འབྱེད་པ་དང་འགྱུར་པའི་མདོ་ནས་བཤད་པ་བཞིན་ཏེ། འདི་གཉིས་ལ་འགྱུར་མི་འདྲ་བ་དང་ཚིག་དོན་འདྲ་མིནའང་ཅི་རིགས་སྣང་བས་གཉིས་ཀ་དང་བསྟུན་པའོ། །གཞན་ཡང་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞེངས་པའི་ཕན་ཡོན་བསྟན་པའི་མདོ་ལས་གཟུགས་བརྙན་བྱེད་པ་ལ་ཕན་ཡོན་ལྔ་ཚན་ཞིག་གསུངས་པའི་དོན་བསྡུས་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང་གོང་སྟེང་བཟང་པོར་གྲགས་པ་དང་སྤྲོ་བ་མང་བ་དང་ཚེ་རིང་བ་དང་བདེ་བ་མང་བ་དང་། ནོར་མང་ཞིང་ལོངས་སྤྱོད་ཆེ་བ་དང་མཛའ་བཤེས་མང་བ་དང་། གཟུགས་བཟང་ཞིང་མཛེས་པ་དང་ལྟ་ན་སྡུག་པ་དང་ཡན་ལག་དང་ཉིད་ལག་ཐམས་ཅད་རྫོགས་པ་དང་འཁོར་ལོས་བསྒྱུར་པའི་རྒྱལ་པོ་དང་ཁམས་ཀྱི་རྒྱལ་པོར་འགྱུར་པ་དང་། ལྷའི་རྒྱལ་པོར་འགྱུར་བ་དང་སངས་རྒྱས་ཀྱང་ཐོབ་པར་འགྱུར་བའོ། ཡང་མཆོད་རྟེན་ལ་བསྐོར་བའི་ཚིགས་སུ་བཅད་པའི་མདོ་ལས། མཆོད་རྟེན་བསྐོར་བ་བྱས་པ་ཡིས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྷ་མིན་མཁའ་ལྡིང་མིའམ་ཅི། །ལྟོ་ཕྱེ་ཆེན་པོས་མཆོད་པར་འགྱུར། །དལ་པ་རྙེད་དཀའ་ཐོབ་འགྱུར་པའོ། །སྐད་ཅིག་གཅིག་ཙམ་པར་དུ་ཡང་། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མི་ཁོམ་བརྒྱད་རྣམས་སྤོང་པར་འགྱུར། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། ཁ་དོག་ལྡན་ཞིང་འཛངས་པ་དང་། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །ལྷ་དང་དེ་བཞིན་མི་རྣམས་ཀྱི། །ཚེ་རིང་པ་ཡང་དེ་ཡིས་འཐོབ། །གྲགས་པ་ཆེན་པོ་འཐོབ་པར་འགྱུར། །ཞེས་པ་ནས། མཆོད་རྟེན་བསྐོར་བ་བྱས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང། །གསེར་གྱི་སྐུ་མདོག་ཐོབ་པར་འགྱུར། །ཞེས་པའི་བར་དང་། ཡང་། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱི་གོམ་པ་གཅིག་བོར་བ། །འཛམ་བུའི་ཆུ་ཀླུང་གསེར་སྲང་འབུམ་གྲངས་རྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པ་ལས །ཇི་ལྟར་མཆོད་རྟེན་དག་ལ་མི་རྣམས་ཀྱིས། །མཆོད་པ་བྱས་པས་སྲིད་པ་གཞན་དག་ཏུ། །རྣམ་སྨིན་འདོད་པ་སྣ་ཚོགས་ཅི་འཐོབ་པ། །ཞུས་པའི་དོན་དེ་རྒྱལ་པོས་ཉན་པར་གྱིས། །བཅོམ་ལྡན་འདས་གྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ཡོད་པ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །ཞེས་སོགས་མང་དུ་གསུངས་པ་དང་། སྦྱན་རས་གཟིགས་ཀྱི་མདོ་ལས། འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དེ་ནི་མཆོག་འགྱུར་སྐྱེ་བོ་མང་མཆོད་འོས། །བློ་ལྡན་ཕྱུག་ཅིང་ཆེ་ཉིད་རྒྱ་ཆེར་ལྡན། །དབང་ལྡན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། །ཞེས་སོགས་དང་། དམ་ཆོས་པད་དཀར་ལས། ལ་ལས་འདི་ནི་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་མཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །ཞེས་སོགས་དང་། ཤ་ཉེ་དང་ནི་ལྕགས་མ་ས་ལའང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །ལྟ་ན་སྡུག་ཅི་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། གང་གིས་རྩིས་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་བརྒྱས་མཚན་ཡོངས་སུ་རྫོགས་པའི་སྐུ། །གང་གིས་བྲིས་སམ་འབྲི་རུ་བཅུག་ཀྱང་རུང་། །དེ་དག་བྱང་ཆུབ་དམ་པ་འཐོབ་པར་འགྱུར། །ཞེས་དང་། སྐྱེས་བུ་གང་ཞིག་འོན་ཏེ་གཞོན་ཡང་རུང་། །གང་དག་ལ་ལས་དེ་ནི་སློབ་པའི་ཚེ། །རྩེ་མོ་དག་དང་ཟད་པར་བྱེད་པ་ཡི། །རྩིག་ངོས་སེན་མོའམ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་འགྱུར་ཏེ། །ཞེས་དང་། རྒྱལ་བའི་མཆོད་རྟེན་དག་ལ་སུས་མཆོད་ཅིང་། །རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དག །ཞེས་པ་ནས། གང་གིས་རྒྱལ་བ་དེ་ཡི་མཆོད་རྟེན་དག །ཕྱེ་མའི་ཕུང་པོ་ལས་ནི་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། ཁྱོད་ལ་མཆོད་པས་ལྷ་ཡི་བདེ་བ་ནི། །རྣམ་པ་མང་དང་མི་ཡི་བདེ་བ་འཐོབ། །མི་ཡི་བདག་པོ་འགྲོ་ལ་ཕན་བགྱིད་པ། །ཕྱུག་ཅིང་ནོར་ཆེན་འབྱོར་ཕ་འཐོབ་པར་འགྱུར། །ཞེས་གསུངས་སོ། ཡང་ལས་གྱི་རྣམ་པར་སྨིན་པའི་འབྲས་བུའི་མདོར་ལས། ལུས་ཡོངས་སྤྱོད་འདོད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་རྒྱན་བཀོད་པ་བྱའོ། །ཤེས་རབ་ཆེ་བར་འདོད་ན་ཆོས་ཀྱི་སྦྱིན་པ་བྱའོ། །གཟུགས་བཟང་བར་འདོད་ན་དེ་བཞིན་གཤེགས་པའི་སྐུ་ཚོན་གྱིས་བྲིས་སམ་བཀོད་པ་བྱའོ། །ཚེ་རིང་བར་འདོད་ན་སྙིང་རྗེ་དང་ལྡན་ཞིང་སྲོག་མི་བཅད་པར་བྱའོ། །མི་ལུས་ཐོབ་པར་འདོད་ན་གསུང་རབ་སྒྲོགས་པ་དང་ཚུལ་ཁྲིམས་བསྲུང་བར་བྱའོ། །བསོད་ནམས་ཆེ་བར་འདོད་ན་མཆོད་རྫས་དབུལ་བར་བྱའོ། །ནོར་ཕྱུག་བར་འདོད་ན་དབུལ་པོ་ལ་ཕན་ཕར་བྱའོ། །ནད་མེད་པར་འདོད་ན་སྨན་སྦྱིན་པར་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤེས་རབ་ཡེ་ཤེས་ལ་བཀའ་སྩལ་པ། གང་ལ་ཚེ་སྔ་མ་ལ་སྡིག་པ་བྱས་ན་ཚེ་འདི་ལ་སྡུག་བསྔལ་བར་འགྱུར་རོ། །ལུས་རྟག་ཏུ་ན་བ་ནི་བདེ་བར་བཤེགས་པ་ལ་མ་གུས་པ་དང་དགེ་འདུན་ལ་དཔྱས་པ་ཡིན་ནོ། མིག་རྟག་ཏུ་ལོང་པ་ནི་ཚུལ་ཁྲིམས་སྲུང་བ་འཆལ་དུ་བཅུག་པ་ཡིན་ནོ། །རྐང་ལག་ཞ་བ་ནི་མེ་སྦར་པ་སྡིགས་པ་ཡིན་ནོ། །སྐད་ཀྱི་དོན་མི་གསལ་བ་ནི་སངས་རྒྱས་དང་ཆོས་ལ་སྨད་པ་ཡིན་ནོ། །རྣ་བ་འོན་པ་དང་ངག་ལྐུག་པ་ནི་གསུང་རབ་ལ་སྡང་བ་དང་དམ་པའི་ཆོས་ལ་སྨད་པ་ཡིན་ནོ། །སྣས་དྲི་མི་ཚོར་བ་ནི་དྲི་མི་ཞིམ་པའི་སྤོས་ངན་བསྲེགས་པ་ཡིན་ནོ། །མིག་དམར་བ་ནི་ཐེག་པ་ཆེན་པོ་ཆོས་ལ་སྨད་པ་ཡིན་ནོ། །གཟུགས་དཀར་ཞིང་དམར་བ་ནི་མཆོད་པ་རྒྱ་ཆེན་པོ་བྱས་པ་ཡིན་ནོ། །ལུས་ཁ་དོག་གནག་ཅིང་རིང་བ་ནི་དེ་བཞིན་གཤེགས་པའི་སྐུ་ལ་དུད་པ་བཏང་བ་ཡིན་ནོ། །མིག་མི་གསལ་བ་ནི་སེམས་ཅན་གྱི་མིག་ལ་གནོད་པ་བྱས་པ་ཡིན་ནོ། །ཚེ་འདི་ལ་བུ་མེད་པ་ནི་སེམས་ཅན་དུ་མ་བསད་པ་ཡིན་ནོ། །ལུས་ཡོན་པོ་དང་ཡན་ལག་ཞ་བ་ནི་སེམས་ཅན་དུ་མ་བཅིངས་པ་དང་དོལ་ལ་བཟུག་པ་ཡིན་ནོ། །འོད་གསལ་བ་ཡང་མི་མཐོང་བ་ནི་བྱའི་མིག་ལ་ཁབ་སྐུད་ཀྱིས་བཙེམས་པ་ཡིན་ནོ། །རྒས་ནས་རབས་ཆད་པ་ནི་སྒོ་ང་བཅག་པ་ཡིན་ནོ། །ཚེ་འདིར་ཕོ་རེང་དུ་གྱུར་པ་ནི་ཆུང་མ་ལ་སྡང་བ་ཡིན་ནོ། །བུད་མེད་ཁྱིམ་ཐབ་མེད་པ་ནི་ཁྱིམ་ཐབ་ལ་སེམས་སྡང་བ་ཡིན་ནོ། །ཕོ་མོ་རྟག་ཏུ་སོ་སོར་ངེས་པ་ནི་ཕ་མ་ལ་མ་གུས་པ་དང་སྤྱོད་པ་ངན་པ་བྱས་པ་ཡིན་ནོ། །ཚེ་འདིར་དབུལ་བ་ནི་ཟས་ནོར་གསོག་མི་མཁས་ཤིང་སྡང་བ་ཡིན་ནོ། །མིའི་ལུས་ལ་ཡན་ལག་ཚང་བ་དང་ལྡན་པ་ནི་དཀོད་མཆོག་གསུམ་ལ་དད་པ་ཐོབ་པ་ཡིན་ནོ། །ཞེས་དང་། རྒྱལ་བའི་བློ་གྲོས་ཀྱི་ཞུས་པའི་མདོ་ལས། ཤེས་རབ་འདོད་པས་ཐོས་པ་ལ་བརྩོན་པར་བྱའོ། །མཐོ་རིས་འདོད་པས་ཚུལ་ཁྲིམས་བསྲུང་བར་བྱའོ། །གཟུགས་བཟང་བར་འདོད་པས་བཟོད་པ་བསྒོམ་པར་བྱའོ། །སྤོབས་པ་འདོད་པས་བླ་མ་ལ་གུས་པར་བྱའོ། །གཟུངས་འདོད་པས་མངོན་པའི་ང་རྒྱལ་མེད་པར་བྱའོ། །ཡེ་ཤེས་འདོད་པས་ཚུལ་བཞིན་ཡིད་ལ་གནས་པར་བྱའོ། །ཐར་པ་འདོད་པས་སྡིག་པ་ཐམས་ཅད་སྤང་བར་བྱའོ། །སེམས་ཅན་ཐམས་ཅད་བདེ་བར་བྱ་བར་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །སྐད་སྙན་པར་འདོད་པས་བདེན་པར་སྨྲ་བར་བྱའོ། །ཡོན་ཏན་འདོད་པས་རབ་ཏུ་དབེན་པ་ལ་གནས་པར་བྱའོ། །ཆོས་འདོད་པས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །ཞི་གནས་འདོད་པས་འདུ་འཛི་མེད་པར་བྱའོ། །ལྷག་མཐོང་འདོད་པས་ཆོས་སྟོང་པར་སོ་སོར་བརྟག་པ་མང་དུ་བྱའོ། །ཚངས་པའི་འཇིག་རྟེན་འདོད་པས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བསྒོམ་པར་བྱའོ། །ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདོད་པས་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་བྱའོ། །ཡོངས་སུ་མྱ་ངན་ལས་འདས་པར་འདོད་པས་སྟོང་པའི་ཆོས་ལ་མངོན་པར་དགའ་བར་བྱའོ། །ཡོན་ཏན་ཐམས་ཅད་འཐོབ་པར་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །ཞེས་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། འཇིག་རྟེན་དག་ནི་བདེ་ཞིང་སྐྱིད་པ། ཐམས་ཅད་དཀོན་མཆོག་མཆོད་ལས་བྱུང་བས། །དེས་ན་བདེ་ཞིང་སྐྱིད་པར་འདོད་པས། །དཀོན་མཆོག་གསུམ་པོ་མཆོད་ལ་བརྩོན་བྱ། །ཞེས་གསུངས་པ་ལྟར་བྱའོ། ན་མོ་ཤཱཀྱ་མུ་ན་ཡེ་། ཚེ་མཐའི་མདོ་ལས་བཤད་པ་བཞིན། །འགྲོ་བ་རྣམས་ཀྱི་ཚེ་ཡི་ཚད། །རིག་ཐུང་ཇི་ལྟར་ཡིན་པའི་ཚུལ་། །བསྡུས་ནས་གོ་བདེར་བསྟན་པར་བྱ། །དེ་ཡང་བསྐལ་བ་དང་པོའི་མི་རྣམས་ཀྱི་ཚེའི་ཚད་ནི་བར་བསྐལ་ཡང་མོ་ཐོབ་ལ། དེ་ནས་རིམ་གྱིས་ཚེ་བྲི་ནས་སྟོན་པ་ཤཱཀྱ་ཐུབ་པ་བྱོན་པའི་དུས་སུ་འཛམ་བུ་གླིང་པ་རྣམས་ཀྱི་ཚེའི་ཚད་ནི་ལོ་བརྒྱ་སྟེ་ད་ལྟ་དྲུག་ཅུ་ཁ་རལ་དང་མཐར་ཚེ་ལོ་བཅུ་པར་འགྱུར་རོ། །ཤར་ལུས་འཕགས་གླིང་པའི་ཚེ་ལོ་ཉིས་བརྒྱ་ལྔ་བཅུ་དང་། ནུབ་པ་ལང་སྦྱོད་པའི་ཚེ་ལོ་ལྔ་བརྒྱ་སྟེ་དེ་དག་ལ་བར་མ་དོར་འཆི་བ་ནི་ཡོད་ཅིང་། བྱང་སྒྲ་མི་སྙན་པའི་ཚེ་ནི་ལོ་སྟོང་དུ་ངེས་སོ། དམྱལ་བའི་ཚེ་ཚད་ནི་འོག་ཏུ་འཆད་པར་འགྱུར་ཞིང་། དུད་འགྲོའི་ནང་ཚན་ཀླུ་ལྟ་བུ་ལ་ཚེ་བསྐལ་པར་ཐུབ་པའང་ཡོད་ཅིང་། འབུ་སྲིན་ལྟ་བུ་ཚེ་ཐུང་བ་ཉིད་ཞག་ཏུ་མི་ལོངས་པའང་ཡོད་དོ། །ཡི་དྭགས་ཀྱི་རྒྱལ་པོ་འགའ་ཞིག་གི་ཚེ་བསྐལ་པར་ཐུབ་པ་ཡོད་ཅིང་། གཞན་མིའི་ཉིན་ཞག་སུམ་ཅུ་ལ་ཡི་དྭགས་ཀྱི་ཉིན་ཞག་གཅིག །དེ་སུམ་ཅུར་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་ཁོ་རང་གི་ལོ་ལྔ་བརྒྱ་ཐུབ་ལ། མིའི་ལོ་ལྟར་བརྩིས་ན་ལོ་ཁྲི་ལྔ་སྟོང་ཡོད་ཅིང་། བར་མ་དོར་འཆི་བ་ཡོད་དེ་འོག་མ་རྣམས་ལའང་འདྲའོ། །མིའི་ལོ་ལྔ་བཅུ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ཉིན་ཞག་གཅིག ། དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱས་པའི་རང་གི་ལོ་ལྔ་བརྒྱ་སྟེ། མིའི་ལོ་ལྟར་བརྩེས་ནས་ལོ་དགུའོ། དེ་བསྡོམས་པ་ནི་དམྱལ་པ་ཡང་སོས་ཀྱི་ཉིན་གཅིག་གོ །ཟླ་བ་དང་ལོ་སྔར་ལྟར་བརྩིས་པས་ཡང་སོས་པའི་ཚེ་ཚད་ནི་རང་ལོ་ལྔ་བརྒྱ་སྟེ། མིའི་ལོ་ལྟ་བརྩིས་ན་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉི་སྟོང་ཡོད་དོ། །མིའི་ལོ་བརྒྱ་ནི་སུམ་ཅུ་རྩ་གསུམ་པའི་ལྷའི་ཉིན་ཞག་གཅིག་སྟེ་ཟླ་བ་དང་ལོ་སྔར་ལྟར་བྱས་པའི་ཚེ་ཚད་ནི་རང་ལོ་སྟོང་ཐུབ་ཅིང་མིའི་ལོ་ལྟར་བརྩིས་ན་ལོ་བྱེ་བ་གསུམ་དང་ས་ཡ་དྲུག་གོ །དེ་དམྱལ་བ་ཐིག་ནག་གི་ཉིན་ཞག་གཅིག་སྟེ་ཟླ་བ་དང་ལོ་སྔར་ལྟར་བྱས་པའི་རང་ལོ་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་བྱེ་བ་ས་ཡ་ཉིས་འབུམ་དགུ་ཁྲི་དྲུག་སྟོང་རྩ་བཅུ་གཉིས་སོ། །མིའི་ལོ་ཉིས་བརྒྱ་ནི་འཐབ་བྲལ་གྱི་ལྷའི་ཉིན་ཞག་གཅིག་སྟེ་ཟླ་བ་དང་ལོ་སྔར་ལྟར་བྱས་པའི་རང་ལོ་ཉིས་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་བྱ་བ་བཅུ་བཞི་དང་ཁྲི་བཞི་སྟོང་ངོ། །དེ་ནི་དམྱལ་བ་བསྡུས་འཇོམས་པའི་ཉིན་ཞག་གཅིག་སྟེ་ཟླ་བ་དང་ལོ་སྔར་ལྟར་བྱས་པའི་རང་ལོ་ཉིས་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ལོ་བྱེ་བ་སུམ་འབུམ་དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་གོ །མིའི་ལོ་བཞི་བརྒྱ་ནི་དགའ་ལྡན་གྱི་ལྷའི་ཉིན་ཞག་གཅིག་སྟེ་ཟླ་བ་དང་པོ་སྔར་ལྟར་བྱས་པའི་རང་ལོ་བཞི་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ལོ་བྱེ་བ་ལྔ་བཅུ་རྩ་བདུན་དང་ས་ཡ་དྲུག་གོ །དེ་ནི་དམྱལ་བ་ངུ་འབོད་ཀྱི་ཉིན་ཞག་གཅིག་སྟེ་ཟླ་བ་དང་ལོ་སྔར་ལྟར་བྱས་པའི་རང་ལོ་བཞི་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ལོ་བྱེ་བ་ས་ཡ་གཉིས་དང་བྱེ་བ་དགུ་འབུམ་བཞི་ཁྲི་བཞི་སྟོང་དང་བྱེ་བ་བརྒྱད་དོ། །མིའི་ལོ་བརྒྱད་བརྒྱ་ནི་འཕྲུལ་དགའི་ལྷའི་ཉིན་ཞིག་གཅིག་ལྟེ་ཟླ་བ་དང་ཡོ་སྔར་ལྟར་བྱས་པའི་རང་ལོ་བརྒྱད་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ལོ་བྱ་བ་ཉིས་བརྒྱ་སུམ་ཅུ་དང་ས་ཡ་བཞིའོ། དེ་ནི་དམྱལ་བ་ངུ་འབོད་ཆེན་པོའི་ཉིན་ཞག་གཅིག་སྟེ་ཟླ་བ་དང་ལོ་སྔར་ལྟར་བྱས་པའི་རང་ལོ་བརྒྱད་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ལོ་བྱེ་བ་ས་ཡ་གསུམ་དང་བྱེ་བ་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་དྲུག་ཅུ་རྩ་དྲུག་གོ །མིའི་ལོ་སྟོང་དང་དྲུག་བརྒྱ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ཉིན་ཞག་གཅིག་དང་དེ་སུམ་ཅུ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ལོ་ས་ཡ་དྲུག་དང་བྱེ་བ་དགུ་བརྒྱ་ཉི་ཤུ་རྩ་གཅིག་གོ །དེ་ནི་ཚ་དམྱལ་བའི་ཉིན་ཞག་གཅིག་དང་དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་ཅིང་། མིའི་ལོ་ལྟར་བརྩིས་ན་ས་ཡ་བརྒྱད་དང་བཞི་འབུམ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ལྔ་བརྒྱ་སུམ་ཅུའོ། དེ་དག་ནི་ཚ་དམྱལ་གྱི་ཚེ་ཚད་དོ། །མནར་མེད་ཀྱི་ཚེ་ཚད་ནི་བར་བསྐལ་གཅིག་ཐུབ་ཅིང་། །དེ་བརྒྱད་ནི་སྔ་མ་ལས་ཕྱི་མ་བརྒྱད་འགྱུར་རོ། །ཡང་། ཡུལ་གོ་ས་ལའི་ཁལ་བཅུ་ཚད་ཉི་ཤུ་ཤོང་བའི་ཏིལ་གྱི་བང་བ་ནས་ལོ་བརྒྱ་རེ་ནས་ཏིལ་རེ་རེ་ཙམ་བླངས་པས་ཏིལ་ཐམས་ཅད་ཟད་པར་གྱུར་པའི་ཡུན་ནི་ཆུ་བུར་ཅན་གྱི་དམྱལ་པའི་ཚེ་ཚད་ཡིན་ལ། དེ་བཞིན་དུ་ཆུ་བུར་རྡོལ་བ་དང་། སོ་ཐམ་ཐམ་པ་དང་། ཀྱི་ཧུད་ཟེར་པ་དང་། ཨ་ཆུ་ཟེར་བ་དང་། ཨུཏྤ་ལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་རྣམས་སྔ་མ་ལས་ཕྱི་མ་ཉི་ཤུས་འཕར་ཞིང་རིང་ངོ་། །ཡང་། གཟུགས་ཁམས་གྱི་དང་པོ་ཚངས་རིས་པའི་ལྷའི་ཚེ་ཚད་བསྐལ་ཆེན་ཕྱེད། ཚངས་པ་འདུན་ན་འདོན་པ་བསྐལ་པའི་བཞི་ཆ་གསུཾ་། ཚངས་ཆེན་པ་བསྐལ་ཆེན་གཅིག །དེ་ནས་ཉིས་འགྱུར་ཏེ་འོད་ཆུང་པ་བསྐལ་ཆེན་གཉིས། ཚད་མེད་འོད་བསྐལ་ཆེན་བཞི། འོད་གསལ་བ་བསྐལ་ཆེན་བརྒྱད། དགེ་ཆུང་བ་བསྐལ་ཆེན་བཅུ་དྲུག ཚད་མེད་དགེ་བསྐལ་ཆེན་སོ་གཉིས། དགེ་རྒྱས་པ་བསྐལ་ཆེན་དྲུག་ཅུ་རྩ་བཞི། སྤྲིན་མེད་པ་བསྐལ་ཆེན་བརྒྱ་ཉི་ཤུ་རྩ་ལྔ། བསོད་ནམས་སྐྱེས་བསྐལ་ཆེན་ཉིས་བརྒྱ་ལྔ་བཅུ། འབྲས་བུ་ཆེ་བ་བསྐལ་ཆེན་ལྔ་བརྒྱ། མི་ཆེ་བ་བསྐལ་ཆེན་སྟོང་། མི་གདུང་བ་བསྐལ་ཆེན་ཉིས་སྟོང་། ཤིན་ཏུ་མཐོ་བ་བསྐལ་ཆེན་བཞི་སྟོང་། གྱ་ནོམ་སྣང་བ་བསྐལ་ཆེན་བརྒྱད་སྟོང་། འོག་མིན་པའི་ལྷ་རྣམས་ནི་བསྐལ་ཆེན་ཁྲི་དྲུག་སྟོང་ཐུབ་བོ། གཟུགས་མེད་དང་པོ་ནམ་མཁའ་མཐའ་ཡས་པའི་ལྷ་རྣམས་ནི་བསྐལ་ཆེན་ཉི་ཁྲི། གཉིས་པ་རྣམ་ཤེས་མཐའ་ཡས་པ་ནི་བསྐལ་ཆེན་བཞི་ཁྲི། གསུམ་པ་ཅི་ཡང་མེད་པ་ནི་བསྐལ་ཆེན་དྲུག་ཁྲི། བཞི་པ་འདུ་ཤེས་མེད་མིན་ནམ་སྲིད་རྩེ་བ་ནི་བསྐལ་ཆེན་བརྒྱད་ཁྲི་ཐུབ་སྟེ། དེ་བཞི་ཡང་སྔ་མ་ལས་ཕྱི་མ་བསྐལ་ཆེན་ཉིས་ཁྲི་རེས་རིང་ངོ། །འདོད་གཟུགས་གཉིས་དང་གཟུགས་མེད་ཀྱི་ལྷ་དེ་རྣམས་ལ་བར་མ་དོར་འཆི་བ་ནི་ཡོད་ལ། སྒྲ་མི་སྙན་པ་ནི་མ་གཏོགས་སོ། །ཚངས་རིས་པའི་ལུས་དཔག་ཚད་ཕྱེད་ཡིན་པ་དེ་བཞིན་དུ་དེའི་ཚོ་ཚད་ཀྱང་བསྐལ་ཆེན་ཕྱེད་ཡིན་པ་ནས། འོག་མིན་པའི་ལུས་དཔག་ཚད་ཁྲི་དྲུག་སྟོང་ཡིན་པའི་ལུས་དཔག་ཚད་ཁྲི་དྲུག་སྟོང་ཡིན་པ་ལྟར་དེའི་ཚེ་ཚད་ཀྱང་བསྐལ་ཆེན་ཁྲི་དྲུག་སྟོང་གི་བར་འདྲ་ལ། འོན་ཀྱང་སྤྲིན་མེད་པའི་ལུས་ཚད་ཀྱི་སྟེང་ནས་དཔག་ཚད་གསུམ་ཁྲི་ནས་དཔག་ཚད་བརྒྱ་ཉེར་ལྔ་སྟེ། ཚེ་ཚད་ཀྱང་བསྐལ་ཆེན་བརྒྱ་ཉེར་ལྔ་ཡོད་པ་ནི་དམིགས་བསལ་ལོ། །ཚེ་ཚད་དེ་དག་ནི་བདག་གིས་མཛོད་ཀྱི་ཊཱི་ཀྐར་མདོར་བསྡུས་ཞིག་བྲིས་ཟིན་ཀྱང་འདིར་མདོའི་དགོངས་པ་ལྟར་གོ་བདེར་བཀོད་པའོ། འདི་དག་ལ་མདོ་དང་བསྟན་བཅོས་འགའ་ཞིག་ནས་ཅུང་ཟད་མི་འདྲ་བ་རེ་ཡང་འབྱུང་སྟེ་བརྟག་དགོས་བར་སྣང་ངོ། །འཇིག་རྟེན་ཕྱི་མ་དོན་གཉེར་བའི། །བློ་ལྡན་འགའ་ལ་ཕན་གདགས་ཕྱིར། །དཀར་ནག་ལས་ཀྱི་རྣམ་གཞག་དང་། །ཚེ་མཐའི་མདོ་དོན་གོ་སླར་བཤད། །ཅེས་པ་འདི་དག་ཀྱང་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་ཅོ་ནེ་དགོན་ནས་དད་པས་བསྒྲིགས་པའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ཕན་ཐོགས་པར་གྱུར་ཅིག །མདྒ་ལཾ།

སྒྲ་འཚམས་སྦྱོར་ལྔ་པ་བློ་ལྡན་དོན་གཉེར་ཅན་གྱི་འཇུག་ངོགས་ལྷ་ལམ།

སྒྲ་འཚམས་སྦྱོར་ལྔ་པ་བློ་ལྡན་དོན་གཉེར་ཅན་གྱི་འཇུག་ངོགས་ལྷ་ལམ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཀུན་གྱི་ཡེ་ཤེས་ཕུང་པོ་ཉིད། །རབ་མཛེས་ལྷ་མོའི་གཟུགས་ཀྱིས་རྣམ་རོལ་ཏེ། །དྲན་པ་ཡིས་ཀྱང་བློ་ཡི་མཆོག་སྟེར་པ། །ངག་དབང་དབྱངས་ཅན་ལྷ་མོའི་ཞབས་ལ་འདུད། །མགོན་ཁྱོད་ཐུགས་རྗེ་ཉི་མའི་འོད་ཟེར་གྱིས། །བདག་བློའི་རྣམ་དཔྱོད་པདྨོ་རྒྱས་མཛོད་དང་། །བདག་གིས་ཁྱོད་གསུང་སྦྲང་རྩི་འབྱུང་བའི་གནས། །བློ་གསལ་བུང་བའི་དགའ་སྟོན་འཕེལ་ཕྱིན་སྦྱིན། །སྒྲ་གཞུང་རྒྱ་མཚོ་གཏིང་དཔག་དཀའ་བ་རུ། །བློ་ཆུང་བྱིས་པ་རང་དབང་བརྒལ་དཀའ་ཡང་། །ཆུ་ཐིག་ཙམ་ཞིག་སྤོབས་པའི་རྔ་ཡབ་རྩེས། །ལེན་ནོ་དོན་གཉེར་ཅན་དག་དགྱེས་པར་མཛོད། །དེ་ལ་འདིར་སྒྲ་རིག་པའི་ཆ་ཤས་ལྡེ་མིག་ལྟ་བུ་འཚམས་སྦྱོར་ལྔ་པའི་རྣམ་གཞག་ཅུང་ཟད་བཤད་པར་བྱ་སྟེ། རིག་གནས་དོན་གཉེར་ཅན་སྤྱི་དང་། ཐར་འདོད་ཀྱི་སྐྱེས་བུས་ཀྱང་སྒྲ་རིག་པ་ལ་སོགས་པའི་རིགས་གནས་ལྔ་སློབ་པ་ལ་འཇུག་དགོས་ཤིང་། མ་ཞུགས་ན་འཕགས་པ་ཡིན་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་འགྱུར་པའི་ཕྱིར་ཏེ། རྗེ་བཙུན་བྱམས་མགོན་གྱིས་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་བཅད་པ་དང་རྗེས་བཟུང་ཕྱིར། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་པས་སོ། །སྒྲ་རིག་པའི་གཙོ་བོ་ནི་ལེགས་སྦྱར་གྱི་སྐད་ཤེས་པ་ལྟ་བུ་སོགས་ཡིན་མོད། བོད་ཀྱི་དག་ཡིག་ཀྱང་སྒྲ་རིག་པའི་ཁོངས་སུ་འདུའོ། །སྒྲ་རིག་པ་སྟོན་པའི་གཞུག་མང་ཡང་འདིར་གང་འཆད་པ་ལ་གཉིས། རྗེ་བཙུན་དབྱངས་ཅན་མས་མཛད་པའི་སྒྲ་རིག་པའི་གཞུང་གི་ཐོག་མར་འབྱུང་པའི་འཚམས་སྦྱོར་ལྔ་པའི་དོན་གཙོ་བོར་འཆད་པ་དང་། གཞོན་ནུ་གདོང་དྲུག་གི་གསུང་ཀ་ལཱ་པའི་འཚམས་སྦྱོར་ལས་བསྡུས་ནས་འཆད་པ་གཉིས། དང་པོ་ནི། རྒྱ་གར་སྐད་དུ། སྭ་ར་སྭ་སྟི་བྱཱ་ཀ་ར་ཎ་སཱུ་ཏྲཿ བོད་སྐད་དུ། བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ། འཕགས་མ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ་ཞེས་པ་ནི་གོ་སླའོ། །དེ་ནས་འཚམས་སྦྱོར་ལྔ་པའི་ཐོག་མར་ཡི་གེ་སོ་སོའི་མིང་དང་བརྡ་འཆད་པ་ལ་དབྱངས་ཀྱི་བརྡ་ནི། ཨ་ཨི་ཨུ་རྀ་ལྀ་མཚུངས་པ་རྣམས་སོ་ཞེས་གསུངས་ཏེ། དེ་རྣམས་ལ་མཚུངས་པའི་ཡི་གེ་ཞེས་མིང་དུ་བཏགས་པ་ནི། ཕྱིས་དེ་དག་གི་ངོས་བཟུང་གོ་སླ་བའི་ཆེད་དེ་གཞན་ཡང་ངོ། །ཐུང་ངུ་རིང་པོ་པླུ་ཏས་ཕྱེ་བ་རྣམས་འདྲ་བའོ་ཞེས་པ་ནི་ཨ་སོགས་མཚུངས་པའི་ཡི་གེ་དེ་རྣམས་ལ་ནི་ཨ་ཨཱ་ཨོ་ཉ་ལྟ་བུ་རིམ་པ་བཞིན་དུ་ཐུང་ངུ་རིང་པོ་དང་པཱུ་ཏའི་ཡུན་ཚད་ཀྱིས་ཕྱེ་བ་གསུམ་གསུམ་ཡོད་ཅིང་ཨ་གཉིས་སོགས་ཕན་ཚུན་སོ་སོར་འདྲ་བའོ། །ལྷག་མ་འཇིག་རྟེན་ལས་གྲུབ་པ་འདིར་བཤད་དོ་ཞེས་པ་ནི། ཚད་སོགས་འདིར་དངོས་སུ་མ་བཤད་པའི་ལྷག་མ་འཇིག་རྟེན་དང་བསྟན་བཅོས་གཞན་ལ་གྲགས་ཤིང་གྲུབ་པ་རྣམས་ཀྱང་འདིར་བཤད་པར་བྱའོ། །དེ་ཡང་ཨ་ཨི་ཨུ་ཨེ་ཨོ་རྀ་ལྀ་སོགས་མིག་འཛུམ་གཅིག་གི་ཡུན་ཚད་དུ་བཀླག་དགོས་པ་རྣམས་ཐུང་ངུ་དང་། ཨཱ་ཨཱི་ཨཱུ་སོགས་མིག་འཛུམ་གཉིས་ཀྱི་ཡུན་དུ་བཀླག་དགོས་པ་རྣམས་རིང་པོ་དང། །སུམ་འཁྱོག་པླུ་ཏ་མིག་འཛུམ་གསུམ་གྱི་ཡུན་དུ་བཀླག་དགོས་པ་རྣམས་ནི་ཤིན་ཏུ་རིང་པོའོ། །ཨེ་ཨཻ་ཨོ་ཨཽ་འཚམས་སྦྱོར་གྱི་ཡི་གེ་རྣམས་སོ། དེ་རྣམས་ལ་འཚམས་སྦྱོར་གྱི་ཡི་གེ་ཞེས་བྱའོ། །གཉིས་པོ་རྣམས་དབྱངས་སོ། ཨ་ནས་སཱྀའི་བར་ཚན་པ་ལྔ་དང་། ཨེ་ཨཻ་དང་ཨོ་ཨཽ་བཞི་སྟེ་བཅུ་བཞི་པོ་རྣམས་ནི་དབྱངས་ཞེས་བྱའོ། །ཨ་བོར་བ་ནཱ་མིའོ། དེའི་ནང་ནས་ཨ་ཐུང་བོར་བ་སྟེ་དེ་མ་གཏོགས་པའི་དབྱངས་རྣམས་ལ་ནཱ་མིའི་ཡི་གེ་ཞེས་བརྗོད་དོ། དེ་ནས་གསལ་བྱེད་ཀྱི་བརྡ་ནི། ཧ་ཡ་ཝ་ར་ལ། ཉ་ཎ་ན་ང་མ། ཛྷ་ཌྷ་དྷ་གྷ་བྷ། ཛ་ཊ་ད་ག་བ། ཁ་ཕ་ཚ་ཋ་ཐ། ཙ་ཊ་ཏ་ཀ་པ། ཤ་ཥ་ས། ཐོག་མ་དང་མཐའ་མ་དག་གིས་སོ་ཞེས་པ་ནི། དེ་དག་ཐོག་མཐའི་ཡི་གེ་གཉིས་ཙམ་བརྗོད་པས་བར་གྱི་ཡི་གེ་རྣམས་གོ་བར་བྱེད་པ་སྟེ། དཔེར་ན། ཧ་ས་ཞེས་སྨྲས་པས་གསལ་བྱེད་ཡོངས་རྫོགས་གོ་ལ། ཨ་ཡིག་ལ་སོགས་པའི་མཐར་ཧ་ས་གང་བཞག་པས་དེར་གོ་བ་ནི། ཨ་ཨི་ཨུ་རྀ་ལྀ་ཨེ་ཨཻ་ཨོ་ཨཽ། ཧ་ཡ་ཝ་ར་ལ། ཉ་ཎ་ན་ང་མ། ཛྷ་ཌྷ་དྷ་གྷ་བྷ། ཛ་ཌ་ད་ག་པ་ཞེས་པ་རྣམས་ཀྱི་བར་ལ་ཨ་བ་སོ་སོར་བསྡུ་བ་ཞེས་བྱ་ཞིང་ཙ་ཊ་ཏ་ཀ་པའི་ཐོག་མཐའ་གཉིས་སྨོས་པ་ཙ་པ་སོ་སོར་བསྡུ་བ་དང་། དེ་བཞིན་དུ་ཛྷ་ཌྷ་ངྷ་གྷ་བྷ་ལ་ཛྷ་བྷ་སོ་སོར་བསྡུ་བ་དང་། ཛ་ཌ་ད་ག་པ་ལ་ཛ་བ་སོ་སོར་བསྡུ་བ་ཞེས་བྱ་བ་སོགས་སྡེ་ཚན་གྱི་ཐོག་མཐའི་ཡི་གེ་སྨོས་པས་བར་གྱི་ཡི་གེ་རྣམས་གོ་བར་བྱའོ། །ཧ་ས་གསལ་བྱེད་རྣམས་སོ། །སྔར་བཤད་པའི་ཧ་ནས་སའི་བར་གྱི་གསལ་བྱེད་ཀྱི་ཡི་གེ་དེ་རྣམས་ལ་ཧ་སའི་ཡི་གེ་ཞེས་བརྗོད་དོ། །དབྱངས་ཉམས་པ་གསལ་བྱེད་དོ། །ཧ་ས་སོ་སོར་བསྡུ་བའི་ཡི་གེ་དབྱངས་མེད་པ་རྣམས་ལ་གསལ་བྱེད་ཅེས་ཀྱང་ཟེར་རོ། །བྱ་བའི་ཆེད་དུའོ། །ཧ་ས་རྣམས་ཀྱི་སྲོག་ཏུ་ཨ་ཡིག་ཞུགས་པ་ནི་བརྗོད་བ དེ་བའི་ཆེད་དུའོ། །གང་ཞིག་ཨི་ཏ་ཀྱི་མིང་ཅན་དེ་ནི་དབྱིའོ། །རྐྱེན་དང་བྱིངས་སོགས་གང་ལའང་རྗེས་འབྲེལ་དབྱི་བ་དེ་ལ་ཨིཏ་ཀྱི་མིང་ཅན་ཟེར་ཏེ། དེ་ནི་དབྱི་བར་བྱ་བའོ། །ཡང་ཡི་གེ་མི་མཐོང་བ་ནི་ཕྱིས་པའོ། །ཡི་གེ་རྣམ་པར་འགོག་པ་ནི་དབྱེ་བ་ཙམ་མོ། གཉེན་དང་འདྲ་བ་ནི་ཨཱ་ག་མའོ། །དགྲ་དང་འདྲ་བ་ནི་ཀུན་ནས་བསྒྱུར་བའོ། །དབྱངས་བར་ན་མེད་པའི་ཧ་ས་རྣམས་ནི་ཕ་རོལ་ཏུ་ཡང་དག་པར་སྦྱོར་བའོ་སྟེ། དབྱངས་བར་ན་མེད་པའི་ཧ་ས་གཉིས་དང་གསུམ་སོགས་བརྩེགས་པ་དེ་ལ་ཡང་དག་པར་སྦྱོར་བ་ཞེས་བརྗོད་དོ། །ཀུ་ཙུ་ཊུ་ཏུ་པུ་སྡེ་པ་རྣམས་སོ་སྟེ། ཀུ་ཞེས་པས་ཀ་སྡེ་གོ་བ་སོགས་ཨུ་སྲོག་ཏུ་ཞུགས་པས་རང་རང་གི་སྡེ་པའི་ཡི་གེ་ལྔ་པོ་གཟུང་བར་བྱ་བའོ། །ཨར་ཨེར་ཨོ་ནཱ་མིའི་ཡོན་ཏན་ནོ་སྟེ། ནཱ་མོའི་ཡི་གེར་བཏགས་པའི་ནང་ནས་ཨར་ཨེ་ཏ་ཨོ་རྣམས་ལ་ཡོན་ཏན་གྱི་ཡི་གེ་ཞེས་བྱའོ། །ཨཱ་ཨཱར་ཨཻ་ཨཽ་འཕེལ་བའོ་སྟེ། ཨཱ་ཨཱར་ཨཻ་ཨཽ་རྣམས་ལ་ནི་འཕེལ་བའི་ཡི་གེ་ཞེས་བྱའོ། །མཐའི་དབྱངས་ལ་སོགས་པ་ཊིའོ། །ཚིག་མཐའི་དབྱངས་ལ་སོགས་པའི་ཡི་གེ་དེ་ལ་ཊིའི་མིང་ཅན་ཞེས་བྱའོ། །མཐའ་ལས་སྔོན་མ་ཨུ་པ་དྷཱའོ། །མཐའི་གསལ་བྱེད་སྲོག་མེད་ཀྱི་སྔོན་མའི་དབྱངས་དེ་ལ་ཨུ་པ་དྷཱ་ཞེས་བྱའོ། །ཕ་རོལ་ཏུ་ཡང་དག་པར་སྦྱོར་བ་སོགས་མེད་པའི་ཐུང་དུ་ནི་ཡང་བའོ་ཞེས་པ་ནི། ཡང་དག་པར་སྦྱོར་བ་དང་། རྣམ་བཅད་དང་། རྗེས་སུ་ང་རོ་རྣམས་ཕ་རོལ་ཏུ་ཡོད་པ་དང་རིང་པོ་རྣམས་ནི་ལྕི་བ་ཡིན་ལ། ཡང་དག་པར་སྦྱོར་བ་དང་རྣམ་བཅད་སོགས་ཕ་རོལ་ན་མེད་པའི་ཐུང་ངུ་རྣམས་ལ་ནི་ཡང་བ་ཞེས་བྱ་སྟེ། ཐ་སྙད་འདི་སྡེབ་སྦྱོར་ལ་དགོས་སོ། འཚམས་སྦྱོར་གྱི་ཡི་གེའི་མིང་གི་རབ་ཏུ་བྱེད་པའོ། དེ་ནས་འཚམས་སྦྱོར་གྱི་ཆོ་ག་བཤད་པ་དངོས་ལ་བཞི། དབྱངས་དང་། རང་བཞིན་དུ་གནས་པ་དང་། གསལ་བྱེད་དང་། རྣམ་ཅད་ཀྱི་མཚམས་སྦྱར་རོ། །དང་པོ་ནི། དབྱངས་ལ་ཨོ་ཡའོ་ཞེས་པ་ན། ཕ་རོལ་ཏུ་དབྱངས་ཀྱི་ཡི་གེ་གང་རུང་ཞིག་ཡོད་པ་ལ། ཚུ་རོལ་གྱི་ཚིག་མཐའ་ལ་སོགས་པའི་ཨི་ཡིག་ནི་ཡ་རུང་འགྱུར་ཏེ། མཚོན་ན། ད་དྷི། ཨཱ་ན་ཡ་ཞེས་ལྟ་བུ་ལ། དྷའི་སྲོག་གི་ཨི་ཕྱུང་ནས་ཡང་བསྒྱུར། ཧ་ས་ལས་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ། དབྱངས་ལས་ཕ་རོལ་གྱི་ར་དང་ཧ་ཡིག་མིན་པའི་ཧ་སའི་ཡི་གེ་ཕ་རོལ་ལ་གཉིས་སུ་འགྱུར་ཏེ། དྷ་ཡིག་གཉིས། ཛྷ་བྷ་ལ་ཛ་བ་རྣམས་སོ། ཚུ་རོལ་ཛྷ་པའི་ཡི་གེ་རྣམས་ཛྷ་བྷ་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་ཛ་བ་སོ་སོར་བསྡུ་བའི་ཡི་གེར་འགྱུར་ཏེ། དྷ་ཡིག་གོང་མ་སྡེ་བ་གཅིག་པའི་གྲངས་མཚུངས་པའི་ད་ཡིག་ཏུ་བསྒྱུར། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ། ཚུ་རོལ་གྱི་ཧ་ས་དབྱངས་མེད་རྣམས་ནི་ཕ་རོལ་དབྱངས་སམ། ཧ་ས་དབྱངས་ལྡན་གང་ཡོད་པ་དེ་ལ་ཡང་དག་པར་སྦྱོར་ཏེ། རིམ་པར་དྲངས་པས་དདྡྷྱ་ན་ཡ་ཞེས་ལོངས་ཤིག་ཞེས་པ་གྲུབ། གཽ་རི་ཨ་ཏྲཿ ཞེས་པ་བཞག །དེ་ལ་ར་ཡིག་གཉིས་སུ་མི་འགྱུར་བས། ཨི་ཡར་བསྒྱུར། ར་ལས་ཡ་ཡང་གཉིས་སོ། དབྱངས་སྔོན་དུ་ཡོད་པའི་ར་ཡིག་ལས་ཕ་རོལ་ཏུ་ཡ་ཡང་གཉིས་སུ་འགྱུར་བས། ཡ་གཉིས། རིམ་པར་དྲངས་ནས་ར་ཡིག་དེའི་སྟེང་བྲིས་པས། གཽ་རཡཡ་ཏྲཿདཀར་མོ་འདིར་ན་ཧི། ན་ཧྱ་འདིར་མེད་ཏྲཿ་དེ་གཞན་འགའ་ལའང་སྦྱོར། ཨུ་ཝའོ། དབྱངས་ཕ་རོལ་ལ། ཚུ་རོལ་གྱི་ཨུ་ནི་ཝ་ཡིག་ཏུ་འགྱུར་ཏེ། མདྷྱུཿལ། མརྫ་སྦྲང་རྩི་འདིར་ཏྲཿ རྀ་རའོ། དབྱངས་ཕ་རོལ་ལ་ཚུ་རོལ་གྱི་རྀ་ཡིག་ནི་ར་ཡིག་ཏུ་འགྱུར་ཏེ། པི་ཏྲྀ་སརྦ་ཞེས་པ་ལ་པི་ཏྲ་རྠཿ ཕའི་དོན་ལྀ་ལའོ། དབྱངས་ཕ་རོལ་ལ་ཚུ་རོལ་གྱི་ལི་ནི་ཡིག་ཏུ་འགྱུར་ཏེ། ལྀ། ཨ་ནུ་བྷནྡྷ༔ ལ་ནུ་བྷནྡྷ། ལ་རྗཾས་འབྲེལ། ཨེ་ཨ་ཡའོ། དབྱངས་ཕ་རོལ་ལ་ཚུ་རོལ་གྱི་ཨེ་ནི་ཨ་ཞེས་པར་འགྱུར་ཏེ། ནེ་ཨ་ནཾ་ན་ཡ་འདྲེན་བྱེད་ནཾ། ཨོ་ཨ་ཝའོ། དབྱངས་ཕ་རོལ་ལ་ཨོ་ནི་ཨ་ཝ་ཞེས་པར་འགྱུར་ཏེ། བྷོ་ཨ་ཏི། བྷ་བ་དངོས་པོ་ཏི། གོ་ལ་སོགས་པའི་ཕ་རོལ་ཏུ་ཨཀྵཿ ལ་སོགས་པ་བྱུང་ན་བར་དུ། ཨ་ཡིག་ཨཱ་ག་མ་བརྗོད་པར་བྱ་སྟེ། ཨ་ཨིག་ཨཱ་ག་མ་སྟེ་ཨ་ཡིག་གློ་བུར་བྱིན་པས། གོ ཨཀྵཿ ག་བཱཀྵཿ གོ །ཨིནྟྲཿ ག་བ་ལང་དབང་པོ་བེནྟྲ ཿགོ །ཨ་ཛ་ནཾ། ག་བཱ་ཛི་བ་ལང་ལྤགས་པ་ནཾ། ཁྱད་པར་ཅུང་ཟད་ཡོད་ཀྱང་། དོན་འདྲ་བ་ནི། སྭ། ཨཱི་རི་ཎཱི། སྭཻ་རི་རང་འདོད་མ་ཎཱི། པྲ། ཨཱུརྡྷཿ བྲཽ་བརྟན་པརྡྷཿ ཨ་ཀྵ། ཨཱུ་ཧོ་ཎཱི། ཨཀྵོ་ཧི་ཎཱི། གསལ་བྱེད་ལ་དབྱངས་འཚམས་སྦྱོར་བ་མ་ཡིན་ནོ་སྟེ། གསལ་བྱེད་ཕ་རོལ་ཏུ་གནས་པ་ལ་ཚུ་རོལ་གྱི་དབྱངས་དེར་འཚམས་སྦྱོར་བ་མིན་ནོ། ཕ་རོལ་ཡ་ཡིག་ལ་དབྱངས་དང་འདྲ་བ་བྱད་པ་ཡང་ཡོད་དེ། གོ །ཡུ་ཏེཿ ལག་བྱུ་རྒྱངས་གྲགས་གཉིས་ཏིཿ ཞེས་པའོ། ཨཻ་ཨཱ་ཡའོ། དབྱངས་ཕ་རོལ་ལ་ཚུལ་རོལ་ཨཻ་ཡིག་ནི་ཨཱ་ཡ་ཞེས་པར་འགྱུར་ཏེ། ནཻ། ཨ་ཀཿནཱ་ཡ་འདྲེན་བྱེད་ཀཿ ཨོ་ཨ་ཝའོ། དབྱངས་ཕ་རོལ་ལ་ཚུ་རོལ་ཨཽ་ཡིག་ནི་ཨཱ་ཡིག་ནི་ཨཱ་ཝ་རུ་འགྱུར་ཏེ། ཏཽ། ཨིཧ། དཱ་དེ་དག་འདི་བི་ཧ། ཚིག་མཐའི་ཡ་ཝ་དག་ཡང་ན་དབྱིའོ། །ས་མ་ལྟ་བུའི་ཚིག་མཐའི་ཨ་ཡ་སོགས་ཀྱི་ཡ་དང་ཝ་ནི་ཡང་ན་དབྱི་བར་བྱ་སྟེ། ཏེ་ཨཱ་ག་ཏཿཏ་ཨཱ་ག་ཏཱཿ ཏ་ཨཱ་ག་ཏཱཿ ཏ་དེ་རྣམས་ཆུར་ཤོལ་ཡཱ་གེ་ཏཱཿ ཏ་སྨེ། ཨཱ་ས་ནཾ། ཏསྨཱ་ཨཱ་ས་ནཾཿ ཏསྨཱ་ཡཱ་ས་ཁྱོད་ལ་གདད་ནཾ། བཊོ། ཨི་ཧ། བཊ་ཨི་མཁས་པ་འདི་ཧ། པ་ཊ་བི་ཧ། ཨ་སོ། །ཨིནྟྲཿ ཨ་འདིར་ནྭ་དྭ་ར་འཕྲོསཱ་ཨི་སྟམ་སཱ་བིནྡྲཿ་སྦྱིར་བཏང་ཕྱིས་པ་ལ་སླར་འཚམས་མི་སྦྱོར་ཡང་། སྡེབ་སྦྱོར་གྱིས་སླར་འཚམས་སྦྱོར་པ་ཡོད་དེ། ཧེ་ས་ཁེ། ཨི་ཏི། ཧེ་ས་ཁེ་ཧི་ཀྱི་གྲོགས་པོ་ཨེ་ཏ་ཨོ་ཏ་དག་ལས་ཨ་ཏའོ། ཚིག་མཐར་གནས་པའི་ཨེ་དང་ཨོ་ལས་ཕ་རོལ་ཨ་ཡིག་དབྱི་བར་བྱ་སྟེ། ཏེ། ཨ་ཏྲཿ ཏེ་྅ཏྲཿ དེ་རྣམསའདིར པ་ཊོ། ཨ་ཏྲཿ མཁས་པ་འདིར་འདྲ་བའི་ཡི་གེ་འདུས་པ་ལ་རིང་པོའོ། འདྲ་བའི་ཡི་གེ་རྣམས་ཀྱི་ཕ་རོལ་འདྲ་བའི་ཡི་གེ་དང་འདུས་པ་ལས་རིང་པོར་འགྱུར་ཏེ། ཤྲདྡྷ། ཨ་ཏྲཿ། ཤྲདྡྷ་ཏྲཿ དད་ཅན་འདིར་ད་དྷི། ཨི་ཧ། ད་དྷཱི་ཧ་སོགས་སོ། ཡང་སྤྱིར་དེ་ལྟར་ཡིན་ཡང་བྱེ་བྲག་སྟོབས་དང་ལྡན་པ་ནི། ཨ་ཨི་ལ་ཨེའོ། ཨ་ཡིག་ནི་ཕ་རོལ་ཨི་དང་འདུས་པ་ལ་ཨེ་ཡིག་ཏུ་འགྱུར་ཏེ། ཏ་བ། ཨི་དཾ། ཏ་བེ་དཾ་ཁྱོད་ཀྱི་འདི་ལ་མ་མ། ཨི་ཏཾ། མ་མེ་བདག་གི་འདི་ལ་དཾ། ཨཱི་ཥཱ་སོགས་ཕ་རོལ་ལ། ཧ་ལ་ལ་སོགས་པའི་ཨི་དབྱི་བར་བྱ་སྟེ། ཧ་ལ། ཨཱི་ཥཱ། ཧ་ལཱི་ཥཱ་ཐོང་གཤོལ། ལཱཾ་ག་ལ། ཨཱི་ཥ། ལཱཾ་ག་གཤོལ་དང་གཤོལ་མདའ་ལཱི་ཥ། མ་ནས། ཨཱི་ཥཱམ་ན་སཱི་ཥཱ། མ་ཡིད་ལ་ཤར་ནཱི་ཥཱ། ཨ་དྱ། ཨོཾ། ཨ་དྱོཾ་དེ་རིང་བཀྲ་ཤིས། ཨུ་ལ་ཨོའོ། ཨ་ཡིག་ནི་ཕ་རོལ་ཨུ་དང་འདུས་པས་ཨོ་རུ་འགྱུར་ཏ། གཾ་ག། ཨུ་ད་ཀ། གཾ་གོ་གཾ་གཱའི་ཆུ་ད་གཾ། རྀ་ཨ་རའོ། ཨ་ཡིག་ནི་ཕ་རོལ་རྀ་ཡིག་དང་འདུས་པ་ལས་ཨར་དུ་འགྱུར་ཏེ། ཏ་བ། རྀདྡྷིཿཏ་ཁྱོད་ཀྱི་འབྱོར་པ་བདྡྷིཿ། མ་མ། རྀ་དྡྷིཿ དག་གི་འབྱོར་པ་མ་མརྡྡྷིཿ ལ་ལར་ཨཱར་དུའོ། ཨ་ཡིག་ནི་ཕ་རོལ་རྀ་ཡིག་དང་འདུས་པ་ལ་ལར་ཨཱར་དུ་འགྱུར་ཏེ། རྀ་ཎ། རྀ་ཎཾ། རི་ཎཱ་རྞཾ་བུ་ལོན་གྱུ་བུ་ལོན། པྲ། ར་ཎཾ། རབ་ཏུ་བུ་ལོན་པྲཱ་རྞ། ཤཱི་ཏ། རྀ་ཏཿ། ཤཱི་ཏཱ་རྟཿ དུཿ ཁ། རི་ཏ། དུཿ སྡུག་བསྔལ་སངས་སོ་ཁཱ་རྟཿལྀ་ཨ་ལའོ། ཨ་ཡིག་ནི་ཕ་རོལ་ལྀ། དང་འདུས་པ་ལ་ཨལ་དུ་འགྱུར་ཏེ། ཏ་ག་ལྀ་ཀཱ་རཿ ཏ་བལྐཱ་ཁྱོད་ཀྱི་ལྀ་ཡིག་རཿ ར་དང་ལ་གཉིས་སྐབས་འགར་འདྲ་བའི་ཡི་གེ་རང་བཤད་དེ། པར་། ཨཾ་ཀཿ པ་ལྱ་ཀཿམལ་སྟན། པཪྻཾ་ཀཿ ཧོ་ཏྲྀ། ལྀ་ཀཱ་སྦྱིན་བསྲེག་མཁན་གྱི་ལྀ་ཡིག་རཿ། ཧོ་ཧླྀ་ཀཱ་རཿ ཨེ་དང་ཨཻ་ལ་ཨཻ་འོ། ཨ་ཡིག་ནི་ཕ་རོལ་ཨེ་དང་ཨཻ་ཡིག་གང་རུང་དང་འདུས་པ་ཨཻ་ཡིག་ཏུ་འགྱུར་ཏེ། ཏ་བ།་ཨཻ་ཥཱ་ཏ་བཻ་ཁྱོད་ཀྱི་འདིར་ཥཱ། ཏ་བ། ཨཻ་ཤྭ་ཪྱ། ཏ་བཻ་ཤྭ་ཪྱཾ་ཁྱོད་ནི་དབང་ཕྱུག། ཨོ་དང་ཨཽ་ལ་ཨཽ་འོ། ཨ་ཡིག་ནི་ཕ་རོལ་ཨོ་དང་ཨཽ་ཡིག་གང་རུང་དང་འདུས་པ་ལ་ཨཽ་ཡིག་ཏུ་འགྱུར་ཏེ། ཏ་བ། ཨོ་བཽ་ད་ཁྱོད་ཀྱི་ཟླ་བ་ནི། ཏ་བ། ཨཽ་ནཏྟྱཾ། ཏ་བཽ་ཁྱོད་ཀྱི་དབང་ཕྱུག་ནཏྟྱཾ། ཨོ་ཥྛ་དང་ཨོ་ཏུའི་ཨོ་ཡང་ནའོ། ཨ་ཡིག་ནི་ཕ་རོལ་ཨོ་ཥྛ་དང་ཨོ་ཏུ་ཚིག་སྡུད་ཅན་དང་འདུས་པ་ལ་ཡང་ཁྱོད་ནི་ན་ཨོ་རུ་འགྱུར་ཏེ། བི་མྤ། སེམས་པའི་ན་བིམྤཽཥྛ། སྠུ་ལ། ཨོ་ཏུཿ སྠུ་བྱི་ལ་སྦོམ་པ་ལོ་ཏུཿ ཞེས་སོགས་ཏེ། དབྱངས་འཚམས་སྦྱོར་རོ། ༧། གཉིས་པ་དམིགས་བསལ་རང་བཞིན་དུ་གནས་པ་རྣམས་ཀྱི་ཁྱད་པར་བཤད་པར་བྱ་སྟེ། ཨ་མཱི་ལས་མི་ཡོན་ནོ་ཞེས་པ་ནི། ཨ་ངས་འགྱུར་པའི་ཨ་མཱི་ཞེས་པ་ཆུ་ལ་འཚམས་སྦྱོར་ཐོབ་པ་མ་ཡིན་ཏེ། ཨ་མཱི་ཨ་ཉི་མ་འདི་རྣམས་དི་ཏྱ་ནི་འཚམས་སྦྱོར་མི་ཐོབ་པས་དེ་ཉིད་དུ་གནས་པ་ལྟ་བུའོ། ཨཱི་ཨཱུ་ཨེ་གཉིས་ཉིད་ལས་སོ། མཎཱི་པ་ལ་སོགས་པ་པོར་བའི་ཚིག་མཐའི་ཨཱི་དང་ཨཱུ་དང་ཨེ་ཡིག་གཉིས་ཀྱི་ཚིག་ལ་འཇུག་བཞིན་པ་དེ་ཡང་འཚམས་སྦྱོར་ཐོབ་པ་མ་ཡིན་ཏེ། ཨགྷཱ་མེ་དག་འདིར་ཨ་ཏྲཿ པ་ཊཱུ་མཁས་པ་ངག་འདིར་། མ་ལ་ཨཱ་ན་ཡ་ཕྲེང་བ་དག་ལོངས་ཤིགཞེས་པ་ལྟ་བུའོ། མ་ཎཱི་བ་སོགས་ནི། མ་ཎཱི། ཨི་བ། མ་ཎཱི་བ་ནོར་བུ་འདྲ་བ་། རོ་ད་སཱི་གནམ་ས་འདི་བ། དམྦ་ཏ། ཨི་བ། དམྦ་ཏཱི་བ། ཛཱ་ཡ་པ་ཏི། ཨི་བ། ཨི་བ། ཛཱ་ཡཱ་བ་ཏཱི་ཁྱོ་ཤུ་འདིར་བ། མཱ་ཡཱ་པ་ཏི། ཨི་བ། མཱ་ཡཱ་པ་ཏཱི་འབྱར་བའི་བདག་པོ་འདི་པའོ། ཨ་ཨོ་ནི་ནི་པཱ་ཏའོ། ཨ་ཡིག་དང་ཨོ་ཡིག་ནི་པཱ་ཏ་རྣམས་དང་དབྱངས་གཅིག་པུ་དེ་རྣམས་ཀྱང་འཚམས་སྦྱོར་ཐོབ་པ་མ་ཡིན་ཏེ། ཨ་ཨེ་ཝཾ་མ་ནྱ་ཁྱོད་འདི་ལྟར་བསམ་ཁྱོ་ཤུ་འདིར་ནོ་ཨ་སྠ་ཏ་བྱཾ་འདིར་མ་སྡོང་ཨ་ཨ་སེ་ཧི་ད་ཚུར་ཤོག །ཨི་ཨི་ནྡྲ་པ་ཤྱ་འདི་དབང་པོ་བལྟོས་ཨུ་ཨུ་ཏྟི་ཥྛ་ཕ་གི་སོངས། ཞེས་པ་ལྟ་བུའོ། བླུ་ཏའོ་བླུ་ཏ་ལས་ཀྱང་འཚམས་སྦྱོར་མི་ཐོབ་སྟེ། ཧེ་དེ་བཱ་དཱ་ཨེ་ཀྱེ་ལྷས་བྱིན་ཚུར་ཤོག་ཧི། རྒྱང་རིང་པོར་འབོད་པའི་ཊི་ལ་པླུ་ཏའོ། ཞེས་པ་ནི། རྒྱང་རིང་པོར་འབོད་པ་དང་། སྐད་གསངས་མཐོན་པོར་ཀློག་པ་དང་། ངུ་བ་དང་། གླུ་ལེན་པ་སོགས་ཀྱི་ཊི་ལ་པླུ་ཏ་ཐོབ་སྟེ། དེ་དག་ནི་རང་བཞིན་དུ་གནས་པའི་འཚམས་སྦྱོར་རོ། ༧། གསུམ་པ་གསལ་བྱེད་ཀྱི་འཚམས་སྦྱོར་ལ། ཙ་པ་ལས་ཨ་བ་ལ་ཛ་པའོ་ཞེས་པ། ཚུ་རོལ་གྱི་ཚིག་མཐར་གནས་པའི་ཙ་པའི་མིང་ཅན་རྣམས་ནི། ཨ་བ་ཕ་རོལ་ལ་གྲངས་སམ་སྡེ་ཚན་གཅིག་པའི་ཛ་བ་རྣམས་སུ་འགྱུར་ཏོ། ཥཊ། ཨ་ཏྲཿདྲུག་པོ་འདིར བཱ་ཀ། ཡ་ཐཱ། བཱ་ཀྱ་ཇི་ལྟ་བའི་རིག་ཐཱ། ཉ་མ་ལ་ཉ་མ་ཡང་ནའོ། ཚིག་མཐར་གནས་པའི་ཙ་པ་རྣམས་ནི། ཉ་མ་ཕ་རོལ་ལ་གྲངས་སམ་སྡེ་པ་གཅིག་པའི་ཉ་མ་རྣམས་སུ་ཡང་ན་འགྱུར་ཏེ། བཱ་ཀ། མ་ཏྲཾ། བཱ་དཱ་ཚིག་ཙམཏྲཾ། ཥཊ། མ་མ། ཥ་དེ་ལ་དུག་པ་ཎྨ་མ། ཥཌྨ་མ། ཚ་བ་ལས་ཤ་ནི་ཚའོ་ཞེས་པ། ཙ་པ་སྔོན་མ་ལས་ཤ་ཡིག་ནི་ཚ་ཡིག་ཏུ་ཡང་ན་འགྱུར་ཏེ། བཱ་ཀ། ཤཱུ་དཔའ་པོའི་རིག་རཿ བཱཀྴཱུ་རཿ བཱཤཱུ་རཿ ཧའི་ཛྷ་བྷ་རྣམས་སོ། ཙ་པ་ནི་སྔོན་མ་ལས་ཧ་ཡིག་ནི་ཛྷ་བྷ་རྣམས་སུ་འགྱུར་ཞིང་། ཡང་ན་སྔོན་མ་དེའི་སྡེ་བའི་བཞི་པ་གང་ཡིན་པ་དེར་འགྱུར་ཏེ། ཏ་ཏ། ཧ་བིཿཏཏྡྷ་དེ་བསྲེགས་བླུགས་བིཿ ཏ ཏྡྷ་བིཿ བཱ་ཀ། ཧ་རིཿ། བཱཀྒྷ་སྨྲ་བའི་སེང་གེ་རིཿ བཱ་གྷ་རི། ཨ་ཙ། ཧ་ལཽ། ཨཛྫྷ་ལོ་དབྱངས་གསལ་དག །ཨ་ཛྷ་ལཽ། ཥ་ཊ། ཧ་ལཱ་ནི། ཥཌྜྷ་ལཱ་རོ་ལ་དྲུག་རྨོས་སོ་ནི། ཏྲྀ ཥྚུ་པ། ཧཱུ་ཏཾ། ཏྲྀཥྚུ་བྦྷུ་ཏཾ། གསུམ་འདུས་སྤྱིན་བསྲེག་ཁྱོད་དོ་ཏྲི་ཥྚུ་བྷཱུ་ཏཾ། །ས་ཏུའི་ཤ་ཙུ་རྣམས་ལ་ཤ་ཅུའོ། ས་སྡེ་དང་ཏ་སྡེ་རྣམས་ནི་ཕ་རོལ་ཤ་ཡིག་དང་། ཙ་སྡེ་རྣམས་དེ་ལ་སྦྱོར་བ་ལ་ཤ་ཡིག་དང་ཙ་སྡེ་གྲངས་མཉམ་པ་རྣམས་སུ་འགྱུར་ཏེ། ཀས། ཙ་ར་ཏི། གཤྩ་ར་གདུང་སྤྱོད་ཀས། ཤཱུ་རཿཀཤྴཱུ་རཿ ཏཏ། ཏཙྩི་ཏྲཾ། ཏཏ། དེ་རི་མོ་བྱེད་འགྱུར་བསྟན་བཅོས་དེ་ཤཱ་སྟཾ། ཤ་ལས་མ་ཡིན་ནོ། ཤ་ཡིག་སྔོན་མ་ལས་ཏ་སྡེ་རྣམས་ནི་ཙུ་ཉིད་དུ་འགྱུར་པ་མིན་ཏེ་བི་ཤ་ནཿ བིཤྣཿབདག་གི་གཡོག་པྲ་ཤ། ནཿ དྲི་བ་པྲ་ཤྣཿ ཤྚུ་རྣམས་ཀྱིས་ཥྚུའོ། ས་ཡིག་དང་ཏ་སྡེ་རྣམས་ན་ཕ་རོལ་ལ་ཥ་དང་ཙ་སྡེ་རྣམས་ལ་སྦྱོར་བ་ལ་ཥ་དང་ཊུ་རྣམས་སུ་འགྱུར་ཏེ། ཀས། ཥ་ཥྛཿདྲུག་པ་གང་ཀས། ཊཱི་ཀ་ཏེ། ཀཥྚི་ཀ་ཏེ། ཏ་ཏ། ཊཱི་ཀ་ཏི། ཏཊྚཱི་ཀ་དེ་འགྲེལ་བྱེད་ཏེ། ཏུའི་ལའོ། ཏ་སྡེའི་ཏ་ཕ་རོལ་ལ་ལ་ཡིག་ཏུ་འགྱུར་ཏེ། ཏ་ཏ། ལུ་ནཱི་ཏི། ཏ་ལླུ་ནཱི་ཏི་དེ་གཅོད་པར་བྱེད། བྷ་བཱ་ན། ལི་ཁ་ཏི་ནི། མཐར་གནས་ལ་གཉིས་སུ་དབྱེའོ། ར་ཡིག་བོར་པའི་ཡ་ཝ་ལ། གསུམ་ཕོ་རལ་ལ་རྗེས་སུ་སྣ་ལྡན་དང་སྣ་ལྡན་བྱེད་མེད་པ་གཉིས་སུ་བྱེད་པ་ལས། ན་ཡིག་ལ་རུ་འགྱུར་བ་ལྟ་བུ་ལ་རྗེས་སུ་སྣ་ལྡན་ཅན་དུ་བྱ་སྟེ། བྷ་བཱི་ལླི་ཁ་ཏེ། ཥ་ལས་མ་ཡིན་ནོ། ཥ་ཡིག་ཕ་རོལ་ལ་སྟེའི་ཊུ་ཉིད་དུ་འགྱུར་བ་མ་ཡིན་ཏེ། བྷ་བཱན། ཥ་ཥྛཿ བྷ་བཱ་ནཥ་ཥྛཿཁྱོད་དྲུག་། མཐའི་ཊུ་ལས་སོ། ཚིག་མཐར་གནས་པའི་ཊ་སྡེའི་ཕ་རོལ་གྱིས་ཏུ་ནི་ཥུ་ཊུ་རྣམས་སུ་འགྱུར་བ་མ་ཡིན་ཏེ། ཥཊ་ན་རཿཥནྣ་རཿ ཥངན་རཿཥ ངན་རཿཥཊ། སཱ་ི་དནྟི། དྲུག་ཏུ་རྡུལ་བར་གྱུར་ཥནྶཱི་དནྟི། ན་ལ་ཚ་ཏ་ལ་ས་ཀའོ། ཚ་ཏ་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་ཚུ་རོལ་ཚིག་མཐའི་ན་སུ་ཀ་ཨཱ་ག་མ་འགྱུར་ལ། ཊི་ཏ་དང་པོ་དང་ཀི་ཏ་མཐའ་མར་སྟེར་བར་བཤད་དེ། །རཱ་ཛན་ཙི་དྲི། རཱ་ཛི་ཙྩི་ཏྲི་རྒྱ་པོ་བློ་གསལ་། བྷ་བཱ་ན། ཏ་ནོ་ཏི། བྷ་བཱཾ་སྟ་ནོ་ཏི་འཐག་ཐོགས། ཤ་ལས་ཙ་ཀ་ཡང་ནའོ། ཤ་ཕ་རོལ་ལ་ཚིག་མཐའི་ན་ལས་ཙ་ཀ་ཨཱ་ག་མ་ཡང་ན་འགྱུར་ཏེ། བྷ་བཱ་ན། ཤཱུ་རཿ བྷ་བཱ་ཉྩཚུ་ཁྱོད་ད་པའི་བོ། །བྷ་བཱ་ཉཤཱུ་རཿ ཐུང་ངུ་ལ་ང་ཎ་ན་དབྱངས་ལ་གཉིས་སོ། ཨུ་པ་དྷཱ་ཐུང་ངུ་ལས་ཚིག་མཐའི་ང་དང་ཎ་དང་ན་ཡིག་རྣམས་ནི་དབྱངས་ཕ་རོལ་ལ་གཉིས་སུ་འགྱུར་ཏེ། པྲ་ཏྱང་། ཨི་དཾ། པྲ་ཏྱ་ནྣི་སོ་སོར་མཆོད་པ་འདི་དཾ། སུ་ག་ཎ། སུ་གཎྞི་ཚོད་པ་ཟང་དཾ། རཱ་ཛ་ན། ཨི་ཧ་རཱ་ཛནྣི་ཧ། ཚ་ཡིའོ། ཨུ་པ་དྷཱ་ཐུང་ངུ་ལས་ཚ་ལང་གཉ ིས་སུ་འགྱུར་ཏེ། ཏ་བ། ཚ་ཏྲ། ཏ་བ། ཚ་ཚ་ཏྲ། ཁ་ས་ལ་ཛྷ་ས་རྣམས་ཀྱི་ཙ་པའོ། ཁ་ས་ཕ་རོལ་ལ་ཛྷ་ས་རྣམས་ཀྱི་ཙ་པ་རྣམས་སུ་འགྱུར་ཏེ། ཏ་པཙྪ་ཏྲཾ་ཁྱོད་ཀྱི་གདུགས། འགའ་ཞིག་ཏུ་རིང་པོ་ལས་ཀྱང་གཉིས་སུ་འགྱུར་བར་བཤད་དེ། མླེ། ཚཿ མླཙྪཿ ཧྲཱི། ཆཿཧྲཱི་ཙྪཿབཞི་ཚ་བ་མ་ནི་རྗེས་སུ་ང་རོའི་ནི། ཚིག་མཐའ་དང་ཧ་ས་ཕ་རོལ་ལ་མ་ནི་རྗེས་སུ་ང་རོར་འགྱུར་ཏེ། ཏ་མ། །ཧ་ས་རི། ཏཾ་ཧ་ས་གད་མོ་དགོད་རི། ས་ཊུ་མ། བྲྀ་ཐཱ། པ་ཊུཾ་བྲྀ་མ་བས་ལ་དོན་མེད་ཐཱ། ཚིག་མཐའ་དང་ཛྷ་ས་ལ་ཡང་ནིའོ། ཚིག་མཐའ་དང་ཛྷ་ས་ཕ་རོལ་ཡང་ནིའོ། །ཚིག་མཐའ་དང་ཛྷ་ས་ཕ་རོལ་ལ་ཡང་ན་མ་དང་ནི་ཡིག་ནི་རྗེས་སུ་ང་རོར་འགྱུར་ཏེ། ཡ་ཤཱན། སི། ཡ་ཤཱི་སི་གྲགས་པ་རྣམས་སི། བ་ཡཱ་ན། སི། བ་ཡཾ་སི་འོ་མ་དང་ཆུ་རྣམས། སུ་མ། བྷྱ། པུཾ་སྐྱེས་པ་དག །ཀམ་སཿའཁོར་བ་ཡ་པ་ལ་ཡ་མ་ཡང་ནའོ། །ཡ་པ་ཕ་རོལ་ལ་ཡ་བ་ལ་ཡང་ནའོ། །ཡ་པ་ཕ་རོལ་རྗེས་སུ་ང་རོ་ནི་ཡ་མ་རྣམས་སུ་པ་ལ་རྣམས་སུ་འགྱུར་ལ། དེ་ཡང་ཡ་པའི་ནང་གི་འདྲ་བ་རྣམས་སུ་འགྱུར་ཏེ། ཏཾ། ཀ་རོ་ཏི། ཏངྐ་དེ་གྱིིས་ཤིག་རོ་ཏི། ཏ་ནོ་ཏི། ཏནྟ་ནོ་ཏི་དེ་ལ་ཐགས་ཐོགས་ཤིག་ཏི། སཾ། ཛཱ་ན་ཏི་ལེགས་པར་སྐྱེས་ས་ཉྫཱ་ན་ཏི། ཡ་བ་ལ་ཕ་རོལ་ལ་ཡ་བ་ལ་ཡང་ནའོ། རྗེས་སུ་ང་རོ་ནི་ཡ་བ་ལ་ཕ་རོལ་ལ་ཡ་བ་ལ་རྣམས་སུ་འགྱུར་ཏེ། སཾ། ཡནྟཿ ས་ཡཡ་ཤིང་རྟ་ཤིང་རྟནྟཿ། སཾ་ཡནྟཿསཾ་བཏྶཱ་རཿདེ་སབྦྷ་ཏྶཱ་དུས་ཀྱི་ལོ་ཛྙཱིཾ་སྡེབ་སྦྱོར་ལའོ། ཞེས་པ་ནི། སྡེབ་སྦྱོར་ལས་ཤ་ཥ་ས་ར་རྣམས་ཕ་རོལ་ལ་རྗེས་སུ་ང་རོ་ཏེ། ༩༡ དུ་འགྱུར་ཏེ། བ་ལཾ། སོ་མཱཿ བ་ཡ་ཛྙཱིཾ་སོ་དེ་ཟླ་བ་མཱཿ སཾ། ཧི་ཏཱ། ཡང་དག་པར་ཕན་པ་༼༽ཾས་ཨ །ཧི་ཏ། ཏཾ་ར་བིཿཏ་།རཾ་དེ་ལ་ཉི་མ་བིཿ ཧཾ་སཿ ཧ་ཛྙཱིཾ་སཿ་ངང་པའི་རྒྱལ་པོ་ཞེས་པ་ལྟ་བུ་སྟེ། གསལ་བྱེད་འཚམས་སྦྱོར་རོ། ༧། བཞི་པ་རྣམ་བཅད་ཀྱི་འཚམས་སྦྱོར་ལ། རྣམ་པར་བཅད་བྱ་སའོ། ཞེས་པ། ཁ་སའི་ཡི་གེ་ཕ་རོལ་ལ་རྣམ་བཅད་ནི་ས་ཡིག་ཏུ་འགྱུར་ཏེ། ཀཿཏ་ནོ་ཏི། ཀ་སྟ་གང་འཐག་པར་བྱེད་ནོ་ཏི། ཀཿཙ་ར་ཏི། ཀཤྩ་ར་ཏི་པར་བྱེད་ཏི། ཤ་ཥ་ས་ལ་ཡང་ནའོ། རྣམ་བཅད་ནི་ཤ་ཥ་ས་ལ་ཕ རོལ་གྱི་གཟུགས་སུ་ཡང་ན་འགྱུར་ཏེ། ཀཿཤེ་ཏེ། ཀཤྴེ་ཏེ་སུ་ཉལ་ཏེ། ཀཿཥ་ཎྜེ། ཀཥྵ་ནྜེ་དུམ་བུ་གང་བྱེད། ཀཿསཱ་དྷུཿཀུ་པུ་དག་ལ། ྈྐ་ྉྤ་དག་ཡང་ནའོ། རྣམ་བཅད་ནི། ཀ་སྡེ་དང་སྡེའི་ཡི་གེ་ཁ་སའི་ནང་ཚན་ཕ་རོལ་ལ་རིམ་པ་བཞིན། ྈྐ་དང་ྉྤ་དག་ཏུ་ཡང་ན་འགྱུར་ཏེ། ཀ་དང་པ་ནི་བརྗོད་པའི་དོན་ཏེ། ཀ༔སུ་ཉལ་ཀ་རོ་ཏ། ཀ་ྈྐ་རོ་ཅི་བྱེད་ཏི། ཀཿ ཀ་རོ་ཏི། ཀྈྑ་ལུཿ ངེན་པ་གང་ཀཿ ཁ་ལུཿཀཿ ཁ་ལུཿ ཀཿཔ་ཋ་ཏི། ཀ་ྉྤ་ཋ་གང་ཀློག་པར་བྱེད་ཏི། ཀཿཕ་ལ་ཏི། ཀྉྤ་གང་འབྲས་བུ་བྱེད་ལ་ཏི། ཀཿཕ་ལ་ཏི། ཀཿཕ་ལ་ཏི། བཱ་ཅའི་པ་ཏི་ལ་སོགས་པ་རྣམས་སོ། པཱ་ཙ་ཿལ་སོགས་པའི་མཐའ་ནི་པ་ཏི་ལ་སོགས་པ་ཕ་རོལ་ལ་མིང་གི་སྒྲ་བརྗོད་པ་ལ་ས་ཡིག་ཏུ་འགྱུར་ལ། དེ་གང་ཡང་པཱ་ཏ་སྟེ། བཱཿཔ་ཏིཿཔཱ། བ་ནཿཔ་ཏི། བ་ན་སྤ་ཏི། བྲྀ་ཧ་སྤ་ཏི་རིག་བྱེད་པ་པོ་ཏིཿ ཀཱ་རཿ། པཱ་རཿ ཀ་ར་པཱར་མཆོག་གི་བྱེད་པ་པོ་སྒ་རཿ ཏ་ཏ། ཀ་རཿ ཏ་སྐར་ཆོམ་རྐུན་རཿ བྷཱཿ ཀ་རཿ བྷཱ་སྐ་འོད་བྱེད་ར། ཧ་ཧི་ཏ། ཙནྟྲཿ ཧ་རི་འཕྲོག་བྱེད་ཟླ་བ་ཤྩནྟྲཿ ལྟ་བུའོ། ཨ་ཧན་གྱི་རཱ་ཏྲི་སྨྲ་བའི་བདག་པོ་མ་ཡིན་པ་ལ་རའོ། ཨ་ཧན་ཧན་ཚིག་ཏུ་གྲུབ་པའི་མཐའི་རྣམ་བཅད་ནི་རཱ་ཏྲི་ལ་སོགས་པའི་ཕ་རོལ་མ་ཡིན་པ་ལ་ར་རུ་འགྱུར་ཏེ། ཨ་ཧཿ པ་ཏིཿ ཨ་ཧ་རྦ་ཏིཿཉི་མོའི་པ་དེག་ཨ་ཧཿ ག་ཎཿཨ་ཧ་རྒ་ཎཿཉིན་མོའི་ཚོགས། ཀཿ་ཨརྠཿདོན་གང་རཱ་ཏྲི་སོགས་ལ་ར་རུ་མི་འགྱུར་ཏེ། ཨ་ཧོ་རཱ་ཏྲི༔་ཉིན་མཚན་ཨ་ཧཿ རཱུ་པཾ། ཨ་ཧོ་རཱུ་པཾ་ཉིན་མོའི་གཟུགས། ཨ་ལས་ཨ་ལ་ཨུའོ། ཨ་ལས་ཕ་རོལ་གྱི་རྣམ་བཅད་ནི། ཨ་ཕ་རོལ་ཨུ་རུ་འགྱུར་ཏེ། ཀཿ ཨརྠཿཀོ྅་དོན་གང་། ཨ་ལས་ཕ་རོལ་གྱི་རྣམ་བཅད་ནི་ཧ་པའི་ཡི་གེ་ཕ་རོལ་ལ་ཡང་ཨུ་ཡིག་ཏུ་འགྱུར་ཏེ། ཀཿ ག་ཏཿཀོ་ག་གང་ལ་འགྲོ་ཏཿ དེ་བཿ ཡཱ་ཏི། ངོ་བོ་ཡཱ་ལྷ་ཐོབ་པོ་ཏི། མ་ནཿ ར་ཐཿམ་ནོར་ཡིད་ཀྱི་ཤི་རྟ་ཐཿ ཨ་ལས་ཨ་ཙ་ལ་དབྱིའོ། ཨ་ཡིག་ལས་ཕ་རོལ་གྱི་རྣམ་བཅད་ནི། ཨ་བའི་ཡི་གེ་ལ་ཕ རོལ་ལ་དབྱི་བར་བྱ་སྟེ། དེ་བཱཿཨ་ཏྲཿ དེ་བ་ཨ་ཏྲཿ་ལྷ་རྣམས་འདིར་བ་རྟཱཿབཱ་ཏཱ་བཱ་ནྟི་རླུང་ཞོན། དབྱངས་ལ་ཡ་ཉིད་ཡང་ནའོ། ཨཱ་ལས་ཕ་རོལ་གྱི་རྣམ་བཅད་ནི་དབྱངས་ཕ་རོལ་ལ་ཡ་ཉིད་དུ་ཡང་ན་འགྱུར་ཏེ། དེ་བཱཿཨ་ཏྲཿ དེ་བཱ་ཡ་ཏྲཿ བྷོ་གོས། ཨ་གྷོས་རྣམས་ཀྱི་སའི་རྣམ་བཅད་ཨ་པའི་ཕ་རོལ་ལ་དབྱ་བར་བྱ་སྟེ། བྷོཿཨེ་ཧི། བྷྱོ་ཨེ་ཀྱེ་འདིར་བྱོན་ཧི། བྷ་གོཿན་མ་སྟེ། བྷ་གོ་ན་མ་སྐལ་ལྡན་ལ་ཕྱག་འཚལ་ལོ་སྟེ། ཨ་གྷོཿཡཱ་ཧིཿ ཨ་གྷོ་ཡཱ་སྡུག་པ་དེངས་ཤིག་ཧི། རྣཱ་མི་ལས་རའོ། ནཱ་མི་ལས་ཕ་རོལ་གྱི་རྣམ་བཅད་ནི་ཨ་པའི་ཡི་གེ་ཕ་རོལ་ལྷ་རྣམས་འདིར་ལ་ར་རུ་འགྱུར་ཏེ། ཨ་གྷིཿ ཨ་ཏྲཿཨགྷི་ར་མེ་འདིར་ཏྲཿ བ་ཊུཿ ཡ་ཛ་ཏེ། པ་ཊུ་ཪྻ་ཛེ་མཁས་པ་ལྷ་མཆོད་ཏེ། ཨུ་ཥས་ཀྱི་བུ་ད་ལ་རའོ། ཨུ་ཥས་ཀྱི་ཚིག་མཐའི་རྣམ་བཅད་ནི་བུ་ངྷ་ཕ་རོལ་ལ་ར་རུ་འགྱུར་ཏེ། ཨུ་ཥུཿ ཕུ་ངྷཿ ཨུ་ཥརྦུ་སྔོན་ནས་གསལ་པ་ངྷཿ རེ་ཕའི་རང་བཞིན་ཅན་གྱི་ཁ་པ་ཡང་ནའོ། རེ་ཕའི་རང་བཞིན་ཅན་ཏེ་ང་ལས་བྱུང་བའི་རྣམ་བཅད་ནི། ཁ་པའི་ཕ་རོལ་ལ་ཡང་ན་ར་རུ་འགྱུར་ཏེ། གཱིཿཔ་ཏིཿ གི་རྦ་ཏིཿ སྨྲ་པའི་བདག་པོ་ངྷུཿ པ་ཏིཿ ངྷུ་རྦ་སའི་བདག་པོ་ཏིཿ ར་ལས་སོ། ར་ལས་བྱུང་པའི་རྣམ་བཅད་ནི། ནཱ་མི་མ་ཡིན་ཀྱང་ཨ་པའི་ཕ་རོལ་ལ་ར་རུ་འགྱུར་ཏེ། པྲཱ་ཏཿཨ་ཏྲཿ པྲཱ་ར་ཐོ་རང་ས་འདིར་ཏྲཿ ག་ཏཿཨནྟ་རྒ་གང་དུ་འགྲོ་ཏཿ ར་ལ་དབྱི་སྟེ་རིང་པོ་ཡང་ངོ་ཞེས་པ། ར་ཡིག །ནི་ར་ཡིག་ཕ་རོལ་ལས་དབྱི་ཞིང་། དབྱངས་སྔོན་མའང་རིང་པོར་འགྱུར་ཏེ། པུ་ནཿ རཱ་མ་ཏེ། པུ་ནཱ་རཱ་སླར་ཡང་རྩེད་མོ་ཁྱེད་ཏེ། ཤུ་ཀྟིཿ རཱུ་བྱཱ་ཏྨ་ནཱ་བྷ་ཏི། ཤུ་ཀྟི་རཱུ་བྱཱ་ཏྨ་ནཱ་བྷ་ཏི་ཉ་ཕྱིས་དངུལ་དུ་བདག་ཉིད་སེ་མ་སོ། །ས་དང་ཨེ་ཥ་ལས་ཧ་ས་ལའོ་ཞེས་པ་ནི། སའི་སྒྲ་དང་ཨེ་ཥའི་སྒྲ་ལས་ཕ་རོལ་གྱི་རྣམ་བཅད་ནི། ཧ་ས་ཕ་རོལ་ལ་དབྱི་བར་བྱ་སྟེ། སཿ ཙ་ར་ཏི། ས་ཙ་ར་ཏི། ཨཥེཿཧ་ས་ཏི། ཨེ་ཥ། ཧ་ས་དེ་སྤྱོད་པར་བྱེད་ཏི། །ཞེས་པ་ནི་རྣམ་བཅད་ཀྱི་འཚམས་སྦྱོར་ཏེ། འཚམས་སྦྱོར་ལྔ་པ་རྫོགས་སོ། །གཉིས་པ་ནི། ཀ་ལཱ་པའི་འཚམས་སྦྱོར་གྱི་འགྲེལ་པ་ཁ་ཅིག་ནས་འབྱུང་འཕྲོས་དང་བཅས་པ་ཅུང་ཟད་བརྗོད་པར་བྱ་སྟེ། འདི་དང་སྔ་མ་གཉིས་གཞི་འདྲ་ཡང་ཁྱད་པར་འགའ་རེ་ཡོད་པས། མིང་དང་རང་བཞིན་དུ་གནས་པ་མ་གཏོགས་མཚོན་པ་ཙམ་བརྗོད་ན། དབྱངས་ཀྱི་མཚུངས་འདྲའི་ཡི་གེ་ཕ་རོལ་ལ་རིང་པོར་འགྱུར་བ་ནི། བུད་དྷ། ཨ་དྷི་ཥྛ་ན་ལ། དྷའི་སྲིག་གི་ཨ་ཕྱུང་ནས་ཨཱ་རིང་པོ་གཅིག་ཏུ་བྱས་ཏེ་སྦྱར་བས། བུད་དྷཱ་ངྷི་ཥྛ་སངས་རྒྱས་ཀྱི་བྱིན་རླབས་ན། དེ་བཞིན་དུ། མུ་ནི། ཨིནྟྲ། མུ་ནཱིནྟྲ། མ་ངྷུ། ཨུ་ད་ཀ། མ་དྷཱུ་མང་ར་བའི་ཆུ་ད་ཀ། པི་ཏྲ། རྀ་ཧྲཱྀ་ཥ་ཀྱུ་མཆོག་བྷ། ཀླྀ། ལྀ་ཀཱ་ལྀ་ཡིག་ཀླཱྀ་ཀཱ་ར། ཚུ་རོལ་ཨ་ཕ་རོལ་ཨི་ལ་ཨེ་ཏེ་ཕ་རོལ་དབྱིའོ། ལོ་ཀ། ཨི་ཤྭ་ར། ལོ་ཀེ་ཤྭ་འཇིག་རྟེན་དབང་ཕྱུག་ར། རླབས་ན་། ན་མི་མཆོག་རེནྟྲའོ། ཚུ་རོལ་གྱི་ཨ་ཕ་རོལ་ཨུ་ལ་ཨོ་ཡིག་ཏུ་འགྱུར་བ་ནི། པདྨ། ཨུཥྞཱི་པདྨོ་ཥྞི་པདྨ་གཙུག་ཏོང་ཥ། ཚུ་རོལ་གྱི་ཕ་རོལ་རྀ་ལ་ཨར་དུ་འགྱུར་བ་ནི། མ་ཧཱ། རྀ་ཥི། མ་ཧཱ་དྲང་སྲོང་ཆེ་རྵྱི། ཚུ་རོལ་གྱི་ཕ་རོལ་ལྀ་ལ་ཨ་ལ་ཏེ་ཕ་རོལ་དབྱིའོ། ཏ་བ། ལི་ཀཱ་ར། ཏ་བལྐ་ཁྱོད་ཀྱི་ལྀ་ཡིག་ར། ཚུ་རོལ་ཨ་ཕ་རོལ་ཨེ་ལ་ཨཻ་སྟེ་ཕ་རོལ་དབྱིའོ། ཨེ་ཀ། ཨེ་ཀ། ཨེ་ཀཻ་རེ་རེ་འམ་གཅིག་ཀ། ཚུ་རོལ་ཨ་ཕ་རོལ་ཨོ་ལ་ཨཽ་སྟེ་ཕ་རོལ་དབྱིའོ། ཤཽ་ངྷ། ཨོ་ད་ནི། ཤཽ་ངྷཽ་ད་ཟས་གཙང་ནི། ཚུ་རོལ་ཨི་རིང་ཐུང་དག་རང་འདྲའི་ཡི་གེ་མ་ཡིན་པའི་དབྱངས་ཕ་རོལ་ལ་ཡ་སྲོག་མེད་དུ་བྱེ་སྟེ། ཨཱ་དི། ཨ་ནུ་ཏྤ་ནྣ། ཨཱ་དྱ་གདོད་ནས་མས་སྐྱེས་པ་ནུ་ཏྤ་ནྣ། ཨ་ཧི། ཨེ་ཧི། ཨེ་ཧྱེ་ཚུར་བྱོན་ཚུར་བྱོན་ཧི། ཚུ་རོལ་ཨུ་མའི་འདྲ་བའི་དབྱངས་ཕ་རོལ་ལ་ཝ་སྟེ། ས་མ་ནུ། ཨཱ་ཧ་ར་ནྟུ། ས་མ་ནྭཱ་དགོངས་སུ་གསོལ་རནྟུ། ཚུལ་རོལ་རྀ་ཕ་རོལ་རང་འདྲ་མིན་པའི་དབྱངས་ར་སྟེ། པི་ཏྲྀ། ཨརྠ། ཕའི་དོན་པི་ཏྲ་རྠ། ཚུལ་རོལ་རང་འདྲ་མིན་པའི་དབྱངས་ལ་ལ་སྟེ། ལྀ། ཨ་ནུ་བནྡྷ། ལ་ནུ་བ་ཡ་རྗེས་འབྲེལ་བནྡྷ། དབྱངས་ཕ་རོལ་ལ་ཚུ་རོལ་གྱི་ཨེ་ཨ་ལའོ། ཨཻ་ཨཱ་ཡའོ། ཨོ་ཨ་ཝའོ། ཨཽ་ཨཱ་ཝའོ། ནི། ཏེ། ཏཻ། གོ་ཏཽ་རྣམས་ནི། ཨ་ཧུ། ཨཽ། ཨ་ཀྵ། ཨ་ཧི་རྣམས་དང་སྦྱར་བས། ཏ་ཡ་དེ་རྣམས་སྨྲེས་པ་ཧུ། ཏཱ་གསེར་དག་ཡཽ། ག་བ་ལང་མིག་ཝ་ཀྵ། ཏཱ་དེ་རྣམས་འདིར་ཝི་ཧ་ལྟ་བུ་སྟེ་དབྱངས་ལ་མཚོན་ཙམ་མོ། གསལ་བྱེད་ལ། ཀ་ཙ་ཊ་ཏ་པ་ནི་སྡེ་པའི་དང་པོ་སྟེ། ཚུ་རོལ་སྡེ་བའི་དང་པོ་སྲོག་མེད་ཚིག་མཐར་གནས་པ་རྣམས་ནི་དབྱངས་དང་སྒྲ་ལྡན་རྣམས་ཕ་རོལ་ལ། སྡེ་པ་རང་རང་གི་གསུམ་པ་རྣམས་སུ་འགྱུར་ཏེ། བཱ་ཀ། ཨ་ཙ་ན། ཥཊ། ཏཏ། ཏྲི་ཥྚུ་པ་ནི། ཕ་རོལ་ལ། ཨཱི་ཤྭ་ར། ཨ་ནྟྲ། ཨ་ངྒ། ཨེ་ཥ། ཨ་བ་ལི་རྣམས་བྱུང་བའི་ཚེ། གསུམ་པར་བསྒྱུར་ནས་སྦྱར་པར། བཱ་གཱི་དག་དབང་ཝགྨ་ཤྭར། ཨ་ཛ་དབྱངས་མཐའི་ཛནྟྲ། ཥ་ཌ་ངྒ་ལན་ལག་དྲུག ། པ་དེ་འདིར། ཥ། ཏྲཱི་ཥྚུ་བ་བ་གསུམ་པ་གྲགས་འབྲེང་ལི། སྒྲ་ལྡན་ལ་། ཝཱ་ཀ། དྷཱ་ཏུ། ཝཱ་གྡྷཱ་ཏུའོ་དག་གི་ཁམས། སྡེ་པའི་དང་པོ་ཚིག་མཐའ་ན་ཡོད་པ་རྣམས་ནི་ཕ་རོལ་ལ། སྡེ་པ་གང་རུང་གི་ལྔ་པ་འམ་ཡང་ན་གསུམ་པ། སྟེ། ཝཱ་ཀ། མ་ན། ཝདྨ་ན། ཝགྨ་ན་དག་ཡིག་ཁ་ཌ་མུ་ཁ། ཥ་ཎྨུ་ག །ཥཌྨུ་ཁ་གདོང་དྲུག །ཚུ་རོལ་སྡེ་པའི་དང་པོ་ཚིག་མཐའ་རྣམས་ལས། དབྱངས་དང་ཝ་དང་ར་ཞུགས་པ་ཅན་གྱི་ཕ་རོལ་གྱི་ཤ་ཡིག་ནི་ཚ་ཡིག་ཏུ་འགྱུར་བའམ། ཡང་ན་ཤ་ཡིག་ཏུ་གནས་ཏེ། ཝཱ་ཀ། ཥ་ཊ། ཏད། ཏ་ཏ་རྣམས། ཤཱུ་ར། ཤྱ་མ། ཤྭེ་ཏ། ཤྲུ་ཏ་མ་དང་སྦྱར་བས། ཝཱ་ཀཚའུ་ངག་དཔའ་པོའི་ར། ཝཱ་ཀྵ་ར། ཥ་ཊཚ་མ་། ཥ་སོ་དྲུག །ཏ་ཙྪྭེ་ཏ་ཙེཙྪ་ཏཾ། ཏ་ཙྪ་ཏཾ་དེ་ཐོས། ཏཙྴུ་ཏཾ། ཏ་ཙྴུ་ཏཾ། ཚུ་རོལ་སྡེ་བའི་དང་པོ་དེ་རྣམས་ཉིད་ལས་ཕ་རོལ་གྱི་ཧ་ཡིག་ནི་རང་གི་སྔོན་མའི་སྡེ་པ་གང་ཡིན་པ་དེའི་བཞི་པ་རུ་སྟེ། ཡང་ན་མ་ཡིན་ནོ། །ཝཱ་ཀ། ཏ་ཏ་ནི། ཧི་ཧ་ཧེ་རུ་ཀ་དང་སྦྱར་པས། ཝཱཀྒྷི་ཏ་ངག་འཕགས། ཝཱ་གྷི་ཧ། ཏདྡྷུ་ཀ། ཏ་ངྷེ་རུ་ཀ་དེ་ཁྲག་འཐུང་། ཚིག་མཐའི་ཏ་ཡིག་ནི་ལ་དང་ཙ་ཊའི་སྡེ་པ་རྣམས་ཕ་རོལ་ལ། ཕ་རོལ་གྱི་གཟུགས་སུ་སྟེ། ཏ་ཏ་ནི། ལུ་ནོ་ཏི། ཙི་ནི་ཏི་ལྟ་བུ་དང་སྦྱར་བས། ཏ་སླུ་ནི་དེ་གཅོད་པར་བྱེད་ཏི། ཏཙྩི་ནོ་ཏི་དེ་སོགས་པར་བྱེད་། ཚུ་རོལ་ཚིག་མཐའི་ཏ་ནི་ཤ་ཕ་རོལ་ཙ་སྟེ། ཏ་ཏ། ཤྭེ་ཏ་ལ། ཏ་ཙྴི་ཏ་དེ་དཀར་པོ་ཤ་ཚ་རུ་བསྒྱུར་ན། ཏ་ཙྪཱེ་ཏ། ཚུ་རོལ་ཚིག་མཐའི་ང་ཎ་ན་ཨུ་པ་དྷཱ་ཐུང་ངུ་ཅན་རྣམས་ནི། དབྱངས་ཕ་རོལ་ལ་གཉིས་ཏེ། སུ་ག་ཎ། པཉྩ་ན་ནི། ཨི་དཾༀ། ཨུ་ཀྟཾ་དང་སྦྱར་པས། སུ་གཎྞི་ཚིགས་བཅད་བཟང་པོ། །དཾ། པཉྩ་ནྣུ་ལྔས་སྨྲས་པ་ཀྟཾ། ཚུ་རོལ་གྱི་ན་མཐའ་ནི་ཙ་ཚ་ཕ་རོལ་ལ་ཤ་ཡིག་སྟེ་སྔ་མར་རྗེས་སུ་ང་རོའོ། བྷ་ཝཱ་ན་དང་ཅར་ཏི། ཚད་ཡ་ཏི་སྦྱར་བས་བྷ་ཝཱ་ཁྱོད་གཅོད་པར་བྱེད་། སྔ་མར་རྗེས་སུ་ང་རོའོ། །བྷ་ཝཱ་ཉྫ་ཡ་ཏི། ན་མཐའ་ན་ཤ་ཕ་རོལ་ལ་ལཉྩ་དག་ཏུ་ཡང་ནའོ། བྷ་ཝཱ་ནི། ཤེ་ཏི། བྷ་ཝཱ་ན། ལུ་ནོ་ཏི། བྷ་ཝཱ་ལླུ་ནོ་ཏི། ན་མཐའ་ནི་ཛ་ཉ་ཤ་རྣམས་ཕ་རོལ་ལ་ཉ་སྟེ། བྷ་ཝཱ་ན། ཛ་ཡ་ཏི། བྷཱ་ཝཱ་ཉྫ་ཡ་ཏི། ན་མཐའ་ནི་ཤ་ཕ་རོལ་ལཉྩ་དག་ཏུ་ཡང་ནའོ། བྷ་ཝཱ་ན། ཤེ་ཏི། བྷ་ཝཱ་ཉྩེ་ཏེ། ན་མཐའ་ནི་ཌ་ཌྷ་ཎ་ཕ་རོལ་ལ་ཎ་སྟེ། བྷ་ཝཱ་ན། ཌི་ནཾ་། བྷ་ཝཱ་ཎྜི་ནཾ། ཚིག་མཐའི་མ་ནི། གསལ་བྱེད་ཕ་རོལ་ལ་རང་གི་སྔ་མའི་རྗེས་སུ་རོ་སྟེ། ས་མ། བྷ་ར། སཾ་བྷ་ཡང་དག་པར་རྒྱས་པ་ར། ཀམ། ག་ནི། ཀཾ་སྡུག་པ་རྣམས་ཀ་ནི། ཚིག་མཐའི་མ་ནི་དབྱངས་ཕ་རོལ་ལ་རྗེས་སུ་ང་རོར་མི་འགྱུར་ཏེ། སམ། ཨུ་དྒ་ཏི། མུདྒ་ཏེ་བཞིན་ནོ། ཚིག་མཐའི་མ་ནི་སྡེ་པ་ཕ་རོལ་ལ་དེའི་སྡེ་པའི་ལྔ་པར་འགྱུར་ཞིང་། ཡང་ན་རྗེས་སུ་ང་རོ་སྟེ། མ་དང་། ག་ཏེ། ཙ་ཏི། དྷ་ར་ཎི། བྷ་ར་རྣམས་སྦྱར་བས། སདྒ་ཏེ་འཾ། སཾ་ག་ཏེ་ཀུན་ནས་འགྲོ་མ་སསཉྩ་ར་ཏིའཾ། ཡང་དག་པར་ཕ་འགྲོ་བ་སཉྩ་ཀུན་ཏུ་སྦྱོད་མ་ར་ཏི། སནྡྷཱ་ར་ཎི་འཾ་ཡང་དག་པར་འཛིན་ཏོ། སམྦྷ་ཡང་དག་པར་རྒྱས་པ་རའཾ། སཾ་བྷ་ར་ལྟ་བུར་འགྱུར་རོ། རྣམ་བཅད་ལ། ཚུ་རོལ་རྣམ་བཅད་ནི། ཙ་དང་ཚ་ཕ་རོལ་ལ་ཤ་སྟེ། ན་མཿ ཙནྟྲ། ཚཱ་ཏྲ་དང་སྦྱར་པས། ན་མ་ཟླ་བ་ལ་ཕྱག་འཚལ་ལོ་ཤྩནྟྲ། ན་མཥྩཱ་ནྟྲ་གདུང་ལ་འདུག །ཚུ་རོལ་རྣམ་བཅད་ནི་ཊ་ཋ་ཕ་རོལ་ལ་ཥ་སྟེ། ན་མཿ ཊཱཀྐི་ཋ་ཀུ་ར་དང་སྦྱར་བས། ན་མ་ཥྚཱུ་འདོད་པ་ཀྐི། ན་མཥྛ་ཀུ་ར་ཕྱུག་གོ །ཚུ་རོལ་གྱི་ཏེ་ཐ་ཕ་རོལ་ལ་ས་སྟེ། ན་མཿ ཏཱ་རཱ་ཡེ། ཐ་ར་ཐ་ར་ཀྲྀ་ཏྭཱི་དང་སྦྱར་བས། ན་མ་སྟཱ་རཱ་སྒྲོལ་མ་ལ་ཡེ། ན་མསྠ་ར་ཐ་ར་ཀྲྀ་འདས་འདས་བྱིས་ནས་ཏྭཱ། ཚུ་རོལ་གྱི་དེ་ཀ་ཁ་ཕ་རོལ་ལ་ལྕེ་རྩ་ཅན་ནམ་ཡང་ན་མ་ཡིན་ཏེ། ན་མཿ ཀ་ན་ག་མུ་ན་ཡེ། ཁ་གརྦྷཱ་ཡ། ན་མཐ་ན་ཀ་མུ་ན་གསེར་ཐུབ་ལ་ཡེའོ། ན་མཿ ཀ་ན་ཀ་མུན་ཡེ། ན་མྈྑ་གརྦྷཱ་ནམ་མཁའི་སྙིང་པོ་ལ་ཡ་འཾ། ན་མཿཁ་གརྦྷཱ་ཡ། ཚུ་རོལ་གྱི་དེ་ཕ་རོལ་ལ་མཆུ་ཅན་ནམ་ཡང་ན་མ་ཡིན་ཏེ། ན་མཿ ཀཿདང་པརྞཱ་ཤྲ་བརི་ཁྲོད་ཅན་ཪྱཻ། ཀ་ྉྤ་ལ་ཅི་འབྲས་བུ་ཅན་བྱེད་ཏི་འཾ། ན་མ་པ་རྞ་དང་། ཀ་ཕ་ལ་ཏི། ཚུ་རོལ་གྱི་དེ་ཕ་རོལ་ཤ་ཥ་ས་ལ་ཕ་རོལ་གྱི་གཟུགས་སུ་འམ་ཡང་ན་མ་ཡིན་ཏེ། ན་མཿདང་། ཤཱཀྱ་མུ་ན་ཡེ། ཥ་ཌི་གཱ་ཡ། སཾ་གྷཱ་ཡ་སྦྱར་པས། ན་མ་ཤྴཱུ་ཀྱ་མུ་ན་ཡི་འཾ། ན་མཿཤཱཀྱ་མུ་ན་ཡེ། དེ་བཞིན་དུ་ཡན་ལག་དྲུག་ལ་ན་མཥྵ་ཌཾ་གཱ་ཡ། ན་མ་སྶཾ་གྷཱ་དགེ་འདུ་ནི་ལ་ཡ། འདིར་ཤ་ཥ་ས་གསུམ་ཕ་རོལ་ཅན་གྱི་རྣམ་བཅད་རྣམས་ས་རུ་ངེས་པར་བཀླག་དགོས་པར་སྟོན་པས། ན་མོ་སདྒྷི་ཡ་ཞེས་བརྗོད་པ་མི་འཐད་དོ། ཚུ་རོལ་དང་ཕ་རོལ་ཨ་ཡིག་དག་གི་བར་དུ་རྣམ་བཅད་ནི་ཨུར་འགྱུར་ཏེ། དཔེར་ན། ཤུདྡྷཿཨ་ཧཾ་དྷའི་སྲོག་གི་ཨ་ཕྲལ་ཏེ་རྣམ་བཅད་ཨུར་བསྒྱུར། ཨ་ཨུ་ལ་ཨོའོ་ཞེས་པས་ཨ་སྔ་མ་ཨོར་བསྒྱུར་ཏེ་ཨུ་ཕྱིས། དྷ་སྲོག་མེད་པར་དྲངས་པས་ཤུདྡྷོ། ཨ་ཕྱི་མ་ཕྱིས་ཏེ་ཤུལ་དུ་པླུ་བྲིས་པས་ཤུདྡྷོ྅་ཧཾ་ཞེས་པའོ། དེ་བཞིན་དུ་ཨཏྨ་ཀཿ་ཧཾ་དང་། ན་མཿ ཨ་མོ་གྷཱ་སིདྡྷ་ཡེལ་དེ་ལྟར་བྱས་པས། ཨཏྨ་ཀོ་བདག་ཉིད་ངའོ་྅་ཧཾ། ན་མོ་ཨ་མོ་གྷ་སིདྡྷ་ཡེ་གྲུབ་པོ། ཚུ་རོལ་ཨ་དང་ཕ་རོལ་སྒྲ་ལྡན་གྱི་བར་དུ་རྣམ་བཅད་ཨུར་འགྱུར་ཏེ། ན་མཿ བུདྡྷ་ཡ། མའི་སྲོག་གི་ཨ་ཕྲལ་ཏེ་ཚུལ་དེས་ན་མོ་བུ་དྡྷ་ཡ་གྲུབ་བོ། ཚུལ་རོལ་ཨ་ཐུང་ལས། མཐའི་རྣམ་བཅད་ནི་ཕ་རོལ་རང་མ་གཏོགས་པའི་དབྱངས་གཞན་ལ་དབྱི་བའམ་ཡང་ན་ལ་སྲོག་མེད་དུ་འགྱུར་ཏེ། ན་མཿ ཨིནྟྲ་ཡ་དང་། ཨཱ་ཪྱ་ལ། ན་མ་ཨིནྟྲ་ཡ་དབང་པོ་ལ་འཾ། ན་མ་ཡིནྟྲ་ཡ། ན་མ་ཨཱ་ཪྱ་འཕགས་པ་ལ་འཾ། ན་མ་ཨཱ་ཪྱ་ལྟ་བུའོ། དེ་བཞིན་དུ་ན་མ་ཨཱ་ཪྱ་མཻ་ཏྲི་ཡེ་སོགས་གྲུབ་པས། ན་མོ་ཨཱ་ཪྱ་མཻ་ཏྲི་ཡེ་ཞེས་པ་མི་འཐད་ཅེས་བཤད། ཚུ་རོལ་ཨ་དང་ཕ་རོལ་བྷོ་དག་ལས་རྣམ་བཅད་ནི་སྔར་ལྟར་དབྱི་བའམ་ཡར་བསྒྱུར་ཏེ། དེ་བཿབྷོཿདང་། ཨཱ་ཧུ། ཨ་ཏྲ་དང་སྦྱར་བས། དེ་བ་ཨཱ་ལྷ་རྣམས་སྨྲས་ཧུ། དེ་བ་ཡཱ་ཧུ། བྷོ་ཨ་བྱ་བ་འདིར་ཏྲ། བྷོ་ཡ་ཏྲའོ། ཨ་དང་བློ་ལས་རྣམ་བཅད་ནི་སྒྲ་ལྡན་ཕ་རོལ་ལ་དབྱི་བར་བྱ་སྟེ། ཡེདྷ་རྨ་ལ་རྣམ་དབྱེ་ཛས་བྱིན། ཛས་ལའོ་ཞེས་པས་ཛ་ཕྱིས་ཏེ་ཨ་བཞག །ཨ་ཕྱི་མ་རིང་པོར་འགྱུར་ཏེ། མཚུངས་འདྲ་དང་ས་རྣམ་བཅད་བྱས་པས། ཡེདྷརྨཱཿ འདིའི་རྣམ་བཅད་ནི་སྒྲ་མེད་སྡེ་བའི་དང་པོ་དང་གཉིས་པ་རྣམས་དང་ཤ་ཥ་ས་མ་གཏོགས་པའི་སྒྲ་ལྡན་གྱི་ཡིག་གེ་ཧ་ལྟ་བུ་ཕ་རོལ་ཡོད་པ་ལ། ཕྱིས་པས། ཡེདྷཱ་རྨཱ་ཧེ་ཏུ་ལྟ་བུའོ། ཚུ་རོལ་ལ་ནཱ་མིན་ལས་ཕ་རོལ་གྱི་རྣམ་བཅད་རར་བྱ་ཞིང་། ཕ་རོལ་ལ་མ་ལྟོས་པའང་ཡོད་དེ། གཱི་ར། དྷུ་ར། ར་གཉིས་རྣམ་བཅད་བྱས་པས་གཱིཿདྷུཿ ནཱ་མི་ན་ལས་ཕ་རོལ་གྱི་རྣམ་བཅད་ནི་སྒྲ་ལྡན་དང་དབྱངས་ཕ་རོལ་ལ་ར་རུ་སྟེ། ཨཱ་ཡུཿ མཱུ་རྟིཿདང་། ཛྙཱ་ན། ཨ་ཧཾ་སྦྱར་བས། ཨཱ་ཚེ་དང་ཡེ་ཤེས་ཡུ་རྫུན། མཱུ་རྟི་སྐུ་ངའོ་ར་ཧཾ། རའི་རང་བཞིན་ཅན་ཏེ་ར་ལས་གྲུབ་པའི་རྣམ་བཅད་ནི་ནཱ་མིན་ཕ་རོལ་མིན་པ་ལ་ར་སྟེ། ཨནྟ་ར། སྭ་ར་ལ་སི་བྱིན་ཏེ་ཕྱིར་ར་རྣམ་བཅད་བྱས་པས། ཨ་ནང་ནྟཿ མཐོ་རིས་སྭཿ ཨེ་ཥ་དང་ས་ལས་ཕ་རོལ་གྱི་རྣམ་བཅད་ནི། གསལ་བྱེད་ཕ་རོལ་ལ་དབྱི་བར་བྱ་སྟེ། ཨེ་ཥཿ སཿནི། ཙ་ར་ཏི། ད་དཱ་ཏི་དང་སྦྱར་བས་ཨེ་ཥ་ཙ་འདི་སྐྱེད་པར་བྱེད་ར་ཏི། ས་ད་དཱ་ཧིའོ་འདི་སྦྱིན་པར་བྱེད། འོན་ཀྱང་དབྱངས་ཕ་རོལ་ལ་མི་དབྱི་སྟེ། ཨེ་ཥཿཏྲའི་ཨའི་བར་གྱི་རྣམ་བཅད་ཨུ་དང་ཨ་སྔོན་མ་ཨོར་འགྱུར་ཞིང་ཨུས་ཕྱིར། ཨ་ཕྱི་མ་ཡང་ཕྱི་མ་ཡང་ཕྱིར་ཏེ་པླུ་ཏ་བྱས་པས། ཨེ་ཤོ྅་ཏྲའོ། རྣམ་བཅད་ཕྱིས་པ་ལ་སླར་མཚམས་མི་སྦྱོར་ཏེ། གོང་གི་ན་མ་ཨཱ་ཪྱ་ལྟ་བུ་ནི། སླར་ན་མཱ་ཪྱ་ལྟ་བུར་མི་བྱེད་དོ། ཚིག་མཐའི་ར་ཡིག་ནི་ཕ་རོལ་ལ་དབྱི་ཞིང་སྔ་མ་རིང་པོར་བྱ་སྟེ། ཨགྣི་ར། ར་ཐེ་ན། ཨ་གྣཱ་མེའི་ཤིང་དྲི་ར་ཐེན་། མིང་ཚིག་གི་སྐབས་གང་དུའང་དབྱངས་ལས་ཕ་རོལ་གྱི་ཚ་ཡིག་ནི་གཉིས་སུ་འགྱུར་ཏེ། གམླི་འགྲོ་བ། ཨི་ཥུ་འདོད་པ། ཡ་མུ་འགོག་པའི་དབྱིངས་བཞག །ལྀ་ནི་སུ་ཥ་ཐོགས་དྷཱ་ཏ་མོགས་ལྀ་ཡིག་རྗེས་སུ་འབྲེལ་ལོ། ཨ་རྟི་བ་རྟེ་ཤ་རྟི་རྣམས་ལས་པ་ར་སྨཻ་ལའོ་ཞེས་པས་ལྀ་ཕྱིས། ཕྱི་མའི་ཨུ་གཉིས་ནི་ཨུ་ཧ་རྗེས་སུ་འབྲེལ་བ་པླུ་ཀླྀ་ཤ་རྣམས་ཀྱི་ལྟ་ལའོ་ཞེས་པས་རྟགས་ཀྱི་དོན་ཡིན་པས་ཕྱིས། སྨོན་པ་དག་ལའོ་ཞེས་པས་པཉྩ་མའི་བར་སྨིའི་སྐྱེས་བུ་དབུས་མའི་གཅིག་ཚིག་གི་ཧི་བྱིན་བྱེད་པ་པོ་ལ་ཨ་ན་ཏེ་ཞེས་པས་ཨན་བྱིན། ཨ་ན་གྱི་ན་བི་ཀ་ར་ཎ་ལའང་ངོ་སོགས་ཀྱིས་ཕྱིས། གམ། ཨི་ཥ། ཡ་མ་རྣམས་ཀྱི་ཚའོ་ཞེས་པས་ཥ་དང་ཚ་རུ་བསྒྱུར། ཚ་ཡིག་གཉིས་བརྩེགས་སུ་བྱས་ནས་འོག་མ་ཨ་ན་གྱི་ཨ་དང་སྦྱར་ཏེ། སྟེང་མ་སྒྲ་མེད་པ་ལ་དང་པོའི་ཞེས་པས་ཙ་རུ་བསྒྱུར། ཨ་ཡིག་དག་ལས་ཧནྟི་མ་ཡིན་པ་ལ་ཧོའོ་ཞེས་པས་ཧི་ཕྱིས། ཉེར་བསྒྱུར་ཨཱ་དང་པྲི་ཏི་དང་པྲ་རྣམས་ནི་རིམ་པར་གསུམ་པོའི་སྔོན་དུ་བཞག །དེ་རྣམས་ལ་རྟགས་ཀྱི་དོན་སོགས་ཀྱིས་སི་བྱིན་མི་ཟད་པ་ལས་ཀྱང་ངོ་ཞེས་པས་ཕྱིས། པྲ་ཏིའི་ཨི་དང་མཚུངས་འང་བྱས་པས། ཨཱ་ཚུར་བྱོན་གཙྪ། པྲ་ཏཱི་སོ་སོར་བཞེས་ཙྪ། པྲ་ཡ་ཙྪ་རྣམས་གྲུབ་པོ། དེ་ཡན་འཚམས་སྦྱོར་གྱི་སྐབས་ནས་བསྟན་པ་ལྟར་ཏེ། ཕྱི་མ་འདི་དག་ནི་ཚིག་ཏུ་སྒྲུབ་ཚུལ་ལོ། སྦྱིར་ཚིག་ཏུ་སྒྲུབ་ཚུལ་རྒྱས་པར་ནི་སྒྲའི་གཞུང་འོག་མ་རྣམས་ཀྱིས་སྟོན་ལ། དེ་ཡང་རང་བཞིན་བྱིངས་དང་། མིང་གཉིས་ལས་རྐྱེན་བྱིན་ནས་ཚིག་ཏུ་སྒྲུབ་པར་མཛད་ཅིང་། རྐྱེན་ལའང་ཏི་སོགས་དང་དབྱིངས། སི་སོགས་དང་མིང་སྦྱར་ནས་ཚིག་ཏུ་སྒྲུབ་པར་མཛད་པ་ཡིན་ཏེ། བྱིངས་དང་ཏི་སོགས་སྦྱར་བའི་ཚིག་ནི་མཚོན་ན། ས་བཿ སྭ་སྟེ་ཀ་རི་ཥྱ་ཏི་དང་། མདྒ་ལཾ་ལྟ་ཝཱ་ནྟུ་ལྟ་བུ་སྟེ། དང་པོ་ནི། ཊུ་ཀྲྀ་ཉ་བྱེད་པ་ལའོ་ཞེས་པའི་བྱིངས་བཞག །ཊུ་ནི་ཊུ་རྗེས་སུ་འབྲེལ་བ་ལས་དེའི་ཚར་བ་ལ་ཏྲི་མ། ཀའོ་ཞེས་པས་ཕྱིར། ཉ་ནི་ཨིན་དང་ཀ་དང་ཡ་ཛ་སོགས་ལས་གཉིས་ཀའོ་ཞེས་པས་དེ་ཡང་ཕྱིས། འབྱུང་འགྱུར་ལ་བྷ་བི་ཥྱ་ནྟི་ཨ་ཤི་ཥ་ཤཱ་སྟ་ནི་རྣམས་སོ་ཞེས་པས། ཏེ་སོགས་ལས་བྷ་བི་ཥྱ་ནྟིའི་ར་སྨཻའི་སྐྱེས་བུ་དང་པོའི་གཅིག་ཚིག་སྱ་ཏི་བྱིན། བྱིངས་ཐམས་ཅད་པ་མ་ཡིན་པ་གསལ་བྱེད་དང་པོ་ཅན་ཡ་ཡིག་དང་པོ་མ་ཡིན་པའི་དང་པོར་ཨིཊ་ཨཱ་ག་མའོ་ཞེས་པས་བར་དུ་རྐྱེན་ཨིཊི་བྱིན། ཊ་ནི་ཁྱད་པར་གྱི་དོན་ཡིན་པས་ཕྱིས། རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པས། ཀྲྀའི་རྀ་ཕྲལ། ནཱ་མིན་མཐའི་བྱིངས་དང་པི་ཀ་ར་དག་གི་ཡོན་ཏན་ནོ་ཞེས་པས། རྀ་ལས་ཡོན་ཏན་ཐོབ་ཅིང་། དེ་ཡང་ཨར་དང་འཚམས་སྦྱོར་གྱིས་སྔ་མ་གཉིས་དག་ཀྱང་ཡོན་ཏན་ནོ་ཞེས་པས་རྀ་ནི་ཡོན་ཏན་ཨར་དུ་བསྒྱུར་། ནཱ་མེ་དང་ཀ་དང་ར་ལས་ཕ་རོལ་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་ས་ཥ་སྟེ་ནུ་དང་པར་བཅད་བྱ་དང་བར་ཥ་ཡོད་ཀྱང་ངོ་ཞེས་པས། སྱ་ནི་ཥྱར་བསྒྱུར། གསལ་བྱེད་དབྱངས་མེད་ཕ་རོལ་གྱི་ཡི་གེར་དྲང་ངོ་ཞེས་པས་ཀ་སྲོག་མེད་ཨ་དང་། ར་སྲོག་མེད་ཨི་ཐོག་ཏུ་དྲངས་ཏེ། ས་བཿ སྭ་སྟི་ཚིག་གྲོགས་སུ་བཞག་པས། ས་བཿསྭ་སྟི་ཀ་རི་ཥྱ་ཏི་དེ་ཁྱོད་བདེ་ལེགས་མཛད་པར་འགྱུར། ཞེས་གྲུབན་པོ། གཉིས་པ་ནི། བྷཱ་ཡོད་པ་ཞེས་པའི་བྱིངས་བཞག ། ནུས་པར་བྱེད་པ་དང་སྨོན་པ་དག་ལའོ་ཞེས་པས། པཉྩ་མིའི་བ་ར་སྨཻའི་སྐྱེས་བུ་དང་པོའི་མང་ཚིག་ཨནྟུ་བྱིན། བྱེད་པ་པོ་ལ་ཨནྟེ་བི་ཀ་ར་ཎའོ་ཞེས་པས་བར་རྐྱེན་ཨན་བྱིན། ན་ནི་པི་ཀ་ར་ཎ་ལའང་ཨ་ན་ཉིད་ལའོ་ཞེས་པས་ཁྱད་དོན་ཡིན་པས་ཕྱིས། རིམ་པ་ལས་མ་འདས་སོགས་ཀྱིས་བྷཱུའི་ཨཱུ་ཕྲལ། ནཱ་མི་སོགས་ཀྱིང་ཨཱུ་ལ་ཡོན་ཏན་ཐོབ་ཅིང་། དེ་ཡང་ཨར་དང་སོགས་ཀྱིས་ཨཱུའི་ཡོན་ཏན་ཨོ་རུ་བསྒྱུར། ཨི་ཨ་ཝའོ་ཞེས་པས་ཨོ་ཨ་ཝ་རུ་བསྒྱུར། ཨ་དང་འཚམས་སྦྱོར་གྱི་ཡི་གེ་དག་ལས་ཨའི་དེ་དག་སྟེ་དེ་དབྱི་བ་ཡང་ངོ་ཞེས་པས་ཨནྟུའི་ཨ་ཕྱིས། གསལ་བྱེད་དབྱངས་མེད་སོགས་ཀྱིས་བྷ་དང་ཝ་སྲོག་མེད་ཨ་གཉིས་ཀྱི་སྟེང་དུ་སོ་སོར་དྲངས་ནས་རིང་པོར་བྱས་པས། མདྒ་ལཾ་གོང་དུ་བཞག་བས་མངྒ་ལཾ་བཀྲ་ཤིས་པར་གྱུར་ཅིག་བྷ་ཝཱ་ནྟུ་ཞེས་པ་གྲུབ་པོ། མིང་དང་སི་སོགས་སྦྱར་པའི་ཚིག་ནི། ན་མོ་བུ་ངྔྷ་ཡ་ལྟ་བུ་སྟེ། དེ་ཡང་ན་མས་ལ་རྟགས་ཀྱི་དོན་བརྗོད་པ་ལ་རྣམ་དབྱེ་དང་པོའི་ཞེས་པས་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། གསལ་བྱེད་ལས་ཀྱང་ངོ་ཞེས་པས་སའི་སྲོག་གི་ཨི་ཕྱིས་ཏེ། རེ་ཕ་དང་ས་དག་གིས་རྣམ་པར་བཅད་པ་བྱའོ་ཞེས་པས་ས་རྣམ་བཅད་དུ་བྱས། བུངྔྷ་ཡ། ན་མཿ སྭ་སྟི་སྭཱ་ཧཱ་སྭ་ངྷཱ་ཨ་ལ་ཝཊ་སྦྱོར་བ་ལ་བཞི་པའོ་ཞེས་པས། ངྷ་ལ་རྣམ་དབྱེ་བཞི་པའི་གཅིག་ཚིག་དེ་བྱིན། རིམ་པ་ལ་སོགས་ཀྱིས་དྷའི་སྲོག་གི་ཨ་ཕྲལ། དེ་ཡའོ་ཞེས་པས་ངེ་ཡ་རུ་བསྒྱུར། ཨ་ཡིག་ལ་སྒྲ་ལྡན་ལ་རིང་པོའོ་ཞེས་པས་ཨཱ་རིང་པོར་བསྒྱུར། རིམ་པ་ལ་སོགས་ཀྱིས་མའི་སྲོག་གི་ཨ་ཕྲག །ཨ་དང་སྒྲ་ལྡན་དག་གིའོ་ཞེས་པས་རྣམ་བཅད་ཨུ་རུ་བསྒྱུར། ཨུའི་ཡི་གེ་ལ་ཨོའོ་ཞེས་པས་ཨ་ཨོར་འགྱུར་ཞིང་ཕ་རོལ་གྱི་ཨུ་ཕྱིས། གསལ་བྱེད་སོགས་ཀྱིས་ཨ་སྲོག་མེད་ཨོ་དང་། ངྷ་སྲོག་མེད་ཨཱའི་ཐོག་ཏུ་དྲངས་པས། ན་མོ་བུངྔྷཱ་སངས་རྒྱས་ཕྱག་འཚལ་ལོ་ཡ། ཞེས་གྲུབ་པོ། གཞན་ཡང་སྒྲ་གཞུང་ཆེ་བར་འཚམས་སྦྱོར་ལྔ་པ་མན་ན་རྣམ་དབྱེ་དམི་ཟད་པ་དག་ཚིག་སྡུད་སོགས་མང་པོ་བཤད་ཀྱང་འདིར་རྣམ་དབྱེ་ཙམ་ངོས་བཟུང་ཚེ། དབྱངས་ཅན་མ་ལྟར་ན། སི་ཨཽ་ཛས་ནི་རྣམ་དབྱེ་དང་པོའི་གཅིག་ཚིག་གཉིས་ཚིག་མང་ཚིག་གསུམ། དེ་བཞིན་དུ་རྣམ་དབྱེ་གཉིས་པ་ལ་ཨ་མ་ཨཽ་ཤས། གསུམ་པ་ལ་ཊཱ་བྷྱཾ་བྷིས་བཞི་པ་ལ་དེ་བྷྱུཾས། ལྔ་པ་ལ་ང་སི་བྷྱཾ་བྷྱས། དྲུག་པ་ལ་ངས་ཨོས་ཨཱ་མ། བདུན་པ་ལ་དི་ཨོས་སུབ་གསུམ་སྟེ། རེ་རེ་ལའང་གཅིག་ཚིག་ལ་སོགས་པ་གསུམ་གསུམ་དང་། སྐྱེས་པ་དང་མ་ནིང་དང་བུད་མེད་ཀྱི་རྟགས་ཀྱི་དབྱེ་བས་ཤིན་ཏུ་མང་ཞིང་། རྣམ་དབྱེ་བརྒྱད་པ་དང་བཅས་པའོ། འདིར་རྣམ་དབྱེ་དང་པོའོ་གསུམ་མཚོན་ཙམ་བརྗོད་ན། སྤྱིར་བཏང་སྐྱེས་པའི་རྟགས་ཨ་ཐུང་མཐའ་ཅན་ལ། དེ་བ། སི། ཞེས་པ་ལ། ཨི་བརྗོད་དོན་ཡིན་པས་སའི་སྲོག་གི་ཨི་ཕྱིས། ར་ས་དག་གིས་རྣམ་བཅད་དོ་ཞེས་པས་ས་རྣམ་བཅད་བྱས་པས། དེ་ལྷ་བཿགཉིས་ཚིག་ནི། དེ་བ་ལ་ཨཽ་ཞེས་པ་ཕྱིན་ནས་སྔོན་མང་སྦྱར་བས་དེ་ལྷ་དག་བཽ། མང་ཚིག་ནི། དེ་བ། ཛས་ཞེས་པ་ལ། །ཛ་ཡིག་ཛས་ལའོ་ཞེས་ཁྱད་པར་གྱི་དོན་ཡིན་པས་ཕྱིས་ཏེ། བཱ་རིང་པོ་དང་ས་རྣམ་བཅད་བྱས་པས། དེ་ལྷ་རྣམས་བཱཿ གཞན་རྣམས་རེ་རེ་ཙམ་བརྗོད་ན། གཉིས་པ་ལ། དེ་བ། ཨམ་གྱི་ཨ་ཡིག་ཕྱིས་པས། དེ་ལྷ་མ་བཾ། གསུམ་པ་ལ། དེ་བ། ཊཱའི་ཊཱ་ཨིན་ཞེས་པར་བསྒྱུར་ཏེ། ཨ་ཨེ་ལ་ཨེ་ཞེས་པས། བའི་སྲོག་གི་ཨ་དང་ཕ་རོལ་གྱི་ཨིན་འཕྲད་པས་ཨེན་དུ་བྱས་ནས་འཚམས་སྦྱར་བས་དེ་ལྷ་ཡིས་བེན། བཞི་པ་ལ། དེ་བ། དེའི་ང་ཁྱད་དོན་ཡིན་པས་ཕྱིས། བར་དུ་ཨ་ཀ་ཨཱ་ག་མ་བྱིན། ཀ་གནས་དོན་ཡིན་པས་ཕྱིས། བའི་སྲོག་གི་ཨ་ཕྲལ། །ཨི་ཡ་ར་བསྒྱུར། འདྲ་པའི་ཡི་གེ་ལས་རིང་པོར་བྱས་པས། དེ་བཱ་ལྷའི་ཆེད་དུ་ཡ། ལྔ་པ་ལ། དེ་བ། ང་སོའི་ང་སི་ནི་ཨ་ཏ་དུ་བསྒྱུར་ཅིང་། འདྲ་བ་རིང་པོར་བྱས་པའི་དེ་པཱ་ལྷ་ལས་ཏ། དྲུག་པ་ལ། དེ་བ། ངས་ཀྱི་ངས་ནི་སྱ་རུ་བསྒྱུར་བས་དེ་བ་ལྷའི་སྱ། བདུན་པོ་ལ་དེ་བ། ངི་ཞེས་གནས་པ་ལ། ང་ཕྱིས་ཏེ་ཨི་དུ་བཞག་པས་དེ་ལྷ་མ་བེ། དེ་དག་གི་ཐོག་མར་ཧེ་སྦྱར་བས་རྣམ་དབྱེ་བརྒྱད་པ། ཧེ་དེ་ཀྱེ་ལྷ་བཿ ཞེས་བྱ་ཞིང་མཚོན་པ་ཙམ་མོ། སྨྲས་པ། ཟབ་ཡངས་སྒྲ་གཞུང་རྒྱ་མཚོ་ཆེན་པོ་རུ། །མཁས་པ་དེད་དཔོན་འཇུག་པ་ཆེས་འཐད་ཀྱི། །བློ་ཆུང་བྱིས་པའི་རྩལ་གྱིས་བརྒལ་བྱས་ཀྱང་། །འཁྲུལ་པའི་རླབས་ཀྱིས་འཁྱེར་ལས་གཞན་དུ་ཅི། །འཕགས་ཡུལ་མཁས་པའི་གདེང་ཅན་རྣམས། །ལེགས་སྦྱར་སྐད་ཀྱི་མཚོ་ཆེན་དེར། །རིང་ནས་ཞུགས་ཤིང་རོལ་པ་ལ། །སྐྱེས་བུ་སྐོམ་པས་གདུང་བ་བཞིན། །སྔོན་ཚེ་བོད་དུའང་སྒྲ་ཡི་ཚུལ་འདི་ལ། །ལེགས་པར་ཞུགས་པའི་མཁས་པ་མང་བྱོན་ཡང་། །དེང་དུས་དེ་ཡི་ཆ་ཙམ་འཛིན་པ་ལས། །རྫོགས་པར་མཁྱེན་པའི་སྐྱེས་བུ་ཉིན་སྐར་བཞིན། །ཇི་ལྟར་རི་བོང་རྐྱལ་བང་གིས། །རྒྱ་མཚོ་བརྒལ་བར་མི་ནུས་བཞིན། །བློ་དམན་བདག་ལྟས་རང་དབང་དུ། །འདི་དོན་རྫོགས་པར་ག་ལ་ཤེས། །འོན་ཀྱང་མཁས་པའི་ལེགས་བཤད་མན་ངག་རྒྱུན། །ཅུང་ཟད་མྱངས་པའི་མཐུ་ལས་གཞན་འགའ་ལ། །ཅུང་ཟད་ཕན་སྲིད་སྙམ་པའི་ཀུན་སློང་གིས་། །ཆ་ཙམ་ཡི་གེའི་ལམ་དུ་སྤེལ་པར་བྱས། །ཚུལ་འདིར་ཅུང་ཟད་འབད་ལས་བྱུང་པའི་དགེ་དེས་བདག །ངེས་ཚིག་སོ་སོ་ཡང་དག་རིག་པ་མཆོག་དེ་མྱུར་ཐོབ་ནས། །དབྱངས་ཅན་མ་དང་དབང་ཕྱུག་གཞོན་ནུ་གདོང་དྲུག་ལྟར། །སྒྲ་གཞུང་མཚོ་ཆེན་ཕ་རོལ་སོན་པ་ཉིད་གྱུར་ཅིག །ཅེས་པ་འདི་ཡང་སློབ་དཔོན་མཁས་པ་ཆེན་པོ་སེར་བྱས་དཀའ་བཅུ་བ་རིན་ཆེན་དོན་གྲུབ་ཞལ་སྔ་ནས་ཀྱི་དྲུང་དུ་དབྱངས་ཅན་སྒྲ་མདོའི་ཕྱོགས་ཙམ་ཞིག་དཔེའི་ཁྲིད་དུ་བྱས་པ་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། ཚུལ་འདི་ཕྱོགས་འདིར་ནི་དོན་གཉེར་བྱེད་པ་མ་བྱུང་པའི་རྐྱེན་ལས་སྔར་རགས་ཙམ་ཞིག་ཤེས་པ་ཡང་ཕལ་ཆེར་གཉིས་སྣང་ནུབ་སོང་འདུག་ཀྱང་། སླར་ཅུང་ཟད་དྲན་པ་གསོས་ཏེ་གཞན་རེ་གཉིས་ལ་ཕན་སྲིད་སྙམ་པའི་བསམ་པས། འཚམས་སྦྱར་གྱི་མདོ་གཉིས་ཀྱི་འགྲེལ་པའི་ལུགས་ཆ་ཙམ་ཤེས་པར་བྱས་ནས་དེ་ལས་བཏུས་ཏེ་བཀོད་པ་འདི་ནི་དོན་གཉེར་ཅན་དག་ཚུལ་འདི་ལ་ཐོས་བསམ་གྱིས་འཇུག་པའི་རྐྱེན་དུ་གྱུར་ཅིག །མངྒ་ལཾ། དགེ་ལེགས་འཕེལ། ཤུ་བྷཾ།

བསྟོད་ཚིག་ཀྱི་སྐོར།

བསྟོད་ཚིག་ཀྱི་སྐོར་བཞུགས།

ན་མོ་གུ་མཉྫུ་གྷོ་ཥཱ་ཡ། སྤངས་རྟོགས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས། །སྡུག་ཀུན་ཉེས་པའི་སྐྱོན་བྲལ་དམ་པའི་ཆོས། །དེ་ཉིད་ཚུལ་བཞིན་སྒྲུབ་མཛད་དགེ་འདུན་ཏེ། །བསླུ་མེད་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བཀའ་གདམས་བསྟན་པའི་བདག་པོ་ཨ་ཏི་ཤ །རྒྱལ་པའི་དམ་ཆོས་ཀུན་འཛིན་ཙོང་ཁ་པ། །མགོན་དེའི་བསྟན་པ་རྒྱས་མཛད་པཎ་ཆེན་རྗེ། །ཟླ་མེད་བླ་མ་གསུམ་ལ་གསོལ་བ་༴། །ལེགས་སྤྱད་སྨོན་ལམ་དག་པའི་འཚམ་སྦྱར་གྱིས། །ཡོངས་སུ་གྲགས་པའི་མདོ་སྔགས་ཆོས་ཚུལ་ཀུན། །བཤཾད་དང་སྒྲུཾབ་པའི་སྒོ་ནས་འཛིན་བརྩོན་པ། །བཤེས་གཉེན་དམ་པའི་ཞབས་ལ་༴། །ཁྱད་པར་རྒྱལ་བ་གཉིས་པར་རབ་གྲགས་པའི། །ལེགས་བཤད་སྒྲུབ་པའི་རྒྱལ་མཚན་རྩེར་མཆོད་ཅིང་། །གཞན་ལ་སྤེལ་པའི་ཐུགས་བསྐྱེད་བརྟན་གྱུར་པ། །ཡོངས་འཛིན་དམ་པའི་ཞབས་ལ་༴། །ཡི་གེའི་སྦྱོར་དང་སྙན་ངག་རྩིས་ལ་སོགས། །རིག་གནས་མང་དང་མདོ་རྒྱུད་མན་ངག་གིས། །ཆོས་ཚུལ་ཀུན་ལ་མཁྱེན་པའི་སྤྱན་ཡངས་པ། །མཁས་པའི་ཕུལ་བྱུང་ཁྱོད་ལ་༴། །བརྟན་པའི་འཁོར་ལོ་ལ་སོགས་ལྷག་པའི་ལྷས། །བྱིན་གྱིས་བརླབས་པས་གཞུང་ལུགས་སྣ་ཚོགས་པའི། །ལེགས་བཤད་སྤེལ་ཏེ་འགྲོ་བ་ཕན་བརྩོན་པ། །གཞན་དོན་ལྷུར་མཛད་ཁྱོད་ལ་༴། །མཆོག་གསུམ་ཡི་དམ་མཁའ་འགྲོ་བསྟན་སྲུང་དང་། །རྟེན་འབྲེལ་མི་བསླུ་ལྷག་བསམ་དག་པའི་སྟོབས། །བསྟན་པའི་དཔལ་གྱུར་ཡོངས་འཛིན་དགེ་བའི་བཤེས། །བསྐལ་པའི་བར་དུ་ཡོན་རིང་ཞབས་བརྟན་ཤོག །སྐྱེ་བ་ཀུན་ཏུ་ཞེས་ཀྱང་བརྗོད་བར་བྱའོ། ཅེས་པ་འདི་ཡང་། ཁྲི་ཟུར་སངས་རྒྱས་དཔལ་བཟང་ནས་ཉིད་ཀྱི་གསོལ་འདེབས་བརྟན་བཞུགས་ཚིགས་བཅད་བདུན་ཙམ་ཡོད་པ་ཞིག་གྱིས་ཤིག་ཅེས་བསྐུལ་བའི་ཚེ། རྩོམ་འདོད་མ་བྱུང་ཡང་བསྐུལ་བ་པོའི་གསུང་བཟློག་མ་ནུས་པར་གཡར་ཁྲལ་དུ་སྦྱར་རོ།། །། ན་མོ་ཤཱཀྱ་མུ་ན་ཡེ། མཉམ་མེད་ཐུབ་དབང་མི་ཕམ་འཇམ་པའི་དབྱངས། །ཀླུ་སྒྲུབ་ཐོགས་མེད་རྗེ་བཙུན་ཙོང་ཁ་པ་། །པཎ་ཆེན་རྒྱལ་དབང་སྔ་ཕྱིར་བྱོན་ལ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱལ་བ་གཉིས་པར་གྲགས་པས་རྗེས་བཟུང་པས། །མགོན་དེའི་ཆོས་ཚུལ་བཤད་སྒྲུབ་རྣམ་གཉིས་ཀྱིས། །ཇི་བཞིན་འཛིན་པའི་བློ་གྲོས་རྩལ་ལྡན་པ། །ཡོངས་འཛིན་དགེ་བའི་བཤེས་ལ་གསོལ་བ་འདེབས། །བླ་མ་མཆོག་གསུམ་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་བསྟན་སྲུང་ཆོས་དབྱིངས་བདེན་པའི་མཐུས། །བསྟན་པའི་དཔལ་གྱུར་ཡོངས་འཛིན་དགེ་བའི་བཤེས། །བསྐལ་བརྒྱར་ཞབས་པད་ཡུན་རིང་བརྟན་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་ཞེས་སོགས་ཀྱང་བརྗོད་པར་བྱའོ། ཅེས་པ་འདི་ཡང་། བློ་བཟང་དོན་གྲུབ་སོགས་གཞན་བུ་སློབ་འགའ་ཞིག་གིས་ནན་ཆེར་བསྐུལ་བ་ལྟར་ཀཱི་ཏིའི་མིང་ཅན་གྱིས་བྲིས་སོ། །མདྒ་ལཾ།། །།ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། །བདེ་བའི་མཆོག་གྱུར་ལྷན་སྐྱེས་གཅིག་པུ་ཉིད། །དམ་ཚིག་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །རབ་འབྱམས་འཁོར་ལོ་ལྔ་ཡི་ལྷ་ཚོགས་སུ། །སྤྲུལ་མཛད་ཧེ་རུ་ཀ་དཔལ་ཞབས་ལ་འདུད། །གདུལ་བྱའི་རྒྱུད་ལ་ལྷན་སྐྱེས་བདེ་བ་ཆེ། །རྒྱས་པར་བྱེད་པའི་ཐབས་ལ་མཁས་པ་ནི། །བསྒྲུབ་ཕྱིར་ཉིད་སྐུ་ཡིད་འཕྲོག་མཛེས་མའི་སྐུར། །སྤྲུལ་བའི་རྗེ་བཙུན་མ་ཡིས་རྟག་ཏུ་སྐྱོངས། །གསང་པ་ཀུན་འཛིན་རྗེ་བཙུན་གསང་བའི་བདག །གྲུབ་མཆོག་ས་ར་ཧ་དང་ལཱུ་ཧི་པ། །དཱ་རི་ཀ་དང་དྲིལ་བུའི་ཞབས་ལ་སོགས། །གྲུབ་ཆེན་བླ་མ་རྣམས་ལ༴། །རྒྱལ་བ་ཀུན་དངོས་རྗེ་བཙུན་ཙོང་ཁ་པ། །དེ་སྲས་ཐུ་པོ་མཁས་གྲུབ་དགེ་ལེགས་དཔལ། །ལམ་འདི་སྲོལ་འཛིན་ཟླ་མེད་ཆོས་ཀྱི་རྗེ། །བློ་གྲོས་རྒྱ་མཚོའི་ཞབས་ལ༴། །རྣལ་འབྱོར་དབང་ཕྱུག་དུ་མས་བགྲོད་གྱུར་པའི། །འཁོར་ལོ་སྡོམ་པའི་རིམ་གཉིས་ཟབ་མོའི་ལམ། །བཤད་སྒྲུབ་གཉིས་ཀྱིས་ཚུལ་བཞིན་འཛིན་མཛད་པའི། །དངོས་བརྒྱུད་བླ་མ་རྣམས་ལ༴། །མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེ་དང་། །དེ་སྲས་ཐུ་བོ་ཀུན་དགའ་དོན་གྲུབ་སོགས། །འདུས་པའི་དབང་བསྐུར་བཤད་སྲོལ་མན་ངག་གི། །དངོས་རྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་རྗེ་བཙུན་ཙོང་ཁ་པའི། །ལེགས་བཤད་དབྱར་རྔ་དང་པའི་དབྱུ་གུ་ཡིས། །ལེགས་བསྐུལ་གྲགས་པའི་སྒྲ་དབྱངས་ཆེར་སྒྲོགས་པ། །བཤད་སྒྲུབ་བསྟན་པའི་མགོན་ལ་གསོལ་བ་འདེབས། །ཁྱད་པར་རྒྱུད་སྡེ་སྟོང་ཕྲག་སོ་གསུམ་དང་། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཀུན་གྱི་རྩ། །མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་རྒྱུད་ཀྱི་རྒྱལ། །འཛིན་མཛད་རིམ་པར་བྱོན་ལ་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང། །འབྲལ་མེད་ཆོས་ཀྱི་དཔལ་ལོངས་སྦྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུག་ཐོབ་ཤོག །མདྒ་ལཾ།། །།

བཀའ་བསྒོའི་རྣམ་གཞག།

བཀའ་བསྒོའི་རྣམ་གཞག་བཞུགས།

རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར། །མངོན་བསྟན་གཤིན་རྗེའི་གཤེད་ཉིད་ལ། །བཏུད་ནས་བཀའ་བསྒོའི་རྣམ་གཞག་བཤད། །འདི་ལ་གཉིས། བཀའ་སྒོའི་དོན་སྤྱིར་བསྟན་པ་དང་། བྱ་ཚུལ་བཤད་པ་གཉིས། དང་པོ་ནི། བཀའ་བསྒོ་ཞེས་པའི་དོན་ཇི་ལྟར་ཡིན་ཞེ་ན། དེ་ནི་དཔེར་ན་བླ་དཔོན་སོགས་ཆེ་བས་གཡོག་ལྟ་བུ་ཆུང་བ་ལ་བྱ་བ་འདི་དང་འདི་གྱིས། འདི་དང་འདི་མ་བྱེད་ཅེས་བསྒོས་ནས་དམ་བཅའ་ཁས་ལེན་དུ་འཇུག་པ་ལྟ་བུ་སྟེ། དེ་ལ་བླ་མས་སློང་མ་ལ་དམ་ཚིག་ཁས་ལེན་དུ་འཇུག་པའི་སྒོ་ནས་བཀའ་བསྒོ་བ་དང་། གསང་འདུས་ཀྱི་སྲུང་འཁོར་སྐབས་ཞེ་སྡང་རྡོ་རྗེས་གནོད་མཛེས་ལ་བགེགས་རྣམས་བཟུང་ལ་ཁུག་ཅིག་ཅེས་བཀའ་བསྒོ་བ་དང་། བདེ་མཆོག་གི་སྲུང་འཁོར་རྒྱས་པའི་སྐབས་གནོད་མཛེས་ཀྱིས་ཁྲོ་བཅུ་ལ་བཀའ་བསྒོས་ཏེ་འགེགས་ལ་ཕུར་བུ་གདབ་པ་དང་། འཇིགས་བྱེད་ཀྱི་ཕྱོགས་སྐྱོང་དགུག་བསྐྱེད་ཀྱིས་སྐབས་གཙོ་བོས་རང་ཉིད་ཀྱིས་སྤྲོས་པའི་གཤིན་རྗེ་གཤེད་ལ་བགེགས་བཟུང་ནས་དགུག་པ་དང་ཕུར་བུ་ཐོབ་ཅིག་ཅེས་པ་དང་། ལས་ཚོགས་དང་བསྐང་གསོ་དང་ཟོར་འཕེན་པ་ལྟ་བུའི་སྐབས་འགའ་ཞིག་ཏུ་གཙོ་བོས་ལས་གཤིན་སོགས་ཀྱི་ཆོས་སྐྱོང་ལ་བཀའ་བསྒོ་བ་དང་། གསང་འཇིགས་སོགས་ཀྱི་ས་ཆོག་ག་སྐབས་སུ་གཙོ་བོའི་ང་རྒྱལ་གྱིས། ལུས་ངག་སེམས་ལ་གནས་པ་ཡི། ཞེས་སོགས་ཀྱིས་བགེགས་ལ་བཀའ་བསྒོ་བ་དང་། རབ་གནས་དང་ཀུན་རིག་གི་སྲུང་འཁོར་དང་ལྷོ་སྒོ་སོགས་ཀྱི་སྔོན་དུ་ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། ཞེས་སོགས་ཀྱིས་བགེགས་ལ་བཀའ་བསྒོ་བ་དང། རྒྱུད་སྡེ་འོག་མ་གསུམ་གྱི་ས་ཆོག་གི་སྐབས་སུ་ཡང་ཧཱུཾ་མཛད་ཀྱི་ང་རྒྱལ་གྱིས་བགེགས་ལ་བཀའ་བསྒོ་བ་ལྟ་བུ་སོགས་མང་ངོ་། །ད་ལྟ་ནད་པ་ལ་བཀའ་བསྒོ་བྱེད་ཅེས་པ་ནི། ནད་པ་ཉིད་ལ་བཀའ་བསྒོ་བ་མིན་གྱི་ནད་པའི་ཆེད་དུ་ཆོས་སྐྱོང་སོགས་ལ་ནད་པ་འདིའི་གནོད་པ་ཟློག་པ་དང་ནད་ཞི་བ་དང་སྲུང་བར་གྱིས་ཤིག་ཅེས་བསྒོ་བ་ཡིན་ནོ། །འོན་ཀྱང་ནད་པ་ལ་བཀའ་བསྒོ་བྱེད་པའི་ཚེ་བླ་མ་ཡི་དམ་སོགས་སྤྱན་དྲངས་ནས་དེ་ལ་གསོལ་བ་བཏབ་སྟེ་ནད་གདོན་ཞི་བའི་ཆེད་དུ་བྱིན་རླབས་ཞུ་བ་ནི། བཀའ་བསྒོར་བཏགས་པ་ཙམ་དང་བཀའ་བསྒོའི་ཡན་ལག་ཡིན་གྱི། བཀའ་བསྒོ་དངོས་མིན་ཏེ། བཀའ་བསྒོ་ཞེས་པའི་སྒྲ་དེ་ན་སྔར་བཤད་པ་ལྟར། དངོས་པོའི་གནས་ཚོད་ལ་ཆེ་ཆུང་ཡོད་མེད་གང་ཡིན་ཀྱང་འཇིག་རྟེན་གྲགས་པ་དང་མཐུན་པར་ཆེ་བས་ཆུང་བ་ཞིག་ལ་འདི་ལྟར་གྱིས་ཤིག་ཅེས་བཀའ་བསྒོ་བ་ཡིན་གྱི། ཆུང་བས་ཆེ་བ་ལ་བཀའ་བསྒོ་ཞེས་པ་ནི་གྲགས་པ་དོན་མཐུན་ལ་མི་འཐད་དོ། །འོན་ཀྱང་ཚུལ་དེ་ལྟར་བྱར་རུང་བ་ནི་འཆད་པར་འགྱུར་རོ། །སྤྱིར་གསང་བདེ་འཇིགས་གསུམ་སོགས་དང་རིགས་གསུམ་མགོན་པོ་ལྟ་བུའི་ལྷ་ཁྱད་པར་ཅན་གྱི་ང་རྒྱལ་བཟུང་ནས་ཆོས་སྐྱོང་གང་འདོད་པ་དེ་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁའ་འམ་ནད་པ་སོགས་ཀྱི་སྤྱི་བོར་བཞུགས་པར་མོས་ནས་བཀའ་བསྒོ་བྱེད་པ་འཐད་ཅིང་། གསང་བདེ་འཇིགས་གསུམ་སོགས་དཀྱིལ་འཁོར་བའི་ལྷའི་གཙོ་བོ་ཕན་ཚུན་དང་། འཇིགས་བྱེད་ཀྱི་ང་རྒྱལ་ལ་གནས་ནས་རྟ་མགྲིན་དང་འཇིགས་བྱེད་ལྟ་བུ་ལ་གསོལ་གདབ་དང་བྱིན་འབེབ་བྱ་བར་རུང་ཡང་། དེ་དག་ལ་བཀའ་བསྒོ་བྱེད་ན་ནི་ཅུང་མི་འབྲེལ་ཞིང་། ནད་པ་ཉིད་ལ་བཀའ་བསྒོ་བ་མིན་པ་ནི་བཤད་པ་ལྟར་རོ། །འཇིགས་བྱེད་རྟ་མགྲིན་ཕྱག་རྡོར་གྱི་ང་རྒྱལ་བཟུང་ནས་མགོན་ཆོས་ལྷ་མོ་རྣམ་སྲས་བེ་ཙེ་སོགས་ཀྱི་ཆོས་སྐྱོང་སྤྱན་དྲངས་ནས་ནད་གདོན་ཞི་བའི་བཀའ་བསྒོ་བ་ནི་ཤིན་དུ་རུང་ཞིང་། ཁྱད་པར་དུ་འཇིགས་བྱེད་ཀྱིས་ལས་གཤིན་སོགས་དང་། རྟ་མགྲིན་གྱིས་མགོན་པོ། ལྷ་མོ། བེག་ཙེ། ཐ་འོག་པ་དང་། ཕྱག་རྡོར་གྱིས་ང་རྒྱལ་གྱིས་རྣམ་སྲས་དང་། ཕྱོགས་སྐྱོང་བཅུ་ལྟ་བུ་ལ་བཀའ་བསྒོ་བྱས་ན་སྐབས་དང་འབྲེལ་ལོ། །ཡང་དཀྱིལ་འཁོར་གཙོ་བོའི་ང་རྒྱལ་གྱིས་རང་གི་ལས་བྱེད་པའི་ལྷ་ལ་ནད་གདོན་སོགས་ཞི་བའི་ཆེད་དུ་བཀའ་བསྒོ་བའང་རུང་སྟེ། མཚོན་ན་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་བགེགས་མཐར་བྱེད་དང་། འཇིགས་བྱེད་ཀྱི་ང་རྒྱལ་གྱིས་རལ་གྲི་གཤིན་རྗེ་གཤེད་ལ་བཀའ་བསྒོ་ན་ནི་འབྲེལ་ཞིང་རུང་བར་སྣང་བའི་ཕྱིར་རོ། །གཉིས་པ་བྱ་ཚུལ་བཤད་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། རང་ཉིད་ལྷག་པའི་ལྷ་གང་ཡིན་པ་དེར་སྐད་ཅིག་གིས་བསྐྱེད་ནས་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བཞུགས་པར་མོས་ནས་བསྲུང་བྱའི་ནད་གདོན་ཞི་བའི་གསོལ་གདབ་ལན་གསུམ་བྱས་པའི་མཐར་ནད་པ་སོགས་ལ་བསྟིམས་ནས་བྱིན་གྱིས་རློབ་པ་དང་། དེ་ནས་བསྲུང་བྱའི་སྤྱི་བོར་ཆོས་སྐྱོང་བསྐྱེད་ནས་དགུག་གཞུག་བྱས་ཀྱང་རུང་ཡང་། འཇུག་པ་བདེ་ཆེན་རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཆོས་སྐྱོང་གང་འདོད་པ་དེ་སྤྱན་དྲངས་ནས་བསྲུང་བྱའི་སྟེང་ཕྱོགས་སམ་མགོར་བཞུགས་པར་བསམས་ཏེ། མངོན་རྟོགས་མདོར་བསྡུས་ཀྱིས་གསལ་གདབ་པའམ་བསྡུ་ན་མ་བྱས་ཀྱང་རུང་། དེ་ནས་ཆོས་སྐྱོང་དེའི་སྔགས་ལན་བདུན་ལ་སོགས་པ་ཅི་འགྲུབ་བརྗོད་དེ །བཀའ་བསྒོ་བ་དང་ཕྲེང་བ་བསྲུང་བྱའི་མགོ་དང་རྒྱབ་སོགས་ལ་བྱིན་རླབས་ཀྱི་ཚུལ་དུ་རྡེག་ཅིང་། དེ་ལྟ་བུའི་ཚུལ་དུ་ལན་གསུམ་བྱས་ནས་ཆོས་སྐྱོང་དེའི་སྔགས་བརྗོད་པ་དང་དེའི་སྐུ་ལས་རང་འདྲ་དུ་མ་བྱུང་ནས་བསྲུང་བྱའི་ལུས་ལ་ཞུགས་པས་ནད་གདོན་ཐམས་ཅད་བསྐྲད་པ་དང་ཞི་བར་གྱུར་པར་བསམས་ཤིང་། བྱིན་གྱིས་བརླབ་པའི་ཕྱིར་སྔགས་བརྗོད་ཅིང་ཆོས་སྐྱོང་གི་ཐུགས་རྒྱུད་བསྐུལ་བས་སྐུ་ལས་འོད་ཟེར་འཕྲོས་བསྲུང་བྱའི་ལུས་ཀྱི་ཆ་ཐམས་ཅད་ནས་ཞུགས་པས་ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་ལུས་ཀྱི་ཆ་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གྱུར་པ། དེ་ནས་ཕུ་བཏབ་པས་འོད་དུ་ཞུ་ནས་བསྲུང་བྱ་ལ་ཐིམ་པས་བསྲུང་བྱའི་སྒོ་གསུམ་དང་ཆོས་སྐྱོང་གི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་སྲུང་བར་གྱུར། ཅེས་བརྗོད་ཅིང་བསམ། ཡང་ན། དང་པོར་ཆོས་སྐྱོང་སྤྱན་དྲངས་ནས་བསྲུང་བྱའི་སྤྱི་བོར་བཞུགས་པར་མོས་ནས་གནས་གསུམ་བྱིན་གྱིས་བརླབས་ཏེ། དེ་ནས་བླ་མ་ཡི་དམ་སོགས་ནམ་མཁར་སྤྱན་དྲངས་ནས་གསོལ་གདབ་སོགས་བྱས་རྗེས་ཆོས་སྐྱོང་བསྐྱེད་ནས་སྙིང་པོ་བཟླ་བ་སོགས་སྔར་བཞིན་བྱས་པའི་མཐར་བསྟིམ། དེ་ནས་སླར་འོད་ཟེར་གྱིས་ནམ་མཁའ་བཞུགས་པའི་སྐྱ བས་གནས་ཐམས་ཅད་སྤྱན་དྲངས་ནས་འོད་ཀྱི་རྣམ་པར་བསྟིམ་ཡང་རུང་ངོ་། །དེ་ནི་ཅུང་ཟད་རྒྱས་པ་ཡིན་ལ། བསྡུས་པ་ལ་ནི་ཆོས་སྐྱོང་སྤྱན་དྲངས་ནས་བཀའ་བསྒོ་ལན་གསུམ་བྱས་ནས་བསྟིམ་པས་ཀྱང་འཐུས་ཤིང་། དེར་མ་ཟད་རང་འཇིགས་བྱེད་དུ་བསྐྱེད་ནས་གཞན་སྤྱན་འདྲེན་གཞན་མེད་པར་བླ་མ་ཡི་དམ་སོགས་བྱིན་རླབས་ཞུ་ཞིང་གཏང་བ་ཙམ་ལ་བཀའ་བསྒོའི་ཐ་སྙད་བྱས་པའང་འདུག་སྟེ་མི་འཐད་པ་མི་སྣང་ངོ། །མཐར་བགེགས་བསྐྲད་པར་འདོད་ན་ལས་སྔགས་གང་ཡིན་པ་དག་ཨ་མྲྀ་ཏའམ་ཁྲོས་ནུའི་སྔགས་ཀྱི་མཇུག་ཏེ་སུམྦྷའི་སྔགས་ལན་གསུམ་མམ་གཅིག་བརྗོད་དེ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་མཐུ་བྱིན་གྱིས། །ཞེས་སོགས་སམ། །རྟ་མགྲིན་ཡིན་ན། རྟ་མགྲིན་དབང་གི་རྒྱལ་བའི་མཐུ་བྱིན་གྱིས། ཞེས་པ་ལྟ་བུ་ཡི་དམ་གང་ཡིན་པ་དེ་དང་དེར་བསྒྱུར་ནས། གནོད་པ་མ་བྱེད་ཅིང་།རཀྵ་རཀྵ་ཡེ་སྭཱ་ཧཱ་ཞེས་བརྗོད་ཅིང་བསྲུང་བར་བྱའོ། །གཉིས་པ་ལ། འཇིགས་བྱེད་དང་ལས་གཤིན་ལ་བརྟེན་པའི་བཀའ་བསྒོ་རྒྱས་པའི་ཕྱོགས་གཅིག་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ། ནས། སྐུར་བཞེངས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་ལས་ཀྱི་གཤིན་རྗེ་ཡབ་ཡུམ་སྤྱན་དྲངས། གླིང་གི་མཆོག་གྱུར་འཛམ་གླིང་ལྷོ་ཡི་ཕྱོགས། །ནས། གཤེགས་སུ་གསོལ། །ཡ་མ་རཱ་ཛ་ཨཱ་ཀརཥ་ཡ་ཛ་ཛ་ཛཿ བསྲུང་བྱའོ་སྤྱི་བོར་བྱོན་ནས་བཞུགས་པར་གྱུར། གསལ་འདེབས་ན། བསྲུང་བྱའི་སྤྱི་བོར་སྣ་ཚོགས་པདྨ་དང་ཉི་མ་དང་མ་ཧེའི་གདན་ལ་ལས་ཀྱི་གཤིན་རྗེ་ནག་པོ་མ་ཧེ་རབ་ཏུ་ཁྲོས་པའི་གདོང་པ་ཅན། གཡས་ཐོད་དབྱུགས་འཕྱར་ཞིང་། གཡོན་ཞགས་པ་དང་བཅས་ཏེ་བསྡིགས་མཛུབ་མཛད་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་། ལིང་ག་དམར་པོ་གྱེན་དུ་བསྒྲེང་བ། དེའི་གཡོན་ཏུ་ཙ་མུ་ཎྜི་ནག་མོ་གཡས་རྩེ་གསུམ་དང་། གཡོན་ཐོད་ཁྲག་འཛིན་པ་ཟུང་གཅིག་ཏུ་གྱུར། དེའི་སྤྱི་བོར་ༀ །མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལྷ་ཚོགས་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའ་སྤྱན་དྲངས། ན་མོ་ཡ་མཱནྟ་ཀ་སརྦ་གུ་རུ་བུངྔྷ་བོ་ངྷི་ས་ཏྭ་ས་པཱ་རི་ཝཱ་ར་བྷྱཿ མཆོད་དོ། །སྐྱབས་སུ་མཆིའོ། །ན་མོ། །རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་༴། ཉན་རང་འཕགས་པའི་ཚོགས་ཐམས་ཅད་ཀྱིས་༴། ཡི་དམ་རྒྱལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༴། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས༴ །ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་ཀྱིས་༴། ཁྱད་པར་དུ་ཡང་བཅོམ་ལྡན་འདས་དཔའ་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱིས་༴། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཀྱིས༴། ཁྱེད་རྣམས་ཀྱིས་བསྲུང་བྱ་འདི་རྣམས་སམ། འདིའི་ནད་གདོན་བར་ཆད་ཐམསཅད་ཉེ་བར་ཞི་བར་བྱིན་གྱིས་རློབས་ཤིག །ཅེས་ལན་གསུམ་མམ། སྤྲོ་ན་སྟེང་གདོན་གཟའ་དང་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག བར་གདོན་རྒྱལ་པོའི་གནོད་པ་དང་། ཐབ་འཁྱམས་གདོན་འཁྱམས་རྒྱལ་འགོང་ལ་སོགས་པའི་མི་མ་ཡིན་གྱི་གནོད་པ་དང་འབྱུང་བ་འཁྲུགས་པའི་ནད་ཐམས་ཅད་ཞི་བར་མཛད་དུ་གསོལ། གཞན་ཡང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། ནད་རིགས་བཞི་བརྒྱ་རྩ་བཞི། བྱིས་པའི་གདོན་ཆེན་བཅོ་ལྔ་ལ་སོགས་པའི་གནོད་པ་དང་། ལོ་སྐེག ཟླ་སྐེག ཞག་སྐེག དུས་སྐེག ན་སྐེག །འཆི་སྐེག་ལ་སོགས་པའི་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་མཛད་དུ་གསོལ། དེ་དག་ལས་སྲུང་དུ་གསོལ། བསྐྱབ་ཏུ་གསོལ། ཚེ་དང་བསོད་ནམས་དཔལ་འབྱོར་སོགས་རྒྱས་པར་མཛོད་ཅིང་། རྩ་སྔགས་བརྗོད་དེ། རྒྱས་བསྡུས་གང་རིགས་ལན་གསུམ་བྱ། དེ་ནས་ཆོས་རྒྱལ་ཡབ་ཡུམ་གཉིས་ཀྱི་སྔགས་ལན་བདུན་ནམ་གསུམ་རེ་བརྗོད་དེ། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་ཁྱེད་ཀྱིས་བསྲུང་བྱ་འདི་དག་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་གདོན་བགེགས་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་རློབས་ཤིག དེ་དག་ལས་སྲུང་དུ་གསོལ། བསྐྱབ་ཏུ་གསོལ། རཀྵ་རཀྵ་ཡེ་སྭཱ་ཧཱ། ཞེས་པ་ལན་གསུམ་མམ་། རྒྱས་པར་ནི་སྔར་ལྟར་བྱའོ། །ཡང་སྔགས་གཉིས་བརྗོད་དེ། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་ཐུགས་ཀ་ནས་ཆོས་རྒྱལ་ཡབ་ཡུམ་དུ་མ་བྱུང་སྟེ་བསྲུང་བྱའི་ལུས་ཀྱི་ཆ་ཐམས་ཅད་ནས་ཞུགས། ནད་གདོན་ཐམས་ཅད་བསྐྲད་ཅིང་ཞི་བར་བྱས། སྔགས་བརྗོད་པས་ཆོས་རྒྱལ་ཡམ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བསྲུང་བྱའི་ལུས་ལ་ཕོག་པས་ལུས་ཀྱི་ཕྱི་ནང་ཐམས་ཅད་འོད་ཟེར་གྱིས་གང་། སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱངས། ལུས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གྱུར་ཕུ་བཏབ་པས་ཆོས་སྐྱོང་འོད་དུ་ཞུ་ནས་བསྲུང་བྱའི་སྤྱི་བོ་ནས་ལུས་ལ་ཐིམ་པས་བསྲུང་བྱའི་ལུས་ངག་ཡིད་གསུམ་དང་ཆོས་རྒྱལ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པའི་སྒོ་ནས་སྲུང་ཞིང་བྱིན་གྱིས་བརླབས་པར་གྱུར་ཅེས་བརྗོད་ཅིང་བསམ། དེ་ནས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ནམ་མཁར་བཞུགས་པའི་རྒྱལ་སྲས་བཅས་སྤྱན་དྲངས། འོད་ཀྱི་རྣམ་པར་གྱུར་ནས་བསྲུང་བྱའི་ལུས་ལ་ཐིམ་པས་བྱིན་གྱིས་བརླབས། ལུས་ཐམས་ཅད་རྡོ་རྗེའི་རང་བཞིན་ལས་གྲུབ་པའི་བསྲུང་བ་ཆེན་པོར་གྱུར་ཅེས་བརྗོད་ཅིང་། རྒྱལ་བ་སྲས་བཅས་བདེན་པའི་ཞེས་སོགས་སྔར་ལྟར་བྱ། བགེགས་བསྐྲད་པར་འདོད་ན་ཐོག་མར་ཡང་རུང་ཞིང་། འདི་བྱེད་ན་ལས་སྔགས་སམ། ཁཏྒ་བྷྲྀ་ཀ་དང་། བཛྲ་ཨ་མྲྀ་ཏའི་མཇུག་ཏུ་སུམྦྷུ་ནི་ལན་གསུམ་མམ་གཅིག་བརྗོད་ཅིང་། ཡུངས་དཀར་གྱིས་བྲབ་ཅིང་གུ་གུལ་གྱིས་བདུག་ཀྱང་ལེགས་ཤིང་། དེ་ནས་རྒྱལ་བ་སྲས་བཅས་སོགས་བརྗོད་དེ་བདེན་བྱིན་གྱིས་བསྲུང་བ་བྱའོ། །མགོན་པོའི་བཀའ་བསྒོ་བྱེད་ན། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཤར་ལྷོ་བསིལ་བའི་ཚལ་ནས་ཡེ་ཤེས་ཀྱི་མགོན་པོ་སྦྱན་དྲངས་ནས་བསྲུང་བྱའི་སྤྱི་བོའི་ནམ་མཁར་རམ་སྤྱི་བོར་བཞུགས་པར་བསམས་ནས་གསལ་འདེབས་པའམ་མིན་ཡང་རུང་ཞིང་། ཆོས་རྒྱལ་གྱི་དོད་ལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་ཞེས་བསྒྱུར་བ་དང་། རྒྱས་པར་ནི་མགོན་པོའི་བླ་བརྒྱུད་ཀྱི་མཚན་དང་། མགོན་པོའི་སྔགས་བརྗོད་ཅིང་ན་མོ་བུ་དྡྷ་ཡ། ན་མོ་གུ་རུ་ཧེ། ཞེས་པ་ནས། འདུགས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག་ཅེས་པའི་བར་ལན་གསུམ་བརྗོད་ཅིང་གཞན་སྔར་ལྟར་ལ། འོན་ཀྱང་རྒྱས་པ་ལ་སྐྱབས་ཡུལ་དུ་བླ་མ་སངས་རྒྱས་བྱང་སེམས་སོགས་སྤྱན་འདྲེན་ཅིང། བསྡུས་པ་ལ་དགོས་པའི་ངེས་པ་མེད་དོ། དེ་བཞིན་དུ་ལྷ་མོ། རྣམ་སྲས། བེག་ཙེ་སོགས་ཆོས་སྐྱོང་གང་འདོད་པ་དེ་སྤྱན་དྲངས་ནས། རང་རང་གི་སྔགས་དང་མཚན་བརྗོད་ཅིང་བྱིན་རློབ་བྱེད་པ་སོགས་རིགས་འགྲོས་ཀྱིས་བསྒྱུར་རུང་ངོ། །གཞན་ཡང་དམ་པ་ཁ་ཅིག་གི་གསུང་འབུམ་ལས་འཇིགས་བྱེད། ཆོས་རྒྱལ། རྟ་མགྲིན་གསུམ་གྱི་སྒོ་ནས་བཀའ་བསྒོ་བྱེད་ཚུལ་ཞིག་བཤད་པ་འདིར་བཀོད་ན། དང་པོ་འཇིགས་བྱེད་ཀྱི་བཀའ་བསྒོ་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། དེ་ནས། ཧྲིཿཥྚཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སློབ་མ་རྣམས་སམ་སློབ་མའི་སྤྱིར་བོར་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག ཞལ་དགུ ཕྱག་སོ་བཞི། ཞབས་བཅུ་དྲུག་པ་ཕྱག་མཚན་རྒྱན་ལ་སོགས་པ་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྒོམ་པ་དང་འདྲ་བའི་གཤིན་རྗེ་གཤེད་ཀྱི་ཡེ་ཤེས་པ་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྐྱོང་སྲུང་མའི་ཚོགས་གྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ༀ་ཡ་མཱནྟ་ཀ་ཨ་རྒྷཾ་ནས། ཤབྟ་པྲ་ཏཱི་ཙྪ་སྭཱ་ཧཱ། གཟུགས་མཆོག་མཆོག་ཏུ་སོགས་ཀྱིས་བསྟོད་ཅིང་། རྒྱལ་བ་རྡོ་རྗེ་འཆང་ཆེན་པོས་བྱིན་གྱིས་རློབས་ཤིག །ཡེ་ཤེས་ཀྱི་མཁས་འགྲོ་མས་བྱིན་གྱིས་རློབས་ཤིག །ཅེས་པ་ནས། དྲིན་ཅན་རྩ་བའི་བླ་མས་བྱིན་གྱིས་རློབས་ཤིག ། ཕྱོགས་བཅུ་དུས་གསུམ་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས། ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་༴། དཔའ་བོ་དང་དཔའ་མོ་རྣལ་འབྱོར་མ་རྣམས། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་སློབ་མ་འདི་རྣམས་སམ་བསྲུང་བྱ་འདི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལྷ་ཚོགས་ལ་གཉེར་དུ་གཏད་པ་ཡིན་པས། སློབ་མ་འདི་རྣམས་སམ་འདི་ལ་ཉིན་མཚན་དུས་དྲུག་ཏུ་གཡེལ་བ་མེད་པར་གཟིགས་ནས་སྟེང་གདོན་གཟའ་དང་རྒྱུ་སྐར། བར་གདོན་བཙན་དང་རྒྱལ་འགོང་། འོག་གདོན་ཀླུ་དང་ས་བདག་ལ་སོགས་པ་གདོན་བགེགས་འབྱུང་པོ་མི་མ་ཡིན་གྱི་གནོད་པ། ས་ཆུ་མེ་རླུང་འཁྲུགས་པ་སོགས་འབྱུང་པོའི་གནོད་པ། རླུང་མཁྲིས་བད་ཀན་འདུས་པ་སོགས་ནང་གི་འབྱུང་བའི་གནོད་པ་ཐམས་ཅད་ལས་སྲུང་བར་མཛོད། སྐྱབས་པར་མཛོད། སྤ་བར་མཛོད། ཚེ་བསོད་རྒྱས་ཤིང་ལུས་སེམས་བདེ་བར་མཛོད། ༀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ༀ་ཧཱུཾཿཥྚཱི་དང་། རྩ་སྔགས་བརྗོད། རྡོ་རྗེ་འཇིགས་བྱེད་འོད་དུ་ཞུ་ནས་སློབ་མའི་སྤྱི་བོ་ནས་ཐིམ་པས་ཡི་དམ་ཀྱི་སྐུ་གསུང་ཐུགས་དང་བསྲུང་བྱའི་སྒོ་གསུམ་དབྱེར་མེད་དུ་གྱུར་པའི་སྤྱི་བོར་ༀ། ནས། ཧཱུཾ་གེས་མཚན་པར་གྱུར་པའི་ཧཱུཾ་ལས་འོད་ཟེར་འཕྲོས། བསྲུང་བྱའི་ཤ་སྐྱི་ལྤགས་མཚམས་ཐམས་ཅད་འོད་ཟེར་ལས་གྲུབ་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གཏམས། ཕྱི་ནང་གི་གནོད་པ་གང་གིས་མི་ཚུགས་པའི་སྲུང་བ་ཆེན་པོར་བྱིན་གྱིས་བརླབས་པར་གྱུར། བླ་མ་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་མཐུ་སྟོབས་ཀྱིས་ནས། གནོད་པ་མ་བྱེད་ཅིང་། རཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད་པར་བཤད། སྤྱིར་འཇིགས་བྱེད་རང་གིས་རང་ལ་བཀའ་བསྒོ་བ་ཅུང་མི་འབྲེལ་བ་ནི་སྔར་བཤད་ཟིན་པ་ལྟར་ཡིན་ཡང་། འདིར་ནི་འཇིགས་བྱེད་ཀྱི་ང་རྒྱལ་གྱིས་བླ་མ་ཡི་དམ་སོགས་ལ་བྱིན་རླབས་ཞུ་བ་དང་། འཇིགས་བྱེད་ཉིད་ལ་སློབ་མའམ་བསྲུང་བྱ་གཏད་ནས་སྲུང་སྐྱོབ་བྱེད་པར་བསྐུལ་ལ་བཀའ་བསྒོ་བའི་ཐ་སྙད་མཛད་པ་ཙམ་ཡིན་པས་མི་འགལ་བར་སེམས་སོ། །གཉིས་པ་ཆོས་རྒྱལ་གྱི་བཀའ་བསྒོ་ནི། རང་འཇིགས་བྱེད་དུ་བསྐྱེད་ནས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་དམ་ཅན་གཤིན་རྗེའི་རྒྱལ་པོ་འཁོར་དང་བཅས་པ་སྐད་ཅིག་གིས་མདུན་གྱི་ནམ་མཁའ་སྦྱན་དྲངས། ༀ་ཀྵ་ལ་རཱུ་པ་ས་པཱ་རི་ཝ་ར་ཨརྒྷ་སོགས་ཀྱིས་མཆོད། འཇམ་དཔལ་བཀའ་ཉན་མས་བསྟོད་ལ །དམ་ཅན་ཆོས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་དགོངས་སུ་གསོལ། ཁྱེད་རྣམས་ཀྱིས་རྒྱལ་བ་རྡོ་རྗེ་འཆང་། རྗེ་བཙུན་འཇམ་པའི་དབྱངས། གྲུབ་ཆེན་དཔའ་བོ་རྡོ་རྗེ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོ་ཡབ་སྲས་ལ་སོགས་པའི་རྩ་བ་རྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་བཀའ་བསྒོས། དམ་ཚིག་གཉེར་དུ་གཏད། རང་གིས་ཁས་བླངས་པ་རྣམས་ཐུགས་ཀྱིས་དགོངས་པར་མཛོད་ལ། བདག་གི་རྡོ་རྗེ་སློབ་མའི་འདི་ཁྱོད་རྣམས་ལ་གཉེར་དུ་གཏད་པ་ཡིན་པས། དེ་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་ཉིན་གསུམ་གྱི་བྱ་ར། མཚན་གསུམ་གྱི་མེལ་ཚེ་མཛད་ནས་ཕྱི་ནང་གི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་དང་། ཁྱད་པར་དུ་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག བར་གདོན་བཙན་དང་རྒྱལ་འགོང་སོགས་མི་མ་ཡིན་གྱི་གནོད་པ་དང་། འབྱུང་བ་འཁྲུགས་པའི་ནད་དང་གནོད་པ་ཐམས་ཅད་ལས་སྲུང་བར་མཛོད། སྐྱོབ་བར་མཛོད། སྤ་བར་མཛོད། ཚེ་དང་བསོད་ནམས་དཔལ་འབྱོར་སོགས་ལེགས་ཚོགས་ཐམས་ཅད་རྒྱས་པར་མཛོད་ཅིག །ༀ་ཀཱ་ལ་རཱུ་བ་ཧཱུཾ་ཕཊ། ལན་གསུམ་སོགས་བརྗོད་པས། ཐུགས་རྒྱུད་བསྐུལ་བས་ཆོས་ཀྱི་རྒྱལ་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བསྲུང་བྱའི་སྐྱེ་བོ་ནས་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་ཁྱབ། སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་སྦྱངས། ཆོས་སྐྱོང་འོད་དུ་ཞུ་ནས་བསྲུང་བྱའི་སྤྱི་བོ་ནས་ཐིམ་པར་གྱུར། འོན་ཀྱང་འཇིག་རྟེན་པའི་ལྷ་འགའ་ཞིག་ལུས་ལ་བསྟིམ་མི་རུང་བས་དཔྱད། བླ་མ་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །དམ་ཅན་ཆོས་ཀྱི་རྒྱལ་པོའི་མཐུ་སྟོབས་ཀྱིས། །ཞེས་སོགས་བྱའོ། །འདི་ལ་བཀའ་བསྒོའི་དོན་ཚང་ངོ་། །གསུམ་པ་རྟ་མགྲིན་གྱི་བཀའ་བསྒོ་ནི། རང་ཉིད་རྟ་མགྲིན་གསང་སྒྲུབ་སོགས་རྟ་མགྲིན་གང་མོས་སུ་བསྒོམས་ནས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་དཔལ་རྟ་མགྲིན་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས །ཕྱག་འཚལ་ཕྱི་ནང་མཆོད་ཚོགས་འབུལ། །སྡིག་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་ཞིང་རྟག་བཞུགས་གསོལ། །དགེ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །ཕྱོགས་བཅུ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་ཀྱིས་རློབས་ཤིག །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས༴། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས། །དཔའ་པོ་དང་རྣལ་འབྱོར་མ་རྣམས༴། །ཆོས་སྐྱོང་སྲུང་མ་ཐམས་ཅད༴། ཁྱད་པར་དུ་ཡང་དཔལ་རྟ་མགྲིན་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ཁྱེད་རྣམས་ལ་མཁྱེན་བརྩེ་ནུས་གསུམ་བསམས་གྱིས་མི་ཁྱབ་པ་མངའ་བས། སློབ་མའམ་བསྲུང་བྱའི་དེ་རྗེས་སུ་བཟུང་ནས་ཕྱི་ནང་གི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྲུང་བར་མཛོད། སྐྱོབ་བར་མཛོད། སྦ་བར་མཛོད། ཚེ་བསོད་དཔལ་འབྱོར་སྙན་གྲགས་ལ་སོགས་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། རྟ་མགྲིན་གྱི་སྔགས་ལན་གསུམ་མམ་བདུན་བརྗོད། དཔལ་རྟ་མགྲིན་གྱི་ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་འཕྲོས་ནས་བསྲུང་བྱ་ལ་ཕོག་པས་ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ། །སྡིག་སྒྲིབ་ནད་གདོན་ཐམས་ཅད་སྦྱངས། །ཤ་སྤྱི་ལྤགས་མཚམས་ཐམས་ཅད་འོད་ཟེར་ལས་གྲུབ་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར་ནས། གདོན་བགེགས་སོགས་གནོད་བྱེད་གང་གིས་ཀྱང་མ་ཚུགས་པའི་སྲུང་བ་ཆེན་པོས་བྱིན་གྱིས་བརླབས། དཔལ་རྟ་མགྲིན་གྱི་ལྷ་ཚོགས་འོད་དུ་ཞུ་ནས་བསྲུང་བྱའི་ལུས་ལ་ཐིམ་པར་གྱུར། བླ་མ་དཀོན་མཆོག་སོགས་དང་། པདྨ་དབང་གི་རྒྱལ་པོའི་མཐུ་སྟོབས་ཀྱིས། ཞེས་པ་ནས། མ་བྱེད་ཅིང། །རཀྵ་རཀྵ་ཡེ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །འདི་ཡང་རྟ་མགྲིན་ལ་བྱིན་རླབས་ཞུ་ཞིང་གསོལ་གདབ་བྱེད་པ་ལ་བཀའ་བསྒོའི་ཐ་སྙད་བྱས་པ་སྟེ། གཞན་དུ་ན་རྟ་མགྲིན་རང་གིས་རང་ལ་བཀའ་བསྒོ་བ་མི་ལེགས་པ་ནི་སྔར་ལྟར་རོ། །དེ་ལྟ་བུ་ལ་སོགས་པ་བཀའ་བསྒོ་ལ་དངོས་བཏགས་ཡོད་པའི་ཤེས་པར་བྱ་ཞིང་། གཞན་ལ་ཕན་ན་ནི་དངོས་བཏགས་ལ་ཁྱད་པར་ཆེན་པོ་མི་སྣང་ངོ། །ཆོས་སྐྱོང་ལ་བཀའ་བསྒོ་བ་ནི་རང་ཉིད་འཇིགས་བྱེད་ལྟ་བུའི་ཡི་དམ་ཁྱད་པར་ཅན་གྱི་བསྙེན་གྲངས་མཐར་ཕྱིན་པའམ། མིན་ཡང་བསྙེན་པ་དགའ་རབ་སོང་བ་དང་། ལྷའི་ང་རྒྱལ་བརྟན་པོ་མ་བྱུང་ཡང་ཅུང་ཟད་འཛིན་ཤེས་ན་ལེགས་ཀྱི། སྔོན་དུ་བསྙེན་པ་གང་ཡང་མ་བྱས་ཤིང་ལྷའི་ང་རྒྱལ་འཛིན་མི་ཤེས་ན་ནི་ཆོས་སྐྱོང་ལ་བཀའ་བསྒོས་ནས་བསྐུལ་དཀའ་བས། དེ་ལས་ནི་གསོལ་གདབ་བྱིན་རླབས་ཞུ་བའི་བཀའ་བསྒོ་བཏགས་པ་བ་བྱས་ན་ལེགས་པར་སེམས་སོ། །གྲུབ་པ་ཐོབ་པའི་གང་ཟག་གི་བཀའ་བསྒོས་ན་ནད་གདོན་ཆེན་པོ་ཡང་ཞི་ནུས་མོད། དེ་ལྟ་བུ་མིན་པས་ནད་གདོན་ཕྲ་མོ་འགའ་ཞིག་མ་གཏོགས། ཆེན་པོ་ཞི་བར་བྱེད་ནུས་པ་དཀའ་ཡང་དགོས་པ་ཡོད་དོ། །བཀའ་བསྒོ་ཁྱད་པར་ཅན་ལ་ནི་མཁས་པའི་ཡོན་ཏན་ཡོད་ཙམ་གྱིས་མི་ཆོག་གི །ཆོས་སྐྱོང་སོགས་མཐུ་བོ་ཆེ་རྣམས་ལ་བཀའ་བསྒོ་ན་ནི་སྒོམ་བཟླས་ཀྱི་ནུས་པ་ཅུང་ཟད་ཐོན་དགོས་ལ། གསོལ་འདེབས་དང་བྱིན་རླབས་ཞུ་བའི་བཀའ་བསྒོ་བཏགས་པ་བ་ལ་ནི་དད་མོས་ཆེན་པོ་ཡོད་པས་ཀྱང་འགྲུབ་བོ། །དེ་ལྟར་ན་བཀའ་བསྒོ་ལ་བྱེད་ཚུལ་དང་རྒྱས་བསྡུས་མི་འདྲ་བ་མང་དུ་འབྱུང་བར་ཤེས་པར་བྱའོ། །བཀའ་རམ་གསར་བུ་འགའ་ཞིག་དང་། ནད་པ་སོགས་ལའང་ཕན་གདགས་ཕྱིར། བཀའ་བསྒོ་སྤྱི་དང་བྱེ་བྲག་གི །རྒྱས་བསྡུས་རྣམ་གཞག་ཅུང་ཟད་བཤད། ཅེས་པ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་ལག་དལ་ལས་དོན་གཉེར་ཅན་འགའ་རེར་ཕན་འདོད་ཀྱི་བསམ་པས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། པར་གྱི་ཡི་གེ་པ་ནི་རིག་གནས་དུ་མ་ལ་བློ་རྒྱས་པའི་དཀའ་ཆེན་བློ་བཟང་དབང་ཕྱུག་གོ། །།མངྒ་ལཾ།།

ཕྱག་མཆོད་སྐོར་པའི་སྐབས་སུ་ཟུར་རྒྱན་ཉེ་བར་མཁོ་བ།

ཕྱག་མཆོད་སྐོར་པའི་སྐབས་སུ་ཟུར་རྒྱན་ཉེ་བར་མཁོ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ནས་མཆོད་པ་དང་བསྐོར་བའི་ཕན་ཡོན་བསྐོར་བའི་ཚད་བསྐོར་བའི་ཚུལ་རྣམས་ནི་གཞན་དུ་རྒྱས་པར་བཤད་ཟིན་པས་དེར་ཤེས་པར་བྱ་ལ། འདིར་ཕྱག་དང་མཆོད་པ་དང་སྐོར་བ་གསུམ་གྱི་སྐབས་སུ་ཟུར་རྒྱན་ཉེ་བར་མཁོ་བ་འགའ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་ཕྱག་བྱ་བའི་ཚེ་སྐུ་གསུང་ཐུགས་ཀྱི་རྟེན་མང་ངམ་ཉུང་ཡང་རུང་མེད་ཀྱང་རུང་། དེར་དཀོན་མཆོག་གསུམ་པོ་ཐམས་ཅད་འདུས་ནས་བཞུགས་པའི་མོས་པ་བྱས་ཏེ། ཨོཾ་ན་མོ་མཉྫུ་ཤྲི་ཡེ། ན་མཿསུ་ཤྲཱི་ཡེ། ན་མཿཨུ་ཏྟ་མཤྲཱི་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་དད་ཤུགས་དྲག་པོས་ཕྱག་བྱས་ན་ཕྱག་སྟོང་འགྱུར་དུ་འགྲོ་བ་དང་། བརྐྱང་ཕྱག་ལན་གསུམ་བྱས་ན་རྒྱལ་བའི་བཀའ་ཐམས་ཅད་བཀླགས་པའི་བསོད་ནམས་འཐོབ་པར་འགྱུར་ཞེས་བུ་སྟོན་རིན་པོ་ཆེ་དང་། པཎ་ཆེན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་བཤད༧ མཆོད་པ་ཆེ་ཆུང་གང་འབྱོར་བཤམས་པ་ཡོད་ན་དང་། མེད་ཀྱང་མོས་པ་ཤུགས་དྲག་གིས་མཆོད་པའི་སྤྲིན་གྱི་གཟུངས་ཏོན་ན་ཕན་ཡོན་ཆེ་བར་བཤད་པས་དེ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནི། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་ཏེ་ཛ་བཛྲ། མཧཱ་བི་དྱཱ་བཛྲ། མཧཱ་བོ་ངྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་བརྗོད་ནས་མཆོད་པ་བྱིན་གྱིས་བརླབས་ཏེ་རྒྱལ་བ་ཐམས་ཅད་མཆོད་པར་འགྱུར་བ་དང་། ལན་བདུན་ནམ། གསུམ་དང་། ལན་གཅིག་བརྗོད་ནའང་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྤྱན་སྔར་མཆོད་པའི་ཆར་ཆེན་པོ་འབབ་པར་རྒྱུད་དང་། པཎ་ཆེན་རིན་པོ་ཆེས་ཀྱང་བཤད་དོ། ༧ །མེ་ཏོག་འབུལ་པའི་ཚེ། ན་མོ་བྷ་ག་ཝ་ཏེ། པུཥྦེ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་པུཥྤེ་པུཥྤེ། པུཥྤེ་སུ་པུཥྤེ་སུ་པུཥྤེ། པུཥྤེ་ཨ་ཝ་ཀ་རི་ནི་སྭཱ་ཧཱ །ཞེས་བརྗོད་ཅིང་ཕུལ་ན་མེ་ཏོག་བྱེ་བ་རེ་ཕུལ་པའི་ཡོན་འབྱུང་བར་མདོ་དང་པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་བཤད་དོ།། བསྐོར་བ་བྱེད་པའི་ཚེ། ན་མོ་ད་ཤ་དི་ཀཱི་ཀཱ་ལ་སརྦ་རཏཎ་ཏྲ་ཡཱ་ཡ། ན་མཿཔྲ་དཀྵ་སུ་པྲ་དཀྵ་སརྦ་པཱ་པཾ་བི་ཤོ་ངྷ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང་བསྐོར་ན་སྡིག་པ་འདག་ཅིང་འགྱུར་དང་ཕན་ཡོན་ཆེ་བར་བཤད་དོ། །ཡང་སྐོར་བའི་སྔགས་གཅིག་ནི། ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ །ཨ་རྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏ་དྱ་ཐཱ། ༀ་རཏྣེ་རཏྣེ་མཧཱ་རཏྣ་རཏྣ་བི་ཇི་ཡ་སྭཱ་ཧཱ། ཞེས་པ་སྟེ་ཕན་ཡོན་ནི་སྔར་ལྟར་རོ། ༧ །གཞན་དམིགས་བརྩེ་མ་དང་མ་ཎི་སོགས་དགེ་སྦྱོར་གང་ལ་འཇུག་པར་འདོད་པ་དེ་དང་། ཁྱད་པར་དུ་བདེ་བ་ཅན་དང་དགའ་ལྡན་དུ་སྐྱེས་བར་འདོད་ན། འོད་དཔག་མེད་དང་བྱམས་པའི་གཟུངས་རིང་འདོན་ཅིང་། ལས་སྒྲིབ་སྦྱོང་བའི་ཆེད་དུ་ཡིག་བརྒྱ་དང་མི་འཁྲུགས་པའི་གཟུངས་བརྗོད་ན་ལེགས་པར་བཤད་ཅིང་། དཀོར་སྒྲིབ་འདག་པའི་ཆེད་དུ་ནི། ན་མོ་བྷ་ག་ཝ་ཏེ། སུ་མེ་རུ་ཀལྤ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་ཀལྤེ་ཀལྤེ་མ་ཧཱ་ཀལྤེ། ཀལྤེ་པ་རི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ན །དཀོར་སྒྲིབ་ཀྱི་ཕུང་པོ་འདགས་པར་བཤད་ལ། ནད་ཞི་བའི་དོན་དུ་ཡིན་ན། སངས་རྒྱས་རྡོ་རྗེ་བླ་མའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ཏདྱ་། །ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། སརྦ་བྱ་དྷི་ཧ་ན་ཧ་ན། བཛྲ་ཧ་ན་བདག་གི་ནད་ཐམས་ཅད་ཞི་བར་གྱུར་ཅིང་སྭཱ་ཧཱ། ཞེས་བརྗོད་ཅིང་བསྐོར་ན་ཕན་པར་བཤད་དོ། །ཡང་སྐོར་བ་བྱེད་པ་སོགས་ཀྱི་ཚེ་མཆོད་རྟེན་ཆེན་པོའི་གྲིབ་མ་འགོམ་མི་རུང་བས། འགོམ་དགོས་པ་བྱུང་ནི། ༀ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཞེས་བརྗོད་ནས་ཡིད་ཀྱིས་གྲིབ་མའི་འོག་ཏུ་འཛུལ་བར་མོས་ཏེ་འགྲོ་བར་བྱའོ། ཞེས་པ་འདི་ཡང་སྔགས་འཆང་ཚེ་དབང་རབ་བརྟན་སོགས་རང་གི་སྡེ་བའི་དད་ལྡན་རྣམས་ཀྱིས་བསྐུར་པའི་ངོར་བཤད་སྒྲུབ་མིང་ཅན་གྱིས་བཀོད་པ་སྟེ། པར་དུ་བརྐོ་བ་པོ་ནི་ཁྲ་འོག་གི་སྔགས་འཆང་སྐལ་བཟང་ངོ་། ཡི་གེ་པ་ནི་སྣ་ལམ་རྣམ་རྒྱལ་ལོ། །མདྒ་ལཾ། །

ཕྱག་ན་རྡོ་རྗེ་ནས་བརྒྱུད་པའི་བླ་མའི་གསོལ་འདེབས།

ཕྱག་ན་རྡོ་རྗེ་ནས་བརྒྱུད་པའི་བླ་མའི་གསོལ་འདེབས།

ན་མོ་མཉྫུ་གྷོ་ཥཱ་ཡ། །རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཛིན། །རྒྱལ་པོ་ཨིནྡྲ་བྷོ་དྷི་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །རྗེ་བཙུན་ཀླུ་ཡི་རྣལ་འབྱོར་མ། །མངའ་བདག་བི་སུ་ཀལྤ་དང་། །གྲུབ་ཆེན་ས་ར་ཧ་པ་ལ། །གསོལ་བ་༴། །རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཞབས། །དེ་སྲས་ཐུ་བོ་ཟླ་བ་གྲགས། །གྲུབ་མཆོག་སློབ་པའི་རྡོ་རྗེ་ལ། །གསོལ་བ༴། །བརྟུལ་ཞུགས་མཆོག་སྤྱོད་ནག་པོ་པ། །རྣལ་འབྱོར་དབང་ཕྱུག་སྤྲིན་ཤུགས་ཅན། །སྒྲ་བསྒྱུར་འགོས་ལོ་ཆེན་པོ་ལ། གསོལ་བ༴། །རྒྱལ་སྲས་སེདྒེ་རྒྱལ་མཚན་དང་། །རིམ་གཉིས་མངོན་གྱུར་ཡེ་ཤེས་སེང་། །མཁས་མཆོག་ཨཱ་ཪྱ་དེ་བ་ལ། །གསོལ་བ༴། །རྒྱུན་དོན་གསལ་མཛད་ཉི་མ་ལྕམ། །ཟབ་དོན་མངོན་གྱུར་རིན་ཆེན་གྲགས། །མཆོག་བརྙེས་ཚུལ་ཁྲིམས་སྐྱབས་ཉིད་ལ། །གསོལ་བ ༴། །མཁྱེན་བརྩེའི་མངའ་བདག་འཕགས་པ་སྐྱབས། །གདམས་པའི་མཛོད་འཛིན་གཞོན་ནུ་འོད། །ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ། །གསོལ་༴། །ནུས་པ་ཕུལ་ཕྱིན་འཕགས་པ་འོད། །རྗེ་བཙུན་བུ་སྟོན་རིན་ཆེན་གྲུབ། །མཁས་གྲུབ་བསོད་ནམས་རྒྱལ་མཚན་ལ། །གསོལ་བ༴། །སྒྲ་བསྒྱུར་ཆེན་པོ་ནམ་མཁའ་བཟང་། །མཉམ་མེད་རྗེ་བཙུན་རེད་མདའ་བ། །རྒྱལ་བ་གཉིས་པ་ཙོང་ཁ་པར། །གསོལ་བ༴། །སྨྲ་བའི་ཉི་མ་མཁས་གྲུབ་རྗེས། །འདུས་པའི་བཀའ་བབས་ཤེར་སེང་སོགས། །ལམ་འདིའི་དངོས་བརྒྱུད་བླ་མ་ལ། །གསོལ་བ༴། །དེ་ལྟར་གསོལ་པ་བཏབ་པའི་མཐུས། །སྐྱེ་བ་ཀུན་དུ་རྗེས་བཟུང་སྟེ། །ཟུང་འཇུག་རྡོ་རྗེ་འཆང་ཆེན་གྱི། །གོ་འཕང་མཆོག་དེ་མྱུར་ཐོབ་ཤོག །ཅེས་གསང་བ་འདུས་པའི་བླ་བརྒྱུད་རིམ་པ་གཉིས་ལས་རྒྱལ་སྲས་བློ་གྲོས་རིན་ཆེན་ནས་བརྒྱུད་པའི་གསོལ་འདེབས་འདོན་པ་ད་ལྟ་དར་ཆེ་ཡང་། ཕྱག་ན་རྡོ་རྗེ་ནས་བརྒྱུད་པའི་བླ་མའི་གསོལ་འདེབས་ཕྱོགས་འདིར་མ་དར་འདུག་པས། དེ་དར་སྙམ་དུ་བསམས་ཏེ་བཤད་སྒྲུབ་མིང་ཅན་གྱིས་བྲིས་པའོ། མདྒ་ལཾ།

བླ་མ་སངས་རྒྱས་བྱང་སེམས་དུ་མའི་གསོལ་འདེབས།

བླ་མ་སངས་རྒྱས་བྱང་སེམས་དུ་མའི་གསོལ་འདེབས་བཞུགས།

ཟླ་མེད་སྟོན་པ་ཐུབ་དབང་རྡོ་རྗེ་འཆང་། །རྒྱལ་ཚབ་དམ་པ་མི་ཕམ་འཇམ་པའི་དབྱངས། །ཀླུ་སྒྲུབ་ཐོགས་མེད་ཨཱཪྱ་དེ་བ་སོགས། །སངས་རྒྱས་བྱང་སེམས་རྣམས་ལ་གསོལ་བ་འདེབས། །ཨིནྡྲ་བྷུ་ཏི་ཟླ་བཟང་འཇམ་དཔལ་གྲགས། །པད་དཀར་ས་ར་ཧ་དང་མ་ཏཾ་གི །ཀླུ་བྱང་ཤཱཀྱ་བཤེས་གཉེན་ལཱ་ལི་ཏ། །ལཱུ་ཧི་དཱ་རི་ཀ་པར༴། །དྲིལ་བུ་པ་དང་ཏི་ལོ་ཤ་ཝ་རི། །ནཱ་རོ་ཏ་བ་མཻ་ཏྲི་ནག་པོ་སྤྱོད། །ཀུན་སྙིང་སངས་རྒྱས་གསང་བ་ལྭ་ཝ་པ། །ཤནྟི་ཨ་བྷྱ་ཀཱ་རར༴། །དཔའ་བོ་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད། །ཟླ་གྲགས་འཕགས་བཙུན་གྲོལ་སྡེ་ཞི་བ་ལྷ། །མཆོག་དུལ་སེང་བཟང་གསེར་གླིང་ཀུ་སཱ་ལི། །རིགས་པའི་ཁུ་ཕྱུག་ཞབས་ལ༴། །དབྱིག་གཉེན་བློ་བརྟན་ཕྱོགས་གླང་ཆོས་ཀྱི་གྲགས། །ཡོན་ཤཱཀ་ཆོས་བཤེས་སྒེག་རྡོར་ཞི་བ་འཚོ། །ཙནྡྲ་གོ་མི་བི་མ་ལ་མི་ཏྲ། །རྒྱལ་སྲས་པདྨ་ཀཱ་ར ར༴། །སངས་རྒྱས་ཡེ་ཤེས་སྨྲྀ་ཏི་ཌོཾ་བྷི་ཝ། །བཻ་རོ་ཙ་ན་མར་བ་མི་ལ་རྗེ། །ཀཱ་མ་ཤཱི་ལ་འགོས་ལོ་བི་ཝརྦ། །གྷ་ཡ་དྷ་རའི་ཞབས་ལ༴། །མར་མེ་མཛད་དཔལ་འབྲོམ་སྟོན་པོ་ཏོ་བ། །ཤ་ར་འཆད་ཀ་སྦྱིན་སྔ་ཕུ་ཆུང་བ། །བློ་ལྡན་ཤེས་རབ་ས་པན་བུ་སྟོན་རྗེ། །གྲུབ་ཆེན་ལས་ཀྱི་རྡོ་རྗེར༴ །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །གཞོན་ནུ་བློ་གྲོས་དཔའ་བོ་རྡོ་རྗེའི་ཞབས། །རྒྱལ་ཚབ་འདུལ་འཛིན་མཁས་གྲུབ་བ་སོ་བ། །རྟོག་ལྡན་འཇམ་དཔལ་རྒྱ་མཚོར༴། །འཇམ་དབྱངས་བཀྲ་ཤིས་བྱམས་ཆེན་ཆོས་ཀྱི་རྗེ། །ཤེར་སེང་དགེ་འདུན་གྲུབ་དབང་ནོར་བུ་བཟང་། །དགེ་འདུན་རྒྱ་མཚོ་ཆོས་ཀྱི་རྒྱལ་མཚན་མཆོག །ངག་དབང་བློ་བཟང་རྒྱ་མཚོར༴། །བློ་བཟང་ཡེ་ཤེས་བསྐལ་བཟང་རྒྱ་མཚོའི་དཔལ། །ངག་དབང་བརྩོན་འགྲུས་རྒྱལ་སྲས་པཎྜི་ཏ། །བསྟན་པའི་དཔལ་གྱུར་བློ་གྲོས་རྒྱ་མཚོ་སོགས། །རྗེ་བཙུན་བླ་མ་རྣམས་ལ༴། །རབ་འབྱམས་གསུང་རབ་སོགས་དང་། འཇིག་རྟེན་དགེ་ལེགས་མའམ། སྐྱེ་བ་ཀུན་ཏུ་སོགས་ཀྱང་བརྗོད་པར་བྱའོ། །ཞེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་དད་པས་སྦྱར་རོ། །འདི་ནས་ཤར་ཕྱོགས་གདྒཱའི་ཀླུང་བཅུ་ཡི། བྱེ་མ་སྙེད་འདས་པའི་བཻཌཱུཪྱ་སྣང་ཞེས། ཤིན་ཏུ་རྣམ་དག་ཞིང་གི་དཔལ་འགྱུར་པ། རྒྱལ་བ་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གང་གིས་ཐུགས་བསྐྱེད་རྒྱ་མཚོ་རབ་གཡོས་ལས། །བཅུ་གཉིས་སྨོན་ལམ་རྦ་རླབས་བསྐྲུན་པ་ཡིས། །ཆེར་སྙིགས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས། །བཻཌཱུཪྱ་འོད་ཞབས་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་མཚན་ཐོས་བརྗོད་དང་དྲན་པ་ལ། །ཕན་ཡོན་དཔག་མེད་རྒྱལ་བས་གསུངས་པ་བཞིན། །དེང་འདིར་མགོན་པོ་ཁྱོད་ཀྱི་མཚན་བརྗོད་པ། །བདག་ཅག་རྣམས་ལ་འགྲུབ་པར་མཛད་དུ་གསོལ། །ཁྱད་པར་འདི་སྣང་ལུས་སེམས་ལ་གནོད་པའི། །ནད་སོགས་སྡུག་བསྔལ་ཟུག་རྔུ་ཞི་བ་དང་། །ཤི་འཕོས་གྱུར་ཚེ་བཻཌཱུཪྱ་སྣང་གི། །སངས་རྒྱས་ཞིང་དེར་ཐོགས་མེད་སྐྱེ་བར་ཤོག །༈ ཤར་ཕྱོགས་སངས་རྒྱས་ཞིང་སྟོང་ཐམ་པ་ན། །རྣམ་དག་མངོན་པར་དགའ་བའི་ཞིང་གི་དཔལ། བགྲངས་ཡས་སེམས་དཔའི་ཚོགས་ཀྱིས་ཡོངས་བསྐོར་བ། བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །གང་གི་མཚན་ཙམ་བརྗོད་པའི་ཉི་འོད་ཀྱིས། །ཐོགས་མེད་ནས་བསགས་སྒྲིབ་གཉིས་མུན་སྟུག་ཚོགས། །གཏན་དུ་འཇོམས་པའི་ཚུལ་གྱིས་རབ་སྦྱངས་ནས། །མངོན་མཐོ་ངེས་ལེགས་འདབ་སྟོང་རྒྱས་པར་མཛོད། །ཁྱོད་ཀྱི་གཟུངས་སྔགས་རྒྱལ་པོ་བཟླས་པའི་མེས། །ངན་འགྲོར་སྐྱེ་བའི་རྒྱུ་ཚོགས་བུད་ཤིང་རྣམས། །བསྐལ་པའི་མེ་ཡིས་རྩྭ་ཕུང་བསྲེགས་པ་བཞིན། །སྦྱངས་ནས་དག་པའི་ཞིང་དུ་སྐྱེ་བར་མཛོད། །ཁྱད་པར་འདི་ནས་ཤི་འཕོས་མངོན་དགའ་རུ། །ཁྱོད་ཀྱི་ཞབས་དྲུང་སྐྱེས་ནས་དམ་ཆོས་ཀུན། །ཁྱོད་ཀྱི་དགོངས་པ་ཇི་བཞིན་འཛིན་པ་ལ། །བྱང་སེམས་སྤོས་ཀྱི་གླང་པོ་ཆེ་བཞིན་ཤོག །༈ ནུབ་ཕྱོགས་སངས་རྒྱས་ཞིང་མང་འདས་པ་ན། །རྣམ་དག་བདེ་བ་ཅན་ཞེས་གྲགས་པ་དེར། །རྟག་བཞུགས་མ་དག་ཞིང་གི་འདྲེན་པ་མཆོག །སྟོན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཁྱོད་སྐུའི་འོད་ཀྱིས་དཔག་མེད་ཞིང་ཁམས་ཀུན། །སྣང་བར་མཛད་ཕྱིར་སྣང་མཐའི་འོད་དཔག་མེད། །སྐུ་ཚེ་དཔག་ཏུ་མེད་ཅིང་རིང་བའི་ཕྱིར། །ཚེ་དཔག་མེད་ཅེས་གྲགས་ལ་ཕྱག་འཚལ་ལོ། །གང་གི་མཚན་ཐོས་བརྗོད་ཅིང་དྲན་པས་ཀྱང་། །མི་ཁོམ་གནས་སྐྱེ་སྡུག་བསྔལ་མྱོང་བའི་རྒྱུ། །མ་ལུས་བྱང་ནས་དག་པའི་ཞིང་མཆོག་ཏུ། །སྐྱེ་བར་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་མཐུས་ཚེ་ཡི་བར་ཆད་ཞི་བ་དང་། །ཤི་འཕོས་གྱུར་ཚེ་བདེ་ལྡན་ཞིང་མཆོག་དེར། །པདྨའི་དབུས་སུ་བརྫུས་སྐྱེས་མྱུར་ཐོན་ནས། །རྒྱལ་བ་འཁོར་བཅས་མཆོད་ཅིང་ཆོས་ཉན་ཤོག །ཚུལ་དེས་རྒྱལ་སྲས་སྤྱོད་ལ་ཞུགས་གྱུར་ཏེ། མ་དག་ཞིང་གི་འགྲོ་བ་འདྲེན་པ་སོགས། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་གཉིས་ཀྱི། །མཛད་པ་དེ་འདྲས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པ་འདི་རྣམས་ཀྱང་ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིིས་དད་པས་མྱུར་བར་ཅོ་ནེ་དགོན་ཉིད་དུ་སྦྱར་རོ། །མདྒལཾ།། ༈ སྐུ་གསུམ་གོ་འཕང་མི་ཟད་མཆོག་བརྙེས་ནས། །ཐེག་གསུམ་འགྲོ་ལ་འཁོར་ལོ་རབ་བསྐོར་ཏེ། །ཁམས་གསུམ་སྡུག་ཀུན་འཆིང་ལས་དགྲོལ་མཛད་པ། །སྲིད་གསུམ་སྟོན་པ་ཤཱཀྱ་སེང་གེར་འདུད། །གང་སྐུ་ཆོས་ཀྱི་དབྱིངས་ལས་མ་གཡོས་པར། །བྱེ་བ་ཕྲག་བརྒྱའི་དགའ་ལྡན་གནས་རྣམས་སུ། །དམ་པ་ཏོག་དཀར་སྤྲུལ་ནས་སྒྱུ་འཕྲུལ་མའི། ལྷུམས་སུ་འཇུག་པར་མཛད་ལ་ཕྱག་འཚལ་ལོ། །ལུམ་བི་ཚལ་དུ་ཡུམ་གྱི་དཀུ་གཡས་ནས། །ལེགས་བལྟམས་ཚངས་དང་བརྒྱ་བྱིན་གྱིས་མཆོད་ཅིང་། །སྒྱུ་རྩལ་འགྲན་བྲལ་བཙུན་མོའི་ཚོགས་དང་བཅས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། །སྲིད་འབྱོར་ཕུན་ཚོགས་སྤངས་ནས་མཁའ་ལ་འཕགས། །མཆོད་རྟེན་རྣམ་དག་དྲུང་དུ་རབ་བྱུང་བཞེས། །ལོ་དྲུག་དཀའ་བ་སྤྱད་མཐར་བྱང་ཆུབ་ཀྱི། །ཤིང་དྲུང་གཤེགས་པར་མཛད་ལ་ཕྱག་འཚལ་ལོ། །བྱམས་པའི་སྟོབས་ཀྱིས་བདུད་སྡེའི་དཔུང་བཅོམ་སྟེ། །བྱང་ཆུབ་མཆོག་བརྙེས་ཝ་ར་ཎ་སི་སོགས། །འཁོར་ལོ་རིམ་གསུམ་བསྐོར་ནས་གདུལ་བྱ་རྣམས། །སྨིན་ཅིང་གྲོལ་བར་མཛད་ལ་ཕྱག་འཚལ་ལོ། །དེ་ནས་དངོས་ཀྱི་གདུལ་བྱ་རྫོགས་པ་དང་། །གཟུགས་སྐུའི་བཀོད་པ་མི་སྣང་ལྟར་བསྟན་ནས། །མ་འོངས་གདུལ་བྱའི་དོན་དུ་རིང་བསྲེལ་མིང་། །ཀུན་ནས་སྤྲུལ་པར་མཛད་ལ་ཕྱག་འཚལ་ལོ། །མགོན་ཁྱོད་སྲིད་འདིར་ཆོས་ཀྱི་དབྱིངས་ཞུགས་ཀྱང་། །དཔག་ཡས་ཞིང་དུ་གྲངས་མེད་རྣལ་རོལ་གྱིས། །གཞན་དོན་འབའ་ཞིག་སྒྲུབ་ལ་རྟག་གཞོལ་བས། །ཟླ་མེད་སྐྱབས་ཀྱི་དམ་པར་གྱུར་པ་ལགས། །ཁྱོད་སྐུ་རབ་བརྗིད་གསེར་གྱི་རི་དབང་བཞིན། །ཁྱོད་གསུང་རབ་སྙན་ཚངས་དབྱངས་འབུམ་ཕྲག་བཞིན། །ཁྱོད་ཐུགས་རབ་ཡངས་མཐའ་བྲལ་ནམ་མཁའ་བཞིན། །འཕྲིན་ལས་རྩོལ་བྲལ་རིན་ཆེན་བུམ་བཟང་བཞིན། །གནས་དང་གནས་མིན་ཇི་བཞིན་མཁྱེན་པ་སོགས། །ཕུལ་བྱུང་སྟོབས་བཅུའི་ཕ་རོལ་ཕྱིན་གྱུར་ཅིང་། །སྨྲ་བ་གཞན་ལ་ཞུམ་པ་མི་མངའ་བའི། །རྣམ་བཞིའི་མི་འཇིགས་ཡེ་ཤེས་མཆོག་ཀྱང་བརྙེས། །འཆད་བྱ་འཆད་བྱེད་དོན་ལ་ཐོགས་མེད་པའི། །སོ་སོ་ཡང་དག་རིག་པ་བཞི་རྣམས་དང་། །འཕགས་པ་གཞན་དང་ཐུན་མོང་མ་ཡིན་པའི། །བཅོ་བརྒྱད་མ་འདྲེས་ཡོངས་སུ་རྫོགས་པའང་ལགས། །དེ་ལྟར་ཐུབ་པའི་མཛད་པ་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་དད་པའི་ཀུ་ཤའི་རྩེས། །བླངས་པའི་རྣམ་དཀར་བསིལ་བའི་དངོས་དེ་ཡང་། །འགྲོ་འདིའི་སྡུག་བསྔལ་ཚ་གདུང་ཞི་ཕྱིར་བསྔོ། །ཅེས་པ་འདི་ནི་ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་བྲིས་སོ། །ན་མོ་ཨཱཪྱ་མི་ཏྲི་ཡེ། གསེར་གྱི་རི་དབང་ཇི་བཞིན་བརྗིད་ཆགས་ཤིང་། །གསལ་རྫོགས་མཚན་དཔེའི་དཔལ་གྱིས་མཛེས་པའི་སྐུ། །རིན་ཆེན་ཁྲི་སྟེང་བཟང་པོའི་བཞུགས་སྟངས་ཅན། །མ་ཕམ་རྒྱལ་བ་གཉིས་པར་ཕྱག་འཚལ་ལོ། །དཔག་ཚད་གཅིག་གི་འཕང་ལྡན་འཁོར་ཡུག་ཏུ། །རྒྱང་གྲགས་དྲུག་ཁྱབ་ཀླུ་ཤིང་དབང་པོའི་དྲུང་། །བླ་མེད་བྱང་ཆུབ་ཆེན་པོ་འཐོབ་འགྱུར་བ། མི་ཕམ་རྒྱལ་བ་གཉིས་པར༴། གང་དུ་རྫོགས་སངས་མཆོག་བརྙེས་རྒྱལ་བའི་སྐུ། འཕང་དུ་ཁྲུ་ནི་བརྒྱད་ཅུ་ཞེང་ཉི་ཤུ། །ཞལ་གྱི་དཀྱིལ་འཁོར་དེ་ཡི་ཕྱེད་ལྡན་པ། །མི་ཕམ་རྒྱལ་བའི་དབང་པོར༴། །ཐུབ་པས་རང་གི་འཁོར་ལ་བརྟགས་པ་ན། །ཁྱོད་དང་མཚུངས་པའི་སྲས་གཞན་མ་གཟིགས་ནས། །ཉིད་ཀྱི་རྒྱལ་ཚབ་མཆོག་ལ་བཀོད་གྱུར་པ། །མི་ཕམ༴། །གང་ཚེ་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པ། །དེ་ཚེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས། །དཔག་ཡས་ཆོ་འཕྲུལ་བསྟན་ནས་དབང་བསྐུར་བ། མི་ཕམ༴། །ཐུབ་པས་ཆོས་ཀྱི་རྒྱལ་སྲིད་གཏད་པ་བཞིན། །རབ་འབྱམས་ཞིང་དུ་གྲངས་མེད་སྤྲུལ་པ་ཡིས། །རྒྱལ་བའི་མཛད་པ་མ་ལུས་ཀུན་སྒྲུབ་པ། མི་ཕམ༴། །དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་བདག །མ་འོངས་དུས་ན་མགོན་ཁྱོད་འཛམ་གླིང་འདིར། །མངོན་སངས་རྒྱས་ཆེ་འཁོར་གྱི་མཆོག་གྱུར་ནས། །ཁྱོད་ཀྱི་དམ་ཆོས་མ་ལུས་འཛིན་པ་ཤོག །འདི་ནས་ཉིང་འཚམས་སྦྱོར་ཚེ་དགའ་ལྡན་དུ། །སྐྱེས་ནས་ཁྱོད་དང་འཇམ་དཔལ་སྙིང་པོ་ཡིས། །རྗེས་སུ་བཟུང་སྟེ་རྒྱལ་བའི་ཆོས་ཚུལ་ཀུན། །འཛིན་ལ་རྒྱལ་ཚབ་འཇམ་པའི་དབྱངས་བཞིན་ཤོག །ཅེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་དད་པས་སྦྱར་རོ། །༈ ན་མོ་ཤྲཱི་མཉྫུ་གྷོ་ཥཱ་ཡ། བགྲང་ཡས་གདོད་མ་ཉིད་ཀྱི་བསྐལ་བ་ནས། །དྲི་བྲལ་ཞི་བ་ཆོས་ཀྱི་སྐུ་བརྙེས་ཀྱང་། །རབ་འབྱམས་ཞིང་དུ་རྒྱལ་སྲས་བཞོན་ནུ་བཞིན། །བྱང་ཆུབ་སྤྱོད་པའི་གར་གྱིས་རོལ་དེར་འདུད། །ཆུ་སྐྱེས་བསིལ་ཟེར་རྒྱས་པའི་དཀྱིལ་འཁོར་སྟེང་། །ཞལ་གཅིག་ཕྱག་གཉིས་མཚམས་སྤྲིན་ཕུང་པོའི་སྐུ། །ཞི་འཛུམ་ཉམས་ལྡན་བརྒྱད་གཉིས་ལང་ཚོ་ཅན། །ཞབས་ཟུང་མི་ཕྱེད་སྐྱིལ་ཀྲུང་མཆོག་གི་མཛེས། །ཕྱག་གཡས་མི་ཤེས་གཅོད་པའི་རལ་གྲི་དང་། །གཡོན་པའི་ཨུཏྤལ་སྟེང་ན་རྒྱལ་བའི་ཡུམ། །ལྷ་རྫས་གོས་དང་རིན་ཆེན་གྱིས་སྤྲས་ཤིང་། །གསལ་རྫོགས་མཚན་དཔེའི་དཔལ་འབར་ཡིད་དུ་འོང་། །རྒྱལ་མཚན་ཏོག་ཏུ་ཨིནྡྲ་ནཱི་ལ་བཞིན། །རབ་མཛེས་དབུ་ལ་རལ་བའི་ཐོར་ཅོག་བཅིངས། །དབང་པོའི་གཞུ་ཡིས་ཐུན་མཚམས་གཞོན་ནུ་བཞིན། །སྣ་ཚོགས་འོད་ཀྱི་འཕྲེང་བས་ཀུན་ནས་བསྐོར། །ཁྱོད་སྐུའི་ཆ་ཤས་ཕྲ་མོ་རེ་རེར་ཡང་། །རྒྱལ་དང་དེ་སྲས་ཞི་ཁྲོ་ཉན་རང་སོགས། །བགྲང་ཡས་སྤྲུལ་བའི་བཀོད་པ་གང་བསྟན་པའི། །མཐའ་ཚད་ཀུན་མཁྱེན་གྱིས་ཀྱང་གཞལ་དུ་མིན། །ཚངས་དབང་ཉི་ཟླ་ལ་སོགས་ལྷ་ཡི་གཙོ། །ལྷ་མིན་སྒྲ་གཅན་ཐག་བཟང་གནོད་སྦྱིན་དབང་། །མཐའ་ཡས་མ་དྲོས་ལ་སོགས་ཀླུ་ཡི་རྒྱལ། །མཐུ་ཆེན་གྲགས་ལྡན་ཕལ་ཆེར་ཁྱོད་སྐུའི་འཕྲུལ། །ཁྱོད་གསུང་འཇམ་མཉེན་ཡིད་དུ་འཐད་པ་སོགས། །ཡན་ལག་དྲུག་ཅུའི་དབྱངས་ལྡན་མཚར་དུ་ཅི། །གསུང་གཅིག་ཉིད་ཀྱང་མཐའ་ཡས་འགྲོ་བ་ཡིས། །སྣ་ཚོགས་སྐད་དང་མཐུན་པར་འཇུག་དེ་མཚར། ཁྱེད་ཐུགས་ཡེ་ཤེས་མེ་ལོང་གསལ་བའི་ངོར། །མཐའ་ཡས་ཆོས་རྣམས་མངོན་སུམ་སྣང་གྱུར་པ། །དད་པའི་མཚོ་ནང་སྣ་ཚོགས་གཟུགས་བརྙན་ནི། །མ་འདྲེས་ཅིག་ཅར་གསལ་བར་ཤར་བ་བཞིན། །ཐོགས་མེད་སྟོབས་བཅུའི་ལུས་རྩལ་རབ་ཏུ་རྫོགས། །མི་འཇིགས་རྣམ་བཞིའི་མཆེ་སྡེར་མི་བཟད་འབར། །མ་འདྲེས་བཅོ་བརྒྱད་གཡུ་ཡི་རལ་ཁུར་ཅན། །སྨྲ་བའི་སེང་གེ་མཆོག་ནི་ཁྱོད་མིན་སུ། །རབ་རྣོ་འབར་བའི་ཡེ་ཤེས་མཚོན་ཆེན་དང་། །ཟབ་རྒྱས་སྒྲོགས་པའི་གླེགས་བམ་འཛིན་པས་ཅི། །འཇིགས་པ་ཀུན་བྲལ་ཇི་ལྟ་ཇི་སྙེད་ཀྱི། །ཆོས་ཀུན་ཐུགས་སུ་ཆུད་ཟིན་མ་ཡིན་ནམ། །བདེ་གཤེགས་ཀུན་གྱི་མཁྱེན་བརྩེ་དག་པའི་མཛོད། །ཡོངས་སུ་བཟུང་སྟེ་མཁའ་ཁྱབ་ཞིང་རྣམས་སུ། །གྲངས་མེད་སྤྲུལ་བས་རྒྱལ་བའི་མཛད་པ་ཀུན། །ཇི་བཞིན་སྒྲུབ་ལ་འགྲན་པའི་ཟླ་དེ་གང་། །ཚུལ་འདིར་ཁྱོད་ཀྱི་དཔེ་ཟླར་འོས་པ་ཞིག །འཚོལ་ཕྱིར་ཉི་ཟླ་ཟུང་དག་ཁོར་ཡུག་ཏུ། །ས་འཛིན་དབང་པོར་ལན་རྒྱར་བསྐོར་བྱས་ཀྱང་། །མ་རྙེད་ཐུན་མཚམས་ལུས་ཕྲའི་པང་དུ་ཡིབ། །མ་ལུས་ཕྱོགས་བཅུའི་བདེ་གཤེགས་སྲས་བཅས་ཀྱིས། །རབ་འབྱམས་རྒྱལ་བའི་ཡེ་ཤེས་ཕུང་པོ་ཀུན། །གཅིག་ཏུ་བསྡུས་པའི་གཟུགས་ཅན་ཁྱོད་ཉིད་ཞེས། །བསྟོད་བསྔགས་དབྱངས་སུ་སྒྲོགས་པའང་དོན་དང་བཅས། །རྒྱལ་ཀུན་ཡབ་ཏུ་གྱུར་པ་གཞོན་ནུའི་ཚུལ། །མཚན་འཛིན་འཆིང་བ་བཅད་ཀྱང་སྙིང་རྗེས་བཅིངས། །ཡེ་ཤེས་ཐུགས་གཏེར་སྦས་ཀྱང་སྲིད་ན་གསལ། །བྱམས་བརྩེའི་རིས་སུ་བྲལ་ཡང་བདུད་སྡེ་འཇོམས། །མཁའ་ལྡིང་དབང་པོ་བརྩོན་པས་རྟག་བགྲོད་ཀྱང་། །མཁའ་ཡི་མཐའ་ནི་ཟད་པར་མི་འགྱུར་བཞིན། །རྒྱལ་སྲས་ཉན་རང་ཚངས་དབང་སོགས་ཀྱིས་ཀྱང་། །ཁྱོད་ཀྱི་ཡོན་ཏན་བརྗོད་པའང་དེ་ལྟའོ། །འོན་ཀྱང་འདིར་ནི་ཅུང་ཟད་བསྒྲགས་པའི་དགེས། །ཚེ་ར བས་ཀུན་ཏུ་ཁྱོད་ཞལ་མངོན་མཐོང་ནས། །བརྩེ་བས་རྗེས་བཟུང་ཕྱོགས་བཅུའི་ཞིང་རྣམས་སུ། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་གྱུར་ཅིག །ཅེས་འཇམ་དབྱངས་དམར་སེར་ལ་ཅུང་ཟད་བསྟོད་པ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་དད་པ་ལས་བྱུང་བའོ། །༈ ཚོགས་གཉིས་རྣམ་པར་དག་པའི་མཁའ་དབྱིངས་ལས། །ལེགས་འོངས་མཚན་དང་དཔེ་བྱད་དཔལ་གྱིས་སྤྲས། །སྣ་ཚོགས་འོད་དཔུང་ཕྱོགས་བཅུར་འཕྲོ་བ་ཅན། །རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །བདེ་གཤེགས་ཀུན་གྱི་མཁྱེན་པའི་ཕུང་པོ་གང་། །གཅིག་བསྡུས་རྒྱལ་སྲས་གཞོན་ནུའི་ཟློས་གར་མཁན། །དཔག་ཡས་ཞིང་དུ་གྲངས་མེད་རྣམ་རོལ་གྱིས། །རྒྱལ་བའི་མཛད་པ་སྒྲུབ་ལ༴། །ལྡེམ་ལྡེམ་ཆུ་སྐྱེས་རྒྱས་པའི་ལྟེ་བ་ལ། །གསལ་གསལ་ཆ་ཤས་རྫོགས་པའི་ཟླ་གདན་སྟེང་། །འཛུམ་འཛུམ་ཞི་བའི་ཉམས་ལྡན་གཞོན་ནུའི་སྐུ། །མཐོང་བས་ཡིད་འཕྲོག་མཛད་ལ༴། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་ཨུཏྤལ་དང་། །གཡོན་པ་ཆོས་འཆད་མཛད་པའི་པད་དཀར་སྟེང་། །ཤེས་རབ་རལ་གྲི་ཤེར་ཕྱིན་གླེགས་བམ་ཟུང་། །ལེགས་པར་འཛིན་པ་ཁྱེད་ལ ༴། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་གངས་ཀྱི་རིས། །འཇའ་ཚོན་གོས་གྱོན་རྒྱུ་སྐར་གྱིས་སྤྲས་བཞིན། །ལྷ་རྫས་གོས་དང་རིན་ཆེན་རྒྱན་མང་གིས། །ཀུན་ནས་བརྒྱན་པ་ཁྱོད་ལ༴། །བགྲང་ཡས་ཤེས་བྱའི་མཁའ་ལ་ཐོགས་མེད་ཅིང་། །རྨོངས་པའི་མུན་ཆེན་དྲུང་ནས་འབྱིན་མཛད་པའི། །ཡེ་ཤེས་ཕུང་པོ་གཟུགས་ཀྱི་རྣམ་རོལ་ཅན། །མཁྱེན་རབ་དབང་ཕྱུག་ཉིད་ལ༴། །རབ་འབྱམས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་ཀྱང་། །མཚོན་པར་མི་ནུས་གཟིགས་པ་མཆོག་མངའ་བས། །བགྲང་ཡས་ཞིང་དུ་མཁྱེན་པའི་གཏེར་ཆེན་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ༴། །རྒྱལ་བ་ཀུན་གྱི་ཡབ་གྱུར་ལྷ་ཡི་ལྷ། །ས་བཅུའི་དབང་ཕྱུག་ཚུལ་འཛིན་སྨྲ་བའི་དབང་། །གསུང་རབ་དོན་ཀུན་རྟོགས་པའི་རྣམ་དཔྱོད་ཀྱི། །མཆོག་སྦྱིན་སྩོལ་བར་མཛད་ལ༴། །ཚེ་རབས་ཀུན་དུ་མགོན་པོ་ཁྱོད་ཉིད་ཀྱིས། །མངོན་སུམ་རྗེས་བཟུང་མཐའ་ཡས་འགྲོ་ཀུན་གྱི། །སོམ་ཉིའི་དྲ་བ་གཅོད་པའི་མཐུ་ལྡན་ཅིང་། །འཆད་རྩོད་རྩོམ་པའི་གནས་རྣམས་མཐར་ཕྱིན་ཤོག །ཅེས་འཇམ་དབྱངས་དཀར་པོའི་བསྟོད་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །༈ ན་མོ་ལོ་ཀེ་ཤྭ་ར་ཡ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཟློས་གར་ལས། །ལེགས་འཁྲུངས་འཕགས་མཆོག་སྤྱན་རས་གཟིགས་དབང་ཞེས། འཇིག་རྟེན་གསུམ་ན་ཆེས་ཆེར་རབ་གྲགས་པ། །རྗེས་བཙུན་ཕྱག་ན་པདྨོས་དགེ་ལེགས་སྩོལ། །སྐུ་མཆོག་གངས་རིའི་མདོག་ལྟར་རབ་དཀར་ཞིང་། །ཞལ་གཅིག་ཕྱག་བཞི་འཛུམ་ལྡན་སྤྱན་དཀྱུས་རིང་། །རྩ་ཕྱག་ཐལ་སྦྱར་ལྷག་མས་ཤེལ་འཕྲེང་དང་། །པདྨ་དཀར་པོ་འཛིན་ལ༴། །བུང་བ་ལྟར་ནག་རལ་བའི་ཐོར་ཅོག་བཅིངས། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་སྤུད། །པད་ཟླའི་སྟེང་ན་མི་ཕྱེད་སྐྱིལ་ཀྲུང་གིས། །ཀུས་ནས་མཛེས་པ་ཁྱོད་ལ༴། །གསལ་རྫོགས་མཚན་དང་དཔེ་བྱད་དཔལ་གྱིས་སྤྲས། །རལ་བའི་རྩེ་ན་སྣང་བ་མཐའ་ཡས་འཛིན། ཀྲྀཥྞ་སཱ་རིའི་པགས་པའི་རྟགས་འཆང་བ། །དྲང་སྲོང་ཆེན་པོ་ཞབས་ལ༴། །ཉིན་མཚན་དུས་དྲུག་འགྲོ་ལ་རྗེས་གཟིགས་ནས། །གང་ལ་གང་འདུལ་དེ་ལ་དེ་མཚུངས་ཀྱི། །རྣམ་འཕྲུལ་བགྲང་ཡས་ཕྱོགས་བཅུར་སྤྲོས་པ་ཡིས། །རྒྱལ་བའི་མཛད་པ་སྒྲུབ་ལ༴། །རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེ་ནི། །གཅིག་ཏུ་འདུས་པའི་བདག་ཉིད་ང་ཡིན་ཞེས། །ཞལ་གྱིས་འཆེས་པ་ཇི་བཞིན་འགྲོ་བའི་དོན། །མཛད་པའི་ཁུར་ཆེན་འཁྱེར་ལ༴། །སྙིགས་དུས་འགྲོ་བ་མཐའ་དག་འདྲེན་པ་ལ། །ཕྱོགས་བཅུའི་རྒྱལ་བ་མ་ལུས་གཅིག་བསྡུས་ཀྱང་། །མཚོན་པར་མི་ནུས་ཐུགས་རྗེ་ཆེས་དཔའ་བ། །མཚན་མཆོག་དོན་དང་ལྡན་ལ༴། །རིས་མེད་ཕྱོགས་ཀྱི་ལུས་ཅན་ཐམས་ཅད་དང་། །ཁྱད་པར་སྡུག་ཅིང་ཕོངས་པའི་འགྲོ་རྣམས་ལ། །བཀའ་དྲིན་ལྷག་པར་ཆེ་བའི་མཛད་པ་ཅན། །ཐུགས་རྗེའི་གཏེར་ཆེན་ཁྱོད་ལ༴། །གང་དག་ཡི་གེ་དྲུག་པ་འདི་ཟློས་པ། །དེ་དག་འགྲོ་དྲུག་སྡུག་བསྔལ་རྒྱ་མཚོ་ལས། །ངེས་པར་ང་ཡིས་མྱུར་དུ་བསྒྲལ་ལོ་ཞེས། །མི་གཡོ་དམ་བཅའ་བརྟན་ལ༴། །དེ་སླད་ཡིག་དྲུག་གུས་པས་བརྗོད་བྱེད་པ། །བདག་ལ་དགོངས་ཤིག་འཆི་བའི་དུས་ཀྱི་ཚེ། །ཞལ་བཟང་མངོན་སྟོན་ཚུལ་ཤོག་བདེ་ལྡན་དུ། །འདོང་ཞེས་གསུང་གིས་དབུགས་དབྱུང་མཛད་དུ་གསོལ། །དེང་ནས་བརྩམས་ཏེ་ཚེ་རབས་ཀུན་ཏུ་ཡང་། །དལ་འབྱོར་རྟེན་རྙེད་ཉིད་ཀྱིས་རྗེས་བཟུང་ནས། །མཐའ་ཡས་འགྲོ་བའི་དོན་ཀུན་སྒྲུབ་པ་ལ། །མགོན་པོ་སྤྱན་རས་གཟིགས་དང་མཚུངས་གྱུར་ཅིག །ཅེས་པ་འདི་ཡང་ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ།། །།རབ་འབྱམས་བདེ་གཤེགས་ཐུགས་རྗེའི་ཟློས་གར་ནི། །རབ་དཀར་རྒྱལ་བའི་སྲས་སུ་ཉེར་ཤར་བ། །རབ་མཆོག་མགོན་པོ་སྤྱན་རས་གཟིགས་དབང་ཞེས། །རབ་ཏུ་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་མཚོ་སྐྱེས་ཟླ་བའི་སྟེང་། །ཧྲཱི༔ཡིག་དཀར་པོ་འོད་ཟེར་འགྲོ་འདུ་ལས། །ལེགས་འཁྲུངས་གངས་རི་ལྟར་དཀར་མཉམ་པའི་ཞབས། །བཞེངས་པའི་སྟབས་ཀྱིས་བཞུགས་ལ་ཕྱག་འཚལ་ལོ། །ལང་ཚོ་རབ་རྒྱས་བཅུ་དྲུག་ན་ཚོད་ཅན། །བཅུ་གཅིག་ཞལ་ལྡན་རྩ་བའི་ཞལ་དཀར་ཞིང་། །གཡས་ལྗང་གཡོན་པ་དམར་བའི་ཞལ་གསུམ་རིམ། །དུང་གཡུ་བྱི་རུའི་མདོག་ལྟར་མཛེས་ལ་བསྟོད། །དེ་སྟེང་དབུས་ལྗང་གཡས་དམར་གཡོན་དཀར་ཞལ། །མར་གད་པད་རག་ཟླ་བ་ལྟར་དཀར་ཞིང་། །དེ་སྟེང་དབུས་དམར་གཡས་དཀར་གཡོས་ལྗང་ཞལ། །བྱི་རུ་ཁ་བ་གཡུ་ལྟར་ལྗང་ལ་བསྟོད། །དེ་སྟེང་ཁྲོ་ཞལ་ནག་པོ་སྤྱན་གསུམ་ལ། །སྐྲ་བརྫེས་མཆེ་བ་གཙིགས་ཤིང་སྨྲ་ར་སེར། །སྟེང་ཞལ་དམར་པོ་གཙུག་ཏོར་དང་བཅས་པའི། །ཞལ་མང་ཕྱག་སྟོང་སྤྱན་སྟོང་ལྡན་ལ་བསྟོད། །ཆོས་དབྱིངས་འགྱུར་མེད་ཡེ་ཤེས་སྐུ་བརྙེས་ཕྱིར། །རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །འགྲོ་དྲུག་མཐོ་རིས་ཐར་བར་འདྲེན་པའི་ཕྱིར། །གཡས་ཀྱི་གཉིས་པས་བགྲང་འཕྲེང་འཛིན་ལ་བསྟོད། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སེལ་བའི་ཕྱིར། །གསུམ་པས་མཆོག་སྦྱིན་མཛད་ལས་བདུད་རྩི་འབབ། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར། །གཡས་ཀྱི་བཞི་པས་འཁོར་ལོ་འཛིན་ལ་བསྟོད། །འཁོར་བའི་སྐྱོན་གྱིས་མ་གོས་མཚོན་པའི་ཕྱིར། །གཡོན་གྱི་གཉིས་པས་གསེར་གྱི་པདྨ་བསྣམས། །གདུལ་བྱའི་ཉོན་མོངས་དྲི་མ་འཁྲུད་པའི་ཕྱིར། །གསུམ་པས་རིལ་པ་སྤྱི་བླུགས་འཛིན་ལ་བསྟོད། །ཐབས་ཤེས་དག་པ་མཐར་ཐུག་བརྙེས་པའི་ཕྱིར། །གཡོན་གྱི་བཞི་བས་མདའ་དང་གཞུ་བསྣམས་ཤིང་། །ལྷག་མ་དགུ་བརྒྱ་གོ་གཉིས་ཕྱག་མཐིལ་ན། །སྟོང་ཕྲག་སྤྱན་གྱིས་མཛེས་པ་ཁྱོད་ལ་བསྟོད། །ཀྲྀཥྞ་སཱ་རིའི་པགས་པའི་སྟོང་དཀྲིས་དང་། །སྐུ་སྨད་དར་རས་བཟང་པོའི་ཤམ་ཐབས་གསོལ། །རིན་ཆེན་རྒྱན་སྤྲས་གསེར་གྱི་སྐ་རགས་བཅིངས། །འོས་ཕུང་འཕྲོ་བའི་དབུས་སུ་བཞུགས་ལ་བསྟོད། །ཕྱག་སྟོང་དག་གི་འཁོར་ལོ་བསྒྱུར་རྒྱལ་སྟོང་། །སྤྱན་སྟོང་རྣམས་ཀྱིས་བསྐལ་བཟང་སངས་རྒྱས་སྟོང་། །གང་ལ་གང་འདུལ་སྤྲུལ་བའི་རྣམ་རོལ་ཅན། །རྗེ་བཙུན་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་མགྲིན་གཅིག་ཏུ། །མགོན་ཁྱོད་བདེ་གཤེགས་འཕྲིན་ལས་གཅིག་བསྡུས་ཤིང་། །དུས་གསུམ་རྒྱལ་བའི་མཛད་པ་ཀུན་སྒྲུབ་ཅེས། །ཡང་དང་ཡང་དུ་བསྔགས་ལ་ཕྱག་འཚལ་བསྟོད། །མ་ལུས་རྒྱས་བ་སྲས་བཅས་ཐམས་ཅད་ཀྱི། །ཐུགས་རྗེས་གཅིག་ཏུ་བསྡུས་ཀྱང་མགོན་ཁྱོད་ཀྱི། །བརྩེ་ཆེན་ཉིད་ལ་འགྲན་པར་བཟོད་དཀའི་ཕྱིར། །ཐུགས་རྗེ་ཆེན་པོར་གྲགས་ལ་ཕྱག་འཚལ་བསྟོད། །དེ་ལྟར་བསྟོད་པས་རབ་དཀར་དགེ་དེས་བདག །ཤི་འཕོས་བདེ་ལྡན་ཞིང་དུ་སྐྱེ་བ་དང་། །མཐའ་ཡས་འགྲོ་བའི་དོན་ཀུན་སྒྲུབ་པ་ལ། །མགོན་པོ་སྤྱན་རས་གཟིགས་དང་མཚུངས་པར་ཤོག །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་དད་པས་སྦྱར་རོ། །བཀྲ་ཤིས།། ༈ འཇིག་རྟེན་མེས་པོ་མགྲིན་སྔོན་སྤྲིན་ལ་ཞོན། །པད་དཀར་མིག་སོགས་སྲིད་པ་གསུམ་འདི་ན། །ཆེར་གྲགས་དྲེགས་ལྡན་ཀུན་གྱི་ཅོད་པན་གྱིས། །ཞབས་པད་གུས་བསྟེན་རྗེ་བཙུན་སྒྲོལ་མར་འདུད། །མར་གད་ཨིནྡྲ་ནཱི་ལ་འདྲེས་པའི་མདོག །ཞལ་གཅིག་ཕྱག་གཉིས་བཅུ་དྲུག་ལང་ཚོ་ཅན། །ཞི་འཛུམ་ཉམས་ལྡན་གཡས་བརྐྱང་གཡོན་བསྐུམས་ཀྱིས། །པད་ཟླའི་སྟེང་ནས་མཛེས་ལ་ཕྱག་འཚལ་ལོ། །ཕྱག་གཡས་ལེགས་པར་བརྐྱང་བའི་མཆོག་སྦྱིན་གྱིས། །འགྲོ་བའི་རེ་བ་ཡིད་བཞིན་སྐོང་མཛད་ཅིང་། །གཡོན་པས་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་གྱིས། །ཕོངས་པ་ཀུན་ལས་སྒྲོལ་ལ་ཕྱག་འཚལ་ལོ། །དབང་པོའི་མཚོན་གྱིས་གཡུ་ཡི་མཆོད་སྡོང་བཞིན། །སྣ་ཚོགས་ལྷ་རྫས་དར་གྱི་ན་བཟས་ཀླུབས། །སྟོན་གྱི་མཁའ་ལ་རྒྱུ་སྐར་འཕྲེང་བ་བཞིན། །རིན་ཆེན་རྒྱན་གྱིས་མཛེས་ལ་ཕྱག་འཚལ་ལོ། །རབ་གསལ་མཚན་དང་དཔེ་བྱད་སྤྲས་པའི་སྐུ། །ཡིད་འཕྲོག་དྲི་ཟས་རྒྱུད་མངས་འབུམ་གྱི་གསུང་། །ཟབ་ཡང་མཁྱེན་རྩེའི་རྒྱ་མཚོ་ཆེན་པོའི་ཐུགས། །ལྷུན་འགྲུབ་འཕྲིན་ལས་མཛད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པ་ཀུན། །གཅིག་ཏུ་བསྡུས་པའི་བདག་ཉིད་ལྷ་མོའི་གཟུགས། །དྲན་པ་ཡིས་ཀྱང་མཆོག་དང་ཐུན་མོང་གི །དངོས་གྲུབ་མ་ལུས་སྩོལ་ལ་ཕྱག་འཚལ་ལོ། །གང་དག་སྡུག་བསྔལ་ཤུགས་ཀྱིས་གདུངས་གྱུར་པ། །དེ་དག་ཀུན་གྱི་མགོན་སྐྱབས་ང་ཉིད་ཅེས། །ཞལ་གྱིས་འཆེས་བཞིན་ཐུགས་རྗེའི་ཆུ་འཛིན་ལས། །ཕན་བདེའི་ཆར་ཆེན་འབེབས་ལ་ཕྱག་འཚལ་ལོ། །གཅིག་ལྷག་བཅུ་ཕྲག་ཟུང་གི་ཕྱག་འཚལ་དང་། །རིགས་སྔགས་ཆེན་མོ་ཏཱ་རེ་ཟློས་ཙམ་གྱིས། །འཇིགས་ཆེན་བརྒྱད་དང་ནད་གདོན་ཀུན་སེལ་ཞིང་། །ཚེ་དཔལ་བསོད་ནམས་སྟེར་ལ་ཕྱག་འཚལ་ལོ། །འཕྲིན་ལས་ནུས་མཐུ་ཐོགས་པ་མི་མངའ་བའི། །རིག་པའི་ལྷ་མོ་སྒྲོལ་མའི་ཚོགས་རྣམས་ཀྱང་། །རྟག་ཏུ་ཁྱོད་ཞབས་བསྟེན་ནས་འགྲོ་བ་ཡི། །སྡུག་བསྔལ་ཞི་བར་བརྩོན་ལ་ཕྱག་འཚལ་ལོ། །དེ་ལྟར་སྐྱབས་མཆོག་ཁྱོད་ལ་གསོལ་བཏབ་མཐུས། །གནས་སྐབས་མི་མཐུན་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་ཡིད་བཞིན་འགྲུབ་པ་དང་། །མཐར་ཐུག་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །ཅེས་སེང་ལྡེང་ནགས་སྒྲོལ་ལ་ཅུང་ཟད་བསྟོད་པ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་དད་པས་སྦྱར་བའོ། །༈ རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཟློས་གར་ཉིད། །རབ་མཛེས་ལྷ་མོའི་གཟུགས་སུ་ཉེར་ཤར་བ། །སྲིད་པ་གསུམ་ན་རྣམ་པར་རྒྱལ་མ་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །དྲི་མེད་པད་ཟླའི་སྟེང་ན་ཁྱེད་ཀྱི་སྐུ། །དད་པའི་འོ་མཚོར་ཤེལ་གྱི་མཆོད་སྡོང་བཞིན། །ཡིད་འཕྲོག་རིན་ཆེན་རྒྱན་གྱི་སྤྲས་གྱུར་པ། །གངས་རིའི་སྤོ་ལ་རྒྱུ་སྐར་དོ་ཤལ་བཞིན། །དབུས་དང་གཡས་གཡོན་གྱེས་པའི་ཞལ་གསུམ་ནི། །དུང་དང་གསེར་བཟང་ཨིནྡྲ་ནཱི་ལ་བཞིན། །སྒེག་དང་བཞི་ཁྲོ་མཛེས་པའི་རྣམ་གྱུར་ཉིད། །དད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ་བཞིན། །པད་རྩ་ལྟར་དཀར་ཟུང་བཞིའི་ཕྱག་གཡས་ཀྱིས། །སྣ་ཚོགས་རྡོ་རྗེ་ཚེ་དཔག་མངའ་མཆོག་སྦྱིན། །གཡོན་པ་སྡིགས་མཛུབ་ཞགས་ལྡན་མི་འཇིགས་སྟེར། །གཞུ་དང་ཚེ་ཡི་བུམ་པ་བསྣམས་པས་མཛེས། །ཁྱོད་སྐུ་སྣ་ཚོགས་དར་གྱིས་སྤྲས་པ་ནི། །རི་བོང་ཅན་གྱིས་འཇའ་ཚོན་གྱོན་པ་བཞིན། །ཡིད་འཕྲོག་འོད་ཕུང་ཕྱོགས་བཅུར་རབ་འགྱེད་པ། །ཉིན་མོར་བྱེད་ལས་འཕྲོ་བའི་འོད་ཟེར་བཞིན། །ཞབས་ཟུང་མི་ཕྱེད་སྐྱིལ་ཀྲུང་དང་བཅས་ཏེ། །རྟག་ཏུ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །རབ་འབྱམས་ཞིང་དུ་བགྲངས་ཡས་སྤྲུལ་པའི་ཚོགས། །ངང་བའི་མཚོ་ནང་ཟླ་བའི་གཟུགས་བརྙན་བཞིན། །རྒྱལ་སྲས་ཕྱག་ན་པདྨོ་རྡོ་རྗེ་འཛིན། །མི་གཡོ་འདོད་རྒྱལ་དབྱིག་སྔོན་སྟོབས་པོ་ཆེ། །འཆི་མེད་བུ་རྣམས་ཉིད་སྐུའི་གཡས་གཡོན་དང་། །ཕྱོགས་བཞི་ལྟར་གནས་ཁྱོད་ཀྱི་འཕྲིན་ལས་སྒྲུབ། །མཁྱེན་པ་ཤེས་བྱ་ཀུན་ལ་ཐོགས་པ་མེད། །བརྩེ་བ་རིས་མེད་འགྲོ་བ་ཡོངས་ལ་ཁྱབ། །ནུས་པ་ཐོགས་མེད་འཇུག་པའི་འཕྲིན་ལས་ཅན། །ལུས་ཅན་ཀུན་གྱི་སྐྱབས་ལ་ཕྱག་འཚལ་ལོ། །དེ་ལྟར་ཁྱོད་ཞབས་གུས་པས་བསྟེན་བྱས་ཏེ། །རྩེ་གཅིག་གསོལ་གདབ་གཟུངས་མཆོག་བགྲང་བ་ལས། །ཕན་ཡོན་རྒྱལ་བས་ཇི་སྐད་བཤད་པ་རྣམས། །བསླུ་མེད་མངོན་དུ་འགྱུར་བའི་འཕྲིན་ལས་མཛོད། ཁྱད་པར་བློ་རྣོ་ཚེ་རིང་ནད་གདོན་བྲལ། །སྐྱེ་དྲན་མཆོད་འོས་ལས་སྒྲིབ་འདགས་པ་དང་། །ཤི་འཕོས་བདེ་བ་ཅན་དུ་སྐྱེ་བ་སོགས། །ཐུབ་པའི་གསུང་བཞིན་བདག་ལ་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་དད་པས་སྦྱར་བའོ།། །།༈ འཇིག་རྟེན་དབང་ཕྱུག་ཚེམས་ཀྱི་པད་ཚལ་ལས། ལེགས་འཁྲུངས་དབྱངས་ཅན་ངང་མོ་ཐམས་ཅད་དཀར། །ལྷ་ཡི་ལམ་ནས་རྒྱུ་སྐར་རྒྱལ་པ བཞིན། །ཚུར་སྤྱོན་བདག་གི་ཡིད་མཚོར་རོལ་བར་མཛོད། །སྐྱོན་བྲལ་ཆུ་སྐྱེས་བསིལ་ཟེར་རྒྱས་པའི་སྟེང་། །མི་ཕྱེད་ཞབས་ཟུང་ཙོག་བུའི་འགྱིངས་ཚུལ་ཅན། །ཕྱག་གཉིས་རྒྱུད་མངས་སྤྲེང་བའི་སྙན་འགྱུར་གྱིས། །ཀུན་གྱི་ཡིད་འཕྲོག་མཛད་ལ་ཕྱག་འཚལ་ལོ། །རབ་དཀར་སྐུ་ནི་སྟོན་དུས་ཟླ་བ་བཞིན། །རབ་སྙན་གསུང་ནི་དྲི་ཟའི་རྒྱུད་སྟོང་བཞིན། །རབ་གསལ་ཐུགས་ནི་ཉིན་བྱེད་འབུམ་ཕྲག་བཞིན། །རབ་འབྱམས་ཤེས་བྱ་ཀུན་མཁྱེན་རྒྱལ་བ་བཞིན། །ཟླ་བའི་ཞལ་ལ་ཨུཏྤལ་རྒྱས་པའི་སྤྱན། །སྤྲིན་དཀར་ཚེམས་ལ་གློག་དམར་འཁྱུག་པའི་ལྗགས། །མཐོན་མཐིང་རལ་པའི་ཐོར་ཅོག་བཅིངས་པའི་རྩེར། །རྒྱུ་སྐར་བདག་པོ་རྩེ་དགས་རོལ་ཞིང་རྒྱུ། །འཇིག་རྟེན་གསུམ་གྱི་མཛེས་སྡུག་མ་ལུས་པ། །གཅིག་བསྡུས་འཇོ་སྒེག་མཛེས་པའི་རྣམ་གྱུར་གྱིས། །འཆི་མེད་དབང་མོ་ཚོགས་ཀྱི་ཁེངས་འཕྲོག་ཅིང་། །ཆགས་བྲལ་དྲང་སྲོང་ཡིད་དབང་ཉིད་ཀྱང་འགུགས། །བིམ་པ་ལྟར་དམར་ཞལ་གྱི་སྒོ་ཉིད་དང་། །པི་ཝང་བསྒྱུར་བའི་དབྱངས་ཀྱིས་ཁམས་གསུམ་ན། །ཇི་སྙེད་མཆིས་པའི་སྒྲ་དང་སྙན་ངག་རིགས། །ཅིག་ཅར་སྒྲོགས་མཁས་ཁྱོད་མིན་གཞན་ན་སུ། །ཁྱོད་ནི་རྒྱལ་ཀུན་ཡུམ་དུ་གྱུར་ལགས་ཀྱང་། །བཅུ་དྲུག་ལང་ཚོའི་དཔལ་འཛིན་གཞོན་ནུའི་བཞིན། །སྒྲ་ཚད་སྡེབ་སྦྱོར་སྙན་ཚིག་སྨྲ་བ་ལ། །སྲིད་གསུམ་འདི་ན་གཞན་གྱི་འགྲན་ཟླས་དབེ ན། །རབ་མཛེས་ལྟ་བས་མི་ངོམས་དབྱངས་ཅན་མ། །མ་ལྟར་བརྩེ་ལྡན་ཁྱོད་ལ་གུས་བསྟོད་ཚེ། །ཚེ་འདིར་སྙན་ངག་སྨྲ་ལ་བདག་གི་ངག །ངག་དབང་ལྷ་མོ་ཁྱོད་དང་མཚུངས་གྱུར་ཅིག །ཅེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་དད་པས་སྦྱར་བའོ།། །།མདྒལཾ།། །།རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་བསྡུས་ནས། རབ་བརྗིད་ལྷ་མོའི་གཟུགས་སུ་རྣམ་རོལ་བ། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་ཕྱག་འཚལ་བསྟོད། །མཛེས་ལྡན་ཆུ་སྐྱེས་རྒྱས་པའི་ལྟེ་བ་ལ། །ཆ་ཤས་ཡོངས་རྫོགས་རྒྱུ་སྐར་བདག་པོའི་སྟེང་། །དྲི་མེད་ཤེལ་གྱི་མཆོད་སྡོང་ལྟ་བུའི་སྐུ། །བརྐྱངས་བསྐུམས་ཚུལ་གྱིས་བཞུགས་ལ་ཕྱག་འཚལ་བསྟོད། །སྤྲུལ་བའི་དབུ་སྟོང་ཕྱག་ཞབས་སྟོང་ཕྲག་ལྡན། །བྱེ་བ་རྒྱ་ཕྲག་སྟོང་གི་སྤྱན་མངའ་ཞིང་། །ས་གསུམ་དཀྱིལ་འཁོར་ཀུན་ལ་དབང་མཛད་མ། །མི་ཕྱེད་འབར་བའི་མཚན་རྟགས་ཅན་ལ་འདུད། །ཞལ་སྟོང་སྒེག་ཅིང་དཔའ་བའི་ཉམས་ལྡན་པའི། །རྩ་ཞལ་ཉིས་བརྒྱ་དུང་ལྟར་རབ་ཏུ་དཀར། །འཇིགས་རུང་རྒོད་པའི་ཉམས་ལྡན་གཡས་ཀྱི་ཞལ། །ཉིས་བརྒྱ་གསེར་གྱི་མདོག་ལྟར་སེར་ལ་འདུད། །གཤེ་དང་ཤིན་ཏུ་རྔམས་པའི་ཉམས་ལྡན་གྱི། །རྒྱབ་ཞལ་ཉིས་བརྒྱ་བྱི་རུའི་མདོག་ལྟར་དམར། །སྙིང་རྗེ་ཞི་བའི་ཉམས་ལྡན་གཡོན་གྱི་ཞལ། །ཉིས་བརྒྱ་མཐིང་གི་མདོར་ལྟར་སྔོ་ལ་འདུད། །ངོ་མཚར་བ་དང་དྲག་པོའི་ཉམས་ལྡན་གྱི། །སྟེང་ཞལ་ཉིས་བརྒྱ་མར་གད་མདོག་ལྟར་ལྗང་། །སྟོང་ཕྲག་ཞལ་རེར་སྤྱན་གསུམ་དང་ལྡན་ཅིང་། །སྤྱི་གཙུག་ཁྲོ་བའི་རྡོ་རྗེས་མཚན་ལ་འདུད། །རྒྱལ་བ་གདུང་བདུན་བདེ་གཤེགས་བཅུ་ལ་སོགས། །སངས་རྒྱས་ཕྱེ་བ་ཕྲག་བདུན་ཅོད་པན་འཛིན། །གཡས་གཡོན་དང་པོས་འཁོར་ལོ་སྐྱབས་སྦྱིན་དང་། །མདའ་གདུགས་ཡུ་བ་ཐུགས་ཀར་འཛིན་ལ་འདུད། །གཡས་གཡོན་ལྷག་མ་དགུ་བཅུ་རྩ་བརྒྱད་ན། །འཁོར་ལོ་མདའ་འཛིན་གཡས་ཀྱི་ལྷག་མ་ནི། །བཞི་བརྒྱས་རིམ་བཞིན་རྡོ་རྗེ་རི་པོ་ཆེ། །པདྨ་སྣ་ཚོགས་རྡོ་རྗེ་འཛིན་ལ་འདུད། །གཡོན་གྱི་ལྷག་མ་བཞི་བརྒྱས་རིམ་པ་བཞིན། །གཞུ་དང་རལ་གྲི་ཞགས་པ་ལྕགས་ཀྱུ་རྣམས། །བརྒྱ་ཕྲག་རེ་རེ་འཛིན་ཅིང་དབུ་རྒྱན་སོགས། །རིན་ཆེན་དར་གྱི་ནམ་བཟས་མཛེས་ལ་འདུད། །ཞབས་གཡས་ལྔ་བརྒྱ་བརྐྱངས་པས་རྒྱལ་སོགས་ཀྱི། །འཇིགས་པ་ཆེན་པོ་ཐམས་ཅད་གནོན་མཛད་ཅིང་། །གཡོན་པ་ལྔ་བརྒྱ་བསྐུམས་པས་མདངས་འཕྲོག་སོགས། །གདོན་རིགས་ཐམས་ཅད་འཇོམས་པར་མཛད་ལ་འདུད། །སྐུ་ཡི་ཆ་ན་ཟུར་གྱིས་ལྟ་བ་དང་། །ཆེར་བགྲང་བ་དང་གློག་ལྟར་འགྱུ་བ་དང་། །དྲག་ཏུ་གཟིར་སོགས་བྱེ་བ་བརྒྱ་སྟོང་གི །གྲངས་ལྡན་སྤྱན་གྱིས་སྤྲས་པ་ཁྱོད་ལ་འདུད། །སྒེག་ཅིང་དཔའ་བ་འཇིགས་སུ་རུང་བ་སོགས། །གར་དགུའི་ཉམས་ལྡན་བ་སྤུའི་བུ་ག་ནས། །རྡོ་རྗེའི་མེ་འོད་བསྐལ་བའི་མེ་ལྟ་བུར། །རབ་འབར་འཕྲོ་བའི་དབུས་ན་བཞུགས་ལ་འདུད། །གང་གི་ཞི་རྒྱས་དབང་དྲག་འཕྲིན་ལས་བཞི། །ཐོགས་མེད་སྒྲུབ་མཛད་མཐུ་རྩལ་སྟོབས་ལྡན་པའི། །གཞན་གྱི་མི་ཐུབ་དྲག་ཤུལ་ཆེ་ལ་སོགས། །ཉེར་གཉིས་ཕྱག་རྒྱའི་ཚོགས་དང་བཅས་ལ་འདུད། །ཚངས་དང་བརྒྱ་བྱིན་ལ་སོགས་སྲིད་གསུམ་གྱི། །དྲེགས་པའི་གཙོ་བོ་སྡེ་བརྒྱད་ཐམས་ཅད་དང་། །ལེགས་ལྡན་དྲག་པོ་ལ་སོགས་མཆེད་གསུམ་གྱིས། །ཞབས་བསྟེན་འཕྲིན་ལས་སྒྲུབ་པར་མཛད་ལ་འདུད། །དེ་སླད་བཅོམ་ལྡན་འདས་མ་ཁྱོད་ཉིད་ལ། །མཆོད་ཅིང་བསྟོད་པས་རྒྱལ་པོའི་འཇིགས་པ་སོགས། །འཇིགས་ཆེན་ཀུན་དང་མངལ་དང་ཤ་ཁྲག་སོགས། །ཟ་བའི་གདོན་འགེགས་རིགས་རྣམས་ཞི་བར་མཛོད། །གང་གིས་ངན་སྔགས་སྒོ་ནས་བདག་ཅག་གི །བདེ་ལེགས་འཕྲོག་པའི་རིག་སྔགས་སྦྱོར་བ་ཀུན། །རལ་གྲིས་གཅོད་དང་འབར་བའི་ཕུར་བུ་ཡིས། །གདབ་ཅིང་སྲུང་དང་སྐྱོབ་པའི་འཕྲིན་ལས་མཛོད། །ཉིན་གཅིག་ལ་སོགས་རིམས་ནད་སྣ་ཚོགས་དང་། །གདོན་གྱིས་བསྐྱེད་དང་འབྱུང་བ་འཁྲུགས་སོགས་ཀྱི། །ཕྱི་ནང་ནད་གདོན་བར་ཆད་ཐམས་ཅད་ཀྱང་། །ཁྱོད་ཞབས་དྲན་པ་ཙམ་གྱིས་ཞི་བར་མཛོད། །མདོར་ན་བཅོམ་ལྡན་འདས་མ་འཁོར་བཅས་ལ། །བདག་ཅག་གུས་པས་སྐྱབས་སོང་གསོལ་བཏབ་པས། །འགལ་རྐྱེན་མི་མཐུན་ཕྱོགས་ཀུན་ཞི་བ་དང་། །མཐུན་རྐྱེན་འདོད་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་འདི་ཡང་། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་དད་པས་སྦྱར་རོ།། །།མདྒལཾ།། ༈ མ་ལུས་རྒྱལ་བའི་མཐུ་སྟོབས་ནུས་པའི་ཚོགས། །དཔལ་ལྡན་ཁྲོ་བོའི་དབང་པོའི་བསྐུར་བསྟན་པ། །གསང་སྔགས་རིག་སྔགས་འཆང་རྣམས་ཀུན་གྱི་རྗེ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །སྣ་ཚོགས་པདྨ་ཉི་མའི་དཀྱིལ་འཁོར་སྟེང་། །རྒྱལ་ཀུན་ཐུགས་ཀྱི་རང་བཞིན་ཧཱུཾ་ཡིག་ལས། །ལེགས་འཁྲུངས་དབང་སྔོན་བརྩེགས་པའི་ལྷུན་པོ་བཞིན། །རབ་བརྗིད་བགྱིངས་པའི་སྟབས་ཀྱིས་བཞུགས་ལ་བསྟོད། །གཏུམ་དྲག་སྤོམ་ཞིང་ཐུང་ལ་གྲིམ་པའི་སྐུ། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་འབར། །ནམ་མཁའི་དབྱིངས་སུ་འཕྱར་ནས་གཡོན་པ་ཡིས། །གསེར་གྱི་དྲིལ་བུ་དཀུར་བསྟེན་འཛིན་ལ་བསྟོད། །ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བགྲད་ནས་ལྟ། །དབུ་སྐྲ་གྱེན་བརྗེས་ཁྲོ་གཉེར་དཔྲལ་བར་བསྡུས། །རིན་ཆེན་སྤྲུལ་དང་སྟག་ཤམ་སྨད་དཀྲིས་ཤིང་། །བརྐྱངས་བསྐུམས་མེ་དཔུང་དབུས་ན་བཞུགས་ལ་བསྟོད། །རབ་འབྱམས་རྒྱལ་བ་ཀུན་གྱི་གསང་བའི་མཛོད། །མཐའ་དག་མངོན་གྱུར་ཇི་བཞིན་འཛིན་མཛད་ཅིང་། །གསང་སྔགས་བསྟན་པའི་བདག་པོར་དབང་བསྐུར་བས། །རྡོ་རྗེ་འཛིན་པའི་གཙོ་བོར་གྱུར་ལ་བསྟོད། །གང་ཚེ་བདེ་གཤེགས་ཀུན་གྱི་མགོན་པོ་ཁྱོད། །གསང་སྔགས་རིག་སྔགས་མཐུ་སྟོབས་བདག་པོ་རུ། །དབང་བསྐུར་དུས་ལ་བབས་ཚེ་རྒྱལ་ཀུན་གྱིས། །ཅིག་ཅར་བྱིན་གྱིས་བརླབས་པར་གྱུར་ལ་བསྟོད། །དེ་ཚེ་རྒྱལ་བ་ཀུན་གྱིས་སོ་སོ་ནས། །ཡེ་ཤེས་འོད་དང་བདུད་རྩིས་དབང་བསྐུར་ཞིང་། །མཁྱེན་བརྩེ་ནུས་པའི་ངོ་བོ་རྡོ་རྗེ་མཆོག །ཁྱོད་ཀྱི་ཕྱག་ཏུ་གཏད་པར་གྱུར་ལ་བསྟོད། །དེ་ནས་ཁྱོད་ཀྱི་མཁྱེན་བརྩེ་ནུས་པ་རྣམས། །སྔར་ལས་འབུམ་འགྱུར་འཕེལ་ཏེ་ཁྱེད་ཀྱི་ཐུགས། །གསང་བའི་མཛོད་གྱུར་ཐུ་སྟོབས་ནུས་པའི་དཔུང་། །ཀུན་གྱིས་འགྲན་ཟླ་མེད་པར་གྱུར་ལ་བསྟོད། །དེ་ཕྱིར་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས། །བསྐལ་བཟང་སངས་རྒྱས་སྟོང་གི་བསྟན་པ་ཀུན། །ཉིད་ལ་གཏད་ནས་སྲུང་བར་ཞལ་བཞེས་པས། །བསྟན་སྲུང་ཀུན་གྱི་གཙོ་བོར་གྱུར་ལ་བསྟོད། །སྲིད་པ་གསུམ་ན་མཐུ་ཆེན་དྲེགས་ལྡན་པའི། །ལྷ་ཀླུ་ལྷ་མིན་གཟའ་བདུད་རྒྱུ་སྐར་དང་། །གཤིན་རྗེ་སྲིན་པོ་གནོད་སྦྱིན་འབྱུང་པོ་སོགས། །ཀུན་གྱིས་ཁྱོད་ཞབས་བསྟེན་པར་གྱུར་ལ་བསྟོད། །དེ་སླད་འཇིག་རྟེན་དྲེགས་པ་སྡེ་བརྒྱད་ལ། །ཁྱེད་ཀྱི་འཁོར་དུ་མ་གྱུར་ཡོང་མིན་ཅིང་། །དུས་བབས་འདུལ་བར་མི་ནུས་སྲིད་མིན་པས། །སྣང་སྲིད་ཀུན་གྱི་གཙོ་བོར་གྱུར་ལ་བསྟོད། །མཐུ་ཆེན་ཁྱོད་ལ་བསྟོད་ཅིང་གསོལ་བཏབ་མཐུས། །བདག་གི་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པ་དང་། །རྒྱལ་བའི་གོ་འཕང་གེགས་མེད་ཐོབ་གྱུར་ཅིག །ཅེས་པ་འདི་ཡང་ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་དད་པས་ཅོ་ནེའི་དགོན་ཉིད་དུ་སྦྱར་རོ། །མངྒ་ལཾ། །༈ དུས་གསུམ་རྒྱལ་བའི་ཐུགས་རྗེ་འཕྲིན་ལས་རྣམས། །གཅིག་བསྡུས་ཁྲོ་རྒྱལ་ཀུན་གྱི་རྗེར་གྱུར་པ། །གསང་བསྔགས་རིགས་བསྔགས་མཐུ་སྟོབས་ནུས་པའི་བདག །དཔལ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །རྒྱལ་བས་ཁྱོད་སྐུ་རྡོ་རྗེའི་རང་བཞིན་དུ། །བྱིན་གྱིས་བརླབས་ཚེ་རྡོ་རྗེ་རྣམ་འཇོམས་ཀྱི། །རིག་སྔགས་ཆེན་མོ་ཉིད་ཀྱིས་གསུངས་པ་ཡིས། །མཐའ་དག་འགྲོ་ལ་ཕན་པར་མཛད་ལ་བསྟོད། །གསང་བདག་སྐུ་ཡི་རྣམ་འགྱུར་ཆེས་མང་ཡང་། །གཙོ་བོ་རྣམ་བརྒྱད་ཐུགས་ཀྱི་སྤྲུལ་བ་མཆོག །བཅོམ་ལྡན་རྡོ་རྗེ་རྣམ་པ་འཇོམས་པ་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་ཕྱག་འཚལ་བསྟོད། །སྣ་ཚོགས་པད་མ་ཉི་མའི་དཀྱིལ་འཁོར་སྟེང་། །མར་གད་རི་དབང་ཉིན་བྱེད་འབུམ་འཁྱུད་ལྟའི། །རབ་མཛེས་སྐུ་ནི་ཁྲོ་འཛུམ་ཉམས་ཀྱིས་བརྗིད། །སྐྱིལ་ཀྲུང་འགྱིང་བའི་ཚུལ་གྱིས་བཞུགས་ལ་བསྟོད། །ཕྱག་གཡས་ཡེ་ཤེས་ལྔའི་རང་བཞིན་གྱི། །སྣ་ཚོགས་རྡོ་རྗེ་ཐུགས་དཀར་གསོར་བའི་ཚུལ། །གཡོན་པས་རིག་སྔགས་སྟོང་ཉིད་སྒྲ་སྒྲོགས་པའི། །ལས་ཀྱི་དྲིལ་བུ་དཀུར་བསྟེན་འཛིན་ལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། མ་རུངས་འདུལ་ཕྱིར་གྲངས་མེད་སྤྲུལ་པའི་ཚོགས། །ཕྱོགས་བཅུར་སྤྲོས་ནས་མ་ལུས་གདོན་བགེགས་རིགས། །ཚར་གཅོད་འཕྲིན་ལས་རྣམ་བཞི་སྒྲུབ་ལ་བསྟོད། །མི་ཆོད་མི་ཤིག་བདེན་པ་སྲ་སོགས་དང་། །སྡིག་བྱང་སྡུག་བསྔལ་ཐམས་ཅད་མེད་པ་སོགས། །ཁྱོད་གཟུངས་ཕན་ཡོན་རྒྱལ་བའི་གསུངས་དེ་དག ། བདག་གིས་འགྲུབ་པའི་འཕྲིན་ལས་མཛད་དུ་གསོལ། །དེ་ལྟར་བསྟོད་ཅིང་གསོལ་བས་མགོན་ཁྱོད་ཀྱིས། །བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི། །ནད་གདོན་བར་ཆད་ཉེར་འཚེ་ཞི་བ་དང་། །མཐུན་རྐྱེན་འདོད་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་བྲིས་སོ། །༈ བདེ་ལྡན་ཞིང་གཙོ་སྣང་བ་མཐའ་ཡས་དང་། །འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་དབང་ཉིད། །མ་རུངས་འདུལ་ཕྱིར་ཁྲོ་བོའི་དབང་བོའི་སྐུར། །མངོན་བསྟན་ཁྲོ་རྒྱལ་རྟ་མགྲིན་ཞབས་ལ་འདུད། །རི་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་སྟེང་། །ཧྲཱིཿཡིག་དམར་པོ་འཕྲོ་འདུ་ལས་འཁྲུངས་པའི། །རབ་དམར་པད་རཱག་ལྷུན་པོ་ལྟ་བུའི་སྐུ། །བརྐྱངས་བཀུམས་སྟབས་ཀྱི་བཞུགས་པ་ཁྱོད་ལ་འདུད། །དམར་ལྗང་རབ་ཏུ་དཀར་བའི་ཞལ་གསུམ་ནི། །བྱི་རུ་མར་གང་ཟླ་བའི་དཀྱིལ་འཁོར་བཞིན། །རྟ་མགོ་ལྗང་ནག་རྟ་སྐད་འཚེར་བའི་སྒྲ། །སྟོང་ཕྲག་རྔ་གསང་དུས་གཅིག་སྒྲོགས་པ་བཞིན། །རྔམས་པའི་ཞལ་གདངས་མཆེ་བ་རབ་གཙིགས་པ། །སྲིད་གསུམ་གདོན་བགེགས་ཅིག་ཅར་ཟ་བ་བཞིན། །ཕྱག་དྲུག་མི་བཟད་མཚོན་ཆ་གདེངས་པ་ནི། ཁམས་གསུམ་འབྱུང་པོ་ཐལ་བར་རློག་པ་བཞིན། །དབུ་སྐྲ་གྱེན་བརྗེས་ཞལ་རེར་སྤྱན་གསུམ་ལྡན། །ཐོད་བསྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱང་། །ཡན་ལག་སྤྲུལ་བཅིངས་སྟག་པགས་ཤམ་ཐབས་ཅན། །གར་དགུ་ཉམས་དང་ལྡན་པ་ཁྱོད་ལ་བསྟོད། །སྐུ་ཡི་ཆ་དང་བ་སྤུའི་བུ་ག་ནས། །དུས་མཐའི་འོད་དཔུང་འཕྲོ་དང་ལྷན་ཅིག་ཏུ། །སྣ་ཚོགས་མཚོན་ཆ་འཛིན་པའི་ཁྲོ་ཆུང་ཚོགས། །གྲངས་མེད་སྤྲོ་བར་མཛད་ལ་ཕྱག་འཚལ་བསྟོད། །ཁྲོ་རྒྱལ་ཁྱོད་ལ་བསྟོད་པས་བདག་ཅག་ལ། །གནོད་པའི་གཟའ་དང་རྒྱལ་པོ་ཀླུ་བཙན་སོགས། །གདོན་བགེགས་རིགས་རྣམས་མ་ལུས་ཞི་བ་དང་། །ཚེ་རིང་ནད་མེད་བདེ་བའི་འཕྲིན་ལས་མཛོད། །ཅེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་རོ། །༈ རྣམ་པར་སྣང་མཛད་ཡེ་ཤེས་སྒྱུ་མའི་གར། མ་ལུས་བགེགས་དཔུང་འཇོམས་ཕྱིར་ཁྲོས་པའི་སྐུ། །བདུད་བཞིའི་འཇིགས་པས་གཡོ་བ་མི་མངའ་བའི། །རྗེ་བཙུན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །སྐྱོན་བྲལ་ཆུ་སྐྱེས་འདབ་མ་རྒྱས་པའི་དབུས། །རཾ་ཡིག་ལས་སྐྱེས་ཉི་མའི་དཀྱིལ་འཁོར་སྟེང་། །བགེགས་ཀྱི་རྒྱལ་པོའི་གདན་ལ་རབ་བརྗིད་པའི། །བརྐྱངས་བསྐུམས་སྟབས་ཀྱི་བཞུགས་ལ༴། །ཨིནྡྲ་ནཱི་ལའི་མདངས་ལྟར་རབ་སྔོ་ཞིང་། །གཡས་པའི་ཕྱག་གིས་འབར་བའི་རལ་གྲི་དང་། །གཡོན་པས་སྡིགས་མཛུབ་མཛད་ནས་བདུད་ཀྱི་དཔུང་། །ཀུན་ནས་འཇོམས་པ་ཁྱོད་ལ༴། །རབ་འབར་དབུ་སྐྲ་ཁམས་སེར་གྱེན་དུ་བརྗེས། །དམར་ཟླུམ་སྤྱན་གསུམ་སྡང་མིག་ཚུལ་གྱིས་བགྲད། །ཞལ་གདངས་ཁྲོ་ཉེར་དཔྲལ་བའི་དབྱིངས་སུ་བསྡུས། །རིན་ཆེན་དར་གྱིས་བརྒྱན་ལ༴། །བ་སྤུའི་རྩེ་ནས་ཡེ་ཤེས་མེ་ཆེན་དང་། །གྲངས་མེད་སྤྲུལ་པ་ཕྱོགས་བཅུར་རབ་ཏུ་འཕྲོ། །མཐུ་ཆེན་སྟོབས་ཀྱིས་བགེགས་ཚོགས་མ་ལུས་པ། །རྣམ་པར་འཇིག་པར་མཛད་ལ༴། །ཐུགས་མཆོག་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུངས་འདུལ་ཕྱིར་དྲག་ཏུ་ཁྲོས་པའི་སྐུ། །འཇིག་པའི་ཉམས་ལྡན་དཔའ་བའི་རྟགས་འཆང་བ། །ཁྲོ་རྒྱལ་དབང་བོའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལྟར་རྩེ་གཅིག་ཁྱོད་ལ་གསོལ་བཏབ་པས། །འགལ་རྐྱེན་ནད་གདོན་ཉེར་འཚེ་ཀུན་ཞི་ཞིང་། །མཐུན་རྐྱེན་ཚེ་དཔལ་བསོད་ནམས་ཤེས་རབ་སོགས། །འབད་མེད་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །དེ་ལྟ་བུའི་གསོལ་འདེབས་དང་བསྟོད་པ་འདི་རྣམས་སྔ་ཕྱིར་བརྩམས་པ་ཡིན་ཡང་། ཕྱོགས་གཅིག་ཏུ་བསྒྲིགས་ནས་བར་དུ་བརྐོ་བའི་ཚེ་བར་གྱི་ཡི་གེ་པ་ནི་སྐར་རྩིས་དང་སྙན་ངག་སོགས་ཀྱི་རིག་གནས་ལ་བློ་གྲོས་རྒྱས་པའི་ཁྱའོ་ལུང་དཀའ་བཅུ་པ་བློ་བཟང་དབང་ཕྱུག་གོ །།།མདྒལཾ།། །།

དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་དཀྱིལ་འཁོར་སྒྲུབ་ཚུལ་དོགས་གཅོད་དང་བཅས་པའི་འཁྲུལ་སེལ།

དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་དཀྱིལ་འཁོར་སྒྲུབ་ཚུལ་དོགས་གཅོད་དང་བཅས་པའི་འཁྲུལ་སེལ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥ་ཡ། རྒྱལ་བའི་ཡབ་གཅིག་བརྟན་པའི་འཁོར་ལོ་ཉིད། །འཇིགས་མཛད་ཁྲོ་རྒྱལ་དབང་པོའི་བསྐུར་བསྟན་པ། །གང་དེར་གུས་པས་བཏུད་ནས་དེ་ཉིད་ཀྱི། །མདུན་བསྐྱེད་ངག་དོན་བྱ་ཚུལ་ཟུར་བཀོལ་བྲི། །དེ་ཡང་འཇིགས་བྱེད་བཅུ་གསུམ་མ་འདི་ལ་ངག་འདོན་མཛད་མཁན་མང་དུ་མཆིས་ཤིང་། འདིའི་དཀྱིལ་འཁོར་སྒྲུབ་པ་ལ་མཆོད་རིང་ལྟ་བུའི་དུས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་པའི་ཕྱག་ལེན་དར་ཡང་། གཞན་སྟོང་རྩ་ལྟ་བུའི་དུས་སུ་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་སྒྲུབ་པའི་ཕྱག་ལེན་མ་དར་འདུག་པས། འདིར་དེ་ལྟ་བུ་ལ་བསམས་ནས་འཆད་པ་ལ་གསུམ། དཀྱིལ་འཁོར་སྒྲུབ་དགོས་པའི་རྒྱུ་མཚན། ཇི་ལྟར་སྒྲུབ་ཚུལ། འཕྲོས་བཤད་པའོ། །དང་པོ་ནི། བདག་འཇུག་ལེན་པ་དང་། གཞན་ལ་དབང་བསྐུར་བ་དང་། སྟོང་རྩ་ལྟ་བུ་ཚོགས་གསོག་སྒྲིབ་སྦྱོང་གི་ཚེ་བདག་བསྐྱེད་རྐྱང་པ་ཙམ་གྱིས་མི་མཆོག་གི །མདུན་བསྐྱེད་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་གང་རུང་ཞིག་དམིགས་རྟེན་བྱས་ནས་སྒྲུབ་དགོས་ཏེ། བདག་བསྐྱེད་རྐྱང་བ་བསྒོམས་པས་ནི་དཀྱིལ་འཁོར་སྒྲུབ་པའི་གོ་མི་ཆོད་པའི་ཕྱིར་ཏེ། རྒྱུད་དང་མཁས་གྲུབ་ཀྱིས་བདག་བསྐྱེད་ལས་ལོགས་སུ་མདུན་བསྐྱེད་སྒྲུབ་ཚུལ་གསུངས་པ་ལ་དགོས་པ་ཡོད་པའི་ཕྱིར་རོ། །གཉིས་པ་ཇི་ལྟར་སྒྲུབ་ཚུལ་ལ་གཉིས། ཐུན་མོང་དུ་སྤྱིར་བསྟན་པ་དང་། འཇིགས་བྱེད་ལ་བདག་མདུན་ཐ་མི་དད་དུ་བྱ་ཚུལ་ལོ། །དང་པོ་ནི། སྤྱིར་དཀྱིལ་འཁོར་སྒྲུབ་ཚུལ་ལ་བདག་མདུན་ཐ་དད་དུ་བྱེད་པ་དང་། ཐ་མི་དད་དུ་བྱེད་པའི་ཚུལ་གཉིས་ལས། རྒྱུད་སྡེའི་འོག་མ་གསུམ་གྱི་སྐབས་སུ་བདག་མདུན་ཐ་དད་དུ་བྱས་ནས་བསྒྲུབ་དགོས་ཏེ། དེ་གསུམ་གྱི་སྐབས་བདག་མདུན་ཐ་མི་དད་དུ་བྱས་ནས་སྒྲུབ་ཚུལ་ཚད་ལྡན་གྱི་གཞུང་ལས་མི་འབྱུང་བའི་ཕྱིར། བླ་མེད་ཀྱི་སྐབས་སུ་བདག་མདུན་ཐ་དད་དང་ཐ་མི་དད་དུ་བྱས་ནས་སྒྲུབ་པའི་ཚུལ་གཉིས་ཡོད་ཅིང་། དེ་ལ་ཡང་བོད་དང་འཕགས་ཡུལ་གྱི་མཁས་པའི་བཞེད་ཚུལ་ཡོད་དེ། སྔོན་བྱོན་བོད་ཀྱི་མཁས་པ་ཁ་ཅིག་དཀྱིལ་འཁོར་སྒྲུབ་པའི་དུས་སུ་དང་པོ་བདག་བསྐྱེད་བསྒོམས་ཏེ། དེ་ནས་མདུན་བསྐྱེད་བསྒྲུབས་ཟིན་པ་ན་བདག་བསྐྱེད་ཀྱི་རྟེན་བརྟེན་པ་རྣམས་དང་གཅིག་ཏུ་བསྲེས་པ་བདག་མདུན་ཐ་མི་དད་དུ་བྱེད་པར་འདོད་ཅེས་མཁས་གྲུབ་རྗེས་བཤད་པའི་ཕྱིར། འཕགས་ཡུལ་གྱི་མཁས་པའི་ལུགས་ལ་བདག་མདུན་ཐ་མི་དད་དུ་བྱེད་ཚུལ་ལ་གཉིས་ཡོད་དེ། དང་པོ་ནི། བདག་བསྐྱེད་ཟུར་དུ་མི་བསྒོམ་པར་མདུན་བསྐྱེད་སྒྲུབ་པའི་གཞི་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་རང་ཉིད་ཕྱིན་པར་མོས་ནས། ཆོས་འབྱུང་འབྱུང་བཞི་དང་བཅས་པའི་གཞལ་ཡས་ཁང་དང་། ལྷ་བསྐྱེད་པ་ན་ཆོ་ག་གསུམ་པ་བསྐྱེད་ཙམ་ཞིག་གི་སྒོ་ནས་མཛད་དེ། ཚུལ་འདི་ནི་གཤིན་རྗེ་གཤེད་དམར་ནག་ལྟ་བུ་ལ་རུང་གི འདུས་པ་དང་འཇིགས་བྱེད་ལྟ་བུ་ལ་མི་རུང་སྟེ་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པའི་ལམ་སྒོམ་པ་མེད་པའི་ཕྱིར་ཞེས་མཁས་གྲུབ་རྗེ་བཞེད། བདེ་གསང་འཇིགས་གསུམ་ལ་ཡང་བདག་མདུན་ཐ་དད་དང་ཐ་མི་དད་དུ་བྱེད་པའི་ཚུལ་གཉིས་ཡོད་ཀྱང་། ཀླུ་བྱང་རྗེས་འབྲང་དང་བཅས་པས་འདུས་པ་ལ་བདག་མདུན་ཐ་མི་དད་བྱེད་ནས་སྒྲུབ། གྲུབ་ཆེན་དཱ་རི་ཀ་པ་རྗེས་འབྲང་དང་བཅས་པས་བདེ་མཆོག་ལ་བདག་མདུན་ཐ་དད་དུ་མཛད། གྲུབ་ཆེན་དཔལ་འཛིན་རྗེས་འབྲང་དང་བཅས་པས་གཤིན་རྗེ་གཤེད་ལ་བདག་མདུན་ཐ་མི་དད་བྱས་ནས་སྒྲུབ། སྔོན་དཀྱིལ་ཆོག་རྡོ་རྗེ་འཕྲེང་བའི་ལུགས་འཛིན་པ་ཕལ་ཆེར་ཡང་བདག་མདུན་ཐ་མི་དད་མཛད་ཅིང་། རྒྱ་གར་བའི་ལུགས་གཞན་ལ་ཡང་དེ་ལྟར་མཛད་པ་མང་བར་སྣང་ལ། གསང་སྔགས་རྙིང་མའི་ལུགས་ལ་ནི་བདག་མདུན་གཉིས་གཅིག་ཏུ་བྱས་ནས་སྒྲུབ་པའི་ཚུལ་མང་ངོ་། །རང་ལུགས་ཀྱི་བདག་མདུན་ཐ་དད་དང་ཐ་མི་དད་ཀྱི་དོན་གང་ཞེ་ན། མཁས་གྲུབ་ཀྱི་རྒྱུད་སྡེ་སྤྱི་རྣ མ་ལས། ཐ་དད་ཀྱི་ཕྱེད་ལུགས་ནི། སྔོན་དུ་བདག་བསྐྱེད་རྫོགས་པར་བསྒོམས་ནས་མདུན་བསྐྱེད་སྒྲུབ་པ་ལ་འཇུག་པ་ན་རང་ཉིད་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བྲིས་པའི་དབུས་སུ་ཕྱིན་པའི་དམིགས་པ་ཡང་མི་བྱེད། མདུན་བསྐྱེད་ཀྱི་གཙོ་བོའི་ང་རྒྱལ་ཡང་མི་བྱེད་པར་མདུན་བསྐྱེད་སྒྲུབ་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་ལ། ཐ་མི་དད་ཀྱི་དོན་ཡང་དེ་ཉིད་ལས། བདག་མདུན་ཐ་མི་དད་ཀྱི་དོན་ནི། མདུད་བསྐྱེད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དེ་ཉིད་གཞལ་ཡས་ཁང་དངོས་དང་། རང་ཉིད་དེའི་དབུས་ཀྱི་གཙོ་བོར་དངོས་ཀྱི་ང་རྒྱལ་འཇོག་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཏེ། དཀྱིལ་འཁོར་སྒྲུབ་པའི་དུས་སུ་རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་ཞུགས་པར་ཡང་མོས་དགོས་སོ། །འོ་ན་བདག་མདུན་ཐ་དད་མི་དད་དང་འཇུག་པ་ཐ་དད་མི་དད་ཀྱི་དོན་ཇི་ལྟར་ཡིན་ཞེ་ན། དེ་ནི་ཅང་གྱ་ཞབས་ཀྱི་འཁྲུལ་སྤོང་ལས། སྔོན་དུ་བདག་བསྐྱེད་རྫོགས་པར་བསྒོམས་ཏེ་དེ་ནས་མདུན་བསྐྱེད་སྒྲུབ་པ་ན་རང་ཉིད་བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་ཕྱིན་པའི་མོས་པ་དང་། མདུན་བསྐྱེད་ཀྱི་གཙོ་བོའི་ང་རྒྱལ་འཛིན་པ་གང་ཡང་མི་བྱེད་པར་མདུན་བསྐྱེད་སྒྲུབ་པ་ནི་བདག་མདུན་ཐ་དད་དང་འཇུག་པ་ཐ་དད། འདུས་པའི་དཀྱིལ་ཆོག་དབང་དོན་དེ་ཉིད་རབ་གསལ་ནས་བཤད་པ་ལྟར། སྔོན་དུ་བདག་བསྐྱེད་བསྒོམས་ཏེ་ཉེར་བསྡུ་བྱས་ནས་མདུན་བསྐྱེད་སྒྲུབ་པ་ན་རང་ཉིད་བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་མོས་ཤིང་མདུན་བསྐྱེད་ཀྱི་ལྷའི་ང་རྒྱལ་འཛིན་པས་སྒྲུབ་པ་ནི། བདག་མདུན་ཐ་མི་དད་དང་འཇུག་པ་ཐ་དད། བཅུ་གསུམ་མ་གསུམ་གྱི་དཀྱིལ་ཆོག་རིན་ཆེན་འཕྲེང་བ་ནས་བཤད་པ་ལྟར། སྔོན་དུ་བདག་བསྐྱེད་མི་སྒོམ་པར་མདུན་བསྐྱེད་སྒྲུབ་པ་ན་རང་ཉིད་བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་མོས་ཏེ་བདག་མདུན་གྱི་དཀྱིལ་འཁོར་དབྱེར་མེད་དུ་ཆོ་ག་གཅིག་གིས་སྒྲུབ་པ་ནི་བདག་བདུན་ཐ་མི་དད་དང་འཇུག་པ་ཐ་མི་དད་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །མདོར ན་བདག་བསྐྱེད་བསྒོམས་ཟིན་རྗེས་མདུན་བསྐྱེད་སྒྲུབ་པའི་ཚེ་རང་ཉིད་བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་འཇུག་པའི་མོས་པ་ཡང་མི་བྱེད། མདུན་བསྐྱེད་ཀྱི་ལྷའི་ང་རྒྱལ་ཡང་མི་བྱེད་པར་མདུན་བསྐྱེད་སྒྲུབ་པ་ནི་བདག་མདུན་གཉིས་སྔ་ཕྱིར་བསྒྲུབས་པས་འཇུག་པ་ཐ་དད། མདུན་བསྐྱེད་སྒྲུབ་པ་ན་བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་ཕྱིན་པའི་མོས་པ་དང་གཙོ་བོའི་ང་རྒྱལ་མི་བྱེད་པས་བདག་མདུན་ཡང་ཐ་དད་ཡིན་ལ། བདག་བསྐྱེད་སྔོན་དུ་བཏང་ཡང་མདུན་བསྐྱེད་ཀྱི་གཙོ་བོའི་ང་རྒྱལ་འཛིན་པ་ནི་བདག་མདུན་གཉིས་སོ་སོར་བྱས་པས་འཇུག་པ་ཐ་དད་ཀྱང་། མདུན་བསྐྱེད་ཀྱི་གཙོ་བོའི་ང་རྒྱལ་འཛིན་པའི་སྒོ་ནས་བསྒྲུབས་པས་བདག་མདུན་ཐ་མི་དད། བདག་བསྐྱེད་ལོགས་སུ་མི་སྒོམ་པར་དང་པོ་ཉིད་ནས་མདུན་བསྐྱེད་སྒྲུབ་པ་ན་རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་ཞུགས་པར་མོས་ནས་བདག་མདུན་གཉིས་འཇུག་པ་གཅིག་གིས་སྒྲུབ་པ་ནི་བདག་བསྐྱེད་ལོགས་སུ་མེད་པར་བདག་མདུན་ཅིག་ཅར་དུ་བསྒྲུབས་པས་འཇུག་པ་གཅིག་ཅིང་། ཚུལ་དེས་ན་བདག་མདུན་གཉིས་ཀྱང་ཐ་མི་དད་ཡིན་ནོ། །དེའི་ཕྱིར་བདག་མདུན་འཇུག་པ་གཅིག་པའི་ཐ་མི་དད་ཡིན་ན། བདག་མདུན་ཐ་མི་དད་ཡིན་པས་ཀྱང་ཁྱབ་བོ། །རྒྱུད་སྡེ་བཞི་ཀའི་སྐབས་སུ་བདག་མདུན་ཐ་དད་དུ་སྒྲུབ་པའི་ཚེ། མདུན་བསྐྱེད་སྒྲུབ་པ་ན་དཀྱིལ་འཁོར་གྱི་གཙོ་བོ་ལ་སོགས་པའི་ལྷའི་ང་རྒྱལ་མི་འཛིན་ཅིང་། སྤྱིར་མདུན་བསྐྱེད་ཀྱི་གཙོ་བོའི་ང་རྒྱལ་མི་རུང་པ་མིན་ཏེ། གཞན་ལ་དབང་བསྐུར་བ་ལྟ་བུའི་དུས་སུ་རང་ཉིད་གཙོ་བོའི་ང་རྒྱལ་ལ་གནས་དགོས་པ་ཡང་མང་དུ་འབྱུང་བའི་ཕྱིར་རོ། །བདག་མདུན་ཐ་དད་མི་དད་ཀྱི་རྣམ་དབྱེ་ནི་དཀྱིལ་འཁོར་སྒྲུབ་པའི་ཚུལ་ལ་འབྱུང་གི བདག་བསྐྱེད་ཀྱི་མངོན་རྟོགས་རྒྱས་པ་སྒོམ་པ་ལ་བདག་མདུན་ཐ་དད་མི་དད་ཀྱི་རྣམ་དབྱེ་མེད་པར་རྒྱལ་དབང་ལྔ་པ་ཆེན་པོས་བཤད་པའི་རྗེས་སུ་འབྲང་ནས་ཅང་གྱ་ཞབས་ཀྱིས་ཀྱང་བཤད་དེ་ལེགས་པ་ཡིན་ནོ། །འོ་ན། རྗེ་དགེ་འདུན་རྒྱ་མཚོ་དང་། པཎ་ཆེན་གོང་མ་སོགས་ཀྱིས་མཛད་པའི་བསྐྱེད་རིམ་གྱི་ཁྲིད་ཡིག་འགའ་ཞིག་ལས། དབྱེ་བ་མེད་པའི་འཇིགས་བྱེད་བཅུ་གསུམ་མ་འདི་བདག་མདུན་ཐ་མི་དད་ཡིན་ཞེས་བཤད་པ་དེ་ཇི་ལྟར་ཡིན་ཞེ་ན། ཕྱི་མ་དེ་དག་ནི་ཕལ་ཆེར་རྟག་བརྟན་གྱི་པར་མ་དེས་དེ་ལྟ་བུའི་རྐྱེན་བྱས་པར་སྣང་ཞིང་། རྗེ་དགེ་འདུན་རྒྱ་མཚོ་དང་པཎ་ཆེན་གྱི་གསུང་དེ་དཀྱིལ་འཁོར་སྒྲུབ་དུས་ལྟ་བུ་ལ་དགོངས་པའམ་སྔོན་གྱི་བླ་ཆེན་འགའ་ཞིག་གི་འཁྲིད་རྒྱུན་ལྟར་བཀོད་པ་ཡིན་གྱི། རང་ལུགས་དངོས་མིན་ཏེ། པཎ་ཆེན་རིན་པོ་ཆེས་ཚུལ་དེ་ལ་དགག་པ་མཛད་པའི་ཕྱིར་རོ། །གཉིས་པ་འཇིགས་བྱེད་བཅུ་གསུམ་མ་ལ་བདག་མདུན་ཐ་མི་དད་འཇུག་པ་གཅིག་ཏུ་སྒྲུབ་ཚུལ་ནི། བདག་བསྐྱེད་ལོགས་སུ་བྱ་མི་དགོས་པའི་ཚུལ་ནི་བཤད་ཟིན་ཅིང་། འདིར་སྔགས་སྐུ་ཙམ་གྱིས་མི་ཆོག་གི དཀྱིལ་འཁོར་དགོས་པ་དེ་ཡང་རྡུལ་ཚོན་དཀའ་བས་རས་བྲིས་ཀྱི་དཀྱིལ་འ ཁོར་ཞིག་ལྟ་གོན་བྱ་ཞིང་། བྱུང་ན་སྟེགས་ཀྱི་ཁར་ལེབ་མོར་བཀྲམ་ནས་མཐའ་མཆོད་པས་བསྐོར་བར་བྱའོ། །འདིར་ཚད་མེད་བཞི་ཡན་ཆད་སྔོན་དུ་བཏང་ནས་དེར་བུམ་པ་སྒྲུབ་པ་ནི་རྒྱལ་དབང་ལྔ་པ་ཆེན་པོའི་བཞེད་པ་ཡིན་པར་ཅང་གྱ་ཞབས་འཆད་ཅིང་། པཎ་ཆེན་རིན་པོ་ཆེས་འཇིགས་བྱེད་ཀྱི་དཀྱིལ་ཆོག་ལས་ནི། རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་ཚོགས་ཞིང་གཉིས་ཀྱི་བར་དུ་བུམ་པ་སྒྲུབ་པར་བཤད་དེ། གང་བྱས་ཀྱང་ཆོག་མོད། སྔོན་མ་ཉིད་བདེ་བར་མངོན་ནོ། །རབ་གནས་ལྟ་བུ་ལ་ནི་བདག་བསྐྱེད་རྐྱང་པའི་མཇུག་ཏུ་བྱས་ན་བདེ་ཞིང་། དཀྱིལ་འཁོར་སྒྲུབ་པ་ཙམ་ལ་ནི་བུམ་པ་དགོས་པའི་ངེས་པ་མེད་པས། ཚད་མེད་ཞི་བསྒོམས་པའི་མཇུག་ཏུ་རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་འདུག་པར་མོས་ནས་སྔགས་ཀྱིས་བསངས་ཏེ། སྔགས་གཉིས་ཀྱི་དོན་བསྒོམ་པ་ནས། མིའི་ཐོད་པ་བདུད་རྩིས་གང་བ་བཞིར་གྱུར་ཞེས་པའི་བར་སྒྲུབ་ཐབས་བཞིན་ཡིན་ཞིང་། དེ་ནས་ༀ་ཧྲཱི༔ཥྚི༔ནས། ཐིམ་པར་གྱུར་གྱི་བར་གཞན་རྣམས་ཀྱང་གཞུང་བཞིན་ལ། ཤར་གྱི་གདན་ལ་འཁོད་ཅེས་པའི་དོད་ལ་ཤར་གྱི་མཚན་མ་དང་ངོ་བོ་དབྱེར་མེད་དུ་གྱུར་ཞེས་བྱ་ཞིང་། དེས་ལྷ་གཞན་རྣམས་ལའང་རིགས་བསྒྲེས་ནས་འདོན་ཚུལ་བསྒྱུར་རོ། །བདག་མདུན་འཇུག་པ་གཅིག་པ་ལ་སྐབས་འདིར་ཕྱོགས་སྐྱོང་དགུག་བསྐྱེད་བྱས་ཀྱང་རུང་བར་འགའ་ཞིག་ནས་འབྱུང་བ་ལྟར་ཡིན་ལ། འོན་ཀྱང་རྗེའི་དཀྱིལ་འཁོར་ཆོག་དང་། འདུ་འཛིན། བ་སོ་བ། ལྷ་བཙུན་སོགས་ཀྱི་ལྷན་ཐབས་སུ་དེ་ལྟར་མི་འབྱུང་ཞེས་བཤད་པས་དེ་མི་བྱ་བར། གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵེཾ། ཞེས་པ་ནས། རང་ཉིད་ལ་ཐིམ་པར་གྱུར་པའི་བར་སྒྲུབ་ཐབས་བཞིན་བྱ་ལ། སྤྱན་འདྲེན་གྱི་ཚེ་འཇམ་དཔལ་རང་བཞིན་མ་སྦྱོར་ཞིང་། གོང་དུ་ཕྱོགས་སྐྱོང་དགུག་བསྐྱེད་བྱས་ན་རྒྱས་འདེབས་ཀྱང་བྱའོ། །རང་ཉིད་གཙོ་བོ་ལས་མར་མེ་གཅིག་ལ་གཉིས་ཆད་ཀྱི་ཚུལ་དུ་ཕྱེ་ནས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་ཀྱི་ཕྱི་རོལ་ཏུ་གནས་པར་བསམ། མཆོད་པ་བྱིན་གྱིས་བརླབས་ལ། དག་ཅིང་དྲི་མེད་ཡིད་འོང་བའི། སོགས་ཀྱི་ཆུ་བཞི་དང་། རྒྱལ་བ་རྣམས་ཀྱི་ཡོན་ཏན་མཆོག་གི་སྐུ། ཞེས་སོགས་ཀྱིས་ཉེར་སྤྱོད་རོལ་མོ། ཁ་དོག་དབྱིབས་ལེགས་སོགས་སམ། རིན་ཆེན་དབང་གི་སོགས་ཀྱིས་འདོད་ཡོན། འཛམ་བུ་གླིང་དང་ཞེས་སོགས་ཀྱིས་རྒྱལ་སྲིད་སྣ་བདུན་དང་། ལྷ་སོ་སོའི་སྔགས་ཀྱིས་ནང་མཆོད་འབུལ་ཞིང་། གཉིས་མེད་ཐུན་མོང་མས་བསྟོད་ནས་བཟླས་པ་བྱའོ། །སྟོང་རྩ་ལྟ་བུ་ལ་གྲངས་མང་དགོས་པའི་དབང་གིས་ཆུ་བཞི་སོགས་ལ་ཚིགས་བཅད་སྔགས་དང་བཅས་པའམ། སྔགས་ཙམ་ལ་སོགས་པས་མཆོད་པས་དབྱེ་བསྡུ་ཤེས་པར་བྱས་ནས་སྐབས་དང་བསྟུན་ནོ། །གཏོར་མ་འབུམ་ཚུལ་ལ་ལུགས་གཉིས་ཏེ། རྗེའི་དཀྱིལ་ཆོག་རིན་ཆེན་འཕྲེང་བ་ནས་མངོན་རྟོགས་ཀྱི་སྐབས་སུ་བཤད་པའི་གཏོར་མ་འབུལ་ཚུལ་ལ་ཁ་འཕངས་པ་ལྟར་ན། བདག་མདུན་ཐ་མི་དད་ཡིན་ཡང་གཏོར་མ་འབུལ་བའི་ཚེ་གཏོར་མགྲོན་སོགས་སུ་བསྐྱེད་ནས་འབུལ་དགོས་པར་མངོན་ལ། པཎ་ཆེན་རིན་པོ་སོགས་འགའ་ཞིག་སྒྲུབ་པའི་དཀྱིལ་འཁོར་ཉིད་ལ་འབུལ་བར་མཛད་དེ། རང་ལུགས་ནི་བཞེད་པ་ལྟར་བྱ་དགོས་ནའང་། སྟོང་རྩ་ལྟ་བུའི་དུས་སུ་ལོགས་སུ་བྱེད་པ་མ་ལྕོགས་ན་ནི་སྒྲུབ་པའི་དཀྱིལ་འཁོར་ལ་འབུལ་རུང་བར་གསལ་ཏེ་གསང་འདུས་བཞིན་ནོ། །དེ་ལའང་ཕྱོགས་སྐྱོང་གོང་དུ་བསྐྱེད་པ་དང་། གཏོར་མགྲོན་ལོགས་སུ་བྱེད་ན་སྐབས་འདིར་བསྐྱེད་པའི་ཚུལ་གཉིས་ཡོད་པས་དབྱེ་བ་ཤེས་དགོས། གཏོར་མ་འབུལ་བའི་བསྐྱེད་ཆོག་འབྲིང་པོ་ནི་ད་ལྟ། ཕྱག་ལེན་དུ་བྱེད་པ་ལྟར་བདག་གིས་ཀྱང་གཞན་དུ་བརྗོད་ཟིན་ལ། རྒྱས་པ་ནི་གཞན་འབྲིང་པོ་ལྟར་ལ། རེ་མིག་དགུ་པའི་དབུས་དང་། ནང་གི་ཕྱོགས་གཞན་གསུམ་དང་སྒོ་བཞིར་སྣ་ཚོགས་པད་མ་དང་ཉི་མའི་གདན། ནང་གི་ཤར་དང་། གྲྭ་བཞི་དང་། ཞེས་པ་ནས། ཟུར་རེ་རེ། གདན་དབུས་མའི་སྟེང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག །ཅེས་པ་ནས། གཡོན་པས་ཡ བ་ལ་འཁྱུད་པ། ནང་གི་ཤར་དུ་གཏི་མུག་གཤིན་རྗེ་གཤེས་དཀར་པོ། །ཞེས་པ་ནས། གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། ཕྱིའི་གྲྭ་བཞིར་མིའི་ཐོད་པ་བདུད་རྩིས་གང་བ་བཞི། ཞེས་པའི་བར་གྱིས་ལྷ་རྣམས་གསལ་གདབ་ཅིང་། ༀ་ཧྲཱི༔ཥྚིཿཞེས་སོགས་ཀྱིས་ཕྱོགས་སྐྱོང་དགུག་བསྐྱེད་རྒྱས་པ་གཞུང་ལྟར་བྱ། ལྷ་རྣམས་ཀྱི་སྐྱེ་མཆེད་མིག་གཉིས་སུ་ཀྵིཾ་ཀྵིཾ་སོགས་ཀྱིས་བྱིན་གྱིས་བརླབས་པ་ནས། དོན་གྲུབ་ཀྱིས་དབུ་རྒྱན་ཅིང་། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་ནས། རྒྱས་བཏབ་པར་གྱུར་པའི་བར་དང་། ༀ་ཧྲཱི༔ཥྚིཿཧ་སོགས་ཀྱིས་ཕྱི་མཆོད་དང་། ནང་མཆོད་ཕུལ་ནས། གཉིས་མེད་ཐུན་མོང་མ་ཡིན་ཞེས་སོགས་ཀྱིས་བསྟོད། མཆོད་བསྟོད་རྒྱས་པ་བྱས་ནའང་ལེགས། དེ་ནས་འདས་མ་འདས་གཉིས་ཀྱི་གཏོར་མ་བྱིན་གྱིས་བརླབས་ཏེ་གཞུང་བཞིན་འབུལ། ཆོས་རྒྱལ་གྱི་གཏོར་འབུལ་ཡང་རྒྱས་བསྡུས་ཅི་རིགས་བྱས་ནས་འཕྲིན་ལས་བཅོལ་ཏེ་གཤེགས་གསོལ་བྱ་བ་སོགས་གཞན་ནས་འབྱུང་བ་ལྟར་རོ། །བདག་མདུན་འཇུག་པ་གཅིག་པ་ལ་བརྟན་བཞུགས་དགོས་སོ། །གསུམ་པ་འཕྲོས་ནི། ད་ལྟ་ཚོགས་གསོག་སྒྲིབ་སྦྱོང་ལ་དམིགས་ནས་འཇིགས་བྱེད་བཅུ་གསུམ་མ་འདི་ལ་སྟོང་ཙམ་མཛད་པ་མང་འདུག་ཀྱང་། ཕལ་ཆེར་བདག་བསྐྱེད་རྐྱང་བ་དང་སྦྱར་བའི་སྟོང་རྩའི་གྲངས་མཛད་དེ། ཚུལ་དེ་ལྟར་བྱས་པ་ལ་ཕན་ཡོན་མེད་པ་མ་ཡིན་ནའང་ཕྱག་ལེན་རྣམ་དག་ཏུ་མི་འཐད་དེ། དེ་ལ་ནི་ཚོགས་གསོག་པ་དང་སྒྲིབ་པ་སྦྱོང་བའི་དགོས་པ་ཆེ་ཁྱད་དཀྱིལ་འཁོར་ཞིག་སྒྲུབ་ཅིང་མཆོད་དགོས་ལ། བདག་བསྐྱེད་རྐྱང་བ་སྒོམ་པ་ནི་བསྙེན་པ་དང་རབ་གནས་སྦྱིན་སྲེགས་སོགས་དང་དཀྱིལ་འཁོར་བསྒྲུབས་པ་ལྟ་བུའི་ཆེད་ཡིན་བས་མདུན་བསྐྱེད་སྒྲུབ་པ་ལྟར་ཚོགས་གསོག་པའི་ནུས་པ་མི་ཆེ་བའི་ཕྱིར་རོ། །དེས་ན་ཚེ་འདས་ནམ་གང་གི་ཆེད་ཡིན་ཀྱང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབས་ཤིང་མཆོད་པར་བྱའི། བདག་བསྐྱེད་གཅིག་པུ་ཙམ་གྱིས་མི་ཆོག་གོ །འོན་ཀྱང་འཇིགས་བྱེད་བཅུ་གསུམ་མ་ལ་དཀྱིལ་འཁོར་སྒྲུབ་པའི་ཚེ་འཇུག་པ་གཅིག་ཏུ་བྱེད་ཚུལ་ནི་བཤད་ཟིན་པ་ལྟར་ཏེ། ད་ལྟ་ཕལ་ཆེར་འཇིགས་བྱེད་སྟོང་རྩ་ལ་བདག་བསྐྱེད་རྐྱང་བ་མཛད་པ་འདི་སླ་ཆོས་སུ་སོང་བ་ཡིན་ནོ། །དེའི་ཕྱིར་སྦྱིན་བདག་ལ་ཕན་ཆེ་བ་ཞིག་མཛད་འདོད་ན། འཇིགས་བྱེད་སྟོང་རྩ་ལྟ་བུ་ལ་ནི་བདག་བསྐྱེད་ཙམ་མ་ཡིན་པར་བདག་མདུན་འཇུག་པ་གཅིག་པའི་ཚུལ་རྗེ་ཡབ་སྲས་རྣམས་ཀྱི་བཞེད་པ་ལྟར་བྱ་བར་རིགས་སོ། །གཞན་ཡང་འཇིགས་བྱེད་སོགས་ཀྱི་སྒོ་ནས་ལྷོ་སྒོ་མཛད་པའི་ཚེ་བུམ་བསྐྱེད་རྒྱས་བསྡུས་གང་རུང་མེད་པར་བུམ་པར་ཆུ་གཙང་ཙམ་བླུགས་ནས་བྱེད་པ་འདི་ཡང་མི་འཐད་དེ། དེ་ལ་འོག་ཏུ་ཁྲུས་གསོལ་བ་ཞིག་ཡོད་ཀྱང་དེ་ཙམ་གྱིིས་བསྒྲུབ་བྱའི་ནད་གདོན་དང་སྡིག་སྒྲིབ་གང་སྤྱོང་དཀའ་བའི་ཕྱིར་རོ། །དེ་ཡང་སླ་ཆོས་སུ་སོང་བ་ཡིན་ནོ། །དེས་ན་བུམ་སྒྲུབ་བྱེད་དགོས་ཤིང་དེ་ཡང་རང་རང་གི་ཆོ་གའི་བུམ་བསྐྱེད་རྒྱས་པ་དང་། །དེ་མ་ལྕོགས་ན་བསྡུས་པ་བྱེད་དགོས་ལ། དེ་ཡང་མ་ལྕོགས་ན་མ་ཐ་གཟུངས་བཟླས་པའི་ཁྲུས་བུམ་ཙམ་ཞིག་ངེས་པར་བསྒྲུབ་པར་བྱ་དགོས་ཏེ། གཞན་དུ་ན་ཚེ་འདས་ལྟ་བུ་བསླུས་པར་མི་འགྱུར་རམ། དེའི་ཚེ་བསང་ཆུ་ཙམ་སྒྲུབ་པས་ཀྱང་མི་ཆོག་སྟེ། སྡིག་སྒྲིབ་སྦྱོང་བའི་གཟུངས་གཞན་ནི་དཀྱིལ་འཁོར་བའི་ལྷའི་སྔགས་གཞན་རྣམས་བཟླས་ན་ལེགས་པའི་ཕྱིར་རོ། །བུམ་པའི་བསྐྱེད་ཆོག་བསྡུས་པ་ལ་ཀུན་རིག་ལྟ་བུ་ལ་ལྷ་ལྔ་དང་། འཇིགས་བྱེད་ལ་ཡང་གཤིན་རྗེ་གཤེད་རིགས་ལྔ་བསྐྱེད་དགོས་ལ། འདིར་བཅུ་གསུམ་མ་ལ་དེ་ཉིད་ཀྱི་ལྷའི་བསྐྱེད་ཆོག་བསྡུས་པའི་ཚུལ་འདི་ལྟར་བྱས་ནའང་ཆོག་སྟེ། དེ་ཡང་བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་བཾ་བྱུང་བས་བུམ་པ་དཀར་པོ། །ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ༀ་ཏཔྟེ་ཏཔྟེེ། ནས། དབྱེར་མི་བྱེད་པར་གྱུར། རྣམ་རྒྱལ་བུམ་པ་ཕྱི་བུམ་པའི་རྣམ་པ་ལ་ནང་ལྷའི་གཞལ་ཡས་ཁང་གདན་དང་བཅས་པ་ཡོངས་སུ་རྫོགས་པའི་རིའུ་མིག་དགུ་པའི་དབུས་སུ། དཔལ་རྡོ་རྗེ་འཇིགས་བྱེད་ཡམ་ཡུམ་མམ་ཞལ་དགུ །ནས། གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ་ཡུམ་དང་བཅས་པའི་སྐུར་གྱུར། ཤར་དུ་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ། ལྷོར་སེར་སྣ་གཤིན་རྗེ་གཤེད་ཡབ་ཡུམ། ཞེས་པ་ནས། ཤར་ལྷོའི་ཙ་རྩི་ཀ་ཡབ་ཡུམ་ནས། མཚམས་བཞིར་མིའི་ཐོད་པ་བདུད་རྩིས་གང་བ་བཞིར་གྱུར། ལྷ་རྣམས་ཀྱི་མིག་གཉིས་སུ་ཀྵེཾཿརྣ་བར་ཛྲིཾཿནས་ཧཱུཾ་གིས་མཚན་པར་གྱུར། དེ་ནས་ༀ་ཧྲཱིཿཧ་ཞེས་སོགས་གཞུང་ལྟར་རམ། བསྡུ་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་ཡེ་ཤེས་པའི་དཀྱིལ་འཁོར་དང་དབང་གི་ལྷ་རྣམས་སྤྱན་དྲངས། ༀ་ཧྲཱིཿཥྚཱིཿཧ་སོགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོ་དང་དབྱེར་མེད་དུ་གྱུར། དབང་གི་ལྷ་རྣམས་ཀྱིས་དབང་བསྐུར་བས་རིགས་བདག་སོ་སོའི་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་བྱིན་གྱིས་བརླབས་ལ། ༀ་ཡ་མནྟ་ཀ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ་ནས། ཤཔྟའི་བར་རམ། ༀ་ཧྲཱིཿཥྚཱིཿཧ་སོགས་ཀྱིས་མཆོད། ནང་མཆོད་ཕུལ་ནས་གཉིས་མེད་མས་བསྟོད་ལ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་སྐུའི་ཆ་ནས་བདུད་རྩིའི་རྒྱུན་བབས་པ་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ་ལ་རྩ་སྔགས་སོགས་སྔགས་རྣམས་ཅི་འགྲུབ་དང་། ༀ་ཨཱཿཧཱུཾ ཅི་འགྲུབ་བཟླས་ནས་ཡིག་བརྒྱ་བརྗོད་ཅིང་། འདིར་ཡེ་ཤེས་པ་མ་གཤེགས་ཆོག་པས། བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཞེས་བྱས་ན་ལེགས་སོ། །མཁས་པའི་དགོངས་པ་མཁས་པའི་ལུགས་ཇི་བཞིན། ལེགས་པར་རྟོགས་ནས་ལེགས་པར་འཆད་དཀའ་ཡང་། །ཕྱོགས་ཙམ་ཤེས་ལྟར་ཕྱོགས་ཙམ་བརྗོད་པ་འདི། །བློ་ལྡན་དག་གི་བློ་ལ་འབབ་གྱུར་ཅིག །ཅེས་པ་འདི་ནི། སྔར་དོན་གཉེར་ཅན་གཞན་གྱིས་བསྐུལ་ཞིང་། ཕྱིས་མདོ་སྔགས་ཀྱི་གཞུང་མང་དུ་མཁྱེན་ཅིང་དད་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་ཡར་བོའི་རབ་འབྱམས་པ་བརྩོན་འགྲུས་བཟང་པོས་རི་ཁྲོད་ནས་རང་བཞིན་ལ་ཕན་འདོད་ལྷག་བསམ་གྱིས་བསྐུལ་བའི་ངོ་བོར། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། པར་གྱི་ཡི་གེ་པ་ནི་སྙན་ངག་ཡིག་སྡེབ་སོགས་ལ་བློ་བྱང་བའི་དཀའ་བཅུ་བློ་བཟང་དབང་ཕྱུག་གོ། །།མདྒལཾ།།

གཞུང་ལུགས་ཆེན་པོའི་བརྗོད་དོན་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ཅུང་ཟད་བཤད་པ།

གཞུང་ལུགས་ཆེན་པོའི་བརྗོད་དོན་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ཅུང་ཟད་བཤད་པ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། རྒྱལ་བའི་ཡབ་གཅིག་བརྟན་པའི་འཁོར་ལོ་ཉིད། རྒྱས་སྲས་ངུར་སྨྲིག་འཛིན་པའི་ཟློས་གར་གྱིས། །རྒྱལ་བའི་མདོ་སྔགས་བསྟན་པ་འཛིན་མཛད་པ། །རྒྱལ་བ་གཉིས་པ་བཙོང་ཁ་པ་དེར་འདུད། །གང་དག་ཚེ་འདིའི་བྱ་བའི་སྤྲོས་སྤངས་ནས། །རི་སུལ་དགོན་པ་དག་ཏུ་གནས་བཅས་ཏེ། །ཐོས་བསམ་ཉམས་ལེན་དོན་དུ་གཉེར་འདོད་པའི། །དད་ལྡན་རྣམས་ཀྱི་འཇུག་བྱ་བཤད་པ་བྱ། །དེ་ཡང་རང་ཅག་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་འཇུག་པར་བྱ་བའི་གཞི་ནི་ཐོས་བསམ་སྒོམ་གསུམ་ཡིན་ལ། ཁྱད་པར་དུ་རི་ཁྲོད་མཛད་པ་རྣམས་ཀྱིས་ནི་གཞི་ལམ་འབྲས་གསུམ་དང་། ལྷ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་ལེགས་པར་ཤེས་དགོས་ཤིང་། ཤེས་ན་ཅི་ལྟར་རིགས་པ་བསྒྲུབ་དགོས་པས་འདིར་ནི་དེའི་རྣམ་གཞག་ཅུང་ཟད་བཤད་པ་བྱའོ། །འདི་ལ་གསུམ། གཞི་ལམ་འབྲས་གསུམ་དང་། ལྟ་སྒོམ་སྤྱོད་གསུམ་དང་། ཉམས་ལེན་ཀུན་གྱི་སྙིང་པོ་གཞན་བཤད་པའོ། །དང་པོ་ལ་གཉིས། མཁས་པའི་བཞེད་ཚུལ་དགོད་པ་དང་། དེ་དག་གི་དོན་བསྡུས་ནས་བཤད་པའོ། །དང་པོ་ནི། རྗེའི་གསུང་འབུམ་ཐོར་བུ་ལས། མཁས་པའི་གཞུང་དུ་གཞི་ལ་ཚུལ་གཉིས་ཏེ། །ལུང་དང་རིགས་པས་སྒྲོ་འདོགས་གཅོད་གཞི་དང་། །དྲི་མ་སྦྱོང་བའི་བྱེད་པ་འཇུག་པའི་གཞི། །དང་པོ་ལྟར་ན་བདེན་པ་གཉིས་ཡིན་ཏེ། །དོན་དམ་སྤྲོས་དང་བྲལ་ནས་ཡོད་མཐའ་དགག །ཀུན་རྫོབ་སྒྱུ་མས་མེད་པའི་མཐའ་སྤངས་ཏེ། །སྒྲོ་སྐུར་རྟག་ཆད་ལ་སོགས་མཐའ་གཉིས་ཀྱི། །ལྟ་བ་ངན་པའི་གདོན་ལས་གྲོལ་བར་བྱ། །ཕྱི་མ་ལྟར་ན་དྲི་བཅས་སེམས་ཀྱི་དབྱིངས། །རང་བཞིན་གདོད་ནས་རྣམ་པར་དག་པ་དང་། །དྲི་མ་འབྲལ་དུ་རུང་བའི་གློ་བུར་བར། །ཤེས་ནས་ཁམས་སྦྱངས་ཕྱིར་དུ་བརྩོན་པར་བྱ། །དྲི་མ་དག་བྱེད་དངོས་ནི་སྟོང་པའི་ལམ། །འོན་ཀྱང་ལམ་འདིས་དྲི་མ་བག་ཆགས་དང་། །བཅས་པ་མ་ལུས་དག་པར་བྱེད་པ་ནི། །མཐའ་ཡས་བསོད་ནམས་ཚོགས་ལ་རག་ལས་པས། །སེམས་མཆོག་གཉིས་སོགས་རྒྱ་ཆེན་སྤྱོད་པས་ནི། །ངོམས་མི་ཤེས་པར་ཆུ་བོའི་རྒྱུན་ལྟར་སྦྱད། །དེ་ནི་རྒྱལ་བ་སྲས་བཅས་དགྱེས་པའི་ལམ། །ཕྱོགས་རེར་འཆེལ་བ་བྱིས་པ་དགའ་སྐྱིད་ཙམ། །ཟབ་མོ་ཡེ་ཤེས་ཚོགས་ལས་ཆོས་སྐུ་དང་། །རྒྱ་ཆེན་བསོད་ནམས་ཚོགས་ལས་གཟུགས་སྐུ་གཉིས། །གྲུབ་པ་འདི་ནི་འབྲས་བུའི་མཐར་ཐུག་སྟེ། །རིམ་བཞིན་རང་གཞན་དོན་གཉིས་མཆོག་གི་གཞི། །ཞེས་དང་། ཡང་དེ་ཉིད་ལས། དྲི་བཅས་སེམས་ཀྱི་རང་བཞིན་གཞི། །ཐབས་ཤེས་ཟུང་དུ་འབྲེལ་བ་ལམ། །ཆོས་དང་གཟུགས་ཀྱི་སྐུ་གཉིས་འབྲས། །གཞི་ལམ་རྣམ་གསུམ་བསྡུས་པའོ། །ཞེས་གསུངས་ཤིང་། རྗེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ལས། གཞི་ཡི་ལྟ་བ་སྣང་སྟོང་ཟུང་འཇུག་སྟེ། །ལམ་གྱི་ཉམས་ལེན་ཚོགས་གཉིས་ཟུང་དུ་འབྲེལ། །འབྲས་བུ་སྐུ་གཉིས་ཟུང་འཇུག་ལྷུན་གྱིས་གྲུབ། །རྒྱལ་བ་དགྱེས་པའི་ལྟ་སྒོམ་སྤྱོད་འབྲས་ལགས། །ཞེས་དང་། སྣང་སྟོང་ཟུང་འཇུག་གི་ངང་ནས། །ཚོགས་གཉིས་ཟུང་འབྲེལ་དུ་གོམས་པས། སྐུ་གཉིས་ཟུང་འཇུག་ཏུ་ཐོབ་སྟེ། དོན་གཉིས་ལྷུན་གྲུབ་ཏུ་འབྱུང་ངོ་། །ཞེས་གསུངས་ལ། པཎ་ཆེན་རིན་པོ་ཆེའི་གསུང་འབུམ་ལས་ཀྱང་། གཞི་བདེན་གཉིས་རྣམ་དབྱེ་རྟོགས་པའི་བློ། །ཐབས་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པ། །ལམ་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན། །འདི་ཆོས་ཀུན་ཡང་སྙིང་མཐར་ཐུག་ལགས། །ལམ་དེ་འདྲ་སྒོམས་པ་ལས་བྱུང་བའི། །སྒྲིབ་བྲལ་གྱི་ཡོན་ཏན་ནམ་མཁའི་མཛོད། །མཐར་ཐུག་གི་ཟུང་འཇུག་ཕྱག་རྒྱ་ཆེ། །སྐུ་གསུམ་གྱི་བདག་ཉིད་འབྲས་བུ་ཡིན། །ཞེས་དང་། གཞི་བདེན་གཉིས་ཀྱི་གཞུང་ཚུལ་སྙད་པ་དེ། སྣང་བ་དང་སྟོང་པའི་རང་བཞིན་ཉིད། །དེ་ཐབས་ཀྱིས་ཟིན་པའི་རྣལ་འབྱོར་ལ། །ལམ་ཐབས་ཤེས་ཀྱི་ཉམས་ལེན་མི་ཟེར་རམ། །སྒྲིབ་བྲལ་གྱི་ཟབ་རྒྱས་དབྱེར་མེད་པ། །འབྲས་དུས་ཀྱི་ཟུང་འཇུག་ཨེ་མ་ཧོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། མདོ་སྔགས་ཀྱི་གཞུང་རྣམས་ཀྱི་དོན་ཐམས་ཅད་གཞི་ལམ་འབྲས་གསུམ་དུ་འདུ་ཞིང་། །དེ་གསུམ་གྱི་མིང་གི་ཐ་སྙད་ཀྱིས་དངོས་སུ་གསུངས་པ་དང་མ་གསུངས་པ་གཉིས་ཀ་ཡོད་ལ། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་པའི་རྐང་པ་དང་པོ་གཉིས་ཀྱིས་གཞི་དང་། གསུམ་པས་ལམ་དང་། བཞི་པས་འབྲས་བུ་བསྟན་ཏེ། དང་པོ་གཉིས་ཀྱིས་གཞི་བདེན་གཉིས་སམ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ལ་བདེན་གྲུབ་གསར་དུ་བསལ་བར་བྱ་བ་ཅི་ཡང་མེད་ཅིང་། བདེན་མེད་གསར་དུ་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། ཤེས་བྱའི་གཞི་དེ་དག་གྲུབ་ཙམ་ནས་སམ་གདོད་མ་ནས་བདེན་པར་གྲུབ་པ་མེད་པའི་ཕྱིར་ཞེས་བསྟན། གསུམ་པས་དེ་ལྟར་རྟོགས་པའི་ལྟ་བ་དེ་ལམ་དུ་བསྟན། བཞི་པས་དེ་ལྟ་བུའི་ལམ་དེ་བསྒོམས་ན་གྲོལ་བར་འགྱུར་བའི་འབྲས་བུ་དེ་བསྟན་པའི་ཕྱིར་རོ། །གཞི་ལམ་འབྲས་གསུམ་ལ་ད་དུང་སོ་སོར་ཕྱེ་ན་མང་སྟེ། གྲུབ་མཐའ་བཞིའི་ལུགས་ཀྱི་གཞི་བདེན་གཉིས་དང་། ལམ་ཐབས་ཤེས་དང་། འབྲས་བུ་བྱང་ཆུབ་ལ་འདྲ་མི་འདྲ་དུ་མ་དང་། ཐེག་པ་གསུམ་དང་། རྒྱུད་སྡེ་བཞིའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་སྤྱིར་མཚུངས་ཀྱང་ནང་གསེས་ཀྱི་མི་འདྲ་བར་དུ་མ་ཡོད་དེ། དཔེར་ན། ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་ནི་གཞི་བདེན་གཞི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་བསྒོམས་པས་རང་གི་བྱང་ཆུབ་འཐོབ་པར་འགྱུར་བ་དང་། རང་རྒྱལ་གྱི་རིགས་ཅན་རྣམས་ཀྱིས་གཞི་ག ཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་དང་། རྟེན་འབྲེལ་བཅུ་གཉིས་རྟོགས་པའི་ལམ་བསྒོམས་པས་རང་གི་བྱང་ཆུབ་འཐོབ་པར་འགྱུར་བ་དང་། ཐེག་ཆེན་གྱི་རིགས་ཅན་རྣམས་ལ་སེམས་ཙམ་པའི་རིགས་ཅན་རྣམས་ཀྱིས་གཉིས་སྟོང་གི་དེ་ཁོ་ན་ཉིད་རྟོགས་པའི་ལམ་དང་། དབུ་མ་པའི་རིགས་ཅན་རྣམས་ཀྱིས་བདེན་མེད་རྟོགས་པའི་ལམ་བསྒོམས་ནས་རང་གི་འབྲས་བུ་བྱང་ཆུབ་འཐོབ་པར་འགྱུར་བར་བཤད་པ་ལྟ་བུ་དང་། སྔགས་ལའང་རྒྱུད་སྡེ་བཞི་སོ་སོའི་ཉམས་ལེན་ལ་ནང་གསེས་ཀྱི་མི་འདྲ་བ་འགའ་རེ་ཡོད་པའི་ཕྱིར་རང་རང་ཐུན་མོང་མ་ཡིན་པའི་གཏན་ལ་དབབ་བྱའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཀྱང་ཅུང་མི་འདྲ་བ་འགའ་རེ་ཡོད་དེ་ཞིབ་པར་ནི་རང་རང་གི་གཞུང་དུ་བལྟས་པས་ཤེས་སོ། །འོན་ཀྱང་དེ་དག་ཀུན་གྱིས་ནི། གཞི་བདེན་གཉིས་ཀྱི་རྣམ་གཞག་ཤེས་ནས། ལམ་ཐབས་ཤེས་ཟུང་འབྲེལ་དུ་ཉམས་སུ་བླངས་ན། འབྲས་བུ་ཐར་བ་ཐོབ་པར་འགྱུར་རོ་ཞེས་འདོད་པ་ནི་འདྲའོ་ཐེག་ཆེན་པ་ལྟར་ན། གཞི་ཀུན་རྫོབ་ཀྱི་རྣམ་གཞག་ལེགས་པར་ཤེས་ནས་བསོད་ནམས་ཀྱི་ཚོགས་གསོག དོན་དམ་གྱི་རྣམ་གཞག་ཤེས་ནས་ཡེ་ཤེས་ཀྱི་ཚོགས་གསོག དེ་འདྲ་བའི་ཐབས་ཤེས་ཟུང་དུ་འབྲེལ་བའི་ཚོགས་གཉིས་བསགས་ནས་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་འཐོབ་པར་འགྱུར་ཞིང་། དེ་ཡང་རིན་ཆེན་འཕྲེང་བ་ལས། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་གསུངས་པ་ལྟར། བསོད་ནམས་ཀྱི་ཚོགས་ལས་གཟུགས་སྐུ་དང་། ཡེ་ཤེས་ཀྱི་ཚོགས་ལས་ཆོས་སྐུ་ཐོབ་པར་འགྱུར་ཞེས་བཞེད་པ་ནི་ཐེག་ཆེན་པའི་གྲུབ་མཐའ་རྣམས་འདྲའོ། །དེས་ན་གཞི་ལམ་འབྲས་གསུམ་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་མང་དུ་འབྱུང་ཞིང་། སྤྱིའི་དབང་དུ་བྱས་པའི་གཞི་ནི་བདེན་པ་གཉིས་ཏེ། དེ་གཉིས་ཀྱི་ཁྱད་པར་ལེགས་པར་ཤེས་དགོས་ཤིང་། ལྷག་ཏུ་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ཀྱི་བདེན་གཉིས་དཔལ་ལྡན་ཟླ་བ་གྲགས་པས་བཤད་པ་ལྟར་ཤེས་དགོས་སོ། །གལ་ཏེ་ཤེས་ན་ལེགས་མོད། མ་ཤེས་ཀྱང་སྐྱོན་མེད་དོ་སྙམ་ན་ནི་མི་རུང་སྟེ། དབུ་མ་འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་བ་འགྲུབ་ཡོད་མིན། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འདིར་ཡང་བདེན་གཉིས་ཀྱི་རྣམ་གཞག་རྒྱས་པར་བཤད་ན་འབྲེལ་མོད། མང་དུ་དོགས་པ་དང་གཞན་དུ་བདག་གིས་བཤད་ཟིན་པས་གཞག་གོ །ལམ་ལ་སྤྱིར་ཐེག་པ་གསུམ་གྱི་ལམ་དང་། ལམ་ལྔའི་ཐ་སྙད་མཛད་པ་སོགས་ཡོད་ཀྱང་། སྨིན་བྱེད་ཀྱི་ལམ་དང་གྲོལ་བྱེད་ཀྱི་ལམ་གཉིས་སུ་འདུའོ། །ངེས་འབྱུང་དང་བྱམས་སྙིང་རྗེ་སེམས་བསྐྱེད་ལྟ་བུ་སྨིན་བྱེད་ཀྱི་ལམ་གཙོ་ཆེ་ལ། བདག་མེད་རྟོགས་པའི་ལྟ་བ་ནི་གྲོལ་བྱེད་ཀྱི་ལམ་དངོས་སོ། །འབྲས་བུ་ལ་སྤྱིར་མཐའ་ཡས་ཀྱང་གཞི་ལམ་འབྲས་གསུམ་གྱི་འབྲས་བུ་ནི་བྱང་ཆུབ་གསུམ་དང་། ཁྱད་པར་དུ་སངས་རྒྱས་སམ་སྐུ་གསུམ་གྱི་འབྲས་བུ་ལ་གོ་བར་བྱའོ། །༈ གཉིས་པ་ལྟ་སྒོམ་སྤྱོད་གསུམ་ལ་གཉིས། མཁས་པའི་བཞེད་ཚུལ་དགོད་པ་དང་། དོན་བསྡུས་ནས་བཤད་པའོ། །དང་པོ་ནི། རྗེའི་གསུང་འབུམ་ལས། རྟག་དང་ཆད་པ་སྤངས་པ་ལྟ་བ་སྟེ། དེ་ཡི་དོན་ལ་རྩེ་གཅིག་འཇོག་པ་སྒོམ། །སྡོམ་གསུམ་སྤྱོད་པ་གཙང་བ་སྤྱོད་པ་རུ། །ཤེས་པར་གྱིས་ལ་དེ་ལྟར་ཉམས་སུ་ལོངས། །ཞེས་དང་། རྗེ་དགེ་འདུན་རྒྱ་མཚོའི་གསུམ་འབུམ་ལས། ཡིན་ལུགས་ཇི་བཞིན་རྟོགས་པ་ལྟ་བ་སྟེ། །བྱིང་རྒོད་བྲལ་བའི་ཉམས་མྱོང་སྒོམ་པ་ཡིན། །ཐབས་ཤེས་ཟུང་དུ་འབྲེལ་བ་སྤྱོད་པ་སྟེ། །སྐུ་གསུམ་ལྷུན་གྱིས་གྲུབ་པ་འབྲས་བུར་འདོད། །ཅེས་དང་། རྐྱེན་གྱིས་མ་བཅོས་ངོ་བོ་འགྱུར་བ་མེད། །རང་བཞིན་རྣམ་དག་གཤིས་ལ་བཟང་ངན་བྲལ། །ཀུན་ཁྱབ་ཀུན་གྱི་རང་བཞིན་གདོད་མའི་གཤིས། །སྤྲོས་པའི་མཐའ་བྲལ་རྟོགས་པ་ལྟ་བ་ཡིན། །རྣམ་རྟོག་པིར་གྱིས་རི་མོ་བྲིས་པ་ལས། །ཡུལ་གྱི་སྟེང་ནས་གྲུབ་པ་མ་མཆིས་ཀྱང་། །མིང་ཙམ་ཉིད་ལ་འཁོར་འདས་བྱ་བྱེད་ཀུན། །འཐད་པར་ཤེས་པ་གནས་ལུགས་མཐོང་བ་ཡིན། །ཇི་ལྟ་བ་དང་ཇི་སྙེད་དོན་རྣམས་ལ། །སོ་སོར་དཔྱོད་དང་རི་དབང་བཞིན་དུ་འཇོག །འདོད་རྒུར་དབང་བསྒྱུར་བྱིང་རྒོད་དང་བྲལ་བས། །ཏིང་འཛིན་སྒོ་བརྒྱ་འབྱེད་དེ་སྒོམ་པར་འདོད། །གཡོ་མེད་ཤིན་ཏུ་བརྟན་པའི་ཞི་གནས་དང་། །ཡིན་ལུགས་སོ་སོར་དཔྱོད་པའི་ལྷག་མཐོང་གཉིས། །ཟུང་དུ་འབྲེལ་བའི་སྒྲིབ་གཉིས་ས་བོན་ཀུན། །སྤོང་པར་འདོད་དེ་སྒོམ་ཆེན་པ་ཞེས་བྱ། །འཁོར་བ་མྱ་ངན་འདས་པ་ཐམས་ཅད་ཀྱི། །གདོད་མའི་གཤིས་ལ་དབྱེ་བ་མ་མཆིས་ཀྱང་། །ཐ་སྙད་ལས་འབྲས་བསླུ་བ་མེད་ཤེས་ནས། །ཕྱིན་དྲུག་ཉམས་སུ་ལེན་པ་སྤྱོད་པ་ཡིན། །ཞེས་གསུངས་ཤིང་། །པཎ་ཆེན་རིན་པོ་ཆེས་ཀྱང་། །ཆོས་སྐྱེ་མེད་དྲི་བྲལ་འདོད་མའི་གཤིས། །འདི་གཅེར་མཐོང་ལྟ་བའི་རྒྱལ་པོ་ཡིན། །དོན་དེ་ཉིད་དྲན་ཤེས་ཞགས་པ་ཡིས། །དུས་རྒྱུན་དུ་འཆིང་བ་སྒོམ་པའི་གནད། །ནང་བདག་འཛིན་རྟེན་ཕུར་དྲུངས་ཕྱུང་ནས། ཡུལ་ཅི་དགར་སྤྱོད་པ་སྤྱོད་པའི་མཆོག །ཅེས་དང་། བདེན་འཛིན་གྱི་འཆིང་བ་བཤིག་བྱས་ཏེ། །འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ། །རང་བཞིན་དང་བྲལ་བའི་སྟོང་པ་ཉིད། །ཇི་བཞིན་དུ་རྟོགས་པ་ལྟ་བའི་མཆོག །འཁོར་འདས་ཀྱི་རང་བཞིན་སྟོང་པའི་ངང་། རྣམ་དག་གི་རིགས་པས་མདུང་བསྐོར་བྱ། །གཡེང་མེད་དུ་ཆུ་བོའི་རྒྱུན་བཞིན་དུ། །རྩེ་གཅིག་ཏུ་འཇོག་པ་སྒོམ་པ་ཡིན། །དོན་དམ་དུ་སྤྲོས་པ་ཀུན་བྲལ་ཡང་། །རྗེས་ཐོབ་ཏུ་ཁྱེར་སོ་གསུམ་གྱི་ངང་། །རྒྱལ་སྲས་ཀྱི་སྤྱོད་པའི་རྗེས་སློབ་པ། །སྐྱོན་མེད་ཀྱི་རླབས་ཆེན་སྤྱོད་པ་ཡིན། །ཞེས་དང་། རང་སེམས་ལ་སོགས་འཁོར་འདས་ཆོས་ཀུན། །བདེན་པའི་དངོས་པོ་རྡུལ་ཙམ་མེད་པར། །རྟག་དང་ཆད་པ་སྤངས་པའི་དབྱིངས་དེ། །ཇི་བཞིན་རྟོགས་པ་ལྟ་བའི་རྒྱལ་པོ། །དོན་དམ་སྤྲོས་བྲལ་ཟབ་མོའི་དབྱིངས་དེ། །བྱིང་རྒོད་སྐྱོན་རྣམས་ལེགས་པར་བསལ་ཏེ། །དྲན་དང་ཤེས་བཞིན་གདྒཱའི་རྒྱུན་བཞིན། སྐྱོང་བར་བྱེད་པ་སྒོམ་པའི་རྒྱལ་པོ། །རྗེས་ཐོབ་མཉམ་བཞག་རྩེ་ཡིས་ཟིན་པའི། །སྒྱུ་མ་ལྟ་བུའི་རྣལ་འབྱོར་ངང་ནས། །སྒོ་གསུམ་སྡིག་བྲལ་དགེ་བའི་ལམ་དུ། །ཅི་དགར་འཇུག་པ་སྤྱོད་པའི་རྒྱལ་པོ། །དེ་ལྟའི་ལྟ་སྒོམ་སྤྱོད་པའི་ཚུལ་འདི། །སྒྱུ་མས་རྨོངས་པའི་འགྲོ་རྣམས་ཀུན་གྱིས། །ཇི་བཞིན་རྟོགས་པར་གྱུར་ན་དགའ་བ། །རྟོགས་པར་གྱུར་ནས་གྲོལ་ན་སྐྱིད་པ། །ཞེས་གསུངས་པ་ལྟར་ཏེ། དེ་དག་ནི་གཙོ་བོ་ཐེག་པ་ཆེན་པོའི་དབང་དུ་བྱས་པའོ། །གཉིས་པ་ནི། སྤྱིར་ལྟ་སྒོམ་སྤྱོད་གསུམ་ནི་ཕྱི་ནང་གཉིས་དང། ནང་པ་སངས་རྒྱས་པའི་གྲུབ་མཐའ་ལ་ཞུགས་པ་ཐམས་ཅད་ཀྱིས་བཞེད་ཅིང་། བྱང་ཆུབ་སྒྲུབ་པ་ལ་ངེས་པར་དགོས་པའོ། །ལྟ་སྒོམ་སྤྱོད་གསུམ་ལ་མིང་འདྲ་ཡང་དོན་མི་འདྲ་བ་མང་དུ་ཡོད་དེ། བདག་མེད་ཕྲ་རགས་རྟོགས་ཚུལ་གྱིས་ཕྱེ་བ་དང་། ཁྱད་པར་དུ་གྲུབ་མཐའ་རང་རང་གིས་འདོད་ཚུལ་གྱི་སྒོ་ནས་བཞག་པ་དང་། དེར་མ་ཟད་འདུས་བྱས་ཐམས་ཅད་མི་རྟག་པར་ལྟ་བ་སོགས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་སྒོ་ནས་བཞག་པ་སོགས་ཏེ་སྐབས་ཐོབ་ཤེས་དགོས་སོ། །ལྟ་བ་མཆོག་ནི་བདག་མེད་རྟོགས་པའི་ལྟ་བ་ཡིན་ལ། དེ་ལ་རྣམ་གྲངས་མང་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་དཔལ་ལྡན་ཟླ་བ་དང་རྗེ་རིན་པོ་ཆེས་བཤད་པ་ལྟར་ཆོས་རྣམས་རང་བཞིན་གྱིས་སྟོང་པར་རྟོགས་པའི་ལྟ་བ་དེ་ཉིད་ལྟ་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །སྒོམ་པ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཏེ་གཙོ་བོ་ནི་ཕྱི་མའོ། །སྤྱོད་པ་ལ་སྤྱིར་མང་ཡང་འདུལ་བའི་ཀུན་སྤྱོད་དང་། ཕྱིན་དྲུག་གི་སྤྱོད་པ་དང་། ཐོས་སོགས་ལ་འཇུག་པ་སོགས་ཏེ། མདོར་ན་སྒོ་གསུམ་སོགས་དགེ་བ་ལ་འཇུག་པའི་སྤྱོད་པ་ཐམས་ཅད་དོ། །སྔགས་ཀྱི་སྐབས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྤྱོད་པ་གསུམ་ལ་སོགས་པ་མང་སྟེ། དེ་དག་གི་ཁྱད་པར་ཕལ་ཆེར་ནི་ལུང་དྲངས་པ་རྣམས་ཀྱི་དོན་དུ་གསལ་ལོ། །ལྟ་སྤྱོད་གཉིས་མི་འགལ་ཏེ། བདག་མེད་རྟོགས་པའི་ལྟ་བ་ནི་ལྟ་སྤྱོད་གཉིས་སུ་ཕྱེ་བའི་ལྟ་བ་ཡིན་ཀྱང་སྤྱིར་སྤྱོད་པ་ཡང་ཡིན་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཕར་ཕྱིན་དྲུག་ཡོད་པའི་ཕྱིར་རོ། །༈ གསུམ་པ་ཉམས་ལེན་གྱི་སྙིང་པོ་གཞན་བཤད་པ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཉམས་སུ་ལེན་རྒྱུ་ལ་སྤྱིར་མང་ཡང་སྙིང་བོའི་དབང་དུ་བྱས་ན། སྐྱབས་འགྲོ་སེམས་བསྐྱེད་དང་། ལམ་གྱི་གཙོ་བོ་རྣམ་པ་གསུམ་དང་། བསླབ་གསུམ་དང་། སྔགས་ཀྱི་རིམ་གཉིས་ལ་སོགས་པའོ། །གཉིས་པ་ནི། པཎ་ཆེན་རིན་པོ་ཆེས། ཆོས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི །དོན་གཅེས་པའི་བརྗོད་བྱ་མཆོག་གྱུར་བ། ལམ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། ཞེས་དང་། བཀའ་མདོ་རྒྱུད་ཀུན་གྱི་སྙིང་པོ་མཆོག །ཆོས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །འདི་ཀུན་གྱིས་ངེས་ན་ཨ་ལ་ལ། །དོན་ངེས་ནས་གྲོལ་ན་ཨེ་མ་ཧོ། །ཞེས་དང་། ལམ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །འདི་ཆོས་ཀུན་གྱི་ཡང་སྙིང་མཐར་ཐུག་ལགས། །ཞེས་དང་། རྗེ་དགེ་འདུན་རྒྱ་མཚོའི་གསུང་མགུར་ལས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ། །ཆོས་ཀུན་གྱི་སྙིང་ཁུ་དེའོ་དེ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །འོ་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་པ་དེ་ཅི་འདྲ་བ་ཞིག་ལ་བྱེད་ཅེ་ན། དེ་ནི་རྗེའི་གསུང་འབུམ་ཐོར་བུ་ལས། ཐེག་པ་ཆེན་པོ་སྤྱི་སྐད་ཀྱི་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ཞེས་པ། ད་ལྟའི་རྣལ་བྱོར་པས་སྐྱོང་བ་ན་སྟོང་ཉིད་ཀྱི་ལྟ་བའི་ཉམས་མྱོང་བརྟན་པའི་རྩེ་མ་ཞིག་པར་སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེ་བ་ལ་བྱ་དགོས་ལ། །གསང་སྔགས་བླ་མེད་ནས་སྟོང་པ་དང་སྙིང་རྗེ་དབྱེར་མེད་བཤད་པ་ཕལ་མོ་ཆེ་ཁམས་གཉིས་ཀྱི་ཞི་བདེ་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་བདེ་སྟོང་དབྱེར་མེད་ལ་བཀྲལ་བ་མང་ཞེས་གསུངས་ཏེ་སྔ་མ་ནི་ཐུན་མོང་བ་དང་། ཕྱི་མ་ཐུན་མོང་མ་ཡིན་པའི་དབང་དུ་མཛད་པ་ཡིན་ལ། སྐབས་འདིར་ནི་སྔ་མ་ལྟར་རོ། །དེ་ནི་སྟོང་ཉིད་རྟོགས་པའི་ཞི་ལྷག་ལྟ་བུ་ལ་གནས་ནས་དེའི་མཇུག་དེ་མ་ཐག་མཉམ་གཞག་གི་རྩེ་མ་ཡལ་བའི་ངང་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བྲལ་འདོད་ཙམ་མ་ཡིན་པར། སྐྱབས་འདོད་ཀྱི་སྙིང་རྗེ་ཆེན་པོ་སྐྱེས་པ་ཞིག་དགོས་ཀྱང་། དེ་མིན་གཞི་བདག་གམ་སེམས་ཅན་ནམ་ཕུང་པོ་སོགས་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་པའི་མཐར་དེ་ལྟར་རང་བཞིན་སྟོང་ཡང་སྒྱུ་མ་བཞིན་དུ་སྣང་བའི་སེམས་ཅན་ལ་དམིགས་ནས་སྐྱེས་པའི་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་བྱའོ། །དེའི་ཚེ་སྙིང་རྗེ་དེས་སེམས་ཅན་བདེན་མེད་དུ་རྟོགས་པར་མི་འཇོག་ཀྱང་སེམས་ཅན་བདེན་མེད་ཀྱི་རྣམ་པ་ཅན་དུ་ཤར་བར་འཇོག་གོ །སྙིང་རྗེ་ཆེན་པོ་ནི་ཐོག་ཐ་བར་གསུམ་དུ་གལ་ཆེ་ཞིང་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུར་བཤད་ཅིང་། སེམས་བསྐྱེད་སྐྱེ་བ་དང་གནས་པ་དང་གོང་འཕེལ་དུ་བྱེད་པས་སྤྱོད་པ་ཁྱད་པར་ཅན་གྱི་རྟེན་ཡང་བྱེད་དོ། །སྙིང་རྗེ་ལ་རིགས་གསུམ་ཡོད་ཀྱང་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་གཞན་གཉིས་ལས་ཁྱད་པར་དུ་འཕགས་ཤིང་། དམིགས་མེད་བརྩེ་བའི་གཏེར་ཆེན་ཞེས་པའང་སྙིང་རྗེ་དེ་ལྟ་བུ་ལ་དགོངས་སོ། །ཕར་ཕྱིན་གྱི་གཞུང་ཆེ་བ་རྣམས་ཀྱི་སྐབས་དུ་མར། སྟོང་ཉིད་རྟོགས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་གཉིས་ཀྱིས་ཟིན་པའི་ཡེ་ཤེས་ཞེས་འབྱུང་བ་ཕལ་ཆེར་ནི། མཉམ་གཞག་ཁྱད་པར་ཅན་གྱི་ངང་ནས་སྟོང་ཉིད་རྟོགས་པ་དང་། དེའི་ཤུགས་སམ་རྩེ་མ་ཡལ་བའི་སྙིང་རྗེ་ཆེན་པོས་ཟིན་པ་ལ་དགོངས་ཤིང་། འགའ་ཞིག་ནི་སྟོང་ཉིད་རྟོགས་པ་ཙམ་དང་སྙིང་རྗེ་ཆེན་པོ་སྤྱིའི་དབང་དུ་མཛད་དོ། །ཟིན་པའི་དོན་ལ་དངོས་སུ་ཟིན་པ་དང་རྩེ་མ་ཡལ་བར་ཟིན་པ་དང་བརྒྱུད་ནས་ཟིན་པ་གསུམ་སྟེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ལྟ་བུ་ནི་སྟོང་ཉིད་རྟོགས་པའི་ལྟ་བས་དངོས་སུ་ཟིན་པ་ཡིན་ལ། བྱང་འཕགས་ཀྱི་སྙིང་རྗེ་ལ་ལྟ་བས་དངོས་སུ་ཟིན་མ་ཟིན་གཉིས་དང་། སོ་སྐྱེའི་སྙིང་རྗེའི་ལྟ་བུ་ལ་ལྟ་བའི་ཤུགས་མ་ཡལ་བར་ཟིན་པ་འགའ་ཞིག་ཡོད་ཀྱང་། ཕལ་ཆེར་བརྒྱུད་ནས་ཟིན་པ་ཙམ་སྟེ། ལྟ་བ་དང་སྙིང་རྗེ་ལྷན་གཅིག་ཏུ་ཚོགས་དཀའ་བའི་ཕྱིར་རོ། །སྔར་སེམས་བསྐྱེད་པ་ཉམས་ནས་དམན་པའི་ལམ་དུ་གྱུར་པ་རྣམས་ནི་སེམས་བསྐྱེད་ཀྱིས་ཟིན་པར་འཇོག་མི་ནུས་ཀྱང་། སྟོང་ཉིད་ཀྱི་ལྟ་བ་ལས་ཉམས་ཞེས་པའི་ཐ་སྙད་དངོས་སུ་གསུངས་པ་མ་མཐོང་བས། སྟོང་ཉིད་རྟོགས་པ་སྔོན་དུ་སོང་བ་ཙམ་གྱི་སེམས་བསྐྱེད་སོགས་ནི་ལྟ་བ་དེས་ཟིན་པར་འཇོག་པའམ། ཡང་ན་ཉམས་མ་ཉམས་ཀྱི་ཁྱད་པར་ཕྱེ་ནས་ཁས་བླང་བར་བྱའོ། །ལྟ་བས་དངོས་སུ་ཟིན་པ་ནི་ལྟ་བ་དང་ལྷན་ཅིག་ཚོགས་དགོས་པར་བཤད་པ་ཡོད་ཀྱང་། ལྟ་བའི་རྩེ་མ་ཡལ་བ་ལ་ལྟ་བས་དངོས་སུ་ཟིན་པར་འཇོག་པའི་སྐབས་ནི་ཡོད་པར་མངོན་ཏེ། མཉམ་གཞག་དངོས་གཞི་ལས་ལངས་མ་ཐག་པའི་སྐབས་འགའ་ཞིག་ལྟ་བུའོ། །རྒྱལ་ཚབ་རིན་པོ་ཆེས་ཕར་ཕྱིན་ཊིཀྐར། སེམས་བསྐྱེད་རྣམ་མཁྱེན་དྲན་པའི་འདུན་པ་དུ་རེ་བ་ཡོད་པས་ཚེ་དེས་དངོས་སུ་ཟིན་པ་དང་། མེད་པའི་དུས་སུ་དེས་དངོས་སུ་མ་ཟིན་པར་བཤད་པ་ཡང་ལྷན་ཅིག་དངོས་སུ་ཚོགས་མ་ཚོགས་ཀྱི་དབང་དུ་མཛད་པ་སྟེ། ཟིན་བྱ་གང་ཡིན་ཟིན་བྱེད་དེ་དང་དེ་དངོས་སུ་ཟིན་མ་ཟིན་པའི་ཁྱད་པར་ཅུང་དབྱེ་དཀའོ། །སོ་སྐྱེའི་སྟོང་ཉིད་རྟོགས་པའི་བློ་གཅིག་ཉིད་ཀྱིས་སྟོང་ཉིད་དང་ཀུན་རྫོབ་ཅིག་ཅར་དུ་རྟོགས་པར་བཞག་དཀའ་ཡང་། སྟོང་ཉིད་རྟོགས་པའི་ཚེ་བློ་ཟུར་བ་ཞིག་གིས་ནི་ཀུན་རྫོབ་རྟོགས་པ་ལ་འགའ་བ་མེད་དེ། རང་བཞིན་གྱིས་སྟོང་པ་རྟེན་འབྲེལ་གྱི་དོན་དུ་གོ་བའི་གང་ཟག་གིས་མྱུ་གུ་རང་བཞིན་མེད་པར་རྟོགས་པའི་བློ་དེ་ཉིད་ཀྱིས་མྱུ་གུ་རྟེན་འབྲེལ་ཡིན་པ་ལ་ངེས་པ་འདྲེན་ནུས་པ་དང་། རྟེན་འབྲེལ་ཡིན་པར་གོ་བའི་བློ་ཉིད་ཀྱིས་རང་བཞིན་མེད་པ་ལ་ངེས་པ་འདྲེན་ནུས་པར་བཤད་པའི་ཕྱིར་རོ། །བློ་གཅིག་གིས་དེ་ལྟར་ངེས་པ་འདྲེན་ནུས་ཀྱང་བློ་གཉིས་སོ་སོ་བར་མངོན་ཏེ། ངེས་ཤེས་ནི་བློ་སྔ་མའི་སྟོབས་ཀྱིས་འདྲེན་པའི་ཕྱིར་རོ། །དེར་མ་ཟད་སོ་སྐྱེས་སྟོང་ཉིད་ལ་དཔྱད་སྒོམ་བྱེད་པའི་ཚེ་ངེས་དོན་ཀུན་རྫོབ་ཀྱི་སྣང་བ་མེད་པས་ཐེག་ཆེན་སེམས་བསྐྱེད་དང་སྙིང་རྗེ་ལྟ་བུ་མེད་ཀྱང་། དེའི་དུས་སུ་རྒྱུད་ལ་དེ་དག་ཡོད་པ་མི་འགལ་ཏེ་གཉིད་ཀྱི་དུས་སུ་དེ་དག་ཡོད་པ་འདོད་དགོས་པ་ལྟ་བུའོ། །གཞན་ཡང་བཀའ་བརྒྱུད་པ་སོགས་ཀྱི་ལུགས་ལ་ཕྱག་རྒྱ་ཆེན་པོ་ཞེས་ཉམས་ལེན་གྱི་སྙིང་པོར་མཛད་པའི་ཕྱག་ཆེན་དེ་ནི་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ལྟར་ན་སྟོང་ཉིད་རྟོགས་པའི་ལྟ་བ་སྒོམ་པ་ཡིན་ལ། དེ་ལ་ཡང་དཔྱད་སྒོམ་འཇོག་སྒོམ་གཉིས་དང་། འཇོག་སྒོམ་ལ་ཞི་ལྷག་གི་ཕྱོགས་གཉིས་ཡོད་ཅིང་། ལྷག་མཐོང་ལ་ནི་དཔྱད་སྒོམ་ཀྱང་ཡོད་དོ། །སྤྱིར་ཉམས་སུ་ལེན་པའི་རིམ་པ་ཁྱད་པར་བ་ནི། རྗེ་དགེ་འདུན་རྒྱ་མཚོའི་གསུང་མགུར་ལས། ནམ་འཆི་ངེས་མེད་བསམ་པ། །ཉམས་ལེན་གྱི་བསྐུལ་མ་རུ་འདུག་པ། །བྱམས་དང་སྙིང་རྗེ་སྒོམ་པ། །ཉམས་ལེན་གྱི་སྣ་འདྲེན་དུ་བྱས་སོ། །བྱང་ཆུབ་སེམས་གཉིས་སྒོམ་པ། །ཉམས་ལེན་གྱི་དངོས་གཞི་རུ་འདུག་པ། །དགེ་རྩ་དམིགས་མེད་ཀྱི་ངང་ནས། །སེམས་ཅན་ཐམས་ཅད་ལ་བསྔོ་བ། །ཉམས་ལེན་གྱི་མཇུག་སྡུད་དུ་བྱས་སོ། །ཞེས་གསུངས་པ་ལྟར་ཡིན་ལ། གཞན་ཡང་། ཆོས་ཐམས་ཅད་རང་རང་གདགས་གཞི་ལ། །ཕར་རྟོག་པས་བཏགས་ཙམ་ཁོ་ན་ལས། །དོན་ཡུལ་གྱི་སྟེང་ནས་མ་གྲུབ་པའི། །དཔལ་འཕགས་པ་ཡབ་སྲས་བཞེད་པའི་དོན། །ཞེས་པ་ནས། དོན་རྗེན་པ་ཉིད་དུ་ལྷང་གིས་རྟོགས། །ཆོས་གང་ཤར་འབད་རྩོལ་མ་དགོས་པར། །རང་ངོ་བོས་སྟོང་བར་ལམ་ལ མ་ཤར། །རྗེས་མིང་ཙམ་སྒྱུ་མའི་རྟེན་འབྲེལ་ལ། །ལར་བྱ་བྱེད་ཐམས་ཅད་འཐད་ཤེས་པས། །ཉམས་ང་བ་ཆད་ལྟའི་གཡང་ལས་གྲོལ། །ཞེས་དང་། ཆོས་རྣམས་ཀུན་གྱི་གདོད་མའི་གཤིས་ཡ། །རང་བཞིན་སྟོང་པ་དེའོ་དེ་ཡིན་ནོ། །འཁོར་འདས་ཐམས་ཅད་རྣམ་རྟོག་གི་རི་མོ། །ཐ་སྙད་རྟེན་བྲལ་དེའོ་དེ་ཡིན་ནོ། །བདག་པས་གཞན་ཅེས་བྱང་ཆུབ་སེམས་། །ཐེག་ཆེན་འཇུག་སྒོ་དེའོ་དེ་ཡིན་ནོ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ། ཆོས་ཀྱི་ཉིང་ཁུ་དེའོ་དེ་ཡིན་ནོ། །ཕྱིན་དྲུག་གི་ཉམས་ལེན་འདི་། །རྒྱལ་སྲས་ཀྱི་སྤྱོད་པ་དེའོ་དེ་ཡིན་ནོ། །འཁྲུལ་མེད་ཀྱི་བསྐྱེད་རྫོགས་ཉམས་ལེན། །ཟབ་ལམ་མཐར་ཐུག་དེའོ་དེ་ཡིན་ནོ། །ཞེས་གསུངས། ཁྱད་པར་དུ་ཡོད་མེད་ཀྱི་མཐའ་གཉིས་བསལ་ནས་སྣང་སྟོང་ཟུང་འབྲེལ་ལ་ངེས་པ་འདྲེན་ཚུལ་ནི། པཎ་ཆེན་རིན་པོ་ཆེའི་གསུང་མགུར་ལས། དབྱིངས་སྤྲོས་བྲལ་གདོད་ནས་དག་པ་དང་། །ལས་རྒྱུ་འབྲས་བསླུ་བ་མེད་པ་ཡི། །ཡུལ་སྣང་སྟོང་རེས་འཇོག་མ་ཡིན་པའི། །དོན་ཟུང་འཇུག་མཐའ་བྲལ་དབུ་མའི་ལམ། །ལམ་འདི་འདྲ་རྙེད་པ་བླ་མའི་དྲིན། །ཞེས་དང་། ཆོས་ཅན་ཀུན་བལྟས་པས་སྒྱུ་མ་ཙམ། །ཆོས་ཉིད་ལ་བལྟས་ཀྱང་ཅང་མ་མཐོང་། །སྒྱུ་མ་དང་སྟོང་པ་ཟུང་འབྲེལ་ལམ། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །ཨ་ལ་ལ་ཡོད་མེད་ཀྱི་མཐའ་དང་བྲལ། །མཐའ་བྲལ་གྱི་དབྱིངས་སུ་མཉམ་པར་གཞོག །ཆོས་ཉིད་ལ་བལྟས་པས་ཆོས་ཅན་བཀྲ། །ཆོས་ཅན་ལ་དཔྱད་པས་སྟོང་པར་བྲོས། །སྣང་སྟོང་གཉིས་རེས་འཇོག་མི་བྱེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །དོན་དམ་གྱི་རྒྱུ་འབྲས་བསླུ་མེད་བསྟན། །ཀུན་རྫོབ་ཀྱིས་དོན་དམ་རང་ཞལ་ཕྱེ། །བདེན་གཉིས་ཀྱི་རང་བཞིན་དབྱེར་མེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །དོན་དམ་གྱི་དབྱིངས་ལ་དཔྱད་པའི་ཚེ། །རྟེན་འབྲེལ་གྱི་མིང་ཡང་མེད་པ་དང་། །སྟོང་པ་དང་རྟེན་འབྲེལ་ཟུང་འཇུག་འདི། །འགལ་མེད་དུ་བླ་མའི་དྲིན་གྱིས་ཤེས། །ཟུང་འཇུག་འདི་བླ་མའི་དྲིན་གྱི་རྙེད། །འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ། །བདེན་མེད་དུ་ཤེས་པས་བདེན་པ་གོ །བདེན་གཉིས་ཀྱིི་རང་བཞིན་དབྱེར་མེད་པའི། །ཟུང་འཇུག་འདི་བླ་མའི་དྲིན་གྱིས་རྙེད། །མིང་རྐྱང་གི་ཆོས་རྣམས་བདེན་པས་སྟོང་། །བདེན་སྟོང་ཀུན་རྒྱུ་འབྲས་རོལ་པར་ཤར། །སྟོང་པ་དང་རྒྱུ་འབྲས་དབྱེར་མེད་ལམ། །ཨེ་མ་ཧོ་བླ་མའི་དྲིན་གྱི་རྙེད། །ཨ་ལ་ལ་རྟག་ཆད་ཀྱི་གཡང་ལས་གྲོལ། །ཞེས་གསུངས་ཏེ། འདི་ནི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་ཀྱི་སྣང་བས་ཡོད་མཐའ་དང་། །སྟོང་པས་མེད་མཐའ་སེལ་ཚུལ་ལེགས་པར་དགོངས་པའི་ཉམས་མགུར་རོ། །ཡང་དེ་ཉིད་ཀྱིས། ཡེ་གདོད་ནས་ཅི་ཡང་མ་གྲུབ་པས། །ཡུལ་བདག་མེད་རྟོགས་པའི་ངེས་ཤེས་ཀྱིས། །ལས་རྒྱུ་འབྲས་བསླུ་བ་མེད་པར་རྟོགས། །ད་ཆད་པའི་གཡང་ལ་ཉམ་ང་མེད། །ཡང་རྟེན་ནས་འབྱུང་བའི་ཆོས་རྣམས་ཀུན། །སྣང་ཙམ་གྱིས་སྒྱུ་མའི་རོལ་བར་མཐོང་། །དེ་མཐོང་བས་ཨ་འཐས་འཆིང་བ་ཞིག །དོན་དེ་ཕྱིར་རྟག་པའི་མཐའ་ལས་གྲོལ། །ང་སྟོང་ཉིད་ནམ་མཁའི་རྣལ་འབྱོར་བ། །ཡུལ་གང་ཤར་རྫུན་པའི་རྒྱས་ཐེབས་པས། །ཁོང་བདེན་པར་འཛིན་པའི་ཆོམ་རྐུན་པོ། །གཞི་སྐྱེ་མེད་གདོད་མའི་དབྱིངས་སུ་བྲོས། །ལར་འཁོར་འདས་ཆོས་རྣམས་མ་ལུས་པ། །མིང་བཏགས་ཡོད་ཙམ་གི་རོལ་པ་ལས། །དབྱིངས་ངོ་བོ་ཅི་ཡང་མ་མཆིས་པས། །ད་སྐྱེ་འཆི་གཉིས་ལ་ཉམ་ང་མེད། །སྔར་དལ་མེད་འཁྱམས་པའི་ངལ་གསོའི་གནས། །ཆོས་སྟོང་ཉིད་བདུད་རྩིའི་སྙིང་པོ་རྙེད། །འདི་བསམས་ཤིང་རྗེ་བཙུན་བླ་མའི་དྲིན། དྲིན་ཆེ་བར་ངེས་སོ་བླ་མ་རྗེ། །ང་བློ་བཟང་རྒྱལ་བ་གཉིས་པའི་སྲས། །ཞེས་གསུངས་སོ། །ཞེས་པ་འདི་ཡང་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་དད་པས་བསྒྲིགས་པའི་ཚེ། པར་གྱི་ཡི་གེ་པ་ནི་དད་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་ཁྲུ་ཤིའི་དགེ་སློང་རི་ཁྲོད་པ་ཀུན་དགའ་ནོར་བུའོ། །།།སརྦམདྒ་ལམ།།

འཕགས་པ་འདའ་ཀ་ཡེ་ཤེས་དང་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་གཉིས་ཀྱི་འགྲེལ་བ།

འཕགས་པ་འདའ་ཀ་ཡེ་ཤེས་དང་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་གཉིས་ཀྱི་འགྲེལ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། གསེར་མངལ་ཅན་དང་མགྲིན་སྔོན་མིག་སྟོང་ལྡན། །པད་དཀར་མིག་དང་པདྨོའི་གཉེན་ལ་སོགས། །སྲིད་ན་དྲེགས་པའི་གྲགས་ལྡན་ཀུན་གྱིས་ཀྱང་། །ཞབས་པད་གཙུག་བསྟེན་ཐུབ་པའི་དབང་བོར་འདུད། །འདིར་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་དང་། དགེ་སློང་དག་ལ་འཆི་བའི་དུས་སུ་འདུ་ཤེས་བསྒོམ་ཚུལ་གྱི་གཞུང་གཉིས་གསུངས་ཤིང་། དེ་ཡང་འཕགས་པ་འདའ་ཀ་ཡེ་ཤེས་དང་། འདུ་ཤེས་བཅུ་གཅིག་བསྟན་པའི་མདོའོ། །དང་པོ་ནི། གཙོ་ཆེར་བྱང་ཆུབ་སེམས་དཔའི་དབང་དུ་མཛད་ཀྱང་གཞན་གྱིས་ཀྱང་ཉམས་སུ་བླང་བར་བྱ་སྟེ། །དེ་ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་འོག་མིན་ལྷའི་རྒྱལ་བོའི་ཁང་བཟང་ན་བཞུགས་ཏེ་འཁོར་ཐམས་ཅད་ལ་ཆོས་སྟོན་པ་དང་ཞེས་པ་ནི་གླེང་གཞིའོ། །དུས་ནི་བཅོམ་ལྡན་འདས་ཡུམ་ཆེན་ལྷར་སྐྱེས་པ་བདེན་པ་ལ་འགོད་པའི་ཆེད་དུ་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་སུ་བྱོན་པའི་ཚེ་ཡིན་པར་འགའ་ཞིག་ལས་བཤད་ཅིང་། གཞུང་འདིས་བསྟན་པའི་འོག་མིན་ནི་གཟུགས་ཁམས་གནས་རིགས་བཅུ་བདུན་ནང་གི་ལྟག་མ་དེའམ། དེའི་གོང་ན་འོག་མིན་སྟུགས་པོ་བཀོད་པ་ཞེས་བྱ་ཞིག་ཡོད་པར་བཤད་པ་དེ་གཉིས་གང་ཡིན་འདིར་མི་གསལ་ཡང་། འདིའི་རྒྱ་འགྲེལ་གཉིས་ཀྱི་གཅིག་ལས། སྟོན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། འཁོར་བྱང་ཆུབ་སེམས་དཔའ་འབབ་ཞིག་ཡིན་ཞེས་འབྱུང་བ་ལྟར་ན་ནི་ཕྱི་མར་སྣང་ལ། གཅིག་ལས་ནི་འོག་མིན་སྟུགས་པོ་བཀོད་པར་གསལ་བར་བཤད་དོ། །ཞུ་བ་པོ་ནི་འཕགས་པ་ནམ་མཁའི་སྙིང་པོ་སྟེ། དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དོན་གང་ཞིག་ཇི་ལྟར་ཞུས་པ་ནི། བཅོམ་ལྡན་འདས་ཞེས་བོས་ནས། བྱང་ཆུབ་སེམས་དཔའ་ནམ་འཆི་ཀ་མའི་ཚེ་སེམས་ཇི་ལྟར་བལྟ་བར་བགྱི་ཞེས་སྤྱིར་བསྡུས་ནས་ཞུས་སོ། །ཞུས་པའི་ལན་ལ་བཅོམ་ལྡན་འདས་ཀྱིས་ནམ་མཁའི་སྙིང་བོ་ཞེས་བོས་ནས་བྱང་ཆུབ་སེམས་དཔའ་ནམ་འཆི་བའི་ཚེ། འདའ་ཀ་ཡེ་ཤེས་བསྒོམ་པར་བྱའོ་མིང་གི་སྒོ་ནས་བསྡུས་ཏེ་བསྟན་ནས། དེ་ལ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ནི་ཞེས་སོགས་ཀྱིས་རྒྱས་པར་བཤད་ཅིང་། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ་ཞེས་སོགས་ཀྱིས་སླར་དོན་བསྡུས་ནས་གསུངས་སོ། །རྒྱས་བཤད་ཀྱི་དོན་ལ་བཞི་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་བསྒོམ་པ། དེ་ལྟ་ནའང་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྒོམ་པ། འདོད་པའི་དངོས་པོ་ལ་མི་ཆགས་པར་བསྒོམ་པ། སེམས་ཀྱི་རང་བཞིན་ཤེས་པའི་ཡེ་ཤེས་སངས་རྒྱས་འབྱུང་བར་བཤད་པའོ། །དང་པོ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན་དངོས་པོ་མེད་པའི་འདུ་ཤེས་བསྒོམ་པར་བྱའོ་ཞེས་པ་སྟེ། འདིའི་དོན་རྒྱས་པར་འཆད་ན་དབུ་མའི་ལུང་དང་རིགས་པས་ཕུང་སོགས་ཀྱི་ཆོས་རྣམས་རང་བཞིན་མེད་པའི་ཚུལ་གཏན་ལ་འབེབ་དགོས་པར་སྣང་ཡང་འདིར་བསྡུས་པ་ཞིག་འཆད་པ་ཡིན་པས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་བརྟེན་ནས་འབྱུང་བ་དང་རྟེན་ནས་བཏགས་པ་ཡིན་པའི་ཕྱིར་བཏགས་དོན་བཙལ་ན་མི་རྙེད་པའི་རང་བཞིན་གྱིས་གྲུབ་པས་རྣམ་པར་དག་ལ། དེ་ལྟར་རྣམ་པར་དག་པས་ཆོས་ཐམས་ཅད་བདེན་པར་གྲུབ་པའི་དངོས་པོ་མེད་པར་རྟོགས་པའི་འདུ་ཤེས་ཏེ་ཡེ་ཤེས་རབ་ཏུ་བསྒོམ་པར་བྱའོ་ཞེས་སོ། །མདོར་ན་འདིས་བདེན་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་བཤད་ནས་སྟོང་ཉིད་བསྒོམ་པར་བསྟན་ཏོ། །དེ་ཡང་སེམས་ལ་སོགས་པ་བརྟེན་ནས་འབྱུང་བའི་ཆོས་རྣམས་གདོད་མ་ནས་རང་བཞིན་གྱིས་མ་སྐྱེས་པའི་སྟོང་བར་བཤད་པ་ཡིན་ཏེ། །མ་དྲོས་པས་ཞུས་པས་མདོ་ལས། །གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་བར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་། འཇུག་པ་ལས། གདོད་ནས་ཞི་ཞིང་སྐྱེ་བྲལ་རང་བཞིན་གྱིས། ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུ་པས་ན་སྙིང་རྗེ་ཆེན་པོའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ་ཞེས་པ་སྟེ། སེམས་ལ་སོགས་པའི་ཆོས་རྣམས་སྔར་བཤད་པ་ལྟར་རང་བཞིན་གྱིས་མེད་ཀྱང་། ཐ་སྙད་དུ་བྱ་བྱེད་ཀྱི་རྣམ་གཞག་ཐམས་ཅད་འཐད་པས། བྱང་ཆུབ་སེམས་དཔའ་འཆི་བའི་དུས་ཀྱི་མཚོན་ཏེ། ཐེག་ཆེན་གྱི་དཀར་ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་སུ་འདུ་བ་སྟེ་རག་ལས་པས་སེམས་དེ་བསྐྱེད་པ་དང་། རང་བཞིན་མེད་པར་རྟོགས་པའི་ལྟ་བས་ཟིན་པའི་སྒོ་ནས་སེམས་ཅན་རྣམས་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པར་འདོད་པའི་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོའི་འདུ་ཤེས་བསྒོམ་པར་བྱའོ་ཞེས་པ་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཞེས་པ་དེ་བསྒོམ་པར་བཤད་པའོ། །གསུམ་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་ཤིང་འོད་གསལ་བས་ན་དངོས་པོ་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་བསྒོམས་པར་བྱའོ་ཞེས་པ་སྟེ། སེམས་ལ་སོགས་པ་ཆོས་ཐམས་ཅད་སྔར་བཤད་པ་ལྟར་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མི་དམིགས་ཤིང་ནམ་མཁའ་གཡའ་དག་པ་ལྟར་སྟོང་སང་འོད་གསལ་བའོ། །དཔེར་ན། ནམ་མཁའ་ཐོགས་བཅས་བཀག་ཙམ་གྱི་སྟོང་ཆ་ལ་འཛག་པ་ལྟར་སེམས་སོགས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དེ་དག་དགག་བྱ་རང་བཞིན་གྱིས་གྲུབ་པ་རྣམ་པར་བཅད་ཙམ་ལ་འཇོག་གོ །རྒྱུ་མཚན་དེའི་ཕྱིར་ན་སེམས་དང་ཡོ་བྱད་ལ་སོགས་པའི་ཆོས་ཀྱི་དངོས་པོ་ཅི་ལ་ཡང་བདེན་ཞེན་གྱིས་ཆགས་པའི་འདུ་ཤེས་སྤངས་ནས་ཆགས་མེད་བདེན་སྟོང་གི་འདུ་ཤེས་བསྒོམ་པར་བྱའོ། །འདིར་སྟོང་ཉིད་བསྒོམ་པའི་དབང་དུ་བྱས་ནས་དེ་ལྟར་བཤད་ཀྱི། འདིའི་རྒྱ་འགྲེལ་ཞིག་ཏུ་དངོས་པོ་ཐམས་ཅད་མི་རྟག་པས་ན་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ་ཞེས་འབྱུང་བ་ལྟར་ན་སྤྱིར་འདུས་བྱས་ཐམས་ཅད་མི་རྟག་ཅིང་ཁྱད་པར་དུ་རང་ལ་དབང་དང་རང་གིས་བསགས་པའི་ཡོ་བྱད་ཀྱི་དངོས་པོ་རྣམས་མི་རྟག་ཅིང་འཛད་པའི་ཆོས་ཅན་ཡིན་པའི་ཕྱིར་ཆགས་ཞེན་མི་བྱ་བར་བཤད་པ་ལྟར་ཡང་རུང་སྟེ། འོན་ཀྱང་གཞུང་འདིའི་དངོས་བསྟན་ནི་སྔ་མ་ལྟར་རོ་སྙམ་མོ། །བཞི་པ་ནི། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་བསྒོམ་པར་བྱའོ་ཞེས་པ་སྟེ། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན་ཞེས་པ་འདི་ལ་དོན་འཆད་ཚུལ་མི་འདྲ་བ་འགའ་རེ་མཐོང་སྟེ། སྔ་མ་ཁ་ཅིག་རང་གི་སེམས་ཀྱི་ངོ་བོ་གསལ་ཞིང་རིག་པ་ཙམ་མཐོང་བ་བཤད་པ་དང་། ཁ་ཅིག སེམས་དུས་སྐད་ཅིག་གཉིས་པར་མི་སྡོད་པའི་སྐྱེ་འགག་བྱེད་ཚུལ་མཐོང་བ་ལ་འདོད་པ་དང་། ཁ་ཅིག སེམས་རང་ཡལ་དུ་སོང་བའི་སྟོང་པའི་ངོ་བོ་མཐོང་བ་དང་། ཁ་ཅིག་སེམས་ཁ་དོག་དང་དབྱིབས་སུ་མ་གྲུབ་པར་མཐོང་བ་དང་། ཁ་ཅིག་ཕྱི་རོལ་གྱི་དོན་ནི་མེད་ཀྱི་སྣང་བ་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་མཐོང་བར་འདོད་པ་དང་། གཞན་དག་སེམས་རང་བཞིན་གྱིས་སྟོང་པར་མཐོང་བ་ལ་འདོད་པ་སོགས་མང་དུ་སྣང་ཡང་། གཙོ་བོ་ནི་ཕྱི་མ་ལྟར་ཡིན་ཏེ། འདུས་པའི་རྩ་རྒྱུད་ལས། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་བ་ཉིད་ཀྱི་རང་བཞིན་ནོ། །ཞེས་དང་། བརྒྱད་སྟོང་བ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་པའི་དོན་པཎ་ཆེན་རིན་པོ་ཆེའི་ཕྱག་ཆེན་འགྲེལ་བར། སེམས་ལ་རང་བཞིན་གྱིས་གྲུབ་པའི་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའི་སྟོང་པ་ཉིད་དོ་ཞེས་གསུངས་ཤིང་། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ་ཞེས་སོགས་དང་། རྗེ་མར་པས། གཞི་ཆོས་ཉིད་སྐྱེ་བ་མེད་པ་རྟོགས། སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། ཞེས་སོགས་ལྟ་བུ་མང་ངོ་། །དེ་ལྟ་སེམས་རང་བཞིན་གྱིས་སྟོང་པར་རྟོགས་ནས་དྲི་མ་དག་པའི་སེམས་ཀྱི་རྒྱུན་ལས་འབྲས་བུ་སངས་རྒྱས་ཀྱི་ཡེེ་ཤེས་ཐོབ་པར་འགྱུར་བ་ཡིན་གྱི། རང་གིས་སེམས་ལ་མ་བལྟོས་པར་ཐོབ་རྒྱུའི་སངས་རྒྱས་ཞིག་གཞན་ལས་ལོགས་སུ་བཙལ་ཀྱང་མི་རྙེད་དོ། །དེ་ལྟར་ཡང་ལང་དཀར་གཤེགས་པ་ལས། རྟོག་པ་སྤངས་པའི་སེམས་ཉིད་ནི། །ཡིད་ཀྱི་རྣམ་ཤེས་བཟློག་པ་སྟེ། །ཆོས་རྣམས་ཐམས་ཅད་ཤེས་པའི་ཕྱིར། །སེམས་ནི་སངས་རྒྱས་ཞེས་ངས་འཆད། །ཅེས་གསུངས་ཤིང་། འོག་ཏུ་སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་འབྱུང་བ་ལས་གསལ་ལོ། །དེ་ནས་འཇུག་བསྡུ་ནི། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ་ཞེས་མཚམས་སྦྱར་ནས། སྔར་རྒྱས་པར་བཤད་པའི་དོན་བཞི་བསྡུས་ཏེ་འཆད་པ་ནི། ཆོས་རྣམས་རང་བཞིན་རྣམ་དག་པས། །དངོས་པོ་མེད་པའི་འདུ་ཤེས་བསྒོམ། །བྱང་ཆུབ་སེམས་དང་རབ་ལྡན་པས། །སྙིང་རྗེ་ཆེན་པོའི་འདུ་ཤེས་བསྒོམ། །རང་བཞིན་མི་དམིགས་འོད་གསལ་བས། །དངོས་པོ་ཅི་ལའང་མི་ཆགས་བསྒོམ། །སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཞེས་གསུངས་ཏེ་དོན་ནི་སྔར་བཤད་པ་ལྟར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་བ་དང་། ཞེས་པ་ནས། མངོན་པར་བསྟོད་དོ། །ཞེས་པའི་བར་ཏེ་སླའོ། །ཆོས་བཞི་བོ་འདི་དག་ནི་བྱང་སེམས་ཀྱི་འཆི་བའི་དུས་སུ་བསྒོམས་ན་ལྷག་པར་ཕན་ཆེ་བ་ལ་དགོངས་པ་སྟེ། གཞན་དུ་ན་གསོན་པའི་དུས་ཀྱི་ཉམས་ལེན་གྱི་གཙོ་བོར་སྣང་ངོ་། །འདའ་ཀ་ཡེ་ཤེས་ཞེས་པ་ནི་སྔར་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་ལ་དེའི་ཐ་སྙད་མཛད་པར་བཤད་དོ། །ཡང་ན་འདའ་ཀ་ནི་འཆི་ཁ་མའི་དུས་ཀྱི་ཉམས་སུ་ལེན་རྒྱུའི་ཡེ་ཤེས་སྔར་བཤད་པ་བཞི་བརྗོད་སྦྱར་སྟོན་པ་ལ་བྱའོ། །༈ གཉིས་པ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོའི་དོན་འཆད་པ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ན་གྱད་ཀྱི་ཤིང་སཱ་ལ་ཟུང་གི་ཚལ་ར་བ་ན་བཞུགས་ཏེ། ཞེས་པ་ནི་གནས་སྟོན་པ་སྟེ། རྩྭ་མཆོག་གྲོང་དུ་གྱང་ཀྱི་ཀུན་དགའ་ར་བ་ཤིང་སཱ་ལའི་སྡོང་པོ་གཉིས་ཡོད་པའི་ཚལ་ན་བཅོམ་ལྡན་འདས་བཞུགས་ཤིང་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པའི་དུས་ཀྱི་ཚེ། དགེ་སློང་མང་པོ་འདུས་པ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཅེས་བོས་ནས་ཁྱེད་ཅག་རྣམས་གང་ནམ་འཆི་བའི་དུས་ཀྱི་ཚེ་འདུ་ཤེས་བཅུ་གཅིག་པོ་འདི་དག་བསྒོམས་པ་མངོན་དུ་བྱའོ་ཞེས་མདོར་བསྟན་ནས། དེ་ཉིད་རྒྱས་པར་འཆད་པ་ལ་བཅུ་གཅིག་པོ་གང་ཡིན་ཞེ་ན། འདི་ལ་མ་ཆགས་པའི་འདུ་ཤེས་དང་ཞེས་པ་ནས། མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་པའི་འདུ་ཤེས་མངོན་དུ་བྱའོ། །ཞེས་པའི་བར་གསུངས་ཏེ། དོན་བསྡུས་དེ་བཤད་ན་བཅུ་པོ་འདི་ལ་དང་པོ་ཟང་ཟིང་གི་དངོས་པོ་རྣམས་དང་རང་གི་ཡོ་བྱད་ལམ་ཆགས་པའི་འདུ་ཤེས་དང་། གཉིས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས་དེ་རྣམས་བདེ་བ་དང་ལྡན་པར་གྱུར་ཅིག །ལྡན་ན་ཅི་མ་རུང་། བདེ་བ་དང་ལྡན་པར་བྱའོ་སྙམ་པའི་བྱམས་པ་དང་། གསུམ་པ་གཞན་དང་འཁོན་འཛིན་བྱུང་བ་ཡོད་ན་ནི་འཁོར་དུ་འཛིན་པའི་སེམས་ཐམས་ཅད་ཡོངས་སུ་འདོར་བའི་འདུ་ཤེས་དང་། བཞི་པ་སྔར་མི་དགེ་བ་བཅུ་དང་རྩ་བཞིའི་ལྟུང་བ་བྱུང་སྟེ་ཚུལ་ཁྲིམས་འཆལ་བར་གྱུར་པའི་ཉེས་པ་ཡོད་ན་དེ་ཐམས་ཅད་དཀོན་མཆོག་གི་དྲུང་དུ་བཤགས་པ་དང་བཤགས་པར་བྱའོ་སྙམ་པའི་འདུ་ཤེས་དང་། ལྔ་པ་དགེ་བ་བཅུ་དང་རྩ་བ་བཞི་སྤོང་བ་ལ་སོགས་པའི་སྡོམ་པའི་ཚུལ་ཁྲིམས་ཐམས་ཅད་ད་ལྟ་ཡང་དག་པར་བླངས་ནས་བསྲུང་བར་བྱའོ་སྙམ་པའི་འདུ་ཤེས་དང་། དྲུག་པ་མཚམས་མེད་དང་རྩ་ལྷུང་ལ་སོགས་པ་ཉེས་པ་ཆེ་བ་དག་ལ་ཡང་བའི་འདུ་ཤེས་དང་། བདུན་པ་དགེ་རྩ་ཆུང་ངུ་ཞིག་བྱས་པ་དག་ལའང་འབྲས་བུ་ཆེ་བར་འབྱུང་བའི་འདུ་ཤེས་དང་། བརྒྱད་པ་འཇིག་རྟེན་ཕ་རོལ་དག་ལ་ཅི་ལྟར་འགྱུར་སྙམ་ནས་སྐྲགས་པའི་འཇིགས་པ་མེད་པ་དང་། དགུ་བ་བདག་ལྟ་ཅི་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱང་འཇིག་པ་འགྱུར་བའི་མི་རྟག་པའོ་སྙམ་པའི་འདུ་ཤེས་དང་། བཅུ་པ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱང་རང་དབང་གིས་གྲུབ་པའི་བདག་མེད་པའོ་སྙམ་པའི་འདུ་ཤེས་དང་། བཅུ་གཅིག་པ་ཉོན་མོངས་སྤངས་པའི་ཐར་བ་མྱ་ངན་ལས་འདས་པའི་གོ་འཕང་ནི་ཉེར་འཚེ་བྲལ་བའི་ཞི་བའོ། །སྙམ་པའི་འདུ་ཤེས་བསྒོམ་པ་མངོན་དུ་བྱའོ་ཞེས་པའོ། །གོང་དུ་འཆི་བའི་དུས་སུ་ཉེས་པ་ཆེན་པོ་ལ་ཆུང་བ་དང་ཡང་བའི་འདུ་ཤེས་དང་། དགེ་རྩ་ཆུང་ངུ་ལའང་ཆེ་བའི་འདུ་ཤེས་འཇོག་པར་གསུངས་པ་འདི་ལྟ་བུ་རང་ཅག་གིས་ཇི་ལྟ་བ་བཞིན་ཤེས་དཀའ་ཡང་། སངས་རྒྱས་ཀྱི་མཁྱེན་པ་ཚད་མར་བྱེད་དགོས་པས་གནད་ཆེ་བར་ཟུངས་ཤིག །འདི་རྣམས་དགེ་སློང་དུ་མ་ཟད་གང་ཟག་གཞན་གྱིས་ཀྱང་འཆི་བའི་དུས་སམ། དེའི་སྔོན་ནས་ཀྱང་ཉམས་སུ་བླང་ན་ཕན་ཡོན་ཤིན་ཏུ་ཆེ་སྟེ། བཅུ་པོ་འདིའི་ནང་དུ་ཐེག་པ་ཆེ་ཆུང་གཉིས་ཀྱི་ལམ་གྱི་སྙིང་པོའམ་གནད་མང་པོ་ཞིག་འདུས་པའི་ཕྱིར་རོ། །འདི་དག་ནི་འཆི་བའི་དུས་ཀྱི་གདམས་ངག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་པས་དེའི་ཚེ་དྲན་དགོས་ལ། འདི་ནང་གི་བྱམས་པ་བསྒོམ་པ་དང་། ཉེས་པ་བཤགས་པ་དང་། འདུས་བྱས་ཐམས་ཅད་མི་རྟག་པར་ལྟ་བ་དང་། ཆོས་ཐམས་ཅད་བདག་མེད་པར་ལྟ་བ་དང་། མྱ་ངན་ལས་འདས་པ་ཞི་བར་ལྟ་བ་རྣམས་ནི་དུས་རྒྱུན་ཏུ་བསྒོམ་དགོས་པའོ། །རྒྱལ་བས་བྱང་ཆུབ་སེམས་དཔའ་དང་། །དགེ་སློང་དག་ལ་འཆི་བའི་ཚེ། །ཉེར་མཁོ་ཕན་པའི་གདམས་ངག་མཆོག །དམ་ཆོས་སྙིང་པོ་འདི་གཉིས་བསྟན། །ཚུལ་འདི་མན་ངག་སྙིང་པོ་རུ། །མཐོང་བའི་དད་པས་ཡིད་དྲངས་ཏེ། །དགོངས་དོན་འགྲེལ་བ་ཉུང་ངུ་ཟུང་། །བཤད་སྒྲུབ་བདག་གིས་དད་པས་སྦྱར། །དེ་ལས་བྱུང་བའི་རྣམ་དཀར་དགེས། །ནམ་ཞིག་འཆི་འཕོའི་དུས་ཀྱི་ཚེ། །ལམ་བཟང་འདི་རྣམས་དྲན་བཞིན་དུ། །ཤི་འཕོས་དག་ཞིང་སྐྱེ་བ་དང་། མྱུར་དུ་སངས་རྒྱས་ཐོབ་གྱུར་ཅིག །ཅེས་པའི་བར་གྱི་ཡི་གེ་པ་ནི། དད་སྟོབས་ཕུན་སུམ་ཚོགས་པའི་དགེ་སློང་བློ་གྲོས་ཀུན་དགའ་འོ། །།།ཤུབཾ