cover

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

པོད་བཅུ་པ།

ཅོ་ནེ་གྲགས་པ་བཤད་སྒྲུབ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དབུ་མ་ལ་འཇུག་པའི་དགོངས་པ་ཡང་གསལ་སྒྲོན་མེ་ཞེས་བྱ་བ་ཚིག་འགྲེལ་སྤྱི་དོན་མཐའ་དཔྱོད་ཟུང་འབྲེལ།

དབུ་མ་ལ་འཇུག་པའི་དགོངས་པ་ཡང་གསལ་སྒྲོན་མེ་ཞེས་བྱ་བ་ཚིག་འགྲེལ་སྤྱི་དོན་མཐའ་དཔྱོད་ཟུང་འབྲེལ་དུ་བཤད་པ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །བྱང་ཆུབ་སེམས་ཀྱི་ས་བོན་ནུས་ལྡན་སྟོང་ཉིད་ལུས་ཕྲའི་མངལ་ཡངས་པོར། །སྦྲུམ་པའི་རྒྱུ་ལས་ཚོགས་གཉིས་གོམས་པའི་ཡན་ལག་ཡོངས་སུ་རྫོགས་པ་ན། །སྒྲིབ་གཉིས་རུས་པའི་དྲ་བས་དམ་འཁྱུད་འཁོར་བའི་སྒོ་ལས་ངེས་ཐར་ནས། །གཏན་བདེའི་དཔལ་ལ་འདོད་རྒུར་སྤྱོད་མཛད་ཟླ་མེད་སྟོན་པ་མཆོག་གིས་སྐྱོངས། །རིང་མོ་ཉིད་ནས་སྤངས་རྟོགས་ཆ་ཤས་ཀུན། །ཡོངས་སུ་རྫོགས་ཀྱང་ཚེས་པའི་ཟླ་བ་བཞིན། །བྱང་ཆུབ་སྤྱོད་པའི་མཁའ་ལ་རོལ་པ་ཅན། །རྒྱལ་ཚབ་འཇམ་པའི་དབྱངས་ལ་གུས་ཕྱག་འཚལ། །མཐའ་བྲལ་ལྟ་བའི་ས་འཛིན་རྩེར་གནས་ཏེ། །རྟེན་འབྲེལ་སྟོང་བའི་ང་རོ་ཆེར་བསྒྲགས་པས། །དངོས་འཛིན་རི་སུལ་གནས་བཅས་རི་དྭགས་ཚོགས། །སྐྲག་མཛད་ཀླུ་སྒྲུབ་སྨྲ་བའི་སེང་གེ་རྒྱལ། །སངས་རྒྱས་གཉིས་པའི་དགོངས་པ་ཇི་ལྟ་བར། །འགྲེལ་ལ་འགྲན་པའི་ཟླ་བྲལ་འཕགས་པ་ལྷ། །གྲུབ་མཆོག་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས། །ཞི་བ་ལྷ་དང་བཅས་པའི་ཞབས་ལ་འདུད། །ཆོས་ཀུན་བདེན་པའི་རང་བཞིིན་བྲལ་ཡང་ཐ་སྙད་བྱ་བྱེད་ཆེས་འཐད་པའི། །རྟེན་ཅིང་འབྲེལ་འབྱུང་ཀུནྡའི་ཚལ་རྣམས་རྟག་ཆད་ལྟ་བའི་ཚ་གདུངས་ཀྱིས། །ཅུང་ཟད་ཟུམ་ལ་མངོན་དུ་ཕྱོགས་ཚེ་ལེགས་བཤད་འོད་དཀར་དཀྱིལ་འཁོར་ཅན། །ཉེ་བར་དྲངས་ནས་ཆེས་ཆེར་འཛུམ་མཛད་ཀུན་མཁྱེན་བླ་མ་ཙོང་ཁ་བ། །མགོན་དེའི་སྲས་ཀྱི་ཐུ་བོ་རྣམ་གཉིས་དང་། །རིགས་པའི་དབང་ཕྱུག་རྗེ་བཙུན་བསྟན་དར་སོགས། །དངོས་བརྒྱུད་ཡོངས་འཛིན་རྣམས་ལ་གུས་བཏུད་ནས། །དབུ་མ་འཇུག་པའི་དགོངས་པ་ཡང་གསལ་འབྲི། ། དེ་ལ་འདིར་རྗེ་བླ་མའི་དགོངས་པ་དང་མཐུན་པར་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་ནི་ཚིག་འགྲེལ་སྤྱི་དོན་མཐའ་དཔྱོད་གསུམ་གྱི་སྒོ་ནས་གཏན་ལ་འབེབས་པར་བྱ་སྟེ། འདི་ལ་གཉིས། བསྟན་བཅོས་ཀྱི་སྔོན་དུ་འགྲོ་བའི་སྤྱིའི་རྣམ་གཞག་དང་། སྐབས་སུ་བབས་པའི་གཞུང་དོན་སོ་སོར་བཤད་པའོ། །དང་པོ་ནི། འོ་སྐོལ་གྱི་སྟོན་པ་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དང་། བསམ་པ་དང་། བག་ལ་ཉལ་ཇི་ལྟ་བ་བཞིན་དུ་གཟིགས་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་ཇི་སྙེད་ཅིག་གསུངས་པའི་ནང་ནས་བརྗོད་བྱའི་ངོས་ནས་མཆོག་ཏུ་གྱུར་པ་ནི། ཡུམ་རྒྱས་འབྲིང་བསྡུས་པ་གསུམ་པོ་ལྟ་བུ་ཡིན་ཏེ། འདིའི་དངོས་བསྟན་ལ་སྟོང་ཉིད་དང་། སྦས་དོན་ལ་མངོན་རྟོགས་ཀྱི་རིམ་པ་གཉིས་ཡོད་པ་ལས། དང་པོའི་དབང་དུ་མཛད་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་བཀྲལ་ལ། དེའི་ལུགས་རྫོགས་པར་ནི་དཔལ་ལྡན་ཟླ་བ་དང་། རྗེ་བཙུན་ཙོང་ཁ་ཆེན་པོས་ཕྱེ་བ་བཞིན་ཏེ། འདིར་ཡང་དེའི་རྗེས་སུ་འབྲང་ནས་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་འཆད་པར་འགྱུར་པའི་ཕྱིར། འདི་འཆད་པ་ནི་དོན་དང་བཅས་པ་ཡིན་ཏེ། དེ་ཁོ་ན་ཉིད་དེ་ཐམས་ཅད་མཁྱེན་པ་འཐོབ་པ་ལ་རྟོགས་དགོས་པ་མ་ཟད། ཐར་པ་ཙམ་ཐོབ་པ་ལ་ཡང་ངེས་པར་རྟོགས་དགོས་པའི་ཕྱིར་ཏེ། དེ་སྐད་དུ་ཡང་ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་བདག་མེད་ཆོས་ལ་སོ་སོར་རྟོགས། །སོ་སོར་དེར་བརྟགས་གང་ཡིན་སྒོམ་བྱེད་པ། །དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མིར་འགྱུར། །ཞེས་དང་། མགོན་པོས། དངོས་དང་དངོས་མེད་ཡོངས་ཤེས་པ། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་གསུངས་པའི་ཕྱིར། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་རྒྱལ་བའི་གསུང་རབ་རྣམས་ཀྱང་དངོས་དང་བརྒྱུད་པ་ཅི་རིགས་ཀྱི་སྒོ་ནས་དེ་ཁོ་ན་ཉིད་སྟོན་པ་ལ་གཞོལ་པ་ཡིན་ཏེ། ཞི་བ་ལྷས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཞེས་གསུངས་པའི་ཕྱིར། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་པ་ལྟ་ཞོག །འདི་ལ་དོན་འགྱུར་གྱི་ཐེ་ཚོམ་ཙམ་སྐྱེས་པས་ཀྱང་ཐར་པའི་བག་ཆགས་འཇོག་ནུས་པ་ཡིན་ཏེ། བཞི་བརྒྱ་པ་ལས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཡིན་ན། མགོན་པོ་ཀླུ་སྒྲུབ་ཀྱིས་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། ཡོད་དེ། དེ་དེ་ཁོ་ན་ཉིད་ལུང་རིགས་གཉིས་ཀྱི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། དེ་ཡང་ཡིན་ཏེ། དེས་ལུང་གི་སྒོ་ནས་གཏན་ལ་འབེབས་པ་ལ་མདོ་སྡེ་ཀུན་ལས་བཏུས་པ་དང་། རིགས་པའི་སྒོ་ནས་གཏན་ལ་འབེབས་པ་ལ་དབུ་མ་རིགས་པའི་ཚོགས་དྲུག་གསུངས་པའི་ཕྱིར། རིགས་ཚོགས་དྲུག་གིས་བརྗོད་བྱ་ཇི་ལྟར་བསྟན་པའི་ཚུལ་ཡང་ཡོད་དེ། རྩ་བ་ཤེས་རབ་ཀྱིས་རང་གཞན་གྱི་སྡེ་པ་རྣམས་ཀྱིས་སྒྲོ་བཏགས་པའི་བསྒྲུབ་བྱ་བདེན་དངོས་བཀག །ཞིབ་མོ་རྣམ་འཐག་གིས་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་བཀག །སྟོང་ཉིད་བདུན་ཅུ་པས་རང་བཞིན་མེད་པ་ལ་སྐྱེ་འཇིག་སོགས་ཀྱི་བྱ་བྱེད་འཐད་ཚུལ་བསྟན། རྩོད་ཟློག་གིས་ཁྱད་པར་དགག་སྒྲུབ་ཀྱི་རྣམ་གཞག་འཐད་ཚུལ་བསྟན། རིན་ཆེན་འཕྲེང་བ་དང་། རིག་པ་དྲུག་ཅུ་བ་གཉིས་ཀྱིས་མཐའ་གཉིས་སྤངས་པའི་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་དེ་གྲོལ་བྱེད་ཀྱི་ལམ་དུ་བསྟན་པའི་ཕྱིར། དེ་དག་གི་ནང་ནས་ལུས་ལྟ་བུ་ནི་རྩ་བ་ཤེས་རབ་ཡིན་ལ་འདིའི་འགྲེལ་བ་དེ་ལ་བརྒྱད་ཡོད་དེ། ག་ལས་འཇིགས་མེད། དེ་བ་ཤར་མ། གུ་ན་ཤྲི། གུ་ན་མ་ཏི། སྠི་ར་མ་ཏི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པས་མཛད་པའི་འགྲེལ་པ་རྣམས་སུ་ཡོད་པའི་ཕྱིར། འོ་ན། འགྲེལ་བ་དེ་དག་གི་ནང་ནས་གཙོ་བོར་གང་གི་རྗེས་སུ་འབྲངས་ཞེ་ན་དཔལ་ལྡན་ཟླ་བའི་འགྲེལ་པ་ཚིག་གསལ་དང་། འཇུག་པ་རང་འགྲེལ་དང་བཅས་པའི་རྗེས་སུ་འབྲང་བ་ཡིན་ཏེ། དཔལ་ལྡན་ཟླ་བ་ནི་འཕགས་པའི་དགོངས་པ་མཐར་ཐུག་འགྲེལ་བ་ལ་འཁྲུལ་བ་དང་བྲལ་བའི་ཚད་མའི་སྐྱེས་བུ་ཡིན་པའི་ཕྱིར། གཉིས་པ་སྐབས་སུ་བབས་པའི་གཞུང་དོན་སོ་སོར་བཤད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན། མཇུག་གི་དོན་བཤད་པའོ། །དང་པོ་ལ་གསུམ། ཚིག་གི་དོན། སྤྱིའི་དོན། །མཐའ་དཔྱད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཞེས་སོགས་གསུངས་ཏེ། དོན་ནི། ཤེས་བྱ་ཆོས་ཅན། རྒྱ་གར་ན་སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་ནས་ལེགས་སྦྱར་གྱི་སྐད་དུ་བསྟན་བཅོས་འདིའི་མཚན་ལ་མ་དྷྱཱ་སོགས་སུ་འབོད་པ་ཡིན་ཏེ། མ་དྷྱཱ་མ་ཀ་ནི། དབུ་མ་ལ། ཤ་བ་ཏཱ་ར་ནི་འཇུག་པ། ནཱ་མ་ནི་ཞེས་བྱ་བར་འགྱུར་པའི་ཕྱིར། དེ་ལྟར་སྦྱར་བ་ལ་དགོས་པ་ཡོད་དེ་བསྟན་བཅོས་འདི་འཕགས་ཡུལ་གྱི་མཁས་པའི་གསུང་ཡིན་པར་ཤེས་པ་དང་། ལེགས་སྦྱར་གྱི་སྐད་ལ་བག་ཆགས་འཇོག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། འོ་ན་འཇུག་བྱའི་དབུ་མ་དེ་གང་། འཇུག་པའི་ཚུལ་ཇི་ལྟ་བུ་ཞེ་ན། མ་དྷྱཱ་ཞེས་པ་ནི། དབུས་དང་བར་དང་དཀྱིལ་སོགས་ལའང་འཇུག་ཀྱང་། སྐབས་འདིར་དབུ་མའི་བསྟན་བཅོས་ལ་འཇུག་པ་ཡིན་ཏེ། དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་ཡིན་པའི་ཕྱིར། སྤྱིར་དབུ་མ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་གཉིས་ཡོད་དེ། རྗོད་བྱེད་ཚིག་གི་དབུ་མ་དང་། བརྗོད་བྱ་དོན་གྱི་དབུ་མ་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ་རྒྱས་འབྲིང་བསྡུས་གསུམ་ལྟ་བུའི་དབུ་མའི་མདོ་དང་རིགས་ཚོགས་དྲུག་ལྟ་བུའི་བསྟན་བཅོས་རྣམས་དེར་འཇོག་པའི་ཕྱིར། ཕྱི་མ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་གསུམ་ཡོད་དེ། གཞི་དབུ་མ་ལམ་དབུ་མ་འབྲས་བུ་དབུ་མ་དང་བཅས་པ་གསུམ་ཡོད་པའི་ཕྱིིར། དང་པོ་ནི། ཆོས་རྣམས་རང་བཞིན་གྱིས་མེད་པ་ལྟ་བུ། གཉིས་པ་ནི། དེ་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་ཡེ་ཤེས་ལྟ་བུ། གསུམ་པ་ནི། ཉན་ཐོས་ཀྱི་ལྷག་མེད་མྱང་འདས་ལྟ་བུའོ། །འདིར་དེ་དག་གི་ནང་ནས་རྗོད་བྱེད་ཚིག་གི་དབུ་མ་དང་། དེ་ཡང་རྩ་བ་ཤེས་རབ་ལ་བྱེད་པ་ཡིན་ཏེ། རང་འགྲེལ་ལས། དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར་དབུ་མ་ལ་འཇུག་པ་རྩོམ་པར་འདོད་པས། ཞེས་པ་དང་། རྣམ་བཤད་དགོངས་པ་རབ་གསལ་ལས་ཀྱང་། དེ་ཡང་འདིའི་འགྲེལ་པར་རྩ་ཤེ་ཁུངས་སུ་མཛད་པ་ན་དབུ་མ་ལས་ཞེས་མང་དུ་གསུངས་པ་ལྟར་རྩ་ཤེ་ལ་བྱའི། དབུ་མའི་གཞུང་གཞན་དང་དོན་གཞན་ལ་མི་བྱའོ། །ཞེས་གསུངས་པའི་ཕྱིར། དབུ་མ་ལ་འཇུག་པས་རྩ་ཤེ་ལ་འཇུག་ཚུལ་དེ་ལ་གཉིས་སུ་ཡོད་དེ། ཟབ་པ་དང་རྒྱ་ཆེ་བ་རྣམ་པ་གཉིས་ཀྱི་སྒོ་ནས་འཇུག་པའི་ཕྱིར། ཟབ་པའི་སྒོ་ནས་འཇུག་ཚུལ་ཡོད་དེ། རང་བཞིན་གྱིས་མ་གྲུབ་པ་གཞིར་བཅས་ཀྱི་སྟེང་དུ་རང་རྒྱུད་པ་མན་ཆད་དང་ཐུན་མོང་མ་ཡིན་པའི་རྣམ་གཞག་ཀུན་གཞི་དང་རང་རིག་མེད་པ་སོགས་ཁྱད་ཆོས་བརྒྱད་བསྟན་པའི་སྒོ་ནས་འཇུག་པ་དང་། རྩ་ཤེའི་དགོངས་པ་མཐར་ཐུག་སེམས་ཙམ་དུ་འགྲེལ་དུ་མི་རུང་བ་ལ་ངེས་པ་བརྟན་པོ་རྙེད་པ་གཉིས་ཀྱི་སྒོ་ནས་འཇུག་པའི་ཕྱིར། དེ་ཡང་ཡིན་ཏེ། རང་འགྲེལ་ལས། ལུགས་འདི་ནི་ཐུན་མོང་མ་ཡིན་པའོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ། །ཞེས་དང་། དེའི་ཕྱིར་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར་དབུ་མ་ལ་འཇུག་པ་འདི་སྦྱར་བ་ཡིན་ནོ། །ཞེས་དང་། ཚིག་གསལ་ལས། བརྟེན་ནས་བཏགས་པའི་ཚུལ་དབུ་མ་ལ་འཇུག་པ་ལས་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། རྒྱ་ཆེ་པའི་སྒོ་ནས་འཇུག་ཚུལ་ཡོད་དེ། རྩ་ཤེས་བསྟན་པའི་ཟབ་མོ་རྟོགས་པའི་ལམ་གྱི་རིམ་པའི་སྟེང་དུ་སོ་སོ་སྐྱེ་བོའི་ཆོས་གསུམ། སློབ་པའི་ས་བཅུ། མི་སློབ་པའི་ས་སྐུ་གསུམ་མཛད་པ་དང་བཅས་པ་དང་། ས་ལྔ་པ་དང་དྲུག་པའི་གོ་རིམ་ལ་བརྟེན་ནས་བསམ་གཏན་གྱི་ངོ་བོ་ཞི་གནས་དང་། དེ་ཁོ་ན་ཉིད་རྟོགས་པའི་ལྷག་མཐོང་གི་རིམ་པ་སོགས་རིགས་ཚོགས་གཞན་ནས་བསྟན་པ་རྣམས་ཀྱིས་ཁ་བསྐོང་བའི་སྒོ་ནས་རྩ་ཤེ་ལ་འཇུག་པ་ཡིན་པའི་ཕྱིར། གསུམ་པ་མཐའ་དཔྱད་པ་ལ་ཁ་ཅིག་ན་རེ། དབུ་མ་རྩ་བ་ཤེས་རབ་དེ་དབུ་མ་ཡིན་ཟེར་ན། དེ་ཆོས་ཅན། སྟོང་ཉིད་ཡིན་པར་ཐལ། དབུ་མ་ཡིན་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། ཁ་ཅིག །རྩ་ཤེའི་རབ་བྱེད་དང་པོ་དེ། སྐབས་འདིར་དངོས་སུ་བསྟན་པའི་འཇུག་བྱའི་དབུ་མ་ཡིན་ཟེར་ན་དེ་ཆོས་ཅན། རྩ་བ་ཤེས་རབ་ཡིན་པར་ཐལ། འདིར་དབུ་མ་ལ་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་འཇུག་བྱའི་དབུ་མ་ཡིན་པའི་ཕྱིར། དེར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རབ་བྱེད་ཉེར་བདུན་པའི་བདག་ཉིད་ཅན་གྱི་གཞུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། །གཞན་ཡང་། མངོན་རྟོགས་རྒྱན་གྱི་སྐབས་དང་པོ་མངོན་རྟོགས་རྒྱན་ཡིན་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྐབས་བརྒྱད་ཀྱི་བདག་ཉིད་ཅན་ཡིན་པར་ཐལ་ལོ། ། ཁ་ཅིག །སྐབས་འདིར་བསྟན་པའི་རྗོད་བྱེད་ཚིག་གི་དབུ་མ་ཡིན་ན། རྩ་བ་ཤེས་རབ་ཡིན་པས་ཁྱབ་ཟེར་ན། དབུ་མ་འཇུག་པ་ཆོས་ཅན། དེར་ཐལ་དེའི་ཕྱིར། དེར་ཐལ། སྐབས་འདིར་བསྟན་པའི་འཇུག་བྱེད་དབུ་མ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་སྟེ། སྐབས་འདིར་བསྟན་པའི་འཇུག་བྱེད་དབུ་མ་ཞིག་ཡོད་པའི་ཕྱིར། དེར་ཐལ། དེར་བསྟན་པའི་འཇུག་བྱའི་དབུ་མ་ཡོད་པའི་ཕྱིར། འདོད་ན་སླའོ། ། ཁ་ཅིག རྩ་བ་ཤེས་རབ་ཀྱིས་རྒྱ་ཆེ་བའི་རིམ་པ་མ་བསྟན་ཟེར་ན། དེ་བསྟན་པར་ཐལ། དེས་གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་སངས་རྒྱས་ཀྱི་ས་དང་བཅས་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། དེར་ཐལ། དེས་དེ་རྣམས་རང་བཞིན་གྱིས་མེད་ཅིང་ཐ་སྙད་དུ་ཡོད་པར་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར་རོ། ། ཁོ་ན་རེ། དེས་དེ་མ་བསྟན་པར་ཐལ། རྣམ་བཤད་ལས། རྩ་ཤེ་ལས་ཟབ་མོའི་ཕྱོགས་མ་གཏོགས་རྒྱ་ཆེ་བའི་ཐེག་ཆེན་གྱི་ཁྱད་ཆོས་མ་བསྟན་ཀྱང་། ཞེས་དང་། རྣམ་བཤད་རིགས་པའི་རྒྱ་མཚོ་ལས་ཀྱང་དེ་ལྟར་གསུངས་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། དེ་ནི། ཟབ་མོའི་ཕྱོགས་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་ལྟར་རྒྱ་ཆེ་བའི་ཕྱོགས་དེ་ཙམ་དུ་མ་བསྟན་པའི་དོན་ཡིན་པའི་ཕྱིར། ཁ་ཅིག དབུ་མ་ཡིན་ན། དེ་བཞིན་ཉིད་ཡིན་དགོས་པར་ཐལ། དེ་ཡིན་ན། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་པའི་དེ་བཞིན་ཉིད་ཡིན་དགོས་པའི་ཕྱིར། དེར་ཐལ། དེའི་སྒོ་ནས་དབུ་མའི་སྒྲ་བཤད་པའི་ཕྱིར། དེར་ཐལ། དབུ་མའི་སྒྲ་དོན་ཅིག་ཡོད་པའི་ཕྱིར། འདོད་ན། རྒྱས་འབྲིང་བསྡུས་གསུམ་ཆོས་ཅན། དེ་བཞིན་ཉིད་ཡིན་པར་ཐལ། དབུ་མ་ཡིན་པའི་ཕྱིར། དེར་ཐལ། རྗོད་བྱེད་ཚིག་གི་དབུ་མ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། ཁ་ཅིག རྩ་བ་ཤེས་རབ་ཀྱི་གཞུང་ཚིག་ཏུ་གྱུར་པའི་བདག་ལས་མ་ཡིན་ཞེས་སོགས་ཀྱི་ཤོ་ལོ་ཀ་གཅིག་པོ་དེ་ཆོས་ཅན། རྩ་བ་ཤེས་རབ་ཡིན་པར་ཐལ། དབུ་མ་ལ་ཞེས་པའི་དངོས་བསྟན་གྱི་འཇུག་བྱའི་དབུ་མ་ཡིན་པའི་ཕྱིར། དེ་དེར་ཐལ། རྩ་བ་ཤེས་རབ་དེ་དེ་ལྟར་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་གཞུང་ཚིག་རེ་རེ་ནས་དང་། རབ་བྱེད་རེ་རེ་ནས་དེའི་དངོས་བསྟན་གྱི་དབུ་མ་ཡིན་པར་འདོད་མི་རིགས་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། རྩ་ཤེ་ལ་བྱའི། དབུ་མའི་གཞུང་གཞན་དང་དོན་གཞན་ལ་མི་བྱའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་པའི་ཆོས་ཡིན་ན། དབུ་མ་ཡིན་དགོས་པར་ཐལ། དེ་ལྟ་བུའི་དེ་བཞིན་ཉིད་ཡིན་ན་དེ་ཡིན་དགོས་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རང་བཞིན་གྱིས་མེད་ཅིང་ཐ་སྙད་དུ་ཡོད་པ་ཡིན་པའི་ཕྱིར་འདོད་ན་སླའོ། ། གཉིས་པ་འགྱུར་གྱི་ཕྱག་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། དོན་ནི་ཉོན་མོངས་པའི་རྩུབ་རེག་དང་བྲལ་བས་ན་འཇམ། ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པས་ན་དཔལ། ན་ཚོད་གཞོན་ནུ་ལོ་བཅུ་དྲུག་ལོན་པའི་ཉམས་ཅན་ཡིན་པས་ན་གཞོན་ནུར་གྱུར་པ་སྟེ་དེ་ལ་ཕྱག་འཚལ་ལོ་ཞེས་མཆོད་བརྗོད་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། འགྱུར་མཐར་ཕྱིན་པ་དང་། བསྟན་བཅོས་འདི་མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་གཞུང་གི་དོན་བཤད་པ་ལ་བཞི། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཐབས་མཆོད་པར་བརྗོད་པ། བརྩམས་པའི་བསྟན་བཅོས་ཀྱི་ལུས། བསྟན་བཅོས་ཇི་ལྟར་བརྩམས་པ། དེའི་དགེ་བ་བསྔོ་བའོ། །དང་པོ་ལ་གཉིས། སྙིང་རྗེ་ཆེན་པོ་ལ་སོ་སོར་མ་ཕྱེ་བར་བསྟོད་པ། སོ་སོར་ཕྱེ་ནས་ཕྱག་འཚལ་བའོ། །དང་པོ་ལ་གཉིས། སྙིང་རྗེ་རང་འབྲས་བྱང་སེམས་ཀྱི་རྒྱུའི་གཙོ་བོར་བསྟན་པ། བྱང་སེམས་ཀྱི་རྒྱུ་གཞན་གཉིས་ཀྱི་ཡང་རྩ་བར་བསྟན་པའོ། དང་པོ་གསུམ། ཉན་རང་དགྲ་བཅོམ་ཐུབ་དབང་ལས་འཁྲུངས་ཚུལ། ཐུབ་དབང་བྱང་སེམས་ལས་འཁྲུངས་ཚུལ། བྱང་སེམས་ཀྱི་རྒྱུའི་གཙོ་བོ་གསུམ་བཤད་པའོ། །དང་པོ་ལ་གསུམ། ཚིག་གི་དོན། སྤྱིའི་དོན། མཐའ་དཔྱད་པའོ། དང་པོ་ནི། ཉན་ཐོས་དང་སངས་རྒྱས་འབྲིང་པོ་སྟེ་རང་སངས་རྒྱས་དགྲ་བཅོམ་པ་རྣམས་ཆོས་ཅན། ཐུབ་པའི་དབང་པོ་ལས་སྐྱེས་པ་ཡིན་ཏེ། དེས་རྟེན་འབྲེལ་ཟབ་མོའི་ཆོས་བསྟན་པ་ཉན་སེམས་བསྒོམས་གསུམ་བྱས་པ་ལ་བརྟེན་ནས་རང་གི་འདོད་བྱའི་བྱང་ཆུབ་ཐོབ་པའི་རྒྱུ་མཚན་གྱིས་དེ་ལས་འཁྲུངས་པར་བཞག་པའི་ཕྱིར། གཉིས་པ་ནི། ཉན་རང་ཐུབ་དབང་ལས་འཁྲུངས་ན། ཉན་རང་དེ་གང་། འཁྲུངས་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། རང་དོན་དུ་སྡུག་ཀུན་ཉེ་བར་ཞི་བའི་མྱང་འདས་གཙོ་བོར་དོན་དུ་གཉེར་པའི་ཐེག་པ་ཆུང་འབྲིང་གི་གང་ཟག་ལ། རིམ་པ་བཞིན་དུ་ཉན་ཐོས་དང་རང་རྒྱལ་ཞེས་བྱ་ཞིང་། དང་པོ་ལ་ཉན་ཐོས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་བཞིན་གཤེགས་པ་ལ་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་ཉན་ནས་དེ་དོན་གཉེར་གྱི་གང་ཟག་རྣམས་ཀྱིས་ཐོས་པར་བྱེད་པས་ན། དེ་ལྟར་བརྗོད་པའི་ཕྱིར། དེ་ལ་ཐོས་སྒྲོག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་དེ་བཞིན་གཤེགས་པ་ལ་ཐོས་ནས་དེ་དོན་གཉེར་གྱི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་གཞན་ལ་སྒྲོག་པར་བྱེད་པས་ན་དེ་ལྟར་བརྗོད་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། དམ་ཆོས་པད་དཀར་ལས། མགོན་པོ་བདག་ཅག་དེ་རིང་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་ལས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་གསུངས་པའི་ཕྱིར། དེ་ཡང་སྲ་བ་ཀ་ནི་ཉན་ཐོས་དང་ཐོས་སྒྲོགས་གཉིས་ཀ་ལ་འཇུག་པའི་དབང་དུ་བྱས་པ་ཡིན་ལ། དེ་ལྟར་ཡིན་ཀྱང་བྱང་སེམས་ཉན་ཐོས་སུ་མི་འགྱུར་ཏེ། བྱང་སེམས་ལ་ཐོས་སྒྲོགས་ཀྱི་སྒྲ་བཏགས་མིང་དུ་འཇུག ཉན་ཐོས་ལ་སྒྲ་དེ་དངོས་མེད་དུ་འཇུག་པའི་ཕྱིར། རང་རྒྱལ་ཆོས་ཅན། ཁྱོད་ལ་སངས་རྒྱས་འབྲིང་པོ་སྟེ་དེ་ཉིད་རྟོགས་པ་འབྲིང་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སངས་རྒྱས་ལས་དམན་ཞིང་ཉན་ཐོས་ལས་ལྷག་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་རྟོགས་པ་དང་ལྡན་པའི་ཐེག་པ་འབྲིང་པོའི་གང་ཟག་ཡིན་པས་ན། དེ་ལྟར་དུ་བརྗོད་པའི་ཕྱིར། སྐབས་འདིར་སངས་རྒྱས་འབྲིང་ཞེས་བསྒྱུར་བ་ནི་ཅུང་ཟད་མི་བདེ་བ་ཡིན་ཏེ། སྤྱིར་བུད་དྷའི་སྒྲ་ནི་སངས་རྒྱས་པ་པདྨ་རྒྱས་པ་གཉིད་སད་པ། ཁོང་དུ་ཆུད་པ་སོགས་དུ་མ་ལ་འཇུག་པ་ཡོད་ཀྱང་། འདིར་ཏ་ཏྭ་དང་འབྲེལ་བས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་གནས་པ་འབྲིང་པོའི་དོན་དུ་བསྒྱུར་བར་བྱ་བ་ཡིན་གྱི། ཅིག་ཤོས་སུ་བསྒྱུར་བ་མི་འཚམ་པའི་ཕྱིར། དེ་ལྟར་ཡིན་ཏེ་འདིར། ཉན་ཐོས་དེ་ཉིད་རྟོགས་འབྲིང་ཐུབ་དབང་སྐྱེས། །ཞེས་པའི་འགྱུར་ཞིག་ཐོབ་པར་སྣང་པའི་ཕྱིར། རང་རྒྱལ་ལ་རང་སངས་རྒྱས་ཞེས་ཀྱང་བྱ་སྟེ། སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱིས་གདམས་ངག་བསྟན་པ་ལ་མ་བལྟོས་པར་རང་གིས་བྱང་ཆུབ་མངོན་དུ་བྱེད་པའི་ཕྱིར། གསུམ་པ་ལ། ཁ་ཅིག་ན་རེ། ཉན་ཐོས་སློབ་པ་དུ་མས་ཐུབ་པའི་དབང་པོས་རྟེན་འབྲེལ་ཟབ་མོའི་ཆོས་བསྟན་པ་ཉན་སེམས་བསྒོམས་གསུམ་བྱས་པས་རང་གི་བྱང་ཆུབ་ཐོབ་པ་ཡོད་པས་ན་ཉན་ཐོས་དགྲ་བཅོམ་ཐུབ་དབང་ལས་འཁྲུངས་པ་འཐད་ཀྱང་། རང་རྒྱལ་རྣམས་ཀྱིས་དེ་ལྟར་ཐོས་བསམ་བསྒོམ་གསུམ་བྱས་པའི་ཚེ་དེ་ལ་རང་གི་བྱང་ཆུབ་ཐོབ་པ་མེད་པས། རང་རྒྱལ་དགྲ་བཅོམ་ཐུབ་དབང་ལས་འཁྲུངས་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། རང་རྒྱལ་རྣམས་ཀྱིས་ཚེ་དེ་ལ་རང་གི་བྱང་ཆུབ་མ་ཐོབ་ཀྱང་ཉན་སེམས་བསྒོམ་གསུམ་བྱས་པ་ལ་བརྟེན་ནས་སྐྱེ་བ་གཞན་དུ་ཐོབ་པར་འགྱུར་པའི་ཕྱིར། དེ་ཡང་ཡིན་ཏེ། མྱོང་ངེས་གྱི་ལས་བསགས་པའི་གང་ཟག་གིས་ཚེ་དེ་ལ་ལས་ཀྱི་འབྲས་བུ་མ་མྱོང་ཀྱང་སྐྱེ་བ་གཞན་དུ་མྱོང་བ་ལྟ་བུ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། བཞི་བརྒྱ་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་པ་དང་། རྩ་ཤེ་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་རབ་ཏུ་འབྱུང་། །ཞེས་གསུངས་པའི་ཕྱིར། ཁ་ཅིག ཉན་ཐོས་ཡིན་ན། ཉན་ཐོས་ཀྱི་སྒྲ་བཤད་དུ་ཡོད་པས་ཁྱབ་ཟེར་ན། གཟུགས་མེད་ཁམས་པའི་ཉན་ཐོས་ཆོས་ཅན། དེར་ཐལ་དེའི་ཕྱིར། འདོད་ན། གཟུགས་མེད་ཁམས་ན་སྒྲ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེ་ན་གཟུགས་མེད་པའི་ཕྱིར། གཞན་ཡང་། དེ་མ་ཁྱབ་པར་ཐལ། མཚོ་སྐྱེས་ཀྱི་སྒྲ་འཇུག་ན། དེའི་སྒྲ་བཤད་དུ་ཡོད་པས་མ་ཁྱབ་པའི་ཕྱིར། དེར་ཐལ། སྐམ་ལས་སྐྱེས་པའི་པདྨ་ལ་མཚོ་སྐྱེས་ཀྱི་སྒྲ་འཇུག་ཏུ་ཡོད་ཀྱང་བཤད་དུ་མེད་པའི་ཕྱིར། ཁ་ཅིག ཉན་ཐོས་ཀྱི་སྒྲ་བཤད་དུ་ཡོད་ན། དེའི་སྒྲ་འཇུག་ཏུ་ཡོད་པས་ཁྱབ་ཟེར་ན། ཉན་ཐོས་ཀྱི་སྒྲ་བཤད་དུ་ཡོད་པའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། དེ་དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། མགོན་པོ་བདག་ཅག་དེ་རིང་ཉན་ཐོས་གྱུར། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཉན་ཐོས་ཡིན་པར་ཐལ་ལོ། ཁོ་ན་རེ། དེ་ལ་ཉན་ཐོས་ཀྱིས་སྒྲ་འཇུག་པར་ཐལ། དེ་ལ་དེ་བཏགས་མིང་དུ་འཇུག་པའི་ཕྱིར་ཟེར་ན་མ་ཁྱབ། ཁ་ཅིག །རང་རྒྱལ་དེ་སངས་རྒྱས་འབྲིང་པོ་ཡིན་ཟེར་ན། འོ་ན་ཉན་ཐོས་དེ་སངས་རྒྱས་ཆུང་ངུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། སངས་རྒྱས་མ་ཡིན་པའི་ཕྱིར། ཁྱབ་སྟེ་ཐེག་པ་ཆུང་འབྲིང་གང་རུང་ཡིན་ན། ཐེག་པ་ཡིན་དགོས་པའི་ཕྱིར། ཁ་ཅིག །སྟོན་པའི་འཁོར་དུ་གྱུར་པའི་རང་རྒྱལ་མེད་ཟེར་ན། དེ་ཡོད་པར་ཐལ། དེའི་འཁོར་དུ་གྱུར་པའི་ཐེག་པ་གསུམ་ཀའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། རྣམ་བཤད་དགོངས་པ་རབ་གསལ་ལས། དུས་དེར་འཁོར་དུ་ཉེ་བར་གྱུར་ཅིང་། ཐེག་པ་གསུམ་ལ་བཀོད་པ་རྣམས་ཐེག་ཆེན་ཉིད་ལ་ཉེ་བར་སྦྱར་བྱ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལུང་དེས་སྟོན་པའི་འཁོར་དུ་རང་རྒྱལ་སློབ་པ་ཐེག་ཆེན་དུ་འཇུག་པ་ཡོད་པར་བསྟན་པ་ཡིན་པའི་ཕྱིར། ཁོ་ན་རེ་དེ་མེད་པར་ཐལ། རང་རྒྱལ་སློབ་པ་ཡིན་ན། རང་རྒྱལ་རིགས་དེ་ཡིན་དགོས་པའི་ཕྱིར། དེར་ཐལ། བཞི་བརྒྱ་པ་ལས། ངེས་པར་ཐོབ་འགྱུར་ལས་བཞིན་ནོ་ཞེས་དང་། འཇུག་པ་ལས་ཀྱང་། རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང་། །ཞེས་གསུངས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། གཙོ་ཆེ་བ་ལ་དགོངས་པ་ཡིན་པའི་ཕྱིར། གཉིས་པ་ཐུབ་དབང་བྱང་སེམས་ལས་འཁྲུངས་ཚུལ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ཡིན་ཏེ། རང་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་སེམས་ཀྱིས་ཉེར་ལེན་དང་། རང་དང་རྒྱུད་ཐ་དད་པའི་བྱང་སེམས་འགའ་ཞིག་གིས་ལྷན་ཅིག་བྱེད་རྐྱེན་ཡོངས་འཛིན་བྱས་པ་ལ་བརྟེན་ནས་འཁྲུངས་པར་བཞག་པའི་ཕྱིར། ཤིང་ནི་འོག་མ་སྡུད་པའི་ཚིག་གོ ། གཉིས་པ་ནི། ཐུབ་དབང་བྱང་སེམས་ལས་འཁྲུངས་ན། །ཐུབ་པའི་དབང་པོ་དེ་གང་ཡིན་ཞེ་ན། ཡོད་དེ། སྤྱིར་ཉོན་སྒྲིབ་སྤངས་པའི་གང་ཟག་ཐམས་ཅད་ཐུབ་པ་ཡིན་ཞིང་། བཅོམ་ལྡན་འདས་དེ་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་མངའ་བ་དང་། ཉན་རང་རྣམས་ཀྱི་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བསྒྱུར་བས་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཐུབ་པའི་དབང་པོ་ཞེས་བརྗོད་པ་ཡིན་གྱི། གཞན་ལ་དེ་ལྟ་བུའི་དབང་པོའི་སྒྲ་མི་འཇུག་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། དེ་ལ་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུ་ཕུན་སུམ་ཚོགས་པ་མངའ་བས། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམ་པས་ཀྱང་དབང་ཕྱུག་དམ་པ་ཕུན་སུམ་ཚོགས་པ་ཉིད་དང་། ཉན་ཐོས་ལ་སོགས་པ་ལ་དེའི་བཀས་མངའ་བསྒྱུར་བའི་ཕྱིར། བཅོམ་ལྡན་འདས་རྣམས་ལ་ཐུབ་པའི་དབང་པོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཐུབ་དབང་དེ། བྱང་སེམས་ལས་འཁྲུངས་པ་ཡིན་ཏེ། དེ་དེ་ལས་འཁྲུངས་པ་ལུང་རིགས་གཉིས་ཀྱིས་འགྲུབ་པའི་ཕྱིར། ལུང་གིས་འགྲུབ་པ་ཡིན་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་འདི་ལྟ་སྟེ། དཔེར་ན། ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་ནི་མ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་། །དེ་བཞིན་གཤེགས་པ་རྣམས་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འབྱུང་ངོ་། །ཞེས་གསུངས་པའི་ཕྱིར། རིགས་པས་ཀྱང་འགྲུབ་སྟེ། དེ་རང་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་སེམས་ཀྱིས་ལམ་ཉམས་སུ་བླངས་ནས་སྐྱེ་བ་རིམ་པར་བརྒྱུད་པའི་ཉེར་ལེན་དང་། རང་དང་རྒྱུད་ཐ་དད་པའི་བྱང་སེམས་འགའ་ཞིག་གིས་ཕྱིའི་ཡོངས་འཛིན་འཛད་ནས་ཆོས་བསྟན་པ་སོགས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་འཁྲུངས་པའི་ཕྱིར་ཏེ། དཔེར་ན། བདག་ཅག་གི་སྟོན་པ་སོགས། རང་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་སེམས་རྣམས་ཀྱིས་ལམ་ཉམས་སུ་བླངས་ཏེ་བརྒྱུད་པའི་ཉེར་ལེན་དང་སྔོན་འཇམ་དཔལ་ལ་སོགས་པས་ཕྱིའི་ཡོངས་འཛིན་བྱས་པ་ལ་བརྟེན་ནས་འཁྲུངས་པར་མདོ་ལས་བཤད་པ་བཞིན་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། འོན་ཀྱང་རྒྱུ་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྒྱུར་འགྱུར་ཏེ། གནས་སྐབས་ཀྱི་ཁྱད་པར་དང་། ཡང་དག་པར་འཛིན་དུ་འཇུག་པ་ལས་སོ། །དེ་ལ་གནས་སྐབས་ཀྱི་ཁྱད་པར་ནི། དེ་བཞིན་གཤེགས་པའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་རྒྱུན་ཅན་ཡིན་པ་ཉིད་ཀྱི་ཕྱིར། ཡང་དག་པར་འཛིན་དུ་འཇུག་པ་ལས་ནི། ཇི་ལྟར་འཕགས་པ་འཇམ་དཔལ་བྱང་ཆུབ་སེམས་དཔར་གྱུར་པ་ཉིད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། དེ་ལས་གཞན་པའི་དེ་བཞིན་གཤེགས་པ་རྣམས་ཆེས་ཐོག་མ་ཁོ་ནར་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་བཅུག་པ་འདོན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ལ། ཁ་ཅིག །བྱང་སེམས་ཐུབ་དབང་ལས་འཁྲུངས་པ་ཡིན་གྱི། ལྡོག་ནས་ནི་མ་ཡིན་ཏེ། བྱང་སེམས་ལ་རྒྱལ་བའི་སྲས་ཞེས་བརྗོད་པ་འཐད་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། བྱང་སེམས་དེ་རང་ཉིད་ལ་ཆོས་སྟོན་པའི་རྒྱལ་བ་འགའ་ཞིག་ལས་འཁྲུངས་པས་རྒྱལ་སྲས་ཞེས་བརྗོད་ཀྱང་། སྤྱིར་རྒྱུ་མཚན་གཉིས་ཀྱི་སྒོ་ནས་རྒྱལ་བ་ཉིད། བྱང་སེམས་ལས་འཁྲུངས་པ་མི་འགལ་ཞིང་འཐད་པའི་ཕྱིར། ཁ་ཅིག །དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །ཞེས་པས། བྱང་སེམས་ལ་བསྔགས་པ་བརྗོད་དགོས་པ་ལྟར་སངས་རྒྱས་ལ་བསྔགས་པ་མི་བརྗོད་པར་བསྟན་པ་ཡིན་ནོ་ཟེར་ན། འོ་ན། བྱང་སེམས་ལས་བཅོམ་ལྡན་འདས་རྣམས་ཁྱད་པར་དུ་འཕགས་པར་ཡང་བརྗོད་མི་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། སངས་རྒྱས་འཕགས་པ་རྣམས་ཉན་རང་བྱང་སེམས་སོགས་ལས་ཁྱད་པར་དུ་འཕགས་པར་བརྗོད་རིགས་པའི་ཕྱིར། དེར་ཐལ། དེ་དེ་རྣམས་ལས་ཁྱད་པར་དུ་འཕགས་པར་པ་གང་ཞིག རང་འགྲེལ་ལས། དེ་ལ་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་ཞེས་སོགས་གསུངས་པའི་ཕྱིར། དེ་ལྟར་ཡིན་ཀྱང་། དཀོན་བརྩེགས་ཀྱི་ལུང་དེ་ཉིད་དང་འགལ་བའི་སྐྱོན་མེད་དེ། དེ་ནི་དེ་བཞིན་གཤེགས་པའི་རྒྱུ་ལ་གཅེས་པར་ཤེས་པ་དང་། རྒྱུ་ལ་བསྔགས་པ་བརྗོད་པས་འབྲས་བུ་དེ་བཞིན་གཤེགས་པ་ལ་བསྔགས་པ་བརྗོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་འཁོར་དུ་གྱུར་པའི་ཉན་རང་གཉིས་ཐེག་ཆེན་ལམ་དུ་ཁ་དྲངས་པའི་དགོས་པ་ཡོད་པའི་ཕྱིར་ཏེ། དེ་བཞིན་གཤེགས་པས་གདུལ་བྱའི་བློ་དང་འཚམ་པར་ཆོས་སྟོན་པས་མི་འགལ་བའི་ཕྱིར། ཁ་ཅིག །ཐུབ་པའི་དབང་པོ་ཆོས་ཅན། བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ཡིན་ཏེ། རང་དང་རྒྱུད་གཅིག་པའི་བྱང་སེམས་ཀྱི་ཉེར་ལེན་དང་། རང་དང་རྒྱུད་ཐ་དད་པའི་བྱང་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་འཁྲུངས་པའི་ཕྱིར་ཞེས་པའི་སྦྱོར་བའི་ཁྱབ་པ་ཡིན་ཟེར་ན། བྱང་སེམས་འཕགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། བྱང་སེམས་འཕགས་པ་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དེ་བྱང་སེམས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ཁ་ཅིག །བྱང་སེམས་འཕགས་པ་སངས་རྒྱས་ལས་འཁྲུངས་པར་ཐལ། དེ་སངས་རྒྱས་ཀྱི་སྲས་ཡིན་པའི་ཕྱིར། དེར་ཐལ། རྒྱལ་པའི་སྲས་ཡིན་པའི་ཕྱིར། ཟེར་ན། སྔ་མ་ལ་མ་ཁྱབ། འདོད་མི་ནུས་ཏེ། སངས་རྒྱས་འདུས་མ་བྱས་ཡིན་པའི་ཕྱིར་ཟེར་ན། འོ་ན། རྒྱལ་སྲས་ཡིན་ན། རྒྱལ་བ་ལས་འཁྲུངས་པས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྒྱལ་བའི་རྒྱུར་གྱུར་པའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། བྱང་སེམས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། ཁ་ཅིག་བྱང་སེམས་དེ་རྒྱལ་སྲས་ཡིན་ཀྱང་རྒྱལ་པའི་སྲས་མ་ཡིན་ཞེས་ཟེར་བ་ནི་ཚིག་ལ་འཁྲིས་པའོ། འདོད་ན་སླའོ། ། གསུམ་པ་བྱང་སེམས་ཀྱི་རྒྱུའི་གཙོ་བོ་གསུམ་བསྟན་པ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི་འདིར་བསྟན་སྙིང་རྗེའི་སེམས་དང་། གཉིས་སུ་མེད་པའི་བློ་དང་། བྱང་ཆུབ་ཀྱི་སེམས་གསུམ་ནི་ཆོས་ཅན། རང་འབྲས་རྒྱལ་སྲས་རྣམས་ཀྱི་རྒྱུ་ཡིན་ཏེ། དེའི་བསྐྱེད་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། བྱང་སེམས་དེ། འདིར་བསྟན་ཆོས་གསུམ་ལས་འཁྲུངས་ན། ཆོས་གསུམ་པོ་དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཡོད་དེ་འདིར་ཆོས་གསུམ་གྱི་ནང་ཚན་གྱི་སྙིང་རྗེ་དེ་ནི། སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ཙམ་གྱི་སྙིང་རྗེ་ལ་བྱེད་པ་མ་ཡིན་གྱི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ལ་བྱེད་པ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། སེམས་ཅན་འཁོར་བའི་བཙོན་རར་བསྡམས་པ་སྐྱབས་མེད་པ་དཔག་ཏུ་མེད་པ་མ་ལུས་པ་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ལ་བསྟོད་པར་འོས་པ་ཉིད་དུ་བསྟན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདིར་བསྟན་གཉིས་མེད་ཀྱི་ཤེས་རབ་དེ་ཡང་གཟུང་འཛིན་གཉིས་མེད་རྟོགས་པའི་ཤེས་རབ་ལ་བྱེད་པ་མ་ཡིན་ཏེ། བདེན་འཛིན་གྱིས་ཇི་ལྟར་བཟུང་བ་ལྟར་མ་གྲུབ་པར་རྟོགས་པའི་མཐའ་གཉིས་དང་བྲལ་བའི་ཤེས་རབ་ལ་བྱེད་པའི་ཕྱིར་ཏེ། རང་འགྲེལ་ལས། གཉིས་སུ་མེད་པའི་བློ་ནི། དངོས་དང་དངོས་མེད་པ་ལ་སོགས་པ་མཐའ་གཉིས་དང་བྲལ་པའི་ཤེས་རབ་བོ། །ཞེས་གསུངས་པའི་ཕྱིར། འདིར་བསྟན་པའི་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་རྫོགས་བྱང་ལ་འགོད་པའི་ཆེད་དུ་རང་ཉིད་ཀྱང་རྫོགས་བྱང་ཐོབ་པར་བྱའོ་སྙམ་པའི་སེམས་སྦྱོང་བའི་དམིག་རྣམ་ཡོངས་སུ་རྫོགས་པའི་སེམས་ཞིག་ལ་བྱེད་པ་ཡིན་ཏེ། རང་འགྲེལ་ལས། དམ་པའི་ཆོས་ཀྱི་བདུད་རྩིའི་རོ་ཕུལ་དུ་བྱུང་བ་འབྱུང་བའི་རྒྱུ་ཕྱིན་ཅི་ལོག་གི་རྟོག་པ་མཐའ་དག་ལོག་པའི་མཚན་ཉིད། འགྲོ་བ་ཡོངས་ཀྱི་གཉེན་ཉིད་ཀྱི་རང་བཞིན་དུ་གྱུར་པ་སངས་རྒྱས་ཉིད་ཡང་དག་པར་ཐོབ་པར་འདོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདིར་བསྟན་ཆོས་གསུམ་པོ་དེ་སྔ་མ་ལ་བརྟེན་ནས་ཕྱི་མ་ཐོབ་དགོས་པའི་གོ་རིམ་ངེས་པ་ཅན་མ་ཡིན་ཏེ། ཐེག་ཆེན་གྱི་རིགས་ཅན་དབང་རྣོན་གྱིས་དང་པོར་སྟོང་ཉིད་རྟོགས་པའི་ལྟ་བ་རང་རྒྱུད་ལ་བསྐྱེད། དེ་རྗེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། དབང་རྟུལ་གྱིས་དང་པོར་བྱང་ཆུབ་ཀྱི་སེམས་བསྐྱེད། དེ་རྗེས་སྟོང་ཉིད་རྟོགས་པའི་ལྟ་བ་འཚོལ་བར་བྱེད་པའི་ཕྱིར། དེར་ཐལ། དབུ་མ་རྒྱན་ལས། ཡང་དག་ཤེས་འཚོལ་སྔོན་བཏང་ནས། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་ཐིབས་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་དུ་བསྐྱེད་ནས་སུ། །འགྲོ་དོན་བྱེད་པ་དཔའ་གྱུར་པ། །བྱང་ཆུབ་བློ་རྒྱས་མཁས་པ་ནི། །བློ་དང་སྙིང་རྗེས་བརྒྱན་པ་ཡི། །ཐུབ་པའི་བརྟུལ་ཞུངས་ཡང་དག་སྤྱོད། །ཞེས་གསུངས་པའི་ཕྱིར། འདིར་བསྟན་པའི་བྱང་སེམས་དེ་བྱང་སེམས་མཚན་ཉིད་པ་ཡིན་ཀྱང་། བྱང་ཆུབ་སེམས་ནི་ཞེས་པའི་དངོས་བསྟན་གྱི་བྱང་ཆུབ་ཀྱི་སེམས་དེ་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་མ་ཡིན་ཏེ། དེ་བྱང་ཆུབ་ཀྱང་སེམས་བཏགས་པ་བ་བུར་ཤུན་གྱི་རོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བྱེད་པའི་ཕྱིར་ཏེ། རྣམ་བཤད་ལས། བྱང་སེམས་ཀྱི་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ་ནི། སེམས་བསྐྱེད་སྒོམ་པའི་སྐབས་ལ་དགོངས་ཀྱི། བསྒོམས་པ་ལ་བརྟེན་ནས་སྐྱེས་པའི་སེམས་བསྐྱེད་དངོས་ནི་མ་ཡིན་པའི་ཕྱིར་རོ། །དེ་ཡང་དཔེར་ན་བུར་ཤིང་གི་ཤུན་པའི་རོ་མྱོང་པ་དང་། ཞེས་པ་ནས། བུར་ཤིང་གི་ཤུན་པའི་རོ་དང་འདྲ་སྟེ། དེ་ལ་སེམས་བསྐྱེད་པ་ཟེར་ཡང་སེམས་བསྐྱེད་དངོས་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཐེག་ཆེན་ལམ་དུ་འཇུག་པའི་གནས་སྐབས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་དུ་སྐྱེས་པའི་སེམས་ཞིག་ནི། བུར་ཤུན་གྱི་རོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་སུ་འགྱུར་ལ། སེམས་དེ་ནི་སེམས་བསྐྱེད་སྦྱོང་བའི་མན་ངག་བཞིན་དུ་སྦྱངས་པས་ཡིད་འཁུལ་བའི་མྱོང་བ་ཁྱད་པར་ཅན་སྐྱེས་པའི་ཚེ། ཤུན་པའི་ནང་གི་བུར་ཤིང་དངོས་སམ་བུ་རམ་གྱི་རོ་དང་འདྲ་བའི་སེམས་བསྐྱེད་དུ་འགྱུར་པ་ཡིན་ཏེ། ལྷག་བསམ་བསྐུལ་པ་ལས། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མི་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་འགྱུར་བ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །ཞེས་གསུངས་པའི་ཕྱིར། ། གསུམ་པ་ནི། ཁ་ཅིག །སྙིང་རྗེའི་སེམས་དང་ཞེས་པའི་སྐབས་ནས་བསྟན་པའི་སྙིང་རྗེ་ཡིན་ན། ལམ་མ་ཞུགས་ཀྱི་སྙིང་རྗེ་ཡིན་པས་ཁྱབ་ཟེར་ན། སེམས་ཅན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། གཞུང་འདིས་བསྟན་པའི་སྙིང་རྗེ་ཡིན་ན། འདིའི་དངོས་བསྟན་གྱི་སྙིང་རྗེ་ཡིན་མི་དགོས་པ་གང་ཞིག འདིས་བྱང་སེམས་རྣམས་རང་གི་རྒྱུར་གྱུར་པའི་སེམས་ཅན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོ་ལས་འཁྲུངས་པར་བསྟན་པའི་ཕྱིར། དེར་ཐལ། འདིས་བྱང་སེམས་དབང་རྣོན་རྣམས་རང་རྒྱུ་ཆོས་གསུམ་ལས་འཁྲུངས་པར་བསྟན་པའི་ཕྱིར། དེར་ཐལ། སྙིང་རྗེའི་སེམས་དང་ཞེས་པ་ནས། རྒྱལ་སྲས་རྣམས་ཀྱི་རྒྱུ། ཞེས་མང་ཚིག་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། འདོད་ན་སླ། གཞན་ཡང་། གང་ཕྱིར་བརྩེ་ཉིད་ཞེས་པའི་སྐབས་ནས་བསྟན་པའི་སྙིང་རྗེ་ཡིན་ན། ལམ་མ་ཞུགས་ཀྱི་སྙིང་རྗེ་ཡིན་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། ཁྱབ་སྟེ། གཞུང་སྔ་མའི་དོན་འཆད་པ་ན། རྣམ་བཤད་ལས། འཆད་པར་འགྱུར་བའི་སྙིང་རྗེའི་སེམས་དང་། ཞེས་གསུངས་པའི་ཕྱིར། འདོད་ན། ཐོག་མཐའ་བར་གསུམ་པོ་གང་རུང་དུ་གལ་ཆེ་བའི་སྙིང་རྗེ་ཡིན་ན། དེ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱང་སེམས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་སླའོ། ཁ་ཅིག །དེའི་དངོས་བསྟན་གྱི་སྙིང་རྗེ་ཡིན་ན། ལམ་ཞུགས་ཀྱི་སྙིང་རྗེ་ཡིན་དགོས་ཟེར་ན། དེ་མི་འཐད་པར་ཐལ། འདི་བྱང་སེམས་ལས་དང་པོ་བའི་ཐོག་མའི་རྒྱུར་གྱུར་པའི་སྙིང་རྗེ་ཞིག་གཙོ་བོར་སྟོན་པའི་སྐབས་ཡིན་པའི་ཕྱིར། ཁ་ཅིག གཉིས་སུ་མེད་པའི་བློ་ཞེས་པ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་བྱེད་པ་ཡིན་ཟེར་ན། འོ་ན། དེ་དོན་དམ་སེམས་བསྐྱེད་པ་བྱེད་པར་ཐལ། དམ་བཅའ་འཐད་པ་གང་ཞིག དེ་ལྟ་ན་དོན་གྱིས་འགྲུབ་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། རྣམ་བཤད་ལས། དོན་དམ་པའི་སེམས་བསྐྱེད་ལ་འཆད་པ་ནི་ཤིན་ཏུ་མ་འབྲེལ་ཏེ། ཞེས་གསུངས་པའི་ཕྱིར། ཁ་ཅིག སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་དང་། བྱང་ཆུབ་ཀྱི་སེམས་གསུམ་པོ་བྱང་སེམས་ཀྱི་རྒྱུར་མ་ཟད། བླ་མེད་བྱང་ཆུབ་ཀྱི་རྒྱུ་ཡིན་པར་ཐལ། རིན་ཆེན་ཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདི། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐར་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་རྟེན་ཡེ་ཤེས་ལགས། །ཞེས་གསུངས་པའི་ཕྱིར། ཟེར་ན། མ་ཁྱབ། འདོད་ན། མི་འཐད་པར་ཐལ། དེ་གསུམ་རེ་རེ་ནས་ཀྱང་དེ་དང་དུས་མཉམ་ཡིན་པའི་ཕྱིར། ཁ་ཅིག རྒྱལ་སྲས་རྣམས་ཀྱི་ཞེས་པའི་དངོས་བསྟན་གྱི་བྱང་སེམས་དེ་བྱང་སེམས་ལས་དང་པོ་པ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། འདིར་བཤད་པའི་བྱང་སེམས་ཀྱི་མ་མཐའ་དེར་ཡོད་ཀྱང་། དེ་ཁོ་ནར་མ་ངེས་པའི་ཕྱིར། དེར་ཐལ། འདིར་རྒྱས་སྲས་རྣམས་ཞེས་མང་ཚིག་གིས་བསྟན་པ་དང་། རྣམ་བཤད་ལས་ཀྱང་། འདི་གསུམ་གང་གི་རྒྱུར་བཞག་པའི་བྱང་སེམས་དེའི་མ་མཐའ་ལམ་ཞུགས་ཀྱི་བྱང་སེམས་ཐོག་མ་ལ་བྱེད་དམ་མི་བྱེད། ཞེས་བརྟག་པ་གཉིས་མཛད་པའི་དང་པོ་བྱེད་པ་དེ་ཉིད་ཁས་ལེན་པར་བཤད་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ཁས་ལེན་ན་མ་མཐའ་ཞེས་པའི་གསུང་ལ་ནུས་པ་འདོན་དགོས་པའི་ཕྱིར། ། གཉིས་པ་སྙིང་རྗེ་བྱང་སེམས་ཀྱི་རྒྱུ་གཞན་གཉིས་ཀྱི་ཡང་རྩ་བར་བསྟན་པ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། དང་པོ་ནི། ཤེས་བྱ་ཆོས་ཅན། དཔལ་ལྡན་ཟླ་བ་གྲགས་པ་བདག་གིས་བསྟན་བཅོས་འདི་རྩོམ་པའི་ཐོག་མར་སྙིང་རྗེ་ཆེན་པོ་ལ་བསྟོད་པར་བགྱི་སྟེ། རྒྱུ་མཚན་གང་གི་ཕྱིར་ན། བརྩེ་བ་སྙིང་རྗེ་ཆེན་པོ་དེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་སུམ་ཚོགས་པའི་འདིའི། ཐོག་མར་བསྐྱེད་པ་ལ་གལ་ཆེ་བ་ས་བོན་དང་ནི་འདྲ་ལ། བར་དུ་གོང་དུ་སྤེལ་བ་ལ་ཆུ་དང་འདྲ་ཞིང་། མཐར་གདུལ་བྱས་ཡུན་རིང་དུ་ལོངས་སྤྱོད་པའི་གནས་ལ་འབྲས་བུ་སྨིན་པ་ལྟ་བུར་འདོད་པར་གྱུར་པ་དེའི་ཕྱིར་རོ། ། གཉིས་པ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ་ཆེན་པོ་དེ། ཐོག་མཐའ་བར་གསུམ་དུ་གལ་ཆེ་བའི་ཡོན་ཏན་དང་ལྡན་པའི་སྙིང་རྗེར་འདོད་དགོས་པ་ནི་སྐབས་འདིའི་དགོངས་པར་སྣང་ཡང་། དེ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བའི་སྙིང་རྗེ་ནི་མ་ཡིན་ཏེ། དེ་གསུམ་གནས་སྐབས་ཀྱིས་འགལ་བའི་ཕྱིར། དེར་ཐལ། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྩ་བར་གྱུར་བའི་སྙིང་རྗེ་དང་། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་སྙིང་རྗེ་དང་། སངས་རྒྱས་ནས་གདུལ་བྱ་རིགས་ཅན་གསུམ་ལ་ཆོས་འཁོར་རྫོགས་པར་བསྐོར་བའི་བདག་རྐྱེན་བྱེད་པའི་སྙིང་རྗེ་གསུམ་པོ་དེ་འགལ་བ་ཡིན་པའི་ཕྱིར། དེ་གསུམ་གྱི་ནང་ནས་སྙིང་རྗེ་དང་པོ་དེ། རྒྱལ་བའི་མྱུ་གུ་བསྐྱེད་པ་ལ་གལ་ཆེ་བ་ས་བོན་དང་ཆོས་མཚུངས་ཏེ། དཔེར་ན། འཇིག་རྟེན་གྱི་ས་བོན་ནི་མྱུ་གུ་བསྐྱེད་པའི་ཐོག་མའི་རྒྱུར་མེད་དུ་མི་རུང་བར་འཇོག་པ་དེ་བཞིན་དུ། གཞན་དོན་དུ་རང་ཉིད་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སེམས་བསྐྱེད་པའི་རྩ་བ་ནི་སེམས་ཅན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ལ་ཐུག་པའི་ཕྱིར། སྙིང་རྗེ་བར་པ་དེ་རྒྱལ་པའི་མྱུ་གུ་གོང་དུ་སྤེལ་བ་ལ་ཆུ་ལུད་དང་ཆོས་མཚུངས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཀྱང་སྙིང་རྗེ་ཆེན་པོའི་ཆུས་ཡང་ཡང་བྲན་ནས་ཚོགས་གཉིས་ཀྱི་གོམས་པ་རྒྱ་ཆེན་པོས་འབྲས་བུ་སངས་རྒྱས་འགྲུབ་ཀྱི། དེ་ལས་ཟློག་ན་མི་འབྱུང་བའི་ཕྱིར། སྙིང་རྗེ་གསུམ་པ་དེ། མཐར་གདུལ་བྱའི་ལོངས་སྤྱོད་པའི་གནས་ལ་འབྲས་བུ་སྨིན་པ་དང་ཆོས་མཚུངས་ཏེ། སངས་རྒྱས་པའི་ཚེ་སྙིང་རྗེ་ཆེན་པོ་མེད་ན། གདུལ་བྱ་རྣམས་ཀྱིས་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་དང་། ཉན་རང་བྱང་སེམས་རྣམས་བརྒྱུད་མར་འབྱུང་བ་ཡང་མི་འཐད་ལ། ཐུགས་རྗེ་ཆེན་པོའི་གཟིགས་པ་ཡོད་ན་དེ་ལས་ཟློག་སྟེ་འབྱུང་བའི་ཕྱིར། ། གསུམ་པ་ནི། ཁ་ཅིག སྙིང་རྗེ་དེ། མཆོད་བརྗོད་ཀྱི་སྐབས་འདིར་དངོས་སུ་བསྟན་པའི་སྙིང་རྗེ་ཡིན་ཟེར་ན། དེ་ཆོས་ཅན། སེམས་ཅན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོ་ཡིན་པར་ཐལ། སྐབས་འདིར་དངོས་སུ་བསྟན་པའི་སྙིང་རྗེ་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། ཐེག་དམན་པའི་རྒྱུད་ལ་ཁྱོད་ཡོད་པའི་ཕྱིར། དེ་དེར་ཐལ། དེའི་རྒྱུད་ལ་སྙིང་རྗེ་ཚད་མེད་ཡོད་པའི་ཕྱིར། ཁ་ཅིག །འདིར་བསྟན་པའི་སྙིང་རྗེ་ཡིན་ན་ཐེག་ཆེན་ལམ་མ་ཞུགས་ཀྱི་སྙིང་རྗེ་ཡིན་པས་ཁྱབ་ཟེར་ན། འདིར་བསྟན་པའི་བྱང་སེམས་ཀྱི་སྙིང་རྗེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། དེ་དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། མཆོད་བརྗོད་ཡུལ་དུ་གྱུར་པའི་སྙིང་རྗེ་ནི་ཐོག་མའི་སྙིང་རྗེ་གཙོ་བོ་ཡིན་ཀྱང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་གཞན་རྣམས་ཀྱང་ཡིན་པས། ཞེས་གསུངས་པའི་ཕྱིར། ཁ་ཅིག འདིར་བསྟན་པའི་སྙིང་རྗེ་རྒྱུད་ལྡན་གྱི་ཉན་རང་ཡོད་པར་ཐལ། ཉན་རང་གི་རྒྱུད་ལ་སྙིང་རྗེ་ཆེན་པོ་ཡོད་པའི་ཕྱིར་ཟེར་ན། རྣམ་པ་གཅིག་ཏུ་མ་ཁྱབ། མ་གྲུབ་ན་དེར་ཐལ། དེའི་རྒྱུད་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་ལྷག་བསམ་མེད་ཀྱང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང་རྗེ་ཆེན་པོ་ཡོད་པའི་ཕྱིར། དེར་ཐལ། རྒྱུད་བླ་དར་ཊིཀ་ལས། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་ནི་ཐེག་དམན་པ་རྣམས་ལ་ཡང་དང་ཡང་དུ་འབྱུང་མོད་ཀྱི། སེམས་ཅན་སྡུག་བསྔལ་དང་བྲལ་བ་བདག་གིས་བྱའོ་སྙམ་པའི་ཁུར་དུ་ལེན་པའི་ལྷག་བསམ་མེད་པས་ཐེག་ཆེན་ལས་དམན་པའོ། ཞེས་གསུངས་པའི་ཕྱིར། ཁོ་ན་རེ། ཉན་རང་གི་རྒྱུད་ལ་སྙིང་རྗེ་ཆེན་པོ་མེད་པར་ཐལ། དེའི་རྒྱུད་ཀྱི་སྙིང་རྗེ་ཡིན་ན། སྙིང་རྗེ་ཆུང་ངུ་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན་སྙིང་རྗེ་དམན་པ་ཡིན་དགོས་པའི་ཕྱིར་ན་རེ་ཞིག་མ་ཁྱབ་སྟེ། སྙིང་རྗེ་དམན་པ་ནི་ཐེག་ཆེན་གྱི་སྙིང་རྗེ་ལ་བལྟོས་ནས་དམན་པར་བཞག་ཀྱང་། དེ་ཙམ་གྱིས་དེའི་སྙིང་རྗེ་ཐམས་ཅད་སྙིང་རྗེ་ཆུང་ངུར་འཇོག་མི་དགོས་པའི་ཕྱིར། དེར་ཐལ། ཐེག་དམན་དགྲ་བཅོམ་ཆེན་པོ་བཞག་ཆོག་པའི་ཕྱིར། །དཔྱད་དོ། ། གཉིས་པ་སོ་སོར་ཕྱེ་ནས་ཕྱག་འཚལ་བ་ལ་གཉིས། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་དང་དམིགས་མེད་ཀྱི་སྙིང་རྗེ་ལ་ཕྱག་འཚལ་བའོ། །དང་པོ་ལ་གསུམ་ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། ཟླ་བའི་ཞབས་བདག་གིས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བའི་རྒྱུ་མཚན་ཡོད་དེ། དང་པོར་ཏེ་ང་ཡི་བར་འཛིན་པའི་འཇིག་ལྟའི་སྔ་རོལ་ཏུ་ངའོ་ཞེས་པ་བདག་ལ་དམིགས་ནས་རང་བཞིན་གྱིས་ཡོད་པར་ཞེན་པར་གྱུར་ཅིང་། དེའི་འོག་ཏུ་ང་ཡིར་འཛིན་པ་འཇིག་ལྟས་མིག་རྣ་སོགས་ལ་དམིགས་ཏེ་བདག་གི་འདིའོ་ཞེས་བདག་གི་བའི་དངོས་པོ་ལ་བདེན་པར་ཆགས་པ་བསྐྱེད་པའི་དབང་གིས། ཟོ་ཆུན་གྱི་འཁྲུལ་འཁོར་འཕྱན་པ་སྟེ་འཁོར་བ་ལྟར་རང་དབང་མེད་པར་འཁོར་བ་ཡི་འགྲོ་བ་ལ་དམིགས་ནས་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེར་གྱུར་པ་གང་ཡིན་པ་དེ་ལ་འདུད་པའི་ཕྱིར། གཉིས་པ་ནི་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་བཞག་ཏུ་ཡོད་དེ། རང་གི་དམིགས་ཡུལ་དུ་གྱུར་པའི་སྡུག་བསྔལ་ཅན་གྱི་སེམས་ཅན་མི་རྟག་པ་སོགས་དང་རང་བཞིན་མེད་པ་ལྟ་བུས་ཁྱད་པར་དུ་བྱས་ནས་མ་དམིགས་པར་སྤྱིར་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་རྣམ་པ་ཅན་གྱིས་རབ་ཏུ་ཕྱེ་བའི་སྙིང་རྗེ་དེ་དེ་ཡིན་པའི་ཕྱིར། སྙིང་རྗེ་གསུམ་པོ་སེམས་ཅན་ལ་དམིགས་པར་མཚུངས་ཀྱང་། སྙིང་རྗེ་འདིས་སྙིང་རྗེ་འོག་མ་གཉིས་ལྟར་དམིགས་ཚུལ་ཁྱད་པར་དུ་མ་བྱས་པར་སྡུག་བསྔལ་ཅན་གྱི་སེམས་ཅན་ལ་དམིགས་ནས་རྣམ་པ་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་ཡིན་པས། ཐ་སྙད་བདེ་བའི་ཕྱིར་ཚིག་སྡུད་ཀྱིས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཞེས་བརྗོད་པ་ཡིན་ཏེ་རྣམ་བཤད་ལས། དེ་ལ་དགོངས་ནས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཞེས་པ་ཡང་ཐ་སྙད་བདེ་བའི་ཕྱིར་ཉེར་བསྡུའི་མིང་ངོ་། །ཞེས་གསུངས་པའི་ཕྱིར། འོ་ན་སེམས་ཅན་ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་འཁོར་ཚུལ་ཇི་ལྟ་བུ་ཞེ་ན། ཡོད་དེ། ཆོས་འཐུན་རྣམ་པ་དྲུག་གི་སྦྱོར་ཚུལ་ཡོད་པའི་ཕྱིར། དེ་ཡང་ཡོད་དེ། དཔེར་ན། ཟོ་ཆུན་གྱི་རྒྱུད་མོ་ཐག་པ་ལ་སོགས་པས་དམ་དུ་བཅིངས་པ་དང་། རང་དབང་མེད་པར་འཁོར་བ་དང་། ཁྲོན་པ་ཟབ་མོའི་ནང་དུ་འཇུག་པ་དང་། གྱེན་དུ་དཀའ་ཞིང་ཐུར་དུ་འཇུག་སླ་བ་དང་། བར་ཆད་མེད་པའི་ཚུལ་གྱིས་འཁོར་བ་དང་། ཆུའི་ཁུར་གྱིས་ནོན་ཅིང་རྩིག་པ་སོགས་ཀྱིས་བཅོག་པ་དེ་བཞིན་དུ། འཁོར་བ་པའི་སེམས་ཅན་འདི་རྣམས་ཀྱང་། ལས་ཉོན་གྱི་ཐག་པས་དམ་དུ་བཅིངས་པ་དང་། རང་དབང་མེད་པར་འཁོར་བ་དང་། འཁོར་བའི་ཁྲོན་པར་འཇུག་པ་དང་། བདེ་འགྲོར་སྐྱེ་བའི་རྒྱུ་དཀའ་ཞིང་ངན་འགྲོར་སྐྱེ་བའི་རྒྱུ་གསོག་སླ་བ་དང་། ཉོན་མོངས་གསུམ་གྱི་དབང་གིས་སྔ་ཕྱིའི་གོ་རིམས་མཐའ་གཅིག་ཏུ་མ་ངེས་པར་འཚམས་མེད་པར་འཁོར་བ་དང་། སྡུག་བསྔལ་གསུམ་གྱིས་ནོན་ཅིང་གདུང་བར་བྱེད་པའི་ཕྱིར། དེ་དག་ཀྱང་འདི་ལྟར་འགྱུར་ཏེ། བྱེད་པ་པོ་གང་གིས། གནས་གང་དུ། ཚུལ་ཇི་ལྟར། རྐྱེན་གང་གིས་འཁོར་བ་བཞིར་འདུ་བའི་ཕྱིར། དེ་ཡང་ཡིན་ཏེ། བྱེད་པ་པོ་གང་གིས་འཁོར་དུ་བཅུག་ན་མ་དུལ་མ་ཞི་བའི་སེམས་འདི་ཉིད་ཀྱིས་དང་། གནས་གང་དུ་ན་སྲིད་རྩེ་ནས་མནར་མེད་ཀྱི་བར་དང་། ཚུལ་ཇི་ལྟར་ན། མི་འཁོར་བའི་སྐབས་མེད་པ་ལྟ་བུ་དང་། རྒྱུ་རྐྱེན་གང་གིས་འཁོར་ན། ལས་ཉོན་གྱི་དབང་གིས་གོ་རིམས་ངེས་མེད་དུ་འཁོར་བ་བཞིར་འདུ་བ་ཡིན་པའི་ཕྱིར། གསུམ་པ་ནི། ཁ་ཅིག སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་ན། སྙིང་རྗེ་ལ་གསུམ་དུ་ཕྱེ་བའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར། དེར་ཐལ། སྙིང་རྗེ་གང་ཞིག །ཆོས་ཐམས་ཅད་ལ་དམིགས་ནས་བདེན་མེད་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་མེད་ཀྱི་སྙིང་རྗེ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། ཁ་ཅིག རང་གི་དམིགས་ཡུལ་དུ་གྱུར་པའི་མི་རྟག་པ་དང་རང་བཞིན་མེད་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ། སེམས་ཅན་མི་རྟག་པ་དང་རང་བཞིན་མེད་པས་ཁྱད་པར་དུ་བྱས་ཏེ་དམིགས་པའི་སྙིང་རྗེ་ཡིན་པས་ཁྱབ་ཟེར་ན། སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་དེ་མི་རྟག་པ་དང་རང་བཞིན་མེད་པའི་སེམས་ཅན་ཡིན་པའི་ཕྱིར་ཏེ། སེམས་ཅན་ཡིན་པའི་ཕྱིར། ཁ་ཅིག སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཡིན་ན། སེམས་ཅན་མི་རྟག་པ་དང་རང་བཞིན་མེད་པ་གང་རུང་ངེས་མ་མྱོང་བའི་གང་ཟག་གི་རྒྱུད་ཀྱི་སྙིང་རྗེ་ཡིན་པས་ཁྱབ་ཟེར་ན། དེ་མི་འཐད་པར་ཐལ། བྱང་འཕགས་ཀྱི་རྒྱུད་ལ་སྙིང་རྗེ་དེ་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་བདེན་འཛིན་དང་རྟག་འཛིན་ལྷན་སྐྱེས་ཡོད་པ་གང་ཞིག །མི་རྟག་པ་ཚད་མས་ངེས་མྱོང་བའི་གང་ཟག་གིས། མི་རྟག་པའི་ཆོས་གང་འཇོག་པའི་ཚེ་མི་རྟག་པས་ཁྱད་པར་དུ་བྱས་ནས་འཇོག་པས་མ་ཁྱབ། རྟག་འཛིན་ལྷན་སྐྱེས་རྒྱུད་ལྡན་གྱི་གང་ཟག་དེས་ཆོས་གང་དམིགས་པར་འཇོག་རེས་ཀྱིས་རྟག་པས་ཁྱད་པར་དུ་བྱས་ནས་འཇོག་པས་ཀྱང་མ་ཁྱབ་པའི་ཕྱིར། ཁ་ཅིག དག་ས་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ལ་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་ཡོད་ཟེར་ན། དེ་མེད་པར་ཐལ། དེའི་རྒྱུད་ཀྱི་སྙིང་རྗེ་ཡིན་ན། དམིགས་མེད་ཀྱི་སྙིང་རྗེ་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་བདེན་མེད་ཀྱི་རྣམ་པར་ཤར་བའི་སྙིང་རྗེ་ཡིན་དགོས་པའི་ཕྱིར། དེ་དེར་ཐལ། ས་བརྒྱད་པ་ནས་བདེན་འཛིན་སྤངས་པའི་ཕྱིར། གཉིས་པ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ཟླ་བའི་ཞབས་ཀྱིས་ཆོས་དང་དམིགས་མེད་ཀྱི་སྙིང་རྗེ་གཉིས་ལ་ཕྱག་འཚལ་བ་ཡིན་ཏེ། རིམ་པ་བཞིན་དུ། དཔེར་ན། རླུང་གིས་བསྐྱོད་དེ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ཆུ་དང་ལྷན་ཅིག་ཏུ་ཉེ་རེ་རེ་འཇིག་པ་ལྟར། གཡོ་བ་སྟེ་སྐད་ཅིག་གིས་འཇིག་པར་འགྱུར་བའི་འགྲོ་བ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་ཆོས་ལ་དམིགས་པའི་སྙིང་རྗེ་དང་། ཡང་དེ་ལྟར་ཆུ་ཟླ་བཞིན་དུ་བདེན་པར་སྣང་ཡང་རང་བཞིན་ཉིད་ཀྱིས་གྲུབ་པས་སྟོང་པར་མཐོང་བ་ཡི་སྒོ་ནས་འགྲོ་བ་ལ་དམིགས་ཏེ་སྡུག་བསྔལ་དང་བྲལ་འདོད་ཀྱི་དམིགས་མེད་ཀྱི་སྙིང་རྗེ་དེ་གཉིས་ལའང་འདུད་པ་ཡིན་པའི་ཕྱིར། གཉིས་པ་ནི། སྙིང་རྗེ་དང་པོ་དེ་ལ་ཆོས་ལ་དམིགས་པའི་སྙིང་རྗེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྙིང་རྗེ་དེ་རྒྱུད་ལྡན་གྱི་གང་ཟག་དེས་སྔར་སེམས་ཅན་སྐད་ཅིག་གིས་སྐྱེ་འཇིག་བྱེད་པར་རྟོགས་རེ་ལ་བརྟེན་ནས་སེམས་ཅན་རྟག་གཅིག་རང་དབང་ཅན་ཡིན་པ་བློ་ངོར་ཁེགས། དེ་ལ་བརྟེན་ནས་སེམས་ཅན་དེ་རང་གི་ཕུང་པོ་ལས་ངོ་བོ་ཐ་དད་པའི་དོན་གཞན་ཡིན་པའང་ཁེགས་ནུས། དེ་ལ་བརྟེན་ནས་སེམས་ཅན་དེ་རང་གི་ཕུང་པོའི་ཆོས་ཙམ་ལ་བརྟེན་ནས་བཏགས་པ་ཉིད་དུ་ངེས་ནུས་པས། ཕུང་པོའི་ཆོས་ལ་བརྟེན་ནས་བཏགས་པའི་སེམས་ཅན་ལ་དམིགས་པའི་རྒྱུ་མཚན་གྱིས། ཐ་སྙད་བདེ་བའི་ཆེད་དུ་བར་ཚིག་མི་མངོན་པའི་ཉེར་བསྡུའི་མིང་གིས་དེ་ལྟར་བརྗོད་པའི་ཕྱིར། སྙིང་རྗེ་གཉིས་པ་དེ་ལ་དམིགས་མེད་ཀྱི་སྙིང་རྗེ་ཞེས་འཆད་པའི་རྒྱུ་མཚན་ཡོད་དེ། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་བདེན་པང་འཛིན་པའི་བདེན་འཛིན་གྱིས་ཇི་ལྟར་དམིགས་པ་ལྟར་མེད་པས་ཁྱད་པར་དུ་བྱས་ནས་སེམས་ཅན་ལ་དམིགས་པའི་རྒྱུ་མཚན་གྱིས། སྔར་ལྟར་བརྗོད་པའི་ཕྱིར། མི་རྟག་པས་ཁྱད་པར་དུ་བྱས་ནས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཆོས་ལ་དམིགས་པ་ཞེས་བཤད་པ་ཡང་མཚོན་པ་ཡིན་གྱི་དེར་ངེས་པ་ནི་མ་ཡིན་ཏེ། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པས་ཁྱད་པར་དུ་བྱས་ནས་སེམས་ཅན་མ་དམིགས་ཏེ་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་གྱི་སྙིང་རྗེ་ཆེན་པོ་དེ་ཡང་ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་པའི་ཕྱིར། སློབ་པའི་རྒྱུད་ཀྱི་ཆོས་ལ་དམིགས་པའི་སྙིང་རྗེ་དང་དམིགས་མེད་ཀྱི་སྙིང་རྗེས་རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་མི་རྟག་པ་དང་རང་བཞིན་མེད་པ་སོགས་སུ་མ་ངེས་དེ་གཉིས་ཀྱི་རྣམ་པར་ཤར་བ་ཞིག་དགོས་པ་ཡིན་ཏེ། རྣམ་བཤད་ལས། ཁྱད་པར་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་སྙིང་རྗེའི་དམིགས་པ་འཇོག་པ་ལ། སྙིང་རྗེ་རྒྱུད་ལྡན་གྱི་གང་ཟག་གིས་སེམས་ཅན་སྐད་ཅིག་མ་དང་རང་བཞིན་མེད་པ་སྔོན་དུ་ངེས་ཟིན་པ་ལ་བརྟེན་ནས་ཁྱད་ཆོས་གཉིས་ཀྱི་རྣམ་པ་ཤར་བ་ཅིག་དགོས་ཀྱི། སྙིང་རྗེ་དེ་གཉིས་སུ་དམིགས་པ་མི་དགོས་སོ། །ཞེས་གསུངས་པའི་ཕྱིར། ། གསུམ་པ་ནི། ཁ་ཅིག སྙིང་རྗེ་གསུམ་པོ་མི་འགལ་ཟེར་ན། དེ་འགལ་བར་ཐལ་སྙིང་རྗེ་དང་པོ་དང་ཕྱི་མ་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར། དེར་ཐལ། དེ་གསུམ་དམིགས་པ་རང་གི་དམིགས་ཡུལ་དུ་གྱུར་པའི་སྡུག་བསྔལ་ཅན་གྱི་སེམས་ཅན་ལ་དམིགས་ནས་རྣམ་པ་སྡུག་བསྔལ་དང་བྲལ་འདོད་དུ་མཚུངས་ཀྱང་། ཁྱད་པར་དུ་བྱས་ཚུལ་མི་འདྲ་བ་ཡོད་པའི་ཕྱིར། ཁ་ཅིག །སྙིང་རྗེ་ཕྱི་མ་གཉིས་ཀྱང་འགལ་ལོ་ཟེར་ན། དེ་མི་འཐད་པར་ཐལ། དེ་གཉིས་ཀྱི་གཞི་མཐུན་པ་ཡོད་པའི་ཕྱིར། དེར་ཐལ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྙིང་རྗེ་ཡིན་ན། དེ་ལྟར་ཡིན་དགོས་པའི་ཕྱིར། སྤྱིིར་སྙིང་རྗེ་ཕྱི་མ་གཉིས་ཀྱིས་སེམས་ཅན་མི་རྟག་པ་དང་རང་བཞིན་མེད་པར་མ་རྟོགས་ཟེར་ན། འོ་ན། དམིགས་མེད་ཀྱི་སྙིང་རྗེས་སེམས་ཅན་རང་བཞིན་མེད་པར་མ་རྟོགས་པ་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེས་དེ་རྟོགས་པར་ཐལ། འཕགས་རྒྱུད་ཀྱི་སྙིང་རྗེ་དེས་དེ་རྟོགས་པའི་ཕྱིར། དེར་ཐལ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་དེས་དེ་རྟོགས་པའི་ཕྱིར། མ་ཁྱབ་ན། ལམ་གྱིས་སེམས་ཅན་རང་བཞིན་མེད་པར་མ་རྟོགས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། ཚད་མས་ཀྱང་དེ་མ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་དེ་རྟོགས་པར་ཐལ། དེ་ཚད་མས་གྲུབ་པའི་ཕྱིར། ཁ་ཅིག སྐབས་འདིར་སྙིང་རྗེ་གསུམ་གྱི་ནང་ནས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ཡིན་ཀྱང་། སྙིང་རྗེ་ཕྱི་མ་གཉིས་ལ་ཕྱག་འཚལ་བ་མ་ཡིན་པར་ཐལ། དེ་གཉིས་ལ་དངོས་སུ་བསྟོད་ཕྱག་གི་ཚིག་འདིར་མི་འབྱུང་བའི་ཕྱིར། ཟེར་ན། སྐྱོན་མེད་དེ། འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། ཞེས་པ་འདི་ཕྱི་མ་གཉིས་ལའང་དོན་གྱིས་ཐོབ་པའི་དབང་དུ་བྱས་པའི་ཕྱིར། ཁ་ཅིག སྙིང་རྗེ་ཡིན་ན། ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་དགོས་པར་ཐལ། དེ་ཡིན་ན། རང་གི་དམིགས་ཡུལ་དུ་གྱུར་པའི་ཆོས་ལ་དམིགས་པའི་སྙིང་རྗེ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། རྟགས་དེར་ཐལ། དེ་ཡིན་ན། རང་གི་དམིགས་ཡུལ་དུ་གྱུར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡིན་དགོས་པའི་ཕྱིར། ཁ་ཅིག སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་དང་། དམིགས་མེད་ཀྱི་སྙིང་རྗེ་ཞེས་པའི་ཐ་སྙད་མི་འཐད་པར་ཐལ། སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་མེད་པའི་ཕྱིར་དང་། སྙིང་རྗེ་ཡིན་ན། དམིགས་པ་ཡོད་པའི་སྙིང་རྗེ་ཡིན་དགོངས་པའི་ཕྱིར། དང་པོ་དེར་ཐལ། སེམས་ཅན་ཙམ་མེད་པའི་ཕྱིར་ན་སྐྱོན་མེད་དེ། དེ་ཙམ་གྱི་སྒྲས་སྙིང་རྗེ་ལ་གསུམ་དུ་ཕྱེ་བའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ། རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་མི་རྟག་པ་སོགས་དང་རང་བཞིན་མེད་པའི་རྣམ་པ་ཤར་བ་དེ་གཅོད་ཀྱི་གཞན་མི་གཅོད་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན་དེར་ཐལ། དེ་ཡིན་ན། དམིགས་ཡུལ་ཡོད་དགོས་པའི་ཕྱིར་ན་སྔ་མ་ལ་སྐྱོན་མེད་དེ། དམིགས་མེད་ཞེས་པ་ནི། དམིགས་པ་གཏན་མེད་པའི་དོན་མ་ཡིན་པར་བདེན་འཛིན་གྱིས་བཟུང་བ་ལྟར་གྱི་ཞེན་ཡུལ་མེད་པའི་རྣམ་པར་ཤར་བའི་དོན་ཡིན་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། དམིགས་པ་མེད་པ་ནི་མཚན་འཛིན་གྱིས་བཟུང་བ་ལྟར་གྱི་ཞེན་ཡུལ་མེད་པ་བདེན་མེད་དོ། །ཞེས་གསུངས་པའི་ཕྱིར། སྙིང་རྗེ་ཆེན་པོའི་མཚན་ཉིད་སོགས་རྒྱས་པར་ནི་ལམ་རིམ་སོགས་ནས་ཤེས་པར་བྱའོ། ། གཉིས་པ་བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ལ་གཉིས། རྒྱུའི་ས་དང་། འབྲས་བུའི་སའོ། །དང་པོ་ལ་གཉིས། ས་བཅུ་སོ་སོའི་རྣམ་གཞག དེའི་ཡོན་ཏན་བསྟན་པའོ། །དང་པོ་ལ་གསུམ། རབ་དགའ་སོགས་ལྔ་བཤད་པ། ས་དྲུག་པ་མངོན་དུ་གྱུར་བ་བཤད་པ། རིང་དུ་སོང་བ་སོགས་བཞི་བཤད་པའོ། །དང་པོ་ལ་ལྔ། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱངས་དཀའ་པ་བཤད་པའོ། ། དང་པོ་ལ་གསུམ། ཁྱད་གཞི་སའི་ངེས་ཚིག་མདོར་བསྟན་པ། ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད་པ། སའི་ཡོན་ཏན་བསྟན་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། ས་དང་པོ་རབ་ཏུ་དགའ་བ་ལ་གནས་བའི་རྒྱལ་བའི་སྲས་པོ་སེམས་ཅན་རང་བཞིན་མེད་པར་སྙིང་རྗེའི་དམིགས་ཡུལ་དུ་བྱས་པ་འདི་ཡི་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཟག་མེད་ཀྱི་སེམས་གང་ཡིན་པ་དོན་དམ་པའི་སེམས་དེ་ནི་ཆོས་ཅན། འཇིག་རྟེན་ལས་འདས་པའི་སེམས་དང་པོ་ཞེས་བྱ་བ་ཡིན་ཏེ། འགྲོ་བ་རྣམས་འཁོར་བ་སོགས་ལས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་དུ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཅིང་། བྱང་སེམས་ཀུན་ཏུ་བཟང་པོའི་སྨོན་ལམ་མཛད་པའི་སྟོབས་ཀྱིས་དགེ་བ་རྣམས་གཞན་དོན་དུ་བྱང་ཆུབ་ཆེན་པོར་རབ་ཏུ་བསྔོས་པས་ཟིན་པའི་དོན་དམ་པའི་སེམས་བསྐྱེད་དང་པོ་ཡིན་པའི་ཕྱིར། འོ་ན་དོན་དེ་རེ་ཞིག་རྫོགས་པའི་དོན་ནོ། ། གཉིས་པ་ལ་གཉིས། སྤྱིར་བསྟན་པ་དང་། ས་འདིའི་རྣམ་བཞག་བཤད་པའོ། །དང་པོ་ནི། དབུ་མ་འཇུག་པ་འདིར་ས་བཅུ་དང་བཅུ་གཅིག་པའི་རྣམ་གཞག་སྟོན་ན། ས་ཞེས་པའི་དོན་གང་ཞེ་ན། དེ་ཡང་ཡོད་དེ། སའི་སྐད་དོད་བྷུ་མི་ཞེས་པ་ནི། གནས་སམ་རྟེན་བྱེད་པ་ལ་འཇུག་པས། ས་དེ་རྣམས་ཀྱང་ཡོན་ཏན་གྱི་གནས་སམ་རྟེན་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་ཏེ། རང་འགྲེལ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཡོངས་སུ་ཟིན་པ་ཉིད། ཆར་རྣམ་པར་ཕྱེ་བ་ན་ས་ཞེས་བྱ་བའི་མིང་འཐོབ་སྟེ་ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། སའི་ཐ་སྙད་ཀྱང་བྱང་སེམས་ཀྱི་རྟོགས་པའི་སྟེང་ནས་བརྩི་བ་ཁོ་ནར་མ་ངེས་ཏེ། རིན་ཆེན་འཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལས། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་གསུངས་པའི་ཕྱིར། དམན་པའི་ས་བརྒྱད་ཀྱང་ཡོད་དེ། རིགས་ཀྱི་ས། བརྒྱད་པའི་ས། མཐོང་བའི་ས། སྲབ་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། ཉན་ཐོས་ཀྱི་ས། རང་རྒྱལ་གྱི་ས་སྟེ་བརྒྱད་ཡོད་པའི་ཕྱིར། དོན་དམ་པའི་ས་བཅུར་དབྱེ་བའི་ཚུལ་ཡོད་དེ། སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་སོགས་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་ཟག་མེད་དུ་འཇོག་པ་ཡིན་པའི་ཕྱིར། དེས་ན་སློབ་ལམ་ན་འཕགས་པའི་མཉམ་གཞག་མི་རྟོག་པའི་ཡེ་ཤེས་ལས་གཞན་པའི་ཟག་མེད་ཀྱི་ཤེས་པ་མེད་དེ། རྣམ་བཤད་ལས། དེ་ཡང་སངས་རྒྱས་ཀྱི་ས་མ་ཐོབ་ཚུན་ཆད་དུ་མ་རིག་པའི་བག་ཆགས་ཀྱིས་མ་བསླད་པའི་ཤེས་པ་ནི། འཕགས་པ་རྣམས་ཀྱི་མཉམ་གཞག་མི་རྟོག་པའི་ཡེ་ཤེས་མིན་པ་མེད་ལ། དེ་ཡང་རེས་འཇོག་པ་སྟེ་མཉམ་གཞག་དེ་ལས་ལངས་པ་ན། བག་ཆགས་ཀྱིས་བསླད་པ་ཅན་དུ་སྐྱེའོ། །ཞེས་གསུངས་པའི་ཕྱིར། དེ་ནི་ཡེ་ཤེས་དེ་ལྟ་བུ་ལ་དགོངས་པ་སྟེ། གཞན་དུ་ན་སློབ་པ་འཕགས་པའི་རྒྱུད་ལ་ཟག་མེད་ཀྱི་འགོག་བདེན་ཀྱང་ཡོད་པས་ཡེ་ཤེས་མ་ཡིན་པའི་ཟག་མེད་མེེད་པ་མི་འཐད་པའི་ཕྱིར། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་རབ་དགའ་སོགས་བཅུར་འབྱེད་པའི་རྒྱུ་མཚན་ཡོད་དེ། ཡོན་ཏན་གྱི་གྲངས་དང་། མི་མཐུན་ཕྱོགས་འཇོམས་པ་ལ་མཐུ་ཕུལ་བྱུང་བ་ནང་ཚན་གྱིས་ཐོབ་མ་ཐོབ་དང་། སྦྱིན་སོགས་ཀྱི་ཉམས་ལེན་ལྷག་ཚུལ་དང་། རྣམ་སྨིན་གྱི་སྐྱེ་བ་འཛིན་པ་ལ་སོགས་པའི་སྒོ་ནས་འཇོག་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ཡང་གོང་ནས་གོང་དུ་འཕེལ་བའི་ཡོན་ཏན་གྱི་གྲངས་དང་། མཐུ་ཕུལ་དུ་བྱུང་བ་ཐོབ་པ་དང་། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་དང་། རྣམ་པར་སྨིན་པ་ལ་སོགས་པའི་འཕེལ་བའི་བྱེ་བྲག་གི་ས་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བ་བཅུར་བཞག་གི། འདི་ལ་རང་གི་ངོ་བོའི་ཁྱད་པར་གྱིས་བྱས་པའི་དབྱེ་བ་ནི་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ངོ་བོའི་ཁྱད་པར་གྱིས་དབྱེ་བ་མེད་པའི་དོན་ཡང་ཡོད་དེ། ས་བཅུའི་མི་རྟོག་ཡེ་ཤེས་བཅུ་ཀ་འང་། ཟག་མེད་ཀྱི་ཡེ་ཤེས་སུ་མཚུངས་པའི་དོན་ཡིན་གྱི། ངོ་བོ་ཐ་དད་མེད་པའི་དོན་མིན་པའི་ཕྱིར། དེ་དག་ངོ་བོ་ཐ་དད་པ་ཡིན་ཏེ། དེ་བཅུ་པོ་རྒྱུ་འབྲས་སུ་འཇོག་དགོས་པའི་ཕྱིར་རོ། །དེ་བཅུ་ནི་ངོ་བོ་ཐ་དད་ཀྱང་ངོ་བོ་ལ་རིགས་མི་འདྲ་པའི་ཁྱད་བར་མེད་དེ། དཔེར་ན། བྱ་ནམ་མཁའ་ལ་བགྲོད་པའི་རྗེས་འཇིག་རྟེན་པའི་བརྡ་བྱང་རང་ཉིད་ཀྱིས་ཇི་ལྟར་ངེས་པ་བཞིན་དུ་གཞན་ལ་འདིའོ་ཞེས་བརྗོད་མི་ནུས་ཤིང་། དེ་ལྟར་སྟོན་མི་ནུས་པ་དེ་བཞིན་དུ་ནམ་མཁའ་འདྲ་བའི་དོན་དམ་པའི་བདེན་པ་ལ། བྱ་ལྟ་བུའི་དོན་དམ་སེམས་བསྐྱེད་ཀྱིས་བགྲོད་པའི་ཚུལ་སྤྲོས་བྲལ་དེ་ནི། བྱང་སེམས་རང་ཉིད་ཀྱིས་ཇི་ལྟར་རྟོགས་པ་བཞིན་དུ་ཉན་པ་པོ་ལ་སྤྲོས་མེད་དུ་སྟོན་མི་ནུས་ན། ཉན་པ་པོས་དེ་ལྟར་རྟོགས་མི་ནུས་པ་ལྟ་སྨོས་ཀྱང་ཅི་དགོས་པ་ཡིན་ཏེ། ས་བཅུ་བའི་མདོ་ལས་ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་ལྟར། །དེ་བཞིན་རྒྱལ་བའི་སྲས་ཀྱི་ས་ཀུན་ཀྱང་། །བརྗོད་མི་ནུས་ན་ཉན་པར་ག་ལ་ནུས། །ཞེས་གསུངས་པའི་ཕྱིར། ཡོན་ཏན་གྱི་གྲངས་དང་། མཐུ་དང་། ཕར་ཕྱིན་ལྷག་ཚུལ་དང་། རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་བཞི་ནི་མདོར་བསྡུ་ན་འདི་ལྟར་ཡིན་ཏེ། འོག་ནས་འཆད་བ་ལྟར་ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་གཉིས་པ་ལ་སྟོང་ཕྲག་བཅུ་གཉིས་སོགས་གོང་ནས་གོང་དུ་འཕེལ་བ་དང་། ས་སོ་སོའི་དྲི་མ་སྦྱོང་བའི་མཐུ་དང་ས་དང་པོར་སྦྱིན་པ་དང་གཉིས་པར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པ་སོགས་དང་། ས་དང་པོར་འཛམ་བུའི་གླིང་དང་གཉིས་པར་གླིང་བཞི་ལ་དབང་བའི་རྒྱལ་པོར་སྐྱེ་བ་འཛིན་པ་སོགས་ཏེ་བཞི་རིམ་པར་འཇོག་པའི་ཕྱིར། གཉིས་པ་ནི། ས་དང་པོ་འདི་ལ་ཀུན་ཏུ་བཟང་པོའི་བསྔོ་བས་ཟིན་པ་ཞེས་པའི་རྒྱུ་མཚན་ཡོད་དེ། ས་བཅུ་པའི་མདོ་ལས། ས་དང་པོ་པས་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་བཅུ་འདེབས་པར་གསུངས་པའི་སྨོན་ལམ་རྣམས་ཀུན་ཏུ་བཟང་པོའི་སྨོན་ལམ་དུ་བསྡུ་བའི་ཆེད་ཡིན་པའི་ཕྱིར། ཀུན་ཏུ་བཟང་པོའི་སྨོན་ལམ་ཀྱང་ཡོད་དེ། བཟང་སྤྱོད་དང་དེའི་ནང་ནས་ཀྱང་གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །ཞེས་སོགས་ཀྱི་སྨོན་ལམ་དང་འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་སོགས་ཚིག་བཅད་གཉིས་སྨོན་ལམ་དང་བསྔོ་བ་བླ་ན་མེད་པ་ཡིན་པའི་ཕྱིར། ས་འདིར་འཕོས་པའི་མཚམས་གང་ཡིན་ཞེ་ན། ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་སྐད་ཅིག་ཐ་མ་པ་དེས། སྒྲིབ་པ་ཀུན་བཏགས་ཀྱི་དངོས་གཉེན་བར་ཆད་མེད་ལམ་ནམ་ཐོབ་པའི་དེ་ཚེ་ས་དེར་འཕོས་པར་འཇོག་པའི་ཕྱིར། གསུམ་པ་ནི། ཁ་ཅིག ས་བཅུའི་མཉམ་གཞག་ཡེ་ཤེས་བཅུ་པོ་དེ་ཟག་མེད་ཀྱི་ཡེ་ཤེས་ཡིན་ཟེར་ན། འོ་ན། ས་དང་པོའི་མཉམ་གཞག་ཡེ་ཤེས་དེ་ཡང་ཟག་མེད་ཀྱི་ཡེ་ཤེས་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན་དེ་ཡིན་ན། ཟག་མེད་ཀྱི་ཡེ་ཤེས་ཡིན་དགོངས་པར་ཐལ། འདོད་པའི་ཕྱིར། འདོད་ན། ས་དང་པོ་པའི་རྒྱུད་ཀྱི་སྟོང་ཉིད་ལ་དོན་སྤྱིིའི་ཚུལ་གྱིས་མཉམ་པར་བཞག་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ས་དང་པོ་པོའི་རྒྱུད་ཀྱི་མཉམ་གཞག་ཡེ་ཤེས་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། དེ་དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ས་དང་པོའི་ཡེ་ཤེས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། རྟོག་པ་ཡིན་པའི་ཕྱིར། ཁ་ཅིག ས་དང་པོ་ཡིན་ན། མཐོང་ལམ་ཡིན་པས་ཁྱབ་ཟེར་ན། ས་དང་པོའི་ངོ་བོར་གྱུར་པའི་སྒོམ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། རྒྱལ་ཚབ་རྗེས། ས་དང་པོ་ནི་བསྐལ་བ་ལ་སོགས་པས་ཡུན་གྱིས་རྫོགས་དགོས་པས་སྒོམ་ལམ་གྱིས་བསྡུས་པ་ཡང་ཡོད་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག ས་དང་པོ་ཐོབ་མ་ཐག་པའི་ཚེ། སྦྱིན་པ་གཏོང་བ་དང་། སྨོན་ལམ་འདེབས་པ་དང་། ཞིང་གཡོ་བ་དང་། རྣམ་སྨིན་གྱི་སྐྱེ་བ་གསར་དུ་འཛིན་པ་ཡོད་ཟེར་ན། དེ་མི་འཐད་པར་ཐལ། ས་དང་པོ་ཐོབ་མ་ཐག་པའི་གང་ཟག་ཡིན་ན། སྟོང་ཉིད་མངོན་སུམ་རྟོགས་པའི་གང་ཟག་ཡིན་དགོས་པ་གང་ཞིག །སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ལ་གནས་བཞིན་པའི་ངང་ནས་དེ་ལྟ་བུའི་ཀུན་རྫོབ་ཀྱི་སྦྲོས་པ་ལ་འཇུག་ནུས་པའི་སེམས་ཅན་མེད་པའི་ཕྱིར། ཁ་ཅིག ས་དང་པོ་ཐོབ་མ་ཐག་པའི་གང་ཟག་དེའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་དང་པོ་ཡོད་ཟེར་ན། དེའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་ཟག་མེད་ཀྱི་ཡེ་ཤེས་མ་ཡིན་པའི་ཡེ་ཤེས་ཞིག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེའི་རྒྱུད་ཀྱི་ཡེ་ཤེས་ཡིན་ན། བར་ཆད་མེད་ལམ་ཡིན་དགོས་པའི་ཕྱིར། ཁ་ཅིག །ས་དང་པོ་ཐོབ་མ་ཐག་པའི་ཚེ་སེམས་ཅན་གྱི་དོན་དུ་ཐམས་ཅད་མཁྱེན་པ་འཐོབ་ནུས་པར་མཐོང་ནས་ཡིད་ལ་དགའ་བ་ཁྱད་པར་ཅན་འབྱུང་བས། དེ་ལ་རབ་དགའ་ཞེས་བརྗོད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། བྱང་ཆུབ་དང་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་བ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར། ཟེར་ན། མ་ཁྱབ་སྟེ། དེའི་རྗེས་ཐོབ་ཀྱི་གནས་སྐབས་སུ་འབྱུང་པའི་དོན་ཡིན་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན། མཉམ་གཞག་དེར་ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་བློ་ཡོད་པར་ཐལ་བར་འགྱུར་པའི་ཕྱིར། ། གཉིས་པ་ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད་པ་ལ་གསུམ། རང་རྒྱུད་མཛེས་པར་བྱེད་བའི་ཡོན་ཏན་དང་། གཞན་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན། ས་འདིར་ལྷག་པའི་ཡོན་ཏན་གཞན་བསྟན་པའོ། །དང་པོ་ལ་གཉིས། སོ་སོར་ཕྱེ་སྟེ་བཤད་པ། མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ། དོན་ལྡན་གྱི་མཚན་ཐོབ་པ། རིགས་སུ་སྐྱེས་པ་སོགས་ཀྱི་ཡོན་ཏན། ས་གོང་མ་གནོན་པ་སོགས་ཀྱི་ཡོན་ཏན་ནོ། །དང་པོ་ནི། ས་དང་པོ་ཐོབ་ཟིན་པ་དེ་ནས་བཟུང་སྟེ་བྱང་སེམས་དེ་ནི་ཆོས་ཅན། ཁྱོད་ལ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྒྲ་ཉིད་ཀྱིས་བསྙད་པ་སྟེ་བརྗོད་པར་བྱ་བ་ཡིན་ཏེ། དོན་དམ་པའི་སེམས་བསྐྱེད་དེ་ཐོབ་པར་གྱུར་པ་ཡིན་ཏེ་ཡིན་པའི་ཕྱིར་རོ། །དེ་ནི་ཞེས་པའི་སྒྲ་དོན་དམ་སེམས་བསྐྱེད་དེ་ལ་གོ་བ་ལྟ་བུ་ཞིག་སྣང་ཡང་། རྣམ་བཤད་ལས་བྱང་སེམས་དེ་ནི་ཞེས་འབྱུང་བ་སོར་བཞག་པ་ཡིན་ཏེ། འདི་འཁྲུལ་བ་དང་བྲལ་པའི་ཕྱིར་རོ། །དོ་ཞེས་པ་ནི་དོན་དེ་རེ་ཞིག་རྫོགས་པའི་ཚིག་སྟེ། འདི་ལྟ་བུ་ལ་སོགས་པ་འགའ་ཞིག་འཆད་པ་དེ་ཕྱིར་བཏང་སྙོམས་སུ་བཞག་པ་འོག་མ་ཀུན་ཏུ་ཤེས་པར་བྱའོ། ། གཉིས་པ་ནི། བྱང་སེམས་འདི་ནི་ཆོས་ཅན་མཚན་ཁྱད་པར་ཅན་ཐོབ་པར་མ་ཟད། དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་ཡིན་སྟེ། སོ་སྐྱེ་དང་ཉན་རང་གི་ས་ལས་འདས་ཤིང་སངས་རྒྱས་སུ་བགྲོད་ངེས་ཀྱི་ལམ་རྒྱུད་ལ་སྐྱེས་པའི་སེམས་དཔའ་ཡིན་པའི་ཕྱིར། བྱང་སེམས་འདིས་ནི་ཆོས་ཅན། མཐོང་སྤང་གི་བསྡུས་པའི་འཇིག་ལྟ་ཐེ་ཚོམ་ཉོན་མོངས་ཅན་དང་ཚུལ་ཞུགས་མཆོག་འཛིན་གྱི་ཀུན་དུ་སྦྱོར་བ་གསུམ་པོ་ཐམས་ཅད་སྤངས་པ་ཡིན་ཏེ། དེ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་ནི་ཆོས་ཅན། དགའ་བ་མཆོག་ཏུ་གྱུར་པ་འཆང་བ་ཡིན་ཏེ། ས་དང་པོའི་ཡོན་ཏན་ཁྱད་པར་ཅན་ཐོབ་ཅིང་སྔར་གྱི་ཉེས་པ་དེ་དག་དང་བྲལ་བས་ཐུན་མོང་མ་ཡིན་པའི་དགའ་བ་ཁྱད་པར་ཅན་ཐོབ་པའི་ཕྱིར། བྱང་སེམས་དེ་ཆོས་ཅན། ནུས་མཐུ་ཁྱད་པར་ཅན་དང་ལྡན་པ་ཡིན་ཏེ། འཇིག་རྟེན་གྱི་ཁམས་བརྒྱ་ཀུན་ནས་གཡོ་བར་ནུས་པར་གྱུར་པའང་ཡིན་པའི་ཕྱིར། འང་ནི་སྔ་མར་མ་ཟད་ཅེས་པའོ། ། གསུམ་པ་ནི། དེ་ཆོས་ཅན། ས་གོང་མ་གནོན་པར་བྱེད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ས་དང་པོ་ནས་གཉིས་པར་གནོན་པར་བྱེད་ཅིང་། དེ་ནས་ཀྱང་ས་གོང་མ་གོང་མར་རབ་ཏུ་འགྲོ་བར་འགྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། ས་དང་པོ་ཐོབ་པ་དེའི་ཚེ་བྱང་སེམས་འདི་ཡི་སྤང་བྱའི་ངན་འགྲོར་འགྲོ་བའི་ལམ་རྣམས་མཐའ་དག་འགག་པར་འགྱུར་ཏེ། དེའི་ཚེ་བྱང་སེམས་འདིས་དེ་དག་དངོས་སུ་སྤོང་པའི་གཉེན་པོ་ཐོབ་པའི་ཕྱིར། ཤེས་བྱ་ཆོས་ཅན། དེའི་ཚེ་བྱང་སེམས་འདི་ཡི་འདའ་བྱའི་སོ་སོ་སྐྱེ་བོའི་ས་རྣམས་ཐམས་ཅད་ཟད་པ་སྟེ་འགགས་པ་ཡིན་ཏེ། དེའི་ཚེ་འདི་འཕགས་པ་ཡིན་པའི་ཕྱིར། གཉིས་པ་ནི། བྱང་སེམས་འདི་ནི་ཆོས་ཅན། དགྲ་བཅོམ་འབྲས་གནས་ནས་ཡས་བགྲངས་པའི་འཕགས་པ་བརྒྱད་པ་རྒྱུན་ཞུགས་ཞུགས་པ་ཇི་ལྟ་བ་དེ་ལྟར་ཉེ་བར་བསྟན་པའི་རྒྱུ་མཚན་ཡོད་དེ། རྒྱུན་ཞུགས་ཞུགས་པ་དང་སྤངས་རྟོགས་རིགས་འཐུན་གྱི་ཆོས་མཚུངས་ཁྱད་པར་བ་སྦྱར་དུ་ཡོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། འདིའི་སྐབས་སུ་མཐའ་དཔྱད་པ་ལ། ཁ་ཅིག དེ་ནས་བཟུང་སྟེ་དེ་ནི་ཐོབ་པར་གྱུར་པ་ཡིས། །ཞེས་པའི་རྐང་པ་གཉིས་པོ་བྱང་སེམས་ཀྱི་མཚན་ཐོབ་ཚུལ་སྤྱིའི་དབང་དུ་བྱས་པ་ཡིན་ནོ་ཟེར་ན། དེ་མི་འཐད་པར་ཐལ། དེ་བྱང་སེམས་ཀྱི་མཚན་སྤྱི་ཙམ་མ་ཡིན་པར་ཁྱད་པར་བའི་དབང་དུ་བྱས་པ་ཡིན་པའི་ཕྱིར། དེར་ཐལ། དེ་དོན་དམ་པའི་བྱང་སེམས་ཞེས་པའི་མཚན་དང་པོ་ཐོབ་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར། ཁ་ཅིག འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་སྟེ། ཞེས་པས་དེ་བཞིན་གཤེགས་པའི་རིགས་སུ་གསར་དུ་སྐྱེས་ཚུལ་བསྟན་པ་ཡིན་ནོ། །འོ་ན། ཐེག་ཆེན་ཚོགས་སྦྱོར་གྱི་གནས་སྐབས་སུ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་མེད་པར་ཐལ། བྱང་སེམས་ས་དང་པོ་པ་དེ་དེ་བཞིན་གཤེགས་པའི་རིགས་སུ་གསར་དུ་སྐྱེས་པ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་སོ། ། ཁ་ཅིག །འདི་ནི་ཀུན་དུ་སྦྱོར་བ་གསུམ་པོ་ཐམས་ཅད་སྤངས་པ་ཡིན། ཞེས་པས་ས་དང་པོ་ཐོབ་མ་ཐག་པའི་བྱང་སེམས་དེས་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པར་ཐལ། ཁྱོད་ཀྱིས་དེའི་དོན་འཆད་ཚུལ་འཐད་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། དེ་ནི་ཚིག་ཟིན་གྱི་དབང་དུ་བྱས་པ་ཡིན་གྱི། དེའི་ཚེ་དེས་མཐོང་སྤང་ཀུན་སྦྱོར་གསུམ་གྱི་དངོས་གཉེན་ཐོབ་ཀྱང་སྤངས་པ་མིན་པའི་ཕྱིར། དེར་ཐལ། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱིས་མཐོང་སྤངས་སྤངས་པ་དང་ཐེག་ཆེན་གྱི་རྣམ་གྲོལ་ལམ་ཐོབ་པ་དུས་མཉམ་པའི་ཕྱིར། ཁ་ཅིག དེ་ཚེ་འདི་ཡི་ངན་འགྲོའི་ལམ་རྣམས་མཐའ་དག་འགགས་པར་གྱུར། །ཞེས་པས་ས་དང་པོ་ཐོབ་མ་ཐག་པའི་ཚེ་ངན་འགྲོའི་ཕུང་ཁམས་སྐྱེ་མཆེད་སྤངས་པར་བསྟན་པ་ཡིན་ནོ་ཟེར་ན། དེ་མི་འཐད་པར་ཐལ། ངན་འགྲོའི་ཕུང་ཁམས་སྐྱེ་མཆེད་རྣམས་མཐོང་སྤངས་སུ་མངོན་པ་ཀུན་བཏུས་ལས་གསུངས་པ་གང་ཞིག །མཐོང་སྤངས་མཐོང་ལམ་བར་ཆད་མེད་ལམ་ཀྱིས་སྤོང་དགོས་པའི་ཕྱིར། ཁ་ཅིག རྒྱུན་ཞུགས་ཞུགས་པ་འཕགས་པ་ཡིན་པར་ཐལ། ཁྱོད་ཀྱི་ཆོས་འཐུན་སྦྱོར་ཚུལ་འཐད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། དེ་ལ་སོ་སྐྱེ་ཡང་ཡོད་པར་ཀུན་བཏུས་ལས་བཤད་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། སྐབས་འདིར་མཛོད་ལས་རྒྱུན་ཞུགས་ཞུགས་པ་ལ་འཕགས་པས་ཁྱབ་པར་གསུངས་པ་ལྟར་ཁས་ལེན་པའི་ཕྱིར། གཉིས་པ་ལ་གཉིས། ས་འདིར་ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པ་དང་། ས་བདུན་པར་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པའོ། །དང་པོ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། བྱང་ཆུབ་ཀྱི་སེམས་ལྟ་གཉིས་པ་སོགས་སུ་མ་ཟད་། རྫོགས་པའི་བྱང་ཆུབ་ཀྱི་སེམས་ལྟ་དང་པོ་ལ་གནས་པ་ཙམ་གྱིས་ཀྱང་ཉན་རང་རིགས་ཁྱད་པར་ཅན་གྱི་སྒོ་ནས་ཟིལ་གྱིས་གནོན་པ་ཡིན་ཏེ། ཐུབ་པའི་དབང་པོའི་གསུང་ལས་སྐྱེས་པའི་ཉན་ཐོས་དང་བཅས་པའི་རང་སངས་རྒྱས་རྣམས་ནི་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་བསོད་ནམས་དག་གི་དབང་གིས་ཕམ་པར་བྱས་ཤིང་བྱང་སེམས་རང་ཉིད་དེ་དག་ལས་ལྷག་པར་རྣམ་པར་འཕེལ་བའི་ཕྱིར་རོ། ། གཉིས་པ་ནི། དོན་དམ་སེམས་བསྐྱེད་ཐོབ་ནས་ཉན་རང་རིགས་ཁྱད་པར་ཅན་གྱི་སྒོ་ནས་ཟིལ་གྱིས་གནོན་པ་ཡིན་ཏེ། བྱམས་པའི་རྣམ་པར་ཐར་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། རྒྱལ་པོའི་བུ་སྐྱེས་ནས་རིང་པོར་མ་ལོན་པ་རྒྱལ་པོའི་མཚན་དང་ལྡན་པ་ནི་བློན་པོའི་ཚོགས་རྒན་པོ་གཙོ་བོར་གྱུར་པ་ཐམས་ཅད་ཀྱང་རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོར་མ་ལོན་པ་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་རིགས་སུ་སྐྱེས་པས་ཀྱང་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཀྱང་ཟིལ་གྱིས་གནོན་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་སྐྱེས་ནས་རིང་པོར་མ་ལོན་པའི་གཤོག་པའི་རླུང་གི་ཤུགས་དང་མིག་ཡོངས་སུ་དག་པའི་ཡོན་ཏན་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་བྱའི་ཚོགས་མ་ལུས་པ་རྒས་པར་གྱུར་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་རིགས་ཀྱི་རྒྱུད་དུ་ཡང་དག་པར་འབྱུང་བ། ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གཤོག་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་དང་ལྷག་པའི་བསམ་པ་དག་པའི་མིག་གི་ཡོན་ཏན་གང་ཡིན་པ་དེ་ནི་བསྐལ་བ་བརྒྱ་སྟོང་དུ་ངེས་པར་འབྱུང་བའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། མདོ་དེ་དག་གི་དཔེ་སོ་སོ་བ་ཙམ་མ་གཏོགས་དོན་མི་འགལ་ཏེ། མདོ་དང་པོའི་སྐབས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོར་མ་ལོན་པ་ཞེས་པའི་ཚིག་ཟུར་གྱི་བྱང་ཆུབ་ཀྱི་སེམས་དང་། མདོ་ཕྱི་མའི་སྐབས་ཀྱི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་ཞེས་པའི་སྐབས་ནས་སྟན་པའི་སེམས་བསྐྱེད་དེ་དོན་དམ་སེམས་བསྐྱེད་ལ་བྱེད། མདོ་དང་པོའི་སྐབས་ཀྱི་བྱང་ཆུབ་ཀྱི་སེམས་དང་ཞེས་པ་དང་། ཕྱི་མའི་སྐབས་ཀྱི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཞེས་པའི་སེམས་བསྐྱེད་དེ་ཀུན་རྫོབ་སེམས་བསྐྱེད་ལ་བྱེད་པ་ཡིན་པའི་ཕྱིར། འོན་ཀྱང་རིང་པོར་མ་ལོན་པ་ཞེས་པ་ནི་དོན་དམ་སེམས་བསྐྱེད་ཐོབ་མ་ཐག་པའི་བྱང་སེམས་ལ་བྱེད་པ་མ་ཡིན་ཏེ། དེ་དོན་དམ་སེམས་བསྐྱེད་ཐོབ་ནས་རིང་པོར་མ་ལོན་པའི་བྱང་སེམས་མཐོང་ལམ་རྗེས་ཐོབ་པ་ལ་བྱེད་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། སེམས་བསྐྱེད་ནས་རིང་དུ་མ་ལོན་པ་ཞེས་གསུངས་པ་ནི། དོན་དམ་པའི་སེམས་བསྐྱེད་ལ་ལྟོས་ནས་ཡིན་ལ། ཞེས་གསུངས་པའི་ཕྱིར། འོ་ན་བྱང་སེམས་སོ་སྐྱེའི་ཀུན་རྫོབ་སེམས་བསྐྱེད་ཀྱིས་ཉན་རང་ཟིལ་གྱིས་གནོན་པར་མི་འདོད་དམ་ཞེ་ན། དེ་ནི་མ་ཡིན་ཏེ། མདོ་དེ་ཉིད་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་པ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ །ཞེས་གསུངས་པའི་ཕྱིར། ལུང་འདིས་བྱང་སེམས་སོ་སྐྱེས་རིགས་ཀྱི་སྒོ་ནས་ཉན་རང་ཟིལ་གྱིས་གནོན་ནུས་པར་བསྟན་པ་ཡིན་ཏེ། དེས་སྐྱེད་པ་ནན་ཏན་དང་བྲལ་པའི་བྱང་སེམས་ཀྱིས་ཉན་རང་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་ནུས་པར་བསྟན་པ་གང་ཞིག སྤྱོད་པ་ནན་ཏན་དང་བྲལ་བའི་བྱང་འཕགས་མེད་པའི་ཕྱིར་རོ། ། གསུམ་པ་ལ། ཁ་ཅིག བྱམས་པའི་རྣམ་ཐར་གྱི་མདོ་དང་པོའི་སྐབས་ཀྱི་བྱང་སེམས་དེ་བྱང་འཕགས་ལ་བྱེད་པ་མིན་ཏེ། དེ་བྱང་སེམས་ལས་དང་པོ་པ་ལ་བྱེད་པའི་ཕྱིར། དེར་ཐལ། མདོ་དང་པོའི་སྐབས་སུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་བ་ཞེས་གསུངས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། དེ་ནི་བྱང་སེམས་འཕགས་པའི་ས་ལ་ལྟོས་ནས་བཤད་པ་ཡིན་པའི་ཕྱིར། ཁ་ཅིག མདོ་དེའི་སྐབས་ནས་དངོས་སུ་བསྟན་པའི་སེམས་བསྐྱེད་སྔ་ཕྱི་གཉིས་པོ་དེ་བརྡ་ལས་བྱུང་བའི་སེམས་བསྐྱེད་ལ་བྱེད་པར་ཐལ། དེ་ལྟར་འཇུག་པའི་འགྲེལ་བཤད་ལས་གསུངས་པའི་ཕྱིར་ཟེར་ན། མ་ཁྱབ། འདོད་ན། མི་འཐད་པར་ཐལ། གཞུང་འདི་ས་དང་པོའི་ཡོན་ཏན་སྒོས་སུ་འཆད་པའི་སྐབས་ཡིན་པའི་ཕྱིར། དེར་ཐལ། རྫོགས་པའི་བྱང་ཆུབ་སེམས་ལྟ་དང་པོ་ལ་གནས་ཀྱང་། ཞེས་སོགས་རྐང་པ་གསུམ་གྱིས་མདོ་དེ་དག་གི་དོན་བསྡུས་ནས་བསྟན་པ་གང་ཞིག དེ་ས་དང་པོའི་ཡོན་ཏན་འཆད་པའི་སྐབས་ཡིན་པའི་ཕྱིར། གཉིས་པ་བློའི་སྒོ་ནས་ཉན་རང་ཟིལ་གྱིས་གནོན་པར་བཤད་པ་ལ་གསུམ། ཚིག་དོན། སྤྱི་དོན། འཕྲོས་དོན་ནོ། །བྱང་སེམས་ས་དང་པོ་བ་དེ་ནི་ཆོས་ཅན། ས་བདུན་པ་རིང་དུ་སོང་བར་སོན་བ་ན་རིགས་ཀྱི་སྒོ་ནས་ཉན་རང་ཟིལ་གྱིས་གནོན་པ་ཙམ་དུ་མ་ཟད། སྟོང་ཉིད་རྟོགས་པའི་བློ་ཡང་ལྷག་པའི་སྒོ་ནས་ཟིལ་གྱིས་གནོན་པར་འགྱུར་བ་ཡིན་ཏེ། དེའ་ིཚེ་འགོག་པ་ཡང་དག་པའི་མཐའ་ཁྱད་པར་ལ་བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་མ་རེ་རེ་ལའང་གཉིས་སྣང་ནུབ་པའི་སྒོ་ནས་འཇུག་ལྡང་བྱེད་ནུས་པའི་ཕྱིར། གཉིས་པ་ནི་བྱང་སེམས་ས་དང་པོ་པ་དེས་ས་བདུན་པ་རིང་དུ་སོང་བ་ཐོབ་པའི་ཚེ་ཉན་རང་དགྲ་བཅོམ་བློ་སྟོབས་ཀྱི་སྒོ་ནས་ཟིལ་གྱིས་གནོན་ནུས་པ་ཡིན་ཏེ། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། །དཔེར་ན། རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི། སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་བསྐྱེད་པས་བློན་པོའི་བྱ་བ་ཐམས་ཅད་ལས་ནི་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་། སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉ ིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། རང་གི་ཡུལ་ཤེས་པའི་ཆེ་བ་ཉིད་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སེམས་བསྐྱེད་མ་ཐག་ཏུ་ཞེས་པ་ནི་ལྷག་བསམ་དག་པའི་སེམས་བསྐྱེད་ལ་དགོངས་པ་ཡིན་ཏེ། རྣམ་བཤད་ལས། སེམས་བསྐྱེད་མ་ཐག་ཏུ་ཞེས་པ་ནི་ས་དང་པོའི་སྐབས་ཡིན་པས་ལྷག་པའི་བསམ་པ་དག་པའི་སེམས་བསྐྱེད་པའོ། །ཞེས་གསུངས་པའི་ཕྱིར། ས་འདིར་ཉན་རང་བློ་སྟོབས་ཀྱིས་ཟིལ་གྱིས་གནོན་མི་ནུས་ལ། ས་བདུན་པ་ནས་ནུས་པའི་རྒྱུ་མཚན་ཡོད་དེ། དེ་ས་དྲུག་པ་མན་ཆད་ཀྱི་ངོས་སྐལ་གྱི་དྲི་མ་སྤངས་པའི་འགོག་པ་ཡང་དག་པའི་མཐའ་ལ། ས་བདུན་པའི་སྙོམས་འཇུག་ཁྱད་པར་ཅན་ཞིག་གིས་བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་མ་གཅིག་ལ་གཉིས་སྣང་ནུབ་པའི་སྒོ་ནས་ཕར་མཉམ་པར་བཞག །དེ་ལས་གཞན་པའི་བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་མ་གཅིག་ལ་ཚུར་ལྡང་ནུས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེ་ལྟར་ཡིན་ཏེ། འཇུག་པ་ལས་རིང་དུ་སོང་འདི་འདིར་ནི་སྐད་ཅིག་དང་། སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང་། །ཞེས་གསུངས་པའི་ཕྱིར། འོན་ཀྱང་དེའི་ཚེ། འགོག་པ་ཡང་དག་པའི་མཐའ་མངོན་དུ་བྱས་པ་ནི་མ་ཡིན་ཏེ། ས་བཅུ་པའི་མདོ་ལས། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔས་ནི་སེམས་ཀྱི་སྐད་ཅིག་དང་། སེམས་ཀྱི་སྐད་ཅིག་ལ་ཡང་འགོག་པ་ལ་སྙོམ་པར་འཇུག་ཅིང་ལྡང་སྟེ། འགོག་པ་མངོན་དུ་བྱས་ཞེས་ནི་མི་བྱའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་འཕྲོས་དོན་བཤད་པ་ལ་གསུམ། ཉན་རང་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཡོད་པར་བསྟན་པ་དང་། དེ་སྒྲུབ་པའི་ཁུངས་བསྟན་པ་དང་། དེ་ལྟར་བསྟན་པ་ལ་རྩོད་པ་སྤོང་པའོ། །དང་པོ་ལ་གཉིས། འགྲེལ་པ་མཛད་པའི་དགོངས་པ་བཤད་པ་དང་། དེ་ཉིད་སྤྱོད་འཇུག་གི་ལུགས་སུ་བསྟན་པའོ། དང་པོ་ནི། ས་བཅུ་པའི་མདོ་ལས་ས་དྲུག་པ་མན་ཆད་དུ་ཉན་རང་བློའི་སྒོ་ནས་ཟིལ་གྱིས་གནོན་མི་ནུས་པ་འདི་ལྟར་ན། ཉན་རང་ལ་དངོས་པོ་རང་བཞིན་མེད་པར་ཤེས་པ་ཡོད་པར་འགྲུབ་སྟེ། དེ་ལྟ་མ་ཡིན་ན། རིགས་པ་གསུམ་དང་འགལ་པར་འགྱུར་པའི་ཕྱིར་རོ། །རིགས་པ་དང་པོ་ནི། ཤེས་བྱ་ཆོས་ཅན། བྱང་སེམས་ས་དང་པོ་པ་དེས་ཅི་ཡང་མེད་མན་ཆད་ལ་ཆགས་པ་མངོན་འགྱུར་པ་དང་བྲལ་པའི་ཕྱི་རོལ་བ་བཞིན་དུ་ཉན་རང་དགྲ་བཅོམ་པ་རྣམས་སྟོང་ཉིད་རྟོགས་པའི་བློའི་སྟོབས་ཀྱི་སྒོ་ནས་ཟིལ་གྱིས་གནོན་ནུས་པར་ཐལ། ཉན་རང་གཉིས་ཀ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་པར་མཚུངས་པ་གང་ཞིག བྱང་སེམས་དེ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར། གཉིས་པ་ནི། ཉན་རང་དགྲ་བཅོམ་པ་གཉིས་ཆོས་ཅན། ཕྱི་རོལ་པ་བཞིན་དུ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་རྣམས་མ་སྤངས་པར་ཐལ། དེ་དག་གི་རྩ་བར་གྱུར་པའི་གང་ཟག་གི་བདག་འཛིན་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་ལམ་མ་རྙེད་པའི་ཕྱིར། དེར་ཐལ། དངོས་པོ་རང་བཞིན་མེད་པ་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན། གང་ཟག་གི་བདག་མེད་རྫོགས་པར་མ་རྟོག་པར་ཐལ། གང་ཟག་རང་བཞིན་མེད་པ་མངོན་སུམ་དུ་རྟོགས་མ་མྱོང་བའི་ཕྱིར། དེར་ཐལ། གང་ཟག་གི་གདགས་གཞི་ཕུང་པོ་རང་ངོས་ནས་གྲུབ་པར་འཛིན་པའི་རྟོག་པའི་ཞེན་ཡུལ་སུན་འབྱིན་མི་ནུས་པའི་ཚུལ་གྱིས་ཕྱིན་ཅི་ལོག་གི་རྟོག་པས་བཅིངས་པའི་ཕྱིར། དེར་ཐལ། ཕུང་པོ་རང་བཞིན་མེད་པ་ཡོངས་སུ་ཤེས་པ་དང་བྲལ་པའི་ཕྱིར། དེ་ལྟར་ཡང་རང་འགྲེལ་ལས། ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པ་ཡོངས་སུ་ཤེས་པ་ཡོད་དོ། ཞེས་བྱ་བ་གསལ་བར་ངེས་ཏེ། དེ་ལྟར་མ་ཡིན་ན། དངོས་པོར་རང་བཞིན་མེད་པ་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་གང་བྲལ་བ་ལྟར་དེ་དག་ཀྱང་། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློའི་རྣམ་པར་དཔྱད་པས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཕྱི་རོལ་པ་བཞིན་དུ་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་རོ། །གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། གང་ཟག་གི་བདག་མེད་པ་རྟོགས་པར་ཡང་མི་འགྱུར་ཏེ་བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདིར་ཁ་ཅིག་ན་རེ། འཁོར་བ་ལས་གྲོལ་བའི་གྲོལ་བ་མྱང་འདས་ཐོབ་པ་ལ། དངོས་པོ་རང་བཞིན་མེད་པ་རྟོགས་དགོས་པར་ཐལ། རྩ་བའི་དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་མི་དགོས་པར་ཐལ། དེ་རྟོགས་པ་ལ་མ་བལྟོས་པར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཕུང་པོ་ངོ་བོ་གཅིག་དང་ཐ་དད་གང་རུང་གིས་སྟོང་པར་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སྒོམ་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་བསྒོམས་པས། གོམས་པ་རབ་ཀྱི་མཐར་ཐུག་པ་ན་གོམས་བྱའི་དོན་མངོན་སུམ་དུ་རྟོགས་པ་ཡོད་པས། དེ་ལྟར་ན་དེ་སྟོབས་ཀྱིས་ཉོན་མོངས་སྤངས་ནས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་ནུས་པར་བཤད་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། དངོས་པོ་རང་བཞིན་མེད་པ་རྟོགས་པ་ལ་བལྟོས་པར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཡོད་ཀྱང་། དེ་མངོན་སུམ་དུ་གསར་དུ་མཐོང་བའི་ལམ་མེད་མཐོང་ལམ་དང་། རྟོགས་ཟིན་གོམས་པ་རྒྱུན་ལྡན་དུ་བྱེད་པའི་ལམ་དེ་སྒོམ་ལམ་མ་ཡིན་པས། དེ་གཉིས་ཀྱིས་ཉོན་མོངས་ཀུན་བཏགས་དང་ལྷན་སྐྱེས་སྤོང་མི་ནུས་པས་ན། དེ་ལྟར་སྤོང་བར་བཤད་པ་དེ་འདིར་དྲང་དོན་དུ་འགྲེལ་བའི་ཕྱིར། དེ་ལྟར་ཡིན་ཏེ། སྐབས་འདིར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བའི་སྟོང་ཉིད་དེ་གང་ཟག་གི་བདག་མེད་རགས་པར་འདོད་ཀྱི། ཕྲ་མོར་མི་འདོད་པའི་ཕྱིར། ཡང་ཁ་ཅིག དངོས་པོ་རང་བཞིན་མེད་པ་རྟོགས་པ་ལ་མ་བལྟོས་པར་གྲོལ་བ་མྱང་འདས་ཐོབ་ནུས་པ་ཡོད་པར་ཐལ། རགས་པའི་མི་རྟག་ལ་སོགས་བཅུ་དྲུག་ཙམ་རྟོགས་ཤིང་གོམས་པར་བྱས་པ་ལ་བརྟེན་ནས་གྲོལ་བ་མྱང་འདས་ཐོབ་ནུས་པའི་ཕྱིར། དེར་ཐལ། མངོན་པ་གཉིས་ལས་བཤད་པའི་ལམ་ཙམ་ལ་བརྟེན་ནས་གྲོལ་བ་མྱང་འདས་ཐོབ་ནུས་པའི་ཕྱིར། དེར་ཐལ། དེ་ནས་བཤད་པའི་གྲོལ་བ་དེ་གྲོལ་བ་ཡིན་པའི་ཕྱིར། དེར་ཐལ། དེ་ནས་བཤད་པའི་དགྲ་བཅོམ་པ་དེ་དགྲ་བཅོམ་པ་ཡིན་པའི་ཕྱིར། དེར་ཐལ། དེ་ནས་བཤད་པའི་དགྲ་བཅོམ་པ་ཡོད་པའི་ཕྱིར། ཟེར་ན། མ་ཁྱབ། མ་གྲུབ་ན་དེར་ཐལ། དེ་ནས་བཤད་པའི་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་ཡོད་པའི་ཕྱིར། རང་ལུགས་ལ། དངོས་པོ་རང་བཞིན་མེད་པར་རྟོགས་པ་ལ་མ་བལྟོས་པར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་སྟོང་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་ཤིང་གོམས་པར་བྱས་པས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོགས་པ་མངོན་དུ་གྱུར་པ་རེ་ཞིག་སྤོང་ནུས་ཀྱང་། བདེན་འཛིན་ས་བོན་དང་བཅས་པ་སྤོང་མི་ནུས་ཏེ། ལམ་དེ་བདེན་འཛིན་དང་འཛིན་སྟངས་དངོས་སུ་འགལ་བའི་ལམ་མ་ཡིན་པའི་ཕྱིར། འོ་ན། ལུགས་འདིར་མངོན་པ་གཉིས་ནས་བཤད་པའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་ཉིད་དེ། རགས་པའི་སྟོང་ཉིད་དུ་བཞེད་ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་དོན་གང་། དེ་ལྟར་རྫས་ཡོད་དུ་འཛིན་པའི་རྟོག་པ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་སུ་ཇི་ལྟར་འཇོག་ཅེ་ན། དེ་ཡང་ཡོད་དེ། གང་ཟག་རང་བཞིན་གྱིས་གྲུབ་པར་འཛིན་པའི་སྟེང་དུ་ཡང་རང་བཞིན་གྱིས་གྲུབ་པར་བཟུང་བའི་གང་ཟག་དེ། ཕུང་པོ་ལ་ཕར་མི་བལྟོས་པའི་དབང་སྒྱུར་པ་པོའི་རྗེ་བོ་ལྟ་བུ་དང་། རང་གི་ཕུང་པོ་རྣམས་རང་བཞིན་གྱིས་གྲུབ་པར་བཟུང་པའི་གང་ཟག་དེ་ལ་བལྟོས་པའི་དབང་བསྒྱུར་བྱར་འཛིན་པ་ནི། གང་ཟག་རང་རྐྱ་ཐུབ་པའི་འཛིན་ཚུལ་ཡིན་ལ། དེ་ལྟར་བཟུང་བ་ལྟར་གྱིས་སྟོང་པ་དེ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་དོན་ཡིན་པའི་ཕྱིར། དེ་ལ་ཀུན་བཏགས་དང་ལྷན་སྐྱེས་ཀྱི་ཁྱད་པར་ཡང་ཡོད་དེ། དེ་ལྟར་འཛིན་པའི་རྟོག་པ་ལ་གྲུབ་མཐས་བློ་ཁ་བསྒྱུར་པ་ལ་མ་བལྟོས་པར་རང་གི་ངང་གིས་འབྱུང་བ་དང་། གྲུབ་མཐས་བློ་ཁ་བསྒྱུར་ནས་གང་ཟག་དེ་རང་གི་ཕུང་པོ་རྣམས་དང་མཚན་ཉིད་མི་མཐུན་པར་འཛིན་པ་གཉིས་འབྱུང་བའི་སྔ་མ་ནི་ལྷན་སྐྱེས་དང་། ཕྱི་མ་ལ་ཀུན་བཏགས་ཡིན་པའི་ཕྱིར། དེ་འདྲ་བའི་རྟོག་པ་དེས། གང་ཟག་དེ་རང་གི་ཕུང་པོའི་ཚོགས་དང་ཡ་གྱལ་དང་རྒྱུན་གང་ལའང་བཏགས་པ་ཙམ་དུ་ཡོད་པར་མི་འཛིན་པར་རང་རྐྱ་བར་འཛིན་པའི་ཚུལ་གསལ་ཏེ། དེ་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་རང་གི་ལུས་ངན་པ་འདི་དང་ལྷའི་དབང་པོའི་ལུས་ལྟ་བུ་བརྗེ་དབང་བྱུང་ན་རང་ཉིད་བརྗེ་བ་པོར་མངོན་པར་ཞེན་པ་མངོན་འགྱུར་དུ་ཡོད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། མཆོག་གཞན་དོན་དུ་གཉེར་ཕྱིར་དང་། །སྐྱེ་འཇིག་བློ་ཅན་ཉིད་ཀྱི་ཕྱིར། །སྐྱེ་བོ་འདི་ཡིས་དབང་སོགས་ལས། །བདག་ནི་ཐ་དད་ཤེས་པར་འགྱུར། །ཅེས་གསུངས་པའི་ཕྱིར་རོ། ། གཉིས་པ་ཚུལ་དེ་དཔལ་ལྡན་ཟླ་བའི་དགོངས་པ་ཡིན་པར་མ་ཟད། རྒྱལ་སྲས་ཞི་བ་ལྷའི་དགོངས་པ་ཡང་ཡིན་ཏེ། སྤྱོད་འཇུག་ལས་བདེན་པ་མཐོང་བ་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །ཞེས་སྟོང་ཉིད་རྟོགས་པ་ལ་མ་བལྟོས་པར་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་ཙམ་རྟོགས་ཤིང་གོམས་པར་བྱས་པ་ལ་བརྟེན་ནས་གྲོལ་བ་མྱང་འདས་ཐོབ་ནུས་སོ་ཞེས་པའི་རྩོད་པ་བཀོད་ནས། ལན་དུ་དེ་ལྟར་མི་ནུས་ཞེས་སྟོན་པ་ལ། དེ་ཉིད་ལས། གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པས་བྱང་ཆུབ་མེད་པར་གསུངས། །བསྟན་རྩ་དགེ་སློང་ཉིད་ཡིིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །སེམས་ནི་དམིགས་དང་བཅས་རྣམས་ལ། །མྱ་ངན་འདས་པའང་དཀའ་བར་གནས། །ཞེས་སོགས་དང་། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་པ་དང་། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་དང་། ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །སྲེད་པ་དེ་དག་ལ་ཡང་ཡོད། །ཞེས་དང་། རེ་ཞིག་ཉེར་ལེན་སླད་པ་ནི། །ཞེས་སོགས་རྣམས་ཀྱིས་བརྒལ་ལན་གྱི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར་རོ། ། གཉིས་པ་སྒྲུབ་བྱེད་ཀྱི་ཁུངས་དགོད་པ་ལ་གཉིས། ཐེག་ཆེན་གྱི་མདོ་དང་། ཡང་བསྟན་བཅོས་དང་ཐེག་དམན་གྱི་མདོའི་ཤེས་བྱེད་དགོད་པའོ། དང་པོ་ནི། འཁོར་བ་ལས་གྲོལ་བའི་གྲོལ་བ་མྱང་འདས་ཐོབ་པ་ལ་དངོས་པོ་རང་བཞིན་མེད་པར་རྟོགས་དགོས་པ་ཡིན་ཏེ། དེ་མ་རྟོགས་པར་ཉེར་ལེན་གྱི་ཕུང་པོ་བདེན་པར་བཟུངས་ནས་མི་རྟག་སྡུག་བསྔལ་སོགས་སུ་བསྒོམས་པས་གྲོལ་བ་མྱང་འདས་ཐོབ་མི་ནུས་པའི་ཕྱིར། དེ་སྐད་དུ་ཡང་། ལྷག་བསམ་བརྟན་པས་ཞུས་པའི་མདོ་ལས། དཔེར་ན། མི་ལ་ལ་ཞིག་གིས་སྒྱུ་མ་མཁན་གྱི་རོལ་མོ་བྱུང་བའི་ཚེ་ཞེས་སོགས་ཀྱིས་དཔེ་བསྟན་ནས། དོན་ཡང་དེ་ཉིད་ལས། རིགས་ཀྱི་བུ་འདི་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཁ་ཅིག་མ་སྐྱེས་ཤིང་མ་བྱུང་བའི་ཆོས་རྣམས་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང་། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ཀྱང་དེ་དང་འདྲ་བར་བལྟའོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་མི་སྨྲ་སྟེ། དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་སོགས་དང་། བསམ་གཏན་དཔེ་འཁྱུད་ཀྱི་མདོ་ལས་ཀྱང་། བཅོམ་ལྡན་འདས་གང་ལ་དམིགས་པས་སེམས་ཅན་རྣམས་འཁོར་བ་ལས་འདའ་བར་མི་འགྱུར་བ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བདག་དང་བདག་གི་བར་དམིགས་པས་སེམས་ཅན་རྣམས་འཁོར་བ་ལས་མི་འདའོ། །ཞེས་སོགས་དང་། དེ་བཞིན་དུ་ཡུམ་གྱི་མདོ་དང་། ཤེར་ཕྱིན་སུམ་བརྒྱ་པ་སོགས་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར་རོ། ། གཉིས་པ་བསྟན་བཅོས་དང་ཐེག་དམན་གྱི་མདོའི་ཤེས་བྱེད་ལ། དང་པོ་ནི། རིན་ཆེན་འཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལས་ངར་འཛིན་ཉིད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་གསུངས་པའི་ཕྱིར་དང་། གཉིས་པ་ནི། ལུང་ཕྲན་ཚེགས་ལས། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་གསུགས་པའི་ཕྱིར་རོ། །གཞན་ཡང་། ཐེག་དམན་གྱི་མདོ་ལས། སྟོང་ཉིད་ཕྲ་མོ་བསྟན་པར་ཐལ། །དེ་ལས་སྟོང་ཉིད་སྟོན་པ་ན། །འདུས་བྱས་རང་བཞིན་གྱི་ཟད་པ་སྟོང་ཉིད་དུ་བསྟན། ཐེག་ཆེན་གྱི་སྡེ་སྣོད་ལས་འདུས་བྱས་རང་བཞིན་གྱིས་སྐྱེ་བ་མེད་པ་སྟོང་ཉིད་དུ་བསྟན་པས། དེ་གཉིས་སྟོང་ཉིད་དུ་དོན་གཅིག་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པས་དེ་ཕྱིར་བཟོད་པར་གྱིས། །ཞེས་གསུངས་པའི་ཕྱིར། ཐེག་དམན་གྱི་མདོ་ལས་འདུས་བྱས་ཟད་པ་སྟོང་ཉིད་དུ་བསྟན་པ་ནི་གཉེན་པོས་ཟད་པའི་དོན་མ་ཡིན་པར་གདོད་མ་ནས་རང་བཞིན་གྱིས་ཟད་པ་ལ་བྱེད་པ་ཡིན་ཏེ། དེ་ཡང་རྒྱུད་བླ་མ་ལས། གདོད་ནས་ཟད་པས་ཟད་ཅེས་བྱ། །ཞེས་གསུངས་པ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་དེ་ལྟར་བསྟན་པ་ལ་རྩོད་པ་སྤོང་བ་ལ་གཉིས། འགྲེལ་པ་ནས་བཤད་པའི་རྩོད་སྤོང་དང་། དེར་གསལ་བར་མ་བཤད་པའི་རྩོད་པ་སྤོང་པའོ། །དང་པོ་ལ་གཉིས། རྩོད་པ་དང་། ལན་ནོ། །དང་པོ་ནི། སློབ་དཔོན་ལེགས་ལྡན་འབྱེད་ན་རེ། ཐེག་ཆེན་བསྟན་པ་དོན་མེད་པར་ཐལ། ཐེག་དམན་གྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་བསྟན་པའི་ཕྱིར་ཞེས་རྩོད། གཉིས་པ་ལན་ནི། དེ་ལྟར་རྩོད་པ་མི་འཐད་པར་ཐལ། དེ་ནི་ལུང་དང་ཡང་འགལ། རིགས་པ་དང་ཡང་འགལ་པའི་ཕྱིར། དང་པོ་ལུང་དང་འགལ་ཏེ། སྔར་དྲངས་པའི་མདོ་བསྟན་བཅོས་ལྟ་བུ་ཐམས་ཅད་དང་འགལ་བའི་ཕྱིར། གཉིས་པ་རིགས་པ་དང་འགལ་བའི་ཚུལ་ལ། ཁྱོད་ཀྱིས་དེ་ནི་ཐེག་ཆེན་བསྟན་པ་དོན་མེད་དུ་འགྱུར་ཞེས་ཟེར་རམ། ཐེག་ཆེན་གྱི་སྡེ་སྣོད་ལས་སྟོང་ཉིད་བསྟན་པ་དོན་མེད་དུ་འགྱུར་ཞེས་ཟེར། དང་པོ་ལྟར་ན་ཁྱབ་པ་མ་ངེས་ཏེ། ཐེག་ཆེན་གྱི་སྡེ་སྣོད་ལས་སྟོང་ཉིད་ཕྲ་མོ་ཙམ་སྟོན་པ་མ་ཡིན་གྱི། བྱང་སེམས་ཀྱི་ས་དང་། སྤྱོད་པ་དང་། སྨོན་ལམ་དང་། བསྔོ་བ་རླབས་པོ་ཆེ་དང་། བྱང་སེམས་ཀྱི་མཐུ་ཕུལ་དུ་བྱུང་བ་རྣམས་ཀྱང་བསྟན་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །བྱང་ཆུབ་སེམས་དཔའ་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་བཟུང་། །ཞེས་གསུངས་པའི་ཕྱིར། གཉིས་པ་ལྟར་ནའང་ཁྱབ་པ་མེད་དེ། ཐེག་དམན་གྱི་སྡེ་སྣོད་ལས་སྟོང་ཉིད་རིགས་པའི་རྣམ་གྲངས་མདོར་བསྡུས་ཙམ་གྱི་སྒོ་ནས་བསྟན། ཐེག་ཆེན་གྱི་མདོ་ལས་ནི་སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བསྟན་པས་ཁྱད་པར་ཆེ་བའི་ཕྱིར། དེར་ཐལ། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། མཚན་མ་མེད་པར་མ་རྟོགས་པར། ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གཉིས། མངོན་རྟོགས་རྒྱན་རྩ་འགྲེལ་དང་འགལ་བ་སྤོང་བ་དང་། རྒྱུད་བླ་རྩ་འགྲེལ་དང་འགལ་བ་སྤོང་པའོ། །དང་པོ་ལ་གཉིས། རྩོད་པ་དང་། ལན་ནོ། །དང་པོ་ནི། སྐབས་འདིར་འཕགས་པ་ལ་སྟོང་ཉིད་རྟོགས་མྱོང་གིས་ཁྱབ་པ་དང་། ཉན་རང་དགྲ་བཅོམ་པས་བདེན་འཛིན་སྤངས་པ་འདོད་པ་ཡང་མི་འཐད་པར་ཐལ། གཟུང་དོན་རྟོགས་པ་སྤོང་ཕྱིར་དང་། །ཞེས་སོགས་ཀྱིས་རང་རྒྱལ་དགྲ་བཅོམ་པས་ཤེས་པ་བདེན་པར་འཛིན་པའི་བདེན་འཛིན་མ་སྤངས་པར་བཤད་པ་དང་། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་སོགས་ཀྱིས། ཉན་རང་དགྲ་བཅོམ་པ་བདེན་འཛིན་གྱིས་བཅིངས་པར་བཤད་པའི་ཕྱིར་དང་། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི་ཞེས་པའི་སྐབས་སུ་བདེན་འཛིན་ཤེས་སྒྲིབ་ཏུ་བྱས་ནས་ཆུང་ངུའི་ཆུང་ངུ་དེ་བྱང་སེམས་ཀྱི་སྒོམ་ལམ་ཆེན་པོའི་ཆེན་པོས་སྤོང་བར་བཤད་པའི་ཕྱིར། །ཟེར་ན་གཉིས་པ་ལན་ནི། སྐྱོན་དེ་དག་མི་འཇུག་སྟེ། སྐབས་འདིར་དེ་དག་དྲང་དོན་དུ་འགྲེལ་རིགས་པའི་ཕྱིར། དེ་ཡང་ཡིན་ཏེ། མངོན་རྟོགས་རྒྱན་གྱིས། གདུལ་བྱ་རིགས་ཅན་གསུམ་པོ་རེ་རེ་ལའང་ནང་ཚན་དབང་པོ་རྣོ་འབྲིང་རྟུལ་གསུམ་བཤད་པའི་ནང་གི་ཐེག་དམན་གྱི་རིགས་ཅན་དབང་རྟུལ་འགའ་ཞིག་རྗེས་སུ་འཛིན་པ་སོགས་ཀྱི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། རྩོད་པ་དང་། ལན་ནོ། །དང་པོ་ནི་འཕགས་པ་ལ་སྟོང་ཉིད་རྟོགས་མྱོང་གིས་ཁྱབ་པ་དང་། བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པ་མི་འཐད་པར་ཐལ། རྒྱུད་བླ་མས། ཉི་མའི་དཀྱིལ་འཁོར་འོད་འབར་བ།། མིག་མེད་པས་ནི་མཐོང་བ་མེད། །ཞེས་སོགས་རྩ་འགྲེལ་གྱིས་ཉན་རང་ལ་སྟོང་ཉིད་རྟོགས་པ་མེད་པར་བསྟན་པ་དང་། འཁོར་གསུམ་རྣམ་པར་རྟོག་པ་གང་། དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཞེས་པས་བདེན་འཛིན་ཤེས་སྒྲིབ་ཏུ་བཤད་པའི་ཕྱིར་ཟེར། གཉིས་པ་ལན་ནི། སྐྱོན་མེད་དེ། དང་པོ་ནི། བདེན་འཛིན་གྱིས་བཅིངས་པའི་ཉན་རང་གི་རིགས་ཅན་འགའ་ཞིག་ལ་དགོངས་པའི་ཕྱིར། དེ་ལྟར་ཡིན་ཏེ། རྒྱུད་བླ་མ་ལས། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་པ་ཡིན། །ཞེས་རང་རྒྱལ་ལ་དེ་ཁོ་ན་ཉིད་རྟོགས་པ་ཡོད་པར་བཤད་པའི་ཕྱིར། ཕྱི་མ་ཡང་སྔར་ལྟར་དྲང་དོན་དུ་འགྲེལ་པ་ཡིན་ཏེ། རྒྱུད་བླ་རྩ་འགྲེལ་གྱི་དགོངས་པ་མཐའ་ཐུག་ཐལ་འགྱུར་དུ་གནས་པར་ཁས་ལེན་རིགས་པའི་ཕྱིར། གསུམ་པ་ས་འདིར་ལྷག་པའི་ཡོན་ཏན་གཞན་བསྟན་པ་ལ་བཞི། ས་འདིའི་སྦྱིན་པ། རྟེན་དམན་པའི་སྦྱིན་པ། བྱང་སེམས་ཀྱི་སྦྱིན་པ། སྦྱིན་པའི་ཕར་ཕྱིན་གྱི་དབྱེ་བ་བཤད་པའོ། །དང་པོ་ནི། ས་དང་པོ་ཐོབ་པ་དེའི་ཚེ་བྱང་སེམས་ས་དང་པོ་བ་དེ་ཆོས་ཅན། ཁྱོད་ལ་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པའི་རྒྱུ་དང་པོ་སྦྱིན་པའི་ཕར་ཕྱིན་ཉིད་ནི་ཕར་ཕྱིན་གཞན་རྣམས་ལས་ཀྱང་ཆེས་ལྷག་པར་འགྱུར་པ་ཡིན་ཏེ། ལུས་ལོངས་སྤྱོད་སོགས་གཏོང་བ་ལ་སེར་སྣའི་ཀུན་འཛིན་གྱི་དྲི་མ་མེད་ཅིང་། སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པའི་ཚོད་དེ་ཙམ་དུ་ཕར་ཕྱིན་གཞན་གྱི་ཉམས་ལེན་ལྷག་པར་མ་ཐོབ་པའི་སེམས་དཔའ་ཡིན་པའི་ཕྱིར། དེའི་ཚེ་ཕྱིའི་ཡོ་བྱད་སྟེར་བ་ལ་གུས་པ་མ་ཟད། རང་གི་ཤ་གཞན་ལ་སྟེར་བ་ལའང་གུས་པར་བྱས་པ་ཡིས་ཆོས་ཅན། བྱང་སེམས་འདིའི་ནང་གི་ཡོན་ཏན་གང་ཟག་གཞན་ཕལ་ཆེ་བའི་མངོན་སུམ་ལ་སྣང་དུ་མི་རུང་བ་དག་ཀྱང་ཡོད་པར་དཔོག་པ་སྟེ་སྒྲུབ་པའི་རྒྱུར་ཡང་འགྱུར་ཏེ། དེར་སྒྲུབ་བྱེད་ཀྱི་གཏན་ཚིགས་སུ་འགྱུར་བའི་ཕྱིར། དཔེར་ན། དུ་བས་མེ་ཡོད་པར་དཔོག་པ་བཞིན་ནོ། །གཉིས་པ་ལ་གཉིས། སྦྱིན་པས་འཁོར་བའི་བདེ་བ་སྒྲུབ་པ་དང་། མྱ་ངན་ལས་འདས་པའི་བདེ་བ་སྒྲུབ་པའོ། །དང་པོ་ནི་ཤེས་བྱ་ཆོས་ཅན། ཐུབ་པས་གདུལ་བྱ་ལ་དང་པོར་སྦྱིན་པའི་གཏམ་མཛད་པའི་རྒྱུ་མཚན་ཡོད་དེ། སྐྱེ་བོ་འདི་ཀུན་ནི་ཚ་གྲང་བཀྲེས་སྐོམ་སོགས་སྡུག་བསྔལ་ཕྱིར་བཅོས་པའི་བདེ་བ་མངོན་པར་འདོད་ཅིང་། མི་རྣམས་ཀྱི་བདེ་བ་དེའང་བཟའ་བཏུང་སོགས་ཀྱི་ལོངས་སྤྱོད་མེད་པར་འབྱུང་བ་མ་ཡིན་ལ། ལོངས་སྤྱོད་ཀྱང་ནི་སྔོན་སྦྱིན་པ་བཏང་བ་ལས་འབྱུང་བར་མཁྱེན་པས་ཏེ་རྒྱུ་མཚན་དེ་ཡིན་པའི་ཕྱིར་རོ། །འོ་ན་སྦྱིན་འབྲས་ལོངས་སྤྱོད་འབྱུང་བ་ལ་གཏོང་བ་པོ་ཚུལ་དང་མཐུན་པ་ཞིག་ངེས་པར་དགོས་སམ་ཞེ་ན། མི་དགོས་ཏེ། གཏོང་བ་པོ་སྙིང་རྗེ་དམན་ཞིང་། དེར་མ་ཟད། སེམས་ཅན་གཞན་ལ་ཤིན་ཏུ་རྩུབ་པའི་སེམས་དང་ལྡན་པ་ཅན་རང་དོན་མངོན་མཐོ་ཙམ་གཙོ་བོར་ལྷུར་ལེན་པ་ཉིད་དུ་འགྱུར་བ་གང་ཡིན་པ་དེ་དག་གི་ཡང་འདོད་པའི་ལོངས་སྤྱོད་རྣམས་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་རྒྱུར་འགྱུར་བ་དེ་ནི་སྔོན་སྦྱིན་པ་བཏང་པ་ལས་འབྱུང་བའི་ཕྱིར་རོ། ། གཉིས་པ་ནི། རྣམ་སྨིན་ལ་རེ་བ་ཙམ་གྱི་རྟེན་དམན་པའི་སྦྱིན་པ་གཏོང་པ་འདི་ཡང་ཆོས་ཅན། འཁོར་བའི་བདེ་བར་མ་ཟད་མྱང་འདས་ཀྱི་བདེ་བའང་སྒྲུབ་པར་བྱེད་དེ། སྦྱིན་པ་གཏོང་བའི་སྐབས་ཀྱིས་དུས་ནམ་ཞིག་གི་ཚེ་གཏོང་བ་པོ་འཕགས་པའི་སྐྱེ་བོ་དང་འཕྲད་པ་མྱུར་དུ་འཐོབ་པར་བྱེད་ལ། དེ་ནས་དེས་ཆོས་བསྟན་པ་ཉམས་སུ་བླངས་པས་འཁོར་བའི་སྲིད་རྒྱུན་ཡང་དག་པར་བཅད་པར་བྱས་ཏེ་འཕགས་པ་དང་འཕྲད་པ་དེ་ཡི་རྒྱུ་ཅན་འབྲས་བུ་ཉན་རང་གང་རུང་གི་ཞི་བར་འགྲོ་བ་སྟེ་འཐོབ་པར་འགྱུར་བའི་ཕྱིར་རོ། ། གསུམ་པ་ལ་བཞི། བྱང་སེམས་ཀྱི་སྦྱིན་པའི་ཕན་ཡོན་ཐུན་མོང་མ་ཡིན་པ་བསྟན་པ། རྟེན་གཉིས་ཀ་ལ་སྦྱིན་པ་བསྔགས་པ། བྱང་སེམས་ཀྱི་སྦྱིན་པའི་ཚེ་དགའ་བ་ཇི་ལྟ་བུ་འཐོབ་པ། བྱང་སེམས་ཀྱིས་ལུས་སྦྱིན་པའི་ཚེ་སྡུག་བསྔལ་ཡོད་མེད་བསྟན་པའོ། །དང་པོ་ནི། འགྲོ་བ་ལ་ཕན་པར་དམ་བཅས་པའི་ཡིད་ཅན་བྱང་སེམས་རྣམས་ཆོས་ཅན། སྦྱིན་པ་གཏོང་བ་ལ་གུས་པའི་རྒྱུ་མཚན་ཡོད་དེ། སྦྱིན་པས་རིང་པོར་མི་ཐོགས་པར་སློང་བ་པོ་ཚིམ་པར་མཐོང་བ་ན་འཕྲལ་དུ་སྦྱིན་འབྲས་དགའ་བ་མཆོག་འཐོབ་པར་འགྱུར་བའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། རྟེན་གཉིས་ཀ་ལ་སྦྱིན་པའི་གཏམ་ཉིད་གཙོ་བོར་གལ་ཆེ་བ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། བརྩེ་བའི་བདག་ཉིད་བྱང་སེམས་དང་བརྩེ་བའི་བདག་ཉིད་བྱང་སེམས་མ་ཡིན་པ་གཉིས་ཀ་ལའང་སྦྱིན་པས་མངོན་མཐོ་དང་ངེས་ལེགས་འདྲེན་པ་དེའི་ཕྱིར་རོ། ། གསུམ་པ་ནི། ཤེས་བྱ་ཆོས་ཅན། བྱང་སེམས་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་བཏང་བས་ཉན་རང་ཞི་བདེར་ཞུགས་པའི་བདེ་པ་ལས་ལྷག་པའི་བདེ་བ་འབྱུང་བ་ལྟ་ཞིག་སྨོས་ཅི་དགོས་ཏེ། སློང་བ་པོས་ཇི་ལྟར་བྱིན་ཅིག་ཅེས་པའི་སྒྲ་ཐོས་ནས་དེའི་དོན་བསམས་པ་ལས་རང་ལ་སློང་བར་གོ་བའི་ཚེ་རྒྱལ་སྲས་དེ་ལ་བདེ་བ་ཆེན་པོ་འབྱུང་བ་དེ་ལྟར་ཐུབ་པ་ཉན་རང་རྣམས་ལ་ཞི་བར་ཏེ་མྱང་འདས་ཀྱི་དབྱིངས་སུ་ཞུགས་པས་ཀྱང་བདེ་བ་བསྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། བཞི་པ་ནི། བྱང་འཕགས་ཆོས་ཅན། ཁྱོད་ཀྱི་ལུས་གཏོང་བ་ལ་སྡུག་བསྔལ་མེད་དེ། དེ་མེད་ཀྱང་སོ་སྐྱེའི་སྡུག་བསྔལ་ལ་བསམས་ཏེ་རང་གི་ལུས་བཅད་ནས་སྟེར་ཞིང་བདག་གི་སྡུག་བསྔལ་གྱིས་ཏེ་དེ་ལ་རྩིས་མེད་པར་བྱས་ནས་སེམས་ཅན་གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་རང་གིས་རིག་ཅིང་ཉམས་སུ་མྱོང་བ་ཉིད་དུ་མཐོང་ནས་ནི་སྡུག་བསྔལ་དེ་གཅད་པར་བྱ་བའི་ཕྱིར་དུ་མྱུར་དུ་བརྩོན་འགྲུས་རྩོམ་པར་བྱེད་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། སྦྱིན་པའི་ཕར་ཕྱིན་དེ་ལ་དབྱེ་ན་གཉིས་ཡོད་དེ། སྦྱིན་པ་འདིའང་སྦྱིན་བྱ་རྫས་དང་ལེན་པ་པོ་དང་། གཏོང་པ་པོར་བདེན་པར་དམིགས་པས་སྟོང་པར་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་པ་ནི་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ལ། སྦྱིན་པའི་འཁོར་གསུམ་པོ་དག་ལ་བདེན་པར་ཆགས་པ་སྐྱེས་པར་གྱུར་པའི་བདེན་འཛིན་གྱིས་བཅིངས་པའི་སྦྱིན་པ་དེ་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཅེས་བསྟན་པའི་ཕྱིར་འདིར་སྤྱི་དོན་ལ། བྱང་སེམས་ཀྱི་སྦྱིན་པའི་ཕར་ཕྱིན་གྱི་ངོ་བོ་བཞག་ཏུ་ཡོད་དེ། རང་རྒྱུད་ཀྱི་གཏོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་ཆོས་བཞི་ལྡན་ཞིག་ལ་འཇོག་པའི་ཕྱིར། ཆོས་བཞི་ཡང་ཡོད་དེ། མི་མཐུན་སོགས་སེར་སྣ་ཉམས་པ་དང་། གྲོགས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་དང་། བྱེད་ལས་སེམས་ཅན་གྱི་འདོད་པ་རྫོགས་པ་དང་། འབྲས་བུ་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་འགོད་པ་རྣམས་ཡོད་པའི་ཕྱིར། དབྱེ་ན་གཉིས་ཡོད་དེ། སྔར་ལྟར་འཇིག་རྟེན་ལས་འདས་མ་འདས་གཉིས་ཡོད་པའི་ཕྱིར། གཞན་ཡང་སྦྱིན་བྱའི་སྒོ་ནས་བཞི་ཡོད་དེ། ཟང་ཟིང་གི་སྦྱིན་པ། མི་འཇིགས་པའི་སྦྱིན་པ། ཆོས་ཀྱི་སྦྱིན་པ། བྱམས་པའི་སྦྱིན་པ་རྣམས་སུ་ཡོད་པའི་ཕྱིར། སྦྱིན་བྱའི་རྫས་ནི་སྦྱིན་པ་མ་ཡིན་ཏེ། སྦྱིན་པའི་ངོ་བོ་གཏོང་སེམས་འཁོར་བཅས་ལ་འཇོག་པར་བཤད་ཟིན་པའི་ཕྱིར་དང་། དེ་ལྟ་མ་ཡིན་ན། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར། སྦྱིན་པའི་ཕར་ཕྱིན་ཡིན་ན། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་མ་ཁྱབ་སྟེ། བྱང་སེམས་ཀྱི་སེམས་བསྐྱེད་བསྔོ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ་གྱིས་ཟིན་པའི་བྱང་སེམས་ཀྱི་སྦྱིན་པ་སྦྱིན་པའི་ཕར་ཕྱིན་དུ་འགྱུར་བར་མ་ཟད། དེ་གསུམ་པོ་གང་རུང་གིས་ཟིན་པའི་སྦྱིན་པ་ཡང་སྦྱིན་པའི་ཕར་ཕྱིན་དུ་འགྱུར་བའི་ཕྱིར་ཏེ། རྣམ་བཤད་ལས། དེ་ཡང་ཤེས་རབ་ཀྱིས་མ་ཟིན་ཀྱང་བྱང་ཆུབ་ཆེན་པོར་བསྔོ་བས་ཟིན་པས་ཕ་རོལ་ཏུ་འགྲོ་བ་དེ་ངེས་པར་བཞག་པའི་ཕྱིར། སྦྱིིན་པའི་ཕར་ཕྱིན་གྱི་མིང་རྙེད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ཕར་ཕྱིན་གྱི་དོན་ལ་གཉིས་ཡོད་དེ། འདིར་ཕྱིན་པ་དང་། འདིས་ཕྱིན་པ་གཉིས་ཡོད་པའི་ཕྱིར། དང་པོའི་དབང་དུ་བྱས་ན་སངས་རྒྱས་ཀྱི་ས་ན་ཡོད་ལ། ཕྱི་མའི་དབང་དུ་བྱས་ན་སློབ་ལམ་ནའང་ཡོད་དེ། རྣམ་བཤད་ལས། དེས་ན་ཕ་རོལ་ཏུ་ཕྱིན་པའི་དོན་ལ་ཕ་རོལ་འདིར་ཕྱིན་པ་ཞེས་ལས་ལ་སྦྱར་ན་སངས་རྒྱས་ཀྱི་སར་ཕྱིན་པ་ཡིན་ལ། འདིས་ཕ་རོལ་ཏུ་ཕྱིན་པར་བྱེད་པ་ཞེས་བྱེད་པ་ལ་སྦྱར་ན་སློབ་ལམ་ན་ཡང་ཕར་ཕྱིན་ཡོད་དོ་ཞེས་གསུངས་པའི་ཕྱིར། ས་འདིར་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པ་ལྟར་ཕར་ཕྱིན་གཞན་གྱི་ཉམས་ལེན་མ་ཐོབ་ཀྱང་ཕར་ཕྱིན་ལྷག་མ་རྣམས་མེད་པ་ནི་མ་ཡིན་ཏེ། རྣམ་བཤད་ལས། ས་རབ་ཏུ་དགའ་བ་ཐོབ་པའི་ཚེ་བྱང་སེམས་དེ་ལ་ཕར་ཕྱིན་བཅུའི་ནང་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ་ཁོ་ན་ཆེས་ལྷག་པར་ཡོད་པར་འགྱུར་ཏེ། དེ་ལ་ཕར་ཕྱིན་གཞན་རྣམས་མེད་པ་ནི་མིན་ནོ། །ཞེས་གསུངས་པའི་ཕྱིར། བྱང་སེམས་འཕགས་པའི་རྒྱུད་ལ་འཇིག་རྟེན་པའི་སྦྱིན་པའི་ཕར་ཕྱིན་མེད་དེ། དེའི་རྒྱུད་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པའི་སྦྱིན་པ་མེད་པའི་ཕྱིར། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་པ་ཡིན་ན། སྦྱིན་པའི་ཕར་ཕྱིན་ཡིན་པས་མ་ཁྱབ་སྟེ། ཉན་རང་གཉིས་ཀྱི་རྒྱུད་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་པ་ཡོད་ཀྱང་། སྦྱིན་པའི་ཕར་ཕྱིན་མེད་པའི་ཕྱིར་ཏེ། གལ་ཏེ་དེ་ཡོད་ན་ཕར་ཕྱིན་བཅུ་ཡོད་པར་ཐལ་བར་འགྱུར་པའི་ཕྱིར་རོ། །སྤྱིར་བྱང་སེམས་རབ་བྱུང་དང་ཁྱིམ་པའི་རྟེན་ཅན་གཉིས་ཀས་ཆོས་དང་ཟང་ཟིང་གི་སྦྱིན་པ་གཉིས་ཀ་བྱེད་དགོས་ཀྱང་། རབ་བྱུང་ལ་གཙོ་བོར་ཆོས་ཀྱི་སྦྱིན་པ་བསྔགས་པ་ཡིན་ཏེ། བྱང་སེམས་ཀྱི་སོ་སོ་ཐར་པ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་གིས་སངས་རྒྱས་ཀྱི་ཞིང་གདྒཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕུལ་བ་བས། ཤཱ་རིའི་བུ་རབ་ཏུ་བྱུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་གིས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཞིག་བསྟན་ན། དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་བསྐྱེད་དེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ནི་རབ་ཏུ་བྱུང་བས་ནི་ཟང་ཟིང་གི་སྦྱིན་པ་བྱ་བར་མ་གནང་ངོ་། །ཞེས་དང་། ལམ་རིམ་ཆེན་མོ་ལས། སྤྱིར་ཟང་ཟིང་གི་སྦྱིན་པ་ནི་ཁྱིམ་པའི་བྱང་སེམས་ཀྱིས་བྱེད་ལ། བྱང་སེམས་རབ་བྱུང་གིས་ཆོས་ཀྱི་སྦྱིན་པ་བྱ་བར་གསུངས་ཏེ། ཞེས་དང་། ལམ་རིམ་ཆུང་བ་ལས་དེ་ཁོ་ན་ལྟར་གསུངས་པའི་ཕྱིར། བྱང་སེམས་རབ་བྱུང་གིས་ཟང་ཟིང་གི་སྦྱིན་པ་མི་བྱ་བར་གསུངས་པ་ཡང་ཐོས་པ་སོགས་ཀྱི་བར་ཆད་དུ་འགྱུར་ན་མི་བྱ་བའི་དོན་ཡིན་གྱི་སྤྱིར་དེ་བྱ་དགོས་ཏེ། ལམ་རིམ་གཉིས་ཀ་ལས། དེ་ཡང་ཐོས་པ་སོགས་ལ་བར་ཆད་དུ་འགྱུར་བར་བསླབ་བཏུས་ལས་གསུངས་ཏེ། རབ་བྱུང་གིས་ཟང་ཟིང་ཆེད་དུ་བསྒྲུབས་ནས་སྦྱིན་པ་གཏོང་བ་བཀག་གི། རང་གི་དགེ་བའི་བྱ་བ་ལ་མི་གནོད་པར་སྔོན་གྱི་བསོད་ནམས་ཀྱི་མཐུས་མང་དུ་རྙེད་ནས་ཟང་ཟིང་གཏོང་དགོས་པར་གསུངས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་ནི། ས་དང་པོ་རབ་ཏུ་དགའ་བ་འདི་ནི་ཆོས་ཅན། ནོར་བུ་ཆུ་ཤེལ་ཟླ་བའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་གནས་ཏེ། ཟླ་བ་དེ་ནམ་མཁའི་དབྱིངས་མཐོན་པོར་གནས་ཤིང་དེར་འོད་ཀྱིས་མཛེས་པར་བྱེད་པ་དང་། མུན་པ་སྟུག་པོ་ཐམས་ཅད་རྣམ་པར་བསལ་ནས་གནས་པའི་དཔེ་ལྟར་ཁྱོད་ས་འདིར་གནས་པའི་རྒྱལ་བའི་སྲས་ཀྱི་ཡིད་ལ་རབ་ཏུ་གནས་ཤིང་། རང་གི་དམ་པའི་རྟེན་ས་དང་པོ་བའི་ཡིད་ལ་ཡེ་ཤེས་ཀྱི་འོད་ཆགས་པས་མཛེས་པ་རྙེད་པར་གྱུར་པའི་ཕྱིར་དང་། མི་མཐུན་ཕྱོགས་མཐོང་སྤང་ལས་རྒྱལ་བ་བྱེད་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། བསྟན་བཅོས་ཆེན་པོ་དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་ལས་སེམས་བསྐྱེད་པ་བཅུའི་ནང་ནས་དང་པོ་གཏན་ལ་ཕབ་ཟིན་ཏེ། སྔར་བཤད་པ་ལྟར་གཏན་ལ་ཕབ་པའི་ཕྱིར་རོ། ། གཉིས་པ་ས་གཉིས་པ་དྲི་མ་མེད་པ་བཤད་པ་ལ་ལྔ། ས་འདིར་ཚུལ་ཁྲིམས་ཡོངས་སུ་དག་པར་བསྟན་པ། ཚུལ་ཁྲིམས་ཀྱི་བསྔགས་པ། ཚུལ་ཁྲིམས་མི་མཐུན་ཕྱོགས་དང་མ་འདྲེས་པའི་དཔེ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་དབྱེ་བ། སའི་ཡོན་ཏན་བསྟན་པའི་སྒོ་ནས་འཇུག་བསྡུ་བའོ། །དང་པོ་ལ་བཞི། ས་འདིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བསྟན་པ། ཡོན་ཏན་ཡོངས་སུ་དག་པ། ཚུལ་ཁྲིམས་ལྷག་ཚུལ། ཚུལ་ཁྲིམས་དག་པའི་རྒྱུ་གཞན་བསྟན་པའོ། །དང་པོ་ལ་གསུམ། ཚིག་དོན། སྦྱི་དོན། མཐའ་དཔྱོད་པའོ། །དང་པོ་ནི། ས་གཉིས་པ་ལ་གནས་པའི་བྱང་སེམས་དེ་ཆོས་ཅན། སད་པར་མ་ཟད་རྨི་ལམ་དུ་ཡང་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སྤངས་པ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པའི་ཕུན་སུམ་ཚོགས་པ་ཡོན་ཏན་དག་དང་ལྡན་པའི་གང་ཟག་ཡིན་པའི་ཕྱིར། གཉིས་པ་ནི། ས་འདིར་ཡོན་ཏན་ཐོབ་ཚུལ་ཡོད་དེ། འདིར་ཕར་ཕྱིན་བཅུའི་ནང་ནས་ཚུལ་ཁྲིམས་ཀྱི་ཉམས་ལེན་ལྷག་པར་ཐོབ་པ་དང་། ཡོན་ཏན་གཞན་སྟོང་ཕྲག་བཅུ་གཉིས་ཐོབ་པ་ཡིན་པའི་ཕྱིར། བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ་བཞག་ཏུ་ཡོད་དེ། གཞན་ལ་གནོན་པ་གཞི་དང་བཅས་པ་ལས་ཡིད་ཕྱིར་ལོག་པའི་བྱང་སེམས་ཀྱི་རྒྱུད་ཀྱི་སྤོང་པའི་སེམས་པ་དེ། བྱང་སེམས་ཀྱི་ཚུལ་ཁྲིམས་ཡིན་པའི་ཕྱིར། བྱང་སེམས་ཀྱི་རྒྱུད་ཀྱི་སྡོམ་པ་ཡིན་ན། བྱང་སེམས་ཀྱི་སྡོམ་པ་ཡིན་མི་དགོས་ཏེ། བྱང་སེམས་ཀྱི་རྒྱུད་ཀྱི་སོ་ཐར་གྱི་ཁྲིམས་ནི། དེའི་རྒྱུད་ཀྱི་སྡོམ་པ་ཡིན་ཀྱང་བྱང་སེམས་ཀྱི་སྡོམ་པ་མིན་པའི་ཕྱིར། བྱང་སེམས་ཀྱི་ཚུལ་ཁྲིམས་དེ་ལ་དབྱེ་ན་གསུམ་ཡོད་དེ། དེར་གྱུར་པའི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བྱང་སེམས་ཀྱི་རྒྱུད་ཀྱི་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་དེ་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། དེའི་རྒྱུད་ཀྱི་ཕྱིན་དྲུག་གི་ཉམས་ལེན་ལ་འབད་པའི་ཚུལ་ཁྲིམས་དེ་དེ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། དེའི་རྒྱུད་ཀྱི་སེམས་ཅན་གྱི་དོན་ཁ་ན་མ་ཐོ་བ་མེད་པར་སྒྲུབ་པའི་ཚུལ་ཁྲིམས་དེ་དེ་ཡིན་པའི་ཕྱིར། བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡིན་ན། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་མ་ཁྱབ་སྟེ། སེམས་བསྐྱེད་དང་བསྔོ་བ་ཁྱད་པར་ཅན་གྱིས་ཟིན་པའི་བྱང་སེམས་ཀྱི་སྦྱིན་པ་ཙམ་ཡང་སྦྱིན་པའི་ཕར་ཕྱིན་དུ་འགྱུར་བ་བཞིན་ཡིན་པའི་ཕྱིར་ཏེ། རྣམ་བཤད་ལས། སྦྱིན་པ་ལ་བཤད་པ་དེས་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་སེམས་བསྐྱེད་དང་བསྔོ་བ་དང་ཤེས་རབ་ཀྱིས་ཟིན་པ་སོ་སོ་བ་དང་གཉིས་ཀ་རིགས་པར་བྱའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཁ་ཅིག །བྱང་སེམས་ས་གཉིས་པ་བ་དེས་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཚུལ་འཆལ་སྤངས་ཡང་། བཅས་པ་དང་འགལ་པའི་འཆལ་ཁྲིམས་མ་སྤངས་ཟེར་ན། དེས་དེ་སྤངས་པར་ཐལ། རྣམ་བཤད་ལས། འདི་ནི་རྩ་ལྟུང་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཙམ་གྱི་འཆལ་ཁྲིམས་མིན་གྱི། བཅས་པ་དང་འགལ་བ་ཐམས་ཅད་ཀྱི་འཆལ་ཁྲིམས་ཀྱི་དྲི་མ་སྤངས་པའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །བྱང་སེམས་ཀྱི་རྒྱུད་ཀྱི་སྡོམ་པ་ཡིན་ན། བྱང་སེམས་ཀྱི་སྡོམ་པ་ཡིན་དགོས་པར་ཐལ། བྱང་སེམས་ཀྱི་རྒྱུད་ཀྱི་ཚུལ་ཁྲིམས་ཡིན་ན། དེའི་ཚུལ་ཁྲིམས་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། བྱང་སེམས་ཀྱི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་བྱང་སེམས་ཀྱི་རྒྱུད་ཀྱི་སོར་ཐར་གྱིི་ཚུལ་ཁྲིམས་ཡིན་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། བྱང་སེམས་ཀྱི་སྡོམ་པ་དེ་བྱང་ཆུབ་ཀྱི་སྙིང་པོའི་བར་གྱི་མཐའ་ཅན་དང་། དགེ་སློང་གི་སྡོམ་པ་དེ་ཇི་སྲིད་འཚོའི་བར་གྱི་སྡོམ་པ་ཡིན་པའི་ཕྱིར། ཁ་ཅིག །བྱང་སེམས་ཀྱི་ཚུལ་ཁྲིམས་འཆལ་བ་ཡིན་ན། ཚུལ་ཁྲིམས་འཆལ་བ་ཡིན་པས་ཁྱབ་ཟེར་ན། ཕམ་པས་མ་གོས་ཀྱང་ཚུལ་ཁྲིམས་འཁོར་གསུམ་བདེན་པར་འཛིན་པའི་བདེན་འཛིན་གྱིས་བཅིངས་པའི་དགེ་སློང་བྱང་སེམས་ཀྱི་རྒྱུད་ཀྱི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་འདི་ལ་དགེ་སློང་ཁ་ཅིག་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡོམས་ཤིང་གནས། ཞེས་པ་ནས། དེ་བདག་ཏུ་སྨྲ་བ་ཡིན་ཏེ། འོད་སྲུང་དེ་ནི་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་དང་པོའོ། །ཞེས་སོགས་ཀྱི་བར་དང་། འདིར་ཡང་དེའི་དོན་འཆད་པ་ན། གལ་ཏེ་དེ་ནི་ཁྲིམས་དག་རང་བཞིན་ལྟ། དེ་ཕྱིར་དེ་ནི་ཚུལ་ཁྲིམས་དག་མི་འགྱུར། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྔར་གྱི་ལུང་དེས་བྱང་སེམས་ཀྱི་ཚུལ་ཁྲིམས་འཆལ་བར་བསྟན་ཀྱང་སྤྱིར་ཚུལ་ཁྲིམས་འཆལ་བ་བསྟན་པ་མིན་པའི་ཕྱིར། དེར་ཐལ། དེ་སོ་ཐར་གྱི་ཚུལ་ཁྲིམས་རྣམ་དག་ཏུ་བཤད་པའི་ཕྱིར། ཁ་ཅིག །བྱང་སེམས་ཀྱི་རྒྱུད་ལ་ཉན་རང་གི་བྱང་ཆུབ་དོན་གཉེར་ཕྱིན་ཆད་དུ་ཚུལ་ཁྲིམས་སྲུང་བའི་བློ་མི་སྲིད་ཟེར་ན། རེ་ཞིག་དེར་ཡོད་པར་ཐལ། བྱང་སེམས་ཀྱི་རྒྱུད་ལ་ཉན་རང་གི་བྱང་ཆུབ་ཙམ་དོན་གཉེར་གྱི་བློ་མེད་ཀྱང་། དེའི་རྒྱུད་ལ་ཉན་རང་གི་བྱང་ཆུབ་དོན་གཉེར་གྱི་བློ་སྐྱེས་ནས་ཚུལ་ཁྲིམས་སྲུང་བ་ཡོད་པའི་ཕྱིར། དེར་ཐལ། དེ་ཡོད་ཀྱང་། དེས་ཀུན་ནས་བླངས་ཏེ་བསྲུང་བའི་ཚུལ་ཁྲིམས་དེ། བྱང་སེམས་ཀྱི་ཚུལ་ཁྲིམས་འཆལ་བར་བཤད་པའི་ཕྱིར། དེར་ཐལ། སྡུད་པ་ལས། གལ་ཏེ་བསྐལ་བ་བྱེ་བར་དགེ་བའི་ལས་ལམ་བཅུ། སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། སེམས་བསྐྱེད་དེ་ནི་ཕས་ཕམ་ལས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་པའི་ཕྱིར། དེའི་ཚེ་སེམས་བསྐྱེད་བཏང་བ་འདྲ་སྙམ་ཡང་དཔྱད་དོ། ། གཉིས་པ་ནི། བྱང་སེམས་ས་གཉིས་པ་བ་ཆོས་ཅན། ཁྱོད་ཀྱིས་དམ་པའི་ལས་ལམ་སྟེ་མཆོག་ཏུ་དགེ་བའི་ལས་བཅུ་ཆར་སོག་པར་བྱེད་དེ། ལུས་ངག་ཡིད་ཀྱི་ཀུན་སློང་ངན་པའི་རྒྱུ་བསད་པ་དང་གཉིས་གཉིས་ཀའི་གནས་སྐབས་སུའང་དག་པར་གྱུར་པས་ལུས་ཀྱི་གསུམ་དང་། ངག་གི་བཞི་དང་། ཡིད་ཀྱི་ལས་གསུམ་སྟེ་དགེ་བ་བཅུ་རྫོགས་པར་བྱེད་པའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པ་ཡིན་ཏེ། དགེ་བའི་ལམ་འདི་ལྟ་ཞིག་རེ་རེ་ཙམ་མ་ཡིན་པར་བཅུ་ཆར་ཡང་ཁྱོད་ཀྱི་རྒྱུད་ལ་ཀླགས་ཏེ་ཤིན་ཏུ་ཕུལ་ཏུ་བྱུང་བའི་ཚུལ་གྱིས་དག་པར་འགྱུར་བའི་ཕྱིར། རྟག་ཏུ་ཚུལ་ཁྲིམས་རྣམ་པར་དག་པའི་ས་གཉིས་པ་བ་དེ་ཆོས་ཅན། ཁྱོད་སྟོན་ཀའི་ཟླ་བ་ལྟར་གྱུར་བ་ཡིན་ཏེ། ཟླ་བ་དེར་ཚ་གདུང་ཞི་བ་དང་འོད་གནས་པ་ལྟར་ཁྱོད་ཀྱང་དབང་པོའི་སྒོ་བསྡམས་པའི་ཞི་བ་དང་། ལམ་མེར་གསལ་བའི་ལུས་ཅན་གྱི་འོད་ཆགས་པར་དེ་དག་གིས་རྣམ་པར་མཛེས་པའི་ཕྱིར་རོ། ། བཞི་པ་ནི། བྱང་སེམས་དེ་ནི་ཆོས་ཅན། དུས་རྟག་ཏུ་ཚུལ་ཁྲིམས་ཀྱི་འཁོར་གསུམ་རེ་རེ་ཙམ་མ་ཡིན་པར་གང་ལ་སྤོང་བ་དང་། གང་ཞིག སྤོང་གཉེན་བྱེད་པ་དང་། གང་གིས་སྤོང་པ་གསུམ་ཆར་ལའང་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀྱི་ཆོས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློའི་རྒྱུ་བ་མངོན་འགྱུར་ཕལ་ཆེར་དང་ཡང་དག་པར་བྲལ་བ་ཡིན་ཏེ། བྱང་སེམས་ཀྱི་ཚུལ་ཁྲིམས་ཆེས་ལྷག་པ་ཡིན་པའི་ཕྱིར། གལ་ཏེ་སོར་ཐར་གྱི་ཚུལ་ཁྲིམས་དག་ཀྱང་ཚུལ་ཁྲིམས་ཀྱི་འཁོར་གསུམ་ལ་བདེན་པར་འཛིན་ན། དེ་ལྟར་ཞེན་པའི་གང་ཟག་དེ་ནི་བྱང་སེམས་ཀྱི་ཚུལ་ཁྲིམས་དག་པར་མི་འགྱུར་ཏེ། གང་ཟག་དེ་ནི་ཚུལ་ཁྲིམས་དག་པ་ལ་རང་བཞིན་གྱིས་གྲུབ་པར་ལྟ་བར་བྱེད་པ་དེའི་ཕྱིར། འདིའི་སྐབས་ཀྱི་གལ་ཏེ་དེ་ནི་ཞེས་པ་དང་དེ་ཕྱིར་དེ་ནི་ཞེས་འབྱུང་བའོ། དོན་ནི་བྱང་སེམས་ས་གཉིས་པ་བ་ལ་བྱེད་པ་མིན་ཏེ། དེ་གཉིས་ཀྱི་དོན་སྔར་ལྟར་ཚུལ་ཁྲིམས་བདེན་པར་འཛིན་པའི་བདེན་འཛིན་གྱིས་བཅིངས་པའི་གང་ཟག་ཞིག་ལ་བཤད་དགོས་པའི་ཕྱིར་ཏེ། བྱང་སེམས་ས་གཉིས་པ་བ་ནི་ཚུལ་ཁྲིམས་དག་མི་འགྱུར་ཞེས་པའི་དོན་དུ་མི་རུང་པའི་ཕྱིར། གཉིས་པ་ལ་བཞི། སྦྱིན་འབྲས་བདེ་འགྲོར་ལོངས་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་པ། ཚུལ་ཁྲིམས་ཉམས་ན་ངན་སོང་ལས་ཐར་པ་རྙེད་དཀའ་བ། སྦྱིན་པའི་རྗེས་སུ་ཚུལ་ཁྲིམས་ཀྱི་གཏམ་མཛད་པའི་རྒྱུ་མཚན། མངོན་མཐོ་ངེས་ལེགས་གཉིས་ཀའི་རྒྱུར་ཚུལ་ཁྲིམས་བསྔགས་པའོ། །དང་པོ་ལ་གཉིས། དེ་བདེ་འགྲོར་མ་ཟད་ངན་འགྲོར་སྤྱོད་པ་ཡོད་ཚུལ། སྐྱེ་བ་བརྒྱུད་མར་སྦྱིན་འབྲས་ལ་ལོངས་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་པའོ། དང་པོ་ནི། ཤེས་བྱ་ཆོས་ཅན། སྦྱིན་འབྲས་བདེ་འགྲོར་ལོངས་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་ཏེ། དེ་ལ་རག་ལས་ཀྱང་སྦྱིན་པ་གཏང་བ་ལས་འབྲས་བུ་ལོངས་སྦྱོད་ལྷ་དང་མིའི་རྟེན་ལ་འབྱུང་བ་དག་ནི། འགྲོ་བ་ངན་འགྲོའི་རྟེན་ཀླུ་རྟ་བ་ལང་སོགས་སུ་སྐྱེས་ནའང་ལོངས་སྤྱོད་རྒྱུ་ཡོད་བ་ཡོད་པ་དེ་ནི་སྐྱེ་བོ་སྔོན་སྦྱིན་པ་བཏང་ཡང་ཚུལ་ཁྲིམས་ཀྱི་རྐང་པ་ཉམས་པའི་སྟོབས་ལས་འབྱུང་བའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། སྦྱིན་འབྲས་ལ་བར་མ་ཆད་པར་ལོངས་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་པ་ཡིན་ཏེ། ཚུལ་ཁྲིམས་མེད་ན་སྔར་གྱི་རྟེན་དེ་ལ་སྦྱིན་འབྲས་ལ་ལོངས་སྤྱོད་པ་ཙམ་ཡིན་གྱི། སྐྱེད་བཅས་དངོས་པོ་འདུ་བ་སྟེ་རྩ་བ་ལ་ལོངས་སྤྱོད་པས་དེ་ཡོངས་སུ་ཟད་པས་ན། ཕྱིན་ཆད་གང་ཟག་དེ་ལ་ལོངས་སྤྱོད་འབྱུང་བར་མི་འགྱུར་བའི་ཕྱིར་རོ། །དཔེར་ན། ས་བོན་བཏབ་པའི་འབྲས་བུ་ལ་ལོང་སྤྱད་པས་ཟད་ནས། སླར་ཡང་ས་བོན་མི་འདེབས་པ་བཞིན་ནོ། ། གཉིས་པ་ནི། དེ་ཆོས་ཅན། ཚུལ་ཁྲིམས་ཉམས་ན་ངན་སོང་ལས་ཐར་དཀའ་བ་ཡིན་ཏེ། དུས་གང་གི་ཚེ་རང་གི་འདོད་པས་རང་དབང་དུ་འཇུག་ཅིང་། མཐུན་པའི་ལྷ་མིའི་ཡུལ་ན་གནས་པ་དེའི་ཚེ། གལ་ཏེ་གང་ཟག་འདི་བདག་ཉིད་ངན་སོང་དུ་ལྟུང་བ་ལས་འཛིན་པར་མི་བྱེད་ན། ངན་འགྲོའི་གཡང་སར་ལྷུང་བར་གྱུར་ནས་གཞན་དབང་གིས་འཇུག་པར་འབྱུང་བ་དེ་ལས་ཕྱི་ནས་སུ་གང་གིས་སློང་བར་བྱེད་དེ་མི་བྱེད་པའི་ཕྱིར་རོ། ། གསུམ་པ་ནི། དེ་ཆོས་ཅན། རྒྱལ་བས་སྔར་སྦྱིན་པའི་གཏམ་མཛད་ནས་དེའི་མཇུག་ཐོགས་སུ་ཚུལ་ཁྲིམས་རྗེས་སུ་འགྲོ་བའི་ཚུལ་གྱིས་སྒྲུབ་དགོས་ཞེས་པའི་གཏམ་ཉིད་མཛད་པ་ཡིན་ཏེ། སྦྱིན་སོགས་ཀྱི་ཡོན་ཏན་ནི་ཚུལ་ཁྲིམས་ཀྱི་ཞིང་དུ་རྣམ་པར་འཕེལ་ན་འབྲས་བུ་ལུས་ལོངས་སྤྱོད་བཟང་པོ་ལ་ཉེ་བར་སྤྱོད་པ་རྒྱུན་ཆད་པ་མེད་པར་འགྱུར་ལ། ཚུལ་འཆལ་གྱིས་ངན་འགྲོར་འཁྲིད་པ་དེའི་ཕྱིར་རོ། ། བཞི་པ་ནི་དེ་ཆོས་ཅན། སྐྱེ་འཕགས་གཉིས་ཀའི་ངེས་པར་ལེགས་པ་དང་མངོན་མཐོའི་རྒྱུའི་གཙོ་བོ་ནི་ཚུལ་ཁྲིམས་ལས་གཞན་པའི་མཆོག་མེད་དོ་ཞེས་བརྗོད་དེ། ལམ་མ་ཞུགས་ཀྱིས་སོ་སོའི་སྐྱེ་བོ་རྣམས་དང་། གསུང་སྐྱེས་ཉན་ཐོས་དང་རང་རྒྱལ་གྱི་བྱང་ཆུབ་ལ་བདག་ཉིད་ངེས་པ་རྣམས་དང་། རྒྱལ་སྲས་བྱང་སེམས་རྣམས་ཀྱི་མངོན་མཐོ་ངེས་ལེགས་གཉིས་ཀ་དང་། ཁྱད་པར་སོ་སྐྱེའི་མངོན་མཐོ་དང་ཉན་ཐོས་སོགས་ཀྱི་ངེས་ལེགས་འཐོབ་པའི་ཐབས་ཀྱི་གཙོ་བོ་ནི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །འདི་ནི་ཚུལ་ཁྲིམས་ལ་བསྔགས་པ་ཡིན་གྱི་མངོན་མཐོ་དང་ངེས་ལེགས་འཐོབ་པའི་རྒྱུ་ལ་ཚུལ་ཁྲིམས་ལས་གཞན་མེད་པ་ནི་མིན་ཏེ། ཕྱིན་དྲུག་སོགས་ཐབས་ཁྱད་པར་ཅན་དུ་མ་ཡོད་པའི་ཕྱིར་རོ། ། གསུམ་པ་ནི། ཚུལ་ཁྲིམས་རྣམ་པར་དག་པས་དབང་དུ་བྱས་པའི་བདག་ཉིད་ཆེན་པོ་བྱང་སེམས་ས་གཉིས་པ་བ་དེ་ཆོས་ཅན། རྒྱུད་ཚུལ་ཁྲིམས་འཆལ་པ་དང་ལྷན་ཅིག་ཏུ་གནས་པར་མི་འདོད་དེ། དཔེ་ཇི་ལྟར་ཞེ་ན། ཀླུ་གཙང་སྦྲ་ཅན་གནས་པའི་མཐུས་དེ་གནས་པའི་རྒྱ་མཚོའི་རླབས་ཀྱིས་རོ་ཕྱིར་འཕེན་པས་རོ་དང་ལྷན་ཅིག་ཞག་ཏུ་མི་འགྲོགས་པ་བཞིན་དང་། བཀྲ་ཤིས་པའི་དཔལ་ཕུན་སུམ་ཚོགས་པ་དེ། དེའི་ཟློག་ཕྱོགས་བཀྲ་མི་ཤིས་པ་སྣ་ནག་མ་དང་ལྷན་ཅིག་མི་འགྲོགས་པ་བཞིན་ཏེ་དེ་ལྟར་ཡིན་པ་དེའི་ཕྱིར་རོ། །འོན་ཀྱང་མི་མཚུངས་པའང་ཡོད་དེ། ཀླུ་གཙང་སྦྲ་ཅན་གནས་པའི་རྒྱ་མཚོ་ནི་རོ་དང་ལྷན་ཅིག་གནས་པ་སྲིད་ཀྱང་། བྱང་སེམས་ས་གཉིས་པ་བའི་རྒྱུད་ཚུལ་འཆལ་དང་ལྷན་ཅིག་གནས་པ་མི་སྲིད་པའི་ཕྱིར་རོ། །འདིར་སྣ་ནག་མ་ནི་བཀྲ་མི་ཤིས་པ་ཡིན་ལ། དེ་གཉིས་ཅིག་ཅར་གང་ཟག་གཅིག་ལ་མི་འབྱུང་བ་ལ་དགོངས་ཀྱི། སྤྱི་དེ་གཉིས་ལྷན་ཅིག་གནས་པ་མི་སྲིད་པའི་དོན་མིན་ཏེ། དེ་ལྡན་གྱི་གང་ཟག་གཉིས་ལྷན་ཅིག་འབྱུང་བ་མངོན་སུམ་དུ་དམིགས་པའི་ཕྱིར། བཞི་བརྒྱ་པའི་འགྲེལ་པར། བཀྲ་ཤིས་མ་གང་དུ་ཞུགས་པའི་ཁྱིམ་དེར་སྣ་ནག་མ་ཡང་གདོན་མི་ཟ་བར་ཡོད་དོ། །ཞེས་གསུངས་པ་དང་མི་འགལ་ཏེ། དེ་ནི་མྱང་འདས་ཆེན་མོར། ལས་ཉོན་གྱིས་སྐྱེ་བ་ལ་བཀྲ་ཤིས་མ་དང་། དེའི་དབང་གིས་འཆི་བ་ལ་སྣ་ནག་མའི་མིང་གིས་བཏགས་ནས་དཔེ་དོན་སྦྱར་བ་ལྟར་ཡིན་པའི་ཕྱིར་རོ། ། བཞི་པ་ནི། ཤེས་བྱ་ཆོས་ཅན། ཚུལ་ཁྲིམས་ཀྱི་ཕར་ཕྱིན་དེ་ལ་གཉིས་ཡོད་དེ། གང་ཟག་གང་གིས། སྤང་བྱ་གང་ཞིག །ཡུལ་སེམས་ཅན་གང་ལ་སྤོང་བར་བྱེད་པའི་ཚུལ་ཁྲིམས་ཀྱི་འཁོར་གསུམ་དུ་བདེན་པར་དམིགས་པའི་བདེན་འཛིན་གྱིས་བཅིངས་པ་ཡོད་ན་དེས་བཅིངས་པའི་ཚུལ་ཁྲིམས་དེ། འཇིག་རྟེན་པ་ཡི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བཤད་ལ། འཁོར་གསུམ་གསུམ་ཀ་ལ་བདེན་པར་ཆགས་པས་སྟོང་པའི་ཚུལ་ཁྲིམས་དེ་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བཤད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་དོན་སྤྱིར་སོ་སྐྱེའི་ས་ལས་འདས་པ་ཞིག་སྟེ། དེ་ལྟ་ན་འདིར་འཇིག་རྟེན་ལས་འདས་པ་ནི་སོ་སྐྱེ་ལ་མེད་པར་འདོད་དགོས་སོ། །འོན་ཀྱང་སྐབས་ཐོབ་ཀྱིས་དབྱེ་བ་ཡོད་དེ། ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་ལ་འཇིག་རྟེན་ལས་འདས་པ་ཞེས་བཤད་པའང་ཡོད་པའི་ཕྱིར་རོ། ། ལྔ་པ་ནི། ས་གཉིས་པ་དྲི་མ་མེད་པ་འདི་ཡང་ཆོས་ཅན། སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ནི་ཇི་ལྟ་བ་བཞིན་དུ་གྱུར་པ་ཡིན་ཏེ། ས་གཉིས་པའི་རྒྱལ་སྲས་ཀྱི་ཟླ་བ་ལས་བྱུང་ཞིང་། ཟླ་བའི་འོད་དེ་མུན་པའི་དྲི་མ་དང་བྲལ་བ་ལྟར་རང་ཉིད་འཆལ་ཚུལ་གྱི་དྲི་མ་དང་བྲལ་བའི་ཚུལ་ཁྲིམས་ཀྱི་འོད་དང་ལྡན་པའ་ིསྒོ་ནས་འགྲོ་བའི་ཡིད་ཀྱི་ཚུལ་འཆལ་གྱིས་བསྐྱེད་པའི་གདུང་བ་སེལ་བར་བྱེད་པ་ཡིན་པའི་ཕྱིར། ས་གཉིས་པ་བ་ཆོས་ཅན། སྲིད་པ་འཁོར་བ་བ་མ་ཡིན་ཀྱང་། སྲིད་པའི་དཔལ་དུ་གྱུར་པ་ཡིན་ཏེ། སེམས་ཅན་གྱི་དོན་དུ་གླིང་བཞི་ལ་དབང་བྱེད་པའི་འཁོར་ལོས་སྒྱུར་བའི་རྒྱུ་ཕུལ་དུ་ཕྱིན་པ་ཐོབ་པ་དང་། ཡོན་ཏན་ཕུན་སུམ་ཚུགས་པ་རང་གི་རྗེས་སུ་འགྲོ་བ་ཐོབ་པའི་ཕྱིར་རོ། དབུ་མ་ལ་འཇུག་པ་ཞེས་སོགས་ནི་གོ་སླ་སྟེ། གོང་གི་རིག་འགྲོས་ཀྱིས་ཤེས་པའི་ཕྱིར་རོ། ། གསུམ་པ་ས་གསུམ་འོད་བྱེད་པ་བཤད་པ་ལ་བཞི། ཁྱད་གཞི། སའི་ངེས་ཚིག ཁྱད་ཆོས་སའི་ཡོན་ཏན། ཕར་ཕྱིན་དང་པོ་གསུམ་གྱི་ཁྱད་ཆོས། སའི་ཡོན་ཏན་བསྟན་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། བྱང་སེམས་ཀྱི་ས་ནི་གསུམ་པ་འདི་ཆོས་ཅན། ཁྱོད་ལ་འོད་བྱེད་པ་ཞེས་བྱ་སྟེ། མཉམ་བཞག་ཏུ་གཉིས་སྣང་གི་ཤེས་བྱའི་བུད་ཤིང་མངོན་གྱུར་བ་མ་ལུས་པ་སྲེག་པར་བྱེད་ནུས་པའི་བདག་ཉིད་ཅན་གྱི་ཡེ་ཤེས་མེའི་འོད་འབྱུང་བས་དེ་ལྟར་བརྗོད་པའི་ཕྱིར། ས་གསུམ་པ་ཐོབ་པ་དེའི་ཚེ་བདེ་བར་གཤེགས་པའི་སྲས་པོ་དེ་ཆོས་ཅན། ཁྱོད་ལ་རྗེས་ཐོབ་ཏུ་ཡེ་ཤེས་ཀྱི་སྣང་བ་ཁྱད་པར་ཅན་འབྱུང་སྟེ། ཉི་མ་འཆར་བའི་དུས་ལྟར་ཟངས་ཀྱི་འོད་འདྲ་བའི་ཡེ་ཤེས་ཀྱི་སྣང་བ་འབྱུང་བའི་ཕྱིར། གཉིས་པ་ནི། ས་འདིར་ཡོན་ཏན་ཇི་ལྟ་བུ་ཐོབ་ཞེ་ན། དེ་ཡང་ཡོད་དེ། བཟོད་པའི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པ་ཙམ་དུ་མ་ཟད། ཡོན་ཏན་འབུམ་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་ཡོད་དེ། ལྷའི་དབང་པོ་བརྒྱ་བྱིན་དུ་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །ས་འདིར་བཟོད་པའི་ཉམས་ལེན་ལྷག་པར་ཐོབ་ན། བཟོད་པ་དེ་གང་ཞེ་ན། བཟོད་པའི་ངོ་བོ་བཞག་ཏུ་ཡོད་དེ། གནོན་པ་དང་སྡུག་བསྔལ་གྱིས་མི་བརྫི་བའི་སེམས་རྣལ་དུ་གནས་པ་དང་། ཆོས་ལ་མོས་པ་ཤིན་ཏུ་བརྟན་པའི་སེམས་སེམས་བྱུང་གྲུང་གིས་བསྡུས་པ་ཞིག་ལ་འཇོག་པའི་ཕྱིར། དེ་ལ་དབྱེ་ན་བཞི་ཡོད་དེ། གནོན་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་ལེན་གྱི་དེ་དང་། ཆོས་ལ་ངེས་ཐོབ་ཀྱི་དེ་དང་གསུམ་ཡོད་པའི་ཕྱིར། གསུམ་པ་ལ། ཁ་ཅིག །ས་གསུམ་པ་ཐོབ་མ་ཐག་པའི་ཚེ། ཉི་མའི་འོད་ལྟ་བུའི་དམར་གྱི་སྣང་བ་འབྱུང་བ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། ས་གསུམ་པ་ཐོབ་མ་ཐག་པའི་གང་ཟག་ཡིན་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་སེམས་ཡིན་དགོས་པ་གང་ཞིག །སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་ཡེ་ཤེས་ཀྱི་ངོ་བོར་ཀུན་རྫོབ་ཀྱི་སྣང་བ་མི་འཆར་བའི་ཕྱིར། ཁ་ཅིག །ཤེས་བྱའི་བུད་ཤིང་མ་ལུས་སྲེག་པའི་མེའི། ཞེས་པས་ས་གསུམ་པའི་མཉམ་གཞག་གི་གནས་སྐབས་སུ་ཤེས་སྒྲིབ་སྤོང་ནུས་པར་བསྟན་པ་ཡིན་ཟེར་ན། དེ་ཡང་མི་འཐད་པར་ཐལ། ས་བརྒྱད་པ་མ་ཐོབ་བར་དུ་ཤེས་སྒྲིབ་ཕྲ་མོ་སྦོང་མི་ནུས་པར་མ་ཟད། གཉིས་སྣང་འཁྲུལ་པའི་བག་ཆགས་ལ་ཤེས་སྒྲིབ་ཏུ་བྱས་ནས་ཆུང་འབྲིང་ཆེ་གསུམ་གང་གི་དབང་དུ་བྱས་ཀྱང་དེའི་དངོས་གཉེན་བར་ཆད་མེད་ལམ་ས་གསུམ་པའི་གནས་སྐབས་སུ་ཐོབ་པ་མེད་པའི་ཕྱིར། གཞན་ཡང་དེ་མི་འཐད་པར་ཐལ། གཞུང་འདིར་ཕྱིས་སུ། མཉམ་གཞག་གི་གནས་སྐབས་ཞིག་ཏུ་ཤེས་སྒྲིབ་འཇོམས་པར་བྱེད་ནུས་པའི་སྔ་ལྟས་སུ་ས་གསུམ་པར་དེ་ལྟ་བུའི་སྣང་བ་འབྱུང་བར་གསུངས་ཀྱི། ས་གསུམ་པའི་མཉམ་གཞག་ཏུ་དེ་འཇོམས་ནུས་པའི་སྔ་ལྟས་སུ་དེ་འདྲ་བའི་སྣང་བ་འབྱུང་བར་བསྟན་པ་མ་ཡིན་པའི་ཕྱིར། གཉིས་པ་ལ་བཞི། ས་འདིར་བཟོད་པ་ལྷག་པར་བསྟན་པ། བཟོད་པ་གཞན་ཇི་ལྟར་བསྟེན་ཚུལ། བཟོད་པའི་ཕར་ཕྱིན་གྱི་དབྱེ་བ། ས་འདིར་འབྱུང་པའི་ཡོན་ཏན་གཞན་བསྟན་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ས་གསུམ་པ་འདིར་བཟོད་པའི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པ་ཡིན་ཏེ། བྱང་སེམས་ས་གསུམ་པ་བ་འདི་ནི་ཁོང་ཁྲོ་བའི་གནས་མ་ཡིན་ཀྱང་། གལ་ཏེ་རྒྱུད་འཁྲུགས་པ་འགའ་ཡིས་བྱང་སེམས་དེའི་ལུས་ལས་ཤ་ནི་རྐྱང་པ་མིན་པར་རུས་པ་དང་བཅས་པ་དུས་ཐུང་དུ་མིན་པར་ཡུན་རིང་དུ་བསྡད་ནས་ཆེས་ཤིན་ཏུ་ཆེན་པོ་མི་གཅོད་ཅིང་སྲང་རེ་རེ་ནས་བཅད་པར་གྱུར་ཀྱང་བྱང་སེམས་དེའི་བཟོད་པ་ནི་དེ་ལྟར་གཅོད་པར་བྱེད་པ་ལ་དམིགས་ནས་ལྷག་པར་སྐྱེ་བའི་ཕྱིར། དེ་ལྟར་སྙིང་རྗེའི་སྒོ་ནས་བཟོད་པ་ལྷག་པར་འགྱུར་བར་མ་ཟད། ཤེས་རབ་ཀྱི་སྒོ་ནས་ཀྱང་དེ་ལྷག་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་བདག་མེད་མངོན་སུམ་མཐོང་བའི་བྱང་ཆུབ་སེམས་དཔའ་ལ་གཅད་བྱ་ལུས་གང་ཞིག གཅོད་པ་པོ་གང་གིས། དུས་གང་གི་ཚེ། ཚུལ་ཇི་ལྟར་གཅོད་པའི་ཆོས་ཀུན་བྱང་སེམས་དེ་ཡི་ཤེས་རབ་ཀྱིས་གཟུགས་བརྙན་ལྟ་བུར་མཐོང་བ་དེས་ཀྱང་བྱང་སེམས་དེ་ཡིས་བཟོད་པར་འགྱུར་བའི་ཕྱིར་རོ། ། གཉིས་པ་ལ་གཉིས། ཁོང་ཁྲོ་བྱ་མི་རིགས་པ་དང་། བཟོད་པ་བསྟེན་རིགས་པའོ། །དང་པོ་ལ་བཞི། ཉེས་དམིགས་ཆེ་བས་ཁོང་ཁྲོ་མི་རིགས་པ། ཕྱིས་སྡུག་བསྔལ་མི་འདོད་པ་དང་གནོད་ལན་བྱེད་པ་གཉིས་འགལ་བ། དགེ་རྩ་འཇོམས་པས་ཁོང་ཁྲོ་མི་རིགས་པ་། མི་བཟོད་པའི་སྐྱོན་བསམས་ནས་ཁོང་ཁྲོ་དགག་དགོས་པར་བསྟན་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། གནོན་བྱེད་ཀྱིས་གནོད་པ་བྱས་པས་དེའི་ལན་དུ་གནོད་བྱེད་དེ་ལ་བཀོན་པ་སྟེ་ཁྲོ་བ་ནི་ངེས་པར་ཚེ་འདིར་དོན་མེད་ཅིང་དེར་མ་ཟད། འཇིག་རྟེན་ཕ་རོལ་གྱི་དོན་དང་ཡང་ནི་འགལ་བར་འགྱུར་ཏེ། གལ་ཏེ་གནོད་བྱེད་དེར་བཀོན་ཅིང་གནོད་ལན་བྱེད་ན། གནོད་བྱེད་དེ་ལ་འཁོན་དུ་བཀོན་པས་རང་ལ་གནོད་པ་བྱས་ཟིན་སླར་ལྡོག་གམ་ཅི་སྟེ་མི་བཟློག་པ་དེའི་ཕྱིར་རོ། ། གཉིས་པ་ནི། ཤེས་བྱ་ཆོས་ཅན། སེམས་ཅན་གཞན་ལ་གནོད་པ་དང་ནི་གནོད་ལན་དུ་ཁྲོ་བ་བྱས་ཏེ། ཚེ་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་ས་བོན་ཉིད་དུ་ཚུལ་ཇི་ལྟ་བུར་ན་འཁྲིིད་པར་བྱེད་པ་སྟེ་བྱེད་མི་རིགས་པར་ཐལ། གནོད་བྱེད་ཀྱིས་རང་ལ་གནོན་པ་བྱས་པ་ནི། སྔོན་རང་གིས་བསགས་ཤིང་། བྱས་པ་ཡི་མི་དགེ་བའི་ལས་ཀྱི་འབྲས་བུ་མྱོང་བའི་ལྷག་མ་ལུས་པ་གང་ཡིན་པ་ཟད་པར་བྱེད་པ་བརྗོད་པར་འདོད་པ་དེ་ཉིད་ཀོ་སྟེ་དེ་ཉིད་ཡིན་པའི་ཕྱིར། དེའི་དོན་ནི་གོ་བདེ་བར་བརྗོད་ན། གཞན་གྱིས་རང་ལ་གནོད་པ་བྱས་ཀྱང་དེ་ལ་གནོད་ལན་སོགས་བྱར་མི་རུང་སྟེ། དེས་གནོད་པ་བྱས་པ་དེ་ཉིད་རང་གིས་སྔོན་མི་དགེ་བ་བྱས་པའི་ལས་ཀྱི་རྒྱུ་འཐུན་གྱི་འབྲས་བུ་ལྷག་མར་ལུས་པ་དེ་ཟད་པའི་ཐབས་ཡིན་པའི་ཕྱིར། ཞེས་པའོ། གསུམ་པ་ནི། ཤེས་བྱ་ཆོས་ཅན། དགེ་བ་འཇོམས་པ་ལ་མི་བཟོད་པ་ལས་གཞན་པའི་སྡིག་པ་སྟོབས་ཆེ་བ་ཡོད་པ་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། རྒྱལ་སྲས་བྱང་སེམས་རང་ལས་སྟོབས་དམན་པ་རྣམས་ལ་ཁྲོས་པ་ཡི་རྐྱེན་གྱིས་ནི་སྤྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་བསྐལ་བ་བརྒྱར་བསགས་པ་ཁོང་ཁྲོ་དེའི་སྐད་ཅིག་མ་གཅིག་གིས་འཇོམས་པར་འགྱུར་པ་དེ་ཡི་ཕྱིར་རོ། ། བཞི་པ་ནི། ཤེས་བྱ་ཆོས་ཅན། ཁོང་ཁྲོ་གཙོ་བོར་དགག་རིགས་པ་ཡིན་ཏེ། མི་བཟོད་པ་ཁོང་ཁྲོ་ཡིས་རྣམ་སྨིན་མི་སྡུག་པའི་གཟུགས་སུ་བྱེད་ཅིང་། དམ་པ་མ་ཡིན་པའི་བྱ་བ་ངན་པར་བཀྲི་བ་སྟེ་འཁྲིད་པ་དང་། ཚུལ་དང་ཚུལ་མ་ཡིན་པའི་བྱ་བ་ཤེས་པའི་རྣམ་དཔྱོད་འཕྲོག་པར་བྱེད་ཅིང་། ཤི་ནས་ཀྱང་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད་པ་ཡིན་པའི་ཕྱིར། འདིའི་སྐབས་སུ་གཉིས། སྤྱི་དོན་དང་། མཐའ་དཔྱད་པའོ། །དང་པོ་ལ་གསུམ། རྟེན་གང་གིས་ཡུལ་གང་ལ་ཁོང་ཁྲོ་ཅི་ཙམ་སྐྱེས་པས་དགེ་རྩ་འཇོམས་པའི་ཚུལ། འཇོམས་བྱའི་དགེ་རྩ་ངོས་བཟུང་བ། ཇི་ལྟར་འཇོམས་ཚུལ་ལོ། །དང་པོ་ནི། ཡུལ་བྱང་ཆུབ་སེམས་དཔའ་ལ་རྒྱུ་མཚན་བདེན་མི་བདེན་པའི་ཚིག་གིས་ཉེས་པ་ལ་ལྷག་པར་སྒྲོ་བཏགས་ནས་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་ན་བསྐལ་པ་བརྒྱར་བསགས་པའི་དགེ་རྩ་འཇོམས་ནུས་པ་ཡིན་ཏེ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། འཇམ་དཔལ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་བ་བརྒྱར་བསགས་པའི་དགེ་བ་ཉེ་བར་འཇོམས་པར་བྱེད་པ་དེའི་ཕྱིར། ཁོང་ཁྲོ་བ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། འདིར་བསྐལ་བ་བརྒྱར་བསགས་པའི་དགེ་བ་འཇོམས་པར་བྱེད་པར་གསུངས་པ་དེ་ནི་བྱང་སེམས་ཀྱི་དབང་དུ་བྱས་པར་མ་ཟད། ཁྲོ་བར་བྱེད་པའི་རྟེན་བྱང་སེམས་དེ། ཁྲོ་ཡུལ་གྱི་བྱང་སེམས་ལས་སྟོབས་ཆེ་བའི་དབང་དུ་བྱས་པ་ཡིན་ཏེ། འགྲེལ་བ་ལས། བྱང་སེམས་བདག་ཉིད་ཆེན་པོ་དེས། ཞེས་གསུངས་པའི་ཕྱིར། ཁོང་ཁྲོ་གསར་དུ་སྐྱེ་བའི་རྟེན་གྱི་བྱང་སེམས་ལ་སོ་སྐྱེར་ངེས་ཏེ། འཕགས་པའི་རྟེན་ལ་ཁོང་ཁྲོ་ལོག་ལྟ་གསར་དུ་སྐྱེ་བ་མེད་པའི་ཕྱིིར། བྱང་སེམས་སྟོབས་ཆེ་བས་སྟོབས་ཆུང་བ་ལ་ཁྲོས་པས་དགེ་རྩ་ཅི་ཙམ་འཇོམས་པ་དང། སྟོབས་ཆུང་བས་ཆེ་བ་ལ་ཁྲོས་པས་དགེ་རྩ་ཅི་ཙམ་འཇོམས་པ་དང་། ཡུལ་རྟེན་མཉམ་པས་མཉམ་པ་ལ་ཁྲོས་པས་དགེ་རྩ་ཅི་ཙམ་འཇོམས་པ་དང་། བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁྲོས་པས་དགེ་རྩ་ཅི་ཙམ་འཇོམས་པའི་ཚུལ་ཡོད་དེ། དང་པོ་ནི་བསྐལ་བ་བརྒྱ་དང་། བར་པ་གཉིས་པོ་དེ་བརྒྱ་ལས་ལྷག་སྟོང་ལས་དམན་པ་དང་། བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁྲོས་ན་བསྐལ་པ་སྟོང་དུ་བསགས་པའི་དགེ་རྩ་འཇོམས་པར་གསུངས་པའི་ཕྱིར། བྱང་སེམས་ཀྱིས་ལུས་ངག་ཏུ་མ་ཐོན་པར་བྱང་སེམས་ལ་ཁྲོས་ན་གཞི་ནས་བསྐལ་པར་གོ་ཆ་བགོ་དགོས་ཀྱང་། དེས་བྱང་སེམས་མ་ཡིན་པ་ལ་ཁྲོས་པས་ཁོང་ཁྲོའི་གྲངས་དང་མཉམ་པར་བསྐལ་བར་གོ་ཆ་བགོ་མི་དགོས་ཏེ། བྱང་སེམས་ཀྱིས་བྱང་སེམས་མ་ཡིན་པ་ལ་ཁྲོས་པ་དང་། བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁྲོས་པ་གཉིས་མི་མཚུངས་པར་བཤད་པའི་ཕྱིར། བསྐལ་པར་གོ་ཆ་བགོ་དགོས་པའི་དོན་ཡང་ཡོད་དེ། མྱུར་དུ་སྦྱོར་ལམ་དུ་འཕོ་ནུས་པའི་བྱང་སེམས་ཚོགས་ལམ་ཆེན་པོ་བ་གཅིག་གིས། ལུང་བསྟན་ཐོབ་པའི་བྱང་སེམས་ལ་ཁྲོས་ན། ཁོང་ཁྲོའི་སྐད་ཅིག་གི་གྲངས་དང་མཉམ་པའི་བསྐལ་པར་གཞི་ནས་ཚོགས་གཉིས་ལ་སློབ་དགོས་པའི་དོན་ཡིན་པའི་ཕྱིར། ཁོང་ཁྲོས་དགེ་རྩ་འཇོམས་ནུས་པར་མ་ཟད། རྣམ་སྨིན་དམྱལ་བའི་སྡུག་བསྔལ་ཡུན་རིང་དུ་མྱོང་དགོས་པ་ཡོད་དེ། སྤྱོད་འཇུག་ལས། གང་ཕྱིར་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་ན་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་བར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་གསུངས་པའི་ཕྱིར། དགེ་རྩ་འཇོམས་ཚུལ་ལ་ཟད་པ་ཆུང་འབྲིང་ཆེ་གསུམ་བྱེད་པ་ཡོད་དེ། རྣམ་སྨིན་གྱི་འབྲས་བུ་རྒྱ་ཆེན་པོ་འབྱིན་པ་ཆུང་ངུར་བཏང་པ་དང་། དུས་རིང་དུ་འབྱིན་པ་དུས་ཐུང་ངུར་བཏང་བ་དེ་ཟད་པ་ཆུང་ངུ་དང་། དེ་ཉིད་འབྲིང་དུ་བྱས་པ་ཟད་པ་འབྲིང་དང་། དེ་ཉིད་གཏན་མེད་དུ་བྱས་པ་ཟད་པ་ཆེན་པོའི་དོན་ཡིན་པའི་ཕྱིར། ཁོང་ཁྲོས་རྣམ་སྨིན་གྱི་འབྲས་བུ་ཡིད་མི་འོང་འབྱིན་པའི་ཡུལ་ལ་གང་ཟག་ཏུ་མ་ཟད། རྣམ་ཤེས་དང་བྲལ་བའི་མགལ་དུམ་ལའང་གནོད་པའི་སེམས་སྐྱེས་པས་ཀྱང་འགྲུབ་པ་ཡོད་དེ། མདོ་ལས། ཉེ་བར་འཁོར་དེ་ལྟ་བས་ན་ཅི་ནས་ཀྱང་མགལ་དུམ་ལ་ཡང་སེམས་ཀྱིས་གནོད་པར་མི་བྱ་ན། རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་། ཞེས་གསུངས་པའི་ཕྱིར་དང་། ཀླུ་ཨེ་ལའི་འདབ་ཀྱི་ལོ་རྒྱུས་ཀྱིས་ཀྱང་འགྲུབ་པའི་ཕྱིར། གཉིས་པ་འཇོམས་བྱེད་དགེ་རྩ་ཡང་ཚོགས་གཉིས་ཀྱི་ནང་ནས་གཙོ་བོར་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་རྩ་ལ་བྱེད་པ་ཡིན་ཏེ། བདག་མེད་ལེགས་པར་རྟོགས་པའི་དགེ་རྩ་ཁོང་ཁྲོ་ལོག་ལྟ་སོགས་ཀྱིས་འཇོམས་མི་ནུས་པའི་ཕྱིར་ཏེ། འཇུག་པ་ལས། སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར། །ཞེས་པ་དང་། འགྲེལ་པ་ལས། བསོད་ནམས་ཀྱི་ཚོགས་ཞེས་དང་། སྤྱོད་འཇུག་ལས་ཀྱང་། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ཞེས་གསུངས་བའི་ཕྱིར། ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་རྩ་ཡིན་ན། ཁོང་ཁྲོས་འཇོམས་མི་ནུས་པས་མ་ཁྱབ་སྟེ། སྦྱིན་སོགས་ཕར་ཕྱིན་དང་པོ་ལྔའི་དགེ་རྩ་རྣམས་ཚོགས་གཉིས་ཀྱི་དགེ་རྩ་ཡིན་པའི་ཕྱིར་ཏེ། མདོ་སྟེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡེ་ཤེས་རབ་ཡེ་ཤེས་སོ། །ལྔ་པོ་ཡང་ནི་གཉིས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ཁོ་ཁྲོས་དགེ་རྩ་འཇོམས་ཚུལ་ཡོད་དེ། ས་བོན་མེས་ཚིག་པ་ཕྱིས་རྐྱེན་དང་ཕྲད་ཀྱང་མྱུ་གུ་སྔོན་པོ་མི་སྐྱེ་བ་དེ་བཞིན་དུ། གཉེན་པོ་སྟོབས་བཞིས་སྡིག་པ་དག་པ་དང་། ཁོང་ཁྲོས་དགེ་རྩ་བཅོམ་པ་གཉིས་ཕྱིས་རྐྱེན་དང་ཕྲད་ནའང་རིམ་པ་བཞིན་དུ་རྣམ་སྨིན་ཡིད་མི་འོང་དང་ཡིད་འོང་འབྱིན་མི་ནུས་པའི་ཚུལ་གྱིས་ཁོང་ཁྲོས་དགེ་རྩ་འཇོམས་པར་བྱེད་པའི་ཕྱིར། དེ་ཡང་ཁོང་ཁྲོ་སྐྱེས་མ་ཐག་ཏུ་དགེ་རྩ་བཅོམ་པ་ནི་མ་ཡིན་ཏེ། རྣམ་སྨིན་གྱི་འབྲས་བུ་འབྱིན་པའི་ནུས་པ་ལ་གནོད་པ་བྱས་པའི་སྒོ་ནས་འཇོམས་པར་བྱེད་པའི་ཕྱིར། དེ་ཡང་ཟད་པ་ཆུང་འབྲིང་ཆེན་པོ་ཅི་ཙམ་བྱས་པ་དེ་ཉིད་ཕྱིས་རྐྱེན་དང་ཕྲད་ཀྱང་རྣམ་སྨིན་གྱི་འབྲས་བུ་མི་འབྱིན་པ་ཡིན་གྱི། ཁོང་ཁྲོས་ཟད་པ་ཆུང་ངུ་བྱས་པའི་དགེ་རྩའི་ཆ་ཤས་གཞན་གྱིས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་པ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །བྱང་སེམས་མ་ཡིན་པའི་གང་ཟག་གིས་བྱང་སེམས་ལ་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་པ་ཙམ་གྱིས་བསྐལ་བ་སྟོང་དུ་བསགས་པའི་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་རྩ་མཐའ་དག་འཇོམས་པར་བྱེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། ཟེར་ན། མ་ཁྱབ། འདོད་ན། མི་འཐད་པར་ཐལ། དེས་དེ་ལ་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་པ་ཙམ་གྱིས་བསྐལ་བ་སྟོང་དུ་བསགས་པའི་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་རྩ་གང་ཡིན་ཐམས་ཅད་འཇོམས་པར་བྱེད་ན། དེའི་རྒྱུད་ལ་ཁོང་ཁྲོ་སྐད་ཅིག་མ་གཅིག་སྔར་སྐྱེས་ཤིང་ཕྱིས་ཀྱང་མང་དུ་སྐྱེས་པ་ཡོད་པས། དེ་ལྟར་ན། དགེ་རྩ་ཐམས་ཅད་རྒྱུན་ཆད་དེ་འཚང་རྒྱ་བའི་སྐབས་མེད་པར་ཐལ་བར་འགྱུར་པའི་ཕྱིར་རོ། །གཞན་ཡང་། བྱང་སེམས་ཚོགས་ལམ་པས་བྱང་སེམས་སྦྱོར་ལམ་པ་ལ་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་པ་དེའི་ཚེ། བསྐལ་པ་བརྒྱ་ལས་ལྷག་པའི་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་རྩ་གང་ཡིན་ཐམས་ཅད་འཇོམས་པར་བྱེད་པར་ཐལ། སྒྲུབ་བྱེད་འཐད་པའི་ཕྱིར། འདོད་ན། དེ་སྐྱེས་པའི་དུས་གཉིས་པ་སོགས་ཀྱི་ཚེ། དེའི་རྒྱུད་ཀྱི་དེ་འདྲ་བའི་དགེ་རྩ་ཐམས་ཅད་བཅོམ་ནས་ཕྱིས་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་རྩས་འབྲས་བུ་ཡིད་འོང་འབྱིན་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་དེའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་ཀྱི་དགེ་རྩ་ཡང་མེད་པར་ཐལ་ལོ། །གཞན་ཡང་། དེ་མི་འཐད་པར་ཐལ། བསྐལ་པ་བརྒྱ་སོགས་ཀྱི་དགེ་རྩ་འཇོམས་པར་གསུངས་པ་ནི། གང་ཟག་དེའི་རྒྱུད་ལ་བསྐལ་བ་བརྒྱ་སོགས་སུ་བསགས་པའི་དགེ་རྩ་དུ་མ་ཡོད་པས། བསྐལ་བ་བརྒྱའི་དགེ་རྩ་ཡང་དུ་མ་ཡོད་ལ། བསྐལ་བ་བརྒྱའི་དགེ་རྩའི་ཆ་ཤས་མི་འདྲ་བ་གཞན་དུ་མ་ཡོད་པས། དེ་འདྲ་བའི་དགེ་རྩའི་ཆ་ཤས་རིགས་འཐུན་བསྐལ་བ་བརྒྱར་བསགས་པ་ཞིག་འཇོམས་ནུས་པ་ཡོད་པ་ལྟ་བུ་ལ་དགོངས་པ་ཡིན་གྱི། བསྐལ་བ་བརྒྱར་བསགས་པའི་དགེ་བ་མཐའ་དག་ལ་བྱེད་མི་རུང་བར་མ་ཟད། བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པ་མཐའ་དག་འཇོམས་པའི་དོན་དུ་ཡང་མི་རུང་པའི་ཕྱིར། དེ་ལྟ་མ་ཡིན་ན། རྗེའི་གསུང་འབུམ་ཐོར་བུ་ལས། སྤྱོད་འཇུག་གི་ལུང་དེའི་དོན་ནི། ཁོང་ཁྲོ་སྐད་ཅིག་མ་གཅིག་གིས་བསྐལ་པ་སྟོང་དུ་བསགས་པའི་དགེ་བ་ཐམས་ཅད་འཇོམས་པ་ལ་བྱེད་ན། འོ་ན་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་ཡན་གྱི་དགེ་བ་གང་འབད་དོན་མེད་དུ་སོང་བ་ཁས་ལེན་ཨེ་ནུས། ནུས་ན་ནི་དིང་སང་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་ཤིང་། སྐྱེ་འགྱུར་ཀ་ཤས་ཆེའོ། །ཞེས་གསུངས་པ་ལྟར། ཧ་ཅང་ཐལ་བར་འགྱུར་རོ། །འོན་ཀྱང་འདིར་ཁོ་ཅག་གིས་དཔྱོད་པ་ཙམ་བསྟན་པ་ཡིན་གྱི། ཐག་གཅོད་བྱས་པ་ནི་མ་ཡིན་ཏེ། ཚུལ་འདི་དཀའ་བའི་གནས་ཡིན་པའི་ཕྱིར་ཏེ། ལམ་རིམ་ལས། འོན་ཀྱང་འདི་གལ་ཆེ་ཞིང་སངས་རྒྱས་ཉག་གཅིག་གི་ལུང་དང་དེ་ལ་བརྟེན་པའི་རིགས་པ་ལ་བརྟེན་ནས་དཔྱད་དགོས་པ་ཁོ་ནར་སྣང་བས་ལེགས་པར་གསུང་རབ་བལྟས་ལ་དཔྱད་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། ཞི་བ་ལྷས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེས་གསུངས་པ་མི་འཐད་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། དེ་ནི་བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁྲོས་ན་རང་གི་གཞོམ་བྱར་གྱུར་པའི་བསྐལ་པ་སྟོང་དུ་བསགས་པའི་དགེ་རྩ་ཞིག་འཇོམས་ནུས་པ་ཡོད་པར་བསྟན་པ་ཡིན་པའི་ཕྱིར། ཁ་ཅིག །བྱང་ཆུབ་སེམས་དཔའི་དགེ་རྩ་ཁོང་ཁྲོས་འཇོམས་པ་མེད་པར་ཐལ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པའི་དོན་བསྡུ་བ་ན། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིག་ལྷུང་། །རྒྱ་མཚོ་མ་འཛད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཞེས་པ་དང་། སྡོང་པོ་བཀོད་པ་ལས། དངུལ་ཆུའི་ཁམས་གསེར་དུ་སྣང་བ་སྲང་གང་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་བ་ནི་ལྕགས་འཛད་ཅིང་། དངུལ་ཆུའི་ཁམས་མི་མཛད་པ་དེ་བཞིན་དུ། ཁོང་ཁྲོས་བྱང་སེམས་ཀྱི་དགེ་བ་འཇོམས་མི་ནུས་པར་བཤད་པའི་ཕྱིར་ཟེར་ན། སྐྱོན་མེད་དེ་དང་པོ་ནི། རྫོགས་བྱང་དུ་བསྔོས་པའི་དགེ་རྩ་ཐམས་ཅད་ཀྱིས་རྫོགས་བྱང་མ་ཐོབ་བར་དུ་འབྲས་བུ་འབྱིན་པས་མི་ཟད་པའི་དོན་དང་། ཕྱི་མ་ནི། བྱང་ཆུབ་ཀྱི་སེམས་ཀྱིས་ཁོང་ཁྲོ་གཏན་ནས་ཟད་པར་བྱེད་ནུས་པ་ལྟར། ཁོང་ཁྲོ་སོགས་ཀྱིས་བྱང་ཆུབ་ཀྱི་སེམས་ཟད་པར་མི་ནུས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག ཁོང་ཁྲོ་ལས་གཞན་པའི་མི་དགེ་བ་སྟོབས་ཆེན་མེད་པར་ཐལ། འཇུག་པ་ལས། མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་པ་དང་། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །ཞེས་གསུངས་པའི་ཕྱིར་ན་སྐྱོན་མེད་དེ། དེ་ནི་ཉེས་དམིགས་ཆེ་བར་བསྟན་པའི་ཆེད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འཚམས་མེད་དང་། ཆོས་སྤོང་དང་། ལོག་ལྟ་སོགས་མི་དགེ་བའི་ལས་སྟོབས་ཆེན་ཡོད་པའི་ཕྱིར། ཁ་ཅིག ཁོང་ཁྲོས་ཟད་པ་ཆུང་ངུ་བྱས་པའི་དགེ་རྩས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་པ་མེད་པར་ཐལ། དེས་དེ་ལ་ཟད་པ་ཅི་ཙམ་བྱས་པ་དེ་ཉིད་ཀྱིས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་འབྱིན་པ་མེད་པའི་ཕྱིར། ཟེར་ན། མ་ཁྱབ། འདོད་མི་ནུས་ཏེ། དགེ་རྩའི་ཆ་ཤས་གཅིག་བཅོམ་ནས་རྣམ་སྨིན་འབྱིན་མི་ནུས་པ་ཙམ་གྱིས། ཆ་ཅན་དགེ་བ་དེ་ཉིད་ཀྱིས་རྣམ་སྨིན་གྱི་འབྲས་བུ་འབྱིན་མི་ནུས་པར་འདོད་མི་རིགས་པའི་ཕྱིར་ཏེ། དཔེར་ན། དམྱལ་བར་སྐྱེ་འགྱུར་གྱི་ལས་ཀྱི་རྣམ་སྨིན་མྱོང་བ་དག་ཀྱང་། ཚེ་འདིར་མགོ་བོ་ན་བ་ཙམ་དུ་འགྱུར་བ་ཡོད་པ་བཞིན་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། བཟོད་པའི་ཕན་ཡོན་བསམ་པ་དང་། དོན་བསྡུས་ཏེ་བཟོད་པ་བསྟེན་པར་བཤད་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། བཟོད་པ་བསྒོམས་པ་ལ་ཕན་ཡོན་དུ་མ་ཡོད་དེ། བཟོད་པ་བསྒོམས་པས་སྔར་བཤད་ཟིན་གྱི་སྐྱོན་དང་འགལ་བའི་ཡོན་ཏན་རྣམས་འགྲུབ་པར་བྱེད་པའི་ཕྱིར། བྱེད་ཚུལ་ཡོད་དེ། བཟོད་པས་གཟུགས་མཛེས་ཤིང་སྐྱེ་བོ་དམ་པ་རྣམས་ལ་ཕངས་པ་སྟེ་གཅེས་པ་དང་། ལུགས་ཏེ་རིགས་པ་དང་ལུགས་མིན་མི་རིགས་པ་ཤེས་པ་ལ་མཁས་པར་འགྱུར་ཞིང་། ཤི་བ་དེ་ཡི་འོག་ཏུ་ནི་ལྷ་དང་མིའི་སྐྱེ་བ་ལེན་པ་དང་སྡིག་པ་རྣམས་ཟད་པར་འགྱུར་བའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། སོ་སོ་སྐྱེ་བོ་དང་རྒྱལ་སྲས་ཀྱི་རིམ་པ་བཞིན་དུ་སྔ་མའི་ཁྲོ་བའི་སྐྱོན་དང་། ཕྱི་མའི་བཟོད་པའི་ཡོན་ཏན་རིག་པར་བྱས་ཏེ་མི་བཟོད་པ་སྤངས་ནས་འཕགས་པའི་སྐྱེ་བོ་ཡིས་བསྔགས་པའི་བཟོད་པ་རྟག་ཏུ་མྱུར་པར་བསྟེན་པར་བྱ་སྟེ། དེ་གཉིས་ཀྱི་སྐྱོན་ཡོན་སྔར་བཤད་པ་དེ་ཡིན་པའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན། བཟོད་པའི་ཕར་ཕྱིན་ལ་གཉིས་ཡོད་དེ། རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཕྱིར་བསྔོས་ཀྱང་གང་གིས་གང་ལ་གང་བཟོད་པའི་འཁོར་གསུམ་དུ་བདེན་པར་དམིགས་པས་བཅིངས་པ་ཡོད་ན་བཟོད་པ་དེ་ནི་འཇིག་རྟེན་པའི་བཟོད་པ་དང་དེ་ལྟར་དམིགས་པ་མེད་ན་བཟོད་པ་དེ་ཉིད་སངས་རྒྱས་ཀྱིས་འཇིག་རྟེན་ལས་འདས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཅེས་བསྟན་པའི་ཕྱིར། བཞི་པ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། ས་གསུམ་པ་དེར་གནས་པའི་རྒྱལ་སྲས་དེ་ནི་ཆོས་ཅན། ཁྱོད་ལ་ཡོངས་སུ་དག་པའི་ཡོན་ཏན་གཞན་ཡང་འབྱུང་སྟེ། བསམ་གཏན་དང་པོ་སོགས་བསམ་གཏན་དང་། དེས་མཚོན་པ་གཟུགས་མེད་ཀྱི་སྙོམས་འཇུག །ལྷའི་མིག་གི་མངོན་ཤེས་སོགས་མངོན་ཤེས་དང་། ཚད་མེད་པ་བཞི་སོགས་ཀྱི་ཡོན་ཏན་ཐོབ་པ་དང་། སྤང་བྱ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མངོན་འགྱུར་པ་ཕལ་ཆེར་ཡོངས་སུ་ཟད་པ་དང་བསྲབས་པར་འགྱུར་པའི་ཕྱིར། ས་གསུམ་པ་བ་དེས་ཀྱང་ཆོས་ཅན། རྟག་ཏུ་འཇིག་རྟེན་པ་ཡིན་ན་འདོད་པའི་འདོད་ཆགས་ཅི་རིགས་འཇོམས་པར་ནུས་པར་འགྱུར་ཏེ། དེ་དག་མངོན་འགྱུར་བ་ཕལ་ཆེར་ཟད་པའི་ཕྱིར་རོ། ། གཉིས་པ་ལ། བསམ་གཏན་དང་། མངོན་ཤེས་སོགས་ཀྱི་ཁྱད་པར་གང་ཡིན་ཞེ་ན། འདིར་རྒྱས་པར་འཆད་པའང་སྐབས་སུ་བབ་མོད། མང་དུ་དོགས་པས་ཕར་ཕྱིན་གྱི་བསམ་གཟུགས་ཀྱི་སྐབས་ནས་ཤེས་པར་བྱ་ལ། འདིར་ཚད་མེད་བཞི་དང་། མངོན་ཤེས་དྲུག་གི་ངོ་བོ་ཙམ་བཤད་ན་ཡོད་དེ། ཀུན་ལས་བཏུས་ལས། བྱམས་པ་གང་ཞེ་ན། བསམ་གཏན་ལ་བརྟེན་ཏེ་སེམས་ཅན་རྣམས་བདེ་བ་དང་ཕྲད་པར་ཤོག་ཅིག་བར་བསམ་པའི་གནས་པ་ཡང་དག་པར་འབྱོར་བའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཞེས་དམིགས་པ་རྣམ་པ་ངོ་བོ་གྲོགས་གནས་ཏེ་ཁྱད་ཆོས་ལྔ་བཤད་པ་བཞིན་ཏེ། ཚད་མེད་པ་གཞན་ལའང་དེ་བཞིན་དུ་གསུངས་པའི་ཕྱིར་རོ། །བསྡུ་ན། བྱམས་པ་ནི་སེམས་ཅན་བདེ་བ་དང་ལྡན་པར་འདོད་པའི་རྣམ་པ་ཅན་ཡིན་ལ། སྙིང་རྗེས་སྡུག་བསྔལ་དང་འབྲལ་བར་འདོད། དགའ་བས་བདེ་བ་དང་མི་འབྲལ་བར་འདོད། བཏང་སྙོམས་ནི་ཆགས་སྡང་མེད་པའི་རྣམ་པ་ཅན་ཡིན་ཏེ། དེ་རྒྱས་པར་ཀུན་བཏུས་སོགས་ནས་ཤེས་པར་བྱ་དགོས་པའི་ཕྱིར་རོ། །ས་མཚམས་ནི་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ཡོད་དེ། ཀུན་བཏུས་ལས། ཕྱི་རོལ་པའམ། ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་འམ། དེ་བཞིན་གཤེགས་པ་འང་རུང་སྟེ། དག་པའི་བསམ་གཏན་བཞི་ལ་བརྟེན་ནས་ཚད་མེད་པ་རྣམས་མངོན་པར་བསྒྲུབ་པོ། །ཞེས་གསུངས་པའི་ཕྱིར། མངོན་ཤེས་དྲུག་གི་ཁྱད་པར་ཡོད་དེ། སེམས་རྟེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྤྲུལ་བསྒྱུར་སྣ་ཚོགས་སྟོན་པས་ཁྱད་པར་དུ་བྱས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་རིག་པ་དེ། རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་ངོ་བོ་དང་། དེ་བཞིན་དུ་སེམས་རྟེན་དེ་ལ་བརྟེན་ནས་འཇིག་རྟེན་ཀྱི་ཁམས་དུ་མའི་གཟུགས་ཕྲ་རགས་མཐོང་བ་དང་། སྒྲ་ཕྲ་རགས་ཐོས་པ་དང་། གཞན་གྱི་སེམས་ཤེས་པ་དང་། ཚེ་སྔ་ཕྱི་ཤེས་པ། སྤང་བྱ་གང་ལས་གྲོལ་བའི་སྤངས་པ་ཤེས་པས་རབ་ཏུ་ཕྱེ་བའི་རིག་པ་རྣམས་རིམ་པ་བཞིན་དུ། ལྷའི་མིག་གི་མངོན་ཤེས། ལྷའི་རྣ་བའི། གཞན་སེམས་ཤེས་པའི། སྔོན་གནས་རྗེས་དྲན་གྱི། ཟག་ཟད་ཀྱི་མངོན་ཤེས་སུ་རིམ་པ་བཞིན་དུ་འཇོག་པའི་ཕྱིར། ས་འདིར་འདོད་ཆགས་སོགས་སྤོང་བར་གསུངས་པ་ནི་འདིའི་ངོས་སྐལ་གྱི་སྤང་བྱ་ལ་དགོངས་པ་ཡིན་གྱི་འདི་ནས་འདོད་ཆགས་སོགས་གཏན་ནས་ཟད་མི་ནུས་ཏེ། ཉོན་མོངས་ལ་ཆུང་འབྲིང་ཆེན་པོ་དྲུག་ཏུ་བྱས་པའི་ཕྲ་བ་ནི་ས་བདུན་པའི་བར་དུ་འཇུག་པའི་ཕྱིར་རོ། ། གསུམ་པ་ལ། ཁ་ཅིག །ཚད་མེད་བཞི་རྒྱུད་ལྡན་གྱི་ཕྱི་རོལ་པ་ཡོད་པར་ཐལ། ཀུན་ལས་བཏུས་ལས། ཕྱི་རོལ་པའམ། ཉན་ཐོས་སམ་ཞེས་སོགས་གསུངས་པའི་ཕྱིར། ཟེར་ན། ཁ་ཅིག མ་ཁྱབ་གསུང། འདོད་མི་ནུས་ཏེ། སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་རྒྱུད་ལྡན་གྱི་ཕྱི་རོལ་པ་མེད་པའི་ཕྱིར། དེར་ཐལ། སེམས་ཅན་འཁོར་བའི་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་རྒྱུད་ལྡན་གྱི་ཕྱི་རོལ་པ་མེད་པའི་ཕྱིར། ཟེར་ན། རྣམ་པ་གཅིག་ཏུ་མ་ཁྱབ་སྙམ་མོ། ཁ་ཅིག མངོན་ཤེས་དྲུག་པོ་རྒྱུད་ལྡན་གྱི་ཕྱི་རོལ་པ་ཡོད་པར་ཐལ། མངོན་ཤེས་དང་པོ་ལྔ་རྒྱུད་ལྡན་གྱི་དེ་ཡོད་པའི་ཕྱིར། ཟེར་ན། མ་ཁྱབ། འདོད་ན། མི་འཐད་པར་ཐལ། ཟག་པ་ཟད་པའི་མངོན་ཤེས་རྒྱུད་ལྡན་གྱི་ཕྱི་རོལ་པ་མེད་པའི་ཕྱིར། དེར་ཐལ། དེ་རྒྱུད་ལྡན་གྱི་གང་ཟག་ཡིན་ན། ནང་པ་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན། དགྲ་བཅོམ་པ་ཡིན་དགོས་པའི་ཕྱིར། ཁ་ཅིག ས་གསུམ་པ་བ་ཡིན་ན། ཉོན་སྒྲིབ་མ་སྤངས་པས་ཁྱབ་པར་ཐལ། ས་གསུམ་པ་བའི་རྒྱུད་ལ་ཉོན་སྒྲིབ་ལྷན་སྐྱེས་ཡོད་པའི་ཕྱིར། ཟེར་ན། མ་ཁྱབ། མ་གྲུབ་ན་དེར་ཐལ། དེའི་རྒྱུད་ལ་འདོད་ཆགས་དང་གཏི་མུག་ལྷན་སྐྱེས་ཡོད་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པའི་རྟོག་པ་སྔོན་དུ་སོང་བའི་བྱང་སེམས་ས་གསུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་སླའོ། ཁ་ཅིག །ས་གཉིས་པ་བའི་རྒྱུད་ལ་ཁོང་ཁྲོ་ཡོད་པར་ཐལ། ས་འདིར་ཁོང་ཁྲོ་སྤོང་བར་བཤད་པའི་ཕྱིར། དེར་ཐལ། འདིར་ཞེ་སྡང་སྤོང་བར་བཤད་པའི་ཕྱིར། དེར་ཐལ། འདོད་ཆགས་ཞེ་སྡང་ཡོངས་སུ་ཟད་པར་འགྱུར། ཞེས་གསུངས་པའི་ཕྱིར། ཟེར་བ་ན། སྔ་མར་མ་ཁྱབ། འདོད་མི་ནུས་ཏེ། འཕགས་པའི་རྒྱུད་ལ་ཁོང་ཁྲོ་གསར་དུ་སྐྱེ་བ་མེད་པར་གསུངས་པའི་ཕྱིར། གསུམ་པ་ནི། སྦྱིན་པ་དང་སོགས་ཀྱི་སྒྲས་ཚུལ་ཁྲིམས་བཟོད་པའི་ཆོས་གསུམ་པོ་དེ་དག་ཆོས་ཅན། གཞུང་ཕལ་མོ་ཆེར་བདེ་བར་གཤེགས་པས་ཁྱིམ་པ་རྣམས་ཀྱི་རྟེན་ལ་སྒྲུབ་པར་བསྔགས་པ་ཡིན་ཏེ། རྟེན་དེ་ལ་སྒྲུབ་སླ་པའི་ཕྱིར། དེ་དག་ཉིད་ཆོས་ཅན། ཚོགས་གཉིས་ཀྱི་ནང་ནས་བསོད་ནམས་ཞེས་བྱ་བའི་ཚོགས་ཀྱང་ཡིན་ལ། ཆོས་གཟུགས་ཀྱི་སྐུ་གཉིས་ཀྱི་ནང་ནས་སངས་རྒྱས་ཀྱི་གཟུགས་ཀྱི་བདག་ཉིད་ཀྱི་སྐུ་སྒྲུབ་པར་བྱེད་པ་ཡི་རྒྱུ་ཡིན་ཏེ། དེའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། བཞི་པ་ནི། རྒྱལ་པའི་སྲས་པོ་ཉི་མ་དང་འདྲ་བའི་རྒྱུད་ལ་གནས་པའི་བྱང་སེམས་ཀྱི་ས་གསུམ་པ་འོད་བྱེད་པ་འདི་ཆོས་ཅན། རང་གཞན་གྱི་རྒྱུད་གྱི་སྐྱོན་གྱི་མུན་པ་སེལ་བར་བྱེད་པ་ཡིན་ཏེ། རང་རྒྱུད་ལྡན་གང་ཟག་གི་རྒྱུད་དུ་གཏོགས་པའི་མི་ཤེས་པའི་མུན་པ་རྣམས་དང་པོར་ཡང་དག་པར་བསལ་བར་བྱས་ནས་འགྲོ་བའི་རྒྱུད་ཀྱི་མི་ཤེས་པའི་མུན་པ་རྣམ་པར་འཇོམས་པར་མངོན་པར་འདོད་པ་ཡིན་པའི་ཕྱིར། ས་འདིར་གནས་པའི་བྱང་སེམས་ཆོས་ཅན། གཞན་གྱི་སྐྱོན་འཇོམས་པ་ལ་བློ་གྲོས་ཤིན་ཏུ་རྣོ་བར་གྱུར་ཀྱང་སྐྱོན་ལྡན་གྱི་གང་ཟག་ལ་ཁྲོ་བར་མི་འགྱུར་ཏེ། བཟོད་པའི་ཕར་ཕྱིན་ལྷག་ཅིང་། སྙིང་རྗེ་ཆེན་པོས་རྒྱུད་སྣུམ་པར་བྱས་པའི་ཕྱིར། དབུ་མ་ལ་ཞེས་སོགས་སླ་སྟེ། གོང་གི་དེས་རིགས་འགྲེ་བའི་ཕྱིར་རོ། ། བཞི་པ་ས་བཞི་པ་འོད་འཕྲོ་བ་བཤད་པ་ལ་གསུམ། ས་འདིར་བརྩོན་འགྲུས་ལྷག་པར་བསྟན་པ། སའི་ངེས་ཚིག་བསྟན་པ། སྤངས་པའི་ཁྱད་པར་བསྟན་པའོ། །དང་པོ་ལ་གཉིས། ཚིག་དོན་དང་། སྤྱི་དོན་ནོ། །དང་པོ་ནི། བརྩོན་འགྲུས་ཆོས་ཅན། ཡོན་ཏན་ཐོབ་པ་གནས་ཞིང་འཕེལ་བ་དང་མ་ཐོབ་པ་འཐོབ་པའི་རྒྱུར་འགྱུར་བ་ཡིན་ཏེ། ཡོན་ཏན་མ་ལུས་པ་ནི་ཁྱོད་ཀྱི་རྗེས་སུ་འགྲོ་བ་སྟེ་རག་ལས་ཞིང་། བསོད་ནམས་དང་བློ་གྲོས་ཏེ་ཡེ་ཤེས་གྱི་ཚོགས་ནི་གཉིས་ཀྱི་རྒྱུ་སྟེ་འགྲུབ་བྱེད་ཡིན་པའི་ཕྱིར། དེ་འདྲ་བའི་བརྩོན་འགྲུས་ས་གང་དུ་འབར་བ་སྟེ་ལྷག་པར་གྱུར་པ་ཡིས་བཞི་པ་དེ་ཆོས་ཅན། ཁྱོད་ལ་འོད་ནི་འཕྲོ་བའོ་ཞེས་བྱ་སྟེ། བརྩོན་འགྲུས་ཀྱི་ཕར་ཕྱིན་ལྷག་ཅིང་འཆད་འགྱུར་ལྟར་ངེས་ཚིག་དང་ལྡན་པའི་བྱང་སེམས་ཀྱི་ས་ཡིན་པའི་ཕྱིར། གཉིས་པ་ནི། ས་འདིར་ཡོན་ཏན་ཇི་ལྟ་བུ་ཐོབ་པ་ཡོད་དེ། བརྩོན་འགྲུས་ལྷག་ཅིང་ཡོན་ཏན་བྱེ་བ་བརྒྱ་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་ཡོད་དེ། འཐབ་བྲལ་གྱི་བདག་པོར་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། ས་འདི་ལ་འོད་འཕྲོ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མཉམ་གཞག་ཏུ་བྱང་ཕྱོགས་སོ་བདུན་ཕྲ་རགས་བསྒོམ་པ་ལ་བརྟེན་ནས་རྗེས་ཐོབ་ཏུ་ས་གསུམ་པ་ལས་ལྷག་པའི་འོད་ཀྱི་སྣང་བ་འབྱུང་བས་ན། དེ་ལྟར་བརྗོད་པའི་ཕྱིར། འོ་ན་བརྩོན་འགྲུས་ཀྱི་ངོ་བོ་སོགས་ཇི་ལྟ་བུ་ཞེ་ན། ཡོད་དེ་དགེ་བ་སྡུད་པ་དང་། སེམས་ཅན་གྱི་དོན་དུ་སེམས་མངོན་པར་སྤྲོ་བ་དང་། དེས་བསླད་པའི་སྒོ་གསུམ་གྱི་ལས་གཡོ་བ་ནི། བརྩོན་འགྲུས་ཀྱི་ངོ་བོ་ཡིན་པའི་ཕྱིར། བརྩོན་འགྲུས་ལ་དབྱེ་ན་གསུམ་ཡོད་དེ། གོ་ཆའི་བརྩོན་འགྲུས། དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་དང་གསུམ་ཡོད་པའི་ཕྱིར། བརྩོན་འགྲུས་ཡིན་ན། བརྩོན་འགྲུས་ཀྱི་ཕར་ཕྱིན་ཡིན་པར་མ་ངེས་ཏེ། ཉན་རང་གི་རྒྱུད་ལ་བརྩོན་འགྲུས་ཡོད་པའི་ཕྱིར། མི་དགེ་བའི་ལས་ལ་སྤྲོ་བའི་བརྩོན་འགྲུས་ནི། བརྩོན་འགྲུས་བཏགས་པར་བྱེད་ན་མ་གཏོགས་བརྩོན་འགྲུས་སུ་འཇོག་པར་དཀའ་སྟེ། སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོས་པའོ། ཞེས་དེའི་ངོ་བོ་དགེ་བའི་བྱ་བ་ལ་སྤྲོ་བ་ཞིག་ལ་བཤད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ས་བཞི་པ་ལ་འོད་འཕྲོ་བ་ཞེས་བྱ་སྟེ། ས་དེར་ནི་བདེ་གཤེགས་སྲས་པོ་ལ་རྫོགས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་ལྷག་པར་བསྒོམས་པ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ས་གསུམ་པར་ཐོབ་པའི་ཟངས་ཀྱི་འོད་ལྟ་བུ་བས་ལྷག་པ་འབྱུང་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། འོ་ན།བྱང་ཕྱོགས་སོ་བདུན་གང་ཞེ་ན། ཡོད་དེ། ལུས་དྲན་པ་ཉེར་གཞག །དེ་བཞིན་དུ་ཚོར་བ། སེམས་ཆོས་དྲན་པ་ཉེར་གཞག་བཞི། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་སྤེལ་བ་མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པ། སྐྱེས་པ་སྤོང་པའི་ཡང་དག་སྤོང་པ་བཞི། འདུན་པའི་རྫུ་འཕྲུལ་གྱི་རྐང་པ། དེ་བཞིན་དུ་བརྩོན་འགྲུས། སེམས་པ། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་བཞི། དད་པའི་དབང་པོ། དེ་བཞིན་དུ་བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་ཀྱི་དབང་པོ་ལྔ། དད་པའི་སྟོབས་སོགས་སྟོབས་ལྔ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག དེ་བཞིན་དུ་ཆོས་རབ་ཏུ་རྣམ་འབྱེད། བརྩོན་འགྲུས། དགའ་བ། ཤིན་ཏུ་སྦྱངས་པ། ཏིང་ངེ་འཛིན་བཏང་སྙོམས་ཏེ་བྱང་ཆུབ་ཀྱི་ཡན་ལག་བདུན།ཡང་དག་པའི་ལྟ་བ། དེ་བཞིན་དུ་རྟོག་པ། ངག ལས་ཀྱི་མཐའ། འཚོ་བ། རྩོལ་བ། དྲན་པ། ཏིང་ངེ་འཛིན་ཏེ་འཕགས་ལམ་ཡན་ལག་བརྒྱད་དེ་སོ་སོར་ཕྱེ་ན་སོ་བདུན་དུ་འགྱུར་པའི་ཕྱིར་རོ། ། གསུམ་པ་ནི། ས་བཞི་པ་ཆོས་ཅན། སྤངས་པ་ཁྱད་པར་ཅན་དང་ལྡན་ཏེ་རང་གི་ངོས་སྐལ་གྱི་སྤང་བྱ་རང་དུ་སྟེ་བདག་ཏུ་ལྟ་བ་དང་། དེར་འབྲེལ་བ་སྟེ་དེས་དྲངས་པ་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་ཉོན་མོངས་རྣམས་ཡོངས་སུ་ཟད་པར་འགྱུར་པ་དང་ལྡན་པའི་ཕྱིར། དབུ་མ་ལ་སོགས་ནི་སླའོ། ། ལྔ་པ་ས་ལྔ་པ་སྦྱང་དཀའ་བ་བཤད་པ་ལ་གཉིས། སའི་ངེས་ཚིག་བཤད་པ་དང་། བསམ་གཏན་ལྷག་ཅིང་བདེན་པ་ལ་མཁས་པར་བསྟན་པའོ། །དང་པོ་ལ་གཉིས། ཚིག་དོན་དང་། སྤྱི་དོན་ནོ། །དང་པོ་ནི། ས་ལྔ་པ་ཆོས་ཅན། ཁྱོད་ལ་སྦྱང་དཀའ་བའི་ས་ཞེས་བྱ་སྟེ། ཁྱོད་ལ་གནས་པའི་བྱངས་སེམས་བདག་ཉིད་ཆེན་པོ་དེ་ལ་ལྷའི་བུའི་བདུད་རྣམས་ཀུན་གྱིས་ཀྱང་ཕམ་པར་ནུས་པ་མ་ཡིན་པའི་ཕྱིར་རོ། ། གཉིས་པ་ནི། ས་འདིར་ཡོན་ཏན་ཇི་ལྟར་ཐོབ་པ་ཡོད་དེ། བསམ་གཏན་གྱི་ཕར་ཕྱིན་ལྷག་ཅིང་། ཡོན་ཏན་བྱེ་བ་སྟོང་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་ཡོད་དེ། དགའ་ལྡན་གྱི་བདག་པོར་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། ས་འདིར་སྦྱང་དཀའ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བདུད་ཀུན་གྱིས་ཐུབ་དཀའ་བར་མ་ཟད། རང་གི་ངོས་སྐལ་གྱི་སྐྱོན་ཡོན་རྣམས་བྱང་སེམས་ཀྱིས་ཀྱང་སྤང་བླང་ཆེས་དཀའ་བས་ན་དེ་ལྟར་བརྗོད་པའི་ཕྱིར། འོ་ན་བསམ་གཏན་གྱི་ངོ་བོ་སོགས་ཇི་ལྟ་བུ་ཞེ་ན། ཡོད་དེ། སེམས་དགེ་བའི་དམིགས་པ་གང་རུང་ལ་རྩེ་གཅིག་ཏུ་གནས་པའི་རིག་པ་དེ། བསམ་གཏན་གྱི་ངོ་བོ་ཡིན་པའི་ཕྱིར། དེ་ལ་དབྱེ་ན། ངོ་བོའི་སྒོ་ནས་འཇིག་རྟེན་ལས་འདས་མ་འདས་ཀྱི་བསམ་གཏན་གཉིས་ཕྱོགས་ཀྱི་སྒོ་ནས་ཞི་གནས་ལྷག་མཐོང་རེ་རེ་བ་དང་། དེ་གཉིས་ཟུང་དུ་འབྲེལ་བ་གསུམ། བྱེད་ལས་ཀྱི་སྒོ་ནས་ཚེ་འདིར་ལུས་སེམས་བདེ་བར་གནས་པ་དང་། ཡོན་ཏན་སྒྲུབ་པ་དང་། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་གསུམ་ཡོད་པའི་ཕྱིར། བསམ་གཏན་ལ་དེའི་ཕར་ཕྱིན་གྱིས་མ་ཁྱབ་སྟེ། ཕྱི་རོལ་པ་དང་ཉན་རང་གི་རྒྱུད་ལ་ཡང་བསམ་གཏན་ཡོད་པའི་ཕྱིར། གཉིས་པ་ལ་གཉིས། ཚིག་དོན་དང་། སྤྱི་དོན་ནོ། །ས་ལྔ་པ་ཆོས་ཅན། བདེན་བཞི་ཕྲ་རགས་ལ་མཁས་པའི་བློ་གྲོས་དང་ལྡན་པ་ཡིན་ཏེ། བསམ་གཏན་གྱི་ཕར་ཕྱིན་ལྷག་ཅིང་། འགོག་པའི་བདེན་པ་སོགས་པ་བློ་གྲོས་བཟང་པོས་ལེགས་པར་དཔྱད་ནས་བདེན་པ་བཞིའི་རང་བཞིན་ཞིབ་མོས་རྟོགས་པའི་ཚུལ་ལའང་ཤིན་ཏུ་མཁས་པ་ཐོབ་པའི་ཕྱིར་རོ། ། གཉིས་པ་ནི། ས་འདིར་བདེན་བཞི་ཕྲ་རགས་ལ་མཁས་པའི་ཤེས་རབ་ཐོབ་ན། བདེན་པ་བཞིའི་ཕྲ་རགས་ཇི་ལྟ་བུ་ཞེ་ན། དེ་ཡང་ཡོད་དེ། ཀུན་ནས་ཉོན་མོངས་ཕྱོགས་ཀྱིས་བསྡུས་པའི་སྡུག་བདེན་ཕྲ་རགས་གཉིས། དེས་བསྡུས་པའི་ཀུན་འབྱུང་ཕྲ་རགས་གཉིས། རྣམ་བྱང་ཕྱོགས་ཀྱིས་བསྡུས་པའི་འགོག་བདེན་ཕྲ་རགས་གཉིས། དེས་བསྡུས་པའི་ལམ་བདེན་ཕྲ་རགས་གཉིས་ཏེ་དེ་ལྟར་ཡོད་པའི་ཕྱིར། སྡུག་བདེན་ཕྲ་རགས་ཀྱི་ཁྱད་པར་ཡོད་དེ། སོ་སྐྱེས་རང་སྟོབས་ཀྱིས་སྡུག་བསྔལ་གྱི་བདེན་པར་མངོན་སུམ་དུ་ངེས་ནུས་པ་རྣམས་རགས་པའི་སྡུག་བདེན་དང་། དེ་ལྟར་ངེས་མི་ནུས་པའི་སྡུག་བདེན་རྣམས། དེ་ཕྲ་བ་ཡིན་པའི་ཕྱིར། ཀུན་འབྱུང་ཕྲ་རགས་ཀྱི་ཁྱད་པར་ཡོད་དེ། གང་ཟག་རང་ངོས་ནས་གྲུབ་པར་འཛིན་པའི་བདེན་འཛིན་གྱིས་དྲངས་པའི་གང་ཟག་རྟག་གཅིག་རང་དབང་ཅན་དུ་འཛིན་པ་དང་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་ཉོན་མོངས་པའི་ཀུན་འབྱུང་དང་དེས་དྲངས་པའི་ལས་ཀྱི་ཀུན་འབྱུང་རྣམས། ཀུན་འབྱུང་རགས་པ་དང་། ཀུན་འབྱུང་དེ་དག་འདྲེན་བྱེད་ཀྱི་བདེན་འཛིན་དུ་གྱུར་པའི་ཉོན་མོངས་པའི་ཀུན་འབྱུང་དང་དེས་དྲངས་པའི་ལས་ཀྱི་ཀུན་འབྱུང་རྣམས་ཀུན་འབྱུང་ཕྲ་མོ་ཡིན་པའི་ཕྱིར། འགོག་བདེན་ཕྲ་རགས་ཀྱང་ཡོད་དེ། བདག་མེད་ཕྲ་མོ་མངོན་སུམ་དུ་རྟོགས་པའི་ལམ་བདེན་གྱི་སྟོབས་ཀྱིས་ཐོབ་པའི་ཆོས་ཉིད་དུ་གྱུར་པའི་འགོག་བདེན་དེ། འགོག་བདེན་ཕྲ་མོ་དང་། བདག་མེད་རགས་པ་མངོན་སུམ་དུ་རྟོགས་པའི་ལམ་གྱིས་ཐོབ་པ་འགོག་བདེན་དུ་གྲགས་པའི་བདག་མེད་རགས་པ་དེ། འགོག་བདེན་རགས་པ་ཡིན་པའི་ཕྱིར། ལམ་བདེན་ཕྲ་རགས་ཀྱང་ཡོད་དེ། བདག་མེད་ཕྲ་མོ་མངོན་གསུམ་དུ་རྟོགས་པའི་ཡེ་ཤེས་དེ། ལམ་བདེན་ཕྲ་མོ་དང་། བདག་མེད་རགས་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ། རགས་པའི་ལམ་བདེན་ཡིན་པའི་ཕྱིར། འོན་ཀྱང་རགས་པའི་འགོག་བདེན་ལ་འགོག་བདེན་གྱིས་མ་ཁྱབ་པ་དང་། རགས་པའི་ལམ་བདེན་ལ་ལམ་བདེན་གྱིས་མ་ཁྱབ་པར་གསལ་ཏེ། གཞན་དུ་ན་འགོག་བདེན་ལ་འགོག་བདེན་ཕྲ་མོ་ཡིན་པས་ཁྱབ་པར་འདོད་པའི་ཚེ། བདེན་བཞི་ཕྲ་རགས་བཤད་པའང་མི་འཐད་པར་འགྱུར་པའི་ཕྱིར། དེ་ཡང་ཡིན་ཏེ། འདིར་འགོག་བདེན་ལ་དོན་དམ་བདེན་པས་ཁྱབ་པར་བཤད་ལ། འགོག་བདེན་དུ་གྱུར་པའི་བདག་མེད་རགས་པ་ཡོད་ན་དེས་མ་ཁྱབ་པར་འགྱུར་པའི་ཕྱིར། དེ་ལྟར་ཡིན་ཀྱང་ལམ་བདེན་རགས་པ་ལ་ལམ་བདེན་མ་ཡིན་པས་མ་ཁྱབ་སྟེ། བདག་མེད་རགས་པ་མངོན་སུམ་དུ་རྟོགས་པའི་ལམ་བདེན་ལམ་བདེན་རགས་པར་བཤད་པའང་སྣང་བའི་ཕྱིར། བདེན་པ་བཞི་ཡོད་ཀྱང་བདེན་གཉིས་སུ་མ་འདུས་པའི་སྐྱོན་མེད་དེ། འགོག་བདེན་དོན་དམ་བདེན་པ་དང་། གཞན་རྣམས་ཀུན་རྫོབ་བདེན་པར་འདུས་པའི་ཕྱིར། དབུ་མ་ལ་སོགས་ནི་སླའོ། ། གཉིས་པ་ས་དྲུག་པ་མངོན་དུ་གྱུར་པ་བཤད་པ་ལ་བཞི། སའི་ངེས་ཚིག་དང་ཤེར་ཕྱིན་ལྷག་པར་བསྟན་པ། ཤེར་ཕྱིན་གྱི་བསྔགས་པ། རྟེན་འབྱུང་གཟིགས་པའི་དེ་ཁོ་ན་ཉིད་བཤད་པ། སའི་ཡོན་ཏན་བསྟན་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། ས་དྲུག་པ་མངོན་དུ་ཕྱོགས་པ་སྟེ། མངོན་དུ་གྱུར་པར་མཉམ་གཞག་གི་སེམས་ལ་གནས་ཏེ་འདི་ལ་བརྟེན་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་མཐོང་བའི་བྱང་སེམས་དེ་ཆོས་ཅན། སྙོམས་འཇུག་ཁྱད་པར་ཅན་འཐོབ་པར་འགྱུར་པ་ཡིན་ཏེ། ཤེས་རབ་ཀྱི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པ་ལ་གནས་པས་འགོག་པའི་སྙོམས་འཇུག་ཐུན་མོང་མ་ཡིན་པ་ཐོབ་པར་འགྱུར་པའི་སེམས་དཔའ་ཡིན་པའི་ཕྱིར། ས་དྲུག་པ་ཆོས་ཅན། ཁྱོད་ལ་མངོན་དུ་གྱུར་པའི་ས་ཞེས་བྱ་སྟེ། ཤེས་རབ་ལྷག་པའི་སྒོ་ནས་གཟུགས་བརྙན་དང་འདྲ་བའི་ཆོས་ཉིད་མཐོང་ཞིང་། བདེན་བཞི་ཕྲ་རགས་ལ་མཁས་པ་ཐོབ་པ་གང་ཞིག ། རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མངོན་དུ་ཕྱོགས་པའི་ས་ཡིན་པའི་ཕྱིར། གཉིས་པ་ནི། ས་འདིར་ཡོན་ཏན་ཐོབ་ཚུལ་ཇི་ལྟར་ཞེ་ན། ཡོད་དེ། ཤེར་ཕྱིན་ལྷག་ཅིང་། ཡོན་ཏན་བྱེ་བ་བརྒྱ་ཕྲག་བཅུ་གཉིས་ཐོབ་པའི་ཕྱིར། རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་ཡོད་དེ། འཕྲུལ་དགའི་བདག་པོར་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར། འོ་ན། ཤེས་རབ་ཀྱི་ངོ་བོ་སོགས་ཇི་ལྟར་ཡིན་ཞེ་ན། དེ་ཡང་ཡོད་དེ། བཏགས་པའི་དངོས་པོ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་སེམས་པ་ནི། ཤེས་རབ་ཀྱི་ངོ་བོ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་གསུམ་ཡོད་དེ། དོན་དམ་རྟོགས་པའི་ཤེས་རབ། ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་བྱེད་པའི་ཤེས་རབ་དང་གསུམ་ཡོད་པའི་ཕྱིར། ས་འདིར་ཐོབ་པའི་འགོག་པའི་སྙོམས་འཇུག་བཞག་ཏུ་ཡོད་དེ། ཤེར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པའི་སྒོ་ནས་དགག་གཞི་དེ་བཞིན་ཉིད་ཀྱི་སྟེང་དུ་དགག་བྱ་གཉིས་སྣང་གི་སྤྲོས་པ་ཁྱད་པར་བ་བཀག་པས་རབ་ཏུ་ཕྱེ་བའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ས་དྲུག་པའི་ཡེ་ཤེས་དེ། དེ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་བཞིན་ཉིད་ལ་འགོག་པ་ཞེས་བརྗོད་དེ། འདིར་སྤྲོས་པ་ཐམས་ཅད་འགོག་པར་འགྱུར་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང་། ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། ཞེས་གསུངས་པའི་ཕྱིར། ས་ལྔ་པ་མན་ཆད་དུ་འགོག་པའི་སྙོམས་འཇུག་མེད་པ་ནི་མ་ཡིན་ཏེ། དེར་ཐུན་མོང་བའི་འགོག་པའི་སྙོམས་འཇུག་ཡོད་པའི་ཕྱིར། གསུམ་པ་ལ། ཁ་ཅིག །འགོག་སྙོམས་ཡིན་ན། ཤེས་པ་ཡིན་དགོས་པར་ཐལ། ཐུན་མོང་མ་ཡིན་པས་འགོག་པའི་སྙོམས་འཇུག་ཡིན་ན་ཤེས་པ་ཡིན་དགོས་པའི་ཕྱིར། འདོད་ན། ཐལ་རང་གཉིས་ཀས་འདོད་པའི་འགོག་སྙོམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེ་དེར་ཐལ། འགོག་སྙོམས་དེ། ཐལ་རང་གཉིས་ཀས་ཁས་ལེན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཤེས་པ་མིན་པར་ཐལ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། དེར་ཐལ། རང་རྒྱུད་པས་དེ་ལྟར་འདོད་པའི་ཕྱིར། ཟེར་ན། མ་ཁྱབ། དེ་ལྟ་མ་ཡིན་ན། ཐལ་རང་གཉིས་ཐུན་མོང་དུ་ཁས་ལེན་པའི་ཤེས་བྱ་མེད་པར་ཐལ། ཐལ་འགྱུར་བས་ཤེས་བྱ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་འདོད། རང་རྒྱུད་པས་དེ་ལས་བཟློག་སྟེ་ཁས་ལེན་པའི་ཕྱིར། ཁ་ཅིག སློབ་ལམ་ན། ཤེར་ཕྱིན་མེད་ཟེར་ན། དེ་ཡོད་པར་ཐལ། དེར་ཤེར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པ་ཡོད་པའི་ཕྱིར། དེར་ཐལ། ས་དྲུག་པ་ནས་དེ་ཐོབ་པ་ཡོད་པའི་ཕྱིར། གཞན་ཡང་། དེ་ན་དེ་ཡོད་པར་ཐལ། དེར་འཇིག་རྟེན་ལས་འདས་མ་འདས་ཀྱི་ཤེར་ཕྱིན་གཉིས་ཡོད་པའི་ཕྱིར། འདི་རྒྱས་པར་ནི་ཁོ་བོས་བྱས་པའི་ཕར་ཕྱིན་གྱི་མཐའ་དཔྱོད་དུ་གསལ་ལོ། ། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཕར་ཕྱིན་དང་པོ་ལྔ་སངས་རྒྱས་ཀྱི་སར་བགྲོད་པ་ཡང་ཤེར་ཕྱིན་ལ་རག་ལས་པ་ཡིན་ཏེ། ཇི་ལྟར་ཏེ་དཔེར་ན། མིག་དང་བྲལ་བའི་ལོང་བའི་ཚོགས་ཀུན་ཀྱང་མིག་ལྡན་གྱི་སྐྱེས་བུ་གཅིག་གིས་རང་གར་འདོད་པ་ཡི་ཡུལ་དུ་བདེ་བླག་ཏུ་འཁྲིད་པར་བྱེད་པ་དེ་བཞིན་དུ། སྐབས་འདིར་ཡང་བློ་ཤེས་རབ་ཀྱིས་ནི། དེ་ཁོ་ན་ཉིད་ལྟ་བའི་མིག་ཉམས་པའི་སྦྱིན་སོགས་ཀྱི་ཡོན་ཏན་རྣམས་བླངས་ཏེ་རྒྱལ་བའི་ས་ཉིད་དུ་འགྲོ་བར་འགྱུར་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་ལ་ལྔ། ཟབ་དོན་བཤད་པར་དམ་བཅའ་བ། དེ་བཤད་པའི་སྣོད་ངོས་བཟུང་བ། དེར་བཤད་ན་ཡོན་ཏན་འབྱུང་ཚུལ། སྣོད་ལྡན་ལ་མཉན་པར་བསྐུལ་བ། རྟེན་འབྱུང་གི་དེ་ཉིད་ཇི་ལྟར་བཤད་པའི་ཚུལ་ལོ། །དང་པོ་ལ་གཉིས། ཚིག་དོན་དང་། སྤྱི་དོན་ནོ། །དང་པོ་ནི། དཔལ་ལྡན་ཟླ་བ་ཆོས་ཅན། ཁྱོད་ཀྱིས་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ལས་དེ་ཁོ་ན་ཉིད་ཇི་ལྟར་བསྟན་པ་ལྟར་གནས་པའི་ལུགས་བཞིན་དུ་བརྗོད་པར་བྱ་བ་ཡིན་ཏེ། བྱང་སེམས་ས་དྲུག་པ་བ་དེ་ཡིས་ཆེས་ཟབ་པའི་ཆོས་དེ་ཉིད་ཇི་ལྟར་རྟོགས་པ་དེ་ལྟར་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་སོགས་ཀྱི་ལུང་དང་། དེར་མ་ཟད་གཞན་ཡང་རིགས་པས་ཆོས་ཀྱི་དེ་ཁོ་ན་ཉིད་གཏན་ལ་འབེབས་པར་བྱེད་པ་ཡིན་པས་ན་སྟེ་དེའི་ཕྱིར་རོ། ། གཉིས་པ་ནི། འོ་ན། ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་པར་བྱེད་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་ན། དེ་ལ་ཤེས་བྱེད་ཅི་ཡོད་ཞེ་ན། དེ་ཡང་ཡོད་དེ། མགོན་པོ་ཀླུ་སྒྲུབ་དེ་ཟབ་དོན་གཏན་ལ་འབེབས་པ་ལ་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པའི་ཚད་མའི་སྐྱེས་བུ་ཡིན་པའི་ཕྱིར། དེ་ལྟར་ཡིན་ཏེ། ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་ཤིང་། དེར་མ་ཟད། མདོ་སྡེ་རྔ་བོ་ཆེ། སྤྲིན་ཆེན་པའི་མདོ། འཇམ་དཔལ་རྩ་རྒྱུད། དུས་འཁོར་གྱི་རྒྱུད་སོགས་ནས་ཀྱང་ལུང་བསྟན་པའི་ཕྱིར། རྔ་བོ་ཆེའི་མདོ་ནས་ས་བདུན་པ་བར་བཤད་ཀྱང་འདི་དང་མི་འགལ་ཏེ། སྤྲུལ་པའི་མཛད་པ་སྟོན་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཁོ་ན་ཉིད་སྟོན་པའི་སྣོད་ཇི་ལྟ་བུ་ཞེ་ན། འདི་ལ་གཉིས། སྣོད་མིན་སྤོང་ཚུལ་དང་། སྐབས་དོན་བཤད་པའོ། །དང་པོ་ནི། ཟབ་མོའི་དེ་ཁོ་ན་ཉིད་དེ་ཡང་། ཉན་པའི་བག་ཆགས་བཞག་པའི་གདུལ་བྱ་ལ་བཤད་པར་བྱ་བ་ཡིན་གྱི། སྣོད་དུ་མི་རུང་བ་བསྟན་པར་བྱ་བ་མ་ཡིན་ཏེ། འགའ་ཞིག་ལ་མོས་པ་ཅུང་ཟད་མེད་པར་སྟོང་པ་ཉིད་ཀྱི་གཏམ་ཐོས་པ་ཙམ་ཉིད་ནས་སྤོང་བར་འདོད་པ་འབྱུང་ཞིང་། གཞན་དག་ལ་མོས་པ་ལྟར་སྣང་ཡོད་ཀྱང་རང་བཞིན་མེད་པ་དང་། མེད་པའི་ཁྱད་པར་མ་ཕྱེད་པར་དོན་གཅིག་ཏུ་བཟུང་ནས་ལས་འབྲས་ལ་བསྐུར་འདེབས་ཀྱི་ལོག་ལྟ་སྐྱེས་ནས་གོང་འཕེལ་དུ་བྱས་ཏེ་ངན་སོང་དུ་འགྲོ་བར་འགྱུར་བའི་ཕྱིར་ཏེ། རྩ་ཤེས་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་པར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་ན། །རིགས་སྔགས་ཉེས་པར་སྒྲུབ་པ་བཞིན། །ཞེས་གསུངས་པའི་ཕྱིར་དང་། དེའི་འགྲེལ་པར་ཡང་། ཀུན་རྫོབ་ལ་བསྐུར་བ་མི་འདེབས་པ་ལ། གཟུགས་བརྙན་དང་འདྲ་བའི་ལས་འབྲས་ལ་གནོད་པ་མ་བྱས་པ་དགོས་པ་དང་། དོན་དམ་པར་སྒྲོ་མི་འདོགས་པ་ལ་དངོས་པོ་རང་བཞིན་མེད་པ་ཁོ་ན་ལ་ལས་འབྲས་ཀྱི་རྣམ་གཞག་འཐད་ལྡན་དུ་འཇོག་ཤེས་དགོས་པར་གསུངས་པའི་ཕྱིར། གཉིས་པ་ནི། འཕགས་པའི་སྐབས་སུ་མ་ཟད། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཀྱི་གཏམ་ཐོས་པ་ན་ནང་དུ་གཏམ་དེ་ལ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་བ་དང་། རབ་ཏུ་དགའ་བ་དེ་ལས་བྱུང་བའི་ཕྱི་རྟགས་མཆི་མས་མིག་བརླན་ཞིང་། ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པའི་གདུལ་བྱ་དེ་ཆོས་ཅན། ཁྱོད་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ་འོས་ཏེ། ཁྱོད་དེ་ཁོ་ན་ཉིད་ཉེ་བར་བསྟན་པར་བྱ་བའི་སྣོད་རུང་གི་གང་ཟག་དེ་ཡིན་པའི་ཕྱིར་ཏེ། དེ་ལ་རྫོགས་པའི་སངས་རྒྱས་ཀྱི་བློ་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཡི། ས་བོན་ཡོད་པའི་ཕྱིར། འདི་ཡང་སྟོང་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་བཤད་པའི་གཏམ་ཐོས་ནས་དོན་ཀྱང་དེ་ལྟར་གོ་བའི་རྐྱེན་གྱིས་རྟགས་དེ་དག་བྱུང་ན་རྟོགས་པ་མི་འཁྲུལ་བ་ཡིན་གྱི། མི་གོ་བའི་མོས་པ་ལྟར་སྣང་ལ་ངེས་པ་མེད་དེ། དེ་ལྟར་སྟོང་ཐུན་ལས་བཤད་པའི་ཕྱིར། འོན་ཀྱང་དོན་ལེགས་པར་མི་གོ་ཡང་མོས་པ་ཆེ་ན། ཇི་ལྟར་རིགས་པར་ཟབ་དོན་སྟོན་པའི་སྣོད་དུ་རུང་སྟེ། དེ་ལ་སྟོང་ཉིད་རྟོགས་པའི་རིགས་ཀྱི་ནུས་པ་གསར་དུ་འཇོག་པ་མི་འགལ་བར་བཤད་པའི་ཕྱིར། གསུམ་པ་ནི། སྣོད་རུང་གི་གང་ཟག་དེ་ཆོས་ཅན། ཁྱོད་ལ་སྟོང་ཉིད་ཀྱི་དོན་བསྟན་པ་དེ་ཡི་རྗེས་སུ་འགྲོ་བའི་ཡོན་ཏན་མང་པོ་འབྱུང་སྟེ། དེ་གང་ཞེ་ན། འདི་ལྟར་སྐྱེ་བ་གཞན་དུ་མི་ཉམས་པའི་ཆེད་རྟག་ཏུ་ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་འགྱུར་ལ། ཡོ་བྱད་ཀྱི་འཕོངས་པའི་ཆེད་དུ་སྦྱིན་པ་གཏོང་བར་འགྱུར་ཞིང་། སངས་རྒྱས་འཐོབ་པའི་ཆེད་དུ་སྙིང་རྗེ་ཆེན་པོ་བསྟེན་པར་བྱེད། དགེ་བ་བསྲུང་ཞིང་འཕགས་པ་དགྱེས་པའི་ཆེད་དུ་བཟོད་པ་སྒོམ་པར་བྱེད། འགྲོ་བ་རྣམས་འཁོར་བ་ལས་དགྲོལ་བར་བྱ་བ་དང་འབྲས་བུ་མི་ཟད་པ་དང་སངས་རྒྱས་ཀྱི་ཕྱིར་སྦྱིན་སོགས་དེ་ཡི་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་ཅིང་། སངས་རྒྱས་བྱང་སེམས་ལས་གཞན་པས་སྟོང་ཉིད་ཀྱི་དོན་རྫོགས་པར་སྟོན་མི་ནུས་པར་མཐོང་ནས་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལྷག་པར་གུས་པར་བྱེད་པའི་ཡོན་ཏན་རྣམས་འབྱུང་བའི་ཕྱིར། བཞི་པ་ལ་གཉིས། ཚིག་དོན་དང་། སྤྱི་དོན་ནོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ས་རབ་ཏུ་དགའ་བ་དེ་ནི་དོན་དུ་གཉེར་བར་འདོད་པས། འཆད་པར་འབྱུང་བའི་ཟབ་མོའི་ལམ་འདི་མཉན་པར་གྱིས་ཤིག་ཅེས་བསྐུལ་བར་རིགས་ཏེ། ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི། ཟབ་པ་དང་རྒྱ་ཆེ་བའི་ཕྱོགས་ཀྱི་ཚོགས་བསགས་ནས་སོ་སྐྱེའི་ས་ནས་རིམ་གྱིས་འཕགས་པའི་རབ་ཏུ་དགའ་བའི་ས་ནི་འཐོབ་པར་འགྱུར་པས་ན་སྟེ་དེའི་ཕྱིར། གཉིས་པ་ནི། དེ་ལྟར་སྣོད་ལྡན་གྱི་གདུལ་བྱ་ལ་བསྐུལ་ནས་ཟབ་དོན་བསྟན་པ་ལ་ཕན་ཡོན་ཇི་ལྟ་བུ་ཡོད་ཅེ་ན། དེ་ཡང་ཡོད་དེ། སྤྱིར་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་གཉིས་ཀྱི་ནང་ནས་ཆོས་ཀྱི་སྦྱིན་པ་བྱིན་པ་ནི། ཕན་ཡོན་ལྷག་པར་ཆེ་ཞིང་། ཁྱད་པར་ཟབ་མོའི་དོན་ཕྱིན་ཅི་མ་ལོག་པར་བསྟན་པ་ནི་ཕན་ཡོན་ཆེས་ཆེ་བའི་ཕྱིར། དང་པོ་དེ་ལྟར་ཡིན་ཏེ། དཀོན་མཆོག་བརྩེགས་པའི་བྱམས་པ་སེང་གེའི་སྒྲའི་མདོ་ལས། ཕན་འདོགས་བྱེད་པར་འདོད་པ་དེ་དག་གིས། །འཇིག་རྟེན་གསུམ་ན་སེམས་ཅན་ཐམས་ཀྱི། །བདེ་བ་གང་དག་ཡོད་པ་དེ་དག་ཀུན། །སེམས་ཅན་གཅིག་ལ་སྦྱིན་པར་བྱས་པ་བས། །གང་གི་དེ་ལ་སངས་རྒྱས་ལུགས་ཀྱི་ནི། །ཚིགས་བཞིའི་ཚིགས་སུ་བཅད་པ་གཅིག་བསྒྲགས་ན། །དེ་ནི་ཕན་འདོགས་ཤིན་ཏུ་མཆོག་ཡིན་ཏེ། །དེས་ནི་སྡུག་བསྔལ་དག་ལས་གྲོལ་བར་འགྱུར། །ཞེས་དང་། གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སངས་རྒྱས་སྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཕྱི་མ་དེ་ལྟར་ཡིན་ཏེ། ཤེས་ཕྱིན་གྱི་མདོ་མང་པོ་དང་། ཕལ་ཆེན། དཀོན་བརྩེགས་སོགས་ལས་དེའི་ཕན་ཡོན་ཆེས་མང་པོ་གསུངས་ཤིང་། ཁྱད་པར་ཁྱེའུ་རིན་ཆེན་བྱིན་པའི་མདོ་ལས། ཤེར་ཕྱིན་དང་བྲལ་བས་བསྐལ་བ་བརྒྱ་སྟོང་དུ་ཕྱིན་དྲུག་གི་ཕྱོགས་ལ་སྤྱད་པ་བས། གང་གིས་ཟབ་མོའི་དོན་ལེགས་པར་ཉན་པ་ཙམ་ཡང་ཕན་ཡོན་ཆེ་བ་དང་། རྡོ་རྗེ་གཅོད་པ་ལས། གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་ཆེན་སྣ་བདུན་གྱིས་བཀང་སྟེ་སངས་རྒྱས་ལ་ཕུལ་པ་བས། ཟབ་དོན་ཚིགས་སུ་བཅད་པ་གཅིག་ཙམ་རང་གིས་བཟུང་ཞིང་གཞན་ལ་ལེགས་པར་བསྟན་ན་ཕན་ཡོན་ཆེ་བ་དང་། འདུད་འདུལ་བའི་ལེའུ་དང་མ་སྐྱེས་དགྲའི་མདོ་ལས། ཟབ་དོན་ལ་ལེགས་པར་འཇུག་ཅིང་མོས་ན་མཚམས་མེད་ཀྱི་ལས་སོགས་ལས་ངན་པ་སྟོབས་ཆེན་པོ་རྣམས་ཀྱང་འདག་པར་འགྱུར་ན། གཞན་ལྟ་ཅི་སྨོས་པ་སོགས་ཀྱི་ཕན་ཡོན་ཡོད་པ་འཕགས་པ་ཀླུ་སྒྲུབ་དང་རྗེ་ཉིད་ཀྱིས་བཤད་པ་ལྟར་ཡིན་པའི་ཕྱིར། ལྔ་པ་ལ་གསུམ། ཟབ་དོན་ལུང་གིས་བསྟན་ཚུལ། ལུང་དོན་རིགས་པས་བསྒྲུབ་པ། སྟོང་ཉིད་ཀྱི་རབ་དབྱེ་བཤད་པའོ། །དང་པོ་ལ་གཉིས། ལུང་དགོད་པ་དང་། དེའི་དོན་བཤད་པའོ། །དང་པོ་ནི། ས་བཅུ་པ་ལས། ས་ལྔ་པ་བ་དེ་ས་དྲུག་པ་ལ་འཇུག་པ་ན། ཆོས་མཉམ་པ་ཉིད་བཅུས་འཇུག་གོ །བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པ་མཉམ་པ་ཉིད་དང་། དེ་བཞིན་དུ་སྐྱེ་བ་མེད་པ་དང་། མ་སྐྱེས་པ་དང་། དབེན་པ་དང་། གདོད་མ་རྣམ་པར་དག་པ་དང་། སྤྲོས་པ་མེད་པ་དང་། བླང་བ་མེད་པ་དང་དོར་བ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཆ་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། སྤྲུལ་བ་ལྟ་བུར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་གཉིས་སུ་མེད་པར་མཉམ་པ་ཉིད་དེ། ཞེས་སོགས་གསུངས། གཉིས་པ་ནི། ལུང་དེས་ས་དྲུག་པ་ནས་ཡུལ་གཟིགས་ཚུལ་བསྟན་པ་ཡིན་ཏེ། ཆོས་ཐམས་ཅད་སྒྱུ་མ་དང་། ཞེས་སོགས་བདུན་གྱིས་རྗེས་ཐོབ་ཀྱི་ཡུལ་གཟིགས་ཚུལ་བསྟན་ལ། ལྷག་མ་རྣམས་ཀྱིས་མཉམ་གཞག་གི་གནས་སྐབས་སུ་ཡུལ་གཟིགས་ཚུལ་བསྟན་པའི་ཕྱིར། དེར་ཐལ། རྐང་པ་དང་པོ་གཉིས་ཀྱིས་མདོར་བསྟན་ནས། གཞན་རྣམས་ཀྱིས་རྒྱས་པར་བཤད་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་མཚན་མ་མེད་པ་དང་། ཞེས་པ་དེས། ས་དྲུག་པ་ཐོབ་མ་ཐག་པའི་མཉམ་གཞག་དེའི་ངོར་སྔོ་སེར་ལ་སོགས་པའི་མཚན་མ་ཐ་དད་པ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པ་མཉམ་པ་ཉིད་དང་། ཞེས་པས། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པ་མཉམ་པ་ཉིད་དུ་བསྟན་ལ། དེ་རྒྱས་པར་འཆད་པ་ནི། མ་འོངས་པའི་དུས་ཀྱི་དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བ་མེད་པ་མཉམ་པ་ཉིད་དང་། འདས་པ་དང་ད་ལྟ་བའི་དུས་ཀྱི་དངོས་པོ་རྣམས་རང་བཞིན་གྱིས་མ་སྐྱེས་པ་མཉམ་པ་ཉིད་དང་། དུས་གསུམ་གྱི་དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པས་དབེན་པ་མཉམ་པ་ཉིད་དང་། དེ་ཡང་འཕྲལ་དུ་བཅོས་པ་མ་ཡིན་པར་འདོད་མ་ནས་རྣམ་པར་དག་པ་མཉམ་པ་ཉིད་དང་། སྔོ་སེར་སོགས་མཚན་མ་དང་སྒྲ་རྟོག་གི་སྤྲོས་པ་རང་བཞིན་གྱིས་མེད་པ་མཉམ་པ་ཉིད་དང་། མཉམ་གཞག་དེའི་གཟིགས་ངོར་བླང་དོར་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པ་མཉམ་པ་ཉིད་དང་། དངོས་པོ་དང་དངོས་མེད་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པ་མཉམ་པ་ཉིད་དུ་བསྟན་པའི་ཕྱིར། སྒྱུ་མ་དང་ཞེས་སོགས་ཀྱིས་རྗེས་ཐོབ་ཀྱི་ཡུལ་གཟིགས་ཚུལ་བསྟན་པ་ཡིན་ཏེ། སྒྱུ་མ་མཁན་གྱིས་རྡེ་ཤིང་རྟ་གླང་དུ་སྤྲུལ་པ་དེའི་ཚེ། རྡེ་ཤིང་རྟ་གླང་དུ་སྣང་ཡང་རྟ་གླང་དུ་མ་གྲུབ་པ་དེ་བཞིན་དུ། གཟུགས་སོགས་རང་བཞིན་གྱིས་གྲུབ་པར་སྣང་ཡང་མ་གྲུབ་པར་བདེན་པས་སྟོང་པའི་མཉམ་པ་ཉིད་དུ་བསྟན་པའི་ཕྱིར། འདིར་བཅུ་པོ་དེ་དག་གི་ནང་ནས་སྐྱེ་བ་མེད་པ་མཉམ་པ་ཉིད་གཙོ་བོར་འཆད་དེ། རང་འགྲེལ་ལས། དེའི་ཕྱིར། འདིར་ཆོས་སྐྱེ་བ་མེད་པར་མཉམ་པ་ཉིད་ཁོ་ན་རིགས་པས་བསྟན་པ་ཉིད་ཀྱིས་ཆོས་མཉམ་པ་ཉིད་གཞན་བསྟན་པ་སླ་བར་དགོངས་ཏེ། སློབ་དཔོན་ཀྱིས་དབུ་མའི་བསྟན་བཅོས་ཀྱི་དང་པོར། བདག་ལས་མ་ཡིན་གཞན་ལས་མིན། ཞེས་པ་ནས། ཉེ་བར་བཀོད་པ་ཡིན་ནོ། །ཞེས་པའི་བར་གསུངས་པའི་ཕྱིར། གཉིས་པ་རིགས་པས་བསྒྲུབ་པ་ལ་གཉིས། ཆོས་ཀྱི་བདག་མེད་རིགས་པས་བསྒྲུབ་པ་དང་། གང་ཟག་གི་བདག་མེད་རིགས་པས་བསྒྲུབ་པའོ། །དང་པོ་ལ་བཞི། མཐའ་བཞིའི་སྐྱེ་བ་དགག་པ། བཀག་པ་ལ་རྩོད་པ་སྤོང་བ། རྟེན་འབྱུང་གི་སྐྱེ་བས་མཐར་འཛིན་འགོག་ཚུལ། རིགས་པས་དཔྱད་པ་བྱས་པའི་འབྲས་བུ་ངོས་བཟུང་བའོ། །དང་པོ་ལ་གསུམ། དམ་བཅའ་བཞག་པ། སྒྲུབ་བྱེད་བསྟན་པ། གྲུབ་དོན་བཤད་པའོ། །དང་པོ་ལ་གཉིས། དགག་བྱ་ངོས་འཛིན་སྤྱིར་བསྟན་པ་དང་། སྐབས་ཀྱི་དོན་བཤད་པའོ། །དང་པོ་ནི། སྟོང་ཉིད་རྟོག་པའི་ལྟ་བ་རྣམ་དག་རང་རྒྱུད་ལ་སྐྱེ་བ་ལ་དགག་བྱ་བདེན་གྲུབ་ཀྱི་དོན་སྤྱི་བློ་ཡུལ་དུ་འཆར་བ་ཞིག་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། དེ་སྔོན་དུ་མ་སོང་བར་བདེན་གྲུབ་བཀག་ཙམ་གྱི་མེད་དགག་དེ་བློ་ཡུལ་དུ་འཆར་མི་ནུས་པའི་ཕྱིར་ཏེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། དེ་ཡི་དངོས་མེད་འཛིན་མ་ཡིན། ཞེས་གསུངས་པའི་ཕྱིར། འོ་ན། དགག་བྱའི་ཚད་ཇི་ལྟ་བུ་ཡིན་ཞེ་ན། ཡོད་དེ། ཐལ་འགྱུར་བའི་ལུགས་ཀྱི་དགག་བྱའི་ཚད་དང་། རང་རྒྱུད་པའི་དགག་བྱའི་ཚད་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། གཟུགས་སོགས་ཀྱི་ཆོས་རྣམས་ཀྱི་སྟེང་དུ་མིང་དང་བརྡ་དང་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མ་ཡིན་པར་རང་གི་ངོ་བོས་གྲུབ་པ་དེ། དོན་དམ་དཔྱོད་བྱེད་ཀྱི་རྟགས་ཡང་དག་གི་དགག་བྱ་མཐར་ཐུག་ཡིན་པའི་ཕྱིར། དེ་འདྲ་བའི་དགག་བྱ་དེ་གང་ཟག་གི་སྟེང་དུ་བཀག་པ་ཙམ་གང་ཟག་གི་བདག་མེད་དང་། དེ་ལས་གཞན་པའི་ཆོས་ཀྱི་སྟེང་དུ་བཀག་པ་ཙམ་ཆོས་ཀྱི་བདག་མེད་དུ་འཇོག་པ་ཡིན་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་རྣམ་པ་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པ་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཆོས་རྣམས་རྟོག་པའི་དབང་གིས་བཞག་པའི་རྟོག་བཏགས་ཙམ་དུ་འཇོག་ཚུལ་ཤེས་ན། རྟོག་པས་བཏགས་ཙམ་མ་ཡིན་པར་ཡུལ་སྟེང་ནས་གྲུབ་པའི་བདེན་གྲུབ་ཀྱི་ཚད་དམ། དགག་བྱའི་ཚད་ཀྱང་བདེ་བླག་ཏུ་ངེས་པར་འགྱུར་ཏེ། གང་ཟག་དང་ཆོས་གང་ཡིན་ཀྱང་རྟོག་པས་བཏགས་ཙམ་དུ་འཇོག་ཤེས་པ་གལ་ཆེ་བའི་ཕྱིར། དེར་ཐལ། གཟུགས་སོགས་ཀྱི་ཆོས་རྣམས་རང་འཛིན་རྟོག་པ་ཡོད་ན་ཡོད་པ་དང་། དེ་མེད་ན་མེད་པའི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། དེས་ན། རྟོག་པས་བཞག་པའི་དཔེ་ཡོད་དེ། དཔེར་ན། ཐག་ཁྲའི་སྟེང་དུ་མུན་པ་ཅུང་ཟད་བབས་པ་ན། དེར་སྦྲུལ་ལོ་སྙམ་པའི་བློ་སྐྱེས་པའི་ཚེ། ཐག་ཁྲ་དེའི་ཆ་ཤས་རེ་རེ་བ་དང་། དབྱིབས་དང་། ཚོགས་པ་དང་། དེ་ལས་གཞན་པའི་ཆ་ཤས་གང་ཡང་སྦྲུལ་དེའི་མཚན་གཞིར་གཟུང་དུ་མེད་པས། དུས་དེར་ཐག་ཁྲའི་སྟེང་དུ་སྦྲུལ་རང་འཛིན་རྟོག་པས་བཏགས་པ་ཙམ་ལྟ་བུ་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་། བཞི་བརྒྱ་པ་ལས། རྟོག་པ་མེད་པར་འདོད་ཆགས་ལ། །སོགས་ལ་ཡོད་ཉིད་ཡོད་མིན་ན། །ཡང་དག་དོན་དང་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། །ཞེས་པ་དང་། དེའི་འགྲེལ་པར། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི་གོར་མ་ཆགས་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་དེ་ཡང་གདགས་གཞི་ཕུང་པོའི་སྟེང་དུ་རྟོག་པས་བཏགས་ཙམ་ཡིན་ཏེ། ཕུང་པོའི་སྟེང་དུ་ངར་འཛིན་གྱི་བློ་སྐྱེས་པ་དེའི་ཚེ། ཕུང་པོའི་ཆ་ཤས་རེ་རེ་བ་དང་། དབྱིབས་དང་། ཚོགས་པ་དང་། དེ་ལས་གཞན་གང་ཡང་ང་དེའི་མཚན་གཞིར་བཟུང་དུ་མེད་པས། ང་དེ་ཕུང་པོའི་སྟེང་དུ་རྟོག་པས་བཏགས་པ་ཙམ་ཡིན་པའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམས་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་པའི་སྐྱེས་བུ་གང་། །སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཅི་ལྟ་བར། །ཞེས་གསུངས་པའི་ཕྱིར། ང་ཙམ་དུ་མ་ཟད། ངའི་གདགས་གཞི་ཕུང་པོའི་ཆ་ཤས་རྣམས་དང་། ཆོས་ཐམས་ཅད་ཀྱང་དེ་ལྟར་རང་བཞིན་གྱིས་མ་གྲུབ་སྟེ། དེ་ཉིད་ལས། དེ་བཞིན་ཁམས་ནི་རེ་རེ་ཡང་། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཞེས་པ་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཞེས་པ་དང་། སྡུད་པ་ལས་ཀྱང་། བདག་ཅི་འདྲ་བ་དེ་འདྲས་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་གསུངས་པའི་ཕྱིར། གཟུགས་སོགས་མིང་བརྡས་བཞག་ཙམ་ཡིན་པའི་དོན་ཡོད་དེ། སྣ་ཚོགས་པའི་ཆོས་འདི་རྣམས་ལས། བུམ་པ་ཞེས་པ་དང་། ཀ་བ་སྣམ་བུ་རས་ལྷས་སྦྱིན་མཆོད་སྦྱིན་ཞེས་པའི་ཐ་སྙད་བཏགས་པ་དེ་ཙམ་གྱིས་བློ་ཚིམ་ནས་བླང་དོར་སོགས་ཀྱི་བྱ་བྱེད་ཀྱི་རྣམ་གཞག་ལ་ཞུགས་ན་མི་སླུ་བ་ཡིན་གྱི། དེ་ཙམ་གྱིས་མ་ཚིམ་པར་ད་དུང་བཏགས་དོན་དེ་རང་གི་ཆ་ཤས་སོགས་དང་གཅིག་གམ་ཐ་དད་སོགས་ཀྱིས་བཏགས་ཤིང་བཙལ་ནས་བླང་དོར་ལ་འཇུག་འདོད་ན་འཇུག་མི་ནུས་པའི་ཕྱིར་ཏེ། དཔེར་མཚོན་ན། བླ་མ་གང་ཡིན་ཞེས་དྲིས་པ་ན། ཁྲི་སྟེང་ན་ཡོད་པ་འདིའོ་ཞེས་བསྟན་པ་ཙམ་གྱིས། མཇལ་ན་ཕྲད་པར་ནུས་ཀྱི། དེ་ཙམ་གྱིས་མ་ཚིམ་པར་བཏགས་དོན་བླ་མ་དེ་རང་གི་ཆ་ཤས་རྣམས་དང་གཅིག་དང་ཐ་དད་གང་ཡིན་བརྟགས་ནས་ཕྲད་དགོས་ན། ཕྲད་པར་མི་ནུས་པའི་ཕྱིར། དེར་ཐལ། ཐ་སྙད་ཀྱི་དོན་དུ་ཐ་སྙད་ཀྱི་དཔྱད་པ་བྱར་རུང་གི། དོན་དམ་གྱི་དཔྱད་པ་བྱས་ན་འཇིག་པར་འགྱུར་བའི་ཕྱིར། དེར་ཐལ། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། ཞེས་གསུངས་པའི་ཕྱིར། སྐབས་འདིར་ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་དང་མཐུན་པར་ཁས་ལེན་ཀྱང་འཇིག་རྟེན་བླུན་པོ་རྣམས་ཀྱིས་ཁས་ལེན་མི་ལེན་དང་བསྟུན་པ་མ་ཡིན་ཏེ། དེ་ལྟ་ཡིན་ན། བདེན་གྲུབ་ཀྱང་འདོད་དགོས་པར་ཐལ་བར་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་གྱི་ཐ་སྙད་པའི་ཚད་མ་འམ་བློ་ལྷན་སྐྱེས་ཀྱི་རྗེས་སུ་འབྲངས་ནས་འཇོག་པར་གསུངས་ཏེ་སྟོང་ཉིད་བདུན་ཅུ་པ་ལས། སངས་རྒྱས་འཇིག་རྟེན་བསྙད་དབང་གིས། །གསུང་གི་ཡང་དག་དབང་གིས་མིན། །ཞེས་པ་དང་། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་ང་དང་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི། ངས་ཀྱང་ཡོད་པར་བཞེད། གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པ་བཞེད་དོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་སྔར་བཤད་པ་བཞིན་གྱི་ཆོས་རྣམས་མིང་བརྡས་བཞག་ཙམ་མ་ཡིན་པར་ཡོད་པའི་འཛིན་པ་ནི། བདེན་འཛིན་ཡིན་ལ། དེ་ནི་རིགས་པའི་དགག་བྱ་དང་། བདེན་འཛིན་དེས་བཟུང་བ་ལྟར་གྲུབ་ན། བདེན་པར་གྲུབ་པ། དོན་དམ་པར་གྲུབ་པ། ཡང་དག་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་བཞིན་གྱིས་གྲུབ་པ། རང་ངོས་ནས་གྲུབ་པ། རང་དབང་དུ་གྲུབ་པ། རྫས་སུ་གྲུབ་པ་ཞེས་བྱ་ཞིང་། དེ་དག་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཡང་དག་གི་དགག་བྱའི་ཆོས་ཡིན་ཏེ། འོག་ནས་དགག་སྒྲུབ་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད་ཀྱང་། གཟུགས་སོགས་ཀྱི་སྟེང་དུ་དེ་རྣམས་སུ་གྲུབ་པ་འགོག་པ་དང་། མིང་བརྡས་བཞག་ཙམ་ལ་འཆིང་གྲོལ་དང་བྱ་བྱེད་ཀྱི་རྣམ་གཞག་འཐད་ལྡན་དུ་འཇོག་ཤེས་པའི་ཆེད་ཡིན་པའི་ཕྱིར། ཆོས་ཉིད་དེ། ཡང་དག་དང་། རང་བཞིན་དང་། དེ་ཁོ་ན་ཉིད་དང་། དོན་དམ་པ་དང་། བདེན་པ་ཡིན་ཀྱང་། ཡང་དག་པར་གྲུབ་པ་སོགས་མ་ཡིན་ཏེ། ཡང་དག་པ་ཡིན་པར་གྲུབ་པ་སོགས་དང་། ཡང་དག་པར་གྲུབ་པ་སོགས་དོན་མི་འདྲ་བའི་ཕྱིར། མདོར་ན། ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་ཡིན་ཏེ། ཉེར་བར་འཁོར་གྱིས་ཞུས་པ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་ཕྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་པ་ཡིད་འོང་བ། །འདི་ན་དེ་ལ་བྱེད་པོ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བཏགས་ཏེ། །ཞེས་པ་དང་། རིགས་པ་དྲུག་ཅུ་པ་ལས་ཀྱང་། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །དེའི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །ཞེས་གསུངས་པའི་ཕྱིར། དེ་དག་མིང་བརྡས་བཞག་ཙམ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། དྲི་ཟའི་གྲོང་ཁྱེར་ཇི་ལྟར་སྣང་གྱུར་ཀྱང་། །གྲོང་ཁྱེར་ཕྱོགས་བཅུར་ཡོད་མིན་གཞན་ན་མེད། །གྲོང་ཁྱེར་མིང་ཙམ་ཞིག་གིས་རབ་ཏུ་བཞག །དེ་བཞིན་བདེ་བར་གཤེགས་པས་འགྲོ་འདི་གཟིགས། །ཞེས་པ་དང་། རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །ཞེས་སོགས་དང་། ཐ་སྙད་གདགས་པར་མ་གཏོགས་པར། །གང་ཞིག་ཡོད་དང་མེད་འགྱུར་བའི། །འཇིག་རྟེན་དོན་དུ་ཅི་ཞིག་ཡོད། །ཅེས་གསུངས་པའི་ཕྱིར། དེ་ལྟར་ཡིན་ཀྱང་། རང་འཛིན་རྟོག་པ་དང་མིང་དང་བརྡ་དོན་འཐུན་གྱི་དབང་གིས་བཞག་པ་ལ་ཡོད་པར་འདོད་ཀྱི། དེ་དོན་མི་མཐུན་གྱིས་བཞག་པ་ལ་ཡོད་མི་དགོས་ཏེ། བདེན་གྲུབ་སོགས་ཀྱང་རང་འཛིན་རྟོག་པས་སྒྲོ་བཏགས་པ་ཡིན་པའི་ཕྱིར། དེས་ན། ཕུང་པོའི་སྟེང་དུ་ང་རྟོག་པས་བཏགས་པ་དང་། ཐག་ཁྲའི་སྟེང་དུ་སྦྲུལ་དང་། མཐོ་ཡོར་ལ་མིར་བཏགས་པ་རྣམས་རང་འཛིན་རྟོག་པས་བཏགས་ཙམ་དུ་མཚུངས་ཀྱང་། ཁྱད་པར་ཡོད་དེ། ཕུང་པོའི་སྟེང་དུ་ང་ཡོད། ཐག་ཁྲའི་སྟེང་དུ་སྦྲུལ་དང་། ཐོ་ཡོར་ལ་མི་མེད་པའི་ཕྱིར། དེར་ཐལ། ཕུང་པོའི་སྟེང་དུ་ང་འཇིག་རྟེན་ཐ་སྙད་པའི་བློ་ལྷན་སྐྱེས་ལ་གྲགས་པ་ལྟར་ཀུན་རྫོབ་ཏུ་འཇོག་ནུས། ཅིག་ཤོས་གཉིས་ལ་དེ་ལྟར་འཇོག་མི་ནུས་པའི་ཕྱིར། དེར་ཐལ། ཕུང་པོའི་སྟེང་དུ་ངའི་ཐ་སྙད་བྱས་པ་ལ་འཇིག་རྟེན་པའི་ཐ་སྙད་པའི་ཚད་མས་མི་གནོད་པར་མ་ཟད་གྲུབ། ཅིག་ཤོས་གཉིས་ལ་འཇིག་རྟེན་པའི་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པའི་ཕྱིར། དེ་ལྟར་བྱུང་བ་དེ་ཡང་ཡུལ་སྟེང་ནས་གྲུབ་པའི་དོན་མ་ཡིན་ཏེ། ཡུལ་གང་དང་གང་དུ་གྲགས་པ་དོན་འཐུན་གྱི་རྗེས་སུ་འཇུག་པ་ཡིན་པའི་ཕྱིར། གཉིས་པ་རང་རྒྱུད་པའི་ལུགས་ཀྱི་དགག་བྱའི་ཚད་བཤད་པ་ལ་གཉིས། བཤད་བྱའི་ལུང་དགོད་པ་དང་། ལུང་གི་དོན་བཤད་པའོ། །དང་པོ་ནི། དབུ་མ་སྣང་བ་ལས། དངོས་པོ་ཡང་དག་པར་ངོ་བོ་ཉིད་མེད་པ་དག་ལ་ཡང་། །དེ་ལས་བཟློག་པའི་རྣམ་པར་སྒྲོ་འདོགས་པའི་འཁྲུལ་པའི་བློ་གང་ཡིན་པ་དེ་ནི། ཀུན་རྫོབ་ཅེས་བྱ་སྟེ། འདིའམ་འདིས་དེ་ཁོ་ན་ཉིད་སྒྲིབ་པ་ལྟ་བུར་བྱེད། འགེབས་པ་ལྟ་བུར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་མདོ་ལས་ཀྱང་། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་བ་གང་། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་སོ། །དེ་ལས་བྱུང་བའི་ཕྱིར། དེས་ཉེ་བར་བསྟན་པ་མཐོང་བའི་དངོས་པོ་རྫུན་པ་ཐམས་ཅད་ནི་ཀུན་རྫོབ་པ་ཁོ་ན་ཡིན་ཞེས་བྱའོ། །དེ་ཡང་ཐོག་མ་མེད་པའི་འཁྲུལ་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་བྱུང་ལ། དེས་ཀྱང་སྲོག་ཆགས་ཐམས་ཅད་ཡང་དག་པར་དངོས་པོའི་བདག་ཉིད་ལྟ་བུར་ཉེ་བར་བསྟན་པར་མཐོང་པར་འགྱུར་ཏེ། དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དངོས་པོ་རྫུན་པའི་ངོ་བོ་ཐམས་ཅད་ནི་ཀུན་རྫོབ་ཏུ་ཡོད་པ་ཁོ་ན་ཡིན་ནོ། །ཞེས་གསུང། གཉིས་པ་དེའི་དོན་བཤད་པ་ནི། དངོས་པོ་ཡང་དག་པར། ཞེས་པ་ནས། འགེབས་པ་ལྟ་བུར་བྱེད་ཅེས་པའི་བར་ཀྱི་དོན་ནི། ཕྱི་ནང་གི་དངོས་པོ་རྣམས་ཡང་དག་པ་སྟེ་དོན་དམ་པར་གྲུབ་པའི་ངོ་བོ་ཉིད་མེད་ཀྱང་དེར་ཡོད་པར་འཛིན་པའི་རྟོག་པ་དེ་ཆོས་ཅན། ཁྱོད་ཀུན་རྫོབ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱིས་རང་རྒྱུད་ལྡན་ཀྱི་གང་ཟག་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་བྱེད་ཅིང་འགེབས་པ་སྟེ་མཐོང་བ་ལ་བར་ཆད་བྱེད་པའི་ཕྱིར་ཏེ། མདོ་ལས། དངོས་པོ་རྣམས་སྐྱེ་བ། ཞེས་སོགས་གསུངས་པའི་ཕྱིར། དེ་ལས་བྱུང་བའི་ཕྱིར། ཞེས་པ་ནས། ཀུན་རྫོབ་པ་ཁོ་ན་ཡིན་ཞེས་བྱའོ། །ཞེས་པའི་བར་གྱི་དོན་ནི་བདེན་འཛིན་དེ་ལས་བྱུང་བ་སྟེ་དེས་བསྐྱེད་པའི་བློ་འཁྲུལ་བ་ལ་སྣང་བའི་ཆོས་རྣམས་ཆོས་ཅན། ཁྱོད་ལ་ཀུན་རྫོབ་པའམ་བརྫུན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་བདེན་པར་མ་གྲུབ་ཀྱང་བདེན་པར་སྣང་བའི་སྒོ་ནས་སྲོག་ཆགས་སོ་སྐྱེ་རྣམས་བསླུ་བའི་ཕྱིར། ཞེས་པའོ། །དེ་ཡང་ཐོག་མ་མེད་པ་ནས། ཞེས་པ་ནས། མཐོང་བར་འགྱུར་ཏེ། ཞེས་པའི་བར་གྱི་དོན། ཆོས་རྣམས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་འཛིན་པའི་རྟོག་པ་ནི། བདེན་འཛིན་ལྷན་སྐྱེས་ཡིན་ཏེ། ཐོག་མ་མེད་པ་ནས་མ་རིག་པའི་བག་ཆགས་སྨིན་པའི་དབང་གིས་སེམས་ཅན་ཀུན་གྱི་རྒྱུད་ལ་ངམ་ངམ་ཤུགས་ཀྱི་སྐྱེ་བའི་ཕྱིར། ཞེས་པའི་དོན་ཡིན། དེ་དག་གི་བསམ་པའི་དབང་གིས་ཞེས་སོགས་གྱིས། ཆོས་རྣམས་ཡོད་པར་འཇོག་པའི་ཚེ་བློ་གནོད་མེད་ལ་སྣང་བའི་དབང་གིས་འཇོག་ཅེས་བསྟན་པ་ཡིན་ཏེ། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་དང་། རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པའི་གཞི་མཐུན་དུ་ཡོད་པ་དེ། དེ་དག་གི་ཀུན་རྫོབ་ཏུ་གྲུབ་པའི་འགྲུབ་ཚད་ཡིན་པའི་ཕྱིར། ཆོས་རྣམས་བློ་ལ་སྣང་བའི་དབང་གིས་འཇོག་པའི་དཔེ་ཡང་ཡོད་དེ། དཔེར་ན། སྒྱུ་མ་མཁན་གྱིས་རྡེ་ཤིང་རྟ་གླང་དུ་སྤྲུལ་པའི་ཚེ་སྔགས་རྫས་ཀྱིས་མིག་བསླད་པའི་ཤེས་ངོར་རྡེ་ཤིང་རྟ་གླང་དུ་སྣང་བ་དང་། དེའི་ཚེ་རྡེ་ཤིང་རང་ངོས་ནས་རྟ་གླང་དུ་སྣང་བ་གཉིས་ཚོགས་ཀྱི་སྒོ་ནས་འཇོག་པ་དེ་བཞིན་དུ། གཟུགས་སོགས་ཀྱང་ཐ་མལ་བའི་ཤེས་པ་ལ་གསལ་བར་སྣང་བ་དང་། རང་ངོས་ནས་གྲུབ་པ་གཉིས་ཚོགས་ཀྱི་སྒོ་ནས་ཡོད་པར་འཇོག་པའི་ཕྱིར། གཟུགས་སོགས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་མ་གྲུབ་སྟེ། དཔེར་ན། སྒྱུ་མ་མཁན་གྱིས་རྡེ་ཤིང་རྟ་གླང་དུ་སྤྲུལ་པའི་ཚེ། མིག་བསླད་པའི་ཤེས་པ་ལ་རྟ་གླང་དུ་སྣང་བ་ཙམ་མ་གཏོགས་རྟ་གླང་རང་གི་སྡོད་ལུགས་ཀྱི་ངོས་ནས་མ་གྲུབ་པ་བཞིན་དང་དེ་ལྟར་གྲུབ་ན་མིག་མ་བསླད་པ་ལ་ཡང་རྟ་གླང་དུ་སྣང་དགོས་པ་ལས། དེ་མི་སྣང་བ་ལྟར། གཟུགས་སོགས་བློའི་དབང་གིས་བཞག་པ་མ་ཡིན་པར་རང་གི་སྡོད་ལུགས་སུ་གྲུབ་ན། བློ་མ་འཁྲུལ་བ་སློབ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་གཟིགས་དགོས་པ་ལས་དེ་ལྟར་མ་གཟིགས་པའི་ཕྱིར་རོ། །ལུགས་འདིར། བདེན་པར་གྲུབ་པ། ཡང་དག་པར་གྲུབ་པ། དོན་དམ་པར་གྲུབ་པ། སྔར་ལྟར་གྲུབ་པ་རྣམས་དོན་དམ་ལ་དཔྱོད་པའི་རྟགས་ཡང་དག་གི་དགག་ཆོས་མཐར་ཐུག་ཡིན་ལ། རང་བཞིན་གྱིས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་ངོས་ནས་གྲུབ་པ་རྣམས་ཐ་སྙད་ཙམ་དུ་བཞེད་དེ། ཆོས་རྣམས་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་རྙེད་པར་འདོད་པའི་ཕྱིར། དགག་བྱ་དེ་དག་ཀྱང་ཆ་བཅས་དང་གཅིག་ཏུ་བྲལ་གྱི་རྟགས་ཀྱིས་འགོག་པ་ཡིན་ཏེ། འདིར་མང་དུ་དོགས་པས་གཞན་དུ་ཤེས་པར་བྱ་དགོས་པའི་ཕྱིར། གཉིས་པ་ལ་གསུམ། ཚིག་དོན་དང་། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། མྱུ་གུ་སོགས་འབྲས་བུ་དེ་ཉིད་དེའི་བདག་གི་ངོ་བོ་ཉིད་ལས་འབྱུང་བ་མ་ཡིན་ཅིང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་དག་ལས་ལྟ་ག་ལ་ཞིག་འབྱུང་བར་འགྱུར་ཏེ་མི་འགྱུར་ལ། བདག་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མ་ཡིན་ཞིང་། རྒྱུ་མེད་པར་ནི་སྐྱེ་བ་ག་ལ་ཡོད་དེ་མེད་པ་ཡིན་ཏེ། དེ་དག་ལ་སྐྱེ་བར་འདོད་ན་འོག་ནས་འཆད་པར་འགྱུར་བའི་རིགས་པ་རྣམས་ཀྱིས་གནོད་པའི་ཕྱིར། གཉིས་པ་ནི། འདིར་དམ་བཅའ་བཞི་འབྱུང་བ་ནི། རྩ་ཤེ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བཀོད་པའི་རྗེས་སུ་འབྲང་བ་ཡིན་ལ། སྒྲུབ་བྱེད་ཀྱི་རིགས་པ་ནི། འོག་ཏུ་ཐལ་འགྱུར་དུ་མའི་སྒོ་ནས་འཆད་པར་བྱེད་དེ། དེ་ཡང་བདག་མེད་ཐལ་འགྱུར་གྱི་དབང་དུ་བྱས་ནས་གཏན་ལ་འབེབས་པར་བཞེད་པའི་ཕྱིར། སྤྱིར་ཐལ་འགྱུར་མང་ཡང་འདིར་བཞི་ཡོད་དེ། གཞན་གྲགས་ཀྱི་རྗེས་དཔག་སྐྱེད་བྱེད་ཀྱི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཀྱི་ཐལ་འགྱུར། འགལ་བརྗོད་ཀྱི་ཐལ་འགྱུར། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་ཐལ་འགྱུར་དང་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། མྱུ་གུ་ཆོས་ཅན། རང་གི་རྒྱུ་ལ་མི་ལྟོས་པར་ཐལ། རང་ངོས་ནས་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། སྒྲ་འཛིན་ཉན་ཤེས་ཀྱིས་གཟུགས་མཐོང་བར་ཐལ། གཟུགས་འཛིན་མིག་ཤེས་ཀྱིས་དོན་དམ་པར་གཟུགས་ལ་བལྟ་བའི་ཕྱིར་ཞེས་པ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་རྒྱུའི་དུས་ནས་གྲུབ་ཟིན་པའི་ཕྱིར་ཞེས་པ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། གཟུགས་ཕུང་རང་བཞིན་གྱིས་གྲུབ་པར་ཐལ། ཚོར་ཕུང་རང་བཞིན་གྱིས་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ་ཡིན་པའི་ཕྱིར། བདག་ལས་མ་ཡིན་ཞེས་སོགས་ཀྱི་དོན་བསྡུས་ན་འདི་ལྟར་ཡིན་ཏེ། དངོས་པོ་རྣམས་ཆོས་ཅན། ཡུལ་དང་དུས་དང་གྲུབ་པའི་མཐའ་གང་གི་དབང་གིས་ཀྱང་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་མི་སྐྱེ་སྟེ། ཡུལ་དུ་གྲུབ་མཐའ་འདིའི་དབང་དང་རང་བཞིན་འདི་ལས་མི་སྐྱེ་ཡང་། གཞན་འདི་འདྲ་ཞིག་ལས་སྐྱེ་ཞེས་པའི་ཁྱད་པར་མེད་པར་ཡུལ་དུས་ནམ་ཡང་དེ་དང་དེའི་དབང་དང་དེ་ལས་མི་སྐྱེ་བའི་ཕྱིར་ཞེས་པ་ཡིན་ཏེ། རང་འགྲེལ་ལས། འདིར་མ་ཡིན་ཞེས་བྱ་བ་ནི་ཡོད་པ་ཉིད་ཀྱི་སྒྲུབ་བྱེད་རང་ལས་སྐྱེ་བ་དང་སྦྲེལ་གྱི། ཡོད་པ་དང་ནི་མ་ཡིན་ཏེ། །དེ་བཀག་པ་དོན་གྱིས་གྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དོན་གྱིས་འགྲུབ་པ་ནི། མཐའ་བཞི་ལས་སྐྱེ་བ་མེད་པའི་དམ་བཅའ་དངོས་སུ་མཛད་ནས་རང་བཞིན་གྱིས་སྐྱེ་བ་མེད་པའི་དམ་བཅའ་ཤུགས་ལ་མཛད་པའི་དོན་ཡིན་ཏེ། རྣམ་བཤད་ལས། རང་བཞིན་གྱིས་སྐྱེ་བ་མེད་པའི་དམ་བཅའ་བཞག་པ། ཞེས་གསུངས་པའི་ཕྱིར་དང་མཐའ་བཞིའི་སྐྱེ་བ་འགོག་པ་ནི་རང་བཞིན་གྱིས་སྐྱེ་མེད་འགྲུབ་པའི་ཆེད་ཡིན་པའི་ཕྱིར། འདིར་མཐའ་བཞི་ལས་སྐྱེ་བ་མེད་པར་དམ་བཅས་པའི་དམ་བཅའི་བཞེད་དོན་མེད་དགག་ཡིན་ཀྱང་སྟོང་ཉིད་མ་ཡིན་ཏེ། བདག་སྐྱེ་མེད་པ་དང་རྒྱུ་མེད་ལས་སྐྱེ་བ་མེད་པ་ཆོས་ཉིད་མ་ཡིན་པ་ཆེས་ཤིན་ཏུ་གསལ་བའི་ཕྱིར། དགག་པ་གཉིས་ཀྱི་རྣམ་གཞག་རྒྱས་པར་ནི་གཞན་དུ་ཤེས་པར་བྱ་ལ། མཚན་གཞི་ཡོད་དེ་མྱུ་གུ་བདེན་མེད་སོགས་དང་། དེ་མེད་པ་དང་། དངོས་མེད་སོགས་མེད་དགག་དང་། མྱུ་གུ་མ་ཡིན་པ་ལས་ལོག་པ་དང་། བདེན་པས་སྟོང་པའི་མྱུ་གུ་དངོས་མེད་མ་ཡིན་པའི་མྱུ་གུ་སོགས་མ་ཡིན་དགག་ཡིན་པའི་ཕྱིར། མ་ཡིན་དགག་ལ་ནང་ཚན་གྱིས་ཕྱེ་ན་མང་སྟེ། ཇི་སྐད་དུ། དགག་པ་དོན་གྱིས་བསྟན་པ་དང་། །ཚིག་གཅིག་སྒྲུབ་པར་བྱེད་པ་དང་། །དེ་ལྡན་རང་ཚིག་མི་སྟོན་པ། །མ་ཡིན་གཞན་པ་གཞན་ཡིན་ནོ། །ཞེས་མ་ཡིན་དགག་ལ། ཆོས་གཞན་དངོས་སུ་འཕེན་པ། དངོས་སུ་མི་འཕེན་པར་ཤུགས་ལ་འཕེན་པ། དངོས་ཤུགས་གཉིས་ཀ་ལ་འཕེན་པ། སྐབས་ཐོབ་ཀྱིས་འཕེན་པ་རྣམས་ཡོད་པའི་ཕྱིར། མིང་མཐར་མེད་ཞེས་སྦྱར་བ་ཙམ་གྱིས་མེད་དག་ཏུ་མི་གྱུར་ཏེ། སངས་རྒྱས་ཚེ་དཔག་མེད་ལྟ་བུ་མ་ཡིན་དགག་ཏུ་བཤད་པའི་ཕྱིར། དེར་མ་ཡིན་སྦྱར་བས་ཀྱང་མ་ཡིན་དགག་ཏུ་འགྱུར་བ་མ་ཡིན་ཏེ། བདག་ལས་སྐྱེ་བ་མ་ཡིན་པ་དང་། དངོས་པོ་མ་ཡིན་པ་ལྟ་བུ་མེད་དགག་ཡིན་པའི་ཕྱིར། གསུམ་པ་ནི། ཁ་ཅིག དེ་ཉིད་ང་ལས་ཞེས་སོགས་གྱིས་མཐའ་བཞིའི་སྐྱེ་བ་བཀག་པ་མ་ཡིན་པར་ཐལ། བདག་སྐྱེ་དང་། གཞན་སྐྱེ་འགོག་མི་ནུས་པའི་ཕྱིར། དེར་ཐལ། དེ་གཉིས་ཀ་ཡོད་པའི་ཕྱིར། དེར་ཐལ། བདག་ལས་སྐྱེ་བ་ཡོད་པ་གང་ཞིག གཞན་ལས་སྐྱེ་བ་ཡོད་པའི་ཕྱིར། དང་པོ་དེར་ཐལ། བདག་དངོས་པོ་ཡིན་པའི་ཕྱིར། ཟེར་ན། དོན་མི་འདྲ་བ་ཡོད་པས་མ་ཁྱབ། ཕྱི་མ་དེར་ཐལ། རང་གི་རྒྱུ་གཞན་ལས་སྐྱེ་བ་ཡོད་པའི་ཕྱིར་ན་མ་ཁྱབ། ཁ་ཅིག བདག་ལས་མ་ཡིན། ཞེས་སོས་ཀྱིས་མཐའ་བཞིའི་སྐྱེ་བ་མེད་པ་དམ་བཅའི་ཞེན་དོན་དུ་བསྟན་པར་ཐལ། གོང་གི་དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དེ་རང་བཞིན་གྱིས་སྐྱེ་བ་མེད་པར་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡིན་པའི་ཕྱིར། ཟེར་ན། མ་ཁྱབ། མ་གྲུབ་ན་དེར་ཐལ། གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་དང་། རྒྱུ་ལ་མ་ལྟོས་ཡོད་པ་མིན་པས་དངོས་རྣམས་རང་བཞིན་བྲལ། ཞེས་གསུངས་པའི་ཕྱིར། ཁོ་ན་རེ། དེ་མི་འཐད་པར་ཐལ། བདག་ལས་མ་ཡིན་ཞེས་སོགས་ཀྱིས་མཐའ་བཞིའི་སྐྱེ་བ་མེད་པ་རང་བཞིན་གྱིས་སྐྱེ་མེད་སྒྲུབ་པའི་རྟགས་སུ་མི་རུང་བར་བཤད་པའི་ཕྱིར། དེར་ཐལ། གཞུང་འདིའི་དངོས་བསྟན་གྱི་སྦྱོར་བ་འགོད་ཚུལ་ལ་དེ་ལྟར་མི་རུང་བའི་ཕྱིར། ཟེར་ན། མ་ཁྱབ། ཁ་ཅིག །མཐའ་བཞིའི་སྐྱེ་བ་མེད་པའི་དམ་བཅའ་མེད་དགག་ཡིན་པར་ཐལ། དེ་ལྟར་གཞུང་དུ་མ་ལས་བཤད་པའི་ཕྱིར། ཟེར་ན། སྐྱོན་མེད་དེ་དེ་ནི་དེའི་དམ་བཅའི་ཞེན་དོན་ལ་དགོངས་པར་སྣང་བའི་ཕྱིར། དེ་ལྟར་མ་ཡིན་ན། དེ་འདྲའི་བསམ་པ་དམ་བཅའ་ཡང་མེད་དགག་ཏུ་ཐལ་ལ། འདོད་པར་མི་ནུས་ཏེ། འདུས་བྱས་ཡིན་པའི་ཕྱིར། གཉིས་པ་དེ་རིགས་པས་བསྒྲུབ་པའི་སྒྲུབ་བྱེད་བསྟན་པ་ལ་བཞི། བདག་སྐྱེ་དགག་པ། གཞན་སྐྱེ་གཉིས་ཀ་ལས་སྐྱེ་བ། རྒྱུ་མེད་ལས་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས། འགྲེལ་པ་མཛད་པའི་རིགས་པས་དགག་པ་དང་། རྩ་བ་ཤེས་རབ་ཀྱི་རིགས་པས་དགག་པའོ། །དང་པོ་ལ་གཉིས། འགྲེལ་མཛད་མཁན་གྱི་ལུགས་གཞན་བཤད་པ་དང་། སྐབས་ཀྱི་དོན་ནོ། །དང་པོ་ནི། འདིར་འགྲེལ་པ་མཛད་པ་པོ་ནི་བུདྷ་པཱ་ལི་ཏ་མཛད་པ་པོ་སྟེ། དེ་ནི་སློབ་དཔོན་སངས་རྒྱས་བསྐྱངས་ཡིན་པས་དེའི་བཞེད་པ་བརྗོད་པར་བྱའོ། །འདི་ལ་གཉིས། ཐོག་མར་བདག་སྐྱེ་འདོད་པའི་ཕྱོགས་སྔ་བརྗོད་པ་དང་། དེ་འགོག་པའོ། །དང་པོ་ནི། ཕྱི་རོལ་གྲངས་ཅན་པས་ཤེས་བྱ་ལ། ཉེར་ལྔ་གྲངས་ངེས་བྱས་ནས། དེ་ཐམས་ཅད་ཀྱང་སྤྱི་གཙོ་བོ་ཆ་མེད་ཀྱི་ངང་དུ་རང་བཞིན་གཅིག་པར་འདོད་དོ། །དེ་ལ་ཤེས་བྱ་ཉེར་ལྔ་ནི། ཁོ་རང་གི་གཞུང་ལས། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་འབྱུང་བ་བཞིན་ཏེ། དེ་དག་གི་ཁྱད་པར་ནི་འོག་ཏུ་འཆད་དོ། །སྤྱི་གཙོ་བོ་ནི་དེའི་གཞུང་ལས། ཁྱད་པར་ཚང་ཕྱིར་རྗེས་འགྲོའི་ཕྱིར། །ནུས་པའི་སྒོ་ནས་འཇུག་པའི་ཕྱིར། །རྒྱུ་དང་འབྲས་བུ་དབྱེར་ཡོད་ཕྱིར། །འཇིག་རྟེ་སྣ་ཚོགས་དབྱེར་མེད་ཕྱིར། །མི་གསལ་བའི་རྒྱུ་ཡོད་དོ། །ཞེས་རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པ་དུས་ནམ་ཡང་མངོན་དུ་འགྱུར་མི་སྲིད་པས་མི་གསལ་བ། ཆོས་རྣམས་ཀྱི་གནས་ལུགས་རང་བཞིན་དེའི་ངང་ལས་འབྲས་བུ་རྣམ་འགྱུར་གྱི་ཆོས་སྣ་ཚོགས་པ་ནམ་མཁའི་འཇའ་ཚོན་ལྟར་འབྱུང་ཞིང་། དེ་ཐམས་ཅད་ཀྱང་རང་བཞིན་གཅིག་པར་འདོད་ཅིང་། དེ་ཡང་། རྒྱུ་རྐྱེན་ཐ་དད་དུ་མས་འབྲས་བུ་གཅིག་ཐུན་མོང་དུ་བསྐྱེད་པ་ཡོད་པས། དེ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་རང་བཞིན་ནམ་སྤྱི་གཙོ་བོ་མེད་ན། བསྐྱེད་ཚུལ་སྔ་མ་དེ་མི་འཐད་པས། ས་བོན་གྱི་རང་བཞིན་གང་ཡིན། དེའི་རྐྱེན་ཆུ་ལུད་ཀྱི་རང་བཞིན་དང་། དེའི་རང་བཞིན་གང་ཡིན་མྱུ་གུའི་རང་བཞིན་དང་། བུམ་པའི་རང་བཞིན་དེ་ཉིད་སྣམ་བུའི་རང་བཞིན། དེའི་རང་བཞིན་དེ་ཉིད་བུམ་པའི་རང་བཞིན་ཡིན་པས། གནས་སྐབས་ཐ་དད་པ་ཙམ་ཡིན་གྱི། རང་བཞིན་ལ་ཆ་ཤས་ཀྱི་དབྱེ་བ་ཅུང་ཟད་ཀྱང་མེད་པ་དེ་ཉིད་ལ། སྤྱི་དང་། གཙོ་བོ་དང་རང་བཞིན་ཞེས་བྱའོ། །སྤྱི་དེ་ཉིད་རྟག་དངོས་དང་། རྣམ་འགྱུར་རྣམས་བརྫུན་པ་སྒྱུ་མ་ལྟ་བུ་འདོད་དོ། །མྱུ་གུ་བདག་ལས་སྐྱེ་བའི་དོན་མྱུ་གུ་དེ་རང་ཉིད་ལས་སྐྱེ་བའི་དོན་མ་ཡིན་པར་ས་མྱུག་གཉིས་ཀྱི་རང་བཞིན་ཕར་ཡིན་ཚུར་ཡིན་དུ་འདོད་པས། མྱུ་གུ་ནི་རང་གི་རྒྱུའི་དུས་སུ་གྲུབ་ཟིན་ཀྱང་བསྐྱེད་མ་ཟིན་པས་དེ་ལས་སྐྱེ་བ་ན་གྲུབ་ཟིན་སྐྱེ་བར་འདོད་པ་དང་། ཁ་ཅིག རང་གི་རྒྱུ་དུས་སུ་སྐྱེས་ཟིན་ཀྱང་མི་གསལ་བའི་ཚུལ་དུ་ཡོད་པ་རྐྱེན་གྱིས་གསལ་བར་འདོད་དོ། །གྲུབ་ཟིན་སླར་ཡང་སྐྱེ་དགོས་པ་དང་། སྐྱེས་ཟིན་སླར་ཡང་གསལ་དགོས་པའི་དོན་ཡོད་དེ། སྤྱིར་ཤེས་བྱ་ལ་མེད་པ་ཞིག་མི་སྐྱེ་བས་ཡོད་པ་ཞིག་སྐྱེ་དགོས་ལ། རྒྱུ་དུས་སུ་མེད་པ་སྐྱེ་ན་རི་བོང་རྭ་ཡང་སྐྱེ་བར་ཐལ་བས། སྔ་མས་རང་གི་རྒྱུ་དུས་སུ་ཡོད་པ་ཞིག་སྐྱེ་དགོས་ཤིང་། སྐྱེས་ཟིན་སླར་ཡང་སྐྱེ་བ་ལ་དགོས་པ་མེད་པ་དང་། ཡོད་ན་ཐུག་མེད་དུ་ཐལ་བ་དང་། ཕྱི་མས་རྒྱུ་དུས་སུ་མ་སྐྱེས་པ་གཅིག་མི་སྐྱེ་བས། སྐྱེས་ཟིན་དེ་ཉིད་ཕྱིས་རྐྱེན་གྱིས་གསལ་བར་འདོད་ཅིང་། གསལ་ཟིན་སླར་ཡང་གསལ་མ་དགོས་ལ། དགོས་ན་ཐུག་མེད་དུ་འགྱུར་བར་འདོད་དོ། ། གཉིས་པ་དེ་འགོག་པའི་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་འགོད་པ་དང་། དེ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སྐྱོན་བརྗོད་ཚུལ་དང་། ཟླ་བས་སྐྱོན་བསལ་པའི་སྒོ་ནས་འགྲེལ་པའི་དགོངས་པ་བཤད་པ་དང་གསུམ། དང་པོ་ནི། འགྲེལ་པ་བུདྷ་པཱ་ལི་ཏ་ལས། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་པའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་པའི་ཕྱིར། དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི། ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་སོ། །རང་ལུགས་ཀྱི་དེའི་དོན་ནི། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་པས་དམ་བཅའ་བརྗོད་ནས། དེ་སྒྲུབ་པ་ན། འགལ་བརྗོད་ཀྱི་ཐལ་འགྱུར་གཉིས་བསྟན་པ་ཡིན་ལ། དེ་ལ་ཡང་། དོན་གཙོ་ཆེ་བའི་དབང་དུ་བྱས་ན། ཕྱི་ནང་གི་སྐྱེ་ལྡན་གྱི་དངོས་པོ་དེ་དག་ཆོས་ཅན། ཁྱོད་རང་གི་ས་བོན་ལས་སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་ས་བོན་གྱི་བདག་ཉིད་དུ་རྫོགས་པར་གྲུབ་ཟིན་པའི་ཕྱིར། རྟགས་གསལ་ཁས། མ་ཁྱབ་ན། དེ་ཆོས་ཅན། ཁྱོད་སླར་ཡང་ཐུག་མེད་དུ་སྐྱེ་བར་ཐལ། རང་གི་ས་བོན་གྱི་དུས་སུ་གྲུབ་ཟིན་ཀྱང་སླར་ཡང་དེ་ལས་སྐྱེ་བ་དོན་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གཉིས་ཀྱི་དང་པོ་ནི། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཞེས་པས་བསྟན། ཕྱི་མ་ནི་ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་པས་མདོར་བསྟན་ནས། དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ་ཞེས་པའི་གཞུང་གིས། ཐལ་འགྱུར་དང་པོ། དེ་རྒྱས་པར་བསྟན། ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་པས་ཐལ་འགྱུར་གཉིས་པ་དེ་རྒྱས་པར་བཤད་པའི་ཕྱིར། འདིར་ནི་ཡང་མི་སྐྱེ་བར་མི་འགྱུར་རོ་ཞེས་པའི་དོན་ནི། མི་སྐྱེ་བའི་དུས་ནམ་ཡང་མེད་པར་སྐྱེ་བར་ཐལ་བ་སྟེ། ཐུག་མེད་དུ་སྐྱེ་བར་ཐལ་བ་དང་དོན་གཅིག་ལ། འཇུག་པ་ལས། ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར། །ཞེས་པ་དང་རིགས་པ་གནད་གཅིག་པའི་ཕྱིར་རོ། །ཚིག་སྐྱོན་གཅོད་པའི་དབང་དུ་བྱས་ན་འདི་ལྟར་ཡིན་ཏེ། གྲངས་ཅན་ཁྱོད་ཀྱིས་བདག་སྐྱེ་ཁས་བླངས་དུ་མི་རུང་སྟེ། དེ་ལ་འཆད་པར་འགྱུར་བའི་རིགས་པས་གནོད་པའི་ཕྱིར། ཇི་ལྟར་གནོད་ན། རྒྱུ་དུས་སུ་མི་གསལ་བའི་ཚུལ་གྱིས་ཡོད་པར་འདོད་པའི་མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར། མ་ཁྱབ་ན། སླར་ཡང་སྐྱེ་བ་ཐུག་མེད་དུ་ཐལ། རང་གི་བདག་ཉིད་དུ་གྲུབ་ཟིན་ཀྱང་སླར་ཡང་སྐྱེ་བ་དགོས་པ་དང་བཅས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གཉིས་པོ་དེ། སྔར་གྱི་གཞུང་སྔ་ཕྱི་གཉིས་ཀྱིས་རིམ་པར་བསྟན་པའི་ཐལ་འགྱུར་ཡིན་ཏེ། དེ་ཡང་དངོས་པོ་རྣམས་ཞེས་པ་དང་། དངོས་པོ་ཞེས་པ་གཉིས་མདོར་བསྟན་རྒྱས་བཤད་དུ་བྱས་ནས་ཤེས་འདོད་ཆོས་ཅན་དང་མཐུན་དཔེ་བསྟན། དེ་དག་གི་ཞེས་པ་དང་། བདག་གི་བདག་ཉིད་ཞེས་པ་གཉིས་མདོར་བསྟན་རྒྱས་བཤད་དུ་བྱས་ནས་གཏན་ཚིགས་བསྟན། སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་ཞེས་པ་དང་། ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཞེས་པ་གཉིས་མདོར་བསྟན་རྒྱས་བཤད་དུ་བྱས་ནས་བསྒྲུབ་བྱའི་ཆོས་བསྟན་པའི་ཕྱིར། རྒྱས་བཤད་ཀྱི་སྐབས་སུ་གཞན་གྲགས་ཀྱི་གཏན་ཚིགས་ཀྱང་ཐོན་པ་ཡིན་ཏེ། དེའི་ཚུལ་ནི། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དེ། རང་གི་ངོ་བོ་གྲུབ་ཟིན་པའི་ཕྱིར། དཔེར་ན། མངོན་པར་གསལ་བའི་བུམ་པ་བཞིན་ཞེས་པ་ཞིག་ཐོན་པའི་ཕྱིར། དེ་དག་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བའི་བཞེད་པ་ཐུན་མོང་དུ་བཤད་པའོ། ། གཉིས་པ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་དེ་ལ་སྐྱོན་བརྗོད་ཚུལ་ལ་གཉིས། འགྲེལ་བའི་དོན་ལ་དགོངས་ཚུལ་དང་། སྐྱོན་བརྗོད་ཚུལ་ལོ། །དང་པོ་ལ་ཐལ་འགྱུར་གྱི་དབང་དུ་བྱས་ན་ཚིག་ཟིན་དང་། དོན་ཐོབ་གཉིས་ལས། དང་པོ་ནི་སྐྱེ་ལྡན་གྱི་དང་པོ་རྣམས་ཆོས་ཅན། བདག་ལས་མི་སྐྱེ་བར་ཐལ། དེ་ལས་སྐྱེ་ན་དེ་དག་གི་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བར་འགྱུར་བའི་ཕྱིར་ཞེས་པའི་ཐལ་འགྱུར་ནི། མདོར་བསྟན་གྱི་དངོས་ཟིན་གྱི་ཐལ་འགྱུར་དང་། དེ་ཆོས་ཅན། སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་པའི་ཐལ་འགྱུར་ནི། དོན་གྱིས་ཐོབ་པའི་ཐལ་འགྱུར་དུ་མངོན་ལ། རྒྱུ་དུས་སུ་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་པར་འདོད་པའི་མྱུ་གུ་ཆོས་ཅན། བདག་ལས་མི་སྐྱེ་སྟེ། སྐྱེ་བ་དོན་བཅས་དང་ཐུག་བཅས་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་དེ་ཤུགས་བསྟན་གྱི་སྦྱོར་བ་དང་། རྒྱས་བཤད་ཀྱིས་གོང་དུ་བརྗོད་པའི་རང་ལུགས་ཀྱི་ཐལ་འགྱུར་གཉིས་བསྟན་པར་འདོད་དོ། །འོན་ཀྱང་སྔ་ཕྱི་གཉིས་མདོར་བསྟན་རྒྱས་བཤད་དུ་མ་བཞེད་ཅིང་། མདོར་བསྟན་ལ་སླར་ཡང་རང་གི་དོན་ཡོད་པར་མ་དགོངས་སོ། ། གཉིས་པ་སྐྱོན་བརྗོད་པའི་ཚུལ་ནི། ཚིག་གསལ་ལས། འདི་ལ་ཁ་ཅིག་གིས། དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་པའི་ཕྱིར་རོ། །ཐལ་བར་འགྱུར་པའི་ཚིག་ཡིན་པའི་ཕྱིར་སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང་། དེའི་ཆོས་བཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང་། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང་། སྐྱེ་བ་ཐུག་པ་ཡོད་པ་ཉིད་དུ་འགྱུར་པའི་ཕྱིར། གྲུབ་པའི་མཐའ་དང་འགལ་བར་འགྱུར་ཞེས་སྐྱོན་སྨྲས་ཏེ། ཞེས་གསུངས་ལ། དེའི་དོན་ལ་གསུམ་ཡོད་དེ། བདག་སྐྱེ་འགོག་ནུས་ཀྱི་གཏན་ཚིགས་དང་དཔེ་མ་བསྟན་པའི་སྒོ་ནས་སྐྱོན་བརྗོད་ཚུལ་དང་། གྲངས་ཅན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་བརྗོད་ཚུལ་དང་། དབུ་མ་པའི་གྲུབ་མཐའ་དང་འགལ་བའི་སྐྱོན་བརྗོད་ཚུལ་གསུམ་ཡོད་པའི་ཕྱིར། དང་པོ་ནི། ལེགས་ལྡན་ན་རེ། ཁྱོད་ཀྱི་འགྲེལ་པ་འདིས་བདག་སྐྱེ་འགོག་ཚུལ་དེ་མི་འཐད་པར་ཐལ། དེས་བདག་སྐྱེ་འགོག་ནུས་ཀྱི་གཏན་ཚིགས་དང་དཔེ་ཡང་དག་མ་བསྟན་པའི་ཕྱིར། ཐལ་འགྱུར་ནི་སྔར་བཞིན་དང་སྦྱོར་བ་ཡང་དངོས་ཟིན་ལྟར་ན། སྐྱེ་ལྡན་གྱི་དངོས་པོ་རྣམས་ཆོས་ཅན། བདག་ལས་མི་སྐྱེ་སྟེ། སྐྱེ་བ་དོན་མེད་དང་ཐུག་མེད་ཡིན་པའི་ཕྱིར་ཞེས་པའམ། བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དུ་འགྱུར་དགོས་པའི་ཕྱིར་ཞེས་པའི་སྦྱོར་བ་གཉིས་གང་རུང་འགོད་པ་ལས་མ་འདས། དང་པོ་ལྟར་ན་མི་འཐད་དེ། གཏན་ཚིགས་དེ་དབུ་མ་ལ་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་པའི་ཕྱིར་ཏེ། དབུ་མ་པས་སྐྱེ་བ་དོན་བཅས་དང་ཐུག་བཅས་སུ་ཁས་ལེན་པའི་ཕྱིར། ཕྱི་མ་ལྟར་ན་ཡང་མི་འཐད་དེ། གྲངས་ཅན་ལ་གྲུབ་ཟིན་སྒྲུབ་པས་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་བའི་ཕྱིར་ཏེ། དེས་བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བར་ངེས་ན། བདག་སྐྱེ་མེད་པར་ཡང་ངེས་དགོས་པའི་ཕྱིར་རོ། ། གཉིས་པ་ལ། གྲངས་ཅན་ན་རེ། ཁྱོད་ཀྱིས་བདག་ལས་མི་སྐྱེ་ཞེས་བརྗོད་པའི་དོན། འབྲས་བུའི་དུས་ནས་མངོན་པར་གསལ་ཟིན་བའི་རྒྱུ་གུ་ལ་འདོད་དམ། རྒྱུའི་དུས་ན་མི་གསལ་བའི་མྱུ་གུ་ལ་འདོད་པ་དག་ལས་གང་ཡིན། དང་པོ་ལྟར་ན་མི་འཐད་དེ། ངེད་གྲངས་ཅན་ལ་གྲུབ་ཟིན་སྒྲུབ་པར་འགྱུར་བའི་ཕྱིར། གཉིས་པ་ལྟར་ནའང་མི་འཐད་དེ། མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་པའི་མྱུ་གུ་རྣམས་བདག་ལས་སྐྱེ་བ་ཡིན་པས། གཏན་ཚིགས་གང་བཀོད་ཀྱང་ཁྱབ་པ་འགལ་བར་འགྱུར་བའི་ཕྱིར་རོ། ། གསུམ་པ་དབུ་མ་པའི་གྲུབ་མཐའ་དང་འགལ་བའི་སྐྱོན་ཡོད་དེ། བདག་སྐྱེ་མེད་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ལ་རྟགས་དཔེ་ངེས་པར་འགོད་དགོས་ཤིང་། ཁྱོད་ཀྱིས་བཀོད་པའི་དངོས་ཟིན་ལྟར་མི་རུང་བར་བཤད་ཟིན་ལ། འགྱུར་བའི་ཕྱིར་ཞེས་པའི་ཚིག་གི་ནུས་པས་སྐྱེ་ལྡན་གྱི་དངོས་པོ་རྣམས་ཆོས་ཅན། བདག་ལས་མི་སྐྱེ་སྟེ། བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་དགོས་པ་ལས་དོན་བཅས་དང་ཐུག་བཅས་ཡིན་པའི་ཕྱིར་ཞེས་པའི་ཚུལ་གྱིས་བཟློག་དོན་རྟགས་སུ་འགོད་དགོས། དེ་འགོད་ན། བསྒྲུབ་བྱའི་ཆོས་བདག་སྐྱེ་བཅད་ཙམ་གྱི་མེད་དགག་ལས་གཞན་པའི་སྐྱེ་བ་ཞིག་འཕེན་དགོས་ལ། དེ་ལྟར་ན། བདག་སྐྱེ་མེད་པར་དམ་བཅས་པའི་དམ་བཅའི་ཞེན་དོན་མེད་དགག་ཏུ་ཁས་བླངས་པའི་དབུ་མའི་གྲུབ་མཐའ་དང་འགལ་བའི་སྐྱོན་ཡོད་པའི་ཕྱིར། དེ་ལྟར་འགལ་བའི་རྒྱུ་མཚན་ཡོད་དེ། སྔར་གྱི་བཟློག་དོན་རྟགས་སུ་འགོད་ན་གཞན་སྐྱེ་འཕེན་པར་འགྱུར་པའི་ཕྱིར་ཏེ། གཞན་སྐྱེ་ཁས་བླངས་ཤིང་བདག་སྐྱེ་བཀག་པས་སྐབས་ཐོབ་ཀྱིས་གཞན་སྐྱེ་འཕེན་པར་འགྱུར་པའི་ཕྱིར། དེ་ཡང་ཡིན་ཏེ། ཁྱོད་ཀྱིས་དངོས་པོའི་སྐྱེ་བ་ལ་བདག་སྐྱེ་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པར་ཁས་བླངས། སྐྱེ་བ་ཞིག་ནི་བསྒྲུབ་བྱར་བྱས། བདག་སྐྱེ་བཀག་པས་ན། གཞན་སྐྱེ་འཕེན་པར་འགྱུར་པའི་ཕྱིར། དེ་ཡང་གཞན་སྐྱེ་འཕེན་པ་ཁྱོད་རང་ཁས་ལེན་དགོས་པར་སྣང་ཞེས་འཕུལ་བ་ཡིན་གྱི། གཞན་སྐྱེ་འཕངས་སོ་ཞེས་ནན་གྱིས་བརྗོད་པ་མ་ཡིན་ཏེ། རིགས་པ་སྨྲ་བའི་དོགས་པ་དཔྱོད་པའི་སྐབས་ཡིན་པའི་ཕྱིར། དེ་ནི་ལེགས་ལྡན་རང་ཉིད་ཀྱིས་གཞན་སྐྱེ་ཁས་བླངས་ནས། སངས་རྒྱས་བསྐྱངས་ཡང་གཞན་སྐྱེ་ཁས་བླངས་པར་བསམ་པ་ཡིན་ཏེ། སངས་རྒྱས་བསྐྱངས་གཞན་སྐྱེ་མི་བཞེད་པའི་ཚུལ་མ་དགོངས་པའི་ཕྱིར་རོ། ། གསུམ་པ་དཔལ་ལྡན་ཟླ་བས་སྐྱོན་དེ་སྤངས་པའི་སྒོ་ནས་འགྲེལ་པའི་དགོངས་པ་བཤད་པར་གཉིས། སྐྱོན་དེ་སངས་རྒྱས་བསྐྱངས་ལ་མི་འཇུག་པར་བསྟན་པ་དང་། ལེགས་ལྡན་འབྱེད་རང་ཉིད་ལ་འཇུག་པར་བསྟན་པའོ། །དང་པོ་ལ་གསུམ། བདག་སྐྱེ་འགོག་ནུས་ཀྱི་གཏན་ཚིགས་དང་དཔེ་མ་བསྟན་པའི་སྐྱོན་མེད་པ་སོགས་དང་། ཉེས་པའི་ཁྱད་པར་གཞན་མེད་པར་བསྟན་པ་དང་། བཟློག་དོན་ཁས་བླངས་པའི་སྒོ་ནས་དབུ་མའི་གྲུབ་མཐའ་དང་འགལ་བའི་སྐྱོན་མེད་པར་བསྟན་པའོ། །དང་པོ་ལ་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་དང་། གཞན་གྲགས་ཀྱི་གཏན་ཚིགས་དང་དཔེ་མ་བསྟན་པ་སོགས་ཀྱི་སྐྱོན་མེད་དེ། དེས་བདག་སྐྱེ་འགོག་ནུས་ཀྱི་གཏན་ཚིགས་དང་དགོས་ནུས་མཚུངས་པའི་ཐལ་འགྱུར་གཉིས་བསྟན་པའི་ཕྱིར། དེ་ལྟར་བསྟན་པ་ཡིན་ཏེ། གོང་དུ་བརྗོད་པའི་རང་ལུགས་ཀྱི་ཐལ་འགྱུར་གཉིས་པོ་དེ་བསྟན་པའི་ཕྱིར། འདིས་ཁྱོད་འདོད་པ་ལྟར་གྱི་རང་རྒྱུད་ཀྱི་གཏན་ཚིགས་འགོད་མི་དགོས་ཤིང་བཀོད་ཀྱང་དགོས་པ་ལྷག་པོ་མེད་དེ། ཐལ་འགྱུར་གཉིས་བཀོད་པས་འགལ་བ་མཐོང་ནས་མི་ལྡོག་ན། བསྙོན་འདིང་བ་ཡིན་པས། དེའི་ཚེ་རང་རྒྱུད་ཀྱི་གཏན་ཚིགས་བཀོད་ཀྱང་མི་ལྡོག་པའི་ཕྱིར་ཏེ། བསྙོན་འདིང་པའི་རྒོལ་བ་རྩོད་ཟླར་མི་རུང་པའི་ཕྱིར་ཏེ། ཚིག་གསལ་ལས། གང་ལ་གཏན་ཚིགས་དང་དཔེ་བཀོད་པ་འབྲས་བུ་དང་བཅས་པ་འདི་ཙམ་ཞིག་གིས་བརྩད་པ་ན། ཅི་ཕ་རོལ་པོས་ཁས་ལེན་པར་མི་བྱེད་དམ། འོན་ཏེ་ཕ་རོལ་པ་རང་གི་ཁས་མ་བླངས་པ་དང་འགལ་པ་བས་བརྩད་པས་ཀྱང་མི་ལྡོག་ན་ནི། དེའི་ཚེ་ངོ་ཚ་བ་མེད་པ་ཉིད་ཀྱིས་གཏན་ཚིགས་དང་དཔེ་གཉིས་ཀྱང་ལྡོག་པར་མི་འགྱུར་བ་ཉིད་དོ། ཁོ་བོ་ཅག་ནི་བསྙོན་པ་དང་ལྷན་ཅིག་རྩོད་པ་ཡང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རང་རྒྱུད་ཀྱི་གཏན་ཚིགས་དགོས་པར་འདོད་མི་རིགས་པར་ཐལ། དབུ་མ་པས་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་མི་རིགས་པའི་ཕྱིར། དེར་ཐལ། དེས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཏན་ཚིགས་ཁས་ལེན་མི་རིགས་པའི་ཕྱིར་ཏེ། ཚིག་གསལ་ལས། དབུ་མ་པ་ཡིན་ན་ནི། རང་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བར་རིགས་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཕྱོགས་གཞན་ཁས་མ་བླངས་པ་ནི་རང་བཞིན་གྱིས་གྲུབ་པ་མི་འདོད་པའོ། །སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་འདིས་བདག་སྐྱེ་འགོག་ནུས་ཀྱི་གཞན་གྲགས་ཀྱི་གཏན་ཚིགས་མ་བཀོད་པ་ཡང་མ་ཡིན་ཏེ། རྒྱུ་དུས་སུ་མངོན་པར་མི་གསལ་པའི་ཚུལ་གྱིས་ཡོད་པར་འདོད་པའི་མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དེ། རང་གི་བདག་ཉིད་དུ་གྲུབ་ཟིན་ཡོད་པའི་ཕྱིར། རང་གི་བདག་ཉིད་དུ་གྲུབ་ཟིན་ཡོད་ན། སླར་ཡང་སྐྱེ་བ་དོན་མེད་པས་ཁྱབ་སྟེ། དཔེར་ན། གྲངས་ཅན་གྱི་མདུན་ན་གནས་པའི་མངོན་པར་གསལ་ཟིན་གྱི་རྫ་བུམ་བཞིན་ནོ་ཞེས་པའི་སྦྱོར་ངག་ཞིིག་བསྟན་པའི་ཕྱིར། དེས་ན། འདིར་རྒོལ་བ་གཞན་གྱིས་སྨྲས་པའི་ཉེས་པ་མེད་དེ། ཚིག་གསལ་ལས། གཏན་ཚིགས་དང་དཔེ་བརྗོད་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བ་ཡང་མ་ཡིན་ནོ། །ཇི་ལྟར་ཞེ་ན། གྲངས་ཅན་པ་དག་མདུན་ན་གནས་པའི་བུམ་པ་མངོན་པར་གསལ་པའི་རགས་པའི་རང་བཞིན་ཡང་མངོན་པར་གསལ་བར་མི་འདོད་ཅིང་། དེ་ཉིད་དཔེ་ཉིད་དུ་གྲུབ་པའི་ངོ་བོ་ཡིན་ལ། ཞེས་པ་ནས། སུན་འབྱིན་པ་འདི་དག་ནི་འབྲེལ་མེད་པ་ཉིད་དོ། །ཞེས་པའི་བར་གསུངས་པའི་ཕྱིར་རོ། ། གཉིས་པ་ཉེས་པའི་ཁྱད་པར་གཞན་མེད་པར་བསྟན་པ་ནི། སྐྱེ་ལྡན་གྱི་དངོས་པོ་ཐམས་ཅད་ཀྱི་སྟེང་དུ་བདག་སྐྱེ་བཀག་པ་ཙམ་དུ་ཟད། བདག་ཤེས་རིགས་ཀྱི་སྐྱེས་བུ་མ་གཏོགས་པའི་ཤེས་བྱ་ཉེར་བཞི་པོ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དེ། རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར། དཔེར་ན། བདག་ཤེས་རིག་གི་སྐྱེས་བུ་བཞིན་ཞེས་པའི་སྦྱོར་བ་ཞིག་ཀྱང་གཞུང་དེས་བསྟན་པའི་ཕྱིར། འདིར་གསོལ་བ་སྨྲ་བའི་ལོག་རྟོག་མ་ཁེགས་པའི་སྐྱོན་ཡང་མེད་དེ། སྐྱེ་བ་སྨྲ་བ་དང་གསལ་བ་སྨྲ་བ་གཉིས་བརྗོད་ཚུལ་མ་གཏོགས་བསམ་དོན་མཚུངས་པས། སྔ་མ་བཀག་པས་ཕྱི་མ་ཡང་ཁེགས་ནུས་པའི་ཕྱིར་རོ། ། གསུམ་པ་ཐལ་འགྱུར་གྱི་བཟློག་དོན་ཁས་བླངས་པའི་སྒོ་ནས་དབུ་མ་པའི་གྲུབ་མཐའ་དང་འགལ་བའི་སྐྱོན་མེད་དེ། སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བའི་ཐལ་འགྱུར་བསྟན་ཀྱང་། དེའི་བཟློག་དོན་སླར་ཡང་སྐྱེ་བ་དོན་བཅས་དང་ཐུག་བཅས་དེ་ཕ་རོལ་གྲངས་ཅན་གྱིས་ཁས་བླངས་ཀྱི། ཁོ་བོ་ཅག་གིས་ཁས་བླངས་པའི་ཉེས་བ་མེད་པའི་ཕྱིར་ཏེ། ཚིག་གསལ་ལས། ཐལ་བར་འགྱུར་བ་བཟློག་པའི་དོན་ཡང་། ཕ་རོལ་པོ་ཉིད་འབྲེལ་བ་ཡིན་གྱི། ཁོ་བོ་ཅག་ནི་མ་ཡིན་ཏེ། རང་ལ་དམ་བཅའ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། མདོར་ན། སྔར་བརྗོད་པའི་སྐྱོན་དེ་དག་ཐམས་ཅད་ཀྱང་འཐད་པ་མ་ཡིན་ཏེ། ཚིག་གསལ་ལས། སྐྱོན་འདི་དག་ཐམས་ཅད་ནི་རིགས་པ་མ་ཡིན་པར་ཁོ་བོ་ཅག་གིས་མཐོང་ངོ་། །ཞེས་གསུངས་པའི་ཕྱིར་རོ། ། གཉིས་པ་སྐྱོན་དེ་དག་ལེགས་ལྡན་རང་ཉིད་ལ་འཇུག་པར་བསྟན་པ་ལ་གཉིས། རང་རྒྱུད་ཀྱི་གཏན་ཚིགས་ཁས་བླངས་པའི་འདོད་པ་བརྗོད་པ་དང་། དབུ་མ་པས་དེ་ཁས་ལེན་མི་རིགས་པར་བསྟན་པའོ། །དང་པོ་ནི། རང་རྒྱུད་ཀྱི་གཏན་ཚིགས་འདོད་པའི་ཚུལ་ཡོད་དེ། རང་རྒྱུད་པའི་ལུགས་ལ་མིང་དང་བརྡས་བཞག་པ་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པའི་ཚད་མའི་རྙེད་དོན་དུ་གྱུར་པའི་ཆོས་ཅན་གྱི་སྟེང་དུ་སྔ་རྒོལ་གང་ལ་དཔག་འདོད་ཞུགས་པའི་བསྒྲུབ་བྱའི་ཆོས་སྒྲུབ་བྱེད་ཀྱི་གཏན་ཚིགས་སུ་བཀོད་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས་དེ། རང་རྒྱུད་ཀྱི་གཏན་ཚིགས་སུ་འདོད་པའི་ཕྱིར། ཇི་སྲིད་དངོས་སྨྲ་བའི་གྲུབ་མཐའ་བཏང་ནས་ཐལ་འགྱུར་པའི་གྲུབ་མཐའ་ལ་མ་ཞུགས་བར་དུ་ཆོས་ཅན་ཚད་མས་གྲུབ་ཚུལ་འཐུན་སྣང་བ་མེད་དེ། དངོས་སྨྲ་བས་ཆོས་ཅན་འཇལ་པའི་ཚད་མ་དེ། རང་ངོས་ནས་གྲུབ་པའི་ཆོས་ཅན་ལ་ཚད་མར་སོང་བར་འདོད་ཀྱང་དེ་ལྟར་མ་ཡིན་པའི་ཕྱིར། དང་པོ་དེ་ལྟར་ཡིན་ཏེ། དེས་ཆོས་ཅན་འཇལ་བའི་ཚད་མ་དེ། མིང་བརྡས་བཞག་ཙམ་མ་ཡིན་པར་བཏགས་དོན་བཙལ་བའི་ཚེ་རྙེད་ནུས་པའི་ཆོས་ཅན་ལ་ཚད་མར་སོང་བར་འདོད་པའི་ཕྱིར། གཞན་གྲགས་ཀྱི་གཏན་ཚིགས་ཡོད་དེ། སྔ་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་ཆོས་ཅན་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མི་དགོས་ཀྱང་། སྤྱིར་དེ་གཉིས་ཀས་ཆོས་ཅན་ཚད་མས་གྲུབ་ཅིང་། ཕྱིར་རྒོལ་གྱི་ཚད་མས་གྲུབ་པར་ཁས་བླངས་པའི་ཁས་བླངས་ལ་འཁྲིས་ནས་བཀོད་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས་དེ། དེ་ཡིན་པའི་ཕྱིར། དེའི་མཚན་གཞི་ཡོད་དེ། རང་ལ་མི་ལྟ་བ་དེ། མིག་དོན་དམ་པར་གཞན་ལ་མ་མི་ལྟ་བར་སྒྲུབ་པར་བྱེད་པའི་གཞན་གྲགས་ཀྱི་གཏན་ཚིགས་ཡིན་པའི་ཕྱིར་ཏེ། རྩ་ཤེས་ལས། ལྟ་དེ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་མ་ཡིན་ཉིད། །གང་གིས་བདག་ལ་མི་ལྟ་ན། །དེ་དག་གཞན་ལ་ཇི་ལྟར་ལྟ། །ཞེས་གསུངས་པའི་ཕྱིར། མིག་རང་ལ་མི་ལྟ་ན་གཞན་གཟུགས་ལ་ཐ་སྙད་དུ་མི་ལྟ་བས་མ་ཁྱབ་ཀྱང་། རང་ལ་མི་ལྟ་ན། གཞན་གཟུགས་ལ་རང་བཞིན་གྱིས་མི་ལྟ་བས་ཁྱབ་སྟེ། རང་བཞིན་གྱིས་ལྟ་ན། དེ་མིག་གི་གནས་ལུགས་སུ་སོང་། དེ་ཡིན་ན། རྐྱེན་ལ་མི་ལྟོས་པས་རང་ལ་མི་ལྟ་བ་དང་གཞན་ལ་རང་བཞིན་གྱིས་ལྟ་བའི་ཁྱད་པར་འཐད་པའི་ཕྱིར་རོ། ། གཉིས་པ་ནི། དབུ་མ་པས་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་མི་རིགས་ཏེ། རང་ངོས་ནས་གྲུབ་པའི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པའི་གཏན་ཚིགས་ཁས་ལེན་མི་རིགས་པའི་ཕྱིར་ཏེ། རང་ངོས་ནས་གྲུབ་པའི་གཏན་ཚིགས་མེད་པའི་ཕྱིར་རོ། །ཉེས་སྤོང་གི་ལེན་དང་། དེ་དགག་པ་ནི་འདིར་མི་བརྗོད་དེ་ལས་དང་པོ་པ་ལ་ཉེར་མཁོ་ཆེར་མེད་པ་དང་ཚིགས་མང་དུ་དོགས་པས་སྐབས་དོན་ངེས་པའི་གེགས་སུ་འགྱུར་བར་མཐོང་པའི་ཕྱིར་རོ། ། གཉིས་པ་ལ་གསུམ། དེ་ཁོ་ན་ཉིད་རྟོགས་པར་འདོད་པའི་གྲུབ་མཐའ་མཁན་གྱི་ལུགས་དགག་པ། གྲུབ་མཐས་བློ་མ་བསྒྱུར་བ་ཐ་སྙད་དུ་ཡང་མེད་པར་བསྟན་པ། དེ་ལྟར་བཀག་པའི་དོན་བསྡུ་བའོ། །དང་པོ་ལ་གཉིས། རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་དགག་པ། རྒྱུ་འབྲས་ངོ་བོ་གཅིག་པ་དགག་པའོ། །དང་པོ་ལ་གསུམ། ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་ན་དོན་མེད་དུ་ཐལ་བ། རིགས་པ་དང་འགལ་བ། དེའི་ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། མྱུ་གུ་སོགས་སྐྱེ་ལྡན་གྱི་དངོས་པོ་དེ་རྣམས་ནི་ཆོས་ཅན། རང་གི་བདག་ཉིད་དུ་གྱུར་པའི་ས་བོན་དེ་ལས་འབྱུང་ན་དེ་ལྟར་འབྱུང་དགོས་པའི་ཡོན་ཏན་ལྷག་པོ་འགའ་ཡང་ཡོད་པ་མ་ཡིན་པར་ཐལ། རང་གི་ས་བོན་གྱི་དུས་ནས་ཁྱོད་ཀྱི་ངོ་བོ་གྲུབ་ཟིན་པའི་ཕྱིར་རྟགས་ཁས། གཉིས་པ་ནི། དེ་ཆོས་ཅན། ས་བོན་ལས་སླར་ཡང་བལྡབས་ནས་སྐྱེ་བར་རིགས་པའང་མ་ཡིན་པ་ཉིད་དུ་ཐལ། རང་གི་ས་བོན་གྱི་དུས་ནས་སྐྱེས་ཟིན་པར་གྱུར་པའི་ཕྱིར། གལ་ཏེ་རང་གི་ས་བོན་གྱི་བདག་ཉིད་དུ་སྐྱེས་ཟིན་པའི་འོག་ཏུ་དེ་ལས་སླར་ཡང་བལྡབས་ནས་སྐྱེ་བར་ཡོངས་སུ་རྟོགས་པ་སྟེ་འདོད་པར་འགྱུར་ན་ནི། མྱུ་གུ་ལ་སོགས་པའི་སྐྱེ་ལྡན་རྣམས་ཆོས་ཅན། ཁྱོད་ཀྱི་སྐྱེ་བ་འཇིག་རྟེན་འདིར་རྙེད་པར་མི་འགྱུར་ཞིང་། ཡང་ཁྱོད་ཀྱི་ས་བོན་དེ་ཉིད་བར་མ་ཆད་པར་སྲིད་པའི་མཐའི་བར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར་བར་ཐལ། སྐྱེས་ཟིན་པ་དེ་ཉིད་སླར་ཡང་སྐྱེ་དགོས་པའི་ཕྱིར། གསུམ་པ་ནི། དཔྱིད་དུས་སོགས་ཀྱིས་ས་བོན་སྦང་རོ་ལྟར་ཉམས་པར་བྱེད་ཅིང་། མྱུ་གུ་སྐྱེད་པར་བྱེད་པས་སྐྱོན་མེད་དོ་ཞེ་ན། ཤེས་བྱ་ཆོས་ཅན། ཇི་ལྟར་ན་མྱུ་གུ་དེ་ཉིད་ཀྱིས་རང་གི་ས་བོན་དེ་རྣམ་པར་འཇིག་པར་འགྱུར་ཏེ་མི་འགྱུར་པར་ཐལ། དེ་རང་གི་ས་བོན་དང་རང་བཞིན་གཅིག་ཡིན་པའི་ཕྱིར་རྟགས་ཁས། འདོད་པར་མི་ནུས་ཏེ། མྱུ་གུས་མྱུ་གུ་འཇིིག་པར་མི་བྱེད་པའི་ཕྱིར་རོ། ཁྱབ་སྟེ། ས་མྱུག་གཉིས་རང་བཞིན་གཅིག་ཡིན་པར་ཁས་བླངས་ནས་གཅིག་གིས་གཅིག་འཇིག་ན། མྱུ་གུ་ལ་ཡང་མཚུངས་པའི་ཕྱིར། གཉིས་པ་ནི། གྲངས་ཅན་ཆོས་ཅན་ནི། མྱུ་གུ་སྐྱེད་པར་བྱེད་པའི་རྒྱུ་ས་བོན་གྱི་ཁ་དོག་དང་དབྱིབས་སོགས་ལས་ཐ་དད་པའི་མྱུ་གུའི་རིང་ཐུང་སོགས་ཀྱི་དབྱིབས་དང་ནི་ཁ་དོག་རོ་དང་ནུས་པ་སྨིན་པའི་ཐ་དད་རྣམས་ཁྱོད་ཀྱི་ལུགས་ལ་མེད་པར་འགྱུར་པར་ཐལ། ཁྱོད་ཀྱི་ལུགས་ལ་ས་མྱུག་གཉིས་ཀྱི་རང་བཞིན་དང་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་རོ། ཁ་དོག་ནི་སྔོ་སེར་སོགས་དང་། རོ་ནི་མངར་སྐྱུར་སོགས་དང་། སྨིན་པ་ནི་གནས་སྐབས་ཀྱི་འཕེལ་པའི་ཁྱད་པར་རོ། །གལ་ཏེ་ཁོ་ན་རེ། ས་མྱུག་གཉིས་ཀྱི་རང་བཞིན་གཅིག་ཀྱང་དབྱིབས་སོགས་ཐ་དད་མེད་པར་ཐལ་བའི་སྐྱོན་མེད་དེ། མྱུ་གུ་དེ་སྔར་གྱི་ས་བོན་གྱིས་བདག་གི་དངོས་པོའི་གནས་སྐབས་བསལ་བ་སྟེ་བཏང་ནས་གནས་སྐབས་དེ་ལས་གཞན་པ་མྱུ་གུའི་ངོ་བོར་འགྱུར་པའི་ཕྱིར་ཟེར་ན། དེ་མི་འཐད་པར་ཐལ། དེ་ལྟར་འདོད་པ་དེའི་ཚེ། ས་བོན་དེའི་རང་བཞིན་དེ་ཉིད་མྱུ་གུའི་རང་བཞིན་དེ་ཉིད་ཡིན་ཞེས་ཇི་ལྟར་ཁས་ལེན་རིགས་པར་འགྱུར་བ་མི་འཐད་པའི་ཕྱིར། དེར་ཐལ། མྱུ་གུའི་ངོ་བོ་གྲུབ་ཟིན་པའི་ཚེ་ས་བོན་གྱི་གནས་སྐབས་གཏོང་དགོས་པའི་ཕྱིར། གཞན་ཡང་། གལ་ཏེ་གྲངས་ཅན་ཁྱོད་ཀྱི་ལུགས་ལ་ས་བོན་དང་། མྱུ་གུའི་ངོ་བོ་གཉིས་ལ་འཇིག་རྟེན་འདིར་གཞན་ཐ་དད་དུ་ཡོད་པ་མ་ཡིན་ན་ནི། མྱུ་གུའི་དུས་སུ་ས་བོན་མེད་པ་དེ་བཞིན་དུ་མྱུ་གུ་ཞེས་བྱ་བ་དེ་ཡང་གཟུང་དུ་མེད་པ་འམ། ཡང་ན་ཇི་ལྟར་མྱུ་གུའི་དུས་སུ་མྱུ་གུ་གཟུང་དུ་ཡོད་པ་འདི་བཞིན་དུ་དེའི་ཚེ་ས་བོན་དེ་ཡང་མིག་ཤེས་ཀྱིས་གཟུང་དུ་ཡོད་པར་འགྱུར་བར་ཐལ། ས་མྱུག་དེ་དག་གི་ངོ་བོ་གཅིག་ཡིན་པས་ཏེ་དེའི་ཕྱིར། འདོད་ན། དེ་ལྟར་འདི་ནི་ཁས་མི་བླང་པ་སྟེ་ལེན་མི་རིགས་པར་ཐལ། དེ་ལ་སྔར་བཤད་པའི་རིགས་པས་གནོད་པ་དེའི་ཕྱིར། གཉིས་པ་ནི། ས་མྱུག་དེ་དག་ཆོས་ཅན། ཁྱོད་རང་བཞིན་གཅིག་ཏུ་གྲུབ་མཐའ་སྨྲ་བའི་ལུགས་སུ་མི་འཐད་པར་མ་ཟད། རང་བཞིན་གཅིག་པ་ཡིན་ཞེས་འཇིག་རྟེན་གྱིས་ཀྱང་ཐ་སྙད་དུ་ཁས་མི་ལེན་པར་ཐལ་རྒྱུ་མཚན་གང་གི་ཕྱིར་ན། རྒྱུ་ས་བོན་ཞིག་ནའང་ས་བོན་དེ་ཡི་འབྲས་བུ་མྱུ་གུ་འཇིག་རྟེན་གྱིས་མཐོང་བའི་ཕྱིར་རོ། ། གསུམ་པ་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། ཁྱོད་བདག་ལས་འབྱུང་བ་ཡིན་ཞེས་རབ་ཏུ་བཏགས་པ་འདི་དེ་ཉིད་དེ་དོན་དམ་དང་ནི་དེར་མ་ཟད་འཇིག་རྟེན་ཐ་སྙད་དུ་ཡང་རིགས་པ་མ་ཡིན་པར་ཐལ། ཚུལ་དེ་ལ་གནོད་བྱེད་སྔར་བསྟན་ཟིན་པ་དེའི་ཕྱིར། གཉིས་པ་རྩ་བ་ཤེས་རབ་ཀྱི་རིགས་པས་དགག་པ་ནི། མྱུ་གུ་ཆོས་ཅན། ཁྱོད་ལ་སོགས་པའི་དངོས་པོ་རྣམས་བདག་ལས་སྐྱེ་བར་ཁས་བླང་བར་བྱ་བ་མ་ཡིན་པར་ཐལ། བདག་ལས་སྐྱེ་བར་འདོད་ན་རང་བཞིན་གཅིག་ཏུ་སོང་བས་བསྐྱེད་པར་བྱ་བ་འབྲས་བུ་དང་། སྐྱེད་པར་བྱེད་པ་རྒྱུ་དང་། གང་ཞིག་བྱ་བའི་ལས་དང་། གང་གིས་བྱེད་པའི་བྱེད་པ་པོ་ཡང་གཅིག་ཉིད་དུ་འགྱུར་ན། དེ་དག་ནི་གཅིག་ཉིད་མ་ཡིན་པས་ཏེ་དེའི་ཕྱིར་ཏེ། དེ་ལ་དབུ་མ་འདི་དང་རྩ་བ་ཤེས་རབ་ནས་རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྩ་ཤེས་ལས་གསུངས་ཚུལ་ཡོད་དེ། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ན། །སྐྱེད་དང་བསྐྱེད་བྱ་གཅིག་ཏུ་འགྱུར། །ཞེས་པ་དང་། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་གསུངས་པ་རྣམས་ཀྱིས་བསྟན་པའི་ཕྱིར་རོ། ། གཉིས་པ་ལ་གཉིས། གཞན་གྱི་འདོད་པའི་ཕྱོགས་སྤྱིར་དགག་པ་དང་། སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པའོ། །དང་པོ་ལ་ལྔ། གཞན་སྐྱེ་དགག་པ། དེ་ལ་འཇིག་རྟེན་གྱི་གནོད་པ་སྤང་བ། བཀག་པའི་ཡོན་ཏན། རང་བཞིན་གྱིས་སྐྱེ་བ་འགར་ཡང་མེད་པ། བདེན་པ་གཉིས་ཅར་དུའང་རང་བཞིན་གྱིས་སྐྱེ་བ་བཀག་པའི་ཡོན་ཏན་བསྟན་པའོ། དང་པོ་ལ་གསུམ་སྤྱིར་དགག་པ། བྱེ་བྲག་ཏུ་དགག་པ། མུ་བཞིར་དཔྱད་ནས་དགག་པའོ། །དང་པོ་ལ་གཉིས། ཧ་ཅང་ཐལ་བས་དགག་པ། སྐྱོན་སྤོང་གི་ལན་དགག་པའོ། །དང་པོ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལ་བརྟེན་ནས་གལ་ཏེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་འབྲས་བུ་གཞན་ཞིག་འབྱུང་བར་འགྱུར་བར་འདོད་ན་ནི་དེ་མི་འཐད་དེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། འོ་ན་གསལ་བྱེད་ཀྱི་མེ་ལྕེ་དམར་འབར་བ་ལས་ཀྱང་རང་གི་ངོ་སྐལ་གྱི་བསལ་བྱའི་མུན་པ་འཐུག་པོ་འབྱུང་བར་འགྱུར་བར་ཐལ། འབྲེལ་མེད་དོན་གཞན་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་འབྲས་བུ་གཞན་འབྱུང་བའི་ཕྱིར། དེ་ལྟར་ཐལ་བ་ལས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་འབྲས་བུ་གཞན་མི་སྐྱེ་སྟེ། གསལ་བྱེད་མེ་ལྕེ་དམར་འབར་བ་ལས་དེའི་བསལ་བྱའི་མུན་པ་མི་འབྱུང་པའི་ཕྱིར་ཞེས་བཟློག་པ་འཕེན་ནོ། །གཞན་ཡང་། རྒྱུ་ཡིན་མིན་ཐམས་ཅད་ལས་ཀྱང་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་བར་འགྱུར་བར་ཐལ། རྟགས་སྔར་གྱི་དེའི་ཕྱིར། དེས་ཀྱང་བཟློག་པ་འཕེན་ནོ། །སྔ་ཕྱི་གཉིས་ལ་ཁྱབ་པ་ཡོད་དེ། རྒྱུ་མཚན་གང་གི་ཕྱིར་ན། སྐྱེད་པར་བྱེད་པའི་རྒྱུ་མ་ཡིན་པ་མ་ལུས་པ་ལ་ཡང་རྒྱུ་འབྲས་སུ་འདོད་དགོས་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་ཉིད་ལ་རྒྱུ་འབྲས་སུ་འདོད་པ་དང་གཉིས་མཚུངས་པའ་ིཕྱིར། དེ་ནི་རྒྱུ་དེ་འབྲས་བུ་ལས་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་ན། ལྟོས་མེད་ཀྱི་གཞན་ཡིན་པར་སོང་བས། ལྟོས་མེད་ཀྱི་ཆོས་ལ་རྒྱུར་རུང་ན། འབྲས་བུ་ཡང་རུང་བར་འགྱུར་ཞིང་། ལྟོས་མེད་ལ་རྒྱུ་འབྲས་རུང་ན། འབྲེལ་མེད་དོན་གཞན་ཐམས་ཅད་ལ་རྒྱུ་འབྲས་རུང་བར་ཐལ་བ་འཕེན་པའོ། །གཞན་སྐྱེའི་གཞན་ནི། རྒྱུ་འབྲས་གཞན་ཡིན་པ་ཙམ་མ་ཡིན་གྱི། རང་བཞིན་གྱིས་གྲུབ་པའི་གཞན་ལ་བྱེད་པ་ཡིན་ཏེ། རྣམ་བཤད་ལས། དེ་ལྟར་ན་གཞན་སྐྱེའི་གཞན་ནི་གཞན་ཙམ་མ་ཡིན་གྱི། རང་བཞིན་གྱིས་གྲུབ་པའི་གཞན་ཡིན་པས། དེ་ཁས་ལེན་པ་ལ་ཧ་ཅང་ཐལ་པ་འཕེན་པ་ཡིན་གྱི། ཞེས་གསུངས་པའི་ཕྱིར། དེས་ན། གཞན་སྐྱེ་ལེགས་པར་འགོག་ཤེས་པ་ཡང་རང་བཞིན་གྱིས་གྲུབ་པའི་དགག་བྱའི་ཚད་ལེགས་པར་ངོས་ཟིན་པ་དང་དེ་འགོག་ནུས་པ་ལ་ཐུག་སྟེ། གཞན་དུ་བཀག་པར་རློམ་ཡང་ཚིག་ཙམ་དུ་འགྱུར་བའི་ཕྱིར་རོ། ། གཉིས་པ་ལ་གཉིས། སྐྱོན་སྦོང་བ་དང་། དེའི་ལན་ནོ། །དང་པོ་ནི། ཁོ་ན་རེ། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་སྐྱོན་མེད་དེ། རྒྱུ་གང་གིས་འབྲས་བུ་གང་ཞིག་རབ་ཏུ་བྱ་བར་ནུས་པ་དེའི་འབྲས་བུར་ངེས་པར་བརྗོད་ཅིང་། རྒྱུ་གང་ཞིག་འབྲས་བུ་དེ་སྐྱེད་པར་ནུས་པ་དེ་ནི་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་ནའང་རྒྱུ་ཡིན་པའི་ཕྱིར། ས་ལུའི་མྱུ་གུ་དེ། ནས་དང་གྲོ་ལ་སོགས་པའི་ས་བོན་རིགས་མི་གཅིག་པ་ལས་སྐྱེ་བ་དེ་ལྟ་མ་ཡིན་པས་ཐམས་ཅད་ལས་ཐམས་ཅད་མི་སྐྱེ་སྟེ། ས་ལུའི་མྱུ་གུ་ནི་རང་རྒྱུད་གཅིག་ཏུ་གཏོགས་པ་དང་། རིགས་རྒྱུན་སྔ་མས་སྐྱེད་པར་བྱེད་པ་ལས་སྐྱེ་བ་དེའི་ཕྱིར་རོ། །ཞེ་ན། གཉིས་པ་ནི། དེ་མི་འཐད་པར་ཐལ། དཔེ་ཇི་ལྟར་ན། ནས་དང་པདྨ་སོགས་ཀྱི་གེ་སར་དང་ནི་ཀེང་ཤུ་ཀའི་མེ་ཏོག་ལ་སོགས་པ་རྣམས་གཞན་ཡིན་པས། དེ་དག་ས་ལུའི་མྱུ་གུ་སྐྱེད་པར་བྱེད་པའི་རྒྱུར་འདོད་པ་མ་ཡིན་ཞིང་། དེ་སྐྱེད་པའི་ནུས་པ་དང་ལྡན་པའང་མ་ཡིན་ལ། རྒྱུད་གཅིག་གི་ཁོངས་སུ་གཏོགས་པ་མ་ཡིན་པ་དང་། དེའི་རིགས་འདྲ་བ་སྔ་མ་མ་ཡིན་པ་ཉིད་ཡིན་པ་དེ་བཞིན་དུ་ས་ལུའི་ས་བོན་ཡང་ནི་ས་ལུའི་མྱུ་གུ་དེ་ཡི་རྒྱུ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ཐལ་བ་འགྱུར་བ་ཡིན་ཏེ། ཁྱོད་ལྟར་ན་རྒྱུ་དང་རྒྱུ་མ་ཡིན་པ་དེ་དག་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་པ་ཉིད་དུ་མཚུངས་པའི་ཕྱིར། གཉིས་པ་ལ་གཉིས། རྒྱུ་འབྲས་སྔ་ཕྱི་བ་ལ་གཞན་སྐྱེ་དགག་པ་དང་། རྒྱུ་འབྲས་དུས་མཉམ་པ་ལ་གཞན་སྐྱེ་དགག་པའོ། །དང་པོ་ལ་གཉིས། དངོས་དང་། རྩོད་པ་སྤོང་པའོ། །དང་པོ་ནི། མྱུ་གུ་ནི་ས་བོན་ལས་ཐ་དད་དུ་མཐོང་གི། མྱུ་གུ་དེ་རང་གི་ས་བོན་དང་ནི་དུས་མཉམ་དུ་ཡོད་པ་མ་ཡིན་ཏེ། ས་བོན་རྣམ་པར་མ་འགྱུར་བར་མྱུ་གུ་མཐོང་བ་མེད་པའི་ཕྱིར་རོ། །མྱུ་གུའི་ས་བོན་དེ་མྱུ་གུ་ལས་ངོ་བོས་གྲུབ་པའི་གཞན་པ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་པར་ཐལ། ངོ་བོས་གྲུབ་པའི་གཞན་ཉིད་མེད་པའི་ཕྱིར། མྱུ་གུ་ལ་སོགས་པའི་དངོས་པོ་རྣམས་ནི་གཞན་ལས་སྐྱེ་བ་ཡིན་ཞེས་བྱ་བའི་ཕྱོགས་འདི་བཏང་བར་བྱོས་ཤིག་སྟེ་བྱ་བར་རིགས་པར་ཐལ། མྱུ་གུ་རང་གི་ས་བོན་ལས་རང་བཞིན་གྱིས་སྐྱེ་བ་འགྲུབ་པར་འགྱུར་བ་མ་ཡིན་པས་ཏེ་དེའི་ཕྱིར། གཉིས་པ་ལ། ཁོ་ན་རེ། མྱུ་གུ་དེ་རང་གི་ས་བོན་དང་དུས་མཉམ་དུ་ཡོད་པ་ཡིན་ཏེ། དཔེ་ཇི་ལྟར་ན། སྲང་གི་མདའི་ཕྱོགས་གཉིས་ཀྱི་གཅིག་མཐོ་བ་དང་ནི་གཅིག་ཤོས་དམའ་བ་དག་དུས་མཉམ་མ་ཡིན་པར་ནི་མིན་པར་སྟེ་དུས་མཉམ་ཡིན་པར་མཐོང་བ་དེ་བཞིན་དུ་ཡིན་པའི་ཕྱིར། དེར་ཐལ། བསྐྱེད་པར་བྱ་བ་མྱུ་གུ་དང་སྐྱེད་བྱེད་ས་བོན་དག་གི་རིམ་པ་བཞིན་དུ་སྐྱེ་བ་དང་འགག་པའི་བྱ་བ་གཉིས་དུས་མཉམ་པས་ས་མྱུག་གཉིས་ཀྱང་དུས་གཅིག་ཏུ་ཡོད་པར་འགྱུར་པའི་ཕྱིར་རོ། །ཞེ་ན། སྲང་གི་དཔེས་དེ་ལྟར་འདོད་མི་རིགས་པར་ཐལ། གལ་ཏེ་སྲང་གི་མགོ་མཇུག་གི་བྱ་བ་མཐོ་དམན་གཉིས་དུས་གཅིག་གི་ཚེ་ཡོད་པ་ཡིན་ནའང་མཚོན་དོན་འདིར་ནི་ས་མྱུག་དུས་གཅིག་ཏུ་མེད་པས་དུས་མཉམ་པའི་ཚུལ་དེ་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་ས་བོན་གྱི་དུས་སུ་མྱུ་གུ་སྐྱེ་བཞིན་པ་ཡིན་ལ། སྐྱེ་བཞིན་པ་དེ་ནི་ད་ལྟ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་པས་མྱུ་གུའི་དུས་སུ་ཡོད་པ་མ་ཡིན་ཞིང་། ས་བོན་རང་དུས་སུ་འགག་བཞིན་པ་ཡིན་པས་དེ་ནི་རང་དུས་དེར་ཡོད་ཀྱང་འཇིག་པ་ལ་མངོན་དུ་ཕྱོགས་པར་འདོད་པར་གྱུར་པ་ཡིན་པ་དེའི་ཚེ་ས་མྱུག་གཉིས་པོ་འདི་ནི་ཇི་ལྟ་བུར་ན་སྲང་གི་མཐོ་དམན་དུས་མཉམ་པ་དང་མཚུངས་པ་ཡིན་ཏེ་མ་ཡིན་པར་ཐལ། སྲང་གི་བྱ་བ་གཉིས་དུས་མཉམ་པའི་ད་ལྟ་བ་ཡིན་ལ། ས་བོན་ནི་རང་དུས་སུ་ཡོད་པའི་འཇིག་བཞིན་པ་ད་ལྟ་བ་དང་། མྱུ་གུ་ནི་ས་བོན་གྱི་དུས་སུ་མེད་ཅིང་དུས་དེར་སྐྱེ་བཞིན་པའི་མ་འོངས་པ་ཡིན་པའི་ཕྱིར། བྱེད་པ་པོ་མྱུ་གུ་ནི་རང་གི་སྐྱེ་བའི་བྱ་བའི་དུས་སུ་མེད་ཀྱང་མྱུ་གུ་སྐྱེ་བའི་བྱ་བ་འདི་ནི་བྱེད་པ་པོ་མྱུ་གུ་མེད་པར་དེ་ཡོད་པར་རིགས་པའི་ངོ་བོ་འང་མ་ཡིན་པར་ཐལ། བྱ་བ་དེ་བྱེད་པ་པོར་ལྟོས་ནས་གྲུབ་པའི་ཕྱིར། འོ་ན། འཕགས་པ་ས་ལུ་ལྗང་བའི་མདོ་ལས། སྲང་གི་དཔེ་བཀོད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་ས་མྱུག་དུས་མཉམ་པའི་དཔེ་མ་ཡིན་གྱི། བྱ་བ་གཉིས་དུས་མཉམ་པའི་དཔེ་ཡིན་པའི་ཕྱིར། ཕྱི་མ་ལྟར་ཡིན་ཏེ། ས་བོན་འགག་པ་ལ་མངོན་དུ་ཕྱོགས་པའི་བྱ་བ་དང་། མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་བྱ་བ་གཉིས་དུས་མཉམ་པའི་དཔེ་ཡིན་པའི་ཕྱིར། འདི་འདྲ་བའི་བྱ་བ་ནི་ཐ་སྙད་དུ་སྐྱེ་བ་ཁས་ལེན་པ་ལ་འཐད་ཀྱང་། རང་བཞིན་གྱིས་སྐྱེ་བ་ཁས་ལེན་པ་ལ་མི་འཐད་དེ། ཐ་སྙད་དུ་རྒྱུ་འབྲས་ཁས་ལེན་པ་ལ་སྐྱེ་འགག་གི་བྱ་བ་དུས་མཉམ་ཡང་ས་མྱུག་སོགས་རྒྱུ་འབྲས་དུས་མཉམ་མི་དགོས། ཅིག་ཤོས་ལ་དེ་ལྟར་མཉམ་དགོས་པའི་ཕྱིར། ཕྱི་མ་དེར་ཐལ། རྟེན་བརྟེན་པ་རང་བཞིན་གྱིས་གྲུབ་ན་ནི། རང་བཞིན་གཞན་དུ་འགྱུར་བ་མི་འཐད་པས་དུས་ནམ་གྱི་ཚེ་ཡང་བརྟེན་པར་གྲུབ་དགོས་པའི་ཕྱིར། དེས་ན། མྱུ་གུ་རང་བཞིན་གྱིས་མི་སྐྱེ་ཏེ། རང་གི་སྐྱེ་བཞིན་པའི་དུས་སུ་མེད་ཀྱང་སྐྱེ་བ་འཐད་པའི་ཕྱིར་རོ། ། གཉིས་པ་ནི་གལ་ཏེ། ས་མྱུག་གཉིས་དུས་མི་མཉམ་ཡང་། རྒྱུ་འབྲས་དུས་མཉམ་པས་གཞན་སྐྱེ་ཡོད་དེ། དཔེར་ན། མིག་གི་བློ་རྣམ་པར་ཤེས་པ་ལ་རང་གི་སྐྱེད་བྱེད་རང་དང་དུས་གཅིག་པ་མིག་ལ་སོགས་པ་དང་། དེ་དག་དང་ལྷན་ཅིག་ཏུ་འབྱུང་བ་འདུ་ཤེས་པ་ལ་སོགས་ཀྱང་ཡོད་པ་ལས་ནི། གཞན་ལས་སྐྱེ་བ་ཉིད་ཡོད་པའི་ཕྱིར། ཞེ་ན། དེ་མི་འཐད་པར་ཐལ། མིག་གི་རྣམ་ཤེས་ནི། རང་གི་སྐྱེ་བྱེད་རྒྱུའི་དུས་སུ་ཡོད་པ་ལས་སླར་ཡང་འབྱུང་བས་དགོས་པ་ཅི་ཞིག་ཡོད་དེ་མེད་པའི་ཕྱིར། ཅི་སྟེ་རྒྱུའི་དུས་སུ་དེ་མེད་ཀྱང་རང་བཞིན་གྱིས་གཞན་དུ་ཡོད་པ་མི་འགལ་ཅེ་ན། དེ་མི་འཐད་པར་ཐལ། སྔ་ཕྱི་བ་འདི་ལ་རང་བཞིན་གྱིས་གཞན་མེད་པས་དེ་ཡོད་པ་ལ་ཉེས་པ་ཡིན་པ་སྔར་བཤད་ཟིན་པའི་ཕྱིར་རོ། ། གསུམ་པ་ནི། སྐྱེད་པར་བྱེད་པ་རང་ལས་བསྐྱེད་བྱ་གཞན་སྐྱེད་པར་བྱེད་པ་དེ་རྒྱུ་ཡིན་ན། དེའི་ཚེ་རྒྱུ་དེས་འབྲས་བུ་རང་བཞིན་གྱིས་ཡོད་པ་འམ། འོན་ཏེ་མེད་པ་དང་། ཡོད་མེད་གཉིས་ཀ་ཡིན་པ་དང་། གཉིས་ཀ་དང་བྲལ་བ་ཞིག་སྐྱེད་ཅེས་བརྟག་གྲང་། དང་པོ་ལྟར་ཡོད་དེ་ཞེ་ན། མྱུ་གུ་སོགས་འབྲས་བུ་ལ་སྐྱེད་བྱེད་ཅི་དགོས་ཏེ་མི་དགོས་པར་ཐལ་རྒྱུ་དུས་སུ་རང་བཞིན་གྱིས་ཡོད་པ་སླར་ཡང་སྐྱེ་བ་མི་འཐད་པའི་ཕྱིར། འབྲས་བུ་མེད་པ་ལའང་རྐྱེན་དེས་ནི་ཅི་ཞིག་བྱ་སྟེ་མི་རིགས་པར་ཐལ། མེད་པ་རྐྱེན་གྱིས་བསྐྱེད་པར་མི་ནུས་པའི་ཕྱིར། ཡོད་མེད་གཉིས་ཀ་ཉིད་ལ་རྐྱེན་དེས་ཅི་ཞིག་བྱ་སྟེ་མི་འཐད་པར་ཐལ། དེ་གཉིས་ཀ་ཡིན་པ་མི་སྲིད་པའི་ཕྱིར། ཡོད་མེད་གཉིས་ཀ་དང་བྲལ་བ་ལའང་རྐྱེན་དེས་ཅི་ཞིག་བྱ་སྟེ་མི་རིགས་པར་ཐལ། དེ་གཉིས་གང་རུང་མ་ཡིན་པ་མེད་པའི་ཕྱིར་རོ། ། གཉིས་པ་ལ་གཉིས། འཇིག་རྟེན་གྱི་གྲགས་པས་གཞན་སྐྱེ་ཁས་བླངས་ནས་འཇིག་རྟེན་གྱི་གནོད་པ་སྤང་བ། འཇིག་རྟེན་གྱི་ཐ་སྙད་དུ་ཡང་གཞན་སྐྱེ་མེད་པས་འཇིག་རྟེན་གྱི་གནོད་པ་སྤང་པའོ། དང་པོ་ལ་གཉིས། རྩོད་པ་དང་། ལན་ནོ། །དང་པོ་ནི། གཞན་ལས་སྐྱེ་བ་ཡོད་པ་འདིར་ནི་དེ་འགོག་པའི་རིགས་པ་གཞན་སྨྲས་པ་ཉིད་ཀྱིས་ལྟ་གོ་ཅི་ཞིག་བྱ་སྟེ་བྱར་མེད་པར་ཐལ། འཇིག་རྟེན་པ་གང་གིས་རང་གི་ལྟ་བ་ཁོ་ན་ལ་གནས་ནས་འཇིག་རྟེན་གྱི་མཐོང་བའི་ཤེས་པ་ཚད་མར་འདོད་པས་ན་མཐོང་བ་དེ་འགོག་པ་ལ། འཇིག་རྟེན་གྱི་གྲགས་པས་གནོད་པའི་ཕྱིར། གཞན་ལས་སྐྱེ་བ་ཡོད་པ་འདིར་ནི་རིགས་པ་གཞན་བསྟན་པ་དེ་དག་ཀུན། ཅི་ཞིག་དགོས་ཏེ་མི་དགོས་པར་ཐལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་ལས་འབྲས་བུ་གཞན་འབྱུང་བ་ཡང་འཇིག་རྟེན་པ་ཡི་མངོན་སུམ་གྱིས་རྟོགས་པར་འགྱུར་ཏེ་རྒྱུ་མཚན་དེས་ནའི་ཕྱིར་རོ། །ཞེ་ན། གཉིས་པ་ལ་ལྔ། བདེན་གཉིས་སྤྱིའི་རྣམ་གཞག སྐབས་ཀྱི་དོན་ལ་སྦྱར་བ། བདེན་གཉིས་སོ་སོའི་ངོ་བོ་བཤད་པ་། བཀག་པ་ལ་འཇིག་རྟེན་གྱི་གནོད་པ་དགག་པ། འཇིག་རྟེན་གྱིས་གནོད་ཚུལ་བསྟན་པའོ། །དང་པོ་ལ་གསུམ། བདེན་གཉིས་ཀྱི་ངོ་བོའི་དབྱེ་བས་དེ་གཉིས་ཀྱི་རྣམ་གཞག་གསལ་བར་བསྟན་པ། འཇིག་རྟེན་ལ་ལྟོས་ཏེ་ཀུན་རྫོབ་ཀྱི་དབྱེ་བ་ཞེན་ཡུལ་ལ་འཁྲུལ་པའི་ཞེན་ཡུལ་ཐ་སྙད་དུ་ཡང་མེད་པར་བསྟན་པའོ། །དང་པོ་ལ་གཉིས། ཚིག་དོན་དང་། སྤྱི་དོན་ནོ། །དང་པོ་ནི། ཕྱི་ནང་གི་དངོས་པོ་ཀུན་ཆོས་ཅན། རང་རང་གི་སྟེང་ན་ངོ་བོ་གཉིས་གཉིས་ནི་འཛིན་པར་འགྱུར་ཏེ། ཡུལ་ཡང་དག་པ་མཐོང་བ་རིག་ཤེས་ཚད་མའི་རྙེད་དོན་དང་། རྫུན་པ་མཐོང་བ་ཐ་སྙད་པའི་ཚད་མ་ཡིས་རྙེད་དོན་གྱི་དངོས་པོ་སྟེ་ངོ་བོ་གཉིས་གཉིས་ཡོད་པའི་ཕྱིར། ཡང་དག་པ་མཐོང་བའི་རིག་ཤེས་ཚད་མས་རྙེད་པའི་ཡུལ་མྱུ་གུ་བདེན་སྟོང་གང་ཡིན་པ་དེ་ཆོས་ཅན། དེ་ཁོ་ན་ཉིད་དོན་དམ་པའི་བདེན་པར་འདོད་དེ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མའི་རྙེད་དོན་གང་ཞིག་ཚད་མ་དེ་ཁྱོད་ལ་མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མར་སོང་བའི་ཕྱིར། མཐོང་བའི་རྫུན་པ་ཐ་སྙད་པའི་ཚད་མའི་རྙེད་དོན་དུ་གྱུར་པའི་མྱུ་གུ་ཆོས་ཅན། ཀུན་རྫོབ་ཀྱི་བདེན་པར་གསུངས་ཏེ། ཐ་སྙད་དཔྱོད་པའི་རིག་ཤེས་ཚད་མའི་རྙེད་དོན་གང་ཞིག་ཚད་མ་དེ་ཁྱོད་ལ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མར་སོང་བ་ཡིན་པའི་ཕྱིར། གཉིས་པ་ནི། འདིར་བདེན་གཉིས་ཀྱི་རྣམ་གཞག་འཆད་པའི་རྒྱུ་མཚན་ཡོད་དེ། གཞན་སྐྱེ་བཀག་པ་ལ་འཇིག་རྟེན་གྱི་གནོད་པ་སྤངས་ནས་བདེན་གཉིས་ཀྱི་རྣམ་དབྱེ་ཕྱིན་ཅི་མ་ལོག་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། བདེན་གཉིས་ཀྱི་རྣམ་དབྱེ་ཤེས་པ་ལ་དགོས་པ་ཡོད་དེ། དེ་མ་ཤེས་ན་ཟབ་མོའི་དེ་ཁོ་ན་ཉིད་མི་ཤེས་ཤིང་། མ་ཤེས་ན་འཁོར་བ་ལས་མི་གྲོལ་བའི་ཕྱིར་ཏེ། ཐ་སྙད་བདེན་པ་ལ་མ་བརྟེན་པར་དོན་དམ་པའི་བདེན་པ་རྟོགས་པར་མི་ནུས་པའི་ཕྱིར་དེར་ཐལ། རྩ་ཤེ་ལས། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོག་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་པ་དང་། འདིར་ཡང་། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། ཞེས་སོགས་གསུངས་པའི་ཕྱིར། ཤེས་བྱ་བདེན་གཉིས་ཀྱི་དབྱེ་གཞི་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད། ཞེས་གསུངས་པའི་ཕྱིར། འདིས་ཇི་ལྟར་བསྟན་པའི་ཚུལ་ཡོད་དེ། ཤེས་པར་བྱ་བ་ཡང་ཞེས་པས་དབྱེ་གཞི་དང་། འདིར་ཟད་ཅེས་པས་གྲངས་ངེས་དང་། ཐུགས་སུ་ཆུད་ཅེས་པས་མཁྱེན་པར་བསྟན་པའི་ཕྱིར། དོན་དམ་བདེན་པའི་མཚན་ཉིད་ཡོད་དེ། ཁྱོད་གང་གིས་རྙེད་པའི་ཚད་མ་དེ་ཁྱོད་ལ་ལྟོས་ཏེ་མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མར་སོང་བའི་རྙེད་དོན་དེ། དེ་ཡིན་པའི་ཕྱིར། མཚན་གཞི་ནི། མྱུ་གུ་རང་བཞིན་གྱིས་མ་གྲུབ་པ་ལྟ་བུའོ། །རྒྱས་པར་དབྱེ་ན་སྟོང་ཉིད་བཅུ་དྲུག་དང་། བསྡུ་ན། གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་མེད་ཕྲ་མོ་གཉིས་སུ་འདུ་བ་ཡིན་ཏེ། སྟོང་གཞི་ལ་གང་ཟག་དང་དེ་ལས་གཞན་པའི་ཆོས་གཉིས་སུ་ངེས་པའི་ཕྱིར། ཀུན་རྫོབ་བདེན་པའི་མཚན་ཉིད་ཡོད་དེ། ཁྱོད་གང་གིས་རྙེད་པའི་ཚད་མ་དེ་ཁྱོད་ལ་ལྟོས་ཏེ་ཐ་སྙད་དཔྱོད་པའི་རིག་ཤེས་ཚད་མར་སོང་བའི་རྙེད་དོན་དེ། དེ་ཉིད་ཡིན་པའི་ཕྱིར། མཚན་གཞི་ནི། མྱུ་གུ་ལྟ་བུའོ། །འདིར་ཀུན་རྫོབ་བདེན་པ་ལ་ཡང་ལོག་གི་དབྱེ་བ་མི་འབྱེད་ཀྱང་། འཇིག་རྟེན་ཤེས་ངོ་ལ་ལྟོས་ནས་ཡང་ལོག་གཉིས་ཀྱི་དབྱེ་བ་བྱེད་དེ། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དབང་པོའི་ཤེས་པ་ཡུལ་དང་བཅས་པ་རྣམས། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡུལ་ཡུལ་ཅན་ལོག་པ་དང་། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོའི་ཤེས་པ་ཡུལ་དང་བཅས་པ་རྣམས། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡུལ་ཡུལ་ཅན་ཡང་དག་པར་འཆད་པར་འགྱུར་པའི་ཕྱིར། མྱུ་གུ་བདེན་སྟོང་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དོན་ཡང་ཡིན། དམ་པ་ཡང་ཡིན། བདེན་པ་ཡང་ཡིན་པས་ནི་དེ་ལྟར་བརྗོད་པའི་ཕྱིར། དང་པོ་དེར་ཐལ། སློབ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་རྙེད་དོན་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། གནས་ལུགས་ཀྱི་དམ་པ་ཡིན་པའི་ཕྱིར། གསུམ་པ་དེར་ཐལ། སྣང་ཚུལ་དང་གནས་ཚུལ་མཐུན་པར་བདེན་པའི་མི་བསླུ་བ་ཡིན་པའི་ཕྱིར། མྱུ་གུ་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འཆད་འགྱུར་ལྟར་རང་ཉིད་བདེན་པར་འཛིན་པའི་བདེན་འཛིན་གྱི་ངོ་བོར་བདེན་ཡང་དོན་ལ་བརྫུན་པས་ན། དེ་ལྟར་བརྗོད་པའི་ཕྱིར། བདེན་རྫུན་གྱི་ཁྱད་པར་དེ་ལྟར་འཐད་པ་ཡིན་ཏེ། མྱུ་གུ་ལྟ་བུའི་ཆོས་གཅིག་གི་སྟེང་དུ་རྫུན་པ་བསླུ་བའི་ཆོས་ཅན་དུ་ཡོངས་གཅོད་ལ་གྲུབ་ན། མི་བསླུ་བའི་ཆོས་ལེན་པ་རྣམ་བཅད་ལ་ཁེགས་དགོས་པའི་ཕྱིར། ཁྱབ་སྟེ། བསླུ་མི་བསླུ་གཉིས་ཕན་ཚུན་དངོས་འགལ་ཡིན་པའི་ཕྱིར་ཏེ། དབུ་མ་སྣང་བ་ལས། གང་ཞིག་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མེད་པ་དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། མྱུ་གུ་རང་ཉིད་བདེན་སྟོང་ཡིན་ཀྱང་། མྱུ་གུ་ངེས་ན་དེ་བདེན་སྟོང་ཡིན་པར་ངེས་པའི་ཁྱབ་པ་མེད་དེ། མྱུ་གུ་བདེན་སྟོང་ངེས་ན་དོན་དམ་བདེན་པ་ངེས་དགོས། མྱུ་གུ་ནི་སྟོང་ཉིད་རྟོགས་མ་མྱོང་པའི་ཐ་སྙད་པའི་ཚད་མས་ཀྱང་ངེས་པའི་ཕྱིར། མྱུ་གུ་ཀུན་རྫོབ་བདེན་པ་ཡིན་ཀྱང་དེ་ངེས་པས་དེ་ཀུན་རྫོབ་བདེན་པར་ངེས་པའི་གོ་ཆོད་པ་མ་ཡིན་ཏེ། གཞི་དེ་ཀུན་རྫོབ་བདེན་པར་ཚད་མས་ངེས་པའི་གང་ཟག་ཡིན་ན། དབུ་མའི་ལྟ་བ་རྙེད་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། རྣམ་བཤད་ལས། གཞི་དེ་ཀུན་རྫོབ་བདེན་པ་ཡིན་པར་ཚད་མས་རྙེད་པ་ལ་ནི། དབུ་མའི་ལྟ་བ་རྙེད་པ་ཅིག་ངེས་པར་དགོས་ཏེ། གཞི་དེ་ཀུན་རྫོབ་བདེན་པར་གྲུབ་ན་བརྫུན་པར་གྲུབ་དགོས་ཤིང་། བརྫུན་པར་དངོས་སུ་འགྲུབ་པ་ལ་གཞི་དེ་ལ་སྔོན་དུ་བདེན་གྲུབ་ཚད་མས་ཁེགས་དགོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། ཤེས་བྱ་ལ་བདེན་པ་གཉིས་སུ་ཕྱེ་བར་མ་ཟད། མཐོང་བ་བརྫུན་པའི་ཡུལ་ཅན་ཆོས་ཅན། ཁྱོད་ལའང་རྣམ་པ་གཉིས་སུ་འདོད་དེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོ་གསལ་བ་དང་། དེ་ལ་བརྟེན་པའི་ཤེས་པ་དང་། འཁྲུལ་རྒྱུ་དེས་བསླད་པའི་དབང་པོ་སྐྱོན་ལྡན་དང་། དེ་ལ་བརྟེན་པའི་ཤེས་པ་གཉིས་ཡོད་པའི་ཕྱིར། དེ་འདྲའི་སྐྱོན་དང་ལྡན་པའི་དབང་པོ་རྣམས་ཀྱི་ཤེས་པ་ནི་ཆོས་ཅན། དེས་མ་བསླད་པའི་དབང་པོ་ལེགས་པར་གྱུར་པའི་ཤེས་པ་ལ་ལྟོས་ནས་ལོག་པའི་ཤེས་པར་འདོད་དེ། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་ཤེས་པ་ཡིན་པའི་ཕྱིར། འཕྲལ་གྱི་འཁྲུལ་རྒྱུའི་གནོད་པ་མེད་པའི་དབང་པོ་དྲུག་པོ་རྣམས་ཀྱི་གཟུང་བར་བྱ་བའི་དོན་གང་ཞིག་འཇིག་རྟེན་གྱིས་རྟོགས་པའི་གཟུགས་སོགས་དེ་རྣམས་ཆོས་ཅན། འཇིག་རྟེན་གྱི་ཤེས་ངོ་ཉིད་ལས་ལྟོས་པའི་བདེན་པ་ཡིན་ཏེ། དེ་ཁོ་ན་ཉིད་ལ་མངོན་དུ་མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་ལོག་པར་རྟོགས་མི་ནུས་པའི་ཆོས་ཡིན་པའི་ཕྱིར། ལྷག་མ་གཟུགས་བརྙན་དང་བྲག་ཆ་དང་སྨིག་རྒྱུའི་ཆུ་ལ་སོགས་པ་རྣམས་ནི་ཆོས་ཅན། འཇིག་རྟེན་ཤེས་ངོ་ཉིད་ལ་ལྟོས་ནས་ལོག་པར་རྣམ་པར་གཞག་པ་ཡིན་ཏེ། སྔར་གྱི་ཚད་མ་དེས་ལོག་པར་རྟོགས་ནུས་པའི་ཕྱིར། གཉིས་པ་ནི། འདིར་འཇིག་རྟེན་ཤེས་ངོ་ལ་ལྟོས་ནས་ཡང་ལོག་གཉིས་ཀྱི་དབྱེ་བ་བྱེད་ན། དེ་གཉིས་གྱི་ཁྱད་པར་གང་ཡིན་ཞེ་ན། ཡོད་དེ། འཕྲལ་གྱི་འཁྲུལ་རྒྱུ་རབ་རིབ་དང་། མིག་སེར་དང་། ད་དྷུ་ར་སྟེ་ཐང་ཕྲོམ་གྱི་འབྲས་བུ་ཟོས་པ་སོགས་ནང་ན་ཡོད་པ་དང་། ཆུ་དང་། ཏིལ་མར་དང་། བྲག་ཕུག་གི་སྒྲ་དང་། དཔྱིད་དུས་ཀྱི་ཉི་མའི་འོད་ཟེར་བྱེ་མ་སྐྱ་བོའི་ཡུལ་དང་ཉེ་བ་རྣམས་རྐྱེན་ཕྱི་ན་ཡོད་པ་ཡིན་ལ། དེ་རྣམས་ཀྱིས་བསླད་པ་ལ་བརྟེན་ནས་སྐྱེས་པའི་དབང་པོའི་ཤེས་པ་རྣམས་དང་། རྐྱེན་དེ་དག་ཐམས་ཅད་དང་གཉིས་དང་གྲུབ་མཐའ་ངན་པ་དང་གཏན་ཚིགས་ལྟར་སྣང་སོགས་ལ་བརྟེན་ནས་སྐྱེས་པའི་ཡིད་ཤེས་རྣམས་དང་། དེ་དག་ཡུལ་དང་བཅས་པ་ནི། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ལོག་པ་དང་། རྒྱུ་དེ་ལྟ་བུ་རྣམས་ཀྱིས་མ་བསླད་པའི་དབང་པོ་དང་། ཡིད་ཀྱི་ཤེས་པ་ཡུལ་དང་བཅས་པ་ནི། དེ་ལ་ལྟོས་པའི་ཡང་དག་ཡིན་པའི་ཕྱིར། དང་པོ་དེར་ཐལ། རྐྱེན་དེ་ལྟ་བུ་སོགས་ལ་བརྟེན་ནས་བསེ་རུའི་ནང་དུ་སྐྲ་ཤད་འཛག་སྣང་གི་དབང་ཤེས་དང་། དུང་དཀར་སེར་འཛིན་དང་། གཟུགས་བརྙན་བྱད་བཞིན་དུ་འཛིན་པ་དང་། སྨིག་རྒྱུ་ལ་ཆུར་འཛིན་གྱི་དབང་ཤེས་དང་རྟོག་པ་སོགས་སྐྱེ་བ་ཡོད་པའི་ཕྱིར། ཕྱི་མ་གཉིས་དེར་ཐལ། དེ་རྣམས་གྱིས་བསླད་པ་ལ་བརྟེན་ནས་སྐྱེས་པའི་དབང་ཤེས་རྟོག་པ་ཡུལ་དང་བཅས་པ་ནི། འཇིག་རྟེན་རང་ཁ་བའི་ཐ་སྙད་པའི་ཤེས་པས་ཡང་དག་མ་ཡིན་པར་རྟོགས་ནུས། རྒྱུ་དེ་ལྟ་བུ་རྣམས་ཀྱིས་མ་བསླད་པའི་དབང་ཤེས་རྟོག་པ་ཡུལ་དང་བཅས་པ་ནི་ཤེས་པ་དེས་དེ་ལྟར་རྟོགས་མི་ནུས་པའི་ཕྱིར། འཁྲུལ་རྒྱུ་དེ་ལ་ཡུལ་ལ་ཡོད་པ་སོགས་དུ་མ་ཡོད་དེ། སྨིག་རྒྱུ་ལ་ཆུར་འཛིན་པའི་ཚེ་རྐྱེན་ཡུལ་ལ་ཡོད་པ་དང་། གྲུར་ཞུགས་ནས་ལྗོན་ཤིང་འགྲོ་བར་སྣང་བའི་ཚེ་རྟེན་ལ་ཡོད་པ་དང་། ས་གཞི་དམར་སྣང་གི་དབང་ཤེས་སྐྱེས་པའི་ཚེ་དེ་མ་ཐག་རྐྱེན་ལ་ཡོད་པ་དང་། བསེ་རུ་གཙང་མའི་ནང་དུ་སྐྲ་ཤད་འཛག་སྣང་གི་དབང་ཤེས་སྐྱེས་པའི་ཚེ་འཁྲུལ་རྒྱུ་བདག་རྐྱེན་ལ་ཡོད་པའི་ཕྱིར། བྱད་བཞིན་གྱི་གཟུགས་བརྙན་དང་དེར་འཛིན་པའི་ཤེས་པ་ལྟ་བུ་འཇིག་རྟེན་ཤེས་ངོས་ལ་ལྟོས་པའི་ཡུལ་ཡུལ་ཅན་ལོག་པ་ཡིན་ཏེ། དེ་སྟོང་ཉིད་རྟོགས་པ་ལ་མ་ལྟོས་པར་འཇིག་རྟེན་རང་ཁ་བས་སྣང་བ་ལྟར་དུ་མ་གྲུབ་པར་རྟོགས་ནུས་པའི་ཕྱིར། བྱད་བཞིན་དང་ངེ་འཛིན་པའི་ཤེས་པ་ལྟ་བུ་དེ་ལ་ལྟོས་པའི་ཡུལ་ཅན་ཡང་དག་ཡིན་ཏེ། དེ་སྟོང་ཉིད་རྟོགས་པ་ལ་མ་ལྟོས་པར་འཇིག་རྟེན་རང་ཁ་བས་སྣང་བ་ལྟར་དུ་མ་གྲུབ་པར་རྟོགས་མི་ནུས་པའི་ཕྱིར། འཕྲལ་གྱི་འཁྲུལ་རྒྱུ་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། མ་རིག་པ་ལྷན་སྐྱེས་སོགས་འཁྲུལ་རྒྱུ་ལྷན་སྐྱེས་སམ་ཕུག་གི་འཁྲུལ་རྒྱུ་རྣམ་འདིའི་རྒྱུར་མི་འདོད་པའི་ཕྱིར། འཕྲལ་གྱི་འཁྲུལ་རྒྱུ་བདག་འཛིན་ཀུན་བཏགས་གཉིས་ཀྱི་ཞེན་ཡུལ་མེད་པ་ནི་སྟོང་ཉིད་རྟོགས་པ་ལ་མ་ལྟོས་པར་ངེས་མི་ནུས་ཏེ། ཞེན་ཡུལ་མེད་པ་དེ་སྟོང་ཉིད་ཡིན་པའི་ཕྱིར། ཐལ་འགྱུར་བས་ཀུན་རྫོབ་ལ་ཡང་ལོག་གཉིས་ཀྱི་དབྱེ་བ་མི་བྱེད་དེ། ཀུན་རྫོབ་བདེན་པ་ལ་སྣང་བ་ལྟར་གྲུབ་པའི་ཀུན་རྫོབ་བདེན་པ་དང་། སྣང་བ་ལྟར་མ་གྲུབ་པའི་ཀུན་རྫོབ་བདེན་པ་གཉིས་ཀྱི་དབྱེ་བ་མི་འཐད་པའི་ཕྱིར། དེར་ཐལ། ཀུན་རྫོབ་བདེན་པ་ཡིན་ན། སྣང་ཚུལ་བདེན་པར་སྣང་ཡང་། གནས་ཚུལ་བརྫུན་པར་གྲུབ་པས་ཁྱབ་པའི་ཕྱིར། ཐལ་རང་གཉིས་ཀྱིས་ཚུལ་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་པོའི་མངོན་སུམ་ལ་འཁྲུལ་མ་འཁྲུལ་གྱི་ཁྱད་པར་འབྱེད་པའི་རྒྱུ་མཚན་ཡོད་དེ། ཐལ་འགྱུར་བས་དེ་འཁྲུལ་པར་ཁས་ལེན་ཅིང་། ཅིག་ཤོས་ཀྱིས་ཁས་མི་ལེན་ལ། དེ་ནི་ཀུན་རྫོབ་ལ་ཡང་ལོག་གི་དབྱེ་བ་བྱེད་མི་བྱེད་དང་། རང་གི་མཚན་ཉིད་ཀྱི་གྲུབ་པ་ཁས་ལེན་མི་ལེན་ལ་ཐུག་པའི་ཕྱིར། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་ལོག་གཉིས་ཀྱི་དབྱེ་བ་བྱེད་ཀྱང་དེར་ལྟོས་པའི་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་ཀྱི་དབྱེ་བ་མི་བྱེད་དེ། བློ་གང་གི་ངོར་ཡང་དག་ཏུ་སོང་ན། དེའི་ངོ་བོར་ཀུན་རྫོབ་ཏུ་མ་སོང་དགོས་པའི་ཕྱིར་ཏེ། དེའི་ངོ་བོར་ལོག་པར་མ་སོང་དགོས་པའི་ཕྱིར། དེར་ཐལ། བྱད་བཞིན་དེ་བློ་གང་ལ་ལྟོས་ནས་ཡང་དག་ཏུ་འཇོག་པའི་བློ་ཡིན་ན། དེ་ལ་ལྟོས་ནས་ལོག་པ་དང་བརྫུན་པར་འཇོག་པའི་བློ་མིན་དགོས་པའི་ཕྱིར། གསུམ་པ་ལ། ཁ་ཅིག ཀུན་རྫོབ་ལ་ཡང་ལོག་གཉིས་ཀྱི་དབྱེ་བ་འཐད་པར་ཐལ། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཀུན་རྫོབ་ལ་ཡང་ལོག་གཉིས་ཀྱི་དབྱེ་བ་འཐད་པའི་ཕྱིར། ཁ་ཅིག མ་ཁྱབ་ཟེར། མ་གྲུབ་ན་དེར་ཐལ། ཀུན་རྫོབ་ལ་འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་ལོག་གཉིས་ཀྱི་དབྱེ་བ་འཐད་པའི་ཕྱིར། ཟེར་ན། རྣམ་པ་གཅིག་ཏུ་མ་ཁྱབ། མ་གྲུབ་ན་དེར་ཐལ། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་ལོག་གཉིས་ཀྱི་དབྱེ་བ་འཐད་པའི་ཕྱིར་ཟེར་ན། མ་ཁྱབ། འདོད་མི་ནུས་སོ། ཁ་ཅིག །འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་དག་དང་ལོག་པ་གང་རུང་ཡིན་ན། ཡོད་པས་ཁྱབ་པར་ཐལ། ཡང་ལོག་གང་རུང་ཡིན་ན། ཡོད་པས་ཁྱབ་པའི་ཕྱིར། ཟེར་ན། མ་ཁྱབ། འདོད་ན། སྒྲ་རྟག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ་དེ་ལ་ལྟོས་པའི་ལོག་པ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་ལྟོས་པའི་ཡུལ་ལོག་པ་ཡིན་པའི་ཕྱིར། གཞན་ཡང་། བུམ་པ་བདེན་གྲུབ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ལ་ལྟོས་པའི་ཡང་དག་ཡིན་པའི་ཕྱིར། འདོད་ན་སླའོ། ཁ་ཅིག ཡང་དག་ཀུན་རྫོབ་ཡོད་པར་ཐལ། ལོག་པའི་ཀུན་རྫོབ་ཡོད་པའི་ཕྱིར་ཟེར་ན། མ་ཁྱབ། མ་གྲུབ་ན་དེར་ཐལ། གཟུགས་བརྙན་དང་དེ་འཛིན་པའི་ཤེས་པ་ལྟ་བུ་ལོག་པའི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། ཁ་ཅིག །འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཀུན་རྫོབ་ལ་ཡང་ལོག་གཉིས་ཀྱི་དབྱེ་བ་འཐད་པར་ཐལ། དེ་ལ་ལྟོས་པའི་ཀུན་རྫོབ་ལ་ཡང་དག་དང་ལོག་པ་གཉིས་ཡོད་པའི་ཕྱིར། དེར་ཐལ། དེ་ལ་ལྟོས་པའི་ཡང་དག་ཏུ་གྱུར་པའི་ཀུན་རྫོབ་དང་ལོག་པར་གྱུར་པའི་ཀུན་རྫོབ་གཉིས་ཡོད་པའི་ཕྱིར། ཟེར་ན། མ་ཁྱབ། ཁ་ཅིག ཀུན་རྫོབ་ཡིན་ན། ལོག་པའི་ཡིན་དགོས་པར་ཐལ། ཡང་དག་ཀུན་རྫོབ་མེད་པའི་ཕྱིར་ན། སྐབས་འདིའི་དོན་གྱི་དབང་དུ་བྱས་ནས་འདོད་བྱས་པར། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མི་འཐད་པར་ཐལ། ཡང་དག་ཡིན་པའི་ཕྱིར། དེར་ཐལ། ཡང་དག་པའི་ཤེས་པ་ཡིན་པའི་ཕྱིར་ན། མ་ཁྱབ་སྟེ་དོན་མི་འདྲ་བའི་ཕྱིར། སྐབས་དོན་གཞན་གྱི་ཚེ་འདོད་མི་རིགས་པའང་ཡོད་དེ། དགེ་བའི་ཕྱོགས་ལ་ཡང་དག་དང་། མི་དགེ་བའི་ཕྱོགས་སུ་སོང་བ་ལ་ལོག་པའི་ཐ་སྙད་བྱེད་པ་ཡོད་པའི་ཕྱིར། དེས་ན། འདི། རྣམ་མཁྱེན་ཆོས་ཅན། ལོག་པ་ཡིན་པར་ཐལ། སྣང་ཚུལ་གཞན་དུ་སྣང་ཞིང་། གནས་ཚུལ་གཞན་དུ་གནས་པའི་ཆོས་ཡིན་པའི་ཕྱིར། དེར་ཐལ། དེ་རང་འཛིན་ཤེས་པ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ཡང་། དོན་ལ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར། ཁ་ཅིག །འཇིག་རྟེན་པའི་ཤེས་པ་ཡིན་ན། འཇིག་རྟེན་ཤེས་ངོ་ཞེས་པས་སྐབས་ཀྱི་ཤེས་པ་དེ་ཡིན་དགོས་པར་ཐལ། སྐབས་དེའི་ཤེས་པ་ནི་འཇིག་རྟེན་པའི་ཤེས་པ་ཞིག་ལ་བྱེད་པའི་ཕྱིར། ཟེར་ན། མ་ཁྱབ། མ་གྲུབ་ན་དེར་ཐལ། ཤེས་པ་དེ་སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པའི་ཐ་སྙད་པའི་ཤེས་པ་ཞིག་ལ་བྱེད་པའི་ཕྱིར། འདོད་ན། སྟོང་ཉིད་རྟོགས་པའི་འཇིག་རྟེན་པའི་ཤེས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་ཆོས་ཅན་གྱིས་བསྒྲུབ། ཁ་ཅིག འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་མིག་སོགས་དབང་པོ་དྲུག་པོ་ཤེས་པ་ཡིན་པར་ཐལ། དེ་དྲུག་ཡུལ་ཅན་ཡིན་པའི་ཕྱིར། ཟེར་ན། མ་ཁྱབ། འདོད་ན། དེ་འདྲ་པའི་མིག་གི་དབང་པོ་སོགས་དབང་པོ་གཟུགས་ཅན་ལྔ་པོ་ཡང་ཤེས་པ་ཡིན་པར་ཐལ་ལོ། ། གསུམ་པ་ནི། མི་ཤེས་པ་རྨོངས་པའི་གཉིད་ཀྱིས་རབ་ཏུ་བསྐྱོད་པའི་མུ་སྟེགས་ཅན་རྣམས་ཀྱིས་རང་གི་གཞུང་ལས་འབྱུང་བའི་བདག་དེ་ཉིད་ཇི་ལྟ་བ་བཞིན་དུ་ཡོན་ཏན་གསུམ་པ་ལ་སོགས་པ་གང་དུ་བཏགས་པ་དང་། སྒྱུ་མའི་རྟ་གླང་ལ་རྟ་གླང་མཚན་ཉིད་པ་དང་སྨིག་རྒྱུ་ལ་ཆུ་དང་སོགས་ལ་སྟེ་གཟུགས་བརྙན་ལ་བྱད་བཞིན་དང་བྲག་ཆའི་སྒྲ་ལ་བརྗོད་བྱེད་ཀྱི་སྒྲ་ལ་སོགས་པར་བཏགས་པ་གང་ཡིན་པ་དེ་དག་ཆོས་ཅན། ཇི་ལྟར་བཏགས་པ་ལྟར་གྱི་དོན་དེ་ཐ་སྙད་དུའང་ཚད་མས་མ་གྲུབ་པར་རྟོགས་པའི་ཕྱིར། དེ་ལྟར་ཡིན་གྱི། མུ་སྟེགས་པས་གང་ཟག་གི་བདག་དང་སྤྱི་གཙོ་བོར་སྒྲོ་བཏགས་པ་སོགས་མེད་པ་མིན་ཏེ། གང་ཟག་གི་བདག་དང་སྤྱི་གཙོ་བོ་དང་། སྒྱུ་མའི་རྟ་གླང་ལ་དེ་དག་ཏུ་སྒྲོ་འདོགས་པ་དང་བཏགས་པ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། འཕགས་པའི་དེ་ཁོ་ན་ཉིད་རྟོགས་པའི་གཟིགས་པ་ཁས་བླངས་ནས་གཞན་སྐྱེ་བཀག་པ་ལ་འཇིག་རྟེན་གྱི་གྲགས་པས་མི་གནོད་དེ། དྲི་མེད་སྟེ་ཟག་མེད་ཀྱི་ཡེ་ཤེས་སྤངས་པ་སྟེ་དེ་དང་བྲལ་པའི་སོ་སྐྱེའི་མ་རིགས་པས་བསླད་པའི་བློས། དེས་མ་བསླད་པ་དྲི་མ་མེད་པའི་བློས་མཐོང་བའི་དོན་ལ་གནོད་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དཔེ་ཇི་ལྟར་ན། མིག་ནི་རབ་རིབ་ཅན་ཀྱིས་སྐྲ་ཤད་ལ་སོགས་པ་དམིགས་པ་སྟེ་ཞེན་པ་ཡིས་ནི། རབ་རིབ་མེད་པའི་ཤེས་པས་སྐྲ་ཤད་སོགས་མ་མཐོང་བ་ལ་གནོད་པ་མིན་པ་དེ་བཞིན་ཡིན་པའི་ཕྱིར། གསུམ་པ་ལ་གཉིས། ཀུན་རྫོབ་ཀྱི་བདེན་པ་བཤད་པ་དང་། དོན་དམ་པའི་བདེན་པ་བཤད་པའོ། །དང་པོ་ལ་གཉིས། ཚིག་དོན་དང་། སྤྱི་དོན་ནོ། །དང་པོ་ནི། གཟུགས་སོགས་བདེན་པར་འཛིན་པའི་བདེན་འཛིན་གྱི་གཏི་མུག་ཆོས་ཅན། ཁྱོད་ལ་ཀུན་རྫོབ་ཞེས་བྱ་སྟེ། ངོ་བོ་ཇི་ལྟར་གནས་པའི་རང་བཞིན་ལྟ་བ་ལ་སྒྲིབ་བྱེད་ཡིན་པའི་ཕྱིར། བདེན་འཛིན་དེས་གཟུགས་སོགས་རང་བཞིན་གྱིས་གྲུབ་པ་མེད་པ་བཞིན་དུ་དེས་སྣང་བར་བཅོས་པའི་བཅོས་མ་སེམས་ཅན་ལ་བདེན་པར་སྣང་བ་གང་ཡིན་པ་དེ་ནི་ཆོས་ཅན། ཐུབ་པ་དེས་ཀུན་རྫོབ་ཀྱི་བདེན་པ་ཞེས་གསུངས་པ་ཡིན་ཏེ། བློ་ཀུན་རྫོབ་པ་རང་ཉིད་བདེན་པར་འཛིན་པའི་བདེན་འཛིན་གྱི་ངོ་བོར་བདེན་པའི་ཕྱིར། མདོ་གང་ལས་གསུངས་ཚུལ་ཡོད་དེ། ལང་ཀར་གཤེགས་པ་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་ཏུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་བ་གང་། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་པའི་ཕྱིར། གཟུགས་སྒྲ་སོགས་ཀུན་རྫོབ་པའི་དངོས་པོ་རྣམས་ནི་ཆོས་ཅན། ཉན་རང་དགྲ་བཅོམ་དང་དག་ས་ལ་གནས་པའི་བྱང་སེམས་རྗེས་ཐོབ་པའི་ངོ་བོར་ཀུན་རྫོབ་ཏུ་གྲུབ་ཀྱི་བདེན་པ་མ་ཡིན་ཏེ། ཐ་སྙད་དུ་བཅོས་མར་གྱུར་པའི་ངོ་བོར་སྣང་བའི་ཕྱིར། གཉིས་པ་ལ་གཉིས། གཟུགས་སོགས་ཀུན་རྫོབ་པ་གང་གི་ངོ་བོར་བདེན་མི་བདེན་གྱི་ཁྱད་པར་སོགས་བསྟན་པ་དང་། རང་རྒྱུད་པ་སོགས་དང་ཐུན་མོང་མ་ཡིན་པར་ལུགས་འདིའི་སྒྲིབ་པའི་རྣམ་གཞག་བཤད་པའོ། །དང་པོ་ནི། གཟུགས་སོགས་ཀུན་རྫོབ་པའི་ཆོས་རྣམས་ཆོས་ཅན། ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་ཉིད་བདེན་པར་འཛིན་པའི་བདེན་འཛིན་དེ་བློ་ཀུན་རྫོབ་པ་ཡིན་ལ་ཁྱོད་དེའི་ངོ་བོར་འདེན་པར་སྣང་ཡང་དོན་ལ་བདེན་པར་མ་གྲུབ་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། སྒྲ་བཤད་དེ་ཚང་བ་ཙམ་གྱིས་ཀུན་རྫོབ་བདེན་པར་འགྱུར་པ་མ་ཡིན་ཏེ། དོན་དམ་བདེན་པ་ལ་ཡང་སྒྲ་བཤད་དེ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། སྟོང་ཉིད་ལ་མཉམ་པར་གཞག་པའི་མཉམ་གཞག་ལངས་མ་ཐག་པའི་ཡེ་ཤེས་ཀྱི་ངོ་བོར་ཀུན་རྫོབ་པའི་ཆོས་རྣམས་ནི་བདེན་པ་མ་ཡིན་ཏེ། དེའི་ངོ་བོར་བཅོས་མའི་ཀུན་རྫོབ་ཙམ་ཡིན་པའི་ཕྱིར། ཀུན་རྫོབ་པའི་ཆོས་རྣམས་རང་རང་བདེན་པར་འཛིན་པའི་བདེན་འཛིན་གྱི་དབང་གིས་ཀུན་རྫོབ་བདེན་པར་བཞག་ཀྱང་། བདེན་འཛིན་དེས་ཀུན་རྫོབ་བདེན་པར་བཞག་པ་མ་ཡིན་ཏེ། དེས་བཞག་པའི་དོན་ཐ་སྙད་དུ་ཡང་མེད་པའི་ཕྱིར། དང་པོ་ལྟར་ཡིན་ཏེ། རང་འགྲེལ་ལས། དེ་ལྟར་ན་རེ་ཞིག་སྲིད་པའི་ཡན་ལག་གིས་བསྡུས་པའི་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་གོ །ཞེས་གསུངས་པའི་ཕྱིར། ཉན་རང་དགྲ་བཅོམ་པ་དང་དག་ས་ལ་གནས་པའི་བྱང་སེམས་དེ་དག་གིས་རྗེས་ཐོབ་ཀྱི་གནས་སྐབས་སུ་གཟུགས་སོགས་བདེན་པར་སྣང་ཡང་བདེན་པར་མ་གྲུབ་པར་སྒྱུ་མ་ལྟ་བུ་གཟིགས་པ་ཡིན་ཏེ། དེ་དག་གིས་བདེན་འཛིན་ས་བོན་དང་བཅས་པ་ཟད་པར་སྤངས་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉོན་མོངས་ཅན་གྱི་མ་རིག་པ་སྤངས་པས། འདུ་བྱེད་གཟུགས་བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི། བཅོས་མའི་རང་བཞིན་ཡིན་གྱི། བདེན་པ་ནི་མ་ཡིན་ཏེ། བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། གཟུགས་སོགས་ཀུན་རྫོབ་པའི་ཆོས་རྣམས་སྔར་བཤད་པའི་གང་ཟག་དེ་གསུམ་གྱི་ངོ་བོར་ཀུན་རྫོབ་ཙམ་ཡིན་ཀྱང་། གང་ཟག་གསུམ་པོ་མཐའ་དག་ལ་ནི་མ་ངེས་ཏེ། དེ་ཁོ་ན་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་གང་ཟག་དེ་གསུམ་གྱི་ངོ་བོར་ཀུན་རྫོབ་མི་སྣང་བའི་ཕྱིར། ཀུན་རྫོབ་ཙམ་ཡིན་ཞེས་པས་ཀུན་རྫོབ་བདེན་པ་ཡིན་པའི་དོན་མི་འགོག་སྟེ། དེ་ནི་བདེན་གྲུབ་ཏུ་འཛིན་པ་འགོག་པའི་ཆེད་ཡིན་པའི་ཕྱིར། ཡང་སོ་སྐྱེའི་ངོ་བོར་དོན་དམ་པར་གྲུབ་པར་སྣང་པའི་གཟུགས་སོགས་ཀུན་རྫོབ་པའི་ཆོས་རྣམས། སྟོང་ཉ ིད་མངོན་སུམ་རྟོགས་པའི་མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཡེ་ཤེས་ཀྱི་ངོ་བོར་ཀུན་རྫོབ་དང་། དེ་དག་གི་རང་བཞིན་སྟོང་པ་ཉིད་དེ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པ་རྣམས་ཀྱི་ངོ་བོར་དོན་དམ་པའི་བདེན་པ་ཡིན་ཏེ། རང་འགྲེལ་ལས། དེ་ལ་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ། དེའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་དོན་དམ་པའི་བདེན་པའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གསུམ། སྒྲིབ་གཉིས་སྤྱིའི་རྣམ་བཞག་བཤད་པ་དང་། ལུགས་འདིའི་ཉོན་མོངས་ཀྱི་རྣམ་གཞག་ཐུན་མོང་མིན་པ་བཤད་པ་དང་། སྒྲིིབ་གཉིས་ལམ་གང་གི་གནས་སྐས་སུ་སྤོང་ཚུལ་བཤད་པའོ། །དང་པོ་ནི། ས་ལམ་གྱི་རྟོགས་པ་སྐྱེ་བ་ལ་གཙོ་བོར་གེགས་བྱེད་པའི་ཁ་ན་མ་ཐོ་བ། སྒྲིབ་པའི་མཚན་ཉིད། དེ་ལ་དབྱེ་ན་ཉོན་སྒྲིབ་དང་། ཤེས་སྒྲིབ་གཉིས། ཐར་པ་ཐོབ་པ་ལ་གཙོ་བོར་གེགས་བྱེད་པའི་ཁ་ན་མ་ཐོ་བའི་རིགས་སུ་གནས་པ་དེ་དང་པོའི་མཚན་ཉིད། དེ་ལ་ཀུན་བཏགས་དང་ལྷན་སྐྱེས་གཉིས་ལས། དང་པོ་ནི། གྲུབ་མཐས་བློ་ཁ་བསྒྱུར་བའི་དབང་གིས་མྱུ་གུ་གཞན་ལས་སྐྱེ་བར་འཛིན་པའི་རྟོག་པ་ས་བོན་དང་བཅས་པ་ལྟ་བུ། གཉིས་པ་ནི། རང་གི་ངང་གིས་མྱུ་གུ་བདེན་གྲུབ་ཏུ་འཛིན་པའི་རྟོག་པ་ས་བོན་དང་བཅས་པ་ལྟ་བུ། ཐམས་ཅད་མཁྱེན་པ་ཐོབ་པ་ལ་གཙོ་བོར་གེགས་བྱེད་པའི་ཁ་ན་མ་ཐོ་བའི་རིགས་སུ་གནས་པ་དེ། ཤེས་སྒྲིབ་ཀྱི་མཚན་ཉིད། དེ་ལ་དེར་གྱུར་པའི་མངོན་འགྱུར་བ་དང་། དེ་མ་ཡིན་པ་གཉིས་ཡོད། དང་པོ་ནི། འཇུག་ཤེས་དྲུག་ལ་ཡུལ་རང་ངོས་ནས་གྲུབ་པར་སྣང་པའི་གཉིས་སྣང་འཁྲུལ་པའི་ཆ་ལྟ་བུ། གཉིས་པ་ནི། དེ་བསྐྱེད་པའི་ནུས་པའི་ངོ་བོར་གྱུར་པའི་བག་ཆགས་ལྟ་བུའོ། །འཇུག་ཤེས་དྲུག་ལ་ཡུལ་རང་ངོས་ནས་གྲུབ་པར་སྣང་བའི་གཉིས་སྣང་འཁྲུལ་པའི་ཆ་དང་། དེའི་བག་ཆགས་ཤེས་སྒྲིབ་ཡིན་ཀྱང་དེར་ངེས་པ་ནི་མིན་ཏེ། ཕྱིན་དྲུག་གི་ཉམས་ལེན་ལྷག་པར་ཐོབ་པ་དང་། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ་སོགས་ལ་གེགས་བྱེད་ཀྱི་སྒྲིབ་པ་དང་། ལས་འབྲས་ཀྱི་འབྲེལ་བ་ཕྲ་བ་ལ་རང་སྟོབས་ཀྱིས་རྨོངས་པའི་སྒྲིབ་པ་སོགས་དུ་མ་ཡོད་པའི་ཕྱིར། གཉིས་པ་ནི། རང་རྒྱུད་པ་མན་ཆད་ཀྱིས་ཡུལ་རང་ངོས་ནས་གྲུབ་པར་འཛིན་པའི་རྟོག་པ་ཉོན་མོངས་སུ་མི་འདོད་ཀྱང་། དེ་དག་གི་ལུགས་ལ་ཉོན་མོངས་ཇི་ལྟར་འཇོག་ཚུལ་ཡོད་དེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་དེ་ཉོན་མོངས་དང་། དེ་ལྟ་བུའི་ཉོན་མོངས་ཀྱི་དབང་གིས་ཆགས་སོགས་ཀྱི་ཉོན་མོངས་གཞན་རྣམས་སྐྱེ་བར་འདོད་པའི་ཕྱིར། ལུགས་འདིར་ཡང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ལ་རྟོག་པ་ཀུན་བཏགས་ཀྱིས་མ་ཁྱབ་སྟེ། རང་དུ་ལྟ་བ་དང་འབྲེལ་ཞེས་པའི་ཐད་དུ་དེ་ལ་ལྷན་སྐྱེས་ཡོད་པར་བཤད་པའི་ཕྱིར། གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་ལ་ཀུན་བཏགས་ཀྱིས་ཁྱབ་སྟེ། གང་ཟག་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་རྟོག་པ་ལ་ཀུན་བཏགས་ཀྱིས་ཁྱབ་པའི་ཕྱིར། འདིར་སྔར་བཤད་པ་དེ་དག་ཉོན་མོངས་ཡིན་པར་མ་ཟད། ཆོས་དང་གང་ཟག་རང་ངོས་ནས་གྲུབ་པའི་རྟོག་པ་ཐམས་ཅད་ཉོན་མོངས་ཡིན་ཏེ། དེ་དག་གཏི་མུག་དང་། མ་རིག་པ་དང་། བདེན་འཛིན་དུ་འདོད་པའི་ཕྱིར། བདེན་འཛིན་དེ་ཆགས་སོགས་ཉོན་མོངས་གཞན་ཐམས་ཅད་ཀྱི་རྩ་བར་ཡང་གསུངས་ཏེ། བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་གསུངས་ཤིང་། རིགས་པ་དྲུག་ཅུ་ལས་ཀྱང་། གནས་དང་བཅས་པའི་སེམས་ལྡན་ལ། །ཉོན་མོངས་དུག་ཅན་ཅིས་མི་འབྱུང་། །ཞེས་བདེན་འཛིན་ཡོད་ན་ཉོན་མོངས་གཞན་འབྱུང་བ་དང་། དེ་མེད་ན་གཞན་མི་འབྱུང་བའི་འགྲོ་ལྡོག་གསུངས་པའི་ཕྱིར། འཇིག་ལྟ་ཡིན་ན་གང་ཟག་གི་བདག་འཛིན་ཡིན་པས་ཁྱབ་ཀྱང་། གང་ཟག་གི་བདག་འཛིན་ཡིན་ན། འཇིག་ལྟ་ཡིན་པས་མ་ཁྱབ་སྟེ། ལྷས་སྦྱིན་གྱི་རྒྱུད་ཀྱི་མཆོད་སྦྱིན་རང་ངོས་ནས་གྲུབ་པར་འཛིན་པའི་རྟོག་པ་དེ་གང་ཟག་གི་བདག་འཛིན་ཡིན་ཡང་། འཇིག་ལྟ་མིན་པའི་ཕྱིར་ཏེ། འཇིག་ལྟའི་དམིགས་ཡུལ་གྱི་གཙོ་བོ་ལ་། ངའོ་སྙམ་པའི་བློ་སྐྱེ་བ་ཞིག་དགོས་ལ། ལྷས་སྦྱིན་གྱིས་མཆོད་སྦྱིན་ལ་དམིགས་ནས་ངའོ་སྙམ་པ་མི་འབྱུང་བའི་ཕྱིར། དེ་ནི་སྤྱིར་ང་ཙམ་ཡིན་པར་འཛིན་མི་སྲིད་པའི་དོན་མིན་གྱི། རང་ཉིད་དོ་སྙམ་པ་ངང་གིས་མི་འབྱུང་བའི་དོན་ཏེ། དེ་ལྟ་མ་ཡིན་ན། མཆོད་སྦྱིན་གཞན་ལ་དམིགས་ནས་ང་དང་གང་ཟག་ཏུ་འཛིན་པའི་ལྷས་སྦྱིན་གྱི་རྟོག་པ་མེད་པར་འགྱུར་བའི་ཕྱིར་རོ། །ངར་འཛིན་པའི་འཇིག་ལྟ་དང་ང་ཡིར་འཛིན་པའི་འཇིག་ལྟ་གཉིས་ཀྱིས། དམིགས་ཡུལ་གང་ཟག་ལ་དམིགས་པར་མཚུངས་ཀྱང་མི་འདྲ་བའི་ཁྱད་པར་ཡོད་དེ། ངར་འཛིན་པའི་འཇིག་ལྟས་ང་ཉིད་ལ་དམིགས་ནས་རང་ངོས་ནས་གྲུབ་པར་འཛིན། ང་ཡི་བར་འཛིན་པའི་འཇིག་ལྟས། ང་ཉིད་ལ་དམིགས་ནས་ང་ཡི་བ་ལ་ལོངས་སྤྱོད་པ་པོར་རང་ངོས་ནས་གྲུབ་པར་འཛིན་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ང་ཡི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པའི་ཤེས་རབ་ཉོན་མོངས་ཅན་ནོ། །ཞེས་གསུངས་པའི་ཕྱིར། ང་ཡིར་འཛིན་པའི་འཇིག་ལྟ་དེས། མིག་སྣ་སོགས་ང་ཡི་བ་ལ་དམིགས་པ་ཡིན་ཀྱང་། དེ་དག་རང་ངོས་ནས་གྲུབ་པར་མི་འཛིན་ཏེ། དེ་དག་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་བདེན་པར་འཛིན་པའི་བདེན་འཛིན་ཡིན་ན། ཆོས་ཀྱི་བདག་འཛིན་ཡིན་དགོས་ལ། འཇིག་ལྟ་ཡིན་ན། གང་ཟག་གི་བདག་འཛིན་ཡིན་དགོས་པའི་ཕྱིར། གསུམ་པ་ནི། དམན་ལམ་སྔོན་དུ་མ་སོང་པའི་བྱང་སེམས་ཀྱིས་སྒྲིབ་གཉིས་ལམ་གང་གི་གནས་སྐབས་སུ་སྤོང་པའི་ཚུལ་ཡོད་དེ། ཉོན་སྒྲིབ་ཀུན་བཏགས་རྣམས་མཐོང་ལམ་བར་ཆད་མེད་ལམ་གྱིས་སྤོང་། ལྷན་སྐྱེས་ལ་ཆེ་འབྲིང་དྲུག་ཏུ་བྱས་ནས་ས་དང་པོའི་ངོ་བོར་གྱུར་པའི་སྒོམ་ལམ་བར་ཆད་མེད་ལམ་ནས་ས་བདུན་པའི་སྐད་ཅིག་ཐ་མའི་བར་ཆད་མེད་ལམ་གྱིས་སྤོང་། ཤེས་སྒྲིབ་སྤོང་པའི་འགོ་བརྩོམ་པ་ནི་ས་འོག་མའི་གནས་སྐབས་སུ་འབྱུང་ཡང་། གཉིས་སྣང་འཁྲུལ་པའི་བག་ཆགས་ལ་ཤེས་སྒྲིབ་ཏུ་བྱས་པའི་འགོ་དངོས་གཉེན་བར་ཆད་མེད་ལམ་གྱིས་སྤོང་བ་ནི་ས་བརྒྱད་པ་ནས་རྩོམ་པའི་ཕྱིར། རང་རྒྱུད་པའི་སྐབས་སུ་བདེན་འཛིན་ལ་ཆེ་འབྲིང་ཆུང་དགུར་བྱས་ནས་སྤོང་ཚུལ་བཤད་པ་རྣམས་འདིར་ཁས་མི་ལེན་ཏེ། སྐབས་འདིར་བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པའི་ཕྱིར། བདེན་འཛིན་ལྷན་སྐྱེས་ལ་སྐོར་དྲུག་ཏུ་འབྱེད་ཚུལ་ཡོད་དེ། དེ་ལ་ཆེ་འབྲིང་ཆུང་གསུམ་དང་། རེ་རེར་གཉིས་གཉིས་སུ་བྱས་ནས་སྔར་བཤད་པ་ལྟར་སྤོང་བའི་ཕྱིར། རྣམ་བཤད་དང་སྟོང་འཐུན་ལས། ཤེས་སྒྲིབ་སྤོང་བའི་འགོ་ས་བརྒྱད་པ་ནས་རྩོམ་པར་གསུངས་པ་དང་མི་འགལ་ཏེ། དེ་ནི་གཉིས་སྣང་འཁྲུལ་པའི་བག་ཆགས་ལ་ཤེས་སྒྲིབ་ཏུ་བྱས་པའི་ནང་མཚན་གྱི་ཤེས་སྒྲིབ་ཀྱི་གཉེན་པོ་བར་ཆད་མེད་ལམ་གྱིས་སྤོང་པའི་འགོ་རྩོམ་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན། བྱང་སེམས་འོག་མ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་དོན་དུ་མི་གཉེར་བར་འགྱུར་ཏེ། ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་ཀྱི་ཤེས་སྒྲིབ་མི་སྤོང་པའི་ཕྱིར། དེས་ན་ཁོ་བོ་ནི་རྗེ་བཙུན་བསྟན་དར་བའི་བཞེད་པ་འདི་ཁོ་ན་འཐད་པར་སེམས་ཏེ། གཞན་གྱི་ལྟར་ན་སྔར་གྱི་སྐྱོན་དུ་མ་ཟད། ཐེག་དམན་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་པའི་བྱང་སེམས་འོག་མ་བ་རྣམས་ལ་སྤང་བྱ་གང་ཡང་མེད་པར་ཐལ་པའི་ཕྱིར་རོ། །དེར་མ་ཟད། ཤེས་སྒྲིབ་ལ་ཤེས་པ་མེད་པའང་མི་འཐད་དེ། དེ་ཡིན་ན། ངེས་དོན་གྱི་མདོ་ལས་ས་བཅུའི་ངོས་སྐལ་གྱི་སྤང་བྱ་ལ་ཀུན་དུ་རྨོངས་པ་གཉིས་གསུངས་པ་དེ་རྣམས་ཀྱང་ཉོན་སྒྲིབ་ཏུ་ཐལ་བ་དང་། ལས་འབྲས་ཀྱི་འབྲེལ་བ་ཕྲ་ཞིང་ཕྲ་བ་མཐའ་དག་ནི། སངས་རྒྱས་འབའ་ཞིག་གི་མངོན་སུམ་གྱིས་གཟིགས་པ་མི་འཐད་པར་འགྱུར་པའི་ཕྱིར། དང་པོ་དེར་ཐལ། དག་པ་ས་གསུམ་གྱི་ངོས་སྐལ་གྱི་ཀུན་ཏུ་རྨོངས་པ་དེ་དག་ཀྱང་ཉོན་སྒྲིབ་ཏུ་འགྱུར་པའི་ཕྱིར། ཕྱི་མ་དེར་ཐལ། ལས་འབྲས་ཀྱི་འབྲེལ་པ་ཕྲ་ཞིང་ཕྲ་བ་རྣམས་ལ་ལྐོག་ཏུ་གྱུར་པའི་བྱང་སེམས་ས་བརྒྱད་པ་བ་སོགས་མེད་པའི་ཕྱིར། དེར་ཐལ། ས་བརྒྱད་པའི་རྒྱུད་ལ་དེ་རྣམས་ལ་རྨོངས་པའི་རྨོངས་པ་མེད་པའི་ཕྱིར། དེར་ཐལ། དེ་ཡོད་ན། ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་ཡོད་པར་གྲུབ་པ་ལས། དེ་དང་ཤེས་པའི་གཞི་མཐུན་མེད་པའི་ཕྱིར། ཕྱི་མ་ཁས། དེ་ལྟར་ཡིན་ཀྱང་། སྟོང་འཐུན་དང་འགལ་པའི་སྐྱོན་མེད་དེ། དེ་གཙོ་བོའི་དབང་དུ་བྱས་པ་ཡིན་པའི་ཕྱིར། གསུམ་པ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། དཔེར་ན། མིག་རབ་རིབ་ཀྱི་མཐུ་ཡིས་བསླད་པ་ལ་བསེ་རུ་གཙང་མའི་ནང་དུ་སྐྲ་ཤད་ལ་སོགས་པའི་ངོ་བོ་ལོག་པ་གང་ཞིག་རྣམ་པར་བཏགས་པའི་དོན་དེ་ཉིད། དེའི་བདག་ཉིད་ཞིག་དུ་བཏགས་པ་དེར་མིག་དག་པས་སྐྲ་ཤད་སོགས་ཇི་ལྟར་བཏགས་པའི་དོན་དེ་མེད་པར་མཐོང་བ་དེ། སྐྲ་ཤད་སོགས་ཀྱི་མེད་པའི་སྡོད་ཚུལ་དེ་ཉིད་ཡིན་པ་དེ་བཞིན་དུ། དོན་དང་སྦྱོར་བའི་སྐབས་འདིར་ཡང་ཤེས་པར་གྱིས་ཏེ་བྱ་བར་རིགས་ཏེ། ད་ལྟ་སོ་སྐྱེས་གཟུགས་སོགས་བདེན་གྲུབ་ཏུ་བཟུང་བ་ལྟར་གྱི་བདེན་གྲུབ་དང་། གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་མ་ཡིན་ཞིང་། མ་རིག་པའི་རབ་རིབ་དང་བྲལ་བའི་འཕགས་པ་རྣམས་ཀྱིས་མ་རིག་པས་བསླད་པའི་སོ་སྐྱེས་བདེན་གྲུབ་ཏུ་བཏགས་པ་ལྟར་མ་གཟིགས་པའི་གཟུགས་སོགས་བདེན་པས་སྟོང་པ་དེ། གཟུགས་སོགས་ཀྱི་དེ་བཞིན་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། རབ་རིབ་ཅན་གྱི་མིག་ཤེས་དང་། དེ་དང་བྲལ་བའི་མིག་གཉིས་ཀྱིས་བསེ་རུ་གཙང་མའི་ནང་དུ་བལྟས་པའི་ཚེ་མཐོང་ཚུལ་མི་འདྲ་བའི་ཁྱད་པར་ཡོད་དེ། དང་པོ་ལ་དེའི་ནང་དུ་སྐྲ་ཤད་ཀྱི་སྣང་ཞེན་གཉིས་ཀ་ཡོད། ཕྱི་མ་ལ་དེར་སྣང་ཞེན་གཉིས་ཀ་མེད་པའི་ཕྱིར། དཔེ་དེ་བཞིན་དུ། མ་རིག་པས་བསླད་པའི་ཤེས་པ་དང་། དེས་མ་བསླད་པའི་ཤེས་པ་གཉིས་ཀྱིས་ཕུང་སོགས་ཀྱི་ཆོས་ལ་བལྟས་པའི་ཚེ་སྣང་ཚུལ་མི་འདྲ་བ་འབྱུང་སྟེ། དང་པོ་ལ་ཕུང་སོགས་རང་ངོས་ནས་གྲུབ་པར་སྣང་ཞེན་གཉིས་ཀ་ཡོད། ཕྱི་མ་ལ་ཕུང་སོགས་རང་ངོས་ནས་གྲུབ་པའི་སྣང་ཞེན་གཉིས་ཀ་མེད་པའི་ཕྱིར། དེ་ལྟར་བྱས་ན། བདེན་གཉིས་ཀྱི་ཁྱད་པར་ཡོད་དེ། མ་རིག་པས་བསླད་པའི་ཤེས་པ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བའི་གཟུགས་སོགས་ཀུན་རྫོབ་པའི་ཆོས་རྣམས། ཀུན་རྫོབ་བདེན་པ་དང་། དེས་མ་བསླད་པའི་སློབ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོར་ཕུང་སོགས་ཀུན་རྫོབ་པའི་ཆོས་རྣམས་མ་གཟིགས་པ་དེ། དེ་རྣམས་ཀྱི་དོན་དམ་པ་ཡིན་པའི་ཕྱིར། གསུམ་པ་ལ། ཁ་ཅིག ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས། མ་རིག་པས་བསླད་པའི་ཤེས་པ་ལ་སྣང་བའི་ཀུན་རྫོབ་པའི་ཆོས་རྣམས་མ་གཟིགས་པར་ཐལ། ཁྱོད་ཀྱིས་དཔེ་དོན་སྦྱོར་ཚུལ་འཐད་པའི་ཕྱིར། ཟེར་ན། མ་ཁྱབ། འདོད་ན། དེ་མི་འཐད་པ་ཐལ། དེ་ཡོད་པའི་ཕྱིར། དེ་ཐལ། སེམས་ཅན་ལ་སྣང་བའི་ཀུན་རྫོབ་པའི་ཆོས་ཡོད་པའི་ཕྱིར། ཁ་ཅིག ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས་ཇི་སྙེད་པའི་ཆོས་མ་གཟིགས་པར་ཐལ། རྩ་ཤེའི་ཊིཀ་ཆེན་ལས་དེ་ལྟར་བཤད་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། དེ་ནི། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་མ་གཟིགས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག རྣམ་མཁྱེན་ལ་དངོས་པོ་བདེན་གྲུབ་ཏུ་སྣང་བར་ཐལ། དངོས་པོ་བདེན་གྲུབ་ཏུ་སྣང་བ། དེས་གཟིགས་པའི་ཕྱིར། མ་ཁྱབ། མ་གྲུབ་ན་དེར་ཐལ། དངོས་པོ་བདེན་གྲུབ་ཏུ་སྣང་བ་ཡོད་པའི་ཕྱིར། དེར་ཐལ། དངོས་པོ་བདེན་པར་འཛིན་པའི་བདེན་འཛིན་ཡོད་པའི་ཕྱིར། ཁ་ཅིག རྣམ་མཁྱེན་གྱིས་ཤེས་བྱ་མཁྱེན་ཚུལ་ཡོད་དེ། ཇི་ལྟ་བའི་ཆོས་རྣམས་གཉིས་སྣང་ནུབ་པའི་སྒོ་ནས་གཟིགས། རང་ལས་ཐ་དད་པའི་ཇི་སྙེད་པའི་ཆོས་རྣམས་གཉིས་སྣང་དང་བཅས་པའི་སྒོ་ནས་གཟིགས། རྣམ་མཁྱེན་གྱིས་རང་ཉིད་གཉིས་སྣང་ནུབ་པའི་སྒོ་ནས་གཟིགས་པའི་ཕྱིར། ཟེར་ན། འོ་ན། རྣམ་མཁྱེན་གྱིས་རྣམ་མཁྱེན་གཉིས་སྣང་ནུབ་པའི་སྒོ་ནས། གཟིགས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། རྣམ་མཁྱེན་ཀྱིས་རང་ཉིད་ཀུན་རྫོབ་པའི་གཉིས་སྣང་ནུབ་པའི་སྒོ་ནས་གཟིགས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། ཁ་ཅིག རྣམ་མཁྱེན་གྱིས་ཇི་ལྟ་བ་གཉིས་སྣང་དང་བཅས་པའི་སྒོ་ནས་གཟིགས་པར་ཐལ། དེས་དེ་ཡུལ་ཡུལ་ཅན་ཐ་དད་པའི་གཉིས་སྣང་དང་བཅས་པའི་སྒོ་ནས་གཟིགས་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། རྣམ་མཁྱེན་གྱིས་ཇི་ལྟ་བའི་ཆོས་རྣམས་ཡུལ་ཡུལ་ཅན་འབྲེལ་མེད་རྒྱངས་ཆད་ཀྱི་གཉིས་སྣང་ནུབ་པའི་སྒོ་ནས་གཟིགས་པའི་ཕྱིར། རང་ལུགས་ལ། རྣམ་མཁྱེན་གྱིས་ཤེས་བྱ་ཇི་ལྟར་གཟིགས་པའི་ཚུལ་ཡོད་དེ། དོན་དམ་བདེན་པ་རྣམས་གཉིས་སྣང་ནུབ་པའི་སྒོ་ནས་རྟོགས། ཀུན་རྫོབ་བདེན་པ་རྣམས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པའི་ཕྱིར། དང་པོ་བསྒྲུབས་ཟིན། ཕྱི་མ་དེར་ཐལ། རྣམ་བཤད་ལས། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དེའི་ངོ་བོར་ཡུལ་དང་ཡུལ་ཅན་གཉིས་སུ་སྣང་བའི་ཚུལ་གྱིས་མཁྱེན་པའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་ངོར་ཇི་སྙེད་པ་མ་གཟིགས་པར་ཐལ། དེས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་མ་གཟིགས་པའི་ཕྱིར། དེར་ཐལ། དེས་ཇི་ལྟ་བ་གཟིགས་པ་ལྟར་དུ། ཇི་སྙེད་པ་མ་གཟིགས་པའི་ཕྱིར། དེར་ཐལ། དེ་ཇི་ལྟ་བའི་ཆོས་རྣམས་སྤྲོས་མེད་ཀྱི་ཚུལ་གྱིས་གཟིགས། ཇི་སྙེད་པའི་ཆོས་རྣམས་སྤྲོས་བཅས་ཀྱི་ཚུལ་དུ་གཟིགས་པའི་ཕྱིར་ན་གོང་དུ་མ་ཁྱབ། འདོད་ན། དེ་མི་འཐད་པར་ཐལ། དེས་ཇི་ལྟ་བ་གཟིགས་པའི་ངོར་ཇི་སྙེད་པ་ཡོད་པའི་ཕྱིར། དེར་ཐལ། སངས་རྒྱས་ཀྱི་ཇི་ལྟ་བ་གཟིགས་པའི་ཡེ་ཤེས་ཀྱི་ངོར་ཇི་སྙེད་པ་ཡོད་པའི་ཕྱིར་དང་། རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་ཚེ་ཇི་སྙེད་པ་ཡོད་པའི་ཕྱིར། སྔ་ཕྱི་གཉིས་ཀ་དེར་ཐལ་རྣམ་མཁྱེན་གྱིས་བདེན་གཉིས་དུས་ཅིག་ཅར་དུ་གཟིགས་པའི་ཕྱིར། ཁ་ཅིག་ན་རེ། རྣམ་མཁྱེན་གྱིས་ཕུང་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་མ་གཟིགས་པར་ཐལ། དེས་དེ་མ་གཟིགས་པའི་ཚུལ་གྱིས་དེ་དག་གི་དེ་ཁོ་ན་ཉིད་གཟིགས་པའི་ཕྱིར་ཟེར་ན། མ་ཁྱབ། འོ་ན། གསལ་བ་ཁྱོད་རང་གི་དེར་ཐལ། དེས་ཕུང་སོགས་ཀྱི་དེ་ཁོ་ན་ཉིད་གཟིགས་པའི་གཟིགས་ངོར་ཕུང་སོགས་མ་གཟིགས་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། དངོས་པོ་བྱས་པ་ཅན་ལ་མ་རེག་པར་རང་བཞིན་འབའ་ཞིག་མངོན་དུ་མཛད་པས་དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར་དང་། མདོ་ལས། མ་མཐོང་བ་ནི་མཐོང་བ་དམ་པའོ། །ཞེས་གསུངས་པའི་ཕྱིར། ལུང་ཕྱི་མའི་དོན་ནི། ཡུལ་ཅི་ཡང་མ་མཐོང་བ་མཐོང་བ་དམ་པའི་དོན་མ་ཡིན་ཏེ། ཀུན་རྫོབ་ཀྱི་སྤྲོས་པ་མ་མཐོང་བའི་ཚུལ་གྱིས་དེ་དག་གི་དེ་ཁོ་ན་ཉིད་མཐོང་བ་དེ། མཐོང་བ་དམ་པའི་དོན་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། དཔེར་ན། དགག་བྱ་ཐོགས་བཅས་ཀྱི་རེག་བྱ་མ་མཐོང་པས། ནམ་མཁའ་མཐོང་ཞེས་བརྗོད་པ་ལྟར། གཞི་གང་དུ་བདེན་གྲུབ་སོགས་ཀྱི་སྤྲོས་པ་མ་མཐོང་བ་ཞིག་ལ། ཆོས་ཉིད་མཐོང་ཞེས་འཇོག་རིགས་པའི་ཕྱིར། དེར་ཐལ། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ངོ་། འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མི་མཐོང་བ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དོན་འདིར་བརྟགས་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར། བཞི་པ་ནི། གཞན་སྐྱེ་བཀག་པ་ལ་འཇིག་རྟེན་གྱིས་མཐོང་བའི་མི་གནོད་དེ། གཞན་སྐྱེ་འགོག་པ་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་ཡིིན་པའི་ཕྱིར། གལ་ཏེ་འཇིག་རྟེན་གྱིས་མཐོང་བ་དེ་ཁོ་ན་ཉིད་ལ་ཚད་མ་ཡིན་ནོ་ཞེ་ན་ནི། མ་རིག་པ་སྤོང་པའི་ཆེད་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བར་འཕགས་པའི་གང་ཟག་གཞན་གྱིས་ཅི་བྱ་དགོས་ཏེ། དགོས་པ་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། གཞན་ཡང་འཕགས་པའི་ལམ་གྱིས་ཀྱང་ཅི་ཞིག་བྱ་སྟེ་འཕགས་ལམ་འཚོལ་བ་ཡང་མི་དགོས་པར་ཐལ། འཇིག་རྟེན་རང་ཁ་བས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བས་ཏེ་དེའི་ཕྱིར། དེས་ན། འཇིག་རྟེན་བླུན་པོ་རང་དགའ་བས་མཐོང་བ་ནི། དེ་ཁོ་ན་ཉིད་ལ་ཚད་མར་རིགས་པའང་མ་ཡིན་ཏེ། འཕགས་ལམ་འཚོལ་བ་དོན་ཡོད་པའི་ཕྱིར། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་འཇིག་རྟེན་གྱི་གནོད་པ་མེད་པར་ཐལ། སྐབས་དེར་རྣམ་པ་ཀུན་ཏུ་འཇིག་རྟེན་རང་དགའ་བས་མཐོང་བ་ཚད་མ་མ་ཡིན་པ་དེ་ཡི་ཕྱིར། འདིར་ཚད་མ་མིན་ཞེས་པ་ནི་འཇིག་རྟེན་རང་ཁ་བའི་རྒྱུད་ཀྱི་གཟུགས་སྒྲ་སོགས་མཐོང་བའི་ཤེས་པ་དེ། དེ་ཁོ་ན་ཉིད་ཚད་མ་མིན་ཞེས་པའི་དོན་ཡིན་གྱི། འཇིག་རྟེན་པའི་རྒྱུད་ལ་དེ་ཁོ་ན་ཉིད་མཐོང་བའི་ཚད་མ་མེད་པའམ། སྤྱིར་དེའི་རྒྱུད་ལ་ཚད་མ་མེད་ཅེས་པའི་དོན་མ་ཡིན་ཏེ། དེ་ཁོ་ན་ཉིད་རྟོགས་པའི་སོ་སྐྱེ་ཡོད་པའི་ཕྱིར་དང་། གཟུགས་སྒྲ་སོགས་མངོན་སུམ་དུ་མཐོང་བའི་སོ་སྐྱེའི་དབང་པོའི་མངོན་སུམ་སོགས་ཡོད་པའི་ཕྱིར། ལྔ་པ་ནི། སྐབས་དེ་ལ་འཇིག་རྟེན་གྱིས་མི་གནོད་ན། འོ་ན་ཇི་ལྟར་གནོད་ཅེ་ན། གནོད་ཚུལ་ཡོད་དེ། འཇིག་རྟེན་ལ་གྲགས་ཤིང་གྲུབ་པའི་དོན་རྫ་བུམ་ལྟ་བུ་ནི། བུམ་པ་མ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་འཇིག་རྟེན་གྱི་གྲགས་པ་ཉིད་ཀྱིས་གལ་ཏེ་སེལ་བ་ཏེ་འགོག་ན་ནི། གང་ཟག་དེ་ལ་འཇིག་རྟེན་གྱིས་གནོད་པར་འགྱུར་པའི་ཕྱིར་རོ། ། གཉིས་པ་ནི། གཞན་ལས་སྐྱེ་བ་དོན་དམ་པར་མ་ཟད། འཇིག་རྟེན་གྱི་ཐ་སྙད་ལས་ཀྱང་མེད་དེ། རྒྱུ་མཚན་གང་གི་ཕྱིར་འཇིག་རྟེན་པས་བུའི་ས་བོན་དང་ཤིང་གི་ས་བོན་ཙམ་ཞིག་བཏབ་ནས་ཕྱིས་རིམ་པ་བཞིན་དུ་བདག་གིས་བུ་འདི་སྐྱེད་ཅེས་སྨྲ་བར་བྱེད་ཅིང་། ཤིང་སྡོང་འདི་ཡང་བཙུགས་སོ་སྙམ་དུ་འབྲེལ་བཅས་སུ་རྟོགས་པ་སྟེ་སེམས་པ་དེས་ནའི་ཕྱིར། སྐྱེས་པའི་བུ་དང་ཤིང་སྡོང་གཉིས། སྔར་གྱི་བཏབ་པའི་ས་བོན་དེ་དག་མ་ཡིན་ཀྱང་ཐ་སྙད་དེ་ལ་མི་འཐད་པ་མེད་དེ། ལག་པ་དང་རྐང་པ་གང་ཟག་མ་ཡིན་ཀྱང་དེ་དག་ན་བའི་ཚེའམ་གང་ཟག་ན་བར་འཇོག་ནུས་པ་བཞིན་ཡིན་པའི་ཕྱིར་རོ། ། གསུམ་པ་ནི། ས་མྱུག་གཉིས་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་ན། དེ་གཉིས་རྒྱུ་འབྲས་སུ་མི་རུང་བའི་ཕྱིར། མྱུ་གུ་ཡོད་བཞིན་དུ་ས་བོན་རྒྱུན་ཆད་པར་འགྱུར་ན། དེ་ལྟ་མ་ཡིན་ནོ། །འོ་ན་ཇི་ལྟ་ཞེ་ན། ཤེས་བྱ་ཆོས་ཅན། མྱུ་གུ་སྐྱེས་པའི་ཚེ་ས་བོན་ཞིག་པ་སྟེ་དེའི་རིགས་འདྲ་རྒྱུན་ཆད་པའི་ཉེས་པ་མེད་པར་ཐལ། རྒྱུ་མཚན་གང་གི་ཕྱིར་ཞེ་ན། མྱུ་གུ་རང་གི་ས་བོན་ལས་རང་བཞིན་གྱིས་གྲུབ་པའི་གཞན་མ་ཡིན་པར་ཐ་སྙད་དུ་དེའི་འབྲས་བུ་གྲུབ་པའི་ཕྱིར། ཡང་མྱུ་གུ་ཡོད་པའི་ཚེ་དེའི་ས་བོན་ཡོད་མེད་བརྗོད་པར་མི་བྱ་བ་སྟེ་བྱ་མི་རིགས་པར་ཐལ། རྒྱུ་མཚན་གང་གི་ཕྱིར་ན་ས་མྱུག་གཉིས་དུས་ཅིག་ཉིད་དུ་ཡོད་པ་མ་ཡིན་པ་དེ་ཡི་ཕྱིར་ཏེ། རྒྱ་ཆེར་རོལ་བ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་པའི་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་གསུངས་པའི་ཕྱིར། འདིར་མྱུག་ཚེ་ས་བོན་ཞིག་པ་མེད། །ཅེས་པའི་དོན་ནི་སྔར་བཞིན་ཡིན་གྱི། སྒྲས་ཟིན་ལྟར་མ་ཡིན་ཏེ། མྱུ་གུའི་དུས་སུ་རང་གི་ས་བོན་ཞིག་ཟིན་པ་གོང་དུ་བཤད་པའི་ཕྱིར། ས་མྱུག་གི་དཔེ་འདིས་རྟག་ཆད་ཀྱི་མཐའ་གཉིས་སྤངས་པ་ཡིན་ཏེ། ས་བོན་མ་འགྱུར་བཞིན་དུ་མྱུ་གུར་འཕོས་པ་མ་ཡིན་ཞིང་ས་བོན་མྱུ་གུའི་དུས་སུ་འདས་ཟིན་པས་རྟག་མཐའ་སྤངས། ས་བོན་མེད་པར་མྱུ་གུ་མི་འབྱུང་ཞིང་དེ་ཡོད་ན་མྱུ་གུ་འབྱུང་བར་བསྟན་པས་ཆད་མཐའ་སྤངས་པའི་ཕྱིར། བཞི་པ་ལ་གཉིས། རང་གི་མཚན་ཉིད་ཀྱིས་གྲུབ་པར་ཡོད་པར་འདོད་པ་དགག་པ་དང་། བཀག་པ་ལ་རྩོད་པ་སྤང་པའོ། །དང་པོ་ལ་གསུམ། འཕགས་པའི་མཉམ་གཞག་དངོས་པོའི་འཇིག་རྒྱུར་ཐལ་བ། ཐ་སྙད་བདེན་པ་རིག་ཤེས་ཀྱི་དཔྱད་བཟོད་དུ་ཐལ་བ། དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བས་དགག་པའོ། །དང་པོ་ནི། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་པ་ཆེས་འཐད་ཀྱི། གལ་ཏེ་གཟུགས་སོགས་ཀྱི་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་བརྟེན་ནས་སྐྱེ་བར་འགྱུར་ན་ནི། ཆོས་རྣམས་བདེན་པས་གྲུབ་པས་སྟོང་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། དངོས་པོའི་རང་བཞིན་དེ་ལ་བསྐུར་པ་བཏབ་པའི་ཚུལ་གྱིས་སྟོང་ཉིད་རྟོགས་པར་ཐལ། གཟུགས་སོགས་ཀྱི་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་བཞིན་དུ། ཁྱོད་ཀྱིས་དེ་དག་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོགས་པ་གང་ཞིག །དེ་ལྟར་ཡིན་ན། དངོས་པོ་དེ་རྣམས་མཉམ་གཞག་གི་སྔར་ཡོད་ལ། དེའི་ཚེ་མེད་པས་འཇིག་པར་འགྱུར་པའི་ཕྱིར། གཟུགས་སོགས་ཀྱི་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་ཡོད་པ་མ་ཡིན་པར་ཐལ། དེ་ལྟར་ཡོད་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་དེ་དངོས་པོ་འཇིག་པའི་རྒྱུར་ཐལ་བར་འགྱུར་དགོས་ན་ཚུལ་དེ་ནི་རིགས་པ་མ་ཡིན་པ་དེ་ཡི་ཕྱིར། འདིའི་ཕྱོགས་སྔ་སྨྲ་བ་པོའི་གཙོ་བོ་ནི་རང་རྒྱུད་པ་ཡིན་ལ། དེས་དངོས་པོ་རང་བཞིན་གྱིས་མ་གྲུབ་པར་རྟོགས་པའི་ཡེ་ཤེས་ཡོད་པར་མི་འདོད་ཀྱང་། དངོས་པོ་བདེན་མེད་དུ་རྟོགས་པའི་ཡེ་ཤེས་ཁས་ལེན་པས། དེ་ལྟ་བུའི་ཡེ་ཤེས་དེ་དངོས་པོའི་འཇིག་རྒྱུར་ཐལ་བ་རིགས་པས་འཕུལ་བའོ། དེས་ན། ཡེ་ཤེས་དེ་དེའི་འཇིག་རྒྱུར་ཁས་ལེན་དགོས་པར་སོང་ཡང་ལེན་པ་ནི་མ་ཡིན་ཏེ། ཐལ་འགྱུར་བས། ཐལ་བ་འཕངས་པ་ལ་མ་ཁྱབ་པའི་ལན་ནམ། རྟགས་ཟུར་མ་གྲུབ་པའི་ལན་གང་རུང་ཞིིག་འདེབས་པའི་ཕྱིར། གཉིས་པ་ནི། གཟུགས་སོགས་འཇིག་རྟེན་གྱི་ཐ་སྙད་བདེན་པ་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་དཔྱད་པར་མི་བྱ་བ་སྟེ་བྱར་མི་རིགས་པར་ཐལ། རྒྱུ་མཚན་གང་གི་ཕྱིར་ན། གཟུགས་སོགས་ཀྱི་དངོས་པོ་འདི་དག་ནི་བདག་གམ་གཞན་ལས་སྐྱེ་བ་གང་ཡིན་ཞེས་རིགས་པས་རྣམ་པར་དཔྱད་པའི་ཚེ་ན། དེ་ཁོ་ན་ཉིད་ཀྱིི་བདག་ཉིད་ཅན་གྱི་དངོས་པོ་སྟེ་དོན་དམ་པར་མ་སྐྱེས་པ་ལས་གཞན་པའི་ཚུ་རོལ་ཏུ་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་ལ་སོགས་པར་གནས་པ་རྙེད་པ་མ་ཡིན་པ་དེའི་ཕྱིར། དེ་ཡང་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ན་དཔྱད་མི་བཟོད་པས་དཔྱད་པར་མི་བྱ་བའི་དོན་ཡིན་གྱི། ཐ་སྙད་དཔྱོད་བྱེད་ཀྱི་རིགས་པས་མི་དཔྱོད་པའི་དོན་མ་ཡིན་ཏེ། འདིར་འགྲོའི་སྡོད་དོ་ཞེས་དང་། འདི་མཐོང་ངོ་། འདི་ཡོད་དོ་ཞེས་པ་ལྟ་བུའི་དཔྱད་པ་ཁས་ལེན་དགོས་པའི་ཕྱིར་ཏེ། རྩོད་ཟློག་ལས། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། གཟུགས་སོགས་ཀྱི་དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བར་སྨྲ་བ་པོ་ཁྱོད་ཀྱི་འདོད་པ་ལྟར་རང་བཞིན་གྱིས་སྐྱེ་བ་ཚད་མ་གང་གིས་འགྲུབ་པ་ཡིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། གཟུགས་སོགས་ཀྱི་དངོས་པོ་དེ་དག་བདག་དང་གཞན་ལས་སྐྱེ་བ་ནི་རིགས་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་ཇི་སྐད་བཤད་པའི་རིགས་པ་གང་ཞིག་གིས་བདག་གཞན་གཉིས་ལས་མི་སྐྱེ་བར་ངེས་པའི་རིགས་པ་དེས་ཐ་སྙད་དུ་ཡང་རང་བཞིན་གྱིས་སྐྱེ་བ་རིགས་པ་མ་ཡིན་པས་ཏེ་དེའི་ཕྱིར་རོ། །གཉིས་པ་ནི་ཁོ་ན་རེ་། གཟུགས་སོགས་རང་བཞིན་གྱི་སྐྱེ་བ་བདེན་པ་གཉིས་ཆར་དུ་ཡང་མེད་ན། གཟུགས་སོགས་སྐྱེ་བ་མེད་པར་འགྱུར་རོ་ཞེ་ན། དེའི་ལན་ནི། སྐྱོན་དེ་མི་འཇུག་པར་ཐལ། གཟུགས་སོགས་ཀྱི་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་ན་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་རྒྱུ་དག་ལས་དེའི་འབྲས་བུ་དག་རབ་ཏུ་སྐྱེ་བར་འགྱུར་པའི་ཕྱིར་རོ། །དེ་ལྟར་འགྱུར་ཏེ། དཔེར་ན། དངོས་པོ་སྟོང་པ་སྟེ་རྫུན་པ་གཟུགས་བརྙན་ལ་སོགས་པ་རྣམས་རྒྱུ་རྐྱེན་མེ་ལོང་ལ་སོགས་པ་ཚོགས་པ་ལ་ལྟོས་ནས་སྐྱེ་བ་རྣམས་འཇིག་རྟེན་ན་མ་གྲགས་པ་ཡང་མིན་ཞིང་། ཇི་ལྟར་གྲགས་པ་དེར་ནི་གཟུགས་བརྙན་སོགས་སྟོང་པ་སྟེ་རྫུན་པ་ལས་མིག་གི་ཤེས་པ་སོགས་གཟུགས་བརྙན་ལ་སོགས་པ་དེ་ཡི་རྣམ་པ་ཅན་དུ་སྐྱེ་བར་འགྱུར་བ་ལྟརགྱི་དཔེ་དེ་བཞིན་ཡིན་པའི་ཕྱིར། དེ་ལྟར་ཡང་མདོ་ལས། མེ་ལོང་ཤིན་ཏུ་ཡོངས་དག་ལས། །ཇི་ལྟར་རང་བཞིན་མེད་པ་ཡི།། གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། འཇིག་རྟེན་གྱི་རྒན་པོ་བརྡ་བྱང་གི་མེ་ལོང་གི་ནང་དུ་གཟུགས་བརྙན་དེ་བྱད་བཞིན་དུ་སྣང་བ་ལྟར་མ་གྲུབ་པར་ངེས་ཀྱང་། གཟུགས་བརྙན་བདེན་པར་སྣང་ཡང་བདེན་པར་མ་གྲུབ་པར་རྟོགས་པ་མ་ཡིན་ཏེ། དེའི་རྒྱུད་ལ་གཟུགས་བརྙན་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྟོག་པའི་ཞེན་ཡུལ་སུན་མ་ཕྱུང་པའི་ཚུལ་གྱིས་ཡོད་པའི་ཕྱིར། དེས་ན་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་བདེན་པར་མེད་པ་རྟོགས་པ་ཙམ་ནི། སྟོང་ཉིད་རྟོགས་པ་མ་ཡིན་ཏེ། རྣམ་བཤད་ལས། གཟུགས་བརྙན་བྱད་བཞིན་གྱིས་སྟོང་པ་ཙམ་གྱི་བརྫུན་པ་ནི། སྟོང་ཉིད་སྟོན་པའི་ལུང་རིགས་གང་ལ་ཡང་བློ་ཁ་མ་ཕྱོགས་པའི་འཇིག་རྟེན་རྒན་པོ་བརྡ་བྱང་ཐམས་ཅད་ཀྱིས་འགྲུབ་པས། དེ་ལྟར་རྟོགས་པ་དེ་རིགས་ཤེས་རགས་པ་ཅིག་ཏུ་འདོད་པ་ནི་མི་རིགས་པ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། འདིར་གཟུགས་བརྙན་དཔེར་བྱེད་ཚུལ་ཡོད་དེ། བྱད་བཞིན་དུ་སྣང་བའི་གཟུགས་བརྙན་ནི། ཆ་འདི་ཙམ་ཞིག་བྱད་བཞིན་དུ་སྣང་ལ། འདི་ཙམ་ཞིག་བྱད་བཞིན་དུ་མི་སྣང་ངོ་ཞེས་ཆ་གཉིས་དབྱེར་མེད་པས་བྱད་བཞིན་དུ་གང་སྣང་གི་ཆ་ཐམས་ཅད་ནས་བྱད་བཞིན་གྱིས་སྟོང་ཡང་། རང་གི་རྒྱུ་ལ་བརྟེན་ནས་སྐྱེ་ཞིང་འབྲས་བུ་བསྐྱེད་པ་མི་འགལ་པ་དེ་བཞིན་དུ། སོ་སྐྱེའི་ཤེས་པ་ལ་སྔོ་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བའི་ཚེ། སྔོན་པོའི་སྟེང་ནས་རང་བཞིན་གྱིས་གྲུབ་པར་སྣང་མི་སྣང་གི་ཆ་གཉིས་དབྱེར་མེད་ཅིང་། དེ་ལྟ་གང་སྣང་གི་ཆ་ཐམས་ཅད་ནས་སྣང་བ་ལྟར་ཡོད་པས་སྟོང་ཡང་། རང་གི་རྒྱུ་ལས་སྐྱེས་པ་དང་འབྲས་བུ་བསྐྱེད་པ་མི་འགལ་པའི་ཕྱིར། དེ་ཡང་བྱད་བཞིན་དུ་གྲུབ་པར་སྣང་བ་ལྟར་གྱི་དོན་དེ་བཞིན་དུ་མེད་ཅེས་པ་ཡིན་གྱི་དེ་ལ་སྣང་བའི་གཟུགས་བརྙན་མེད་པ་མ་ཡིན་ཏེ། སོ་སྐྱེའི་མིག་ལ་གཟུགས་བརྙན་སྣང་བ་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེ་བཞིན་དུ་སྔོན་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ལྟར་མེད་ཀྱང་སྔོན་པོ་ཡོད་པར་འཇོག་དགོས་ཏེ། ཚུལ་འདི་ནི་དབུ་མའི་ལྟ་བ་རྙེད་པ་ལ་མེད་དུ་མི་རུང་བས་ལེགས་པར་ཤེས་དགོས་པ་སྐབས་འདིའི་རྣམ་བཤད་ལས་གསུངས་པའི་ཕྱིར། ལྔ་པ་ལ་གཉིས། རྟག་ཆད་ཀྱི་ལྟ་བ་སྤངས་པའི་ཡོན་ཏན་དང་། ལས་འབྲས་ཀྱི་འབྲེལ་པ་ཆེས་འཐད་པའི་ཡོན་ཏན་ནོ། །དང་པོ་ནི། གཟུགས་སོགས་དེ་དག་ཆོས་ཅན། ཁྱོད་རང་བཞིན་གྱིས་གྲུབ་པའི་རྟག་པ་མ་ཡིན་ཞིང་དེར་མ་ཟད། སྔར་རང་བཞིན་གྱིས་གྲུབ་པ་ཞིག་ཕྱིས་མེད་པའི་ཆད་པའང་མ་ཡིན་པར་ཐལ། དོན་དམ་པ་དང་ཀུན་རྫོབ་པའི་བདེན་པ་གཉིས་སུའང་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར། གཉིས་པ་ལ་གསུམ། རང་བཞིན་གྱིས་མེད་པར་འདོད་པ་ལ་ཀུན་གཞི་སོགས་ཁས་བླང་མི་དགོས་པར་བསྟན་པ། རང་བཞིན་གྱིས་མེད་པའི་ལས་འགགས་པ་ལས་འབྲས་བུ་འབྱུང་བར་བསྟན་པ། དེ་ལྟར་བསྟན་པ་ལ་རྩོད་པ་སྤོང་པའོ། །དང་པོ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། དང་པོ་ནི། ལས་རང་བཞིན་གྱིས་མེད་པར་འདོད་པའི་ལུགས་ལ་ཆོས་ཅན། ཀུན་གཞི་སོགས་ཁས་བླངས་པ་མེད་ཀྱང་བྱེད་པ་པོའི་རྒྱུད་ལ་ལར་སྔར་བྱས་པའི་ལས་འགགས་ནས་ཡུན་རིང་དུ་ལོན་པ་ལས་ཀྱང་ལས་ཀྱི་འབྲས་བུ་ཡང་དག་པ་སྟེ་མི་འཁྲུལ་བར་འབྱུང་བར་རིགས་པར་གྱིས་ཏེ་བྱ་དགོས་པ་ཡིན་ཏེ། ཀུན་གཞི་སོགས་མི་འདོད་ཀྱང་ལས་ལས་འབྲས་བུ་འདི་འབྱུང་བར་ནུས་པའི་ཕྱིར་ཏེ། གང་གི་ཕྱིར་ན། རང་བཞིན་གྱིས་ལས་དེ་མི་འགག་པ་ཡིན་ཞིང་། ཐ་སྙད་དུ་ཞིག་པ་ལས་འབྲས་བུ་འབྱུང་བ་འཐད་པའི་རྒྱུ་མཚན་དེའི་ཕྱིར་རོ། ། གཉིས་པ་ནི། ལས་རང་བཞིན་མེད་ཀྱང་འབྲས་བུ་འབྱུང་བར་འདོད་པའི་ལུགས་འདིར། གྲུབ་མཐའ་འོག་མ་རྣམས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་གཙོ་བོ་བརྒྱད་ཡོད་དེ། རང་བཞིན་གྱིས་མ་གྲུབ་པ་གཞིར་བྱས་པའི་སྒོ་ནས། འཕགས་པ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་མྱོང་དང་། བདེན་འཛིན་ཉོན་སྒྲིབ་དང་། ཕྱི་དོན་ཡོད་པ་དང་། ཞིག་པ་དངོས་པོར་འདོད་པ་དང་བཅས་པའི་སྒྲུབ་ཕྱོགས་གྱི་དམ་བཅའ་བཞི། ཀུན་གཞི། རང་རིག །རང་རྒྱུད་ཀྱི་གཏན་ཚིགས། གཞན་སྐྱེ་མི་འདོད་པ་དང་བཅས་པའི་དགག་ཕྱོགས་ཀྱི་དམ་བཅའ་བཞི་སྟེ་བརྒྱད་ཡོད་པའི་ཕྱིར། དེར་མ་ཟད། འཕྲོས་པ་ཡན་ལག་ལྟ་བུའི་དམ་བཅའ་དེ་ལ་དུ་མ་ཡོད་དེ། ཚུར་ཐོང་གི་རྒྱུད་ལ་རྣལ་འབྱོར་མངོན་སུམ་ཡོད་པ་དང་། མྱང་འདས་གཉིས་ཀྱི་ནང་ནས་དང་པོར་ལྷག་མེད་མྱང་འདས་མངོན་དུ་བྱེད་པ་དང་། འགོག་བདེན་ལ་དོན་དམ་བདེན་པས་ཁྱབ་པ་དང་། ཐུན་མོང་མ་ཡིན་པའི་འགོག་སྙོམས་བཞེད་པ་དང་། ཡང་དག་ཀུན་རྫོབ་མི་འདོད་པ་དང་། སྒྲིབ་པ་སྤོང་ཚུལ་མི་མཐུན་པ་དང་། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་ཡེ་ཤེས་ལ་གཞི་ཤེས་ཀྱིས་ཁྱབ་པ་དང་། སློབ་པའི་རྒྱུད་ཀྱི་གཉིས་སྣང་ཅན་གྱི་ཤེས་པ་ལ་ཟག་བཅས་ཀྱིས་ཁྱབ་པ་དང་། དེ་ཡིན་ན། རང་གི་སྣང་བ་ལ་ཚད་མ་ཡིན་དགོས་པ་དང་། རང་གི་གཞལ་བྱ་ལ་འཁྲུལ་བའི་ཚད་མ་ཡོད་པ་དང་། དཔྱད་ཤེས་ལ་ཚད་མས་ཁྱབ་པར་འདོད་པ་སོགས་དུ་མ་ཡོད་པའི་ཕྱིར། འདིར་ཁ་ཅིག མདོ་ལས་། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མ་ཟ། །ཚོགས་ཞིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་གསུངས་པས། དགེ་མི་དགེའི་ལས་གཉིས་ཀྱིས་འབྲས་བུ་བསྐྱེད་དགོས་ལ། དེ་ཡང་ལས་དང་དེའི་རྣམ་སྨིན་གྱི་འབྲས་བུའི་བར་དུ་བསྐལ་བ་ལ་སོགས་པས་ཆོད་པ་ཡོད་ཅིང་། དེ་ལྟར་ན། ལས་དེ་དག་རང་གི་རྣམ་སྨིན་གྱི་འབྲས་བུ་དེ་དག་བསྐྱེད་མ་ཟིན་གྱི་བར་དུ་བསྡད་ནས་བསྐྱེད་དམ། མ་བསྡད་པར་བསྐྱེད། དང་པོ་ལྟར་ན། མི་འཐད་དེ། རྟག་པར་འགྱུར་བའི་ཕྱིར། ཕྱི་མ་ལྟར་ན། མི་འཐད་དེ། ཞིག་པ་དངོས་པོར་མེད་པས་ཆད་པར་འགྱུར་པའི་ཕྱིར་རོ་ཞེ་ན། འདིའི་ལན་ལ། གྲུབ་མཐའ་སྨྲ་བ་གཞན་གྱི་ལན་དང་། རང་ལུགས་ཀྱི་ལན་འདེབས་པའི་ཚུལ་ལོ། །དང་པོ་ལ་བྱེ་བྲག་སྨྲ་བ་ཁ་ཅིག་ན་རེ། སྐྱོན་མེད་དེ། ལས་དེ་རང་གི་འབྲས་བུ་བསྐྱེད་མ་ཟིན་གྱི་བར་མི་གནས་ཀྱང་། ལས་གཉིས་ལས་དོན་གཞན་པའི་ཐོབ་པ་རྫས་གྲུབ་ལྡན་མིན་འདུ་བྱེད་ཅིག་གིས་རྣམ་སྨིན་གྱི་འབྲས་བུ་བསྐྱེད་པའི་ཕྱིར་ཟེར། ཁ་ཆེ་བྱེ་བྲག་སྨྲ་བ་ན་རེ། དེ་ལྟ་བུའི་སྐྱོན་མེད་དེ། ལས་དེ་གཉིས་ལས་དོན་གཞན་པའི་བུ་ལོན་གྱི་དཔང་རྒྱ་སྟེ་དེའི་ཡི་གེ་དང་འདྲ་བ་ཆུད་མི་ཟ་བ་རྫས་གྲུབ་ལྡན་མིན་འདུ་བྱེད་ཞིག་གིས་རྣམ་སྨིན་གྱི་འབྲས་བུ་བསྐྱེད་པའི་ཕྱིར། ཟེར། རང་རྒྱུད་པ་ཁ་ཅིག་དང་ལུང་གི་རྗེས་འབྲང་གི་སེམས་ཙམ་པ་རྣམས་ན་རེ། དེ་ལྟ་བུའི་སྐྱོན་མེད་དེ། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ལས་ཀྱི་བག་ཆགས་བཞག དེ་ལ་ཕྱིས་གསོས་བཏབ་ནས་རྣམ་སྨིན་གྱི་འབྲས་བུ་འབྱིན་པའི་ཕྱིར། ཟེར། མདོ་སྡེ་བ་དང་། རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་དང་། རྣལ་འབྱོད་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། ལེགས་ལྡན་འབྱེད་དང་བཅས་པ་རྣམས་ན་རེ། དེ་ལྟ་བུའི་སྐྱོན་མེད་དེ། ལས་འཇིག་པ་ན་ཡིད་ཀྱི་རྣམ་ཤེས་ཀྱི་སྟེང་དུ་ལས་གྱི་བག་ཆགས་བཞག །དེ་ལ་ཕྱིས་རྐྱེན་གྱིས་གསོས་བཏབ་ནས་རྣམ་སྨིན་གྱི་འབྲས་བུ་འབྱིན་པའི་ཕྱིར། ཟེར་རོ། རང་ལུགས་གྱི་ལན་ནི། དགེ་མི་དགེའི་ལས་དང་། རྣམ་སྨིན་གྱི་འབྲས་བུའི་བར་དུ་དུས་རིང་པོས་ཆོད་པ་ཡོད་ཅིང་། ལས་གཉིས་པོ་དེ་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་དང་ཡིད་མི་འོང་མ་བསྐྱེད་ཀྱི་བར་མི་སྡོད་ཀྱང་། ལས་དེས་འབྲས་བུ་དེ་གཉིས་མི་བསྐྱེད་པའི་སྐྱོན་མེད་དེ། ལས་འཇིག་པའི་ཚེ་རང་བཞིན་གྱིས་མི་འཇིག་ཅིང་། ཐ་སྙད་དུ་ཕུང་པོ་བརྟེན་ནས་བཏགས་པའི་ང་ཙམ་གྱི་སྟེང་དུ་ལས་ཀྱི་བག་ཆགས་བཞག །དེ་ལ་ཕྱིས་རྐྱེན་གྱིས་གསོས་བཏབ་ནས་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་དང་ཡིད་མི་འོང་བསྐྱེད་པའི་ཕྱིར། ལན་འདེབས་ཚུལ་དེ་འཕགས་པའི་བཞེད་པའང་ཡིན་ཏེ། རྩ་ཤེས་ལས། གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། ལས་རང་བཞིན་གྱིས་མ་སྐྱེས་པས་རང་བཞིན་གྱིས་མི་འགགས་ལ། ལས་རང་བཞིན་གྱིས་མི་འགགས་པར་འདོད་པའི་ལུགས་འདིར་ཞིག་པ་དངོས་པོར་རུང་བ་ཡིན་ཏེ། རང་རྒྱུད་པ་མན་ཆད་ཀྱི་ལུགས་ལ་མྱུ་གུ་ཞིག་པའི་ཚེ། མྱུ་གུའི་ཆ་ཤས་ཀྱི་དངོས་པོ་ཐམས་ཅད་ལོག་པས། མྱུ་གུ་ཞིག་པ་དེ་དངོས་པོར་མ་གྲུབ་པ་དང་། རྟག་པ་དང་། མེད་དགག་ཏུ་འདོད། མྱུ་གུའི་ཞིག་པ་མ་བརྟགས་མ་དཔྱད་པར་འཇོག་པའི་ལུགས་ལ་མྱུ་གུ་ཞིག་པའི་ཚེ། མྱུ་གུའི་ཆ་ཤས་ཀྱི་དངོས་པོ་ཐམས་ཅད་ལོག་ཀྱང་། མྱུ་གུའི་ཞིག་པ་དེ་དེའི་རྒྱུན་དུ་གྱུར་པའི་མ་ཡིན་དགག་དང་དངོས་པོའི་གཞི་མཐུན་དུ་ཁས་ལེན་པའི་ཕྱིར། དེས་ན་འདིར་མྱུར་གུའི་འདས་མ་འོངས་ད་ལྟ་གསུམ་དངོས་པོར་བཞེད་པ་ཡིན་ཏེ། སྤྱིིར་མྱུ་གུ་སྐྱེ་བའི་རྒྱུ་ཡོད་ཀྱང་། དགུན་དུས་ཀྱི་ཞིང་ལྟ་བུར་རེ་ཤིག་རྐྱེན་མ་ཚང་བའི་དབང་གིས་དེ་མྱུ་གུ་མ་སྐྱེས་པའི་ཆ་མ་ཡིན་དགག་དེ། མྱུ་གུའི་མ་འོངས་པ་དང་། མྱུ་གུའི་ངོ་བོར་སྐྱེས་པའི་དངོས་པོ་དེའི་ད་ལྟ་བ་དང་། དེ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པའི་དུས་སུ་ཞིག་པའི་ཆ་མ་ཡིན་དགག་དེ། དེའི་འདས་པར་འཇོག་ཅིང་། དེ་དག་དངོས་པོར་འདོད་པ་ཡིན་པའི་ཕྱིར། མྱུ་གུའི་ཞིག་པ་དེ་སྐྱེས་ལ་མ་འགགས་པ་ཡིན་ཀྱང་། ད་ལྟ་བ་མ་ཡིན་ཏེ། མྱུ་གུ་ཞིག་པ་སྐད་ཅིག་དང་པོ་དེ་མྱུ་གུའི་ཞིག་པ་དང་། ཞིག་པ་སྐད་ཅིག་གཉིས་པ་ཕན་ཆད། དེ་དག་གི་ཞིག་པ་ཡིན་པས་ད་ལྟ་བ་མ་ཡིན་པའི་ཕྱིར། མྱུ་གུའི་ཞིག་པ་སོགས་ཀྱང་དངོས་པོ་ཡིན་ཏེ། རང་རང་གི་རིགས་འདྲ་སྔ་མ་ལས་བྱུང་པའི་ཕྱིར། དེས་ན་དུས་གསུམ་འགལ་བ་ཡིན་ཏེ། འདས་པའི་རིགས་འདྲ་ཇི་སྙེད་ཅིག་བྱུང་བ་ཐམས་ཅད། དངོས་པོ་གཞན་ཞིག་འདས་པའི་ཆ་ལ་འཇོག །མ་འོངས་པའི་རིགས་འདྲ་ཇི་སྙེད་ཅིག་བྱུང་བ་ཐམས་ཅད་དངོས་པོ་གཞན་ཞིག་དེར་མ་སྐྱེས་པའི་ཆ་ལ་འཇོག །ད་ལྟ་བ་ནི་ཁྱད་ཆོས་དེ་ལྟ་བུ་དང་མི་ལྡན་པའི་ཕྱིར། གསུམ་པ་ལ་ཁ་ཅིག །ཐལ་ཟིིན་པ། འདས་པའི་མཚན་ཉིད། མ་སྐྱེས་པ། མ་འོངས་པའི་མཚན་ཉིད། སྐྱེས་ལ་མ་འགགས་པ། ད་ལྟ་བའི་མཚན་ཉིད་ཟེར་ན། དེ་མི་འཐད་པར་ཐལ། མ་འོངས་པ་དེ། མ་སྐྱེས་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྐྱེས་པ་ཡིན་པའི་ཕྱིར། དེར་ཐལ། རང་གི་རྒྱུ་ལས་སྐྱེས་པའི་ཕྱིར། གཞན་ཡང་། མྱུ་གུའི་འདས་པ་ཆོས་ཅན། ད་ལྟ་བ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། སྐྱེས་པ་གང་ཞིག །མ་འགགས་པའི་ཕྱིར། འདོད་མི་ནུས་ཏེ། འདས་པ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། གཞན་ཡང་། དེ་དག་མི་འཐད་པར་ཐལ། རི་བོང་རྭ་མ་སྐྱེས་པ་ཡིན་ཀྱང་། མ་འོངས་པ་མ་ཡིན་པའི་ཕྱིར་དང་། མྱུ་གུའི་མ་འོངས་པ་དེ། སྐྱེས་པ་ལ་འགགས་ཀྱང་། ད་ལྟ་བ་མ་ཡིན་པའི་ཕྱིར། ཁ་ཅིག །མྱུ་གུའི་དུས་སུ་མ་འོངས་པ་ཡིན་ན། མྱུ་གུའི་མ་འོངས་པ་ཡིན་པས་ཁྱབ་ཟེར་ན། མྱུ་གུའི་འདས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། མྱུ་གུའི་དུས་སུ་མ་སླེབ་པ་ཡིན་པའི་ཕྱིར། རྣམ་པ་གཅིག་ཏུ་མ་ཁྱབ། མ་གྲུབ་ན་དེར་ཐལ། དེའི་དུས་སུ་མ་སྐྱེས་པ་ཡིན་པའི་ཕྱིར། དེར་ཐལ། དེའི་དུས་སུ་སྐྱེ་བཞིན་པ་ཡིན་པའི་ཕྱིར། དེར་ཐལ། དེའི་དུས་སུ་སྐྱེ་དགོས་ཡིན་པའིི་ཕྱིར། དེར་ཐལ། དེའི་འབྲས་བུ་ཡིན་པའི་ཕྱིར། འདོད་མི་ནུས་སོ། ཁ་ཅིག མྱུ་གུའི་དུས་སུ་འདས་པ་ཡིན་ན། མྱུ་གུའི་འདས་པ་ཡིན་པས་ཁྱབ་ཟེར་ན། མྱུ་གུའི་མ་འོངས་པ་ཆོས་ཅན། དེར་ཐལ་དེའི་ཕྱིར། དེར་ཐལ། དེའི་དུས་སུ་འདས་པའི་ཕྱིར་ཁ་ཅིག མ་ཁྱབ་ཟེར། མ་གྲུབ་ན་དེར་ཐལ། དེའི་དུས་སུ་འགགས་པའི་ཕྱིར། དེར་ཐལ། དེའི་དུས་སུ་ཞིག་ཟིན་པའི་ཕྱིར། དེར་ཐལ། དེའི་རྒྱུ་ཡིན་པའི་ཕྱིར། འདོད་ན་སླའོ། ཁ་ཅིག མྱུ་གུའི་རྒྱུ་དེ། མྱུ་གུའི་མ་འོངས་པ་དང་། མྱུ་གུའི་འབྲས་བུ་དེ། མྱུ་གུའི་འདས་པ་ཡིན་གསུང་ན། འོ་ན། མྱུ་གུ་ཆོས་ཅན། མ་འོངས་པ་ཡིན་པར་ཐལ། མྱུ་གུའི་མ་འོངས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ད་ལྟ་བ་ཡིན་པའི་ཕྱིར། གཞན་ཡང་། ཕྱི་མ་དེ་ཆོས་ཅན། འདས་པ་ཡིན་པར་ཐལ། མྱུ་གུའི་འདས་པ་ཡིན་པའི་ཕྱིར། འདོད་ན་སླའོ། །གཞན་ཡང་། དེ་མི་འཐད་པར་ཐལ། དེ་ལྟར་ཡིན་ན། མྱུ་གུའི་འབྲས་བུར་གྱུར་པའི་མྱུ་གུ་དེ་ཡང་། མྱུ་གུའི་འདས་པར་གྱུར་དགོས་པ་ལ། དེ་མི་འཐད་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ད་ལྟ་བ་ཡིན་པའི་ཕྱིར། དེར་ཐལ། མྱུ་གུ་ཡིན་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། མྱུ་གུའི་འདས་པ་དེ། མྱུ་གུའི་འབྲས་བུ་དང་། མྱུ་གུའི་མ་འོངས་པ་དེ། མྱུ་གུའི་རྒྱུ་ལ་འཇོག་ཀྱང་། མྱུ་གུའི་རྒྱུ་དང་འབྲས་བུ་གང་རུང་ལ་དེ་དང་དེ་ཡིན་པས་མ་ཁྱབ་པའི་ཕྱིར། རང་ལུགས་ལ་རང་ཉིད་དུས་གང་དུ་འཇོག་པ་དངོས་པོ་གང་གིས་རང་དུས་ལ་ལྟོས་ནས་བཞག་དགོས་པའི་ལྟོས་པར་གྱུར་པའི་དངོས་པོ་དེ་དང་དུས་སུ་མ་སླེབ་པ། མ་འོངས་པའི་མཚན་ཉིད། རང་ཉིད་དུས་གང་དུ་འཇོག་པ་དངོས་པོ་གང་གིས་རང་དུས་ལ་ལྟོས་ནས་བཞག་དགོས་པའི་ལྟོས་པར་གྱུར་པའི་དངོས་པོ་དེ་རང་དུས་སུ་ཐལ་ཟིན་པ། འདས་པའི་མཚན་ཉིད། རང་ཉིད་ཀྱི་སྤྱི་འཆར་བ་ལ་འདས་མ་འོངས་གི་སྤྱི་འཆར་བ་ལ་ལྟོས་མི་དགོས་པའི་སྐྱེས་ལ་མ་འགགས་པའི་ཆོས། ད་ལྟ་བའི་མཚན་ཉིད། མཚན་གཞི་ནི་སྔར་ལྟར་རོ། །རྩོད་པ་སྤོང་པ་ལ། ཁ་ཅིག །མྱུ་གུའི་ཞིག་པ་མྱུ་གུའི་ཞིག་པ་ཡིན་པར་ཐལ། དེ་ཡོད་དེ་གཞན་གྱི་ཞིག་པ་མ་ཡིན་པའི་ཕྱིར། འདོད་ན། མྱུ་གུའི་འདས་པ་དེའི་འདས་པ་ཡིན་པར་ཐལ། འདོད་ན། མྱུ་གུའི་འདས་པ་དེའི་འདས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མྱུ་གུའི་འདས་པའི་འདས་པ་ཡང་མྱུ་གུའི་འདས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། མྱུ་གུའི་འདས་པའི་འདས་པ་སོགས་དང་། དེའི་ཞིག་པའི་ཞིག་པ་སོགས་འདས་པ་ཇི་སྙེད་བྱུང་བ་ཐམས་ཅད། རང་རང་གི་སྔ་མའི་འདས་པ་ཡིན་པའི་ཕྱིར། ཟེར་ན། མ་ཁྱབ། ཁ་ཅིག །མྱུ་གུའི་རྒྱུ་དེ་མ་འོངས་པ་ཡིན་པར་ཐལ། མྱུ་གུའི་སྐྱེ་པའི་རྒྱུ་ཡོད་ཅིང་རེ་ཞིག་དུས་དེར་མ་སྐྱེས་པའི་ཚེ་མ་ཡིན་དགག་དེ། མ་འོངས་པ་ཡིན་པའི་ཕྱིར། ཟེར་ན། མ་ཁྱབ། འདོད་ན། མི་འཐད་པར་ཐལ། དེ་ད་ལྟ་བ་ཡིན་པའི་ཕྱིར། དེར་ཐལ། དེ་རང་གི་འདས་མ་འོངས་ལ་ལྟོས་ནས་ད་ལྟ་བར་འཇོག་རིགས་པའི་ཕྱིར། ཁ་ཅིག །འདས་མ་འོངས་གྲུབ་ལ་ཡོད་པས་མ་ཁྱབ་པར་ཐལ། རི་བོར་རྭ་མ་འོངས་པ་ཡིན་པའི་ཕྱིར། དེར་ཐལ། དེ་མ་འོངས་པའི་ཕྱིར། ཟེར་ན། མ་ཁྱབ། རྟགས་དེར་ཐལ། མ་སྐྱེས་པའི་ཕྱིར། ཁ་ཅིག མྱུ་གུ་དེ། མྱུ་གུའི་འདས་པ་འདས་པར་འཇོག་པ་དང་། མྱུ་གུའི་མ་འོངས་པ་མ་འོངས་པར་འཇོག་པའི་དངོས་པོ་ཡིན་པར་ཐལ། དེ་དག་དེར་འཇོག་བྱེད་ཀྱི་དངོས་པོ་ཞིག་ཡོད་པའི་ཕྱིར། འདོད་ན། མྱུ་གུ་དེ། རང་གི་འདས་པའི་དུས་སུ་མ་སླེབ་པ་དང་། རང་གི་མ་འོངས་པའི་དུས་སུ་ཐལ་ཟེར་པར་ཐལ། དེ་ཡིན་པའམ། མྱུ་གུའི་འདས་པ་དེ། མྱུ་གུའི་དུས་སུ་མ་སླེབ་པ་དང་། མྱུ་གུའི་མ་འོངས་པ་དེ། མྱུ་གུའི་དུས་སུ་ཐལ་ཟིན་པ་གང་རུང་ཡིན། ཕྱིར་མ་མ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། མྱུ་གུའི་འདས་པ་དེ། མྱུ་གུའི་དུས་སུ་མ་སླེབ་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་དེའི་དུས་སུ་སླེབ་པའི་ཕྱིར་ཏེ། དེའི་དུས་སུ་འདས་པའི་ཕྱིར་ཏེ། དེའི་འདས་པ་ཡིན་པའི་ཕྱིར་ན། མ་ཁྱབ། གོང་དུ་འདོད་ན། མ་ཡིན་པར་ཐལ། རང་གི་འབྲས་བུའི་དུས་སུ་མ་སླེབ་པ་དང་། རང་གི་རྒྱུའི་དུས་ཐལ་ཟིན་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་རང་གི་འབྲས་བུའི་དུས་སུ་འདས་ཟིན་ཅིང་། རང་གི་རྒྱུའི་དུས་སུ་མ་སྐྱེས་པ་ཡིན་པའི་ཕྱིར། ཁ་ཅིག མྱུ་གུའི་འདས་མ་འོངས་རྟག་པ་ཡིན་པར་ཐལ། དེ་རང་རྒྱུད་པ་དང་སེམས་ཙམ་པ་མདོ་སྡེ་པ་གསུམ་གྱི་ལུགས་ལ་དེ་རྟག་པ་ཡིན་པའི་ཕྱིར། ཟེར་ན། མ་ཁྱབ། བྱེ་བྲག་སྨྲ་བའི་ལུགས་ལ་ཡང་མྱུ་གུའི་འདས་མ་འོངས་དངོས་མེད་དང་རྟག་པ་ཡིན་པར་ཐལ། རང་རྒྱུད་པ་སོགས་གསུམ་གྱི་ལུགས་ལ་དེ་རྟག་པ་ཡིན་པའི་ཕྱིར། ཟེར་ན། མ་ཁྱབ་སྟེ། ལུགས་འདི་དང་། བྱེ་བྲག་སྨྲ་པ་གཉིས་དུས་གསུམ་དངོས་པོར་འདོད་པར་མཚུངས་ཀྱང་ཁྱད་པར་ཡོད་པའི་ཕྱིར། དེར་ཐལ། བྱེ་བྲག་སྨྲ་བས་མྱུ་གུ་ལྟ་བུའི་དངོས་པོ་རྣམས་རང་རང་གི་དུས་གསུམ་ཀའི་གནས་སྐབས་སུ་ཡོད་པར་འདོད་ཀྱང་། འདིར་དེ་ལྟར་མི་འདོད་པའི་ཕྱིར། ཁ་ཅིག ཞིག་པའི་དངོས་པོ་ཡོད་པར་ཐལ། ཞིག་པ་ཡོད་པའི་ཕྱིར་འདོད་ན། འདས་པའི་དངོས་པོ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། འདས་པའི་གང་ཟག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤི་བའི་གང་ཟག་ཡོད་པར་ཐལ། འདོད་པའི་ཕྱིར། ཟེར་ན། མ་ཁྱབ་པོ། ལུགས་འདིར་ཞིག་པ་དངོས་པོར་སྒྲུབ་པ་ལ་ལུང་རིགས་གཉིས་ཡོད་དེ། ལུང་ནི། ས་བཅུ་བའི་མདོ་ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་གསུངས་ལ། འདི་ཉིད་ཀྱིས་ཞིག་པ་དངོས་པོར་བསྟན་པའི་ཕྱིར། ཇི་ལྟར་བསྟན་ན། ཡོད་དེ། སེམས་ཅན་དེ་ཤི་བ་ནི་དེ་ཉིད་ཞིག་པ་ཡིན་ལ། དེ་ཡང་སྐྱེ་བའི་རྐྱེན་གྱིས་བསྐྱེད་པར་གསུངས་པའི་ཕྱིར། རིགས་པ་ནི། མྱུ་གུ་ཞིག་པ་དངོས་པོ་ཡིན་པར་ཐལ། དེའི་ཞིག་པ་རྒྱུ་རྐྱེན་ལ་ལྟོས་པའི་ཕྱིར། དེར་ཐལ། མྱུ་གུ་རྒྱུ་རྐྱེན་ལ་མི་ལྟོས་པར་མི་འཇིག་པའི་ཕྱིར། ཁྱབ་སྟེ། མྱུ་གུ་ཞིག་པ་རྐྱེན་ལ་མི་ལྟོས་ན། དེ་འཇིགས་པའང་རྐྱེན་ལ་མི་ལྟོས་པར་འགྱུར་པའི་ཕྱིར། གཉིས་པ་ནི། ལས་རང་བཞིན་གྱིས་མེད་བར་འབྲས་བུ་འབྱུང་པའི་དཔེ་གང་ཞེ་ན། སྔར་ལས་འགགས་ཤིང་རང་བཞིན་གྱིས་ཡོད་པ་མ་ཡིན་ཀྱང་དེ་ལྟར་མེད་པའི་ལས་འགགས་པ་ལས་ཀྱང་ནི་རང་གི་འབྲས་བུ་ཡོད་པ་ཡིན་པ་ཏེ། དཔེར་ན། གཉིད་ལོག་པའི་རྨི་ལམ་ན་བུད་མེད་ཀྱི་གཟུགས་དམིགས་པའི་ཡུལ་དག་མཐོང་ནས་ནི། གཉིད་སད་ཀྱང་བླུན་པོ་ལ་འགགས་ཤིང་མེད་པའི་བུད་མེད་ལ་དམིགས་ནས་ཆགས་པ་སྐྱེ་བར་འགྱུར་བ་དེ་བཞིན་ཡིན་པའི་ཕྱིར། གསུམ་པ་ལ་གཉིས། རྣམ་སྨིན་ཐུག་མེད་དུ་འབྱིན་པའི་རྩོད་པ་སྤང་པ་དང་། ཀུན་གཞི་ཡོད་པར་སྟོན་པའི་ལུང་དང་འགལ་བའི་རྩོད་པ་སྤོང་པའོ། དང་པོ་ནི། རང་བཞིན་གྱིས་མེད་པའི་ལས་ཞིག་པ་ལས་འབྲས་བུ་འབྱུང་ན། རྣམ་སྨིན་ཕྱུང་ཟིན་པའི་ལས་ཀྱིས་སླར་ཡང་རྣམ་སྨིན་འབྱིན་པར་ཐལ་ལོ་ཞེ་ན། ཤེས་བྱ་ཆོས་ཅན། རྣམ་སྨིན་ཕྱུང་ཟིན་མ་ཟིན་གཉ ིས་རང་བཞིན་གྱིས་མེད་པར་མཚུངས་ནའང་རྣམ་སྨིན་སྨིན་ཟིན་པ་ལས་སླར་རྣམ་སྨིན་སྨིན་པ་སྟེ་འབྱིན་པ་མ་ཡིན་པར་ཤེས་པར་བྱ་དགོས་པ་ཡིན་ཏེ། དཔེ་ཇི་ལྟར་ན། ཡུལ་ནི་ཡོད་པ་ཉིད་མ་ཡིན་པར། མཚུངས་ཀྱང་། རབ་རིབ་ཅན་གྱི་མིག་གི་ས་གཞི་གང་དུ་ཡོད་པ་མ་ཡིན་པའི་སྐྲ་ཤད་ཀྱི་རྣམ་པར་ནི་མཐོང་གི། དངོས་པོ་གཞན་བོང་བུའི་རྭ་ལ་སོགས་པའི་རྣམ་པར་མཐོང་བ་མ་ཡིན་པ་ལྟར་རྣམ་སྨིན་ཕྱུང་མ་ཟིན་པ་ལས་འབྱིན་ཞིང་། ཕྱུང་ཟིན་པ་ལས་མི་འབྱིན་པའི་ཁྱད་པར་དེ་བཞིན་ཡིན་པའི་ཕྱིར། དེར་མ་ཟད། ལས་དཀར་ནག་གི་འབྲས་བུ་ཡང་སོ་སོར་ངེས་པ་ཡིན་ཏེ། ཇི་ལྟ་བུ་ཞེ་ན། རྣམ་སྨིན་མི་དགེ་བ་སྟེ་ཡིད་དུ་མི་འོང་བ་ནི་ནག་པོའི་ལས་འབྱུང་ལ། རྣམ་སྨིན་དགེ་བ་ཡིད་དུ་འོང་བ་ཉིད། དགེ་བའི་ལས་ལས་འབྱུང་བ་ཡིན་པར་མཐོང་བའི་ཕྱིར་ཏེ། ལས་རྣམས་ཀྱི་འབྲས་བུ་སོ་སོར་ངེས་པའི་དཔེ་བཤད་ཟིན་པ་དེའི་ཕྱིར་དགེ་བ་དང་མི་དགེ་པའི་ལས་རང་བཞིན་གྱིས་མེད་པར་རྟོགས་པའི་བློ་ཅན་གྱི་གང་ཟག་ཆོས་ཅན། འཁོར་བ་ལས་ཐར་བར་འགྱུར་ཏེ། དེ་ལས་གྲོལ་པའི་ཐབས་རྒྱུ་འབྲས་ཀྱི་དེ་ཁོ་ན་ཉིད་ལེགས་པར་རྟོགས་པའི་ཕྱིར། རྒྱལ་བས་ལས་དང་འབྲས་བུའི་གནས་ཚུལ་རྣམས་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་སེམས་པའང་དགག་པར་མཛད་དེ། དགོས་པ་ནི། ཐ་སྙད་དུ་ལས་རྣམས་ཀྱི་འབྲས་བུའི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པས་བློ་ཆུང་པའི་སོ་སྐྱེས་ལས་འབྲས་ལ་སྐུར་བ་བཏབ་ནས་ལས་འབྲས་ཀྱི་ངེས་པ་སྟོང་དུ་འོང་སྙམ་དུ་དགོངས་ནས་དེ་འགོག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། དངོས་དང་། དགོངས་ཏེ་གསུངས་པའི་དཔེ་བསྟན་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ཀུན་གཞི་ཐ་སྙད་དུ་ཡང་མེད་ཀྱང་མདོ་གཞན་དུ་ལས་འབྲས་ཀྱི་རྟེན་དུ་གསུངས་པ་དང་མི་འགལ་བར་ཐལ། རྣམ་ཤེས་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་ཡོད་ཅིང་། རང་རྐྱ་ཐུབ་པའི་གང་ཟག་ཉིད་ཡོད་ལ། གཟུགས་སོགས་ཀྱི་ཕུང་པོ་འདི་དགའ་བ་ཞིག་ཉིད་བདེན་པར་ཡོད་ཅེས་བསྟན་པ་འདི་ནི། གོང་དུ་བཤད་པ་དེ་ལྟར་ཆེས་ཟབ་པའི་དོན་རིག་པར་མི་འགྱུར་བའི་གང་ཟག་གང་ཡིན་པ་དེ་ལ་དགོངས་ནས་གསུངས་པ་ཡིན་པའི་ཕྱིར་རོ། །ཀུན་གཞི་དེ་ཇི་ལྟ་བུ་ཞེ་ན། རྒྱས་པར་ནི་སྟོང་ཐུན་སོགས་ནས་ཤེས་དགོས་ལ། འདིར་བསྡུ་ན། ཀུན་གཞི་ཁས་ལེན་པ་རྣམས་ཀྱིས་དེ་འདོད་ཚུལ་ཡོད་དེ། རང་འབྲས་ཀུན་བྱང་གི་ཆོས་མཐའ་དག་བསྐྱེད་པའི་གཞིར་གྱུར་པ་དེ་དག་གི་ས་བོན་ལྟ་བུ། རྣམ་ཤེས་ཚོགས་དྲུག་སོ་སོ་ལས་ངོ་བོ་ཐ་དད་པའི་རྣམ་པར་ཤེས་པ་ཞིག་ལ་འདོད་པའི་ཕྱིར་ཏེ། དེ་སྐད་དུ་ཡང་ཐོག་མ་མེད་པའི་དུས་ཀྱི་ཁམས། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་གསུངས་པའི་ཕྱིར། འདིར་ཀུན་གཞི་ཡོད་པར་གསུངས་པ་ནི་དྲང་དོན་དུ་འགྲེལ་པ་ཡིན་ཏེ། ལུང་དེ་དེས་གདུལ་བའི་གདུལ་བྱའི་ངོར་དགོངས་གཞི་སྟོང་ཉིད་ལ་དགོངས་ནས་གསུངས་པའི་ཆ་ནས་དྲང་དོན་དུ་འགྲེལ་པའི་ཕྱིར། གཉིས་པ་ནི། ཀུན་གཞི་མེད་པར་མ་ཟད། དངོས་པོ་རྣམས་རང་བཞིན་གྱིས་མེད་མོད་ཀྱི། རང་བཞིན་གྱིས་ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ལ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། གདུལ་བྱ་བཀྲི་བའི་ཐབས་ཡིན་པའི་ཕྱིར་ཏེ། དཔེ་ཇི་ལྟར་ན། འཇིག་ཚོགས་ལ་ལྟ་བ་དང་བྲལ་ཡང་བྲལ་བཞིན་དུ་སངས་རྒྱས་ཀྱིས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ཐབས་སུ་ང་དང་ང་ཡི་ཞེས་བསྟན་པ་ལྟར་དེ་བཞིན་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། ཕྱི་རོལ་མེད་པའི་ཤེས་པ་རང་བཞིན་གྱིས་ཡོད་པ་དགག་པ། གཞན་དབང་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་ཚད་མ་དགག་པ། སེམས་ཙམ་དུ་གསུངས་པའི་ཙམ་སྒྲས་ཕྱི་དོན་མི་འགོག་པར་བསྟན་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། སེམས་ཙམ་པ་ན་རེ། བྱང་སེམས་ས་དྲུག་པ་བས་ཆོས་ཉིད་རྟོགས་ཚུལ་ནི། ངོ་བོ་ཉིད་མེད་པར་སྨྲ་བར་ཁྱོད་ཀྱིས་བཤད་པ་ལྟར་མ་ཡིན་ཏེ། གང་ཞེ་ན་འདིར་ལྟར། ཤེས་རབ་ཀྱི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པ་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཆོས་ཅན། ཁྱོད་ཀྱིས་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པའི་རྟེན་འབྱུང་གི་དངོས་པོ་རྣམ་པར་ཤེས་པ་ཙམ་གྱི་བདག་ཉིད་དུ་དེ་ཁོ་ན་ཉིད་རྟོགས་པར་འགྱུར་ཏེ། ནང་གི་བག་ཆགས་སྨིན་པ་ལས་གཟུགས་སོགས་འབྱུང་བས་སེམས་ལས་རྫས་གཞན་གྱི་ཕྱི་རོལ་དོན་གྱི་གཟུང་བ་མེད་པར་དེ་ལས་དོན་གཞན་པའི་དེ་འཛིན་པར་བྱེད་པ་མ་མཐོང་ཞིང་། ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་པོ་ནི་རྣམ་པར་ཤེས་པའི་བདག་ཉིད་ཙམ་དུ་རབ་ཏུ་རྟོགས་པས་གཉིས་སྟོང་གི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་ཕྱི་ནང་གི་དངོས་པོ་ཀུན་གཞི་ཞེས་བྱ་བ་ཆོས་ཅན། ཁྱོད་ལས་རང་གི་ནུས་པས་གཞག་པའི་བག་ཆགས་སྨིན་པ་ལས་ཕྱིར་རོལ་གྱི་དོན་དུ་མེད་པའི་རྣམ་ཤེས་ཙམ་ཞིག་འབྱུང་བ་ཡིན་ཏེ། དཔེ་ཇི་ལྟར་ཞེ་ན་རླུང་གིས་བསྐུལ་པ་སྟེ་བསྐྱོད་པ་ལས་རྒྱ་མཚོ་ཆེན་པོ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ་ཡིན་པའི་ཕྱིར། གཞན་གྱི་དབང་རྣམ་ཤེས་རང་བཞིན་གྱིས་གྲུབ་པའི་ངོ་བོ་གང་ཡིན་པ་དེ་ནི། གཟུང་འཛིན་གྱི་དངོས་པོ་བཏགས་པར་རྫས་ཐ་དད་དུ་ཡོད་བར་སྣང་བའི་རྒྱུར་འགྱུར་བ་ཡིན་ཏེ། ཀུན་གཞི་ལ་བག་ཆགས་བཞག་པའི་ནུས་པ་སྨིན་པ་ལས་དོན་སྣང་གི་དངོས་པོ་འབྱུང་བ་བསྟན་ཟིན་པ་དེའི་ཕྱིར། དོན་སྣང་གི་ཤེས་པ་དེ་ཆོས་ཅན། ཁྱད་པར་གསུམ་དང་ལྡན་པ་ཡིན་ཏེ། ཕྱི་རོལ་དོན་གྱི་གཟུང་བ་མེད་པར་འབྱུང་བར་འགྱུར་ལ། རང་བཞིན་གྱིས་ཡོད་པ་དང་། དོན་དམ་པར་སྒྲ་རྟོག་གི་སྤྲོས་པ་ཀུན་གྱི་ཡུལ་མ་ཡིན་པའི་རང་བཞིན་དུ་ཡོད་པ་ཡིན་པའི་ཕྱིར། ཟེར། གཉིས་པ་ལ་གཉིས། རྒྱས་པར་དགག་པ་དང་། དོན་བསྡུ་པའོ། །དང་པོ་ལ་གསུམ། དཔེ་དགག་པ། དོན་དགག་པ། དེ་ལྟར་བཀག་པ་དང་མི་སྡུག་པ་བསྒོམ་པ་མི་འགལ་བར་བསྟན་པའོ། །དང་པོ་ལ་གཉིས། རྨི་ལམ་གྱི་དཔེ་དགག་པ་དང་། སྐྲ་ཤད་མཐོང་བའི་དཔེ་དགག་པའོ། །དང་པོ་ལ་གསུམ། རྨི་ལམ་གྱི་དཔེས་ཤེས་པ་རང་བཞིན་གྱིས་ཡོད་པར་མི་འགྲུབ་པ། དེས་ཕྱི་དོན་མེད་པར་མི་འགྲུབ་པ། དེས་དངོས་པོ་ཐམས་ཅད་བརྫུན་པར་འགྲུབ་པར་བསྟན་པའོ། །དང་པོ་ནི། སེམས་ཙམ་པ་ཁྱོད་ཀྱིས་ཕྱི་རོལ་མེད་པའི་སེམས་རང་བཞིན་གྱིས་གྲུབ་པར་འདོད་ན། དེ་ལྟར་འདོད་པའི་དཔེ་ནི་གང་དུ་ཡོད་ཅེས་དྲིས་པ་ལས། ཁོ་ན་རེ། རྨི་ལམ་དུ་ཕྱི་རོལ་གྱི་གླང་པོ་ཆེ་མེད་ཀྱང་ཁང་མིག་ཆུང་ངུར་ཉལ་བའི་ཚེ་དེ་ན་རྨི་ལམ་གྱི་ཡིད་ཤེས་ལ་གླང་ཆེན་གྱི་ཁྱུ་འཁྲིགས་པར་སྣང་བ་ཇི་བཞིན་ནོ་ཞེ་ན། ཚུལ་དེ་བསམ་པར་བྱ་སྟེ། འདི་ལྟར། སྤྱིར་དེ་འདྲ་བའི་ཤེས་པ་འཁྲུལ་བ་སྐྱེ་ཡང་ཁྱོད་ཀྱི་དེ་ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་ཡོད་པའི་དཔེར་ཡོད་པ་མ་ཡིན་པར་ཐལ། དུས་གང་གི་ཚེ་ངའི་ལུགས་ལ་རྨི་ལམ་ན་ཡང་སེམས་རང་བཞིན་གྱིས་ཡོད་པ་མ་ཡིན་པ་དེའི་ཚེ་སྟེ་དེའི་ཕྱིར་རོ། །ཡང་གལ་ཏེ་རྨི་ལམ་ན་ཡིད་རང་བཞིན་གྱིས་ཡོད་དེ། གཉིད་སད་པའི་ཚེ་རྨི་ལམ་མྱོང་བ་དྲན་པ་ལས་ཏེ་དེའི་ཕྱིར་རོ། །ཞེ་ན། རྨི་ལམ་དུ་སྣང་བའི་ཕྱི་རོལ་ཡུལ་ཡང་དེ་བཞིན་དུ་རང་བཞིན་གྱིས་ཡོད་པར་འགྱུར་བར་ཐལ། ཇི་ལྟར་ཞེ་ན་ཁྱོད་ཀྱིས་སད་པའི་ཚེ་ངས་རྨི་ལམ་མཐོང་སྙམ་དུ་དྲན་པ་དེ་འདྲ་བ་ཕྱི་རོལ་གྱི་ཡུལ་མཐོང་སྙམ་དུ་དྲན་པ་ལ་ཡང་ཡོད་པ་ཡིན་པའི་ཕྱིར། འདོད་པར་མི་ནུས་ཏེ། ཕྱི་དོན་མེད་པའི་ཕྱིར་རོ། །རྟགས་ཁས། གཉིས་པ་ནི། གལ་ཏེ་ཁོ་ན་རེ། གཉིད་འཐུག་པོ་ལོག་པའི་སྐབས་ན་མིག་གི་བློ་མི་སྲིད་པས། མིག་གི་ཤེས་པའི་གཟུང་བྱའི་ཕྱི་དོན་ཡོད་པ་མིན་ཅིང་ཡིད་ཀྱི་ཤེས་པ་ཁོ་ན་ཡོད་ལ། ཡིད་ཀྱི་ཤེས་པ་ལ་ཕྱི་རོལ་དེ་ཡི་རྣམ་པ་སྣང་བ་ཙམ་ལ་ཕྱི་རོལ་གྱི་དོན་ཉིད་དུ་མངོན་པར་ཞེན་པར་འབྱུང་བས་ན། རྨི་ལམ་དུ་ཕྱི་དོན་མེད་པར་ཤེས་པ་ཡོད་པ་ཇི་ལྟ་བ་དེ་བཞིན་དུ་སད་པའི་སྐབས་འདིར་ཡང་འདོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། རྨི་ལམ་དུ་ཕྱི་དོན་མེད་ཀྱང་ཤེས་པ་རང་བཞིན་གྱིས་གྲུབ་པ་དེ་དཔེར་མི་རུང་པར་ཐལ། འོ་ན་ཇི་ལྟར་ན། ཁྱོད་ཀྱི་ལྟར་ཕྱི་རོལ་གྱི་ཡུལ་རྨི་ལམ་དུ་མ་སྐྱེས་པ་དེ་བཞིན་དུ་ཡིད་ཀྱི་རྣམ་ཤེས་ཀྱང་རང་བཞིན་གྱིས་སྐྱེས་པ་མ་ཡིན་ལ། དེར་མ་ཟད། རྨི་ལམ་དུ་མིག་གི་ཡུལ་གཟུགས་དང་དེ་གཉིས་ཀྱིས་བསྐྱེད་པའི་སེམས་མིག་གི་རྣམ་ཤེས་གསུམ་པོ་ཐམས་ཅད་ཀྱང་ནི་བརྫུན་པ་ཡིན་ཞིང་། རྣ་བ་དང་སྣ་སོགས་ལྷག་མའི་དབང་ཡུལ་རྣམ་ཤེས་གསུམ་པོའང་རང་བཞིན་གྱིས་སྐྱེ་བ་མེད་པའི་ཕྱིར་རོ། ། གསུམ་པ་ནི། སེམས་ཙམ་པ་ཁྱོད་འདོད་པ་ལྟར་རྨི་ལམ་གྱི་སེམས་དེ་རང་བཞིན་གྱིས་ཡོད་པ་མ་ཡིན་ལ། དེ་བཞིན་དུ་དབང་པོའི་སྤྱོད་ཡུལ་ཡང་རང་བཞིན་གྱིས་མེད་ཅིང་དབང་པོ་རྣམས་ཀྱང་རང་བཞིན་གྱིས་མེད་པར་ཐལ། དཔེར་ན། ཐ་མལ་བའི་གཉིད་ལོག་པའི་ཤེས་ངོར་རྨི་ལམ་གྱི་ཡུལ་དབང་རང་བཞིན་གྱིས་གྲུབ་པར་སྣང་ཡང་དོན་དུ་རྫུན་པས་ན། རྨི་ལམ་ཇི་ལྟ་བ་དེ་བཞིན་དུ་སད་པའི་སྐབས་འདིར་ཡང་ཡུལ་དབང་ཤེས་པའི་དངོས་པོ་རྣམས་བརྫུན་པ་ཡིན་པའི་ཕྱིར་ཏེ། འཇིག་རྟེན་འདི་ན་ཇི་ལྟར་ཐ་མལ་པའི་གཉིད་སད་ཀྱང་མ་རིག་པའི་གཉིད་ཀྱི་ངོ་བོར་ཡུལ་དབང་རྣམ་ཤེས་གསུམ་ཆར་རང་བཞིན་གྱིས་ཡོད་པ་དེ་བཞིན་དུ། ཇི་སྲིད་དུ་ཐ་མལ་པའི་གཉིད་མ་སད་པ་དེ་སྲིད་དུ་གང་ཟག་དེའི་ཤེས་ངོ་དེ་ལ་ཡུལ་དབང་རྣམ་ཤེས་གསུམ་པོ་ཡོད་ཀྱང་། གཉིད་སད་པར་གྱུར་པ་ན་ཤེས་ངོ་དེར་རྨི་ལམ་གྱི་ཆོས་གསུམ་ཆར་ཡོད་པ་མིན་པ་ལྟར། གཏི་མུག་གི་གཉིད་སད་པ་ལས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་གང་ཟག་གི་ཡེ་ཤེས་ཀྱི་ངོ་བོར་ཆོས་གསུམ་པོ་རང་བཞིན་གྱིས་མི་སྣང་བའི་ཚུལ་དེ་ཉིད་དེ་བཞིན་ཡིན་པའི་ཕྱིར། དེའི་དོན་བསྡུ་ན། རྨི་ལམ་གྱི་ཤེས་པ་རང་བཞིན་གྱིས་མ་གྲུབ་པར་ཐལ། གཉིས་ལོག་པའི་སྐབས་སུ་ཡུལ་དབང་རྣམ་ཤེས་གསུམ་བདེན་པར་སྣང་ཡང་། གཉིད་སད་པའི་ཚེ་དེ་གསུམ་མི་བདེན་པར་མཚུངས་པའི་ཕྱིར་དང་། དེ་བཞིན་དུ་མ་རིག་པ་དང་ལྡན་པའི་ངོ་བོར་ཡུལ་དབང་རྣམ་ཤེས་གསུམ་རང་བཞིན་གྱིས་གྲུབ་པར་སྣང་ཡང་། མ་རིག་པ་སྤངས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ངོ་བོར་དེ་གསུམ་མི་བདེན་པར་སྣང་བའི་ཚུལ་དཔེ་དོན་སྔ་ཕྱི་ཕན་ཚུན་སྦྱར་བའི་ཚེ་མཚུངས་པའི་ཕྱིར་ཞེས་པའོ། ། གཉིས་པ་ནི། གང་དུ་སྐྲ་ཤད་མེད་ཀྱང་། དེར་སྣང་བའི་ཤེས་པ་རང་བཞིན་གྱིས་གྲུབ་པ་སྲིད་དོ་ཞེ་ན། དཔེ་དེ་ཡང་མི་འཐད་པར་ཐལ། མིག་གི་དབང་པོ་རབ་རིབ་དང་བཅས་པའི་བློ་གང་གིས་རབ་རིབ་ཀྱི་མཐུ་ལས་གཞི་དེར་སྐྲ་ཤད་མེད་བཞིན་དུ་སྐྲ་ཤད་རྣམས་གང་མཐོང་བ་ན། གང་ཟག་དེའི་བློ་ལ་ལྟོས་ནས་མིག་ཤེས་དེ་དང་སྐྲ་ཤད་གཉིས་ཆར་བདེན་པ་སྟེ་གཉིས་ཀར་སྣང་བ་ཡོད་ལ། རབ་རིབ་མེད་པར་དོན་གསལ་བར་མཐོང་བ་ལ་ལྟོས་ནས་དེ་གཉིས་ཀའང་རྫུན་པ་ཡིན་པ་སྟེ་མི་བདེན་པའི་ཕྱིར། སྐྲ་ཤད་མེད་པར་སྐྲ་ཤད་འཛག་སྣང་གི་བློ་དེ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ཐལ། གལ་ཏེ་ཤེས་བྱ་སྐྲ་ཤད་གྱི་རྣམ་པ་ཅན་གྱི་བློ་རང་བཞིན་གྱིས་སྐྱེ་བ་ཡོད་ན་ནི། དེའི་ཚེ་སྐྲ་ཤད་མཐོང་བའི་ཤེས་པ་དེའི་ཡུལ་དང་། དེར་མིག་ནི་རྗེས་སུ་འབྲེལ་བ་སྟེ་གཏད་པའི་རབ་རིབ་མེད་པ་ལའང་རབ་ཅན་དང་འདྲ་བར་སྐྲ་ཤད་ཀྱི་རྣམ་པ་ཅན་ཀྱི་བློ་སྐྱེ་བར་འགྱུར་ན་ནི་དེ་ལྟ་མ་ཡིན་པ་དེའི་ཕྱིར་རོ། ། གཉིས་པ་ལ་གསུམ། བག་ཆགས་སྨིན་མ་སྨིན་ལས་དོན་སྣང་གི་དབང་ཤེས་སྐྱེ་མི་སྐྱེ་དགག་པ། སླར་ཡང་ཕྱི་དོན་མེད་པར་རྣམ་ཤེས་སྐྱེ་བ་དགག་པ། བཀག་པ་ལ་ལུང་རིགས་ཀྱིས་མི་གནོད་པར་བསྟན་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་དེ་དགག་པའོ། །དང་པོ་ནི། སེམས་ཙམ་པ་ན་རེ། རབ་རིབ་མེད་པ་ལ་སྐྲ་ཤད་སྣང་བའི་བློ་སྐྱེ་བར་འགྱུར་པའི་སྐྱོན་དེ་མི་འཇུག་སྟེ། རྒྱུ་མཚན་གང་གི་ཕྱིར་ན། རབ་རིབ་མེད་པར་ཡུལ་མཐོང་བ་དག་ལ་སྐྲ་ཤད་དུ་སྣང་བའི་བློའི་ནུས་པ་བག་ཆགས་ནི། སྨིན་པ་མེད་པ་དེའི་ཕྱིར་ན་རབ་རིབ་མེད་པ་དེ་ལ་སྐྲ་ཤད་སྣང་བའི་བློ་སྐྱེ་བར་མི་འགྱུར་གྱི། ཤེས་བྱ་སྐྲ་ཤད་ཡོད་པའི་དངོས་པོ་དང་བྲལ་བ་ཙམ་གྱིས་བློ་དེ་མི་སྐྱེ་བ་མ་ཡིན་པའི་ཕྱིར་རོ། །ཞེ་ན། གཉིས་པ་དགག་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྐྲ་ཤད་དུ་སྣང་བའི་བློའི་ནུས་པ་ལས་བློ་སྐྱེ་བ་འདི་ནི་འགྲུབ་པ་མ་ཡིན་པར་ཐལ། དེ་འདྲའི་ནུས་པ་དེ་རང་བཞིན་གྱིས་མེད་པས་ཏེ་དེའི་ཕྱིར་ཏེ། དེ་ལ་འོག་ནས་འབྱུང་བའི་རིགས་པས་གནོད་པའི་ཕྱིར། གཉིས་པ་ལ་གསུམ། ད་ལྟ་བ་དང་། མ་འོངས་པ་དང་། འདས་པ་ལ་ནུས་པ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་ཤེས་སྐྱེས་པ་སྟེ་ད་ལྟ་བ་ལ་ནུས་པ་རང་བཞིན་གྱིས་གྲུབ་པ་སྲིད་པ་ཡོད་པ་མ་ཡིན་པར་ཐལ། ཇི་ལྟར་ཞེ་ན། གལ་ཏེ་དེ་ལྟར་འདོད་པ་དེའི་ཚེ། ནུས་པ་ལ་རྣམ་ཤེས་ཞེས་བརྗོད་པའི་སྒྲའི་རྗེས་སུ་འབྲང་བའི་རྟོག་པ་ལ་ཇི་ལྟར་སྣང་བ་ལྟར་གྲུབ་དགོས་པས། རྣམ་ཤེས་དང་དེའི་ནུས་པ་གཉིས་རང་བཞིན་གྱིས་གྲུབ་པའི་གཅིག་ཡིན་དགོས། དེ་ཡིན་ན། ཐ་དད་མེད་པའི་གཅིག་ཏུ་འགྱུར་བས། ལས་བྱ་བྱེད་གཉིས་ཀྱང་གཅིག་ཏུ་འགྱུར་པའི་ཕྱིར། གལ་ཏེ། ནུས་པའི་རྣམ་ཤེས་ཞེས་བརྗོད་པའི་སྒྲའི་རྗེས་སུ་འབྲང་བའི་ཚེ་དྲུག་པའི་སྒྲས་རྣམ་ཤེས་དང་དེའི་ནུས་པ་གཉིས་དོན་གཞན་དུ་བརྗོད་པ་བཞིན་དུ་འདོད་ན་དེ་ཡང་མི་འཐད་པར་ཐལ། དེ་ལྟར་ཡིན་ན། རྣམ་ཤེས་དང་དེའི་ནུས་པ་གཉིས་འབྲེལ་མེད་དུ་འགྱུར་པའི་ཕྱིར། ཡང་ནུས་པ་ལས་རྣམ་ཤེས་ཞེས་རྣམ་དབྱེ་ལྔ་པའི་སྒྲའི་རྗེས་སུ་འབྲང་བ་ལྟར་འདོད་ན་མི་འཐད་པར་ཐལ། ནུས་པ་དང་ནུས་པ་ཅན་དུས་མཉམ་པ་ལ་རྒྱུ་འབྲས་མི་རུང་བའི་ཕྱིར་རོ། ། གཉིས་པ་ནི། རྣམ་ཤེས་མ་འོངས་པ་ལ་ནུས་པ་རང་བཞིན་གྱིས་ཡོད་དོ་ཞེ་ན། རྣམ་ཤེས་སྔར་མ་སྐྱེས་པའི་ངོ་བོ་ལ་ཡང་ནུས་པ་ཡོད་པ་མ་ཡིན་པར་ཐལ། རྣམ་ཤེས་མ་འོངས་པ་དེ་ལྟར་གྱི་རྣམ་ཤེས་སུ་མེད་པས་ནུས་པ་འདི་ནི་རྣམ་ཤེས་འདིའི་ནུས་པའོ་ཞེས་བསྟན་མི་ནུས་པའི་ཕྱིར་ཁྱབ་སྟེ། ཁྱད་པར་རྣམ་ཤེས་མེད་པས་ཁྱད་པར་ཅན་གྱི་ནུས་པ་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་དེ་ཡོད་ན་མོ་གཤམ་གྱི་བུ་ལའང་དེའི་ནུས་པ་ནི་ཡོད་པར་ཐལ། འདོད་པ་དེའི་ཕྱིར། གལ་ཏེ་སྣམ་ཡུགས་ཐོགས་ཤིག་ཅེས་སོགས། འབྱུང་འགྱུར་ལ་བསམས་ནས་བརྗོད་པ་ལྟར་རྣམ་པར་ཤེས་པ་ཕྱིར་འབྱུང་བར་འགྱུར་པ་དེར་བསམས་ཏེ་རྣམ་ཤེས་ཀྱི་ནུས་པ་ཞེས་བསྙད་པར་འདོད་དོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། རང་བཞིན་གྱིས་གྲུབ་པའི་རྣམ་ཤེས་འདི་ཡི་འབྱུང་འགྱུར་མེད་པའི་ཕྱིར་ཏེ། མ་འོངས་པའི་རྣམ་ཤེས་རང་བཞིན་གྱིས་མེད་པས་དེའི་ནུས་པ་ཡང་རང་བཞིན་གྱིས་མེད་པའི་ཕྱིར། ཁོ་ན་རེ། རྣམ་ཤེས་དང་དེའི་ནུས་པ་གཉིས་ཕན་ཚུན་ལྟོས་ནས་འཇོག་གོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། ཕན་ཚུན་དོན་ལ་བརྟེན་པའི་འགྲུབ་པ་ནི། རང་བཞིན་གྱིས་གྲུབ་པ་མ་ཡིན་པ་ཉིད་ཅེས་དམ་པ་རྣམས་ཀྱིས་གསུངས་པའི་ཕྱིར་རོ། ། གསུམ་པ་ནི། གལ་ཏེ་རྣམ་ཤེས་སྐྱེས་ནས་འགགས་པའི་ནུས་པ་སྨིན་པ་ལས་རྣམ་ཤེས་ཕྱི་མ་སྐྱེ་བར་འགྱུར་རོ་ཞེ་ན། རང་བཞིན་གྱིས་གྲུབ་པའི་གཞན་གྱི་ནུས་པ་ལས་འབྲས་བུའི་རྣམ་ཤེས་གཞན་འབྱུང་བར་འགྱུར་བར་ཐལ། ཅིའི་ཕྱིར་ན་རྒྱུན་ཅན་གྱི་དངོས་པོ་རྣམས་རིམ་གྱིས་འབྱུང་བ་དེར། ཁྱོད་ལྟར་ན་སྔ་ཕྱི་ཕན་ཚུན་ངོ་བོ་ཉིད་ཀྱིས་ཐ་དད་དུ་ཡོད་པའི་ཕྱིར་རོ། །འདོད་དོ་ཞེ་ན་དངོས་པོ་ཐམས་ཅད་ནི་རང་གི་རྒྱུ་ཡིན་མིན་ཀུན་ལས་འབྱུང་བར་འགྱུར་བར་ཐལ། འདོད་པ་དེའི་ཕྱིར། ཡང་གལ་ཏེ་སྔ་ཕྱི་རིམ་གྱིས་འབྱུང་བ་དེར་ནི་རྒྱུན་ཅན་གྱི་རྫས་རྣམས་རང་བཞིན་གྱིས་ཐ་དད་ཡིན་མོད་ཀྱི། སྐད་ཅིག་སྔ་ཕྱི་དེ་དག་ལ་རྒྱུན་ནི་ཐ་དད་མེད་ཅིང་གཅིག་ཡིན་པ་དེའི་ཕྱིར་ཇི་སྐད་བཤད་པའི་ཉེས་པ་མེད་དོ་ཅེ་ན། དེ་ཡང་མི་འཐད་པར་ཐལ། སྤྱིར་རྒྱུན་གཅིག་པ་འཐད་ཀྱང་ངོ་བོ་ཉིད་ཀྱིས་གྲུབ་པའི་སོ་སོ་བ་ལ་རྒྱུད་གཅིག་པ་འདི་ནི་བསྒྲུབ་པར་བྱ་བ་ཞིག་སྟེ་དེ་ལ་རིགས་པས་གནོད་པའི་ཕྱིར། དེར་ཐལ། ངོ་བོ་ཉིད་ཀྱིས་ཐ་དད་ཡིན་པ་རྒྱུན་ཡོད་པའི་སྐབས་མི་རིགས་པའི་ཕྱིར། དེར་ཐལ། དངོས་པོ་སྔ་ཕྱི་བ་གང་དག་རང་གིས་མཚན་ཉིད་ཀྱིས་ཡོད་པའི་སོ་སོ་པ་དེ་དག་རྒྱུད་གཅིག་ཏུ་གཏོགས་པ་རིགས་པ་མ་ཡིན་པའི་ཕྱིར་རོ། །དཔེར་ན། བྱམས་པ་དང་། ཉེས་སྦས་ལ་བརྟེན་པའི་རྒྱུད་དུ་གཏོགས་པའི་ཆོས་རྣམས་ནི། གང་ཟག་སོ་སོའི་གཞན་ཉིད་ཡིན་པའི་ཕྱིར་ན། དེ་དག་རྒྱུད་གཅིག་ཏུ་གཏོགས་པ་མ་ཡིན་པ་བཞིན་ཡིན་པའི་ཕྱིར་རོ། །འདིས་ཐ་སྙད་དུ་རྒྱུད་གཅིག་པ་འཐད་ཀྱང་རང་གི་མཚན་ཉིད་ཀྱི་གྲུབ་པའི་སྐྱེ་བ་སྔ་ཕྱི་ལ་རྒྱུད་གཅིག་པ་མི་འཐད་པར་བསྟན་ཏེ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སོ་སོ་བ་ཡིན་ན། ལྟོས་མེད་ཀྱི་སོ་སོ་བ་ཡིན་དགོས་བར་བསྟན་པའི་ཕྱིར། གཉིས་པ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཡང་སེམས་ཙམ་པ་ན་རེ། ཕྱི་དོན་མེད་པར་ཤེས་པ་སྐྱེ་བ་ཡོད་དེ། དེ་མེད་ཀྱང་དབང་ཤེས་རང་གི་བདག་རྐྱེན་ལ་བརྟེན་ནས་སྐྱེ་བ་ཡོད་པའི་ཕྱིར། དེ་ལྟར་ཡོད་དེ། མིག་གི་བློ་སྟེ་རྣམ་ཤེས་སྐྱེ་བ་ན་རང་གི་ནུས་པའི་བག་ཆགས་གང་ཞིག་ཀུན་གཞི་ལ་བཞག་པ་སྨིན་པ་ལས་དེ་མ་ཐག་ཏུ་མིག་གི་རྣམ་ཤེས་ཀུན་ནས་སྐྱེ་བར་འགྱུར་ཞིང་། མིག་རང་གི་རྣམ་ཤེས་དེ་གང་ལས་སྐྱེ་བའི་རྟེན་གྱི་ནུས་པ་དེ་ལ་འཇིག་རྟེན་པས་དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོགས་པར་བྱེད་ཀྱི། རྣམ་ཤེས་ལས་རྫས་ཐ་དད་པའི་མིག་དབང་མེད་པའི་ཕྱིར་དང་། དབང་པོ་གཟུགས་ཅན་གཞན་ལའང་སྦྱར་བར་བྱ་བའི་ཕྱིར། དེ་ཡང་སྔོན་པོ་འཛིན་པའི་མིག་ཤེས་ལྟ་བུ་ལ་མཚོན་ན། དེ་སྐྱེ་བའི་རྒྱུའི་བག་ཆགས་ནི་དེའི་རྒྱུ་རྐྱེན་དང་། མིག་དབང་ནི་དེའི་བདག་རྐྱེན། སྔོན་པོ་ནི་དེའི་དམིགས་རྐྱེན། ཤེས་པ་དེའི་སྔ་ལོགས་དེ་མ་ཐག་ཏུ་བྱུང་བའི་ཤེས་པ་ནི་དེའི་དེ་མ་ཐག་རྐྱེན་ནོ། །རྣམ་ཤེས་དེ་ལས་རང་གི་གཟུང་དོན་ངོ་བོ་གཞན་དུ་མེད་དེ། འཇིག་རྟེན་འདི་ན་དབང་པོ་ལྔ་ལས་བྱུང་བའི་རྣམ་པར་རིག་པ་ལྔ་ནི། སྔོན་པོ་སོགས་ཕྱི་རོལ་གྱི་གཟུང་བ་མེད་པར་རྣམ་ཤེས་རང་གི་ས་བོན་ཀུན་གཞི་ལ་བཞག་པ་སྨིན་པ་ལས་སྔོ་སོགས་སུ་སྣང་བ་ཉིད་འབྱུང་བར་མ་རྟོགས་ནས་སྐྱེ་བོས་སེམས་ཕྱི་རོལ་དོན་གྱི་རྣམ་པར་སྣང་བ་ལ་ཕྱི་རོལ་དོན་གྱི་གཟུང་བར་ཁས་ལེན་པ་སྟེ་མངོན་པར་ཞེན་པ་ཡིན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན། རྨི་ལམ་ན་ནི་སེམས་ལས་གཟུགས་དོན་གཞན་དུ་གྱུར་པ་མེད་པར་རང་གི་བག་ཆགས་ཀྱི་ནུས་པ་སྨིན་པ་ལས་གཟུགས་དེའི་རྣམ་པ་ཅན་གྱིས་སེམས་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ། སད་པའི་སྐབས་ལའང་འདིར་ཕྱི་རོལ་གྱི་དོན་མེད་པར་ཡིད་ནི་ཡོད་དོ་ཅེ་ན། གཉིས་པ་དེ་དགག་པ་ནི། དེ་ལྟར་འདོད་པ་མི་རིགས་པར་ཐལ། ཇི་ལྟར་ན། མིག་དབང་མེད་པར་ནི་རྨི་ལམ་དུ་སྔོ་སོགས་སྣང་བའི་ཡིད་ཀྱིས་སེམས་འབྱུང་བ་དེ་ལྟར་དུ་མིག་དབང་མེད་པར་རྣམ་ཤེས་རང་གི་ས་བོན་གྱི་བག་ཆགས་སྨིན་པ་ལས། སད་པའི་དུས་སུ་ལོང་བ་ལ་འདིར་སྔོན་པོ་སོགས་གསལ་བར་སྣང་བའི་ཤེས་པ་རྒྱུ་མཚན་ཅིས་མི་སྐྱེ་སྟེ་སྐྱེ་རིགས་པར་འགྱུར་བའི་ཕྱིར་ཏེ། ལོང་བ་ལ་སད་གཉིད་གཉིས་ཀའི་དུས་སུ་མིག་དབང་ཁྱད་པར་ཅན་མེད་པར་མཚུངས་པའི་ཕྱིར། དེས་ན། ཕྱི་དོན་མེད་པར་རྣམ་ཤེས་རང་བཞིན་གྱིས་མི་སྐྱེ་སྟེ། རྒྱུ་མཚན་ཇི་སྐད་བཤད་པ་དེའི་ཕྱིར། གལ་ཏེ་ཁྱོད་འདོད་པ་ལྟར་རྨི་ལམ་ན་ལོང་བ་ལ་གཟུགས་གསལ་བར་སྣང་བ་དེ་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་ཡི་ནུས་པ་སྨིན་པ་ཡོད་པའི་རྐྱེན་གྱིས་ཡིན་ལ། ལོང་བ་གཉིད་སད་པར་གྱུར་བའི་ཚེ་མེད་པར་གྱུར་པ་ཡིན་ཞེས་འདོད་ན། དེ་ཡང་མི་འཐད་པར་ཐལ། ལོང་བ་དེ་ལ་དྲུག་པའི་ནུས་པ་སྨིན་པ་སད་པའི་དུས་འདིར་མེད་པ་ཇི་ལྟ་བ་དེ་ལྟར་རྨི་ལམ་གྱི་ཚེ་ཡང་མེད་ཅེས་ཏེ་ཅིའི་ཕྱིར་མི་རིགས་ཏེ་རིགས་དགོས་པའི་ཕྱིར་ཏེ། དགག་བྱ་ལ་གཏུགས་པའི་ཚེ་དོན་ཤེས་ཡོད་མེད་མཚུངས་པའི་ཕྱིར། ཇི་ལྟར་མིག་མེད་པའི་ལོང་བ་ལ་སད་དུས་ཕྱི་རོལ་དོན་སྣང་གི་བག་ཆགས་སྨིན་པ་ནི་མིག་ཤེས་སྐྱེ་བ་འདི་ཡི་རྒྱུ་མ་ཡིན་པ་ལྟར། རྨི་ལམ་དུ་ཡང་གཉིད་ནི་དོན་སྣང་གི་ཤེས་པ་སྐྱེ་བའི་རྒྱུ་མ་ཡིན་པར་ཐལ། ཕྱི་དོན་མེད་པར་ཤེས་པ་རང་བཞིན་གྱིས་སྐྱེ་ན་བག་ཆགས་སྨིན་པ་ལ་མི་ལྟོས་པའི་ཕྱིར་རོ། །རྨི་ལམ་དུ་ཡང་སད་པའི་སྐབས་དེ་ལྟ་བུའི་དངོས་པོ་གཟུགས་སོགས་སྣང་བའི་རྣམ་ཤེས་ཀྱི་རྟེན་མིག་ནི། བརྫུན་པའི་ཡུལ་ཅན་རྟོགས་པ་རྣམ་ཤེས་སྐྱེ་བའི་རྒྱུར་རམ་རྟེན་དུ་ཁས་བླང་བར་བྱ་འོས་ཏེ་ཅིའི་ཕྱིར་ན། བག་ཆགས་བརྫུན་པ་ལས་དོན་སྣང་གི་ཤེས་པ་བརྫུན་པ་སྐྱེ་བ་དེའི་ཕྱིར། །བསྡུ་ན། ཤེས་བྱ་ཆོས་ཅན། སེམས་ཙམ་པས་རྣམ་པར་རིག་པ་ཙམ་དུ་སྨྲ་པའི་རྩོད་པ་འདི་སེལ་བར་བྱེད་ནུས་ཏེ། དབུ་མ་པས་གཞན་དབང་རང་བཞིན་གྱིས་གྲུབ་པ་བཀག་པ་ལ་སེམས་ཙམ་པ་འདི་ཡིས་ལན་ནི་གང་དང་གང་བཏབ་པའི་ལན་དེ་དང་དེ་ནི་བསྒྲུབ་བྱ་མ་གྲུབ་པའི་དམ་བཅའ་དང་མཚུངས་པར་མཐོང་པས་ཏེ་དེའི་ཕྱིར། གསུམ་པ་ནི། འདིར་སེམས་ཙམ་པའི་ལུགས་དེ་ལྟ་བུ་བཀག་པ་ལ་སངས་རྒྱས་ཀྱི་ལུང་གིས་མི་གནོད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རང་ལུགས་ལ་གསུང་རབ་འགར་ཡང་དངོས་པོ་བདེན་པར་ཡོད་ཅེས་མ་བསྟན་པའི་ཕྱིར་རོ། །དེ་ཡང་ལང་གཤེགས་ལས། སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱིས་དངོས་པོ་མེད། །བཏགས་པ་དངོས་པོའི་ངོ་བོར་ནི། །རྟོག་གེ་པ་དག་རྟོག་པར་འགྱུར། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བཏགས། །ཞེས་གསུངས་པའི་ཕྱིར། གསུམ་པ་ལ་གསུམ། ཚིག་དོན། སྤྱི་དོན། མཐའ་དཔྱད་པའོ། །དང་པོ་ནི། ཕྱི་དོན་མེད་པར་ཤེས་པ་རང་བཞིན་གྱིས་སྐྱེ་བ་མེད་ན། ཀེང་རུས་གསལ་སྣང་ཅན་གྱི་ཤེས་པ་ཇི་ལྟར་སྐྱེ་སྙམ་ན། ཤེས་བྱ་ཆོས་ཅན། དེ་ལྟར་སྐྱེ་བ་ཡོད་པ་མི་འགལ་བར་ཐལ། རྣལ་འབྱོར་པ་ཡིས་བླ་མའི་མན་ངག་གི་དོན་མི་སྡུག་པ་བསྒོམ་པ་ལས་ཀེང་རུས་ཀྱིས་གང་ཞིང་ཁྱབ་པའི་ས་གཞི་མཐོང་བ་གང་ཡིན་པ་དེར་ཡུལ་དབང་རྣམ་ཤེས་གསུམ་རྫུན་པར་ཡོད་ཀྱང་། དེ་གསུམ་ཆར་རང་བཞིན་གྱིས་སྐྱེ་བ་མེད་པར་མཐོང་བའི་ཕྱིར། དེར་ཐལ། དེ་ལྟར་སྣང་བའི་ཏིང་ངེ་འཛིན་དེ། ཡུལ་ལོག་པ་སྟེ་མི་བདེན་པ་མོས་པས་ཡིད་ལ་བྱེད་པར་མདོ་ལས་བསྟན་པའི་ཕྱིར་རོ། སེམས་ཙམ་པ་ཆོས་ཅན། ཁྱོད་ཀྱིས་ཟློས་གར་གྱི་ལྟད་མོ་སོགས་ལ་བལྟ་བའི་ཚེ་གང་ཟག་གཅིག་གི་དབང་པོའི་བློ་མིག་གི་ཤེས་པའི་ཡུལ་རྣམས་ཤེས་པ་དེའི་ངོ་བོར་ཇི་ལྟར་སྣང་བ་དེ་བཞིན་དུ་ལྟད་མོ་བ་གཞན་ལ་ཡང་སྣང་བ་ཇི་ལྟ་བ་དེ་ལྟར་མི་སྡུག་པ་ཡིད་བྱེད་ཀྱི་རྣལ་འབྱོར་བས་ཡུལ་མཐོང་བར་ཡང་འགྱུར་ན། དེས་མཐོང་བ་དེ་བཞིན་དུ་ཀེང་རུས་ཀྱི་ཡུལ་དེར་བློ་གཏད་པའི་རྣལ་འབྱོར་བ་མ་ཡིན་པ་ཅིག་ཤོས་ཀྱིས་ཀེང་རུས་དེ་རྟོགས་པར་འགྱུར་བར་ཐལ། དེ་ལྟར་སྣང་བའི་ཤེས་པ་རང་བཞིན་གྱིས་གྲུབ་པའི་ཕྱིར། འདོད་ན། ཏིང་ངེ་འཛིན་དེ་ནི་ཆོས་ཅན། བརྫུན་པར་ཏེ་ལོག་པའི་དོན་ཡིད་ལ་བྱེད་པ་ཡང་མི་འགྱུར་བར་ཐལ། འདོད་པའི་ཕྱིར། གཞི་གང་དུ་ཆུ་འབབ་པའི་ཀླུང་དེ་ལ་ཡི་དགས་འགའ་ཞིག་གིས་རྣག་ཁྲག་ཏུ་སྣང་བའི་བློ་དེ་ཡང་ཆོས་ཅན། ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་གྲུབ་པའི་དཔེར་མི་རུང་བར་ཐལ། རབ་རིབ་དང་ལྡན་པའི་དབང་པོ་ཅན་གྱིས་སྐྲ་ཤད་མཐོང་བ་དང་མཚུངས་པའི་ཕྱིར། གཉིས་པ་ནི། སེམས་ཙམ་པས་ཕྱི་དོན་མེད་པར་ཤེས་པ་རང་བཞིན་གྱིས་གྲུབ་པའི་དཔེར་རྨི་ལམ་གྱི་དཔེ་བཀོད་པ་མི་འཐད་པར་མ་ཟད་རབ་རིབ་ཅན་གྱིས་སྐྲ་ཤད་མཐོང་བ་དང་། ཆུ་ཀླུང་རྣག་ཁྲག་ཏུ་སྣང་བའི་བློ་སྐྱེ་བའི་དཔེ་བཀོད་པ་ཡང་མི་རིགས་ཏེ། དེ་དག་བསྒྲུབ་བྱ་མི་འགྲུབ་པར་མཚུངས་པའི་ཕྱིར། འོ་ན། རླན་ཤིང་གཤེར་པའི་ཆུ་ཕོར་པ་གང་ལ་ལས་ཅན་གྱི་ལྷ་མི་ཡི་དགས་གསུམ་གྱིས་ཅིག་ཅར་བལྟས་པའི་ཚེ། སྣང་ཚུལ་ཐ་དད་པ་ཡོད་པས། གང་གིས་མཐོང་བ་ནི་ཚད་མས་གྲུབ། གང་གིས་མཐོང་བ་ནི་ཚད་མས་གྲུབ་པ་མིན་ཞེ་ན། བརྗོད་པར་བྱ་སྟེ། གང་ཟག་དེ་གསུམ་གྱིས་དངོས་པོ་དེ་ལ་ཅིག་ཅར་དུ་བལྟས་པ་དེའི་ཚེ། ཆུ་ཕོར་བ་གང་པོ་དེ་ཉིད་དངོས་པོ་དེ་གསུམ་གྱི་གཞི་མཐུན་མ་ཡིན་ཀྱང་། དེའི་ཚེ་ཆ་ཤས་གསུམ་ལྡན་དུ་སྐྱེ་བ་ཡིན་ཏེ། རླན་ཤིང་གཤེར་བ་ཕོར་པ་གང་པོ་དེའི་ཆ་ཤས་གཅིག་གིས་ཉེར་ལེན་དང་། ཡི་དགས་ཀྱི་ལས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་དེའི་ཆ་ཤས་གཅིག་གི་རིགས་རྒྱུན་ཕྱི་མ་རྣག་ཁྲག་ཏུ་སྐྱེ་བ་དང་དེ་བཞིན་དུ་མི་དང་། ལྷ་གཉིས་ལ་ཡང་སྦྱར་ཏེ་རིམ་པ་བཞིན་དུ་ཆུ་དང་བདུད་རྩིར་སྐྱེ་བ་ཡོད་པའི་ཕྱིར། དེའི་ཚེ་ཆུ་དེ་ཆ་ཤས་གསུམ་ལྡན་དུ་སྐྱེ་ཡང་། གསུམ་ཀས་ཆ་ཤས་གསུམ་ཀ་མཐོང་བ་ནི་མ་ཡིན་ཏེ། ཡི་དགས་ཀྱི་ལས་དབང་གིས་རྣག་ཁྲག་ཏུ་མཐོང་ཞིང་། དངོས་པོ་གཞན་གཉིས་མ་མཐོང་ལ། དེ་བཞིན་དུ་གཞན་ལའང་སྦྱར་བར་བྱ་བའི་ཕྱིར། དེ་ཡང་ཆུ་དེ་ཐོག་མར་བལྟ་བྱ་ཐུན་མོང་བའི་དབང་དུ་བྱས་པ་ཡིན་གྱི། ཆ་ཤས་གསུམ་ལྡན་དུ་སྐྱེས་པའི་ཚེ་ཆ་ཅན་གྱི་དངོས་པོ་དེ་གསུམ་ཀས་མི་མཐོང་བར་མ་ཟད། ཡི་དགས་གཅིག་པུས་ལོངས་སྤྱོད་པར་རྩོམ་པ་དེའི་ཚེ་ཡི་དྭགས་ཐུན་མོང་མ་ཡིན་པའི་ལོངས་སྤྱོད་བྱ་ཡིན་པས། རིགས་འདྲ་ཕྱི་མ་རྣག་ཁྲག་ཏུ་སྐྱེ་བར་འགྱུར་བའི་ཕྱིར། འགྲོ་བ་དེ་གསུམ་གྱིས་དངོས་པོ་དེར་ཅིག་ཅར་ཏུ་བལྟས་པའི་ཚེ་ཆ་ཤས་དངོས་པོ་ཚད་གྲུབ་པ་གསུམ་སྐྱེ་བའི་དཔེ་ཡང་ཡོད་དེ། ལྕགས་ཀྱི་གོང་བུ་དམར་འབར་བའི་ཆ་ཤས་ཅིག་གིས་ཉེར་ལེན་དང་། ལག་པར་ལྕགས་སྔགས་བཏབ་པས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ལག་པ་དེས་ལྕགས་གོང་དེར་རེག་པའི་ཚེ། ཚ་བའི་རེག་བྱ་མི་མྱོང་བར་རེག་བྱ་གཞན་ཞིག་མྱོང་། ལྕགས་སྔགས་མ་བཏབ་པའི་ལག་པས་རེག་པ་ན། དེ་ལས་ཟློག་སྟེ་མྱོང་པའི་ཕྱིར་དང་། སོས་ཀའི་དུས་སུ་ཟླ་བའི་འོད་ཀྱི་ཆ་ཤས་ཅིག་གི་ཉེར་ལེན་དང་། ཡི་དགས་ཀྱི་ལས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་དེའི་ལུས་ཤེས་ཀྱིས་མྱོང་བྱར་གྱུར་བའི་ཚ་རེག་སྐྱེ་བ་དང་། དགུན་དུས་སུ་ཉི་མའི་འོད་ཀྱི་རེག་བྱའི་ཆ་ཤས་ཅིག་གིས་ཉེར་ལེན་དང་། ཡི་དགས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་དེའི་ལུས་ཤེས་ཀྱི་མྱོང་བྱར་གྱུར་པའི་གྲང་རེག་སྐྱེ་བ་ཡོད་པ་ལྟ་བུ་ཡིན་པའི་ཕྱིར། དང་པོ་དེར་ཐལ། རྣམ་བཤད་ལས། ཐོག་མར་དཔེ་བཤད་པར་བྱ་སྟེ། ལྕགས་གོང་མེས་བསྲེག་པའི་དམར་འབར་བ་ལ་རེག་ཀྱང་མི་ཚིག་པའི་རིགས་སྔགས་དང་ལྡན་པ་ཅིག་གིས། ཞེས་པ་ནས། ཅིག་གིས་གྲུབ་པའི་དོན་དེ་ཉིད་ཅིག་ཤོས་ཀྱིས་དེའི་བཟློག་ཕྱོགས་སུ་གྲུབ་པ་ག་ལ་ཡིན། ཞེས་པའི་བར་གསུངས་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ཉིད་ལས། དེ་བཞིན་དུ་བཤེས་སྤྲིངས་ལས། ཡི་དགས་རྣམས་ལ་སོས་ཁའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མ་གྲང་། །ཞེས་པ་ནས། དངོས་པོ་ཅིག་ཅེས་ཀྱང་གསུངས་པས། གཞུང་དོན་ཞིབ་ཏུ་མ་དཔྱད་པར་གོ་བ་རགས་པ་རེ་ཤར་བ་ན་དེས་ཚིམ་ནས་ཐག་གཅོད་མ་སྔ་ཤིག །ཞེས་པའི་གསུངས་པའི་ཕྱིར། ལས་ཅན་གྱི་འགྲོ་བ་གསུམ་ལ། མཐོང་ཚུལ་དེ་ལྟར་འབྱུང་བ་ཡིན་ཏེ། ཐེག་བསྡུས་ལས། ཡི་དགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཅི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་ཤིང་། དེའི་བཤད་སྦྱར་དགེ་བསྙེན་བཙུན་པས་མཛད་པར། ཆུ་ཀླུང་གི་དངོས་པོ་ལ་རང་རང་གི་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་ཡི་དགས་ཀྱིས་རྣག་ལ་སོགས་པས་གང་བར་མཐོང་བ་དང་། དེ་ཉིད་ལ་དུད་འགྲོ་ཉ་ལ་སོགས་པས་བློས་གནས་པར་བྱེད་པ་དང་། མི་རྣམས་ཀྱིས་ནི་མངར་བ་དང་དར་བ་དང་བསིལ་བའི་ཆུར་རྟོག་ཅིང་། ཁྲུས་བྱེད་དོ། །འཐུང་ངོ་། །དེར་འཇུག་གོ །ཞེས་སོགས་གསུངས་པའི་ཕྱིར། གསུམ་པ་ལ། ཁ་ཅིག །ལས་ཅན་གྱི་ལྷ་མི་ཡི་དགས་གསུམ་གྱིས་ཆུ་ཀླུང་གི་དངོས་པོ་གཅིག་ཉིད་ལ་ཅིག་ཅར་དུ་བལྟས་པའི་ཚེ། དེ་གསུམ་གྱིས་མཐོང་བའི་དངོས་པོ་གསུམ་པ་དེ་ཆ་ཅན་གྱི་དངོས་པོ་གཅིག་པོ་དེའི་གོ་ས་ན་ཡོད་པར་ཐལ། དེའི་ཚེ་དངོས་པོ་ཚད་གྲུབ་པ་དེ་གསུམ་ཡོད་པའི་ཕྱིར། འདོད་ན། རྣག་ཁྲག་ལ་སོགས་པའི་དངོས་པོ་གསུམ་པོ་དེ་ཕན་ཚུན་གོ་ས་འགོག་ནུས་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཟེར་ན། མ་ཁྱབ། འོ་ན། སྐྱེས་བུའི་མགོ་ལ་སོགས་པའི་ཡན་ལག་ལྔ་པོ་དེ་སྐྱེས་བུའི་ལུས་ཀྱི་གོ་ས་ན་མེད་པར་ཐལ། དེ་དག་ཕན་ཚུན་གོ་ས་འགོག་ནུས་ཡིན་པའི་ཕྱིར། གཞན་ཡང་། བུམ་པའི་མཆུ་ཞབས་སོགས་བུམ་པའི་ཆ་ཤས་རྣམས་ཆ་ཅན་བུམ་པའི་གོ་ས་ན་མེད་པར་ཐལ་ལོ། །གལ་ཏེ། ཡོད་དོ་ཞེ་ན། བུམ་པའི་མཆུ་ཞབས་མགྲིན་པ་གསུམ་ཕན་ཚུན་གོ་ས་འགོག་ནུས་མ་ཡིན་པར་ཐལ། དེ་གསུམ་ཀ་བུམ་པའི་གོ་ས་ན་ཡོད་པའི་ཕྱིར། རྟགས་ཁྱབ་ཁས་སོ། ཁོ་ན་རེ། དེའི་ཚེ་ཆ་ཤས་ཀྱི་དངོས་པོ་གསུམ་པོ་དེ། ཆ་ཅན་གྱི་དངོས་པོ་དེ་དང་ཚད་མཚུངས་ཡིན་པར་ཐལ། ལས་ཅན་གྱི་འགྲོ་བ་གསུམ་གྱིས་ཆུ་ཀླུང་གི་དངོས་པོ་གཅིག་ལ་ཅིག་ཅར་དུ་བལྟས་པའི་ཚེ་ཚད་མཚུངས་སུ་ཡོད་པའི་ཆ་ཤས་ཀྱི་དངོས་པོ་གསུམ་སྲིད་པའི་ཕྱིར། ཟེར་ན་མ་ཁྱབ། མ་གྲུབ་ན་དེར་ཐལ། དེའི་ཚེ་ཚད་མཚུངས་ངེས་པར་མི་དགོས་ཀྱང་ཚད་མཚུངས་སུ་སྣང་བ་ཞིག་སྲིད་པའི་ཕྱིར། འདོད་མི་ནུས་ཏེ། བུམ་པ་རང་གི་ཆ་ཤས་རྣམས་དང་ཚད་མི་མཉམ་པའི་ཕྱིར། ཁ་ཅིག ཡི་དགས་འགའ་ཞིག་གིས་ཆུ་བོ་གདྒཱ་ལ་བལྟས་པའི་ཚེ་ཆུ་བ་གདྒཱ་བསྐམ་པ་ཡོད་པར་ཐལ། དེའི་ཚེ་དེ་བསྐམ་པར་སྣང་བ་ཡོད་པའི་ཕྱིར། ཟེར་ན། མ་ཁྱབ་སྟེ། དེས་དེ་མ་མཐོང་བར་འོག་གཞི་འགྲམ་པ་སོགས་མཐོང་བ་ཙམ་ཡིན་པའི་ཕྱིར། དེ་ལྟར་ཡིན་ཀྱང་། ཡི་དགས་དེའི་ལས་ཀྱིས་ཆུ་ཀླུང་གི་ཆ་ཤས་ཞིག་བསྐམ་པར་སོང་བ་ནི་སྲིད་དེ། སྔར་གྱི་འགྲོ་བ་གསུམ་གྱིས་དངོས་པོ་གཅིག་ཉིད་ལ་བལྟས་པའི་ཚེ་དངོས་པོ་ཚད་མས་གྲུབ་པ་གསུམ་སྐྱེ་བ་སྲིད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་གང་ཟག་གཞན་གྱིས་ཆུ་བོ་དེ་མ་བསྐམ་པར་མཐོང་བའི་ཕྱིར། ཁ་ཅིག །ཀུན་དགའ་པོ་དང་དགེ་སློང་ལྷས་བྱིན་གཉིས་ཀྱིས་ཅིག་ཅར་དུ་སྟོན་པའི་སྐུ་ལ་བལྟས་པ་དེའི་ཚེ། སྐུ་དེར་མཛེས་མི་མཛེས་ཀྱི་ཆ་གཉིས་གྲུབ་པར་ཐལ། ཁྱོད་ཀྱི་གོང་གི་དམ་བཅའ་འཐད་པའི་ཕྱིར། ཟེར་ན། མ་ཁྱབ་སྟེ། དེའི་ཚེ་དེ་ལྟར་སྣང་བ་ཙམ་ཡོད་ཀྱང་། དངོས་གནས་པའི་ཆ་གཉིས་མེད་པའི་ཕྱིར། དེར་ཐལ། སྟོན་པའི་སྐུས་ཉེར་ལེན་བྱས་པ་ལས་བྱུང་བའི་མི་མཛེས་པའི་ཆ་མེད་པའི་ཕྱིར། ཁ་ཅིག མངོན་པའི་ཆེད་བྱ་བའི་གདུལ་བྱ་དང་། དུས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱའི་རིགས་གཉིས་ཀྱིས་རི་རབ་ལ་ཅིག་ཅར་བལྟས་པའི་ཚེ། རི་རབ་གཅིག་གི་གོ་ས་ན་རི་རབ་གྲུ་བཞི་དང་ཟླུམ་པོ་གཉིས་ཡོད་པར་ཐལ། ལས་ཅན་གྱི་ལྷ་མི་ཡི་དགས་གསུམ་གྱིས་རླན་ཤིང་གཤེར་བ་ཕོར་གང་ལ་བལྟས་པའི་ཚེ་དེའི་གོ་ས་ན་ཆུ་དང་རྣག་ཁྲག་བདུད་རྩི་གསུམ་ཅིག་ཅར་གྲུབ་སྲིད་པའི་ཕྱིར། ཟེར་ན། འདོད་བྱས་པར། དེ་གཅིག་གི་གོ་སར་དེ་གཉིས་ཤོང་བར་ཐལ། འདོད་པའི་ཕྱིར། ཟེར་ན། སྐྱོན་མེད་དེ། སྤྱིར་རི་རབ་ར་གཅིག་ཁོ་ནའི་གོ་སར་དུས་གཅིག་ཏུ་གཉིས་མི་ཤོད་ཡང་། དུས་ཁྱད་པར་ཅན་གྱི་ཚེ་ཤོར་བ་མི་འགལ་བའི་ཕྱིར། དེར་ཐལ། དཔེར་ན། སྦྱིར་རྡུལ་ཕྲན་གྱི་གོ་ས་གཅིག་ཉིད་ལ་རྡུལ་རགས་པའི་མི་ཆུད་ཀྱང་། སངས་རྒྱས་བྱང་སེམས་ཀྱིས་རྫུ་འཕྲུལ་བསྟན་པའི་ཚེ་ཆུད་སྲིད་པའི་ཕྱིར། དེར་ཐལ། མདོ་ལས། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། ཞེས་སོགས་དང་། འཇུག་པ་ལས་ཀྱང་། དེ་ལྟར་སྟོན་ནུས་པར་གསུངས་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་བྱང་སེམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དེ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པའང་བསམ་གྱིས་མི་ཁྱབ་པར་བཤད་པའི་ཕྱིར། དེར་ཐལ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོར། བསམ་གྱིས་མི་ཁྱབ་པ་བཞི་གསུངས་པའི་ཕྱིར། ཁ་ཅིག ལྕགས་གོད་ཚ་ཞིང་འབར་བའི་རེག་བྱར་གྱུར་པའི་གྲང་རེག་ཡིད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། ན་མ་ཁྱབ། འདོད་མི་ནུས་ཏེ། དེའི་རེག་བྱ་ཡིན་ན། ཚ་བའི་རེག་བྱ་ཡིན་དགོས་པའི་ཕྱིར། ཁ་ཅིག ཡི་དགས་ཀྱི་མི་ཤེས་ལ་ཆུ་ཀླུང་རྣག་ཁྲག་ཏུ་སྣང་བ་དང་། རབ་རིབ་ཅན་གྱི་མིག་ཤེས་ལ་བསེ་རུ་གཙང་མའི་ནང་དུ་སྐྲ་ཤད་སྣང་བ་གཉིས་ཀུན་བཏགས་ཀྱི་གཟུགས་ཡིན་པར་ཐལ། ཀེང་རུས་གསལ་སྣང་ཅན་གྱི་ཡིད་ཤེས་ལ་ཀེང་རུས་སྣང་བ་དང་། རྨི་ལམ་གྱི་ཤེས་པ་ལ་མིར་སྣང་བ་གཉིས་ཀུན་བཏགས་ཀྱི་གཟུགས་ཡིན་པའི་ཕྱིར། ཟེར་ན། མ་ཁྱབ། མ་གྲུབ་ན་དེར་ཐལ། དེ་དག་ཆོས་ཀྱི་སྐྱེ་མཆེད་ཀྱི་ཀུན་བཏགས་ཀྱི་གཟུགས་སུ་རྣམ་བཤད་ལས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། དེར་ཐལ། དེ་དག་གི་མིག་ཤེས་ལ་སྣང་བའི་གཟུགས་ཡིན་པའི་ཕྱིར། དེར་ཐལ། དེ་མིག་ཤེས་དེ་གཉིས་སོ་སོའི་ངོ་བོར་སྣང་བ་གང་ཞིག །འདུས་མ་བྱས་མིག་ཤེས་དེ་དག་གི་ངོ་བོར་མི་སྣང་བའི་ཕྱིར། འོན་ཀྱང་། སོ་སྐྱེའི་མིག་ཤེས་ཀྱི་ངོ་བོར་བུམ་པ་བདེན་གྲུབ་ཏུ་སྣང་བ་ནི་འདོད་དགོས་སོ། ། གཉིས་པ་ནི། མདོར་ན། ཇི་ལྟར་ཤེས་བྱའི་ཡུལ་རང་བཞིན་གྱིས་མེད་པ་དེ་བཞིན་དུ། ཤེས་བྱའི་རྣམ་པ་ཅན་གྱི་བློ་ཡང་རང་བཞིན་གྱིས་མེད་ཅེས་དོན་འདི་ཤེས་པར་གྱིས་ཏེ་ཤེས་པར་བྱར་རིགས་ཏེ་ཡུལ་ཤེས་བྱ་མེད་པར་ཡུལ་ཅན་གྱི་ཤེས་པ་ཡོད་པ་མི་འཐད་པའི་ཕྱིར། གཉིས་པ་ལ་བཞི། གཞན་དབང་གི་སྒྲུབ་བྱེད་རང་རིག་དགག་པ། སེམས་ཙམ་པའི་ལུགས་བདེན་པ་གཉིས་ལས་ཉམས་པར་བསྟན་པ། དེ་ནས་ཀླུ་སྒྲུབ་ཀྱི་ལུགས་འདིའི་རྗེས་སུ་འབྲང་རིགས་པ། གཞན་དབང་དང་འཇིག་རྟེན་པའི་ཐ་སྙད་འགོག་པ་གཉིས་མི་མཚུངས་པར་བསྟན་པའོ། །དང་པོ་ལ་ཡང་གསུམ། གཞན་དབང་གི་སྒྲུབ་བྱེད་དྲིས་ནས་གཞན་གྱིས་སྨྲས་པའི་ལན་དགག་པ་རིགས་པ་གཞན་ཀྱིས་ཀྱང་རང་རིག་མི་འཐད་པ་གཞན་དབང་རང་བཞིན་གྱིས་གྲུབ་པ་མོ་གཤམ་གྱི་བུ་དང་མཚུངས་པར་བསྟན་པའོ། །དང་པོ་ནི། གལ་ཏེ་ཕྱི་རོལ་དོན་གྱི་གཟུང་བ་མེད་པས་དེ་ལས་དོན་གཞན་པའི་འཛིན་པ་ཉིད་དང་བྲལ་ཞིང་། གཟུང་འཛིན་རྫས་ཐ་དད་པ་གཉིས་ཀྱིས་སྟོང་པའི་གཞན་དབང་གི་དངོས་པོ་རང་བཞིན་གྱིས་ཡོད་ན་གཞན་དབང་འདི་ཡི་ཡོད་པ་དེ། སེམས་ཙམ་པ་ཁྱོད་ཀྱི་ཤེས་པ་གང་གིས་ཤེས་པར་འགྱུར་ཞེས་དྲི་བར་བྱའོ། །ཤེས་པས་མ་བཟུང་པར་ཡང་ཡོད་ཅེས་བྱར་མི་རུང་སྟེ། ཚད་མས་མ་གྲུབ་ན་མེད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ། ཕྱི་དོན་མེད་པའི་ཤེས་པ་བདེན་གྲུབ་དེ། རང་མྱོང་པའི་རང་རིག་གིས་གྲུབ་པ་ཡིན་ནོ་ཞེ་ན། དེ་མི་འཐད་པར་ཐལ། ཤེས་པ་དེ་ཉིད་ཀྱིས་ཤེས་པ་དེ་ཉིད་མྱོང་བར་གྲུབ་པ་མ་ཡིན་པའི་ཕྱིར་རོ། །འདིའི་སྐབས་སུ་གཉིས། རང་རིག་འདོད་པའི་ཕྱོགས་སྔ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རང་རིག་འདོད་པ་རྣམས་ན་རེ། རང་རིག་སྐྱེ་བའི་ཚུལ་ཡོད་དེ། སྔོན་འཛིན་མངོན་སུམ་ལྟ་བུའི་སྟེང་ནས་མཚོན་ན། སྔོན་པོ་འཛིན་པའི་དབང་པོའི་མངོན་སུམ་དུ་སྐྱེས་པ་དེའི་ཚེ། སྔོན་པོའི་རྣམ་པ་ཤར་བའི་རིག་པ་གཅིག་དང་། སྔོན་པོའི་རྣམ་པ་མ་ཤར་ཡང་ཁ་ནང་ཁོ་ན་ལ་ཕྱོགས་ཞིང་གཉིས་སྣང་ཐམས་ཅད་དང་། བྲལ་བའི་འཛིན་རྣམ་ཡན་གར་བ་གཉིས་སྐྱེ་བའི་དང་པོ་གཟུང་རྣམ་དང་། ཕྱི་མ་འཛིན་རྣམ་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། དཔེར་ན། ཤེལ་གོང་དག་པ་རས་སྔོན་པོའི་སྟེང་དུ་བཞག་པ་ནི། སྔོན་པོས་ཁ་བསྒྱུར་བའི་དངས་ཆ་གཅིག་དང་། ཤེལ་གོང་རང་ཉིད་ཀྱི་ངོས་ནས་དྭངས་པའི་ཆ་གཉིས་སྐྱེ་བ་ལྟ་བུ་དང་། མར་མེ་སྐྱེས་པ་མ་ཉིད་ནས་གཟུགས་གཞན་གསལ་བར་བྱེད་ཅིང་། རང་ཉིད་གསལ་བའི་ངོ་བོ་སྐྱེ་བ་ལྟ་བུ་ཡིན་པའི་ཕྱིར། རང་རིག་འདོད་ཚུལ་དེ་ལྟར་ཡིན་ཏེ། རྟོག་གེ་འབར་བ་ལས། རྣམ་ཤེས་ནི་གཉིས་སུ་སྣང་སྟེ། རང་སྣང་བ་དང་། ཡུལ་དུ་སྣང་བའོ་ཡུལ་དུ་སྣང་བའི་རྣམ་ཤེས་ནི་ཕྱི་རོལ་གྱི་ཡུལ་གྱི་རྣམ་པར་གྱུར་ནས། རང་སྣང་བའི་རྣམ་ཤེས་ཀྱི་ཡུལ་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེ་དག་གི་ལུགས་ལ། སྔོན་འཛིན་མྱོང་བྱེད་ཀྱི་འཛིན་རྣམ་དེས། སྔོན་འཛིན་དང་རང་ཉིད་གཉིས་ཀ་མྱོང་བ་ཡིན་ཀྱང་། རང་ཉིད་ལ་རིག་བྱེད་དང་། སྔོན་འཛིན་ལ་རིག་བྱའི་རྣམ་པ་འཆར་རྒྱུ་མེད་པའི་གཉིས་སྣང་དང་བྲལ་བའི་འཛིན་རྣམ་ཡན་གར་བ་ཞིག་ཏུ་འདོད་པ་ཡིན་ཏེ། རྣམ་འགྲེལ་ལས། རྟག་ཏུ་བདག་ལ་ནང་མངོན་ཕྱོགས།།རིག་བྱ་རིག་བྱེད་རྣམ་པ་མེད།།ཅེས་གསུངས་པའི་ཕྱིར། དེ་སྒྲུབ་ཚུལ་ཡོད་དེ། དྲན་པའི་རྟགས་ལ་བརྟེན་ནས་སྔོན་འཛིན་མྱོང་བ་ཡོད་པར་ནི་གྲུབ། མྱོང་བྱེད་ལ་གཞན་མྱོང་དང་། རང་མྱོང་གཉིས་སུ་ཁ་ཚོན་ཆོད། གཞན་མྱོང་ཡོད་ན་མྱོང་བྱེད་ཐུག་མེད་དུ་ཐལ་བ་དང་། སྔོན་འཛིན་ཕྱི་མ་སྔོན་པོ་ལ་མི་འཇུག་པར་ཐལ་བར་འགྱུར་བས་མི་འཐད་ལ། རང་མྱོང་ཡོད་ན་རང་ལས་རྒྱངས་ཆད་པའི་ཚུལ་གྱིས་ཡོད་པའི་རང་མྱོང་མི་འཐད་པས། སྔར་བཤད་པ་ལྟ་བུའི་རང་རིག་འགྲུབ་པའི་ཕྱིར། སྔོན་འཛིན་ལ་མྱོང་བྱེད་གཞན་མྱོང་མེད་དེ། དེ་ཡོད་ན་མྱོང་བྱེད་དོན་གཞན་པ་དེ་ཡང་མྱོང་བྱེད་དོན་གཞན་པ་ཞིག་གིས་མྱོང་དགོས་པས། དེ་ལྟ་ན་མྱོང་བྱེད་ཐུག་མེད་དུ་འགྱུར་ཞིང་། དེ་ཐུག་མེད་ཡིན་ན། སྔོན་འཛིན་ཡང་ཐུག་མེད་དུ་ཐལ་ལ། དེ་ལྟར་ཡིན་ན། རྩ་བའི་སྔོན་འཛིན་མི་འཐད་པས་དེ་ལ་མྱོང་བྱེད་ཀྱང་མེད་པར་འགྱུར་པའི་ཕྱིར། སྔོན་འཛིན་ལ་མྱོང་བྱེད་ཡོད་དེ། དེས་སྔོན་པོ་མཐོང་སྙམ་པའི་ཡུལ་ཅན་གྱི་དྲན་པའི་སྐྱེ་བ་ཡོད་པ་གང་ཞིག །སྔོན་པོ་མ་མྱོང་ན་ཡུལ་སྔོན་པོ་དྲན་པའི་ཤེས་པ་མི་སྐྱེ་བ་དེ་བཞིན་དུ། སྔོན་འཛིན་ལ་མྱོང་བྱེད་མེད་ན། ཡུལ་ཅན་སྔོན་འཛིན་དྲན་པའི་དྲན་ཤེས་སྐྱེ་བ་མི་འཐད་པའི་ཕྱིར་དེ་ལ་ཁོ་ན་རེ། མྱོང་བྱེད་ཐུག་མེད་དུ་ཐལ་བའི་སྐྱོན་མེད་དེ། སྔོན་འཛིན་ཕྱི་མས་སྔོན་འཛིན་སྔ་མ་མྱོང་བའི་ཕྱིར། ཟེར་ན། སྔོན་འཛིན་ཕྱི་མ་ཡུལ་སྔོན་པོ་ལ་མི་འཇུག་པར་ཐལ། དེས་སྔོན་འཛིན་སྔ་མ་མྱོང་བའི་ཕྱིར། ཁྱབ་སྟེ། ནང་གི་སྔོན་འཛིན་གཟུང་དོན་བྱེད་པ་བོར་ནས། ཕྱི་རོལ་སྔོན་པོ་ལ་འཇུག་པ་དགོས་པ་མེད་པའི་ཕྱིར། ཁོ་ན་རེ། སྐྱོན་མེད་དེ། སྔོན་འཛིན་སྔ་ཕྱི་གཉིས་ལ་མྱོང་བྱེད་མི་འདྲ་བ་གཉིས་གཅིག་ཅར་དུ་སྐྱེ་བའི་ཕྱིར། ཟེར་ན། འོ་ན། སེམས་ཅན་གཅིག་གི་རྒྱུད་ལ་རྣམ་པར་ཤེས་པ་རིགས་མཐུན་རྫས་ཐ་དད་པ་གཉིས་ཅིག་ཅར་དུ་སྐྱེ་བར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། མདོ་ལས། ལུས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ནི་རྒྱུད་རེ་རེ་བ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་དེ་དགག་པ་ལ་གཉིས། སྒྲུབ་བྱེད་དགག་པ་དང་། བསྒྲུབ་བྱ་དགག་པའོ། །དང་པོ་ནི། ཁྱོད་ཀྱིས་དྲན་པའི་རྟགས་ལ་བརྟེན་ནས་སྔོན་འཛིན་ལ་མྱོང་བྱེད་ཡོད་པར་སྒྲུབ་པ་དེ། རང་གི་མཚན་ཉིད་གྲུབ་པའི་དྲན་པ་རྟགས་སུ་འགོད་དམ། དྲན་པ་ཙམ་ཞིག་རྟགས་སུ་འགོད་པ་གང་ཡིན། དང་པོ་ལྟར་ན། མི་འཐད་པར་ཐལ། ངའི་ལུགས་ལ་དེ་འདྲ་བའི་དྲན་པ་དང་རང་རིག་གཉིས་མེད་པར་མཚུངས་པས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པར་འགྱུར་པའི་ཕྱིར། གཉིས་པ་ལྟར་ནའང་ཁྱབ་པ་མ་ངེས་པ་ཡིན་ཏེ། མེ་ཙམ་གྱི་རྟགས་ལས་མེ་ཤེལ་དཔོག་པ་དང་མཚུངས་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། དྲན་པའི་རྟགས་ལས་སྔོན་འཛིན་ལ་མྱོང་བྱེད་ཡོད་པར་གྲུབ་ཏུ་ཆུག་ཀྱང་། ཁྱོད་ལྟར་མྱོང་བ་ལ་རང་མྱོང་གཞན་མྱོང་གཉིས་སུ་མ་ངེས་པའི་ཕྱིར། དེར་ཐལ། མར་མེ་གསལ་བའི་ངོ་བོར་སྐྱེས་ཀྱང་རང་ཉིད་ཀྱིས་རང་ཉིད་གསལ་བར་ཡང་མི་བྱེད་ལ། རང་ལས་དོན་གཞན་གྱིས་ཀྱང་གསལ་བར་མི་བྱེད་པ་ལྟ་བུ་ཡིན་པའི་ཕྱིར། གལ་ཏེ། མར་མེས་རང་གིས་རང་གསལ་བར་བྱེད་དོ་ཞེ་ན། འོ་ན། མུན་པས་མུན་པ་སྒྲིབ་པར་བྱེད་པར་ཐལ། འདོད་པའི་ཕྱིར། འདོད་ན། མུན་ནང་གི་བུམ་པའི་གཟུགས་མཐོང་བ་རྐྱེན་ལ་མི་ལྟོས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྩ་ཤེ་ལས། མར་མེས་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་འགྱུར་ན་ནི། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བ་ཐེ་ཚོམ་མེད། །ཞེས་གསུངས་པའི་ཕྱིར། གཉིས་པ་བསྒྲུབ་བྱ་དགག་པ་ནི། ཁ་ནང་ཁོ་ན་ལ་ཕྱོགས་ཞིང་གཉིས་སྣང་ཐམས་ཅད་དང་བྲལ་བ་དང་རིག་བྱ་རིག་བྱེད་གྱི་རྣམ་པ་འཆར་རྒྱུ་མེད་པའི་རང་རིག་འདོད་པ་མི་འཐད་པར་ཐལ། རང་ཉིད་ལ་རིག་བྱ་རིག་བྱེད་རྣམ་པ་འཆར་རྒྱུ་མེད་པར་རིག་བྱ་རིག་བྱེད་དུ་འདོད་ན་རལ་གྲི་གཅིག་ཉིད་ཀྱིས་རང་གིས་རང་གཅོད་ནུས་པ་དང་། སོར་མོ་གཅིག་ཉིད་ཀྱིས་རང་ཉིད་ཀྱི་རྩེ་ལ་རེག་ནུས་པར་ཐལ་བར་འགྱུར་པའི་ཕྱིར། དེ་ལྟར་འགྱུར་ཏེ། ཇི་ལྟར་རལ་གྲིས་རང་གི་སོ། །གཅོད་པར་མི་ཕྱེད་སོར་མོས་ནི། །རང་ལ་རེག་པར་མི་བྱེད་ཀྱང་། །རང་གི་སེམས་ཀྱང་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་རང་རིག་དེ་རང་ཉིད་ཀྱི་རིག་བྱ་རིག་བྱེད་གཉིས་ཀ་ཡིན་པ་མི་འཐད་པར་ཐལ། དེ་ལ་ཇི་ཙམ་ཡིད་གཏད་ཀྱང་རིག་བྱ་རིག་བྱེད་ཀྱི་རྣམ་པ་འཆར་རྒྱུ་མེད་པའི་ཕྱིར་རོ། ། གཉིས་པ་ལ་གཉིས། དངོས་དང་། རག་རིག་མེད་ཀྱང་དྲན་པ་སྐྱེ་བའི་ཚུལ་ལོ། །དང་པོ་ནི། གལ་ཏེ། ཕྱི་དུས་ཀྱི་དྲན་པའི་རྟགས་ལས་རང་རིག་ཡོད་པར་འགྲུབ་པོ་ཞེ་ན། ཕྱིར་རྒོལ་ལ་རང་རིག་མ་གྲུབ་པ་བསྒྲུབ་པར་བྱ་བའི་ཕྱིར་དུ་བརྗོད་པ་ཡི་དྲན་པ་རང་བཞིན་གྱིས་ཡོད་པར་གྲུབ་པ་འདི་ནི་ཆོས་ཅན། ཁྱོད་རང་རིག་གི་སྒྲུབ་པར་བྱེད་པ་མ་ཡིན་པར་ཐལ། ཁྱོད་གཞི་མ་གྲུབ་པའི་ཕྱིར། གལ་ཏེ་ཤེས་པ་དེ་རང་གིས་རང་རིག་པར་བྱེད་པ་ནི་གྲུབ་ལ་རག་མོད་ཀྱི་སྟེ་ཡོད་དུ་ཆུག་ཀྱང་། དེ་ལྟ་ནའང་དྲན་པའི་ཤེས་པས་ཡུལ་དང་ཡུལ་ཅན་དེ་དག་དྲན་པ་སྟེ་མྱོང་བ་ནི་རིགས་པ་མ་ཡིན་ཏེ། ཁྱོད་ལྟར་ན་སྔར་གྱི་ཡུལ་མྱོང་གི་ཤེས་པ་དང་། ཕྱིས་ཀྱི་དྲན་ཤེས་གཉིས་འབྲེལ་མེད་ཀྱི་གཞན་ཡིན་པའི་ཕྱིར་ཏེ། རང་བཞིན་གྱིས་གྲུབ་པའི་གཞན་ཡིན་པའི་ཕྱིར། ཁྱབ་སྟེ། དཔེར་ན། ཉེར་སྦས་ཀྱི་ཤེས་པ་ནི། བྱམས་པའི་ཤེས་པས་སྔར་མ་ཤེས་པ་སྟེ་མ་མྱོང་བ་བྱམས་པའི་རྒྱུད་སྐྱེས་པ་བཞིན་ནོ། ཁོ་ན་རེ་དེ་གཉིས་མི་མཚུངས་ཏེ། དོན་དེ་ནི་རྒྱུད་གཅིག་ཏུ་གཏོགས་པ་ལ་བྱེད་ཅིང་། དཔེ་དེ་ནི་རྒྱུད་ཐ་དད་པ་ཡིན་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་པར་ཐལ། རང་བཞིན་གྱིས་གྲུབ་པའི་གཞན་ཡིན་པའི་ཕྱིར་ཤེས་པའི་གཏན་ཚིགས་འདིས་ནི། རྒྱུད་གཅིག་ཏུ་གཏོགས་པ་དང་རྒྱུ་འབྲས་ལ་སོགས་པའི་ཁྱད་པར་དེ་དག་ཀྱང་འཇོམས་པར་བྱེད་པ་བྱམས་པ་ཉེར་སྦས་ལ་བརྟེན་ཞེས་སོགས་ཀྱི་སྐབས་སུ་བཤད་ཟིན་པའི་ཕྱིར་རོ། ། གཉིས་པ་ལ་གཉིས། ཚིག་དོན་དང་། སྤྱི་དོན་ནོ། དང་པོ་ནི། གལ་ཏེ་རང་རིག་མ་འདོད་པ་ཁྱོད་ལྟར་ན་དྲན་པ་སྐྱེ་ཚུལ་ཇི་ལྟར་ཡིན་ཞེ་ན། ཁོ་བོ་ཅག་གི་ལུགས་ལ་རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་འཐད་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། སྔོན་འཛིན་ལྟ་བུ་དབང་པོའི་ཤེས་པ་གང་གིས་ཡུལ་མྱོང་བར་གྱུར་པ་དེ་ལས་དྲན་པའི་ཤེས་པ་འདི་རང་བཞིན་གྱིས་གཞན་དུ་དབུ་མ་པ་ངའི་ལུགས་ལ་ཡོད་པ་མིན་པ་དེའི་ཕྱིར། དེས་ན་སྔར་གྱི་ཤེས་པས་ཡུལ་མྱོང་བ་དང་བཅས་པ་དེ། ཕྱིས་དྲན་ཤེས་ཀྱིས་ཀྱང་དེ་ལྟར་ཡིན་པས། འདི་སྔར་ཡང་ང་ཡིས་མཐོང་སྙམ་དུ་དྲན་པ་སྐྱེ་བར་འགྱུར་བ་ཡིན་ཏེ། བཏགས་དོན་མ་བཙལ་པར་དྲན་ཚུལ་འདི་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་ལུགས་ཡིན་པའི་ཕྱིར། གཉིས་པ་ནི། སྔོན་འཛིན་ལ་མྱོང་བྱེད་རང་རིག་མེད་ཀྱང་ངས་སྔོན་པོ་མཐོང་སྙམ་པའི་ཡུལ་ཅན་གྱི་དྲན་པ་སྐྱེ་བ་མི་འགལ་ཏེ། སྔོན་འཛིན་དང་དྲན་ཤེས་གཉིས་རང་བཞིན་གྱིས་གྲུབ་པའི་སོ་སོ་བ་མིན་པར་རྒྱུན་གཅིག་པའི་འབྲེལ་བ་གྲུབ་ཅིང་། སྔོན་འཛིན་གྱི་ཡུལ་སྔོན་པོ་དང་དྲན་ཤེས་ཀྱི་ཡུལ་སྔོན་པོ་གཉིས་ཡུལ་གཅིག་པའི་ཕྱིར་དང་། སྔོན་འཛིན་དེ་ང་མིན་ཀྱང་ངའི་ཆ་ཤས་ཡིན་པས་སྔོན་འཛིན་གྱིས་སྔོན་པོ་མཐོང་བས། ངས་སྔོན་པོ་མཐོང་སྙམ་པའི་དྲན་པ་སྐྱེ་བ་འཐད་པའི་ཕྱིར། དེ་ལྟར་ཡིན་ཀྱང་སྔོན་འཛིན་གྱི་དུས་སུ་གྲུབ་པའི་སྔོན་པོ་དེ་དྲན་ཤེས་ཀྱི་དུས་སུ་གྲུབ་བོ་སྙམ་དུ་དྲན་པ་སྐྱེ་བ་མ་ཡིན་ཏེ། དེ་གཉིས་དུས་ཐ་དད་པའི་ཕྱིར། གཞན་ཡང་། སྔོན་འཛིན་གྱི་དུས་སུ་དེ་མྱོང་བྱེད་ཀྱི་རང་རིག་མེད་ཀྱང་ཕྱིས་རས་སྔོན་པོ་མཐོང་སྙམ་པའི་དྲན་ཤེས་སྐྱེ་བ་འཐད་པའི་དཔེ་ཡང་ཡོད་དེ། དགུན་དུས་སུ་བྱི་བ་དུག་ཅན་གྱིས་དམུགས་པ་ན་དུག་ཞུགས་ཏེ་དཔྱིད་ཀའི་དུས་སུ་འབྲུག་སྒྲ་ཐོས་པའི་རྐྱེན་གྱིས་དུས་ལངས་པའི་ཚེ། བྱི་བས་དམུགས་པ་མ་སྤངས་པར་བྱི་བས་དམུགས་པའི་དུས་སུ་དུག་ཞུགས་སོ་སྙམ་པའི་དྲན་ཤེས་སྐྱེ་བ་ལྟ་བུ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་སྦྱོད་འཇུག་ལས། གལ་ཏེ་རང་རིག་ཡོད་མིན་ན། །རྣམ་ཤེས་དྲན་པ་ཇི་ལྟར་འགྱུར། །གཞན་མྱོང་བ་དང་འགྲེལ་བ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཆོས་མཚུངས་སྦྱོར་ཚུལ་ཡོད་དེ། སྔོན་འཛིན་ཀྱི་དུས་སུ་སྔོན་པོ་མཐོང་བ་དང་། དགུན་དུས་ཀྱི་བྱི་བས་དམུགས་པ་གཉིས་ཆོས་མཚུངས། སྔོན་འཛིན་གྱིས་དུས་སུ་སྔོན་འཛིན་ལ་མྱོང་བྱེད་རང་རིག་མེད་པ་དང་། བྱི་བས་དམུགས་པའི་དུས་སུ་དུག་ཞུགས་པ་མ་མྱོང་བ་གཉིས་ཆོས་མཚུངས། སྔོན་འཛིན་མ་སྤངས་པར་སྔོན་པོ་མཐོང་སྙམ་པའི་དྲན་པ་སྐྱེ་བ་དང་། བྱི་བས་དམུགས་པ་མ་སྤངས་བར་དུ་གཞུགས་མ་མྱོང་བའི་དྲན་པ་སྐྱེ་བ་གཉིས་ཆོས་མཚུངས་པའི་ཕྱིར། འདི་དག་ལ་ཁོ་ན་རེ། ཐལ་འགྱུར་བའི་ལུགས་ལ། རང་རིག་མེད་ཀྱང་དབང་ཤེས་དང་ཡིད་ཤེས་སོགས་འདོད་དགོས་པས། དེ་ཡང་རང་ཉིད་ཀྱིས་རང་གྲུབ་ན། རང་རིག་བཀག་པ་དང་འགལ་ལ། མྱོང་བྱེད་དོན་གཞན་ཞིག་གིས་མྱོང་ན། མྱོང་བྱེད་ཐུག་མེད་དུ་འགྱུར་བའི་གནོད་བྱེད་ཁྱེད་རང་ལ་ཡང་མཚུངས་སོ། །ཞེ་ན། འདིའི་ལན་ལ་གཉིས། ལན་དངོས་དང་། ཞར་ལ་ཚད་མའི་རྣམ་གཞག་བཤད་པའོ། །དང་པོ་ནི། སྐྱོན་དེར་མི་འགྱུར་ཏེ། འདིར་གཞལ་བྱའི་གྲངས་ངེས་ཀྱི་སྒོ་ནས་ཚད་མའི་གྲངས་དེས་འཇོག་ཅིང་། ཚད་མ་ཡང་གཞལ་བྱའི་རྣམ་པ་ཤར་བའི་སྒོ་ནས་གྲུབ་ཀྱི། དེ་ལས་ལོགས་སུ་སྒྲུབ་བྱེད་ཀྱི་རང་རིག་སོགས་མི་དགོས་པའི་ཕྱིར། དེར་ཐལ། ཚིགས་གསལ་ལས། ཚད་མའི་གྲངས་འཇུག་པ་གཞལ་བྱའི་གཞན་གྱི་དབང་ཡིན་པའི་ཕྱིར་དང་། གཞལ་བྱའི་རྣམ་པའི་རྗེས་སུ་བྱེད་པ་ཙམ་གྱིས་རང་གི་ངོ་བོ་ཡོད་པར་རྙེད་པའི་ཚད་མ་དེ་དག་གི་རང་གི་ངོ་བོ་རྣམ་པར་འཇོག་པའི་ཕྱིར། ཞེས་གསུངས་པའི་ཕྱིར་། དེའི་དོན་ནི། སྔོན་འཛིན་གྱིས་སྔོན་འཛིན་གྲུབ་ཞེས་པའི་དོན་མ་ཡིན་པར་སྔོན་འཛིན་གྱིས་སྔོན་པོ་གཞལ་སྟོབས་ཀྱིས་སྔོན་འཛིན་ཡོད་པར་འགྲུབ་པའི་དོན་ཡིན་ཏེ། སྔོན་འཛིན་གྱིས་སྔོན་པོ་དྲན་པའི་དྲན་ཤེས་དེ་ཚད་མ་གཞན་ལ་མ་ལྟོས་པར་རང་སྟོབས་ཀྱིས་འདྲེན། དེ་དྲན་པའི་དྲན་ཤེས་དེས་སྔོན་པོ་དང་སྔོན་འཛིན་མེད་པའི་སྒྲོ་འདོགས་བཅད་ནས་བློ་ཁ་ཕྱོགས་པ་ཙམ་གྱིས་ཡུལ་ཡུལ་ཅན་གཉིས་དྲན་པའི་དྲན་ཤེས་ཚད་མ་གཞན་ལ་མ་ལྟོས་པར་རང་སྟོབས་ཀྱིས་འདྲེན་པ་ཡིན་གྱི། སྔོན་འཛིན་གྱིས་རང་ཉིད་གྲུབ་ན་རང་རིག་བཀག་པ་དང་འགལ་བར་འགྱུར་པའི་ཕྱིར་ཏེ། དེ་ལྟར་ཡང་རྣམ་བཤད་ལས། སྔོན་པོ་གྲུབ་པ་ཉིད་ཀྱིས་སྔོན་འཛིན་འགྲུབ་སྟེ། དཔེར་ན། ཡུལ་དྲན་པ་ཉིད་ཀྱིས་ཡུལ་ཅན་དྲན་པ་ཡིན་གྱི། སྔར་ཡུལ་ཅན་ཁོ་རང་གིས་ཁོ་རང་གཞན་དག་འདོད་པ་ལྟར་མྱོང་བའི་དབང་གིས་དྲན་པ་དེ་འབྱུང་བ་མིན་པ་དང་འདྲའོ། །ཞེས་གསུངས་པའི་ཕྱིར། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་མཉམ་གཞག་ཡེ་ཤེས་ཀྱིས་རང་ཉིད་གྲུབ་པ་མ་ཡིན་ཀྱང་འགྲུབ་པ་ཡིན་ཏེ། དཔེ་སྔ་མ་དེ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། ། གཉིས་པ་ཞར་ལ་ཚད་མའི་རྣམ་གཞག་བཤད་པ་ལ་གསུམ། མཚན་ཉིད་དབྱེ་བ། འཕྲོས་པའི་དོན་བཤད་པའོ། །དང་པོ་ནི། རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གཞལ་བྱའི་གཙོ་བོ་ལ་མི་སླུ་བའི་རིག་པ། ཚད་མའི་མཚན་ཉིད། དེ་ལྟར་ཡིན་ཀྱང་། འདུས་བྱས་ཐམས་ཅད་སླུ་བར་གསུངས་པ་དང་མི་འགལ་ཏེ། དེ་ནི་རང་འཛིན་རྟོག་པ་ལ་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་བརྫུན་པ་ལ་སླུ་བའི་ཆོས་ཅན་དུ་བཤད་པ་དེ་ཡིན་ལ། ཚད་མའི་མཚན་ཉིད་ཀྱི་ཟུར་གྱི་མི་སླུ་བའི་དོན་ནི། ཚད་མས་ངང་གི་གཞལ་བྱ་ཇི་ལྟར་དཔྱད་པ་ལྟར་གྲུབ་པའི་དོན་ཡིན་པའི་ཕྱིར། ཚད་མ་པ་ལ་གྲགས་པའི་ཚད་མའི་མཚན་ཉིད་ལྟར་འདིར་ཁས་ལེན་པ་མ་ཡིན་ཏེ། དེ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པ་གཞིར་བཅས་པའི་དབང་དུ་བྱས་ནས་དེ་ལྟར་བཞག་པ་ཡིན་པའི་ཕྱིར། ཚད་མ་ལ། དབྱེ་ན་མངོན་སུམ་གྱི་ཚད་མ་དང་། རྗེས་དཔག་ཚད་མ་གཉིས། རང་གི་རྟེན་རྟགས་ཡང་དག་ལ་མ་བརྟེན་པར་རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོ་མངོན་འགྱུར་བ་ལ་མི་སླུ་བའི་རིག་པ་དེ། མངོན་སུམ་གྱི་ཚད་མའི་མཚན་ཉིད། མངོན་སུམ་གྱི་ཚད་མ་དེ་ལ་དབྱེ་ན་གསུམ་དུ་གྲངས་ངེས་པ་ཡིན་ཏེ། དབང་པོའི་མངོན་སུམ་གྱི་ཚད་མ་དང་ཡིད་ཀྱི་མངོན་སུམ་གྱི་ཚད་མ་དང་། རྣལ་འབྱོར་མངོན་སུམ་གྱི་ཚད་གསུམ་དུ་གྲངས་ངེས་པའི་ཕྱིར། དང་པོའི་མཚན་ཉིད་ཡོད་དེ་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་སྐྱེས་ཤིང་རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གཙོ་བོ་མངོན་གྱུར་པ་ལ་མི་སླུ་བའི་རིག་པ་དེ་དེ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་ལྔ་ཡོད་དེ། གཟུགས་འཛིན་པའི་དབང་པོའི་མངོན་སུམ་གྱི་ཚད་མ་ནས། རེག་བྱ་འཛིན་པའི་དབང་པོའི་མངོན་སུམ་གྱི་ཚད་མའི་བར་ལྔ་ཡོད་པའི་ཕྱིར་། གཉིས་པའི་མཚན་ཉིད་ཡོད་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་དངོས་སུ་སྐྱེས་ཤིང་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་མ་བརྟེན་པར་རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་གཞལ་བྱའི་གཙོ་བོ་ལ་མི་སླུ་བའི་རིག་པ་དེ་དེ་ཡིན་པའི་ཕྱིར། དབྱེ་ན་གསུམ་ཡོད་དེ། ཕྱི་རོལ་གྱི་དོན་འཛིན་པའི་ཡིད་མངོན། ནང་བདེ་སྡུག་སོགས་འཛིན་པའི་ཡིད་མངོན། དེ་ལས་གཞན་པའི་ཡིད་མངོན་རྣམས་སུ་ཡོད་པའི་ཕྱིར། གསུམ་པའི་མཚན་ཉིད་ཡོད་དེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་དངོས་སུ་སྐྱེས་ཤིང་རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་བའི་བདག་མེད་ཕྲ་རགས་གང་རུང་ལ་མི་སླུ་ཞིང་རྟོག་པ་དང་བྲལ་བའི་ཡེ་ཤེས་དེ་དེ་ཡིན་པའི་ཕྱིར། རང་གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་བ་ལ་མི་སླུ་བའི་རིག་པ་རྗེས་དཔག་ཚད་མའི་མཚན་ཉིད། རྗེས་དཔག་ལ་དབྱེ་ན་བཞི་ཡོད་དེ། དངོས་སྟོབས་རྗེས་དཔག་ཡིད་ཆེས་རྗེས་དཔག །གྲགས་པའི་རྗེས་དཔག །དཔེ་ཉེར་འཇལ་གྱི་རྗེས་དཔག་རྣམས་ཡོད་པའི་ཕྱིར། དེ་དག་གི་མཚན་གཞི་ནི་གཞན་ནས་ཤེས་པར་བྱའོ། ། གསུམ་པ་ནི། རང་རྒྱུད་པ་མན་ཆད་ཀྱིས། ཚད་མ་ཡིན་ན། རང་གི་གཞལ་བྱ་ལ་མ་འཁྲུལ་ཞིང་གསར་དུ་མི་སླུ་པའི་རིག་པ་ཡིན་པས་ཁྱབ་པར་འདོད་ཀྱང་། ལུགས་འདི་ལ་དེ་ལྟར་མ་ཁྱབ་སྟེ། ཚུར་མཐོང་གི་རྒྱུད་ཀྱི་ཐ་སྙད་པའི་ཚད་མ་དང་། མ་རིག་བག་ཆགས་ཀྱིས་བསླད་པའི་སློབ་པ་འཕགས་པའི་རྒྱུད་ཀྱི་ཐ་སྙད་པའི་ཚད་མ་རྣམས་རང་གི་གཞལ་བྱ་ལ་འཁྲུལ་བའི་ཕྱིར། དེར་ཐལ། དེ་རྣམས་ལ་རང་གི་གཞལ་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ཡང་། དེ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར། བུམ་པ་དེ་བུམ་འཛིན་དབང་པོའི་མངོན་སུམ་གྱི་ཡུལ་མངོན་སུམ་པ་ཡིན་ཏེ། དེ་ལ་མངོན་སུམ་གྱི་སྒྲ་དངོས་མིང་དུ་འཇུག་པའི་ཕྱིར་དང་། ཡུལ་ཅན་དེ་ཡུལ་དེ་ལ་ལྟོས་ནས་མངོན་སུམ་བཏགས་པ་བ་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཤེས་པ་གང་ལ་ཡུལ་གང་གི་རྣམ་པ་ཤར་བའི་ཡུལ་དེ་ཡིན་ན། ཤེས་པ་དེའི་ཡུལ་མངོན་སུམ་པ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཚིག་གསལ་ལས། གལ་ཏེ་མཚན་གཞིའམ། རང་གི་མཚན་ཉིད་དམ། སྤྱིའི་མཚན་ཉིད་ཀྱང་རུང་སྟེ་འཇིག་རྟེན་ན་ཡོད་ན་ནི། ཐམས་ཅད་མངོན་སུམ་དུ་དམིགས་པར་བྱ་བ་ཡིན་པའི་ཕྱིར། ལྐོག་ཏུ་མ་གྱུར་པ་ཡིན་ཏེ། དེའི་ཕྱིར་དེའི་ཡུལ་གྱི་རྣམ་པར་ཤེས་པ་དང་ལྷན་ཅིག་མངོན་སུམ་ཉིད་དུ་རྣམ་པར་བཞག་གོ །ཞེས་གསུངས་པའི་ཕྱིར། འདིས་ལྐོག་གྱུར་མེད་པར་བསྟན་པ་ནི་མ་ཡིན་ཏེ། གཞི་གྲུབ་ན། ལྐོག་གྱུར་དང་མངོན་གྱུར་གཉིས་ཀ་ཡིན་དགོས་པའི་ཕྱིར། ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་སོགས་རྟོག་མེད་ལོག་ཤེས་རྣམས་དང་། སྒྲ་རྟག་འཛིན་རྟོག་པ་སོགས་རྟོག་པ་ལོག་ཤེས་རྣམས་ཚད་མ་མ་ཡིན་ཀྱང་། རང་གི་སྣང་བ་ལ་ཚད་མ་ཡིན་ཏེ། རང་གི་སྣང་བ་ལ་ལྟོས་ཏེ་ཡུལ་མངོན་གྱུར་པ་ལ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། དེ་དག་ཚད་མ་མ་ཡིན་ཏེ། དེ་དག་རང་གི་ཡུལ་གྱི་གཙོ་བོ་ལ་ཚད་མ་མ་ཡིན་པའི་ཕྱིར། དེར་ཐལ། དེ་རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོ་ལ་མི་སླུ་བ་མ་ཡིན་པའི་ཕྱིར། འདིར་རང་གི་ཞེན་ཡུལ་ལ་འཁྲུལ་པའི་རིག་པ་ལ། ཚད་མ་མ་ཡིན་པས་མ་ཁྱབ་སྟེ། སྒྲ་མི་རྟག་པའི་རྗེས་དཔག་ལྟ་བུ་རང་གི་ཞེན་ཡུལ་ལ་འཁྲུལ་བའི་ཕྱིར། དེར་ཐལ། སྒྲ་མི་རྟག་པ་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཀྱང་དེ་ལ་གྲུབ་པར་སྣང་བའི་ཕྱིར། མངོན་སུམ་ཚད་མ་དང་དཔྱད་ཤེས་མི་འགལ་ཏེ། སྔོན་འཛིན་དབང་པོའི་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་དྲན་ཤེས་དེ་དེ་གཉིས་ཀའི་གཞི་མཐུན་པ་ཡིན་པའི་ཕྱིར། རང་རྒྱུད་པ་མན་ཆད་ཀྱི་ལུགས་ལ་སོ་སྐྱེའི་རྒྱུད་ལ་རྣལ་འབྱོར་མངོན་སུམ་མེད་ཀྱང་། ལུགས་འདི་ལ་ཡོད་དེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སོ་སྐྱེ་ཡོད་པའི་ཕྱིར། ཡིད་མངོན་ཀྱང་རྣམ་འགྲེལ་སོགས་ནས་བཤད་པ་དང་ཇི་ལྟ་བ་བཞིན་མི་མཐུན་ཏེ། དེར་གཟུགས་གསལ་བར་མངོན་སུམ་དུ་མཐོང་བའི་རང་ཁ་བའི་ཚུར་མཐོང་གི་རྒྱུད་ཀྱི་ཡིད་མངོན་ཡོད་པར་བཤད། འདིར་དེ་འདྲ་བའི་ཚུར་མཐོང་གི་དབང་མངོན་ཡོད་ཀྱང་དེ་འདྲ་བའི་ཡིད་མངོན་མེད་པར་འདོད་པའི་ཕྱིར། འདི་དག་གི་སྐོར་རྒྱས་པར་ནི་སྟོང་ཐུན་སོགས་ནས་ཤེས་པར་བྱའོ། ། གསུམ་པ་ནི། སེམས་ཙམ་པ་ཁྱོད་ཀྱི་གཞན་དབང་ཤེས་པ་གང་གིས་འཛིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། གོང་དུ་བཤད་པ་ལྟ་བུའི་རང་རིག་ཡོད་པ་མ་ཡིན་པའི་ཕྱིར། དེར་ཐལ། རྒྱུ་མཚན་གོང་དུ་བརྗོད་པ་དེ་ལྟ་ཡིན་པ་དེའི་ཕྱིར། སྔོ་འཛིན་ཤེས་པ་ལྟ་བུ་དེ་ཉིད་ཀྱིས་དེ་ཉིད་འཛིན་པར་རིགས་པ་མ་ཡིན་པར་ཐལ། ཤིང་ལྟ་བུ་གཅོད་པར་བྱེད་པ་པོ་དང་། བཅད་པའི་ལས་སུ་བྱ་བ་ཤིང་དང་། གཅོད་པའི་བྱ་བ་གསུམ་པོ་གཅིག་མ་ཡིན་པས་ཏེ་དེའི་ཕྱིར་རོ། བཞི་པ་ནི། སེམས་ཙམ་པ་ཆོས་ཅན། རྒྱུ་མཚན་གང་གིས་ན། མོ་གཤམ་གྱི་བུ་འདི་ཡོད་པར་མི་རིགས་པར་འདོད་པ་གཞན་སེམས་ཙམ་པ་ཁྱོད་ལ་མོ་གཤམ་གྱི་བུས་གནོད་པ་ཅི་ཞིག་བསྐྱལ་ནས་དེ་ཡོད་པར་མི་འདོད་པ་བརྗོད་དུ་ཡོད་པར་ཐལ། གལ་ཏེ་རང་བཞིན་གྱིས་སྐྱེ་བ་མེད་ཅིང་ཚད་མས་མ་ཤེས་པའི་བདག་ཉིད་ཅན་གྱི་གཞན་དབང་རང་གི་ངོ་བོས་གྲུབ་པའི་དངོས་པོ་ཡོད་པར་ཁྱོད་ཀྱིས་འདོད་པའི་ཕྱིར། ཁྱབ་སྟེ། དེ་ལྟ་ན། སྤྲོས་པ་དང་བྲལ་ཞིང་བརྗོད་དུ་མེད་པའི་མོ་གཤམ་གྱི་བུ་ཞིག་ཡོད་ཅེས་འདོད་རིགས་པའི་ཕྱིར། དེར་ཐལ། དེ་གཉིས་འདོད་མི་འདོད་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་རོ། ། གཉིས་པ་ནི། ཀུན་རྫོབ་པའི་འཁྲུལ་པའི་རྒྱུ་སྟེ་གཞི་རྫས་སུ་གྲུབ་པར་ནི་གང་ཞིག་འགྱུར་ཏེ་མི་འགྱུར་བར་ཐལ། གང་གི་ཚེ་གཞན་དབང་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཡོད་པ་མ་ཡིན་པའི་ཕྱིར། སེམས་ཙམ་པ་གཞན་གྱི་ལུགས་ལྟར་ན། འཇིག་རྟེན་གྲགས་པའི་རྣམ་གཞག་སོང་ཞིག་འདུག་ཅིག་ཅེས་བྱ་བ་ལ་སོགས་བྱ་བྱེད་འཇོག་ཚུལ་ཀུན་ཀྱང་བརླག་པ་སྟེ་འཇིག་པའམ་མི་འཐད་པར་ཐལ། གཞན་དབང་གི་རྫས་ལ་བདེན་བར་ཆགས་པ་ཡི་སྒོ་ནས་ཕྱི་རོལ་གྱི་དོན་འགོག་པར་བྱེད་པའི་ཕྱིར། དེར་ཐལ། ཕྱི་རོལ་གྱི་དོན་མེད་ཅིང་། ནང་ཤེས་པ་བདེན་པར་ཁས་ལེན་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་སྲོལ་ཕྱེ་བའི་ལམ་ལས་ནི་ཕྱི་རོལ་ཏུ་གྱུར་པ་ལ་ཞི་བ་མྱང་འདས་ཐོབ་པའི་ཐབས་ཀྱི་གཙོ་བོ་མེད་པར་ཐལ། ཕྱི་རོལ་ཏུ་གྱུར་པ་དེ་དག་ནི་ཀུན་རྫོབ་དང་དེ་ཉིད་དོན་དམ་པའི་བདེན་པ་གཉིས་ཀྱི་རྣམ་གཞག་ལས་ཉམས་པར་འགྱུར་ལ། བདེན་གཉིས་དེ་ལས་ཉམས་པས་ཐར་པ་འགྲུབ་པ་ཡོང་བ་མ་ཡིན་པའི་ཕྱིར། དེར་ཐལ། ཀུན་རྫོབ་ཐ་སྙད་ཀྱི་བདེན་པའི་རྣམ་གཞག་ལེགས་པར་རྟོགས་པ་ནི་དོན་དམ་བདེན་པ་ལེགས་པར་རྟོགས་པའི་ཐབས་སུ་གྱུར་པ་དང་། དོན་དམ་བདེན་པ་ཇི་ལྟ་བ་བཞིན་རྟོགས་པ་ནི་སྔར་བཤད་པའི་ཐབས་དེ་ལས་བྱུང་བར་གྱུར་པ་ཡིན་པའི་ཕྱིར། བདེན་པ་དེ་གཉིས་ཀྱི་རྣམ་དབྱེ་གང་གིས་མི་ཤེས་པའི་གང་ཟག་དེ་ནི་ཆོས་ཅན། ཁྱོད་ཕྱིན་ཅི་ལོག་གི་རྣམ་རྟོག་ལོག་པའི་དབང་དུ་སོང་ནས་ལམ་ངན་པར་ཞུགས་པ་ཡིན་ཏེ། རྒྱུ་མཚན་སྔར་བཤད་པ་དེའི་ཕྱིར་རོ། ། བཞི་པ་ནི། ཇི་ལྟར་སེམས་ཙམ་པ་ཁྱོད་ཀྱིས་གཞན་དབང་ནི་དངོས་པོར་ཏེ་ངོ་བོས་གྲུབ་པར་འདོད་པ་ལྟར། ཀུན་རྫོབ་ཀྱང་ནི་ངོ་བོས་གྲུབ་པར་བདག་གིས་ཁས་མ་བླངས་པར་ཐལ། དགོས་པའི་འབྲས་བུ་དང་བཅས་པའི་ཕྱིར་དུ་གཟུགས་སོགས་འདི་དག་རང་བཞིན་གྱིས་མེད་ཀྱང་ཐ་སྙད་ཀྱི་དབང་དུ་བྱས་ཏེ་ཡོད་དེ་ཞེས་འཇིག་རྟེན་གྱི་ངོ་ཁོ་ནར་བྱས་ནས་བདག་ནི་སྨྲ་བར་བྱེད་པའི་ཕྱིར། འཇིག་རྟེན་གྱི་གྲགས་པ་ལ་མ་ལྟོས་པར་ཀུན་རྫོབ་གཞག་ཏུ་མེད་དེ། ཇི་ལྟར་ཞེ་ན། ཁྱོད་འདོད་པ་བཞིན་ཟག་བཅས་ཀྱི་ཕུང་པོ་སྤངས་ནས་ཞི་བར་ཞུགས་པའི་ལྷག་མེད་མྱང་འདས་ལ་གནས་པའི་དགྲ་བཅོམ་པ་རྣམས་ལ་ཟག་བཅས་ཀྱི་གཟུགས་སོགས་ཀྱི་ཀུན་རྫོབ་ཡོད་པ་མིན་པ་དེ་ལྟར་འཇིག་རྟེན་ལ་ཡང་ཀུན་རྫོབ་ཀྱི་རྣམ་གཞག་རྣམས་མེད་ན། དེ་ལྟར་མེད་པ་དེ་བཞིན་དུ་ཀུན་རྫོབ་འདི་འཇིག་རྟེན་གྱི་ཐ་སྙད་ལ་ལྟོས་ནས་ཀྱང་ཡོད་ཅེས་བདག་མི་སྨྲ་ཡང་ཀུན་རྫོབ་རྣམས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ཁས་ལེན་དུ་རུང་ཞིང་རུང་བ་ལྟར་ཁས་ལེན་པའི་ཕྱིར། དེར་ཐལ། གལ་ཏེ་དེ་ལྟར་མི་འདོད་པ་དེའི་ཚེ་ཁྱོད་ལ་འཇིག་རྟེན་གྱི་གྲགས་པས་མི་གནོད་ན། ཁྱོད་ཀྱིས་འཇིག་རྟེན་ཉིད་ལ་ལྟོས་ནས་ཀུན་རྫོབ་འདི་ནི་དགག་པར་གྱིས་ལ། ཁྱོད་དང་འཇིག་རྟེན་གཉིས་ཀ་འདིར་ནི་རྩོད་པར་གྱིས་ཤིག་དང་། བརྩོན་པའི་ཕྱི་ནས་གང་སྟོབས་དང་ལྡན་པ་དེ་ལ་བདག་གིས་བརྟེན་པར་བྱ་བ་ཡིན་ཞིང་། དེ་ནི་འཇིག་རྟེན་སྟོབས་ཆེ་བས་འཇིག་རྟེན་གྱི་གྲགས་པ་ལ་བརྟེན་པར་འོས་པའི་ཕྱིར། གསུམ་པ་ལ་གསུམ། ས་བཅུ་པའི་མདོ་ལས་སེམས་ཙམ་དུ་གསུངས་པའི་དགོངས་པ། དོན་སེམས་གཉིས་ཡོད་མེད་མཚུངས་པ། ལང་གཤེགས་ལས་སེམས་ཙམ་དུ་གསུངས་པའི་དགོངས་པ་བཤད་པའོ། །དང་པོ་ལ་གསུམ། ཙམ་གྱི་སྒྲས་ཕྱི་དོན་མི་འགོག་པ་ས་བཅུ་པའི་ལུང་གིས་བསྒྲུབ་པ། དོན་དེ་ཉིད་མདོ་གཞན་གྱིས་ཀྱང་བསྒྲུབ་པ་ཙམ་གྱི་སྒྲས་སེམས་གཙོ་བོ་ཉིད་དུ་བསྒྲུབ་པའོ། །དང་པོ་ནི། ཁོ་ན་རེ། ས་བཅུ་པའི་མདོ་ལས་འདི་ལྟར་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པས་ཕྱི་རོལ་གྱི་དོན་མེད་ཅིང་ཤེས་པ་བདེན་གྲུབ་ཡོད་དེ་སྙམ་ན། མདོ་ལས་དེ་ལྟར་གསུངས་པའི་ཙམ་གྱི་སྒྲས་ཕྱི་དོན་མི་འགག་པར་ཐལ། མདོ་དེར་ས་དྲུག་པ་མངོན་དུ་གྱུར་པ་ཆོས་དབྱིངས་ལ་མངོན་དུ་ཕྱོགས་པའི་བྱང་ཆུབ་སེམས་དཔའ་ཡིས་སྲིད་པ་གསུམ་པོ་རྣམ་ཤེས་ཏེ་སེམས་ཙམ་དུ་གང་རྟོགས་པར་གསུངས་པ་དེ་ནི། རྟག་པའི་བདག་བྱེད་པ་པོ་ཡིན་པ་བཀག་པ་རྟོགས་པའི་ཕྱིར་ཏེ། དེ་ལྟར་བཀག་ནས་ཁམས་གསུམ་གྱི་བྱེད་པ་པོ་ནི་གཙོ་བོ་སེམས་ཙམ་ཞིག་ཡིན་པར་རྟོགས་ཞེས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། ས་བཅུ་པའི་མདོ་ལས། ལུགས་སུ་བྱུང་བའི་རྣམ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རབ་ཏུ་རྟོག་གོ །ཞེས་པ་ནས། དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་བརྟེན་པ་དག་གོ །ཞེས་པའི་བར་གསུངས་པ་དེས། རྟག་པའི་བདག་བཀག་ནས། སེམས་ཉིད་བྱེད་པ་པོ་ཡིན་པར་བསྟན་པའི་ཕྱིར། གཉིས་པ་ནི། མདོ་དེ་ལས་སེམས་ཙམ་ཞེས་གསུངས་པ་ལྟ་བུའི་ཙམ་སྒྲས་ཕྱི་དོན་འགོག་པ་མ་ཡིན་པར་ཐལ། ལང་ཀར་གཤེགས་པའི་མདོ་དེ་ལས་ཀུན་མཁྱེན་གྱི་མུ་སྟེགས་པའི་རྒྱུད་ཀྱི་བདག་དང་སྤྱི་གཙོ་བོ་སོགས་འཇིག་རྟེན་གྱི་བྱེད་པ་པོར་འདོད་པའི་ལྟ་བ་ངན་པའི་རི་བོ་སྤོ་མཐོན་པོ་འཇོམས་པའི་ངག་གི་རང་བཞིན་གྱི་རྡོ་རྗེ་ལྟ་བུ། གང་ཟག་རྒྱུན་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དག་དང་། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་འབྱུང་བ་འདི་ནི་མདོ་གཞན་དུ་སེམས་ཙམ་ཞེས་གསུངས་པའི་དགོངས་པ་བཅད་པའི་ཕྱིར་དུ་སྟོན་པས་གསུངས་པ་ཡིན་པའི་ཕྱིར། དེ་ལྟར་གསུངས་པ་ལ་དགོས་པ་ཡོད་དེ། དེ་ཁོ་ན་ཉིད་རྟོགས་ནུས་པའི་བློ་ལྡན་གྱི་བློ་ནི་འཕེལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། མདོ་དེའི་དོན་དེ་ལྟར་ཡིན་པར་ཐལ། ཇི་བཞིན་ཏེ་ཇི་ལྟར་མུ་སྟེགས་རང་རང་གི་བསྟན་བཅོས་དེ་དང་དེ་ལས་མུ་སྟེགས་རྣམས་ཀྱིས་གང་ཟག་དང་སོགས་ཏེ་རྒྱུན་དང་ཕུང་སོགས་དེ་དག་བྱེད་པ་པོར་སྨྲས་པ་དེ་དག་བྱེད་པ་པོར་མ་གཟིགས་ནས་རྒྱལ་བས་སེམས་ཙམ་ཞིག་འཇིག་རྟེན་གྱི་བྱེད་པ་པོར་གསུངས་པ་ཡིན་པའི་ཕྱིར། གསུམ་པ་ནི། མདོ་ལས་སེམས་ཙམ་མོ་ཞེས་གསུངས་པ་ནི་སེམས་བདེན་པར་གྲུབ་ཅིང་ཕྱི་རོལ་གྱི་གཟུགས་ནི་མེད་དོ་ཅེས་འདིར་འགོག་པ་དེ་ལྟར་མདོ་ཡི་དོན་མ་ཡིན་པར་ཐལ། འོ་ན་ཇི་ལྟར་ཞེ་ན། དེ་ཁོ་ན་ཉ ིད་ལ་བློ་རྒྱས་པ་ལ་སངས་རྒྱས་ཞེས་བཤད་པའི་ཚེ་ཚིག་སྔ་མ་སངས་ཞེས་པ་མི་མངོན་པ་ཡིན་ཀྱང་དོན་ནི་སངས་རྒྱས་ཞེས་བསྙད་པ་ཇི་ལྟ་བ་བཞིན་དུ། འདིར་ཡང་དེ་བཞིན་ཏེ་གཟུགས་སེམས་གཉིས་ཀྱི་ནང་ནས་སེམས་ཙམ་ཞིག་གཙོ་བོར་གྱུར་པ་ལ་ཚིག་ཕྱི་མ་གཙོ་བོར་གྱུར་པ་མི་མངོན་པར་བྱས་ནས་སྟོན་པས་མདོ་ལས་འཇིག་རྟེན་ལ་སྟེ་ཁམས་གསུམ་ནི་སེམས་ཙམ་དུ་གསུངས་པ་ཡིན་པའི་ཕྱིར། དེ་ལྟར་ཡིན་པར་ཐལ། ཁྱོད་འདོད་པ་ལྟར་གལ་ཏེ་ཁམས་གསུམ་པོ་འདི་དག་རང་བཞིན་གྱིས་གྲུབ་པའི་སེམས་ཙམ་མོ་ཞེས་མཁྱེན་ནས་ས་བཅུ་པའི་མདོ་དེ་ལས་ཕྱི་རོལ་དོན་གྱི་གཟུགས་ཉིད་དགག་པར་མཛད་ན་ནི། སླར་ཡང་མདོ་དེ་ལས་བདག་ཉིད་ཆེན་པོ་སངས་རྒྱས་ཀྱིས་སེམས་རྣམ་ཤེས་དེ་གཏི་མུག་མ་རིག་པ་དང་འདུ་བྱེད་ཀྱི་ལས་གཉིས་ལས་སྐྱེས་པར་རྒྱུ་མཚན་ཅིའི་ཕྱིར་གསུངས་ཏེ་གསུང་བ་མི་རིགས་པར་ཐལ་པའི་ཕྱིར། དེར་ཐལ། ཕྱི་དོན་མེད་ཅིང་སེམས་རང་བཞིན་གྱིས་ཡོད་ན་བརྟེན་ནས་འབྱུང་བ་མི་འཐད་པའི་ཕྱིར། དེར་ཐལ། རང་བཞིན་གྱིས་ཡོད་ན་རྐྱེན་ལ་མི་ལྟོས་པར་འགྱུར་པའི་ཕྱིར། ཤེས་བྱ་ཆོས་ཅན། སེམས་འཇིག་རྟེན་གྱི་བྱེད་པ་པོ་ཡིན་ཏེ། སེམས་ཉིད་ཀྱིས་ནི་སེམས་ཅན་ཀྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་པ་འགོད་པ་སྟེ་བསྐྱེད་པར་བྱེད་པའི་ཕྱིར། དེར་ཐལ། སེམས་ཅན་ནི་རང་རང་གི་ཐུན་མོང་མ་ཡིན་པའི་ལས་ལས་སྐྱེས། སྣོད་ཀྱི་འཇིག་རྟེན་ནི་ཐུན་མོང་པའི་ལས་ལས་སྐྱེས་ཤིང་། ལས་དེ་ཡང་སེམས་ཀྱིས་བསགས་པ་ཡིན་པའི་ཕྱིར། རྟགས་དེར་ཐལ། སྟོན་པས་འགྲོ་བ་མ་ལུས་པ་རང་རང་གི་ལས་དཀར་ནག་ལས་སྐྱེས་པར་གསུངས་པ་གང་ཞིག །སེམས་སྤངས་ནས་ནི་ལས་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། ས་བཅུ་བའི་མདོ་ལས་སེམས་ཙམ་མོ་ཞེས་འབྱུང་པའི་མདོ་ཚིག་འདི་ཆོས་ཅན། ཁྱོད་ཀྱིས་སེམས་ལས་གཞན་པའི་དབང་ཕྱུག་སོགས་སྣོད་བཅུད་ཀྱི་བྱེད་པ་པོ་ཡིན་པ་བཟློག་གི། ཕྱི་རོལ་དོན་གྱི་གཟུགས་ནི་བཀག་པ་མ་ཡིན་པར་ཐལ། གལ་ཏེ་གཟུགས་ཡོད་པར་འདོད་མོད་ཀྱི་གཟུགས་དེ་ལ་ནི་སེམས་བཞིན་དུ་འགྲོ་འོང་གི་བྱ་བ་བྱེད་པ་པོ་ནི་ཡོད་པ་མ་ཡིན་པ་དེས་ནའི་ཕྱིར། གཉིས་པ་ནི། ཕྱི་རོལ་གྱི་གཟུགས་མེད་པར་འདོད་ན་ནི། ནང་གི་སེམས་ཡོད་པར་མ་འཛིན་ཅིག །ནང་གི་སེམས་ཡོད་པར་འདོད་པ་ཉིད་ཡིན་ནའང་ཕྱི་རོལ་གྱི་གཟུགས་མེད་པར་མ་འཛིན་ཅིག་སྟེ་དོན་ཤེས་ཡོད་མེད་མཚུངས་པར་ཐལ། སྔར་ཇི་སྐད་བསྟན་པའི་ཚུལ་གྱིས་འཇིག་རྟེན་པ་ཡི་དེ་ཉིད་དེ་རྣམ་གཞག་ལ་གནས་པ་ལ་ཕྱི་རོལ་གྱི་གཟུགས་ཀྱི་ཕུང་པོ་སོགས་འཇིག་རྟེན་ལ་གྲགས་ཏེ་ཕུང་པོ་ལྔ་ཆར་ཡོད་ལ། དེ་ཁོ་ན་ཉིད་མངོན་སུམ་རྟོགས་པའི་ཡེ་ཤེས་འཆར་བར་འདོད་པ་ན་རྣལ་འབྱོར་པ་མཉམ་པར་གཞག་པ་ལ་མཉམ་གཞག་དེའི་གཟིགས་ངོར་ཕུང་པོ་དེ་ལྔ་འབྱུང་བར་མི་འགྱུར་བའི་ཕྱིར། གཞན་ཡང་། དོན་སེམས་ཡོད་མེད་མཚུངས་པར་ཐལ། གཟུགས་སོགས་ཕུང་པོ་ལྔ་པོ་དེ་དག་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་མདོར། སངས་རྒྱས་ཀྱིས་མཚུངས་པར་རང་བཞིན་གྱིས་གྲུབ་པ་སྤངས་ཤིང་སྟེ་བཀག་ལ། མངོན་པའི་ཆོས་ལས་ནི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པའི་སྒོ་ནས་མཚུངས་པར་གསུངས་པའི་ཕྱིར། སེམས་ཙམ་པ་ཆོས་ཅན། ཁྱོད་ཀྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་གཉིས་རིམ་པ་འདི་དག་བཤིག་པར་བྱས་ནས་རྣམ་གཞག་བྱེད་ཀྱང་། གཞན་དབང་རྫས་གྲུབ་ནི་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་བར་ཐལ། ཁྱོད་ཀྱི་འདོད་པ་ལྟར་གྱི་གཞན་དབང་རྫས་སུ་གྲུབ་པ་ནི་སྔར་བཀག་པས་ཏེ་དེའི་ཕྱིར། སྔར་བཤད་པའི་དེ་ལྟ་བུའི་རིམ་པས་དངོས་པོ་རྣམས་གདོད་མ་ནས་དེ་ཁོ་ན་ཉིད་དུ་མ་སྐྱེས་ཤིང་འཇིག་རྟེན་གྱི་ཐ་སྙད་དུ་སྐྱེས་པར་རིགས་པར་བྱ་སྟེ། བདེན་གཉིས་ཀྱི་རིམ་པ་མ་བཤིག་པར་འཇོག་ན་དོན་ཤེས་གཉིས་དོན་དམ་དུ་མེད་ཅིང་ཐ་སྙད་དུ་ཡོད་པར་མཚུངས་པར་འདོད་དགོས་པ་དེའི་ཕྱིར། གསུམ་པ་ལ་གཉིས། ཕྱི་རོལ་མེད་པའི་སེམས་ཙམ་དུ་གསུངས་པ་དྲང་དོན་དུ་བསྟན་པ་དང་། མདོའི་དྲང་ངེས་ཀྱི་དོན་རྟོགས་པའི་ཐབས་བསྟན་པའོ། །དང་པོ་ལ་གཉིས། དྲང་དོན་དུ་ལུང་གིས་བསྟན་པ་དང་། རིགས་པས་བསྟན་པའོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང་། དེ་འདྲ་བའི་མདོ་གཞན་ཡང་དྲང་དོན་དུ་བསྟན་པའོ། །དང་པོ་ནི། ལུང་གཞན་ཡང་། ལང་ཀར་གཤེགས་པའི་མདོ་སྡེ་གང་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་ཕྱིར་རོལ་དུ་སྣང་བ་ལྟར་ཡོད་པ་མ་ཡིན་ཞིང་། སེམས་ནི་ལུས་ལོང་སྤྱོད་སོགས་ཀྱི་རྣམ་པ་སྣ་ཚོགས་སུ་སྣང་ངོ་ཞེས་གསུངས་པ་དེ་ནི་ཆོས་ཅན། ཁྱོད་ཀྱིས་ཕྱི་དོན་བཀག་ཀྱང་དགོངས་གཞི་ཡོད་དེ། ཁྱོད་ཀྱིས་གཟུགས་ལ་ཤིན་ཏུ་ཆགས་པ་གང་ཡིན་པ་དེ་དག་ལ་གཟུགས་ལ་ཆགས་པའི་རྐྱེན་གྱིས་བསྐྱེད་པའི་ཉོན་མོངས་རྣམས་བཟློག་པའི་ཕྱིར་དུ་གསུངས་པ་སྟེ་དེའི་ཕྱིར། མདོ་དེ་ཡང་དྲང་དོན་གྱི་མདོ་ཉིད་ཡིན་ཏེ། མདོ་འདི་ནི་སྟོན་པས་དྲང་དོན་ཉིད་དུ་གསུངས་ཤིང་འདི་ནི་དྲང་དོན་ཉིད་དུ་རིགས་པས་ཀྱང་འཐད་པ་སྟེ་འགྲུབ་པའི་ཕྱིར། རྟགས་ཟུར་དང་པོ་དེར་ཐལ། ཇི་ལྟར་ནད་པ་ནད་པ་ལ། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། ཕྱི་རོལ་སྣང་བ་ཡོད་མེད་དེ། ཞེས་སོགས་དྲང་དོན་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྔར་བཤད་པའི་རྣམ་པ་དེ་ལྟ་བུའི་སེམས་ཙམ་པས་ངེས་དོན་གྱི་མདོར་འདོད་པའི་མདོ་སྡེ་གཞན་ཡང་ཀུན་བཏགས་བདེན་པར་མེད་ཅིང་གཞན་དབང་དང་ཡོངས་གྲུབ་གཉིས་སོ་སོར་བདེན་གྲུབ་ཏུ་སྟོན་པའི་དགོངས་འགྲེལ་གྱི་མདོ་དང་། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཞེས་སོགས་ཀྱི་མདོ་རྣམས་ཆོས་ཅན། དྲང་དོན་གྱི་མདོ་ཡིན་ཏེ། དྲང་དོན་གྱི་མདོ་ཉིད་དུ་ལང་གཤེགས་ལས། བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་མི་སྐྱེ་བ་ཞེས་སོགས་དང་ཇི་ལྟར་ནད་པ་ནད་པ་ལ། །སྨན་པ་སྨན་རྣམས་གཏོང་བ་ལྟར། །སངས་རྒྱས་དེ་བཞིིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་པའི་ལུང་འདིས་གསལ་བར་བྱེད་པའི་ཕྱིར། ལུགས་འདིར་དྲང་དོན་དུ་འགྲེལ་རྒྱུའི་མདོ་དེ་ལ་བཞི་ཡོད་དེ། མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་སོ་སོར་ཕྱེ་ནས་སྟོན་པའི་མདོ་དང་། ཕྱི་དོན་མེད་པར་སྟོན་པའི་མདོ་དང་། ཀུན་གཞི་ཡོད་པ་སྟོན་པའི་མདོ་དང་། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་སྟོན་པའི་དགོངས་འགྲེལ་གྱི་མདོ་རྣམས་སུ་ཡོད་པའི་ཕྱིར། ལུང་འདིས་ཞེས་པའི་དོན་སྔར་དྲངས་པའི་མདོ་དེ་ཁོ་ནར་མ་ངེས་ཏེ། དེ་ལ་ཀུན་གཞི་སྟོན་པའི་མདོ་དྲང་དོན་དུ་འགྲེལ་པར་བྱེད་པ་སོགས་བཞི་ཡོད་པའི་ཕྱིར། དེ་དག་གི་རྣམ་གཞག་རྒྱས་པར་ནི་རྣམ་བཤད་ལས་ཤེས་པར་བྱའོ། ། གཉིས་པ་ནི། ཤེས་བྱ་ཆོས་ཅན། སངས་རྒྱས་ཀྱིས་དང་པོར་ཤེས་བྱ་ཕྱི་རོལ་གྱི་དོན་དགག་པ་མཛད་པ་ལ་དགོས་པ་ཡོད་པ་ཡིན་ཏེ། ཤེས་བྱ་ཕྱི་རོལ་གྱི་བདག་མེད་པར་ངེས་ནུས་ན་ཤེས་པ་བདེན་གྲུབ་བསལ་བ་ནིི་བདེ་བླག་ཏུ་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས་པའི་ཕྱིར་ཏེ། ཤེས་བྱ་ཕྱི་རོལ་གྱི་བདག་མེད་པར་ངེས་ནུས་ན། ཤེས་པ་བདེན་གྲུབ་བཀག་པའི་བདག་མེད་འགྲུབ་པའི་ཐབས་སུ་འགྱུར་པའི་ཕྱིར། གཉིས་པ་ནི། གོང་དུ་བརྗོད་པ་དེ་ལྟར་དྲང་ངེས་ཀྱི་ལུང་གི་ལོ་རྒྱུས་ཤེས་པར་བྱས་ཏེ་དྲང་ངེས་ཀྱི་མདོའི་རྣམ་གཞག་འདི་ལྟར་འཐད་པ་ཡིན་ཏེ། མདོ་སྡེ་གང་དག་དེ་ཁོ་ན་ཉིད་ཀྱི་དོན་གཙོ་བོར་སྟོན་པ་མ་ཡིན་པར་ཀུན་རྫོབ་ཙམ་བཤད་པའི་དོན་ཅན་དེ་དྲང་དོན་དུ་གསུངས་པའང་རྟོགས་ནས་དྲང་བར་བྱ་ཞིང་། སྟོང་ཉིད་གཙོ་བོར་སྟོན་པའི་བརྗོད་བྱའི་དོན་ཅན་གྱི་མདོ་དེ་ངེས་དོན་གྱི་མདོ་ཤེས་པར་གྱིས་ཤིག་སྟེ་ཤེས་པར་བྱ་དགོས་པའི་ཕྱིར་ཏེ། དེ་ལྟར་ཏིང་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་པའི་དོན་དུ་ཤེས། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། གཅེར་པུ་པ་ན་རེ། བདག་གཞན་རེ་རེ་བ་ལས་སྐྱེ་བར་འདོད་ན། སྔར་གྱི་རིགས་པས་གནོད་པས་མི་འཐད་ཀྱང་། གཉིས་ཀ་ལས་སྐྱེ་བ་ཡོད་དེ། སྐྱེས་བུ་ལྷས་བྱིན་དེ། རང་གི་བདག་ཉིད་དུ་གྱུར་པའི་སྲོག་དབང་ལས་སྐྱེ་བས་བདག་ལས་སྐྱེ་ལ། ཕ་མ་སོགས་ལས་སྐྱེ་བས་གཞན་ལས་སྐྱེ་ཞིང་། རྫ་བུམ་འཇིམ་པའི་བདག་ཉིད་ལས་སྐྱེ་བས་བདག་དང་། རྫ་མཁན་ལས་སྐྱེ་བས་གཞན་ལས་སྐྱེ་བས་གཉིས་ཀ་ལས་སྐྱེ་བ་འདོད་རིགས་པའི་ཕྱིར་ཟེར་ན། ཤེས་བྱ་ཆོས་ཅན། བདག་གཞན་གཉིས་ཀ་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་པར་ཐལ། རྒྱུ་མཚན་གང་གི་ཕྱིར་ན། རེ་རེ་ལས་སྐྱེ་བ་ལ་བཤད་ཟིན་པའི་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཉིད་ཡིན་པའི་ཕྱིར་རོ།། དེར་ཐལ། གཉིས་ཀ་ལས་སྐྱེ་བ་འདི་ནི་འཇིག་རྟེན་ལས་ཡོད་པ་མ་ཡིན་ཞིང་། དེ་ཉིད་དོན་དམ་དུ་ཡང་ཡོད་པར་འདོད་པ་མ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་ན་བདག་གཞན་རེ་རེ་ལས་ནི་སྐྱེ་བ་གང་དུ་འགྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། བཞི་པ་ནི། རྒྱང་འཕེན་པ་ན་རེ། བདག་གཞན་རེ་རེ་བ་དང་ཚོགས་པ་ལས་སྐྱེ་བ་གང་འདོད་ཀྱང་རིགས་པས་གནོད་པས་རྒྱུ་མེད་ལས་སྐྱེ་བ་ཡོད་དེ། རྨ་བྱའི་མདོངས་ཀྱི་ཁ་དོག་སྣ་ཚོགས་པ་དང་། ཚེར་མའི་རྣོ་བ་དང་། སྲན་མའི་ཟླུམ་པ་སོགས་རྒྱུ་མེད་ལས་སྐྱེ་བའི་ཕྱིར། ཟེར་ན། དེ་ལྟར་འདོད་པ་མི་འཐད་པར་ཐལ། གལ་ཏེ་དངོས་པོ་རྣམས་རྒྱུ་མེད་པ་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་བ་ཡིན་ན་ནི། དེའི་ཚེ་དངོས་པོ་མཐའ་དག་ནི་དུས་རྟག་ཏུ་རང་གི་རྒྱུ་མ་ཡིན་པ་ཐམས་ཅད་ཀྱང་སྐྱེ་བར་འགྱུར་ཞིང་། དེ་ལྟ་ན། རྐྱེན་ལས་མི་ལྟོས་པས་བྱ་རོག་ལ་རྨ་བྱའི་མདོངས་སྐྱེ་བར་འགྱུར་པ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར། གཞན་ཡང་། ལོ་ཏོག་སོགས་འབྲས་བུ་འབྱུང་བའི་ཆེད་དུ་འཇིག་རྟེན་པ་འདི་ཡིས་ས་བོན་ལ་སོགས་པ་ནི་དཀའ་བ་བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར་པར་ཐལ། རྒྱུ་མེད་ལས་སྐྱེ་བ་འཐད་པའི་ཕྱིར། རྟགས་ཁས་གཞན་ཡང་། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་སྐྱེ་བར་གྱུར་ན། འགྲོ་བ་རྣམས་ནམ་མཁའི་ཨུད་པ་ལ་ཡི་དྲི་དང་མདོག་བཟུང་དུ་མེད་པ་ཇི་ལྟ་བ་བཞིན་ཚད་མས་གཟུང་དུ་མེད་པ་ཉིད་དུ་འགྱུར་དགོས་ན། དེ་ནི་ཆེས་མི་འཐད་པར་ཐལ། ཤིན་ཏུ་ཆེས་བཀྲ་བའི་འཇིག་རྟེན་མངོན་སུམ་གྱི་ཚད་མས་འཛིན་པའང་ཡིན་པ་དེ་ཡི་ཕྱིར། ཤེས་བྱ་ཆོས་ཅན། འཇིག་རྟེན་མཐའ་དག་རང་གི་རྒྱུ་ཁོ་ན་ལས་སྐྱེ་བ་ཡིན་པར་ཤེས་པར་གྱིས་ཤིག་སྟེ་བྱ་དགོས་པར་ཐལ། དེ་རྒྱུ་ལས་སྐྱེ་བ་ཚད་མས་གྲུབ་པའི་ཕྱིར། དཔེར་ན། རང་གི་བློ་སྔོན་པོའི་རྣམ་པ་ཅན་ནི། སྔོན་པོ་ལས་སྐྱེ་བ་བཞིན་ནོ། །རྒྱང་འཕེན་ན་རེ། ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུ་དེ་ཙམ་ཁོ་ནར་ཟད། །ཅེས་ཁོ་བོ་ཅག་གི་གཞུང་ལས་འབྱུང་བ་ལྟར། འཇིག་རྟེན་ཕ་རོལ་མ་མཐོང་བས་དེ་མེད་དེ་ཅེ་ན། རྒྱང་འཕེན་དེས་ནི་ཆོས་ཅན། ཇི་ལྟར་ཁྱོད་འཇིག་རྟེན་ཕ་རོལ་ཡོད་པ་དང་མེད་པ་གང་ཡང་ཡང་དག་པར་རྟོགས་པར་འགྱུར་པ་མེད་པར་ཐལ། ས་སོགས་འབྱུང་བ་བཞི་པོ་དེ་དག་ཁྱོད་ཀྱི་གཞུང་ནས་བཤད་པའི་བདག་ཉིད་གང་ཞིག་གིས་ནི་ཁྱོད་ཀྱི་བློའི་ཡུལ་དུ་འགྱུར་བ་དེ་ལྟར་དེ་ཡི་བདག་ཉིད་ཅན་དུ་ནི་ཡོད་པ་མ་ཡིན་ན་དེའི་ཚེ་རགས་པའི་དོན་གང་ལ་ཡིད་ཀྱི་མུན་པ་འཐུག་པོ་འདི་ཉིད་དུ་ཡོད་པ་དང་མ་བྲལ་བས། ཤིན་ཏུ་ཕྲ་བའི་འཇིག་རྟེན་ཕ་རོལ་རྟོགས་པ་ལྟ་ཅི་སྨོས་པ་ཡིན་པའི་ཕྱིར། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་རྒྱང་འཕེན་བདག་ཉིད་ནི་ཆོས་ཅན། ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་པར་བྱ་དགོས་པར་གསལ་ཏེ། འཇིག་རྟེན་ཕ་རོལ་ལ་སྐུར་པ་འདེབས་པ་དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་པའི་ལུས་ཀྱི་ཁོག་པ་དང་ལྡན་པ་ཉིད་ཡིན་པའི་ཕྱིར། དཔེར་ན་གང་གི་ཚེ་འབྱུང་བའི་བདག་ཉིད་བདེན་གྲུབ་ཏུ་ཡོད་པ་ཉིད་དུ་ཁས་ལེན་པ་དེའི་ཚེ་བཞིན་ན། འབྱུང་བ་བཞི་པོ་དེ་དག་ཆོས་ཅན། བདེན་པར་ཡོད་པ་མ་ཡིན་པར་ཐལ། ཇི་ལྟར་བདེན་པར་ཡོད་པ་མ་ཡིན་པ་དེ་ལྟར་བཤད་ཟིན་པའི་ཕྱིར་ཏེ། གང་གི་ཕྱིར་ན་གོང་དུ་རང་དང་། གཞན་ལས་དང་། བདག་གཞན་གཉིས་ཀ་ལས་སྐྱེ་བ་དང་། རྒྱུ་མེད་ལས་སྐྱེ་བ་རྣམས་དང་ཐུན་མོང་དུ་ནི་འབྱུང་བ་རང་བཞིན་གྱིས་ཡོད་པ་བཀག་ཟིན་པ་དེའི་ཕྱིར། དེར་ཐལ། སྔར་སྤྱིའི་ཚུལ་གྱིས་བཀག་པས་ན། འདིར་རང་བཞིན་གྱིས་ཡོད་པ་འགོག་པར་མ་བཤད་པའི་འབྱུང་བ་འདི་དག་ལྟ་ཞིག་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། ཞེས་སོགས་ཀྱི་ཐལ་འགྱུར་ཁྱེད་རང་ལ་ཡང་མཚུངས་སོ་ཞེ་ན། དེ་མི་མཚུངས་པར་ཐལ། ཁོ་བོ་ཅག་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ལ་དཔེ་མེད་པའི་ཕྱིར། དེས་ན། ཁོ་བོ་ཅག་ལ་འདི་ལྟར་འགྱུར་ཏེ། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་རྟོགས་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །བདག་གི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་གི་ཚེ་ན་བདག་མེད་རྟོགས་པར་ཁས་ལེན་དེ་ཚེ་བཞིན། །ཞེས་བྱ་བར་འགྱུར་བའི་ཕྱིར་རོ། ། གསུམ་པ་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་དང་བྲལ་བ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་དང་། རྒྱུ་ལ་མ་ལྟོས་པར་སྐྱེ་བའི་ངོ་བོར་ཡོད་པ་མ་ཡིན་པའི་ཕྱིར། འདིས་ཇི་ལྟར་བསྟན་པ་ཡོད་དེ། མཐའ་བཞི་ལས་མི་སྐྱེ་བས་གཏན་ཚིགས་བསྟན། དངོས་པོ་རྣམས་ཞེས་པས་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་དང་བྲལ་ཞེས་པས་དམ་བཅའ་བསྟན་པའི་ཕྱིར། གཉིས་པ་ལ་གཉིས། དངོས་དང་། དོན་བསྡུ་པའོ། དང་པོ་ནི། དངོས་པོ་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཡིན་ན། འཇིག་རྟེན་པ་རྣམས་ཀྱིས་ཅིའི་ཕྱིར་མ་སྐྱེས་པ་དེ་ཉིད་མ་མཐོང་བར་རང་བཞིན་གྱིས་སྐྱེ་བར་མཐོང་ཞེ་ན། འཇིག་རྟེན་པའི་བྱིས་པ་རྣམས་ལ་སྔོན་པོ་སོགས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་མཐོང་བ་མེད་པར་ཐལ། གང་གི་ཕྱིར་ན་ཆར་སྤྲིན་ནག་པོའི་ཚོགས་དང་མཚུངས་པའི་གཏི་མུག་སྟུག་པོས་བློ་མིག་བསྒྲིབས་པ་འཇིག་རྟེན་པ་ལ་ཡོད་པ་དེས་ན་དེ་རྣམས་ལ་སྔོ་སོགས་ཡུལ་རྣམས་ལ་རང་གི་ངོ་བོས་གྲུབ་པའི་ལོག་པ་དག་ཏུ་སྣང་བར་འགྱུར་པའི་ཕྱིར། འོ་ན་རང་བཞིན་མ་མཐོང་ཡང་ལོག་པར་ཅི་ལས་མཐོང་ཞེ་ན། དེ་ལྟར་ཕྱིན་ཅི་ལོག་ཏུ་མཐོང་བའི་དཔེ་ཡང་དག་ཡོད་པར་ཐལ། ཇི་ལྟར་དབང་པོ་རབ་རིབ་ཀྱིས་བསླད་པའི་མཐུ་ཡིས་རབ་རིབ་ཅན་འགའ་ཞིག་གིས་གང་དུ་སྐྲ་ཤད་དང་། ཟླ་བ་གཉིས་དང་རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་པ་མེད་བཞིན་དུ་དེ་ཡོད་པའི་བདག་ཉིད་དུ་ལོག་པར་འཛིན་པར་བྱེད་པ་དེ་བཞིན་དུ་ནི་གཏི་མུག་གི་སྐྱོན་གྱི་དབང་གིས་མི་མཁས་པའི་སོ་སྐྱེས་རང་བཞིན་གྱིས་མེད་ཀྱང་སྔོ་སོགས་ཀྱི་འདུས་བྱས་ལྟ་ཞིག་སྣ་ཚོགས་པ་བློ་གྲོས་ཀྱིས་ནི་རྟོག་པ་སྟེ་མཐོང་བར་འགྱུར་བའི་ཕྱིར། གལ་ཏེ་རྟེན་འབྲེལ་གྱི་མདོ་ལས། གཏི་མུག་གི་མ་རིག་པ་ལ་བརྟེན་ནས་འདུ་བྱེད་ཀྱིས་ལས་འབྱུང་། གཏི་མུག་དེ་མེད་པར་ལས་དེ་མི་འབྱུང་ངོ་ཞེས་བྱ་བར་གསུངས་པའི་དོན་ལ། མ་རིག་པ་དང་འདུ་བྱེད་རང་བཞིན་གྱིས་གྲུབ་པའི་ཚུལ་བཤད་པར་སྣང་བ་ནི། མི་མཁས་པ་ཁོ་ནར་རྟོགས་པར་ཏེ་དེའི་དབང་དུ་བྱས་པར་གོར་མ་ཆགས་པ་སྟེ་ཐེ་ཚོམ་མེད་པར་ཐལ། མཁས་པ་དག་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ་ཞེས་གསུངས་པ་མཐོང་བ་ན་འདུ་བྱེད་རྣམས་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་ཁོང་དུ་ཆུད་ཅིང་། རྟེན་འབྱུང་གི་དེ་ཉིད་རྟོགས་པའི་བློ་གྲོས་བཟང་པོའི་ཉི་མས་མི་ཤེས་པའི་མུན་པ་སྟུག་པོ་རྣམ་པར་བསལ་བ་ཡི་སྒོ་ནས་འཁོར་བ་ལས་གྲོལ་བར་འགྱུར་པའི་ཕྱིར། ཁོ་ན་རེ། དངོས་པོ་དེ་དག་རང་བཞིན་གྱིས་ནི་ཡོད་པ་ཉིད་ཡིན་ཏེ། གལ་ཏེ་དངོས་པོ་རྣམས་དེ་ཉིད་དོན་དམ་དུ་མེད་ན་ནི། ཐ་སྙད་དུ་ཡང་མོ་གཤམ་གྱི་བུ་ཇི་ལྟ་བ་བཞིན་དུ་དངོས་པོ་དེ་དག་མེད་པར་ཉིད་དུ་འགྱུར་བ་དེ་ཡི་ཕྱིར་རོ་ཞེ་ན། ཁོ་བོ་ཅག་ལ་འདིར་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་པར་ཐལ། གང་དག་རབ་རིབ་ཅན་ལ་སོགས་པའི་བློའི་ཡུལ་དུ་འགྱུར་པའི་སྐྲ་ཤད་ལ་སོགས་དེ་དག་མ་སྐྱེས་པས་ན། ཅིའི་ཕྱིར་ཁྱེད་ཅག་གིས་མེད་པའི་སྐྲ་ཤད་མཐོང་ལ་མོ་གཤམ་གྱི་བུ་མི་མཐོང་ཞེས་རེ་ཞིག་རབ་རིབ་ཅན་དེ་དག་ཉིད་ལ་བརྩད་པར་བྱ་སྟེ་དེའི་ཕྱི་ནས་མ་རིག་པའི་རབ་རིབ་རྗེས་སུ་འབྲེལ་བའི་དབང་གིས་བློ་མིག་ཉམས་པ་ལ་ཁྱོད་ཅི། རང་བཞིན་གྱིས་མི་སྐྱེ་བར་མཚུངས་པ་ལ། གཟུགས་སོགས་མཐོང་ཞིང་། མོ་གཤམ་གྱི་བུ་མི་མཐོང་བ་ཡིན་ཞེས་བརྒལ་ཞིང་བརྟག་པར་བྱ་རིགས་པའི་ཕྱིར། འདི་རབ་རིབ་ཅན་ལྟ་ཞོག རྒོལ་བ་པོ་ཁྱོད་ཉིད་ལའང་བརྟག་པ་བྱ་བ་ཡིན་པར་ཐལ། གལ་ཏེ་རྨི་ལམ་གྱི་ཁང་ཁྱིམ་དང་དྲི་ཟའི་གྲོང་ཁྱེར་དང་བཅས་པ་མཐོང་བ་དང་། སྨིག་རྒྱུའི་ཆུ་དང་མིག་འཕྲུལ་མཁན་གྱིས་སྤྲུལ་པའི་སྐྱེས་བུ་དང་། གཟུགས་བརྙན་དང་བྲག་ཆ་སོགས་སྣང་བ་ལྟར་སྐྱེ་བ་མེད་པར་མཐོང་བ་ན། སྣང་བ་ལྟར་ཡོད་པ་ཉིད་མ་ཡིན་པར་མཚུངས་ཀྱང་ཁྱོད་ལ་ཇི་ལྟར་དེ་དག་མཐོང་བ་དེར་འགྱུར་ལ། མོ་གཤམ་གྱི་བུ་མཐོང་བ་དེར་མི་འགྱུར་བ་དེ་མི་རིགས་སོ་ཞེས་བརྒལ་ཞིང་བརྟག་པར་གྱིས་ལ། ཕྱིས་ཁོ་བོ་ལའང་དེ་ལྟར་བརྟག་པར་བྱ་རིགས་པའི་ཕྱིར། གཟུགས་སོགས་དོན་དམ་དུ་མེད་ན་ཐ་སྙད་དུའང་མོ་གཤམ་གྱི་བུ་ལྟར་མི་མཐོང་བར་ཐལ་བར་སྨྲ་བ་འདི་ཆོས་ཅན། གཏན་ཚིགས་མ་ངེས་པ་སྟེ་འཁྲུལ་བ་ཅན་ཡིན་པར་ཐལ། གཟུགས་སོགས་ཀྱི་དངོས་པོ་འདི་དེ་ཁོ་ན་ཉིད་དུ་ཇི་ལྟར་སྐྱེ་བ་མེད་ཀྱང་། ཐ་སྙད་དུ་ཡོད་པས་མོ་གཤམ་གྱི་བུ་ལྟར་གང་གི་ཕྱིར་འཇིག་རྟེན་གྱི་མཐོང་བའི་ཡུལ་དུ་མི་འགྱུར་བ་མ་ཡིན་པ་དེ་ཡི་ཕྱིར། དེར་ཐལ། མདོ་ལས། འགྲོ་བ་དག་ནི་རྨི་འདྲར་བཤད། །དེ་ཉིད་དུ་ནི་རྣམ་མ་བཞག །རྨི་ལམ་གང་ལ་དངོས་པོ་མེད། །ལོག་པའི་བློ་ལྡན་མངོན་པར་ཞེན། །ཞེས་པ་ནས། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་པའི་བར་གྱིས། ཆོས་རྣམས་རང་བཞིན་གྱིས་མེད་ཀྱང་། ཐ་སྙད་དུ་ཡོད་པར་བསྟན་པའི་ཕྱིར། གཉིས་པ་ནི། གཟུགས་སོགས་ཀྱི་དངོས་པོ་འདི་ཀུན་ཆོས་ཅན། རང་གི་ངོ་བོ་ཉིད་ཀྱིས་འཇིག་རྟེན་གྱི་ཐ་སྙད་དང་། དེ་ཁོ་ན་ཉིད་དུ་འང་མ་སྐྱེས་པར་ཐལ། རང་གི་ངོ་བོས་མ་གྲུབ་པའི་ཕྱིར། དཔེར་ན། མོ་གཤམ་གྱི་བུ་ལ་རང་གི་བདག་ཉིད་ཀྱིས་སྐྱེ་བ་དེ་ཁོ་ན་ཉིད་དུ་མེད་ཅིང་། འཇིག་རྟེན་གྱི་ཐ་སྙད་དུའང་ཡོད་པ་མ་ཡིན་པ་དེ་བཞིན་ནོ། །དངོས་པོ་རྣམས་ཆོས་ཅན། རྟག་ཏུ་རང་བཞིན་གྱིས་སྐྱེ་བ་ཡོད་པ་མ་ཡིན་པར་ཐལ། རྒྱུ་མཚན་གོང་དུ་བརྗོད་པ་དེ་ལྟ་ཡིན་པ་དེའི་ཕྱིར་ཏེ་འདི་ལྟར་སྟོན་པ་སངས་རྒྱས་ཀྱིས་ཆོས་རྣམས་ཀུན་གདོད་མ་ནས་ཞི་ཞིང་རང་བཞིན་གྱིས་སྐྱེ་བ་དང་བྲལ་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་གསུངས་པར་གྱུར་པ་དེའི་ཕྱིར། དེར་ཐལ། དཀོན་མཆོག་སྤྲིན་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གདོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱེད་ཀྱིས་བསྟན། །ཞེས་འབྱུང་བའི་ཕྱིར། དེའི་དོན་བསྡུ་ན་འདི་ལྟར་ཡིན་ཏེ། ཆོས་ཀུན་གདོད་ནས་ཏེ་དང་པོ་ནས་ཀྱང་རང་བཞིན་གྱིས་མ་སྐྱེས་པ་དེ་ཡེ་ཤེས་ཞི་བའི་ཡུལ་ཡིན་ལ། དེ་ལྟར་མ་སྐྱེས་པའི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ལ་ཀུན་ནས་ཉོན་མོངས་པའི་བསླད་པ་མེད་ཅིང་རྣམ་པར་དག་པའོ། །ཞེས་པའི་དོན་ཡིན་པའི་ཕྱིར། དངོས་པོ་རྣམས། དོན་དམ་དུ་མེད་ཀྱང་འཇིག་རྟེན་གྱི་གྲགས་པའི་ཐ་སྙད་དུ་ཡོད་པས་མོ་གཤམ་གྱི་བུ་དང་མཚུངས་པར་ཐལ་བར་མི་འགྱུར་བར་ཐལ། །བུམ་པ་ལ་སོགས་པའི་དངོས་པོ་འདི་དག་དེ་ཁོ་ན་ཉིད་དུ་མེད་ཅིང་། འཇིག་རྟེན་གྱི་རབ་ཏུ་གྲགས་པར་ཡོད་པ་ཅི་ལྟ་བ་བཞིན་ཡིན་པའི་ཕྱིར། ཁྱབ་སྟེ། དེ་བཞིན་དུ་དངོས་པོ་ཐམས་ཅད་ཀྱང་། འགྱུར་བས་ན་སྟེ་མཚུངས་པའི་ཕྱིར། དངོས་པོ་རྣམས་ཆོས་ཅན། རང་གི་རྒྱུ་རྐྱེན་ལ་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར་བ་ཡིན་ཏེ། གང་གི་ཕྱིར་ན། སྐྱེ་ཡང་སྔར་ཇི་སྐད་བཤད་པའི་ཚུལ་གྱིས་རྒྱུ་མེད་པ་དང་དབང་ཕྱུག་གི་རྒྱུ་ལ་སོགས་ཏེ་དུས་དང་རང་བཞིན་དང་སྲེད་མེད་ཀྱི་བུ་སོགས་དང་། བདག་དང་། གཞན་དང་། གཉིས་ཀ་ལས་སྐྱེ་བར་འགྱུར་བ་མ་ཡིན་དེའི་ཕྱིར། བརྟེན་ནས་མ་གྲུབ་པའི་ཆོས་མེད་པ་ཡིན་ཏེ། རྩ་ཤེ་ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པ་པོ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་པ་དང་། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པས། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྒྱུ་འདི་ལས་འབྲས་བུ་འདི་བརྟེན་ནས་འབྱུང་ཞེས་པའི་རྟེན་ནས་འབྱུང་བར་རྟོགས་པའི་རིགས་པ་འདི་ཡིས་ནི་ཆོས་ཅན། མཐའ་བཞི་ལས་སྐྱེ་བར་ལྟ་བ་སོགས་ལྟ་ངན་གྱི་དྲ་བ་མཐའ་དག་གཅོད་པར་བྱེད་ནུས་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། དངོས་པོ་རྣམས་བརྟེན་ནས་རབ་ཏུ་འབྱུང་བས་རང་གི་ངོ་བོ་ཡོད་པར་འཇོག་ནུས་ཀྱི། མཐའ་བཞིར་སྐྱེ་བར་འཛིན་པའི་མཐར་འཛིན་གྱི་རྟོག་པ་འདི་དག་གིས་བཟུང་བ་ལྟར་གྱིས་བརྟག་པར་མི་ནུས་པ་དེའི་ཕྱིར། སྟོན་པས་བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས་རང་བཞིན་གྱིས་མ་སྐྱེས་པར་གསུངས་པ་ཡིན་ཏེ། མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་ཤིང་། རིགས་པ་དྲུག་ཅུ་པ་ལས། དེ་དང་དེ་བརྟེན་གང་འབྱུང་བ། །རང་གི་ངོ་བོ་དེར་མ་སྐྱེས། །རང་གི་ངོ་བོར་གང་མ་སྐྱེས། །དེ་ནི་སྐྱེས་ཞེས་ཇི་ལྟར་བྱ། །ཞེས་གསུངས་པའི་ཕྱིར། རྩ་ཤེ་ལས་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། མཐར་འཛིན་གྱི་རྟོག་པ་རྣམས་ཆོས་ཅན། གང་ལས་འབྱུང་བ་ཡོད་དེ། དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པར་འཛིན་པ་ཡོད་ན་འབྱུང་བར་འགྱུར་པའི་ཕྱིར། རྟོག་པ་འདི་རྣམས་ཆོས་ཅན། དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པ་མེད་པར་མི་འབྱུང་སྟེ། རྒྱུ་མེད་པར་མི་འབྱུང་བའི་ཕྱིར། དཔེར་ན། རྒྱུ་བུད་ཤིང་མེད་པར། འབྲས་བུ་མེ་ཡོད་པ་མ་ཡིན་པ་དེ་བཞིན་ནོ། ། བཞི་པ་ནི། འདི་ལྟར་རིག་པས་དཔྱད་པའི་འབྲས་བུ་ཡོད་དེ། མཐར་འཛིན་གྱི་རྟོག་པ་རྣམས་ལོག་པར་གྱུར་པ་གང་ཡིན་པ་དེ་ཉིད། རིགས་པས་རྣམ་པར་དཔྱོད་པའི་འབྲས་བུར་མཁས་པ་རྣམས་ཀྱིས་གསུངས་པའི་ཕྱིར་ཏེ། སོ་སོའི་སྐྱེ་བོ་རྣམས་ནི་མཐར་འཛིན་གྱི་རྟོག་པས་བཅིངས་ལ། ཆོས་ཉིད་ཐུགས་སུ་ཆུད་ནས་ཕྱིན་ཅི་ལོག་ཏུ། རྣམ་པར་མི་རྟོག་པའི་རྣལ་འབྱོར་པ་འཕགས་པ་དག་ནི་རྣམ་པར་གྲོལ་བར་འགྱུར་པའི་ཕྱིར། ཤེས་བྱ་ཆོས་ཅན། འཕགས་པས་དབུ་མའི་བསྟན་བཅོས་ལས་རིགས་པའི་དཔྱད་པ་མང་དུ་མཛད་པ་ལ་དགོས་པ་ཡོད་དེ། དེ་རྩོད་པ་ལ་ཆགས་པའི་ཕྱིར་དུ་མ་མཛད་ཀྱི། སྐྱེ་བོ་རྣམས་ཀྱིས་ཐར་པ་འཐོབ་ན་ཅི་མ་རུང་སྙམ་དུ་དགོངས་ནས་རྣམ་པར་གྲོལ་པར་བྱ་བའི་ཕྱིར་ནི་བསྟན་བཅོས་ལས་དེ་ཁོ་ན་ཉིད་ལེགས་པར་བསྟན་པའི་ཕྱིར། ཁོ་ན་རེ། གཞན་གྱི་གཞུང་ལ་གནོད་པས་སྐྱོན་དང་བཅས་སོ་ཞེ་ན། གལ་ཏེ་དེ་ཁོ་ན་ཉིད་ཀྱི་དོན་རྣམ་པར་བཤད་པ་ན་གཞན་ཀྱི་གཞུང་གི་སྒྲོ་བཏགས་པ་རྣམས་འཇིག་པར་འགྱུར་ན་ཁོ་བོ་ཅག་ལ་ཉེས་པ་མེད་པར་ཐལ། བཞི་བརྒྱ་པ་ལས། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། རྩོད་པ་མཛད་ཕྱིར་གསུངས་མ་ཡིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་བསྲེག །ཞེས་གསུངས་པ་ལྟར་གྱུར་ན་ནི་མི་འགལ་པའི་ཕྱིར། རང་ཕྱོགས་ལ་འདོད་ཆགས་དང་གཞན་ཕྱོགས་ལ་ཁོང་ཁྲོ་བ་རྣམ་བར་བསལ་ཏེ་རིགས་པས་རྣམ་པར་དཔྱོད་པའི་གང་ཟག་དེ་ནི་ཆོས་ཅན། ཁྱོད་མཐར་འཛིན་གྱི་འཆིང་བ་དང་འཁོར་བ་ལས་མྱུར་དུ་གྲོལ་པར་འགྱུར་པར་ཐལ། རང་གི་ལྟ་བ་ལ་ཆགས་པ་དང་དེ་བཞིན་དུ་གཞན་གྱི་ལྟ་བ་ལ་རྒྱུད་འཁྲུག་པ་གང་ཡིན་པའི་བློ་དེ་འཁོར་བར་འཆིང་བྱེད་ཀྱི་རྟོག་པ་ཉིད་ཡིན་ལ། ཁྱོད་ཀྱིས་ཕྱོགས་ལྷུང་མེད་པར་དེ་ཁོ་ན་ཉིད་ཀྱི་དོན་ལ་འབྱོར་བ་ཡིན་པ་དེའི་ཕྱིར་རོ། དེ་ཡན་ཆད་ཀྱིས་ཆོས་ཀྱི་བདག་མེད་གཙོ་བོར་བསྟན་ཏོ། ། གཉིས་པ་གང་ཟག་གི་བདག་མེད་རིགས་པས་བསྒྲུབ་པ་ལ་གསུམ། ཐར་འདོད་ཀྱིས་ཐོག་མར་བདག་རང་བཞིན་གྱིས་གྲུབ་པ་དགག་དགོས་པར་བསྟན་པ། བདག་དང་བདག་གི་བ་གཉིས་རང་བཞིན་གྱིས་གྲུབ་པ་འགོག་ཚུལ། བདག་དང་ཤིང་རྟའི་དཔྱད་པ་དངོས་པོ་གཞན་ལ་ཡང་བསྒྲེ་བར་བསྟན་པའོ། །དང་པོ་ལ་གཉིས། ཚིག་དོན་དང་། སྤྱིའི་དོན་ནོ། །དང་པོ་ནི། ཐར་འདོད་ཀྱི་རྣལ་འབྱོར་པ་ཡི་ཆོས་ཅན། ཁྱོད་ཀྱིས་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་ཡུལ་བདག་དེ་ནི་རང་བཞིན་གྱིས་གྲུབ་པ་འགོག་པར་བྱེད་རིགས་ཏེ། ཆགས་སོགས་གྱི་ཉོན་མོངས་པ་དང་སྐྱེ་འཆི་སོགས་ཀྱི་སྐྱོན་རྣམས་མ་ལུས་པ་རང་རྒྱུ་བདག་དང་བདག་གིར་འཛིན་པའི་འཇིག་ཚོགས་ལ་ལྟ་བ་ལས་བྱུང་བར་བློ་ཡིས་མཐོང་བར་གྱུར་ཅིང་། བདག་དེ་ནི་འཇིག་ལྟ་འདི་ཡི་དམིགས་པའི་ཡུལ་དུ་རྟོགས་པར་བྱས་ནས་དེས་བཟུང་བ་ལྟར་འགོག་པར་བྱེད་རིགས་པའི་ཕྱིར། གཉིས་པ་ནི། བདག་དང་བདག་གིར་འཛིན་པའི་འཇིག་ལྟ་འཁོར་བའི་རྩ་བ་ཡིན་ཏེ། ཆགས་སོགས་ཀྱི་ཉོན་མོངས་དང་སྐྱེ་འཆི་སོགས་འཁོར་བའི་རྒུད་པ་ཀུན་ཀྱང་འཇིག་ལྟ་གཉིས་ལ་བརྟེན་ནས་འབྱུང་ཞིང་། དེ་གཉིས་ལྡོག་ན་ཅིག་ཤོས་ཐམས་ཅད་ཀྱང་ལྡོག་ལ་མ་ལོག་ན་མི་ལྡོག་པའི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ཏེ། དེ་ལྟར་བསླབ་བཏུས་ལས། གང་ཟག་སྟོང་བ་ཉིད་ནི་དེ་ལྟར་ཤིན་ཏུ་གྲུབ་པ་ཡིན་ནོ། །དེའི་ཕྱིར་རྩ་བ་ཆད་པས་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་མི་འབྱུང་ངོ་། །འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན། ཤིང་རྩ་བ་ནས་བཅད་ན་ཡལ་ག་དང་ལོ་མ་དང་ཡལ་ག་ཕྲ་མོ་ཐམས་ཅད་བསྐམ་པར་འགྱུར་རོ། །ཞི་བའི་བློ་གྲོས་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ། །ཞེས་གསུང་པའི་ཕྱིར། མ་རིག་པ་འཁོར་པའི་རྩ་བར་བཤད་པ་དང་འཇིག་ལྟ་འཁོར་བའི་རྩ་བར་བཤད་པ་ཡང་མི་འགལ་ཏེ། འཁོར་བའི་རྩ་བ་ལ་འཛིན་སྟངས་མི་མཐུན་པ་གཉིས་མེད་ཀྱང་འཛིན་སྟངས་མཐུན་པ་གཉིས་འཇོག་པ་མི་འགལ་པའི་ཕྱིར་ཏེ། ཆོས་དང་གང་ཟག་རང་ངོས་ནས་གྲུབ་པར་འཛིན་པའི་མ་རིག་པ་དང་། སྔར་བཤད་པའི་འཇིག་ལྟ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྣམ་པ་ཅན་དུ་མཚུངས་པའི་ཕྱིར། འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དང་འཇིག་ལྟ་ཀུན་བཏགས་མེད་དེ། དེ་ལ་དེ་ལྷན་སྐྱེས་ཀྱིས་ཁྱབ་པའི་ཕྱིར། གྲུབ་མཐའ་འོག་མ་པས་འདོད་པའི་འཇིག་ལྟ་རགས་པ་དེ་འཁོར་བའི་རྩ་བ་མ་ཡིན་པར་གསལ་ཏེ། དེ་ཡིན་ན། འཁོར་པའི་རྩ་བ་ལ་འཛིན་སྟངས་མི་མཐུན་པ་གཉིས་ཡོད་པར་ཐལ་བ་བཟློག་ཏུ་མེད་པའི་ཕྱིར། ལས་འབྲས་ལ་རྨོངས་པའི་མ་རིག་པ་དེ་ཡང་འཁོར་བའི་རྩ་བ་མ་ཡིན་ཏེ། དེ་བདག་མེད་རྟོགས་པའི་བློ་དང་འཛིན་སྟངས་དངོས་སུ་མི་འགལ་བའི་ཕྱིར། ངའོ་སྙམ་པའི་བློ་ཡིན་པ་ཙམ་ཀྱིས་ངར་འཛིན་དུ་མི་འགྱུར་ཏེ། སངས་རྒྱས་འཕགས་པའི་རྒྱུད་ལ་ངའོ་སྙམ་པའི་བློ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་ངའི་ཉན་ཐོས། ངའི་ཆོས་གོས་སོ་སྙམ་པའི་བློ་ཡོད་པའི་ཕྱིར་དང་དེ་ང་ཡིན་པའི་ཕྱིར་རོ། ། གཉིས་པ་ལ་གཉིས། བདག་རང་བཞིན་གྱིས་གྲུབ་པ་དགག་པ། བདག་གི་བ་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ་དྲུག །གཞན་སྡེས་བཏགས་པའི་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་དགག་པ། རང་སྡེས་བཏགས་པའི་ཕུང་པོ་ཉིད་བདག་ཏུ་འདོད་པ་དགག་པ། དེ་གཉིས་གྱི་ལྷག་མའི་ཕྱོགས་རྟེན་བརྟེན་པ་སོགས་གསུམ་དགག་པ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་གང་ཟག་རྫས་ཡོད་དགག་པ། བདག་དེ་བརྟེན་ནས་བཏགས་པ་ཙམ་དུ་བཞག་པའི་དཔེ་དང་བཅས་པ། དེ་ལྟར་བཞག་པ་ལ་མཐར་འཛིན་གྱི་རྟོག་པ་སྤོང་སླ་བའི་ཡོན་ཏན་ནོ། །དང་པོ་ལ་གཉིས། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ།་་་་།དང་པོ་ལ་གཉིས། གྲངས་ཅན་པའི་ལུགས་བརྗོད་པ་དང་། བྱེ་བྲག་པའི་ལུགས་བརྗོད་པའོ། །དང་པོ་ལ་གཉིས་ཚིག་དོན་དང་། སྤྱི་དོན་ནོ། །དང་པོ་ནི། མུ་སྟེགས་བྱེད་རྣམས་ཀྱིས་བདག་དེ་ཇི་ལྟར་འདོད་པའི་ཚུལ་ཡོད་དེ། རྟག་པའི་དངོས་པོ་དང་། ཆ་མེད་གཅིག་པུ་དང་། ཕུང་པོ་ལ་དབང་བསྒྱུར་པ་པོའི་ཁྱད་ཆོས་གསུམ་ལྡན་དུ་འདོད་པར་མཚུངས་ཤིང་། ཁྱད་པར་དུ་མུ་སྟེགས་གྲངས་ཅན་པ་རྣམས་ཀྱིས་བདག་དེ་བདེ་སྡུག་ལོངས་སྤྱོད་པའི་ཟ་བ་པོ་དང་། རྟག་པའི་དངོས་པོ་ཡིན་པ་དང་། རྣམ་འགྱུར་གྱི་བྱེད་པ་པོ་མ་ཡིན་པ་དང་། རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་མེད་པ་དང་། ཁྱབ་པ་བྱེད་པ་པོ་ཡིན་ཞིང་བྱ་བ་མེད་པར་བཏགས་པའི་ཕྱིར། གཉིས་པ་ནི། གྲངས་ཅན་གྱིས་ཤེས་བྱ་ལ་ཉི་ཤུ་རྩ་ལྔའི་གྲངས་ངེས་འདོད་པ་ཡིན་ཏེ། སྤྱི་གཙོ་བོའམ་རང་བཞིན། བློ་འམ་ཆེན་པོ། ང་རྒྱལ། གཟུགས་སོགས་དེ་ཙམ་ལྔ། མིག་སོགས་དབང་པོ་བཅུ་གཅིག །ས་སོགས་འབྱུང་བ་ལྔ། བདག་ཤེས་རིག་གི་སྐྱེས་བུ་དང་ཉེར་ལྔར་འདོད་པའི་ཕྱིར་དེ་རྣམས་ཀྱི་ནང་ནས་སྤྱི་གཙོ་བོར་རང་བཞིན་ཁོ་ན་ཡིན་ཞིང་རྣམ་འགྱུར་མ་ཡིན་ལ། ཆེན་པོ་སོགས་བདུན་པོ་དེ་རང་བཞིན་དང་རྣམ་འགྱུར་གཉིས་ཀ་དང་། བདག་ཤེས་རིག་གི་སྐྱེས་བུ་ནི་དེ་གཉིས་ཀ་མ་ཡིན་པ་དང་། ལྷག་མ་མིག་སོགས་བཅུ་དྲུག་པོ་ནི་རྣམ་འགྱུར་ཁོ་ན་ཡིན་ཏེ། གྲངས་ཅན་གྱི་གཞུང་ལས། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཞེས་སོགས་གོང་དུ་དྲངས་པ་ལྟར་ཡིན་པའི་ཕྱིར། དེ་དག་གི་ཁྱད་པར་ནི་བརྗོད་པར་བྱ་དགོས་ནའང་འདིར་རྒྱས་པར་མ་བརྗོད་དེ། མང་དུ་དོགས་པས་རྣམ་བཤད་སོགས་ལས་ཤེས་པར་བྱ་དགོས་པའི་ཕྱིར་རོ། ། གཉིས་པ་ནི། གྲངས་ཅན་གྱིས་བདག་ཇི་ལྟར་ཁས་བླངས་པ་བཞིན་དུ་བདག་དེའི་དབྱེ་བ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ནི་ཐ་དད་པར་འགྱུར་ཏེ། བྱེ་བྲག་པས་བདག་དེ་བློ་དང་བདེ་བ་དང་སྡུག་བསྔལ་དང་འདོད་པ་དང་སྡང་བ་དང་འབད་པ་དང་ཆོས་དང་ཆོས་མིན་དང་བྱ་བའི་ཤུགས་ཏེ་ཡོན་ཏན་དགུ་ལྡན་ཟ་བ་པོ་ཡིན་པ། རྟག་དངོས་ཡིན་པ་བྱེད་པ་པོ་ཡིན་པ་ཡོན་ཏན་དང་ལྡན་ཡང་། ཁྱབ་པའི་བྱ་བ་མེད་པར་སྨྲ་ལ། རིག་བྱེད་པས་ལུས་རྟེན་ཐ་དད་པའི་དབང་གིས་བདག་གཅིག་ཉིད་སྣ་ཚོགས་སུ་སྣང་བར་འདོད་པ་སོགས་ཡོད་པའི་ཕྱིར། གཉིས་པ་དེ་དགག་པ་ནི། མུ་སྟེགས་བྱེད་དེ་དག་གིས་ཇི་ལྟར་བཏགས་པ་དེ་ལྟར་གྱུར་པའི་བདག་དེ་ནི་ཆོས་ཅན། དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་པར་ཐལ། སྐྱེ་བ་དང་བྲལ་པའི་ཕྱིར། དཔེར་ན། མོ་གཤམ་གྱི་བུ་ལྟར་རོ། །དེ་ལྟ་བུའི་བདག་འདི་ནི་ཆོས་ཅན། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་རྣམ་གཉིས་ཀྱི་ནང་ནས་དམིགས་པའི་རྟེན་དུའང་མི་རིགས་པར་ཐལ། མ་སྐྱེས་པའི་ཕྱིར་རོ། །འདི་ནི་ཆོས་ཅན། ཀུན་རྫོབ་ཏུ་ཡང་ཡོད་པར་མི་འདོད་དེ་འདོད་པ་མ་ཡིན་པར་ཐལ། ཐ་སྙད་དུ་ཚད་མས་མ་གྲུབ་པའི་ཕྱིར། མོ་གཤམ་གྱི་བུ་བཞིན་ནོ། །དེ་ལྟར་འདོད་པའི་བདག་དེའི་ཁྱད་པར་ཀུན་ཀྱང་ཡོད་པ་མ་ཡིན་པར་ཐལ། གང་གི་ཕྱིར་ན་གྲངས་ཅན་གྱི་བསྟན་བཅོས་དང་། བྱེ་བྲག་པ་སོགས་ཀྱི་བསྟན་བཅོས་ལས་བདག་དེའི་ཁྱད་པར་མུ་སྟེགས་རྣམས་ཀྱིས་གང་བསྟན་པ་དེ་ཀུན་ལ་མུ་སྟེགས་རང་ལ་གྲགས་པའི་མ་སྐྱེས་པའི་གཏན་ཚིགས་ཀྱིས་གནོད་པ་དེ་ཕྱིར། རྒྱུ་མཚན་དེའི་ཕྱིར་ན། རང་གི་ཕུང་པོ་ལས་ངོ་བོ་གཞན་པའི་བདག་མེད་དེ། རང་གི་ཕུང་པོ་བཟུང་བ་མ་གཏོགས་པར་བདག་དེ་ཡན་གར་དུ་འཛིན་པ་མ་གྲུབ་པའི་ཕྱིར། མ་གྲུབ་ན། བུམ་པ་ལས་ལོགས་སུ་ཀ་བ་བཟུང་དུ་ཡོད་པ་ལྟར། ཕུང་པོ་ལས་དོན་གཞན་དུ་བདག་དེ་བཟུང་དུ་ཡོད་པར་ཐལ་ལོ། །འདོད་པར་མི་ནུས་ཏེ། དེ་མ་མཐོང་པའི་ཕྱིར་རོ། །དེ་ལྟར་རྩ་ཤེ་ལས། བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ནི་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །ཞེས་གསུངས་པའི་ཕྱིར། ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་དེ་ཆོས་ཅན། འཇིག་རྟེན་གྱི་ངར་འཛིན་ལྷན་སྐྱེས་ཀྱི་བློ་ཡི་དམིགས་རྟེན་དུ་ཡང་མི་འདོད་དེ། དེ་ལྟ་བུའི་བདག་དེ་རིགས་པ་མ་ཡིན་པ་ཉིད་ཡིན་ནའང་མངོན་ཞེན་གྱི་ཁྱད་པར་ལས་བདག་ཏུ་ལྟ་བའི་ཕྱིར། རང་གི་ཕུང་པོ་ལས་ངོ་བོ་གཞན་པའི་བདག་འགའ་ཡང་མེད་པར་ཐལ། སེམས་ཅན་གང་དག་དུད་འགྲོར་བསྐལ་བ་མང་པོར་ཚེ་བསྐྱལ་བར་གྱུར་པ་དེས་ཀྱང་མུ་སྟེགས་ཀྱིས་བཏགས་པ་ལྟར་གྱི་མ་སྐྱེས་པའི་བདག་རྟག་པ་འདི་མ་མཐོང་ལ། ངར་འཛིན་དེ་དག་ལ་ཡང་འཇུག་པར་མཐོང་བ་དེས་ནའི་ཕྱིར། དེར་ཐལ། དེ་དག་གིས་མུ་སྟེགས་བྱེད་ཀྱིས་བཏགས་པ་ལྟར་གྱི་བདག་མི་འཛིན་ཡང་བདག་འཛིན་པ་ཡོད་པའི་ཕྱིར་རོ། ། གཉིས་པ་ལ་ལྔ། ཕུང་པོ་བདག་ཏུ་འདོད་པ་ལ་གནོད་བྱེད་བསྟན་པ། དེ་ལྟར་འདོད་མི་རིགས་པའི་སྒྲུབ་བྱེད་བསྟན་པ། ཕུང་པོ་བདག་ཏུ་འདོད་པ་ལ་གནོད་བྱེད་གཞན་བསྟན་པ། ཕུང་པོ་བདག་ཏུ་གསུངས་པ་སོགས་ཀྱི་དགོངས་པ་བཤད་པ། གཞན་གྱི་ལུགས་འབྲེལ་མེད་དུ་བསྟན་པའོ། དང་པོ་ལ་གཉིས། དངོས་དང་། སྐྱོན་སྤོང་དགག་པའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རང་གི་སྡེ་བ་དག་ན་རེ། བདག་ལྟ་འཇིག་ལྟའི་དམིགས་རྣམ་གཉིས་ཀྱི་ནང་གི་དམིགས་པ་ནི་ཕུང་པོ་ཁོ་ན་ཡིན་ཏེ། ཕུང་པོ་ལས་ངོ་བོ་གཞན་པའི་བདག་གྲུབ་པ་མེད་པའི་ཕྱིར་ཟེར། འདི་ནི་ནང་སྡེ་གནས་མ་བུ་བ་སོགས་འགའ་ཞིག་འདོད་ལ། མང་པོས་བཀུར་བ་ཁ་ཅིག་བདག་ལྟའི་དམིགས་རྟེན་དུ་རང་གི་ཕུང་པོ་ནི་ལྔ་ཆར་ཡང་འདོད་པ་ཡོད་དེ། མདོ་ལས། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་འབྱུང་བའི་ཕྱིར། མང་བཀུར་བ་ཁ་ཅིག་སེམས་གཅིག་པུ་བདག་ཏུ་འདོད་དེ། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་འབྱུང་བའི་ཕྱིར་རོ། །ལེགས་ལྡན་འབྱེད་ལ་སོགས་པའི་རང་རྒྱུད་པའི་སློབ་དཔོན་ཕལ་ཆེར་ནི་ཡིད་ཀྱི་རྣམ་ཤེས་བདག་ཏུ་འདོད་པ་ཡིན་ཏེ། རྟོག་གེ་འབར་བ་ལས། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཀུན་གཞིའི་རྣམ་ཤེས་ཁས་མི་ལེན་པའི་སེམས་ཙམ་པས་དེ་བདག་ཏུ་འདོད་དོ། ། གཉིས་པ་ལ་གཉིས། ཚིག་དོན་དང་། སྤྱི་དོན་ནོ། །དང་པོ་ནི། གལ་ཏེ་རང་གི་ཕུང་པོ་བདག་ཏུ་འདོད་པའི་ཕྱོགས་ལྟར་ན། གང་ཟག་གཅིག་ལ་དུས་གཅིག་ཏུ་བདག་དེ་དག་ཀྱང་མང་པོ་ཡོད་པར་འགྱུར་བར་ཐལ། ཕུང་པོ་དེ་མང་བའི་ཕྱིར་ཏེ། ཕུང་པོ་ལྔ་ཡོད་པ་དེའི་ཕྱིར། འདོད་ན། གང་ཟག་གཅིག་ལ་རྒྱུད་ཐ་དད་པ་དུ་མ་ཡོད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། བདག་ནི་རྫས་སུ་ཡོད་པར་འགྱུར་བར་ཐལ། ཕུང་པོ་རེ་རེ་ནས་རྫས་ཡོད་ཡིན་པ་གང་ཞིག བདག་ཕུང་རྣམས་རང་བཞིན་གྱིས་གཅིག་ཡིན་པའི་ཕྱིར། འདོད་ན། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང་། ཕུང་པོ་དེར་ལྟ་བའི་འཇིག་ལྟ་ཆོས་ཅན། ཁྱོད་ཤེས་པ་ཕྱིན་ཅི་ལོག་ཏུ་མི་འགྱུར་བར་ཐལ། ཁྱོད་སྔོ་སེར་འཛིན་པའི་ཤེས་པ་ལྟར་རྫས་སུ་གྲུབ་པའི་ཡུལ་ལ་འཇུག་པའི་བློ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལོག་ཤེས་ཡིན་པའི་ཕྱིར། ཁྱོད་ལྟར་ན་ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་ངེས་པར་བདག་རྒྱུན་ཆད་པར་འགྱུར་བར་ཐལ། དེའི་ཚེ་ཉེར་ལེན་གྱི་ཕུང་པོ་ལྔ་པོ་ཆད་པའི་ཕྱིར། ཁྱབ་སྟེ། བདག་ཕུང་གཅིག་ཡིན་པའི་ཕྱིར། རྟགས་ཁས། ལྷག་མེད་མྱ་ངན་ལས་འདས་པར་ཞུགས་པའི་སྔོན་གྱི་སྐད་ཅིག་དག་ལ་ནི་ཕུང་པོ་སྐད་ཅིག་རེ་རེ་ནས་སྐྱེ་འཇིག་བྱེད་པ་ལྟར་བདག་ཀྱང་སྐྱེ་འཇིག་བྱེད་པར་ཐལ། ཕུང་པོ་དེ་ལྟར་བྱེད་པ་གང་ཞིག །དེ་གཉིས་ངོ་བོ་ཉིད་ཀྱིས་གཅིག་ཡིན་པའི་ཕྱིར། འདོད་ན། ངའི་ལུས་འདི་སྔོན་བྱུང་ངོ་ཞེས་མི་འཛིན་པ་ལྟར་ད་ཡང་དེའི་ཚེ་འདིར་སྐྱེས་སོ་ཞེས་འཛིན་པ་མེད་པར་ཐལ། དེའི་དུས་ཀྱི་བདག་དེ་ལུས་ལྟར་ཞིག་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། ཁྱབ་སྟེ། རྩ་ཤེ་ལས། ཉེ་བར་ལེན་པ་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་དང་། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་གསུངས་པའི་ཕྱིར། དེའི་ཚེ་ལས་བྱེད་པ་པོ་མེད་པས་དེའི་འབྲས་བུ་མྱོང་བ་པོ་ཡང་མེད་པར་ཐལ། ལས་བྱས་པའི་རྗེས་སུ་དེ་བྱེད་པ་པོ་རྒྱུན་ཆད་ནས་མེད་པའི་ཕྱིར་རྟགས་ཁས། གལ་ཏེ་སྐད་ཅིག་མ་སྔ་མས་བྱས་པའི་འབྲས་བུ་རང་བཞིན་གྱིས་གྲུབ་པའི་སྐད་ཅིག་ཕྱི་མས་མྱོང་ངོ་ཞེ་ན། གང་ཟག་གཞན་གྱིས་བསགས་པའི་ལས་འབྲས་བུ་ལ། རྒྱུད་གཞན་གྱིས་ཟ་བར་འགྱུར་བར་ཐལ། ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་གྱིས་བསགས་པའི་ལས་ཀྱི་འབྲས་བུ་ལ་གཞན་གྱིས་ལོངས་སྤྱོད་པའི་ཕྱིར། འདོད་ན། ལས་མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུ་ཟོས་པར་ཡོད་པ་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྩ་ཤེས་ལས། གལ་ཏེ་འདི་ནི་གཞན་འགྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དུ་ནི་གནས་འགྱུར་ཞིང་། །དེར་མ་ཤི་བར་སྐྱེ་བར་འགྱུར། །ཆད་དང་ལས་རྣམས་ཆུད་ཟ་དང་། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། སྤྱིར་གང་ཟག་གཅིག་གི་རྒྱུད་ལ་བདག་དུ་མ་ཡོད་པ་ལ་སྐྱོན་དུ་མི་འགྱུར་ཏེ། ཚེ་སྔ་ཕྱིའི་བདག་དང་སྔ་དྲོ་ཕྱི་དྲོའི་བདག་སོགས་ཡོད་པ་ཐ་སྙད་དུ་གྲུབ་པའི་ཕྱིར། འོ་ན། གོང་དུ་བདག་དུ་མར་ཐལ་བའི་གནོད་བྱེད་བསྟན་པ་ཇི་ལྟར་ཡིན་སྙམ་ན། རང་རྒྱུད་ཀྱི་ཕུང་པོ་ལྔ་རེ་རེ་ནས་བདག་ཡིན་པར་འདོད་པ་རྣམས་ཀྱིས་དེ་དག་རང་བཞིན་གྱིས་གྲུབ་པར་འདོད་པའི་དབང་གིས་ཡིན་ཏེ། ཕུང་པོ་ལྔ་རང་བཞིན་གྱིས་གྲུབ་པའི་བདག་ཡིན་ན། གང་ཟག་གཅིག་གི་རྒྱུད་ལ་ལྟོས་མེད་ཀྱི་བདག་དུ་མར་ཡོད་དགོས་ལ། དེ་ཡོང་ན་དེ་སྐྱེ་བ་ལེན་པའི་ཚེ། ཡང་བདག་དུ་མ་ཅིག་ཅར་སྐྱེ་བ་ལེན་པའམ། ཡང་ན་ཕུང་པོ་ལྔ་སྐྱེ་བ་མི་ལེན་པ་བཞིན་དུ་བདག་ཀྱང་སྐྱེ་བ་མི་ལེན་པ་སོགས་ཀྱི་སྐྱོན་འབྱུང་བ་ལ་དགོངས་པའི་ཕྱིར། རང་ལུགས་ལ་གང་ཟག་གཅིག་གི་རྒྱུད་ལ་སྔ་དྲོ་ཕྱི་དྲོ་སོགས་ཀྱི་བདག་དུ་མ་ཡོད་ཀྱང་སྔར་བཤད་པའི་གནོད་བྱེད་རྣམས་མི་འཇུག་པའི་རྒྱུ་མཚན་ཡོད་དེ། གཞན་གྱིས་བདག་རྫས་ཡོད་འདོད་པས་སྐྱོན་དེ་ལྟར་འགྱུར་ལ། འདིར་བདག་དེ་འོག་ནས་འཆད་པ་ལྟར་བཏགས་ཡོད་དུ་ཁས་ལེན་པས་སྐྱོན་དུ་མི་འགྱུར་བའི་ཕྱིར། དེར་ཐལ། རྫས་ཡོད་ཡིན་ན་བདེན་གྲུབ་ཏུ་སོང་ཞིང་། བཏགས་ཡོད་བརྫུན་པའི་སྡོད་ཚུལ་ལ་སྔར་འཕངས་པའི་སྐྱོན་རྣམས་མི་འཇུག་པའི་ཕྱིར། གཉིས་པ་ནི། གལ་ཏེ་སྐད་ཅིག་སྔ་ཕྱི་རྣམས་ངོ་བོ་ཉིད་ཀྱིས་གཞན་ཡིན་ཀྱང་རྒྱུད་གཅིག་ཡིན་པས་སྐྱོན་མེད་དོ་ཅེ་ན། དེ་ཡང་མི་འཐད་པར་ཐལ། དེ་ཁོ་ན་ཉིད་དུ་དེ་དག་རྒྱུད་གཅིག་པར་ཡོད་ན་མི་འཐད་པའི་ཚུལ་སྔར་བྱམས་པ་ཉེར་སྦས་ཞེས་སོགས་ཀྱི་སྐབས་དེར་རྣམ་པར་དཔྱད་པའི་ཚེ་དེ་ལྟར་རྒྱུད་གཅིག་ཡིན་པ་ལ་ཉེས་པ་བཤད་ཟིན་པའི་ཕྱིར། རང་བཞིན་གྱིས་གྲུབ་པ་ལ་རྒྱུད་གཅིག་པ་ཡང་མི་འཐད་པར་ཐལ། རྩ་ཤེ་ལས། གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། རང་བཞིན་གྱིས་གྲུབ་པའི་རྒྱུད་གཅིག་པར་འདོད་ན་ཡང་ལས་མ་བྱས་པ་དང་ཕྲད་པ་སོགས་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །རང་གི་ཕུང་པོ་དང་སེམས་བདག་ཏུ་མི་རིགས་པར་ཐལ། རྒྱུ་མཚན་སྔར་བཤད་པ་དེའི་ཕྱིར། གཉིས་པ་ནི། ཕུང་པོ་ལྔ་རེ་རེ་བ་བདག་མ་ཡིན་པར་ཐལ། ཕུང་པོ་བདག་ཡིན་ན། བདག་དང་འཇིག་རྟེན་མཐའ་དང་ལྡན་པ་དང་། མི་ལྡན་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་སོགས་གང་རུང་ཞིག་ཡིན་དགོས་པ་གང་ཞིག །བདག་དང་འཇིག་རྟེན་མཐའ་དང་ལྡན་པ་ལ་སོགས་པ་ལུང་མ་བསྟན་ཀྱི་ལྟ་ངན་བཅུ་བཞིས་བཟུང་བ་ལྟར་མེད་པའི་ཕྱིར་རོ། ། གསུམ་པ་ནི། ཁྱོད་ཀྱི་ལྟར་ན་རྣལ་འབྱོར་བ་བདག་མེད་མངོན་སུམ་དུ་མཐོང་བ་ལ་དུས་དེའི་ཚེ་ངེས་པར་ཕུང་པོའི་དངོས་པོ་རྣམས་མེད་པར་མཐོང་པའི་ཚུལ་གྱིས་བདག་གཏན་ནས་མེད་པར་མཐོང་བར་འགྱུར་བར་ཐལ། ངའི་ཕུང་པོ་དང་སེམས་བདག་ཡིན་པར་འདོད་པའི་ཕྱིར། ཁྱབ་སྟེ། ཁྱོད་ཀྱིས་ངའི་ཕུང་པོ་དང་སེམས་རང་ངོས་ནས་གྲུབ་པའི་བདག་ཏུ་ཁས་བླངས་པའི་ཕྱིར། ཁོ་ན་རེ། ཁྱོད་ཀྱི་ལུགས་ལའང་རྐྱེན་དེར་འགྱུར་རོ་ཞེ་ན། མི་མཚུངས་ཏེ་ཁྱོད་ཀྱིས་བདག་དེ་བཏགས་དོན་བཙལ་པའི་ཚེ་རྙེད་པར་ཁས་བླངས། ཁོ་བོ་ཅག་གིས་བཏགས་ཡོད་མིང་རྐྱང་ཙམ་ཀྱིས་འཇོག་ནུས་པར་འདོད་པའི་ཕྱིར། གལ་ཏེ། དེའི་ཚེ་རྟག་གཅིག་རང་དབང་ཅན་གྱི་བདག་སྤོང་བ་སྟེ་མེད་པར་རྟོགས་པས་སྐྱོན་མེད་དོ་ཅེ་ན། འོ་ན་ཁྱོད་ཀྱི་འདོད་པ་ལྟར་སེམས་སམ་ཕུང་པོ་ཡང་རང་བཞིན་གྱིས་གྲུབ་པའི་ངའམ་བདག་ཏུ་མི་འགྱུར་བར་ཐལ། ཁྱོད་ལྟར་ན་རྣལ་འབྱོར་པས་བདག་མེད་མངོན་སུམ་དུ་མཐོང་བ་དེའི་ཚེ་རང་དབང་བའི་བདག་མེད་པ་ཉིད་དུ་རྟོགས་པ་དེའི་ཕྱིར་རོ། །གཞན་ཡང་། ཁྱོད་ཀྱི་ལྟར་ན། རྣལ་འབྱོར་པས་བདག་མེད་མངོན་སུམ་དུ་མཐོང་བ་ཡིས་ཆོས་ཅན། ཁྱོད་ཀྱིས་གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་བར་ཐལ། དེའི་ཚེ་རྟག་གཅིག་རང་དབང་ཅན་གྱི་བདག་མེད་ཙམ་མངོན་སུམ་དུ་མཐོང་བ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བདག་མེད་རྟོགས་པ་མཐར་ཕྱིན་པའི་རྣལ་འབྱོར་བ་ཆོས་ཅན། ད་དུང་ཡང་གཟུགས་སོགས་ལ་དམིགས་ནས་འདོད་ཆགས་སོགས་སྐྱེ་བར་འགྱུར་བར་ཐལ། གཟུགས་ལ་བདེན་པར་དམིགས་ནས་འཇུག་པའི་ཕྱིར་ཏེ། གཟུགས་དེའི་ཡིན་ལུགས་ཀྱི་ངོ་བོ་རྟོགས་པ་མེད་པའི་ཕྱིར། བཞི་པ་ལ་ལྔ། བདག་ཏུ་ལྟ་བ་ཐམས་ཅད་ཕུང་པོ་ཁོ་ན་ལ་ལྟ་བས་གསུངས་པའི་དོན་བཤད་པ། མདོ་གཞན་ལ་བརྟེན་ནས་ཕུང་པོའི་ཚོགས་ཙམ་བདག་མ་ཡིན་པར་བཤད་པ། ཕུང་པོའི་ཚོགས་པ་ཙམ་གྱི་དབྱིབས་ཀྱི་བཀོད་པ་བདག་ཡིན་པ་དགག་པ། ཕུང་པོའི་ཚོགས་ཙམ་བདག་ཏུ་འདོད་པ་ལ་གནོད་བྱེད་གཞན་བསྟན་པ། ཐུབ་པས་བདག་དེ་ཁམས་དྲུག་ལ་སོགས་པ་ལ་བརྟེན་ནས་བཏགས་པར་གསུངས་པའོ། །དང་པོ་ལ་གསུམ། ལུང་གི་དགོངས་པ་དགག་བྱ་གཅོད་པའི་དགག་ཕྱོགས་ནས་ཡིན་པར་བསྟན་པ། སྒྲུབ་ཕྱོགས་ནས་ཡིན་དུ་ཆུག་ཀྱང་ཕུང་པོ་བདག་ཏུ་སྟོན་པ་མ་ཡིན་པ། དེ་དག་ལ་གཞན་གྱི་རྩོད་པ་སྤོང་པའོ། །དང་པོ་ནི། ཁོ་ན་རེ། རང་གི་ཕུང་པོ་བདག་ཏུ་འདོད་དགོས་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་སྟོན་པས་རང་རྒྱུད་ཀྱི་ཕུང་པོ་བདག་ཞེས་གསུངས་པ་དེའི་ཕྱིར་ཏེ། མདོ་ལས། དགེ་སློང་དག་དགེ་སྦྱོང་ངམ། ཞེས་པ་ནས། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ། །ཞེས་པའི་བར་གྱིས་ཕུང་པོ་བདག་ཏུ་གསུངས་པའི་ཕྱིར་ཞེ་ན། དེ་མི་འཐད་བར་ཐལ་མདོ་དེ་ནི་ཕུང་པོ་ལས་དོན་གཞན་པའི་བདག་འགོག་པའི་ཆེད་དུ་གསུངས་པའི་ཕྱིར་ཏེ། རང་གི་གཟུགས་ཀྱི་ཕུང་པོ་བདག་མ་ཡིན་ནོ། །ཞེས་སོགས་མདོ་གཞན་ལས་གསུངས་པའི་ཕྱིར་རོ། །དགེ་སྦྱོག་ངམ་ཞེས་སོགས་ཀྱི་མདོར་བསྟན་པ་འདིས་ཕུང་པོ་བདག་ཅེས་བཞེད་པ་མ་ཡིན་པ་ཐལ། གང་གི་ཕྱིར་ཞེ་ན། གཟུགས་དང་ཚོར་བ་བདག་མ་ཡིན་པ་དང་། འདུ་ཤེས་ཀྱང་བདག་མ་ཡིན་པ་དང་། འདུ་བྱེད་རྣམས་ཀྱང་བདག་མ་ཡིན་ཞིང་རྣམ་ཤེས་ཀྱང་བདག་མ་ཡིན་པར་མདོ་གཞན་ལས་གསུངས་པ་དེ་ཡི་ཕྱིར། ཁྱབ་སྟེ། མདོ་སྔ་མའི་དོན་ཁྱོད་ལྟར་འདོད་ན་རིགས་པས་གནོད་ཅིང་ཕྱི་མའི་དོན་ལ་གནོད་པ་མེད་པའི་ཕྱིར། རྒྱུ་མཚན་དེས་ན། ཕུང་པོ་ཁོ་ན་ལྟའོ་ཞེས་པའི་མདོ་འདིས་ཀྱང་། ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་དེ་ཉིད་འཇིག་ལྟའི་དམིགས་པར་སྟོན་པར་གསལ་ཏེ། ཕུང་པོ་ལྔ་ནི་བདག་མ་ཡིན་ལ། ཕུང་པོ་ལས་དོན་གཞན་པའི་བདག་ཀྱང་ཁེགས་པ་ཕྱིར་རོ། །ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་གྱི་བདག་དང་བདག་མེད་འཛིན་ཚུལ་འདི་ཤེས་དགོས་པ་ནི་གནད་དུ་ཆེ་སྟེ། འདིའི་ཐད་ཀྱི་རྣམ་བཤད་ལས། མདོ་སྡེ་ཕན་ཚུན་གྱི་གུང་ལེགས་པར་བསྒྲིགས་ནས་ཕུང་པོ་ལས་ངོ་བོ་ཐ་དད་པ་དང་། ཕུང་པོ་རྣམས་བདག་འཛིན་གྱི་དམིགས་པ་ཡིན་པ་བཀག་ནས་བདག་ཕུང་པོ་ལ་བརྟེན་ནས་བཏགས་པའི་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་གྱི་གང་ཟག་གི་བདག་མེད་ཀྱི་འཇོག་ཚུལ་ཐུན་མོང་མ་ཡིན་པ། ཞེས་པ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤིན་ཏུ་ཕྲ་བའི་གནས་རྣམས་རྗེན་ཅར་དུ་སྟོན་པའི་མཁས་པའི་དབང་པོའི་བཞེད་པ་ཐུན་མོང་མ་ཡིན་པ་འདི་རྣམས་ལེགས་པར་ཤེས་པ་ལ་འབད་པར་གྱིས་ཤིག་ཅེས་གསུངས་པའི་ཕྱིར། གཉིས་པ་ནི། གལ་ཏེ། ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ལྟའོ་ཞེས་པའི་མདོ་འདིས་ཕུང་པོ་བདག་ཏུ་སྟོན་པ་ཡིན་དུ་ཆུག་ཀྱང་། ཕུང་པོ་རེ་རེ་ནས་བདག་ཏུ་སྟོན་པ་མ་ཡིན་པར་ཐལ། མདོ་འདིར་ཕུང་པོ་བདག་གོ་ཞེས་བརྗོད་པའི་ཚེ་ཕུང་པོ་རྣམས་ཀྱི་ཚོགས་པ་བདག་ཏུ་བརྗོད་པ་ཡིན་གྱི། ཕུང་པོའི་ངོ་བོ་རེ་རེ་ནས་བདག་ཏུ་སྟོན་པ་མ་ཡིན་པའི་ཕྱིར། དཔེར་ན། ཤིང་རྣམས་ནགས་ཚལ་ལོ་ཞེས་བརྗོད་པའི་ཚེ་དེའི་ཚོགས་པ་ནགས་ཚལ་དུ་སྟོན་གྱི། ཤིང་རེ་རེ་བ་ནགས་སུ་མི་བརྗོད་པ་བཞིན་ནོ། །ཞེས་པ་ནི་གཞན་ལ་གྲུབ་པའི་དཔེའོ། །གལ་ཏེ། ཕུང་པོའི་ཚོགས་ཙམ་བདག་ཡིན་ནོ་ཞེ་ན། ཕུང་པོའི་ཚོགས་པ་བདག་དེ་མ་ཡིན་པར་ཐལ། བདག་ནི་མགོན་དང་དཔང་པོ་ཡིན་པར་གསུངས་ལ། ཁྱེད་ལྟར་ན་ཚོགས་པ་བརྒྱད་པ་དེ་མགོན་མིན་ཞིང་། འདུལ་བའམ་དབང་པོ་ཉིད་ཀྱང་མ་ཡིན་པའི་ཕྱིར་ཏེ། ཚོགས་པ་དེ་རྫས་སུ་མེད་པའི་ཕྱིར། བདག་དེ་མགོན་ལ་སོགས་བར་གསུངས་པ་ཡིན་ཏེ་། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་ཏེ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །ལེགས་དང་ངན་པ་བྱས་པ་ལ། །བདག་ཉིད་བདག་གི་དཔང་པོ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། གཞན་ཡང་ཕུང་པོའི་ཚོགས་པ་བདག་ཏུ་འདོད་མི་རིགས་པར་ཐལ། དེ་ལྟར་འདོད་པ་དེའི་ཚེ་ཤིང་རྟ་དེ་ཡི་ཡན་ལག་གི་ཚོགས་པ་ཕྱོགས་གཅིག་ཏུ་གནས་པ་རྣམས་ཤིང་རྟ་ཉིད་དུ་འགྱུར་བར་ཐལ་བའི་ཕྱིར། འགྱུར་ཏེ། ཤིང་རྟ་དང་བདག་གཉིས་རང་གི་ཡན་ལག་ཚོགས་པ་ལ་འཇོག་མི་འཇོག་མཚུངས་པའི་ཕྱིར། དེར་ཐལ། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། ཕུང་པོ་འདུས་ཙམ་སྟེ་ཚོགས་པ་ཙམ་བདག་མ་ཡིན་པར་ཐལ། སྔར་བཤད་པའི་མདོ་ལས་ཕུང་པོའི་ཚོགས་པ་ལ་བརྟེན་ནས་བདག་ཏུ་འདོགས་པ་ཡིན་པར་གསུངས་པ་དེའི་ཕྱིར་རོ། །གལ་ཏེ། བུམ་པ་ལ་སོགས་པས་མ་ངེས་པ་ཉིད་དེ་ཞེ་ན། སྐྱོན་མེད་པར་ཐལ། བུམ་སོགས་ཀྱང་རང་གི་ཡན་ལག་ཚོགས་པ་ཙམ་དུ་མི་འཇོག་པར་ཚོགས་པ་ལ་བརྟེན་ནས་བཏགས་པ་ཙམ་དུ་འཇོག་པར་མཚུངས་པའི་ཕྱིར། གསུམ་པ་ནི། རང་རྒྱུད་ཀྱི་ཕུང་པོའི་དབྱིབས་ཀྱི་བཀོད་པ་ཙམ་བདག་ཡིན་ནོ་ཞེ་ན། དེ་མི་འཐད་པར་ཐལ། དབྱིབས་དེ་ནི་གཟུགས་ཅན་ལ་ཡོད་པའི་ཕྱིར། ཁྱབ་སྟེ། ཁྱོད་ཀྱི་ལུགས་ལ་གཟུགས་ཅན་དེ་དག་ཉིད་ཁོ་ན་བདག་ཅེས་བྱ་བར་འགྱུར་གྱི། སེམས་ལ་སོགས་པ་སྟེ་སེམས་བྱུང་གི་ཚོགས་ལ་ནི་བདག་ཉིད་དུ་འཇོག་པར་འགྱུར་བ་མ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་ན་སེམས་སེམས་བྱུང་དེ་དག་ལ་དབྱིབས་ཡོད་པ་མ་ཡིན་པའི་ཕྱིར། བཞི་པ་ནི། གཞན་ཡང་། ཕུང་པོའི་ཚོགས་པ་བདག་མ་ཡིན་པར་ཐལ། ཉེ་བར་ལེན་པ་པོ་བདག་རང་ཉིད་དང་། ཉེ་བར་ལེན་པར་བྱ་བ་ཕུང་པོའི་ཚོགས་པ་གཉིས་གཅིག་ཏུ་རིགས་པའི་དངོས་པོ་མ་ཡིན་པའི་ཕྱིར་ཏེ། དེ་ལྟ་ཡིན་ན་ལས་དང་བྱེད་པ་པོ་གཉིས་གཅིག་ཉིད་དུ་འགྱུར་བར་ཐལ། བདག་ཉེ་བར་ལེན་པ་པོ་དང་ཕུང་པོ་ཉེ་བར་བླང་བྱ་གང་ཞིག དེ་གཉིས་གཅིག་ཏུ་འདོད་རིགས་པའི་ཕྱིར། རྟགས་ཁས། འདོད་ནུས་པ་མ་ཡིན་ཏེ། རྫ་མཁན་དང་རྫ་བུམ་གཉིས་ཀྱང་གཅིག་ཏུ་འགྱུར་བའི་ཕྱིར་ཏེ། རྩ་ཤེ་ལས། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་དང་། བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པ་ནི་རྣམ་པར་བཤད། །ཅེས་གསུངས་པའི་ཕྱིར། ཅི་སྟེ་བྱེད་པ་པོ་ཕུང་པོ་ཉེ་བར་ལེན་པ་པོ་མེད་ཀྱང་ལས་སུ་བྱ་བ་ཕུང་པོ་ཚོགས་པ་ཙམ་ཞིག་ཡོད་དོ་སྙམ་དུ་བློ་ལ་སེམས་པ་ཡིན་ན། དེ་ཡང་རིགས་པ་མ་ཡིན་པར་ཐལ། གང་གི་ཕྱིར་ན། བྱེད་པ་པོ་མེད་ན། ལས་སུ་བྱ་བ་ཡང་མེད་དགོས་པའི་ཕྱིར་ཏེ། རྩ་ཤེ་ལས། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། དངོས་པོ་ལྷག་མ་ཤེས་པའི་དོན་ཡོད་དེ། ལས་བྱ་བྱེད་གཉིས་ཕན་ཚུན་ལྟོས་ནས་གྲུབ་པས་རང་བཞིན་གྱིས་མེད་པ་དེ་བཞིན་དུ། བསྐྱེད་བྱ་སྐྱེད་བྱེད་མཚན་ཉིད་མཚོན་བྱ། འགྲོ་དང་འགྲོ་པ་པོ། བལྟ་བྱ་ལྟ་བྱེད། ཡན་ལག་དང་ཡན་ལག་ཅན། ཡོན་ཏན་དང་ཡོན་ཏན་ཅན་སོགས་ཀྱང་ལྟོས་ནས་གྲུབ་པས་ངོ་བོ་ཉིད་ཀྱིས་མ་གྲུབ་པོ་ཞེས་ཤེས་པར་བྱ་བའི་དོན་ཡིན་པའི་ཕྱིར། ལྔ་པ་ནི། བདག་དེ་ནི་ས་སོགས་ཁམས་དྲུག་ལ་སོགས་པའི་ཡ་གྱལ་དེ་རྣམས་དང་དེ་ཉིད་དེ་རེ་རེ་ནས་མ་ཡིན་ཞིང་ཚོགས་པ་ཙམ་ཉིད་ཀྱང་བདག་དེ་ཉིད་མ་ཡིན་པར་ཐལ། གང་གི་ཕྱིར་ན་ཐུབ་པས་ཡབ་སྲས་མཇལ་བའི་མདོ་ལས། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་དང་རེག་པའི་སྐྱེ་མཆེད་དྲུག་དང་། ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་དོ། །ཞེས་བདག་རང་རྒྱུད་གྱིས་ཆུ་མེ་རླུང་དང་རྣམ་ཤེས་དང་ནམ་མཁའ་ཞེས་བྱ་བའི་ཁམས་དྲུག་ལ་བརྟེན་ནས་དང་ནི་མིག་རྣ་ལ་སོགས་པའི་རེག་པ་ཡི་རྟེན་སྐྱེ་མཆེད་དྲུག་དག་ལ་བརྟེན་ནས་བཞག་པ་ཉེ་བར་བསྟན་ཞིང་། སེམས་དང་སེམས་བྱུང་གི་ཆོས་རྣམས་ཉེ་བར་བཟུང་བ་ལ་བརྟེན་ནས་བདག་ཏུ་འདོགས་སོ། །ཞེས་ངེས་བར་གསུངས་པ་དེའི་ཕྱིར། ཕུང་པོའི་ཡ་གྱལ་དང་ཚོགས་བ་གང་ཡང་བདག་ཏུ་འཇོག་པ་མ་ཡིན་ཏེ། ཐོག་མ་མེད་པ་ནས་ཞུགས་པའི་ངར་འཛིན་པའི་བློ་ལྷན་སྐྱེས་ཀྱིས་ཆོས་དེ་རྣམས་ཀྱི་ཡ་གྱལ་དང་ཚོགས་པ་གང་ལ་ཡང་བདག་ཏུ་དམིགས་པར་བྱེད་བ་མ་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་གོང་དུ་བརྗོད་པ་དེའི་ཕྱིར། འདིས་ཕུང་པོའི་ཡ་གྱལ་དང་ཚོགས་པ་དང་། ཕུང་པོ་ལས་ངོ་བོ་ཐ་དད་པ་གང་ཡང་འཇིག་ལྟ་འདི་དམིགས་པའི་གཙོ་བོར་མི་འཇོག་ཀྱང་། བརྟེན་ནས་བཏགས་པའི་བདག་ཙམ་དེའི་དམིགས་ཡུལ་གྱི་གཙོ་བོར་འཇོག ཤེས་པ་དང་། དེ་ལ་བརྟེན་ནས་གང་ཟག་རང་བཞིན་མེད་པར་འཇོག་པའི་ཚུལ་བསྟན་ཅིང་འདི་ནི་ལེགས་པར་ཤེས་དགོས་པ་ཡང་ཡིན་ཏེ། འདིའི་ཐད་ཀྱི་རྣམ་བཤད་ལས། དེའི་ཕྱིར་ཕུང་པོ་ལྔའི་ཡ་གྱལ་དང་ཚོགས་པ་དང་། དེ་དག་ལས་ངོ་བོ་ཐ་དད་པ་གང་ཡང་བདག་ལྟའི་དམིགས་པར་མི་འཇོག་པ་དང་། དེ་ལྟ་ནའང་བདག་ལྟའི་དམིགས་པ་གང་ཟག་ལེགས་པར་འཇོག་ཤེས་པ་དང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པར་འཇོག་པའི་རྣམ་པར་དཔྱོད་པ་འདི་ནི། ཐར་པ་འདོད་པའི་དབང་པོ་ཤིན་ཏུ་རྣོན་པོ་ལ་མཛེས་པ་ཡིན་ཏེ། འདིས་ཡིད་འཕྲོག་པ་འདྲ་བ་ཞིག་གྲུབ་མཐའ་གཞན་ལ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ལྔ་པ་ནི། ཁོ་ན་རེ། རྟག་གཅིག་རང་དབང་ཅན་གྱི་བདག་དེ་ཉིད་མེད་པར་མཐོང་ཞིང་གོམས་པར་བྱས་པ་ཙམ་གྱིས་བདག་འཛིན་སྤོང་ངོ་ཞེ་ན། རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་ཤེས་པ་ཙམ་གྱིས་བདག་ཏུ་ལྟ་བ་དཔྱིས་ཏེ་དྲུང་ནས་ཀྱང་འབྱིན་ནུས་ཞེས་སྨྲ་བ་ཁྱོད་ཀྱི་འདི་ནི་ཀྱེ་མ་ཤིན་ཏུ་ངོ་མཚར་བ་ཞིག་ཏུ་ཐལ། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཚེ་རྟག་པའི་བདག་ཙམ་ཞིག་སྤོང་པ་སྟེ་མེད་པར་མཐོང་བར་འདོད་པར་སྣང་ཞིང་། དེ་ལྟར་འདོད་པའི་བདག་འདི་ནི་ངར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པའི་གཙོ་བོ་དང་རྣམ་པ་གང་གི་རྟེན་དུའང་མི་འདོད་པ་སྟེ་འདོད་དུ་མི་རུང་བ་དེའི་ཕྱིར། དཔེར་ན་མི་ཤེས་པ་ཁ་ཅིག་རང་གི་ཁྱིམ་གྱི་རྩིག་ཕུག་ན་སྦྲུལ་གནས་པ་མཐོང་ནས་འཇིགས་བཞིན་དུ་གནས་པ་ལ་གཞན་གྱིས་ཀྱི་མི་ཁྱོད་མ་འཇིགས་ཤིག་ཁྱིམ་འདི་ན་གླང་ཆེན་མེད་དོ་ཅེས་དོགས་པ་བསལ་ཏེ། རྒྱུ་མཚན་དེས་སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། ཀྱེ་མའོ་མཁས་པ་གཞན་གྱི་གནམ་བོར་ཏེ་བཞད་གད་དུ་འགྱུར་བ་ཉིད་བཞིན་ནོ། །ཀྱེ་མ། ཞེས་པ་ནི། སྤྱིིར་སྨོན་པ་དང་སྨད་པ་གཉིས་ཀར་འཇུག་ཀྱང་འདིར་སྨད་པའོ། འདིས་ཇི་ལྟར་བསྟན་པའི་ཚུལ་ཡོད་དེ། བདག་འཛིན་ལྷན་སྐྱེས་ཀྱིས་བཟུང་བ་ལྟར་མི་འགོག་པར་བདག་འཛིན་ཀུན་བཏགས་ཀྱིས་བཟུང་བ་ལྟར་འགོག་པ་ཙམ་བྱེད་ན་དཔེ་དེ་བཞིན་དུ་འགྱུར་བར་བསྟན་པའི་ཕྱིར། གསུམ་པ་ལ་གཉིས། རྟེན་དང་བརྟེན་པའི་ཕྱོགས་དགག་པ། བཀག་པའི་དོན་བསྡུ་བའོ། །དང་པོ་ནི། བདག་ཕུང་པོ་དང་རྟེན་བརྟེན་པར་ངོ་བོ་ཉིད་ཀྱིས་གྲུབ་པའི་འདི་ནི་ཕྱིན་ཅི་ལོག་གི་རྟོག་པས་བཞག་པ་ཙམ་ཡིན་པར་ཐལ། རང་གི་ཕུང་པོར་བདག་ངོ་བོ་ཉིད་ཀྱིས་བརྟེན་ནས་ཡོད་པ་མ་ཡིན་ཞིང་། བདག་ལ་ཡང་ཕུང་པོ་དེ་རྣམས་ངོ་བོ་ཉིད་ཀྱིས་བརྟེན་པའི་ཚུལ་གྱིས་ཡོད་པ་མ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་བདག་འདིར་ངོ་བོས་གྲུབ་པའི་གཞན་ཉིད་ཡོད་ན་རྟེན་བརྟེན་པ་རང་བཞིན་གྱིས་གྲུབ་པར་རྟོགས་པ་འདིར་འགྱུར་ན་ཡང་བདག་ཕུང་རང་བཞིན་གྱིས་གྲུབ་པའི་གཞན་ཉིད་དུ་གྲུབ་པ་དེ་མེད་པ་དེའི་ཕྱིར། བདག་ནི་གཟུགས་དང་ལྡན་པ་ངོ་བོ་ཉིད་ཀྱིས་གྲུབ་པར་མི་འདོད་དེ། གང་གི་ཕྱིར་ན་བདག་ཕུང་པོ་རྣམས་ལས་རང་བཞིན་གྱིས་གཅིག་དང་ཐ་དད་གང་རུང་དུ་གྲུབ་པ་བཀག་ཟིན་པས་དེར་ཡོད་པ་མ་ཡིན་པ་དེའི་ཕྱིར། བདག་ནི་ཕུང་པོ་དང་ལྡན་པའི་དོན་སྦྱོར་བ་རང་བཞིན་གྱིས་མེད་དེ། ངོ་བོ་ཐ་དད་པའི་གཞན་ལྡན་ཡིན་ན། ལྷ་སྦྱིན་གནག་སྟེ་བ་ལང་དང་ལྡན་པ་ལྟར་འགྱུར་ལ། གཞན་མ་ཡིན་པ་ལྷས་སྦྱིན་གཟུགས་དང་ལྡན་ཞེས་པ་ལྟ་བུ་ལ་སྦྱོར་ན། བདག་ནི་གཟུགས་ལས་དེ་ཉིད་དེ་གཅིག་དང་གཞན་ཉིད་དུ་ལྡན་པ་རང་བཞིན་གྱིས་མེད་པའི་ཕྱིར་དང་། ཕུང་པོ་ལྷག་མ་བཞི་ལ་ཡང་དེ་བཞིན་སྦྱར་བར་བྱ་བ་ཡིན་པའི་ཕྱིར། གཉ ིས་པ་ནི། ཤེས་བྱ་ཆོས་ཅན། གཟུགས་བདག་ཏུ་ལྟ་བ་སོགས་དེ་དག་ལ་བདག་ཏུ་ལྟ་བའི་ཆ་ཉི་ཤུ་ཡོད་པར་འདོད་དེ། གཟུགས་ནི་བདག་མ་ཡིན་པ་ལ་བདག་ཏུ་ལྟ་བ་དང་། བདག་ནི་གཟུགས་དང་ངོ་བོ་ཉིད་ཀྱིས་ལྡན་པ་མ་ཡིན་པ་ལ་དེར་ལྟ་བ་དང་། གཟུགས་ལ་བདག་ངོ་བོ་ཉིད་ཀྱིས་བརྟེན་པ་མེད་པ་ལ་དེར་ལྟ་བ་དང་། བདག་ལའང་གཟུགས་དེ་ལྟར་དུ་ཡོད་པ་མིན་ལ་དེར་ལྟ་བ་དང་བཞི་སྟེ་གཟུགས་ཕུང་ལ་བཤད་པ་དེ་ལྟར་འཇིག་ལྟས་ལྟ་བའི་ཚུལ་རྣམ་པ་བཞིར་ཚོར་བ་ལ་སོགས་པ་ཕུང་པོ་བཞི་པོ་ཀུན་ལའང་བཞི་བཞིར་ཤེས་པར་བྱ་བ་ཡིན་པའི་ཕྱིར་ཏེ། རྩ་ཤེ་ལས་ཀྱང་། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །ཞེས་གསུངས་པའི་ཕྱིར། མདོ་ལས་རྒྱུན་ཞུགས་ཀྱིས་སྤངས་པར་གསུངས་པའི་འཇིག་ལྟ་ཉི་ཤུ་ཡང་དེ་ལྟར་འཇོག་པ་ཡིན་ཏེ། མཐོང་སྤང་དུ་གྱུར་པའི་འཇིག་ཚོགས་ལ་ལྟ་བའི་རི་བོ་མཐོ་བ། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཡིས་བཅོམ་པ་བདག་ཏུ་ལྟ་བ་གང་དང་ལྷན་ཅིག་འཇིག་པར་འགྱུར་བ་བཤད་མ་ཐག་པའི་འཇིག་ཚོགས་ལ་ལྟ་བའི་རི་བོ་ལྷུན་སྟུག་པོ་ལ་གནས་པའི་རྩེ་མོ་མཐོ་བར་གྱུར་པ་འདི་དག་ཡིན་པའི་ཕྱིར། བཞི་པ་ལ་གཉིས། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། མང་བཀུར་བའི་སྡེ་བ་ཁ་ཅིག་ན་རེ། བདག་དེ་ཕུང་པོ་དང་གཅིག་ཉིད་མ་ཡིན་ལ། ཕུང་པོ་ལས་དོན་གཞན་པའི་བདག་ཀྱང་མི་རུང་པས་བདག་དེ་ཕུང་པོ་ལས་དེ་ཉིད་དང་གཞན་ཉིད་དང་། རྟག་མི་རྟག་ལ་སོགས་པར་བརྗོད་དུ་མེད་པའི་གང་ཟག་རྫས་ཡོད་པར་འདོད་ལ་དེ་ནི་རྣམ་ཤེས་དྲུག་གི་ཤེས་བྱར་ཡང་འདོད་ཅིང་། བདག་དེ་ནི་ངར་འཛིན་ལྷན་སྐྱེས་གྱི་དམིགས་པའི་གཞིར་ཡང་འདོད་པ་ཡིན་ཞེས་ཟེར། གཉིས་པ་ནི་གལ་ཏེ་དེ་འདྲའི་བདག་འགའ་ཞིག་དངོས་པོར་གྲུབ་པར་གྱུར་ན། དེ་འདྲའི་བདག་དེ་ཆོས་ཅན། ཁྱོད་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་མི་འགྱུར་པར་ཐལ། གང་གི་ཕྱིར་ན་རྫས་ཡོད་པའི་ཕྱིར། རྟགས་ཁས། དཔེར་ན། གཟུགས་ལས་སེམས་དེ་ཉིད་དང་གཞན་གང་དུ་ཡང་བརྗོད་དུ་མེད་པར་མི་རྟོགས་པ་བཞིན་ནོ། །སྔ་མར་ཁྱབ་སྟེ། རྫས་ཡོད་ཀྱི་དངོས་པོར་ཡོད་པ་རྣམས་ལ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་རྟོགས་པ་མ་ཡིན་པ་ཉིད་ཀྱི་ཕྱིར། དཔེར་ན། གཟུགས་ལས་སེམས་ལྟར་གཞན་དུ་གྲུབ་པའི་དངོས་པོ་ནི་བརྗོད་དུ་མེད་པར་མི་འགྱུར་བར་བརྗོད་དུ་ཡོད་པ་བཞིན་ནོ། ཁྱོད་ཀྱི་འདོད་པ་ལྟར་བརྗོད་དུ་མེད་པ་ལ་རྫས་ཡོད་ཀྱི་བདག་མི་སྲིད་པར་ཐལ། བདག་དེ་བཏགས་ཡོད་དུ་འཇོག་པའི་ཕྱིར་ཏེ། གང་གི་ཕྱིར་ཁྱོད་ཀྱི་ལྟར་ན་བུམ་པ་རང་རྐྱ་ཐུབ་པའི་དངོས་པོར་མ་གྲུབ་པའི་ངོ་བོ་དེ་རང་གི་ཡན་ལག་གི་གཟུགས་སོགས་ལས་གཅིག་དང་ངོ་བོ་ཐ་དད་གང་དུ་ཡང་བརྗོད་དུ་མེད་པར་འགྱུར་བར་འདོད་པས། དེ་བཞིན་དུ་བདག་གང་ཡིན་པ་དེ་ཉིད་ཕུང་པོ་ལས་དེ་ཉིད་དང་ངོ་བོ་ཐ་དད་པ་གང་དུ་ཡང་བརྗོད་དུ་མེད་པའི་བཏགས་ཡོད་དུ་འགྱུར་པའི་ཕྱིར། བདག་ཆོས་ཅན། རང་གི་ངོ་བོས་ཡོད་པར་གྲུབ་པར་རྟོགས་པ་སྟེ་བཟུང་བར་མི་བྱ་བར་ཐལ། བཏགས་ཡོད་དུ་གྲུབ་པ་དེའི་ཕྱིར། གཞན་ཡང་། བདག་དེ་ཁྱོད་འདོད་པ་ལྟར་རྫས་སུ་མེད་པར་ཐལ། དེ་ཡོད་ན་ཁྱོད་ཀྱི་ལྟར་རྣམ་ཤེས་ནི་རང་གི་བདག་ཉིད་ལས་རྫས་གཞན་དུ་ནི་མི་འདོད་པ་དེ་བཞིན་དུ། བདག་ཀྱང་རང་གི་བདག་ཉིད་ལས་གཞན་མ་ཡིན་པར་བརྗོད་རིགས་པའི་ཕྱིར། ཡང་ན་ཁྱོད་ཀྱིས་རྣམ་ཤེས་གཟུགས་སོགས་ལས་གཞན་པའི་དངོས་པའི་དངོས་པོར་འདོད་པ་དེ་བཞིན་དུ། བདག་ཀྱང་ཕུང་པོ་ལས་ངོ་བོ་ཐ་དད་པར་བརྗོད་དགོས་པར་ཐལ། དངོས་པོ་ལ་གཅིག་དང་ཐ་དད་ཀྱི་རྣམ་པ་དེ་གཉིས་མཐོང་བར་འགྱུར་བ་དེའི་ཕྱིར། བདག་ཆོས་ཅན། རྫས་སུ་མེད་དེ་དངོས་པོའི་ཆོས་དེ་ཉིད་དང་གཞན་གཉིས་སུ་གྲུབ་པ་དང་བྲལ་པའི་ཕྱིར། ལྔ་པ་ལ་བཞི། བདག་མཐའ་བདུན་མེད་ཀྱང་བརྟེན་ནས་བཏགས་པ་ཤིང་རྟ་དང་འདྲ་བར་བསྟན་པ། སྔར་མ་བཤད་པའི་ཕྱོགས་ལྷག་མ་གཉིས་རྒྱས་པར་བཤད་པ། དེ་ལྟར་བཤད་པ་ལ་གཞན་གྱི་རྩོད་པ་སྤང་བ། མིང་གི་ཐ་སྙད་ཀྱི་དོན་གཞན་ཡང་གྲུབ་པར་བསྟན་པའོ། །དང་པོ་ནི། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པའི་རྟེན་བདག་ནི་ཆོས་ཅན། རང་བཞིན་གྱིས་གྲུབ་པའི་དངོས་པོ་མ་ཡིན་ཏེ། རྣམ་པར་དཔྱད་པ་ན་རྫས་སུ་ཡོད་པ་མ་ཡིན་པ་དེའི་ཕྱིར་ཏེ། ཕུང་པོ་ལས་ངོ་བོ་གཞན་མ་ཡིན་ལ། ཕུང་པོའི་ངོ་བོ་ཚོགས་པ་དང་ཡ་གྱལ་གང་ཡང་བདག་མིན། བདག་ཕུང་པོ་རྣམས་ཀྱི་རྟེན་དང་དེ་ལ་ཕུང་པོ་བརྟེན་དུ་ཡོད་པ་ཡང་མིན། བདག་འདི་ནི་ཕུང་པོ་དེ་རྣམས་དང་ལྡན་པ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་མ་ཡིན་པའི་ཕྱིར། བདག་འདི་ནི་ཆོས་ཅན། རང་ངོས་ནས་མ་གྲུབ་སྟེ། རང་གི་གདགས་གཞི་ཕུང་པོ་རྣམས་ལ་བརྟེན་ནས་འགྲུབ་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་གྲུབ་པ་མེད་པ་ཡང་ཡོད་དེ། ཇི་ལྟར་ཞེ་ན། ཤིང་རྟ་རང་གི་ཡན་ལག་ལས་དོན་གཞན་དུ་འདོད་པ་མ་ཡིན། གཞན་མ་ཡིན་ཏེ་གཅིག་ཏུ་གྲུབ་པ་ཡང་མ་ཡིན་པ་དང་། ཡན་ལག་དེ་དང་རང་བཞིན་གྱི་ལྡན་པ་ཡང་མ་ཡིན་ཞིང་། རང་གི་ཡན་ལག་ལ་ཕར་རང་བཞིན་གྱིས་བརྟེན་པ་མ་ཡིན་པ་དང་། ཡན་ལག་ཤིང་རྟ་དེར་བརྟེན་པ་རང་བཞིན་གྱིས་ཡོད་པ་མ་ཡིན། ཡན་ལག་འདུས་པ་ཙམ་ཤིང་རྟ་མ་ཡིན། དབྱིབས་ཙམ་ཡང་ཤིང་རྟ་མིན་མོད་ཤིང་རྟ་འཇོག་ནུས་པ་ཇི་ལྟ་བ་བཞིན་དུ། བདག་དང་ཕུང་པོ་གཉིས་ཀྱི་སྦྱར་བར་བྱ་བའི་ཕྱིར། གཉིས་པ་ལ་གཉིས། དངོས་དང་། རིགས་པ་དེ་གཞན་ལ་ཁ་སྤོ་པའོ། །དང་པོ་ལ་གཉིས། ཚོགས་པ་ཤིང་རྟར་འདོད་པ་དགག་པ། དབྱིབས་ཙམ་ཤིང་རྟར་འདོད་པ་དགག་པའོ། །དང་པོ་ནི། ཤིང་རྟའིི་ཡན་ལག་ཚོགས་ཙམ་ཤིང་རྟ་ཡིན་ནོ་ཞེ་ན། དེ་མི་འཐད་པར་ཐལ། གལ་ཏེ་ཡན་ལག་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི། ཤིང་རྟ་བཤིགས་པའི་དུས་ཀྱི་ཡན་ལག་སིལ་བུར་གནས་པ་ལའང་ཤིང་རྟ་ཉིད་ཡོད་པར་འགྱུར་བའི་ཕྱིར། དེའི་ཚེ་ཁྱད་པར་འགྱུར་ཡང་ཚོགས་པ་ཙམ་ཞིག་ཡོད་པའི་ཕྱིར་རོ། །ཤིང་རྟའི་ཡན་ལག་ཚོགས་པའི་དབྱིབས་ཙམ་ཤིང་རྟར་རིགས་པའང་མ་ཡིན་པར་ཐལ། གང་གི་ཕྱིར་ཤིང་རྟའི་ཚོགས་པ་ཙམ་མ་ཡིན་པའི་ཡན་ལག་ཅན་ཤིང་རྟ་མེད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཡན་ལག་ཅན་མེད་ན། ཡན་ལག་དག་ཀྱང་མེད་པའི་ཕྱིར། འདིར་རང་སྡེ་འོག་མ་དེ་དག་གིས་ཤིང་རྟ་ཡན་ལག་ཅན་དང་ཤིང་རྟའི་ཆ་ཤས་གཞན་རྣམས་དེའི་ཡན་ལག་དུ་འདོད་ཀྱང་འདིར་ཡན་ལག་ཅན་མེད་ན་ཡན་ལག་ཀྱང་མེད་པར་ཐལ་བར་འཕངས་པ་ལ་དགོས་པ་ཡོད་དེ། རང་ལུགས་ལ་ཤིང་རྟའི་ཡན་ལག་རེ་རེ་བ་དང་ཡན་ལག་གི་ཚོགས་པ་གཉིས་ཀ་ཡན་ལག་ཏུ་འཇོག་ལ། སྡེ་བ་དེ་དག་གིས་ཤིང་རྟའི་ཡན་ལག་གི་ཚོགས་པ་ཉིད་ཡན་ལག་ཅན་དུ་འདོད་ཅིང་། དེ་མ་ཡིན་པའི་ཡན་ལག་ཅན་གྱི་ཤིང་རྟ་ཡོད་པར་མི་འདོད་པར་བཤད་པའི་ཕྱིར། གཉིས་པ་ནི། གཞན་ཡང་ཁྱོད་ཀྱིས་ཤིག་རྟའི་དབྱིབས་ཙམ་ཞིག་ཤིང་རྟར་འདོད་ན། དབྱིགས་དེ་ཡན་ལག་རེ་རེ་བའི་ཡིན་ནམ། ཚོགས་པའི་ཡིན་པ་གང་། དང་པོ་ལྟར་ན། སྔར་མ་བསྒྲིགས་པའི་དབྱིབས་ཀྱི་ཁྱད་པར་མ་བཏང་བ་དག་ཡིན་ནམ། ཁྱད་པར་བཏང་བ་དག་གི་ཡིན། དང་པོ་ལྟར་རོ་ཞེ་ན། འོ་ན། ཁྱེད་ཀྱི་ལྟར། ཤིང་རྟའི་འཕང་ལོ་ལ་སོགས་པའི་ཡན་ལག་རེ་རེ་བ་སྔར་མ་བསྒྲིགས་པའི་དུས་ཀྱི་དབྱིངས་ཇི་ལྟར་ཡོད་པར་གྱུར་པ་དེ་ཇི་ལྟ་བ་བཞིན་དུ་ཕྱིས་བསྒྲིགས་དུས་སུ་ཤིང་རྟར་གཏོགས་པ་སྟེ་གྲུབ་པའི་སྐབས་ལའང་སྔ་མ་དེ་བཞིན་དུ་ཡོད་པ་ཡིན་པ་ཡིན་ན། མ་བསྒྲིགས་པའི་དུས་ཀྱི་དབྱེ་བར་གྱུར་པའི་ཡན་ལག་དེ་དག་ལ་ཇི་ལྟར་ཤིང་རྟ་ཡོད་པ་མ་ཡིན་པ་དེ་བཞིན་དུ། དེ་ལྟར་ཡན་ལག་རྣམས་བསྒྲིགས་པའི་ཚེ་ཡང་ནི་ཤིང་རྟ་ཡོད་པ་མ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། ཅི་སྟེ་ཕྱོགས་གཉིས་པ་ལྟར་རོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། གལ་ཏེ་ད་ལྟ་ཤིང་རྟ་ཉ ིད་དུ་གྲུབ་པའི་དུས་འདིར་འཕང་ལོ་ལ་སོགས་པ་ལ་ཤིང་རྟའི་ཡན་ལག་སོ་སོའི་དབྱིབས་ཐ་དད་པ་རིང་པོ་དང་ཟླུམ་པོ་སོགས་ཡན་གར་དུ་ཡོད་ན་འདི་མིག་ཤེས་ཀྱིས་བཟུང་དུ་ཡོད་པར་འགྱུར་དགོས་ན། དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར། ཤིང་རྟའི་དབྱིབས་ཙམ་ཤིང་རྟར་ཡོད་པ་མ་ཡིན་པར་ཐལ། བསྒྲིགས་མ་བསྒྲིགས་གང་གི་ཚོགས་པ་ལ་ཡང་ཤིང་རྟ་མ་ཡིན་པ་དེའི་ཕྱིར། གལ་ཏེ་ཡན་ལག་བསྒྲིགས་པའི་དབྱིབས་ཁྱད་པར་བ་ཤིང་རྟར་འཇོག་གོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། རྒྱུ་མཚན་གང་གི་ཕྱིར། ཁྱོད་ཀྱི་ལྟར་ན་ཚོགས་པ་རྫས་སུ་ཅང་མེད་པས་ན་དབྱིབས་དེ་ཡན་ལག་ཚོགས་ཀྱི་གདགས་གཞི་ལ་བརྟེན་ནས་འདོགས་པ་མ་ཡིན་པར་འགྱུར་བའི་ཕྱིར་ཏེ། ཁྱོད་ཀྱིས་ཡན་ལག་ཚོགས་པ་དེ་བཏགས་ཡོད་དུ་ཁས་བླངས་པའི་ཕྱིར་དང་། བཏགས་ཡོད་རྟེན་དུ་རྫས་ཡོད་ཁས་བླངས་པའི་ཕྱིར་རོ། ཤིང་རྟའི་དབྱིབས་དེ་རང་གི་ཡན་ལག་ལ་མི་འདོགས་ན། ཚོགས་པ་གང་ཞིག་རང་རྐྱ་ཐུབ་པའི་རྫས་སུ་གྲུབ་པ་ཅི་ཡང་ཡོད་པ་མ་ཡོད་པ་དེ་ལ་བརྟེན་ནས་སྐབས་འདིར་ནི་ཤིང་རྟར་འཇོག་པའི་དབྱིབས་སུ་ལྟ་ཞིག་ཇི་ལྟར་འགྱུར་ཏེ་མི་འགྱུར་པར་ཐལ། དེ་ལྟར་ན་བཏགས་ཡོད་ཁྱད་པར་བའི་རྟེན་རྫས་ཡོད་དུ་ཁྱོད་ཀྱིས་ཁས་ལེན་པ་དེ་མི་འཐད་པའི་ཕྱིར་རོ། གཞན་ཡང་། ཤིང་རྟའི་ཁ་དོག་ཉིད་ཀྱང་ཤིང་རྟ་ཡིན་པར་ཐལ། དེའི་དབྱིབས་ཤིང་རྟ་ཡིན་པ་གང་ཞིག ། མཚུངས་པའི་ཕྱིར། འདོད་ན། སྐྱེས་བུའི་ཁ་དོག་སྐྱེས་བུ་ཡིན་པར་ཐལ་ལོ། ། གཉིས་པ་ནི། ཁོ་ན་རེ། ཚོགས་པ་མི་བདེན་ཡང་བཏགས་ཡོད་ཀྱི་དབྱིབས་སུ་འགྱུར་རོ་ཞེ་ན། ཁོ་བོ་ཅག་ལྟར་ནའང་། མ་རིག་པ་དང་ས་བོན་སོགས་མི་བདེན་པ་ཡི་རྒྱུ་ལ་བརྟེན་པར་བྱས་ནས་འདུ་བྱེད་ཀྱི་ལས་དང་མྱུ་གུ་ལྟ་བུའི་འབྲས་བུའི་རྣམ་པ་མི་བདེན་པའི་རང་བཞིན་ཐམས་ཅད་ཀྱང་ནི་སྐྱེ་བར་འདོད་པས་ཁྱོད་ཀྱང་དེ་ལྟར་ཤེས་པར་གྱིས་ཤིག་སྟེ་བགྱིད་རིགས་པར་ཐལ། ཁྱོད་ཀྱི་ལུགས་ལའང་ཚོགས་པ་བཏགས་ཡོད་ལ་བརྟེན་ནས་དབྱིབས་བཏགས་ཡོད་འཇོག་པ་འདི་ནི་ཇི་ལྟར་འདོད་པ་དེ་ལྟར་དུ་འཐད་པའི་ཕྱིར། རང་སྡེ་གཞན་མང་པོས་གཟུགས་ལ་སོགས་པ་རྡུལ་རྫས་བརྒྱད་དེ་ལྟར་འདབ་འབྱར་དུ་གནས་པ་རྣམས་འདུས་པའི་བུམ་པའི་གཟུགས་ཀྱི་ཚོགས་པ་ལ་བུམ་པའི་བློ་སྐྱེ་བར་འགྱུར་རོ་ཞེས་སྨྲ་བར་བྱ་བ་དེའང་རིགས་པ་མ་ཡིན་པ་ཉིད་དུ་ཐལ། ཇི་སྐད་བཤད་པའི་ཤིང་རྟའི་དཔེ་འདིས་ནི་བཀག་པ་ཡིན་པའི་ཕྱིར། དེར་ཡང་མ་ཟད། གཟུགས་སོགས་དེ་དག་ཀྱང་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ཐལ། རང་བཞིན་གྱིས་སྐྱེ་བ་མེད་པར་བཤད་ཟིན་པ་དེའི་ཕྱིར། ཡང་ཡུམ་སོགས་དེ་དག་རང་རང་གི་དབྱིབས་སུ་མི་རིགས་པར་ཐལ། དེར་བཏགས་པ་ཡིན་གྱི་རྫས་སུ་ཡོད་པ་མ་ཡིན་པ་དེའི་ཕྱིར། གསུམ་པ་ནི། ཤིང་རྟ་བཏགས་དོན་རྣམ་པ་བདུན་དུ་བཙལ་པའི་ཚེ་མ་རྙེད་ཀྱང་ཤིང་རྟ་མེད་པར་འཇོག་ནུས་པ་མ་ཡིན་པར་ཐལ། དེ་མ་བརྟག་མ་དཔྱད་པར་འཇིག་རྟེན་གྱི་གྲགས་པའི་རྗེས་སུ་འབྲང་ནས་འཇོག་པའི་ཕྱིར་ཏེ། ཤིང་རྟ་དེ་ནི་དེ་ཁོ་ན་ཉིད་དུ་འམ་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་དོན་རྣམ་པ་བདུན་གྱིས་བཙལ་བ་ན་ཤིང་རྟར་འགྲུབ་པར་འགྱུར་བ་མ་ཡིན་མོད་ཀྱི། དེ་ལྟར་འཚོལ་པའི་རྣམ་པར་དཔྱད་པ་མེད་པར་འཇིག་རྟེན་གྱི་ཐ་སྙད་ཉིད་ལས་འདིར་རང་གི་ཡན་ལག་འཕང་ལོ་སོགས་ལ་བརྟེན་ནས་འདོགས་པ་ཡིན་པའི་ཕྱིར་། བཞི་པ་ནི། ཤིང་རྟར་མ་ཟད་ཤིང་རྟའི་ཁྱད་པར་གཞན་ཡང་དེ་ལྟར་བཏགས་དོན་བཙལ་ནས་མི་འཇོག་པར་འཇིག་རྟེན་གྲགས་པའི་སྒོ་ནས་འཇོག་པ་ཡིན་ཏེ། དེ་ལ་ཤིང་རྟ་དེ་ཉིད་རང་གི་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་དང་། དེ་ཆ་ཤས་ལ་ལྟོས་ནས་ཆ་ཤས་ཅན་ཡིན་ལ། ཤིང་རྟ་དེ་ཉིད་ལས་སུ་བྱ་བ་ཡན་ལག་ལ་ལྟོས་ནས་བྱེད་པ་པོ་ཞེས་འགྲོ་བར་བསྙད་པ་དང་། རང་གི་གཟུགས་སོགས་གདགས་གཞི་ལ་ལྟོས་ནས་སྐྱེ་བོ་རྣམས་ལ་ཉེ་བར་ལེན་པོ་ཉིད་དུ་འགྲུབ་པའི་ཕྱིར། དངོས་སྨྲ་བ་ཆོས་ཅན། ཁྱོད་ཀྱིས་ཚོགས་པ་ཙམ་མ་ཡིན་པའི་ཡན་ལག་ཅན་དང་ཆ་ཤས་ཅན་མེད་དེ། ཚོགས་པ་ཙམ་ལས་གཞན་པའི་དེ་མ་དམིགས་པའི་ཕྱིར་ཞེས་སྒྲུབ་བྱེད་ལྟར་སྣང་ལ་བརྟེན་ནས་འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག་ཅེས་ཁོ་བོ་ཅག་གིས་སྨྲ་བ་ལྟར་བྱེད་རིགས་པར་ཐལ། ཁྱོད་ཀྱིས་ཚོགས་པ་ཙམ་མ་ཡིན་པའི་ཤིང་རྟ་དེ་བཏགས་ཡོད་དུ་འཇོག་མ་ཤེས་ཀྱང་། རང་གི་ཡན་ལག་ཚོགས་ཙམ་མ་ཡིན་པའི་ཤིང་རྟ་བཏགས་ཡོད་དུ་བསྒྲུབས་ཟིན་པའི་ཕྱིར། དང་པོ་དེར་ཐལ། ཁྱོད་ཀྱིས་དེ་བཏགས་དོན་བཙལ་ནས་ཚོགས་པ་ཙམ་དེ་ཉིད་ཡན་ལག་ཅན་ཤིང་རྟའི་ངོ་བོར་རློམ་ནས་བཞག་པའི་ཕྱིར། དྲུག་པ་ལ་ལྔ། དངོས་དང་། རྩོད་པ་སྤོང་བ། ཤིང་རྟ་དང་བདག་གི་ཐ་སྙད་དཔེ་དོན་སྦྱར་བ། བརྟེན་ནས་བཏགས་པའི་བདག་ཁས་ལེན་པའི་ཡོན་ཏན་གཞན་བསྟན་པ། མཁས་རྨོངས་ཀྱི་འཆིང་གྲོལ་གྱི་གཞིའི་བདག་ངོས་བཟུང་བའོ། །དང་པོ་ནི། དབུ་མ་པས་སྐབས་འདིར་ཤིང་རྟ་དེའི་ཚུལ་ནི་བཏགས་དོན་བཙལ་ནས་མ་ཡིན་པར་བཏགས་པར་ཡོད་པ་དེ་བཞིན་དུ་འདོད་པར་བྱ་སྟེ། དེས་ཀུན་རྫོབ་ལས་མི་ཉམས་པར་མ་ཟད། དེ་ཁོ་ན་ཉིད་ལའང་བདེ་བླག་ཏུ་འཇུག་ནུས་པར་འགྱུར་བའི་ཕྱིར། དེ་ལྟར་རྣམ་བདུན་གྱི་རིགས་པས་བཙལ་ན་མེད་པ་གང་ཡིན་པ་དེ་ཇི་ལྟ་བུར་ན་རང་བཞིན་གྱིས་ཡོད་ཅེས་བྱ་སྟེ། མེད་པར་ཐལ། རྣལ་འབྱོར་པས་ཤིང་རྟ་འདིའི་རང་བཞིན་གྱིས་ཡོད་པ་མི་རྙེད་པའི་ཕྱིར་རོ། ། གཉིས་ནི། ཤིང་རྟ་དེའི་ཡན་ལག་ཀྱང་རང་བཞིན་གྱིས་མེད་དེ། ཤིང་རྟ་རང་བཞིན་གྱིས་ཡོད་པ་ཉིད་མ་ཡིན་པའི་ཕྱིར། དེ་ལྟར་ཡིན་པ་དེ་ཡི་ཚེ་ཡན་ལག་དེའི་ཡན་ལག་ཅན་མེད་པའི་ཕྱིར། དཔེར་ན། ཤིང་རྟ་ཚིག་ན་དེའི་ཡན་ལག་ཀྱང་མེད་པ་བཞིན་ནོ། །འདིར་ཁ་ཅིག །ཤིང་རྟ་ཚིག་པའི་ཚེ་ཤིང་རྟའི་ཆ་ཤས་མ་ཚིག་པ་ཡོད་སྲིད་དོ་སྙམ་ཡང་དེ་ནི་མི་འཐད་དེ། དེ་ལྟ་ན། སྐྱེ་བུ་ཞིག་ཤི་བའི་ཚེ་དེའི་ཕུང་པོ་ཕྱིར་ལུས་བ་ལྟ་བུ་དེ་ཡང་སྐྱེས་བུའི་ལུས་ཡིན་པར་འགྱུར་ལ། དེ་ལྟ་ན་གང་ཟག་གི་ལུས་སུ་ཡང་ཐལ་བར་འགྱུར་པའི་ཕྱིར་རོ། །སྟོང་ཉིད་རྟོགས་པའི་བློའི་མེས་ཡན་ལག་ཅན་རང་བཞིན་གྱིས་གྲུབ་པ་བསྲེགས་པ་སྟེ་མེད་པར་རྟོགས་པ་ན་དེའི་ཡན་ལག་ཀྱང་རང་བཞིན་གྱིས་མེད་པར་རྟོགས་པར་འགྱུར་པ་ཡིན་ཏེ། དཔེེ་སྔར་བཞིན་ཡིན་པའི་ཕྱིར་རོ། ། གསུམ་པ་ནི། ཤིང་རྟ་ཡན་ལག་ལ་བརྟེན་ནས་བཞག་པ་དེ་བཞིན་དུ་བདག་དང་ཕུང་པོ་ལ་ཡང་ཤེས་པར་བྱ་སྟེ། འཇིག་རྟེན་གྲགས་པའི་དབང་གིས་ཕུང་པོ་དང་། ཁམས་དང་དེ་བཞིན་དུ་སྐྱེ་མཆེད་དྲུག་ལ་བརྟེན་ནས་བདག་ཀྱང་ཕུང་པོའི་ཉེ་བར་ལེན་པར་ཉིད་དུ་འདོད་རིགས་པའི་ཕྱིར་ཏེ། ཉེ་བར་ལེན་པའི་ཕུང་པོ་ནི་ལས་སུ་བྱ་བ་ཡིན་ལ། བདག་འདི་ནི་བྱེད་པ་པོའང་ཡིན་ཕྱིར། བཞི་པ་བདག་འདི་ནི་ཆོས་ཅན། རང་བཞིན་གྱིས་བརྟན་པ་མིན་ཞིང་མི་བརྟན་པ་ཉིད་དུ་གྲུབ་པའང་མ་ཡིན་པར་ཐལ། རང་བཞིན་གྱིས་གྲུབ་པའི་དངོས་པོར་ཡོད་པ་མ་ཡིན་པའི་ཕྱིར། ངོ་བོ་ཉིད་ཀྱིས་སྐྱེ་འཇིག་བྱེད་པ་མ་ཡིན་པར་ཐལ། ཕུང་པོ་དང་འབྲེལ་མེད་སྐྱེ་འཇིག་མི་བྱེད་པའི་ཕྱིར། བདག་འདི་ཆོས་ཅན། ཁྱོད་ལ་བརྟན་པའི་རྟག་པ་ཉིད་དང་མི་བརྟན་པའི་མི་རྟག་པ་ལ་སོགས་པ་བཞི་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ཞིང་། རང་བཞིན་གྱིས་དེ་ཉིད་དང་ནི་གཞན་ཉིད་དུ་མེད་པར་ཐལ། རང་བཞིན་གྱིས་དངོས་པོར་གྲུབ་པ་མེད་པའི་ཕྱིར། ལྔ་པ་ནི། བདག་དེ་ནི་བཏགས་དོན་བདུན་དུ་བཙལ་བའི་ཚེ་རྟག་མི་རྟག་སོགས་སུ་རང་བཞིན་གྱིས་མེད་ཀྱང་། བདག་གི་འོ་སྙམ་པའི་དམིགས་ཡུལ་དུ་གྱུར་པའི་བདག་ཐ་སྙད་དུ་སྐྱེ་ཚུལ་ཡོད་དེ། འགྲོ་བ་རྣམས་དམིགས་པའི་གཞི་ང་ལ་རྟག་ཏུ་དམིགས་ནས་ངར་འཛིན་པའི་བློ་རབ་ཏུ་འབྱུང་ཞིང་། ནང་དང་ཕྱི་རོལ་ཏུ་བདག་དེ་ཡི་ལོངས་སྤྱད་བྱ་བདག་གི་བ་གང་ཡིན་བ་དེར་ང་ཡི་བར་འཛིན་པའི་བློ་འབྱུང་བའི་བདག་དེ་ནི། མ་བརྟགས་པའི་གྲགས་པའི་ངོ་བོར་གཏི་མུག་སྟེ་མི་ཤེས་པ་ལས་གྲུབ་པ་ཡིན་པར་འཇོག་གི་རང་གིི་ངོ་བོས་གྲུབ་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བདག་གི་བ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། བདག་རང་བཞིན་གྱིས་མེད་པའི་ཕྱིར། ཁྱབ་སྟེ། གང་གི་ཕྱིར་བྱེད་པ་པོ་རྫ་མཁན་མེད་པར་བྱ་བའི་ལས་རྫ་བུམ་མེད་པ་དེའི་ཕྱིར། བདག་དང་བདག་གི་བ་རང་བཞིན་གྱིས་སྟོང་བར་ལྟ་ཞིང་གོམས་པར་བྱེད་པའི་རྣལ་འབྱོར་པ་དེ་ཆོས་ཅན། འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་ཏེ། འཁོར་བའི་རྩ་བར་གྱུར་པའི་བདག་འཛིན་གྱི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་པའ་ཕྱིར་ཏེ། བདག་དང་བདག་གི་བ་རང་བཞིན་མེད་པ་མངོན་སུམ་དུ་རྟོགས་པ་དེའི་ཕྱིར། གསུམ་པ་ལ་གསུམ། སྣམ་བུ་སོགས་ཀྱི་དངོས་པོ་ལ་བསྒྲེ་བ། རྒྱུ་འབྲས་ཀྱི་དངོས་པོ་ལ་བསྒྲེ་བ། དེ་ལ་རྩོད་པ་སྦོང་པའོ། །དང་པོ་ནི། ཤིང་ལ་རྣམ་པར་དཔྱད་པའི་ཚུལ་དེ་དངོས་པོ་གཞན་ལ་སྦྱར་བར་བྱ་རིགས་ཏེ། དེ་ཡང་བུམ་པ་དང་། སྣམ་བུ་དང་རེ་ལྡེ་དང་། དམག་དང་། ནགས་ཚལ་དང་ཕྲེང་བ་དང་། ལྗོན་ཤིང་དང་། ཁང་ཁྱིམ་དང་། ཤིང་རྟ་ཕྲན་དང་། འགྲོན་གནས་ལ་སོགས་པའི་དངོས་རྣམས་གང་དག་ཡོད་པ་རྣམས་ནི་ཤིང་རྟ་ལྟར་བཏགས་དོན་རྣམ་པ་བདུན་དུ་བཙལ་བའི་ཚེ་མི་རྙེད་ཀྱང་མ་དཔྱད་པར་འཇིག་རྟེན་གྲགས་པའི་སྒོ་ནས་འཇོག་པ་དང་། དེ་བཞིན་དུ་དེ་ལྟ་བུའི་དངོས་པོ་གང་དག་ལ་མིང་དང་བརྡ་དང་ཐ་སྙད་ཅི་འདྲ་བ་གང་དང་གང་གིས་སྐྱེ་བོ་འདི་ཡིས་བསྙད་པ་དེ་རྣམས་ཀྱང་ཤིང་རྟ་ལྟར་རྟོགས་པར་བྱ་དགོས་པའི་ཕྱིར་ཏེ། གང་གི་ཕྱིར་ན། ཐུབ་པའི་དབང་པོ་དེ་ནི་འཇིག་རྟེན་དང་ལྷན་ཅིག་འཇིག་རྟེན་དང་མི་མཐུན་པའི་རྩོད་པ་མི་མཛད་པར་གསུངས་པའི་ཕྱིར་ཏེ། དེ་ཡང་དཀོན་བརྩེགས་ལས། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དོ། །ཞེས་འབྱུང་བའི་ཕྱིར་རོ། །འཇིག་རྟེན་པས་དངོས་པོ་གང་ལ་ཐ་སྙད་ཇི་ལྟར་འདོགས་ཚུལ་ཡོད་དེ། མཚོན་ན་བུམ་པ་ཡན་ལག་ཅན་དང་། གྱོ་མོ་སོགས་དེའི་ཡན་ལག །བུམ་པ་ཡོན་ཏན་ཅན་སྔོ་བསངས་སོགས་དེའི་ཡོན་ཏན། འདོད་ཆགས་ཀྱི་རྟེན་གང་ཟག་ནི་ཆགས་པ་པོ་དང་དེས་ཡུལ་གང་ལ་ལྷག་པར་སྲེད་པ་ནི་འདོད་ཆགས་དང་། བུམ་པ་ནི་མཚན་གཞི་འམ་མཚོན་བྱ། ལྟོ་ལྡིར་བ་སོགས་ནི་མཚན་ཉིད་དང་། མེ་སྲེག་བྱེད་དང་བུད་ཤིང་བསྲེག་བྱ་ལ་སོགས་པ་ནི་ཡན་ལག་ལ་བརྟེན་ནས་ཡན་ལག་ཅན་དང་ཡན་ལག་ཅན་ལ་བརྟེན་ནས་ཡན་ལག་ཏུ་འདོགས་པ་ཡིན་པས་དོན་དེ་དག་གི་ཡོད་ཚུལ་དེ་རྣམས་ཤིང་རྟའི་རྣམ་པར་དཔྱད་པར་སྔར་བྱས་པ་ལྟར་གྱིས་རྣམ་པ་བདུན་དུ་ཡོད་པ་མ་ཡིན་ཞིང་། རྣམ་དཔྱད་བྱེད་པ་དེ་ལས་གཞན་དུ་གྱུར་པར་འཇིག་རྟེན་གྲགས་པའི་ཐ་སྙད་ཀྱི་སྒོ་ནས་ཡོད་པ་ཡིན་པའི་ཕྱིར་རོ། ། གཉིས་པ་ནི། ཡན་ལག་ཅན་དང་ཡན་ལག་ཕན་ཚུན་ལྟོས་ནས་གྲུབ་པར་མ་ཟད། རྒྱུ་འབྲས་ཀྱང་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་པར་ཐལ། ཇི་ལྟར་ཞེ་ན། གལ་ཏེ་རྒྱུ་ཡིས་བསྐྱེད་པར་བྱ་བ་འབྲས་བུ་དེ་སྐྱེད་པ་དེ་ལྟ་ན་སྐྱེད་བྱེད་དེ་རྒྱུ་ཡིན་ཞིང་ལྟོས་ནས་གྲུབ་ལ། གལ་ཏེ་འབྲས་བུ་མི་བསྐྱེད་ན་ནི་སྐྱེད་པ་དེ་མེད་པས་འབྲས་བུ་དེ་རྒྱུ་མེད་པ་ཅན་དུ་འགྱུར་པའི་ཕྱིར་ཏེ། འབྲས་བུ་ཡང་ནི་རྒྱུ་ཡོད་པར་གྱུར་ན་དེ་ལས་ལྟོས་ནས་སྐྱེ་བར་འགྱུར་བ་དེ་ཡི་ཕྱིར། རྒྱུ་གང་ལས་འབྲས་བུ་གང་ཞིག་འགྲུབ་པར་འགྱུར་བ། དེ་གཉིས་གང་ཞིག་ལས་སྔར་རྒྱུ་གང་ཞིག་གམ་འབྲས་བུ་གང་འགྱུར་སྨྲོས་ཤིག །དེ་ལ་རང་བཞིན་གྱིས་གྲུབ་པ་ལ་རྒྱུ་སྔ་དགོས་པ་མི་འཐད་དེ། རྒྱུའི་དུས་སུ་དེའི་ལྟོས་བྱ་འབྲས་བུ་ཡང་ཡོད་དགོས་པར་ཐལ་པའི་ཕྱིར། འབྲས་བུ་སྔ་མ་ནི་མི་རིགས་ཏེ། འབྲས་བུ་རྒྱུ་མེད་དུ་ཐལ་བའི་ཕྱིར་རོ། །གལ་ཏེ་རྒྱུ་ཡིས་རང་བཞིན་གྱིས་སྐྱེད་པར་བྱེད་ན། རྒྱུ་དང་འབྲས་བུ་ཕྲད་ནས་སམ་མ་ཕྲད་པར་སྐྱེད་པར་བྱེད། དེ་ལ་གལ་ཏེ་ཁྱོད་ཀྱི་ལྟར་རྒྱུ་ཡིས་འབྲས་བུ་དང་ལྷན་ཅིག་ཕྲད་ནས་འབྲས་བུ་སྐྱེད་པར་བྱེད་ན་དེ་ཡི་ཚེ། རྒྱུ་འབྲས་དེ་དག་ནུས་པ་གཅིག་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། སྐྱེད་བྱེད་ཀྱི་རྒྱུ་བསྐྱེད་བྱའི་འབྲས་བུ་གཉིས་ཐ་དད་མེད་པའི་གཅིག་ཏུ་འགྱུར་བར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ལྟར་ན་ནི་འབྲས་བུའི་རྒྱུ་འདི་ནི་དེའི་རྒྱུ་མ་ཡིན་པ་རྣམས་དང་སྐྱེད་བྱེད་ཡིན་མིན་ཁྱད་པར་མེད་པར་འགྱུར་བར་ཐལ། རྒྱུ་འབྲས་སོ་སོར་མ་ཕྲད་པར་རང་བཞིན་གྱིས་སྐྱེ་བའི་ཕྱིར། རང་བཞིན་གྱིས་གྲུབ་པའི་རྒྱུས་འབྲས་བུ་མི་སྐྱེད་པར་ཐལ། བསྐྱེད་བྱ་སྐྱེད་བྱེད་ལ་ཕྲད་མ་ཕྲད་ཀྱི་རྟོག་པ་གཉིས་པོ་འདི་དག་སྤངས་ནས་དེ་མ་གཏོགས་པའི་རྟོག་པ་གསུམ་པ་གཞན་ཡང་ཡོད་པར་འགྱུར་བ་མ་ཡིན་པའི་ཕྱིར། བསྐྱེད་པར་བྱ་བ་འབྲས་བུ་ཞེས་བྱ་བ་རང་གི་ངོ་བོས་ཡོད་པ་མ་ཡིན་པར་ཐལ། ཅི་སྟེ་ཁྱོད་ཀྱི་ལྟར་རང་བཞིན་གྱིས་གྲུབ་པའི་རྒྱུ་ཡིས་འབྲས་བུ་སྐྱེད་པར་མི་བྱེད་པ་དེའི་ཕྱིར། རྒྱུ་ནི་རང་བཞིན་གྱིས་མེད་པར་ཐལ། རྒྱུ་དེ་འབྲས་བུ་དང་འདྲ་བར་རྒྱུར་འཇོག་མི་ནུས་ལ། དེ་ནུས་ན་རྒྱུ་ནི་རྒྱུར་འཇོག་པའི་རྒྱུ་མཚན་མེད་པ་ཅན་དུ་འགྱུར་ན། དེ་ནི་ཡོད་པའང་མ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དབུ་མ་པ་བདག་ལ་ཇི་སྐད་བཤད་པའི་སྐྱོན་དུ་མི་འགྱུར་ཞིང་དེར་མ་ཟད། འཇིག་རྟེན་ལ་གྲགས་པའི་དངོས་པོ་རྣམས་ཀྱང་ཡོད་ཅིང་འཐད་པར་ཐལ། གང་གི་ཕྱིར་ན་རྒྱུ་འབྲས་འདི་དག་གཉིས་ཆར་ཡང་ནི་མ་རྟགས་པར་གྲུབ་པ་སྒྱུ་མ་དང་འདྲ་བ་དེ་ཡི་ཕྱིར། གསུམ་པ་ལ་གཉིས། རྩོད་པ་དང་ལན་ནོ། །དང་པོ་ནི། ཁོ་ན་རེ། རྒྱུས་འབྲས་བུ་དང་ཕྲད་མ་ཕྲད་ཀྱི་དཔྱད་པ་འདི་ནི་ཁྱེད་རང་ལ་ཡང་མཚུངས་ཏེ། སུན་འབྱིན་འདིས་སུན་དབྱུང་བྱ་དང་ཕྲད་ནས་སུན་འབྱིན་ནམ། མ་ཕྲད་པར་སུན་འབྱིན་པ་ཡིན་ཞེས་བྱ་བའི་ཉེས་པ་འདི་ནི་ཁྱོད་ལའང་འགྱུར་བ་མ་ཡིན་ནམ་ཏེ་ཡིན་པའི་ཕྱིར། དེས་ན། ཁྱོད་ཀྱིས་ཁོ་བོ་ཅག་དངོས་སྨྲ་བའི་དམ་བཅའ་སུན་དབྱུང་བར་བྱ་བར་འདོད་ཀྱང་སུན་ནི་འབྱིན་པར་ནུས་པ་མ་ཡིན་པར་ཐལ། གང་གི་ཚེ་སུན་འབྱིན་དེ་སྐད་སྨྲ་ཞིང་རང་གི་ཕྱོགས་ཁོ་ན་རྣམ་པར་འཇོམས་པ་དེ་ཚེ་སྟེ་དེའི་ཕྱིར། ངོ་བོ་ཉིད་མེད་པར་སྨྲ་བ་ཁྱོད་ནི་སྐྱེ་བོ་དམ་པས་བཞེད་པ་སྟེ་འདོད་པར་མི་འགྱུར་བ་ཡིན་པར་ཐལ། གང་གི་ཕྱིར་ན། རང་གི་ཚིག་ལའང་ཕྱིར་རྒོལ་ལ་འཕངས་པའི་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱིས་ཏེ་སུན་འབྱིན་ལྟར་སྣང་གིས་རིགས་པ་ཡང་དག་མེད་པར་དངོས་པོ་མཐའ་དག་ལ་སྐུར་པ་འདེབས་པ་དེ་ཡི་ཕྱིར། གཞན་ཡང་ཁྱོད་སུན་ནི་ཕྱིན་ཅི་ལོག་ཏུ་རྒོལ་པོའང་ཡིན་པར་ཐལ། གང་གི་ཕྱིར་ན། ཁྱོད་ལ་རང་གི་ཕྱོགས་ཡང་དག་བཞག་པ་མེད་པས་གཞན་ཕྱོགས་སུན་འབྱིན་པ་ཙམ་ཡིན་པའི་ཕྱིར་ཟེར་རོ། ། གཉིས་པ་ལན་ལ་བཞི། རང་ལ་སུན་འབྱིན་པ་དང་སྒྲུབ་པ་འཐད་ཚུལ། གཞན་གྱི་ཐལ་བ་མི་མཚུངས་པའི་རྒྱུ་མཚན། རང་བཞིན་མེད་པ་བསྒྲུབ་ནུས་པ་བཞིན་དུ་བཟློག་སྟེ་བསྒྲུབ་མི་ནུས་པ། འདིར་མ་བཤད་པའི་སུན་འབྱིན་ལྷག་མ་ཤེས་པར་བྱེད་ཚུལ་ལོ། དང་པོ་ལ་གཉིས། གཞན་ཕྱོགས་སུན་འབྱིན་ཚུལ། རང་ཕྱོགས་སྒྲུབ་ཚུལ་ལོ། །དང་པོ་ནི། ཤེས་བྱ་ཆོས་ཅན། སྔར་བཀོད་པའི་ཐལ་བར་འགྱུར་པ་འདི་ནི་དབུ་མ་པ་ལ་སྐྱོན་དུ་འགྱུར་བ་སྲིད་པ་མ་ཡིན་པར་ཐལ། སུན་འབྱིན་པས་སུན་དབྱུང་བྱ་དང་མ་ཕྲད་པར་སུན་ནི་འབྱིན་པར་བྱེད་དམ། འོན་ཏེ་ཕྲད་ནས་ཡིན་ཞེས་སྨྲས་ཟིན་པའི་ཉེས་པ་ནི་འདིར་རྒོལ་བ་གང་ལ་ངེས་པར་རང་བཞིན་གྱིས་གྲུབ་པར་འདོད་པའི་ཕྱོགས་ཡོད་པ་དེ་ལ་འགྱུར་གྱི། བདག་ལ་རང་བཞིན་གྱིས་གྲུབ་པར་དམ་བཅའ་བའི་ཕྱོགས་འདི་ནི་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ངེད་ལྟར་ན་སུན་འབྱིན་དང་སུན་དབྱུང་བྱ་གཉིས་ཀ་ཡང་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། འདིར་བསྒྲུབ་བྱ་སྒྲུབ་བྱེད་དང་བསྐྱེད་བྱ་སྐྱེད་བྱེད་སུན་འབྱིན་བྱ་འབྱིན་བྱེད་སོགས་ཆེས་འཐད་པ་ཡིན་ཏེ། ཇི་ལྟར་ཏེ་དཔེར་ན། ཁྱོད་ཀྱིས་གཟུགས་བརྙན་མཐོང་བ་ལ་བརྟེན་ནས་ཉི་མའི་དཀྱིལ་འཁོར་དང་བྱད་བཞིན་ལ་ཡོད་པའི་ཁྱད་པར་རྣམས་དང་། ཉི་མའི་གཟུགས་བརྙན་ལ་ཡང་དེ་གཟས་བཟུང་བ་ལ་སོགས་པ་རྣམས་ཀྱི་ཚེ་མཐོང་བར་འགྱུར་ལ། ཉི་མ་དང་ནི་བྱད་བཞིན་དང་དེ་དག་གི་གཟུགས་བརྙན་གཉིས་རྣམ་པར་ཕྲད་པ་དང་མ་ཕྲད་པར་སྐྱེ་ཞེས་བཏགས་དོན་འཚོལ་བའི་ཚུལ་གྱིས་དཔྱད་པ་ན་སྐྱེ་བ་མི་རིགས་མོད་ཀྱི། འོན་ཀྱང་ཉི་མ་དང་བྱད་བཞིན་ལ་བརྟེན་ནས་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་གྱི་གཟུགས་བརྙན་ཞིག་འབྱུང་བར་འགྱུར་ཞིང་། གཟུགས་བརྙན་དེ་ནི་མི་བདེན་བཞིན་དུ་འང་རང་གི་བྱད་བཞིན་མཛེས་པར་བསྒྲུབ་པར་བྱ་བའི་ཕྱིར། གཟུགས་བརྙན་དེ་ལ་ནི་ནུས་པ་ཡོད་པ་ཇི་ལྟར་དེ་བཞིན་དུ་འདིར་ཡང་མཚུངས་ཏེ། གདོང་པ་དང་འདྲ་བའི་ཤེས་རབ་ཀྱི་དྲི་མ་མ་རིག་པ་སྦྱང་བར་བྱ་བ་ལ། ནུས་པ་མཐོང་བར་འགྱུར་བའི་རྟེན་འབྲེལ་གྱི་རྟགས་ལ་སོགས་པའི་གཏན་ཚིགས་ནི་བསྒྲུབ་བྱ་རང་བཞིན་མེད་པར་རྟོགས་པའི་གཏན་ཚིགས་ཡང་དག་ཡིན་པའི་ཚུལ་ཡང་རང་བཞིན་གྱིས་ཡོད་པར་སྒྲུབ་པ་འཐད་པ་དང་བྲལ་བ་ལས་ཀྱང་དེ་ལྟར་ཡིན་ཞེས་ཤེས་པར་བྱ་དགོས་པའི་ཕྱིར། གཉིས་པ་ནི། དངོས་སྨྲ་བ་ཆོས་ཅན། ཁྱོད་ཀྱིས་ཁོ་བོ་ཅག་ལ་བཀོད་པ་དེ་དག་རང་ཉིད་ཡི་ཆད་པ་སྟེ་ཡིད་འབྱུང་བ་འབའ་ཞིག་ཡིན་པར་ཐལ། གལ་ཏེ་རང་གི་བསྒྲུབ་བྱ་གོ་བར་བྱེད་པ་གཏན་ཚིགས་ཀྱི་དངོས་པོའི་ངོ་བོ་རང་བཞིན་གྱིས་གྲུབ་པ་དངོས་སུ་གོ་བྱ་ཉིད་དུ་འགྱུར་པ་བསྒྲུབ་བྱའི་ངོ་བོ་འདི་རང་བཞིན་གྱིས་ཡོད་པར་གྱུར་ན། བསྒྲུབ་བྱ་སྒྲུབ་བྱེད་ཕྲད་པ་དང་ལ་སོགས་པས་མ་ཕྲད་པར་སྒྲུབ་པ་དང་སུན་འབྱིན་པའི་རིགས་པ་ཉེ་བར་སྦྱོར་བར་འགྱུར་པ་ཞིག་ན། རང་བཞིན་གྱིས་གྲུབ་པ་དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། དབུས་མ་པའི་དངོས་པོ་རྣམས་མཐའ་དག་དངོས་པོ་སྟེ་རང་བཞིན་མེད་པར་རྟོགས་སུ་གཞུག་པར་ནི་ནུས་པར་ཆེས་སླ་བ་ཇི་ལྟ་བ་དེ་ལྟར་ཕ་རོལ་པོས་གཞན་དབུ་མ་པ་དག་ལ་དངོས་པོ་རང་བཞིན་གྱིས་གྲུབ་པར་ཆུད་པར་བདེ་བླག་ཏུ་ནི་ནུས་པ་མ་ཡིན་ཏེ། གཉིས་ཀ་ལ་བདེན་པར་གྲགས་པའི་མཐུན་དཔེ་ཡང་དག་མེད་པའི་ཕྱིར་རོ། །དངོས་སྨྲ་བ་ཁྱོད་འདིར་སུ་ཞིག་གིས་བཅོལ་ཏེ་རྦད་ནས་ཁྱོད་ཀྱིས་འཇིག་རྟེན་པ་རྣམས་ལྷག་པར་རྟགས་དང་དཔེ་ལྟར་སྣང་ཚོགས་ཀྱི་ངན་རྟོག་གིས་རྟོག་གེ་ངན་པའི་དྲ་བས་ཅི་སྟེ་འཆིང་བར་བྱེད་དེ་མི་རིགས་པར་ཐལ། དེ་རྣམས་དེ་ལྟར་བཅིངས་པ་ལས་གྲོལ་བར་བྱེད་རིགས་པའི་ཕྱིར། བཞི་པ་ནི། ཕུང་པོ་ལ་བརྟེན་ནས་གང་ཟག་གདགས་པར་བཤད་པ་སོགས་བརྟེན་ནས་བཏགས་པའི་རྣམ་པར་གཞན་པ་ལ་། དངོས་སྨྲ་བའི་ཕྱོགས་ལ་སུན་འབྱིན་གྱི་ལན་ཡང་ཤེས་པར་བྱ་སྟེ། དེ་ནི་རྒྱུས་འབྲས་བུ་ཕྲད་མ་ཕྲད་གང་གིས་བསྐྱེད་ཅེས་པའི་སུན་འབྱིན་མཐའ་བཞིའི་སྐྱེ་འགོག་གི་ལྷག་མ་གོང་དུ་བསྟན་པ་ཡང་ནི་ཤེས་པར་བྱས་ནས་རྒྱུ་འབྲས་ཕྲད་ཞེས་བསྐྱེད་པ་ལ་སོགས་བརྟགས་ཏེ་བཀག་པའི་ཕྱོགས་ཀྱི་ལན་བརྗོད་པའི་ཆེད་དུ་རྩོད་པའི་སྐབས་འདིར་དེའི་བརྟག་པ་རང་ལ་མི་མཚུངས་པའི་ལན་གྱི་སུན་འབྱིན་པ་བཏང་བར་བྱ་དགོས་པའི་ཕྱིར་ཏེ། སྔར་བསྟན་པ་དེ་ནི་མཚོན་བྱེད་ཙམ་ཡིན་པའི་ཕྱིར། འདིའི་དོན་གོ་བདེ་བར་བྱས་ན་འདི་ལྟར་ཡིན་ཏེ། རྒྱུས་འབྲས་བུ་དང་ཕྲད་མ་ཕྲད་བརྟགས་པ་ལ་ཁོ་བོས་སུན་དབྱུང་བྱ་དང་འབྱིན་བྱེད་ཕྲད་མ་ཕྲད་བརྟགས་པའི་སྒོ་ནས་བསྒྲེ་བར་སྨྲ་བ་ན། རང་ཕྱོགས་ནས་རང་བཞིན་གྱིས་གྲུབ་པར་ཁས་ལེན་པ་མེད་པའི་ལན་འདེབས་པ་འདི་ནི། རྟེན་འབྲེལ་གྱི་རྣམ་གཞག་གཞན་གྱི་ཚེ་ཡང་བྱེད་དགོས་པར་བསྟན་པ་ཡིན་པའི་ཕྱིར། ཐལ་འགྱུར་བ་ཆོས་ཅན། ཁྱོད་ལ་སུན་ཅི་ཕྱིན་ཏུ་རྒོལ་བ་པ་ཡང་ཇི་ལྟར་ཡོད་པ་མ་ཡིན་པར་ཐལ། དེ་སྐད་དེ་ལྟར་སྔར་བཤད་ཟིན་པའི་སུན་འབྱིན་ལྷག་མ་ནི་དེ་མ་ཐག་ཏུ་བཤད་པའི་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱ་དགོས་པའི་ཕྱིར། དེ་ལྟར་གང་ཟག་གི་བདག་མེད་བསྟན་ནས་གསུམ་པ་ལ་གཉིས། སྟོང་ཉིད་ཀྱི་དབྱེ་བ་མདོར་བསྟན་པ། ཕྱེ་བ་སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། བདག་མེད་འདི་ནི་ཆོས་དང་གང་ཟག་གི་བདག་མེད་ཀྱི་དབྱེ་བ་རྣམ་པ་གཉིས་གསུངས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། འགྲོ་བ་རྣམས་སྲིད་ཞིའི་རྒུད་པ་ལས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་ཏེ་ཆེད་ཡིན་པའི་ཕྱིར་རོ། དེ་ལྟར་སྟོན་པས་སླར་ཡང་བདག་མེད་འདི་ཉིད་ནི་ཆོས་ཅན། གདུལ་བྱ་རྣམས་ལ་ཕྱེ་སྟེ་རྣམ་པ་མང་དུ་གསུངས་པ་ཡིན་ཏེ། རྒྱལ་པའི་ཡུམ་ལས་སྤྲོས་པ་དང་བཅས་ཏེ་སྟོང་པ་ཉིད་བཅུ་དྲུག་གི་དབྱེ་བ་བཤད་ནས་སླར་ཡང་མདོར་བསྡུས་ཏེ་བཞིར་བཤད་ལ། དེ་དག་ནི་ཐེག་ཆེན་དུ་ཡང་བཞེད་པ་ཡིན་པའི་ཕྱིར་ཏེ། མདོ་དེ་ལས། ནང་སྟོང་པ་ཉིད་དང་། ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ་ཞེས་སྟོང་ཉིད་བཅུ་དྲུག་བསྟན་ནས། རབ་འབྱོར་གཞན་ཡང་། དངོས་པོ་ནི་དངོས་པོས་སྟོང་ངོ་། དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། ཞེས་སླར་ཡང་བཞིར་བསྡུས་ནས་བསྟན་པའི་ཕྱིར། གཉིས་པ་ལ་གཉིས། བཅུ་དྲུག་ཏུ་ཕྱེ་བ་དང་། བཞིར་ཕྱེ་བའོ། དང་པོ་ལ་བཅུ་དྲུག་ལས། དང་པོ་ནི། ནང་གི་ཆོས་མིག་ལ་སོགས་པ་དྲུག་པོ་ཡི་རང་བཞིན་གྱིས་མེད་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། ནང་སྟོང་པ་ཉིད་དུ་འདོད་པ་ཡིན་ཏེ། མིག་ནི་མིག་རང་གི་ངོ་བོས་གྲུབ་པས་སྟོང་པའི་ཕྱིར་ཏེ། རྒྱུ་མཚན་གང་གི་ཕྱིར་ན། མིག་དེའི་རང་བཞིན་ནི་རང་གི་ངོ་བོས་སྟོང་པ་དེ་ཡིན་པའི་ཕྱིར། དེར་ཐལ། མིག་དོན་དམ་པར་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་བསྙད་པར་བྱ་སྟེ། རང་ཉིད་རང་གི་ངོ་བོས་སྟོང་པའི་ཕྱིར་དང་། དོན་དམ་པར་ཐེར་ཟུག་དང་འཇིག་པ་མིན་པའི་ཕྱིར་ཐེར་ཟུག་ཏུ་མེད་པའི་དོན་ཡང་ཡོད་དེ། ཐེར་ཟུག་ཏུ་ཡོད་ན་རང་བཞིན་མི་འདོར་ཞིང་ཉམས་པ་མེད་པ་ཞིག་ཡིན་དགོས་ལ། མིག་སོགས་ནི་དེ་ལྟར་མ་ཡིན་པའི་ཕྱིར་རོ། ། གཉིས་པ་ནི། རྒྱུད་ཀྱིས་མ་བསྡུས་པའི་ཕྱི་རོལ་གྱི་གཟུགས་སོགས་ཡུལ་དྲུག་རང་བཞིན་གྱིས་མེད་པ་ཉིད་ཆོས་ཅན། ཕྱི་རོལ་སྟོང་ཉིད་དུ་འདོད་དེ། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པའི་ཕྱིར་ཏེ། གང་གི་ཕྱིར་ན། གཟུགས་དེ་ཡི་རང་བཞིན་ནི་དེ་ཡིན་པའི་ཕྱིར་རོ། །དེ་བཞིན་གཞན་ལྔ་ལ་ཡང་སྦྱར་བར་བྱ་སྟེ། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ཉིད་ཀྱང་དེ་ལྟར་ཤེས་དགོས་པའི་ཕྱིར། ཐེག་ཟུག་སོགས་གཉིས་ནི་གཞན་ལའང་སྦྱར་བར་བཤད་དོ། ། གསུམ་པ་ཡོད་དེ། དབང་རྟེན་ཁོག་པ་ལྟ་བུ་ནི་ཤེས་རྒྱུད་ཀྱིས་བསྡུས་ཤིང་དབང་པོས་མ་བསྡུས་པས་ཕྱི་ནང་གཉིས་ཆར་གཏོགས་ལ་དེ་ཡང་རང་བཞིན་གྱིས་མེད་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཡིན་པའི་ཕྱིར། བཞི་བ་ཡོད་དེ། ཆོས་རྣམས་རང་བཞིན་གྱིས་མེད་པ་ཉིད་མཁས་པས་རང་བཞིན་སྟོང་པ་ཉིད་ཅེས་བསྙད་པ་སྟེ་བཤད་པའི་ཕྱིར། སྟོང་པ་ཉིད་དེ་ཡང་སྟོང་ཉིད་ཀྱི་ངོ་བོས་གྲུབ་པས་སྟོང་བར་འདོད་པ་ཡིན་ཏེ། སྟོང་པ་ཉིད་དུ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། སྟོང་གཞི་ལ་སྟོང་ཉིད་ཞེས་བྱ་བའི་སྟོང་ཉིད་གང་ཡིན་པ་དེ་ཆོས་ཅན། སྟོང་པ་ཉིད་སྟོང་པ་ཉིད་དུ་འདོད་དེ། སྟོང་ཉིད་ལ་དངོས་པོ་སྟེ་བདེན་པར་འཛིན་པའི་བློ་ཅན་གྱི་བདེན་པར་འཛིན་པ་བཟློག་པའི་ཕྱིར་དུ་དེ་ལྟར་གསུང་པ་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། ཤར་ལ་སོགས་པ་ཕྱོགས་འདི་དག་བཅུ་ཆར་ཕྱོགས་རྣམས་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་ནི་གང་ཡིན་པ་དེ་ཆེན་པོ་སྟོང་པ་ཉིད་ཡིན་པའི་ཕྱིར། དེ་ལ་ཆེན་པོ་སྟོང་པ་ཉིད་ཅེས་གསུངས་པ་ལ་རྒྱུ་མཚན་ཡོད་དེ། བཅུད་ཀྱི་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་ནི་མ་ལུས་པ་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་དང་། དམིགས་པའི་སྒོ་ནས་ཕྱོགས་ཚད་མེད་ཅིང་དཔེ་ཡིས་མུ་མཐའ་མེད་པར་བཞག་པའི་ཕྱིར་ན་ཕྱོགས་བཅུ་རྣམས་ཆེན་པོ་ཉིད་ཡིན་པས་དེར་བརྗོད་པའི་ཕྱིར། དེ་ལྟར་གསུངས་པ་ལ་དགོས་པ་ཡོད་དེ། ཕྱོགས་དེ་དག་ཆེན་པོར་བདེན་པར་འཛིན་པ་བཟློག་པའི་ཕྱིར་དུ་གསུངས་པ་ཡིན་པའི་ཕྱིར། དྲུག་པ་ཡོད་དེ། ཆོས་སྐུ་མྱང་འདས་དེ་ནི་དེ་ཡི་རང་གི་ངོ་བོས་སྟོང་པ་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་སྟོང་པ་ཉིད་ཡིན་པའི་ཕྱིར། མྱང་འདས་དེ་ནི་ཆོས་ཅན། དོན་དམ་པ་ཡིན་ཏེ། ཐོབ་པར་བྱ་བའི་དགོས་པ་མཆོག་ཡིན་པའི་ཕྱིར་དང་། སྡུག་ཀུན་གྱི་མྱ་ངན་ལས་འདས་པའང་ཡིན་པའི་ཕྱིར། དོན་དམ་མཁྱེན་པའི་སངས་རྒྱས་ཀྱིས་དོན་དམ་པ་སྟོང་པ་ཉིད་ནི་བསྟན་པར་མཛད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། མྱང་འདས་དངོས་པོ་སྟེ་བདེན་པར་འཛིན་པའི་བློ་ཅན་གྱི་བདེན་པར་འཛིན་པ་བཟློག་པར་བྱ་བའི་ཕྱིར་དུ་གསུངས་པའི་ཕྱིར། བདུན་པ་ཡོད་དེ། འདུས་བྱས་ཁམས་གསུམ་པོ་དེ་ནི་དེ་ཡི་ངོ་བོས་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུས་བྱས་སྟོང་པ་ཉིད་དུ་གསུངས་པའི་ཕྱིར། ཁམས་གསུམ་པོ་ཆོས་ཅན། འདུས་བྱས་ཡིན་པར་ངེས་པར་བསྙད་དེ། རང་གི་རྒྱུ་རྐྱེན་ལས་བྱུང་བའི་ཕྱིར། བརྒྱད་པ་ཡོད་དེ། ནམ་མཁའ་སོགས་ཆོས་གང་ལ་སྐྱེ་བ་དང་གནས་པ་ལས་གཞན་དུ་འགྱུར་བ་དང་མི་རྟག་པ་ཉིད་དེ་དག་མེད་པས་འདུས་མ་བྱས་ཞེས་བརྗོད་པ་དེ་ནི་དེ་ཡི་ངོ་བོས་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་ཡིན་པའི་ཕྱིར། དགུ་པ་ཡོད་དེ། གཞི་གང་ལ་མཐར་འཛིན་དུ་ལྟུང་བའི་རྟག་ཆད་ཀྱི་མཐའ་ནི་ཡོད་པ་མིན་པ་རྟེན་འབྲེལ་དེ་ནི་འདིར་མཐའ་ལས་འདས་པར་བརྗོད་ལ། རྟེན་འབྲེལ་མཐའ་བྲལ་དེ་ནི་དེའི་ངོ་བོས་གྲུབ་པ་ཁོ་ནས་སྟོང་པ་ཉིད་དེ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་དུ་བསྙད་པའི་ཕྱིར། འདིར་མཐའ་ཞེས་པ་ནི། འཇིག་རྟེན་ན་བྲག་གཡང་ལ་མཐའ་དང་དེ་ལས་ལྷུང་བ་ལ་མཐའ་ལས་ལྷུང་ཞེས་བརྗོད་པ་ལྟར། མེད་པ་ལ་དེར་ཡོད་པར་སྒྲོ་འདོགས་པ་རྟག་པའི་མཐར་འཛིན་དང་ཡོད་པ་ལ་མེད་པར་སྐུར་པ་འདེབས་པའི་འཛིན་པ་དེ་ཆད་པའི་མཐར་འཛིན་ཡིན་ལ། དེ་གཉིས་ཀྱིས་བཟུང་བའི་དོན་ལ་མཐའ་དང་། དེར་འཛིན་པ་པོ་ཕུང་བར་འགྱུར་བ་ལ་མཐར་ལྟུང་ཞེས་བཤད་ཅིང་མཐའ་དེ་གཉིས་སྤངས་པའི་དབུ་མ་བདེན་གྲུབ་ཏུ་འཛིན་པ་བཟློག་པའི་ཆེད་དུ་སྟོང་ཉིད་འདི་གསུངས་སོ། ། བཅུ་པ་ཡོད་དེ། དུས་འདི་ཡན་དུ་མ་བྱུང་ངོ་ཞེས་པའི་ཐོག་མའི་མཐའ་དང་པོ་དང་། དུས་འདི་ཕྱིས་མི་འབྱུང་ཞེས་པའི་ཐ་མའི་མཐའ་དེ་དག་མེད་པས་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་པར་བརྗོད་ལ། འགྲོ་འོང་རང་བཞིན་གྱིས་བྲལ་པའི་ཕྱིར་ན་རྨི་ལམ་ལྟ་བུའི་སྲིད་པ་འདི་སྲིད་པ་དེའི་ངོ་བོས་གྲུབ་པས་དབེན་པ་ཉིད་གང་ཡིན་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ་ཞེས་བསྟན་བཅོས་ཀྱི་སྒྲས་བཤད་པ་ཡུམ་གྱི་མདོ་ལས་ནི་ངེས་པར་བསྙད་པ་སྟེ་བཤད་པའི་ཕྱིར། འཁོར་བ་ལ་ཕྱི་མཐའ་ཡོད་པར་བཤད་པ་དང་། འདིར་འཁོར་བ་ལ་ཐ་མའི་མཐའ་མེད་པར་བཤད་པ་ནི་དོན་ཅུང་ཟད་མི་འདྲ་པས་མི་འགལ་ལོ། ། བཅུ་གཅིག་པ་ཡོད་དེ། དོར་ཞེས་བྱ་བ་ནི་འཐོར་དང་འབོར་ལ་ནི་ངེས་པར་བརྗོད་ལ་དོར་བ་མེད་པ་ནི་ཕར་གཏོང་བ་མེད་པ་སྟེ་རང་གི་ངོ་བོ་འགའ་ཡང་དུས་ནམ་དུ་ཡང་དོར་བ་མེད་པའི་ཐེག་ཆེན་གང་ཡིན་པའི་དོར་བ་མེད་པ་དེ་ཉིད་ཀྱི་རང་བཞིན་གྱིས་གྲུབ་པས་སྟོང་པ་དེ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་དེའི་རང་བཞིན་ཡིན་པའི་ཕྱིར་ན། དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བར་བརྗོད་པའི་ཕྱིར་རོ། ། བཅུ་གཉིས་པ་ནི། འདུས་བྱས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་ཆོས་ཉིད་དེ་རང་བཞིན་ཉིད་དུ་བསྙད་པ་ཡིན་ཏེ། གང་གི་ཕྱིར་ན་ཆོས་ཉིད་དེ་སློབ་མ་ཉན་ཐོས་དང་། རང་སངས་རྒྱས་དང་། རྒྱལ་སྲས་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་མ་མཛད་ཅིང་གཤིས་ལུགས་སུ་གནས་པ་དེའི་ཕྱིར། འདུས་བྱས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་ཀྱི་ངོ་བོ་ཉིད་ཆོས་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། རང་བཞིན་སྟོང་པ་ཉིད་ཡིན་ཏེ། རང་བཞིན་དེ་དེ་ཉིད་ཀྱི་རང་གི་ངོ་བོས་གྲུབ་པས་སྟོང་པ་ཉིད་ཡིན་པའི་ཕྱིར། བཅུ་གསུམ་པ་ཡོད་དེ། མིག་སོགས་རྟེན་དབང་པོའི་ཁམས་དྲུག་དང་། མིག་གི་རྣམ་ཤེས་སོགས་བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་དང་། གཟུགས་སོགས་དམིགས་པ་ཡུལ་གྱི་ཁམས་དྲུག་སྟེ་ཁམས་བཅྭ་བརྒྱད་དང་། མིག་གི་འདུས་ཏེ་རེག་པ་སོགས་རེག་པ་དྲུག་དང་རེག་པ་དེ་དྲུག་ལས་བྱུང་བའི་ཚོར་བ་དྲུག་དང་། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གཉིས་དང་། དེ་བཞིན་དུ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ནི་ཆོས་ཐམས་ཅད་ཅེས་བྱ་ལ། ཆོས་དེ་དག་ནི་ཐམས་ཅད་ཀྱི་དེ་དག་གི་རང་གི་ངོ་བོས་གྲུབ་པས་དབེན་པ་གང་ཡིན་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར། བཅུ་བཞི་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུས་པའོ། དང་པོ་ནི། གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པ་སྟེ་ཚོར་བའི་མཚན་ཉིད་མྱོང་བ་སོགས་དངོས་པོ་སྟེ་རང་གི་མཚན་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ནི་ཆོས་ཅན། རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ཏེ། སྟོང་གཞི་དེ་ཉིད་ཀྱིས་བདེན་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། གཞི་ཆོས་དང་། ལམ་གྱི་ཆོས་དང་། འབྲས་བུའི་ཆོས་ཀྱི་རང་གི་མཚན་ཉིད་དོ། །དང་པོ་ཡོད་དེ། གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་ཅན་ནམ་རང་བཞིན་ཅན་དང་། ཚོར་བ་ནི་བདེ་སྡུག་མྱོང་བའི་བདག་ཉིད་ཅན། འདུ་ཤེས་ནི་ཕྱིིའི་མཚན་མ་སྔོ་སེར་སོགས་དང་ནང་གི་མཚན་མ་བདེ་སྡུག་སོགས་ཀྱི་ཁྱད་པར་མཚན་མར་འཛིན་པ་དང་། འདུ་བྱེད་ནི་མངོན་པར་འདུ་བྱེད་པ་དང་། རྣམ་ཤེས་རང་གི་མཚན་ཉིད་ནི་ཡུལ་ལ་སོ་སོར་རྣམ་པར་རིག་པ་དང་། ཕུང་པོ་ནི་རང་གི་མཚན་ཉིད་སྡུག་བསྔལ་བ་དང་། ཁམས་རྣམས་ཀྱི་བདག་ཉིད་དེ་རང་གི་མཚན་ཉིད་སྦྲུལ་གདུག་པ་ལྟ་བུར་འདོད་པ་དང་། སྐྱེ་མཆེད་རྣམས་ནི་སངས་རྒྱས་ཀྱིས་སྡུག་བསྔལ་སྐྱེ་བའི་སྒོར་གྱུར་པ་ཉིད་དུ་གསུངས་ལ། མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་རྒྱུ་རྐྱེན་གྱི་འདུ་འཕྲོད་པའི་མཚན་ཉིད་དང་བདག་ཉིད་ཅན་གྱི་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར། མཚན་ཉིད་དེ་དག་ནི་དོན་ལྡོག་ཡིན་པའི་ངེས་པ་མེད་དེ། རང་རང་གི་རང་བཞིན་མཚོན་པའི་གཙོ་བོ་སྨོས་པ་ཉིད་ཡིན་པའི་ཕྱིར། འདིར་ཚིག་ལ་འཁྲི་བ་ཙམ་ལྷུར་མི་བྱ་སྟེ། དོན་བཤད་པ་དགོས་པ་གཙོ་བའི་ཕྱིར། གཉིས་པ་ཡོད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཞན་ལ་དངོས་པོ་ཡོངས་སུ་གཏོང་བའི་མཚན་ཉིད་ཅན་དང་། ཚུལ་ཁྲིམས་ནི་གདུང་བ་མེད་པའི་མཚན་ཉིད་ཅན་དང་། བཟོད་པ་ནི་ཁྲོ་བ་མེད་པའི་མཚན་ཉིད་ཅན། བརྩོན་འགྲུས་ཀྱི་མཚན་ཉིད་ནི་ཁ་ན་མ་ཐོ་བ་མེད་པ་ཉིད་དང་། བསམ་གཏན་ནི་དགེ་བ་ཆོས་སྡུད་པ་རྩེ་གཅིག་པའི་མཚན་ཉིད་ཅན་དང་། ཤེས་རབ་ནི་ཆོས་གང་ལ་ཡང་བདེན་པར་ཆགས་པ་མེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། དེ་ལྟར་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་མཚན་ཉིད་འདི་དག་ཡིན་པར་མདོ་ལས་བརྗོད་པའི་ཕྱིར། བསམ་གཏན་སོགས་ཀྱི་རང་གི་མཚན་ཉིད་ཡོད་དེ། བསམ་གཏན་རྣམས་དང་། ཚད་མེད་པ་དང་། དེ་བཞིན་དུ་གཞན་གང་གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ཡང་དག་མཁྱེན་པ་ཡི་སངས་རྒྱས་ཀྱིས་མི་འཁྲུགས་པའི་མཚན་ཉིད་ཅན་དུ་གསུངས་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་ངེས་པར་འབྱུང་བར་བྱེད་པའི་རང་གི་མཚན་ཉིད་ཅན་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་མཚན་ཉིད་ནི། བདེན་འཛིན་གྱི་དམིགས་པའི་གཏད་སོ་མེད་པས་རྣམ་པར་དབེན་པའི་མཚན་ཉིད་ཅན་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་མཚན་འཛིན་གྱི་དམིགས་པའི་གཏད་སོ་ཞི་བ་ཉིད་ཀྱི་མཚན་ཉིད་ཅན་དང་། རྣམ་པར་ཐར་པའི་སྒོ་གསུམ་པ་སྨོན་པ་མེད་པའི་མཚན་ཉིད་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཡོངས་སུ་ཤེས་ནས་དེ་ལ་སྡུག་བསྔལ་ཏུ་ལྟ་བ་དང་སྲིད་པའི་ཕུན་ཚོགས་ལ་མི་སྨོན་པས་གཏི་མུག་མེད་པའི་མཚན་ཉིད་ཅན་དང་། རྣམ་པར་ཐར་པ་རྣམས་ཀྱི་མཚན་ཉིད་ནི་སྒོམས་འཇུག་གི་སྒྲིབ་པ་ལས་རྣམ་པར་གྲོལ་པར་བྱེད་པ་ཅན་ཡིན་པའི་ཕྱིར་རོ། ། གསུམ་པ་ནི། སྟོབས་ནས་བཏང་སྙོམས་ཀྱི་བར་རང་རང་གི་མཚན་ཉིད་ཡོད་དེ། འཆད་འགྱུར་ལྟར་སངས་རྒྱས་ཀྱི་སྟོབས་རྣམས་ནི། ཤིན་ཏུ་རྣམ་པར་གཏན་ལ་འབེབས་པའི་རང་བཞིན་ཅན་དུ་གསུངས་ལ། སྐྱོབ་པའི་མི་འཇིགས་པ་རྣམས་ནི་ཤིན་ཏུ་བརྟན་པའི་ངོ་བོ་ཅན་ཡིན་པ་དང་སོ་སོར་ཡང་དག་པར་རིག་པ་རྣམས་ནི། སྤོབས་པ་སོགས་ཆད་པ་མེད་པའི་མཚན་ཉིད་ཅན་དང་། བྱམས་པ་ཆེན་པོ་ཞེས་བྱ་བ་ནི། འགྲོ་ལ་ཕན་པ་ཉེ་བར་སྒྲུབ་པའི་མཚན་ཉིད་ཅན་དང་། ཐུགས་རྗེ་ཆེན་པོ་ནི། སེམས་ཅན་སྡུག་བསྔལ་ཅན་རྣམས་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་དང་། དགའ་བ་ཆེན་པོ་ནི། རབ་ཏུ་དགའ་བའི་མཚན་ཉིད་ཅན་དང་། བཏང་སྙོམས་ཆེན་པོ་ནི། ཆགས་སྡང་དང་མ་འདྲེས་པའི་མཚན་ཉིད་ཅན་དུ་ཤེས་པར་བྱ་དགོས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་དང་བརྒྱད་དུ་གང་འདོད་པ་དེ་དག་ཆོས་ཅན། གཞན་གྱིས་མི་འཕྲོགས་པའི་རང་གི་མཚན་ཉིད་ཅན་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། སྟོན་པ་ལ་མི་མཐུན་ཕྱོགས་འཁྲུལ་བ་སོགས་མི་མངའ་ཞིང་། འཁྲུལ་བ་དེ་རྣམས་ཀྱིས་གླགས་མི་རྙེད་པས་མི་འཕྲོགས་པ་སྟེ་ཐུབ་པར་མི་ནུས་པའི་རང་བཞིན་ཅན་ཡིན་པ་དེའི་ཕྱིར། རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་ཅན། ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་མཚན་ཉིད་ཅན་དུ་འདོད་པ་ཡིན་ཏེ། ཤེས་བྱ་མཐའ་དག་མངོན་སུམ་དུ་གཟིགས་པའི་ཕྱིར། ཁྱབ་སྟེ། དེ་ལས་གཞན་པའི་ཤེས་པ་ནི་ཡུལ་ཉི་ཚེ་བ་ཙམ་ལ་འཇུག་པ་ཉིད་ཀྱིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ཞེས་བྱ་བར་མི་འདོད་པའི་ཕྱིར་རོ། །སྔར་བཤད་པ་དེ་དག་གི་ཁྱད་པར་རྒྱས་པར་ནི་འདིའི་རྣམ་བཤད་དང་། རྣམ་བཤད་སྙིང་པོའི་རྒྱན་རྩ་འགྲེལ་དང་། དེའི་དོན་ཁོ་བོས་བཤད་པའི་ཕར་ཕྱིན་ལས་ཀྱང་ཤེས་པར་བྱ་སྟེ། འདིར་མང་དུ་དོགས་ནས་མ་བྲིས་སོ། ། གསུམ་པ་ནི། གང་ཞིག་འདུས་བྱས་ཀྱི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང་། འདུས་མ་བྱས་པའི་ཆོས་རྣམས་ཀྱི་རང་མཚོན་བྱེད་ཀྱི་མཚན་ཉིད་གང་ཡིན་དེ་རྣམས་དེའི་ངོ་བོས་གྲུབ་པ་ཁོ་ནས་སྟོང་པ་ཉིད་དེ་ནི་ཆོས་ཅན། རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ཏེ། མཚན་ཉིད་དེ་རྣམས་གྱི་བདེན་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར། བཅྭ་ལྔ་པ་ནི། དུས་གསུམ་དེ་མི་དམིགས་པ་སྟོང་པ་ཉིད་ཀྱི་སྟོང་གཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། བྱུང་ཟིན་དང་འབྱུང་འགྱུར་དང་ད་ལྟ་བ་དེ་དག་རིམ་པ་བཞིན་དུ་ངོ་བོ་ཞི་བ་དང་དེར་མ་སྐྱེས་པ་དང་རང་གྲུབ་པའི་འོག་གང་དུ་མི་དམིགས་པ་དེ་ལ་ནི་མི་དམིགས་པ་ཞེས་བརྗོད་ལ། དེ་ཡང་ད་ལྟར་བྱུང་བ་འདིར་གྲུབ་དུས་ཀྱི་སྐད་ཅིག་གཉིས་པ་ཕན་ཆད་དུ་མི་གནས་ཤིང་། བྱུང་ཟིན་འདས་པ་དང་། དུས་དེར་འབྱུང་འགྱུར་མ་འོངས་པ་ནི་རིམ་པ་བཞིན་ད་ལྟར་ཞིག་ཅིང་མ་སྐྱེས་པའི་ཆ་ཡིན་པས་ད་ལྟ་ཡོད་པ་མ་ཡིན་པས་དེ་ལྟར་བཞག་པའི་ཕྱིར། མི་དམིགས་པ་དེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་ཡིས་དབེན་པ་ཉིད་གང་ཡིན་པ་དེ་ནི་ཆོས་ཅན། མི་དམིགས་པ་ཞེས་བྱ་བའི་སྟོང་པ་ཉིད་ཡིན་ཏེ། ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། འཇིག་པ་མ་ཡིན་པའི་ཚུལ་གྱིས་མི་དམིགས་པ་དེའི་ཆོས་ཉིད་ཡིན་པའི་ཕྱིར། བཅུ་དྲུག་པ་ནི། དངོས་པོ་རྣམས་ཆོས་ཅན། ཁྱོད་ལ་རྒྱུ་རྐྱེན་འདུས་པ་ལས་བྱུང་བའི་ངོ་བོ་རང་བཞིན་གྱིས་མེད་དེ། རྒྱུ་རྐྱེན་ལས་ལྟོས་ནས་བྱུང་བའི་ཕྱིར། འདུས་པ་པ་ནི་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་ཆོས་ཅན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ཏེ། འདུས་པ་དེ་ཉིད་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། ། གཉིས་པ་ནི། ཕུང་པོ་ལྔ་པོ་དེ་རྣམས་དེ་ཡི་རང་གི་ངོ་བོས་སྟོང་པ་ཉིད་གང་ཡིན་པ་དེ་ཆོས་ཅན། དངོས་པོ་སྟོང་པ་ཉིད་དུ་མདོ་ལས་བཤད་པ་ཡིན་ཏེ། དངོས་པོ་སྟོང་པ་ཉིད་ཅེས་བྱ་བའི་དངོས་པོའི་སྒྲས་ནི་མདོར་བསྡུས་ན་ཕུང་པོ་ལྔ་རྣམས་བརྗོད་པ་ཡིན་ལ་ཁྱོད་དེ་དག་གི་ཆོས་ཉིད་ཡིན་པའི་ཕྱིར། ཡང་མདོར་བསྡུས་ན་ནི་སྤྱིར་དངོས་པོ་མེད་པ་ནི་འདུས་མ་བྱས་ནམ་མཁའ་ལ་སོགས་པའི་ཆོས་རྣམས་ལ་བརྗོད་ཅིང་འདུས་མ་བྱས་དེ་ཉིད་དངོས་མེད་ཀྱི་ཆོས་དེའི་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་ཆོས་ཅན། དངོས་པོ་མེད་པ་སྟོང་པ་ཉིད་ཡིན་ཏེ། དེའི་ཆོས་ཉིད་ཡིན་པའི་ཕྱིར། རང་བཞིན་ནི་ཆོས་ཉིད་ཀྱི་རང་བཞིན་ཡིན་ལ་དེ་ཉིད་རང་གི་ངོ་བོ་ཉིད་དུ་རང་བཞིན་གྱིས་མེད་པ་དེ་ནི་ཆོས་ཅན། རང་བཞིན་ཞེས་བྱ་བའི་སྟོང་པ་ཉིད་དུ་བརྗོད་དེ། འདི་ལྟར་རང་བཞིན་དེ་ནི་ཉན་ཐོས་ལ་སོགས་པས་མ་བྱས་པས་རང་བཞིན་ཞེས་ནི་བྱ་བར་བསྙད་ལ། སངས་རྒྱས་རྣམས་ནི་འཇིག་རྟེན་དུ་འབྱུང་བའམ་སྟེ་བྱུང་བ་ཡང་རུང་མ་བྱུང་ཡང་རུང་། དངོས་སུ་ན་དངོས་པོ་ཀུན་གྱི་རང་བཞིན་སྟོང་པ་ཉིད་དེ་ནི། གཞན་གྱི་དངོས་པོ་སྟེ་ངོ་བོར་རབ་ཏུ་བསྒྲགས་པའི་ཕྱིར། འཁོར་བ་ཟད་པ་ཡང་དག་པའི་མཐའ་མྱང་འདས་དང་དེ་ཁོ་ན་ཉིད་ལས་རྣམ་པ་གཞན་དུ་མི་འགྱུར་བའི་དེ་བཞིན་ཉིད་བདེན་སྟོང་དེ་ཆོས་ཅན། གཞན་གྱི་དངོས་པོའི་སྟོང་པ་ཉིད་ཡིན་ཏེ། སྟོང་གཞི་དེ་དག་ངོ་བོས་གྲུབ་པས་སྟོང་པའི་གཞན་གྱི་ངོ་བོའི་ཆོས་ཉིད་ཡིན་པའི་ཕྱིར། སྔར་བཤད་པའི་སྟོང་ཉིད་དེ་དག་ཆོས་ཅན། མདོ་ལས་བཤད་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱལ་བའི་ཡུམ་ལས་དེ་སྐད་རབ་ཏུ་བསྒྲགས་པ་སྟེ་བཤད་པའི་ཕྱིར། བཞི་པ་ནི། སྔར་བཤད་པའི་རྣམ་པ་དེ་ལྟར་དཔྱད་ལས་བྱུང་བའི་བློ་གྲོས་ཀྱི་འོད་ཟེར་གྱིས་དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་ཀྱི་མུན་པ་འཇོམས་པའི་སྣང་བ་གསལ་བར་བྱས་པའི་བྱང་སེམས་ས་དྲུག་པ་དེ་ཆོས་ཅན། ཐ་སྙད་པ་ཀུན་རྫོབ་བདེན་པའི་སྟོབས་ཀྱིས་དོན་དམ་པའི་འགོག་པར་འགྲོ་བ་སྟེ་སྙོམས་པར་འཇུག་པ་ཡིན་ཏེ། སྲིད་པ་གསུམ་པོ་འདི་དག་མ་ལུས་པ་གདོད་མ་ནས་རང་བཞིན་གྱིས་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ། དཔེར་ན། བྱང་སེམས་རང་གི་ལག་ན་གནས་པའི་སྐྱུ་རུ་ར་རློན་པའི་འབྲས་བུ་བཞིན་དུའོ། །དེ་ཆོས་ཅན། རྟག་ཏུ་འགོག་པ་འོད་གསལ་བར་གཏོགས་པའི་བསམ་པ་དང་ལྡན་པ་ཡིན་མོད་ཀྱི། འགྲོ་བ་སྐྱོབ་འདོད་ཀྱི་ཐུགས་མི་འདོར་ཏེ། འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད་པའི་ཕྱིར། དེ་ཆོས་ཅན། ས་དྲུག་པའི་མཇུག་དེ་མ་ཐག་ཏུ་ས་དེའི་གོང་ས་བདུན་པར་ཕྱིན་ནས་བདེ་གཤེགས་གསུང་སྐྱེས་ཉན་ཐོས་རྣམས་རང་སངས་རྒྱས་འབྲིང་པོ་དང་བཅས་པ་ནི་མ་ལུས་པ་རྣམས་བློ་ཡི་སྟོབས་ཀྱིས་ཕམ་པར་བྱེད་པ་སྟེ་ཟིལ་གྱིས་གནོན་པའང་ཡིན་ཏེ། དེར་ཐུན་མོང་མ་ཡིན་པའི་འགོག་པ་ཡང་དག་པའི་མཐའ་མཇུག་ལྡང་ཁྱད་པར་ཅན་བྱེད་ནུས་པར་འགྱུར་བའི་ཕྱིར། བྱང་སེམས་ངང་པའི་རྒྱལ་པོ་དེ་ཆོས་ཅན། རྒྱལ་བའི་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་མཆོག་ཏུ་འགྲོ་བ་ཡིན་ཏེ། ཀུན་རྫོབ་རྒྱ་ཆེའི་ལམ་གྱི་རིམ་པ་དང་། དེ་ཁོ་ན་ཉིད་རྟོགས་པ་ཟབ་མོའི་ལམ་གྱི་རིམ་པའི་གཡས་གཡོན་གྱི་གཤོག་པ་ཡངས་པ་དཀར་པོ་རྒྱས་པར་གྱུར་པ་བྱང་སེམས་རང་ཉིད་གདུལ་བྱའི་སྐྱེ་བོའི་ངང་པ་ཡིས་མདུན་དུ་བདར་ནས་སྔོན་ནས་མང་དུ་བསགས་པའི་དགེ་བའི་རླུང་གི་ཤུགས་ཏེ་ཐབས་ཤེས་ཟུང་དུ་འབྲེལ་བའི་ཚོགས་གཉིས་ཀྱི་ནུས་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་སར་བགྲོད་པར་བྱེད་པའི་ཕྱིར། འདི་ནི་གཟུགས་ཅན་གྱི་རྒྱན་དུ་བྱས་པ་ཡིན་ཏེ། བྱང་སེམས་ས་དྲུག་པ་བ་རང་ཉིད་དང་ངང་པ་སྦྱར། ཐབས་ཤེས་གཉིས་དང་གཡས་གཡོན་གྱི་གཤོག་པ། བྱང་སེམས་རང་གི་གདུལ་བྱ་རྣམས་དང་ངང་པའི་འཁོར་ཚོགས་རྒྱ་ཆེན་པོ་དང་རླུང་། དེའི་ཤུགས་དང་ཚོགས་ཀྱི་ནུས་པ། སངས་རྒྱས་ཀྱི་ཡོན་ཏན་དང་རྒྱ་མཚོ། དང་པོ་རྒྱ་མཚོའི་ཕ་རོལ་ཏུ་བགྲོད་པ་དང་བྱང་སེམས་དེས་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་རྫོགས་པར་བྱེད་ཅིང་བགྲོད་པ་རྣམས་སྦྱར་བ་ཡིན་པའི་ཕྱིར། དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་ལས། སེམས་བསྐྱེད་པ་དྲུག་པའི་བཤད་པའོ། གསུམ་པ་ལ་བཞི། ས་བདུན་པ། བརྒྱད་པ། དགུ་པ། བཅུ་པ་བཤད་པའོ། དང་པོ་ནི། ས་བདུན་པ་རིང་དུ་སོང་བ་འདིར་གནས་པའི་བྱང་སེམས་འདི་ནི་ཆོས་ཅན། ཐུན་མོང་མ་ཡིན་པའི་སྙོམས་འཇུག་ཁྱད་པར་ཅན་འཐོབ་པར་འགྱུར་ཏེ། བྱ་རྫོགས་ཀྱི་ཐུང་མཐའི་སྐད་ཅིག་དང་སྐད་ཅིག་མ་རེ་རེ་ལ་ནི་ཐུན་མོང་མ་ཡིན་པའི་འགོག་པ་ཡང་དག་པའི་མཐར་སྙོམས་པར་འཇུག་པར་འགྱུར་ཞིང་ལྡང་ནུས་པའི་ཡེ་ཤེས་དང་ལྡན་པའི་ཕྱིར། ཕར་ཕྱིན་གྱི་ཡོན་ཏན་གང་ལྷག་པ་ཡོད་དེ། ཕར་ཕྱིན་བཅུའི་ནང་ནས་ཐབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ལེགས་པར་འབར་བ་སྟེ་ཆེས་ཡོངས་སུ་དག་ཅིང་ལྷག་པའང་འཐོབ་པར་འགྱུར་པའི་ཕྱིར། ཡོན་ཏན་ཐོབ་ཚུལ་ཡོད་དེ། ཡོན་ཏན་དེ་དག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཐོབ་པའི་ཕྱིར། རྣམ་སྨིན་གྱི་སྐྱེ་བ་འཛིན་ཚུལ་ཡོད་དེ། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོར་སྐྱེ་བ་འཛིན་པར་བྱེད་པའི་ཕྱིར། སྤྱིར་ཐབས་མཁས་ལ་དུ་མ་ཡོད་ཀྱང་། བྱང་ས་ལས། ཐབས་མཁས་ཀྱི་ཕར་ཕྱིན་དུ་འཇོག་པ་ལ་ཐབས་དྲུག་ཚན་གཉིས་གསུངས་ཏེ། བྱང་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པར་ལྟ་བ་དང་། འདུ་བྱེད་ཐམས་ཅད་ཀྱི་རང་བཞིན་ཡང་དག་པར་ཇི་ལྟ་བཞིན་ཤེས་པ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱི་ཡེ་ཤེས་འདོད་པ་གསུམ་གྱི་སྔ་མ་ལ་བརྟེན་ནས་འཁོར་བ་མི་གཏོང་བ་དང་། བར་པ་ལ་བརྟེན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཁོར་བར་འཇུག་པ་དང་། གསུམ་པ་ལ་བརྟེན་ནས་བརྩོན་འགྲུས་རྩོམ་པ་སྟེ་དྲུག་དང་། བྱང་སེམས་ཀྱིས་སེམས་ཅན་གྱི་དགེ་རྩ་ཆུང་ངུ་རྣམས་ཀྱང་འབྲས་བུ་ཚད་མེད་པར་བསྒྱུར་བར་བྱེད་པ་དང་། དེ་བཞིན་དུ་ཚེགས་ཆུང་ངུས་དགེ་བ་རྒྱ་ཆེན་པོ་སྒྲུབ་པ་དང་། བསྟན་པ་ལ་ཞེ་འགྲས་པ་རྣམས་ཀྱི་ཁོང་ཁྲོ་སེལ་བ་དང་། བསྟན་པ་ལ་ཡིད་བར་མ་རྣམས་དེར་འཛུད་པ་དང་། བསྟན་པ་ལ་ཞུགས་པ་རྣམས་སྨིན་པར་བྱེད་པ་དང་། སྨིན་པ་རྣམས་གྲོལ་བར་བྱེད་པ་དེ་དྲུག་གསུངས་པའི་ཕྱིར། དབུ་མ་ལ་སོགས་ནི་སླའོ། ། གཉིས་པ་ལ་གསུམ། སྨོན་ལམ་ལྷག་ཅིང་འགོག་པ་ལས་སློང་ཚུལ། ཉོན་མོངས་ཟད་ཚུལ། དབང་བཅུ་འཐོབ་ཚུལ་ལོ། །དང་པོ་ནི། ས་བདུན་པ་ལ་གནས་པའི་བྱང་སེམས་བདག་ཉིད་ཆེན་པོ་དེ་ཆོས་ཅན། ས་བརྒྱད་པ་གང་དུ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་བ་མི་གཡོ་བའི་ས་དེ་ལ་འཇུག་པར་འགྱུར་བ་ཡིན་ཏེ། ས་དེར་ཡང་དང་ཡང་དུ་སྔར་གྱི་དགེ་བ་ལས་ལྷག་པ་ཐོབ་པར་བྱ་བའི་ཕྱིར་དུ་འཇུག་པའི་ཕྱིར། ས་བརྒྱད་པ་དེ་ཆོས་ཅན། ཕར་ཕྱིན་བཅུའི་ནང་ནས་གང་ལྷག་པ་ཡོད་དེ། བྱང་སེམས་འདིའི་སྨོན་ལམ་གྱི་ཕར་ཕྱིན་ཤིན་ཏུ་དག་ཅིང་ལྷག་པར་འགྱུར་བའི་ཕྱིར། དེ་ཆོས་ཅན། རྒྱལ་བ་རྣམས་ཀྱིས་འགོག་པ་ལས་སློང་བར་མཛད་པའི་རྒྱུ་མཚན་ཡོད་དེ། འགོག་པ་ཡང་དག་པའི་མཐའ་ལ་དུས་རིང་དུ་མཉམ་པར་འཇོག་ཆེས་ན་གཟུགས་སྐུའི་རྒྱུ་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་ལས་བརྟག་པ་མཐའ་བཟུང་ཙམ་གྱི་དབང་དུ་བྱས་ན་ཉམས་པར་འགྱུར་བའི་དགག་བྱ་ཡོད་པར་དེ་འགོག་པའི་ཆེད་ཡིན་པའི་ཕྱིར་ཏེ། དེ་སྐད་དུ་ཡང་། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པ་དང་། ཞེས་པ་ནས། འདི་དོན་དམ་པའི་བཟོད་པ་ཡང་ཡིན་ན། འོན་ཀྱང་རིགས་ཀྱི་བུ་གང་ངེད་ཀྱི་སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཕུན་སུམ་ཚོགས་པ་དེ་དག་ཁྱེད་ལ་མེད་ཀྱི། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བའི་ཕྱིར་སྦྱོར་བ་བྱོས་ཤིག །ཞེས་པའི་བར་དང་། དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་སྒོ་རྣམས་སུ་གཞུག་པ་མ་མཛད་དུ་ཟིན་ན། དེ་དེ་ཉིད་ཀྱི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། ས་བརྒྱད་པ་བ་ཆོས་ཅན། ཁྱོད་ལ་ཉོན་མོངས་པའི་དྲི་མ་དེ་དག་རྩ་བ་ས་བོན་དང་བཅས་པ་ཉེ་བར་ཞི་བར་འགྱུར་པ་ཡིན་ཏེ། ཉོན་མོངས་པའི་སྐྱོན་ཆགས་པ་སྟེ་འདྲེས་པ་མེད་པའི་བློ་ནི་སྐྱོན་དེ་རྣམས་དག་དང་ལྷན་ཅིག་ཏུ་མི་གནས་ཤིང་སྤངས་པའི་ཕྱིར། དེ་ཆོས་ཅན། ཉོན་མོངས་པ་ཟད་ཅིང་ས་གསུམ་གྱི་བླ་མར་གྱུར་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པའི་ཆེད་དུ་བརྩོན་དགོས་པ་ཡིན་ཏེ། ད་དུང་ཡང་སངས་རྒྱས་རྣམས་ཀྱི་ནི་ཡོན་ཏན་གྱི་འབྱོར་པ་མཁའ་ལྟར་མཐའ་དང་བྲལ་བ་མ་ལུས་པ་འཐོབ་པར་ནུས་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། བྱང་སེམས་དེ་ཆོས་ཅན། ལས་ཉོན་གྱི་དབང་གིས་སྐྱེ་བའི་འཁོར་བ་འགགས་ཀྱང་ཚོགས་རྫོགས་པར་བྱེད་པ་མི་འགལ་ཏེ། ཚེ་ལ་དབང་བ་དང་། དེ་བཞིན་དུ་སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། སྨོན་ལམ་དང་། མོས་པ་དང་། རྫུ་འཕྲུལ་དང་། ཡེ་ཤེས་དང་། ཆོས་ལ་དབང་བ་སྟེ་དབང་རྣམས་བཅུ་པོ་འཐོབ་པར་འགྱུར་ཞིང་། དབང་བཅུ་དེ་དག་གི་སྟོབས་ཀྱིས་དཔལ་ཕྲེང་གི་མདོ་ལས་བཤད་པ་ལྟར་གྱི་ཡིད་ལུས་ཀྱི་སྒོ་ནས་སྲིད་པའི་འགྲོ་བར་རང་གི་བདག་ཉིད་ཀྱི་ལུས་ཀྱི་བཀོད་པ་སྣ་ཚོགས་པ་སྟོན་པར་བྱེད་པར་འགྱུར་པའི་ཕྱིར། བྱང་སེམས་འདིས་ཡོན་ཏན་གང་ཐོབ་ཚུལ་ཡོད་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་གཅིག་གི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་སྡེ་ཚན་བཅུ་གཉིས་ཐོབ་པའི་ཕྱིར། སྐྱེ་བ་འཛིན་ཚུལ་ཡོད་དེ། སྟོང་སྤྱི་ཕུད་ཀྱི་བདག་པོ་ཚངས་པར་སྐྱེ་བ་འཛིན་པའི་ཕྱིར། དབུ་མ་ལ་སོགས་ནི་སླའོ། གསུམ་པ་ནི། ས་དགུ་པ་ལ་གནས་པའི་བྱང་སེམས་དེ་ནི་ཆོས་ཅན། ཡོན་ཏན་ཇི་ལྟར་ཐོབ་ཚུལ་ཡོད་དེ། བྱང་སེམས་དེའི་སྟོབས་ཀྱི་ཕར་ཕྱིན་ལྟ་ཞིག་མཐའ་དག་རྫོགས་པར་དག་ཅིང་ལྷག་པར་འགྱུར་ཞིང་། དེ་བཞིན་དུ་དོན་དང་། ཆོས་དང་། ངེས་ཚིག་དང་། སྤོབ་པ་སོ་སོ་ཡང་དག་རིག་པ་བཞིའི་ཆོས་རང་གི་ཡོན་ཏན་ཡོངས་སུ་དག་པའང་འཐོབ་པར་འགྱུར་པའི་ཕྱིར། ཡོན་ཏན་གཞན་ཐོབ་ཚུལ་ཡོད་དེ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་གྱི་གྲངས་དང་མཉམ་པའི་ཡོན་ཏན་ཐོབ་པའི་ཕྱིར། སྐྱེ་བ་འཛིན་ཚུལ་ཡོད་དེ། སྟོང་གཉིས་ཀྱི་བདག་པོ་ཚངས་པར་སྐྱེ་བ་འཛིན་པའི་ཕྱིར། དབུ་མ་ལ་སོགས་ཀྱང་སྔར་བཞིན་ནོ། ། བཞི་པ་ནི། ས་བཅུ་པ་ལ་གནས་པའི་བྱང་སེམས་དེ་ཡི་ཆོས་ཅན། ཁྱོད་ཀྱིས་ཡོན་ཏན་ཁྱད་པར་ཅན་གང་ཐོབ་པ་ཡོད་དེ། ཕྱོགས་བཅུ་ཀུན་ནས་སངས་རྒྱས་རྣམས་ལས་འོད་ཟེར་ཆེན་པོའི་དབང་བསྐུར་བ་དམ་པ་འཐོབ་ཅིང་། དེར་མ་ཟད། ཕར་ཕྱིན་བཅུའི་ནང་ནས་ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པར་མཆོག་ཏུ་བྱུང་བར་གྱུར་པའང་ཐོབ་པ་ཡིན་པའི་ཕྱིར། དབང་བསྐུར་ཐོབ་ཚུལ་ཡོད་དེ། ས་བཅུ་པའི་མདོ་ལས་འབྱུང་བ་ལྟར། བྱང་སེམས་འདིས་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་འཐོབ་པའི་ཐ་མ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པའི་ཏིང་ངེ་འཛིན་ཐོབ་ནས། རང་གི་བསོད་ནམས་ཀྱི་མཐུས་སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་པདྨ་ཆེན་པོ་བྱུང་བ་ལ་འདུག་པ་དང་། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཛོད་སྤུ་ནས་འོད་ཟེར་ཚད་མེད་པ་བྱུང་ནས་བྱང་སེམས་དེ་ལ་དབང་བསྐུར་བར་མཛད་པའི་ཕྱིར། ཚུལ་འདི་ནི། རྗེ་ཉིད་ཀྱིས་མཛད་པའི་བྱམས་པའི་བསྟོད་པ་རིན་ཆེན་གསལ་བའི་སྒྲོན་མེ་ལས་ཤེས་པར་བྱའོ། །ས་བཅུ་པ་ཆོས་ཅན། ཁྱོད་ལ་ཆོས་ཀྱི་སྤྲིན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟ་བར་དེ་བཞིན་དུ་འགྲོ་བ་རྣམས་ཀྱི་དགེ་བའི་ལོ་ཏོག་སྤེལ་བའི་ཆེད་དུ་རང་ཉིད་ལ་གནས་པའི་རྒྱལ་སྲས་ས་བཅུ་པ་བ་ལས་ཀྱང་ལྷུན་གྱིས་གྲུབ་པར་དམ་པའི་ཆོས་ཀྱི་ཆར་འབེབས་པར་བྱེད་པས་ན། དེ་ལྟར་བརྗོད་པའི་ཕྱིར། ཡོན་ཏན་གཞན་འཐོབ་ཚུལ་ཡོད་དེ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་མཉམ་པའི་ཡོན་ཏན་འཐོབ་པའི་ཕྱིར། སྐྱེ་བ་འཛིན་ཚུལ་ཡོད་དེ། སྟོང་གསུམ་གྱི་བདག་པོ་དབང་ཕྱུག་ཆེན་པོར་སྐྱེ་བ་འཛིན་པར་བྱེད་པའི་ཕྱིར། ས་བཅུ་པའི་སྐབས་འདིར་མཐུ་ཕུལ་དུ་བྱུང་བ་འཐོབ་ཚུལ་ཡོད་དེ། ཤེས་སྒྲིབ་ཕྲ་མོ་དངོས་སུ་སྤོང་བའི་ནུས་པ་ཐོབ་ནས་སངས་རྒྱས་ཀྱི་སར་འཕོ་ནུས་པའི་ཕྱིར། དེས་མཚོན་ནས་ས་འོག་མ་རྣམས་ལའང་གོང་མ་གོང་མར་འཕོ་ནུས་པའི་མཐུ་ཐོབ་པའི་ཚུལ་ཤེས་པར་བྱའོ། །འོ་ན། ཤེས་རབ་དང་ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པའི་ཁྱད་པར་གང་ཡིན་ཞེ་ན། ཡོད་དེ། བྱང་ས་ལས། ཆོས་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་བཞག་པ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་དོན་དམ་པའི་འཛིན་པ་ལ་ཞུགས་པའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀུན་རྫོབ་འཛིན་པ་ལ་ཞུགས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་གཉིས་ཀྱི་བྱེ་བྲག་དེ་ནི་དེ་ཡིན་ནོ། །ཞེས་འབྱུང་བ་ལྟར་ཡིན་པའི་ཕྱིར། དབུ་མ་ལ་སོགས་ནི་སླའོ། ། གསུམ་པ་ས་བཅུའི་ཡོན་ཏན་བསྟན་པ་ལ་གསུམ། ས་དང་པོའི་ཡོན་ཏན་བཤད་པ། །གཉིས་པ་ནས་བདུན་པའི་བར་གྱི་ཡོན་ཏན་བཤད་པ། དག་པ་ས་གསུམ་གྱི་ཡོན་ཏན་བཤད་པའོ། དང་པོ་ནི། ཤེས་བྱ་ཆོས་ཅན། ས་དང་པོ་ནས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཐོབ་པར་འགྱུར་ཏེ། ས་དང་པོ་ཐོབ་པ་དེའི་ཚེ་བྱང་སེམས་ས་དང་པོ་པ་འདིས་ནི་དུས་སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱ་མཐོང་ཞིང་། སངས་རྒྱས་བརྒྱ་པོ་དེ་དག་གིས་རང་བྱིན་གྱིས་བརླབས་ཀྱང་སྟེ་བརླབས་པ་ཡང་བྱང་སེམས་འདི་ཡིས་རྟོགས་པ་དང་། དུས་དེ་ཉིད་ཀྱི་ཚེ་ན་ཚེ་བསྐལ་བ་བརྒྱར་གནས་པར་ནུས་ཤིང་སྔོན་དང་ཕྱི་མའི་མཐའི་བསྐལ་པ་བརྒྱར་ཡང་ཡེ་ཤེས་ཀྱི་གཟིགས་པ་ཡང་དག་པར་འཇུག་པ་དང་། བློ་ལྡན་བྱང་སེམས་འདིས་ཏིང་ངེ་འཛིན་བརྒྱ་ཕྲག་གཅིག་ལ་སྙོམས་པར་འཇུག་ཅིང་གཏོང་བ་སྟེ་ལྡང་བར་བྱེད་ཅིང་། བྱང་སེམས་འདི་ཡིས་འཇིག་རྟེན་གྱི་ཁམས་བརྒྱ་ཀུན་ནས་གཡོ་བར་བྱེད་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་ནུས་པ་དང་། དེ་བཞིན་དུ་རྫུ་འཕྲུལ་གྱིས་བྱང་སེམས་དེས་སེམས་ཅན་བརྒྱ་ཕྲག་གཅིག་སྨིན་པར་བྱེད་ཅིང་། དེར་མ་ཟད་བརྒྱ་ཕྲག་གི་གྲངས་དང་རྗེས་སུ་འབྲེལ་བ་སྟེ་གྲངས་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་དག་ཏུ་ཡང་འགྲོ་བར་འགྱུར་བ་དང་། བྱང་སེམས་དེས་ནི་ཆོས་ཀྱི་སྒོ་མི་འདྲ་བ་བརྒྱ་རྣམས་ཡང་དག་པར་འབྱེད་པར་བྱེད་པ་དང་། ཐུབ་དབང་གི་སྲས་པོ་འདིས་རང་གི་ལུས་ལ་ལུས་བརྒྱ་རྣམས་ཀུན་ནས་སྟོན་པར་བྱེད་པའང་ཡིན་པ་དང་། ལུས་ནི་བརྒྱ་པོ་རེ་རེ་ཞིང་ཡང་རྒྱལ་བའི་སྲས་པོ་བརྒྱ་ཕྲག་དག་དང་རྗེས་སུ་འབྲེལ་བའང་སྟོན་པའི་རང་གི་འཁོར་དང་བཅས་པས་མཛེས་ཤིང་འབྱོར་བ་དང་བརྒྱ་ཕྲག་བཅུ་གཉིས་འཐོབ་པར་འགྱུར་བའི་ཕྱིར། གཉིས་པ་ནི། བློ་ལྡན་ས་རབ་ཏུ་དགའ་བར་གནས་པས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག་གི་ནི་ཐོབ་པར་གྱུར་ནས་ས་གཉིས་པར་འཕོས་པ་ན་ས་དང་པོ་ལ་བཤད་པ་དེ་བཞིན་དུ་ཁོ་ནར་ས་དྲི་མ་མེད་པ་ལ་གནས་པས་ཁྱད་པར་དུ་འཐོབ་པར་འགྱུར་ཏེ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག་སྟོང་དུ་ནི་བྱས་པས་ཡང་དག་པར་འཐོབ་པར་འགྱུར་པའི་ཕྱིར། ས་གསུམ་པ་ནས་བདུན་པའི་བར་གྱིས་ལྔ་པོ་འདི་དག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིས་ནི་ཡོན་ཏན་དེ་དག་ཇི་ལྟར་འཐོབ་ཚུལ་ཡོད་དེ། གསུམ་པར་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག་རེ་རེ་ནས་འབུམ་ཕྲག་རེ་དང་། བཞི་པར་བྱེ་བ་ཕྲག་བརྒྱ་འཐོབ་ཅིང་། ལྔ་པར་བྱང་སེམས་དེ་ཡིས་བྱེ་བ་སྟོང་འགྱུར་འཐོབ་ལ། དེ་ནས་དྲུག་པར་བྱེ་བ་བརྒྱ་ཕྲག་སྟོང་འགྱུར་ཏེ་བྱེ་བ་འབུམ་ཡང་འཐོབ་པ་དང་། བདུན་པར་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱར་རྫོགས་པར་བསྒྱུར་པ་སྟེ་བྱེ་བ་འབུམ་བཅུ་གཉིས་དང་། སླར་ཡང་སྟོང་ཕྲག་ཏུ་ཡང་དག་པར་ནི་བསྒྱུར་པ་མཐའ་དག་སྟེ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས་རབ་ཏུ་འཐོབ་པར་འགྱུར་པའི་ཕྱིར། གསུམ་པ་ནི། ས་བརྒྱད་པ་བས་ཡོན་ཏན་དེ་དག་ཇི་ལྟར་འཐོབ་ཚུལ་ཡོད་དེ། མི་གཡོ་པའི་སར་གནས་པ་བདེན་འཛིན་གྱི་རྣམ་པར་རྟོག་པ་མེད་པ་དེས་བཅུ་གཉིས་པོ་དེ་དག་རེ་རེ་ནས་ཀྱང་སྟོང་གསུམ་བརྒྱ་ཕྲག་སྟོང་བསྡོམས་པ་སྟེ་སྟོང་གསུམ་འབུམ་ཕྲག་གཅིག་གི་འཇིག་རྟེན་ན་རྡུལ་གྱི་གྲངས་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང་གྲངས་མཉམ་པའི་ཡོན་ཏན་དག་ནི་འཐོབ་པར་འགྱུར་པའི་ཕྱིར། ལེགས་པའི་བློ་གྲོས་ཀྱི་ས་ལ་གནས་པ་ཡི་བྱང་ཆུབ་སེམས་དཔའ་དེས་སྔར་བསྟན་པའི་ཡོན་ཏན་དེ་དག་ཇི་ལྟར་འཐོབ་ཚུལ་ཡོད་དེ། བཅུ་གཉིས་པོ་རེ་རེ་ནས་ཀྱང་སྟོང་གསུམ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་བརྒྱ་ཕྲག་སྟོང་དུ་ཡང་དག་པར་བསྡོམས་པ་སྟེ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་ཚད་དང་མཉམ་པ་འཐོབ་པར་འགྱུར་བའི་ཕྱིར། ས་བཅུ་བ་པའི་ཡོན་ཏན་ཚད་མེད་ཀྱང་རེ་ཞིག་ས་བཅུ་པ་འདིར་ཆོས་ཅན། ས་དགུ་པ་མན་ཆད་ལས་ཆེས་ལྷག་པའི་ཡོན་ཏན་འཐོབ་པར་འགྱུར་ཏེ། ས་བཅུ་པ་དེའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་དག་ངག་གི་སྤྱོད་ཡུལ་ལས་ཆེས་འདས་པར་འགྱུར་ཞིང་། ངག་གི་སྤྱོད་ཡུལ་མ་ཡིན་པ་སྡོམས་པ་སྟེ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྣམས་ན་རྡུལ་གྱི་གྲངས་དག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པར་འཐོབ་པར་འགྱུར་པའི་ཕྱིར། གཞན་ཡང་། བྱང་སེམས་འདིས་སྤྲུལ་པ་ཇི་ལྟར་འགྱེད་པའི་ཚུལ་ཡོད་དེ། རང་གི་ལུས་ཀྱི་བ་སྤུའི་ཁུང་བུ་རེ་རེར་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་བགྲང་བ་ལས་འདས་པ་སྤྲུལ་པ་དང་། དེ་བཞིན་དུ་འགྲོ་བ་ལྷ་དང་ལྷ་མིན་དང་། མི་ལ་སོགས་པ་དག་ཀྱང་དུས་སྐད་ཅིག་ལ་ནི་སྟོན་པར་ནུས་པའི་ཕྱིར་རོ། ། གཉིས་པ་འབྲས་བུའི་ས་ལ་ལྔ། དང་པོར་སངས་རྒྱས་པའི་ཚུལ། སྐུ་དང་ཡོན་ཏན་གྱི་རྣམ་གཞག །སྤྲུལ་སྐུ་བསྟན་པ། ཐེག་པ་གཅིག་ཏུ་སྒྲུབ་པ། མངོན་པར་བྱང་ཆུབ་པ་དང་བཞུགས་པའི་དུས་ཀྱི་བཤད་པའོ། །དང་པོ་ལ་གཉིས། དངོས་དང་། རྩོད་སྤོང་ངོ་། དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། གནས་འོག་མིན་དུ་ནི་གང་གི་དོན་དུ་འབད་པར་གྱུར་པའི་གོ་འཕང་མཆོག་ཞི་བ་ཡོན་ཏན་མཐའ་དག་མཐར་ཐུག་ཅིང་མཚུངས་པ་མེད་པ་བླ་ན་མེད་པའི་ཡེ་ཤེས་དེ་ཁྱོད་ཀྱིས་བརྙེས་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། དེ་ལྟར་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་སྣང་བས་གཟུགས་གསལ་བར་གྱུར་པའི་ཕྱིར་ཏེ་གྱུར་པ་ལྟར། སངས་རྒྱས་ཀྱི་ཆོས་རྣམས་འཐོབ་པ་ལ་གེགས་བྱེད་པའི་མུན་པ་སེལ་བར་བྱེད་པ་ས་བཅུ་པ་མངོན་དུ་མཛད་ནས། སྔོན་ཚེ་སྟོབས་བཅུ་པ་སྐྱེད་པའི་ས་བཅུ་པ་དེ་ལ་ཁྱོད་ཀྱིས་སླར་ཡང་འབད་པར་གྱུར་ཅིང་འབྲས་བུ་མཐར་ཐུག་བརྙེས་པའི་ཕྱིར། དེ་ཆོས་ཅན། མཁྱེན་པ་བཟང་པོ་ཅན་ཁྱོད་ཀྱིས་དུས་སྐད་ཅིག་གིས་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པའི་ཡེ་ཤེས་བརྙེས་པ་ཡིན་ཏེ། དེ་ཁོ་ན་ཉིད་ནི་རོ་མཉམ་པ་སྟེ་རོ་གཅིག་པ་ཉིད་དུ་ཡེ་ཤེས་ཀྱིས་ཡང་དག་པ་སྟེ་མངོན་སུམ་དུ་ཐུགས་སུ་ཆུད་པར་མཛད་པ་མཐར་ཕྱིན་པར་གྱུར་པས་ནའི་ཕྱིར་ཏེ། དཔེ་ཇི་ལྟར་ཞེ་ན། བུམ་པ་ལ་སོགས་པ་སྣོད་ཀྱི་དབྱེ་བ་མི་འདྲ་བ་དུ་མ་ཡོད་ཀྱང་། དབྱེ་བ་དེ་ཡིས་སྣོད་དེར་ཁྱབ་པའི་ནམ་མཁའ་ལ་ནི་ཐོགས་རེག་བཀག་ཙམ་དུ་མཚུངས་པས་རིགས་མི་འདྲ་བའི་དབྱེ་བ་མེད་པ་དེ་ལྟར་དུ། དངོས་པོ་བྱས་པའི་དབྱེ་བ་འགའ་ཡང་མེད་པའི་དེ་ཁོ་ན་ཉིད་ལ་གཉིས་སྣང་ནུབ་པའི་ཚུལ་གྱིས་རོ་མཉམས་དུ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པ་དེའི་ཕྱིར། གཉིས་པ་ལ་གཉིས། ཕྱོགས་སྔ་མ་དགོད་པ་དང་། དེ་དགག་པའོ། །དང་པོ་ནི། ཁོ་ན་རེ། གང་གི་ཚེ་རང་བཞིན་གྱིས་ཞི་བ་ན་དེ་ཁོ་ན་ཉིད་ཡིན་ཞེས་རྣམ་པར་འཇོག་པ་དེའི་ཚེ་ན། ཡུལ་དེ་ལ་བློ་གྲོས་འཇུག་པར་མི་འགྱུར་ཞེས་ཁས་བླངས་དགོས་ཤིང་། ཤེས་རབ་ཀྱི་བློ་མ་ཞུགས་པར་ནི་ཤེས་བྱའི་ཡུལ་ཅན་དུ་ངེས་པར་རིགས་པའང་མ་ཡིན་ལ། ཡུལ་ཀུན་ནས་ཤེས་པ་མེད་པ་ནི་ཤེས་པར་ཇི་ལྟར་འགྱུར་ཏེ་འགལ་བར་འགྱུར་རོ། །དེ་ལྟར་ན། དེ་ཁོ་ན་ཉིད་མཁྱེན་པ་པོ་མེད་པར་སོང་བས་ཐུབ་པ་ཁྱེད་ཀྱིས་གདུལ་བྱ་གཞན་ལ་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཚུལ་འདི་ལྟ་བུའོ་ཞེས་སུ་ཞིག་སྟོན་པར་བྱེད་རིགས་ཏེ་མི་རིགས་སོ། །ཞེ་ན། གཉིས་པ་ལ་གཉིས། དེ་ཁོ་ན་ཉིད་རྟོགས་པ་མི་འཐད་པའི་རྩོད་པ་སྤང་པ། མཁྱེན་པ་པོ་མི་འཐད་པའི་རྩོད་པ་སྤང་པའོ། །དང་པོ་ནི། ཐུབ་པའི་དབང་པོས་དེ་ཁོ་ན་ཉིད་རྟོགས་པ་མི་འཐད་པའི་སྐྱོན་མེད་དེ། ཐུབ་པ་དེ་ཁོ་ན་ཉིད་ལ་གཉིས་སྣང་དང་བྲལ་ཡང་། ཀུན་རྫོབ་ཐ་སྙད་ཀྱི་བདེན་པ་ལ་བརྟེན་ནས་དེས་དེ་ཁོ་ན་ཉིད་རིག་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་ཏེ། དུས་གང་གི་ཚེ་རང་བཞིན་གྱིས་སྐྱེ་བ་མེད་པ་ཡུལ་གྱི་དེ་ཁོ་ན་ཉིད་ཡིན་ཞིང་། ཡུལ་ཅན་གྱི་བློ་ཡང་རང་བཞིན་གྱིས་སྐྱེ་བ་དང་བྲལ་བའི་རྣམ་པ་ཅན་དུ་ཆུ་ལ་ཆུ་བཞག་པ་བཞིན་དུ་ཞུགས་པ་དེའི་ཚེ་ཡུལ་དེའི་རྣམ་པ་སྟེ་འཛིན་པ་ལས་ཁྱོད་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བཞག་པའི་ཕྱིར་ཏེ། དཔེ་ཇི་ལྟར་ན། སེམས་ནི་ཡུལ་སྔོན་པོ་ལྟ་བུ་གང་གི་རྣམ་པ་ཅན་དུ་སྐྱེ་བར་འགྱུར་བ་ན་སེམས་དེ་ཡིས་ཡུལ་དེ་ཡིས་ཡུལ་དེ་ཡོངས་སུ་ཤེས་པར་བརྗོད་པ་དེ་བཞིན་དུའོ། ། གཉིས་པ་ནི། མཁྱེན་པ་པོ་མི་འཐད་པའི་སྐྱོན་མེད་པར་ཐལ་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་གཟིགས་པའི་ཡེ་ཤེས་ནི་ཡུལ་རང་བཞིན་གྱིས་སྐྱེ་བ་མེད་པའི་དོན་དམ་དང་། རོ་གཅིག་ཏུ་ཞུགས་ཤིང་སངས་རྒྱས་ལ་ཆོས་སྟོན་པའི་ཀུན་སློང་གི་རྟོག་པ་མེད་ཀྱང་། སངས་རྒྱས་དེ་ཡི་ལོངས་སྤྱོད་རྫོགས་པའི་སྐུ་ནི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོས་ཟིན་པ་དང་། སྐུ་དེའི་སྤྲུལ་པ་དང་། དེར་མ་ཟད་སྤྲུལ་སྐུ་དེའི་མཐུས་ནམ་མཁའ་དང་། གཞན་རྩི་ཤིང་སོགས་ལས་སྒྲ་གང་ཞིག་ཆོས་ཀྱི་དེ་ཉིད་སྟོན་པ་འབྱུང་བ་དེ་ལས་གདུལ་བྱའི་འཇིག་རྟེན་གྱིས་ཀྱང་དེ་ཁོ་ན་ཉིད་རིག་པར་འགྱུར་པའི་ཕྱིར། དཔེ་ཇི་ལྟར་ཞེ་ན། དེ་ནི། འཇིག་རྟེན་འདིར་རྫ་མཁན་སྟོབས་ཆེན་ལྡན་པས་ཡུན་རིང་དུ་ཆེས་འབད་པས་བསྐོར་བའི་འཁོར་ལོ་ནི་རྫ་མཁན་དེའི་རྩོལ་པ་ད་ལྟར་སྐྱེས་པ་མེད་བཞིན་དུའང་འཁོར་ལོ་དེ་འཁོར་ཞིང་བུམ་པ་ལ་སོགས་པའི་རྒྱུར་མཐོང་བ་ལྟར་ཏེ། དེ་བཞིན་དུ་ད་ལྟ་འབད་རྩོལ་གྱི་རྣམ་རྟོག་སྐྱེས་པའི་རྩོལ་བ་མེད་བཞིན་དུ་ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་ཉིད་ལ་བཞུགས་པའི་སངས་རྒྱས་དེའི་རྣམ་དཀར་འཕྲིན་ལས་འཇུག་པ་ནི་གདུལ་བྱའི་སྐྱེ་བོའི་དགེ་བ་དང་རང་གི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་གྱིས་འཕངས་པ་ཡིན་པ་ལས་ན། །ཆེས་བསམ་གྱིས་མི་ཁྱབ་བོ། ། གཉིས་པ་ལ་གཉིས། སྐུའི་རྣམ་གཞག་དང་། སྟོབས་ཀྱི་ཡོན་ཏན་གྱི་རྣམ་གཞག་གོ །དང་པོ་ལ་གསུམ། ཆོས་སྐུ། ལོངས་སྐུ། རྒྱུ་མཐུན་པའི་སྐུ་བཤད་པའོ། །དང་པོ་ནི། གཉིས་སྣང་གི་ཤེས་བྱའི་སྒྲིབ་པའི་བུད་ཤིང་སྐམ་པོ་དང་འདྲ་བ་མ་ལུས་པ་ཡེ་ཤེས་མེ་དང་འདྲ་བས་བསྲེགས་པས་དྲི་མ་མཐའ་དག་དང་བྲལ་བའི་དེ་ཁོ་ན་ཉིད་ཞི་བ་དེ་ཆོས་ཅན། རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ་ཞེས་བྱ་སྟེ། དྲི་མ་མཐའ་དག་སྤངས་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར། འདིའི་དབང་དུ་མཛད་ནས་རྡོ་རྗེ་གཅོད་པ་ལས། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་ཏེ། །དེ་ནི་རྣམ་པར་ཤེས་མིི་ནུས། །ཞེས་གསུངས་ཏེ། འདིར་ཤེས་པར་བྱ་བ་མིན་ཞེས་པ་ནི་ཆོས་ཀྱི་སྐུ་དེ་གཉིས་སྣང་དང་བཅས་པའི་ཚུལ་གྱིས་ཤེས་པར་བྱ་བ་མ་ཡིན་པའི་དོན་ཡིན་གྱི། སྤྱིར་ཤེས་བྱ་མ་ཡིན་པར་བསྟན་པ་མ་ཡིན་པའི་ཕྱིར། འདི་ནི་ངོ་བོ་ཉིད་སྐུའི་དབང་དུ་མཛད་པ་ཡིན་ལ། ཁ་ཅིག་གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་མེད་དེ། ཀུན་རྫོབ་བདེན་པར་གྱུར་པའི་ངོ་བོ་ཉིད་སྐུ་མེད་པའི་ཕྱིར་ཟེར་བ་ནི་མི་འཐད་དེ། སྐབས་འདིར་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་དང་། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་གཉིས་དོན་གཅིག་ཏུ་ཁས་ལེན་རིགས་པའི་ཕྱིར། དེ་ཡང་ཡིན་ཏེ། ངོ་བོ་ཉིད་སྐུ་དེ་དགག་བྱ་གློ་བུར་གྱི་དྲི་མ་སྤངས་པའི་ཆ་ནས་གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་དང་། དགག་བྱ་བདེན་གྲུབ་བཀག་པའི་ཆོས་ཉིད་ཡིན་པའི་ཆ་ནས་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུར་འཇོག་པ་ཡིན་པའི་ཕྱིར། ངོ་བོ་ཉིད་སྐུ་དེ་ནི་དང་པོར་རྟེན་གང་གིས་མངོན་སུམ་མཛད་པ་ཡོད་དེ། དྲི་མ་མཐའ་དག་སྤངས་པ་དེའི་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཆོས་སྐུ་དེ། སེམས་སེམས་བྱུང་གི་རྣམ་པར་རྟོག་པ་འགགས་པས་དེ་ཁོ་ན་ཉིད་ལ་ཆུ་ལ་ཆུ་བཞག་པའི་ཚུལ་གྱིས་གོ་འཕང་མཆོག་དེ་ནི་དང་པོར་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་མངོན་སུམ་མཛད་པའི་ཕྱིར། འདིར་སེམས་འགགས་ཞེས་གསུངས་པ་ནི་སྤྱིར་སེམས་འགགས་པའི་དོན་མ་ཡིན་ཏེ། སེམས་དང་བྲལ་བའི་གང་ཟག་མི་སྲིད་པའི་ཕྱིར་རོ། །འོ་ན་གང་ཞེ་ན། སྔར་བཤད་པ་ལྟར་རྣམ་རྟོག་གམ་ཀུན་རྫོབ་མེད་པའི་དོན་ཡིན་ཏེ། ཚིག་གསལ་ལས། དེ་ལྟར་ན་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །ཞེས་དང་། རྣམ་བཤད་ལས་ཀྱང་དེ་ལྟར་གསུངས་པའི་ཕྱིར། གཉིས་པ་ནི། ཆོས་སྐུ་མངོན་དུ་མཛད་པའི་ལོངས་སྐུ་འདི་ནི་ཆོས་ཅན། སེམས་སེམས་བྱུང་གི་རྣམ་རྟོག་དང་བྲལ་བས་ཞི་བའི་སྐུ་དང་། རྣམ་པར་མི་རྟོག་པ་ཡིན་ཀྱང་སེམས་ཅན་གྱི་དོན་མཛད་པའི་ནུས་པ་གསལ་བར་གྱུར་པ་ཡིན་ཏེ། དཔག་བསམ་གྱི་ཤིང་ལྟར་དང་ཡིད་བཞིན་གྱི་ནོར་བུ་ཇི་བཞིན་དུ་རྣམ་པར་མི་རྟོག་པར་གདུལ་བྱའི་དོན་སྒྲུབ་པར་མཛད་པའི་ཕྱིར། དེ་ཆོས་ཅན། རྟག་ཏུ་སྟེ་དུས་རིང་པོར་བཞུགས་པ་ཡིན་ཏེ། འགྲོ་བ་ཐམས་ཅད་མ་གྲོལ་གྱི་བར་དུ་འཇིག་རྟེན་གྱི་འབྱོར་བའི་སླད་དུ་གནས་པའི་ཕྱིར། དེ་ཆོས་ཅན། ཐ་མལ་པ་ལ་མངོན་སུམ་དུ་སྣང་བ་མ་ཡིན་ཏེ། ཀུན་རྟོག་གི་སྤྲོས་པ་མཐུག་པོ་དང་བྲལ་བའི་ཤེས་རབ་ཀྱི་མེ་ལོང་ཐོབ་པའི་བྱང་འཕགས་ཡན་ཆད་ལ་མངོན་སུམ་དུ་སྣང་བར་འགྱུར་གྱི་སྐྱེ་བོ་ལ་མངོན་སུམ་དུ་མི་སྣང་བའི་ཕྱིར། ལོངས་སྤྲུལ་གྱི་དབྱེ་བ་དང་ཡེ་ཤེས་ཀྱི་ཁྱད་པར་རྣམས་ཕ་རོལ་ཏུ་ཕྱིན་པའི་སྐབས་གཞན་དང་འདྲ་བས་འདིར་རྒྱས་པར་མི་འཆད་དོ། ། གསུམ་པ་ལ་གསུམ། སྐུ་དང་བ་སྤུའི་ཁུང་བུ་གཅིག་ཏུ་རང་གི་སྤྱོད་པ་སྟོན་ཚུལ། གནས་དེར་གཞན་གྱི་སྤྱོད་པ་སྟོན་ཚུལ། བཞེད་པ་ལ་མངའ་བསྒྱུར་བ་ཕུན་སུམ་ཚོགས་པ་བཤད་པའོ། །དང་པོ་ནི། ཐུབ་པའི་དབང་པོ་ཆོས་ཅན། རང་གི་སྤྱོད་པ་ཀུན་སྐུ་དང་དེར་མ་ཟད་དེའི་བ་སྤུའི་ཁུང་བུ་རེ་རེ་ལའང་དུས་ཅིག་ཏུ་སྟོན་ནུས་པ་ཡིན་ཏེ། དུས་གཅིག་ཁོ་ནར་ཐུབ་དབང་ལོངས་སྐུ་དེའི་རྒྱུ་མཐུན་གྱི་གཟུགས་སྐུ་གཅིག་ལ་རང་གི་སྐྱེ་བའི་གནས་སྐབས་སྔར་བྱུང་ཟིན་ནས་ད་ལྟ་འགགས་ཀྱང་དེའི་རྣམ་པ་གསལ་བ་དང་མ་འཆོལ་བ་སྟེ། མ་འདྲེས་པར་སྔར་གྱི་བྱུང་ཚུལ་ནི་མ་ལུས་པ་རྣམས་ཀྱིས་བཀྲ་བ་མཐའ་དག་མེ་ལོང་དག་པ་ལ་གཟུགས་བརྙན་ལྟར་ལྷུན་འགྲུབ་ཏུ་སྟོན་པར་མཛད་པའི་ཕྱིར་དང་། ཡང་དུས་གཅིག་ཁོ་ནར་སངས་རྒྱས་ཀྱི་ཞིང་ཅི་འདྲ་བར་ཐུབ་པའི་དབང་པོ་དེ་འདྲ་བ་ལྟ་བུ་དང་། སངས་རྒྱས་དེ་དག་གི་སྐུ་དང་སྤྱོད་པའི་མཐུ་སྟོབས་ཇི་འདྲ་བ་དང་། འཁོར་ཉན་ཐོས་ཀྱི་དགེ་འདུན་གྲངས་ཇི་སྙེད་ཇི་ལྟ་བ་དང་། ཞིང་དེར་བྱང་ཆུབ་སེམས་དཔའ་རྣམས་གཟུགས་ཇི་འདྲ་བ་དང་། ཇི་འདྲ་བའི་ཆོས་སྟོན་པ་དང་། ཞིང་དེར་སྔོན་བདག་ཉིད་ཅི་འདྲ་བ་དང་། ཆོས་ཐོས་ནས་རང་སྤྱོད་པ་གང་ལ་སྤྱད་པ་དང་། སངས་རྒྱས་སྲས་དང་བཅས་པ་དེ་དག་ལ་གོས་སོགས་སྦྱིན་པ་གང་ཡིན་པ་དེ་ཚད་ཇི་ཙམ་ཕུལ་བ་དེ་ནི་མ་ལུས་པ་སྐུ་གཅིག་ལ་སྟོན་པར་མཛད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕར་ཕྱིན་ལ་སྔོན་སྤྱོད་པའི་ཚེ་སྔར་གྱི་གནས་སྐབས་གང་ཡིན་པ་མ་ཚང་བ་མེད་པར་དེ་དག་ཐམས་ཅད་ཉིད་ཀྱི་སྐུ་དང་དེའི་བ་སྤུའི་ཁུང་བུ་རེ་རེར་འང་དུས་གཅིག་ཏུ་གསལ་བར་སྟོན་པར་མཛད་ནུས་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། གཞན་གྱི་སྤྱོད་ཚུལ་ཀུན་ཀྱང་སྐུ་དང་བ་སྤུའི་ཁུང་བུ་རེ་རེར་སྟོན་ནུས་པ་ཡིན་ཏེ། སངས་རྒྱས་གང་དག་སྔར་འདས་པ་དང་། ཕྱིས་འབྱུང་བར་འགྱུར་བ་གང་དག་དང་། སངས་རྒྱས་གང་དག་ད་ལྟར་ནམ་མཁའི་མཐར་ཐུག་པར་གསུང་གི་གདངས་མཐོན་པོས་ཆོས་སྟོན་པས། སྡུག་བསྔལ་གྱིས་བཟུང་བ་སྟེ་གཟིར་པའི་འགྲོ་བ་རྣམས་དབུགས་འབྱིན་ཞིང་འཇིག་རྟེན་བཞུགས་པ་དང་། དང་པོའི་ཐུགས་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་སངས་རྒྱས་དེ་དག་གི་སྤྱོད་པ་ཀུན་ཀྱང་། དངོས་པོ་རྣམས་མིག་འཕྲུལ་གྱི་རང་བཞིན་ལྟ་བུར་མཁྱེན་ནས། བདག་གི་སྤྱོད་ཚུལ་སྟོན་པ་དེ་བཞིན་དུ། སྐུའི་བ་སྤུའི་ཁུང་བུ་རེ་རེར་དུས་གཅིག་ལ་ནི་གསལ་བར་སྟོན་ནུས་པའི་ཕྱིར་དང་། དེ་བཞིན་དུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་འཕགས་པ་དང་། ཉན་ཐོས་མ་ལུས་པ་རྣམས་ཀྱི་སྤྱོད་པ་དང་། དེ་དག་གི་ལྷག་མ་སོ་སོའི་སྐྱེ་བོའི་གནས་སྐབས་ཀྱི་སྤྱོད་པ་ནི་ཐམས་ཅད་ཀྱང་བ་སྤུའི་ཁུང་བུ་རེ་རེར་དུས་གཅིག་གི་ཚེ་སྟོན་ནུས་པའི་ཕྱིར། མིག་འཕྲུལ་ནི་སྔགས་དང་རྫས་ཀྱི་ཁྱད་པར་འགའ་ཞིག་ལ་བརྟེན་ནས་སྣོད་བཅུད་ཀྱི་རྣམ་པ་སྟོན་པ་ཞིག་སྟེ། སྒྱུ་མ་མཁན་བཟང་པོས་ཞུས་པ་ལས་འབྱུང་བ་ལྟར་རོ། །དེ་དཔེར་བྱེད་པའི་རྒྱུ་མཚན་ཡོད་དེ། ཐ་མལ་བས་ཀྱང་སྔགས་དང་རྫས་ལ་བརྟེན་ནས་དེ་ལྟར་ནུས་པ་ཡོད་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ཐུགས་སུ་ཆུད་ནས་དབང་བསྒྱུར་བའི་སངས་རྒྱས་ཀྱིས་སྔར་ལྟར་ནུས་པ་ལྟ་སྨོས་ཀྱང་ཅི་དགོས་གོ་བའི་ཆེད་ཡིན་པའི་ཕྱིར། གསུམ་པ་ནི། དྲི་མ་ཀུན་དག་པའི་སངས་རྒྱས་ཀྱི་མཛད་པ་འདི་ནི་ཆོས་ཅན། སངས་རྒྱས་ཉིད་ཀྱིས་བཞེད་པ་ཙམ་ལ་རག་ལས་པ་ཡིན་ཏེ། བཞེད་པ་ཙམ་གྱིས་འཇུག་པ་ཡིས་སྒོ་ནས་རྡུལ་ཕྲ་རབ་གཅིག་གི་ཡུལ་ཀྱི་ཁྱོན་ལ་ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་སྟོན་པར་ནུས་པ་དང་། འཇིག་རྟེན་མཐའ་ཡས་པའི་ཕྱོགས་ཏེ་ཁྱོན་ནི། རྡུལ་ཕྲ་རབ་གཅིག་གིས་ཁྱབ་པར་སྟོན་པར་མཛད་མོད། འོན་ཀྱང་རྡུལ་ཕྲ་རབ་གཅིག་པོ་དེ་རགས་པར་མི་འགྱུར་ཞིང་། འཇིག་རྟེན་ཕྲ་བ་སྟེ་ཆུང་བར་ཡང་མི་འགྱུར་བར་སྟོན་པའི་ཕྱིར། རྣམ་པར་རྟོག་པ་མི་མངའ་བའི་སྟོན་པ་ཆོས་ཅན། དུས་སྐད་ཅིག་མ་གཅིག་ལ་སྤྱོད་པ་རྒྱ་ཆེ་པ་སྟོན་ནུས་ཏེ། ཁྱོད་ཀྱིས་སྲིད་པ་འཁོར་བའི་མཐའི་བར་དུ་སྐད་ཅིག་དེ་རེ་རེ་ལ་སྤྱོད་པ་སྣ་ཚོགས་པ་ཇི་སྙེད་སྟོན་པ་དེ་སྙེད་ཀྱི་གྲངས་ནི། འཛམ་བུའི་གླིང་མ་ལུས་པའི་རྡུལ་ཕྲ་རབ་ཀྱི་གྲངས་གང་དེ་སྙེད་ཀྱི་གྲངས་ལ་མེད་པའི་ཕྱིར། གཉིས་པ་ལ་བཞི། སྟོབས་བཅུ་མདོར་བསྟན་པ། དེ་རྒྱས་པར་བཤད་པ་ཡོན་ཏན་མཐའ་དག་རྫོགས་པར་བརྗོད་མི་ནུས་པའི་ཚུལ། ཡོན་ཏན་གཉིས་ཤེས་པའི་ཕན་ཡོན་བསྟན་པའོ། དང་པོ་ནི། ཐུབ་པའི་དབང་པོའི་སྟོབས་ཆོས་ཅན། ཁྱོད་ལ་དུ་མ་ཡོད་དེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། དེ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་བློ་དང་། མོས་པ་སྣ་ཚོགས་ཐུགས་སུ་ཆུད་པ་དང་། སྣ་ཚོགས་པའི་ཁམས་ནི་མཁྱེན་པའི་སྟོབས་དང་དེ་བཞིན་དུ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་ཐམས་ཅད་དུ་འགྲོ་བ་མཁྱེན་པ་དང་བསམ་གཏན་དུ་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་སོགས་བློ་སྟེ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་དང་། དེ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་བློ་དང་། ཟག་པ་རྣམས་ཟད་པ་མཁྱེན་པའི་སྟོབས་ནི་བཅུ་པོ་འདི་དག་ཡོད་པའི་ཕྱིར། གཉིས་པ་ལ་གཉིས། གནས་དང་གནས་མིན་མཁྱེན་པ་སོགས་ལྔ་བཤད་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་སོགས་ལྔ་བཤད་པའོ། །དང་པོ་ནི། རྒྱུ་གང་ཞིག་ལས་འབྲས་བུ་གང་ཞིག་ངེས་པར་སྐྱེ་བར་འགྱུར་པའི་རྒྱུ་དགེ་མི་དགེ་དེ་ནི་འབྲས་བུ་ཡིད་དུ་འོང་མི་འོང་དེ་ཡི་གནས་སུ་དེ་ལྟར་མཁྱེན་པ་རྣམས་ཀྱིས་གསུངས་ལ། ཇི་སྐད་བཤད་པ་ལས་བཟློག་པ་ནི་གནས་མིན་པ་ཞེས་བྱ་སྟེ། དེ་འདྲ་བའི་གནས་དང་གནས་མ་ཡིན་པའི་ཤེས་བྱ་མཐའ་ཡས་པ་མཁྱེན་པ་ལ་ཐོགས་པ་སྤངས་པའི་ཡེ་ཤེས་དེ་ནི་ཆོས་ཅན། སྟོབས་དང་པོ་གནས་དང་གནས་མིན་མཁྱེན་པའི་སྟོབས་སུ་བཤད་དེ། རྒྱུ་མཚན་བཤད་མ་ཐག་པ་དེའི་ཕྱིར། བཅུའི་ནང་ཚན་གྱི་སྟོབས་གཉིས་པ་དེ་ནི་ཆོས་ཅན། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་སུ་འདོད་དེ། འདོད་པ་དགེ་བའི་ལས་དང་མི་འདོད་པ་མི་དགེ་བའི་ལས་དགེ་མི་དགེ་དེ་ལས་བཟློག་པ་འདྲེས་པ་དང་། ལས་ངན་པ་ཟད་པར་བྱེད་པའི་ཟག་མེད་ཀྱི་དངོས་ཀྱི་སྟེ་དངོས་པོའི་ལས་དང་། ལས་དེ་ཡི་རྣམ་སྨིན་མི་འདྲ་བ་ཤིན་ཏུ་སྣ་ཚོགས་ལའང་མཁྱེན་པ་ནུས་མཐུ་ཐོགས་པ་མེད་པར་སོ་སོར་འཇུག་པར་འགྱུར་བ་དུས་གསུམ་གྱི་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་མཛད་པའི་སྟོབས་ཡིན་པའི་ཕྱིར། སྟོབས་གསུམ་པ་དེ་ཆོས་ཅན། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། དད་སོགས་ཀྱི་འབྱུང་བའི་སྟོབས་ཀྱིས་ཏེ་ས་བོན་གྱི་མཐུ་ལས་འདོད་པ་ནི་ཤིན་ཏུ་མི་འདྲ་བ་སྣ་ཚོགས་པ་དམན་པ་དང་འབྲིང་དང་གང་ཡང་ཁྱད་པར་དུ་འཕགས་པའི་འདོད་པ་མཆོག་དང་། མོས་པ་དེ་ལས་གཞན་པའི་ཆོས་ཀུན་ཏུ་སྤྱོད་པ་རྣམས་ཀྱིས་སྔར་བཤད་པའི་མོས་པའི་ས་བོན་གཡོགས་པ་སྟེ་སྒྲིབ་པའི་མོས་པ་ལའང་མཁྱེན་པ་དུས་གསུམ་དུ་འགྲོ་བ་སྟེ་འཇུག་པས་མོས་པའི་ཆོས་མ་ལུས་པ་ཁྱབ་པའི་སྟོབས་ཡིན་པའི་ཕྱིར། སྟོབས་བཞི་པ་དེ་ཆོས་ཅན། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་སུ་གསུངས་ཏེ། སངས་རྒྱས་ཁམས་ཀྱི་རྣམ་པར་དབྱེ་བ་ལ་མཁས་པ་རྣམས་ཀྱིས་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་དང་། རྣ་བ་སོགས་དང་། དེ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ཁམས་སུ་གསུངས་ཤིང་། ཁམས་ཀྱི་རབ་དབྱེ་རྣམ་པ་ཀུན་གྱི་ཁྱད་པར་རྣམས་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཁྱེན་པ་མཐའ་ཡས་པའི་ཚུལ་གྱིས་འཇུག་པའི་ཕྱིར། སྟོབས་ལྔ་པ་དེ་ཆོས་ཅན། དབང་པོ་མཆོག་དམན་མཁྱེན་པའི་སྟོབས་སུ་གསུངས་པ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང་། དད་སོགས་དབང་པོ་ཆེས་རྣོ་བ་ཉིད་ནི་མཆོག་ཏུ་བཞེད་ལ། དབང་པོ་འབྲིང་གི་གནས་སྐབས་དང་དབང་པོ་རྟུལ་བ་ཉིད་མཆོག་མ་ཡིན་པར་བཤད་པ་དང་། མིག་ལ་སོགས་པའི་དབང་པོ་ཉེར་གཉིས་དང་། དབང་པོ་ཕན་ཚུན་འབྲས་བུ་སྒྲུབ་ནུས་ཆུབ་པ་སྟེ་ངོ་བོ་རེ་རེ་ལ་རྣམ་པ་ཐམས་ཅད་མཁྱེད་པའི་ཆགས་པ་མེད་པའི་སྟོབས་ཡིན་པའི་ཕྱིར། གཉིས་པ་ནི། སྟོབས་དྲུག་པ་ཆོས་ཅན། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སུ་འདོད་དེ། ལམ་འགའ་ཞིག་རྒྱལ་བ་ཉིད་དང་། འགའ་ཞིག་རང་རྒྱལ་གྱི་བྱང་ཆུབ་དང་། འགའ་ཞིག་ཉན་ཐོས་ཀྱི་བྱང་ཆུབ་དང་། ལ་ལ་ཡི་དགས་དང་དུད་འགྲོ་དང་ལྷ་དང་མི་རྣམས་དང་དམྱལ་བ་ལ་སོགས་པར་འགྲོ་བའི་ལམ་དེ་ལ་མཁྱེན་པ་ཆགས་ཐོགས་མེད་པ་མཐའ་ཡས་པ་མཁྱེན་པའི་སྟོབས་ཡིན་པའི་ཕྱིར། སྟོབས་བདུན་པ་འདི་ནི་ཆོས་ཅན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་སུ་བཤད་དེ། འཇིག་རྟེན་མཐའ་ཡས་པ་ནི་ཡོད་པའི་རྣལ་འབྱོར་བའི་བྱེ་བྲག་སྟེ་ཁྱད་པར་ལ་ཐ་དད་པ་བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། གང་ཞིག་ནས་ཀྱི་ཏིང་ངེ་འཛིན་གང་དག་དང་། འགོག་པའི་སྙོམ་པ་འཇུག་གི་ཁྱད་པར་གང་དག་གཅིག་དང་། བརྒྱུད་དུ་གྱུར་པ་སྟེ་མཐར་གནས་སྙོམས་འཇུག་དགུ་དང་། ཀུན་བྱང་དེ་དག་ལ་མཁྱེན་པ་ཆགས་ཐོགས་མེད་པར་འཇུག་པའི་སྟོབས་ཡིན་པའི་ཕྱིར། སྟོབས་བརྒྱད་པ་གང་དང་གང་ཡིན་པ་དེ་ཆོས་ཅན། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་སུ་བཤད་དེ། ཇི་སྲིད་གཏི་མུག་དེ་སྲིད་པ་སྟེ་ཐོག་མེད་ཀྱི་སྲིད་པར་གནས་པ་ན། འདས་པའི་དུས་སུ་བདག་དང་སེམས་ཅན་གཞན་རེ་རེ་ཡི་སྲིད་པའི་སེམས་ཅན་ནི་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་མཐའ་ཡས་པ་གཞིར་ཏེ་རྒྱུ་དང་བཅས་པར་དྲན་པ་དང་། ཡུལ་འདི་ནས་འདིར་སྐྱེས་སོ་ཞེས་ཡུལ་ཕྱོགས་དང་བཅས་པ་རྣམས་ལ་ཆགས་ཐོགས་མེད་པར་འཇུག་པའི་བློ་ཡིན་པའི་ཕྱིར། སྟོབས་དགུ་པ་ཆོས་ཅན། ཡུལ་མཐའ་ཡས་པ་མཁྱེན་པ་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་སུ་འདོད་དེ། སེམས་ཅན་རྣམས་ཀྱི་སེམས་ཅན་རེ་རེའི་འཆི་འཕོ་བ་དང་། སྐྱེ་བ་གང་ཡིན་པ་ནམ་མཁའི་མཐར་ཐུག་པའི་འཇིག་རྟེན་ལ་གནས་པ་སྣ་ཚོགས་པའི་ལས་ཀྱི་བཟོ་བོས་བཀྲ་བར་བྱས་པ་མང་པོ་དེ་ལ་དུས་དེར་མཁྱེན་པ་རྣམ་པ་ཀུན་ཏུ་ཡོངས་སུ་དག་པས་མ་ཆགས་པར་འཇུག་པ་ཡི་སྒོ་ནས་དེར་བཞག་པའི་ཕྱིར། སྟོབས་བཅུ་པ་དེ་ནི་ཆོས་ཅན། ཡུལ་མཐའ་ཡས་པ་ཟག་པ་ཟད་པ་མཁྱེན་པའི་སྟོབས་སུ་འདོད་དེ། རྣམ་པ་ཀུན་མཁྱེན་པའི་རྒྱལ་བ་རྣམས་ཀྱི་སྟོབས་ཀྱིས་མྱུར་དུ་སྤང་བྱའི་ཉོན་མོངས་དག་ནི་བག་ཆགས་དང་བཅས་པ་ཐམས་ཅད་རྩད་ནས་འཇིག་པ་སྟེ་བཅོམ་པར་འགྱུར་བ་དང་། སློབ་མ་ཉན་ཐོས་ལ་སོགས་པས་ཉོན་མོངས་པ་རྣམས་ཟག་མེད་ཀྱི་བློ་ཡིས་འགོག་པ་སྟེ་སྤངས་པ་གང་ཡིན་པ་དེ་ལ་མཁྱེན་པ་ཆགས་ཐོགས་མེད་པར་འཇུག་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། སྟོབས་དེ་དག་ནི་ཡུལ་གྱི་མཁྱེན་ཚུལ་ལ་མི་འགལ་ཏེ། སྟོབས་དེ་གཅིག་གིས་ཀྱང་ཡུལ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ཕྱིར། དེས་ན་དེ་དག་ཀྱང་ཡུལ་མི་འདྲ་བའི་ལྡོག་པའི་སྒོ་ནས་མིང་གིས་ཐ་དད་དུ་བརྗོད་ཀྱི། བཅུ་པོ་དེ་རྣམས་མི་འགལ་ཏེ། དེ་དག་ཡིན་ཁྱབ་མཉམ་དུ་འཇོག་པའི་ཕྱིར། སློབ་པའི་གནས་སྐབས་སུ་མཉམ་རྗེས་གཉིས་འགལ་ཡང་། སངས་རྒྱས་ཀྱི་ས་ན་དེ་གཉིས་མི་འགལ་ཏེ། དེར་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་མི་འགལ་ཞིང་ངོ་བོ་གཅིག་ཏུ་འཇོག་པ་ལྟར། མཉམ་རྗེས་ཀྱི་ཡེ་ཤེས་གཉིས་ཀྱང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དུས་སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་ཅིག་ཅར་དུ་མཁྱེན་ཀྱང་། ཆོས་གང་ཡིན་ཅིག་ཅར་གྲུབ་མི་དགོས་ཏེ། མཁྱེན་དུས་དང་གྲུབ་དུས་ཀྱི་གོ་དོན་མི་འདྲ་བའི་ཕྱིར། དེས་ན་དེ་རིང་གི་དུས་ཀྱིས་འདས་མ་འོངས་ཐམས་ཅད་གཟིགས་ཀྱང་། འདས་མ་འོངས་གང་ཡིན་དེ་རིང་གི་དུས་སུ་གྲུབ་མི་དགོས་ཏེ། དེ་དགོས་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར། གསུམ་པ་ནི། སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་རྫོགས་པར་སངས་རྒྱས་ཉིད་ཀྱིས་ཀྱང་བརྗོད་པར་དཀའ་ན། དེ་ལས་གཞན་པས་ལྟ་ཅི་སྨོས་པ་ཡིན་ཏེ། འདི་ལྟར་ཤེས་བྱ་ཆོས་ཅན་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པའི་མཐའ་རྫོགས་པར་བརྗོད་ནུས་པ་མ་ཡིན་པར་ཐལ། སློབ་མ་ཉན་ཐོས་དང་བཅས་པའི་རང་སངས་རྒྱས་དང་སངས་རྒྱས་ཀྱི་སྲས་བྱང་སེམས་རྣམས་ཀྱིས་ཀྱང་། སངས་རྒྱས་ཀྱི་ཡོན་ཏན་ལས་བརྩམས་ཏེ་བརྗོད་བརྗོད་པས་སངས་རྒྱས་ཀྱི་ཡོན་ཏན་ནམ་མཁའ་ལྟར་མཐའ་ཡས་པ་མ་ལུས་པར་རྫོགས་པར་མ་བརྗོད་པར་རྫོགས་པར་བརྗོད་པ་ལས་ལྡོག་པར་འགྱུར་བའི་ཕྱིར། དཔེར་ན། ནམ་མཁའ་ལྡིང་ནམ་མཁའི་དབྱིངས་སུ་བགྲོད་བགྲོད་ཀྱང་དེ་ཕན་ན་ནམ་མཁའ་མེད་པས་འདབ་ཆགས་ཀྱི་དབང་པོ་དེ་ལྡོག་པར་མི་འགྱུར་གྱི། འདིར་ནི་འཕུར་འཕུར་བས་ནམ་ཞིག་ན་རང་གི་མཐུ་ཟད་པས་ཕྱིར་ལྡོག་པར་འགྱུར་བ་དེ་བཞིན་ནོ། །འགྲེལ་བ་མཛད་པ་བདག་འདྲ་པས་སངས་རྒྱས་ཁྱོད་ཀྱི་ཡོན་ཏན་འདི་མཐའ་དག་ནི་ཅི་ཤེས་པ་དང་ནི་བརྗོད་པར་ནུས་པར་འགྱུར་རམ་ཅི་སྟེ་མི་ནུས་ཏེ། རྒྱུ་མཚན་གོང་དུ་བརྗོད་པ་དེའི་ཕྱིར། དེ་ལྟ་ཡིན་པ་འོན་ཀྱང་དོགས་པ་སྤངས་ནས་ཡོན་ཏན་གྱི་ཚོགས་ལས་ཅུང་ཟད་ཙམ་ཞིག་སྨྲས་པའི་རྒྱུ་མཚན་ཡོད་དེ། ཡོན་ཏན་དེ་དག་འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་པ་ལ་བརྟེན་ནས་ཡིན་པའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། འདིར་བསྟན་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ནི་ཡོན་ཏན་གཉིས་སུ་འདུ་སྟེ། ཟབ་མོ་ནི་སྟོང་པ་ཉིད་ཀྱི་ཆོས་སྐུར་འདུ་བ་ཡིན་ལ། ཡོན་ཏན་གཞན་རྣམས་རྒྱ་ཆེ་བའི་ཕྱོགས་སུ་གཏོགས་པ་ཡིན་པའི་ཕྱིར། ཟབ་པ་དང་རྒྱ་ཆེ་བའི་ཚུལ་དེ་དག་ཆོས་ཅན། ཁྱོད་ཤེས་པའི་སྒོ་ནས་བསྒོམས་པས་ཡོན་ཏན་གང་འཐོབ་པ་ཡོད་དེ། དེ་ལྟར་བྱས་པས་ཡོན་ཏན་ཇི་སྐད་བཤད་པ་འདི་དག་འཐོབ་པར་འགྱུར་པའི་ཕྱིར། གསུམ་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཐུན་མོང་བའི་གདུལ་བྱའི་དོན་དུ་སྤྲུལ་སྐུ་སྣ་ཚོགས་པ་སྟོན་པར་མཛད་དེ། ཆོས་ཀྱི་སྐུ་བརྙེས་ཀྱང་སླར་ཡང་དེ་ལས་མི་གཡོ་བའི་སྐུ་མངའ་བ་ཁྱོད་ཀྱིས་ས་འོག་སོགས་སྲིད་པ་གསུམ་དུ་བྱོན་ནས་སྤྲུལ་པ་རྣམས་ཀྱིས་དགའ་ལྡན་ནས་གཤེགས་པ་དང་ནི། བལྟམས་པ་དང་། བྱང་ཆུབ་ཞི་བར་བགྲོད་པའི་ཐབས་ཆོས་ཀྱི་འཁོར་ལོའང་བསྐོར་བར་སྟོན་པར་མཛད་པའི་ཕྱིར་ཏེ། དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་གྱི་སེམས་ཅན་གཡོ་བག་སྟེ་ཁམས་སྣ་ཚོགས་ཀྱི་སྤྱོད་པ་ཅན་རེ་བ་སྟེ་སྲིད་པའི་ཞགས་པ་ནི་མང་པོས་བཅིངས་པ་མ་ལུས་པ་ཕན་ལན་ལ་མི་ལྟོས་པའི་ཐུགས་རྗེ་ཆེན་པོས་མྱ་ངན་ལས་འདས་པར་བཀྲི་བར་མཛད་པ་ཡིན་པའི་ཕྱིར། བཞི་པ་ནི། དེ་ལྟར་སྐུ་གསུམ་གྱི་རྣམ་གཞག་བཤད་ནས་ཐེག་པ་མཐར་ཐུག་པ་གཅིག་ཏུ་སྒྲུབ་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཁྱོད་ཀྱིས་འགྲོ་བ་ལ་ཐེག་པ་གཞན་དང་མི་མཉམ་པ་དབྱེར་མེད་པའི་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་བསྟན་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། འདི་ན་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པ་ལས་དྲི་མ་མཐའ་དག་སེལ་བ་ནི་ལྷུར་བྱེད་པ་ལས་མཆོག་གཞན་མེད་ཅིང་། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ནི་རིགས་མི་འདྲ་བའི་རྣམ་འགྱུར་གྱི་དབྱེ་བ་ལའང་བསྟེན་པ་མ་ཡིན་ཞིང་། དེ་ཉིད་ཡུལ་ཅན་ཡེ་ཤེས་བློ་གྲོས་འདིའི་ངོ་བོར་ཡང་རྣམ་པ་མི་འདྲ་བའི་ཐ་དད་དུ་འགྱུར་བ་མ་ཡིན་པ་དེ་ཡི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་བསྟན་པ་དེ་དགོངས་པ་ཅན་ཡིན་ཏེ། འཇིག་རྟེན་པ་སྟེ་སེམས་ཅན་ཁ་ཅིག་སངས་རྒྱས་ཀྱི་སྤྱོད་ཡུལ་གཏིང་ཟབ་པ་ལ་འཇུག་པར་མི་འགྱུར་བའི་ཕྱིར་ཏེ། རྒྱུ་མཚན་གང་གི་ཕྱིར་ན། འགྲོ་བ་རྣམས་ལ་ཉེས་པ་སྟེ་ཉོན་མོངས་ཆེན་པོ་སྐྱེད་བྱེད་ཀྱི་རྒྱུ་སེམས་ཅན་སྙིགས་མ་ལྔ་པོ་འདི་དག་ཡོད་པར་གྱུར་པ་དེའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱིས་ཉན་རང་གི་ཐེག་པ་འདི་ནི་སློབ་མ་ཉན་ཐོས་དང་རང་རྒྱལ་གྱི་རིགས་ཅན་སྡུག་བསྔལ་ཉེ་བར་ཞི་པའི་ཚུལ་ལ་ཡིད་སྦྱར་བའི་ཆེད་དུ་གསུངས་ཤིང་། དེ་ནས་ཉོན་མོངས་ཀྱིས་རྣམ་པར་དབེན་པའོ་བློ་སྦྱངས་པ་རྣམ་ལ་ཕྱི་ནས་ལོགས་སུ་ཐེག་པ་ཆེན་པོ་གསུངས་པའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན། བདེ་བར་གཤེགས་པ་ཁྱོད་ལ་གདུལ་བྱ་འདུལ་བའི་མཁྱེན་རབ་ཐུགས་རྗེའི་ཐབས་དང་ལྷན་ཅིག་མངའ་པ་དང་། གང་གི་ཕྱིར་སྔོན་བྱང་སེམས་ཀྱི་དུས་བདག་གིས་སེམས་ཅན་ཐམས་ཅད་དགྲོལ་བར་བྱའོ་ཞེས་ཁྱོད་ཀྱིས་ཞལ་གྱིས་བཞེས་པ་དེ་ཉིད་ཐབས་ཀྱིས་མཐར་ཕྱིན་པར་མཛད་དགོས་པ་དེའི་ཕྱིར། དཔེར་ན། དེད་དཔོན་མཁས་པ་རིན་པོ་ཆེ་ཡི་གླིང་དུ་ཆས་པའི་ཚེ། སྐྱེ་བོའི་ཚོགས་ཀྱི་ངལ་བ་ཉེ་བར་སེལ་བའི་ཆེད་དུ་གྲོང་ཁྱེར་ཡིད་དུ་འོང་བ་ལམ་བར་དུ་རྣམ་པར་སྤྲུལ་པའི་བཀོད་པ་བསྟན་པས་རིམ་གྱིས་རྒྱ་མཚོར་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱེད་པ་ལྟར་རོ། ། ལྔ་པ་ལ་གཉིས། མངོན་པར་བྱང་ཆུབ་པའི་དུས་དང་། བཞུགས་པའི་དུས་བཤད་པའོ། །དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། བྱང་ཆུབ་ཀྱི་སྙིང་པོར་འཚང་རྒྱ་བའི་ཚུལ་སྟོན་པའི་བསྐལ་པའི་གྲངས་བསམ་གྱིས་མི་ཁྱབ་སྟེ། མ་ལུས་ཕྱོགས་བཅུའི་ཞིང་སངས་རྒྱས་ཀྱི་ཡུལ་དུ་གྱུར་པ་དག་ན་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་གྲངས་རྣམས་བདོག་པར་གྱུར་པ་ཇི་སྙེད་པ་བདེ་བར་གཤེགས་པ་ཁྱོད་བྱང་ཆུབ་ཀྱི་མཆོག་རབ་དམ་པར་གཤེགས་པའི་བསྐལ་པ་ཡང་དེ་སྙེད་ཡོད་པ་དེའི་ཕྱིར། དེ་ལྟར་ཡིན་པ་འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་སེམས་ཅན་བློ་དམན་པ་ཁ་ཅིག་ལ་བསྙད་པར་བགྱི་བ་མ་ལགས་ཏེ། དགེ་བའི་རྩ་བ་ཆུང་བ་རྣམས་མོས་པར་དཀའ་བའི་ཕྱིར་རོ། ། གཉིས་པ་ནི། དེ་ཆོས་ཅན། ཁྱོད་ལ་རབ་ཏུ་ཞི་བ་ཕྱོགས་གཅིག་པར་འགྱུར་པ་ག་ལ་མངའ་སྟེ་མི་མངའ་བ་ཡིན་ཏེ། རྒྱལ་བ་ཁྱོད་ཀྱི་སྐུ་ཚེའི་ཚད་ནི་ཇི་སྲིད་འཇིག་རྟེན་གྱི་གདུལ་བྱ་མཐའ་དག་གོ་འཕང་མཆོག་རབ་ཏུ་ཞི་བར་འགྲོ་བ་མིན་པ་སྟེ་སངས་རྒྱས་སུ་མ་གྱུར་པའི་བར་དང་། ཇི་སྲིད་དུ་ནམ་མཁའ་རྣམ་པར་འཇིག་པར་འགྱུར་བ་མིན་པ་དེ་སྲིད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་གྱིས་བསྐྱེད་པ་ཐུགས་བརྩེ་བའི་མ་མ་ཡིས་འཁོར་བ་མ་སྟོང་གྱི་བར་བཞུགས་པའི་ཚུལ་ལུགས་བྱེད་པ་ཡིན་པའི་ཕྱིར། དེ་ཆོས་ཅན། མགོན་པོ་ཁྱོད་མཆོག་རབ་ཏུ་ཞི་བ་ཕྱོགས་གཅིག་པར་གཤེགས་པར་འགྱུར་བ་མ་ལགས་ཏེ། གཏི་མུག་གི་སྐྱོན་གྱིས་འཇིག་རྟེན་པ་རྣམས་འདོད་ཡོན་གྱི་ཁ་ཟས་དུག་དང་བཅས་པ་ཟ་བ་ཡི་སྐྱེ་བོ་ཉིད་ཀྱི་ནང་མི་དེ་ལ་ཁྱོད་བརྩེ་བ་སྐྱེ་བ་ཇི་ལྟ་བ་དེ་ལྟར་དུ་དུག་ཟོས་ནས་ཉེན་པའི་བུ་གཅིག་པུ་ལ་མ་ཡི་སྡུག་བསྔལ་གྱི་ཡིད་སྐྱེ་བ་མ་ཡིན་པ་དེས་ནའི་ཕྱིར་རོ། དེ་ཆོས་ཅན། ཁྱོད་ལ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་མི་འངའ་སྟེ། རྒྱུ་མཚན་གང་གི་ཕྱིར་ན་དེ་ཁོ་ན་ཉིད་ཀྱི་དོན་ལ་མི་མཁས་པས་རྒྱུ་འབྲས་ཀྱི་དངོས་པོ་ཡོད་པ་ལ་བདེན་པར་ཞེན་པ་ཡི་བློ་ཅན་གྱིས་ལས་འབྲས་ལ་ཡིད་ཆེས་པས་ལྷ་དང་མིར་སྐྱེ་བར་ཡོད་པ་ལྟ་བ་རྣམས་ཀྱིས་སྐྱེ་བ་དང་འཇིག་པའི་གནས་སྐབས་ཏེ་འཆི་བའི་སྡུག་བསྔལ་དང་། སྡུག་པ་དང་བྲལ་ཞིང་། མི་སྡུག་པ་དང་ཕྲད་པའི་རྐྱེན་སྟོབས་ཀྱིས་བསྐྱེད་པའི་སྡུག་བསྔལ་མྱོང་བར་འགྱུར་བ་དག་དང་། རྒྱུ་འབྲས་ཀྱི་དངོས་པོ་མེད་པར་ཞེན་པའི་ལོག་ལྟ་དང་ལྡན་ནས་སྡིག་ཅན་གྱི་འགྲོ་བ་དམྱལ་བ་ལ་སོགས་པ་འཐོབ་པར་འགྱུར་བ་ཡོད་པ་དེ་ཕྱིར་ན། འཇིག་རྟེན་གྱི་སྐྱེ་བོ་དེ་རྣམས་ཐུགས་བརྩེ་བ་ཆེན་པོའི་ཡུལ་དུ་རབ་ཏུ་དོང་བ་སྟེ་སོང་བས་བཅོམ་ལྡན་འདས་ཉིད་ཀྱི་ཐུགས་རྗེ་ཆེན་པོས་ཁྱོད་ཀྱི་ཐུགས་ཞི་བ་ཕྱོགས་གཅིག་པ་ལ་གཞོལ་བ་ལས་བཟློག་པས་ཏེ་དེའི་ཕྱིར་རོ། ། གསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་ནི། མགོན་པོ་ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་ལུགས་གྱི་བསྟན་བཅོས་འདི་ཆོས་ཅན། དགེ་སློང་དཔལ་ལྡན་ཟླ་གྲགས་ཀྱིས་རང་དགར་སྦྱར་བ་མ་ཡིན་ཏེ་དབུ་མའི་བསྟན་བཅོས་རྩ་བ་ཤེས་རབ་སོགས་ལས་བཏུས་ནས་མདོའི་ངེས་དོན་གྱི་ལུང་ཇི་ལྟ་བ་བཞིན་དང་། མགོན་པོ་ཀླུ་སྒྲུབ་ཀྱི་མན་ངག་ནི་ཇི་ལྟ་བ་བཞིན་དུ་བརྗོད་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཐར་འདོད་ཀྱི་གདུལ་བྱ་རྣམས་ཀྱིས་ཚུལ་འདིར་འཇུག་རིགས་ཏེ་ཇི་ལྟར་དབུ་མའི་གཞུང་ལུགས་འདི་ལས་གཞན་ན་སྟོང་པ་ཉིད་ཀྱི་ཆོས་འདི་ནི་ཇི་ལྟར་མེད་པ་དེ་བཞིན་དུ། ཁོ་བོ་ཅག་གི་བརྒལ་ལན་དང་བཅས་པར་བསྙད་པ་འདིར་འབྱུང་བའི་ལུགས་ཀྱང་བསྟན་བཅོས་གཞན་ནི་མེད་ཅེས་མཁས་པ་རྣམས་ཀྱིས་ངེས་པར་མཛོད་དེ་མཛད་དགོས་པའི་ཕྱིར་རོ། །དཔལ་ལྡན་ཟླ་བ་ཆོས་ཅན། ཁྱོད་ཀྱིས་བསྟན་བཅོས་འདི་བརྩམས་པ་ལ་དགོས་པ་ཡོད་དེ། འཕགས་པ་ཀླུ་སྒྲུབ་ཀྱི་ཟབ་མོ་རྟོགས་པའི་བློའི་རྒྱ་མཚོ་ཤིན་ཏུ་རྒྱ་ཆེ་ཞིང་དཔག་པར་དཀའ་བའི་ཁ་དོག་གིས་འཇིགས་པས། སྐྱེ་བོ་གཞན་དག་གིས་ལུགས་བཟང་པོ་གང་དག་རྒྱང་རིང་དུ་སྤངས་པར་བྱས་ཀྱང་། དབུ་མའི་གཞུང་དེའི་ཚིག་ལེའུར་བྱས་པ་ཁ་འབུས་པའི་མེ་ཏོག་ཀུ་མུ་ཏ་ལྟ་བུ། བློའི་འོད་ཟེར་གྱིས་ཁ་ཕྱེ་བའི་ལེགས་པར་བཤད་པའི་ཆུས། ད་ལྟ་ཟླ་བ་གྲགས་པ་ནི་བསྐལ་བཟང་གཞན་གྱི་ཡིད་ལ་རེ་བ་རྣམས་རབ་ཏུ་སྐོང་བར་བྱེད་པའི་ཕྱིར་ཁ་ཅིག་འདིར་ཟླ་བ་གྲགས་པ་རང་ཉིད་ཀྱི་ཡིད་ལ་རེ་བ་སྐོང་བར་བཤད་པ་ནི་སྐབས་སུ་བབ་མ་བབ་བརྟག་པར་བྱ་སྟེ། ཁོ་བོ་ནི་དེ་ཅུང་འཐད་པ་མིན་ནམ་སྙམ་དུ་སེམས་པའི་ཕྱིར་རོ། དེ་ཁོ་ན་ཉིད་ཀྱི་དོན་སྔར་བཤད་ཟིན་པ་ཟབ་མོ་འཇིགས་སུ་རུང་བ་འདི་ནི་ཆོས་ཅན། གསུང་རབ་མང་དུ་གསན་རྒྱ་ཆེ་ཡང་སློབ་དཔོན་དབྱིག་གཉེན་སོགས་སེམས་ཙམ་པའི་སྐྱེ་བོ་གཞན་གྱིས་ཐུགས་སུ་ཆུད་པར་མི་འགྱུར་ཏེ། ཟབ་མོ་འདི་ནི་སྔོན་སྟོང་པ་ཉིད་ལ་མོས་པའི་བག་ཆགས་གོམས་པ་ཉིད་ལས་སྐྱེ་བོ་ཡིས་ངེས་པར་རྟོགས་པར་འགྱུར་བ་སྣང་བའི་ཕྱིར། དབུ་མའི་ལུགས་ལས་གཞན་དུ་དོན་དམ་པ་སྟོན་པའི་ཚུལ་ལུགས་སངས་རྒྱས་ཀྱི་དགོངས་པར་མ་སོང་བས་རང་བློས་སྦྱར་བ་འདི་དག་མཐོང་ནས། གང་ཟག་གི་བདག་ཏུ་བརྗོད་པ་ཡི་གཞུང་ལུགས་རྣམས་མི་འདོད་པ་ལྟར། སེམས་ཙམ་པ་གཞན་གྱི་ལུགས་ཀྱི་བཞེད་པའི་གཞུང་། དབུ་མའི་ལུགས་འདི་ལས་གཞན་པ་ལ་དགའ་བའི་བློ་དོར་བར་བྱ་སྟེ། རང་བློས་སྦྱར་བའི་གཞུང་ཙམ་ལ་དགའ་བར་མི་རིགས་ཤིང་སེམས་ཙམ་པའི་སློབ་དཔོན་དེ་དག་གིས་དོན་དམ་པའི་ཚུལ་ལེགས་པར་མ་དགོངས་པ་དེའི་ཕྱིར། བཞི་པ་ནི། ཤེས་བྱ་ཆོས་ཅན། བསྟན་བཅོས་འདི་བརྩམས་པ་ལས་བྱུང་བའི་དགེ་བ་གང་དུ་བསྔོ་བའི་ཚུལ་ཡོད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་བཟང་པོ་འདི་ལུང་རིགས་ཀྱི་སྒོ་ནས་བསྙད་པ་སྟེ་བཤད་པ་ལས་བྱུང་བའི་བདག་གིས་བསོད་ནམས་ཕྱོགས་ཀྱི་མཐར་ཁྱབ་ཅིང་ཡིད་ཀྱི་ནམ་མཁའ་ཉོན་མོངས་ཀྱིས་སྔོན་པོར་བྱས་པའི་དཀྱིལ་དུ། སྟོན་ཀའི་རྒྱུ་སྐར་ལྟར་དཀར་བ་འམ། བདག་གིས་སེམས་ཀྱི་སྦྲུལ་ལ་དགེ་ཚོགས་ཀྱི་གདེངས་ཀའི་ནོར་བུ་དང་འདྲ་བ་གང་ཞིག་ཐོབ་པ་དེའི་མཐུས། འཇིག་རྟེན་གྱི་སེམས་ཅན་མ་ལུས་པས་ཟབ་མོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ནས་མྱུར་དུ་བདེ་བར་གཤེགས་པའི་ས་ཀུན་ཏུ་འོད་ཅེས་བྱ་བར་བགྲོད་པར་ཤོག་ཅིག་ཅེས་དགེ་བ་རྫོགས་བྱང་དུ་བསྔོ་བ་ཡིན་པའི་ཕྱིར་རོ། ། བཞི་པ་མཇུག་གི་དོན་ལ་གཉིས། སློབ་དཔོན་གང་གིས་མཛད་པ་དང་། ལོ་པཎ་གང་གིས་བསྒྱུར་བའོ། །དང་པོ་ནི། དབུ་མ་ལ་འཇུག་པ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་འདི་ཆོས་ཅན། གསལ་བར་བྱེད་པ་པོ་ཡོད་དེ། སློབ་དཔོན་ཟླ་བ་གྲགས་པ་ཞེས་མཚན་གསོལ་བ་ཐེག་པ་བླ་ན་མེད་པའི་མཆོག་ལ་ཐུགས་གཞོལ་བ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པར་གྲགས་པ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་རྫུ་འཕྲུལ་གྱིས་འོ་མ་བཞོས་པས་སེམས་ཅན་གྱི་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་ཡིན་ལ། དེ་ཉིད་མཇུག་རྫོགས་སོ་འམ་རྫོགས་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བསྟན་བཅོས་འདི་གནས་གང་དུ་ལོ་པཎ་གང་གིས་བསྒྱུར་བ་ཡོད་དེ། ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་དབུས་སྟེ་དབུས་རིན་ཆེན་སྦས་པའི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་དཔལ་འཕགས་པ་ལྷའི་སྐུ་རིང་ལ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ལ་ཤ་སྟེ་ཐིག་ལེ་བུམ་པ་དང་། བོད་ཀྱི་ལོཙྪ་བ་བན་དེ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར་ལ། ཕྱིས་ར་ས་ར་མོ་ཆེར་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་སྟེ་གསེར་གྱི་གོ་ཆ་དང་། ལོ་ཙྪ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་པའི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ་འཆད་ཉན་གྱིས་ལེགས་པར་གཏན་ལ་ཕབ་པའོ་སྟེ་ཕབ་པ་ཡིན་པའི་ཕྱིར་རོ། །ཚིག་དོན་འཆད་པའི་སྤོམ་ཐོག་ནས་བཤད་པ་ཡང་ཡོད་པས་རྩོད་པའི་སྐབས་སུ་ཞིབ་ཆ་དབྱེ་བར་བྱའོ། ། སྨྲས་པ། རྒྱ་ཆེན་མཁྱེན་པའི་ལྷ་ལམ་ལས་ཡངས་པར་བརྩེ་བའི་ཆུ་འཛིན་འཁྲིགས་པ་ལས། །ལེགས་བཤད་ཆར་མང་འབེབས་དང་ལྷན་ཅིག་རྟེན་འབྱུང་འབྲུག་སྒྲ་རབ་ཏུ་སྒྲོགས། །ཟབ་དོན་རྒྱ་མཚོའི་གོས་ཅན་མཐའ་དག་རིགས་པའི་ཟེར་གྱིས་སྣང་བྱེད་པ། །སྨྲ་བའི་ཉི་མ་ཀླུ་སྒྲུབ་ཟླ་བ་བླ་མ་མཆོག་ལ་སླར་ཕྱག་འཚལ། །འཕགས་པའི་དགོངས་པ་ལོག་རྟོག་སྤྲིན་ཕུང་གིས། །བསྒྲིབས་ཚེ་ལུང་རིགས་དྲི་བཞོན་གྱིས་བསལ་ཏེ། །ཐུབ་བསྟན་པདྨོ་ཅི་ཡང་བཞད་པ་ནི། །རྗེ་བཙུན་བླ་མའི་དྲིན་ལས་གཞན་ན་སུ། །བློ་བཟང་སྨྲ་བའི་ཟླ་བ་གང་དེ་ཡི། །རྗེས་འཇུག་མཁས་མང་རྒྱུ་སྐར་སྟོང་ཕྲག་དག །རང་རང་ལེགས་བཤད་འོད་ཀྱི་སྣང་བ་ཡིས། །མཐའ་བྲལ་དབུ་མའི་ལྷ་ལམ་ཅི་ཡང་གསལ། །ཕྱོགས་འདིར་སྔོན་བྱོན་དམ་པའི་སྐྱེས་བུ་ཡིས། །ཐུབ་བསྟན་སྲོལ་བཏོད་དར་བར་མཛད་གྱུར་ཀྱང་། །དེང་དུས་ཕ་ཆེར་ཆོག་སྒྲིག་ཙམ་ཞིག་གིས། །རྙེད་པ་བསྒྲུབ་པའི་ཆེད་དུ་འཇུག་པས་བྲེལ། །དེ་ལྟ་ན་ཡར་ཐུབ་པའི་རིང་ལུགས་མཆོག །འཆད་ཉན་རྒྱུན་གྱིས་སྤེལ་སླད་སྔོན་མེད་པའི། །སྲོལ་བཟང་གསར་བཙུགས་སྤེལ་པའི་བགོ་སྐལ་ཉིད། །མངོན་སུམ་ཐོབ་པ་མཁས་དབང་ནང་སོའོ། །གང་དེའི་བཀས་བསྐུལ་བསྐུལ་བ་དང་བླངས་ཏེ། །ཀླུ་སྒྲུབ་དགོངས་ཟབ་ཟབ་མོ་སྟོན་པའི་གཞུང་། །རྩ་ཤེས་ལ་འཇུག་འཇུག་པའི་ཚིག་འགྲེལ་དང་། །མཐའ་དཔྱོད་སྤྱི་དོན་དོན་བཞིན་བཤད་སྙམ་སེམས། །འོན་ཏེ་དཔལ་ལྡན་ཟླ་བའི་དྲི་མེད་སྲོལ། །སྲོལ་འཛིན་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ། །རྗེ་བཙུན་བླ་མ་ཉིད་ཀྱི་བཞེད་པའི་ཚུལ། །ཚུལ་བཞིན་མ་རྟོགས་ཉེས་པར་གྱུར་རྣམས་འཆགས། །གང་གང་གཞུང་གི་དོན་དུ་གནས་པ་རྣམས། །དེ་དེ་བཞིན་དུ་བཤད་པའི་རབ་དཀར་དགེ། །བསྟན་ལས་བསྟན་པའི་སྙིང་པོ་དབུ་མའི་ལམ། །སྲིད་འདིར་སྲིད་མཐའི་བར་དུ་རྒྱས་ཕྱིར་བསྔོ། །ཅེས་དབུ་མ་ལ་འཇུག་པའི་དགོངས་པ་ཡང་གསལ་སྒྲོན་མེ། ཚིག་འགྲེལ་ཉིད་སྤྱི་དོན་མཐའ་དཔྱོད་དང་བཅས་པ་ཟུང་འབྲེལ་དུ་བཤད་པ་ཞེས་བྱ་བ་འདི་ནི། གོང་མའི་ལུང་གིས་ཏཱ་ཀོའུ་ཤྲི་ཞེས་མཚན་གསོལ་ཞིང་།ལུགས་གཉིས་ཀྱི་བླང་དོར་དང་། གསོ་བ་རིག་པ། སྙན་ངག། མངོན་བརྗོད། བོད་ཀྱི་ཡིག་སྡེབ་ཀྱི་རིགས་སོགས་ཐ་སྙད་པའི་རིག་བྱེད་དུ་མ་ལ་བློའི་སྣང་བ་རྒྱས་ཤིང་། འཛམ་གླིང་རྒྱན་གྱུར་རྣམས་ཀྱི་ལེགས་བཤད་སྤྱི་དང་། ཁྱད་པར་ཀླུ་སྒྲུབ་ལུགས་ཀྱི་ཟབ་དོན་འཚོལ་བ་ལ་དགྱེས་པ་ནི། ངོ་བསྟོད་ཙམ་མ་ཡིན་པར་སྨྲས་ཚེ་ཡང་རྟག་ཏུ་ངུ་ལྟར་གྱུར་པ་ནང་སོ་ངག་དབང་འཕྲིན་ལས་རྒྱ་མཚོས་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། དམ་པ་དུ་མའི་བཀའི་གནང་བ་ཐོབ་པ་ལ་བརྟེན་ནས་རང་དགོན་ཅོ་ནེ་བཤད་སྒྲུབ་གླིང་། མཚན་གཞན་གོང་མའི་ལུང་བྱང་ལས་ཏིང་འཛིན་དར་རྒྱས་གླིང་ཞེས་འབྱུང་བའི་ཆོས་སྡེ་ཆེན་པོར་མཚན་ཉིད་ཀྱི་བཤད་གྲྭ་གསར་དུ་བཙུགས་པའི་ཚེ། དབུ་ཕར་གྱི་གཞུང་གི་དགོངས་འགྲེལ་རྩོམས་ཤིག་ཅེས་གནང་སྦྱིན་དང་བཅས་པར་བསྐུལ་ཞིང་། ཁྱད་པར་གསུང་རབ་ཀྱི་གཞུང་རྣམས་ལས་རྒྱ་ཆེར་བསྔགས་པ་ཟབ་མོ་རྟེན་འབྱུང་གི་དོན་དཔལ་ལྡན་ཟླ་བའི་ལུགས་འདི་འགངས་ཆེ་མོད། ཕྱོགས་འདིར་ཆོས་འདི་ལ་ཐོས་བསམ་གྱིས་འཇུག་པའི་སྐྱེས་བུ་ཆེས་ཆེར་དཀོན་པས་ཕན་ཐོགས་པ་དཀའ་ཚོད་དུ་སྣང་ཡང་། འཆད་ཉན་གྱི་རྒྱུན་ལ་ཕན་འདོགས་པར་འདོད་པའི་འདུན་པས། རྗེའི་དགོངས་པ་དང་བསྟུན་ནས་འདི་བཞིན་གྱིས་ཞེས། ཡང་པཎ་ཞྭ་གོས་ཁ་ཏགས་དང་བཅས་ཏེ་གསུང་གིས་བསྐུལ་བ་ན། དེའི་ཚེ་མཚན་ཉིད་ཀྱི་བླ་མའི་ཐོག་མར་གྱུར་པ་རབ་འབྱམས་སྨྲ་པའི་མིང་ཅན་གྲགས་པ་བཤད་སྒྲུབ་ཀྱིས། རྣམ་བཤད་དགོངས་པ་རབ་གསལ་སོགས་རྗེ་བླ་མའི་གསུང་རབ་དུ་མ་དང་། རྗེ་དགེ་འདུན་རྒྱ་མཚོ། རྒྱལ་དབང་ལྔ་པ། མཁས་གྲུབ་ཆེན་པོ་བསྟན་པ་དར་རྒྱས་ཀྱི་ལེགས་པར་བཤད་པ་རྣམས་ལ་བརྟེན། གཙོ་བོར་རང་ཉིད་ཀྱི་བློས་ཅི་འོས་བཞིན་དུ་བགྱིས་པ་སྟེ། ཀྭ་ཡེ་ལེགས་བཤད་ཡིན་མིན་གཟུ་བོར་གནས་པའི་བློས་ལེགས་པར་དཔྱད་པར་བྱས་ནས་སྤང་བླང་བྱའི་ཐོག་མ་ཉིད་ནས་དུག་སྦྲུལ་གྱིས་གླ་རྩི་ཚོར་པ་ལྟར་ཕྱོགས་ལྷུང་གི་ལྟ་བ་ལ་གནས་པར་མི་བྱའོ། །རྩ་བའི་ཚིག་དང་དོན་བཤད་པ་རྣམས་སོ་སོར་གོ་བདེ་བའི་ཆེད་ཁ་ཆེའི་གུར་གུམ་དང་རྒྱ་སྐགད་སོགས་ཀྱིས་རྩ་ཚིག་ཕྱེ་བར་བྱའོ། དེ་ལྟ་བུའི་དབུ་མའི་དཔེ་འདི་ཉིད་བསྟན་པའི་མངའ་བདག་ཀོའུ་ཤྲི་ཡེས་ཀྱིས་རང་གིས་བཙུགས་པའི་མཚན་ཉིད་ཀྱི་བཤད་རྒྱུན་དང་གཞན་ལ་ཕན་སྲིད་པར་དགོངས་ནས་ལྕགས་ཕོ་ཁྱི་ལོར་པར་དུ་བསྒྲུབས་པའོ། །འདིས་ཀྱང་འཇམ་དཔལ་སྙིང་པོའི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག །བཀྲ་ཤིས། དགེ་ལེགས་འཕེལ། ཤུ་བཾ་བྷ་ཝནྟུ། སུ་པྲ་ཏིཥྠ།

འདུལ་བ་རྒྱ་མཚོའི་སྙིང་པོའི་དགོངས་དོན་རབ་ཏུ་སྣང་བར་བྱེད་པའི་སྒྲོན་མེ།

འདུལ་བ་རྒྱ་མཚོའི་སྙིང་པོའི་དགོངས་དོན་རབ་ཏུ་སྣང་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་བཞུགས།

འདུལ་བ་རྒྱ་མཚོའི་སྙིང་པོའི་དགོངས་དོན་རབ་ཏུ་སྣང་བའི་སྒྲོན་མེ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྨྲ་བ་ཀུན་ལ་མི་འཇིགས་མཆོག་བརྙེས་ཏེ། །མཁས་མང་འཁོར་ཚོགས་དབུས་ན་སེང་གེའི་སྒྲས། །རྣམ་གསུམ་འཁོར་ལོ་ལེགས་པར་བསྐོར་མཛད་པ། །ཟླ་མེད་སྟོན་པ་དེ་ལ་གུས་ཕྱག་འཚལ། །མདོ་རྒྱུད་ཀུན་ལ་ཐུབ་པའི་དབང་པོ་དང་། །རྟེན་འབྲེལ་ཟབ་མོའི་དོན་ལ་ཀླུ་སྒྲུབ་བཞིན། །རབ་འབྱམས་འདུལ་བའི་གཞུང་ལ་ཡོན་ཤཱཀ་དང་། །རབ་མཚུངས་འཇམ་དབྱངས་བླ་མ་གཙུག་ན་རྒྱལ། །བརྟན་པའི་འཁོར་ལོ་མི་ཡི་སྲིད་པའི་གར། །བསམ་བཞིན་རྣམ་པར་རོལ་པའི་བཤེས་གཉེན་ཆེ། །ཀུན་མཁྱེན་བླ་མ་གང་དེའི་བཞེད་པ་བཞིན། །སོ་ཐར་རྒྱ་མཚོའི་ཡང་སྙིང་གསལ་བར་བྱ། ། དེ་ལ་འདིར་རྗེ་བཙུན་ཙོང་ཁ་པ་ཆེན་པོས་མཛད་པའི་འདུལ་བ་རྒྱ་མཚོའི་སྙིང་པོའི་དོན་འཆད་པར་བྱེད་པ་ལ་གསུམ། བཤད་པ་ལ་འཇུག་པའི་ཡན་ལག་འཆད་བྱེད་ཀྱི་གཞུང་དགོད་པ། །མཐར་ཕྱིན་པའི་འཇུག་གི་བྱ་བའོ། །དང་པོ་ལ་ཡང་གསུམ། གཞུང་གཞན་འགའ་ཞིག་ནས་འབྱུང་བ་ལྟར་གྱི་སྨོན་པ་དང་། ཕྱག་འཚལ་བ། བཤད་པར་དམ་བཅའ་བའོ། །དང་པོ་ནི། ༀ་བདེ་ལེགས་སུ་གྱུར་ཅིག །ཅེས་གསུངས་ཏེ། དོན་ནི། ༀ་ནི་མཆོག་དང་བཀྲ་ཤིས་སོགས་དོན་མང་པོ་ལ་འཇུག་ཀྱང་། འདིར་ནི་ཚིག་ཕྱི་མའི་འགོ་འདྲེན་བྱེད་ཡིན་ལ། དེ་ཡང་འགྲོ་བ་ཐམས་ཅད་གནས་སྐབས་མངོན་མཐོ་ལྷ་མིའི་བདེ་བ་དང་། མཐར་ཐུག་ངེས་ལེགས་ཐར་པའི་གནས་སུ་རེག་པར་གྱུར་ཅིག་ཅེས་པའོ། །སྤྱིར་མངོན་མཐོ་ངེས་ལེགས་གཉིས་ལའང་བདེ་ལེགས་ཀྱི་སྒྲ་འཇུག་ཏུ་རུང་བར་མངོན་ལ། འོན་ཀྱང་འདིར་གཙོ་བོར་ནི་ངེས་ལེགས་ཀྱི་བདེ་བ་ལ་བྱའོ། ། གཉིས་པ་ཕྱག་འཚལ་བ་ནི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། དོན་ནི། ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པས་ན། ཐམས་ཅད་མཁྱེན་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དེ་ཡང་སྔོན་ལོ་པཎ་རྣམས་ཀྱིས་འདུལ་བའི་སྡེ་སྣོད་བསྒྱུར་བའི་ཐོག་མར་ཐམས་ཅད་མཁྱེན་པ་དང་། མངོན་པའི་ཐོག་མར་འཇམ་དཔལ་དང་། མདོ་སྡེའི་ཐོག་མར་སངས་རྒྱས་བྱང་སེམས་ལ་མཆོད་བརྗོད་མཛད་པའི་བཀས་བཅད་དང་མཐུན་པར་བསྟན་བཅོས་འདི་འདུལ་བའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་པས་དེ་ལྟར་མཛད་དོ། ། གསུམ་པ་དམ་བཅའ་བ་ལ་གཉིས། བཤད་བྱ་ངོས་བཟུང་བ་དང་། དམ་བཅའ་བ་དངོས་སོ། །དང་པོ་ནི། གང་ལ་བརྟེན་ནས་ཞེས་སོགས་རྐང་པ་བཞིས་སྟོན་ཏེ། འདིར་གང་འཆད་པར་བྱེད་ཅེ་ན། ཐབས་གང་ལ་བརྟེན་ནས་བདེ་བླག་ཏུ་སྟེ་དཀའ་བ་མེད་པར་ཉོན་མོངས་པ་ཀུན་ལས་གྲོལ་བས་ན་ཐར་པའི་གྲོང་སྟེ་གོ་འཕང་དུ་བགྲོད་པར་བྱེད་ནུས་པའི་ཐབས་ཀྱི་གཙོ་བོ་བདེ་བ་གཤེགས་པའི་ལུང་དང་རྟོགས་པའི་བསྟན་པའི་སྙིང་པོ་མཆོག་ཏུ་གྱུར་བ། མཚན་ནི་སྲུང་བ་པོ་སོ་སོར་འཁོར་བ་ལས་ཐར་པའི་བྱེད་ནུས་པས་ན། སོ་སོར་ཐར་པ་ཅེས་བྱ་བར་གྲགས་པའི་སྡོམ་པ་གང་ཡིན་པ་དེ་འདིར་འཆད་དོ། །ཐར་པའི་གོ་འཕང་ནི་བདེ་བའི་གནས་ཡིན་པས་གྲོང་ཞེས་པའི་མིང་གིས་བཏགས་ཀྱི་ཁང་ཁྱིམ་ཡོད་པའི་གྲོང་ལྟ་བུ་ནི་མིན་ནོ། ། གཉིས་པ་དམ་བཅའ་བ་དངོས་ནི། ངོ་བོ་དང་ནི་སོགས་རྐང་པ་བཞིས་སྟོན་ཏེ། སྔར་སྨོས་པའི་སྡོམ་པ་དེ་ཚུལ་ཇི་ལྟར་འཆད་ཅེ་ན། སྡོམ་པ་དེ་ནི་ངོ་བོ་དང་ནི། རབ་དབྱེ་དང་། སོ་སོའི་ངེས་འཛིན་དང་། སྐྱེ་བའི་རྟེན་དང་། གཏོང་བའི་རྒྱུ་དང་། ཕན་ཡོན་ཏེ། རྣམ་པ་དྲུག་གི་སྒོ་ནས་ཇི་ལྟ་བ་བཞིན་དུ་བཤད་པར་བྱའོ། །ཞེས་སོ། ། གཉིས་པ་འཆད་བྱེད་ཀྱི་གཞུང་དགོད་པ་ནི། ངེས་འབྱུང་ནས། འབད་དེ་བསྲུང་། །ཞེས་པའི་བར་གྱིས་སྟོན་ཏེ། འདི་ལ་དྲུག །སྡོམ་པའི་ངོ་བོ་བཤད་པ། དབྱེ་བ། དངོས་འཛིན། སྐྱེ་བའི་རྟེན། གཏོང་བའི་རྒྱུ། ཕན་ཡོན་ནོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ངེས་འབྱུང་བསམ་པས་ཞེས་པ་ནས། བཟློག་པ་ཞེས་པའི་བར་གསུངས་ཏེ། སྡོམ་པའི་ངོ་བོ་ཇི་ལྟ་བུ་ཡིན་ཞེ་ན་དེ་ནི། སྡོམ་པ་འབོགས་པའི་ཚེ་མཁན་སློབ་སོགས་ཀྱིས་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་གྱིི་ཁྱད་པར་བརྡ་སྤྱད་པ་ལས་བྱུང་བའི་ངེས་འབྱུང་གི་བསམ་པ་རྣམ་དག་གམ། མ་ཐ་བཅོས་མ་གང་རུང་གིས་རྒྱུ་བྱས་པ་ལ་བརྟེན་ནས་སྐྱེས་ཤིང་། སེམས་ཅན་གཞན་ལ་གནོད་པ་གཞི་སྲོག་གཅོད་པ་ལ་སོགས་པའི་གནོད་པ་རྒྱུ་དང་བཅས་པ་ལས་བཟློག་པའི་དགེ་བ་ཞིག་ལ་འཇོག་གོ །ཞེས་སོ། འོ་ན། རྒྱ་ཆེར་འགྲེལ་པ་ལས། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེའོ། །ཞེས་ངེས་འབྱུང་གི་བསམ་པ་བཅོས་མིན་མེད་པར་སྡོམ་པ་མི་སྐྱེ་བར་གསུངས་ན། ཁྱོད་ཀྱིས་བཅོས་མ་ལ་བརྟེན་ནས་སྐྱེ་བར་ཡོད་པ་བཤད་པ་ཇི་ལྟར་འཐད་སྙམ་ན། །སྤྱིར་དེ་ལྟར་དགོས་སམ་སྙམ་ཀྱང་དམིགས་བསལ་དུས་དང་བསྟུན་ཏེ། རྣམ་རྒྱལ་གསེར་མདོག་ལས། སྡོམ་པའི་སྐྱེ་རྒྱུ་ཙམ་ལ་ལས་མཁན་གྱིས་བརྡ་སྤྲད་པའི་ཚེ་བཅོས་མའི་ངེས་འབྱུང་ལྷང་བ་ཞིག་སྐྱེས་པས་གོ་ཆོད་ཀྱིས་མཚན་ཉིད་པ་སྐྱེ་དགོས་ན་དེང་སང་སྡོམ་ལྡན་ཤིན་ཏུ་ཉུང་བར་འགྱུར་ལ། ཞེས་གསུངས་པ་ལྟར་རོ། །ལམ་གྱི་གཙོ་བོ་རྣམ་གསུམ་ལས་ནི། དེ་ལྟར་བསྒོམས་པས་འཁོར་བའི་ཕུན་ཚོགས་ལ། ཞེས་པ་ནས། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་པས་བསྟན་པ་དེ་ངེས་འབྱུང་ཁྱད་པར་ཅན་ལ་དགོངས་ལ་འོན་ཀྱང་། མཁན་སློབ་ཀྱིས་བརྡ་སྤྲད་པའི་ཚེ། འཁོར་བ་ལས་ཐར་འདོད་དང་ཐར་པ་ཐོབ་འདོད་ཀྱི་བློ་ཞིག་ནི་སྐྱེ་དགོས་ཤིང་། རྗེའི་གནམ་རྩེ་ལྡིང་མར་ཡང་དེ་བཞིན་དུ་གསུངས་སོ། །མཁས་གྲུབ་རྗེས་ཐུབ་བསྟན་བྱི་དོར་དུ། །གང་ཟག་འགའ་ཞིག་ལ་སྔོན་སྡོམ་པ་ལེན་པའི་ཚེ་སྡོམ་པ་དངོས་སུ་མ་སྐྱེས་ཀྱང་། ཕྱིས་ངེས་འབྱུང་སྐྱེས་པའི་ཚེ་སྔར་གྱི་ཆོ་ག་ལ་བརྟེན་ནས་བླང་བའི་ཚུལ་ཁྲིམས་དེ་སྡོམ་པར་འགྱུར་པར་བཤད་པ་ལྟར་འཐད་དམ་སྙམ་སྟེ། ཀུན་དགའ་བོའི་ཚ་བོ་གཉིས་བཞིན་ནོ། ། གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། དེ་ཡང་ལུས་ངག་ལས། ཞེས་པ་ནས། རང་གི་སྡེ་པ་གོང་འོག་སྨྲ། ཞེས་པའི་བར་གསུངས་ཏེ། སྔར་བཤད་པའི་སྡོམ་པ་དེ་ཡང་འདོད་ཚུལ་གྱི་ཁྱད་པར་ཡོད་དེ། སོ་ཐར་སྡོམ་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་ལུས་ངག་གི་ལས་སུ་གྱུར་པའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཅན་གང་རུང་ཡིན་ཞེས་འདོད་པའི་ལུགས་ཞིག་དང་། སྲོག་གཅོད་སོགས་སྤོང་བའི་སེམས་པ་རྒྱུན་ཆགས་པ་ཁྱད་པར་བ་དང་། སྤོང་སེམས་དེའི་ས་བོན་དང་བཅས་པའང་སོར་ཐར་གྱི་སྡོམ་པ་ཡིན་ན་ཞེས་འདོད་པའི་ཚུལ་ནི་རྣམ་པ་གཉིས་ཡོད་ལ། དེ་ཡང་གང་ཡིན་གྱི་འདོད་པ་མ་ཡིན་གྱི། སངས་རྒྱས་པ་རང་གི་གྲུབ་མཐའ་སྡེ་པ་གོང་འོག་གི་སྨྲ་བ་སྟེ་བཞེད་པ་ཡིན་པའི་ཕྱིར་རོ། །ཞེས་སོ། །དེ་གཉིས་ཀྱི་སྔོན་མ་གཟུགས་ཅན་དུ་འདོད་པ་ནི། བྱེ་བྲག་སྨྲ་བ། ཕྱི་མ་སྤོང་སེམས་ས་བོན་དང་བཅས་འདོད་པ་ནི། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་ཁ་ཅིག་ཡིན་ལ། དབུ་མ་ཐལ་འགྱུར་བས་ལུས་ངག་གི་སྡོམ་པ་གཟུགས་ཅན་དུ་འདོད་ཅེས་གསུངས་སོ། །འདི་དག་རྣམས་ལ་བཞེད་པ་མི་མཐུན་པའི་བརྒལ་བརྟག་ཤིན་དུ་མང་ཡང་ཚིག་མང་བར་དོགས་ནས་མ་བྲིས་སོ། ། གཉིས་པ་དབྱེ་བ་ལ་གཉིས། རིགས་བརྒྱད་ཀྱི་དབྱེ་བ་བཤད་པ་དང་། དེ་དག་ཁྱིམ་པ་དང་རབ་བྱུང་གང་གི་ཡིན་བཤད་པའོ། །དང་པོ་ནི། བསྙེན་གནས་སོགས་རྐང་པ་བཞིའི་སྟོན་ཏེ། སོ་སོར་ཐར་པའི་སྡོམ་པ་དེ་ལ་རིགས་བརྒྱད་དོ་ཞེས་དབྱེར་ཡོད་དེ། བསྙེན་གནས་ཀྱི་སྡོམ་པ། དགེ་བསྙེན་ཕ་མ་གཉིས་ཀྱི་སྡོམ་པ་གཉིས། དགེ་ཚུལ་ཕ་མའི་སྡོམ་པ་གཉིས། དགེ་སློབ་མའི་སྡོམ་པ། དགེ་སློང་མའི་སྡོམ་པ་དང་། དགེ་སློང་སྟེ་ཕའི་སྡོམ་པ་དང་བརྒྱད་ཡོད་པའི་ཕྱིར་རོ། །ཞེས་སོ། ། གཉིས་པ་ནི། ཁྱིམ་པའི་སོགས་རྐང་པ་བཞིས་སྟོན་ཏེ། སྡོམ་པ་དེ་ལ་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་དུ། རབ་བྱུང་ཕྱོགས་ཀྱི་སྡོམ་པ་དུ་ཡོད་ཞེ་ན། ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་ནི། རིགས་བརྒྱད་ཀྱི་ནང་ནས། བསྙེན་གནས་ཀྱི་སྡོམ་པ། དགེ་བསྙེན་ཕ་མ་གཉིས་ཀྱི་སྡོམ་པ་དང་བཅས་དང་པོ་གསུམ་པོ་ཡིན་ལ། རབ་བྱུང་གི་སྡོམ་པ་ནི། བརྒྱད་ཀྱི་ནང་ནས། དགེ་ཚུལ་ཕ་མ་གཉིས། དགེ་སློང་མ། དགེ་སློང་ཕ་མའི་སྡོམ་པ་གཉིས་དང་བཅས་ཏེ། ཐ་མ་ལྔ་པོ་དེ་ཡིན་ནོ་ཞེས་པའོ། ། སུམ་པ་སོ་སོའི་ངོས་འཛིན་རྒྱས་པར་བཤད་པ་ལ་དྲུག །བསྙེན་གནས་ཀྱི་སྡོམ་པ། དགེ་བསྙེན་ཕ་མའི་སྡོམ་པ། དགེ་ཚུལ་གྱི་སྡོམ་པ། དགེ་སློང་མའི་སྡོམ་པ། དགེ་སློང་ཕའི་སྡོམ་པ་བཤད་པའོ། །དང་པོ་ལ་གཉིས། སྡོམ་པ་དངོས་དང་། དེའི་སྤང་བྱའི་དབྱེ་བ་བཤད་པའོ། །དང་པོ་ནི། རྩ་བ་བཞི་དང་སོགས་རྐང་པ་གཉིས་ཀྱིས་སྟོན་ཏེ། བསྙེན་གནས་ཀྱི་སྡོམ་པ་གང་ཡིན་ཞེ་ན། རྟེན་གྱི་གང་ཟག་ཁྱིམ་པ་གང་གིས་སྤང་བྱ་རྩ་བ་བཞི་དང་ཡན་ལག་བཞི་སྟེ་བརྒྱད་ཉིན་ཞག་གཅིག་གི་མཐའ་ཅན་སྤོང་བ་མཁས་བླངས་པའི་སྡོམ་པ་དེ་བསྙེན་གནས་ཀྱི་སྡོམ་པར་ཞེས་འཇོག་གོ་ཞེས་པའོ། ། གཉིས་པ་དབྱེ་བ་ནི། མི་ཚངས་སྤྱོད་སོགས་རྐང་པ་ལྔས་སྟོན་ཏེ། འོ་ན། རྩ་བ་བཞི་པོ་དེ་གང་ཡིན། ཡན་ལག་བཞི་པོ་དེ་ཡང་གང་ཡིན་ཞེ་ན། བུད་མེད་ལ་མི་ཚངས་པར་སྤྱོད་པའི་དང་། གཞན་གྱི་ནོར་མ་བྱིན་པར་ལེན་པ་སྟེ་བརྐུ་བ་འཕྲོག་པ་སོགས་བྱེད་པ་དང་། མིའམ་མིར་ཆགས་པའི་སེམས་ཅན་གྱི་སྲོག་གཅོད་པ་དང་། མངོན་ཤེས་སོགས་མེད་བཞིན་དུ་ཡོད་དོ་ཞེས། བརྫུན་དུ་སྨྲ་བ་རྣམས་ནི། རྩ་བ་བཞི་ཡིན་ལ། མལ་སྟན་གསེར་དངུལ་སོགས་རིན་པོ་ཆེ་ལས་བྱས་པ་ཆེ་བ་གྲུ་གང་ལས་མཐོ་བ་དང་། ཆང་འཐུང་བ་དང་། གར་སོགས་སྟེ་གླུ་གར་རོལ་མོ་སོགས་རྩེ་མོ་སྒེག་ཆོས་གཞན་དང་ལུས་ལ་མེ་ཏོག་ཕྲེང་བ་སོགས་རྒྱན་གསར་དུ་འདོགས་པ་དང་། ཕྱི་དྲོའི་ཁ་ཟས་ཟ་བ་རྣམས་ཀྱི་ཡན་ལག་བཞི་ཡིན་ནོ། །ཞེས་སོ། །འདི་དག་གི་ཁྱད་པར་ཅུང་ཟད་རྒྱས་པར་ནི་འོག་ཏུ་འཆད་ལ། ད་ལྟའི་ཁྱིམ་པ་ཕལ་ཆེར་གྱི་སྲུང་བའི་སྡོམ་པ་འདི་བསྙེན་གནས་ཀྱི་སྡོམ་པ་ཡིན་ཀྱང་། ལེན་པའི་ཚེ། ཐོག་མར་དགེ་སློང་སོགས་གང་ཟག་ཞིག་གི་དྲུང་དུ་བླངས་ནས། ཕྱིས་ལེན་པའི་ཚེ་གང་ཟག་མ་རྙེད་ན། རྟེན་གྱི་དྲུང་དུ་སྐྱབས་འགྲོ་བྱས་ཏེ་བླངས་ན་སྐྱེ་ལ། དེ་ཡང་ནང་པར་སྔ་བར་ལག་རིས་མཐོང་ཙམ་གྱི་དུས་ཟས་མ་ཟོས་གོང་དུ་ལེན་དགོས་པར་གསུངས་ཀྱང་། ད་ལྟའི་ལེན་ཚུལ་སོགས་ལ་བརྟགས་ཚེ་བར་མའི་དགེ་བ་ཙམ་ལས་ཚད་ལྡན་གྱི་སྡོམ་པ་དཀའོ། །འདི་ལ་ཡང་དཔྱད་པར་བྱ་བ་མང་ངོ་། ། གཉིས་པ་དགེ་བསྙེན་ཕ་མའི་སྡོམ་པ་ལ་གཉིས། མདོར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གསོད་བརྐུ་སོགས་རྐང་པ་གསུམ་གྱིས་སྟོན་ཏེ། ཁྱིམ་པ་གང་གིས་སྲོག་འཚོ་བའི་བར་དུ་མིའམ་མིར་ཆགས་པ་གསོད་པ། གཞན་གྱི་ནོར་བརྐུ་བར་བྱེད་པ། མི་ཆོས་བླ་མའི་བརྫུན་སྨྲ་བ་དང་། གཞན་གྱི་བུད་མེད་ལ་ལོག་པར་གཡེམ་པའི་དང་། ཡན་ལག་མྱོས་འགྱུར་གྱི་ཆང་འཐུང་བ་ལྔ་སྤོང་བས་རབ་ཏུ་ཕྱེ་བའི་སྡོམ་པ་ནི། དགེ་བསྙེན་གྱི་སྡོམ་པ་ཞེས་བྱའོ། །ཞེས་སོ། །འོ་ན། མི་ཚངས་སྤྱོད་དང་ལོག་གཡེམ་ལ་ཁྱད་པར་ཡོད་དམ་མེད་ཞེ་ན། ཡོད་དེ། ཁྱིམ་པས་རང་གི་བུད་མེད་ལ་བགྲོད་པ་མི་ཚངས་སྤྱོད་ཡིན་ཀྱང་ལོག་གཡེམ་མ་ཡིན། གཞན་གྱི་བུད་མེད་ལ་བགྲོད་པ་ལོག་གཡེམ་དང་མི་ཚངས་སྤྱོད་གཉིས་ཀ་ཡིན་པའི་ཕྱིར་རོ། ། གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། སྣ་གཅིག་སྣ་འགའ་སོགས་རྐང་པ་བདུན་གསུངས་ཏེ། དགེ་བསྙེན་དེ་ལ་དུ་ཡོད་ཅེ་ན། དེ་ལ་རྣམ་གྲངས་ཀྱིས་དྲུག་ཡོད་དེ། སྣ་གཅིག་སྤྱོད་པའི་དགེ་བསྙེན། སྣ་འགའ་སྤྱོད་པ། ཕལ་ཆེར་སྤྱོད་པ། ཡོངས་རྫོགས་སྤྱོད་པ་དང་། ཚངས་སྤྱོད་ཀྱི་དགེ་བསྙེན་དང་ལྔ། དེའི་སྟེང་དུ་སྐྱབས་འགྲོའི་དགེ་བསྙེན་བསྣན་པས། དགེ་བསྙེན་རྣམ་པ་དྲུག་ཡོད་པའི་ཕྱིར་རོ། ། དེ་དྲུག་གི་ཁྱད་པར་ཡོད་དེ། རྩ་བ་བཞི་པོ་དེ་ལས་ནང་ནས་སྲོག་གཅོད་པ་ལྟ་བུ་སྣ་གཅིག་ཙམ་སྤོང་བར་ཁས་བླངས་པའི་དགེ་བསྙེན་དེ་སྣ་གཅིག་སྤྱོད་པའི་དགེ་བསྙེན། དེ་བཞིན་དུ་མ་བྱིན་པར་ལེན་པ་དང་སྣ་གཉིས་སྤོང་པ་དེ་སྣ་འགའ་སྤྱོད་པ་བརྫུན་དང་སྣ་གསུམ་སྤོང་བ་དེ་ཕལ་ཆེར་སྤྱོད་པ། འདོད་ལོག་ཀྱང་སྤོང་བ་དེ་ཡོངས་རྫོགས་སྤྱོད་པ། དེའི་སྟེང་དུ་མི་ཚངས་སྤྱོད་སྤོང་བ་དེ་ཚངས་སྤྱོད་དགེ་བསྙེན་དང་། དེ་དག་མ་སྤངས་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཙམ་གྱི་སྒོ་ནས་དགེ་བསྙེན་དུ་ཁས་ལེན་པ་སྐྱབས་འགྲོའི་དགེ་བསྙེན་དུ་འཇོག་པ་རྣམས་དང་། གོ་རིམ་བཞིན་དུ་སྦྱོར་བ་ཡིན་པའི་ཕྱིར་རོ། །འོ་ན་དྲུག་པོ་དེ་དགེ་བསྙེན་དངོས་ཡིན་ནམ་སྙམ་ན། ཁ་ཆེ་བྱེ་བྲག་སྨྲ་བས་ཡོངས་རྫོགས་དགེ་བསྙེན་དང་། ཚངས་སྤྱོད་དགེ་བསྙེན་གཉིས་དངོས་དང་། གཞན་རྣམས་དགེ་བསྙེན་དུ་བཏགས་པ་ཙམ་དུ་འདོད་ལ། ཉི་འོག་པ་དང་། མདོ་སྡེ་པས་ཐམས་ཅད་དགེ་བསྙེན་དངོས་ཡིན་པར་འདོད་ཅེས་གསུངས་སོ། །རྟེན་གྱི་སྒྲོ་ནས་དབྱེ་ན་ཕ་མ་གཉིས་ཡོད་ལ། ཐམས་ཅད་ལ་སྐྱབས་འགྲོ་དང་། མྱོས་འགྱུར་འཐུང་བ་སྤོང་བ་གཉིས་ཡན་ལག་ཏུ་དགོས་སོ། ། གསུམ་པ་དགེ་ཚུལ་གྱི་སྡོམ་པ་ལ་གཉིས། མདོར་བསྟན་པ་དང་། སྤང་བྱའི་ཁྱད་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྩ་བ་བཞི་དང་སོགས་རྐང་པ་གཉིས་ཀྱིས་སྟོན་ཏེ། རྟེན་གྱི་གང་ཟག་རབ་བྱུང་གང་གིས་སྔར་བཤད་པ་ལྟར་རྩ་བ་བཞི་དང་ཡན་ལག་དྲུག་སྟེ་བཅུ་སྤོང་བས་རབ་ཏུ་ཕྱེ་བའི་སྡོམ་པ་དེ། དགེ་ཚུལ་གྱི་སྡོམ་པ་ཞེས་བྱའོ། ། གཉིས་པ་ནི། གར་སོགས་ཕྲེང་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏེ། སྔར་བཤད་པ་ལྟར་རྩ་བ་བཞིའི་སྟེང་དུ་མྱོས་འགྱུར་འཐུང་བ། ཕྱི་དྲོའི་ཁ་ཟས། མལ་ཆེ་མཐོ། དེའི་སྟེང་དུ་བསྙེན་གནས་ལ་གར་སོགས་ཕྲེང་སོགས་གཉིས་གཅིག་ཏུ་བྱེད་དགོས་ཀྱང་། འདིར་དགེ་ཚུལ་ལ་གར་སོགས་དང་ཕྲེང་སོགས་སོ་སོར་ཕྱེ་བས་རྣམ་པ་གཉིས་དང་། གསེར་དངུལ་ལེན་པ་དང་རྣམ་པ་གསུམ་དུ་ཕྱེ་བས་ཡན་ལག་ཏུ་འགྱུར་ཞིང་། དེ་བཅུ་ནི་དགེ་ཚུལ་གྱི་སྤང་བྱའི་གཙོ་བོའོ། །བཅུ་པོ་དེའི་སྟེང་དུ་མཁན་པོར་གསོལ་བ་གདབ་པ་དང་། ཁྱིམ་པའི་རྟགས་གོས་དཀར་སོགས་ནི་སྤོང་བ་དང་། རབ་ཏུ་བྱུང་བའི་རྟགས་སྟོད་གཡོགས་སྨད་གཡོགས་སོགས་ནི་ལེན་པ་ལས་ཉམས་པ་མཁན་པོར་མ་གསོལ་བ་ཁྱིམ་པའི་རྟགས་བཟུང་བ། རབ་བྱུང་གི་རྟགས་སྤོང་བ་རྣམ་པ་གསུམ་ནི་བསྣན་པ་ཡིས། དགེ་ཚུལ་གྱི་སྤང་བྱ་བཅུ་གསུམ་དག་ཏུ་འགྱུར་རོ། །དེའི་སྟེང་དུ་སྐྱབས་འགྲོའི་མི་མཐུན་ཕྱོགས་བསྣན་ཏེ་སྤང་བྱ་བཅུ་བཞིར་བཤད་པའང་ཡོད་ལ། གཞན་ཡང་བླངས་འདས་སོ་དྲུག་ཀྱང་བཤད། མདོར་ན། བླངས་འདས་སོ་དྲུག་ཡིན་ཀྱང་། ཕྱོགས་མཐུན་གྱི་བསྡམ་བྱའི་དབང་དུ་བྱས་ན་ཉེས་མེད་ཕྱེད་དང་བཅོ་བརྒྱད་མ་གཏོགས། གཞན་དགེ་སློང་གིས་སྤང་བྱར་བྱེད་པ་ཐམས་ཅད་ཀྱང་སྤོང་དགོས་པར་བཤད་དོ། །རྟེན་གྱི་སྒོ་ནས་དབྱེ་ན་ཕ་མ་གཉིས་ཡོད་དོ། ། བཞི་པ་དགེ་སློབ་མའི་སྡོམ་པ་ལ་གཉིས། མདོར་བསྟན་པ་དང་སྤང་བྱའི་ཁྱད་པར་སོ་སོར་བཤད་པའོ། །དགེ་ཚུལ་སོགས་རྐང་པ་བཞིས་སྟོན་ཏེ། དགེ་ཚུལ་མ་དེས་དགེ་ཚུལ་གྱི་སྡོམ་པ་ཐོབ་པའི་རྗེས་སུ་ལོ་གཉིས་གྱི་བར་དུ་རྩ་བའི་ཆོས་དྲུག་དང་། རྗེས་མཐུན་གྱི་ཆོས་དྲུག་སྤོང་བར་ཁས་བླངས་པའི་སྡོམ་པ་ནི། དགེ་སློང་མ་ཡི་སྡོམ་པ་ཡིན་ནོ། ། གཉིས་པ་ནི། གཅིག་པུ་སོགས་རྐང་པ་བཅུ་བཞིས་སྟོན་ཏེ། དེ་ཡང་རྩ་བའི་ཆོས་དྲུག་གང་ཡིན། རྗེས་མཐུན་གྱི་ཆོས་དྲུག་གང་ཡིན་ཞེ་ན། དགེ་སློབ་མ་དེ་ཉིད་གྲོགས་མེད་པར་གཅིག་པུ་ལམ་དུ་འགྲོ་བར་མི་བྱ་བ་དང་། ཆུ་བོའི་ཕ་རོལ་ཏུ་རྐྱལ་བྱས་ཏེ་བརྒལ་བར་མི་བྱ་བ་དང་། སྐྱེས་པ་དང་ནི་གྲོགས་མེད་པར་ལྷན་ཅིག་ཏུ་འདུག་པར་མི་བྱ་བ་དང་། སྐྱེས་པ་ལ་ནི་ལུས་ཀྱིས་རེག་པར་མི་བྱ་བ་དང་། སྐྱེས་པ་དང་བུད་མེད་སྨྱན་དུ་འགྱུར་བའི་གཏམ་མི་བྱ་ཞིང་། ཁ་ན་མ་ཐོ་བའི་ལྟུང་བ་བྱུང་ན་འཆབ་པ་སྟེ་སྦེད་པར་མི་བྱ་བ་དེ་དག་ནི་རྩ་བའི་ཆོས་དྲུག་སྤོང་བའི་སྡོམ་པ་ཞེས་བྱ་ཞིང་། ཟློག་ཕྱོགས་དྲུག་ནི། རྩ་བའི་ཆོས་དྲུག་ཅེས་བྱའོ། །གཞན་ཡང་དགེ་སློབ་མ་དེས་གསེར་ལ་བཟུང་བ་སྟེ་རེག་པར་མི་བྱ་ཞིང་། འདོམས་ཀྱི་སྤུ་ནི་བྲེག་པར་མི་བྱ་བ་དང་། བྱིན་ལེན་མ་བྱས་པར་ཟ་བར་མི་བྱ་བ་དང་། གསོག་འཇོག་བྱས་པ་བཟའ་བར་མི་བྱ་བ་དང་། རྩྭ་སྔོན་ཐོག་ཏུ་བཤང་གཅིའི་མི་གཙང་བ་འདོར་མི་བྱ་བ་དང་། ས་ནི་བརྐོ་བར་མི་བྱ་བ་དེ་དག་གི་ཟློག་ཕྱོགས་རྗེས་མཐུན་ཆོས་ནི་རྣམ་པ་དྲུག་སྤོང་བའི་སྡོམ་པ་ཞེས་བྱའོ། །དེས་ན་དགེ་སློབ་མ་ནི་རྟེན་བུད་མེད་ཁོ་ན་ཡིན་ནོ། ། ལྔ་པ་དགེ་སློང་མའི་སྡོམ་པ་ནི། ཕམ་བརྒྱད་སོགས་རྐང་པ་བདུན་གྱིས་སྟོན་ཏེ། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། བརྫུན་སྨྲ་སྟེ་ཐུན་མོང་པའི་ཕམ་པ་བཞི་དང་། དེའི་སྟེང་དུ་རེག་པའི་ཕམ་པ། བཀན་པ། འཆབ་པ། བཟློག་པའི་ཕམ་པ་སྟེ་ཐུན་མོང་མ་ཡིན་པ་བཞི་སྟེ། ཕམ་པ་བརྒྱད་དང་། དགེ་འདུན་གྱི་ལྷག་མའི་ལྟུང་བ་ཉི་ཤུ་དང་། སྤང་བའི་ལྟུང་བྱེད་སུམ་ཅུ་རྩ་གསུམ་དང་། ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ་དང་། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང་། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་བསྡོམས་ན། སྤང་བྱ་སུམ་བརྒྱ་དྲུག་ཅུ་རྩ་བཞི་ཡོད་པ་རྣམས། སྤོང་བར་བྱེད་པའི་སྡོམ་པ་དེ། དགེ་སློང་མའི་སྡོམ་པ་ཡིན་ཞིང་། གང་ཟག་དེ་ནི་དགེ་སློང་མ་ཡིན་ནོ། །དགེ་སློང་མའི་ལྟུང་བ་ཕལ་ཆེར་དགེ་སློང་དང་འདྲ་བ་ལས། མི་འདྲ་བ་དང་གཞན་རྣམས་རྒྱས་པར་གཞན་ནས་ཤེས་པར་བྱའོ། ཁ་ཅིག་དགེ་སློང་མ་དེ། དགེ་སློང་ཡིན་ནམ་མ་ཡིན། ཡིན་ན། དགེ་སློང་ཕའི་སྐབས་སུ་དགེ་སློང་ངོ་ཞེས་གསུངས་ནས། དགེ་སློང་མ་ལ་དགེ་སློང་མ་ཞེས་དམིགས་བསལ་གསུངས་པ་དེ་ཅི་ཡིན་ཞེ་ན། དེ་ནི་དགེ་སློང་ཕ་ལ་སྤྱི་མིང་བྱེ་བྲག་ལ་འདོགས་པར་མཛད་ཀྱི་དགེ་སློང་མ་དགེ་སློང་ཡིན་ཏེ། དཔེར་ན། རྟ་མོ་དེ་ནི་རྟ་ཡིན་པ་བཞིན་ནོ། །གཞན་ཡང་བུ་མོ་བུ་ཡིན་ཀྱང་། བུ་ཕོ་ལ་བུ་ཞེས་མིང་འཆགས་པ་ལྟར། དགེ་སློང་མ་ལ་ཡང་དེ་བཞིན་དུ་མཚུངས་སོ། །གལ་ཏེ་བུ་མོ་བུ་ཡིན་པ་མ་གྲུབ་བོ་སྙམ་ན། དེ་ཡིན་པར་རིམ་ལྔ་གསལ་སྒྲོན་ལས། རྒྱུད་ལ་ཕ་རྒྱུད་མ་རྒྱུད་གཉིས་ཀྱི་དབྱེ་བའི་དཔེར་མཛད་ནས་གསུངས་པས་སོ། ། དྲུག་པ་དགེ་སློང་གི་སྡོམ་པ་ནི། ཕམ་པ་བཞི་དང་སོགས་རྐང་པ་བདུན་གྱིས་སྟོན་ཏེ། འདི་ལ་ཡང་ཚིག་དོན་མདོར་བསྟན་པ་དང་། ཅུང་ཟད་ཕྱེ་སྟེ་རྒྱས་པར་བཤད་པའོ། །དང་པོ་ནི། ཕམ་པ་བཞི་དང་། ལྷག་མ་ནི་བཅུ་གསུམ་དང་། སྤང་ལྟུང་སུམ་ཅུ་དང་། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་དང་། སོ་སོར་བཤགས་པ་བཞི་དང་། ཉེས་བྱས་ནི་བརྒྱ་རྩ་དང་བཅུ་གཉིས་ཏེ་ཁྱོན་བསྡོམས་པ་ཡིས། ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་གྱི་ཉེས་པ་སྔར་བཤད་པ་དེ་རྣམས། སྤོང་བར་བྱེད་པའི་སྡོམ་པ་དེ་ནི་དགེ་སློང་ཕའི་སྡོམ་པ་ཡིན་ཅིང་། གང་ཟག་དེ་ནི་དགེ་སློང་ཕ་ཞེས་བྱའོ། ། གཉིས་པ་ཅུང་ཟད་ཕྱེ་སྟེ་རྒྱས་པར་བཤད་པ་ལ་ལྔ་ཕམ་པ། ལྷག་མ། སྤང་ལྟུང་། ལྟུང་བྱེད། སོར་བཤགས། ཉེས་བྱས་སོ། །དང་པོ་ལ་བཞི། མི་ཚངས་སྤྱོད། མ་བྱིན་ལེན། སྲོག་གཅོད། བརྫུན་ཏུ་སྨྲ་བའི་ཕམ་པ་བཤད་པའོ། །དང་པོར་མི་ཚངས་སྤྱོད་ཀྱི་ཕམ་པ་ནི། ཕོ་མོ་མ་ནིང་དུད་འགྲོ་གང་གིའང་། གསོན་པོའམ། ལུས་ཕྱེད་དུ་ལོངས་པའི་རོ་ལྟ་བུའི་ཁ། བཤང་ལམ་ཟག་བྱེད་གསུམ་པོ་གང་རུང་དུ། ནོར་བུ་བཅུག་ཅིང་རེག་པའི་བདེ་བ་རྫོགས་པར་ཉམས་སུ་མྱོང་བ་སྟེ། ས་ག་ལྷས། ཁ་ཤུན་སོ་དང་པགས་པ་ལས། ནོར་བུ་འདས་ན་ཕམ་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །བྱིས་པ་སོགས་ཀྱི་ལུས་ཀྱི་ཆ་གཞན་ལ་བརྟེན་ནས་ས་བོན་འབྱིན་པ་ནི། དགེ་སློང་ལ་དགེ་འདུན་གྱི་ལྷག་མར་འགྱུར་ཞིང་། ཕམ་པར་མི་འགྱུར་ཡང་། ཡང་འོག་སྒོར་ནི་ཕམ་པར་འགྱུར་རོ། །རབ་བྱུང་ཁ་ཅིག་གིས་ཕམ་པར་མི་འགྱུར་བ་ཙམ་ལ་བསམ་ནས། རང་དགར་ཁྱིམ་པས་ཤེས་བཞིན་དུ་ཁྲེལ་མེད་བྱེད་པ་ནི། རྒྱལ་བའི་བསྟན་པ་ལ་རྨ་འབྱིན་པའི་སྒོ་ནས་ཉམས་པར་བྱེད་པར་ཁོ་ནའོ། ། གཉིས་པ་མ་བྱིན་ལེན་ཀྱི་ཕམ་པ་ནི། གཞན་གྱི་དངོས་པོ་རིན་ཐང་ཚང་བ་རང་གིས་བརྐུས་སམ། གཞན་ལ་བརྐུར་བཅུག་ནའང་འདྲ་ལ། རིན་ཐང་གི་ཚད་ནི། རྒྱ་གར་དུ་ཀཪྴ་པ་ཎ་བཞི་ཆའི་ཚད་ཡིན་ལ། དེ་ལ་བརྟེན་ནས་བོད་དུ་བཞེད་པ་མི་འདྲ་བ་མང་དུ་བྱུང་ཡང་། ལོ་ཆེན་ཆོས་སྐྱོང་བཟང་པོས། གསེར་སེ་བ་བཅུའི་ཚད། ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོས་ནས་ཁལ་གཅིག་གམ་ཕྱེད་ཀྱིས་ཀྱང་ལོངས་པའི་སྐབས་ཡོད་པར་བཞེད་ལ། དང་པོ་ལྟར་དངུལ་ཞོ་ལྔ་དང་། སྤྱི་མ་ལྟར་ན་དངུལ་ཞོ་གསུམ་ལྷག་ཙམ་གྱིས་ཀྱང་རིན་ཐང་ཚང་བར་བཞེད་ལ། འོན་ཀྱང་འདུལ་བ་མང་པོའི་དགོངས་པར་བརྟགས་ཚེ་དངུལ་ཞོ་གསུམ་ལོངས་ཙམ་གྱི་ཚད་རི་བ་ཞིག་མ་ནོར་བར་རང་གི་དོན་དུ་བརྐུས་སམ། འཕྲོག་ནས་ཐོབ་པའི་བློ་སྐྱེས་པའི་ཚེ་ཕམ་པར་འགྱུར་རོ། །དེ་ཡང་མིས་བདག་ཏུ་བཟུང་པ་ཞིག་དང་། བསམ་བཞིན་མ་ནོར་བར་རང་དོན་དུ་བརྐུས་པ་ཞིག་དགོས་ལ། གཞན་དོན་དང་བརྐུས་སེམས་མེད་པར་བླངས་པ་སོགས་ཡན་ལག་མ་ཚང་ན་ཕམ་པར་མི་འགྱུར་རོ། །མི་མང་པོའི་འགོ་རྒྱུའི་དངོས་པོ་བརྐུས་ན། སོ་སོ་ལ་ལྟོས་པའི་རིན་ཐང་ཚང་དགོས་ལ། སྤྱི་ཐབས་ཀྱི་འཇོག་རྫས་བརྐུས་ན། ཐུན་མོང་དུ་རིན་ཐང་ཚང་བ་ཙམ་གྱིས་ཆོག་གོ །དཀོན་མཆོག་གི་རྫས་མིས་བདག་ཏུ་མ་བཟུང་བ་བསྐུས་ན། མཆོད་རྟེན་གྱི་དཀོར་འཕྲོག་པའི་ཉེས་པ་འབྱུང་ཡང་ཕམ་པ་མི་འབྱུང་ཞིང་། མི་མ་ཡིན་གྱི་རྫས་སོགས་མིས་བདག་ཏུ་བཟུང་བ་གཞན་ལ་ཡང་འདྲའོ། །རབ་བྱུང་ལྷ་བཙུན་གྱིས་ནི་གཞན་ལ་ཆད་པ་བཅད་པའི་སྒོ་ནས་འཕྲོག་པ་ཡང་རིན་ཐང་ཚང་ན་ཕམ་པར་འགྱུར་ཞིང་། ཁ་ཅིག་འཇལ་བྱེད་ཀྱི་སྲང་སོགས་ལ་བརྟེན་ནས་མ་བྱིན་པར་ལེན་པ་ནི། ཇི་ལྟར་འགྱུར་བ་གསུང་རབ་དང་བསྟུན་ན་གསལ་བར་འཆད་ནུས་མོད། དུས་ཀྱི་དབང་གིས་སྨྲ་དཀའ་བར་སྣང་ངོ་། །ལ་ལ་མི་ཚངས་སྤྱོད་མ་བྱས་ཕྱིར། གཞན་ཐམས་ཅད་བྱས་ནའང་རབ་བྱུང་དུ་རློམ་པ་དེ་ནི། བསྟན་པའི་གཟུགས་བརྙན་ཡིན་ནོ། ། གསུམ་པ་སྲོག་གཅོད་ཀྱི་ཕམ་པ་ནི། མི་དངོས་སམ། མའི་མངལ་དུ་ཡོད་པའི་མེར་མེར་པོ་ལ་སོགས་པ་ཐབས་སྣ་ཚོགས་ཀྱིས། རང་གིས་གསོད་དམ། གཞན་ལ་གསོད་དུ་བཅུག་ཀྱང་ཕམ་པར་འགྱུར་རོ། །དེ་ཡང་བསམ་བཞིན་མ་ནོར་བས་བསད་པ་ཞིག་དགོས་ཀྱི། གསོད་སེམས་མེད་པར་བསད་པ་སོགས་ལ་ཕམ་པ་མི་འབྱུང་ངོ་། །འོན་ཀྱང་གསོད་སེམས་ཡོད་ན་གསོད་པའི་གཞི་མ་ཡིན་པ་འདྲ་ན་ནོར་ཏེ་བསད་པ་ལའང་ཕམ་པ་འབྱུང་ཞིང་། གཞན་ཡང་དུད་འགྲོ་བསད་ན་ལྟུང་བྱེད། མི་མ་ཡིན་པ་བསད་ན་སྦོམ་པོ་འབྱུང་ལ། ཁ་ཅིག་རང་ཕུགས་སུ་བསྡད་ནས་གཞན་ལ་དུད་འགྲོ་སོགས་ཀྱི་རིགས་གསོད་དུ་འཇུག་པ་ནི། །ལས་འབྲས་ལ་མགོ་སྐོར་བྱེད་འདོད་པར་ཟད་དོ། །མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། ཐམས་ཅད་བྱེད་པ་པོ་བཞིན་ལྡན། ཞེས་དམག་ལ་སོང་བའི་ཚེ་ཐམས་ཅད་བསམ་པ་མཐུན་པས་གཅིག་གིས་བསད་ན་ཐམས་ཅད་ཀྱིས་བསད་པ་དང་འདྲ་བར་གསུངས་ལ་འོན་ཀྱང་གསོད་སེམས་མེད་ན། དེ་ལྟར་མི་འགྱུར་རོ། ། བཞི་པ་རྫུན་དུ་སྨྲ་བའི་ཕམ་པ་ནི། མངོན་ཤེས་སྒྲུབ་རྟགས་སོགས་མེད་བཞིན་དུ་ཡོད་དོ་ཞེས་སྨྲ་བ་དང་། ལྷ་ཀླུ་སོགས་མ་མཐོང་བར་མཐོང་ངོ་ཞེས་སྨྲ་བ་ལྟ་བུའོ། །ལུང་བསྟན་ཐོགས་མེད་དུ་བྱེད་པ་འགའ་ཞིག་ཀྱང་། སེམས་བསྐྱེད་ཁྱད་པར་ཅན་གྱིས་ཟིན་ན་མ་གཏོགས་འདིའི་ཕམ་པར་གཏོགས་སོ། །གཞན་ཡང་ཚོང་གི་ཕྱིར་སོགས་ལ་རྫུན་ཕྲན་ཚེགས་སྨྲ་བ་ནི། དགེ་སློང་ལ་ལྟུང་བྱེད་སོགས་སུ་འགྱུར་ཞིང་། གཞན་ལ་ཕན་པ་ཁོ་ནའི་ཕྱིར་རྣམ་གྲངས་པའི་རྫུན་སྨྲ་བ་ནི། ཉེས་པར་མི་འགྱུར་བ་མང་སྟེ། དྲང་དོན་གྱི་མདོ་བཞིན་ནོ། །དེ་དག་ལ་བསམ་པ། སྦྱོར་བ། མཐར་ཐུག་སོགས་བྱེད་དཀའ་བ་མང་ལ། གཞན་ཡང་ཕྱོགས་མཐུན་ཚེ་རབས་དྲན་པའི་སྐུ་སྐྱེ་མ་ཡིན་བཞིན་དུ་ཡིན་ཞེས་དང་། བསྙེན་པར་མ་རྫོགས་བཞིན་དུ་རྫོགས་ཞེས་དང་། དབང་ལུང་མ་ཐོབ་བཞིན་དུ་ཐོབ་ཞེས་སོགས་སྨྲ་བ་རྣམས་ཀྱང་། རང་ཉིད་ལམ་ལོག་པར་འགྲོ་བའི་རྒྱུ་སྒྲུབ་པའི་ཐབས་མཁས་པའོ། །ལྷག་མ་སོགས་མིང་གི་སྒོ་ནས་འཆད་པར་འགྱུར་རོ། ། གཉིས་པ་ལྷག་མ་བཅུ་གསུམ་ནི། ཁུ་བ་འབྱིན་པའི་ལྷག་མ། རེག་པ། འཁྲིག་ཚིག །བསྙེན་བཀུར་བསྔགས་པ། སྨྱན་བྱེད་པ། ཁང་པ། ཁང་ཆེན། གཞི་མེད། བག་ཙམ། དབྱེན་བྱེད་པ། དེ་རྗེས་ཕྱོགས་པ། ཁྱིམ་སུན་འབྱིན་པ། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའོ། ། གསུམ་པ་སྤང་ལྟུང་སུམ་ཅུ་ལ། འཆང་སྤང་། འབྲལ་བ། ཟླ་འཇོག ། འཁྲུར་འཇུག །གོས་ལེན་པ། སློང་བ། སློང་བ་རིགས་པ། དཔགས་པ་སློང་བ། སོ་སོ་ནས་དཔགས་པ་སློང་བ། བསྐུར་བ་སྟེ་བཅུ་དང་། སྲིན་བལ་གྱི་གདན། བལ་ནག་གི་གདན། ཆ་གཉིས་བསྲེས་པ། ལོ་དྲུག །མཐོ་གང་། ལམ་དུ་བལ་ཐོགས་པ། བལ་འཁྲུར་འཇུག །རིན་པོ་ཆེ་ལ་རེག་པ། མངོན་མཚན་ཅན། ཚོང་བྱེད་པ་སྟེ་བཅུ་དང་། ལྷུང་བཟེད་ཞག་བཅུ་འཆང་བ། ལྷུང་བཟེད་ལྷག་པོ། ཐགས་འཐགས་ཏུ་འཇུག་པ། འཐག་པ་སྐྱེད་པ། བྱིན་འཕྲོག །བརྟད་པ་ལས་བྱུང་བ། དགོན་པའི་འབྲལ་བ། རས་ཆེན། བསྔོས་པ་བསྒྱུར་བ། གསོག་འཇོག་གི་སྤང་བ་སྟེ་བཅུ་རྣམས་སོ། །ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ལ། རྫུན་སྨྲ་བའི་ལྟུང་བྱེད་དེ། སྐྱོན་བརྗོད་པ། ཕྲ་མ་བྱེད་པ། སྐྱོན་འདོགས་པ། བུད་མེད་ལ་ཆོས་སྟོན་པ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་འདོན་པ་དང་། གནས་ངན་ལེན་བྱེད་པ། མི་ཆོས་བླ་མ་བདེན་པར་སྨྲ་བ། ཤེས་དོར་བྱེད་པ། ཁྱད་གསོད་དེ་བཅུ་དང་། ས་བོན་འཇིགས་པ། འཕྱ་བ། བསྒོ་བ་རྣར་གཟོན་གནས་མལ་དང་གདིང་བ་ལས་གྱུར་པ་གཉིས། སྤྲོས་པ། ཕྱིས་གནོན། རྩ་བ་འབྱུང་བ། སྲོག་ཆགས་ཅན་གྱི་ཆུར་སྤྱོད་པ། རིམ་པ་ལྷག་པར་བརྩིགས་པ་སྟེ་བཅུ་དང་། དགེ་སློང་མ་ལ་ཆོས་སྟོན་པའི་ལྷུང་བྱེད། ཉི་མ་ནུབ་ནས་ཆོས་སྟོན་པ། ཟས་ཀྱི་ཆེད་དུ་ཆོས་སྟོན་ནོ་ཟེར་བ། གོས་བྱིན་པ། གོས་བྱེད་པ། ལམ་དུ་འགྲོ་བ། དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པ། དབེན་པ་སྐྱབས་ཡོད་ན་འདུག་པ། འགྲེང་བ། ཟས་སྦྱོར་འཇུག་པའི་ལྷུང་བྱེད་དེ་བཅུ་དང་། ཡང་ཡང་ཟ་བའི་ལྷུང་བྱེད། ལྷག་པ་གནས་ཏེ་ཟ་བ། ལྷག་པ་ལེན་པ། སྤངས་པ་ཟ་བ། སྤངས་པ་སྟོབས་པ། འདུས་ཤིང་ཟ་བ། དུས་མ་ཡིན་པར་ཟ་བ། གསོག་འཇོག་བྱེད་པ། བྱིན་ལེན་མ་བྱས་པ། ཟས་གསོད་པ་སློང་བའི་ལྟུང་བྱེད་དེ་བཅུ་དང་། སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད། ཉལ་པོ་བྱེད་པའི་ཁྱིམ་ན་འདུག་པ། དེར་འགྲེང་བ། གཅེར་བུ་པར་ཟས་བྱིན་པ། དམག་ལ་བལྟ་བ། དམག་ནང་དུ་གནས་པ། བཤམས་པ། དཀྲུགས་པ། བརྡེག་པ། བརྡེག་པར་གཟས་པ། གནས་ངན་ལེན་འཆབ་པའི་ལྟུང་བྱེད་དེ་བཅུ་དང་། ཟན་གཅོད་པ། མེར་རེག་པ། འདུན་པ་ཕྱིར་བསྒྱུར་བ། ནུབ་ལྷག་ཉལ། སྡིག་ལྟ་མི་གཏོང་བ། སྤངས་པའི་རྗེས་ཕྱོགས། དགེ་ཚུལ་བསྙིལ་སྡུད། ཁ་མ་བསྒྱུར་བའི་གོས་གྱོན་པ། རིན་པོ་ཆེར་རེག་པ། ཁྲུས་བྱེད་པའི་ལྟུང་བྱེད་དེ་བཅུ་དང་། དུད་འགྲོ་གསོད་པ། འགྱོད་པ་བསྐྱེད་པ། ག་ག་ཚིལ་བྱེད། ཆུ་ལ་བརྩེ་བ། བུད་མེད་དང་ལྷན་ཅིག་ཉལ་བ། སྡངས་པར་བྱེད་པ། སྦེད་པ། བྱིན་པས་འཚོལ། སྐུར་བ་འདེབས་པ། བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དེ་བཅུ་དང་། རྐུན་པོ་དང་ལྷན་ཅིག་ལམ་དུ་འགྲོ་བ། ཉི་ཤུ་མ་ལོན་པར་རྫོགས་པ། ས་བརྐོ་བ། མགྲོན་དུ་གཉེར་བ་ལས་ཐག་རིང་འཇུག་པ། བསླབ་པ་ཉེ་བར་འཇོག་པ་སྤོང་པ། ཉན་རྣ་བྱེད་པ། མི་སྨྲ་བར་འགྲོ་བ་མ་གུས་པ། ཆང་འཐུང་བ། ཕྱི་དྲོ་གྲོང་དུ་འཇུག་པའི་ལྟུང་བྱེད་དེ་བཅུ་དང་། གྲོང་དུ་རྒྱུ་བ། རྒྱལ་པོའི་ཕོ་བྲང་ནུབ་མོ་འགྲོ་བ། ཁྱད་དུ་གསོད་པ། ཁབ་རལ་བྱེད་པ། ཁྲི་རྐང་འཆོས་པ། ཤིང་བལ་གོས་པ། གདིང་བ་ཚད་ལྷག །གཡན་པ་དགབ་པ་ཚད་ལྷག ། དབྱར་གྱི་རས་ཆེན་ཚད་ལྷག །ཆོས་གོས་ཚད་ལས་ལྷག་པར་བྱེད་པའི་ལྟུང་བྱེད་དེ་བཅུའོ། ། བཞི་པ་སོར་བཤགས་ནི། དགེ་སློང་མར་ཟས་ལེན་པ། གྲལ་རིམ་མ་ཡིན་པར་འགྲིམ་དུ་འཇུག་པ། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པ་ནགས་བརྟགས་པ་ལས་གྱུར་པའི་སོ་སོར་བཤགས་ཏེ་བཞིའོ། ། ལྔ་པ་ཉེས་བྱས་བརྒྱ་དང་བཅུ་གཉིས་ལས་ཤམ་ཐབས་ཀྱི་བདུན་ནི། མཐའ་མཉམ་པར་མ་བགོས་པ། པུས་མོ་ལས་བརྗེས་པ་དང་། ལོང་བུ་ལས་འཇོལ་བ། མདུན་མར་ལུག་པ། མགོ་ཐུར་དུ་ལྟེབ་པར་མཐོ་དམན་བྱས་པ། སྐ་རགས་ཀྱི་བར་ན་དོན་པའོ། །སྟོད་གཡོགས་ཀྱི་གསུམ་ནི། ཟླུམ་པོར་མ་གྱོན་པ། ཡང་བརྫེས་པ། མར་འཇོལ་བའོ། ཁྱིམ་དུ་འགྲོ་བའི་ཚེ་ཤིན་ཏུ་བསྡོམས་པ་ལྔ་ནི། དྲན་ཤེས་མ་བསྟེན་པ། གོས་ལེགས་པར་མ་གྱོན་པ། ཅ་ཅོ་མང་དུ་སྨྲ་བ། མིག་ཕྱོགས་སུ་བལྟ་བ། གཉའ་ཤིང་གང་ལས་རིང་བར་ལྟ་བའོ། །མགོ་གཡོག་པ་སོགས་ལྔ་ནི། མགོ་ལ་གོས་གཡོགས་པ། འདོམ་སྣང་བ། གཟན་ཕྲག་གཡས་གཡོན་ལ་བཀལ་བ། ལག་པ་གཉའ་བར་བསྣོལ་བ། ལྟག་པར་བསྣོལ་བའོ། །འཆོང་བ་སོགས་ལྔ་ནི། མཆོངས་ནས་འགྲོ་བ། ཙོག་པུས། རྐང་པའི་བྲང་གིས། གྲུ་མོ་བརྐྱང་སྟེ་འགྲོ་བ། རྐང་པ་བརྐྱང་སྟེ་འདུག་པའོ། །ལུས་སོགས་ལྔ་ནི། ལུས་ཡང་ཡང་བསྒྱུར་བ། ལག་པ་བསྐྱོད་པ། མགོ་སྒྲིལ་བ། ཕྲག་པ་སྤྲོད་པ། ལག་པ་སྦྲེལ་བའོ། །འདུག་པ་དགུ་ནི། མ་བསྐོས་པར་སྟན་ལ་འདུག་པ། མ་བརྟགས་པར་འདུག་པ། ཁྲི་ལ་ལུས་ཀྱི་ལྗིད་འགེལ་བ། རྐང་པ་གཉིས་བསྣོལ་ནས་བརྐྱང་བ། བརླ་གཉིས་བསྣོལ་བ། ལོང་བུ་བསྣོལ་བ། རྐང་པ་ཁྲི་འོག་ཏུ་བཀུག་པ། རྐང་མགོ་ཕྱིར་གདེངས་པ། འདོམ་སྣང་བར་བྱེད་པའོ། །ཟས་ལེན་པ་བརྒྱད་ནི། ཟས་ལེགས་བར་མ་བླངས་པ། མུ་དང་ཁ་ད་ཆང་དུ་བླངས་པ། འབྲས་ཚོད་མ་མི་མཉམ་པར་ལེན་པ། མཐར་ཆགས་སུ་མི་ལེན་པ། མ་བལྟས་པར་ལེན་པ། ཟས་མ་བྱུང་བར་ལྷུང་བཟེད་གདངས་པ། གཅིག་གིས་གཅིག་སྦས་པ། བཟའ་བཅའི་སྟེང་དུ་ལྷུང་བཟེད་བཞག་པའོ། །ཟས་ཟ་བ་ལ་ལེགས་པར་བྱ་བ་སོགས་དྲུག་ནི། ལེགས་པར་མ་ཟོས་པ། ཁམ་ཆེས་པ། ཆུང་བ། རན་པ་མ་ཡིན་པ། ཁ་གདངས་པ། ཟས་ཀྱིས་ཁ་གང་བཞིན་གཏམ་སྨྲ་བའོ། །ཟ་བའི་ཚེ་ཙུག་ཙུག་སོགས་ལྔ་ནི། ཁར་ཙུག་ཙུག །ཅག་ཅག །ཧུ་ཧུ། ཕུ་ཕུ་ཟེར་བ་དང་། ལྕེ་ཕྱིར་ཕྱུང་ནས་ཟ་བའོ། །ཐ་དད་བྱེད་པ་སོགས་ལྔ་ནི། འབྲུ་རེ་རེ་ནས་ཟ་བ། ཟས་ལ་སྨོད་པ། ཕན་ཚུན་སྤོ་བ། ཁམ་རྐན་སྒྲ་ཏོག་པ། ཁམ་འཕྲོ་བ་གཅོད་ཅིང་ཟ་བའོ། །བལྡག་པ་སོགས་ལྔ་ནི། ལག་པ་བལྡག་པ། ལྕེ་དང་མཛུབ་མོས་འཁྱོག་པ། ལག་པ་སྤྲུག་པ། ལྷུང་བཟེད་སྐྱོམ་པ། ཟས་མཆོད་རྟེན་ལྟར་བཅོས་ནས་ཟ་བའོ། །ལྷུང་བཟེད་ལ་འཕྱ་བ་སོགས་བཞི་ནི། གཞན་གྱི་ལྷུང་བཟེད་ལ་འཕྱ་བ། ཟས་བགོས་པའི་ལག་པ་ཆུ་སྣོད་འཛིན་པ། སྦགས་པའི་ཆུ་འཐོར་བ། ཁྱིམ་དུ་ཁྲུད་ཆུ་འབོ་བའོ། །ལྷག་མ་བླུག་པ་སོགས་བཅུ་ནི། ལྷག་མ་ལྷུང་བཟེད་དུ་བླུག་ནས་འདོར་བ། ལྷུང་བཟེད་སར་འཇོག་པ། གཡང་ས་གད་ཁ་དཀན་གཟར་དུ་འཇོག་པ་གསུམ་དང་། དེ་གསུམ་དུ་བཀྲུ་བ་གསུམ་དང་། འགྲེང་སྟེ་བཀྲུ་བ། ཆུ་རྒྱུན་ལས་བཟློག་པ་སྟེ་བཅུའོ། །ཆོས་བཤད་པ་ལ་འགྲེང་བ་སོགས་ལྔ་ནི། ཡངས་པ་དང་། ཉལ་བ་དང་། མཐོ་སར་བསྡད་པ་དང་། སྔོན་དུ་འགྲོ་བ་དང་། ལམ་གྱི་འགྲམ་སོགས་ན་གནས་པ་ལ་ཆོས་བཤད་པའོ། །མགོ་གཡོག་ས་སོགས་ལྔ་ནི། མགོ་ལ་གོས་གཡོགས་པ། གོས་བརྗེས་པ། ཕྲག་གོང་གཉིས་སུ་གཟར་བ། ལག་པ་གཉའ་བར་བསྣོལ་བ། ལྟག་པར་བསྣོལ་བ་སོགས་ལ་ཆོས་བཤད་པའོ། །དོ་ཀེར་སོགས་ལྔ་ནི། སྐྲའི་ཐོར་ཅོག་བྱས་པ། ཅོད་པཎ་བཅིངས་པ། ཞྭ་གྱོན་པ། ཐོད་བཅིངས་པ། ཕྲེང་བས་བརྒྱན་པ་ལ་ཆོས་བཤད་པའོ། །གླང་ཆེན་སོགས་ལྔ་ནི། གླང་པོ། རྟ། དེ་མ་ཡིན་པའི་བཞོན་པ། མདོ་ལིས་བཏེགས་པ། མཆིལ་ལྷམ་གྱོན་པ་སོགས་ལ་ཆོས་བཤད་པའོ། །འཁར་བ་སོགས་དྲུག་ནི། ལག་ན་འཁར་བ། གདུགས། མཚོན་ཆ། རལ་གྲི། མདའ་གཞུ་ཐོགས་པ། གོ་ཆ་གྱོན་པ་སོགས་ལ་ཆོས་བཤད་པའོ། །བཤང་གཅི་འདོར་བ་སོགས་བཞི་ནི། །འགྲེང་སྟེ་བཤང་གཅི་འདོར་བ། ཆུ་ལ་དེ་འདོར་བ། རྩྭ་སྔོན་དུ་དེ་འདོར་བ། ཤིང་འདོམས་གང་ཡན་ཆད་ལ་འཛེག་པའོ། །དེ་ལྟར་ན་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྟེ། ཕལ་ཆེར་མིང་གི་སྒོ་ནས་བཤད་ལ། ཐམས་ཅད་ངོ་བོའི་སྒོ་ནས་ཕྱེ་སྟེ་རྒྱས་པར་བཤད་ན་མང་བར་དོགས་ནས་མ་བྲིས་སོ། ། བཞི་པ་སྐྱེ་བའི་རྟེན་ནི། དེ་ལྟར་སོ་ཐར་རིགས་བརྒྱད་པོ། །ཞེས་སོགས་རྐང་པ་ལྔས་སྟོན་ཏེ། སྔར་བཤད་པ་དེ་ལྟར་སོ་ཐར་རིགས་བརྒྱད་པོ་དེ་རྣམས་རྟེན་གང་ལ་སྐྱེ་ན། དེ་དག་གླིང་བཞིའི་ནང་ནས་བྱང་གི་སྒྲ་མི་སྙན་པ་མ་གཏོགས་པའི་གླིང་གཞན་གསུམ་གྱི་སྐྱེས་པ་དང་བུད་མེད་ཚད་ལྡན་གྱི་རྟེན་ལ་སྐྱེ་ཡི། འོན་ཀྱང་ཕོ་མོའི་རྟག་སྔ་ཚད་ལྡན་མེད་པའི་ཟ་མ་དང་ཟླ་བ་སྟོད་སྨད་ལ་ཕོ་མོར་རེས་མོས་སུ་འགྱུར་བའི་ཟླ་ཕྱེད་མ་ནིང་དང་འཁྱུད་པའི་ཚེ་ལྡང་བའི་འཁྱུད་ལྡང་མ་ནིང་སོགས་མ་ནིང་དང་། ཕོ་མོའི་མཚན་གཉིས་མཉམ་པོར་བྱུང་བའི་མཚན་གཉིས་དང་། སོགས་སྒྲས་ལྷ་དང་མི་མ་ཡིན་པའི་གང་ཟག་དེ་རྣམས་ཀྱི་རྟེན་ལ་སྡོམ་པ་དེ་སྐྱེ་བ་མིན་ནོ། །དེ་ཡང་ཚེ་དེ་ཐོག་ནས་དེ་དག་གི་རྒྱུད་ལ་སྡོམ་པ་དེ་མི་སྐྱེ་བའི་དོན་ཡིན་གྱི། དེ་རྣམས་ཀྱི་རྒྱུད་ལ་གཏན་ནས་མི་སྐྱེ་བ་མ་ཡིན་ཏེ། དེའི་རྒྱུད་ལ་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་བར་ཁས་ལེན་དགོས་པའི་ཕྱིར་རོ། ། ལྔ་པ་སྡོམ་པ་དེ་གཏོང་བའི་རྒྱུ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ་པ་གཏོང་བའི་རྒྱུ་ལ་གཉིས། ཞེས་གསུངས་ཏེ། ལྔར་བཤད་པའི་སྡོམ་པ་དེ་རྣམས་གཏོང་བར་བྱེད་པའི་རྒྱུ་ལ་རྣམ་པ་གཉིས་ཡོད་དེ། ཞེས་པའོ། ། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། །ཐུན་མོང་པའི་གཏོང་རྒྱུ་དང་། ཐུན་མོང་མ་ཡིན་པའི་གཏོང་རྒྱུའོ། །དང་པོ་ནི། བསླབ་པ་ཕུལ་དང་སོགས་རྐང་པ་གསུམ་གྱིས་སྟོན་ཏེ། རང་གི་གང་བླངས་པའི་བསླབ་པ་དེ་མི་སྲུང་བའི་ཆེད་དུ་གཞན་ལ་སླར་ཕུལ་བ་དང་། ཤི་འཕོས་ཏེ་ཚེའི་དུས་བྱས་པ་དང་། ཕོ་མོའི་མཚན་གཉིས་ཅིག་ཅར་དུ་བྱུང་བ་དང་། མཚན་ལན་གསུམ་དུ་གྱུར་པ་དང་། ལོགས་ལྟ་སོགས་ཀྱིས་དགེ་རྩ་ཆད་པ་རྣམས་ཀྱིས་སྡོམ་པ་གཏོང་བར་འགྱུར་པས། དེ་དག་སྡོམ་པ་གཏོང་བའི་རྒྱུ་ཐུན་མོང་བ་ཡིན་ནོ། །འོན་ཀྱང་འཚང་མི་རྒྱ་བའི་སེམས་ཅན་ཡོད་པར་འདོད་པའི་ལུགས་ལ་དགེ་རྩ་ཆད་པའི་གང་ཟག་ཡོད་ཀྱི། སེམས་ཅན་ཐམས་ཅད་འཚང་རྒྱ་བར་འདོད་པ་རྣམས་ཀྱིས་ནི་དགེ་རྩ་ཆད་པའི་གང་ཟག་མི་འདོད་དེ། སེམས་ཅན་ཐམས་ཅད་ཀྱི་རྒྱུ་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱད་པར་འདོད་པའི་ཕྱིར་རོ། ། གཉིས་པ་གཏོང་རྒྱུ་ཐུན་མོང་མ་ཡིན་པ་ལ་གཉིས། དངོས་དང་། ཁ་ཅིག་འདོད་བཤད་པའོ། །དང་པོ་ནི། ཉི་ཤུ་མ་ལོན་སོགས་རྐང་པ་བཞིས་སྟོན་ཏེ། ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་ནས། ཕྱིས་ལོ་ཉིས་ཤུ་མ་ལོན་པར་བསྙེན་པར་རྫོགས་པ་སྐྱོན་ཡིན་པར་ཤེས་པའི་ཚེ། ལོ་ཉི་ཤུ་ལོན་ན་སྡོམ་པ་མི་གཏོང་ཡང་། ཉི་ཤུ་མ་ལོན་ན་དེར་འདུ་ཤེས་སྐྱེས་པ་དང་། སྐྱེས་པ་དང་ལྷན་ཅིག་འདོད་པ་བསྟེན་པའི་ཕྱིར་ཁས་བླངས་པ་དང་། ཉིན་ཞག་གཅིག་པོ་དེ་འདས་པ་རྣམས་ནི་རིམ་པ་བཞིན་དུ་སྟེ། དང་པོ་ནི། དགེ་སློང་གི་སྡོམ་པ་གཏོང་བའི་རྒྱུ་དང་། གཉིས་པ་དགེ་སློང་མ་དང་། གསུམ་པ་བསྙེན་གནས་རྣམས་ཀྱི་སྡོམ་པ་གཏོང་བའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་ནོ། ། གཉིས་པ་ལ་གཉིས། སྡེ་པ་གཞན་གྱི་འདོད་པ་དང་། བྱེ་བྲག་སྨྲ་བའི་འདོད་པ་བཤད་པའོ། །དང་པོ་ནི། རྩ་བའི་ལྟུང་བ་སོགས་རྐང་པ་གསུམ་གྱིས་སྟོན་ཏེ། མདོ་སྡེ་པས། རྩ་བའི་ལྟུང་བ་བྱུང་བས་སྡོམ་པ་གཏོང་བ་དང་གོས་དམར་སྡེ་པས་དམ་པའི་ཆོས་ནུབ་པ་ལས། སོ་ཐར་གྱི་སྡོམ་པ་གཏོང་ཞེས་འདོད་པའང་ཡོད་དོ། ། གཉིས་པ་ནི། ཁ་ཆེ་བྱེ་བྲག་སྨྲ་བ་སོགས་རྐང་པ་གསུམ་གྱིས་སྟོན་ཏེ། བྱེ་བྲག་སྨྲ་བ་ལ་ཁ་ཆེ་བ་དང་། ཉི་འོག་པ་གཉིས་ཡོད་པ་ལས། ཁ་ཆེ་བྱེ་བྲག་སྨྲ་བ་རྣམས་ཀྱིས་སྡོམ་པ་དང་ལྡན་པའི་གང་ཟག་རྩ་ལྟུང་འཆབ་བཅས་བྱུང་བ་ལ་སྡོམ་པ་ཡོད་པ་དང་། ཚུལ་ཁྲིམས་འཆལ་པ་གཉིས་ཀ་ཡིན་པར་འདོད་དེ། དཔེར་ན། མི་འགའ་ཞིག་བུ་ལོན་ཀྱང་འཇལ་དགོས་པ་དང་ནོར་དང་ཡང་ལྡན་པ་བཞིན་དུ་འདོད་པའི་ཕྱིར་རོ། །དེ་ལ་སོ་ཐར་གྱི་སྡོམ་པ་རྣམས་རྐྱེེན་དེ་ལྟ་བུ་བྱུང་ན་གཏོང་ཡང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། གཞན་གསང་སྔགས་ཀྱི་སྡོམ་པ་སངས་རྒྱས་མ་ཐོབ་ཀྱི་བར་དུ་མི་གཏོང་བ་མང་སྟེ། སོ་ཐར་གྱི་སྡོམ་པ་རྣམས་ཚེ་གཅིག་གི་ཐོག་དང་། གཞན་གཉིས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལེན་པ་ཡིན་པའི་ཕྱིར་རོ། ། དྲུག་པ་ཕན་ཡོན་བཤད་པ་ལ་གཉིས། ཕན་ཡོན་དངོས་དང་། གདམས་ངག་བསྟན་པའོ། །དང་པོ་ནི། སྡོམ་པ་དེ་དག་སོགས་རྐང་པ་བཞིས་སྟོན་ཏེ། སྔར་བཤད་པའི་སོ་ཐར་གྱི་སྡོམ་པ་དེ་དག་གང་ཟག་གང་གིས་བསྲུངས་བའི་ཕན་ཡོན་ཡོད་དེ། དེ་ལྟར་བསྲུང་བ་ལ་བརྟེན་ནས། གནས་སྐབས་སུ་འབྲས་བུ་མངོན་མཐོ་ལྷ་དང་། མིའི་གོ་འཕང་རྒྱུད་མར་ཐོབ་པར་འགྱུར་བ་དང་། མཐར་ཐུག་གི་འབྲས་བུས་ཉན་ཐོས་དང་རང་སངས་རྒྱས་དང་། སངས་རྒྱས་ཀྱི་བྱང་ཆུབ་གསུམ་པོ་གང་རུང་བ་ཞིག་ཐོབ་པར་འགྱུར་རོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་དང་རྒྱ་བོད་ཀྱི་མཁས་གྲུབ་མང་པོས་གསུངས་པའི་ཕྱིར་རོ། ། གཉིས་པ་གདམས་ངག་ནི། བརྩོན་ལྡན་སོགས་རྐང་པ་གཉིས་ཀྱིས་སྟོན་ཏེ། སྔར་བཤད་པའི་ཕན་ཡོན་དེ་ལྟར་ཡོད་པའི་རྒྱུ་མཚན་དེས་ན། བརྩོན་འགྲུས་དང་ལྡན་པའི་གང་ཟག་རྣམས་ཀྱིས་སོ་སོར་ཐར་པའི་སྡོམ་པ་དུས་རྟག་ཏུ་གུས་པས་འབད་དེ་བསྲུངས་པར་བྱོས་ཤིག །ཅེས་གདམས་སོ། ། གསུམ་པ་མཐར་ཕྱིན་པའི་འཇུག་གི་བྱ་བ་ནི། དགེ་དེས་སོགས་རྐང་པ་གཉིས་ཀྱིས་སྟོན་ཏེ། དོན་ནི། དེ་ལྟར་སོ་ཐར་གྱི་མདོའི་གཏན་ལ་ཕབ་པའི་སྒོ་ནས་བསྟན་བཅོས་འདི་བརྩམས་པ་ལས་བྱུང་བའི་དགེ་བ་དེས་སྐྱེ་བ་ནས་སྐྱེ་བར་ལུས་ཅན་སེམས་ཅན་རྣམས་དུས་རྟག་ཏུ་ཚངས་སྤྱོད་ཀྱི་སྡོམ་པ་ལ་གནས་པར་ཤོག་ཅེས་པའོ། །མཛད་བྱང་ནི། ཅེས་སོ་སོར་ཐར་པའི་སྡོམ་པ་གཏན་ལ་དབབ་པ་ཞེས་གསུངས་ཏེ་གོ་སླའོ། །དེ་ཡན་ཆད་ཀྱིས་གཞུང་དོན་དངོས་རྫོགས་ནས། འཕྲོས་དོན་ནམ། ཞར་བྱུང་གི་ཚུལ་དུ་འགའ་ཞིག་གཞན་ལ་ཕན་པའི་ཕྱིར་དུ་བཤད་པར་བྱའོ། །འདིར་དགེ་སློང་གིས་བསྲུང་བྱ་ནི། ལུས་ངག་གི་ཁ་ན་མ་ཐོ་བ་མཐའ་དག་སྲུང་དགོས་ཀྱང་། ལྷག་ཏུ་རྩ་བ་བཞི་བསྲུང་བ་དང་། ཡོ་བྱད་བཅུ་གསུམ་དགོས་ལ། ཁྱད་པར་ཆོས་གོས་གསུམ་པོ་ཚང་དགོས་ཏེ། ཆོས་གོས་གསུམ་ནི། རྣམ་སྦྱར། བླ་གོས། མཐང་གོས་གསུམ་ཡིན་ལ། དེ་ལ་རྣམ་སྦྱར་གྱི་ཚད་ནི། དཔངས་སུ་ཁྲུ་གསུམ་དང་། སྲིད་དུ་ཁྲུ་ལྔ་ཆེ་ཚད་དང་། ཆུང་ཚད་དཔངས་སུ་ཁྲུ་དོ་དང་། སྲིད་དུ་ཁྲུ་བཞི། དེའི་བར་འབྲིང་ངོ་། །དེ་བཞིན་དུ་བླ་གོས་ལ་ཡང་འདྲའོ། །མཐང་གོས་གི་དཔངས་སུ་ཁྲུ་དོ། །སྲིད་དུ་ཁྲུ་ལྔ་འམ་བཞིའོ། །རལ་ཁ་དཔུང་ཆད་ཚད་ལས་མི་གཏོགས་སོ། ཁྲུ་ལ་ལུས་ཁྲུ་དང་། ལག་ཁྲུ་གཉིས་ལས། འདིར་རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་བར་ཆ་བདུན་དུ་བྱས་པའི་ཆ་གཉིས་ལ་ཁྲུར་བྱས་པའོ། །བྱིན་གྱིས་བརླབས་པ་ནི། ཡུལ་དེ། བསླབ་པ་རྒན་ན་ཕྱག་བྱ། མིན་ན་མི་དགོས། ཆོས་གོས་གསུམ་པོ་གང་ཡང་རུང་བ་ཞིག་བཞི་བལྟབ་བྱས་པའི་སྣེ་མོ་གཅིག་རང་གི་ཕྲག་པ་གཡོན་པར་བཀའ། སྣ་མོ་གཅིག་གཉིས་ཀའི་ལག་པ་གཡོན་པའི་སྟེང་དུ་བཞག་སྟེ། གཡས་པས་མནན་ནས། གཉིས་ག་འགྲེང་སྟེ་འདུད་པ་དང་བཅས་པས། བཙུན་པ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བར་སྤྱོད་པ་འོས་པ་འདི། ཆོས་གོས་རྣམ་སྦྱར་སོགས་སུ་བྱིན་གྱིས་བརླབ་པོ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་ཐབས་ལེགས་བྱའོ། །སྔོན་དུ་ཐུགས་གཏད་ཞུ་བ་དང་། རྗེས་སུ་བཀའ་དྲིན་ཞུ་བ་གཉིས་འགའ་ཞིག་ན་ཡོད་ལ། ཕལ་ཆེར་ན་མེད་པས་ངེས་པར་དགོས་པ་མིན་ཀྱང་། དེ་ལྟར་བྱས་ནའང་ལེགས་པ་མིན་ནོ། །ཡོ་བྱད་ལྷག་མས་གཞན་ནས་ཤེས་པར་བྱའོ། །ད་ལྟ་ཁ་ཅིག་ལ་སྣམ་སྦྱར་ལྟ་ཞོག །མཐང་གོས་ཀྱང་མེད་པ་མང་དུ་སྣང་ལ། ཆོས་གོས་རྣམ་གསུམ་ལ་དམིགས་བསལ་གྱི་སྐབས་འགའ་ཞིག་ཡོད་ཀྱང་། མཐང་གོས་གཏན་ནས་མེད་པ་དང་། ཡོད་ཀྱང་ཤམ་ཐབས་ཙམ་གྱོན་པ་དེ་དག་གིས་ནི། མ་འོངས་པ་ན་ཐུབ་པའི་བསྟན་པའི་རྒྱུན་འདི་ལ། དགེ་སློང་རྣམས་ཆོས་གོས་རྣམ་གསུམ་གང་ཡང་མི་དགོས་པའི་གྲྭལ་དུ་འཇུག་པའི་རྐྱེན་བྱེད་པར་འགྱུར་བས། ཐུབ་བསྟན་ལ་མི་ཕན་ནའང་། གནོད་མི་འདོད་པ་དེ་དག་གིས་འབྱོར་ན་ཆོས་གོས་རྣམ་གསུམ་དང་། མེད་ནའང་བླ་གོས་མཐང་གོས་གཉིས་ངེས་པར་བཟུང་ཞེས་ཞུའོ། ཁ་ཅིག་བླ་གོས་ཙམ་སྡོམ་པ་ཡིན་པར་འཛིན་པ་ནི། རྨོངས་པ་ཡིན་པས་ལན་མེད་དོ། །སྨན་ལ་རིགས་བཞི་ཡོད་ཀྱང་། དུས་རུང་གི་ཟས་ནི། བཟའ་བ་ལ། འབྲས་ཆན། ཟན། ཤ། འཁུར་བ་སྐྱོ་མ། འོ་འཛར། ཞོ། དར་བ། ཐུག་པ་རྣམས་ཡིན་ལ། དེ་རྣམས་དུས་མིན་དུ་ཟར་མི་རུང་ལ། བཅའ་བ་ནི། རྒུན་འབྲུམ། ཁམ་སྟར། ལ་ཕུག་སོགས་ཀྱི་ལོ་མ་རྣམས་ཀྱང་དུས་རུང་གི་ཟས་ཡིན་ལ། ཞོ་སོགས་དང་ཁམ་སྟར་སོགས་ལ་མི་འཛེམ་པ་མང་དུ་སྣང་ངོ་། །ཟས་གང་ཡིན་ཀྱང་རང་གི་ཟ་བའི་ཆེད་ཡིན་ན་བྱིན་ལེན་དགོས་པ་དང་། ཁ་བཤལ་བའི་ཆུ་བྱིན་ལེན་མི་དགོས་ཀྱང་། སྐོམ་པས་འཐུང་རྒྱུ་ཡིན་ན། བྱིན་ལེན་དགོས་པར་ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོས་བཞེད་དོ། །བྱིན་ལེན་འཆགས་ཚུལ་དང་། འཇིགས་པའི་ཚུལ་མང་ལེན་པ་པོ་དང་སྟོབ་པ་པོའི་བར་ན། རྡོ། ཤིང་། གོས་སོགས་ཞེང་དཔང་སོར་བཞི་ཡན་དང་། དཀྱུས་ཁྲུ་གང་མན་གྱིས་བར་ཆོད་ན་མི་འཆགས་ཤིང་། འོན་ཀྱང་ཅོག་རྩེ་སོགས་བྱིན་ལེན་ནོད་པའི་གཞིའི་སྟེང་དུ་འཆགས་པར་རྣམ་རྒྱལ་གསེར་མདོག་སོགས་ནས་བཤད་ལ། ཟས་དེ་ལ་བསྙེན་པར་མ་རྫོགས་པ་གཞན་གྱིས་རེག་པ་བྱིན་ལེན་འཇིག་པའི་རྒྱུར་གསུངས་ཀྱང་། རྒྱང་ནས་འགུལ་བ་ཙམ་འཇིག་པའི་རྒྱུར་མ་བཤད་ཅིང་། བཤད་ན་ཁང་པ་འགུལ་བ་ཡང་བྱིན་ལེན་འཇིག་པའི་རྒྱུར་ཐལ་བ་འགྱུར་རོ། །སྙམ་མོ། །ལྷག་ཏུ་ཡང་ཆང་འདི་སྲོག་ལ་བབ་ཀྱང་མི་གནང་བས་བཏུང་བར་མི་བྱ་སྟེ། ལུང་ལས། ང་ལ་སྟོན་པ་ཟེར་བ་ཁྱེད་ཅག་གིས་ཆང་ནི་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱའོ། །ཞེས་དང་། སྨན་པའི་ངག་གིས་བཏུང་བར་ནི། སྲོག་ལ་ཕབ་ཀྱང་མ་གནང་སྟེ། ཞེས་དང་། ཆང་འཐུང་ངུ་འབོད་གནས་སུ་སྐྱེ། ལྡུད་མཁན་དེ་ཡི་འཁོར་དུ་སྐྱེ། ཞེས་གསུངས་པའི་ཕྱིར། ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོས་རྣམ་རྒྱལ་གསེར་མདོག་ཏུ། ཐ་མ་ཁ་རི་གྲགས་པའི་སྔོ་འདི། ལོ་རྒྱ་ལྷག་ཙམ་ནས་རྒྱ་གར་དང་རྒྱ་ནག་ཏུ་བྱུང་ཞིང་། དེ་ཡང་བུད་མེད་གཅིག་གིས་སྨོན་ལམ་ལོག་པར་བཏབ་པའི་ཁྲག་ས་ལ་ལྷུང་བ་ལས་སྐྱེས་ཤིང་། བྱེད་རྐྱེན་གྱིས་འབྱུང་པོ་སྙིང་ལ་ཞུགས་ནས་དུ་བ་རྔུབ་དགོས་པའི་གང་ལ་ཡང་ཕན་པ་ཆུང་ཞིང་། ནད་སོགས་མང་དུ་བསྐྱེད་པས་དགག་བྱ་ཆེ་བ་ཁྱད་པར་བག་མེད་པའི་གནས་སུ་སྦྱོར་བ་ལ་ཆང་དང་འདྲའོ། །ཞེས་གསུངས་པས། འཛེམ་དགོས་ལ། ཁ་ཅིག་དགེ་འདུན་དང་གཙུག་ལག་ཁང་གི་དབུས་སུ་འཐེན་པ་ནི་དེའི་དབུས་སུ་ཕྱེན་ཏང་བ་ལས་ཀྱང་ངན་ནོ། །གཞན་ཡང་། གསང་སྔགས་ཀྱི་ནང་མཆོད་ཀྱང་བདུད་རྩི་ཡིན་པའི་འདུ་ཤེས་ཀྱི་འཐུང་ན་མ་གཏོགས། ཆང་བཏུང་འདོད་ཀྱིས་འཐུང་ན་སྔར་བཤད་པའི་ཉེས་པ་ལས་མི་འདའོ། །ཆབ་ཀྱང་དེ་དག་ཡན་ལག་ཙམ་མ་གཏོགས་གཙོ་བོ་མིན་ཡང་། ཟས་ཟ་བའི་སྔོན་འཇུག་ཏུ་ལེན་དགོས་པར་ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོས་གསུངས་ལ། དྲི་ཆེན་དྲི་ཆུ་འདོར་བའི་རྗེས་དང་། ཟས་ཟོས་པའི་མཇུག་དང་ཁ་འདོན་གྱི་སྔོན་དུ་བྱེད་པ་མཁས་པ་དག་གིས་ཕྱག་ལེན་དུ་སྣང་ཞིང་། དེ་ཡང་དྲི་མ་འཁྲུ་བའི་དོན་དུ་བྱེད་དགོས་ལ། ཁ་ཅིག་རབ་བྱུང་གི་རྟགས་ཆ་ལུགས་དང་བྲལ་ཞིང་ཁྱིམ་པའི་རྟགས་དངོས་སུ་འཛིན་པ་དེ་དག་གིས་ནི་རྒྱལ་བའི་བསྟན་པ་ཉམས་པར་བྱེད་པར་ངེས་ལ། ཡང་ཁ་ཅིག་མི་དགེ་བ་བཅུ་ཙམ་ཡང་སྤོང་དགོས་པའི་སྐད་ཆ་མེད་པར་གཟན་ཤམ་ཆབ་རིལ་ཙམ་འཛིན་ཅིང་འཚོ་བ་སྒྲུབ་པ་ལ་མཁས་པ་ཙམ་ལ་བློ་གཏོད་པ་ནི། ཆེས་ཆེར་འཁྱམས་པ་ཡིན་ནོ། །གཞན་ཡང་འདུལ་བའི་བཅས་པ་ཕྲ་ཞིང་ཕྲ་བ་ཙམ་དུ་མ་ཟད། རགས་པ་ཙམ་ཡང་ད་ལྟ་དུས་དབང་གིས་དཀའ་བར་འཇུག་ཀྱང་། མ་ཐ་རྩ་བ་བཞི་སྲུངས་བ་གལ་ཆེ་ཞིང་། རྩ་བཞི་གང་རུང་ཤོར་ན་ཚུལ་ཁྲིམས་འཆལ་ལ། ཚུལ་ཁྲིམས་འཆལ་བར་གྱུར་ན་དད་པ་ཅན་གྱི་ཟས་སོགས་ཤིན་དུ་འཇུ་བཀའ་བ་ཡིན་ཏེ། ས་ག་ལྷས། མི་སློབ་པ་ནི་བདག་སོར་སྤྱོད། སློབ་པ་བྱིན་པ་སྤྱོད་པ་སྟེ། བསམ་གཏན་ཀློག་དང་ལྡན་པ་ནི། རྗེས་གནང་སྤྱོད་པས་ཉེས་པ་མེད། ལྷག་མ་ལེ་ལོས་བཅོམ་པ་ཡིས། །བདག་ཉིད་ལ་ནི་བུ་ལོན་སྦྱོང་། ཁྲིམས་འཆལ་རྣམས་ནི་ནམ་དུ་ཡང་། གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཞེས་གསུངས་བའི་ཕྱིར་རོ། །མདོར་ན་ཐེག་པ་གསུམ་གྱི་བཅས་པ་མཐའ་དག་རང་གི་གཞུང་ནས་འབྱུང་བ་བཞིན་དུ་བླངས་ནས་དེའི་གཞུང་བཞིན་སློབ་པ་དང་། ཉེས་པ་བྱུང་ནའང་དེའི་སྐབས་བཞིན་བཤགས་པ་དང་། ཕྱིར་བཅོས་བྱེད་དགོས་ཀྱང་། ད་ལྟ་ནི་དེ་ལྟར་བྱེད་པ་ཉིན་མོའི་སྐར་མ་ལས་ཀྱང་དཀོན་པའི་དུས་ཐ་མ་འདི་ལྟ་བུ་ལ། དེ་ལྟར་བྱེད་མཁན་བྱུང་ན་མི་མང་དང་མི་མཐུན་ནའང་། དགྲ་བཅོམ་དང་འདྲ་བར་བདག་གི་ཡིད་ཀྱིས་ཕྱག་བྱའོ། །འོན་ཀྱང་དུས་གསུམ་དུའང་། ཉིན་རེ་བཞིན་དུ་དཀོན་མཆོག་གི་རྟེན་གྱི་དྲུང་དུ་བཤགས་པ་སོགས་བསམ་པ་ཐག་པས་མ་བྱས་ན། མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ཀྱིས་གསུངས་པ་ལྟར་ལམ་གང་དུ་འགྲོ་མི་ཤེས་སོ། །གལ་ཏེ་དེ་དག་ལས་གཞན་གྱི་ཐུགས་ལ་འཕོག་པའི་ཚིག་འགའ་ཞིག་བྱུང་ན་བཟོད་པར་མཛོད་ཅིག་དང་། ཁོ་བོས་ནི་རང་གི་མ་ཚད་ཐུབ་པའི་གསུང་དང་བསྟུན་ཏེ་སྨྲས་པ་ཡིན་གྱི། གཞན་གྱི་སྐྱོན་བསྒྲགས་པ་མ་ཡིན་ལ། དེ་ལ་བརྟེན་ནས་རྒྱལ་བའི་གསུང་དང་མཐུན་པ་འགའ་ཞིག་བྱུང་ན། དེ་ནི་ཐུབ་བསྟན་ཡུན་རིང་གནས་པའི་ཕྱིར་བསྔོའོ། ། སྨྲས་པ། རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་མགྲིན་གཅིག་ཏུ། །ཡང་ནས་ཡང་དུ་ལེགས་པར་རབ་བསྔགས་པ། །མངོན་མཐོ་མངོན་པར་འགྲུབ་པའི་རྒྱུ་ཡི་གཙོ། །ཚུལ་ཁྲིམས་ཚུལ་བཞིན་སྲུང་རྣམས་སྐལ་བ་བཟང་། །འོན་ཏེ་ཐུབ་བསྟན་ལྔ་བརྒྱ་ཕྲག་དྲུག་པར། །གསུངས་ཀྱང་འགའ་ཡི་སྤྱོད་ཚུལ་ལ་བརྟགས་ན། །རྟགས་ཙམ་འཛིན་པའི་དུས་དང་ཉེ་བོ་སྙམ། །མྱ་ངན་ཡིད་ཀྱི་ཕུག་ནས་མཆི་མ་འཁྲུགས། །གཞུང་ལུགས་མ་ཐོས་ཆེས་ཆེར་བླུན་པོ་རྣམས། །ལོག་ལམ་གོལ་བར་འཁྱམས་པ་བདེན་མོད་ཀྱི། །རྣམ་དཔྱོད་མིག་ཅན་བདག་དང་བདག་འདྲ་འགས། །རྒྱལ་སྟན་སུན་འབྱིན་བྱེད་པ་སྐལ་བ་དམན། །འཇམ་དབྱངས་རྗེ་བཙུན་བླ་མའི་དགོངས་པ་མཆོག །མཆོག་ཏུ་དག་པའི་ཡིད་ཀྱིས་བཀྲལ་བ་འདི། །འདི་དང་ཕྱི་མར་རྒྱལ་བའི་དམ་ཆོས་ཀུན། །ཀུན་མཁྱེན་དགོངས་པ་བཞིན་དུ་འཛིན་པའི་རྒྱུ། །དེ་ལྟ་ནའང་ཁྲོན་པའི་རུས་སྦལ་བཞིན། །རང་གིས་ཅུང་ཟད་རྟོགས་པའི་མིག་གཅིག་གིས། །གཞུང་དོན་ལོག་པར་བཀྲལ་བ་འགའ་སྲིད་ན། །གཟུར་གནས་མཁས་པའི་སྤྱན་སྔར་ངེས་པར་འཆགས། །གཞུང་ལུགས་འཆད་ལ་ལྗགས་ཀྱི་རྩེ་ཐུང་ཡང་། །གཞན་གྱི་སྐྱོན་སྒྲོགས་མི་དགེའི་གཏམ་སྨྲ་བར། །ལོག་པའི་ཤེས་རབ་རྒྱས་པའི་སྐྱེ་བོ་འགས། །ཡིན་མིན་སྨྲ་ཡང་བདེན་མིན་རྫུན་པའང་མིན། །ཚུལ་འདིར་འབད་ལས་བྱུང་བའི་དགེ་བ་ནི། །ཚུལ་བཞིན་ལེགས་པར་བཤགས་པ་གང་ཡིན་དེས། །ཚུལ་ཁྲིམས་འཛིན་པས་ས་སྟེང་ཀུན་གང་ཞིང་། །ཚུལ་དེས་ཐུབ་བསྟན་ཡུན་རིང་གནས་གྱུར་ཅིག །ཅེས་པ་འདི་ནི་རྒྱལ་བའི་གསུང་རབ་ལ་ཅུང་ཟད་སྦྱངས་ཡང་། གསུང་རབ་དང་ཞུས་དག་བྱས་པའི་ཚེ་མི་མཐུན་པ་མང་བ་རབ་འབྱམས་སྨྲ་བ་ཁས་འཆེ་ཞིང་། ཐུབ་པའི་དབང་པོ་དེ་ཉིད་ཀྱི་དྲིན་ཆེན་གྱིས་འཚོ་བ་ཅོ་ནེའི་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། སྔར་རང་ལོ་སོ་དགུ་པ་རྣམ་རྒྱལ་ཞེས་པ་ཆུ་སྦྲུལ་ལོར་བགྱིས་པ་སྟེ། ཕྱིས་དད་དང་རྣམ་དཔྱོད་རྒྱས་པའི་གུར་ཆེན་དཀའ་བཅུ་བ་འཇམ་དབྱངས་བཟོད་པ་ཉིད་ཀླུ་ཆུང་ཁྲི་ཐོག་ཏུ་ཡོད་དུས་གཞན་ལ་ཕན་འདོགས་ཀྱི་ཐུགས་བསྐྱེད་བཟང་པོར་པར་དུ་བསྒྲུབས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་རིང་དུ་གནས་པར་གྱུར་ཅིག ། བཀྲ་ཤིས་དགེ་ལེགས་འཕེལ།། །།

འདུལ་བ་རྒྱ་མཚོའི་སྙིང་པོའི་དོན་གྱི་སྡོམ་པའི་མཐའ་གཅོད་གསེར་གྱི་སྤུ་གྲི།

འདུལ་བ་རྒྱ་མཚོའི་སྙིང་པོའི་དོན་གྱི་སྡོམ་པའི་མཐའ་གཅོད་གསེར་གྱི་སྤུ་གྲི་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། སྐུ་གསུམ་ཡེ་ཤེས་གོ་འཕང་མཆོག་བརྙེས་ཏེ། །ཐེག་གསུམ་གདུལ་བྱར་རང་བློ་དང་འཚམ་པར། །རྣམ་གསུམ་འཁོར་ལོ་བསྐོར་ནས་དོན་མཛད་པའི། །སྲིད་གསུམ་སྟོན་པ་དེ་ལ་གུས་ཕྱག་འཚལ། །མགོན་དེའི་བསྟན་པའི་སྙིང་པོ་འདུལ་གཞུང་གི། དགོངས་དོན་འགྲེལ་པའི་གསུང་རབ་མང་མཆིས་ཀྱང་། །རྣམ་དཔྱོད་ལྡན་པ་འགའ་ལ་ཕན་པའི་ཆེད། །འདུལ་བ་རྒྱ་མཚོའི་སྙིང་པོའི་དགོངས་དོན་བྲི། ། དེ་ཡང་སྤྱི་འདུལ་བའི་གཞུང་དོན་རྣམས་བསྡུ་ན་རྣམ་པ་གསུམ་དུ་འདུ་སྟེ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་དང་། ཐོབ་པ་མི་ཉམས་པར་བསྲུང་བ་དང་། ཉམས་ན་ཕྱིར་བཅོས་པའི་གཞི་གསུམ་དུའོ། །དང་པོ་ནི་སྡོམ་པ་ཐོབ་བྱེད་ཀྱི་ཐབས་རྣམས་ཏེ། འདི་ལ་བསྙེན་གནས་དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྡོམ་པ་ཐོབ་བྱེད་རྣམས་སུ་ཡོད་པ་ལས། འདིར་བསྙེན་རྫོགས་ཀྱི་དབང་དུ་བྱས་ན་ལུང་ལས་བསྙེན་པར་རྫོགས་པ་འོས་པ་རྣམ་པ་བཅུའོ། །ཞེས་འབྱུང་བ་ལྟར་རང་བྱུང་གི་བསྙེན་པར་རྫོགས་པ་སོགས་བཅུ་སྟེ། གཞན་རྣམས་ལ་ཆོ་གའི་རིག་བྱེད་དངོས་མེད་ཅིང་། གསོལ་བཞིའི་ཆོ་གའི་སྒོ་ནས་བསྙེན་པར་རྫོགས་པ་ལ་ནི་སྔོན་ཆོག་དང་ད་ལྟའི་ཆོ་ག་གཉིས་སོ། ། གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བ་ནི། སྡོམ་པའི་མི་མཐུན་ཕྱོགས་ངོ་ཤེས་ནས་བསྲུང་བ་དང་། གསོ་སྦྱོང་། དབྱར་གནས། དགག་དབྱེ་སོགས་བྱས་པའི་སྒོ་ནས་བསྲུང་བའོ། ། གསུམ་པ་ཉམས་ན་ཕྱིར་བཅོས་པ་ནི། ཕྱིར་བཅོས་ཀྱི་སྐོར་ཏེ་དེ་ལ་ནི་ལྟུང་བ་ཕྱིར་བཅོས་དང་རྩོད་པ་ཕྱིར་བཅོས་གཉིས་སོ། །སྐབས་འདིར་འཆད་བྱའི་གཞུང་ནི་རྗེ་བླ་མའི་གསུང་རབ་ཀྱི་ནང་ཚན་འདུལ་བ་རྒྱ་མཚོའི་སྙིང་པོ་སྟེ། དེ་ཉིད་ལས། གང་ལ་བརྟེན་ནས་བདེ་བླག་ཏུ། ཐར་པའི་གྲོང་དུ་བགྲོད་པའི་ཐབས། བདེ་གཤེགས་བསྟན་པའི་སྙིང་པོ་མཆོག །སོ་སོར་ཐར་ཅེས་གྲགས་པ་གང་། །ངོ་བོ་དང་ནི་རབ་དབྱེ་དང་། །སོ་སོའི་ངོས་འཛིན་སྐྱེ་བའི་རྟེན། །གཏོང་བའི་ཆ་དང་ཕན་ཡོན་ཏེ། །རྣམ་པ་དྲུག་གིས་ཇི་བཞིན་བཤད། ཅེས་མདོར་བསྟན་ནས་ལྷག་མ་རྣམས་ཀྱིས་རྒྱས་པར་འཆད་དོ། །འདི་རྣམས་ཀྱི་ཚིག་འགྲེལ་ཡོངས་རྫོགས་རྒྱས་ཙམ་ཞིག་བདག་གིས་གཞན་དུ་བྲིས་ཟིན་པས་འདིར་མི་བརྗོད་ལ། དོན་འགྲེལ་གཙོ་བོར་བྱས་པའི་མཐའ་གཅོད་དང་བཅས་པ་ཞིག་བཤད་པར་བྱ་སྟེ་འདི་ལ་བདུན། ངོ་བོ་བཤད་པ་དང་། དབྱེ་བ་དང་། སོ་སོའི་ངོས་འཛིན་དང་། སྐྱེ་བའི་རྟེན་དང་། གཏོང་བའི་རྒྱུ་དང་། བསྲུང་བའི་ཕན་ཡོན་དང་། དེ་དག་ལས་འཕྲོས་པའི་དོགས་གཅོད་དོ། །དང་པོ་ལ་གཉིས། སྡོམ་པའི་རྒྱུ་རྐྱེན་དང་། ངོ་བོ་གང་ཡིན་བཤད་པའོ། །དང་པོ་ལ་ཕྱི་དང་ནང་གི་རྒྱུ་གཉིས་ལས་ནང་གི་བསམ་པ་ནི། ངེས་འབྱུང་བསམ་པས་རྒྱུ་བྱས་ནས། ཞེས་གསུངས་པ་ལྟར་ཏེ། སྤྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་ནི་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་དགོས་ཤིང་། ཁྱད་པར་དུ་སོ་ཐར་གྱི་སྡོམ་པའི་རྒྱུར་ངེས་འབྱུང་གི་བསམ་པ་དགོས་པ་ཡིན་ལ། དེ་ཡང་། རྗེའི་ལམ་གྱི་གཙོ་བོ་རྣམ་གསུམ་ལས། དེ་ལྟར་བསྒོམས་པས་སྲིད་པའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་དུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། ཞེས་གསུངས་པ་ནི། ངེས་འབྱུང་ཁྱད་པར་ཅན་ལ་དགོངས་པ་སྟེ་འདི་ནི་མཁན་སློབ་ཀྱིས་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་ཚིག་གིས་བརྡ་སྤྲད་པའི་ཚེ། བསྒྲུབ་བྱའི་རྒྱུད་ལ་དེ་ཡིན་ནོ་སྙམ་དུ་གོ་བ་ལ་བརྟེན་ནས་བཅོས་མའི་ངེས་འབྱུང་ཕལ་པ་ཙམ་སྐྱེས་པས་ཀྱང་གོ་ཆོད་པར་བཤད་པ་ལྟར་འཐད་དོ། །གལ་ཏེ་དེ་ཙམ་ཞིག་ཀྱང་མ་སྐྱེས་ནའང་ཕྱིས་ངེས་འབྱུང་སྐྱེས་པའི་སྐབས་སུ་སྔར་བླངས་པའི་སྡོམ་པ་མིན་པའི་ཚུལ་ཁྲིམས་ཀྱི་ཆ་དེ་སྡོམ་པར་འགྱུར་བ་ཡིན་ཞེས་མཁས་པ་ཁ་ཅིག་བཞེད་པ་ལྟར་ཡང་འཐད་པར་སེམས་སོ། །དེས་ན་དེའི་ཚེ་རབ་བྱུང་བྱེད་པ་ཁ་ཅིག་ལ་སྡོམ་པ་མ་སྐྱེས་པ་སྲིད་ཀྱང་བར་མའི་ཚུལ་ཁྲིམས་ངེས་པར་སྐྱེའོ། ། གཉིས་པ་ངོ་བོ་ནི། གཞན་གནོད་གཞི་དང་བཅས་པ་ལས། །ལྡོག་པ་དེ་ཡང་ལུས་ངག་ལས། གཟུགས་ཅན་ཡིན་ཞེས་འདོད་པ་དང་། །སྤོང་བའི་སེམས་པ་རྒྱུན་ཆགས་པ། །ས་བོན་དང་བཅས་ཡིན་ནོ་ཞེས། །འདོད་པའི་ཚུལ་ནི་རྣམ་པ་གཉིས། །རང་གི་སྡེ་པ་གོང་འོག་སྨྲ། །ཞེས་གསུངས་ཏེ། འདི་ལ་བྱེ་བྲག་སྨྲ་བ་རྣམ་པ་གཉིས་ཀྱིས་ནི། སོ་ཐར་གྱི་སྡོམ་པ་ངོ་བོ་གཟུགས་ཅན་དུ་འདོད་ཅིང་། དེ་ཡང་གཙོ་བོར་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་འདོད་པ་ཡིན་ཏེ། མཛོད་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་གསུངས་པས་སོ། །འོན་ཀྱང་སོ་ཐར་གྱི་སྡོམ་པ་སྐད་ཅིག་དང་པོ་དེ་ལ་དེར་གྱུར་བའི་རྣམ་པར་རིག་བྱེད་ཡིན་མིན་གཉིས་ཡོད་དེ། དེ་ཉིད་ལས། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །ཞེས་པ་དང་། མཛོད་འགྲེལ་ལས། ལས་ཀྱི་ལམ་གཟུགས་ཅན་བདུན་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་དོ་ཞེས་གསུངས་པ་ལྟར་རོ། །སྐད་ཅིག་གཉིས་པ་མན་ཆད་རྣམ་པར་རིག་བྱེད་མ་ཡིན་པ་གཙོ་ཆེ་ཞིང་། ཁ་ཅིག་དེ་མན་རྣམས་རིག་མིན་པས་ཁྱབ་ཅེས་གསུངས། རྣམ་རིག་མིན་པའི་སྡོམ་པ་དེ་ནི་དགེ་བར་ལུང་དུ་བསྟན་ཅིང་ཐོགས་མེད་ཀྱི་གཟུགས་ཡིན་ཏེ། མཛོད་ལས། ལུང་བསྟན་ཐོགས་པ་མེད་པའི་གཟུགས། ཞེས་གསུངས་པས་སོ། །རྣམ་པར་རིག་བྱེད་ཡིན་མིན་ནི། ཀུན་སློང་གཞག་ལ་རིག་པ་བྱེད་ཅིང་སྒོ་ནས་ཡིན་ཞིང་། རིག་བྱེད་ནི་ལུས་ངག་ཏུ་གསལ་པོར་ཐོན་པའི་ཚེ་འབྱུང་ལ་རིག་བྱེད་མིན་པ་ནི་གཉིད་དང་སྙོམས་འཇུག་དང་གཡེང་བ་ལ་སོགས་པའི་གནས་སྐབས་ཀུན་དུ་རྒྱུན་ཆགས་སུ་འབྱུང་བར་བཤད་ཅིང་། དགེ་མི་དགེ་གང་རུང་གིས་བསྡུས་པ་ཡིན་གྱི། ལུང་མ་བསྟན་ཡིན་པ་མེད་དེ། མཛོད་ལས། རྣམ་རིག་མིན་ལུང་བསྟན་མིན་མེད། ཅེས་གསུངས་པས་སོ། །མཁས་པ་ཁ་ཅིག་མདོ་སྡེ་པས་སོ་ཐར་གྱི་སྡོམ་པ་སྤོང་སེམས་མཚུངས་ལྡན་དང་བཅས་པ་ཁོ་ནར་འདོད་ཅེས་གསུངས་ལ། གཞན་དག་སྤོང་སེམས་ས་བོན་དང་བཅས་པ་ལ་འདོད་ཅེས་པ་དང་། ཁ་ཅིག་དེས་སྡོམ་པ་ལ་གཟུགས་ཅན་ཡིན་མིན་གཉིས་ཀ་ཡོད་པར་འདོད་ཅེས་ཟེར། མང་པོས་སེམས་ཙམ་པ་དང་རང་རྒྱུད་པས་སྤོང་སེམས་ས་བོན་དང་བཅས་པ་ལ་འདོད་ཅིང་། ཐལ་འགྱུར་བས་ལུས་ངག་གི་སྡོམ་པ་གཟུགས་ཅན་དུ་བཞེད་ཅེས་བཤད། ཁ་ཅིག་མདོ་སེམས་གཉིས་ཀྱིས་ཀྱང་སོ་ཐར་གྱི་སྡོམ་པ་ལ་གཟུགས་ཅན་ཡོད་པར་འདོད་དེ། དེ་མེད་ན་དེ་གཉིས་ཀྱི་ལུགས་ལ་ལུས་ངག་གི་མི་དགེ་བའི་ལས་སྤང་བྱའི་གཙོ་བོར་མི་བྱེད་པར་ཐལ་བར་འགྱུར་ཞེས་འདོད་དོ། །སྡོམ་པ་གཟུགས་ཅན་དུ་འདོད་པའི་ལུགས་ལ་ཡིད་ཀྱི་ཚུལ་ཁྲིམས་ཡོད་ཀྱང་དེ་སྡོམ་པར་མི་བཞེད་དེ། ལུས་ངག་གི་མི་དགེ་བ་གཙོ་བོར་སྤོང་བའི་དབང་དུ་མཛད་པའོ། །ཐེག་ཆེན་པའི་ལུགས་ལ་ཡིད་གཙོ་ཆེ་བས་ཡིད་ཀྱི་སྤོང་སེམས་སྡོམ་པར་བཞེད་དེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། ཅེས་གསུངས་པའི་ཕྱིར། སྡོམ་པ་བླངས་པའི་རྒྱུད་ཀྱི་སྒོ་གསུམ་གྱི་ཁ་ན་མ་ཐོ་བ་སྤོང་བའི་སེམས་བྱུང་ཞིག་ལ་སྤོང་སེམས་ཞེས་བརྗོད་པས་ན། སྡོམ་ལྡན་གང་ཟག་གི་རྒྱུད་ཀྱི་སྤོང་སེམས་མངོན་འགྱུར་པ་ས་བོན་དང་བཅས་པ་སྡོམ་པ་ཡིན་ཀྱང་། དེ་མིན་པའི་གང་ཟག་གི་རྒྱུད་ལ་སྡོམ་པའི་ས་བོན་ཡོད་ཀྱང་དེ་སྡོམ་པ་མིན་ནོ། །དགེ་སློང་གི་སྡོམ་པ་ནི་ལུས་ཀྱི་གསུམ་དང་ངག་གི་བཞི་སྟེ་སྤོང་བ་བདུན་གྱིི་བདག་ཉིད་ཡིན་ལ། དགེ་ཚུལ་གྱི་སྡོམ་པ་ནི་སྤོང་བ་བཞི་ལྡན་ཡིན་ཏེ། དག་གི་ཕྲ་མ་ཚིག་རྩུབ་ངག་ཀྱལ་གསུམ་སྤོང་བར་དངོས་སུ་ཁས་མ་བླངས་པའི་ཕྱིར་ཞེས་གསུང་པ་ལྟར་རོ། ། གཉིས་པ་དབྱེ་ན་བརྒྱད་དེ། བསྙེན་གནས་དགེ་བསྙེན་ཕ་མ་དང་། །དགེ་ཚུལ་ཕ་མ་དགེ་སློབ་མ། །དགེ་སློང་མ་དང་དགེ་སློང་སྟེ། །སོ་སོར་ཐར་པ་རིགས་བརྒྱད་དོ། །ཞེས་གསུངས་པ་ལྟར་རོ། །བརྒྱད་ཀྱི་དང་པོ་བསྙེན་གནས་དང་དགེ་བསྙེན་ཕ་མ་གཉིས་ཀྱི་སྡོམ་པ་སྟེ་གསུམ་ནི་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་དང་། གཞན་དགེ་ཚུལ་ཕ་མ་སོགས་ལྔའི་སྡོམ་པ་ནི་རབ་བྱུང་ཕྱོགས་ཀྱི་སྡོམ་པ་ཡིན་ཏེ། ཁྱིམ་པའི་སྡོམ་པ་དང་པོ་གསུམ། །རབ་བྱུང་སྡོམ་པ་ཐ་མ་ལྔ། །ཞེས་གསུངས། ཕྱོགས་ཞེས་པའི་དོན་ནི། །སྡོམ་གསུམ་རིམ་གྱིས་བླངས་པའི་དགེ་སློང་གི་རྒྱུད་ཀྱི་དགེ་བསྙེན་གྱི་སྡོམ་པ་དེ་ཁྱིམ་པའི་སྡོམ་པ་དངོས་ཡིན་པ་འགོག་པའི་ཆེད་དོ། །སོ་ཐར་གྱི་སྒྲ་དོན་ནི། སྲུང་བ་པོ་སོ་སོར་འཁོར་བ་ལས་ཐར་བར་བྱེད་པའམ། སྡོམ་མིན་ལས་དང་པོར་ཐར་པའོ། །སྡོམ་པའི་སྒྲོ་དོན་ནི་ཉེས་སྤྱོད་ལས་བསྡོམས་པའི་དོན་ནོ། ། གསུམ་པ་སོ་སོའི་ངོས་འཛིན་ལ་དྲུག་ལས་དང་པོ་བསྙེན་གནས་ནི། །རྩ་བ་བཞི་དང་ཡན་ལག་བཞི། །བརྒྱད་སྤོང་བསྙེན་གནས་སྡོམ་པའོ། །ཞེས་མདོར་བསྟན་ནས་རྒྱས་པར་འཆད་པ་ནི། མི་ཚངས་སྤྱོད་དང་མ་བྱིན་ལེན། སྲོག་གཅོད་བརྫུན་དུ་སྨྲ་བ་རྣམས། རྩ་བ་བཞི་ཡིན་མལ་ཆེ་མཐོ། །ཆང་འཐུང་གར་སོགས་ཕྲེང་སོགས་དང་། །ཕྱི་དྲོའི་ཁ་ཟས་ཡན་ལག་བཞི། །ཞེས་གསུངས་པ་ལྟར་རོ། ། གཉིས་པ་དགེ་བསྙེན་ནི། །གསོད་བརྐུ་སྨྲ་དང་ལོག་པར་གཡེམ། །མྱོས་འགྱུར་འཐུང་བ་ལྔ་སྤོང་བ། །དགེ་བསྙེན་གྱི་ནི་སྡོམ་པའོ། །ཞེས་ཡོངས་རྫོགས་དགེ་བསྙེན་གྱི་སྤང་བྱ་བསྟན་ནས། དགེ་བསྙེན་དེ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་དྲུག་སྟེ། སྣ་གཅིག་སྣ་འགའ་ཕལ་ཆེར་སྤྱོད། །ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་དང་། །སྐྱབས་འགྲོའི་དགེ་བསྙེན་རྣམ་པ་དྲུག །ཅེས་གསུངས་སོ། ཁ་ཆེ་བས་ཡོངས་རྫོགས་དང་ཚངས་སྤྱོད་གཉིས་མ་གཏོགས་གཞན་རྣམས་དགེ་བསྙེན་དངོས་མིན་པར་འདོད་ལ། ཉི་འོག་དང་མདོ་སྡེ་པ་གཉིས་ཀྱིས་དེ་རྣམས་དགེ་བསྙེན་དངོས་ཡིན་ཀྱང་དགེ་བསྙེན་གྱི་སྡོམ་པ་ཡོད་པའི་ངེས་པ་མེད་དོ་ཟེར། དེ་དག་གི་སྤང་བྱའི་ཁྱད་པར་ནི། རྩ་བ་བཞི་ལས་གཅིག་གཉིས་གསུམ། །འདོད་ལོག་མི་ཚངས་སྤྱོད་སྤོང་དང་། སྐྱབས་འགྲོ་ཙམ་གྱིས་དགེ་བསྙེན་དུ། ཁས་ལེན་རྣམས་དང་གོ་རིམ་བཞིན། །ཞེས་གསུངས་ཏེ། སྔ་མ་བཞི་ནི་རྩ་བ་བཞི་ལས་གཅིག་གཉིས་གསུམ་དང་བཞི་ཀ་སྤོང་བའི་སྒོ་ནས་དང་། ལྔ་པས་མི་ཚངས་སྤྱོད་ཀྱང་སྤོང་ཞིང་། དྲུག་པས་སྐྱབས་འགྲོ་ཁས་བླངས་པའི་སྒོ་ནས་འཇོག་ཅེས་པའོ། ། གསུམ་པ་དེ་ཚུལ་ནི། རྩ་བ་བཞི་དང་ཡན་ལག་དྲུག །བཅུ་སྤོང་དགེ་ཚུལ་སྡོམ་པའོ། །ཞེས་མདོར་བསྟན་ནས་རྒྱས་པར་འཆད་པ་ནི། རྩ་བཞི་དང་ཆང་མལ་ཆེ་མཐོ་ཕྱི་དྲོའི་ཁ་ཟས་སྟེ་གསུམ་གྱི་སྟེང་དུ། གར་སོགས་ཕྲེང་སོགས་རྣམ་གཉིས་དང་། གསེར་དངུལ་ལེན་དང་རྣམ་པ་གསུམ། །ཕྱེ་བས་ཡན་ལག་དྲུག་ཏུ་འགྱུར། །ཞེས་སྤང་བྱ་བཅུ་ངོས་བཟུང་ནས་དེའི་ཡན་ལག་འཆད་པ་ནི། མཁན་པོར་གསོལ་བ་གདབ་པ་དང་། ཁྱིམ་པའི་རྟགས་ནི་སྤོང་བ་དང་། །རབ་བྱུང་རྟགས་ནི་ཡེན་པ་ལས། །ཉམས་པ་རྣམ་གསུམ་བསྣན་པ་ཡིས། །སྤང་བྱ་བཅུ་གསུམ་དག་ཏུ་འགྱུར། །ཞེས་གསུངས་སོ། ། བཞི་པ་དགེ་སློབ་མ་ནི། དགེ་ཚུལ་སྡོམ་པ་ཐོབ་རྗེས་སུ། །རྩ་བའི་ཆོས་དྲུག་རྗེས་མཐུན་གྱི། །ཆོས་དྲུག་སྤོང་བའི་སྡོམ་པ་ནི། །དགེ་སློབ་མ་ཡི་སྡོམ་པ་ཡིན། །ཞེས་མདོར་བསྟན་ནས། རྒྱས་པར་འཆད་པ་ལ་དེ་དག་གང་ཞེ་ན། གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །གཉེན་དུ་འགྱུར་བར་མི་བྱ་ཞིང་། ཁ་ན་མ་ཐོ་འཆབ་མི་བྱ། །དེ་དག་རྩ་བའི་ཆོས་དྲུག་སྤོང་། །གསེར་ལ་བཟུང་བར་མི་བྱ་ཞིང་། །འདོམས་ཀྱི་སྤུ་ནི་འབྲེག་མི་བྱ། །བྱིན་ལེན་མ་བྱས་ཟ་མི་བྱ། །གསོག་འཇོག་བྱས་པ་བཟའ་མི་བྱ། །ཙྭ་སྔོན་མི་གཙང་འདོར་མི་བྱ། །ས་ནི་བརྐོ་བར་མི་བྱ་བ། །རྗེས་མཐུན་ཆོས་ནི་རྣམ་དྲུག་སྤོང་། །ཞེས་གསུངས་པ་ལྟར་ཏེ་གོ་སླའོ། ། ལྔ་པ་དགེ་སློང་མ་ནི། ཕམ་བརྒྱད་ལྷག་མ་ཉི་ཤུ་དང་། །སྤང་བའི་ལྟུང་བྱེད་སུམ་ཅུ་གསུམ། །ལྷུང་བྱེད་འབའ་ཞིག་བརྒྱ་བརྒྱད་ཅུ། །སོ་སོར་བཤགས་པ་བཅུ་གཅིག་དང་། །ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། །སུམ་བརྒྱ་དྲུག་ཅུ་རྩ་བཞི་རྣམས། །སྤོང་བར་བྱེད་པ་དགེ་སློང་མ། །ཞེས་གསུངས་པ་ལྟར་རོ། །དྲུག་པ་དགེ་སློང་ཕ་ནི། །ཕམ་པ་བཞི་དང་ལྷག་མ་ནི། །བཅུ་གསུམ་སླད་ལྟུང་སུམ་ཅུ་དང་། །ལྟུང་བྱེད་འབའ་ཞིག་དགུ་བཅུ་དང་། །སོར་བཤགས་བཞི་དང་ཉེར་བྱས་ནི། །བརྒྱ་རྩ་བཅུ་གཉིས་བསྡོམས་པ་ཡིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྣམས། །སྤོང་བར་བྱེད་པ་དགེ་སློང་ངོ་། །ཞེས་གསུངས་པ་ལྟར་ཏེ། འདི་དག་གི་དོན་ནི་བདག་གིས་འདིའི་འགྲེལ་པ་དང་། །བསླབ་བྱ་གཞན་དང་། འདུལ་བའི་ཡིག་ཆར་ཡང་བྲིས་ཟིན་པས་འདིར་རྒྱས་པར་མི་འཆད་དོ། །རིགས་བརྒྱད་པོ་དེ་དག་བསྡུ་ན་རྫས་རིགས་བཞིར་འདུ་སྟེ། དགེ་སློང་ཕ་མ་གཉིས་ཀྱི་སྡོམ་པ་རྫས་རིགས་གཅིག །དགེ་ཚུལ་ཕ་མ་དང་དགེ་སློབ་གསུམ་རྫས་རིགས་གཅིག །དགེ་བསྙེན་ཕ་མ་གཉིས་རྫས་རིགས་གཅིག །བསྙེན་གནས་རྫས་གཅིག་སྟེ་བཞིའོ། །འོ་ན་དགེ་སློང་ཕ་མ་དགེ་སློང་ངོ་ཞེས་བཤད་ཅིང་དགེ་སློང་མ་ལ་དགེ་སློང་ངོ་ཞེས་པའི་སྒྲ་གསལ་ཁར་མི་སྣང་བས། དགེ་སློང་མ་དེ་དགེ་སློང་མིན་ནམ་སྙམ་ན། རྗེའི་རིམ་ལྔ་གསལ་སྒྲོན་སོགས་ལས་དཔེར་ན་བུ་ཙམ་དབྱེ་གཞིར་བྱས་ནས་དེ་ལ་བུ་ཕོ་མོ་གཉིས་སུ་དབྱེ་བ་ལྟར། རྒྱུད་ལའང་ཕ་རྒྱུད་མ་རྒྱུད་གཉིས་སུ་ཕྱེ་བ་དེ་བཞིན་དུ། དགེ་སློང་དབྱེ་གཞིར་བྱས་ནས་དེ་ལ་དགེ་སློང་ཕ་མ་གཉིས་སུ་འབྱེད་པས་དགེ་སློང་མ་ནི་དགེ་སློང་ཡིན་ལ། འདིར་དགེ་སློང་ཕ་ལ་དགེ་སློང་ངོ་ཞེས་བརྗོད་པ་ནི་སྤྱི་མིང་བྱེ་བྲག་ལ་བཏགས་པ་སྟེ་དེ་འདྲ་མང་ངོ་། ། བཞི་པ་སྐྱེ་བའི་རྟེན་སོགས་ནི། དེ་ལྟར་སོ་ཐར་རིགས་བརྒྱད་པོ། །སྒྲ་མི་སྙན་པ་མ་གཏོགས་པའི། །གླིང་གསུམ་སྐྱེས་པ་བུད་མེད་ཀྱི། །རྟེན་ལ་སྐྱེ་ཡི་ཟ་མ་དང་། །མ་ནིང་མཚན་གཉིས་སོགས་ལ་མིན། །ཞེས་གསུངས་པ་ལྟར་ཏེ། སྐྱེ་བའི་རྟེན་ནི་གོ་སླ་ལ། རྟེན་མིན་མ་ནིང་དང་། མཚན་གཉིས་སོགས་ཞེས་པའི་སོགས་སྒྲས་མཚན་མེད་དང་། མཚམས་མེད་བྱས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཕམ་པ་འཆབ་བཅས་བྱུང་བ་སོགས་དང་། ལྷ་དང་མི་མ་ཡིན་པའི་འགྲོ་བ་གཞན་པར་སྡུད་དོ། །དེ་དག་གི་རྟེན་དེ་ལ་སོ་ཐར་མི་སྐྱེ་ཡང་དེ་རྣམས་ཀྱི་རྒྱུད་ལ་ནི་སྤྱིར་སྡོམ་པ་སྐྱེ་བར་འདོད་དགོས་ཏེ། དེ་དག་གི་རྒྱུད་ལ་རྣམ་མཁྱེན་གྱི་ས་བོན་ཡོད་པས་སོ། །སྤྱིར་སྡོམ་པ་སྐྱེ་བ་དང་གནས་པ་དང་ཁྱད་པར་དུ་འགྱུར་བ་དང་མཛེས་པའི་བར་ཆད་བཞི་སྟེ་གཉིས་པ་ནི་རྒྱལ་པོ་དང་ཕ་མས་མ་གནང་བ་ལྟ་བུ། གསུམ་པ་ནི་ནད་པ་ལྟ་བུ། བཞི་པ་ནི་ལག་དུམ་ལ་སོགས་པ་ལྟ་བུའོ། །འདི་གསུམ་གྱི་རྟེན་ལ་ནི་སྡོམ་པ་སྐྱེ་ཡང་འབོག་པ་པོ་ལ་ཉེས་བྱས་སུ་འགྱུར་བ་ཙམ་མོ། ། ལྔ་པ་གཏོང་བའི་རྒྱུ་ལ་གཉིས། དངོས་དང་། འདོད་ཚུལ་གཞན་ནོ། །དང་པོ་ནི། སྡོམ་པ་གཏོང་བའི་རྒྱུ་ལ་གཉིས། ཞེས་མདོར་བསྟན་ནས། དེ་ལ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་གཏོང་རྒྱུ་གཉིས་ཀྱི་དང་པོ་ནི། བསླབ་པ་ཕུལ་དང་ཤི་འཕོས་དང་། མཚན་གཉིས་བྱུང་དང་ལན་གསུམ་འགྱུར། །དགེ་རྩ་ཆད་རྣམས་ཐུན་མོང་སྟེ། །ཞེས་གསུངས་ལ། གཉིས་པ་ནི། ཉི་ཤུ་མ་ལོན་དེར་ཤེས་དང་། །བསྟེན་ཕྱིར་ཁས་བླངས་ཉིན་ཞག་འདས། །རིམ་བཞིན་དགེ་སློང་དགེ་སློབ་མ། །བསྙེན་གནས་རྣམས་ཀྱི་ཐུན་མོང་མིན། །ཞེས་གསུངས་པ་ལྟར་ཏེ། ཕྱི་མའི་དོན་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་མི་རུང་ཡང་། གལ་ཏེ་རྫོགས་པར་བྱེད་ན་བཤོལ་ཟླ་དང་མངལ་གྱི་ཟླ་བ་རྣམས་ཀྱི་ཁ་བསྐང་བར་བྱ་ལ། དེ་ལྟར་བསྐང་ཀྱང་ལོ་ཉི་ཤུ་མ་ཚང་ན་བསྙེན་རྫོགས་ཀྱི་སྡོམ་པ་མི་སྐྱེ་ཞིང་ཚང་ན་སྐྱེའོ། །སྔར་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་ནས་ཕྱིས་དེ་ལྟར་མི་རུང་བར་ཤེས་པའི་ཚེ་ལོ་ཉི་ཤུ་ལོན་ན་སྡོམ་པ་དེ་མི་གཏོང་ཡང་། མ་ལོན་ན་སྔར་སྐྱེས་པའི་བསྙེན་རྫོགས་ཀྱི་སྡོམ་པ་དེ་གཏོང་བར་འགྱུར་ཞིང་། དགེ་སློང་མས་འཁྲིག་པ་བསྟེན་པར་ཁས་བླངས་པ་དང་། བསྙེན་གནས་ཀྱི་སྡོམ་པ་ཉིན་ཞག་གཅིག་འདས་པ་ན་གཏོང་བའོ། ། གཉིས་པ་ནི། རྩ་བའི་ལྟུང་བ་བྱུང་བ་དང་། དམ་པའི་ཆོས་ནི་ནུབ་པ་ལས། །སྡོམ་པ་གཏོང་ཞེས་འདོད་པའང་ཡོད། ཁ་ཆེ་བྱེ་བྲག་སྨྲ་བ་རྣམས། །སྡོམ་ལྡན་རྩ་ལྟུང་བྱུང་བ་ལ། །བུ་ལོན་ནོར་ཅན་བཞིན་དུ་འདོད། །ཞེས་གསུངས་པ་ལྟར་ཏེ། མདོ་སྡེ་པས་རྩ་ལྟུང་འཆབ་བཅས་བྱུང་ན་གཏོང་བར་འདོད་ལ། སེམས་ཙམ་པ་ཡན་ཆད་ཀྱིས་རྩ་ལྟུང་གང་བྱུང་ཡང་གཏོང་བར་བཞེད། གོས་དམར་སྡེ་བས་ལུང་གི་དམ་པའི་ཆོས་ནུབ་པས་ཀྱང་གཏོང་བར་འདོད། ཁ་ཆེ་བྱེ་བྲག་སྨྲ་བས་ནི་རྩ་ལྟུང་འཆབ་བཅས་བྱུང་བའི་དགེ་སློང་དེ་ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་འཆལ་ཡང་ཡིན་པར་འདོད་དེ། མི་འགའ་ཞིག་ལ་བུ་ལོན་འཇལ་དགོས་ཀྱང་ཡོད་ལ། ནོར་ཡང་ཡོད་པ་བཞིན་ནོ་ཟེར། དྲུག་པ་བསྲུང་བའི་ཕན་ཡོན་ནི། སྡོམ་པ་དེ་དག་བསྲུངས་པ་ལས། །གནས་སྐབས་འབྲས་བུ་ལྷ་མི་དང་། །མཐར་ཐུག་འབྲས་བུ་བྱང་ཆུབ་གསུམ། །འཐོབ་པར་འགྱུར་ཞེས་གསུངས་པའི་ཕྱིར། །བརྩོན་ལྡན་རྣམས་ཀྱིས་སོ་སོར་ཐར། །རྟག་ཏུ་གུས་པས་འབད་དེ་བསྲུང་། །ཞེས་གསུངས་པ་ལྟར་ཏེ་སླའོ། ། བདུན་པ་འཕྲོས་པའི་དོགས་གཅོད་ལ། རྒྱུ་དང་ངོ་བོ་ལ་དོགས་གཅོད་བཤད་ཟིན་ཅིང་། འདིར་སྡོམ་པ་ཐོབ་ཚུལ་དང་། གཏོང་ཚུལ་དང་། ལྟུང་བའི་ཁྱད་པར་དང་། སྡོམ་པ་གོང་མ་གཉིས་བླངས་པའི་ཚེ་ཇི་ལྟར་འགྱུར་བའི་ཚུལ་དང་། རྟེན་གང་གིས་སྡོམ་པ་གང་ལེན་དུ་རུང་མི་རུང་དཔྱད་པ་དང་ལྔ། དང་པོ་ནི། སྤྱིར་སྡོམ་པ་དེ་ལ་སོ་ཐར་གྱི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང་། ཟག་མེད་ཀྱི་སྡོམ་པ་གསུམ་དང་། རྣམ་གྲངས་གཞན་ཡང་ཡོད་དོ། །འདིར་སོ་ཐར་གྱི་སྡོམ་པ་ཐོབ་པ་ལ་ཆོ་ག་ངེས་པར་མི་དགོས་ཏེ། ཡེ་ཤེས་ཁོང་ཆུད་དང་། ཚུར་ཤོག་དང་། དྲི་བས་མཉེས་པའི་སྒོ་ནས་སྐྱེས་པའི་བསྙེན་རྫོགས་ཀྱིི་སྡོམ་པ་རྣམས་ལ་ཆོ་ག་མི་དགོས་པའི་ཕྱིར་ཏེ། དང་པོ་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གསར་དུ་རྒྱུད་ལ་སྐྱེས་པ་ཙམ་གྱིས་དང་། གཉིས་པ་ནི། སྟོན་པས་ཚུར་ཤོག་ཚངས་པ་མཚུངས་པར་སྤྱོད་ཅིག་ཅེས་གསུངས་པ་ཙམ་གྱིས་དང་། གསུམ་པ་ནི། གཅིག་ཏུ་དགེ་བ་ནི་གང་། ཐར་པའོ། །དེ་ལ་དགོས་པ་ནི་གང་། དད་པའོ། །ཞེས་པ་ཙམ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པ་ཡོད་པའི་ཕྱིར། གང་ལས་ཐོབ་པ་ནི། དགེ་སློང་ཕ་མ་དང་དགེ་སློབ་མའི་སྡོམ་པ་ནི་དགེ་འདུན་དང་། གཞན་ལྔ་གང་ཟག་ལས་ཀྱང་ཐོབ་པ་ཡིན་ཏེ། མཛོད་འགྲེལ་ལས། སོ་སོར་ཐར་པའི་སྡོམ་པ་དེ་ཡང་དགེ་འདུན་ནམ་གང་ཟག་ལས་ཏེ། དགེ་སློང་དང་དགེ་སློང་མ་དང་དགེ་སློབ་མའི་སྡོམ་པ་ནི་དགེ་འདུན་ལས་སོ། །གཞན་དག་ནི་གང་ཟག་ལས་སོ་ཞེས་གསུངས་པའི་ཕྱིར། འོན་ཀྱང་གཞན་ལྔ་ནི་དགེ་འདུན་ལས་བླངས་ཀྱང་ཕུན་སུམ་ཚོགས་པར་འགྱུར་ཞིང་། ཁ་ཅིག་དེ་དག་དགེ་འདུན་ལས་ལེན་ན་བསྒྲུབ་བྱ་སུམ་ཚན་དུ་གཅོད་དགོས་ཀྱི། མ་བཅད་ན་སྐྱེ་ལ་ཉེས་བྱས་སུ་འགྱུར་བར་བཞེང་། ཁ་ཅིག་དགེ་བསྙེན་དང་བར་མ་རབ་བྱུང་གཉིས་ལ་སུམ་ཚན་དུ་མ་བཅད་ཀྱང་ཉེས་པར་མི་འགྱུར་ཞེ་བཞེད་ཅིང་། བསྙེན་གནས་ལ་ནི་དེ་ལྟར་མི་དགོས་སོ། །དུས་ནི་བསྙེན་གནས་ཀྱི་སྡོམ་པ་དེ་བསྙེན་གནས་ཡན་ལག་བརྒྱད་པར་བཙུན་པས་བཟུང་དུ་གསོལ་ཞེས་པ་དང་། དགེ་བསྙེན་ལ་དགེ་བསྙེན་དུ་ཞེས་པ་དང་། དགེ་ཚུལ་ལ་དགེ་ཚུལ་དུ་ཞེས་པའི་སྐབས་དང་། བསྙེན་རྫོགས་ལ་ནི་བསྙེན་པར་རྫོགས་པར་གསོལ་ན་ཞེས་པའི་སྐབས་སུ་སྐྱེ་ཞིང་། དེ་ཡང་རང་རང་གི་ཆོ་ག་ལན་གསུམ་རེ་བརྗོད་པའི་ཕྱི་མའི་དུས་སུའོ། །སྤྱིར་བར་མ་རབ་བྱུང་གི་ཚུལ་ཁྲིམས་ཙམ་ནི་སྡོམ་པ་མིན་ཡང་། དགེ་བསྙེན་སྔོན་དུ་སོང་བའི་བར་མ་རབ་བྱུང་གི་རྒྱུད་ལ་སྡོམ་པ་ཡོད་ཅིང་། བར་མའི་ཚུལ་ཁྲིམས་ལེན་པའི་ཆོ་ག་ལན་གསུམ་བརྗོད་པའི་མཇུག་ཏུ་བར་མ་རབ་བྱུང་གི་ཚུལ་ཁྲིམས་ཐོབ་པ་དང་རབ་ཏུ་བྱུང་བ་དུས་མཉམ་མོ། །དེ་དག་ཐོབ་ཚུལ་དངོས་ནི་དེའི་ཚེ་ཆུ་ལོན་གྱི་ཚུལ་དུ་སྤོང་བ་གཟུགས་ཅན་པ་རེ་སྐྱེས་པ་ན་ཐོབ་པར་འཇོག་སྟེ། དཔེར་ན་ཆུ་ལོན་ནམ་ཆུ་རག་གིས་ཆུ་འགོག་པ་ལྟར། ལྟུང་བ་འགོག་པའི་སྤོང་སྡོམ་དགེ་བ་ཞིག་སྐྱེས་པའོ། །དགེ་བསྙེན་སོགས་ཀྱིས་སྡོོམ་གསུམ་རིམ་གྱིས་བླངས་བའི་ཚེ་ཆོ་ག་ཐ་དད་པ་ལས་བླངས་པས་སྡོམ་པ་གསུམ་རིམ་གྱིས་རྫས་ཐ་དད་དུ་ཐོབ་པ་ཡིན་གྱི། གནས་འགྱུར་དུ་མི་འདོད་དེ། མཛོད་ལས། ཐ་དད་དེ་དག་འགལ་བ་མེད། །ཅེས་གསུངས་པས་སོ། །གཞན་ཡང་དགེ་འདུན་ནམ་གང་ཟག་དང་ལས་ལམ་གྱི་སྦྱོར་དངོས་མཇུག་གསུམ་དང་། གཞི་སེམས་ཅན་ཡིན་མིན་གཉིས་དང་། ཕུང་ཁམས་ལས་དང་། སེམས་ཅན་ཐམས་ཅད་ལས་ཀྱང་ཐོབ་པ་ཞེས་བྱའོ། ། གཉིས་པ་གཏོང་ཚུལ་ནི། སྤྱིར་སྡོམ་པ་གཏོང་བ་ལ་སོར་ཤོར་དང་། ཀུན་གཏོང་གི་ལུགས་གཉིས་ཡོད་ཀྱང་། བསླབ་པ་ཕུལ་བས་གཏོང་བ་ནི། དགེ་སློང་གི་བསླབ་པ་ཙམ་ཕུལ་ན་དགེ་སློང་གི་སྡོམ་པ་གཏོང་ཡང་གཞན་མི་གཏོང་། དེས་དགེ་ཚུལ་ཕུལ་ན་དགེ་སློང་དགེ་ཚུལ་གཉིས་ཀ་གཏོང་། དགེ་བསྙེན་ཕུལ་ན་སྡོམ་པ་དང་མི་ལྡན་པའམ། སྡོམ་གསུམ་ལྡན་པའི་དགེ་སློང་གིས་རང་རྒྱུད་ཀྱི་དགེ་བསྙེན་གྱི་སྡོམ་པ་ཕུལ་ན་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གཉིས་གཏོང་མི་དགོས་པ་འདྲ་སྟེ་དཔྱད་དོ། །སྡོམ་གསུམ་ལྡན་པས་སྡོམ་པ་ཐམས་ཅད་ཅིག་ཅར་དུ་ཕུལ་ན་ནི་ཐམས་ཅད་གཏོང་ངོ་། །དེར་མ་ཟད་དགེ་སློང་གིས་དགེ་ཚུལ་ལམ་དགེ་བསྙེན་གྱི་སྡོམ་པ་བླངས་པའམ། བསྙེན་གནས་ཀྱི་སྡོམ་པ་བླངས་ནའང་རང་གི་སྡོམ་པ་གཏོང་བར་འགྱུར་རོ། །དགེ་སློང་ཞིག་གིས་ཁྱིམ་པར་ཞེ་བས་ཁས་བླངས་ན་རབ་བྱུང་གི་སྡོམ་པ་ཐམས་ཅད་གཏོང་ངོ་། །སོ་ཐར་གྱི་སྡོམ་པ་རིགས་བདུན་ནི་ཇི་སྲིད་འཚོའི་བར་དུ་བསྲུང་བས་ཁས་བླངས་ཀྱི། དེ་ཕན་ཆད་དུ་ཁས་མ་བླངས་པས་ཤི་བའི་ཚེ་རྟེན་བོར་ནས་སྡོམ་པ་གཏོང་སྟེ་ཉེས་པ་མེད་ལ། ཕུལ་བ་ལ་ཉེས་མེད་དཀོན་ནོ། །ཕོ་མོའི་མཚན་མ་གཉིས་སྔ་ཕྱིའི་བྱུང་བ་ཙམ་གྱིས་སྡོམ་པ་མི་གཏོང་ཡང་། དེ་གཉིས་ཅིག་ཅར་དུ་བྱུང་ན་གཏོང་ངོ་། །བྱེ་སྨྲའི་ལུགས་ལ་དགེ་རྩ་ཆད་པའི་གང་ཟག་འདོད་པས་དགེ་རྩ་ཆད་པ་ན་སྡོམ་པའི་གཞི་མེད་པའི་ཕྱིར་དེ་གཏོང་ངོ་། །དབུ་མ་པས་ནི་དགེ་རྩ་ཆད་པའི་གང་ཟག་མི་འདོད་དེ། སེམས་ཅན་ཐམས་ཅད་འཚང་རྒྱ་བར་འདོད་པའི་ཕྱིར་རོ། །སྤྱིར་རྩ་ལྟུང་སྡོམ་པའི་གཏོང་རྒྱུར་མི་མཛད་ཀྱང་། སེམས་ཙམ་ཡན་ཆད་ཀྱི་ལུགས་ལ་རྩ་ལྟུང་བྱུང་ན་སྡོམ་པ་གཏོང་ཞིང་། དེ་ཡང་འཆབ་མེད་བྱུང་ན་གཏོང་ཡང་ཕྱིས་བླང་དུ་རུང་ལ། འཆབ་བཅས་བྱུང་ན་བླང་དུ་མི་རུང་བར་བཞེད། མདོ་སྡེ་པས་ནི་འཆབ་མེད་བྱུང་ན་སྡོམ་པ་མི་གཏོང་བས་ལེན་མི་དགོས་ལ། འཆབ་བཅས་བྱུང་ན་སྡོམ་པ་གཏོང་ཞིང་། སླར་བླངས་ཀྱང་མི་སྐྱེ་བར་འདོད་ཅེས་བཤད་དོ། །འདིར་འཆབ་བཅས་དང་འཆབ་མེད་ནི་རྩ་ལྟུང་བྱུང་མ་ཐག་འགྱོད་པ་དང་བཅས་ཏེ་གཞན་ལ་མི་སྦེད་པར་བརྗོད་པའམ། དགོས་པའི་དབང་གིས་མ་བརྗོད་ཀྱང་འགྱོད་པ་ཆེན་པོ་དང་བཅས་པ་ཡིན་ལ། འཆབ་བཅས་ནི་མི་འགྱོད་བཞིན་དུ་སྦེད་པའོ། །བྱེ་སྨྲའི་ལུགས་ལ་ཕམ་པ་གཉིས་གང་བྱུང་ཡང་སྡོམ་པ་མི་གཏོང་མོད། སྡོམ་པ་རྣམ་དག་ལས་ཉམས་པར་བྱེད་ཅིང་། འཆབ་བཅས་ཀྱིས་དགོས་པ་སྒྲུབ་ནུས་ལས་ཀྱང་ཉམས་པར་བྱེད་དེ། དེ་བྱུང་ན་ཚེ་འདིར་བྱང་ཆུབ་མི་ཐོབ་པར་གསུང་། ཁ་ཅིག་ཉི་འོག་པས་ཕམ་པ་འཆབ་བཅས་བྱུང་ན་སྡོམ་པ་གཏོང་བར་འདོད་ཅེས་ཟེར་ཏེ། བཞེད་པ་མི་འདྲ་བའང་ཡོད་དོ། །བ་བྱུང་གིས་སྤྱིར་ཁྱིམ་པའི་སྡོམ་པ་བླངས་ན་རབ་བྱུང་གི་སྡོམ་པ་གཏོང་བས་ལེན་དུ་མི་རུང་ཡང་། བསྙེན་རྫོགས་སླར་བསྐྱར་ནས་བསྒྲུབ་པའི་ཚེ་དགེ་བསྙེན་ནས་རིམ་གྱིས་བསྒྲུབས་པས་དགེ་སློང་གི་སྡོམ་པ་སྔ་མ་རྙིང་པ་གཏོང་ཞིང་། བསྙེན་པར་རྫོགས་པ་ན་སྡོམ་པ་གསར་པ་སྐྱེ་བས་ཁྱད་པར་ཤེས་དགོས་སོ། ། གསུམ་པ་ལྟུང་བའི་ཁྱད་པར་བཤད་པ་ལ་གཉིས། ལྟུང་བ་དེ་རྟེན་གང་ལ་འབྱུང་བ་དང་། ལྟུང་བའི་ཁྱད་པར་དངོས་སོ། །དང་པོ་ནི། ཁ་ན་མ་ཐོ་བ་ཙམ་ནི་སྡོམ་པ་བླངས་མ་བླངས་གཉིས་ཀའི་རྟེན་ལ་འབྱུང་ཡང་། ལྟུང་བའི་ཉེས་པ་ནི་སྡོམ་པ་ཐོབ་པ་ལ་འབྱུང་གི། མ་ཐོབ་པ་ལ་མི་འབྱུང་ངོ་། །སྡོམ་པ་ཡང་སོ་ཐར་གཞིར་བཞག་ཚེ་རྩ་བ་བཞི་སྤོང་བར་ཁས་བླངས་པ་ཞིག་གིས་ཐོབ་པར་འཇོག་གི། རྩ་བཞི་སྤང་བར་ཁས་མ་བླངས་པ་ལ་ནི་ཚུལ་ཁྲིམས་ཙམ་ཡིན་གྱི་སོ་ཐར་གྱི་སྡོམ་པ་མེད་དོ། །འོན་ཀྱང་དགེ་སློང་གི་སྡོམ་པ་ནི་སྤང་བྱ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཅི་རིགས་སྤོང་བའི་སྒོ་ནས་འཇོག་པ་ཡིན་གྱི། རྩ་བ་བཞི་སྤོང་བར་ཁས་བླངས་པ་ཙམ་གྱིས་མི་འཇོག་གོ །གལ་ཏེ་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་ཚུལ་ཁྲིམས་ཐམས་ཅད་སྡོམ་པ་ཡིན་ནམ་མིན། ཡིན་ན་སྡོམ་པ་གྲངས་མང་བ་དང་། ཕམ་པ་བྱུང་བའི་ཚེ་ཚུལ་ཁྲིམས་དེ་ཐམས་ཅད་གཏོང་བར་ཐལ་བར་འགྱུར་རོ། །མིན་ན་རྩ་བ་བཞི་སྤོང་བའམ་སྤོང་བདུན་གྱི་ཚུལ་ཁྲིམས་ཙམ་ཞིག་སྡོམ་པར་འགྱུར་བས་སྡོམ་པ་གྲངས་ཉུང་བར་འགྱུར་རོ་ཞེ་ན། འདི་ལ་ལན་དཀའ་བར་སྣང་ནའང་། བུ་སྟོན་རིན་པོའི་མདོ་རྩའི་ཊཱིཀྐར། སོ་ཐར་གྱི་སྡོམ་པའི་མཚན་ཉིད་ནི། ཆོས་འདི་བདག་གི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ་ཞེས་གསུངས་ཏེ། འདི་ལ་སྟག་ཚང་ལོ་ཙཱ་བས་འདི་བའི་ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་གཉིས་མཚན་ཉིད་དེ་ཡིན་ཀྱང་སོ་ཐར་གྱི་སྡོམ་པ་མིན་པའི་སྐྱོན་བསྟན་པ་ཙམ་མ་གཏོགས་དེ་བཞིན་དུ་འདོད། མཁས་པ་ཁ་ཅིག་ངེས་འབྱུང་གི་བསམ་པས་ཟིན་པའི་འདོད་པའི་སས་བསྡུས་པའི་ཚུལ་ཁྲིམས་དེ། སོ་ཐར་གྱི་སྡོམ་པའི་མཚན་ཉིད་དུ་འདོད་དོ། །དེ་ལྟར་ན་བྱེ་སྨྲའི་ལུགས་ལ་དགེ་སློང་གི་སྡོམ་པ་ནི་སྤོང་བདུན་འཁོར་བཅས་ཀྱིས་བསྡུས་ཀྱང་གྲངས་མང་བའི་སྐྱོན་མེད་དེ། ལྷག་མ་སོགས་གཞན་སྤོང་བའི་ཚུལ་ཁྲིམས་རྣམས་ཀྱང་བདུན་ཅི་རིགས་ཀྱིས་བསྡུས་པའི་ཕྱིར་ཏེ། འདིར་ལུས་ངག་གི་སྤང་བྱ་བདུན་སྤོང་བ་གཙོ་ཆེ་བས་གཞན་རྣམས་དེ་དག་གི་ཡན་ལག་ཏུ་སྲུང་བར་བྱེད་པ་སྟེ་དེ་དག་ལ་མ་གཏོགས་པའི་ཟུར་པ་མིན་ནོ། །དེས་ན་དགེ་སློང་གི་སྡོམ་པ་ནི་སྤོང་བདུན་འཁོར་བཅས་ཀྱིས་བསྡུས་ཀྱང་། སྤང་བྱའི་གྲངས་ཀྱི་ལྡོག་ཆ་ནས་ཉིས་བརྒྱ་སོགས་གྲངས་མང་པོ་ཁས་བླངས་པ་ལ་འགལ་བ་མེད་དེ། ཉིན་ཞག་རེ་རེ་ལ་བལྟོས་པའི་དགེ་སློང་གི་སྡོམ་པའི་དབྱེ་ཆ་མང་དུ་ཡོད་ཀྱང་མི་འགལ་བ་བཞིན་ནོ། །རྩ་བཞི་སྲུང་པར་ཁས་བླངས་པའི་སྒོ་ནས་ལྷག་མ་སོགས་གཞན་སྤོང་བར་ཁས་བླངས་པའི་ཚུལ་ཁྲིམས་ཀྱང་སྡོམ་པར་འགྱུར་གྱི། རྩ་བཞི་སྲུང་བའི་སྡོམ་པ་ལ་མ་བལྟོས་པར་དེ་རྣམས་རང་སྟོབས་ཀྱིས་སྡོམ་པར་མི་འགྱུར་རོ། །འདིར་ལུས་ངག་གི་མི་དགེ་བ་བདུན་སྤོང་བའི་སྤོང་བདུན་གྱི་ཚུལ་ཁྲིམས་དེ་གཟུགས་ཅན་དུ་འདོད་པ་ནི་ལྷག་མ་ནས་ཉེས་བྱས་ཀྱི་བར་གྱི་ཚུལ་ཁྲིམས་ཐམས་ཅད་གཟུགས་ཅན་དུ་འདོད་དགོས་པའི་དོན་ཏེ། དགེ་སློང་གི་སྤང་བྱ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་ཐམས་ཅད་ཀྱང་ལུས་ངག་གི་ལས་ཅི་རིགས་པར་འདུ་བའི་ཕྱིར། དེས་ན་ཚུལ་ཁྲིམས་དང་ཚུལ་འཆལ་གཉིས་ཀའང་གཟུགས་ཅན་དུ་བཞེད་ཅིང་། ཚུལ་འཆལ་ནི་མི་དགེ་བའི་གཟུགས་ཡིན་ཏེ། མཛོད་ལས། འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས་རྣམ་གཉིས་སོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་། འདུལ་བ་རྒྱ་མཚོའི་སྙིང་པོ་ལས། བརྒྱད་སྤོང་བསྙེན་གནས་སྡོམ་པའོ། །ཞེས་དང་། ལྔ་སྤོང་བ། དགེ་བསྙེན་གྱི་ནི་སྡོམ་པའོ། །ཞེས་དང་། བཅུ་སྤོང་དགེ་ཚུལ་སྡོམ་པའོ། །ཞེས་དང་། ཆོས་དྲུག་སྤོང་བའི་སྡོམ་པ་ནི། དགེ་སློབ་མ་ཡི་སྡོམ་པ་ཡིན། ཞེས་གསུངས་ནས། དགེ་སློང་མའི་སྐབས་སུ་སུམ་བརྒྱ་དྲུག་ཅུ་རྩ་བཞིའི་སྤང་བྱ་སྤོང་བའི་ཚུལ་ཁྲིམས་དང་། དགེ་སློང་གིས་སྤང་བྱ་ཉིས་བརྒྱ་ང་གསུམ་སྤོང་བའི་ཚུལ་ཁྲིམས་རྣམས་ཀྱང་དེ་གཉིས་ཀྱི་སྡོམ་པར་དོན་གྱིས་བསྟན་ཏོ། །སྔོན་གྱི་འདུལ་འཛིན་མང་པོས་དགེ་སློང་གི་སྡོམ་པ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་ཀྱང་། རྩ་བཞི་གང་རུང་བྱུང་བའི་ཚེ་རང་རང་གི་གཉེན་པོའི་སྡོམ་པ་གཏོང་ཞིང་གཞན་མི་གཏོང་ངོ་ཞེས་དང་། ལྷག་མ་ལྟ་བུ་གཅིག་ཤོར་བའི་ཚེ་ཡང་དེའི་ངོས་སྐལ་གྱི་སྡོམ་པ་གཏོང་གི། གཞན་མི་གཏོང་ཞེས་གསུངས་པའི་དང་པོ་ནི་དཔྱད་པར་བྱ་བའི་གནས་ཡིན་ལ། ཕྱི་མ་ཤིན་ཏུ་མི་འཐད་དེ། ལྷག་མ་ཙམ་བྱུང་བས་སྡོམ་པ་གང་ཡང་མི་གཏོང་བའི་ཕྱིར་ཏེ། དེས་དེ་གཏོང་བ་ཚད་ལྡན་སུས་ཀྱང་མ་བཤད་པའི་ཕྱིར། སྡོམ་པ་སྤོང་སེམས་ས་བོན་དང་བཅས་པ་ཅི་རིགས་ལ་འདོད་པ་དག་གི་ལུགས་ལའང་ཚུལ་དེ་ལྟར་དུ་སྦྱར་བར་བྱའོ། ། གཉིས་པ་ལྟུང་བའི་ཁྱད་པར་ལ། སྤྱིར་ཉེས་པ་ལ་བཅས་རང་གི་ཁ་ན་མ་ཐོ་བ་གཉིས་ཡོད་ཅིང་། དེའི་ཁྱད་པར་ཡང་གཙོ་བོར་སྟོན་པའི་བཅས་པ་དང་འགལ་བ་ཙམ་གྱིས་བཞག་པའི་ཁ་ན་མ་ཐོ་བ་དེ། བཅས་པའི་ཁ་ན་མ་ཐོ་བའི་མཚན་ཉིད། བཅས་པ་ལ་མ་བལྟོས་པར་ཉེར་བར་འགྱུར་བའི་ཁ་ན་མ་ཐོ་བ་དེ། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་དམ་དོན་ནོ། །མཚན་གཞི་ནི། སྡོམ་ལྡན་གྱིས་ཆང་འཐུང་བ་དང་། ཕྱི་དྲོའི་ཁ་ཟས་ཟ་བ་དང་། ཁྱིམ་པའི་རྟགས་འཆང་པ་དང་། རབ་བྱུང་གི་རྟགས་སྤོང་བ་དང་། རིན་པོ་ཆེ་དང་མེ་ལ་རེག་པ་སོགས་དང་། གསོ་སྦྱོང་སོགས་མི་བྱེད་པ་དང་། གླུ་གར་སོགས་བྱེད་པ་དང་། ས་རྐོ་བ་དང་། ཤིང་གཅོད་པ་དང་། འཚོང་བ་སོགས་ཀྱི་སྤྱོད་ལམ་དང་ཟས་གོས་སོགས་ཚུལ་བཞིན་མ་བསྟེན་པ་ལས་བྱུང་བའི་ལྟུང་བ་རྣམས་ནི་བཅས་པའི་ཁ་ན་མ་ཐོ་བའམ་ཉེས་པ་དང་། སྲོག་གཅོད་སོགས་ལུས་ངག་གི་བདུན་དང་ཡིད་ཀྱི་གསུམ་དང་བཅས་པའི་མི་དགེ་བཅུ་སོགས་གང་གིས་བྱས་ཀྱང་ཉེས་པར་འགྱུར་བས་རང་བཞིན་གྱི་ཁ་ན་མ་ཐོ་བ་སྟེ། སྡོམ་པ་བླངས་མ་བླངས་གཉིས་ཀའི་རྟེན་ལ་འབྱུང་བ་རྣམས་སོ། །བཅས་རྐྱང་གི་ནང་ནས་ཆང་འཐུང་བ་དང་མི་ཤ་ཟ་བ་གཉིས་མ་གཏོགས། གཞན་རྣམས་ནི་ནད་པ་སོགས་རྐྱེན་ལ་བལྟོས་ཏེ་གནང་བ་ཡོད་ལ། རང་བཞིན་གྱི་ལྷུང་བར་འགྱུར་བ་ལ་འདིར་རྩ་བ་བཞི་བྱེད་པ་གནང་བ་མེད་ཅིང་། གཞན་རྐྱེན་ལ་བལྟོས་ཏེ་གནང་བ་སྲིད་དོ། །འོན་ཀྱང་ཐེག་ཆེན་གྱི་སྐབས་སུ་སྲོག་གཅོད་སོགས་ལུས་ངག་གི་བདུན་ཡང་གནང་བ་ཡོད་ཅིང་། ཡིད་ཀྱི་གསུམ་ནི་གནང་བ་མེད་དེ་ཁྱད་པར་རོ། །ཇི་ལྟར་བསྐྱེད་པ་ནི། ལྟུང་བ་སྡེ་ལྔའི་དངོས་གཞི་བསྐྱེད་པ་ལ་སྡོམ་ལྡན་ཞིག་དགོས་ཀྱི། སྡོམ་པ་མ་ཆགས་པ་འམ་རྩ་ལྟུང་འཆབ་བཅས་བྱུང་བ་སྡེ་ལྔ་ལ་ཞུགས་ཀྱང་ཉེས་བྱས་ཙམ་དུ་འགྱུར་ལ། ཕམ་པ་འཆབ་མེད་བྱུང་བ་ལ་བསླབ་པ་བྱིན་པས་ལྟུང་བའི་དངོས་གཞི་ཇི་ལྟ་བ་བཞིན་བསྐྱེད་ཅེས་བྱེ་སྨྲ་འདོད་དོ། །ལྟུང་བ་གང་དུ་བསྐྱེད་ཚུལ་ནི། སྐབས་འདིར་འདུ་ཤེས་གཙོ་ཆེ་བས་དགེ་སློང་གིས་ཤེས་བཞིན་དུ་མི་བསད་ན་ཕམ་པ་དང་། དགེ་ཚུལ་ལ་ཕམ་འདྲའི་ཉེས་བྱས་འབྱུང་བ་སོགས་ཡིན་ལ། དངོས་པོ་གཙོ་ཆེ་བ་ཡོད་དེ། མི་ཚངས་པར་སྤྱོད་པ་དང་། ཁུ་བ་འབྱིན་པ་གཉིས་དངོས་པོ་གཙོ་ཆེ་བས་འདུ་ཤེས་འཁྲུལ་མ་འཁྲུལ་འདྲའོ། །དེས་ན་མི་གསོད་སེམས་མེད་པར་འདུ་ཤེས་འཁྲུལ་ཏེ་བསད་ན་ཕམ་པ་ཡོད་མེད་གཉིས་ཏེ་གཞན་ལའང་ཅི་རིགས་སྦྱོར། སྤྱིར་དགེ་སློང་གིས་མི་བསད་པ་ལས་ཕམ་པ། མི་མ་ཡིན་པས་བསད་པ་ལས་སྦོམ་པོ། །དུད་འགྲོ་བསད་པ་ལས་ལྟུང་བྱེད་འབྱུང་བ་ཡིན་ཡང་། འདུ་ཤེས་འཁྲུལ་བ་དང་། གཟུགས་གཞན་དུ་བསྒྱུར་བ་དང་། མཚན་གྱུར་བ་ལྟ་བུའི་སྐབས་སུ་སྦྱོར་དངོས་ལ་ཁྱད་པར་ཡོད་དེ། མི་གསོད་པའི་སྦྱོར་བ་ལ་སྦོམ་པོ་ཡིན་ཡང་། མི་ལ་དུད་འགྲོར་འཁྲུལ་ནས་གསོད་པའི་སྦྱོར་བ་ཉེས་བྱས་དང་། དངོས་གཞི་ལ་ཕམ་པ། དུད་འགྲོ་ལ་མིར་འཁྲུལ་ནས་གསོད་པའི་སྦྱོར་བ་སྦོམ་པོ་དང་དངོས་གཞི་ལ་ལྟུང་བྱེད། །མི་མ་ཡིན་མིར་འཁྲུལ་ཏེ་གསོད་པའི་སྦྱོར་དངོས་གཉིས་ཀ་ལ་སྦོམ་པོར་འགྱུར་བ་ཡོད་དེ། དེ་ལྟ་བུའི་ཚུལ་གྱིས་ཞིབ་པར་ཕྱེ་ན་ཤིན་ཏུ་མང་ཡང་དེ་ཙམ་མོ། ། བཞི་པ་སྡོམ་པ་གོང་མ་བླངས་པའི་ཚེ་ཇི་ལྟར་འགྱུར་བ་ལ། སྔོན་གྱི་མཁས་པ་དུ་མས་སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གསུམ་རིམ་གྱིས་བླངས་པ་ན། སྡོམ་པ་སྔ་མ་སྔ་མ་ཕྱི་མ་ཕྱི་མར་གནས་འགྱུར་བར་འདོད་ཅིང་། འདི་ལའང་སྡོམ་པ་དེ་གསུམ་གྱི་གཞི་མཐུན་འདོད་མི་འདོད་པའི་ཚུལ་གཉིས་སྣང་ངོ་། ཁ་ཅིག་བྱེ་སྨྲའི་ལུགས་ལ་སོ་ཐར་གྱི་སྡོམ་པ་གཟུགས་ཅན་ཡིན་ཡང་། ཐེག་ཆེན་གྱི་སྐབས་སུ་སྡོམ་པ་ཤེས་པ་ཁོ་ན་འམ། སྤོང་སེམས་ས་བོན་དང་བཅས་པ་ལ་འདོད་པས་མི་འགལ་ཞེས་གསུངས་ཏེ་བརྟག །གོང་མའི་ལུགས་ལ་ནི། སྡོམ་པ་གསུམ་པོ་དེ་ལེན་པའི་ཚེ་ཆོ་ག་རིགས་ཐ་དད་པ་ལས་བླངས་པས་གནས་འགྱུར་དུ་མི་འདོད་ལ། དེའི་ཚེ་གང་ཟག་གཅིག་གི་རྒྱུད་ལ་ལྡོག་པ་ཐ་དད་པའི་ཚུལ་གྱིས་ཡོད་པར་མཁས་པ་དུ་མས་བཤད་པ་ལྟར་འདོད་པ་ཡིན་ནོ། །འོན་ཀྱང་སྤོང་སེམས་རིགས་མཐུན་རྫས་ཐ་དད་པ་ཅིག་ཅར་ཡོད་པ་ལ་རིགས་པས་གནོད་པས། དེ་ལྟ་བུ་རྫས་གཅིག་པའམ་ཡང་ན་རིགས་མི་མཐུན་པར་འདོད་དགོས་པར་མངོན་ནོ། །དེས་ན་གོང་མའི་ལུགས་ལ་སྡོམ་པ་གསུམ་ལ་ངོ་བོ་ཐ་དད་མི་དད་གཉིས་འདོད་དགོས་པར་སེམས་ལ། ངོ་བོ་གཅིག་ན་གཅིག་ཁེགས་པའི་ཚེ་ཅིག་ཤོས་ཁེགས་པས་མ་ཁྱབ་སྟེ། དངོས་པོ་དང་བུམ་པ་བཞིན་ནོ། །བྱང་སྡོམ་བླངས་པའི་ཚེ་སོ་ཐར་བྱང་སྡོམ་གྱི་ཡན་ལག་ཏུ་འགྱུར་ཞིང་། སྔགས་སྡོམ་ཐོབ་པའི་ཚེ་དེ་གཉིས་ཀའང་སྔགས་སྡོམ་གྱི་ཡན་ལག་ཏུ་འགྱུར་ཏེ་གོང་མ་གཙོ་ཆེ་བའི་ཕྱིར་ཏེ། མཁས་གྲུབ་རྗེའི་ཐུབ་བསྟན་བྱི་དོར་ལས། འོན་ཀྱང་གནས་སྐབས་སུ་འོག་མ་བསྲུང་བ་ཡང་གོང་མའི་ཀུན་སློང་ཁྱད་པར་ཅན་གྱིས་ཟིན་པའི་རྐྱེན་གྱིས་གནས་སྐབས་ཀྱི་རྐྱེན་དེ་དང་མ་བྲལ་གྱི་རིང་ལ་འོག་མ་ཡང་གོང་མའི་ཡན་ལག་ཏུ་འགྱུར་བ་ཡིན་གྱི། གྲུབ་སྡེ་དབྱེར་མེད་དང་རིགས་རྒྱུན་ཕན་ཚུན་གཅིག་བཀག་པའི་ཅིག་ཤོས་ཁེགས་པའི་ཡན་ལག་ཏུ་འགྱུར་བ་མ་ཡིན་ཏེ། དཔེར་ན་སྣོད་དྭངས་ཤིང་དྲི་མ་མེད་པར་ཆུ་ཤིན་ཏུ་དྭངས་པའི་ནང་དུ་རིན་པོ་ཆེ་མར་གད་ལ་སོགས་པ་བཅུག་པ་ན་དེ་སྲིད་དུ་ཆུའི་ཁ་དོག་ཀྱང་རིན་པོ་ཆེའི་ཁ་དོག་གི་ཡན་ལག་ཏུ་འགྱུར་མོད་ཀྱི། ཆུ་དང་རིན་པོ་ཆེ་དེ་དག་ཕན་ཚུན་གཅིག་བཀག་ཀྱང་ཅིག་ཤོས་མི་ཁེགས་པ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་སྔགས་སྡོམ་གྱི་ཡན་ལག་ཡིན་པ་ཙམ་གྱིས་སྔགས་སྡོམ་དུ་མི་འགྱུར་རོ། །སྡོམ་གསུམ་གྱི་གཞི་མཐུན་མེད་དེ། སོ་ཐར་གྱི་སྡོམ་པ་རྣམས་ནི་ཤི་བའི་ཚེ་གཏོང་ལ། གཞན་གཉིས་འགལ་རྐྱེན་མེད་ན་བྱང་ཆུབ་ཀྱི་སྙིང་པོའི་མཐའ་ཅན་ཡིན་པའི་ཕྱིར། བྱང་སེམས་ཀྱི་སྡོམ་པ་དང་སྔགས་སྡོམ་གཉིས་ཀྱི་གཞི་མཐུན་ཀྱང་འཇོག་དཀའ་སྟེ། སྔགས་སྡོམ་ནི་དབང་ལ་བལྟོས་ལ། བྱང་སྡོམ་ནི་དེ་ལ་མ་བལྟོས་པའི་ཕྱིར། གཞན་ཡང་སྡོམ་གསུམ་གྱི་གཞི་མཐུན་མེད་དེ། དེ་གསུམ་ལེན་པའི་རྒྱུ་ཐ་དད་ཅིང་། གཏོང་རྒྱུ་ཡང་ཐ་དད་པའི་ཕྱིར། གཞན་དུ་ན་གཅིག་བླངས་པས་ཐམས་ཅད་བླངས་པ་དང་གཅིག་བཏང་བས་ཀུན་གཏོང་བར་ཐལ་བར་འགྱུར་ན་དེ་མི་འདོད་དོ། །འོ་ན། དགེ་བསྙེན། དགེ་ཚུལ། དགེ་སློང་གི་སྡོམ་པ་གསུམ་རྒྱུད་ལྡན་ཞིག་ལ་སྲོག་གཅོད་ཀྱི་ཕམ་པ་བྱུང་བའི་ཚེ་དགེ་སློང་གིས་སྲོག་གཅོད་སྤོང་བའི་སྡོམ་པ་གཏོང་ཞིང་། གཞན་གཉིས་ཀྱི་སྲོག་གཅོད་སྤོང་བའི་སྡོམ་པ་མི་གཏོང་བར་འགྱུར་ཏེ། སྡོམ་པ་གསུམ་པོ་དེ་དག་ལེན་པའི་རྒྱུ་ཆོ་ག་རིགས་ཐ་དད་པའི་ཕྱིར་དང་། སྡོམ་པ་གོང་མ་གཉིས་བླངས་པའི་ཚེ་འོག་མ་མི་གཏོང་བའི་ཕྱིར་དང་། སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གསུམ་པོ་དེ་གཏོང་བའི་རྒྱུ་སོ་སོ་བར་ངེས་པའི་ཕྱིར་ཞེ་ན། བྱེ་བྲག་སྨྲ་བ་ལྟར་ན་དེ་གཉིས་མཚུངས་པ་ལྟར་སྣང་ཡང་འདིར་དེ་གཉིས་མི་མཚུངས་ཏེ། སྡོམ་གསུམ་ལྡན་པའི་དགེ་སློང་ཞིག་གིས་སྦྱོར་དངོས་མཇུག་གསུམ་ཚང་བའི་སྒོ་ནས་མི་བསད་ན་རང་རྒྱུད་ཀྱི་དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྲོག་གཅོད་སྤོང་བའི་སྡོམ་པ་གསུམ་ཅར་གཏོང་བའི་ཕྱིར་ཏེ། དེ་ལྟར་མི་བསད་པའི་ལྟུང་བ་དངོས་གཞི་དེ་རྩ་ལྟུང་དུ་འགྱུར་བ་དགེ་བསྙེན་སོགས་གསུམ་པོ་དེ་ལ་མཚུངས་པའི་ཕྱིར། འོན་ཀྱང་དགེ་སློང་གི་ངོས་སྐལ་གྱི་ཕམ་པ་དང་དགེ་ཚུལ་གྱི་སྡོམ་པའི་ངོས་སྐལ་གྱི་ཕམ་པ་འདྲ་གཉིས་འབྱུང་མི་འབྱུང་བརྟག་དགོས་སོ། །གལ་ཏེ། དེའི་ཚེ་མི་ཚངས་སྤྱོད་སོགས་མ་བྱས་པས་རྩ་ལྟུང་གཞན་གསུམ་མི་འབྱུང་ངོ་སྙམ་ན། བྱེ་སྨྲ་དང་སྔ་རབས་པ་ཁ་ཅིག་དེ་ལྟར་འདོད་མོད། འདིར་དེ་མི་འདོད་དེ། རྩ་བ་བཞི་ལས་གང་རུང་གཅིག་བྱུང་ན་སྡོམ་པ་གཏོང་བར་ཁས་ལེན་རིགས་པའི་ཕྱིར་ཏེ། དཔེར་ན། ཁང་པ་ཀ་བ་བཞི་པ་ཅན་གཅིག་གི་ཀ་བ་གཅིག་མེད་པར་བྱས་པའི་ཚེ་ཀ་བ་གཞན་གསུམ་གྱིས་དགོས་པ་མི་འགྲུབ་པས་ཁང་པ་ཡང་བཤིག་པར་འཇོག་པ་བཞིན་ནོ། །འོན་ཀྱང་མཁས་པ་ཁ་ཅིག་སྔགས་ཀྱི་སྐབས་སུ་རྩ་ལྟུང་འཆབ་བཅས་བྱུང་ཡང་སོ་ཐར་མི་གཏོང་སྟེ། སྔགས་ཀྱི་ཁྱད་ཆོས་དང་བསམ་པའི་ཁྱད་པར་དུ་འདོད་དེ་དཔྱད་བྱར་སྣང་ངོ་། ཁ་ཅིག་སྡོམ་པ་གོང་མ་བླངས་ནས་གཙོ་བོར་སྲུང་བའི་ཚེ་སྡོམ་པ་འོག་མ་གནས་ཚུལ་ནི་དཔེར་ན་ཉི་མ་ཤར་བའི་ཚེ་ཟླ་བ་དང་རྒྱུ་སྐར་གྱི་འོད་ཡོད་ཀྱང་ཟིལ་གྱིས་མནན་ནས་མི་མངོན་པ་འདྲའོ་ཞེས་གསུངས་ཤིང་། ཡང་ཁ་ཅིག་སྡོམ་གསུམ་ཆང་ཆུ་འོ་མ་གསུམ་བསྲེས་པ་དང་འདྲ་བར་འདོད་ལ། གཞན་དག་གི་བསྙེན་སོགས་གསུམ་གྱི་སྡོམ་པ་གསུམ་གང་ཟག་གཅིག་གི་རྒྱུད་ལ་དོང་ཚེ་བརྩེགས་པ་ལྟ་བུ་དང་། རྒྱན་མི་འདྲ་བ་བཏགས་པ་དང་འདྲ་བར་འདོད་དེ་དཔེ་ཕྱོགས་ཙམ་མོ། ། ལྔ་པ་རྟེན་གང་གིས་སྡོམ་པ་གང་ལེན་དུ་རུང་མི་རུང་ལ། རབ་བྱུང་གིས་ཁྱིམ་པའི་སྡོམ་པ་ལེན་མི་རུང་བར་སྔར་བཤད་ཟིན་ཅིང་། གཞན་བསྙེན་གནས་ཀྱིས་དགེ་བསྙེན་གྱི་སྡོམ་པ་ལེན་དུ་རུང་ཡང་བླངས་པའི་ཚེ་བསྙེན་གནས་གཏོང་བར་སེམས་སོ། ཁ་ཅིག་དགེ་བསྙེན་གྱིས་བསྙེན་གནས་ལེན་དུ་མི་རུང་ཞེས་བཞེད་ཀྱང་། མཁས་པ་མང་པོས་ཁྱད་པར་ཤེས་ན་ལེན་དུ་རུང་པར་འདོད་དེ། དེའི་ཚེ་དགེ་བསྙེན་གྱི་སྡོམ་པ་མི་གཏོང་བས་བསྙེན་གནས་གྱི་སྡོམ་པ་དགེ་བསྙེན་གྱི་གསོ་སྦྱོང་དུ་འགྱུར་ཞེས་བཞེད་པ་ལྟར་འཐད་པར་སེམས་སོ། །དེ་གཉིས་ཀས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ལེན་པ་ནི་ཤིན་ཏུ་རུང་ཡང་སྡོམ་གསུམ་རིམ་གྱིས་བླངས་པའི་དགེ་སློང་གི་རྒྱུད་ལ་བསྙེན་གནས་ཀྱི་སྡོམ་པ་འབྱུང་བ་ཚད་ལྡན་གྱིས་མ་གསུངས་པས་དེའི་རྒྱུད་ལ་དེ་མེད་པར་སེམས་སོ། །དེ་རྣམས་ཀྱིས་བྱང་སྡོམ་དང་སྔགས་ཀྱི་སྡོམ་པ་ནི་སྐབས་སུ་བབས་པ་ན་ལེན་དུ་རུང་ལ། གོ་རིམ་གྱི་དབང་དུ་བྱས་ན་ཁྱིམ་པས་དགེ་བསྙེན་གྱི་སྡོམ་པ་བླངས་ནས་བྱང་སྡོམ་དང་སྔགས་སྡོམ་ལེན་དགོས་པ་ཡིན་ཡང་། བྱང་སྡོམ་དང་སྔགས་སྡོམ་བླངས་རྗེས་སུ་ཡང་དགེ་བསྙེན་དང་བསྙེན་གནས་ཀྱང་ཤེས་ན་བླང་དུ་རུང་སྟེ། དེ་གཉིས་ཁྱིམ་པའི་སྡོམ་པར་མཚུངས་ཤིང་། སྔགས་ཀྱི་སྡོམ་པའི་ཡན་ལག་ཏུ་འགྱུར་གྱི་གཏོང་རྒྱུར་མི་འགྲོ་བའི་ཕྱིར། གལ་ཏེ་སྔགས་པ་ཁྱིམ་པས་དེ་གཉིས་ལེན་དུ་མི་རུང་ན། དེ་འདྲ་བ་དེས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བླང་དུ་མི་རུང་བར་འགྱུར་ན། དེ་ནི་མི་འཐད་དེ། སྔགས་པ་ཁྱིམ་པའི་རྟེན་ཅན་དུ་མས་བྱིས་བསྙེན་རྫོགས་ཀྱི་སྡོམ་པ་བླངས་པ་འཕགས་ཡུལ་དང་བོད་ཀྱི་ཡུལ་དུའང་དུ་མ་བྱུང་བར་ལོ་རྒྱུས་འཆད་པའི་བསྟན་བཅོས་མང་པོ་ལས་ཀྱང་འབྱུང་བའི་ཕྱིར་རོ། །དེས་ན་གསང་སྔགས་པ་ཁྱིམ་པས་དགེ་བསྙེན་གྱི་སྡོམ་པ་བླང་དུ་མི་རུང་ངོ་ཞེས་མ་ཟེར་ཅིག །གལ་ཏེ་དགེ་བསྙེན་གྱི་སྡོམ་པ་ནི་འོག་མ་ཡིན་ལ། སྔགས་ཀྱི་སྡོམ་པ་ནི་མཐོ་བས་སོ་སྙམ་ན་དེ་ཡང་མ་ངེས་ཏེ། དེ་ལྟར་ན་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ཡང་ལེན་མི་རུང་བར་འགྱུར་ཞིང་། སྔགས་པས་གསུང་རབ་ཀློག་པ་དང་གཏོ་འཕེན་པ་དང་བཟའ་བཏུང་བྱེད་པ་སོགས་ཀྱང་མི་རུང་བར་འགྱུར་ཏེ་དེ་དག་ཀྱང་འོག་མའི་བྱ་བ་ཡིན་པས་སོ། །གལ་ཏེ་དེ་རྣམས་ནི་ཐུན་མོང་བའོ་སྙམ་ན་ཅིག་ཤོས་ལའང་མཚུངས་སོ། །དེས་ན་དེས་དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྡོམ་པ་གང་བླངས་ནའང་སྔགས་སྡོམ་མི་གཏོང་ལ། སྔགས་སྡོམ་བླངས་ནའང་དེ་གསུམ་མི་གཏོང་ངོ་། །བསྙེན་གནས་དངོས་ནི་རབ་བྱུང་གིས་ལེན་དུ་མི་རུང་ཡང་། ཐེག་ཆེན་གྱི་བསྙེན་གནས་སམ་སྨྱུང་གནས་ནི་དགེ་སློང་དགེ་ཚུལ་སོགས་དང་སྔགས་པས་ཀྱང་ལེན་དུ་རུང་བར་བཤད་དོ། །འོན་ཀྱང་འདི་དང་བསྙེན་གནས་གཉིས་ཉིན་ཞག་གཅིག་གི་མཐའ་ཅན་དུ་ཁས་ལེན་དགོས་པས་དེའི་ཚེ་བསམ་པ་འཛིན་ཚུལ་ཁྱད་པར་ཕྱེད་དགོས་ཏེ། སོ་ཐར་གཞན་དང་སྡོམ་པ་གོང་མ་གཉིས་ནི་ཉིན་ཞག་གི་མཐའ་ཅན་མིན་པས་སོ། །སོ་ཐར་གྱི་སྡོམ་པ་རྣམས་ནི་ཐོག་མར་དགེ་འདུན་ནམ་གང་ཟག་གི་དྲུང་དུ་ལེན་དགོས་ལ། བྱང་སྡོམ་ནི་ལེན་ཡུལ་གང་ཟག་མ་རྙེད་ན་ཐོག་མ་ཉིད་ནས་རང་གིས་རྟེན་གྱི་དྲུང་དུ་བླངས་ཀྱང་སྐྱེ་བར་བཤད་ཅིང་། སྔགས་སྡོམ་ནི་ཐོག་མར་བླ་མ་ལས་དབང་གི་དུས་སུ་ལེན་པ་ཡིན་ལ། ཉམས་ན་ཕྱིས་རང་གིས་བདག་འཇུག་བྱས་ནས་ལེན་དུ་རུང་ངོ་། །སྡོམ་པ་གོང་མ་གཉིས་ཀྱི་གཏོང་རྒྱུའི་གཙོ་བོ་རང་གི་རྩ་ལྟུང་དུ་མངོན་ནོ། །བསྙེན་གནས་ཀྱི་སྡོམ་པ་ནི་སྤྱིར་རང་གིས་ནམ་སྲུང་བའི་ཉིན་ཞག་རེ་རེ་བཞིན་གྱི་ནང་པར་ལེན་དགོས་པར་བཤད་ཅིང་། འོན་ཀྱང་མཛོད་འགྲེལ་ལས། གང་གིས་ཚེས་བརྒྱད་ལ་རྟག་ཏུ་བསྙེན་གནས་ལ་གནས་པར་བྱའོ་ཞེས་སྔོན་ཡང་དག་པར་ཁས་བླངས་པ་དེས་ནི་ཟན་ཟོས་ནས་ཀྱང་ནོད་པར་བྱའོ་ཞེས་པ་འདིས་ཚེས་བརྒྱད་ཀྱིས་མཚོན་ཏེ་དུས་བཟང་རྣམས་ལ་བསྙེན་གནས་སྲུང་བར་འདོད་པས་དུས་གཅིག་ཏུ་ལེན་པའི་ཚུལ་ཞིག་བསྟན་པའི་དོན་ལ། ཁ་ཅིག་ཉ་སྟོང་ཚེས་བརྒྱད་སོགས་ལ་བསྙེན་གནས་སྲུང་བར་དུས་གཅིག་ཏུ་ཁས་བླངས་ཀྱང་དེ་ནི་ཕྱིས་ཚེས་བརྒྱད་སོགས་ཀྱི་དུས་སུ་ཟན་ཟོས་རྗེས་སུ་འང་རྟེན་གྱི་དྲུང་དུ་ཆོ་གས་བླངས་ན་སྐྱེ་བའི་ཆེད་ཡིན་གྱི། སླར་ཆོ་གས་མ་བླངས་ན་མི་སྐྱེ་ཞེས་འདོད་ལ། ཁ་ཅིག་དེ་མིན་གྱི་སྔར་ཆོ་གས་བླངས་པའི་རྐྱེན་གྱིས་ཚེས་བརྒྱད་སོགས་ཀྱི་དུས་སུ་ནང་བར་བསྙེན་གནས་ཀྱི་སྡོམ་པ་སྐྱེས་ཟིན་ཀྱང་སྲུང་བར་བརྗེད་ནས་ཟན་ཟོས་པའི་རྗེས་སུ་དྲན་ན་སྡོམ་པ་སྐྱེ་བའི་བསམ་པ་གསལ་བཏབ་སྟེ་བསྲུང་བའི་དོན་དུ་བཞེད་དེ། འདིར་ནོད་པར་བྱའོ་ཞེས་པའི་དོན་ནོད་པ་ནི་གསལ་བར་བྱས་པའི་ཕྱིར་རོ་ཞེས་གསུངས་པ་ལྟར་བསམ་པ་གསལ་འདེབས་པའི་དོན་ཡིན་གྱི། སྡོམ་པ་ལེན་པའི་དོན་མིན་ནོ་ཞེས་གསུང་བ་ནི་འཐད་པ་ལྟར་སྣང་ངོ་། །ད་ལྟ་ཇོ་མོའམ་བཙུན་མ་ཞེས་གྲགས་པ་འདི་ལ་ཁ་ཅིག་སྡོམ་པ་སྟེར་བའི་ངེས་པ་མེད་པར་རབ་བྱུང་གི་རྟགས་ཙམ་ཞིག་སྦྱིན་པར་བྱེད་པ་སྣང་ཡང་། སྲུང་བ་པོ་ལ་ཕན་འདོགས་པའི་བསམ་པས་ལེགས་པ་ཞིག་བྱེད་ན་ཕོ་མོའི་ཁྱད་པར་ཙམ་མ་གཏོགས། དགེ་བསྙེན་བསྒྲུབས་ནས་རབ་བྱུང་གི་རྟགས་ཙམ་ཞིག་ཚིག་གིས་སྦྱིན་པའམ་རབ་བྱུང་བྱ་སྟེ། སྡོམ་པ་མ་བླངས་བཞིན་དུ་བླངས་པ་ལྟར་བཅོས་ན་ནི་མི་ལེགས་ཤིང་། དེ་བླངས་མ་བླངས་གཉིས་ལས་བླངས་ཏེ་བསྲུངས་ན་ཕན་ཡོན་ཆེ་བའི་ཕྱིར་རོ། །བསྒྲུབ་ཚུལ་དེ་ལྟར་བྱས་ན་ཚངས་སྤྱོད་ལ་གནས་པའི་གོ་མའི་དགེ་བསྙེན་དུ་འགྱུར་བའམ། རབ་བྱུང་མར་འགྱུར་བས་ལེགས་སོ། །འོ་ན། སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གསུམ་ཀ་བསྲུང་བའི་ཚེ་ནང་འགལ་ཚོགས་པར་གྱུར་ན་ཇི་ལྟར་བྱ་སྙམ་ན། འདི་ལ་གོང་མ་གཙོ་ཆེ་ཡང་དགག་བྱ་དང་དགོས་པ་གང་ཆེ་བའི་དབང་དུ་གཏོང་དགོས་པ་ཡོད་དེ། ས་པཎ་གྱིས། སྡོམ་གསུམ་ལྡན་པའི་གང་ཟག་གིས། །སྤང་བྱ་ཕན་ཚུན་ནང་འགལ་ཚེ། །དགག་བྱ་དང་ནི་དགོས་པ་གཉིས། །གཙོ་བོ་གང་ཆེའི་དབང་དུ་ཐོང་། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་སྤྱིར། གོང་འོག་གི་རྩ་བ་ནང་འདོམས་པའི་ཚེ་གོང་མ་བསྲུང་དགོས་ལ། འོག་མའི་རྩ་བ་དང་གོང་མའི་ཡན་ལག་ནང་འདོམས་ན་འོག་མའི་རྩ་བ་བསྲུང་དགོས་ཏེ། སྤྱོད་འཇུག་ལས། ཆུང་ངུའི་ཕྱིར་ནི་རེ་མི་བཏང་། །གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་གསུང་པ་ལྟར་ཡིན་ལ། དམིགས་བསལ་གཞན་ཡང་སྣང་ངོ་། །དེ་ལྟར་དཔྱད་པར་བྱ་བའི་གནས་མང་ཡང་རེ་ཞིག་དེ་ཙམ་མོ། ། སྨྲས་པ། འདུལ་གཞུང་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི། །ལེགས་བཤད་སྙིང་པོ་བདུད་རྩིའི་ཆ་ཤས་ཙམ། །རྣམ་དཔྱོད་ཀུ་ཤའི་རྩེར་བླངས་བཀོད་པ་འདི། །ཐར་འདོད་སྲོག་གི་ཉེར་འཚོར་འགྱུར་བར་ཤོག །ཅེས་འདུལ་བ་རྒྱ་མཚོའི་སྙིང་པོའི་དོན་གྱི་སྡོམ་པའི་མཐའ་གཅོད་ཅེས་བྱ་བ་འདི་ཡང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་བགྱིས་པ་སྟེ། ཡི་གེ་པ་ནི་རྣམ་དཔྱོད་ལྡན་པའི་སྔགས་རམ་པ་ཀུན་དགའ་ཆོས་འབྱོར་རོ།། །།པདྨ་ལཾ། །དགེ་ལེགས་འཕེལ་ལོ།། ཨུ་ཧུ་ལགས། བླ་མ་རྡོ་རྗེེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་རབས་འཁོར་བ་ཐོག་མ་མ་མཆིས་པ་ན་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་དབང་གིས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་བ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ། སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་གྱི་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དགེ་འདུན་བཙུན་པ་རྣམས་ཀྱིས་སྤྱན་སྔར་མཐོ་ལོ། །མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །བཀྲ་ཤིས་སོ།། །།

བསྒྲུབ་པའི་བསླབ་བྱའི་གཞི་གསུམ་གྱི་རྣམ་གཞག་མདོར་བསྡུས་བློ་གསལ་འཇུག་སྒོ།

བསྒྲུབ་པའི་བསླབ་བྱའི་གཞི་གསུམ་གྱི་རྣམ་གཞག་མདོར་བསྡུས་བློ་གསལ་འཇུག་སྒོ་ཞེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། འདུལ་བའི་གཞུང་ལུགས་རྒྱ་མཚོ་ཡི། །བརྗོད་བྱ་གཞི་གསུམ་རྣམ་གཞག་གི། སྙིང་པོ་བློ་ལྡན་གཞན་དག་ལ། །ཕན་ཕྱིར་གོ་སླར་བཤད་པར་བྱ། །འདིར་འདུལ་བའི་ཡིག་ཆ་ནས་འབྱུང་བའི་དོན་ཉེ་བར་མཁོ་བ་འགའ་ཞིག་བསྡུས་ནས་དགོད་པར་བྱ་སྟེ། དེ་ཡང་སྤྱིར་གཞི་དེ་ལ་གསུམ་དང་བཅུ་བདུན་གཉིས་ལས་དང་པོ་ནི། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་དང་ཐོབ་པ་མི་ཉམས་པར་སྲུང་བར་བྱེད་པ་དང་ཉམས་ན་ཕྱིར་བཅོས་པའི་གཞི་གསུམ་སྟེ། འདུལ་བའི་གཞུང་དོན་ཐམས་ཅད་ནི་དེར་འདུས་སོ། །འདིར་ནི་བསྒྲུབ་པའི་བསླབ་བྱའི་གཞི་གསུམ་སྟེ། བསླབ་པ་ཡོངས་སུ་སྦྱོང་བ་དང་བདེ་བར་གནས་པའི་རྐྱེན་བསྟེན་པ་དང་ལས་ཀྱི་གཞིའོ། །དང་པོ་ལ་ཡང་གཞི་གསུམ་སྟེ། གསོ་སྦྱོང་དང་དབྱར་གནས་དང་དགག་དབྱེའོ། །དང་པོ་ལ་གཉིས། ཐུན་མོང་གི་རྣམ་གཞག་དང་། སོ་སོའི་རང་བཞིན་ནོ། །དང་པོ་ལ་ལྔ། སྒྲ་དོན་དང་དབྱེ་བ་དང་བསྡུ་བ་དང་གོ་རིམ་དང་ཕན་ཡོན་ནོ། །དང་པོ་ནི། བསླབ་པ་གསོ་ཞིང་སྡིག་པ་སྦྱོང་བས་ན་གསོ་སྦྱོང་ཞེས་བྱའོ། ། གཉིས་པ་དབྱེ་ན་བདུན་ཏེ་ཞི་གནས་ཀྱི་གསོ་སྦྱོང་དང་མཐུན་པ་དང་བཅུ་བཞི་པ་དང་བཅོ་ལྔ་པ་དང་གནོད་པ་བཟློག་པ་དང་རྩོད་པ་ཞི་བ་དང་བཀྲ་ཤིས་པའི་གསོ་སྦྱོང་ངོ་། ། གསུམ་པ། དེ་དག་བསྡུ་ན་ཞི་གནས་དང་མཐུན་པའི་གསོ་སྦྱོང་གཉིས་སུ་འདུ་སྟེ་ཕྱི་མ་ལྔ་མཐུན་པའི་གསོ་སྦྱོང་གི་ནང་དུ་འདུ་བའི་ཕྱིར་རོ། །བཞི་པ་ལ། གཞི་གནས་ཀྱི་གསོ་སྦྱོང་ཞེས་པ་ནི་ཞི་ལྷག་གཉིས་སོ་སོ་དང་། གཉིས་ཀ་ཟུང་འབྲེལ་དུ་བསྒོམ་པ་ཅི་རིགས་ཏེ། སྐྱེ་རིམ་གྱི་དབང་དུ་བྱས་ན་མཐུན་པའི་གསོ་སྐྱོང་ལ་བརྟེན་ནས་ཞི་གནས་ཀྱི་གསོ་སྦྱོང་འབྱུང་ཡང་། གཞུང་དུ་རྗོད་བྱེད་ཉུང་བ་དང་མཆོག་གི་དབང་དུ་མཛད་ནས་ཞི་གནས་ཀྱི་གསོ་སྦྱོང་སྔོན་དུ་གསུངས་སོ། །ལྔ་པ་ནི། གནས་སྐབས་མངོན་མཐོ་ལྷ་མི་དང་མཐར་ཐུག་མྱང་འདས་འཐོབ་པར་འགྱུར་བའོ། ། གཉིས་པ་ལ་ཞི་གནས་སྒོམ་ཚུལ་ནི་གཞན་དུ་ཤེས་པར་བྱ་ཞིང་། མཐུན་པའི་གསོ་སྦྱོང་འཆད་པ་ལ་གསུམ། གང་དུ་བྱ་བའི་གནས། གང་གིས་བྱེད་པའི་གང་ཟག །ཇི་ལྟར་བྱ་བའི་ཆོ་གའོ། །དང་པོ་ནི། ཆོ་གའི་སྒོ་ནས་བློ་མཐུན་བྱས་ཤིང་རང་གྲུབ་པ་འམ། སྐྱེས་བུས་རྩོལ་བས་བྱས་པ་གང་རུང་སྟེ་ཆུང་ཚད་གདིང་བ་བཞི་བཅུ་ཤོང་བ་དང་། ཚེ་ཚད་དབུས་ནས་ཕྱོགས་སུ་དཔག་ཚད་ཕྱེད་གསུམ་གསུམ་ཡོད་པའི་གནས་སུ་བྱ་བའོ། ། གཉིས་པ་ནི་སྤྱིར་རབ་བྱུང་སྡེ་ལྔ་ཀས་བྱ་དགོས་ལ། བྱེ་བྲག་ཏུ་མི་མཐུན་པ་གཉིས་དང་བྲལ་བ་སོགས་དང་འདུན་པ་དང་ཡོངས་དག་འབུལ་བའི་སྒོ་ནས་རུང་ཞིང་བོས་པའི་གང་ཟག་གིས་བྱེད་དོ། ། གསུམ་པ་ལ་གསུམ། སྦྱོར་དངོས་རྗེས་ཀྱི་རིམ་པའོ། །དང་པོ་ནི། གཎྜི་བརྡུང་པ་སོགས་ཀྱིས་དགེ་འདུན་བསྡུ་བ་དང་། ལྟུང་བ་ཕྱིར་བཅོས་པ་དང་། ཆོས་ཉན་བཤད་བྱེད་པའོ། ། གཉིས་པ་དངོས་གཞི་ལ་གཉིས། དུས་ནམ་གྱི་ཚེ་བྱ་བ་དང་། ཆོ་ག་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །སྤྱིར་ལོ་གཅིག་ལ་གསོ་སྦྱོང་ཉེར་བཞི་ཡོད་དེ། བཅུ་བཞི་པ་དྲུག་དང་བཅོ་ལྔ་པ་བཅོ་བརྒྱད་ཡོད་པའི་ཕྱིར། དེ་ཡང་ཡར་ངོའི་བཅུ་གཉིས་པོ་ཐམས་ཅད་མར་ངོའི་ནང་ནས་དྲུག་སྟེ་བཅོ་བརྒྱད་ནི་ཞག་ཐུབ་པའི་བཅོ་ལྔ་པ་ཡིན་ཞིང་། མར་ངོའི་གཞན་དྲུག་ནི་ཞག་མི་ཐུབ་པའི་བཅུ་བཞི་པ་ཡིན་ལ། ཟླ་ལྷག་ཡོད་པའི་ཚེ་ཉེར་དྲུག་ཀྱང་འབྱུང་ངོ་། ། གཉིས་པ་ལ་ལྔ། སྒྲ་དོན་དང་དུས་དང་ཟླ་བ་དང་འབྱུང་བའི་རྒྱུ་དང་དོགས་གཅོད་དོ། །དང་པོ་ནི། གསོ་སྦྱོང་བཅོ་ལྔ་པ་རྣམས་ལ་ཞག་ཐུབ་པ་ཞེས་བྱ་སྟེ། འཇིག་རྟེན་གྱི་གྲགས་པ་ལྟར་ཉིན་ཞག་བཅོ་ལྔ་ལོངས་པའི་དུས་སུ་བྱ་དགོས་པའི་ཕྱིར། བཅུ་བཞི་པ་ལ་ནི་ཞག་མི་ཐུབ་ཅེས་བྱ་སྟེ། ཚེས་ཞག་གིས་ཉིན་ཞག་གི་དོད་མ་ཐུབ་པའི་དབང་གིས་ཚེས་ཞག་བཅོ་ལྔ་པ་ཡིན་ཀྱང་ཉིན་ཞག་བཅུ་བཞི་པའི་དུས་སུ་བྱ་དགོས་པའི་ཕྱིར། ཚེས་ཞག་གིས་ཉིན་ཞག་གི་དོད་མི་ཐུབ་སྟེ། ཚེས་ཞག་ནི་ཉིན་ཞག་ལས་ཆུ་ཚོད་གཅིག་མ་ལོངས་ཙམ་གྱིས་ཐུང་བའི་ཕྱིར་རོ། ། གཉིས་པ་ནི། དགུན་སྟོད་དགུན་སྨད་དཔྱིད་སྟོད་སྨད། དབྱར་སྟོད་སྨད་གཉིས་རེ་སྟེ། དུས་ཚིགས་དྲུག་ལ་ཟླ་བ་གཉིས་གཉིས་ཡོད་པའི་ཟླ་བ་ཕྱེད་དང་གཉིས་འདས་ཤིང་ཕྱེད་ལུས་པའི་ཚེ་ཞག་མི་ཐུབ་དེ་འབྱུང་བའི་ཕྱིར། གསུམ་པ་ནི། ཧོར་ཟླ་དང་སྦྱར་ན་གོ་སླ་བས་ཧོར་ཟླ་དང་པོ་གསུམ་པ་ལྔ་པ་བདུན་པ་དགུ་པ་བཅུ་གཅིག་པ་སྟེ་དྲུག་གི་མཇུག་ཏུ་ཞག་མི་ཐུབ་འབྱུང་བས་གསོ་སྦྱོང་བཅུ་བཞི་པ་ཡིན་ལ། གཞན་ཐམས་ཅད་བཅོ་ལྔ་པ་སྟེ་བཅུ་པའི་བཅུ་དྲུག་ནས་ལོ་འགོ་བཟུང་ཤིང་མར་ངོ་སྔོན་འགྲོའི་དབང་དུ་བྱས་ན། ཉ་སྐར་དང་སྦྱར་ན་རྒྱལ་དང་དབོ་དང་ས་ག་དང་ཆུ་སྟོད་ཁྲུམས་དང་སྨིན་དྲུག་ཟླ་བ་དྲུག་གི་མར་ངོ་ལ་ནི་བཅུ་བཞི་པ་འབྱུང་། དེ་དྲུག་གི་ཡར་ངོ་དང་མགོ་མཆུ་ནག་པ་བསྣྲོན་གྲོ་བཞིན་ཐ་སྐར་དྲུག་གི་ཡར་ངོ་མར་ངོ་གཉིས་ཀ་ལ་བཅོ་ལྔ་འབྱུང་བའི་ཕྱིར། བཞི་པ་ནི། ཧོར་ཟླ་བཅུ་གཅིག་པའི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་བྱས་ནས་ཧོར་ཟླ་དང་པོའི་མར་ངོའི་ཉིན་ཞག་བཅུ་བཞི་པ་ལ་ཞག་མི་ཐུབ་འབྱུང་བའི་རྒྱུ་མཚན་ཡོད་དེ། བཅུ་གཉིས་པའི་ཚེས་གཅིག་ནས་དང་པོའི་ཉེར་དགུའི་བར་ལ་ཉིན་ཞག་དྲུག་ཅུ་མ་རྫོགས་ཀྱང་ཚེས་ཞག་དྲུག་ཅུ་རྫོགས་པའི་ཕྱིར་ཏེ། དེ་ནས་དེའི་བར་ལ་ཉིན་ཞག་ང་དགུ་རྫོགས་པ་གང་ཞིང་། ཉིན་ཞག་ང་དགུ་དང་ཚེས་ཞག་དྲུག་ཅུ་ནི་ཅུང་ཟད་ཙམ་མ་གཏོགས་ཡུན་མཉམ་པའི་ཕྱིར་ཏེ། ཉིན་ཞག་ང་དགུ་འདས་པའི་ཚེ་ཚེས་ཞག་ང་དགུ་འདས་པར་མ་ཟད་ཆུ་ཚོད་ང་དགུ་མ་ལོངས་ཙམ་ཞིག་ཀྱང་འདས་པ་གང་ཞིག །རགས་རྩིས་ཆུ་ཚོད་ང་དགུའི་ཡུན་ཚད་ལ་ཚེས་ཞག་གཅིག་ཏུ་འཇོག་པའི་ཕྱིར། དེ་ནས་དེའི་བར་ལ་ཚེས་ཞག་དྲུག་ཅུ་ཡོད་ཀྱང་ཉིན་ཞག་ང་དགུ་ལས་མེད་པས་ན་ཉིན་ཞག་གཅིག་ཆད་པར་བཞག་སྟེ། ཅུང་ཟད་རྒྱས་པར་ནི་བདག་གིས་འདུལ་བའི་ཡིག་ཆ་དང་དུས་ཚིགས་ཀྱི་བཤད་པར་བྲིས་ཟིན་པས་མི་འཆད་དོ། ། ལྔ་པ་ནི་གསོ་སྦྱོང་བཅུ་བཞི་པ་རྣམས་ཉིན་ཞག་ལ་ལྟོས་ནས་བཅུ་བཞི་པ་ཡིན་ལ། ཚེས་ཞག་ལ་ལྟོས་ནས་ནི་བཅོ་ལྔ་པ་སྟེ་དུས་ནོར་ནས་བྱས་པ་ལ་ནི་ངེས་པ་མེད་དོ། །གཞན་གནོད་པ་བཟློག་པའི་གསོ་སྦྱོང་སོགས་བྱེད་པའི་དུས་ནི་ནམ་དགོས་པའི་ཚེ་ཡིན་གྱི། དུས་ངེས་པ་ཅན་མེད་དོ། །གཉིས་པ་ཆོ་ག་ཇི་ལྟར་བྱ་བ་ལ་སྔོན་དུ་ལྟུང་བ་བྱིན་བརླབ་བྱ་བ་གསུངས་ཀྱང་ཡུལ་ཆོས་ཀྱིས་ཕྱག་ལེན་དུ་མི་བྱེད་པ་མང་ལ། གཞན་རྟེན་རབ་བྱུང་བསྙེན་པར་མ་རྫོགས་པས་སྤྱི་བཤགས་ཡན་བྱས་རྗེས་གསོ་སྦྱོང་གི་སྔགས་ཚིག་ལན་གསུམ་བརྗོད་དགོས་ལ། བསྙེན་པར་རྫོགས་པས་ནི་སོ་ཐར་གྱི་མདོ་འདོན་པའི་སྒོ་ནས་གསོ་སྦྱོང་བྱེད་པ་ཡིན་ཏེ། དེ་ཡང་ད་ལྟ་གླིང་གཞི་ཙམ་འདོན་པ་ཕྱག་ལེན་དུ་དར་ཡང་། གཞན་ཕམ་པ་དང་ལྷག་མ་སོགས་ཀྱིི་གཞུང་ཡང་འདོན་མི་རུང་བ་མིན་ནོ། ། གསུམ་པ་ནི། རྗེས་སུ་བསྔོ་བ་དང་སྨོན་ལམ་ཇི་སྐད་འབྱུང་བ་བཞིན་བྱའོ། །དེ་དག་ནི་སྤྱིར་བཏང་སྟེ། དམིགས་བསལ་ལ་ཡོངས་སུ་དག་པ་དང་། བྱིན་གྱིིས་བརླབས་པ་དང་། མདོར་བསྡུས་པ་དང་། དགག་དབྱེའི་གསོ་སྦྱོང་དང་བཞི་ཡོད་པའི་དང་པོ་ནི། གློ་བུར་པ་དང་ནད་པ་སོགས་ཀྱིས་དགེ་འདུན་ལ་ཡོངས་དག་ཕུལ་བ་དང་། གཉིས་པ་ནི། གསོ་སྦྱོང་བྱེད་པ་པོ་གྲངས་མ་ཚང་ན་བྱིན་གྱིས་བརླབས་པའི་སྔགས་ཚིག་ལན་གསུམ་བརྗོད་པ་དང་། གསུམ་པ་ནི། རང་གཅིག་བུ་ལྟ་བུས་གསོ་སྦྱོང་གི་དུས་སུ་སྡིག་པ་ཅི་ཡང་མི་བྱ་ཞིང་། ཞེས་སོགས་ཀྱི་ཚིག་བཅད་གཉིས་ཙམ་བརྗོད་པ་དང་། བཞི་པ་ནི་དགག་དབྱེ་བྱས་པས་ཀྱང་གསོ་སྦྱོང་བྱས་པའི་གོ་ཆོད་པའོ། ། གཉིས་པ་དབྱར་གནས་ལ་དྲུག །དགོས་པ་དང་གང་ཟག་དང་གནས་དང་དུས་དང་ཆོ་ག་དང་དམ་ཚིག་གོ །དང་པོ་ནི། ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་འཕེལ་བ་དང་། གཞན་ལ་མི་གནོད་པ་དང་། གནས་ཞིག་རལ་བཅོས་པ་དང་། བྱ་བ་མང་བ་སྤང་བ་སོགས་སོ། །གཉིས་པ་ནི། རབ་བྱུང་སྡེ་ལྔ་ཀས་ཀྱང་རུང་སྟེ། དམིགས་བསལ་མི་རུང་བ་ནི་ཡོད་དོ། ། གསུམ་པ་ནི། མཚན་མ་བརྟན་པོ་དང་ལྡན་པའི་གནས་སྔར་བཤད་པའི་ཚེ་ཚད་དུ་བྱས་པ་དེ་ལྟ་བུ་ཡིད་དང་མཐུན་ཞིང་མཐུན་རྐྱེན་འཛོམ་པོར་ཁས་ལེན་པ་ནི་གཙུག་ལག་ཁང་ལྟ་བུར་བྱ་བའི་ཐོག་དང་མཐའ་སྐོར་དང་སྒོ་མེད་པའི་ཐང་སོགས་སུ་བྱར་མི་རུང་ངོ་། །ཞེས་པ་ལ། དུས་ཚིགས་དང་བསྟུན་དགོས་པས་དེ་ལ་བཞི་དང་ལྔ་གཉིས་ལས། དབྱར་སྔ་མ་ནི་དབྱར་ཟླ་འབྲིང་པོའི་ཉའི་ཕྱི་ཉིན་ཏེ། འཇིག་རྟེན་ཡོངས་གྲགས་ལ་དྲུག་པའི་བཅུ་དྲུག་ཡིན་ལ། དེ་དབྱར་ཟླ་ཐ་ཆུང་གི་མར་ངོའི་ཚེས་གཅིག་ཏུ་བྱས་ཏེ་དེ་ནས་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་བར་ཟླ་བ་གསུམ་ཁས་ལེན་དགོས་ཤིང་། དོན་ལ་དགུ་པའི་བཅོ་ལྔའི་བར་རོ། །དབྱར་ཕྱི་མ་ནི་དབྱར་ཟླ་ཐ་ཆུང་གི་ཉའི་ཕྱི་ཉིན་ཏེ། ཡོངས་གྲགས་ལ་བདུན་པའི་བཅུ་དྲུག་ཡིན་ལ། དེ་སྟོན་ཟླ་ར་བའི་མར་ངོའི་ཚེས་གཅིག་དང་། དེ་ནས་སྟོན་ཟླ་ཐ་ཆུང་གི་བཅོ་ལྔའི་བར་ཟླ་བ་གསུམ་དུ་ཁས་ལེན་པའོ། །དེ་ནི་དོན་ལ་བཅུ་པའི་བཅོ་ལྔའི་བར་ཏེ་ཟླ་བ་ཚང་མ་གསུམ་རེ་ཡིན་ཡང་ད་ལྟ་ཟླ་ཕྱེད་དང་གཉིས་རེ་ཙམ་ཞིག་ཁས་ལེན་པ་ནི་དུས་ཀྱིས་དབང་སྟེ། སྦྱིན་བདག་བྱེད་མཁན་དཀོན་པའི་དབང་ལ་སོགས་པས་ཡིན་ནོ། །འོན་ཀྱང་ཁས་ལེན་པའི་ཚེ་ཟླ་བ་གསུམ་དུ་ཁས་ལེན་དགོས་སོ། །དུས་ཚིགས་ལ་ལྔར་ཕྱེ་བའི་ཚེ། དགུན་དཔྱིད་ཀྱི་ཟླ་བ་བཞི་བཞི་རྫོགས་པའི་རྗེས་ཀྱི་དབྱར་ཙམ་གྱི་ཟླ་བ་གྲོ་བཞིན་ཟླ་བའི་མར་ངོའི་ཚེས་གཅིག་ནས་དབྱུག་པ་ཟླ་བའི་བཅོ་ལྔའི་བར་དབྱར་སྔ་མ་དང་། ཁྲུམས་ཟླའི་མར་ངོའི་ཚེས་གཅིག་ནི་དབྱར་ཐུང་ངུའི་ཉིན་ཞག་གཅིག་སྟེ་དེ་ནས་སྨིན་དྲུག་གི་བཅོ་ལྔའི་བར་དབྱར་གྱི་ཕྱི་མ་ཁས་ལེན་པའི་དུས་སོ། །དུས་ཚིགས་ལ་བཞིར་བྱེད་པའི་ཚེ་མགོ་རྒྱལ་མཆུ་དབོ་ནག་པ་ས་ག་སྣོན་ཆུ་སྟོད་གྲོ་བཞིན་ཁྲུམས་ཐ་སྐར་སྨིན་དྲུག་སྟེ་ཉ་སྐར་བཅུ་གཉིས་པོ་གསུམ་ཚན་དུ་ཕྱེ་བ་ཡིན་ལ། སྔར་འབྱེད་པའི་ཚེ་དགུན་དཔྱིད་གཉིས་ལ་ཟླ་བ་བཞི་བཞི་དང་། དེ་ནས་གྲོ་བཞིན་ཟླ་བ་ནི་དབྱར་ཙམ། ཁྲུམས་ཟླའི་ཚེས་གཅིག་ནི་དབྱར་ཐུང་ངུ་། དེ་ནས་ཉིན་ཞག་གཅིག་ཆད་པའི་ཁྲུམ་སོགས་ཟླ་བ་གསུམ་ནི་དབྱར་རིང་པོ་སྟེ། དེ་རྣམས་ནི་མར་ངོའི་སྔོན་འགྲོའི་དབང་དུ་བྱས་ཤིང་། བཅུ་བའི་བཅུ་དྲུག་ནས་དགུན་གྱི་ཐོག་མ་དང་ལོ་འགོ་འཛིན་པའི་ལུགས་སོ། ། ལྔ་པ་ཆོ་ག་ལ་གཉིས། སྦྱོར་བ་དང་དངོས་གཞིའོ། །དང་པོ་ནི་དབྱར་ཁས་ལེན་པ་ལ་ཞག་བཅུ་དང་བཅོ་ལྔ་སྐོར་ཡོད་པའམ་དེ་དག་ལས་ཆུང་པའང་རུང་སྟེ་གང་དུ་ཁས་ལེན་པའི་གནས་བྱི་དོར་སོགས་བྱས་ནས་གནས་དང་མལ་སྟན་སོགས་སྟ་གོན་བྱ། གནས་མལ་སྟོང་པ་སོགས་ཀྱི་ཆེད་དུ་ཁྱད་ཆོས་དགུ་འམ་བཅུ་ལྡན་གྱི་དགེ་སློང་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ། ཁྱད་ཆོས་བཅུ་ནི་བསྙེན་རྫོགས་ཀྱི་སྡོམ་པ་རྣམ་དག་སོགས་བཅུ་སྟེ་གཞན་དུ་ལྟའོ། །དེ་ནས་བསྐོས་པའི་དགེ་སློང་དེས་ཚུལ་ཤིང་སྟ་གོན་བྱས་ཏེ་གནས་འདིར་དགེ་འདུན་གྱི་ནང་དུ་འཁྲུགས་ལོང་མི་བྱེད་ཅིང་ཐོས་བསམ་བསྒོམ་པའི་བྱ་བ་འདི་དང་འདི་བྱའོ་ཞེས་སོགས་ཁྲིམས་ཀྱི་བྱ་བ་གནས་སྐབས་སུ་བབས་པ་བརྗོད། དེས་ཚུལ་ཤིང་འབྲིམ་པའི་སྔོན་དུ་དགེ་འདུན་ལ་གསོལ་བ་འབའ་ཞིག་པའི་ལས་བྱེད་ཅིང་ཚུལ་བཞིན་འབྲིང་པ་སོགས་བྱའོ། །དེ་ནས་གནས་དང་མལ་སྟོབ་པའི་ཚེ། རྒྱ་གར་ལྟར་ན་གནས་ཁང་དང་ལྗོན་ཤིང་སོགས་ཀྱི་དྲུང་དང་ནེའུ་སིང་ལ་སོགས་པ་རྒན་རིམ་བཞིན་དུ་སྟོབ་པར་བྱ་ཞིང་། དེ་བཞིན་དུ་ཁྲིའུ་དང་སྟན་དང་གོས་ལ་སོགས་པའི་མལ་ཆ་རྣམས་ཀྱང་སྟེར་བར་བྱ་དགོས་ནའང་འདིར་ཡུལ་ཆོས་ཀྱིས་དེ་ལྟར་བྱེད་པ་མི་འོང་བས་ཕྱོགས་འདྲ་ཙམ་སྟོན་ཅིང་དེ་ལ་ལོངས་སྤྱོད་ཚུལ་བརྗོད་པར་བྱའོ། ། གཉིས་པ་དངོས་གཞི་ལ་གཉིས། སྤྱིར་བཏང་དང་དམིགས་བསལ་ལོ། །དང་པོ་ནི། དགེ་སློང་གི་མདུན་དུ་བཙུན་པ་འམ་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་འདི་ལྟ་སྟེ་གནས་རལ་པ་དང་འགྲུམ་པ་བཅོས་པའི་སླད་དུ་དབྱར་སྔ་མ་ཟླ་བ་གསུམ་དུ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱ། དབྱར་གྱི་མ་ཡིན་ན་དེའི་མིང་ནས་བརྗོད་དེ་ཁས་བླང་བར་བྱའོ། །གནས་རལ་པ་དང་གྲུམ་པ་བཅོས་པའི་སླད་དུ་ཞེས་འབྱུང་བ་ལྟར་ན། དབྱར་ནང་དུ་གཙུག་ལག་ཁང་ལྟ་བུ་ཞིག་རལ་དུ་སོང་བ་ཕྲན་བུ་བཅོས་སུ་རུང་སྟེ། གནས་རལ་པ་དང་གྲུམ་པ་ནི་ཞིག་རལ་དུ་སོང་བའི་དོན་ཡིན་པའི་ཕྱིར་རོ། ། གཉིས་པ་ནི། དབྱར་ཁས་ལེན་གྱི་ཆོ་ག་མ་གྲུབ་ཀྱང་གནས་འདིར་དབྱར་ཟླ་བ་གསུམ་གནས་པར་བྱའོ་སྙམ་དུ་དམ་བཅས་པས་དབྱར་ཁས་བླང་པའི་གོ་ཆོད་པར་བཤད་དེ་དེ་ལའང་རྣམ་ཕྱོགས་སུ་འགྲོ་བའི་ཚེ་བྱིན་བརླབ་བྱའོ། །དྲུག་པ་དམ་ཚིག་ལ། བསྐོས་པའི་དགེ་སློང་དེས་ཟླ་བ་ཕྱེད་ཕྱེད་ནས་དགེ་འདུན་ཕྱི་ནང་ནས་གནས་མལ་སོགས་ལ་ལོངས་ཇི་ལྟར་སྤྱད་བརྟགས་ཏེ་ལོག་པར་སྤྱད་ན་བཅོས་སུ་གཞུག་ཅིང་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་བརྩོན་པ་སོགས་དགེ་ཕྱོགས་མ་གཏོགས་བྱ་བ་མི་མང་བ་དང་། རྙེད་པ་མི་བགོ་ཞིང་འཁྲུགས་ལོང་བྱེད་པ་སོགས་སྤོང་བའོ། །དབྱར་གྱི་དུས་སུ་དབྱར་བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་ཞག་གཅིག་ཀྱང་གནས་པར་མི་རུང་སྟེ་དབྱར་རལ་ཞེས་པའི་ཉེས་པ་འབྱུང་བས་སོ། །ཆོས་ལྡན་གྱི་དགོས་པ་ལ་ཞག་གཅིག་ནས་བདུན་གྱི་བར་གང་རུང་བྱིན་གྱིས་བརླབས་ནས་མཚམས་ལས་འདར་རུང་ངོ་། །འགྲོ་བའི་ཚེ་དགེ་སློང་ཞིག་གི་དྲུང་དུ་ཐུགས་གཏད་ཞུས་ནས་ཙོག་པུར་འདུག་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་པ་ལས། བདག་མིང་འདི་ཞེས་བགྱི་བ་བགྱི་བ་ཞིག་གི་སླད་དུ་དགུང་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་པོ། །ཞེས་ལན་གསུམ་བརྗོད་ཅིང་ཐབས་ལེགས་བྱ། མཚམས་ཀྱི་ཕྱི་རོལ་ཏུ་ཞག་གཅིག་ནས་དྲུག་མ་འདས་ཀྱི་བར་དུ་སྡོད་པས་ནི། ཞག་གཅིག་གམ་གཉིས་སོགས་གང་བརྗོད་དགོས་པ་དེ་བརྗོད་ནས་བྱིན་གྱིས་བརླབ་བོ། །ཞག་དེ་ལ་ཕྱིར་འོངས་ན་ཞག་གཅིག་དང་ཞག་གཅིག་སྡོད་པས་ནི་ཞག་གཉིས་ཀྱི་བྱིན་བརླབ་བྱ་བ་སོགས་འདྲའོ། །ཞག་བདུན་བྱིན་གྱིས་བརླབས་པས་ནི་ཞག་བདུན་གྱི་མཚན་མོ་འདར་མི་རུང་ཏེ། གཞན་ལའང་འདྲའོ། །བརྫུན་བྱས་ཏེ་བྱིན་གྱིས་བརླབས་ཀྱང་མི་འཆགས་སོ། །ཆོས་ལྡན་གྱི་བྱ་བ་ཁྱད་པར་ཅན་གྱི་ཆེད་དུ་ཞག་བརྒྱད་ནས་བཞི་བཅུའི་བར་མཚམས་ཀྱི་ཕྱི་རོལ་དུ་སྡོད་པའི་གནང་བ་ཐོབ་ན་སྡོད་རུང་ཡང་། དགག་དབྱེ་བྱེད་པ་ལ་ཞག་དྲུག་ལས་མེད་ན་ནི་བྱིན་བརླབས་མི་འཆགས་ཏེ། མདོ་རྩར་མཐའི་ཞག་དྲུག་ལ་བྱིན་གྱིས་བརླབས་པ་མི་འཆགས་སོ་ཞེས་གསུང་། མཁས་པ་ཁ་ཅིག་དེ་ནི་མཐའི་ཞག་དྲུག་ལ་ཞག་བདུན་གྱི་བྱིན་བརླབས་མི་འཆགས་པའི་དོན་ཡིན་གྱི། བྱིན་རླབས་གཏན་མི་འཆགས་པ་མིན་ནོ་ཞེས་བཤད་པའང་སྣང་སྟེ་འཐད་པར་སེམས་ཀྱང་བརྟགས་པར་བྱ་བའི་གནས་སོ། ། གསུམ་པ་དགག་དབྱེ་ལ་ལྔ། གང་ཟག་དང་དུས་དང་དངོས་པོ་དང་ཆོ་ག་དང་དགོས་པའོ། །དང་པོ་ནི། སྤྱིར་དབྱར་ཁས་བླངས་པ་རྣམས་ཀྱིས་དགག་དབྱེ་བྱེད་དགོས་ལ། དམིགས་བསལ་གློ་བུར་དུ་ལྷག་པའི་དགེ་སློང་གིས་ཀྱང་དགག་དབྱེ་བྱར་རུང་སྟེ། དགག་དབྱེ་ནི་གསོ་སྦྱོང་གི་དོད་ཡིན་པའི་ཕྱིར་རོ། ། གཉིས་པ་ལ་དུས་དང་དུས་མིན་གྱི་དགག་དབྱེ་གཉིས་ལས། དང་པོ་ནི། དབྱར་སྔ་མ་ཡིན་ན་ཧོར་ཟླ་དགུ་པ་དབྱུག་པ་ཟླ་བའི་བཅོ་ལྔ་དང་། ཕྱི་མ་ཡིན་ན་བཅུ་པ་སྨིན་དྲུག་ཟླ་བའི་བཅོ་ལྔ་ནི་དགག་དབྱེ་བྱེད་པའི་དུས་སོ། །དུས་མིན་ནི། དབྱར་ཟླ་བ་གསུམ་གནས་པའི་མཐུན་རྐྱེན་མ་ཚང་བ་སློགས་པའི་དབང་གིས་ཟླ་བ་གཅིག་གམ་ཕྱེད་དང་གཉིས་འདས་པའི་ཉ་སྟོང་གང་རུང་དང་བསྟུན་ནས་དགག་དབྱེ་བྱར་རུང་སྟེ་གཞན་དུ་ཤེས་པར་བྱའོ། །ད་ལྟ་ཟླ་བ་ཕྱེད་དང་གཉིས་གནས་ཏེ་དགག་དབྱེ་བྱེད་པ་ནི་སྤྱིར་དུས་མིན་ལྟར་སྣང་ཡང་། དུས་ཀྱི་དགག་དབྱེ་བཞག་ཏུ་རུང་བར་མངོན་ནོ། ། གསུམ་པ་དངོས་པོ་ལ་སྤྱི་བཏང་དང་དམིགས་བསལ་གཉིས་ལས་དང་པོ་ནི། དགག་དབྱེའི་ཉིན་དབྱར་གནས་པ་རྣམས་ཀྱིས་ཀྱང་མཐོང་ཐོས་དོགས་གསུམ་གྱི་སྒོ་ནས་ལྟུང་བ་གླེང་བའི་སྐབས་ཕྱེ་སྟེ། ལྟུང་བ་གླེང་བ་ན་ལྟུང་བ་དེའི་ངོ་བོ་གང་ཡིན་བརྟགས་པ་དང་། ལྟུང་བ་ཡོད་ན་བཤགས་བསྡམས་བྱེད་དགོས་ལ། དམིགས་བསལ་དགོས་པའི་དབང་གི་ལྟུང་བ་དེ་མི་གླེང་བར་རེ་ཞིག་འཇོག་དགོས་པའང་ཡོད་དོ། ། བཞི་པ་ཆོ་ག་ལ་གསུམ་སྦྱོར་བ་དང་དངོས་གཞི་དང་གོ་རིམ་མོ། །དང་པོ་ནི། དགག་དབྱེ་བྱེད་པ་ལ་ཉེ་བའི་ཚེ་དགག་དབྱེ་འབྱུང་བའི་དུས་གཞན་ལ་བརྗོད་པ་དང་། གཙུག་ལག་ཁང་སོགས་བྱི་དོར་དང་བཅུ་བཞིའི་དུས་སམ་ཉེར་དགུ་ལྟ་བུ་ལ་ཆོས་ཉན་བཤད་བྱེད་པའོ། ། གཉིས་པ་ལ་ལྟུང་བ་དང་རྫས་ཀྱི་དགག་དབྱེ་གཉིས་ལས། དང་པོ་ནི། འདིར་གཞུང་ལས་བཅོ་ལྔའི་དུས་སུ་སྔོན་དུ་ལས་བྱེད་པ་པོ་ཆོས་བསྒྲགས་ཀྱི་མདོ་འདོན་པ་ཡན་ཆད་གསོ་སྦྱོང་གི་སྐབས་བཞིན་བྱས་པའི་རྗེས་སུ་སྤྱི་བཤགས་བྱ་བར་བཤད་པས་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ཡང་བཞག་ཆོག་པར་མངོན་ཏེ། གང་ལྟར་ཡང་བཅོ་ལྔ་ལྟ་བུའི་སྔ་དྲོའི་ཚེ་མཐོང་ཐོས་དོགས་གསུམ་གྱི་སྒོ་ནས་གླེངས་པའི་ལྟུང་བ་ཡོད་པ་རྣམས་ལ་བཤགས་བསྡམས་བྱེད་ཅིང་། དེ་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དགག་དབྱེ་གོ་བར་བྱེད་པའི་དགེ་སློང་བསྐོ་བར་བྱའོ། ། དེ་ནས་བསྐོས་པའི་དགེ་སློང་དེས་དགེ་འདུན་ལ་གསོལ་བ་འབའ་ཞིག་པའི་ལས་བྱེད། དེ་ནས་གྲལ་རིམ་བཞིན་དུ་རྩྭ་འགྲིམ་དེའི་རྗེས་སུ་དགེ་སློང་རེ་རེའི་མདུན་དུ་འདུག་སྟེ་རྩྭ་དེ་ཕན་ཚུན་བསྣོལ་བའི་ཚུལ་གྱིས་བཟུང་ནས། ཐུགས་གཏད་དང་དགོངས་གསོལ་བྱས་ཏེ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པའམ་བཅུ་བཞི་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་འམ་བཅུ་བཞི་པ་ལགས་ན། བདག་མིང་འདི་ཞེས་བགྱི་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་རྣམས་ལ་དགག་དབྱེ་བགྱིད་ཀྱིས། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་གཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླད་བགྱིའོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱ། ནད་པ་ལྟ་བུ་མེ་ནུས་པས་ལན་གཉིས་སམ་གཅིག་གིས་ཀྱང་རུང་ལ། བསྐོས་པས་ནི་གཞན་གྱི་མདུན་དུ་བྱའོ། །གཞུང་དུ་དགག་དབྱེ་བཅོ་ལྔ་པར་གསུངས་པ་ནི་ཟླ་བ་གསུམ་གྱི་དབང་དུ་བྱས་པ་ཡིན་ལ། ད་ལྟ་ཕྱོགས་འདིར་ནི་དབྱར་ཟླ་བ་ཕྱེད་དང་གཉིས་ཙམ་གནས་པའི་ཚེ་ཁྲུམས་ཟླའི་མར་ངོ་ཧོར་ཟླ་བདུན་པའི་ཉེར་དགུ་ལྟ་བུའི་དགག་དབྱེ་བྱེད་དགོས་ཤིང་དེའི་ཚེ་གསོ་སྦྱོང་བཅུ་བཞི་པ་འབྱུང་བས་དགག་དབྱེ་ཡང་བཅུ་བཞི་བར་མངོན་ཏེ། ཁ་ཅིག་དབྱེ་བ་མེད་པར་བཅོ་ལྔ་པར་བྱེད་དེ་བརྟག །དེ་ནས་རྩྭ་རྣམས་བསྡུས་ཏེ་གནས་འདིར་དགེ་སློང་འདི་སྙེད་ཅིག་གིས་དགག་དབྱེ་མཛད་དོ་ཞེས་བརྗོད་ཅིང་གཞན་རྣམས་ཀྱིས་ལེགས་པར་མཛད་དོ་ཞེས་སོགས་སྦྱིན་ནོ། ། གཉིས་པ་རྫས་ཀྱི་དགག་དབྱེ་ནི། བསྐོས་པའི་དགེ་སློང་གིས་རྫས་ཁབ་ཡན་ཆད་གང་རུང་ལག་ཏུ་བཟུང་ནས་རྒན་རིམ་གྱི་མདུན་དུ་འདུག་ལ། བཙུན་པ་ལྔས་འདི་ལྟ་བུས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱི་རུང་ངམ། ཞེས་དྲིས་ནས་གཞན་གྱིས་ལེགས་པར་རུང་ངོ་ཞེས་སོགས་བརྗོད་དོ། ། གསུམ་པ་གོ་རིམ་ནི་དང་པོར་དགེ་སློང་རྣམས་དང་དེ་ནས་དགེ་ཚུལ་གྱིས་བྱ་བ་ཡིན་ལ། དབྱར་གྱི་ནང་དུ་དགེ་ཚུལ་སློང་རྣམས་ཀྱིས་རྙེད་པའི་ཡོ་བྱད་བསྡུས་ཏེ་ཐམས་ཅད་ལྷན་ཅིག་ཏུ་བགོ་བར་བྱ་དགོས་ཀྱང་འདིར་ཡུལ་ཆོས་ཀྱིས་མི་བྱེད་དོ། ། ལྔ་པ་དགོས་པ་ལ། ལྟུང་བའི་དགག་དབྱེ་ནི་ཚུལ་ཁྲིམས་དང་ཆོས་རྣམ་པར་དག་པའི་ཆེད་ཡིན་ལ། རྫས་ཀྱི་དགག་དབྱེ་དེ་རྙེད་པོའི་སྒོ་དབྱེ་བའི་ཆེད་དོ། །འོ་ན་ད་ལྟ་ལྟུང་བའི་ངོ་བོ་གཏན་ལ་འབེབས་པ་སོགས་རྫོགས་པར་མི་བྱེད་པ་ཅི་ཞེ་ན་སྐྱོན་མེད་དེ། ཡུལ་ཆོས་ཀྱི་དབང་གིས་མི་བདེ་བར་དགོངས་ནས་ལྟུང་བ་གང་ཡིན་འདྲི་བ་སོགས་མ་བྱས་ཏེ་དེ་འདྲ་མང་ངོ་། །དགག་དབྱེའི་དོན་ནི་དབྱར་ནང་དུ་ལྟུང་བ་བྱུང་ཡང་གླེང་བ་བཞག་ཅིང་། རྙེད་པ་བྱུང་བ་རྣམས་ཀྱང་བགོ་བ་བཀག་ནས་དབྱར་གནས་རྫོགས་པའི་ཚེ་ལྟུང་བ་གླེང་བ་དང་རྙེད་པ་བགོ་བའི་སྐབས་དབྱེ་བའི་དོན་ནོ། །དགག་དབྱེའི་དུས་ཀྱི་དམིགས་བསལ་ནི་སྔར་བཤད་ཟིན་པ་ལྟར་རོ། ། གཉིས་པ་བདེ་བར་གནས་པའི་རྐྱེན་བསྟེན་པ་ལ་གསུམ། གོས་དང་སྨན་དང་གནས་མལ་མཐའ་གཉིས་སུ་མ་ལྷུང་བའོ། །དང་པོ་ལ། དབྱར་ཁས་བླངས་ནས་སྲ་བརྐྱང་ཟླ་བ་ལྔ་འདིང་བར་བཤད་ཀྱང་ཕྱག་ལེན་དུ་མ་དར་བས་བཤད་པ་འདིར་གཞག །འོན་ཀྱང་སྲ་བརྐྱང་བཏིང་བའི་དགོས་པ་ནི་སྨིན་དྲུག་ནས་དབོ་ཟླའི་བར་ཟླ་བ་ལྔ་བཏིང་བའི་རིང་ལ་རང་རང་གི་ཆོས་གོས་རྣམ་པ་གསུམ་གྱི་བྱིན་རླབས་དབྱུང་ནས་སྲ་བརྐྱང་དུ་ཆོས་གོས་རྣམ་པ་གསུམ་ཐུན་མོང་དུ་བྱིན་གྱིས་བརླབས་པ་ནས། དེའི་ཚེ་འཆང་འབྲལ་འཇོག་གསུམ་ལ་སོགས་པ་དུ་མ་ཡང་བྱར་རུང་སྟེ། བག་ཡངས་དང་འབྲེལ་བའོ། །སྤྱིར་གོས་ནི་ལོག་འཚོལ་ཆར་གཏོགས་དང་བཅས་སྤངས་ནས་ཡང་དག་པའི་འཚོ་བ་ལ་བརྟེན་ནས་བསྒྲུབ་པར་བྱ་ཞིང་། རྒྱུ་དང་བཟོ་ཚུལ་ནི་གཞུང་ཚ་བ་ནས་གསལ་བ་ལྟར་ཡིན་ལ། འོན་ཀྱང་ད་ལྟ་ཆོས་གོས་རྣམ་པ་གསུམ་གྱི་གླེགས་བུ་རྣམས་ནི་ཁ་སྟེང་འོག་ཏུ་ལྟ་ཚུལ་མི་འདྲ་བ་བྱེད་པ་འདི་ལ་ཁ་ཅིག་དེ་ནི་མི་འཐད་དེ། ཚུལ་དེ་མདོ་རྩར་ཁ་ཕྱོགས་ཕྱོགས་སུ་ལྟ་བར་བཤད་པའི་དོན་ལེགས་པར་མ་གོ་བའི་རྐྱེན་ཡིན་པའི་ཕྱིར་རོ། །མདོ་རྩའི་དོན་ནི་སུམ་ཕྲན་གཅིག་དབུས་དང་གཞན་རྣམས་གཡས་གཡོན་དུ་ཁ་ལྟ་བའི་དོན་ཡིན་གྱི། གླེགས་བུ་རྣམས་ནི་ཁ་ལྟ་ཕྱོགས་མི་འདྲ་བར་བྱེད་པའི་དོན་མ་ཡིན་པའི་ཕྱིར། གླེགས་བུ་རྣམས་ཁ་ཡར་མན་དུ་ལྟ་བ་འདི་ལྟར་བྱས་ན་བྱ་སྤུ་ནོན་གྱི་ཚུལ་དུ་མི་འབྱུང་ངོ་ཞེས་གསུང་པ་ལྟར་འཐད་ངམ་སྙམ་སྟེ། སློབ་དཔོན་ཚུལ་ཁྲིམས་བསྲུངས་ཀྱིས་མཛད་པའི་ཕྲན་ཚེགས་འགྲེལ་བར། ཚུལ་བུས་སྣེས་ནོན་པར་མ་གྱུར་པའི་ཕྱོགས་ནི་གླེགས་བུ་ཡིན་ཏེ་གླེགས་བུ་དང་གླེགས་བུ་ཕྱེད་པ་གླེགས་བུ་ཕྱེད་པ་དང་མཉམ་པར་བྱའོ། །ཞེས་གསལ་བར་བཤད་ཅིང་། གཞན་ལས་ཀྱང་གླེགས་བུས་གླེགས་བུ་ཕྱེད་པ་བྱ་སྤུ་ནོན་པའི་ཚུལ་དུའང་བྱ་བར་བཤད་པས། གླེགས་བུ་ཡུག་དང་ཡུག་མཉམ་ཞིང་ཕྱེད་དང་ཕྱེད་མཉམ་པར་བྱས་ནས་འདུག་པར་རིགས་སོ། །གླེགས་བུ་རྣམས་ཁ་ཡར་མན་དུ་བསྟན་པ་འདི་ལྟར་བྱས་ནས་གྱོན་པའི་ཚེ་བྱ་སྤུ་ནོན་གྱི་ཚུལ་དུ་འོང་བའང་ཤིན་ཏུ་དཀའོ། །དེས་ན་གླེགས་བུ་ཡུག་རྣམས་སྟོད་དང་ཕྱེད་པ་སྨད་དུ་འོང་བ་ལུང་དང་རིགས་པས་ཀྱང་འཐད་པ་ལྟར་མཐོང་ངོ་། །དེར་མ་ཟད་རྗེའི་རྣམ་སྦྱར་ད་ལྟ་བཞུགས་པ་ཞིག་ལའང་དེ་བཞིན་སྣང་ཞེས་གསུང་པས། འདིར་དོགས་སློང་ཙམ་བྱས་པ་སྟེ་གཞན་མང་པོ་དང་མ་མཐུན་ན་ཀླན་ཀ་འོང་བར་སྣང་བར་བརྟགས་པར་བྱའོ། །འཚོ་བའི་ཡོ་བྱེད་བཅུ་གསུམ་སྟེ། སྣམ་སྦྱར་དང་བླ་གོས་དང་མཐང་གོས་དང་། ཤམ་ཐབས་དང་ཤམ་ཐབས་ཀྱི་གཟན་དང་། རྡུལ་གཟན་དང་རྡུལ་གཟན་གྱི་གཟན་དང་། གདོང་ཕྱིས་དང་རྣག་གཟན་དང་གཡན་པ་དགབ་པ་དང་། སྐྲ་གཟེད་དང་། གདིང་བ་དང་། དབྱར་གྱི་གོས་རས་ཆེན་ནོ། །རྣམ་སྦྱར་ཞེས་པ་ནི་སྣམ་ཕྲན་རྣམས་དྲས་ཏེ་སྦྱར་ནས་དྲུབ་པའི་དོན་དང་། བླ་གོས་ཀྱི་བླ་ནི། སྟེང་སྟེ་སྟེང་གོས་སམ་སྟོད་གོས་དང་། མཐང་གོས་ཀྱི་ཐང་ནི་ནང་སྟེང་ནང་གོས་སམ་སྨད་གོས་ཀྱི་དོན་ནོ། །སྣམ་སྦྱར་ལ་རབ་འབྲིང་ཐ་མ་གསུམ་སྟེ་དེ་རེ་རེ་ལའང་ནང་ཚན་གྱིས་ཕྱེ་ན་གསུམ་གསུམ་སྟེ་དགུ་ཡོད་ལ། དེ་ཡང་རབ་ཀྱི་རབ་ནི་སྣམ་ཕྲན་ཉེར་ལྔ་མ། འབྲིང་ཉེར་གསུམ་མ། ཐ་མ་ཉེར་གཅིག་མའོ། །འབྲིང་གི་རབ་ནི་སྣམ་ཕྲན་བཅུ་དགུ་མ། འབྲིང་བཅུ་བདུན་མ། ཐ་མ་བཅོ་ལྔ་མའོ། །ཐ་མའི་རབ་ནི་སྣམ་ཕྲན་བཅུ་གསུམ་མ། འབྲིང་ནི་བཅུ་གཅིག་མ། ཐ་མ་ནི་དགུ་མའོ། །སྣམ་སྦྱར་རབ་སྐོར་གསུམ་གྱི་སྣམ་ཕྲན་རེ་རེ་ལའང་གླེགས་བུ་ཕྱེད་དང་ལྔ་ལྔ་འོང་། འབྲིང་སྐོར་གསུམ་གྱི་སྣམ་ཕྲན་རེ་རེ་ལ་གླེགས་བུ་ཕྱེད་དང་བཞི་རེ་དང་། ཐ་མ་སྐོར་གསུམ་གྱི་སྣམ་ཕྲ་རེ་ལ་གླེགས་བུ་ཕྱེད་དང་གསུམ་རེའོ། །བླ་གོས་ནི་སྣམ་ཕྲན་བདུན་མ་སྟེ། སྣམ་ཕྲན་རེ་རེ་ལ་གླེགས་བུ་ཕྱེད་དང་གསུམ་རེའོ། །མཐང་གོས་ནི་སྣམ་ཕྲན་ལྔ་དང་གླེགས་བུ་ཕྱེད་གཉིས། གདིང་བ་ལ་གླེགས་བུ་ཕྱེད་གཉིས་སོ། །སྣམ་སྦྱར་ལ་དྲས་དྲུབས་དགོས་ཤིང་། བླ་གོས་དང་མཐང་གོས་ལ་རབ་དྲས་དྲུབས་དང་། འབྲིང་ལྷན་ཐབས། ཐ་མ་ཐང་ཐང་བོར་ཡང་རུང་བར་བཤད་དོ། །ཆོས་གོས་རྣམ་གསུམ་དྲས་དྲུབས་མའི་ཆེ་ཚད་ནི། སྲིད་བུ་ཁྲུ་ལྔ་དང་ཞེང་དུ་ཁྲུ་གསུམ་ཡིན་ལ། ཐ་ཚད་སྲིད་དུ་ཁྲུ་ཕྱེད་ལྔ་དང་ཞེང་དུ་ཁྲུ་ཕྱེད་གསུམ་སྟེ། དེའི་བར་ནི་འབྲིང་ཚད་དོ། །མ་དྲས་པའི་བླ་གོས་ཆེ་ཚད་ནི་སྲིད་དུ་ཁྲུ་བཅུ་གཉིས་དང་ཞེང་དུ་ཁྲུ་གསུམ། ཆུང་ཚད་ནི་སྲིད་དུ་ཁྲུ་ཕྱེད་ལྔའམ་དྲུག་བདུན་དང་ཞེང་ཁྲུ་ཕྱེད་དང་གསུམ་སྟེ། དེའི་བར་འབྲིང་ཚད་དུ་བྱས་ཀྱང་རུང་ངོ་། །ཤམ་ཐབས་ཆེ་ཚད་ནི་སྲིད་དུ་ཁྲུ་བདུན་དང་ཞེང་དུ་ཁྲུ་དོའོ། །ཆུང་ཚད་ནི་རྒྱབ་ནས་པུས་མོ་གཉིས་དང་ལྟེ་བའི་དཀྱིལ་འཁོར་ཁེབས་པ་ཙམ་མོ། །བྱིན་གྱིས་བརླབས་པའི་ཚེ་སྣམ་སྦྱར་དངོས་ཡིན་ན་ཐུགས་གཏད་དང་དགོངས་གསོལ་བྱས་ཏེ་བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་ཏུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་དུ་ཐབས་ལེགས་བྱ། དེ་བཞིན་དུ་བླ་གོས་དང་མཐང་གོས་དང་ཤམས་ཐབས་དང་དེའི་གཟན་ནས་རས་ཆེན་གྱི་བར་བཅུ་གཉིས་པོ་ཐམས་ཅད་ལའང་སྣམ་སྦྱར་ཞེས་པའི་མིང་བརྗེ་བ་མ་གཏོགས་ཆོ་ག་སྔར་ལྟར་བྱའོ། །ཆོས་གོས་རྣམ་གསུམ་རྒྱུར་དམིགས་ཤིང་རུང་བ་ཡིན་ན། གཞན་ནས་འབྱུང་བ་ལྟར་བྱིན་བརླབས་བྱ་ལ། རྒྱུར་མི་རུང་བའི་དོད་ཙམ་ཡིན་ན། བདག་མིང་འདི་ཞེས་བགྱི་བའི་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ་ཞེས་དང་། དེ་བཞིན་དུ་གཞན་གཉིས་ལའང་སྦྱོར། ཤམ་ཐབས་ནི་ཉིན་མོ་མཐང་གོས་ཀྱི་འོག་ཏུ་གྱོན་པ་དང་། ཤམ་ཐབས་ཀྱི་གཟན་ནི་མཚན་མོ་མཐང་གོས་ཀྱི་འོག་ཏུ་གྱོན་པ་སྟེ་ཚད་ནི་མཐང་གོས་བཞིན་ནོ། །རྡུལ་གཟན་དང་དེའི་གཟན་ནི་སྔར་ལྟར་ཉིན་མོ་དང་མཚན་མོ་བླ་གོས་ཀྱི་འོག་ཏུ་གྱོོན་པ་སྟེ་ཚད་ནི་བླ་གོས་བཞིན་ནོ། །གདིང་བ་ནི་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་དོ་དང་སོར་དྲུག་གོ །ལྷག་མ་རྣམས་ནི་འདིར་མི་འཆད་དེ་གཞན་ནས་འབྱུང་བ་ལྟར་རོ། །གཞན་ཡང་ཆོས་གོས་རྣམ་གསུམ་དང་གདིང་བ་ལ་སོགས་པ་ལྷག་པ་ཡོད་ན་དེ་རྣམས་ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབ་པ་དང་། ལྷག་མ་མང་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་དགོས་སོ། །དེར་མ་ཟད་སྣམ་སྦྱར་ལྟ་བུ་མང་པོ་ཡོད་ན་གཅིག་འཚོ་བའི་ཡོ་བྱད་དང་གཅིག་ལྷག་པའི་ཡོ་བྱད་དང་གཞན་རྣམས་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་རུང་བར་བཤད་དོ། །འདུལ་བ་ནས་འབྱུང་བ་ལྟར་བྱེད་དགོས་པ་རྣམས་ལ་ཡུལ་ཆོས་ཀྱི་མ་ནུས་ན། ཡོ་བྱད་ལྷག་པོ་ཐམས་ཅད་བླ་མ་དང་དཀོན་མཆོག་ལ་བསྔོས་ནས་དེ་ལ་ཡིད་གཏད་དེ་བཅང་བར་བྱས་ན་ཕན་ཡོན་ཐོབ་ཅིང་ཉེས་པ་གཏན་མེད་པའམ་ཉེས་པ་ཆུང་བར་གྱུར་བའི་དགོས་པ་ཡོད་པར་བཤད་པས་དེ་ལྟར་དུ་བྱ་ལ། དེ་མིན་སྲེད་པ་དང་བཅས་ཏེ་བདག་ཏུ་བཟུང་ན་ཉེས་པ་མ་གཏོགས་གཞན་མི་འབྱུང་ངོ་། །གོས་ཀྱི་སྐོར་སོགས་ཡོ་བྱད་འཆང་ཚུལ་རྣམས་ཚུལ་བཞིན་བྱས་པའི་ཕན་ཡོན་དང་མ་བྱས་པའི་ཉེས་དམིགས་ནི་གཞན་ནས་འབྱུང་བ་ལྟར་ཤེས་པར་བྱའོ། །སྨན་ལ་བཞི་སྟེ། དུས་རུང་དང་ཐུན་ཚོད་དང་ཞག་བདུན་པ་དང་ཇི་སྲིད་འཚོང་བཅང་གི་སྨན་ནོ། །དང་པོ་ནི་གཙོ་བོར་བཀྲེས་ནད་སེལ་བར་བྱེད་ཅིང་དགེ་སློང་གིས་སྔ་དྲོ་ཁོ་ནར་ལོངས་སྤྱོད་དུ་རུང་བ་སྟེ། དེ་ལ་དབྱེ་ན་བཟའ་བ་ལྔ་དང་བཅའ་བ་ལྔའོ། །དང་པོ་ནི། འབྲས་ཆན་དང་ཟན་དང་ཤ་དང་ཕྱེ་དང་ཁུར་བ་ལྔའོ། ། གཉིས་པ་ནི་རྩ་བ་དང་སྡོང་བུ་དང་མེ་ཏོག་དང་འབྲས་བུ་དང་འདབ་མ་ལྔའོ། །དེར་མ་ཟད་ཐུག་པ་དང་ཞོ་དང་འོ་མ་དང་དར་བ་ལ་སོགས་པའོ། །རྩ་བ་ཞེས་པ་ནི་ལ་ཕུག་དང་ཨ་རྡོག་དང་གྲོ་མ་ལ་སོགས་པ་དང་། སྡོང་བུ་ནི་བུར་ཤིང་ལྕམ་འབིག་དང་ལ་ཕིག་ཏུ་གྲགས་པ་སོགས་དང་། མེ་ཏོག་ནི་པདྨ་དང་ཨུཏྤལ་སོགས་དང་། འབྲས་བུ་ནི་རྒུན་འབྲུམ་ཁམ་བུ་སྟར་ཁ་ཀུ་ཤུ་སོགས་དང་། ལོ་མ་ནི་ཨ་རྡོག་དང་ལ་ཕུག་གི་ལོ་མ་ལྟ་བུ་འོ། ། གཉིས་པ་ཐུན་ཚོད་དུ་རུང་བའི་སྨན་ནི་གཙོ་བོ་སྐོམ་ནད་སེལ་ཞིང་དགེ་སློང་གིས་གླིང་འདིར་སྐྱ་རེང་ཤར་ནས་ཉི་མ་ནུབ་པའི་ཐུན་ཚོད་ཚུན་ཆད་དུ་ལོངས་སྤྱོད་དུ་རུང་བ་སྟེ། ཚགས་ཀྱིས་བཙགས་པའི་ཙམ་ཐར་ཤིན་ཏུ་སླ་བ་དང་། བུ་རམ་གྱི་ཁུ་བ་ཤིན་ཏུ་སླ་བ་ལྟ་བུའོ། ། གསུམ་པ་ཞག་བདུན་པའི་སྨན་ནི་གཙོ་བོར་འདུས་པའི་ནད་སེལ་ཞིང་དགེ་སློང་གིས་ཞག་བདུན་གྱི་མཐའ་ཚུན་ཆད་དུ་བྱིན་གྱིས་བརླབས་ནས་ལོངས་སྤྱད་དུ་རུང་བ་སྟེ། ཞུན་མར་དང་འབྲུ་མར་དང་སྦྲང་དང་བུ་རམ་ལ་སོགས་པ་རྣམས་སོ། །བཞི་པ་འཚོ་འཆང་གི་སྨན་ནི། རླུང་མཁྲིས་བད་ཀན་འདུས་པའི་ནད་ཅི་རིགས་སེལ་ཞིང་དགེ་སློང་གིས་ཇི་སྲིད་འཚོའི་བར་དུ་བྱིན་གྱིས་བརླབས་ནས་ལོངས་སྤྱད་དུ་རུང་བ་སྟེ། ཨ་བར་སྐྱུར་གསུམ་སོགས་གསོ་སྤྱད་ཀྱི་གཞུང་ནས་བཤད་པའི་སྨན་ཡོངས་གྲངས་ཕལ་ཆེར་རོ། །འོོན་ཀྱང་གཞུང་དེ་ནས་བཤད་པའི་སྨན་ཡིན་ན། དགེ་སློང་གིས་བཟའ་རུང་བས་མ་ཁྱབ་སྟེ། དེ་ནས་བཤད་པའི་སྨན་ལ་རྣམ་པ་སྣ་ཚོགས་པ་འབྱུང་ཞིང་བཟར་མི་རུང་བ་དུ་མ་སྣང་བའི་ཕྱིར་རོ་ནད་པ་ལ་ནི་དུས་རུང་ཀྱང་དུས་མིན་དུ་ལོངས་སྤྱད་དུ་རུང་བར་གནང་ཞིང་། ནད་པ་མིན་ཡང་ཕོངས་པའི་དུས་སོགས་འགའ་ཞིག་ལའང་དེ་ལྟར་དུ་རུང་ངོ་། །འོན་ཀྱང་ཆང་ནི་ནད་པ་ལའང་གནང་བ་མེད་དོ། །སྨན་དེ་དག་བྱིན་གྱིས་བརླབས་ཚུལ་ནི་གཞན་ནས་ཤེས་པར་བྱ་ལ། འདིར་བྱིན་ལེན་གྱི་དབྱེ་བ་ཅུང་ཟད་བརྗོད་ན། སྤྱིར་དགེ་སློང་གི་ཁ་བཤལ་བའི་ཆུ་ཡིན་ན་མ་གཏོགས། སྐོམ་པས་བཏུང་བའི་ཆུ་ལའང་བྱིན་ལེན་བྱ་དགོས་པར་བཤད་པས་བཟའ་བཏུང་ཐམས་ཅད་ལ་བྱིན་ལེན་སྔོན་དུ་འགྲོ་དགོས་སོ། །དེ་ཡང་བསྙེན་པར་མ་རྫོགས་པས་རྫོགས་པ་ལ་བྱིན་ལེན་སྟོབ་དགོས་ལ། དམིགས་བསལ་བསླབ་བྱིན་དགེ་སློང་གིས་དགེ་སློང་རྣམ་དག་ལ་བྱིན་ལེན་འཆགས། དེ་བཞིན་དུ་དགེ་སློང་མས་དགེ་སློང་ཕ་དང་། བསླབ་བྱིན་མིན་ཡང་རྣམ་དག་མིན་པས་རྣམ་དག་དང་། ལྟ་བ་དམན་པས་ལྟ་བ་མཐོ་བ་ལ་བྱིན་ལེ་འཆགས། དང་པོ་དགེ་སློང་མིན་པས་དགེ་སློང་ལ་བྱིན་ལེན་སྟོབ་སྟེ་དེས་དགེ་སློང་གཞན་ལའང་བྱིན་ལེན་འཆགས་སོ། །སྟོབ་པ་པོ་དང་ལེན་པ་པོའི་བར་དུ་མཚམས་གཞན་གྱིས་མཆོད་པ་སྟེ། ཞེང་དང་དཔང་གཉིས་སོར་བཞི་ལོངས་པའི་ས་རྡོ་དང་ཤིང་དང་སྲོག་ཆགས་སོགས་དང་ཆུ་དང་མེ་ཡང་ཅུང་ཟད་ཙམ་གྱིས་མི་ཆོག་གི། དངོས་གསལ་ཅན་དགོས་སོ། །བྱིན་ལེན་ནོད་པའི་གཞི་ཡིན་ན་ཅོག་ཙེའི་སྟེང་དུའང་འཆགས་ལ་བྱིན་ལེན་ལག་པ་གཉིས་ཀས་བྱེད་དགོས་ཀྱང་མི་བདེ་ན་ལག་གཅིག་དང་། སྤྱི་ཐག་ཉེ་དགོས་ཀྱང་། དམིགས་བསལ་རིགས་ངན་ལྟ་བུ་ལས་ལེན་ན། ལག་པས་མི་ལེན་པར་ཐེམ་པའམ་རྒྱུག་རིས་འདིའི་སྟེང་དུ་ཞོག་ཅེས་སྨྲས་ནས་བཞག་ཀྱང་བྱིན་ལེན་གྱི་གོ་ཆོད་པར་བཤད་ཅིང་། གྲོགས་མེད་ན་དུས་དྲན་བྱས་པས་བྱིན་ལེན་བྱས་པ་དང་འདྲ་བར་བཟའ་བཏུང་རུང་ངོ་། །བྱིན་ལེན་འཇིག་པའི་རྒྱུ་ནི། ལུང་བར་སྡོམ་ལས། འཕྲོག་དང་འདྲི་ལ་རེག་པ་དང་། བསྔོས་དང་དགེ་སློང་མིན་གྱུར་དང་། །དངོས་པོ་འགྱུར་དང་སྐྱེ་བ་འགྱུར། །དོར་བས་ཀྱང་ནི་བྱིན་ལེན་འཇིག །ཅེས་པ་དང་། མེ་ཆུ་སོགས་ཀྱིས་མ་རུང་བར་བྱས་པས་ཀྱང་བྱིན་ལེན་འཇིག་གོ །བྱིན་ལེན་བྱས་པའི་བཟའ་བཏུང་དེ་ལ་དགེ་སློང་མིན་པས་ལག་པས་དངོས་སུ་རེག་ན་བྱིན་ལེན་འཇིག་པར་འགྱུར་གྱི། ཅོག་ཙེ་ལྟ་བུ་བསྒུལ་བ་ཙམ་གྱིས་བྱིན་ལེན་མི་འཇིག་སྟེ། འཇིག་ན་ཁང་པ་འགུལ་བས་ཀྱང་བྱིན་ལེན་འཇིག་པར་གྱུར་ན་དེ་ནི་བསྒྲུབ་མི་ནུས་སོ། །འོན་ཀྱང་ད་ལྟ་ཁ་ཅིག་ཁྱི་ཆུང་དང་ཨ་ལིར་གྲགས་པ་ལྟ་བུས་རེག་ཅིང་བསྐུལ་བ་ལ་མི་འཛེམ་པས་སྣང་ཡང་མི་འཐད་པར་གོའོ། །བྱིན་ལེན་བྱས་པའི་སྨན་བཞི་པོ་སྤྱིར་བྱིན་ལེན་མ་བཤིགས་པ་རང་རང་གི་དུས་ཀྱི་མཐའ་འདས་ན་གསོག་འཇོག་ཏུ་འགྱུར་ཞིང་། འོན་ཀྱང་ཐུན་ཚོད་དུ་རུང་བ་ལྟ་བུ་སྔ་དྲོ་བའི་ཆེད་ཙམ་དུ་བྱིན་ལེན་བྱས་པ་ཡིན་ན་གུང་ཡོལ་ནའང་གསོག་འཇོག་ཏུ་འགྱུར་རོ། །དགོངས་གཅོད་རབ་བྱུང་རྣམས་ཀྱིས་སྨན་ཕྱིི་མ་གསུམ་ལ་ཕྱི་དྲོ་ལོངས་སྤྱོད་ན་ཆུང་ཆུ་འདེབས་དགོས་ཤིང་། དེ་ཡང་སྤྱིར་བསྙེན་རྫོགས་མིན་པས་འདེབས་ལ་དམིགས་བསལ་བསྙེན་རྫོགས་པས་ཀྱང་རུང་པར་བཤད་དོ། །སྨན་ཕྱི་མ་གསུམ་བྱིན་གྱིས་བརླབས་མ་བརླབས་ཀྱི་དབང་གིས་ལྟུང་བ་བསྐྱེད་ཚུལ་མང་ཡང་མ་བྲིས་སོ། ། གསུམ་པ་ལས་ཀྱི་གཞི་ལ་རྒྱས་པར་བཤད་ན་མང་ཡང་། གྲངས་ཙམ་བསྟན་པ་ནི་དགེ་སློང་གི་བྱ་བའི་ལས་དེ་བརྒྱ་རྩ་གཅིག་ཡོད་དེ། གསོལ་བ་འབའ་ཞིག་གི་ལས་ཉེར་བཞི། གསོལ་བ་དང་གཉིས་ཀྱི་ལས་ཞེ་བདུན། གསོལ་བཞིའི་ལས་སུམ་ཅུ་ཡོད་པའི་ཕྱིར་ཏེ། ཀརྨ་ཤ་ཏམ་ལས། གསང་དང་ནང་དུ་དྲི་ཕྱིར་དང་། །གསོ་སྦྱོང་དེ་ལ་ལྟུང་བཅས་དང་། །དེ་ལ་དགེ་འདུན་ཡིད་གཉིས་དང་། །རྩོད་དང་ངེས་ཉིད་མ་ཡིན་དང་། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང་། །ཆོས་གོས་སྲ་རྐྱང་གཏད་པ་དང་། །ཆོས་གོས་སྦྱིན་པར་བྱ་བ་དང་། །གནས་ངན་ལེན་པའི་བརྗོད་པ་དང་། །གྲངས་སུ་བཞུགས་པ་བཞི་དག་དང་། ཁྱིམ་གྱི་སྡོམ་དང་དེ་གཞིག་དང་། །ལྷུང་བཟེད་ཁ་སྦུབ་བྱ་བ་དང་། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །ཞེས་པ་དང་། གནས་དང་མཚམས་ནི་གཉིས་པོ་དང་། །མི་འབྲལ་མྱོས་དང་དགག་དབྱེ་དང་། །གནས་མལ་སྟོབ་པར་བྱེད་པ་དང་། །རུང་བའི་ས་གཞི་རྐོ་བ་དང་། །སྲ་བརྐྱང་དང་ནི་དེ་འདིངས་དང་། །སྤོངས་དང་ལག་གི་བླ་དང་ནི། །གནས་ཁང་བརྐོ་བ་ལ་སོགས་དང་། །གཟུ་དང་བསལ་དང་སྦེད་པ་དང་། །ཚུལ་ཤིང་འབྲིམ་པ་བྱེད་པ་དང་། ཁང་པ་ཁང་ཆེར་བསྟབ་པ་དང་། །གླེང་དང་འགྲལ་བར་མི་འགྱུར་དང་། །སྟན་དང་ལྷུང་བཟེད་འབྲིམ་པ་དང་། །མ་དད་གོ་བར་བྱ་བ་དང་། །སྟོན་པ་དང་ནི་ནགས་ཉུལ་དང་། །ཕྱག་ནི་བྱ་དང་མང་ཕྱིར་དང་། མཁར་བ་དྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །བསླབ་པ་སྦྱིན་དང་ཉེར་གནས་དང་། །བུ་དང་ཉེ་དུ་ཕྱིར་གྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །ཞེས་པ་དང་། བསྙེན་པར་རྫོགས་པར་བྱ་བ་དང་། །མུ་སྟེགས་གནས་དང་མཚམས་དགྲོལ་དང་། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དང་། །བརྒྱད་དང་དྲན་དང་མ་མྱོས་དང་། དེ་ཉིད་ཚོལ་དུ་གཞུག་པ་དང་། །བསྒོ་བར་བྱ་བ་རྣམས་དང་ནི། ཉམས་པ་སྦྱིན་པར་བྱ་བ་དང་། གསོལ་དང་བཞི་ཡི་ལས་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་གསོལ་བ་འབའ་ཞིག་པ་ནི་གསོལ་བ་ཙམ་སྟེ་བརྗོད་པ་མེད་ལ་གསོལ་བ་དང་གཉིས་ཀྱི་ལས་ནི་གསོལ་བ་གཅིག་དང་བརྗོད་པ་ཡང་གཅིག་ཙམ་ཡིན་ཞིང་། གསོལ་བཞིའི་ལས་ནི་གསོལ་བ་གཅིག་དང་བརྗོད་པ་གསུམ་དུ་ངེས་སོ། །བསྙེན་པར་རྫོགས་པ་ལ་སྔོན་ཆོ་ག་དང་ད་ལྟར་གྱི་ཆོ་ག་གང་གི་དབང་དུ་བྱས་ཀྱང་དངོས་གཞིའི་ཆོ་ག་ནི་གསོལ་བཞིའི་ལས་ཁོ་ནའོ། །ལས་དེ་རྣམས་བསྡུ་ན་གང་ཟག་མ་ཡིན་པ་ལ་བྱ་བ་དང་། གང་ཟག་ལ་བྱ་བའི་ལས་གཉིས་སུ་འདུ་བ་ལས། དང་པོ་ནི། མཚམས་གཅད་དགྲོལ་སོགས་དང་། གཉིས་པ་ལ་ཁྱིམ་པ་དང་རབ་བྱུང་ལ་བྱ་བ་གཉིས་ལས། དང་པོ་ནི། ལྷུང་བཟེད་ཁ་སྦུབ་པ་སོགས་དང་བསྙེན་གནས་དང་དགེ་བསྙེན་གྱི་སྡོམ་པ་སྟེར་བ་ལྟ་བུའོ། །གཉིས་པ་རབ་བྱུང་ལ་བསྙེན་པར་རྫོགས་མ་རྫོགས་གཉིས་ལས། མ་རྫོགས་པ་ལ་བསྙེན་པར་རྫོགས་པ་སོགས་དང་། རྫོགས་པ་ལ་སྦྱིན་པའི་ལས་དང་བསྐོ་བའི་ལས་དང་མི་མཐུན་པའི་ལས་གསུམ་ལས། དང་པོ་ནི། ཁང་པ་དང་ཁང་ཆེན་གྱི་གནང་བ་སྦྱིན་པ་སོགས་དང་། གཉིས་པ་ནི་གསང་སྟོན་བསྐོ་བ་སོགས་དང་། གསུམ་པ་ནི་གནས་ནས་དབྱུང་བ་སོགས་ཆད་ལས་དང་དེ་དང་ཕྱོགས་མཐུན་རྣམས་སོ། །གཞན་ཡང་ཆོས་གོས་སོགས་བྱིན་གྱིས་བརླབ་པ་སོགས་སྔགས་ཚིགས་ཙམ་གྱི་སྒོ་ནས་བྱ་བའི་ལས་ཀྱང་མང་། གསོ་སྦྱོང་སོགས་གསུམ་ནི་བསླབ་པ་ཡོངས་སུ་སྦྱོང་བ་ལས་སྡོམ་པ་ཐོབ་པ་མི་ཉམས་པར་སྲུང་བ་དང་དག་པར་བྱེད་པའི་ཐབས་ཡིན་ལ། གཞན་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་རབ་བྱུང་གི་གཞི་ནི་འདུལ་བའི་གཞི་སྟོད་ནས་འབྱུང་བ་ལྟར་རབ་བྱུང་ནས་བསྙེན་པར་རྫོགས་པའི་སྐོར་ཏེ་ཆོ་ག་ནི་གཞན་ནས་འབྱུང་བ་བཞིན་ནོ། །ཉམས་ན་ཕྱིར་བཅོས་པའི་གཞི་ནི་ལྟུང་བ་ཕྱིར་བཅོས་དང་རྩོད་པ་ཕྱིར་བཅོས་ཀྱི་སྐོར་ཏེ་ལས་བརྒྱ་རྩ་གཅིག་གི་ནང་དུ་འདུས་ཤིང་། འདུལ་བའི་གཞི་སྨད་དང་ལས་ཆོག་འགའ་ཞིག་ནས་འབྱུང་བ་ལྟར་རོ། ། སྨྲས་པ། སོ་ཐར་གཞུང་དོན་རགས་རིམ་ཙམ། །མི་ཤེས་འདུལ་བ་འཛིན་པའམ། །གནས་བརྟེན་བསྙེན་པར་རྫོགས་པ་ཞེས། །བརྗོད་ཀྱང་དེ་ཡི་གཟུགས་བརྙན་ཙམ། འོན་ཀྱང་འདུལ་གཞུང་རྒྱ་མཚོ་ཡི། །ཕ་རོལ་ལེགས་སྦྱངས་རྣམ་དཔྱོད་ལྡན། །བཤེས་གཉེན་མཁས་པའི་དེད་དཔོན་ཀྱང་། །བགྲོད་པར་དཀའ་ན་གཞན་ལྟ་ཅི། །གང་དག་ལྟོ་དང་གོས་ཙམ་ཞིག །དོན་གཉེར་མ་ཡིན་ལེགས་བཤད་ཀྱི། །བདུད་རྩི་འཐུང་བར་འདོད་པ་ལ། །ཕན་པའི་ཆེད་དུ་འདི་ལྟར་འབད། །དེ་ལས་རྣམ་དཀར་ཀུནྡའི་གཉེན། །གང་ཞིག་ཐོབ་དེས་རང་གཞན་གྱི། །ཡིད་མུན་སྟུག་པོ་རབ་བཅོམ་ནས། །རྣམ་གྲོལ་ལམ་ཡངས་གསལ་གྱུར་ཅིག །ཅེས་པ་འདི་ནི། ཅོ་ནེའི་སློབ་དཔོན་པ་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས། འདུལ་བའི་གཞུང་ཆེ་བ་ལ་ཐོས་བསམ་བྱེད་མི་ནུས་པའི་དོན་གཉེར་ཅན་འགའ་ཞིག་ལ་ཕན་པའི་ཆེད་དུ་དད་པས་སྦྱར་བའོ། །མངྒ་ལཾ།། དགེ་ཚུལ་རྣམས་ཀྱིས་གསོ་སྦྱོང་བྱ་བ་ནི། དགེ་སློང་འོས་པ་ལ། ཕྱག་གསུམ་བཙལ་ནས། གསོ་སྦྱོང་ལ་ཐུགས་གཏད་པར་ཞུ། ཞེས་དགེ་སློང་རེ་རེའི་མདུན་དུ་གསུམ་གསུམ་མན་ཆད་འདུག་སྟེ། གནས་བརྟན་སོགས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ན། བདག་དགེ་ཚུལ་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །བདག་ཡོངས་སུ་དག་པར་གནས་བརྟན་གྱིས་གཟུང་དུ་གསོལ། ཞེས་ལན་གསུམ་བརྗོད་པའི་རྗེས་སུ། དགེ་སློང་གིས་ཐབས་ཡིན་ནོ། །དགེ་ཚུལ་རྣམས་ཀྱིས་ལེགས་སོ། །ཞེས་བརྗོད་པར་བྱ་སྟེ། དགེ་ཚུལ་གྱི་གསོ་སྦྱོང་ངོ་། །ཤུ་པཾ།། །།

ཉམས་ལེན་སྤྱི་ལ་ཉེ་བར་མཁོ་བའི་དོགས་དཔྱོད་སོམ་ཉི་སེལ་བྱེད།

ཉམས་ལེན་སྤྱི་ལ་ཉེ་བར་མཁོ་བའི་དོགས་དཔྱོད་སོམ་ཉི་སེལ་བྱེད་ཅེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཐུབ་དབང་རྒྱལ་ཚབ་དམ་པ་འཇམ་པའི་དབྱངས། །འཛམ་གླིང་རྒྱན་དྲུག་རྒྱལ་བ་གཉིས་པ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་བཙལ་ནས། །ཐར་འདོད་ཉམས་ལེན་ཉེར་མཁོ་ཅུང་ཟད་བྲི། །དེ་ཡང་བྱང་ཆུབ་ལམ་རིམ་སོགས། །མཁས་པའི་གཞུང་ནས་འབྱུང་བ་ལས། །ལྷག་པ་སྒེར་དུ་སུ་ཞིག་གིས། །འཆད་པར་མི་ནུས་འོས་མིན་ཀྱང་། །དད་ལྡན་ནན་ཏན་དབྱུ་གུ་ཡིས། །བསྐུལ་ལས་བློ་གྲོས་རྔ་ཆེན་ངོས། །ཉེར་མཁོའི་གཏམ་གྱི་སྒྲ་བརྙན་ནི། །རང་དགར་འདོད་པ་ཙམ་ཞིག་བསྒྲག །རྒྱལ་བ་ཉིད་ཀྱིས་སེམས་ཅན་རྣམས། །མོས་པ་ཐ་དད་སྣ་ཚོགས་པ། །གཟིགས་ནས་ཐེག་པ་རྣམ་གསུམ་དང་། །ཐེག་པ་སྣ་ཚོགས་དག་ཀྱང་བསྟན། །དེ་ཕྱིར་བློ་ལ་བལྟོས་པས་ན། །ཉམས་སུ་ལེན་ཚུལ་མཐའ་གཅིག་ཏུ། །འདི་ནི་འདི་ལྟར་ངེས་སོ་ཞེས། །གཅིག་ཉིད་ཁོ་ནར་བཞག་པར་དཀའ། །དེ་ཡང་མདོ་སྔགས་སོ་སོ་དང་། །ཟུང་འབྲེལ་ཉམས་སུ་ལེན་པ་དང་། །སྔགས་ལའང་གསང་བདེ་འཇིགས་གསུམ་སོགས། །རེ་རེ་འམ་གསུམ་ཀ་ཉམས་ལེན་གྱིས། །མཚོན་ཏེ་རྣམ་པ་དུ་མ་སྲིད། །འོན་ཀྱང་མཆོག་དམན་བར་མའི་རིམ། །གང་ཡིན་བསྟན་པ་སྤྱི་ལུགས་དང་། །མཐུན་པར་གོ་རིམ་བཞིན་འཇུག་ན། །ཐོག་མར་བསྟན་པའི་འཇུག་སྒོ་ཆེ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བའི། །སྐྱབས་འགྲོ་ཉིད་ནས་འཇུག་པར་རིགས། །གནས་སྐབས་མི་མཐུན་ཕྱོགས་ཙམ་ལས། །རང་ཉིད་སྐྱོབ་པའི་ཆེད་དུ་ནི། །སྐྱབས་སུ་འགྲོ་བ་མ་ཡིན་གྱི། །ངན་སོང་འཇིག་ལས་སྐྱོབ་པའི་ཆེད། །སྐྱབས་སུ་འགྲོ་བ་ཉིད་ལ་འབད། །ངན་སོང་སྡུག་བསྔལ་མ་དྲན་ན། །དེ་ལས་ཐར་འདོད་མི་འབྱུང་བས། །དེ་ཡི་སྡུག་བསྔལ་ཤེས་ནས་ནི། །རྒྱུད་སྟོང་བསམ་པ་གནད་དུ་ཆེ། །དེ་ཡང་དམྱལ་བ་ཡི་དྭགས་དང་། །དུད་འགྲོའི་སྡུག་བསྔལ་ཇི་འདྲ་བ། །ཡིན་ཚུལ་མདོ་རྒྱུད་བསྟན་བཅོས་ལས། །བཤད་ལྟར་ངེས་ན་ཁྱད་པར་ཆེ། །ལས་ཉོན་དབང་གིས་བདེ་འགྲོ་དང་། །ངན་འགྲོ་གང་དུ་སྐྱེས་གྱུར་ཀྱང་། །འདུ་བྱེད་སྡུག་བསྔལ་གྱིས་བཅིངས་པས། །འཁོར་བ་ཉིད་དུ་སྐྱེས་པ་ལས། །མ་འདས་དེ་ཕྱིར་འཁོར་བ་ནི། །མཆོག་དམན་གང་ཡང་དོན་མི་གཉེར། །དེ་ཚེ་གང་དུ་འཁོར་བ་དང་། །གང་གིས་འཁོར་དང་གང་ཞིག་འཁོར། །ཇི་ལྟར་འཁོར་སོགས་ཕྱེད་དགོས་ཏེ། །ཐམས་ཅད་གཅིག་ཏུ་འཁྲུལ་མི་བྱ། །སྐྱེ་རྒ་ན་འཆིས་བསྡུས་པ་ཡི། །འཁོར་བ་སྤྱི་ལས་ཐར་འདོད་བློ། །ཆེད་དུ་འབད་ནས་བསྐྱེད་བྱ་སྟེ། །བྱེ་བྲག་ངན་འགྲོ་ཙམ་ཉིད་ལས། །ཐར་འདོད་སྐྱེས་ཀྱང་ངེས་འབྱུང་མིན། །གང་ལ་འཁོར་བ་སྤྱི་ཉིད་ལས། །ཐར་འདོད་ཤུགས་དྲག་ཡོད་གྱུར་ན། །དེ་ལ་ཐར་པ་དོན་གཉེར་བློ། །ངེས་པར་ཡོད་ཀྱི་གཞན་དུ་ན། །ཐར་པ་དོན་དུ་གཉེར་རོ་ཞེས། །བརྗོད་ཀྱང་མཚན་ཉིད་ཚང་བ་མིན། །དེས་ན་ལྷ་མིའི་གོ་འཕང་ཙམ། །དོན་དུ་གཉེར་བ་མི་རུང་ཡང་། །སངས་རྒྱས་མ་ཐོབ་བར་དུ་ནི། །དམ་ཆོས་སྒྲུབ་པའི་རྟེན་བཟང་པོ། །ཐོབ་ཕྱིར་དགེ་རྩ་སྨོན་ལམ་སོགས། །བྱེད་མ་འགལ་བ་ཅི་ཡང་མེད། །དེ་ཡང་ཐར་པ་དོན་གཉེར་བའི། །ཞར་བྱུང་ཙམ་དུ་བྱེད་པ་སྟེ། །དཔེར་ན་སྐོམ་པས་གདུངས་པའི་མིས། །དོན་གཉེར་གཙོ་བོ་བཏུང་བ་སྟེ། །དེ་ཡི་ཆེད་དུ་སྣོད་ཉིད་ཀྱང་། །ཞར་ལ་དོན་དུ་གཉེར་བ་བཞིན། །ཟས་གོས་དོན་དུ་གཉེར་བ་ཙམ། །འཁོར་བ་དོན་དུ་གཉེར་མིན་ཏེ། །དགྲ་བཅོམ་དག་ལའང་ཟས་གོས་སོགས། །དོན་དུ་གཉེར་བ་ཡོད་པ་བཞིན། །དེ་ནི་གནས་སྐབས་ལུས་འཚོ་དང་། །ཚ་གྲང་ངོ་ཚའི་གནས་སོགས་ལས། །སྐྱོབ་པའི་ཆེད་དུ་དགོས་པས་ན། །སྤང་དུ་རུང་པའང་མ་ཡིན་ནོ། །དེ་ཕྱིར་འཁོར་བའི་ཕུན་ཚོགས་དག །དོན་དུ་མི་གཉེར་གསུངས་གྱུར་ཀྱང་། །སྲེད་པར་བཅས་པ་ཡིན་མིན་སོགས། །ཞིབ་ཆ་ཡོད་པས་འཁྲུལ་མི་བྱ། །སྟོན་པ་དགྲ་བཅོམ་འཁོར་དང་བཅས། །གྲོང་དུ་བསོད་སྙོམས་ལ་ཞུགས་ཏེ། །བསོད་སྙོམས་དངོས་པོ་གཞན་ཕུལ་སོགས། །བཞེས་པ་ཡོད་ཕྱིར་ཟང་ཟིང་དངོས། །བླངས་ཙམ་དེ་ཉིད་དོན་གཉེར་མིན། །བསོད་ནམས་སྟོབས་ལྡན་བསགས་མཛད་པའི། །སྐྱེས་ཆེན་ཟང་ཟིང་འབྱོར་མེད་པ། །སྲིད་ཀྱང་དེ་ཉིད་མ་བཟུང་བ། །ཡིན་གྱི་དབུལ་བའི་ལས་ཀྱིས་མིན། །ཟང་ཟིང་དངོས་པོ་མེད་པ་དང་། །དོན་དུ་མི་གཉེར་གང་ཟག་ཀུན། །ལེགས་པའི་ངེས་པ་ཡོད་མིན་ཏེ། །ཡི་དྭགས་དུད་འགྲོ་ཆེ་ཕྲ་བཞིན། །བསོད་ནམས་མཐུ་ལས་བྱུང་བ་ཡི། །འབྱོར་ལྡན་གཏོང་ཕོད་རབ་བྱུང་ཡང་། །སྐྱོན་མིན་རྒྱལ་དབང་པཎ་ཆེན་བཞིན། །འོན་ཀྱང་ཐར་འདོད་སྐྱེས་བུ་ནི། །འདོད་ཆུང་ཆོག་ཤེས་ཆེ་ལེགས་ཏེ། །འཚོལ་གཡེང་བྱ་བྱེད་མང་བ་ནི། །དགེ་སྦྱོང་བར་ཆད་བྱེད་པའི་རྒྱུ། །བདེ་འགྲོ་ངན་འགྲོས་བསྡུས་པ་ཡི། །འཁོར་བ་སྤྱི་ལས་ཐར་འདོད་བློ། །སྐྱེས་ཙམ་ཉིད་ནས་ཐར་འདོད་ཀྱི། །སྐྱེས་བུ་ཡིན་མོད་དེ་ཙམ་གྱིས། །མི་ཆོག་རྫོགས་པའི་སངས་རྒྱས་རྒྱུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བྱ། །སྙིང་རྗེ་ཆེན་པོ་མེད་པར་ནི། །བྱང་ཆུབ་སེམས་ཉིད་མི་སྐྱེ་བས། །སྡུག་བསྔལ་ཅན་གྱི་སེམས་ཅན་རྣམས། །སྡུག་བསྔལ་ལས་ནི་ཐར་འདོད་དང་། །སྐྱོབ་པར་འདོད་པའི་སྙིང་རྗེ་བསྐྱེད། །སེམས་ཅན་སྡུག་བསྔལ་རྣམ་གསུམ་ལས། །སྐྱོབ་འདོད་སྙིང་རྗེ་ཁྱབ་ཆེ་ཡང་། །ལྷག་པར་ཚོར་བ་སྡུག་བསྔལ་གྱིས། །གཟིར་བའི་སྡུག་བསྔལ་རྒྱུ་དང་བཅས། །རང་གི་ཐོག་ཏུ་ལེན་པ་ནི། །ཕན་ཡོན་ཆེ་བར་བཤད་པས་ན། །དེ་ཉིད་ཡང་ཡང་གོམས་པར་བྱ། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་། །མ་འདྲེས་བདེ་ལ་འགོད་འདོད་པའི། །བྱམས་པའི་དམིགས་རྣམ་རྒྱ་ཆེ་ཡང་། །ལྷག་པར་བླ་མེད་བདེ་བ་ལ། །འགོད་འདོད་སེམས་པ་མཆོག་གསུངས་ཏེ། །ལྷག་བསམ་ཉིད་ཀྱང་དེ་རུ་འདུས། །སེམས་ཅན་ཐམས་ཅད་རྫོགས་བྱང་ལ། །འགོད་ཕྱིར་རང་ཉིད་རྫོགས་བྱང་ཆུབ། །ཐོབ་འདོད་དོན་གཉེར་ཁྱད་པར་ཅན། །སྐྱེས་ཚེ་བྱང་ཆུབ་སེམས་ཉིད་སྐྱེས། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །སྐྱོབ་འདོད་བཅོས་མིན་མ་སྐྱེས་པར། །རྫོགས་བྱང་ཐོབ་འདོད་དོན་གཉེར་བ། །སྐྱེ་བ་སྲིད་མོད་སེམས་དེ་ནི། །རང་དོན་ཡིད་བྱེད་ཁོ་ནའི་དབང་། །སོང་ཕྱིར་སེམས་བསྐྱེད་ལྟ་ཞོག་གི། རྫོགས་བྱང་དོན་གཉེར་ཚད་ལྡན་མིན། །དེ་ཕྱིར་སེམས་ཅན་དོན་གྱི་ཕྱིར། །རྫོགས་བྱང་དོན་དུ་གཉེར་བར་བྱ། །བདག་མེད་རྟོགས་པའི་ལྟ་བ་ནི། །ཡང་དག་རྙེད་པ་ཙམ་ཞིག་ནི། །ཐར་པའི་རྒྱུ་རུ་འགྲོ་གསུངས་ཕྱིར། །ལྟ་བ་དེ་ནི་བཙལ་བྱ་སྟེ། །དེ་ཡང་ཕྲ་རགས་ཀུན་དང་ནི། ཁྱད་པར་རང་བཞིན་སྟོང་པ་ལ། །བྱ་བྱེད་ཐམས་ཅད་ཆེས་འཐད་པའི། །ལུགས་མཆོག་ཐལ་འགྱུར་ལྟ་བའི་ཚུལ། །རྗེ་ཡི་ལུགས་བཞིན་དབུ་མ་ལྟར། །རིགས་པའི་རྣམ་གྲངས་མཐའ་ཡས་སམ། །མདོར་བསྡུས་ཡིན་ཡང་རྣམ་དག་གི། ཕྱོགས་སུ་འགྲོ་བ་ཞིག་བཙལ་བྱ། །དེ་ཉིད་ཞི་གནས་དང་འབྲེལ་བར། །སྐྱོང་རྒྱུ་བྱུང་ན་རབ་ཡིན་ནོ། །ཚུལ་དེ་དཀའ་བར་ངེས་པ་ལྟར། །ཅི་ནུས་འཇོག་ཅིང་དཔྱད་སྒོམ་བྱ། །དེ་ལྟར་དཔྱད་ཅིང་བསྒོམས་བྱས་ན། །སྐད་ཅིག་རེ་རེ་བཞིན་དུ་ཡང་། །ཐར་པའི་བག་ཆགས་འཇོག་མོད་ཀྱི། །བླ་མེད་བྱང་ཆུབ་རྒྱུ་ཉིད་དུ། །འགྲོ་བར་སངས་རྒྱས་དོན་གཉེར་དང་། །བསྔོ་བ་ཁྱད་པར་ཅན་གཉིས་ཀྱིས། །ཟིན་པ་ལ་ལྟོས་དེ་ལ་འབད། །དེ་ནས་ཕྱིན་དྲུག་བསླབ་གསུམ་ལ། །འཇུག་ཕྱིར་བྱང་སྡོམ་བཟུང་བྱས་ཏེ། །སྦྱིན་སོགས་སྤྱོད་པ་དག་ལ་བསླབ། །སྦྱིན་པ་དངོས་སུ་གཏོང་བའམ། །ཡང་ན་མདོ་དང་ལམ་རིམ་ནས། །གསུངས་བཞིན་རང་གི་ལུས་ལོངས་སྤྱོད། །དགེ་ཀུན་གཞན་ལ་གཏོང་བ་ཡི། །འཕེན་པ་ཡང་ཡང་དྲན་པར་བྱ། །སོ་ཐར་བྱང་སེམས་གསང་སྔགས་ཀྱི། །སྡོམ་གསུམ་སྲུང་བ་ཚུལ་ཁྲིམས་ཏེ། །བཟོད་པའི་དབྱེ་བ་སྤྱི་དང་ནི། ཁྱད་པར་ཆོས་ལ་ངེས་སེམས་ཀྱི། །བཟོད་པ་འཇུག་བྱ་ཆོས་ཀྱི་ཕྱིར། །དཀའ་བ་དང་བླངས་བཟོད་ལ་འབད། །ཆོས་ཕྱིར་བརྩོན་འགྲུས་ལ་འཇུག་ཅིང་། །དགེ་བའི་དམིགས་པ་གང་ཡིན་པ། །སྐབས་སུ་བབ་པ་ཡུན་རིང་ཐུང་། །བློ་དང་འཚམས་པ་ཉིད་དུ་བཞག །དེ་དག་ལ་ནི་ཚུལ་བཞིན་དུ། །དཔྱོད་པའི་ཤེས་རབ་རྒྱས་བྱ་ཞིང་། ཁྱད་པར་ཡང་དག་དོན་ཉིད་ལ། །རང་གི་བློ་དང་བསྟུན་ནས་དཔྱོད། །སྡོམ་པ་གསུམ་པོ་གང་རུང་ལ། །གནས་ཚེ་ཚུལ་ཁྲིམས་བསླབ་འབྱུང་ཞིང་། །དེ་ལ་བརྟེན་ནས་ཞི་གནས་སམ། །དེ་དང་རྗེས་མཐུན་ཡང་དག་དོན། །ཅི་ལྟར་རིགས་པར་མཉམ་བཞག་བྱ། །ལྷག་མཐོང་དགོས་སམ་རྗེས་མཐུན་པའི། །བདག་མེད་ཕྲ་རགས་རྟོགས་པ་ཡི། །ལྟ་བ་ཅི་རིགས་བཙལ་བྱས་ཏེ། །ཤེས་རབ་བསླབ་ལ་འཇུག་པར་བྱ། །དེ་ལྟར་ཕར་ཕྱིན་ཐེག་པ་ལ། །རང་གི་བློ་དང་འཚམ་པར་ནི། །བསླབས་དེས་རྡོ་རྗེ་ཐེག་པའི་ལམ། །མཆོག་ཏུ་མཐོང་ནས་འཇུག་པར་བྱ། །རྗེ་ཡི་རྟོགས་པ་བརྗོད་པ་ལས། །མཁས་གང་སངས་རྒྱས་ཉིད་ལས་ཀྱང་། །དཀོན་པའི་རྡོ་རྗེ་ཐེག་པ་ལ། །རང་དགར་མཐོང་ནས་མི་འཇུག་པ། །དེ་ནི་བླུན་པོ་ཉིད་དུ་བཤད། །རྗེ་ཡི་གསུང་འབུམ་ཐོར་བུའི་མཇུག །འཇམ་དབྱངས་གསུང་གི་མན་ངག་མཆོག །བཀོད་པར་རིགས་ལམ་ལ་ཞེན་ཏེ། །གསང་སྔགས་ལམ་འདིར་མི་འཇུག་པ། །གང་དེ་སངས་རྒྱས་མྱུར་ཐོབ་པའི། །སྐལ་ཆད་ཅན་དུ་བཤད་པར་མཐོང་། །གལ་ཏེ་གསང་སྔགས་ལ་ཞུགས་ནས། །དམ་ཚིག་སྡོམ་པ་བསྲུང་དཀའ་ཞིང་། །དམ་ཚིག་ཉམས་ན་ངན་འགྲོ་རུ། །སྐྱེ་བའི་ཉེས་པར་འགྱུར་གསུངས་དང་། ཁྱད་པར་སྔགས་ལ་འཇུག་པའི་ཚེ། །ཕར་ཕྱིན་ཐེག་པའི་ལམ་གྱིས་ནི། །རྒྱུད་སྨིན་བྱས་པ་དགོས་སོ་ཞེས། །གསུངས་ཕྱིར་དེ་འདྲ་དཀའ་བ་རུ། །མཐོང་བས་གསང་སྔགས་ཐེག་པ་ལ། །འཇུག་པར་མི་འདོད་ཁྱད་པར་རུ། །གསང་བདེ་འཇིགས་སོགས་མངོན་རྟོགས་ཀྱང་། །རྣལ་འབྱོར་བྱེད་པར་མི་ནུས་སོ། །སྙམ་ན་དེ་ནི་ཐོས་ཉུང་གིས། །ཕྱོགས་ཙམ་མཐོང་བའི་ལོག་རྟོག་སྟེ། །འོ་ན་སོ་ཐར་སྡོམ་པ་ཀུན། །ལེན་ཚེ་ངེས་འབྱུང་དགོས་གསུངས་པས། །རབ་བྱུང་གསར་བུ་ཐམས་ཅད་དང་། ཁྱིམ་པ་བསྙེན་གནས་བླངས་ཀུན་ལ། །ངེས་འབྱུང་སྐྱེས་པ་ཡིན་ནམ་ཅི། །མིན་ན་སྡོམ་པ་ཇི་ལྟར་སྐྱེ། །ཡིན་ན་ངེས་འབྱུང་གསུང་རབ་ནས། །བཤད་བཞིན་ཀུན་ལ་འབད་མེད་པར། །སྐྱེ་བར་ཐལ་ཕྱིར་འདོད་པ་མིན། །གལ་ཏེ་ངེས་འབྱུང་ཕལ་པ་ཙམ། །སྐྱེ་བར་འགྱུར་གྱི་ཁྱད་པར་ཅན། །སྐྱེ་བར་ངེས་པ་མིན་ཞེ་ན། །འདིར་ཡང་རྒྱུད་སྡེ་ནས་བཤད་ལྟར། །སེམས་བསྐྱེད་མཚན་ཉིད་རྫོགས་པ་ཞིག །སྐྱེ་བར་ངེས་པ་མ་ཡིན་ཡང་། །སངས་རྒྱས་དོན་གཉེར་གྱིས་ཟིན་པའི། །སེམས་བསྐྱེད་ཕལ་པ་ཙམ་ཞིག་ནི། །སྐྱེ་བ་ཡོད་ཕྱིར་དེས་ཀྱང་འགྲུབ། །མདོར་ན་སྙིགས་དུས་མདོ་རྒྱུད་ནས། །བཤད་བཞིན་ས་ལམ་ཁྱད་པར་ཅན། །སྐྱེ་བར་དཀའ་ཞིང་དམ་ཚིག་དང་། །སྡོམ་པ་དེ་ལྟར་བསྲུང་དཀའ་ཡང་། །དུས་དང་གནས་སྐབས་ལས་དཔག་པའི། །སྲུང་སྡོམ་ཡོད་ཕྱིར་ས་ལམ་ཀྱང་། །དེ་དང་མཐུན་པར་སྐྱེ་བར་མཆིས། །གལ་ཏེ་གསང་སྔགས་ལམ་ཉིད་ནས། །བཤད་ལྟར་ཚེ་འདིར་སངས་རྒྱས་ཉིད། །མི་འགྲུབ་སྙམ་ན་ཚེ་འདི་ལ། །སངས་རྒྱས་འགྲུབ་པར་མ་གྱུར་ཀྱང་། །སྔགས་ཀྱི་ལྷ་ཡི་རྣལ་འབྱོར་ལ། །བག་ཆགས་ཁྱད་པར་ཅན་བཞག་པས། །ལྷག་པའི་ལྷ་ཡིས་ཚེ་རབས་ཀུན། །རྗེས་འཛིན་བྱིན་རླབས་རྒྱུད་སྨིན་ཏེ། །སྐྱེ་བ་བཅུ་དྲུག་དག་ལ་སོགས། །མྱུར་དུ་འཚང་རྒྱའི་རྟེན་འབྲེལ་ཡོད། །དམ་ཚིག་ཉམས་ན་ངན་འགྲོ་རུ། །སྐྱེ་བར་གསུངས་ཀྱང་བཤགས་སྡོམ་དང་། །ལྷ་ཡི་རྣལ་འབྱོར་བཟླས་པའི་མཐུས། །ངན་འགྲོར་སྐྱེ་བ་འགོག་པ་ཡིན། །སློབ་དཔོན་རྡོ་རྗེ་འཛིན་པ་ལ། །སྙིང་ནས་སྨོད་པའི་རྩ་ལྟུང་འདི། །མ་གཏོགས་རྩ་ལྟུང་གཞན་བྱུང་ཡང་། །བཤགས་སྡོམ་རྣལ་འབྱོར་སྟོབས་ཀྱིས་ནི། །འདགས་པར་སླ་བ་ཉིད་བཤད་ཅིང་། །སྤྱིར་ནི་རྩ་ལྟུང་གང་བྱུང་ཡང་། །དབང་གིས་སྦྱོང་བར་གསུངས་པ་ལགས། །གསང་སྔགས་ལམ་འདིར་མ་ཞུགས་པ། །བདེ་འགྲོར་སྐྱེས་ཀྱང་སྐལ་ངན་དུ། །གསུངས་ཕྱིར་ལམ་འདིར་ཞུགས་པ་ནི། །ངན་འགྲོར་སྐྱེས་ཀྱང་སྐལ་ལྡན་ནོ། །དཔེར་ན་མདོ་ལས་ཟབ་མོའི་དོན། །མ་ཐོས་ངན་འགྲོར་བསྐལ་པའི་བར། །གནས་འགྱུར་ཁ་ཅིག་ཟབ་དོན་ཉིད། །ཐོས་ནས་སྐུར་བ་བཏབ་གྱུར་ཏེ། །ངན་འགྲོར་སྐྱེས་ཀྱང་མྱུར་བར་ནི། །ཐར་ནས་བདེ་འགྲོར་སྐྱེ་བ་དང་། །དགྲ་བཅོམ་གོ་འཕང་ཐོབ་བཤད་བཞིན། །སྔགས་ཀྱི་དམ་ཚིག་སྡོམ་པ་ཉིད། །ཉམས་པ་ལྟ་ཅི་སོ་ཐར་གྱི། །སྡོམ་པ་ཉམས་པར་གྱུར་པ་ཡིས། །ངན་འགྲོར་སྐྱེ་བར་བཤད་པ་དང་། །མི་དགེ་བཅུ་དང་མཚམས་མེད་སོགས། །ཉེས་པས་ངན་འགྲོར་སྐྱེ་བར་བཤད། །གལ་ཏེ་ཉེས་པ་དེ་རེ་རེས། །ངན་འགྲོར་སྐྱེ་བར་མ་ངེས་ཀྱང་། །སྐྱེ་བའི་རྒྱུ་ཙམ་ལ་དགོངས་ནས། གསུངས་སོ་ཞེ་ན་འདིར་ཡང་མཚུངས། །སྤྱིར་ནི་མདོ་སྔགས་གཞུང་རྣམས་ལས། སྐྱོན་དང་ཡོན་ཏན་གང་ལ་ཡང་། །འདི་དང་འདི་ནི་བྱས་པ་ལས། །ཕན་ཡོན་ཉེས་དམིགས་འདི་དང་འདི། །འབྱུང་བར་འགྱུར་རོ་ཞེས་གསུངས་པ། །དགོངས་གཞི་གང་ལ་དགོངས་གྱུར་བའི། །ཚུལ་དེ་རྟོགས་དཀའ་ཇི་ལྟར་ཡང་། །ད་ལྟའི་གང་ཟག་དག་ལ་ནི། །ཇི་བཞིན་འབྱུང་བའི་ངེས་པ་མེད། །མདོར་ན་དལ་རྟེན་ཐོབ་དུས་འདིར། །རྡོ་རྗེ་ཐེག་པའི་ལམ་སྤྱི་དང་། །བླ་མེད་ལམ་དུ་འཇུག་བྱ་ཞིང་། །གསང་བདེ་འཇིགས་གསུམ་ལ་སོགས་པ། །གང་ལ་དགའ་བ་དེ་ལ་འབད། །འོན་ཀྱང་རྗེ་ཡི་དགོངས་པ་ནི། །གསང་བདེ་འཇིགས་གསུམ་འབྲེེལ་བར་ནི། །ཉམས་སུ་ལེན་པ་ཉིད་ཡིན་ཏེ། །ལྷག་པའི་ལྷ་མཆོག་དུ་མ་ཡིས། །བྱིན་གྱིས་རློབ་དང་རྗེས་འཛིན་པའི། །རྟེན་འབྲེལ་ཡོད་པས་གནད་དུ་ཆེ། །སངས་རྒྱས་ཀུན་གྱི་གཙོར་གྱུར་པའི། །ལྷ་མཆོག་འདི་དག་ཐམས་ཅད་ཀྱི། །མཚན་ཙམ་བཟུང་བས་ངན་འགྲོའི་རྒྱུ། །སྦྱོང་ན་རྣལ་འབྱོར་བསྒོམས་ལྟ་ཅི། །སྐྱེ་བ་བརྒྱ་ཕྲག་དག་ཏུ་ཡང་། །མིང་ཙམ་ཐོས་པར་དཀའ་གྱུར་ན། །ཐོས་བསམ་སྒོམ་པས་འཇུག་བྱེད་པ། །སྐལ་པར་ལྡན་པ་ལྟ་ཅི་སྨོས། །དེ་ཕྱིར་དགག་བྱ་དགོས་པ་ནི། །གཉིས་ལས་དགོས་པ་དོན་གཉེར་བ། །མཆོག་ཏུ་བཟུང་བྱ་ཕྱོགས་ཙམ་ཞིག །རྟོགས་པའི་བློ་ངན་ལམ་མི་འཇུག །གཞན་དུ་མདོ་དང་རྒྱུད་སྡེ་ལས། །གསུངས་པ་ཇི་བཞིན་ལག་ལེན་དུ། །མི་ཁེལ་མཐོང་ནས་འདོར་བྱེད་ན། །རབ་བྱུང་བྱེད་པ་ནས་བཟུང་སྟེ། །ཐམས་ཅད་སྔོན་གྱི་དུས་ལྟ་བུར། །མི་འབྱུང་ཀུན་ཀྱང་འདོར་དགོས་པར། །ཐལ་ཕྱིར་བསྟན་ལའང་འཇུག་དཀའ་བས། །ཀུན་ལ་ལོག་ལྟའི་སྐུར་འདེབས་ཀྱིས། །ཐར་མེད་ངན་སོང་ཅིས་མི་འཕེན། །མཁས་པས་བསྟན་ལ་ལུང་རིགས་ཀྱིས། །བྱི་དོར་དག་ཐེར་བྱེད་པའི་ཚེ། །དགོས་པའི་དབང་གིས་གསུངས་པ་ནི། །དགོངས་པ་ཅན་ཏེ་བརྟག་བྱའི་གནས། །དེང་དུས་གསང་སྔགས་བསྟན་པ་དང་། །དམ་རྫས་སྐུ་གསུང་ཐུགས་ཀྱི་རྟེན། །ཐམས་ཅད་ཕྱོགས་མཐར་ཁྱབ་པའི་ཕྱིར། །གསང་དང་མི་གསང་དབྱེ་བ་ནི། །མཐའ་གཅིག་ཏུ་ནི་ངེས་པ་རུ། །སངས་རྒྱས་ཀྱིས་ཀྱང་བསྒྲུབ་མི་ནུས། །དེ་ཕྱིར་དུས་དང་གནས་སྐབས་དང་། །བསྟུན་པའི་ཆོས་ལུགས་ཤེས་བྱ་སྟེ། །སྔོན་དང་ད་ལྟ་མ་འོངས་པའི། །བྱ་བྱེད་གཅིག་ཏུ་འོངས་དགོས་པར། །འདོད་ལ་འཐད་པ་ག་ལ་ཡོད། །ཐུབ་དབང་རྡོ་རྗེ་འཆང་ཉིད་ཀྱིས། །འདས་དང་ད་ལྟ་མ་འོངས་པའི། །གདུལ་བྱའི་མཆོག་དམན་མ་གཟིགས་པར། །གསང་སྔགས་གསུངས་པ་མ་ཡིན་ཞིང་། །པཎ་གྲུབ་རྣམས་དང་འཇམ་དབྱངས་དང་། །རྗེས་ཀྱང་མ་འོངས་མ་མཁྱེན་མིན། །སྔོན་ཚེ་དགྲ་བཅོམ་གྲུབ་ཆེན་སོགས། །མང་བྱོན་ད་ལྟ་སྲིད་མཐའ་ཙམ། །གྱུར་འདི་དུས་ཀྱི་དབང་ལས་ཏེ། །དེས་ན་གཞན་དུ་བསམ་མི་བྱ། །སྤྱིར་ནི་ངན་སོང་ལས་ཐར་ཕྱིར། །སྟོབས་བཞིའི་བཤགས་སྡོམ་བྱེད་པ་སྟེ། །སངས་རྒྱས་བྱང་སེམས་འཕགས་ཚོགས་ཀྱི། །མཚན་ནས་གུས་པས་བརྗོད་པ་དང་། །གཟུངས་སྔགས་ཁྱད་ཅན་རྣམས་འདོན་ཅིང་། །བདག་མེད་དོན་ལ་དཔྱད་པར་རིགས། །འཁོར་བ་ལས་ཀྱང་གྲོལ་བའི་ཐབས། །དེ་རྣམས་འགྱུར་མོད་ཁྱད་པར་དུ། །བདག་མེད་རྟོགས་པའི་ལྟ་བ་ནི། །གྲོལ་བྱེད་ལམ་མཆོག་དངོས་ཉིད་དུ། །བཤད་ཕྱིར་ཐར་འདོད་ངེས་འབྱུང་ཀྱང་། །སྨིན་བྱེད་ལམ་དུ་འགྱུར་བ་ཡིན། །མི་རྟག་ལ་སོགས་བཅུ་དྲུག་ནི། །ཐར་འདོད་ཀུན་གྱིས་བསམ་བྱ་སྟེ། །ཉེ་བར་ལེན་པའི་ཕུང་པོ་ལྔ། །མི་རྟག་སྡུག་བསྔལ་སྟོང་པ་དང་། །བདག་མེད་ཉིད་དུ་རབ་བཤད་དེ། །སྐྱེ་འཇིག་ཕྱིར་ན་མི་རྟག་དང་། །སྡུག་བདེན་ཉིད་ཕྱིར་སྡུག་བསྔལ་ལོ། །དོན་གཞན་ཉིད་ཀྱིས་སྟོང་པ་དང་། །རང་གི་ངོ་བོ་བདག་མེད་བསམ། །སྲེད་སོགས་ཉོན་མོངས་ཐམས་ཅད་ནི། །སྡུག་བསྔལ་བསྐྱེད་ཕྱིར་རྒྱུ་ཡིན་ལ། །སྡུག་བསྔལ་རྣམས་འབྱུང་ཀུན་འབྱུང་སྟེ། །སྡུག་བསྔལ་རབ་སྐྱེ་རབ་སྐྱེ་དང་། །སྡུག་བསྔལ་རྐྱེན་བྱེད་རྐྱེན་དུ་བརྗོད། །སྡུག་བསྔལ་འགག་ཕྱིར་འགོག་པ་སྟེ། །དེ་ཉིད་ཞི་ཕྱིར་ཞི་བ་དང་། །གྱ་ནོམ་ངེས་འབྱུང་ཞེས་སུའང་བརྗོད། །ཐར་པར་བགྲོད་བྱེད་ལམ་ཉིད་དེ། །ཚུལ་བཞིན་སྒྲུབ་བྱེད་སྒྲུབ་པ་དང་། །གཉེན་པོ་ཡིན་ཕྱིར་རིག་པ་སྟེ། །ངེས་འབྱིན་ཞེས་ཀྱང་རབ་ཏུ་བརྗོད། །འདུས་བྱས་ཐམས་ཅད་མི་རྟག་ཅིང་། །ཟག་བཅས་ཐམས་ཅད་སྡུག་བདེན་ཏེ། །ཆོས་རྣམས་ཐམས་ཅད་བདག་མེད་དང་། །མྱ་ངན་འདས་པ་ཞི་བར་བསམ། །དེ་ནི་ཆོས་ཀྱི་སྡོམ་ཞེས་བྱ། །དོན་རིགས་བཀའ་དང་བསྟན་བཅོས་རྣམས། །ཞལ་འདོན་བྱེད་པ་མཆོག་ཡིན་མོད། །ངེས་འབྱུང་བྱམས་པ་སྙིང་རྗེ་དང་། །བྱང་སེམས་བདག་མེད་ལྟ་བ་དང་། །བསླབ་གསུམ་རིམ་གཉིས་ལམ་དག་ལ། །བསླབ་ལ་བརྩོན་པ་ཆེས་མཆོག་སྟེ། །གཞན་དུ་ཆོས་འདོན་པ་རུ་འགྱུར། །སངས་རྒྱས་ཉིད་ཀྱིས་ཐར་འདོད་ལ། །དབེན་གནས་མཆོག་ཏུ་གསུངས་མོད་ཀྱང་། །དེ་ནི་རྣམ་གཡེང་མི་ཆེ་བར། །ཉམས་ལེན་འབད་ལ་དགོངས་པ་སྟེ། །གཞན་དུ་རི་དྭགས་དུ་མ་དང་། །བྱ་བྱིས་འབུ་སྲིན་མང་པོ་ཡང་། །དབེན་པར་རི་ཁྲོད་མི་གནས་སམ། ཁྱད་པར་བྱང་ཆུབ་སེམས་དཔའ་ལ། །ནང་གི་དབེན་པ་མཆོག་ཡིན་ཏེ། །དེ་ཡང་རང་དོན་ཡིད་བྱེད་དང་། །བྲལ་ནས་གཞན་དོན་གཙོར་སེམས་པ། །ནང་གི་དབེན་པ་མཆོག་ཏུ་བཤད། །རང་དོན་ཁོ་ན་ཡིད་བྱེད་བཞིན། །དབེན་པར་ལོ་ནི་བྱེ་བ་བརྒྱར། །གནས་ཀྱང་བྱང་ཆུབ་སེམས་དཔའ་ཡི། །དབང་བྱས་དབེན་པར་ལེགས་གནས་མིན། །དེ་ཡང་སོ་སོ་སྐྱེ་བོ་ལ། །རང་གཞན་དོན་གཉིས་འདྲེས་པ་ལས། །གཞན་དོན་ལོ་ན་འབྱུང་དཀའ་ཡང་། །གཞན་དོན་ཡལ་བར་དོར་ནས་ནི། །དགེ་ལ་ཇི་ལྟར་འབད་གྱུར་ཀྱང་། །བདེ་འགྲོ་ཙམ་མམ་ཉན་རང་གི། ལམ་ལས་འདས་པ་མ་ཡིན་ནོ། །དེ་ཕྱིར་རིམ་གྲོ་རྐྱེན་སེལ་སོགས། །རང་གི་དོན་ལ་གཙོར་དམིགས་པའི། །དགེ་བ་དག་ཀྱང་གཞན་དོན་དུ། །བསྔོ་སྨོན་ཉིད་ཀྱིས་རྒྱས་འདེབས་བྱ། །རྫོགས་བྱང་དོན་གཉེར་བྲལ་བ་དང་། །གཞན་ཕན་བློ་ནི་མེད་གྱུར་པ། །ཐེག་ཆེན་ལམ་གྱི་སྣོད་མིན་ན། །གསང་སྔགས་སྣོད་དུ་འགྱུར་བར་དཀའ། །ཞེ་སྡང་རྣམ་ཀུན་སྡིག་ཆེ་ཞིང་། །འདོད་ཆགས་ལས་ནི་ཆེ་སོགས་གསུམ། །དེ་ཡང་འདོད་ཆགས་དབང་ཉིད་ཀྱིས། །ཕན་གནོད་གཉིས་ཀ་བྱེད་འགྱུར་ཡང་། །ཀུན་གྱི་མིག་བལྟོས་ལ་གནོད་པའི། །འདོད་ཆགས་རྣམ་སྨིན་སྡིག་ཆེ་ལ། །གཞན་དུ་ངེས་པ་མེད་པར་གསུངས། །གཏི་མུག་འདོད་སྡང་རྩ་བ་སྟེ། །དེ་ལས་ཉོན་མོངས་གཞན་སྐྱེ་འགྱུར། །ཉོན་མོངས་དབང་གིས་ལས་བསགས་ཏེ། །ལས་ཀྱི་དབང་གིས་སྐྱེ་བ་འཕེན། ཁ་ཅིག་འཕངས་འབྲས་རྫོགས་པར་བྱེད། །ལས་ཉོན་དབང་གིས་སྐྱེ་ཞེས་པའི། །ཉོན་མོངས་གཙོ་བོ་མ་རིག་པ། །ལས་ལ་དགེ་སྡིག་གཉིས་ཡོད་ཀྱང་། །གཉིས་ཀ་འདུ་བྱེད་ལས་སུ་འདུས། །མ་རིག་དབང་གིས་ལས་དགེ་སྡིག །བསགས་ནས་བདེ་འགྲོ་ངན་འགྲོ་རུ། །འཕེན་ལ་ལས་ཉོན་དབང་གིས་ན། །འཁོར་བར་འཕེན་པ་ཞེས་ནི་བརྗོད། །དེ་ལ་འདོད་ཁམས་གཟུགས་ཁམས་དང་། །གཟུགས་མེད་དག་ཏུ་འཕེན་པའང་ཡོད། །སོ་སྐྱེ་བདེ་བ་ཅན་ལ་སོགས། །དག་པའི་ཞིང་དུ་སྐྱེ་བ་ནི། ཁ་ཅིག་ལས་ཉོན་དབང་ཟེར་ཡང་། །ཐབས་དང་སྨོན་ལམ་བསོད་ནམས་ཀྱིས། །འཕངས་ཞེས་བརྗོད་ན་ལེགས་པར་འགྱུར། །ལས་ཀྱི་འབྲས་བུ་སྨིན་པའི་དུས། །གོ་རིམ་ངེས་པ་ཉིད་མིན་ཏེ། །དབྱིག་གཉེན་ཞབས་ཀྱིས་མཛོད་འགྲེལ་ལས། །ལས་ཀྱིས་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་པ་ལྟར་དུ་དགེ་སྡིག་གང་། །ཆེ་བ་དག་དང་འཆི་དུས་སུ། །མངོན་དུ་གྱུར་པ་གང་ཡིན་དང་། །གོམས་པ་ཤུགས་ཅན་གྱུར་པ་དང་། །སྔོན་དུ་བྱས་པ་དེ་དག་གི། རྣམ་སྨིན་རིམ་པར་སྨིན་པའམ། གང་ཡང་རུང་བ་སྔོན་ལ་སྨིན། །ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །འོན་ཀྱང་མི་དགེའི་ལས་ཕལ་ཆེར། །བཤགས་པ་ལ་སོགས་གཉེན་པོ་ཡིས། །རྣམ་སྨིན་འབྱིན་པར་འགྱུར་མིན་ཞིང་། །ཟག་མེད་ལས་ལའང་རྣམ་སྨིན་མེད། །ཉོན་མོངས་རྩད་ནས་སྤངས་པའི་ཚེ། །སྔོན་བྱས་ཟག་བཅས་ལས་དག་ནི། །ཅི་ཙམ་ཡོད་ཀྱང་རྣམ་སྨིན་གྱི། །འབྲས་བུ་འབྱིན་པར་མི་ནུས་ཏེ། །དཔེར་ན་གཤེར་དང་བྲལ་གྱུར་པའི། །ས་བོན་སྐམ་གྱིས་མྱུ་གུ་ནི། །སྔོན་པོ་འབྱིན་པར་མི་འགྱུར་བཞིན། །དེ་ཕྱིར་ལས་ཉོན་གཉིས་ལས་ནི། །ཉོན་མོངས་སྤོང་བ་དོན་ཆེ་ཡང་། །དང་པོའི་ལས་ཅན་དག་ལ་ནི། །ལས་སྒྲིབ་སྦྱོང་བ་གནད་དུ་ཆེ། ཁོང་ཁྲོས་རྣམ་སྨིན་གཏན་བཅོམ་པའི། །དགེ་བའི་ལས་ཀྱི་རྣམ་སྨིན་ཀྱང་། །མི་འགྲུབ་དེ་ཚེ་ལས་དེ་རྣམས། །ལུང་མ་བསྟན་གི་ལས་དང་མཚུངས། །རྐུ་འཕྲོག་སོགས་ཀྱིས་ཚེ་འདི་རུ། །འབྱོར་པའི་མངའ་ཐང་ཐོབ་སྲིད་ཀྱང་། །དེ་ནི་འཕྲལ་རྐྱེན་སྐྱེས་བུ་ཡི། །བྱེད་འབྲས་ཡིན་གྱི་རྣམ་སྨིན་མིན། །དེ་བཞིན་སྦྱིན་བཏང་ཚེ་འདི་རུ། །དབུལ་དང་ཆོས་བྱེད་འདི་ཉིད་དུ། །སྡུག་བསྔལ་ཐོབ་པའང་སྲིད་མོད་ཀྱི། །འཕྲལ་རྐྱེན་ཡིན་གྱི་རྣམ་སྨིན་མིན། །ཇི་སྐད་བཤད་པ་དེས་མཚོན་ནས། །སྔོན་གྱི་ལས་དང་འབྲལ་རྐྱེན་གྱི། །འབྲས་བུའི་ཁྱད་པར་ཕྱེད་བྱ་ཡི། །གཅིག་ཏུ་འཁྲུལ་པར་མི་བྱའོ། །ལས་འབྲས་ཁྱད་པར་མི་ཤེས་སམ། །ཤེས་ཀྱང་ཁྱད་གསོད་མི་བྱ་སྟེ། །ངན་སོང་གསུམ་དང་ཁྱད་པར་དུ། །མངོན་མཐོང་སྡིག་སྦྲུལ་སྦལ་པ་དང་། །འབུ་སྲིན་ལ་སོགས་མི་སྡུག་པའི། །གཟུགས་ཅན་འདི་འདྲར་འགྱུར་དུ་སྲིད། །མདོར་ན་སྡིག་སྤོང་དགེ་བའི་ལས། །ཅི་ནུས་བསྒྲུབ་བྱ་དགེ་སྡིག་གི། རྣམ་སྨིན་བདེ་སྡུག་མ་འཁྲུལ་པར། །འབྱུང་བ་རྟེན་འབྲེལ་ཆོས་ཉིད་ཡིན། །དཔེར་ན་གྲོ་ནས་སྲན་མ་སོགས། །ས་བོན་སྣ་ཚོགས་བསྲེས་བཏབ་ཀྱང་། །རང་རང་འབྲས་བུ་མ་ནོར་བར། །འབྱུང་གི་ནོར་ནས་འབྱུང་མི་སྲིད། །དེ་བཞིན་ཕྱི་ཡི་དངོས་ཀུན་གྱི། །འབྲས་བུ་སོ་སོར་མི་འཁྲུལ་བར། །འབྱུང་བ་མངོན་སུམ་མཐོང་བ་བཞིན། །དེ་ལྟར་ཤེས་པའི་ལྟ་བ་ནི། །འཇིག་རྟེན་པ་ཡི་ཡང་དག་ལྟ། །མི་གང་སུ་ལ་ཡོད་གྱུར་པ། །དེ་ནི་བསྐལ་པ་སྟོང་རྣམས་སུ། །ངན་འགྲོར་འགྲོ་བར་མི་འགྱུར་བཤད། །ཚུལ་འདི་རྣམ་དཔྱོད་ལྡན་པའི་རི་ཁྲོད་པ། །ཀུན་དགའ་ནོར་བུས་ཉམས་ལེན་ལ་མཁོ་བའི། །ཡི་གེ་འདི་ལྟར་གྱིས་ཞེས་ནན་ཏན་དུ། །བསྐུལ་ཚེ་བཤད་སྒྲུབ་མིང་ཅན་ཉིད་ཀྱིས་སྦྱར། །དེ་ཡང་ཚིག་སྦྱོར་ལེགས་མི་ལེགས། །བལྟོས་པ་མེད་པར་བློ་ངོ་ལ། །གང་ཤར་ཐོགས་མེད་མྱུར་བྲིས་པས། །ནོར་འཁྲུལ་མཁས་ལ་བཟོད་པར་གསོལ། །མངྒ་ལཾ།། །།

ཕུང་པོ་ལྔའི་རྣམ་གཞག་ཆོས་མངོན་པའི་སྙིང་པོ་བསྡུས་པ།

ཕུང་པོ་ལྔའི་རྣམ་གཞག་ཆོས་མངོན་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས།

ན་མོ་ཨཱཪྱ་མཉྫུ་ཤྲི་ཡེ། ཆོས་ཀུན་མངོན་གཟིགས་སྟོན་པ་བཅོམ་ལྡན་འདས། །གང་དེའི་རྒྱལ་ཚབ་མི་ཕམ་ཆོས་ཀྱི་རྗེ། །ཤིང་རྟ་ཆེན་པོ་ཐོགས་མེད་སྐུ་མཆེད་སོགས། །འཛམ་གླིང་མཁས་པ་རྣམས་ལ་གུས་པས་འདུད། །འདིར་རྒྱལ་བས་ཆོས་མངོན་པའི་མདོ་ལས་བཤད་པའི་ཕུང་ཁམས་སྐྱེ་མཆེད་སོགས་ཀྱི་རྣམ་གཞག་རྒྱས་པར་ནི་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པས་མངོན་པ་ཀུན་བཏུས་དང་མཛོད་རྩ་འགྲེལ་སོགས་ལས་བཤད་ཅིང་། ཁྱད་པར་དུ་དབྱིག་གཉེན་ཞབས་ཀྱིས་བློ་དམན་པ་དང་བསྡུས་པ་ལ་དགའ་བའི་ངོ་བོར་ཕུང་པོ་ལྔའི་བཤད་པ་ཟུར་དུ་མཛད་དོ། །ཕུང་ཁམས་སོགས་ཀྱི་རྣམ་གཞག་མཛོད་ནས་བཤད་པའི་དོན་བདག་གིས་ཀྱང་དེའི་འགྲེལ་པར་བཤད་ཟིན་ལ། །འདིར་ཕུང་པོ་ལྔའི་རབ་བྱེད་ཀྱི་དགོངས་པ་འགྲེལ་བའི་ཆེད་དུ་ཇི་ལྟར་འཚམ་པ་ཞིག་བཤད་པར་བྱ་སྟེ། འདི་ལ་གསུམ། གྲགས་ཀྱི་དབྱེ་བས་མདོར་བསྟན་པ་དང་། དེ་རྣམས་ཀྱི་དོན་ཅུང་ཟད་ཕྱེ་སྟེ་རྒྱས་པར་བཤད་པ་དང་། འཕྲོས་དོན་བཤད་པའོ། །དང་པོ་ལ་ཕུང་པོ་ནི་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའོ། །གཟུགས་ཀྱི་ཕུང་པོ་ལ་དབྱེ་ན་བཅོ་ལྔ་སྟེ། འབྱུང་བ་བཞི་དང་། དེས་རྒྱུར་བྱས་པའི་གཟུགས་བཅུ་གཅིག་གོ །འབྱུང་བ་བཞི་ནི། སའི་ཁམས་དང་ཆུ་དང་མེ་དང་རླུང་གི་ཁམས་བཞིའོ། །རྒྱུར་བྱས་པའི་གཟུགས་བཅུ་གཅིག་ནི། མིག་གི་དབང་པོ་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་དང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །ཚོར་བའི་ཕུང་པོ་ནི་གསུམ་སྟེ། བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་ཚོར་བའོ། །འདུ་ཤེས་ཀྱི་ཕུང་པོ་ཡང་གསུམ་སྟེ། ཆུང་ངུ་དང་ཆེན་པོ་དང་ཚད་མེད་པའི་འདུ་ཤེས་རྣམས་སོ། །འདུ་བྱེད་ཀྱི་ཕུང་པོ་ནི་གཉིས་ཏེ། མཚུངས་ལྡན་འདུ་བྱེད་དང་ལྡན་མིན་འདུ་བྱེད་དོ། །མཚུངས་ལྡན་འདུ་བྱེད་ལ་སེམས་བྱུང་ང་གཅིག་དང་། ལྡན་མིན་འདུ་བྱེད་ལ་བཅུ་བཞིའོ། །དང་པོ་ང་གཅིག་ནི་རེག་པ་དང་ཡིད་ལ་བྱེད་པ་དང་ཚོར་བ་དང་འདུ་ཤེས་དང་སེམས་པ་སྟེ་ཀུན་འགྲོ་ལྔའོ། །འདུན་པ་དང་མོས་པ་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་སྟེ་ཡུལ་ངེས་ལྔའོ། །དད་པ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པའི་དགེ་རྩ་དང་། བརྩོན་འགྲུས་དང་ཤིན་ཏུ་སྦྱངས་པ་དང་བག་ཡོད་པ་དང་བཏང་སྙོམས་དང་རྣམ་པར་མི་འཚེ་བ་སྟེ་དགེ་བ་བཅུ་གཅིག་གོ །འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་དང་ལྟ་བ་ཉོན་མོངས་ཅན་དང་ཐེ་ཚོམ་ཉོན་མོངས་ཅན་ཏེ་དྲུག་ནི་རྩ་བའི་ཉོན་མོངས་སོ། ཁྲོ་བ་དང་འཁོན་དུ་འཛིན་པ་དང་འཆབ་པ་དང་འཚིག་པ་དང་ཕྲག་དོག་དང་སེར་སྣ་དང་གཡོ་དང་སྒྱུ་དང་། རྒྱགས་པ་དང་རྣམ་པར་མི་འཚེ་བ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དང་རྨུགས་པ་དང་རྒོད་པ་དང་མ་དད་པ་དང་ལེ་ལོ་དང་། བག་མེད་དང་བརྗེད་ངེས་པ་དང་རྣམ་གཡེང་དང་ཤེས་བཞིན་མ་ཡིན་པ་སྟེ་ཉི་ཤུ་ནི་ཉེ་བའི་ཉོན་མོངས་སོ། །འགྱོད་པ་དང་གཉིད་དང་རྟོག་པ་དང་དཔྱོད་པ་སྟེ་བཞི་ནི་གཞན་འགྱུར་ཞེས་བྱའོ། ། གཉིས་པ་ལྡན་མིན་འདུ་བྱེད་ནི། ཐོབ་པ་རྣམས་དང་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་འཇུག་དང་འདུ་ཤེས་མེད་པ་བ་དང་སྲོག་གི་དབང་པོ་དང་རིས་མཐུན་པ་དང་སྐྱེ་བ་དང་གནས་པ་དང་མི་རྟག་པ་དང་ཡི་གེ་དང་མིང་དང་ཚིག་གི་ཚོགས་རྒྱུན་དང་སོ་སྐྱེ་དང་དེ་ལྟ་བུའི་ཆ་དང་མཐུན་པ་སྟེ་བཅུ་བཞི་ནི་ལྡན་མིན་འདུ་བྱེད་དོ། །རྣམ་ཤེས་ཀྱི་ཕུང་པོ་ནི་དྲུག་གམ་བརྒྱད་དེ། མིག་གི་རྣམ་པར་ཤེས་པ་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དྲུག་དང་། ཉོན་ཡིད་དང་ཀུན་གཞི་གཉིས་བསྣན་པས་བརྒྱད་དུ་འདོད་པའང་ཡོད་དོ། །གཞན་ཡང་། ཕུང་པོ་ལས་ཕྱེ་བའི་སྐྱེ་མཆེད་ནི་བཅུ་གཉིས་ཏེ། མིག་གི་སྐྱེ་མཆེད་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་སྐྱེ་མཆེད་དྲུག་ནི་ཡུལ་ཅན་གྱི་སྐྱེ་མཆེད་དང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་དེ་དྲུག་ནི་ཡུལ་གྱི་སྐྱེ་མཆེད་དོ། ཁམས་ནི་བཅོ་བརྒྱད་ཡོད་དེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་ཁམས་དྲུག་ནི་རྟེན་དབང་པོའི་ཁམས་དང་། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་ཁམས་ནི་དམིགས་པ་ཡུལ་གྱི་ཁམས་སོ། །མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཁམས་དྲུག་ནི་བརྟེན་པ་རྣམ་ཤེས་ཀྱི་ཁམས་སོ། ། གཉིས་པ་ཅུང་ཟད་ཕྱེ་སྟེ་བཤད་པ་ལ་ལྔ། གཟུགས་ཀྱི་ཕུང་པོ་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་ཤེས་ཀྱི་ཕུང་པོའོ། །དང་པོ་ལ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་གཉིས་ཀྱི་དང་པོ་འབྱུང་བ་ལ་བཞི་སྟེ། ས་དང་ཆུ་དང་མེ་དང་རླུང་ངོ་། །དེ་ལ་སའི་ཁམས་གང་ཞེ་ན་སྲ་བ་ཉིད་དོ། །ཆུའི་ཁམས་གང་ཞེ་ན། གཤེར་བ་ཉིད་དོ། །མེའི་ཁམས་གང་ཞེ་ན་ཚ་བ་ཉིད་དོ། །རླུང་གི་ཁམས་གང་ཞེ་ན་ཡང་ཞིང་གཡོ་བ་ཉིད་དོ་ཞེས་གསུངས་ཏེ། འབྱུང་བ་ཞི་སོ་སོའི་མཚན་ཉིད་དང་རང་བཞིན་ནོ། །དེ་བཞི་ལ་འབྱུང་བ་ཆེན་པོ་བཞི་ཞེས་བྱ་སྟེ། འབྱུང་བའི་དོན་ལ་སྤྱིར་བཤད་ཚུལ་མང་ཡང་འདིར་རང་རང་གི་ངོ་བོ་དང་རིགས་དང་བྱེད་ལས་སྣ་ཚོགས་པའི་རྣམ་པར་འབྱུང་བའི་ཕྱིར་འབྱུང་བ་དང་ཁྱབ་ཆེ་ཞིང་རགས་པར་སྣང་བའི་ཕྱིར་ཆེན་པོའོ། །འབྱུང་བ་བཞིའི་སའི་ཁམས་ལ་ཕྱི་ནང་གཉིས་ལས། ཕྱི་ལ་ས་དང་ལྕགས་དང་ཤིང་དང་རྡོ་དང་གསེར་དངུལ་སོགས་ནི་སའི་ཁམས་དང་། ནང་ལ་ལུས་ཀྱི་ཤ་རུས་ཕྱི་ས་ལྟ་བུ་ནི་སའི་ཁམས་སོ། །ཆུའི་ཁམས་ལ་ཕྱི་ནང་གཉིས་ལས། ཕྱི་ལ་རྒྱ་མཚོ་དང་ཆུ་བོ་དང་ཆུ་ཕྲན་རྣམས་ནི་ཆུའི་ཁམས་དང་། ནང་ལ་ཁྲག་དང་ཆུ་སེར་དང་གཅིན་ལྟ་བུ་ནི་ཆུའི་ཁམས་སོ། །མེའི་ཁམས་ལ་ཕྱི་ནང་གཉིས་ལས། ཕྱི་ལ་ཤིང་དང་རྩ་ལས་བྱུང་བའི་མེ་དང་ཉི་མ་དང་ནོར་བུ་ལས་བྱུང་བའི་དྲོད་རྣམས་ནི་མེའི་ཁམས་དང་། ནང་དུ་ལུས་ཀྱི་དྲོད་རྣམས་ནི་མེའི་ཁམས་སོ། །རླུང་གི་ཁམས་ལ་ཕྱི་ནང་གཉིས་ལས། ཕྱི་ལ་ཡོངས་སུ་གྲགས་པའི་རླུང་དང་། ནང་དུ་དབུགས་ཕྱི་ནང་དུ་རྒྱུ་བ་རྣམས་དང་རྒྱུ་མ་རྩ་རྒྱུས་སོགས་ནས་རྒྱུ་བའི་རླུང་རྣམས་ནི་རླུང་གི་ཁམས་སོ། ཁ་ཅིག་རྡོ་ལྕགས་ཤིང་སོགས་སའི་ཁམས་ཡིན་ཀྱང་ས་མིན། འོ་མ་ཁྲག་ཆུ་སེར་སོགས་ཆུའི་ཁམས་ཡིན་ཀྱང་ཆུ་མིན། ལུས་ཀྱི་དྲོད་མེའི་ཁམས་ཡིན་ཀྱང་མེ་མིན། ཞེས་གསུངས་ཏེ་བརྟག །སྤྱིར་འབྱུང་བ་བཞི་འགལ་ཡང་འབྱུང་བཞི་རེ་རེ་ལའང་དེ་བཞི་ཡོད་པ་མི་འགལ་ཏེ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པ་ལས། ཇི་ལྟར་ཞེ་ན། ཤིང་དང་རྡོ་ལ་སོགས་པ་ལ་སྡུད་པ་དང་མེ་འབྱུང་བ་དང་འཕེལ་བ་དང་ལྟུང་བ་ཡོད་པས་ཆུ་དང་མེ་དང་རླུང་དང་ལྡན་པར་མངོན་ནོ། །ཆུ་ལ་ཡང་གྲུ་འཛིན་པ་དང་དྲོ་བ་དང་གཡོ་བ་དམིགས་པས་ས་དང་མེ་དང་རླུང་དང་ལྡན་པར་མངོན་ནོ། །མེ་ལྕེ་ལ་ཡང་འདེགས་པ་དང་སྡུད་པ་དང་གཡོ་བས་དམིགས་པས་ས་དང་ཆུ་དང་རླུང་དང་ལྡན་པར་མངོན་ནོ། །རླུང་ལ་ཡང་འདེགས་པ་དང་གྲང་བ་དང་ཚ་བའི་རེག་པ་དམིགས་པས་ས་དང་ཆུ་དང་མེ་ཉིད་དང་ལྡན་པར་མངོན་ནོ། །འདིར་དཔེ་ནི་ཕྱེ་དང་ལན་ཚ་དང་ཕྱེ་མ་དང་སྐོམ་སྦྱར་བ་ལྟ་བུར་བལྟ་བར་བྱའོ། །ཞེས་དང་། སློབ་དཔོན་སའི་རྩ་ལག་གི་འགྲེལ་པར་ཡར་རིགས་པས་བརྟགས་ན་ཡང་གཅིག་གང་ན་ཡོད་པ་ན་ཀུན་ཡོད་པར་མངོན་ཏེ། རྡོ་དང་ཤིང་ལ་སོགས་པ་འབྱར་ཞིང་སོ་སོར་མ་གྱེས་པས་ན་སའི་ཁམས་ལ་ཆུའི་ཁམས་ཡོད་པར་མངོན་ནོ། །རྡོ་དང་ཤིང་ལ་སོགས་པ་གཡོ་ཞིང་འགུལ་བས་ན་རླུང་གི་ཁམས་ཡོད་དོ། །རྡོ་གཉིས་ཕན་ཚུན་ཕྲད་པ་ལས་མེ་སྟག་འབྱུང་བས་ན་མའི་ཁམས་ཡོད་དོ། །ཆུའི་ཁམས་ལ་ཡང་གྲུ་དང་འདབ་མ་ལ་སོགས་པ་འཛིན་ཅིང་རྟེན་བྱེད་བས་ན་ཆུའི་ཁམས་ལ་ཡང་སའི་ཁམས་ཡོད་པར་མངོན་ནོ། །ཆུའི་ནང་དུ་ཤིང་གི་འདབ་མ་དང་རྩ་ལྷུང་བ་འདྲུལ་ཞིང་ཆུ་དྲོན་པོ་དག་ཀྱང་དམིགས་པས་ཆུའི་ནང་ན་མེའི་ཁམས་ཡོད་པར་མངོན་ནོ། །ཆུ་ཐུར་དུ་འབབ་ཅིང་གཡོ་བས་ན་རླུང་གི་ཁམས་ཡོད་པར་མངོན་ནོ། །རླུང་གི་ཁམས་ལ་ཡང་འདབ་མ་དང་རྩ་འཛིན་ཅིང་འདེགས་པས་ན་སའི་ཡོད་པར་མངོན་ནོ། །རླུང་དྲོ་བ་དག་ཀྱང་དམིགས་པ་རྫས་བརླན་པ་རྣམས་རླུང་ལ་འབྱར་ན་བསྐམ་པར་འགྱུར་བས་ན་མེའི་ཁམས་ཡོད་པར་མངོན་ནོ། །འཚུབ་མ་དང་རླུང་གཅིག་ཏུ་འདུས་པ། དེ་འགྱུར་ཞིང་འབྱུང་བས་ན་ཆུའི་ཁམས་ཡོད་པར་མངོན་ནོ། །མེའི་ཁམས་ལ་ཡང་མེ་ལྕེ་གཅིག་གིས་གཅིག་འཛིན་པ་དང་མེ་ལྕེས་འདབ་མ་དང་རྩྭ་ལ་སོགས་པ་འདེགས་ཅིང་འཛིན་པས་ན་སའི་ཁམས་ཡོད་པར་མངོན་ནོ། །མེ་ལྕེ་རྣམས་ཀྱང་སོ་སོར་མི་འགྱེས་པར་གཅིག་ཏུ་འབར་བས་ན་ཆུའི་ཁམས་ཡོད་པར་མངོན་ནོ། །འགུལ་ཞིང་གཡོ་བས་ན་རླུང་གི་ཁམས་ཡོད་པར་མངོན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་དག་ནི་འབྱུང་བཞིའི་ས་བོན་དང་ངོ་བོ་ཉིད་ཀྱིས་ལྡན་པ་ཅི་རིགས་ཀྱི་དབང་དུ་བྱས་པའོ། །འབྱུང་བཞིའི་བྱེད་ལས་ནི་སས་རྟེན་པར་བྱེད། ཆུས་སྡུད་པར་བྱེད། མེས་སྨིན་པར་བྱེད། རླུང་གིས་འཕེལ་བར་བྱེད་དོ། །འབྱུང་བ་ལས་གྱུར་པའི་གཟུགས་ནི་འབྱུང་བཞི་རྒྱུར་བྱས་ནས་བྱུང་བ་སྟེ། མིག་གི་དབང་པོ་ནས་ལུས་ཀྱི་དབང་པོའི་བར་ལྔ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ལྔ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་བཅུ་གཅིག་གོ །དེ་ལ་འབྱུང་བ་བཞིས་རང་གི་འབྱུང་འགྱུར་གྱི་གཟུགས་དེ་རྣམས་ནི་སྐྱེད་པར་བྱེད། རྟེན་པར་བྱེད། གནས་པར་བྱེད། རྟོན་པར་བྱེད། འཕེལ་བར་བྱེད་དོ། །འབྱུང་འགྱུར་ལས་མིག་གི་དབང་པོ་ནི། ཡུལ་ཁ་དོག་མཐོང་བའི་མིག་གི་རྣམ་ཤེས་སྐྱེད་པ་ལ་དབང་བྱེད་པའི་གཟུགས་ཅན་དང་བ་ཞིག་གོ །དེ་ཡང་རང་འབྲས་མིག་གི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པ་ལ་དབང་བྱེད་པའི་གཟུགས་ཅན་དང་བ་སྟེ། མེ་ལོང་དང་བའི་ནང་དུ་གཟུགས་བརྙན་འཆར་བ་ལྟར་ཁ་དོག་སོགས་ཀྱི་གཟུགས་བརྙན་སྣང་དུ་རུང་བའོ། །དེ་བཞིན་དུ་རྣ་བའི་དབང་པོ་ནི་ཡུལ་སྒྲ་འཛིན་པའི་རྣམ་ཤེས་སྐྱེད་པ་ལ་དབང་བྱེད་པའི་གཟུགས་ཅན་དང་བ་དང་། སྣའི་དབང་པོ་ནི་ཡུལ་དྲི་འཛིན་པའི་རྣམ་ཤེས་སྐྱེད་པ་དང་། ལྕེའི་དབང་པོ་ནི་ཡུལ་རོ་འཛིན་པ་དང་། ལུས་ཀྱི་དབང་པོ་ནི་ལུས་ཀྱི་རེག་བྱ་འཛིན་པའི་རྣམ་ཤེས་སྐྱེད་པ་སྟེ། རང་འབྲས་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པའི་ཐུན་མོངས་མ་ཡིན་པའི་བདག་རྐྱེན་བྱེད་པ་ལ་དབང་བྱེད་པའི་གཟུགས་ཅན་དང་བཞེས་སྔར་ལྟར་སོ་སོར་སྦྱར་རོ། །མིག་སོགས་དབང་པོ་ལྔ་ནི་རང་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་ལ། ཡིད་དབང་གིས་དེ་ལྔའི་རྣམ་ཤེས་ཀྱི་ཐུན་མོང་བའི་བདག་རྐྱེན་བྱེད་བྱེད་པ་ཡིན་ནོ། །བྱེ་བྲག་སྨྲ་བ་ཁ་ཅིག་མིག་གི་དབང་པོ་ནི་མིག་གི་དབུས་ཀྱི་ཟར་མའི་མེ་ཏོག་ལྟ་བུ་དང་། རྣ་བའི་དབང་པོ་ནི་རྣ་བར་གྲོ་ག་བཅུས་ནས་བཅད་པ་ལྟ་བུ་དང་། སྣ་དབང་གི་སྣར་རྒྱ་ཁབ་བཤིབས་པ་ལྟ་བུ་དང་། ལྕེ་དབང་ནི་ལྕེར་ཟླ་བ་ཕྱེད་པ་ལྟ་བུ་དང་། ལུས་དབང་ནི་ལུས་ཀྱི་ཆ་རྣམས་སུ་རྡུལ་ཕྲན་ལྟར་ཁྱབ་པར་འདོད་ཀྱང་། འདིར་དེ་རྣམས་ནི་དབང་པོའི་རྟེན་དུ་ཁས་ལེན་གྱི་མིག་གི་དབང་པོ་སོགས་དངོས་མིན་ནོ། །མིག་དང་མིག་དབང་དང་མིག་གི་ཁམས་དང་མིག་གི་སྐྱེ་མཆེད་རྣམས་འགལ་ལམ་མི་འགལ་ཞེ་ན། དེ་རྣམས་ནི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཙམ་ཡིན་གྱི་མི་འགལ་ཏེ། མིག་གི་རང་འབྲས་རྣམ་ཤེས་སྐྱེད་པ་ལ་དབང་བྱེད་པས་དབང་པོ་དང་། དེ་འཛིན་པས་ན་ཁམས་དང་། སྐྱེད་པའི་ལྡོག་ཆ་ནས་སྐྱེད་མཆེད་དུ་བཞག་པ་ཙམ་ཡིན་པའི་ཕྱིར། དཔེར་ན། བྱས་པ་དང་མི་རྟག་པ་བཞིན་ནོ། །དེ་བཞིན་དུ་རྣ་བ་སོགས་ལའང་སྦྱོར། མིག་དབང་ལ་གཟུགས་སྣང་བ་ཙམ་གྱིས་སྒོ་ནས་གཟུགས་མཐོང་བར་བཞག་ལ། མིག་ཤེས་ཀྱིས་གཟུགས་ཀྱི་ངོ་བོ་དང་ཁྱད་པར་ཅི་རིགས་འཛིན་པའི་སྒོ་ནས་དེ་མཐོང་བར་བཞག་སྟེ། རྣ་བ་སོགས་ལའང་སྦྱོར། མིག་སོགས་དབང་པོ་ལྔའི་ཡུལ་ནི་གཟུགས་སྒྲ་སོགས་ཡིན་གྱི། འབྱུང་བ་བཞི་ནི་རེག་བྱའི་སྐྱེ་མཆེད་ཡིན་པས་མིག་རྣ་སོགས་བཞིས་དངོས་སུ་མི་འཛིན་ནོ། །དེས་ན་གཟུགས་ཀྱི་སྐྱེ་མཆེད་ནི་མིག་ཤེས་ཀྱི་གཟུང་བྱ་སྟེ་ཁ་དོག་དང་དབྱིབས་རྣམས་སོ། ཁ་དོག་ལ་དབྱེ་ན་རྩ་བའི་ཁ་དོག་བཞི་དང་། ཡན་ལག་གི་ཁ་དོག་བརྒྱད་དོ། །དཀར་པོ་དང་སེར་པོ་དང་དམར་པོ་དང་སྔོན་པོ་དང་བཞི་ནི་རྩ་བའི་ཁ་དོག་སྟེ། ལྗང་ཁུ་ནི་སྔོ་སེར་འདྲེས་པས་རྩ་བའི་ཁ་དོག་མིན་ནོ། །ཡན་ལག་གི་ཁ་དོག་ནི། སྤྲིན་དང་དུ་བ་དང་རྡུལ་དང་ཁུ་རྣ་དང་སྣང་བ་དང་མུན་པ་དང་གྲི་མ་དང་ཉི་འོད་ཀྱི་ཁ་དོག་གོ །དབྱིབས་གཟུགས་ལ་བརྒྱད་ཡོད་དེ། རིང་པོ་དང་ཐུང་ངུ་དང་ལྷམ་པ་དང་ཟླུམ་པ་དང་མཐོ་བ་དང་དམའ་བ་དང་ཕྱལ་ལེ་བ་དང་ཕྱལ་ལེ་བ་མ་ཡིན་པའི་དབྱིབས་སོ། །ལྷམ་པ་ནི་གྲུ་བཞིའོ། །ཟླུམ་པོ་ནི་རིལ་རིལ་ལོ། །ཕྱལ་ལེ་པ་ནི་མཉམ་པ་དང་དེ་མ་ཡིན་པ་ནི་མི་མཉམ་པ་སྟེ་ལེབ་ལེབ་ཡིན་མིན་ལྟ་བུའོ། །དེ་ཡང་ཐང་བདེ་བ་ལ་ངོས་མཉམ་པ་དང་། འབར་འབུར་ཅན་ལ་མི་མཉམ་པ་བརྗོད་པ་བཞིན་ནོ། ཁ་དོག་དང་དབྱིབས་ལ་མུ་བཞི་སྟེ། རྩ་བའི་ཁ་དོག་བཞི་དང་སྣང་བ་དང་ཉི་མའི་འོད་དང་མུན་པ་ནི་ཁ་དོག་ཏུ་ཡོད་ཀྱང་དབྱིབས་སུ་མེད། རིང་པོ་ཐུང་ངུ་ལྷམ་པ་ཟླུམ་པ་མཐོ་དམའ་ཕྱལ་ལེ་ཡིན་མིན་རྣམས་ནི་དབྱིབས་སུ་ཡོད་ཅིང་ཁ་དོག་ཏུ་མེད། སྤྲིན་དུ་བ་ཁུ་རྣ་རྣམས་ནི་དབྱིབས་དང་ཁ་དོག་གཉིས་ཀར་ཡོད་པར་བཤད་པས་སོ། །སྒྲའི་སྐྱེ་མཆེད་ནི་རྣ་དབང་རྣམ་ཤེས་ཀྱི་གཟུང་བྱ་སྟེ། སྒྲ་ལ་རྩ་བའི་སྒོ་ནས་ཟིན་པ་དང་མ་ཟིན་པའི་སྒྲ་གཉིས། ཡན་ལག་གི་སྒོ་ནས་དེ་རེ་རེ་ལའང་བཞི་བཞི། ཟིན་མ་ཟིན་ནི་དབང་པོས་ཟིན་མ་ཟིན་ལ་བྱེད་ཅིང་། དེ་ཡང་ལག་པ་བརྡབ་པའི་སྒྲ་དང་། ངག་གི་བརྗོད་པའི་སྒྲ་རྣམས་ཟིན་པའི་སྒྲ་དང་། ཕྱི་རོལ་གྱི་ཆུ་དང་བྲག་རལ་པའི་སྒྲ་ལྟ་བུ་མ་ཟིན་པའོ། །ཟིན་མ་ཟིན་གཉིས་ལ་སེམས་ཅན་དུ་སྟོན་མི་སྟོན་པའི་སྒྲ་གཉིས་རེ་སྟེ། ངག་གིས་བརྗོད་པའི་སྒྲ་ལྟ་བུ་ནི་སེམས་ཅན་དུ་སྟོན་པའི་སྒྲ་ཡིན་ལ། ཆུའི་སྒྲ་སོགས་ནི་སེམས་ཅན་དུ་མི་སྟོན་པའོ། །ཟིན་པ་སེམས་ཅན་དུ་སྟོན་པ་དང་མི་སྟོན་པ་ལ་སྙན་མི་སྙན་གཉིས་ཏེ་བཞི་ནི། སྐྱེས་བུའི་གླུ་སྙན་ལེན་པ་དང་དེས་ཚིག་རྩུབ་སྨྲ་བ་དང་དེས་གླིང་བུ་འབུད་པ་དང་དེས་ཁུ་ཚུར་བརྡེགས་པའི་སྒྲ་ལྟ་བུའོ། །མ་ཟིན་པ་སེམས་ཅན་དུ་སྟོན་པ་དང་མི་སྟོན་པ་ལ་སྙན་མི་སྙན་གཉིས་རེ་སྟེ། བཞི་ནི། སྤྲུལ་པས་སྙན་པར་སྨྲ་བ་དང་དེས་ཚིག་རྩུབ་སྨྲ་བ་དང་ཕྱི་རོལ་གྱི་འབྱུང་བའི་སྒྲ་སྙན་པ་དང་མི་སྙན་པ་ལྟ་བུའོ། །དྲིའི་སྐྱེ་མཆེད་ནི་སྣ་དབང་རྣམ་ཤེས་ཀྱི་གཟུང་བྱ་སྟེ། རྩ་བའི་སྒོ་ནས་ཞིམ་མི་ཞིམ་གཉིས། ཡན་ལག་གི་སྒོ་ནས་ཞིམ་པ་ལ་མཉམ་མི་མཉམ་གཉིས་དང་། མི་ཞིམ་པ་ལའང་དེ་གཉིས་སོ། །མཉམ་མི་མཉམ་ནི་དྲི་ཤས་ཆེ་མི་ཆེ་སྟེ། དྲི་གང་ཤས་ཆེ་བ་ནི་མི་མཉམ་པའོ། །དེ་ཡང་གཙོ་བོར་སྦྱར་བའི་དྲིའི་དབང་དུ་བྱས་སོ། །དྲིའི་སྐྱེ་མཆེད་ནི་ལྕེ་དབང་རྣམ་ཤེས་ཀྱི་གཟུང་བྱ་སྟེ། དེ་ལ་རྩ་བའི་སྒོ་ནས་མངར་བ་དང་སྐྱུར་བ་དང་ཁ་བ་དང་བསྐ་བ་དང་ཚྭ་བ་དང་ལན་ཚྭ་བ་དང་དྲུག་དང་། ཡན་ལག་གི་སྒོ་ནས་མངར་བའི་མངར་བ་སོགས་སོ་དྲུག་དང་། རེ་རེ་ལའང་ལྕེ་ཤེས་དང་ལུས་ཤེས་དང་ལུས་སེམས་ལ་ཕན་འདོགས་པའི་རོ་བརྒྱ་དང་བརྒྱད་དོ། །དེ་ལ་མངར་བ་ནི་སྦྲང་རྩི་དང་བུ་རམ་དང་ཀ་ར་སོགས་ཀྱི་རོ་ལྟ་བུ་དང་། སྐྱུར་བ་ནི་སྐྱུར་རྩི་ལ་སོགས་པའོ། །ལན་ཚྭ་ནི། ཚྭ་སྟེ་ད་ལྟ་ཚར་གྲགས་པའོ། །ཚ་བ་ནི་ཚ་བ་གསུམ་མོ། ཁ་བ་ནི་ཏིག་ཏ་ལ་སོགས་པའོ། །བསྐ་བ་ནི་ཨ་གར་སྐྱུར་གསུམ་ལྟ་བུའི་རོའོ། །དེ་ཡང་ཨ་རུ་ར་ལྟ་བུ་ནི་སའི་ཁམས་ཡིན་ཞིང་། དེའི་ཁ་དོག་དང་དབྱིབས་ནི་གཟུགས་ཀྱི་སྐྱེ་མཆེད་ཡིན་ལ། དེའི་རོ་བསྐ་བ་ནི། རོའི་སྐྱེ་མཆེད་ཡིན་ཞེས་ཞིབ་ཆ་བྱེད་དགོས་སོ། །རེག་བྱའི་སྐྱེ་མཆེད་ནི་ལུས་ཤེས་ཀྱི་གཟུང་བྱ་སྟེ། དེ་ལ་འབྱུང་བཞི་དང་འབྱུང་འགྱུར་བདུན་ཏེ་བཅུ་གཅིག་གོ །འབྱུང་གྱུར་བདུན་ནི་འཇམ་པ་དང་རྩུབ་པ་དང་ལྕི་བ་དང་ཡང་བ་དང་བཀྲེས་པ་དང་སྐོམ་པ་དང་གྲང་བའི་རེག་བྱའོ། །ལྕི་བ་དང་ཡང་བའི་ཁྱད་པར་སྲང་ལ་གཞལ་རྒྱུ་ཡོད་པ་ནི་ལྕི་བ་དང་དེ་མེད་པ་ནི་ཡང་བའོ། །ཀྲེས་པ་ནི་རླུང་སྟོབས་ཀྱིས་ཟས་ཟ་འདོད་པ་དང་། སྐོམ་པ་ནི་མེའི་ཁམས་ཀྱིས་འཐུང་འདོད་བསྐྱེད་པའི་རེག་བྱ་ཞིག་ལུས་ཀྱི་ནང་དུ་སྐྱེས་པའོ། །ཟས་འདོད་དང་འཐུང་འདོད་ནི་བཀྲེས་སྐོམ་མེན་ཏེ། འདོད་པ་གཉིས་ནི་ཤེས་པ་ཡིན་པས་རེག་བྱར་མི་རུང་བའི་ཕྱིར་རོ། །དེ་བཞིན་དུ་འཇམ་རྩུབ་གྲང་བ་རྣམས་རེག་བྱ་དང་དེ་རྣམས་མྱོང་བྱེད་ནི་ཤེས་པའོ། །ས་སོགས་ཁ་དོག་མིན་ཡང་ས་ཆུའི་ཁ་དོག་སོགས་མཐོང་བས་ས་ཆུ་སོགས་མཐོང་ཞེས་ཐ་སྙད་བྱར་རུང་སྟེ། མཛོད་ལས། འཇིག་རྟེན་གྱི་ནི་ཐ་སྙད་དུ། ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །ཞེས་གསུངས་པའི་ཕྱིར། གལ་ཏེ་དེ་དག་ས་སོགས་མིན་ན། དེ་དག་མཐོང་བས་ས་སོགས་མཐོང་བར་ཇི་ལྟར་བཞག་ཅེ་ན་མི་འགལ་ཏེ། དཔེར་ན། མིའི་མགོ་སོགས་མི་མིན་ཡང་དེ་དག་མཐོང་བས་མི་མཐོང་བར་བཞག་ཏུ་རུང་བ་བཞིན་ཡོད་པའི་ཕྱིར། དེས་ན་ས་དཀར་པོ་ས་དཀར་པོ་ཡིན་དཀར་པོ་མིན་ཞེས་སོགས་དང་རྟ་དཀར་པོ་རྟ་དཀར་པོ་ཡིན་ཡང་། དཀར་པོ་མིན་ཞེས་བྱ་བ་སོགས་གཞན་ཡང་མཚོན་ཞིང་། དེ་བཞིན་དུ་ས་གྲུ་བཞི་ནི་ས་གྲུ་བཞི་ཡིན་ཀྱང་གྲུ་བཞི་མིན་ཏེ། གྲུ་བཞི་ཡིན་ན། དབྱིབས་ཡིན་དགོས་པས་འབྱུང་གྱུར་ཡིན་དགོས་ལ། ས་ཡིན་ན་འབྱུང་བ་ཡིན་དགོས་པའི་ཕྱིར། དེ་བཞིན་དུ་ཆུ་སོགས་ལའང་སྦྱོར། གཞན་ཡང་། མི་ནག་པོ་ནི་མི་ནག་པོ་ཡིན་ཡང་ནག་པོ་མ་ཡིན་ཏེ། ནག་པོ་ཡིན་ན་ཁ་དོག་ཡིན་དགོས་ལ། མི་ནག་པོ་མི་ཡིན་པས་གཟུགས་སུ་མི་རུང་བའི་ཕྱིར། ཞེས་ཁྱད་པར་ཕྱེ་བར་བྱའི། ཁྱད་གཞི་ཁྱད་ཆོས་ཐམས་ཅད་དབྱེ་བ་མེད་པར་གཅིག་ཏུ་འཁྲུལ་བར་མི་བྱའོ། ཁ་ཅིག་རྟ་དཀར་པོའི་སྤུ་ཁ་དོག་ཟེར་བའང་མ་ཤེས་པ་ཡིན་ཏེ། སྤུ་དང་སྤུའི་ཁ་དོག་ལའང་ཁྱད་པར་དབྱེ་དགོས་པའི་ཕྱིར་ཏེ། སྤུ་ནི་ཁ་དོག་ཅན་ཡིན་པའི་ཕྱིར་རོ། །དེས་ན་ཁ་དོག་དང་ཁ་དོག་ཅན་དང་དབྱིབས་དང་དབྱིབས་ཅན་རྣམས་སོ་སོར་ཕྱེ་བ་གལ་ཆེ་ཏེ། གཞན་ཏུ་ན་ཤེས་བྱ་ཐམས་ཅད་ལེབ་ལེབ་དུ་འགྲོའོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་ལུས་ངག་གི་རྣམ་པར་རེག་བྱེད་བཞིན་དུ་ཀུན་སློང་རྣམ་པར་རིག་པར་མི་བྱེད་པའི་གཟུགས་ཞིག་སྟེ། སོ་ཐར་གྱི་སྐད་ཅིག་གཉིས་པ་སོགས་དང་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་རྣམས་སོ། །དེ་ལ་བསམ་བཞིན་དུ་ལུས་གཡོ་འགུལ་བྱེད་པ་སོགས་ལུས་ཀྱི་རྣམ་པར་རིག་བྱེད་དང་། ངག་གི་སྨྲ་བརྗོད་བྱེད་པ་ནི་ངག་གི་རིག་བྱེད་ཡིན་ལ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་རང་གི་ལུས་ངག་གི་དངོས་སུ་མི་བྱེད་པར་ཡིད་ཀྱིས་དགེ་མི་དགེ་བྱེད་འདོད་ཀྱི་དབང་གིས་རྒྱུད་ལ་དགེ་མི་དགེའི་གཟུགས་ཞིག་སྐྱེས་པའོ། །གཞན་ཡང་། གཟུགས་དེ་ལ་བསྟན་ཡོད་ཐོགས་བཅས་དང་། བསྟན་མེད་ཐོགས་བཅས་དང་། བསྟན་མེད་ཐོགས་མེད་ཀྱི་གཟུགས་གསུམ་སྟེ། ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་ཀྱི་གཟུགས་རྣམས་ནི་འདིའོ་ཞེས་མིག་གི་ཡུལ་དུ་བསྟན་དུ་ཡོད་པས་ན་བསྟན་ཡོད་དང་། གཟུགས་ཅན་གཞན་ལ་གོ་ཐོགས་པས་ཐོགས་བཅས་སོ། །མིག་སོགས་དབང་པོ་ལྔ་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་བཞི་ནི་མིག་གི་ཡུལ་དུ་བསྟན་དུ་མེད་ཀྱང་། ཡུལ་དང་གོ་ས་སོགས་ལ་ཐོགས་པས་བསྟན་མེད་ཐོགས་བཅས་སོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སྡོམ་པ་ལྟ་བུ་ནི་སྔ་མ་ལྟར་མེད་པས་བསྟན་མེད་ཐོགས་མེད་དང་། ཡང་དེ་ལ་དགེ་སོགས་གསུམ་སྟེ། གཟུགས་སྒྲ་གཉིས་དང་རྣམ་ཤེས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་བཅུ་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་རེ་ཡོད་ལ། མིག་སོགས་དབང་པོ་ལྔ་དང་དྲི་རོ་རེག་བྱ་སྟེ་བརྒྱད་ནི་ལུང་མ་བསྟན་ཁོ་ནར་ངེས་ཀྱི་དགེ་མི་དགེ་གཉིས་མེད་དོ། ། གཉིས་པ་ཚོར་བའི་ཕུང་པོ་ནི། སིམ་གདུང་བར་མ་གསུམ་ཅི་རིགས་ཉམས་སུ་མྱོང་བའི་སེམས་བྱུང་གི་ཕུང་པོ་སྟེ། ངོ་བོའི་སྒོ་ནས་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་གསུམ། བདག་རྐྱེན་གྱི་སྒོ་ནས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བའི་བར་དྲུག །དེ་རེ་རེ་ལ་ཡང་བདེ་སྡུག་བར་མ་གསུམ་དུ་ཕྱེ་བས་བཅོ་བརྒྱད། བསྡུ་ན་གཉིས་སུ་འདུ་སྟེ་མིག་རྣ་བ་སྣ་ལྕེ་ལུས་ཀྱི་ཚོར་བ་རྣམས་ནི་ལུས་ཚོར་ཡིན་ལ། ཡིད་ཤེས་ཀྱི་འཁོར་གྱི་ཚོར་བ་རྣམས་ནི་སེམས་ཚོར་ཡིན་ནོ། །དེ་ཡང་ལུས་ཀྱི་ཚོར་བ་སྤྱི་ཙམ་ལ་ལུས་ཚོར་ཞེས་བརྗོད་ཀྱང་། མིག་རྣ་བ་སྣ་ལྕེའི་རྣམ་ཤེས་ཀྱི་འཁོར་གྱི་ཚོར་བ་བཞི་ནི་ལུས་ཚོར་བྱེ་བྲག་པ་ཡིན་ཏེ། མིག་སོགས་བཞི་ནི་ལུས་ཀྱི་ཆ་ཤས་ཡིན་པའི་ཕྱིར་རོ། །གང་གིས་མྱོང་ན་ཚོར་བས་མྱོང་ངོ་། །གང་མྱོང་ན་ཡུལ་གྱི་འགྱུར་བ་སྟེ་རྣམ་སྨིན་དངོས་བཏགས་ཅི་རིགས་མྱོང་ངོ་། །ཇི་ལྟར་མྱོང་ན་སིམ་གདུང་བར་མ་གསུམ་གྱི་ངོ་བོར་མྱོང་ངོ་། །ཞེས་བྱ་བྱེད་ལས་གསུམ་དང་སྦྱར་རོ། །འོན་ཀྱང་གང་མྱོང་བ་འདི་ཤིན་ཏུ་དཀའ་བས་འཕགས་བོད་ཀྱི་མཁས་པ་ཁ་ཅིག་རེག་པ་མྱོང་ཞེས་ཟེར་བ་དང་། ཡང་ཁ་ཅིག་ཚོར་བའི་མྱོང་བྱ་ཡིན་ན་ཤེས་པ་ཡིན་པས་ཁྱབ་ཟེར་བ་དང་། ཁ་ཅིག་ཟས་བཟང་པོའི་རོ་མྱོང་བ་དང་། སྔོན་འཛིན་ཚོར་བ་ལྟ་བུའི་མྱོང་བྱ་ལ་གཟུགས་ཀྱང་ཡོད་དེ། སྔ་མའི་མྱོང་བྱ་ལ་རོ་དང་། ཕྱི་མའི་མྱོང་བྱ་ལ་སྔོན་པོའི་ཆ་ཤས་ཀྱང་ཡོད་པའི་ཕྱིར་ཞེས་ཟེར་ཏེ་དཔྱད་དགོས་པར་སྣང་ངོ་། །ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་གྱིས་ནི་ཡུལ་སིམ་གདུང་བར་མ་གསུམ་མྱོང་བར་བཤད་པའི་ཕྱིར། བདེ་སྡུག་བར་མ་གསུམ་ཡང་མྱོང་བར་འདོད་དགོས་ལ། དེ་ལྟར་ན་མྱོང་བྱའི་ཡུལ་ལ་བདེ་སྡུག་བར་མ་གསུམ་དང་། མྱོང་བྱེད་གྱི་ཡུལ་ཅན་ལའང་བདེ་སྡུག་བར་མ་གསུམ་ཁས་ལེན་དགོས་པར་མངོན་ཏེ། ཚོར་བ་མྱོང་བའི་ངོ་བོར་སྐྱེས་ཤིང་དེའི་མྱོང་བྱ་ནི་ཡོད་ལ་ཚོར་བས་ཚོར་བ་མྱོང་ཞེས་བྱ་བར་ནི་མི་རུང་བའི་ཕྱིར་རོ། ། གསུམ་པ་འདུ་ཤེས་ཀྱི་ཕུང་པོ་ནི། རང་ཡུལ་གྱི་མཚན་མའམ་སྤུ་རིས་མ་འདྲེས་པར་འཛིན་པར་བྱེད་པའི་སེམས་བྱུང་རྣམས་ཏེ། དབྱེ་ན་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ཀྱི་བར་དྲུག་དང་། རྟོག་བཅས་དང་རྟོག་མེད་ཀྱི་འདུ་ཤེས་གཉིས་ཡོད། དབང་ཤེས་སུ་གྱུར་པའི་འདུ་ཤེས་རྣམས་ནི་རྟོག་མེད་དང་། ཡིད་ཤེས་ཀྱི་འཁོར་དུ་གྱུར་པའི་འདུ་ཤེས་ལ་རྟོགས་བཅས་གཙོ་ཆེའོ། །འོན་ཀྱང་ཡིད་ཤེས་ལ་རྟོག་མེད་ཀྱང་ཡོད་དེ། བྱིས་པའི་འདུ་ཤེས་ཕལ་ཆེར་དང་། མཚན་མེད་ཀྱི་དབྱིངས་སུ་ཞུགས་པ་དང་། སྲིད་རྩེ་དང་། འདུ་ཤེས་མེད་པ་དང་འགོག་པ་ལ་ཞུགས་པའི་འདུ་ཤེས་རྣམས་རྟོག་མེད་ཀྱི་འདུ་ཤེས་སོ། །དེ་རྣམས་ལ་འདུས་ཤེས་པ་ཙམ་ཡོད་ཀྱང་འདི་ནི་འདིའོ་ཞེས་མི་རྟོག་པས་རྟོག་མེད་ཀྱི་འདུ་ཤེས་སུ་བཞག་གོ །བྱིས་པ་ཆུང་ངུའི་འདུ་ཤེས་ལ་འདི་ནི་ཕ་མའོ་སྙམ་པའི་རྟོག་བཅས་ཀྱི་འདུ་ཤེས་ཀྱང་ཡོད་ལ། བརྡ་ལེགས་པོ་མི་ཤེས་པས་འདི་ནི་འདི་དང་འདིའོ་མི་ངེས་པའི་འདུ་ཤེས་རྣམས་ནི་མཚན་མེད་རྟོག་མེད་ཀྱི་འདུ་ཤེས་སུ་བཞག་པ་ཡིན་ནོ། །གཞན་འདོད་ཁམས་ཀྱི་འདུ་ཤེས་རྣམས་ནི་རྒྱ་ཆུང་ངུའི་འདུ་ཤེས་དང་། གཟུགས་ཁམས་ཀྱི་འདུ་ཤེས་ནི་རྒྱ་ཆེན་པོའི་འདུ་ཤེས་དང་། གཟུགས་མེད་དང་པོ་གཉིས་ཀྱི་འདུ་ཤེས་ནི་ཚད་མེད་པའི་འདུ་ཤེས་སོ། །མདོར་ན་མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་དང་། སྣས་སྣོམ་པ་དང་། ལྕེས་མྱོང་བ་དང་། ལུས་ཀྱིས་རེག་པ་དང་། ཡིད་ཀྱིས་རྟོག་པ་གང་ཡིན་པའི་དོན་མཚན་མར་གཟུང་ནས་འདི་དང་འདིའོ་ཞེས་བྱེ་བྲག་འབྱེད་པ་དང་། ཐ་སྙད་འདོགས་པའི་སེམས་བྱུང་རྣམས་ནི་འདུ་ཤེས་དུ་འཇོག་གོ ། བཞི་པ་འདུ་བྱེད་ཀྱི་ཕུང་པོ་ནི། གཟུགས་ཚོར་འདུ་ཤེས་རྣམ་ཤེས་ཀྱི་ཕུང་པོ་བཞི་ལས་གཞན་པའི་འདུ་བྱས་རྣམས་ཏེ། དེ་ལ་དབྱེ་ན་མཚུངས་ལྡན་འདུ་བྱེད་དང་། ལྡན་མིན་འདུ་བྱེད་དོ། །ཤེས་པར་གྱུར་པའི་འདུ་བྱེད་རྣམས་ནི་མཚུངས་ལྡན་འདུ་བྱེད་དང་། ཤེས་པ་མ་ཡིན་པའི་འདུ་བྱེད་རྣམས་ནི་ལྡན་མིན་འདུ་བྱེད་དོ། །མཚུངས་ལྡན་འདུ་བྱེད་ལ་ཞེ་དགུ་ཡོད་དེ། སེམས་བྱུང་ང་གཅིག་ལས་ཚོར་བ་དང་འདུ་ཤེས་གཉིས་མ་གཏོགས་པའི་ཞེ་དགུའོ། །ཚོར་འདུ་གཉིས་ནི་རྩོད་པའི་རྩ་བར་གྱུར་པ་དང་འཁོར་བའི་རྒྱུ་སོགས་ཀྱི་ཁྱད་པར་དུ་མ་དང་ལྡན་པས་ང་དགུ་ལས་ལོགས་སུ་བཤད་དེ། ཚོར་བ་བདེ་སྡུག་བར་མའི་དབང་གིས་ཆགས་སྡང་གཏི་མུག་གསུམ་བསྐྱེད་དེ། འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་ནས་འཁོར་བར་སྐྱེ་བའི་ཕྱིར་རོ། །སེམས་བྱུང་ང་གཉིས་ཕོ་གང་ཞེ་ན། ཚོར་བ་དང་འདུ་ཤེས་དང་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་ལྔ་ནི་ཀུན་འགྲོ་ལྔ་སྟེ། ཚོར་འདུ་གཉིས་ནི་བཤད་ཟིན་ལ། སེམས་པ་ནི། སེམས་དགེ་མི་དགེ་སོགས་ཀྱི་ཡུལ་ལ་གཡོ་བར་བྱེད་པའི་སེམས་བྱུང་ངོ་། །རེག་པ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཡུལ་གྱི་གྱུར་པ་ཡོངས་སུ་གཅོད་པའི་སེམས་བྱུང་ངོ་། །ཡིད་བྱེད་ནི། སེམས་ཀྱི་འཇུག་པ་ངེས་པའི་སེམས་བྱུང་ཞིག་སྟེ་ཚུལ་བཞིན་ཡིད་ལ་བྱེད་པ་དང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའི་སེམས་བྱུང་རྣམས་སོ། །འདི་ལྔ་ནི་སེམས་ཀུན་གྱི་འཁོར་དུ་འགྲོ་བས་ཀུན་འགྲོའོ། །འདུན་པ་དང་མོས་པ་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ལྔ་ནི་ཡུལ་ངེས་ལྔ་སྟེ། འདུན་པ་ནི། ཡུལ་དེ་ཉིད་དོན་དུ་གཉེར་བའི་འདོད་པ་ཞིག་གོ །དེ་ཡང་སངས་རྒྱས་འདོད་ནས་དོན་དུ་གཉེར་བ་ལྟ་བུ་འདོད་པ་དང་འདུན་པ་ཡིན་ཡང་སྲིད་པ་མིན། བུད་མེད་ལྟ་བུ་འདོད་པ་ནི་འདོད་འདུན་སྲེད་པ་གསུམ་ཀ་ཡིན་ནོ། །མོས་པ་ནི། ཇི་ལྟར་ངེས་པའི་དོན་འཛིན་འདོད་པ་སྟེ་དཀོན་མཆོག་གི་ཡོན་ཏན་དྲན་ནས་མོས་པ་ལྟ་བུའོ། །དྲན་པ་ནི། ཇི་ལྟར་ངེས་པའི་དོན་མི་བརྗེད་པར་འཛིན་པའི་སེམས་བྱུང་ངོ་། །ཏིང་ངེ་འཛིན་ནི། རིང་ཐུང་གང་ཡིན་ཡང་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་སེམས་བྱུང་སྟེ་མི་དགེ་བ་ལ་རྩེ་གཅིག་པ་རྣམས་དེ་མིན་ནོ། །ཤེས་རབ་ནི། དམིགས་པའི་ཆོས་རབ་ཏུ་ལེགས་པར་རྣམ་པར་འབྱེད་པའི་སེམས་བྱུང་སྟེ་ལོག་པའི་ཤེས་རབ་རྣམས་དེ་མིན་ནོ། །དེ་རྣམས་ནི་རང་རང་གི་ཡུལ་སོ་སོའམ་རེ་རེར་ངེས་པས་ཡུལ་ངེས་སོ། །དད་པ་ནས་ཤིན་ཏུ་སྦྱངས་པའི་བར་བཅུ་གཅིག་ནི་དགེ་བ་བཅུ་གཅིག་སྟེ། དང་པོ་ནི། ཡུལ་ཁྱད་པར་ཅན་དང་བླང་དོར་གྱི་གནས་སོགས་ལ་དགའ་བའི་སེམས་བྱུང་རྣམས་ཏེ། བླ་མ་དང་དཀོན་མཆོག་དང་ལས་རྒྱུ་འབྲས་དང་བདེན་བཞིའི་བླང་དོར་རྣམས་ལ་འཇུག་པར་འདོད་པ་རྣམས་སོ། །ངོ་ཚ་ཤེས་པ་ནི། བྱ་བ་འདི་ཆོས་དང་མི་མཐུན་པས་བྱར་མི་རུང་སྙམ་ནས་ཉེས་པ་ལ་འཛེམ་པའོ། ཁྲེལ་ཡོད་ནི། འདི་ལྟར་བྱས་ན་གཞན་གྱིས་སྨད་དུ་འོང་སྙམ་དུ་ཉེས་པ་ལ་འཛེམ་པའོ། །བག་ཡོད་ནི། ཉེས་པའི་ཕྱོགས་ཀུན་ལ་སེམས་སྲུང་བའོ། །བཏང་སྙོམས་ནི། ཕྱོགས་རིས་སུ་མི་གཅོད་པར་བར་མར་གནས་པའོ། །མི་འཚེ་བ་ནི། གཞན་ལ་ཐོ་མི་འཚོམ་པ་སྟེ་གནོད་པར་མི་སེམས་པའོ། །འདོད་ཆགས་མེད་པའི་དགེ་བ་ནི། འདོད་པའི་ཡུལ་ལྔ་ལ་སོགས་པའི་ཟག་བཅས་ཀྱི་དངོས་པོ་ལ་མ་ཆགས་པའོ། །ཞེ་སྡང་མེད་པ་ནི། གཞན་ལ་མནར་སེམས་མེད་པའོ། །གཏི་མུག་མེད་པ་ནི། ལས་འབྲས་སོགས་བླང་དོར་རགས་པ་ལ་རྨོངས་པ་མེད་པའོ། །བརྩོན་འགྲུས་ནི། དགེ་བའི་བྱ་བ་ལ་སྤྲོ་བ་སྟེ་མི་དགེ་བ་ལ་སྤྲོ་བ་ནི་དེ་མིན་ནོ། །ཤིན་སྦྱངས་ནི། སེམས་ལས་དྲུང་དུ་བྱེད་པའོ། །འདི་རྣམས་ནི་དགེ་བར་ངེས་པས་ན་དགེ་བ་བཅུ་གཅིག་གོ །འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དང་མ་རིག་པ་ལྟར་ཐེ་ཚོམ་ཉོན་མོངས་ཅན་རྣམས་ནི་རྩ་ཉོན་དྲུག་གོ །འདོད་ཆགས་ནི་ཟག་བཅས་ཀྱི་དངོས་པོ་ལ་སྲེད་པའི་སེམས་བྱུང་རྣམས་སོ། །དེ་ཡང་ཟག་བཅས་ཀྱི་གཟུགས་མཛེས་པ་དང་སྒྲ་སྙན་པ་དང་དྲི་རོ་ཞིམ་པ་དང་རེག་བྱ་འཇམ་པ་ལྟ་བུ་འདོད་པའི་ཡུལ་ལྔ་ལ་སྲེད་པ་སྟེ། སངས་རྒྱས་ཀྱི་སྐུ་མཛེས་པ་དང་གསུང་སྙན་པ་སོགས་འདོད་པ་ནི་དེ་མིན་ནོ། ཁོང་ཁྲོ་ནི། གཞན་ལ་ཀུན་ནས་མནར་སེམས་དྲག་ཏུ་བྱེད་པའོ། །ང་རྒྱལ་ནི། སེམས་ཁེངས་པའི་རྣམ་པ་ཅན་ནོ། །མ་རིག་པ་ནི། ཡུལ་ཡང་དག་པའི་དོན་དང་ལས་འབྲས་སོགས་ལ་རྨོངས་པའོ། །ཐེ་ཚོམ་ཉོན་མོངས་ཅན་ནི། རང་ཡུལ་ལ་དོན་མི་འགྱུར་དུ་དོགས་པ་སྟེ། ལས་འབྲས་བདེན་ནམ་མི་བདེན་ཕལ་ཆེར་མི་བདེན་པ་འདྲའོ་སྙམ་པ་ལྟ་བུའོ། །འདི་དག་གིས་སྲིད་པའི་རྩ་བ་བྱེད་པས་རྩ་ཉོན་དུ་བཞག་གོ །འཇིག་ལྟ་དང་ལོག་ལྟ་དང་མཐར་ལྟ་དང་ལྟ་བ་མཆོག་འཛིན་གྱི་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་རྣམས་ནི་ལྟ་བ་ལྔ་སྟེ། འཇིག་ལྟ་ནི། ཉེར་ལེན་གྱི་ཕུང་པོ་འདི་ལ་དམིགས་ནས་བདག་གམ་བདག་གིར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ། །མཐར་ལྟ་ནི། འཇིག་ལྟས་བཟུང་བ་ལྟར་གྱི་བདག་དེ་རྟག་ཆད་གང་རུང་དུ་ལྟ་བའོ། །ལོག་ལྟ་ནི། དཀོན་མཆོག་དང་ལས་འབྲས་སོགས་ཡུལ་ཁྱད་པར་ཅན་ཡོད་པ་ལ་ནི་དེ་མེད་པར་ལྟ་བའོ། །ལྟ་བ་མཆོག་འཛིན་ནི། ལྟ་ངན་དེ་ལྟ་བུ་ལ་ལྟ་བ་མཆོག་ཡིན་ནོ་སྙམ་དུ་འཛིན་པའོ། །ཚུལ་ཞུགས་མཆོག་འཛིན་ནི། །ཚུལ་ཁྲིམས་དང་བརྟུལ་ཞུགས་ངན་པ་ལ་མཆོག་ཏུ་འཛིན་པའོ། །འདི་ལྔ་ནི་ལྟ་ངན་ལ་ལྟ་བ་ཞེས་བཏགས་པའོ། ཁྲོ་བ་ནས་རྣམ་གཡེང་གི་བར་ཉི་ཤུ་ནི་ཉེ་ཉོན་ནོ། ཁྲོ་བ་ནི། གནོད་བྱེད་ལ་ཡིད་འཁྲུགས་པའི་སེམས་བྱུང་སྟེ། འདི་ནི་ཁོང་ཁྲོ་ལས་བྱུང་བ་ཡིན་གྱི་ཁོང་ཁྲོ་དང་གཅིག་མིན་ནོ། ཁོན་འཛིན་ནི། གནོད་བྱེད་ལ་ཤ་གཉེར་བ་མི་གཏོང་བའོ། །འཆབ་སེམས་ནི། ཉེས་པ་བྱས་པ་དགོས་མེད་དུ་སྦེད་པའོ། །འཚིག་པ་ནི། ཁྲོ་བས་ཀུན་ནས་བསླངས་པའི་སྒོ་ནས་སེམས་འཚིག་པའོ། །ཕྲག་དོག་ནི། གཞན་གྱི་ཡོན་ཏན་དང་ཡོ་བྱད་སོགས་ཀྱི་ཕུན་ཚོགས་ལ་ཡིད་འཁྲུགས་པའོ། །སེར་སྣ་ནི། ཟག་བཅས་ཀྱི་ཡོ་བྱད་དམ་དུ་འཛིན་པའོ། །སྒྱུ་ནི། ཉེས་པ་འགག་ཞིང་ཟུར་གྱིས་གཞན་དུ་སྒྱུར་བའོ། །གཡོ་ནི། ཡོན་ཏན་དེ་མེད་བཞིན་དུ་ཡོད་པ་ལྟར་སྟོན་པའོ། །རྒྱགས་པ་ནི། རང་གི་ཡོ་བྱད་སོགས་ལ་ཆགས་ཤིང་དྲེགས་པའོ། །རྣམ་པར་འཚེ་བ་ནི། གཞན་ལ་ཐོ་འཚམ་པའོ། །ངོ་ཚ་མེད་པ་ནི། རང་དང་ཆོས་གང་རུང་རྒྱུ་མཚན་དུ་བྱས་ནས་ཉེས་པ་ལ་མི་འཛེམ་པའོ། ཁྲེལ་མེད་ནི། གཞན་གྱིས་འཕྱ་བ་ལ་མི་འཛེམ་པའོ། །རྨུགས་པ་ནི། ལུས་སེམས་བློང་བློང་པོར་བྱེད་པའོ། །རྒོད་པ་ནི། སེམས་མ་ཞི་བར་བྱེད་པའོ། །མ་གུས་པ་ནི། ཡོན་ཏན་དང་ཡོན་ཏན་ཅན་དང་བླང་དོར་སོགས་ལ་མི་གུས་པའོ། །ལེ་ལོ་ནི། དགེ་བ་ལ་མི་སྤྲོ་བའོ། །བག་མེད་ནི། སྤྱོད་པ་ཕྱིན་ཅི་ལོག་ཏུ་བྱེད་པའོ། །བརྗེད་ངེས་ནི། དགེ་བའི་དམིགས་རྣམ་ཤེས་ཟིན་བརྗོད་པའོ། །ཤེས་བཞིན་མ་ཡིན་པ་ནི། བྱ་བ་དེ་མི་ཤེས་པའམ་ཤེས་ཀྱང་དྲན་པ་ཡེངས་ནས་འཇུག་པའོ། །རྣམ་གཡེང་ནི། དགེ་བའི་དམིགས་པ་ལས་ཡིད་ཕྱིར་འཕྲོ་བར་བྱེད་པའི་སེམས་བྱུང་སྟེ། འདི་རྣམས་ནི་རྩ་ཉོན་ལས་བྱུང་ཞིང་དེ་དང་ཉེ་བས་ཉེ་ཉོན་ཞེས་བྱའོ། །གཉིད་ནི། སེམས་ཀུན་ནས་སྡུད་པར་བྱེད་པའི་ལས་ཅན་གྱི་སེམས་བྱུང་ངོ་། །འགྱོད་པ་ནི། བྱས་ཟིན་པའི་ཡུལ་ལ་ཡིད་བཅུག་པ་འམ་མི་དགའ་བའོ། །རྟོག་པ་ནི། ཡུལ་ལ་རྩིང་བར་འཇུག་པར་བྱེད་པའོ། །དཔྱོད་པ་ནི། ཡུལ་ལ་ཞིབ་པའི་རྣམ་པར་འཇུག་པར་བྱེད་པ་སྟེ། དེ་བཞིན་ནི་སྐབས་འགའ་ཞིག་ཏུ་དགེ་བར་འགྱུར་ལ། གཞན་གྱི་ཚེ་མི་དགེ་བར་ཡང་འགྱུར་ཞིང་། ལུང་མ་བསྟན་དུའང་འགྱུར་སྲིད་པས་གཞན་འགྱུར་ཞེས་བྱའོ། །དཔེར་ན་གཉིད་དུས་སུ་སངས་རྒྱས་མཐོང་བར་རྨིས་ནས་དད་པ་ནི་དགེ་བ་དང་། སྲོག་བཅད་པར་རྨིས་ནས་དགའ་བ་ནི་མི་དགེ་བ་དང་། དྲན་མེད་དུ་སོང་བ་ལྟ་བུ་ལུང་མ་བསྟན་དུ་འགྱུར་ཞིང་། མི་དགེ་བ་བྱས་པ་ལ་འགྱོད་པ་ནི་དགེ་བ་དང་། དགེ་བ་བྱས་པ་ལ་འགྱོད་པ་ནི་མི་དགེ་བ་དང་། བར་མ་ཞིག་ལ་འགྱོད་པ་ནི་ལུང་མ་བསྟན་དུ་འགྱུར་བ་བཞིན་ནོ། །སྤྱིར་འདུ་བྱེད་ཀྱི་གཙོ་བོ་ནི་ལས་དཀར་ནག་གཉིས་ཏེ། ལས་ལ་ནི་སེམས་བྱུང་དང་གཟུགས་ཅན་གཉིས་སུ་དབྱེའོ། །ལྡན་མིན་འདུ་བྱེད་ནི། གཟུགས་དང་སེམས་སེམས་བྱུང་གི་གནས་སྐབས་ལ་བཏགས་ཏེ། སྔར་བཤད་པ་དེ་རྣམས་སོ། །འོན་ཀྱང་མིང་ཚིག་ཡི་གེ་གསུམ་ལྡན་མིན་དུ་བཤད་པ་ནི་དེ་གསུམ་གྱི་ཚོགས་རྒྱུན་དང་སྒྲ་སྤྱིའི་འཕྲེང་བ་ལ་འདོད་པའི་དབང་དུ་མཛད་པ་སྟེ། ལུགས་གཞན་ཁ་ཅིག་ལ་སྒྲའི་ངོ་བོར་འདོད་དེ། དེ་ལྟར་ན་གཟུགས་ཀྱིས་བསྡུས་པར་འདོད་དགོས་སོ། །མདོར་ན་མི་རྟག་པ་ཡིན་ན། ཁྱོད་ཀྱི་མི་རྟག་པ་དང་སྐྱེ་འཇིག་སོགས་ལྡན་མིན་འདུ་བྱེད་ཡིན་པས་ཁྱབ་པོ། །ལྡན་མིན་འདུ་བྱེད་ཞེས་པའི་དོན་ནི། སེམས་བྱུང་རྣམས་སེམས་དང་མཚུངས་ལྡན་རྣམ་པ་ལྔས་མཚུངས་པར་ལྡན་པ་བཞིན་དུ། ལྡན་མིན་རྣམས་དེ་ལྟར་མི་ལྡན་པའི་དོན་ནོ། །ལྔ་པ་རྣམ་ཤེས་ཀྱི་ཕུང་པོ་ནི། རང་སྟོབས་ཀྱིས་ཡུལ་གྱི་ངོ་བོ་སོ་སོར་རྣམ་པར་རིག་པའི་གཙོ་སེམས་སོ། །དེ་ལ་མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་དྲུག་དང་། ཀུན་གཞི་དང་ཉོན་ཡིད་ཁས་ལེན་པའི་ངེས་པ་མེད་ཀྱང་འདོད་ན་དེ་གཉིས་བསྣན་པས་རྣམ་ཤེས་ཚོགས་བརྒྱད་དོ། །དབང་པོའི་རྣམ་ཤེས་ལྔའི་ཡུལ་ལྔ་ནི་བཤད་ཟིན་ལ། ཡིད་ཀྱི་རྣམ་ཤེས་ཀྱི་ཡུལ་ནི། ཆོས་ཁམས་ཏེ་སེམས་དང་ཡིད་དང་རྣམ་ཤེས་དང་གཙོ་སེམས་རྣམས་ནི་དོན་གཅིག་མིང་གི་རྣམ་གྲངས་སོ། །སེམས་སེམས་བྱུང་རྣམས་ཡུལ་ལ་དམིགས་ཚུལ་ནི། སེམས་ནི་རང་གི་ཡུལ་དེ་དང་དེའི་ངོ་བོ་ལས་དམིགས་པ་ཙམ་གྱིས་འཇོག་ལ། སེམས་བྱུང་རྣམས་ཁྱད་པར་ལ་དམིགས་པའི་སྒོ་ནས་འཇོག་པ་ཡིན་ཏེ། དཔེར་ན། སྔོན་པོ་འཛིན་པའི་མིག་གི་རྣམ་ཤེས་དེ་སྔོན་པོ་ཉིད་འཛིན་པ་ཙམ་གྱིས་མཚན་ཉིད་རྫོགས་ལ། དེའི་འཁོར་གྱི་ཚོར་བ་སོགས་ནི་སྔོན་པོའི་ཁྱད་པར་ལ་དམིགས་པའི་སྒོ་ནས་འཇོག་གི། སྔོན་པོའི་འཛིན་པ་ཙམ་གྱིས་མི་ཆོག་གི། ཤེས་པ་རྣམས་ནི་བློའི་ངོ་བོར་དུ་མར་སྤུངས་པ་ལྟར་སྣང་བས་ཕུང་པོ་ཞེས་བྱ་ཡི། གཟུགས་ལྟར་སྤུངས་པ་ནི་མ་ཡིན་ནོ། ། གསུམ་པ་འཕྲོས་དོན་ལ་གཉིས། གོ་རིམ་དང་། དགོས་པའོ། །དང་པོ་ནི། ཕུང་པོ་ལྔའི་གོ་རིམ་ལ་གཟུགས་དང་པོར་བྱས་ནས་བསྟན་པ་ནི། གཟུགས་ཤིན་ཏུ་རགས་པས་དང་པོར་བསྟན་ལ། དེ་ལས་ཚོར་བ་ཅུང་ཕྲ། དེ་ལས་འདུ་ཤེས་ཕྲ་དེ་ལས་འདུ་བྱེད་ཕྲ། དེ་རྣམས་ལས་རྣམ་ཤེས་ཕྲ་བའི་རིམ་པའི་དབང་དུ་བྱས་པ་དང་། ཡང་དང་པོར་གཟུགས་མཐོང་ནས་ཉོན་མོངས་སྐྱེ། དེ་ནས་ཚོར་བ་བདེ་བ་འདོད། །དེ་ནས་འདུ་ཤེས་ཕྱིན་ཅི་ལོག་ཏུ་འབྱུང་། དེ་ལས་འདུ་བྱེད་ཀྱི་ལས་གསོག །དེ་ལས་རྣམ་ཤེས་ཉོན་མོངས་ཅན་དུ་འགྱུར་བའི་རིམ་པ་དང་། ཡང་སྣོད་ཀྱི་ཟས་ཀྱི་རྟེན་བྱེད་པ་ལྟར་གཟུགས་ཀྱིས་ཚོར་བའི་རྟེན་བྱེད། ཟས་ལོངས་སྤྱོད་བྱ་ཡིན་པ་ལྟར་ཚོར་བ་དེ་རྣམ་ཤེས་ཀྱི་སྤྱད་བྱ། ཚོད་མ་དང་ཚྭས་ཟས་ཞིམ་པར་བྱེད་པ་ལྟར་འདུ་ཤེས་ཀྱི་བདེ་སྡུག་སོགས་ཀྱི་ཐ་སྙད་བྱེད། ལག་བདེས་ཟས་འདྲེན་པ་ལྟར་འདུ་བྱེད་ཀྱི་བདེ་སྡུག་སྐྱེད་པར་བྱེད། སྐྱེས་བུས་ཟས་ཟ་བ་ལྟར་རྣམ་ཤེས་ཀྱིས་བདེ་སྡུག་ལོངས་སྤྱོད་པའི་གོ་རིམ་ལྟར་རོ། །ཡང་མིག་སོགས་དབང་པོ་ལྔའི་གོ་རིམ་ནི། མིག་གིས་ཐག་ཤིན་ཏུ་རིང་བའི་གཟུགས་མཐོང་། རྣ་བས་རིང་བའི་སྒྲ་ཐོས་ཀྱང་མིག་གི་མཐོང་བ་ཙམ་མི་ཐོས། སྣས་ཐག་ཉེ་བའི་དྲི་ཚོར་བའི་རྗེས་སུ་ལྟེས་རོ་མྱོང་བ་འབྱུང་བའི་གོ་རིམ་མོ། །ཡང་མིག་ཐོག་མར་ཡོད་ཅིང་གཞན་གསུམ་འོག་ན་ཡོད་པ་ལུས་དབང་ཕལ་ཆེར་འོག་ཏུ་གནས་པའི་གོ་རིམ་ལྟར་རོ། །གཉིས་པ་ཕུང་པོ་ལྔར་བསྟན་ཅིང་ཤེས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། རང་རྒྱུད་ཀྱི་གང་ཟག་གི་བདག་ཏུ་འཁྲུལ་པ་སྐྱེ་བའི་གཞི་ནི་ཕུང་པོ་ལྔར་ངེས་ལ། ཕུང་པོ་ལྔའི་དབྱེ་བ་ལེགས་པར་ཤེས་ན་ཕུང་པོ་ལ་གང་ཟག་གི་བདག་ཏུ་འཁྲུལ་བའི་རྨོངས་པ་ལྡོག་པར་འགྱུར་བའི་ཕྱིར། ཕུང་པོ་ལྔ་སོ་སོ་ནས་ཀྱང་གང་ཟག་གི་བདག་ཏུ་འཁྲུལ་པ་སྐྱེ་བའི་གཞི་ཡིན་ཏེ། མིག་གིས་ལྟ་བ་ན་ལྟ་བ་པོའི་བདག་དང་། རྣ་བས་ཉན་པ་ནི་ཉན་པ་པོའི་བདག་དང་། སྣས་སྣོམ་པ་ན་སྣོམ་པ་པོའི་བདག་དང་། ལྕེས་མྱོང་བ་ན་མྱོང་བ་པོའི་བདག་དང་། ལུས་ཀྱིས་རེག་པ་ན་རེག་པ་པོའི་གང་ཟག་གི་བདག་ཡོད་པར་འཁྲུལ། ཚོར་བ་བདེ་སྡུག་སོགས་ལ་སྲེད་པ་གསུམ་གྱིས་ལོངས་སྤྱོད་པ་ན་རྣམ་སྨིན་མྱོང་བ་པོའི་བདག་ཡོད་པར་འཁྲུལ། འདུ་ཤེས་ཀྱིས་མཐོང་ངོ་ཐོས་སོ་ཤེས་སོ། །ཞེས་པའི་བྱེ་བྲག་འབྱེད་པའི་སྒོ་ནས་ཐ་སྙད་འདོགས་པ་ན་ཐ་སྙད་བྱེད་པ་པོའི་རང་དབང་བའི་བདག་ཡོད་པར་འཁྲུལ། འདུ་བྱེད་ཀྱི་ལས་དཀར་ནག་གསོག་ཅིང་སྐྱེ་རྒ་ན་འཆི་དང་འགྲོ་སྡོད་སོགས་བྱེད་པ་ན་དེ་ལྟར་བྱེད་པོའི་རང་དབང་བའི་བདག་ཡོད་པར་འཁྲུལ། སེམས་དང་སེམས་ཁྱུང་སྐྱེ་བ་ན་དེ་སྐྱེ་བའི་གཞི་རྣམ་ཤེས་ལ་རྟག་པའི་བདག་ཏུ་འཁྲུལ་བའི་བློ་སྐྱེ་བས་དེའི་དབང་གིས་འཁོར་བར་སྐྱེ་བར་འགྱུར་བའི་ཕྱིར་རོ། །བློ་དེ་རྣམས་ལྡོག་པར་བྱེད་པའི་ཚུལ་ཡོད་དེ། ཕུང་པོ་ཕན་ཚུན་བརྟེན་ནས་བཞག་པ་དང་བརྟེན་ནས་འབྱུང་བའི་བཏགས་ཆོས་ཙམ་དུ་ཤེས་ན་དེ་ལྡོག་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་། ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་བསྟན་ཅིང་ཤེས་པ་ལ་དགོས་པ་ཡོད་དེ། གཟུགས་སེམས་གཉིས་དང་སེམས་དང་སེམས་བྱུང་རྣམས་ལ་རིལ་པོ་གཅིག་ཏུ་འཛིན་པའི་རྨོངས་པ་རྣམ་པར་བཟློག་པའི་ཆེད་དུ་ཕུང་པོ་ལྔ་བསྟན། གཟུགས་ལ་རིལ་འཛིན་གྱི་རྨོངས་པ་བཟློག་པའི་ཆེད་དུ་སྐྱེ་མཆེད་བཅུ་གཉིས་བསྟན། གཟུགས་སེམས་གཉིས་ཀ་རིག་འཛིན་ཀྱི་རྨོངས་པ་བཟློག་པའི་ཆེད་དུ་ཁམས་བཅོ་བརྒྱད་བསྟན་ལ། གཞན་ཡང་། དབང་རྣོན་འགོ་སྨོས་པས་གོ་ནུས་པའི་དོན་དུ་ཕུང་པོ་ལྔ་དང་། དབང་འབྲིང་ཅུང་ཟད་དབྱེ་དགོས་པའི་དོན་དུ་སྐྱེ་མཆེད་བཅུ་གཉིས་དང་། དབང་རྟུལ་གསལ་བར་དབྱེ་དགོས་པའི་དོན་དུ་ཁམས་བཅོ་བརྒྱད་བསྟན་ནས། རྨོངས་པ་དེ་རྣམས་བཟློག་པར་བྱེད་པའི་ཕྱིར། རྨོངས་པ་དེ་རྣམས་ངེས་པར་བཟློག་དགོས་ཏེ། མ་ལྡོག་ན་དེས་བཅིངས་ནས་འཁོར་བར་སྐྱེ་བ་ལེན་པར་འགྱུར་བའི་ཕྱིར་རོ། །སྤྱིར་དངོས་པོ་དང་དངོས་མེད་ཀྱི་ཁྱད་པར་ལེགས་པར་ཤེས་དགོས་ཏེ། དེ་ལྟར་ཤེས་ན་མི་ཤེས་པ་བཟློག་ནས་འཁོར་བ་ལས་གྲོལ་བར་འགྱུར་ལ། ཁྱད་པར་དུ་ཕུང་ཁམས་སྐྱེ་མཆེད་ཀྱི་ཐ་སྙད་དང་དོན་དམ་པའི་གནས་ཚུལ་ལེགས་པར་ཤེས་ན་དེ་ལ་རྨོངས་པའི་ལོག་རྟོག་རྣམས་ལྡོག་པར་འགྱུར་བའི་ཕྱིར་དང་དེ་ལྟར་བྱུང་བ་ནི་ཕུང་ཁམས་སོགས་ལེགས་པར་ཤེས་པའི་དགོས་པའང་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། དངོས་དང་དངོས་མེད་ཡོངས་ཤེས་ན། བདག་ཉིད་ཆེན་པོ་རྣམ་པར་གྲོལ། ཞེས་དང་། དཔལ་ལྡན་ཟླ་བས་ཀྱང་། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་གསུངས་པའི་ཕྱིར་རོ། ། སྨྲས་པ། ཆོས་མངོན་རྒྱ་མཚོའི་ཆུ་ཐིགས་ཀྱིས། །བློ་མིག་དྲི་མ་མ་བཀྲུས་ན། །གསུང་རབ་དགོངས་ཟབ་བཞིན་རས་ལ། །ལྟ་འདོད་དམུས་ལོང་གཟུགས་ལ་བཞིན། །དེ་ཕྱིར་ཐུབ་གསུང་མཁས་མང་གི། ལེགས་བཤད་ཟབ་དོན་རྟོགས་འདོད་ན། །ཕུང་ཁམས་སྐྱེ་མཆེད་གསལ་སྟོན་པའི། །གཞུང་ལུགས་འདི་འདྲར་འཇུག་པར་རིགས། །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་དོན་གཉེར་ཅན་འགའ་ལ་ཕན་ཆེད་ཅོ་ནེ་དགོན་ཉིད་དུ་སྦྱར་བ་སྟེ་པར་གྱི་ཡི་གེ་པ་ནི་དཀའ་བཅུ་འཇམ་དབྱངས་དོན་ཡོད་དོ། །མངྒ་ལཾ།། །།