cover

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

པོད་བཅུ་བཞིམ་པ།

ཅོ་ནེ་གྲགས་པ་བཤད་སྒྲུབ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བདེ་གཤེགས་བདུན་གྱི་སྨོན་ལམ་འདོན་ཚུལ་འཇུག་པ་བདེ་བར་བཀོད་པ།

བདེ་གཤེགས་བདུན་གྱི་སྨོན་ལམ་འདོན་ཚུལ་འཇུག་པ་བདེ་བར་བཀོད་པ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། གང་གིས་མཚན་ཐོས་དྲན་ཅིང་བརྗོད་པས་ཀྱང་། །འདི་ཕྱིའི་མི་མཐུན་རྒུད་པའི་ཕྱོགས་རྣམས་དང་། །སྡིག་སྒྲིབ་ཉེས་བརྒྱའི་མུན་པ་ཀུན་སེལ་བ། །བདེ་གཤེགས་ཉི་མ་མཆེད་བདུན་ལ་ཕྱག་འཚལ། །འདིར་སྨན་བླའི་མདོ་དང་དེའི་ཆོ་ག་རྒྱས་པ་ནས་འབྱུང་བའི་སྨོན་ལམ་ཁྱད་པར་ཅན་རྣམས་ཟུར་དུ་བཀོལ་ནས་རང་གཞན་གྱི་དོན་དུ་འཇུག་པ་བདེ་ཞིང་ཕན་ཡོན་ཆེ་བར་མ་ཟད། སྨན་བླའི་མདོ་དང་ཆོ་གའི་དོན་གྱི་སྙིང་པོ་ཉམས་སུ་བླང་བར་འགྱུར་བས། ས་གཞི་བྱིན་རླབས་དང་སྤྱན་དྲངས་ནས་ཡན་ལག་བདུན་པ་རྣམས་ཕྱོགས་གཅིག་དང་། སྨོན་ལམ་རྣམས་ཀྱང་ཕྱོགས་གཅིག་ཏུ་འདོན་ཚུལ་ནི། རྟེན་ཡོད་ན་བཀྲམ། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། མཆོག་གསུམ་རྒྱལ་བར་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་བདེན་སྟོབས་ཀྱིས། །སྣོད་བཅུད་མཆོད་ཚོགས་ཀུན་དང་ལྷན་ཅིག་ཏུ། །བདེ་ལྡན་ཞིང་གི་བཀོད་པ་ལྟར་གྱུར་ཅིག །མདུན་གྱི་ནམ་མཁར་གཞལ་མེད་ཁང་ཆེན་དབུས། །རིན་ཆེན་སེང་ཁྲི་པད་ཟླའི་གདན་ལ་སོགས། །བདེ་གཤེགས་རྣམས་དང་བྱང་སེམས་ཆོས་སྐྱོང་བའི། །བཞུགས་གནས་ཕུན་ཚོགས་མཛེས་པར་གྲུབ་གྱུར་ཅིག །ཤར་ཕྱོགས་གངྒཱའི་བྱེ་སྙེད་འདས་གྱུར་པའི། །སངས་རྒྱས་ཞིང་ནས་བདེ་གཤེགས་མཆེད་བདུན་དང་། །ཐུབ་དབང་བྱང་སེམས་ཉན་རང་བཀའ་སྡོད་ཚོགས། །འཁོར་བཅས་བརྩེ་བས་གནས་འདིར་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་ཞེས་སོགས་ཚིགས་བཅད་གཅིག་དང་། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །ཞེས་སོགས་ཚིགས་བཅད་གཅིག་གི་འཇུག་ཏུ་མཁན་ཆེན་ཞི་འཚོ་ལ་སོགས་བླ་མ་དང་། །བདེ་གཤེགས་བདུན་དང་ཐུབ་དབང་དམ་པའི་ཆོས། །འཇལ་དཔལ་སྐྱབས་གྲོལ་གསང་བདག་ཚངས་དབང་དང་། །རྒྱལ་ཆེན་གནོད་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཞེས་སོགས་ཀྱིས་ཕྱག་བྱས་ནས། མཎྜལ་འབུལ་བར་འདོད་ན་ཕུལ་ལ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་སྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་དུ་གཞན་དྲུག་ལའང་སྦྱར་ཏེ། སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་རྣམས་ལན་བདུན་བརྗོད། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། དམ་པའི་ཆོས་རྣམས་དང་། འཇལ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཕགས་པའི་ཚོགས་རྣམས་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་ལའང་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ་མམ་གཅིག །དེ་ནས་འཕགས་པའི་ཚོགས་དེ་དག་ལ་མཆོད་ཡོན་དང་ཞེས་སོགས་ལྟར་རམ། བསྡུ་ན། རྒྱལ་བ་སྲས་བཅས་ཐམས་ཅད་ལ་བདག་པོས་བཟུང་བ་དང་མ་བཟུང་བའི་མཆོད་པའི་ཚོགས་ཇི་སྙེད་མཆིས་པ་ཐམས་ཅད་འབུལ་པར་བགྱིའོ། །སྡིག་ལྟུང་ཉེས་པའི་ཚོགས་ཐམས་ཅད་མཐོལ་ལོ་བཤགས་སོ། །རང་གཞན་སྐྱེ་འཕགས་ཀུན་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་གྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ། །འདི་ལྟར་བགྱིས་པའི་དགེ་བ་ཀུན་ཀྱང་བདག་གཞན་མ་ལུས་པ་བླ་ན་མེད་པའི་སངས་རྒྱས་ཐོབ་པའི་རྒྱུར་བསྔོའོ། །དེ་ནས་དེང་རྒྱལ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་བདུན་དང་། སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་མཚན་ནས་བརྗོད་པ་དང་། ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས་དེ་བཞིན་གཤེགས་པ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ་རིམས་དང་གཤེད་བྱེད་དང་བྱད་དང་རོ་ལངས་དང་འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་ཐམས་ཅད་ཀྱི་གནོད་པ་དང་ནད་ཐམས་ཅད་འཕྲལ་དུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་དང་ནད་ཐམས་ཅད་མེད་པར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོང་བ་དང་འོན་པ་དང་སྨྱོན་པ་དང་། ཤ་བཀྲ་དང་ནད་ཚབ་ཆེན་པོས་བཏབ་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག །སྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་པ། མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པའི་སྤྱོད་པ་མང་བ་དམ་པའི་ཆོས་སྤོང་བ་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཟད་པར་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པའི་བར་དུ་ཡང་སེམས་ཅན་དམྱལ་བ་དང་ངན་འགྲོར་འགྲོ་བར་མ་གྱུར་ཅིག །ལྷ་ཡུལ་བའི་ལྷའི་བདེ་བ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དབུལ་པོར་གྱུར་ཏེ་ཟས་དང་སྐོམ་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་འཕྲེང་བ་དང་ཡོ་བྱད་མི་བདོག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང་གོས་དང་ནོར་དང་འབྲུ་དང་མལ་ཆ་དང་སྤོས་དང་འཕྲེང་བ་དང་ཡོ་བྱད་འཕེལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཅིང་བ་དང་རྡེག་པ་གོ་རར་གཞུག་པ་དང་མཚོན་ཆའི་ཚོགས་པ་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང་རྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང་། སེང་གེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པའི་ནང་དུ་ཆུད་དེ་སྲོག་ལ་བབ་ཅིང་ཉམ་ཐག་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སེངྒེ་དང་སྟག་དང་དོམ་དང་དྲེད་དང་སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །འཇིགས་པ་མེད་པ་དང་ཞི་བའི་གནས་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་རྩོད་ཅིང་འགྱེད་པར་གྱུར་ཏེ་འཁྲུགས་ཤིང་འཇིགས་སྐྲག་ནས་དངངས་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཐབ་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཆུའི་ནང་དུ་སོན་པ་གྲུར་ཞུགས་པ་གླིང་མེད་པར་ཕྱིན་པ་སྲོག་འདོད་པ་ཆུ་ཀླུང་དང་རྒྱ་མཚོའི་ནང་དུ་སོན་ཏེ་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་ལས་དབུགས་འབྱིན་པ་སྦྱིན་པར་གྱུར་ཅིག །འཇིགས་པ་མེད་པར་རྒལ་བར་གྱུར་ཅིག །ཅེས་མཚན་ལེགས་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ཞིང་ལས་ཀྱི་ལས་ཀྱིས་མཐའ་དང་ཚོང་ལ་དགའ་སྟེ་གཡེང་བ་སྣ་ཚོགས་མང་བས་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཡོངས་སུ་ཉམས་ཏེ་འཁོར་བ་ན་འཁྱམས་ཞིང་སོ་སོར་འཁོར་བའི་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་རྒ་བ་དང་ན་བ་དང་རྒུད་པ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་སྣ་ཚོགས་སོ་སོར་མྱོང་བ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་བཟའ་བ་དང་བགོ་བ་དང་བཏུང་བ་དང་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་དང་ནོར་དང་འབྲུ་དང་དབྱིག་དང་གསེར་རྣམས་འབྱུང་ཞིང་འབྱོར་པ་ཕུན་སུམ་ཚོགས་པར་གྱུར་ཅིག །དགེ་བའི་ཆོས་རྣམས་ཀྱིས་རྣམ་པ་འཕེལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ངན་སོང་དང་སེམས་ཅན་དམྱལ་བ་ལ་སོགས་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པས་ལུས་ཡོངས་སུ་གདུང་ཤིང་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དེ་དག་ཐམས་ཅད་སྔོན་གྱི་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །སྐྱེ་བ་དེ་ཡང་མཐའ་མར་གྱུར་ཅིག །བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་སྐྱེ་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བུད་མེད་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཞིང་བུད་མེད་ཀྱི་སྐྱེ་གནས་ལ་སྨོད་པ་དང་སེམས་ཅན་གང་དག་བཙལ་བའི་དུས་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །སྐྱེ་བ་དེ་ཡང་མཐའ་མར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པ་ཉིད་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འཆི་བ་དང་དགྲ་དང་དགོན་པའི་གནོད་པས་གཙེས་པ་དང་ཕན་ཚུན་ཕ་མ་དང་སྲིང་མོ་དང་མཛའ་བཤེས་དང་ཉེ་དུའི་མྱ་ངན་མྱོང་ཞིང་སྡུག་བསྔལ་བ་དང་མྱ་ངན་གྱི་ཟུག་རྔུས་ལུས་ལ་ཟུག་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཆི་བ་དང་དགྲ་དང་དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །མྱ་ངན་དང་སྡུག་བསྔལ་ཐམས་ཅད་བྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མཚན་མོ་མུན་པ་མུན་ནག་ན་རྣམ་པར་རྒྱུ་བ་ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་ལ་ཞུགས་པ་སྡིག་པ་ཅན་གྱི་གདོན་སྣ་ཚོགས་ཀྱིས་གཙེས་པ། འཇིགས་པ་དང་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུར་ཅིག །སྡིག་པ་ཅན་གྱི་གདོན་ཐམས་ཅད་ལས་ཐར་བར་གྱུར་ཅིག །མཆོད་པ་དང་རིམ་གྲོ་བྱ་བ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཤེས་རབ་ཆུང་བ་དྲན་པ་རྨོངས་ཏེ་དགེ་བའི་ཆོས་རྣམས་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་དང་སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང་དྲན་པ་དང་སྟོབས་དང་གཟུངས་ཀྱི་སྒོ་རྣམས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་མངོན་དུ་གྱུར་ཅིག །ཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་བསྐྱེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བསྐལ་བ་ཆེན་པོ་ཟད་པའི་ཚེ་འཛམ་བུའི་གླིང་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བ་འཁྲུགས་པར་གྱུར་ཏེ་ངུ་ཞིང་མྱ་ངན་བྱེད་ལ་སྔོན་མི་དགེ་བའི་ལས་ཀྱི་རྒྱུས་སྡུག་བསྔལ་འབྱུང་ཞིང་སྐྱབས་མེད་མགོན་མེད་པ་དེ་དག་ཐམས་ཅད་སྡུག་བསྔལ་དང་མྱ་ངན་དང་བྲལ་བར་གྱུར་ཅིག །བསིལ་བའི་དངོས་པོ་ཐོབ་པར་གྱུར་ཅིག །ཅེས་སྒྲ་དབྱངས་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་སྲོག་གཅོད་པ་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བྱེད་པ་སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་པའི་ལས་བྱས་པས་ཚེ་ཐུང་ཞིང་ནད་མང་བ་དང་ཆུ་དང་དུག་དང་མཚོན་དང་མེ་དང་ནད་སྣ་ཚོགས་ཀྱིས་འཆི་བར་འགྱུར་བ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཡོངས་སུ་བྱང་སྟེ་ཚེ་རིང་བར་གྱུར་ཅིག །ནད་མེད་པར་གྱུར་ཅིག །སུ་ཡང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱས་ཏེ། གཞན་གྱི་རྫས་བརྐུས་ཕྲོགས་པས་དབུལ་པོར་སྐྱེས་ཏེ་སྒྲེན་མོ་དང་བཀྲེས་པ་དང་སྐོམ་པས་ལུས་ཡོངས་སུ་གདུང་ཤིང་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་འཕྲལ་དུ་སྡིག་པ་ཐམས་ཅད་བྱང་སྟེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་ཕྱུག་ཕུན་སུམ་ཚོགས་ཤིང་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཅིག་ལ་གཅིག་གནོད་སེམས་དང་ལྡན་ཞིང་ཕན་ཚུན་སྲོག་གཅོད་པར་བྱེད་པ་དང་འཐབ་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་ཏེ་ཚུལ་ཁྲིམས་འཆལ་བར་གྱུར་ནས་སྡིག་པ་ཀུན་ཏུ་སྤྱོད་ཅིང་བསླབ་པ་བྲལ་ལ་དད་པས་བྱིན་པ་ལོངས་སྤྱོད་པས་ངན་སོང་གསུམ་དུ་ལྟུང་ཞིང་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་འཕྲལ་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཚུལ་ཁྲིམས་ཡང་དག་པར་འཛིན་ཞིང་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ཏདྱ་ཐཱ། སིདྡྷི་སིདྡྷི་སུ་སིདྡྷི་མོ་ཙ་ནི། མོཀྵ་ནི་མུཀྟེ་བི་མུཀྟེ། ཨ་མ་ལེ་བི་མ་ལེ་མཾ་ག་ལྱེ། ཧི་རནྱ་གརྦྷེ་རཏྣ་གརྦྷེ། སརྦ་ཨརྠ་སཱ་དྷ་ནི། བ་ར་མཱརྠ་སཱ་དྷ་ནི། མ་ན་སི། མ་ཧཱ་མ་ན་སི། ཨདྦྷཱུ་ཏེ། ཨ་ཏྱདྦྷཱུ་ཏེ། བྷཱི་ཏ་བྷ་ཡེ་སུ་བརྞེ་པྲཧྨ་གྷོ་ཥེ། པྲཧྨཱ་དྷྱུ་ཥི་ཏེ། སརྦྦ་ཨཪྠེ་ཥུ་ཨ་པ་རཱ་ཛི་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ཙ་ཏུཿཥ་ཥྛི་པུདྡྷ་ཀཽ་ཊི་བྷཱ་ཥི་ཏེ། ན་མཿསརྦྦ་ཏ་ཐཱ་ག་ཏཱ་ནཱཾ་སྭཱཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ་སེམས་ཅན་འདོད་ཆགས་ཞེ་སྡང་དང་གཏི་མུག་གིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ་འཆི་བ་དང་དགྲ་དང་དགོན་པས་གནོད་པར་གྱུར་པ། ཚེ་བསྐལ་པར་ཐུབ་པའི་སེམས་ཅན་དམྱལ་བར་གཞོལ་བའི་སེམས་ཅན་རྣམས་གཟིགས་ནས་དེ་དག་གི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་གཟུངས་སྔགས་ཀྱི་གཞི་གསུངས་པ་འདི་བཟླས་པའི་བྱིན་གྱིས་བརླབས་ཀྱིས་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཐམས་ཅད་བྱང་བར་གྱུར་ཅིག །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཆི་བའི་ཚེ་ཡང་བཅོམ་ལྡན་འདས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པས་དགོངས་པ་གྱུར་ཅིག །ཅེས་གསེར་བཟང་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པ་མང་བ་དང་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་དེ་དག་ཐམས་ཅད་ཀྱི་མྱ་ངན་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པ་མང་བ་དེ་དག་རབ་ཏུ་ཞི་བར་གྱུར་ཅིག །སུ་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་མྱོང་བར་མ་གྱུར་ཅིག་ཚེ་རིང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་མུན་པ་མུན་ནག་ཆེན་པོ་ཅན་དུ་སྐྱེ་བར་འགྱུར་བའམ་སྐྱེས་པ་དེ་དག་ལ་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སྐུ་ལས་འོད་ཟེར་གྱི་སྣང་བ་བྱུང་བས་རེག་ཅིང་མཐོང་བར་གྱུར་ཏེ་དེ་མ་ཐག་ཏུ་སྡིག་པ་ཐམས་ཅད་བྱང་ནས་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །སྡུག་བསྔལ་གྱི་ཚོར་བ་མྱོང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་སྡིག་པ་མི་དགེ་བ་བགྱིས་ཏེ་གཞན་གྱི་རྫས་ཕྲོགས་པས་དབུལ་པོ་དམན་པའི་ཁྱིམ་དུ་སྐྱེས་ནས་གོས་དང་བཟའ་བ་དང་བཏུང་བ་དང་མལ་ཆ་དང་རྒྱན་མི་བདོག་པ། གྲང་བ་དང་ཚ་བའི་སྡུག་བསྔལ་མྱོང་བ་དང་བཀྲེས་པ་སྐོམ་པས་ལུས་གཟིར་ཞིང་མདོག་ངན་པར་གྱུར་པ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བགོ་བ་དང་བཟའ་བ་དང་བཏུང་བ་དང་མལ་ཆ་ཐམས་ཅད་ལ་ལོངས་སྤྱོད་པར་གྱུར་ཅིག །ལུས་ལ་ལྷའི་ལུས་ཀྱི་ཁ་དོག་གིས་བརྒྱན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདངས་ཕྲོགས་ཏེ་ནད་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདངས་འཕྲོག་པ་ཐམས་ཅད་རབ་ཏུ་ཞི་ཞིང་བྱམས་པ་ལ་གནས་པར་གྱུར་ཅིག །ནད་ཀྱི་སྡུག་བསྔལ་སྣ་ཚོགས་ལས་ཡོངས་སུ་ཐར་བར་གྱུར་ཅིག །ཅེས་མྱ་ངན་མེད་མཆོག་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ལོག་པར་ལྟ་བ་ཅན་གྱི་ཁྱིམ་དུ་སྐྱེས་པས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་དད་པ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་རིང་དུ་གྱུར་པ་དེ་དག་ལས་ཀྱི་སྒྲིབ་པ་དེ་ཟད་པར་གྱུར་ནས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཅིག །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲགས་པ། ཆོས་ཀྱི་སྒྲ་མི་གྲགས་པ། དགེ་འདུན་གྱི་སྒྲ་མི་གྲགས་པ་ཡུལ་མཐའ་འཁོབ་ཏུ་སྐྱེས་ཏེ་མི་དགེ་བའི་བཤེས་གཉེན་གྱི་རྒྱུས་སྡིག་པའི་ལས་བྱེད་པ་དེ་དག་དེ་ནས་ཤི་འཕོས་ནས་ངན་སོང་གསུམ་དུ་ལྟུང་ཞིང་དགེ་བའི་ཆོས་རྣམས་ལས་ཉམས་པར་འགྱུར་བ་དེ་དག་ལ་དེ་བཞིན་གཤེགས་པ་ཆོས་སྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་རྣ་ལམ་དུ་གྲགས་པར་གྱུར་ཏེ་ཆོས་ཀྱི་སྤྲིན་དང་རྒྱ་མཚོའི་སྒྲ་འབྱུང་བར་གྱུར་ཅིག །དེ་དག་གི་ཆོས་ཀྱི་སྒྲ་དེ་ཐོས་ནས་སྔོན་གྱི་ལས་ཟད་པར་གྱུར་ཏེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གོས་དང་རྒྱན་དང་སྤོས་དང་འཕྲེང་བ་དང་བྱུག་པ་དང་མལ་ཆ་དང་ན་བའི་གསོས་སྨན་དང་བྲལ་ཞིང་མི་ལྡན་པའི་དབང་གིས་སྡུག་བསྔལ་མྱོང་ཞིང་སྡིག་པའི་ལས་བྱེད་པ་དེ་དག་གོས་དང་རྒྱན་དང་སྤོས་དང་ཕྲེང་བ་དང་བྱུག་པ་དང་མལ་ཆ་དང་ན་བའི་གསོས་སྨན་དང་ལོངས་སྤྱོད་རྣམས་བསམ་མ་ཐག་ཏུ་འབྱུང་ཞིང་མི་ལྡན་པ་མེད་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སུ་ཡང་ཅི་དང་ཡང་མི་ལྡན་པ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཕན་ཚུན་འཐབ་མོ་འཐབ་པ་དང་རྩོད་པ་དང་འགྱེད་པར་གྱུར་ཏེ་གཅིག་ལ་གཅིག་གནོད་པར་བྱ་བ་དང་གསད་པར་བྱ་བའི་ཕྱིར་རྟུལ་བ་མཚོན་དང་མདའ་དང་དབྱིག་པ་དག་གིས་བསྣུན་ཏེ་སྡུག་བསྔལ་བར་གྱུར་པ་དེ་དག་མདའ་དང་མཚོན་དང་དབྱིག་པ་ལ་སོགས་པ་ལས་སླར་ལོག་པར་གྱུར་ཅིག །ཕྱིར་ཕྱོགས་པར་གྱུར་ཅིག །དགྲ་ཐམས་ཅད་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །སུའི་སྲོག་གི་དབང་པོ་ཡང་འགག་པར་མ་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག །ཅེས་ཆོས་སྒྲགས་རྒྱ་མཚོ་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ཞིང་ལས་དང་ས་བོན་འདེབས་པ་དང་ཚོང་བྱེད་པ་དང་འཐབ་མོ་དང་རྩོད་པ་ལ་སོགས་པ་སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་བསམ་མ་ཐག་ཏུ་འཚོག་ཆས་ཐམས་ཅད་འབྱོར་བར་གྱུར་ཅིག །གནོད་སེམས་མེད་པར་གྱུར་ཅིག །རྟག་ཏུ་དགེ་བའི་ཆོས་བྱེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ཅིག །སེམས་ཅན་གང་ཡང་དམྱལ་བར་འགྲོ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཞན་གྱི་དབང་དུ་སོང་སྟེ་ཆད་པ་བཅད་པ་དང་བཅིང་བ་དང་རྡེག་པ་དང་གོ་རར་གཞུག་པ་དང་གསད་པའི་འོས་སུ་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིངས་པ་དང་རྡེག་པ་ལ་སོགས་པ་ལས་ཐར་བར་གྱུར་ཅིག །བླ་ན་མེད་པའི་རང་དབང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཚེ་ཐུང་བར་གྱུར་པའི་སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཏེ་འཆི་བར་གྱུར་པ་དེ་དག་ཐམས་ཅད་སྡིག་པའི་ལས་ཐམས་ཅད་ཡོངས་སུ་བྱང་སྟེ་ཚེ་རིང་ཞིང་དུས་མ་ཡིན་པར་འཆི་བར་འགྱུར་བས་ནམ་ཡང་འགའ་ཡང་འཆི་བར་མ་གྱུར་ཅིག །འཆི་ཁར་ཡང་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་བས་མངོན་པར་མཁྱེན་པའི་མཚན་རྣ་ལམ་དུ་གྲགས་ཞིང་རྗེས་སུ་དྲན་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །ཅེས་ཆོས་རྒྱ་མཚོ་དང་། བདག་བཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པར་གྱུར་ཏེ་བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་གྱུར་ཅིག །ལུས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དཔག་གིས་མི་ལང་བ་དག་ལྷམ་མེ་ལྷན་ནེ་ལྷང་ངེར་གྱུར་ཅིག །ལུས་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང་དྲི་མ་མེད་ལ་འོད་གསལ་བ་དང་ཁོ་ལག་ཡངས་ཤིང་རྒྱ་ཆེ་བ་དང་དཔལ་དང་གཟི་བརྗིད་འབར་བ་དང་ལེགས་པར་གནས་པ་དང་ཉི་མ་དང་ཟླ་བ་བས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ཅི་འདྲ་བ་དེ་འདྲ་བར་གྱུར་ཏེ་སེམས་ཅན་གང་དག་འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པ་དག་དང་གང་དག་ཡང་མིའི་འཇིག་རྟེན་འདི་ན་མཚན་མོ་མུན་པ་མུན་ནག་གི་ནང་ན་ཕྱོགས་ཐ་དད་པར་འགྲོ་བ་དེ་དག་ཐམས་ཅད་བདག་གི་འོད་ཀྱིས་ཕྱོགས་དགའ་མགུར་འགྲོ་ཞིང་ལས་རྣམས་ཀྱང་བྱེད་པར་གྱུར་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་བདག་ཅག་ལ་སོགས་པ་སེམས་ཅན་གྱི་ཁམས་དཔག་གིས་མི་ལང་བ་དག་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཏེ་སུ་ཡང་ཅིས་ཀྱང་བྲེལ་བ་མེད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལམ་ངན་པར་ཞུགས་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་ལ་ཞུགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྡོམ་པ་གསུམ་གྱིས་བསྡམས་པ་དང་ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག །སུ་ཡང་ཚུལ་ཁྲིམས་ལོག་པར་ཞུགས་ཏེ་ངན་འགྲོར་འགྲོ་བར་མ་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལུས་ངན་པ་དང་དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང་བེམ་པོ་དང་ཡན་ལག་སྐྱོན་ཅན་དང་རྒུར་པོ་དང་ཤ་བཀྲ་ཅན་དང་ཞར་བ་དང་ལོང་བ་དང་འོན་པ་དང་སྨྱོན་པ་དང་ལུས་ལ་ནད་ཀྱིས་བཏབ་པ་དེ་དག་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་ཐམས་ཅད་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་གཟིར་བ་སྐྱབས་མེད་པ་མགོན་མེད་པ་འཚོག་ཆས་དང་སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་བ་སྡུག་བསྔལ་བ་དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་པ་དང་ཡོ་བྱད་ཕུན་སུམ་ཚོགས་པ་ལ་གནས་པར་གྱུར་ཅིག །བུད་མེད་གང་དག་བུད་མེད་ཀྱི་སྐྱོན་བརྒྱ་དག་གིས་ཀུན་ནས་ཉོན་མོངས་པ་གྱུར་པ་བུད་མེད་ཀྱི་དངོས་པོ་ལ་མི་དགའ་བ། བུད་མེད་ཀྱི་སྐྱེ་གནས་ལས་ཐར་པར་འདོད་པ་དེ་དག་ཐམས་ཅད་བུད་མེད་ཀྱི་དངོས་པོ་ལས་ལོག་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པའི་དབང་པོ་དང་ལྡན་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་པར་གྱུར་ཅིག །ལྟ་བ་ཐ་དད་པ་མི་མཐུན་པ་ཟང་ཟིང་པས་མི་མཐུན་པ་དག་སྤངས་ཏེ་ཡང་དག་པའི་ལྟ་བ་ལ་གནས་པར་གྱུར་ཅིག །བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་སུ་དག་རྒྱལ་པོའི་འཇིགས་པས་སྐྲག་པ་དང་། གང་དག་བཅིངས་པ་དང་རྡེག་པ་དང་གོ་རར་གཞུག་པ་དང་གསད་པར་འོས་པ་རྒྱུ་དུ་མས་ཀུན་ཏུ་གཙེས་པ། ང་རྒྱལ་དང་བྲལ་བ་ལུས་དང་ངག་དང་སེམས་སྡུག་བསྔལ་གྱིས་ཉེན་པ་དེ་དག་བདག་གི་བསོད་ནམས་ཀྱི་མཐུས་གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཀྲེས་པ་དང་སྐོམ་པའི་མེ་རབ་ཏུ་འབར་བ། ཁ་ཟས་འཚོལ་བ་ལ་རབ་ཏུ་བརྩོན་པ་སྡིག་པའི་ལས་བྱེད་པ་དེ་དག་བདག་གིས་ཁ་དོག་དང་དྲི་དང་རོར་ལྡན་པའི་བཟའ་བཏུང་གིས་ཚིམ་པར་བྱས་ཏེ་ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་འགོད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྒྲེན་མོ་བགོ་བ་མེད་པ་དབུལ་བ་སྡུག་བསྔལ་བ་གྲང་བ་དང་ཚ་བ་དང་སྦྲང་བུ་དང་ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་བདག་གིས་གོས་ཡོངས་སུ་སྤྱད་པར་འོས་པ། ཚོན་སྣ་ཚོགས་སུ་ཁ་བསྒྱུར་པ་དག་དང་རིན་པོ་ཆེའི་རྒྱན་དང་སྤུད་པ་དང་འཕྲེང་བ་དང་བྱུག་པ་དང་རོལ་མོའི་སྒྲ་དང་སིལ་སྙན་དང་། ཕེག་རྡོབ་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་དགའ་བ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པའི་གདུང་བས་མི་བརྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །ཅེས་སྨན་བླའི་སྨོན་ལམ་རྣམས་བརྗོད་ནས། མཐར་ཐུན་མོང་དུ། བཅོམ་ལྡན་བདེ་བར་གཤེགས་པ་མཆེད་བདུན་གྱིས། །སྔོན་ཚེ་སྨོན་ལམ་ཁྱད་འཕགས་མང་བཏབ་འབྲས། །དཔག་མེད་མཁྱེན་བརྩེ་ནུས་མཐུའི་བྱིན་རླབས་ཀྱིས། །དེང་འདིར་བདག་སོགས་འགྲོ་བས་ལོངས་སྤྱོད་ཤོག །ཐུབ་པའི་བསྟན་དར་སྐྱེ་རྒུ་བདེ་ཞིང་སྐྱིིད། ཁྱད་པར་བདག་ཅག་རྣམས་ཀྱི་གཙོ་བྱས་པའི། །འགྲོ་རྣམས་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་པོ། །རབ་རྫོགས་བྱང་ཆེན་མྱུར་དུ་ཐོབ་བྱིན་རློབས། །སྦྱིན་བདག་གི་དོན་ཡིན་ན། ཁྱད་པར་སྦྱིན་པའི་བདག་པོས་ཞེས་སམ། ཚེ་འདས་སམ། དམིགས་ཡུལ་འདི་ཡིས་ཞེས་སྦྱར་བས་བརྗོད། དེ་ནས་སྤྲོ་ན། གྷུ་མེ་གྷུ་མེ་སོགས་གཟུངས་རིང་ཐུང་ཅི་འགྲུབ་བཟླས་ནས་འཇུག་བསྡུ་བར་བྱའོ། །ཡང་ན་ཐལ་མོ་སྦྱར་ཏེ། བདེ་བར་གཤེགས་པ་མཆེད་བདུན་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཅེས་ལན་བདུན་སོགས་བརྗོད་པས་ཐམས་ཅད་ཀྱི་སྐུའི་ཆ་ནས་བདུད་རྩིའི་རྒྱུན་བབས་དེ་ནས་རང་གི་སྙིང་གར་ཞུགས་ནས་བྱིན་གྱིས་རློབས་བར་བསམ། ཚུལ་འདི་ནི་ཚོགས་ཞིང་ལྟ་བུ་ཡིན་གྱིས། ཆོ་ག་དངོས་མིན་པས་བརྟན་བཞུགས་དང་གཤེགས་གསོལ་སོགས་བཏང་སྙོམས་ལས་མ་བྱས་ཀྱང་རུང་ལ། འདོད་ན། མ་རྙེད་ཞེས་སོགས་ཀྱིས་བཟོད་གསོལ་དང་། རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱིས་བརྟན་བཞུགས་དང་། མེད་ན། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་སོགས་གཤེགས་གསོལ་དང་། སྨོན་ལམ་དང་ཤིས་བརྗོད་ཀྱང་བྱའོ། །འདི་ནི་རས་བྲིས་སམ་ཕོ་བྲང་ཡོད་པ་ལ་བལྟོས་པའི་ལུགས་ཡིན་ཀྱང་། ཕོ་བྲང་བཀྲམ་ནས་མཆོད་ཅིང་སྨོན་པར་འདོད་ནའང་རུང་ཞིང་མདོ་ཆོག་གི་སྙིང་པོ་བསྡུས་པའི་ཉམས་ལེན་དུ་འགྱུར་པས་སྨན་བླ་རྒྱས་པ་མ་ལྕོགས་པ་དག་གམ། གཞན་གྱིས་ཀྱང་རྒྱུན་པའི་ཞལ་འདོན་བྱེད་པ་ལ་འཇུག་པ་བདེ་ཞིང་ལེགས་པ་ཡིན་ནོ། །ཆེར་སྙིགས་འགྲོ་ལ་རྗེས་བརྩེ་འགྲོ་བའི་མགོན། །སྟོན་པ་བདེ་བར་གཤེགས་པ་མཆེད་བདུན་གྱིས། །སྔོན་ཚེ་སྨོམ་ལམ་ཇི་ལྟར་མཛད་པའི་དོན། །དེང་འདིར་བདག་སོགས་རྣམས་ལ་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་དག་ལ་ཕན་འདོད་ཀྱི་འདུན་པས་ཅོ་ནེའི་དགོན་ཉིན་དུ་བསྒྲིགས་སོ།། །། ༈ ༀ་སྭ་སྟི། གང་གིས་མཚན་བརྗོད་སྨོས་པའི་ཉི་འོད་ཀྱིས། །སྡིག་ལྟུང་ཉེས་པའི་མུན་སྟུགས་ཀུན་བཅོམ་ནས། །མངོན་མཐོ་ངེས་ལེགས་ཕན་བདེའི་སྣང་བ་མཆོག །སྟེར་མཛད་བདེ་གཤེགས་བདུན་ལ་སླར་ཕྱག་འཚལ། །སྟོན་པ་ཉིད་ཀྱིས་མདོ་སྡེ་བརྒྱད་བརྒྱ་བར། །བདེ་གཤེགས་མཆེད་བདུན་སྔོན་གྱི་སྨོན་ལམ་ཀུན། །ཇི་སྐད་བཤད་དེ་དོན་གྱི་སྙིང་པོ་རྣམས། །ཚང་བའི་སྨོན་ལམ་ཁྱད་འཕགས་འདི་ན་མཆིས། །གང་གིས་དལ་འབྱོར་རྟེན་འདིར་རང་རྒྱུད་ལ། །བག་ཆགས་བཟང་པོ་འཇོག་ཕྱིར་མཚན་ཉིད་ཀྱི། །བཤད་གྲྭར་མཚན་གདགས་མཛད་དུས་རང་གཞན་ལ། །ཕན་ཕྱིར་སྨོན་ལམ་འདི་ཉིད་པར་དུ་བསྐྲུན། །དེ་ལྟར་བསྒྲུབ་པའི་དགེ་བས་བདག་གཞན་ཀུན། །གནས་སྐབས་མི་མཐུན་རྒུད་པའི་ཕྱོགས་ཞི་ཞིང་། །ཕྱི་མ་ལྷ་མིའི་རྟེན་རྙེད་དག་ཞིང་དུ། །སྐྱེས་ནས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་ནི་ཐེ་བོ་སྟོད་ཀྱི་དཔོན་ཆུང་གི་ཚ་བོ་བློ་བཟང་བསྟན་འཛིན་གྱིས་གྲྭ་ཚང་དུ་རབ་འབྱམས་སྨྲ་བའི་མཚན་གདགས་མཛད་པའི་ཚེ། འདི་རང་གཞན་ལ་ཕན་ཐོགས་པར་བསམས་ནས་པར་དུ་བརྐོ་བའི་སྐབས་སུ་པར་བྱང་དགོས་ཞེས་བསྐུལ་བ་ལྟར་བྲིས་སོ། །མངྒ་ལཾ།། །།

སྙན་ངག་གི་རྒྱན་གཉིས་སོ་སོའི་དབྱེ་བའི་དཔེར་བརྗོད།

སྙན་ངག་གི་རྒྱན་གཉིས་སོ་སོའི་དབྱེ་བའི་དཔེར་བརྗོད་བཞུགས།

ༀ་སྭ་སྟི། འཇིག་རྟེན་དབང་ཕྱུག་ཚེམས་དཀར་པད་ཚལ་ལས། །ལེགས་འཁྲུངས་ངང་པའི་བུ་མོ་མཚོ་ལྡན་མ། །བདག་ཡིད་པད་མཚོར་དགྱེས་དགུར་རོལ་པ་ཡིས། །རྣམ་དཔྱོད་སྦོབས་པའི་རླབས་འཕྲེང་གཡོ་བར་མཛོད། །འདིར་སྙན་ངག་གི་རྣམ་གཞག་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་མེ་ལོང་མར་ལེའུ་གསུམ་འབྱུང་བའི་ཕྱི་མ་གཉིས་ནས་བཤད་པའི་དོན་རྒྱན་དང་སྒྲ་རྒྱན་ཀྱི་རྩ་བའི་དཔེ་བརྗོད་འགའ་ཞིག་ནི་ལོགས་སུ་བྲིས་པ་ལྟར་ཡིན་ལ། འདིར་རྒྱན་གཉིས་སོ་སོའི་དབྱེ་བ་མཚོན་ཙམ་རེ་བརྗོད་པར་བྱའོ། །དེའི་དང་པོ་དོན་རྒྱན་ལ་སོ་ལྔ་ཡོད་པའི་ཐོག་མ་ནི་རང་བཞིན་གྱི་རྒྱན་ཏེ། འདི་ལ་དབྱེ་ན་བཞིའོ། །དེ་གང་ཞེ་ན། རིགས་དང་། བྱ་བ་དང། ཡོན་ཏན་དང་། རྫས་དང་བཞི་ལས། དང་པོ་ནི། རྩ་བར། ནེ་ཙོ་ནི་མཆུ་མདོག་དམར་ཞིང་། དབྱིབས་གུག་པ་དང་། གཤོགས་པ་ལྗང་ཞིང་མཉེན་པ་དང་། མགྲིན་པར་དཀར་སྔོ་དམར་བའི་ཁ་དོག་གསུམ་ལྡན་དང་། ཚིག་སྙན་པར་སྨྲ་བ་སྟེ་དེ་ལྟ་བུའི་རིགས་སམ་མཚན་ཉིད་ཅན་ཡིན་པས་མཚོན་ནས། གཞན་དག་ལའང་སྦྱོར་བར་བཤད་དེ། རང་བཞིན་གང་ཡིན་པ་དེ་ལ་སྒྲོ་མ་བཏགས་པར་དྲང་པོར་བརྗོད་པའོ། །དཔེར་མཚོན་ན། མཐའ་ཡས་ཚོགས་གཉིས་དཔལ་ལས་འཁྲུངས་པའི་སྐུ། །བརྒྱད་གཉིས་ལང་ཚོའི་ཉམས་ལྡན་གཞོན་ནུའི་ཚུལ། །དམར་སེར་འོད་ཕུང་ཕྱོགས་བཅུར་འཕྲོ་བ་ཅན། །འཇམ་དབྱངས་མཁྱེན་པའི་གཏེར་གྱིས་རྣམ་དཔྱོད་སྩོལ། །ཞེས་པ་ལྟ་བུའོ། །གཉིས་པ་བྱ་བ་ནི། །རྩ་བར་ཕུག་རོན་གྱིས་རང་གི་མོ་ལ་བསྐོར་ནས་འདོད་པས་མཆུ་སྦྱོར་བ་སོགས་ཀྱི་བྱ་བ་དང་སྦྱར་ལ། འདིར་མཚོན་ན། བརྩོན་པས་མི་ཕམ་མགོན་པོ་ལེགས་བསྒྲུབས་པས། །ཞལ་གཟིགས་ཡུམ་དོན་མ་ལུས་ཐུགས་ཆུད་དེ། །སྐལ་ལྡན་གདུལ་བྱའི་རེ་བ་སྐོང་མཛད་པའི། །རྒྱལ་སྲས་ཐོགས་མེད་བློ་གསལ་དགའ་བ་བསྐྱེད། །ཅེས་པ་ལྟ་བུའོ། །གསུམ་པ་ཡོན་ཏན་ནི། རྩ་བར་བུ་མེད་ཀྱི་ལུས་ལ་རེག་པའི་རེག་བྱའི་ཡོན་ཏན་དང་འཁྲིག་པའི་བདེ་བ་ཐོབ་པ་དང་སྦྱར་ལ། འདིར། པད་ཟླའི་གདན་ལ་ཞབས་ཟུང་སྐྱིལ་ཀྲུང་གིས། །རང་རིག་ཕྱག་རྒྱ་མཆོག་དང་མཉམ་སྦྱར་བས། །ཟག་མེད་རེག་བྱའི་བདེ་བས་མྱོས་གྱུར་པ། །རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ལྟ་བུའོ། །བཞི་པ་རྫས་ནི། རྩ་བར་དབང་ཕྱུག་ལག་ན་རྫས་རྒྱལ་མཚན་དང་ཐོད་པ་འཛིན་ཅིང་མགྲིན་པ་སྔོ་བ་སོགས་དང་སྦྱར་ལ། འདིར། སྐུ་མདོག་སྔོན་པོ་པད་ཉིའི་གདན་སྟེང་དུ། །གཡོན་བརྐྱང་གིས་བཞུགས་སྟག་ཤམ་སྨད་དཀྲིས་ཤིང་། །སྤྱན་གསུམ་གསེར་ཀྱི་རྡོ་རྗེ་འཕྱར་སྟབས་ཀྱིས། །འཛིན་མཛད་གནོད་སྦྱིན་དབང་ཕྱུག་གསང་བའི་བདག །ཅེས་པ་ལྟ་བུའོ། །༈ གཉིས་པ་དཔེ་རྒྱན་ལ་སོ་གཉིས་ཡོད་དེ། ཆོས་དཔེ། དངོས་དཔེ། བཟློག་པའི་དཔེ། ཕན་ཚུན་གྱི་དཔེ། ངེས་པའི་དཔེ། ངེས་མེད་ཀྱི་དཔེ། བསྡུས་པའི་དཔེ། ཕུལ་བྱུང་གི་དཔེ། རབ་བརྟགས་ཀྱི་དཔེ། རྨད་བྱུང་གི་དཔེ། རྨོངས་པའི་དཔེ། ཐེ་ཚོམ་གྱི་དཔེ། གཏན་འབེབས་ཀྱི་དཔེ། སྦྱར་བའི་དཔེ། མཉམ་ཉིད་ཀྱི་དཔེ། སྨད་པའི་དཔེ། བསྔགས་པའི་དཔེ། བརྗོད་འདོད་ཀྱི་དཔེ། འགལ་བའིི་དཔེ། དགག་པའི་དཔེ། ངོ་བསྟོད་ཀྱི་དཔེ། དེ་ཉིད་བརྗོད་པའི་དཔེ། ཐུན་མོང་མ་ཡིན་པའི་དཔེ། འབྱུང་མིན་གྱི་དཔེ། སྲིད་མིན་གྱི་དཔེ། མང་བའི་དཔེ། རྣམ་འགྱུར་གྱི་དཔེ། འཕྲེང་བའི་དཔེ། ངག་དོན་གྱི་དཔེ། ཟླ་བོའི་དངོས་དཔེ། མཚུངས་སྦྱོར་གྱི་དཔེ། རྒྱུའི་དཔེའོ། །འདི་དག་རྒྱས་པར་བཤད་ན་མང་དུ་དོགས་པས། མཚོན་ཙམ་རེ་བརྗོད་ན་དང་པོ་ཆོས་དཔེ་ནི། དཔེ་ཆོས་ཀྱི་ཁྱད་པར་དངོས་སུ་བརྗོད་པ་ཞིག་སྟེ། རྗེ་བཙུན་སྤྱན་རས་གཟིགས་དབང་གི །འཛུམ་པའི་ཞལ་ན་བཞི་བཅུའི་ཚེམས། །ཚར་དུ་དངར་བ་ཉི་འོད་ཀྱིས། །འཁྱུད་པའི་གངས་རི་བཞིན་དུ་དཀར། །ཞེས་པ་ལྟ་བུ་ཆོས་དཔེ་གངས་རི་དཀར་བ་ཉིད་དངོས་སུ་བརྗོད་པའོ། །གཉིས་པ་དངོས་དཔེ་ནི། དཔེ་དང་དཔེ་ཅན་གཉིས་ཀྱི་ངོ་བོ་ཙམ་དངོས་སུ་བརྗོད་ནས་མཚུངས་པར་སྦྱར་ཞིང་མཚུངས་ཆོས་གཞན་གཅོ་བོར་མ་བརྗོད་པ་ཞིག་སྟེ། དབྱངས་ཅན་ལྷ་མོའི་ཞལ་བཟང་འདི། །ཟླ་བའི་དཀྱིལ་འཁོར་ཉིད་དང་མཚུངས། །སྤྱན་གཉིས་ཨུཏྤལ་སྔོན་པོ་ཡི། །འདབ་མ་རངས་པ་ལྟ་བུར་གསལ། །ཞེས་པ་ལྟ་བུའོ། །གསུམ་པ་བཟློག་པའི་དཔེ་ནི། སྤྱིར་དཔེས་དཔེ་ཅན་འཇལ་དགོས་པ་ལ། འདིར་དཔེ་ལས་བཟློག་པ་ཞིག་སྟེ། །ཞི་འཛུམ་ཉམས་ལྡན་སྒྲོལ་མའི་སྐུ། །ལྗང་གསལ་འོད་ཕུང་འཕྲོ་བ་ལྟར། །ཤིན་ཏུ་དག་པའི་མར་གད་ཀྱི། ཁ་དོག་མཛེས་ཤིང་ཡིད་དུ་འོང་། །ཞེས་པ་ལྟ་བུའོ། །བཞི་པ་ཕན་ཚུན་གྱི་དཔེ་ནི། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚོན་པ་ཞིག་སྟེ། དབྱངས་ཅན་མྱོས་བུམ་ཇི་བཞིན་དུ། །སྤྲིན་དཀར་གཞོན་ནུ་གཡོ་ཞིང་མཛེས། །ཆུ་འཛིན་གཞོན་ནུ་བཞིན་དུ་ནི། །དབྱངས་ཅན་ཁྱོད་ཀྱི་ནུ་མ་ཡང་། །ཞེས་པ་ལྟ་བུའོ། །ལྔ་པ་ངེས་པའི་དཔེ་ནི། དཔེ་དང་དཔེ་ཅན་འདྲ་བ་དེ་ལྟ་བུ་གཞན་ལ་མེད་པ་ལྟར་བརྗོད་པ་ཞིག་སྟེ། ཚེ་ཡི་དངོས་གྲུབ་སྩོལ་པ་ལ། །རྣམ་རྒྱལ་མ་ཉིད་སྲིད་འདི་ན། །ཚེ་དཔག་མེད་དང་མཚུངས་མཐོང་གི །རིགས་མཐུན་གཞན་ཞིག་ཡོད་མ་ཡིན། །ཞེས་པ་ལྟ་བུའོ། །དྲུག་པ་ངེས་མེད་ཀྱི་དཔེ་ནི། དཔེ་དེ་འདྲ་གཞན་ལའང་ཡོད་པར་བརྗོད་པ་ཞིག་སྟེ། རྒྱལ་བ་གཉིས་པ་བློ་བཟང་གྲགས། །བརྟན་པའི་འཁོར་ལོ་དང་མཚུངས་ཀྱི། །དེ་འདྲ་གཞན་ཞིག་འབྱུང་སྲིད་ན། །དེ་ཡང་འཇམ་པའི་དབྱངས་ལྟར་བཟུང་། །ཞེས་པ་ལྟ་བུའོ། །བདུན་པ་བསྡུས་པའི་དཔེ་ནི། དཔེ་དང་མཚུངས་པའི་ཡོན་ཏན་གཞན་བརྗོད་རྒྱུ་ཡོད་པ་ཞིག་སྟེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞབས། །རྗེ་བཙུན་རྒྱལ་བ་གཉིས་པ་དང་། །ཟབ་དོན་གཟིགས་པ་ཙམ་གྱིས་ནི། །མཚུངས་མིན་རྒྱུད་དོན་མཁྱེན་པས་ཀྱང་། །ཞེས་པ་ལྟ་བུའོ། །བརྒྱད་པ་ཕུལ་བྱུང་གི་དཔེ་ནི། །དཔེ་དང་དཔེ་ཅན་གཉིས་ཁྱད་པར་ཅུང་ཟད་ཙམ་མ་གཏོགས་ཁྱད་འཕགས་འདྲ་བར་བརྗོད་པ་ཞིག་སྟེ། རྗེ་བཙུན་མཁྱེན་པའི་གཏེར་ཆེན་དང་། །རྒྱལ་བ་གཉིས་པར་གྲགས་པའི་ཞབས། །རལ་པའི་ཟུར་ཕུད་ལྡན་མི་ལྡན། །མ་གཏོགས་ཐ་དད་བརྗོད་དུ་མེད། །ཅེས་པ་ལྟ་བུའོ། །དགུ་པ་རབ་བཏགས་ཀྱི་དཔེ་ནི། དཔེ་ལ་སེམས་མེད་ཀྱང་སེམས་ཡོད་པ་ལྟར་བྱས་ནས་བརྗོད་པ་ཞིག་སྟེ། རབ་དཀར་ཟླ་བའི་དཀྱིལ་འཁོར་གྱི། །མཛེས་པ་དབྱངས་ཅན་ཞལ་ཉིད་ལ། །ཡོད་ཅེས་མི་སྙེམས་ཀུནྡའི་མདོག །དེས་ཀྱང་ཞལ་གྱི་དཔེ་ཟླར་བྱེད། །ཅེས་པ་ལྟ་བུའོ། །བཅུ་པ་རྨད་བྱུང་གི་དཔེ་ནི། དཔེ་ཅན་དེ་ལ་དཔེ་དེ་དཀོན་པ་ལྟར་སྟོན་པ་ཞིག་སྟེ། པད་དཀར་འདབ་མ་རྒྱས་པ་ལ། །འཕྲུལ་གྱི་སྤྱན་དང་ཞལ་ལྡན་ན། །དབྱངས་ཅན་ཞལ་གྱི་དཔལ་འཛིན་གྱི། །གཞན་ན་དེ་ཡི་དཔེར་འོས་དཀོན། །ཞེས་པ་ལྟ་བུའོ། །བཅུ་གཅིག་པ་རྨོངས་དཔེ་ནི། དཔེ་ཅན་དཔེ་དང་འདྲ་བས་ཤན་མ་ཕྱེད་པ་ལྟར་བརྗོད་པ་ཞིག་སྟེ། ཐུབ་དབང་ནམ་མཁར་གཤེགས་པ་ན། ཁ་ཅིག་ངང་པའི་རྒྱལ་པོ་ཞིག །ལྷ་ལམ་ཡངས་པའི་ངོས་ཉིད་དུ། །རྒྱུ་འདྲ་སྙམ་ནས་མཁའ་ལ་ལྟ། །ཞེས་པ་ལྟ་བུའོ། །བཅུ་གཉིས་པ་ཐེ་ཚོམ་གྱི་དཔེ་ནི། ཕྱོགས་འདིར་ཐུབ་བསྟན་སྲོལ་འཛིན་པར། །རྗེ་བཙུན་ཟུར་ཕུད་ལྔ་ལྡན་ནམ། །རྒྱལ་བ་གཉིས་པའི་རྗེས་བཟུང་ཞིག །བྱོན་ནམ་སྙམ་པའི་སོམ་ཉིར་གྱུར། །ཞེས་པ་ལྟ་བུའོ། །བཅུ་གསུམ་པ་གཏན་འབེབས་ནི། དཔེ་གཞན་ཞིག་དང་འདྲ་ཡང་དེ་དེ་མིན་པ ར་ངེས་ནས་བརྗོད་པ་ཞིག་སྟེ། སྙན་ཚིག་སྨྲ་བའི་སློབ་དཔོན་འདི། །པཎ་ཆེན་དཎྜི་དང་མཚུངས་ཀྱང་། །ཡུལ་འདིར་སྙན་ངག་གཞུང་སྟོན་ཕྱིར། །ཀིརྟིའི་མཚན་ཅན་ཉིད་དུ་ངེས། །ཞེས་པ་ལྟ་བུའོ། །བཅུ་བཞི་པ་སྦྱར་བ་ནི། སྦྱོར་རྒྱུ་གཉིས་ལས་མི་ཉུང་ཞིང་མཚུངས་པ་སྟོན་པ་ཞིག་སྟེ། ཕུན་ཚོགས་ལེགས་པའི་དཔལ་སྟེར་ཞིང་། །ཕོངས་པ་ཀུན་གྱི་དགྲར་གྱུར་པ། །ཤིན་ཏུ་རྙེད་དཀའ་སྲས་གཙང་སྲས། ཡིད་བཞིན་ནོར་དང་ཡང་དག་མཚུངས། །ཞེས་པ་ལྟ་བུའོ། །བཅོ་ལྔ་པ་མཉམ་པ་ཉིད་ནི། ཚིག་གང་གིས་དཔེ་དང་དཔེ་ཅན་གཉིས་གཞན་ལས་རྒྱལ་ཚུལ་མཉམ་པ་ཉིད་དུ་བརྗོད་པ་ལྟ་བུ་ཞིག་སྟེ། བདུད་བཞིའི་དཔུང་བཅོམ་རྫོགས་སངས་རྒྱས། །ཀུན་ལས་རྒྱལ་བའི་ཁྱབ་འཇུག་དང་། །སྔོན་གྱི་ལྷ་རྣམས་ལས་རྒྱལ་བ། །ལྷ་ཡི་དབང་པོ་བརྒྱ་བྱིན་བཞིན། །ཞེས་པ་ལྟ་བུའོ། །བཅུ་དྲུག་པ་སྨད་པ་ནི། ཆོས་མཚུངས་ཡོད་ཀྱང་དཔེ་དཔེ་ཅན་ལས་ཅུང་ཟད་སྨད་ནས་བརྗོད་པ་ཞིག་སྟེ། ཚངས་པའི་སྒྲ་དབྱངས་ཟབ་དོན་བྲལ། །རྔ་གསང་བརྗོད་བྱའི་དོན་གྱིས་སྟོང་། ཐུབ་པའི་ཡན་ལག་དྲུག་ཅུའི་གསུང་། །ཟབ་རྒྱས་དོན་ལྡན་ཁྱད་པར་འཕགས། །ཞེས་པ་ལྟ་བུའོ། །བཅུ་བདུན་པ་བསྔགས་པ་ནི། ཡོན་ཏན་གྱི་སྒོ་ནས་བརྗོད་པ་ཞིག་སྟེ། ཕས་རྒོལ་དངོས་སྟོབས་རིགས་པ་ཡིས། །ཚར་གཅོད་ཕ་རོལ་ཕྱིན་པའི་གཞུང་། །གསལ་མཛད་རྒྱལ་ཚབ་ཐམས་ཅད་མཁྱེན། །རྒྱལ་བ་གཉིས་པ་ཉིད་དང་མཚུངས། །ཞེས་པ་ལྟ་བུའོ། །བཅོ་བརྒྱད་པ་བརྗོད་འདོད་ནི། སྐྱོན་ཡོན་ཇི་ལྟར་ཡང་དཔེ་དང་དཔེ་ཅན་མཚུངས་པར་སྟོན་པ་ལྟ་བུ་ཞིག་སྟེ། ཡིད་འོང་དགའ་མ་ཁྱོད་ཀྱི་བཞིན། །ར་རིའི་དྲི་མས་མ་གོས་སམ། །གོས་ཀྱང་ཟླ་བ་ཤར་བ་ལྟར། །བདག་གི་ཡིད་ལ་དགའ་བ་འཕེལ། །ཞེས་པ་ལྟ་བུའོ། །བཅུ་དགུ་པ་འགལ་བ་ནི། །མཁས་པ་འདྲ་ཡང་རྟེན་འགལ་བར་སྟོན་པ་ལྟ་བུ་ཞིག་སྟེ། སྨྲ་བའི་དབང་ཕྱུག་འཇམ་པའི་དབྱངས། །ངག་དབང་ལྷ་མོ་དབྱངས་ཅན་མ། །ཚངས་སྲས་བཞད་པའི་རྡོ་རྗེའི་ཞབས། །མཁས་པར་མཚུངས་ཀྱང་རྟེན་ཉིད་འགལ། །ཞེས་པ་ལྟ་བུའོ། །ཉི་ཤུ་པ་དགག་པ་ནི། །དགག་བྱ་འགོག་པའི་ཚུལ་གྱིས་བརྗོད་པ་ཞིག་སྟེ། རི་བོང་མཚན་མའི་སྐྱོན་ལྡན་ཞིང་། །འཕེལ་འགྲིབ་ཆ་ཤས་བཅས་པའི་ཟླ། །དཀར་ཡང་རྗེ་བཙུན་མཚོ་བྱུང་མའི། །ཞལ་གྱི་ཁྱིམ་དང་ཅི་ལྟར་མཚུངས། །ཞེས་པ་ལྟ་བུའོ། །ཉེར་གཅིག་པ་ངོ་བསྟོད་ཀྱི་དཔེ་ནི། །དཔེ་ཅན་ལས་དཔེ་ཅུང་ཟད་ལྷག་རྒྱུ་ཡིན་པ་ལ་འདྲ་བར་སྟོན་པ་ཞིག་སྟེ། དབྱངས་ཅན་ཞལ་གྱི་ཟླ་མདངས་འཛིན། །གཉིིས་སྐྱེས་དབང་པོ་ཟླ་བ་དངོས། །འོན་ཏེ་བདག་གི་གཟུགས་འཛིན་ངོས། །དཀར་ཞིང་འཚེར་ལ་ཁྱད་མ་མཆིས། །ཞེས་པ་ལྟ་བུའོ། །ཉེར་གཉིས་པ་དེ་ཉིད་བརྗོད་པ་ནི། །དཔེ་ཅན་དཔེ་རུ་མ་ནོར་བར་བརྗོད་པ་ཞིག་སྟེ། རྣམ་པར་བཀྲ་བའི་དབང་གཞུ་དང་། །འདྲ་ཡང་དེ་མིན་ལྷ་རྫས་དང་། །སྙན་འགྱུར་རྒྱུད་མངས་སྒྲ་འདྲ་ཡང་། །མ་ཡིན་གླིང་བུ་ཉིད་ཀྱི་སྒྲ། །ཞེས་པ་ལྟ་བུའོ། །ཉེར་གསུམ་པ་ཐུན་མོང་མ་ཡིན་པ་ནི། དཔེ་གཞན་དཀོན་པས་རང་ཉིད་དཔེར་བརྗོད་པ་ཞིག་སྟེ། རྒྱལ་བའི་མཁྱེན་རབ་མ་ལུས་པ། །གཅིག་བསྡུས་རྗེ་བཙུན་འཇམ་དབྱངས་ཀྱིས། །ཆོས་ཀུན་གཟིགས་པའི་དཔེ་རུ་གཞན། །མ་རྙེད་རང་ཉིད་དཔེ་རུ་བསྟན། །ཞེས་པ་ལྟ་བུའོ། །ཉེར་བཞི་པ་འབྱུང་མིན་ནི། །རྒྱལ་བའི་མདོ་སྔགས་ཆོས་ཚུལ་ཀུན། །འཛིན་མཛད་བློ་བཟང་གྲགས་པ་དང་། །མཚུངས་པ་འབྱུང་མིན་འབྱུང་སྲིད་ན། །དེ་ཉིད་དེ་ཡི་དཔེ་ཟླར་འོས། །ཞེས་པ་ལྟ་བུའོ། །ཉེར་ལྔ་པ་སྲིད་མིན་ནི། །མེ་ལས་ཆུ་དང་དེ་ལས་མེ། ཙནྡན་ཚལ་ལས་དྲི་ངན་བཞིན། །རྒྱལ་བའི་མཁྱེན་པའི་ཡུལ་འདས་པའི། །ཤེས་བྱ་ནམ་མཁའི་པདྨོ་བཞིན། །ཞེས་པ་ལྟ་བུའོ། །ཉེར་དྲུག་པ་མང་བ་ནི། དཔེ་མང་པོ་ཞིག་གིས་དཔེ་ཅན་གྱི་ཁྱད་པར་གསལ་བ་ཞིག་སྟེ། གངྒཱའི་བྱེ་མའི་གྲངས་ཚད་དང་། །ལྷ་ཡི་ལམ་མཐའ་རྡུལ་གྱི་གྲངས། །ཇི་བཞིན་ཚོགས་གཉིས་བསགས་པ་ལས། །དཔག་ཡས་ཡོན་ཏན་ལྡན་ཐོབ་འགྱུར། །ཞེས་པ་ལྟ་བུའོ། །ཉེར་བདུན་པ་རྣམ་འགྱུར་ནི། །དཔེ་ཅན་དེ་དཔེ་ཞིག་གི་གནས་ནས་བྱུང་བ་ལྟར་སྟོན་པ་ཞིག་སྟེ། མཛེས་མ་ཁྱོད་བཞིན་ཟླ་བ་དང་། །པདྨའི་ནང་ནས་ཕྱུང་བ་བཞིན། །ཡན་ལག་སོར་མོའི་ལྕུགས་ཕྲན་ནི། །ལྗོན་ཤིང་གཞོན་ལས་སྐྱེས་པ་བཞིན། ཞེས་པ་ལྟ་བུའོ། །ཉེར་བརྒྱད་པ་ཕྲེང་བ་ནི། །སྔ་མ་སྔ་མ་དཔེ་དང་ཕྱི་མ་ཕྱི་མ་དཔེ་ཅན་དུ་བཀོད་པ་ཞིག་སྟེ། ཉི་མའི་འོད་ཀྱིས་པད་ཚལ་བཞིན། །པདྨའི་ཚལ་གྱིས་མཚོ་ལ་བཞིན། །དག་པའི་མཁའ་ལ་ཟླ་བ་བཞིན། །དེས་ཀྱང་ཀུནྡའི་ཚལ་ལ་བཞིན། །ཞེས་པ་ལྟ་བུའོ། །ཉེར་དགུ་པ་ངག་དོན་ནི། དཔེས་དཔེ་ཅན་གྱི་ཁྱད་ཆོས་རིམ་པར་གོ་བར་བྱེད་པ་ཞིག་སྟེ། འདི་ལ་བཞིན་སྒྲ་གཅིག་པ་དང་། བཞིན་སྒྲ་དུ་མ་ཡོད་པ་གཉིས་ལས། དང་པོ་ནི། འཇམ་དཀར་གཡས་པའི་ཕྱག་སོར་རྩེར། །ཨུཏྤལ་སྟེང་ན་རལ་གྲི་ནི། །གངས་རིའི་རྩེ་ན་ཉི་འོད་ཀྱིས། །འཁྱུད་པའི་གཡུ་སྡོང་ལྡེམ་བཞིན་གསལ། །ཞེས་པ་ལྟ་བུའོ། །གཉིས་པ་ནི། གསེར་གྱི་ལྷུན་བཞིན་རྒྱལ་བའི་སྐུ། །ཉི་མདངས་གསལ་བཞིན་འབར་བའི་འོད། །རླུང་གིས་མི་བསྐྱོད་རི་བཞིན་དུ། །མི་མཐུན་ཕྱོགས་ཀྱིས་གཡོ་མི་ནུས། །ཞེས་པ་ལྟ་བུའོ། །སུམ་ཅུ་པ་ཟླ་བོའི་དངོས་དཔེ་ནི། དཔེ་དང་དཔེ་ཅན་དཀོན་ཚུལ་དོན་མཉམ་པར་བརྗོད་པ་ཞིག་སྟེ། བོད་དུ་མཁས་གྲུབ་མང་བྱོན་ཡང་། །བློ་བཟང་རྒྱལ་བའི་དོ་ཟླ་མེད། །རི་རབ་རྩེ་ན་ལྷ་མང་དབུས། །མིག་སྟོང་ལྡན་འདྲ་སྲིད་མ་ཡིན། །ཞེས་པ་ལྟ་བུའོ། །སོ་གཅིག་པ་མཚུངས་སྦྱོར་ནི། དཔེ་དང་དཔེ་ཅན་ལ་མཆོག་དམན་ཡོད་ཀྱང་མཚུངས་པར་སྦྱར་ནས་སྟོན་པ་ཞིག་སྟེ། ཐུབ་དབང་སྲིད་གསུམ་སྟོན་པ་དང་། །དབང་ཕྱུག་མུ་སྟེགས་སྟོན་པ་སྟེ། །རྒྱལ་བས་ངེས་ལེགས་ལམ་སྟོན་བཞིན། །མགྲིན་སྔོན་སྒྲ་དང་གཏན་ཚིགས་སྟོན། །ཞེས་པ་ལྟ་བུའོ། །སོ་གཉིས་པ་རྒྱུའི་དཔེ་རྒྱན་ནི། དཔེ་ཅན་མཛེས་པ་སོགས་ཀྱི་ཁྱད་ཆོས་འགས་དཔེ་ཁྱད་པར་ཅན་གྱི་རྗེས་སུ་འགྲོ་བར་སྟོན་པ་ཞིག་སྟེ། དབྱངས་ཅན་ཞལ་དཀར་ཟླ་རྗེས་འགྲོ། །སྤྱན་གཉིས་ཨུཏྤལ་སྔོན་པོ་དང་། །སྨིན་འཁྱོག་དབང་པོའི་གཞུ་ཡི་ཟླ། །ཚེམས་དཀར་དུང་གི་རྗེས་འགྲོ་བྱེད། །ཅེས་པ་ལྟ་བུའོ། །འདིར་སྐྱོན་ཡོན་ངོས་འཛིན་ཚུལ་དང་མཚུངས་པ་གསལ་བྱེད་ཀྱི་དབྱེ་བ་ཞིག་བཤད་པ་ནི་མང་དུ་དོགས་ནས་མ་བྲིས་སོ། །༈ གསུམ་པ་གཟུགས་ཅན་གྱི་རྒྱན་ལ་ཉི་ཤུ་ཡོད་དེ། དེ་ཡང་བསྡུས་པའི་གཟུགས་ཅན། མ་བསྡུས་པའི་གཟུགས་ཅན། དེ་བཞིན་དུ་བསྡུས་ཤིང་མ་བསྡུས་པ། མཐའ་དག་གཟུགས་ཅན། ཆ་ཤས་ཀྱི། ཆ་ཤས་ཅན་གྱི། ཡན་ལག་གཅིག་པའི། ལྡན་པའི། མི་ལྡན་པའི། མི་མཉམ་པའི། ཁྱད་པར་དང་བཅས་པའི། འགལ་བའི། རྒྱུའི། སྦྱར་བའི། དཔེའི། ལྡོག་པའི། འགོག་པའི། མཉམ་འཇོག་གི གཟུགས་ཅན་གྱི། བསྙོན་དོར་ཀྱི་གཟུགས་ཅན་ནོ། །འདི་རྣམས་འགྲེལ་པ་དང་བསྟུན་ནས་ཚིག་བསྡུས་ཏེ་བརྗོད་པར་བྱ་ཞིང་། དང་པོ་བསྡུས་པའི་གཟུགས་ཅན་ནི། དཔེ་དང་དཔེ་ཅན་གཉིས་ཁྱད་གཞི་ཁྱད་ཆོས་སྦྱར་ནས་རྣམ་དབྱེ་དྲུག་པ་རྣམས་བསྡུས་པ་ཞིག་སྟེ། ཁྱེད་སྐུ་ཀུན་གསལ་ཡངས་ངོས་སུ། །ཐགས་བཟང་སྤྲིན་དཀར་འཕྲེང་འཁྲིགས་ཤིང་། །གསུང་དབྱངས་དབྱར་རྔ་སྒྲོགས་མཛད་པས། །སྐལ་ལྡན་མདོངས་ཅན་གར་གྱིས་བྲེལ། །ཞེས་པ་ལྟ་བུའོ། །གཉིས་པ་མ་བསྡུས་པ་ནི། ཁྱད་གཞི་ཁྱད་ཆོས་སྦྱར་ནས་རྣམ་དབྱེ་དྲུག་པ་མ་བསྡུས་པ་ཞིག་སྟེ། འཇམ་དཀར་སྐུ་ཡི་རི་དབང་ལ། །ལང་ཚོའི་ཉི་མའི་འོད་ཀྱིས་འཁྱུད། །མཛེས་སྡུག་འགྱིང་བའི་བང་རིམ་ཅན། །སྤངས་རྟོགས་མི་འགྱུར་བརྟན་པ་ཉིད། །ཅེས་པ་ལྟ་བུའོ། །གསུམ་པ་བསྡུས་ཤིང་མ་བསྡུས་པ་ནི། རྣམ་དབྱེ་དྲུག་པ་བསྡུས་མ་བསྡུས་གཉིས་ཀ་ཡོད་པ་སྟེ། ལང་ཚོའི་དབྱིབས་ཀྱི་དཔལ་མོ་ལས། །ཞལ་ཁྱིམ་པད་མོ་འདབ་གཡོ་ཞིང་། །གསུང་སྙན་བུང་བའི་སྒྲ་ལྡན་པ། །དབྱངས་ཅན་སྐུ་ཡི་པད་སྡོང་ལྡེམ། །ཞེས་པ་ལྟ་བུའོ། །བཞི་པ་མཐའ་དག་གཟུགས་ཅན་ནི། དཔེ་དང་དཔེ་ཅན་རྣམས་གཅིག་ལ་ཡོད་ཅིང་གཅིག་ལ་མེད་པ་མ་ཡིན་པར་མཐའ་དག་གཟུགས་སུ་བཀོད་པ་ཞིག་སྟེ། ཕྱག་ཟུང་ཡལ་འདབ་རྒྱས་པའི་རྩེེར། །སོར་མོའི་ལྕུགས་ཕྲན་ལྡེམ་ཞིང་གཡོ། །པི་ཝང་སྔོན་པོའི་འདབ་མ་ཅན། །གང་སྐུ་དཔག་སམ་ལྗོན་ཤིང་མཛེས། །ཞེས་པ་ལྟ་བུའོ། །ལྔ་པ་ཆ་ཤས་གཟུགས་ཅན་ནི། །ཆ་ཅན་དཔེའི་གཟུགས་སུ་མ་བཀོད་ཅིང་ཆ་ཤས་དེར་བཀོད་པ་ཞིག་སྟེ། མང་ཐོས་རལ་པའི་འཁུར་གྱིས་བརྗིད། །ལུང་དང་རིགས་པའི་ལུས་སྟོབས་རྒྱས། །གཞུང་ལུགས་གངས་རིའི་སྤོར་གནས་པ། །རྒྱལ་ཚབ་ཐམས་ཅད་མཁྱེན་ཞེས་གྲགས། །ཞེས་པ་ལྟ་བུའོ། །དྲུག་པ་ཆ་ཤས་ཅན་ནི། ཆ་ཅན་གཟུགས་སུ་བཀོད་ཅིང་ཆ་ཤས་ཁྱད་པར་བ་རྣམས་དེར་མ་བཀོད་པ་ཞིག་སྟེ། འཇམ་དབྱངས་བཞིན་གྱི་མཁའ་ངོས་སུ། ཁམས་གསུམ་གཟིགས་པའི་སྤྱན་གཡོ་ཤིང་། །ཚེམས་དཀར་མཛེས་པའི་ཞལ་སྒོ་ལས། །དམ་ཆོས་འདོམས་པས་དགའ་བ་བསྐྱེད། །ཅེས་པ་ལྟ་བུའོ། །བདུན་པ་ཡན་ལག་གཅིག་པ་ནི། ཆ་ཤས་སམ་ཡན་ལག་གཅིག་པ་ཞིག་གཟུགས་སུ་བཀོད་ཅིང་ཆ་ཅན་དང་ཆ་ཤས་གཞན་མང་པོ་དེར་མ་བཀོད་པ་ཞིག་སྟེ། སྟོན་པ་མཆོག་དེས་ཞིང་འདི་རུ། །ཚངས་དབྱངས་གསུང་གིས་གདུལ་བྱ་རྣམས། །མངོན་མཐོ་ངེས་ལེགས་ལ་འགོད་པའི། །དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་པ་ལྟ་བུའོ། །བརྒྱད་པ་ལྡན་པ་ནི། དཔེ་ཅན་ཆ་ཅན་དང་ཆ་ཤས་སུ་ལྡན་པར་མ་ཟད་དཔེ་ཡང་དེ་ལྟར་ལྡན་པར་སྟོན་པ་ཞིག་སྟེ། དབྱངས་ཅན་ཕྱག་ཟུང་ལྗོན་པའི་རྩེར། །པི་ཝང་ཁུ་བྱུག་སྐད་སྙན་སྒྲོག །འདམ་སྐྱེས་པད་ཚལ་འདབ་མའི་དབུས། །བུང་བ་ཕུར་ལྡིང་སྒྲ་སྙན་སྒྲོག །ཅེས་པ་ལྟ་བུའོ། །དགུ་པ་མི་ལྡན་པ་ནི། སྔར་ལྟར་མི་ལྡན་པར་བརྗོད་པ་ཞིག་སྟེ། མཆུ་སྒྲོས་པད་དཀར་འདབ་མའི་དབུས། །ལྗགས་ཀྱི་གློག་འཕྲེང་རྣམ་པར་འཁྱུག །རྣམ་བཀྲའི་དབང་པོའི་གཞུ་ཡི་སྤྱན། །བཞིན་རས་ཟླ་བའི་ངོས་ན་ཟུག །ཅེས་པ་ལྟ་བུའོ། །བཅུ་པ་མི་མཉམ་པ་ནི། ཡན་ལག་ཅན་དང་ཡན་ལག་ངེས་མེད་དུ་འགའ་ཞིག་གཟུགས་སུ་བྱས་ལ་འགའ་ཞིག་དེར་མ་བྱས་པ་ཞིག་སྟེ། གསུང་དབྱངས་རྣ་བར་རབ་སྙན་ཞིང་། །ཚེམས་དཀར་ཟེའུ་འབྲུའི་ཕྲེང་ལྡན་པ། །དབྱངས་ཅན་སྐུ་ཡི་པད་ཚལ་ནི། །ལེགས་བཤད་སྦྲང་རྩི་འབྱུང་བའི་གནས། །ཞེས་པ་ལྟ་བུའོ། །བཅུ་གཅིག་པ་ཁྱད་པར་དང་བཅས་པ་ནི། ཡོན་ཏན་གྱི་ཁྱད་པར་འགས་འགའ་ཞིག་ལ་འཇིགས་པ་མེད་ཅིང་གཞན་ལ་དགའ་བར་བྱེད་པའི་ཁྱད་པར་སྟོན་པ་ཞིག་སྟེ། །རྗེ་བཙུན་བརྟན་པའི་འཁོར་ལོ་ཡིས། །མཁྱེན་པའི་རལ་གྲི་མཁར་འཕྱར་ཚེ། །ཕས་རྒོལ་དགྲ་སྡེའི་འཇིགས་མེད་ཅིང་། །བློ་གྲོས་ཅན་དག་དགའ་བ་རྒྱས། །ཞེས་པ་ལྟ་བུའོ། །བཅུ་གཉིས་པ་འགལ་བའི་གཟུགས་ནི། དཔེ་ཅན་གྱིས་དཔེའི་བྱ་བ་མི་འདྲ་བའི་བྱ་བ་ཞིག་བྱེད་པར་སྟོན་པ་ལྟ་བུ་སྟེ། །དབྱངས་ཅན་སྲེད་ལྡན་གཡོན་མིག་མས། །ཉོན་མོངས་འཕེལ་བར་མི་བྱེད་ཅིང་། །འཁྲིག་པའི་བདེ་བ་མི་སྟེར་བར། །ཆགས་བྲལ་འཕགས་པའི་ལམ་ལ་འཁྲིད། །ཅེས་པ་ལྟ་བུའོ། །བཅུ་གསུམ་པ་རྒྱུའི་གཟུགས་ནི། ཟབ་བརླིང་སོགས་ཀྱི་རྒྱུ་བརྗོད་པ་དང་སྦྱར་བ་ཞིག་སྟེ། འཇམ་དབྱངས་རྨོངས་མུན་སེལ་བས་ཟླ། །ཟབ་དོན་མཁྱེན་པས་ཉི་མ་དང་། །ལེགས་བཤད་འདོད་དགུའི་འབྱུང་གནས་ཏེ། །ཐར་པའི་གྲོང་འཁྲིད་དེད་དཔོན་མཆོག །ཅེས་པ་ལྟ་བུའོ། །བཅུ་བཞི་པ་སྦྱར་བའི་གཟུགས་ནི། དཔེ་བརྗོད་པའི་སྒོ་ནས་དོན་དང་སྦྱར་ནས་བསྡུས་པ་ཞིག་སྟེ། ཐུབ་པའི་གསུང་གི་རྫིང་བུ་ལ། །གཉིས་སྐྱེས་ཚོགས་ཀྱིས་ལོངས་སྤྱོད་ཅིང་། །དྲི་མ་འཁྲུད་ཕྱིར་འབད་པ་ཡིས། །འཇུག་པའི་ངལ་བ་བསྟེན་པར་བྱེད། །ཅེས་པ་ལྟ་བུའོ། །བཅོ་ལྔ་པ་དཔེའི་གཟུགས་ནི། །དཔེ་ཅན་དེ་དཔེ་དང་མཚུངས་པར་བརྗོད་པ་ཞིག་སྟེ། སྐེད་སྐབས་ཕྲ་ལྡེམ་དཔག་བསམ་ཤིང་། །ཡན་ལག་འདབ་མ་རབ་ཏུ་གཡོ། །འདོད་པའི་རེ་སྐོང་དབྱངས་ཅན་ཞབས། །ཡོངས་འདུ་ནོར་བུ་ཉིད་དང་འང་མཚུངས། །ཞེས་པ་ལྟ་བུའོ། །བཅུ་དྲུག་པ་ལྡོག་པ་ཅན་ནི། དཔེ་དང་དཔེ་ཅན་གཉིས་ཆོས་མཚུངས་པ་ལས་ལྡོག་ནས་བརྗོད་པ་ཞིག་སྟེ། རི་དྭགས་དྲ་བའི་རྒྱར་ཆུད་པ། །རྣོ་བའི་མཚོན་གྱིས་གཅོད་ནུས་ཀྱི། །འདོད་སྲེད་འཆིང་བས་བཅིངས་པའི་རྒྱ། །མཚོན་གྱིས་གཅོད་པའི་ནུས་པས་དབེན། །ཞེས་པ་ལྟ་བུའོ། །བཅུ་བདུན་པ་འགོག་པ་ནི། ཁྱོད་བཞིན་ཟླ་བའི་མཛེས་པ་འདིས། །བདག་ཡིད་མཚོ་ལ་བསིལ་བའི་དཔལ། །སྦྱིན་ལས་མ་ཡིན་འདོད་པའི་གདུང་། །སྟེར་འདིས་ཟླ་བ་ག་ལ་ཞིག །ཅེས་པ་ལྟ་བུའོ། །བཅོ་བརྒྱད་པ་མཉམ་འཇོག་ནི། དཔེ་དང་དཔེ་ཅན་གཉིས་ཀ་ལ་སྐྱོན་མཉམ་པར་སྟོན་པ་ཞིག་སྟེ། རྟོགས་དཀའི་གཞུང་ལུགས་རྒྱ་མཚོ་ལ། །བློ་ཆུང་རི་བོང་བརྒལ་དཀའ་བས། །ཧ་ཅང་ཟབ་ཅིང་རྒྱ་ཆེའི་མཚོར། །མི་འོས་འཇུག་པ་འདིས་ཀྱང་ནོངས། །ཞེས་པ་ལྟ་བུའོ། །བཅུ་དགུ་པ་གཟུགས་ཅན་གྱི་གཟུགས་ཅན་ནི། གཟུགས་ཅན་དུ་སྦྱར་ནས་དཔེ་ཅན་ལ་དཔེ་འཕར་མ་བཀོད་པ་ཞིག་སྟེ། གཟུགས་སྐུའི་གངས་རིའི་དགའ་ཚལ་དུ། །མཚན་དཔེའི་ཆུ་ཀླུང་འཁྱིལ་བ་ལས། །ཕན་བདེའི་བསིལ་ངད་དགའ་སྟོན་གྱིས། །ལས་ལྡན་སྡུག་བསྔལ་ཚ་གདུང་སེལ། །ཞེས་པ་ལྟ་བུའོ། །ཉི་ཤུ་པ་བསྙོན་དོར་ཅན་ནི། གཞི་དེ་ལ་དེ་མ་ཡིན་ནོ་ཞེས་བསྙོན་ཏེ་བཟློག་ནས་བརྗོད་པ་ཞིག་སྟེ། མཁའ་ཡི་གོས་དཀར་ཆུ་འཛིན་འདི། །དེ་མིན་ལྷ་རྫས་ཡོལ་བ་སྟེ། །རབ་སྙན་དབྱར་གྱི་རྔ་གསང་ཡང་། །འབྲུག་སྒྲ་མིན་གྱི་ཚངས་པའི་དབྱངས། །ཞེས་པ་ལྟ་བུའོ། །༈ བཞི་པ་གསལ་བྱེད་ཀྱི་རྒྱན་ལ་གནས་གསུམ་གྱི་གསལ་བྱེད། འཕྲེང་བའི་གསལ་བྱེད། འགལ་དོན་གྱི་གསལ་བྱེད། དོན་གཅིག་གི་གསལ་བྱེད། སྦྱར་བའི་གསལ་བྱེད་དང་ལྔའོ། །དང་པོ་ལ་དབྱེ་བའི་སྒོ་ནས་རིགས་སོགས་བཞི་ལ་གནས་ངེས་པའི་སྒོ་ནས་གསུམ་དུ་བསྟན་པ་ལ་དབྱེ་བ་བརྒྱད་ཡོད་པའི་རིགས་བརྗོད་པའི་ཐོག་མའི་གསལ་བྱེད་ནི། ནེ་ཙོས་སྐད་སྙན་སྒྲོག་བྱེད་ཅིང་། །མཆུ་གུག་ལྗང་མདོག་གཤོག་སྒྲོ་ངོམ། ཁ་དོག་གསུམ་ལྡན་མགྲིན་པ་ཡིས། །བྱིས་པ་དག་ལ་དགའ་བ་སྐྱེད། །ཅེས་པ་ལྟ་བུའོ། །གཉིས་པ་བྱ་བ་བརྗོད་པའི་ཐོག་མའི་གསལ་བྱེད་ནི། སྦྱིན་ནོ་རྒྱལ་བས་དམ་པའི་ཆོས། །ཚངས་པའི་བུ་མོས་ངག་གི་དཔལ། །བརྟན་པའི་འཁོར་ལོས་བློ་གྲོས་མཆོག །འཛམ་ལས་ནོར་གྱི་དངོས་གྲུབ་ཀྱང་། །ཞེས་པ་ལྟ་བུའོ། །གསུམ་པ་ཡོན་ཏན་བརྗོད་པའི་ཐོག་མའི་གསལ་བྱེད་ནི། གསལ་ལོ་མཁའ་ལ་ཉི་མ་དང་། །ཆུ་གཏེར་དབུས་ན་རྒྱུ་སྐར་ཟླ། །མེ་ལོང་ངོས་སུ་བྱད་བཞིན་གཟུགས། །མཁས་མང་དབུས་ན་རྗེ་བླ་མ། །ཞེས་པ་ལྟ་བུའོ། །བཞི་པ་རྫས་བརྗོད་པའི་ཐོག་མའི་གསལ་བྱེད་ནི། རི་བོང་རྟགས་མཚན་ཟླ་བ་ཡིས། །འཛིན་མའི་ཁྱོན་ཡངས་གསལ་བྱེད་ཅིང་། །མུན་པའི་ཚོགས་རྣམས་འཇོམས་པ་དང་། །སྐྱེ་བོ་དུ་མ་ཡིད་དགའ་བྱེད། །ཅེས་པ་ལྟ་བུའོ། །ལྔ་པ་རིགས་བརྗོད་པའི་བར་གྱི་གསལ་བྱེད་ནི། །ཚོགས་གཉིས་མཐའ་དག་ཡོངས་རྫོགས་ཤིང་། །སྒྲིབ་གཉིས་སྤངས་པའི་རྫོགས་སངས་རྒྱས། །རིས་མེད་འགྲོ་བ་མཐའ་དག་ལ། །བརྩེ་བའི་ཐུགས་རྗེ་ཆེན་པོ་ལྡན། །ཞེས་པ་ལྟ་བུའོ། །དྲུག་པ་བྱ་བ་བརྗོད་པའི་བར་གྱི་གསལ་བྱེད་ནི། དོན་གཉེར་ཅན་ལ་ལེགས་བཤད་དང་། །ཕོངས་པ་དག་ལ་ཟས་ནོར་གྱིས། །དགའ་བར་བྱེད་དོ་འདོད་ལྡན་ལ། །ལང་ཚོ་དར་བའི་ལུས་ཕྲ་མས། །ཞེས་པ་ལྟ་བུའོ། །བདུན་པ་རིགས་བརྗོད་པ་ཐ་མའི་གསལ་བྱེད་ནི། སྐུ་མདོག་དམར་སེར་གཞོན་ནུའི་ཚུལ། །གཡས་གཡོན་རལ་གྲི་གླེགས་བམ་འཛིན། །ཟུར་ཕུད་ལྔ་ལྡན་བློ་ཡི་མཆོག །ལེགས་པར་སྟེར་མཛད་འཇམ་པའི་དབྱངས། །ཞེས་པ་ལྟ་བུའོ། །བརྒྱད་པ་བྱ་བ་བརྗོད་པའི་ཐ་མའི་གསལ་བྱེད་ནི། ཉི་མའི་འོད་ཀྱིས་པདྨོའི་ཚལ། །རི་བོང་ཅན་གྱིས་ཀུནྡའི་ཁ། །གཏན་ཚིགས་རིགས་པས་བློ་ཡི་སྒོ། །ཚུལ་འདིས་ངག་གི་སྒོ་འཕར་འབྱེད། །ཅེས་པ་ལྟ་བུའོ། །གཉིས་པ་འཕྲེང་བའི་གསལ་བྱེད་ནི། དག་པའི་མཁའ་ལ་ཟླ་བ་དང་། །དེས་ཀྱང་ཀུནྡའི་ཚལ་ཉིད་ལ། །དང་བའི་མཚོ་ལ་འདབ་བརྒྱ་པ། །དེས་ཀྱང་མཛེས་མའི་ཐོད་ལའོ། །ཞེས་པ་ལྟ་བུའོ། །གསུམ་པ་འགལ་དོན་གྱི་གསལ་བྱེད་ནི། ཉི་མའི་འོད་ཀྱིས་གྲང་བ་ཡི། །གདུང་བ་མ་ལུས་སེལ་བ་དང་། །མྱུ་གུ་སྔོན་པོ་སྐེམ་འགྱུར་བའི། །བྱ་བ་མི་འདྲ་རྣམ་གཉིས་བྱེད། །ཅེས་པ་ལྟ་བུའོ། །བཞི་པ་མང་པོ་དོན་གཅིག་གི་གསལ་བྱེད་ནི། །ལང་ཚོ་རྒྱས་པའི་སྨིན་ལེགས་མ། །ནུ་འབུར་གཡོ་ཞིང་སྨིན་མ་འཁྱོག །མཆུ་སྒྲོས་དམར་ཞིང་སོ་ཕྲེང་དཀར། །འདོད་ལྡན་སྙིང་ལ་གདུང་བ་སྟེར། །ཞེས་པ་ལྟ་བུའོ། །ལྔ་པ་སྦྱར་བའི་གསལ་བྱེད་ནི་དོན་གཉིས་འདྲ་བར་སྦྱར་བ་སྟེ། །སྟོང་ཉིད་སྨྲ་བའི་སྤོབས་མཐོ་ཞིང་། །མདོ་སྔགས་གཞུང་ཀུན་འཆད་པ་ལ། །འཇལ་དབྱངས་རྒྱལ་བའི་མདུན་ས་དང་། །རྒྱལ་བ་གཉིས་པ་ཞིང་འདིའི་རྒྱན། །ཞེས་པ་ལྟ་བུའོ། །༈ ལྔ་པ་སྐོར་བའི་རྒྱན་ལ་གསུམ་སྟེ། དོན་དང་ཚིག་དང་དེ་གཉིས་ཀ་ལ་སྐོར་བའོ། །དང་པོ་ནི། རྒྱལ་བའི་གོ་འཕང་ཐོབ་པའི་ཆེད། །ཐུབ་པའི་བསྟན་ལ་རབ་ཞུགས་ནས། །སྟོན་པའི་ལུང་རྟོགས་དམ་པའི་ཆོས། །སྟོབས་བཅུ་མངའ་བའི་དགོངས་བཞིན་བཟུང་། །ཞེས་པ་ལྟ་བུའོ། གཉིས་པ་ནི། ཉི་མས་པདྨོའི་ཚལ་རབ་རྒྱས། །ཟླ་བས་ཨུཏྤལ་འདབ་མ་རྒྱས། །རྒྱལ་བས་འགྲོ་བའི་ཕན་བདེ་རྒྱས། །དབྱངས་ཅན་ལྷ་མོས་སྒྲ་དོན་རྒྱས། །ཞེས་པ་ལྟ་བུའོ། །གསུམ་པ་ནི། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་ཆོས་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །མཆོད་པའི་ཡོོན་ཏན་བསམ་མི་ཁྱབ། །ཅེས་པ་ལྟ་བུའོ། །ཤུགས་བསྟན་ཡི་གེ་ལ་སྐོར་བ་ནི། ང་དང་ང་འདྲ་ང་རྒྱལ་མཐོ། ཁ་ཅིག་ཁ་དོག་ཁ་ན་ངོམས། ལ་ལ་ལ་ལུང་ལ་སོགས་འཁྱམ། །ཟ་སྦྱང་ཟ་མ་ཟ་ལ་སྤྲོ། །ཞེས་པ་ལྟ་བུའོ། །དྲུག་པ་འགོག་པའི་རྒྱན་ལ་ཉེར་གསུམ་ཡོད་པ་ལས། དང་པོ་འདས་པ་འགོག་པ་ནི། ཉི་མའི་གཉེན་གྱིས་བདེན་བཞིའི་ཆོས། །བསྟན་པ་ཙམ་གྱིས་གྲོལ་འདི་ཅི། །འོན་ཀྱང་སྲིད་པ་ཐ་མ་ཡི། །རང་བཞིན་སོ་སྐྱེས་ཚད་དུ་དཀའ། །ཞེས་པ་ལྟ་བུའོ། །གཉིས་པ་ད་ལྟར་བ་འགོག་པ་ནི། །གཡས་གཡོན་ཕྱག་ཏུ་གླེགས་རལ་གཉིས། །འཛིན་ལ་དགོས་པ་ཅི་ཞིག་མཆིས། །ཇི་ལྟ་ཇི་སྙེད་ཆོས་ཀུན་ཀྱང་། མངོན་གཟིགས་མཁྱེན་མཆོག་འདིས་ལྷག་གང་། །ཞེས་པ་ལྟ་བུ། །གསུམ་པ་མ་འོངས་པ་འགོག་པ་ནི། མངོན་མཐོའི་རྒྱུ་བཟང་ཚུལ་ཁྲིམས་མཆོག །སྲུང་བའི་ཚུལ་ལས་འདའ་བྱེད་ན། །ཕྱི་མ་ངན་འགྲོའི་གཡང་ས་རུ། །ལྟུང་ཕྱིར་འཇུག་པ་གདོན་མི་ཟ། །ཞེས་པ་ལྟ་བུ། བཞི་པ་ཆོས་འགོག་པ་ནི། ལུས་ཕྲ་ཁྱོད་བཞིན་ཟླ་བ་ནི། །བསིལ་པ་ཉིད་ཅེས་གྲགས་འདི་བརྫུན། །བདེན་ན་གློ་བུར་སྲེད་ལྡན་ལ། །འདོད་པའི་ཚ་གདུང་སྐྱེད་འདི་ཅི། །ཞེས་པ་ལྟ་བུ། ལྔ་པ་ཆོས་ཅན་འགོག་པ་ནི། གང་ཚེ་སྟོན་པས་ཆོ་འཕྲུལ་ཆེ། །ཇི་ལྟར་བསྟན་པའི་ཚུལ་དེ་ཉིད། ཁོ་བོས་ལོ་རྒྱུས་དག་ལས་ནི། །ཐོས་པ་ཙམ་སྟེ་མངོན་མཐོང་མིན། །ཞེས་པ་ལྟ་བུ། དྲུག་པ་རྒྱུ་འགོག་པ་ནི། གཟུ་བོར་མི་གནས་ཕྱོགས་ལྷུང་ཅན། །འགའ་ཡིས་ཐོས་བསམ་བྱེད་པའི་ཚེ། །འཕྱ་སྨོད་བྱེད་ཀྱང་དེ་ཡི་རྒྱུ། །མེད་ཕྱིར་ཚུལ་དེར་ག་ལ་ཞུམ། །ཞེས་པ་ལྟ་བུ། བདུན་པ་འབྲས་བུ་འགོག་པ་ནི། ཡིད་སྲུབ་བུ་མོ་འཛེས་མ་ཡིས། །རྒྱལ་སྲས་དྲུང་དུ་འཇོ་སྒེགས་ཀྱི། །རྣམ་འགྱུར་མང་བསྟན་གླགས་བཙལ་ཀྱང་། །ཉོན་མོངས་བྲལ་ཕྱིར་གླགས་མ་རྙེད། །ཅེས་པ་ལྟ་བུ། བརྒྱད་པ་རྗེས་གནང་གིས་འགོག་པ་ནི། །ཉིན་བྱེད་དབང་ཁྱོད་ནུབ་ཕྱོགས་ཀྱི། །ས་འཛིན་བརྒལ་བར་འདོད་ན་མཛོད། །འོན་ཀྱང་ཆུ་སྐྱེས་འདབ་མ་རྣམས། །ཟུམ་ཞིང་བདག་གིས་གཟུགས་མི་མཐོང་། །ཞེས་པ་ལྟ་བུ། དགུ་པ་དབང་གིས་འགོག་པ་ནི། འོད་དཀར་ཅན་ཁྱོད་གླིང་གཞན་དུ། །གཤེགས་ན་ཕྱོགས་དེའི་མུན་སེལ་ཡང་། །རང་ཅག་གནས་པའི་གླིང་འདི་རུ། །སྣང་བ་གསལ་ཕྱིར་འདུག་པར་རིགས། །ཞེས་པ་ལྟ་བུ། །བཅུ་པ་མ་གུས་པས་འགོག་པ་ནི། རྒྱལ་བ་གཉིས་པའི་རྗེས་འཇུག་ཁྱོད། །མགོན་དེའི་ཆོས་ཚུལ་བཟུང་ན་ལེགས། །རང་མོས་གྲུབ་མཐའ་ཐམས་ཅད་ལ། །འཇུག་ན་རང་གི་གང་མོས་གྱིས། །ཞེས་པ་ལྟ་བུ། །བཅུ་གཅིག་པ་ཤིས་བརྗོད་ཀྱིས་འགོག་པ་ནི། །ཚེ་འདིའི་རྙེད་བཀུར་ཆེད་ཙམ་དུ། །འཇུག་ན་དེ་དོན་འགྲུབ་པར་ཤོག །ཕྱི་མ་སྡུག་བསྔལ་འཐོབ་འགྱུར་བ། །ཤེས་ཚེ་འགྱོད་པར་མ་བྱེད་ཅིག །ཅེས་པ་ལྟ་བུ། བཅུ་གཉིས་པ་རྩུབ་ཆོས་འགོག་པ་ནི། གལ་ཏེ་ཁྱོད་ནི་ལོག་གཡེམ་ལ། །འགྲོ་བར་འདོད་ན་དེ་ལྟར་གྱིས། །ཕྱི་མའི་ཚེ་ན་མནར་མེད་དུ། །སོང་ན་དེ་ཚེ་འགྱོད་མི་འཚལ། །ཞེས་པ་ལྟ་བུ། བཅུ་གསུམ་པ་གྲོགས་ཀྱིས་འགོག་པ་ནི། རྗེ་ཁྱོད་ཚོང་ལ་གཤེགས་ན་བཞུད། །རིང་དུ་ཐོགས་ན་ཕྱི་ཤུལ་གྱི། །གྲོགས་དང་ཉེ་དུ་གཞན་པ་རྣམས། །མི་འདོད་སྡུག་བསྔལ་ཐོབ་ཏུ་མཆི། །ཞེས་པ་ལྟ་བུ། བཅུ་བཞི་པ་འབད་པས་འགོག་པ་ནི། སྤང་ལྗོངས་མཛེས་པས་ལེགས་བསྟར་བའི། །གནས་སུ་དགའ་སྟོན་ལ་རོལ་ཚེ། །ཉིན་བྱེད་ཆུ་ལྷའི་རིར་ཉེ་བར། །མཐོང་ཚེ་རིངས་པའི་ཚིག་བརྗོད་ཐལ། །ཞེས་པ་ལྟ་བུ། བཅོ་ལྔ་པ་གཞན་དབང་གིས་འགོག་པ་ནི། ཁྱོད་ཀྱིས་བྱ་བ་དེ་ལྟ་བུ། །བྱེད་ན་ངེད་ལ་དྲིས་པས་ཅི། །རྗེ་བོ་ཉིད་ལ་དྲིས་ཤིག་དང་། །གནང་ན་བདག་ཀྱང་དེ་ལྟར་འདོད། །བཅུ་དྲུག་པ་ཐབས་ཀྱིས་འགོག་པ་ནི། རྗེ་ཁྱོད་རི་ཁྲོད་བསྟེན་བྱེད་ན། །ལེགས་མོད་བདག་ཅག་ཉེ་གྲོགས་ཀུན། །ཟས་གོས་ནོར་གྱིས་མི་ཕོངས་པའི། །འབྱོར་ལྡན་མི་ཟད་ཐབས་ཉིད་མཛོད། །ཅེས་པ་ལྟ་བུ། བཅུ་བདུན་པ་ཁྲོ་བས་འགོག་པ་ནི། ཐོས་པའི་གྲྭར་ཞུགས་མ་འབད་ན། །ཅི་ཡང་མི་ཤེས་མ་བསླབས་པའི། །གྲོང་པའི་སྐྱེ་བོ་གཞན་དག་དང་། །མཚུངས་པ་ཉིད་དུ་ཅིས་མི་འགྱུར། །ཞེས་པ་ལྟ་བུ། །བཅོ་བརྒྱད་པ་མྱ་ངན་གྱིས་འགོག་པ་ནི། །གཞན་དོན་འདོད་ཆུང་བསྟེན་པའི་ཆེད། །བསོད་ནམས་རྒྱུ་བར་རིགས་མོད་ཀྱི། །གཞན་དུ་སྲང་མདོར་སྦྲང་འཁྱམ་དང་། །ལྷན་ཅིག་གནས་ལ་དགོས་པ་ཅི། །ཞེས་པ་ལྟ་བུ། བཅུ་དགུ་འགྱོད་པས་འགོག་པ་ནི། མི་བཟད་ངན་འགྲོའི་སྡུག་བསྔལ་དང་། །འཁོར་བའི་ཉེས་དམིགས་མ་བསམ་ཤིང་། །བྱང་སེམས་ལྟ་བས་མ་ཟིན་པར། །རི་འདབས་མི་ཚེ་ཡོལ་ཀྱང་ཅི། །ཞེས་པ་ལྟ་བུ། ཉི་ཤུ་པ་ཐེ་ཚོམ་གྱིས་འགོག་པ་ནི། གང་འདི་དབུ་ཚད་རིག་གནས་ལ། །སྦྱངས་པའི་བླ་ཆེན་མཁས་པའམ། །ཡང་ན་རང་བཞིན་མཁས་དབང་ཞིག །ཡིན་གྱི་ཐ་མལ་བླུན་པོ་མིན། །ཞེས་པ་ལྟ་བུ། ཉེར་གཅིག་པ་སྦྱར་བས་འགོག་པ་ནི། མཁས་མཆོག་ཀླུ་རྒྱལ་གཙུག་ན་འཛིན། །བདེ་ལེགས་འདོད་དགུ་སྟེར་མཛད་པའི། །ཐུབ་པ་དབང་རྒྱལ་མཆིས་བཞིན་དུ། །ནོར་བུ་ཕལ་པ་གཞན་གྱིས་ཅི། །ཞེས་པ་ལྟ་བུ། ཉེར་གཉིས་པ་དོན་གཞན་འགོག་པ་ནི། རྒྱལ་བས་རིས་བྲལ་འགྲོ་རྣམས་ལ། །དམ་ཆོས་མཉམ་དུ་བསྟན་པས་ཅི། །ལྷ་ཀླུས་རིས་མེད་ཆར་ཕམ་ཀྱང་། །ས་བོན་རུང་སྨིན་མི་རུང་མིན། །ཞེས་པ་ལྟ་བུ། ཉེར་གསུམ་པ་རྒྱུས་འགོག་པ་ནི། འཇམ་པའི་དབྱངས་ལ་བདག་ཅག་གིས། །བློ་གྲོས་འཕེལ་ཕྱིར་གསོལ་བཏབ་སྟེ། །འོན་ཀྱང་ཤེས་རབ་སྩོམ་པའི་ལྷ། །ཡིན་ཕྱིར་གསོལ་འདེབས་ཅི་ལ་བལྟོས། །ཞེས་པ་ལྟ་བུའོ། །༈ བདུན་པ་དོན་གཞན་བཀོད་པ་ལ་བརྒྱད་ལས། དང་པོ་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ་ནི། ཚངས་པས་ཐིག་ལེ་མཆོག་མ་ལ། །ཆགས་པས་བལྟས་ཞེས་སུ་ཡིས་སྨད། །སྲེད་ལྡན་འགྲོ་བ་འདི་ཀུན་ཀྱང་། །འདོད་པས་གཟིར་བ་རང་བཞིན་ཉིད། །ཅེས་པ་ལྟ་བུའོ། །གཉིས་པ་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་ནི། ཐུབ་པའི་འཕྲིན་ལས་ཐུགས་རྗེ་ཡིས། །ཐེག་གསུམ་གདུལ་བྱའི་ཡོན་ཏན་རྒྱས། །རྟ་བདུན་ཅན་གྱི་འོད་ཟེར་གྱིས། །པདྨོའི་སྨིན་པའི་འདབ་མ་རྒྱས། །ཞེས་པ་ལྟ་བུ། གསུམ་པ་སྦྱར་བའི་དོན་གཞན་ནི། གདུལ་བྱའི་གཙུག་ན་རྒྱལ་བ་ཉིད། །གསལ་རྫོགས་མཚན་དཔེའི་གཟི་བྱིན་འབར། །ལྷ་ཡི་རྒྱལ་པོ་ལྷ་རྣམས་ཀྱི། །གཙུག་གི་རལ་པའི་རྩེ་ན་འགྱིང་། །ཞེས་པ་ལྟ་བུ། བཞི་པ་འགལ་བའི་དོན་གཞན་ནི། མཛེས་སྡུག་དགའ་བསྐྱེད་དབྱངས་ཅན་མ། །ཟག་མེད་ཡེ་ཤེས་བདེ་བ་སྟེར། །ལང་ཚོ་ཡོལ་བའི་མཁས་པ་ཡིས། །བློ་ལྡན་ཡིད་ལ་དགའ་བ་སྐྱེད། །ཅེས་པ་ལྟ་བུ། ལྔ་པ་མི་འོས་པའི་དོན་གཞན་ནི། མཁས་དབང་ལེགས་བཤད་ཉི་འོད་ཀྱིས། །ཕྱོགས་ལྷུང་ཡིད་ལ་ཟུག་རྔུ་སྐྱེད། །དད་ལྡན་གླ་རྩིའི་དྲི་ཚོར་བས། །དུག་སྦྲུལ་དག་ལ་གནོད་པར་འགྱུར། །ཞེས་པ་ལྟ་བུ། དྲུག་པ་འོས་པའིི་དོན་གཞན་ནི། རྒྱལ་བས་འགྲོ་ལ་ཆོས་བསྟན་པས། །ཕན་དང་བདེ་བའི་ལེགས་ཚོགས་རྒྱས། །ཉི་མའི་འོད་ཟེར་ཤར་བ་ན། །པད་དཀར་འདབ་མ་ཅི་ཡང་འཕེལ། །ཞེས་པ་ལྟ་བུ། བདུན་པ་འོས་པ་དང་མི་འོས་པའི་དོན་གཞན་ནི། ལེགས་བཤད་དག་ལ་མཁས་དགའ་ཡི། །བླུན་པོའི་ཚོགས་ནི་དེ་ལྟ་མིན། །རབ་སྙན་སྒྲ་ལ་ཐོས་འཛིན་ལྡན། །ཉན་གྱི་འོན་པ་དག་གིས་མིན། །ཞེས་པ་ལྟ་བུ། བརྒྱད་པ་མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་ནི། སྦྱངས་པས་ཉེས་བཤད་སྟོན་སྲིད་ན། །མ་སྦྱངས་བླུན་གཏམ་ཅིས་མི་ཟེེར། །ལེགས་བཤད་མཁས་ལས་འབྱུང་དགོས་ཀྱི། །ཐོས་མེད་བླུན་གཏམ་ཆོས་ཉིད་ཡིན། །ཞེས་པ་ལྟ་བུའོ། །༈ བརྒྱད་པ་ལྡོག་པའི་རྒྱན་ལ་སྒྲས་ཟིན་མཚུངས་པའི་ལྡོག་པ། རྟོགས་པ་མཚུངས་པའི་ལྡོག་པ། འབྱེད་བྱེད་མཚུངས་པའི་ལྡོག་པ། རིགས་མཐུན་འབྱེད་པའི་ལྡོག་པ་དང་བཞི། དང་པོ་ལ་ལྔ་ལས། དང་པོ་གཅིག་གི་ལྡོག་པ་ཅན་ནི། ལྷག་པའི་ལྷ་ཡིས་རྗེས་བཟུང་ཞིང་། །མཁས་ཤིང་གྲུབ་བརྙེས་ཟླ་གྲགས་དང་། །ཙནྡྲ་གོ་མི་མཚུངས་གྱུར་ཀྱང་། །རབ་བྱུང་ཡིན་མིན་རྟེན་གྱིས་དབྱེ། །ཞེས་པ་ལྟ་བུའོ། །གཉིས་པ་གཉིས་ཀྱི་ལྡོག་པ་ཅན་ནི། ཐུབ་དབང་རྡོ་རྗེ་འཆང་ཆེན་གཉིས། །གཞན་དོན་མཐར་ཕྱིན་མཛད་མཚུངས་ཀྱང་། །ཐུབ་པ་སྤྲུལ་སྐུའི་རྣམ་པ་དང་། །ཅི་ཤོས་ལོངས་སྐུའི་རྣམ་པ་ཅན། །ཞེས་པ་ལྟ་བུ། གསུམ་པ་སྦྱར་བའི་ལྡོག་པ་ཅན་ནི། མཚོ་བྱུང་ཟླ་བའི་གཙུག་རྒྱན་ཅན། །འགྲུབ་ལ་དབྱངས་ཅན་བཞད་པ་དང་། །སངྒ་ཨཱ་ཙརྱ་མཚུངས་ཀྱང་། །སྔ་མ་ནང་པ་གཞན་ནི་ལྡོག །ཅེས་པ་ལྟ་བུ། བཞི་པ་འགོག་པ་ཅན་གྱི་ལྡོག་པ་ནི། སྐྱབས་མཛད་འདོད་པའི་རེ་བ་སྩོལ། །ཡིད་དུ་འོང་ཞིང་བསྔགས་པའི་གནས། །ངག་གི་ཡན་ལག་ཆ་རྫོགས་པས། །དབྱངས་ཅན་ཡོངས་འདུས་འགྲན་དུ་ཅི། །ཞེས་པ་ལྟ་བུ། ལྔ་པ་གཏན་ཚིགས་ཀྱི་ལྡོག་པ་ཅན་ནི། །སྡོང་བུ་ལོ་འདབ་ཟེའུ་འབྲུ་སོགས། །ལྡན་ཡང་སྐེད་མེད་འགྲམ་ཆང་གིས། ཁ་ཉིད་འབྱེད་ཕྱིར་བ་ཀུ་ལ། །པདྨ་གཞན་དང་ཁྱད་པར་ཆེ། །ཞེས་པ་ལྟ་བུའོ། །གཉིས་པ་རྟོགས་པ་མཚུངས་པའི་ལྡོག་པ་ཅན་ནི། འཇམ་པའི་དབྱངས་དང་རྗེ་བླ་མ། །ཟབ་དོན་གཟིགས་པའི་ཡེ་ཤེས་ཅན། །འོན་ཏེ་འཇམ་དབྱངས་ལོངས་སྐུ་དང་། །ཅིག་ཤོས་རབ་བྱུང་ཆ་བྱད་ཅན། །ཞེས་པ་ལྟ་བུ་སྟེ་ཆོས་མཚུངས་ཤུགས་ལ་བསྟན་པའོ། །གསུམ་པ་འཕྱེད་བྱེད་མཚུངས་པའི་ལྡོག་པ་ཅན་ནི། གཞན་ཕན་རྒྱལ་ཚབ་བྱམས་མགོན་དང་། །འཇམ་དབྱངས་བླ་མ་ཙོང་ཁ་པ། །སྔ་མ་དགའ་ལྡན་ལྷ་ཡི་རྒྱན། །གཞན་ནི་གངས་ཅན་མཁས་པའི་དཔལ། །ཞེས་པ་ལྟ་བུ་སྟེ་འདི་ཡང་མཚུངས་པ་ཤུགས་ལ་འཕངས་པའོ། །བཞི་པ་རིགས་མཐུན་ལྡོག་པ་ཅན་ནི། རྨོངས་པའི་མ་རིག་མུན་པ་དང་། །མུན་ཁུང་བྱུང་བའི་མུན་ནག་གཉིས། །རིགས་མཐུན་འོན་ཏེ་སྔ་མ་ཉིད། །མར་མེས་མི་སེལ་ཕྱི་མ་སེལ། །ཞེས་པ་ལྟ་བུའོ། །༈ དགུ་པ་སྲིད་པ་ཅན་གྱི་རྒྱན་ལ་གསུམ་ལས། དང་པོ་ངོ་བོ་ཉིད་སྟོན་པའི་སྲིད་པ་ཅན་ནི། སྨྲ་བྱེད་ལྕེ་བྲལ་ཅ་ཅོ་སྒྲོག །རྐང་བཞོན་མེད་པར་རྒྱུན་དུ་འགྲོ །གནོད་སེམས་མེད་པར་རྒྱུ་ལམ་གཅོད། ཁ་དོག་མ་སྒྱུར་མདོག་སྔོ་ཆུ། །ཞེས་པ་ལྟ་བུ། གཉིས་པ་འབྲས་བུ་རྒྱུ་ཅུང་ཟད་དང་བཅས་པར་བརྗོད་པའི་སྲིད་པ་ཅན་ནི། ཕྲོག་མིན་ཐོས་པའི་ནོར་གྱིས་ཕྱུག །འཚེ་མེད་རྨོངས་པའི་དགྲ་ཚོགས་འཇོམས། །འདོད་བྲལ་ཡོན་ཏན་ཚོགས་ཀྱིས་འཁྱུད། །དབྱུ་གུས་མ་སྐུལ་སྐད་སྙན་ལྡིར། །ཞེས་པ་ལྟ་བུ། གསུམ་པ་གྲགས་མ་གྲགས་ཀྱི་རྒྱུ་བཟློག་ནས་འབྲས་བུ་ངོ་བོ་ཉིད་ཀྱིས་སྲིད་པར་སྟོན་པ་ནི། མ་བྲིས་རི་བོང་མཚན་མ་མཛེས། །གནོད་སེམས་མེད་པར་མུན་ཚོགས་འཇོམས། །འདེད་མཁན་མེད་ཀྱང་ནུབ་ཕྱོགས་འབྲོས། །བཟོ་བཅོས་མ་བྱས་འཕེལ་འགྲིབ་སྟོན། །ཞེས་པ་ལྟ་བུའོ། །༈ བཅུ་པ་བསྡུས་བརྗོད་ཀྱི་རྒྱན་ལ་སྤྱི་དང་བྱེད་བྲག་གཉིས་ཀྱི་དང་པོ་ནི། དཔག་བསམ་ལྗོན་པའི་གྲིབ་བསིལ་ལ། །སྤྱོད་པའི་དགའ་སྟོན་ཡོངས་བོར་ནས། །ཡལ་ག་འཁྱོག་པོའི་ཤིང་སྐམ་ལ། །སྐྱབས་འཆའ་བླུན་པོ་འདི་དག་རྨོངས། །ཞེས་པ་ལྟ་བུའོ། །གཉིས་པ་ལ་གསུམ་ལས། དང་པོ་ཁྱད་གཞི་ཐ་དད་ཅིང་ཁྱད་ཆོས་མཚུངས་པ་ནི། ཟབ་ཡངས་གཏིང་མཐའ་རྟོགས་དཀའ་ཞིང་། །རེ་སྐོང་ནོར་བུའི་འབྱུང་གནས་མཆོག །དུས་སུ་རབ་གཡོ་གདུང་སེལ་ཅན། །དྲི་མའི་སྐྱོན་རྣམས་འཁྱུད་པར་བྱེད། །ཅེས་པ་ལྟ་བུ། གཉིས་པ་ཁྱད་གཞི་ཐ་དད་ལ་ཁྱད་ཆོས་མཚུངས་ཤིང་མི་མཚུངས་པ་ནི། འཇམ་ཞིང་ཡིད་འོང་མཛེས་སྡུག་ལྡན། །ཡལ་འདབ་ཟེའུ་འབྲུ་གཡོ་ལྡེམ་པ། །ཆུ་སྐྱེས་དཀར་པོའི་ཆུན་པོ་འདི། །རྐང་དྲུག་དག་གི་ཡིད་ཚིམ་བྱེད། །ཅེས་པ་ལྟ་བུ། གསུམ་པ་སྔོན་མེད་བསྡུས་བརྗོད་ནི། ནམ་མཁའི་དབྱིངས་སུ་མི་རྒྱུ་ཞིང་། །འཕེལ་འགྲིབ་ཆ་ཤས་མི་ལྡན་པའི། །སྔོན་མེད་ཟླ་བའི་དཀྱིལ་འཁོར་འདི། །བདག་གི་ཡིད་ལ་ཅི་ཡང་སྨན། །ཞེས་པ་ལྟ་བུ་སྟེ་མཚུངས་ཆོས་བསྡུས་པའོ། །༈ བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ལ་བཞི་ལས། དང་པོ་ཁྱད་འཕགས་ཕུལ་བྱུང་ནི། བཅུ་ཕྲག་རིག་པའི་གནས་རྣམས་ཀུན། །མཐར་ཕྱིན་བློ་བཟང་རྒྱ་མཚོའི་སྡེ། །སྙན་ངག་གཞུང་བརྒྱ་སྨྲ་བ་ལ། །དབྱངས་ཅན་མས་ཀྱང་འགྲན་ནུས་མིན། །ཞེས་པ་ལྟ་བུ། གཉིས་པ་ཐེ་ཚོམ་ཕུལ་བྱུང་ནི། ཉིན་མཚན་ཀུན་དུ་ཐོས་བསམ་ལ། །འབད་པས་འཇུག་ཅིང་སྒྲུབ་བརྩོན་ཁྱོད། །རང་ལུས་འཚོ་བའི་བཟའ་བཏུང་ཡང་། །སྤྱོད་སྐབས་ཡོད་མེད་འཕྱང་མོ་ཉུག །ཅེས་པ་ལྟ་བུ། གསུམ་པ་ངེས་པ་ཕུལ་བྱུང་ནི། རྟག་ཏུ་ཐོས་བསམ་སྒོམ་པ་དང་། ཁ་ཏོན་ཚུལ་ལ་རབ་འབད་པ། །རྒྱུན་ཆད་མེད་ཀྱང་ཉལ་གཉིད་ཚེ། །བར་སྐབས་ཡོད་པའི་ངེས་པ་རྙེད། །ཅེས་པ་ལྟ་བུ། བཞི་པ་ངོ་མཚར་ཕུལ་བྱུང་ནི། འཇམ་མགོན་བླ་མ་ཙོང་ཁ་པའི། །མཁྱེན་པའི་ཕ་མཐའ་ནམ་མཁས་ཀྱང་། །མཚོན་མིན་བོད་ཡུལ་ལྗོངས་ཉིད་དུ། །ཤོང་གྱུར་དེ་ནི་ཨེ་མ་མཚར། །ཞེས་པ་ལྟ་བུ་སྟེ་མཚོན་ཙམ་མོ། །འདི་ལ་སྤྲོ་བར་བྱས་ན་དཔེ་རྒྱན་ལྟར་སོ་གཉིས་འབྱུང་བར་བཤད་དོ། །༈ བཅུ་གཉིས་པ་རབ་རྟོག་གི་རྒྱན་ལ་གསུམ་ལས། དང་པོ་སེམས་ལྡན་རབ་རྟོག་ནི། དབྱངས་ཅན་རལ་པའི་ཐོར་ཅོག་རྩེར། །ཚེས་པའི་ཟླ་བས་བརྒྱན་པ་ནི། །ཡར་མར་ངོ་ཡི་མུན་པའི་ཚོགས། །སེལ་བར་བྱེད་པའི་ཆེད་དུ་དགོངས། །ཞེས་པ་ལྟ་བུ། གཉིས་པ་སེམས་མེད་རབ་རྟོག་ནི། རབ་མཛེས་ཚེས་པའི་ཟླ་བ་ནི། །སྤྱི་གཙུག་བརྒྱན་པའི་ཕྱིར་འོངས་ཤིང་། །སྙན་གོང་ཨུཏྤལ་སྔོན་པོ་ཡང་། །སྤྱན་དཀྱུས་རིང་ལ་འགྲན་ཕྱིར་འོངས། །ཞེས་པ་ལྟ་བུ། གསུམ་པ་ཏིང་ངེ་འཛིན་གྱི་རབ་རྟོག་ནི། ཟླ་བ་ཤར་ཚེ་ཀུནྡའི་ཚལ། །དགའ་བས་འཛུམ་མུལ་ལྟ་བ་བཞིན། །བུང་བས་བཅུད་རྣམས་འཁྱེར་དོགས་ནས། །གེ་སར་སྐྲག་ནས་འདར་བ་བཞིན། །ཞེས་པ་ལྟ་བུའོ། །སྐབས་འདིའི་བཞིན་ཞེས་པ་ནི་དཔེ་མིན་ནོ། །༈ བཅུ་གསུམ་པ་རྒྱུའི་རྒྱན་ལ་གསུམ་ལས། དང་པོ་དངོས་པོའི་རྒྱུ་ལ་བྱེད་པའི་རྒྱུ་དང་ཤེས་བྱེད་ཀྱི་རྒྱུ་གཉིས། དང་པོ་ལ་སྒྲུབ་བྱེད་དང་ལས་ཀྱི་རྒྱུ་གཉིས། དང་པོ་ལ་འགྲུབ་བྱེད་དང་ཉམས་པའི་རྒྱུ་གཉིས་ལ། །དང་པོ་ནི། རྗེ་བཙུན་བརྟན་པའི་འཁོར་ལོ་ཡི། །བྱིན་རླབས་རྗེས་སུ་བཟུང་བའི་མཐུས། །འཆད་རྩོད་རྩོམ་པའི་བློ་གྲོས་ཀྱི། །སྣང་བ་ཡར་ངོའི་ཟླ་ལྷར་འཕེལ། །ཞེས་པ་ལྟ་བུ། གཉིས་པ་ཉམས་བྱེད་ཀྱི་རྒྱུ་ནི། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི། །མཁྱེན་རབ་ཉི་མའི་འོད་ཟེར་གྱིས། །དོན་གཉེར་བློ་གསལ་ཚོགས་རྣམས་ཀྱི། །རྨོངས་པའི་མུན་པ་སེལ་བར་བྱས། །ཞེས་པ་ལྟ་བུ། གཉིས་པ་ལས་ཀྱི་རྒྱུ་ནི། སོར་མོའི་འཁྲུལ་དང་བློ་རྩལ་ལས། །རྒྱལ་བའི་སྐུ་བརྙན་རབ་མཛེས་པ། །དད་ལྡན་སྐྱེ་བོ་མཐའ་དག་གི །བསོད་ནམས་གསོག་པའི་རྟེན་དུ་གྱུར། །ཅེས་པ་ལྟ་བུ། གཉིས་པ་ལ་གཉིས་ཀྱི་དང་པོ་ཕྱིའི་ཤེས་བྱེད་ཀྱི་རྒྱུ་ནི། སྐྱ་རེངས་ཐ་མ་ཤར་གྱུར་ཅིང་། །སྣ་ཚོགས་གཟུགས་ཀྱི་བཀོད་པ་མཐོང་། །འདབ་ཆགས་མང་པོས་སྐད་སྙན་སྒྲོགས། །གཉིད་ཀྱང་སད་པའི་དུས་ལ་བབ། །ཅེས་པ་ལྟ་བུ་སྟེ་ནམ་ལངས་ཤིང་ཉིན་མོ་འབྱུང་བའི་ཤེས་བྱེད་དོ། །གཉིས་པ་ནང་གི་ཤེས་བྱེད་ཀྱི་རྒྱུ་ནི། དཀའ་གནད་གཞུང་དོན་དྲིས་པའི་ཚེ། །འཛུམ་དང་བཅས་ཏེ་ལྷུག་པར་སྨྲ། །མང་ཐོས་མཁས་པ་འདུས་པ་ན། །འཇིགས་མེད་ཆོས་ཀྱི་ཁྲི་ལ་འགྱིང་། །ཞེས་པ་ལྟ་བུ་སྟེ། །ཡོན་ཏན་ཡོད་པའི་རྟགས་སམ་ཤེས་བྱེད་དོ། །དེ་བཞིན་དུ། ཆོས་གཏམ་བྱས་ཚེ་ངོ་འཛུམ་ནག །བཟའ་བཏུང་མཐོང་ཚེ་འཛུམ་མུལ་བྱེད། །ཅེས་སོགས་བླུན་རྟགས་ཀྱང་གོའོ། །གཉིས་པ་དངོས་མེད་ཀྱི་རྒྱུ་ལ་རྒྱུ་མེད་པས་འབྲས་བུ་ཡོད་པ་བསྐྱེད་པ་དང་། འབྲས་བུ་མེད་པ་བསྐྱེད་པ་གཉིས། དང་པོ་ལ་བཞི་ལས་སྔ་ན་མེད་པའི་བྱེད་རྒྱུ་ནི། སྟོབས་ལྡན་དཔོན་ལ་མ་བརྟེན་ཅིང་། །འབྱོར་ཅན་སྦྱིན་བདག་མ་བསྡུས་ཀྱང་། །ཟང་ཟིང་ཡོ་བྱད་ཉེར་མཁོ་ཀུན། །འབད་པ་མེད་པར་ངང་གིས་འདུས། །ཞེས་པ་ལྟ་བུ། གཉིས་པ་ཞིག་ནས་མེད་པའི་རྒྱུ་ནི། །ཆུང་ནས་བཟུང་བའི་འདོན་ཆ་བརྗེད། །ངོ་ཚ་ཁྲེལ་ཡོད་ཚུལ་ཡང་འགྲིབ། །དྲིན་ལྡན་སློབ་དཔོན་ཕ་མ་ཡང་། །མི་དྲན་རང་དགར་སྤྱོད་པ་མཐོང་། །ཞེས་པ་ལྟ་བུ། གསུམ་པ་ཕན་ཚུན་མེད་པའི་བྱེད་རྒྱུ་ནི། ཟླ་འདི་ལུས་ཕྲའི་གདོང་མ་ཡིན། །རི་བོང་རྟགས་མཚན་མིག་སྣ་མིན། །བསིལ་བ་རྡུལ་གྱི་ཐིགས་མིན་པས། །གཉིས་སྐྱེས་རྣམས་ཀྱིས་བཀུར་བའི་གནས། །ཞེས་པ་ལྟ་བུ། བཞི་པ་སྤངས་ནས་མེད་པའི་རྒྱུ་ནི། མ་དད་ལེ་ལོ་སྤངས་བྱས་ཏེ། །དབྱངས་ཅན་སྒོམ་བཟླས་ལ་བརྩོན་པས། །འཆད་རྩོད་རྩོམ་པའི་ཚུལ་ཀུན་དང་། །སྙན་ངག་སྨྲ་བའི་སྤོབས་པ་ཐོབ། །ཅེས་པ་ལྟ་བུ། གཉིས་པ་རྒྱུ་མེད་པས་འབྲས་བུ་མེད་པ་བསྐྱེད་པའི་བྱེད་རྒྱུ་ནི། ལོག་ལྟ་མ་དད་མེད་གྱུར་ན། །རྒྱལ་བས་གསུངས་པའི་མཆོག་ཐུན་གྱི། །དངོས་གྲུབ་དུས་སྐབས་དང་མཚུངས་པ། །ཅི་ལྟར་རིགས་པར་འཐོབ་འགྱུར་ངེས། །ཞེས་པ་ལྟ་བུ། གསུམ་པ་མཚར་བའི་རྒྱུ་ལ་ལྔ་ལས། དང་པོ་རིང་འབྲས་ཀྱི་རྒྱུ་ནི། འཇམ་དབྱངས་རྗེ་བཙུན་ཙོང་ཁ་པས། །ཅི་ཡང་ཡིད་ལ་མི་བྱེད་པའི། །ལྟ་ངན་དམིགས་ཕུག་བཀག་མཛད་པས། །ལྟ་ལོག་གཞན་ཀུན་རིམ་གྱིས་ལྡོག །ཅེས་པ་ལྟ་བུ། གཉིས་པ་རྒྱུ་འབྲས་ལྷན་ཅིག་པ་ནི། །ཉི་མའི་དཀྱིལ་འཁོར་ཤར་བ་དང་། །ལྷན་ཅིག་པད་ཚལ་འཛུམ་བྱས་ཤིང་། །མུན་པ་སེལ་དང་ལྷན་ཅིག་ཏུ། །གཟུགས་རྣམས་གསལ་བར་མཐོང་བར་འགྱུར། །ཞེས་པ་ལྟ་བུ། གསུམ་པ་འབྲས་བུ་སྔ་བའི་རྒྱུ་ནི། འདོད་ལྡན་གཡེལ་བའི་གཞོན་ནུ་འགས། །སྨིན་ལེགས་ལུས་ཕྲ་མར་སྤྱད་དེ། །སླར་ཡང་མཛེས་པའི་རྣམ་འགྱུར་ལ། །སྲེད་པ་དྲག་པོ་ཅི་ཡང་འབྱུང་། །ཞེས་པ་ལྟ་བུ། བཞི་པ་རིགས་མིན་གྱི་རྒྱུ་ནི། ཕྱི་རོལ་གཟུགས་ཀྱི་བཀོད་པ་རྣམས། །མཐོང་བྱེད་ཉི་མ་ཤར་གྱུར་བས། །འབྱུང་པོའི་བྱ་ཚོགས་མིག་ལྡན་ཡང་། །གཟུགས་ཀྱི་བཀོད་པ་མཐོང་མིན་མཚར། །ཞེས་པ་ལྟ་བུ། ལྔ་པ་རིགས་པའི་རྒྱུ་ནི། ངག་གི་དབང་ཕྱུག་གྲུབ་པ་ཡི། །ཚངས་སྲས་ལྷ་མོ་རིང་བསྟེན་པས། །སྙན་ཚིག་གཞུང་བརྒྱ་སྨྲ་ནུས་པའི། །ངག་གི་དངོས་གྲུབ་ཐོབ་པར་འགྱུར། །ཅེས་པ་ལྟ་བུའོ། །༈ བཅུ་བཞི་པ་ཕྲ་མོའི་རྒྱན་ལ་གཉིས་ལས། དང་པོ་ཟུར་གྱི་ཕྲ་མོ་ནི། དབང་ཕྱོགས་ས་འཛིན་རྩེ་མོ་ནས། །ཚེས་པའི་ཟླ་བ་ཤར་མཐོང་ཚེ། །རིག་བྱེད་སྨྲ་བའི་སྐྱེས་བུ་འགའ། །ལག་སོར་པདྨོ་སྙིང་ཁར་སྦྱོར། །ཞེས་པ་ལྟ་བུ། གཉིས་པ་རྣམ་པའི་ཕྲ་མོ་ནི། མུ་སྟེགས་བྱེད་འགས་ཐུབ་དབང་ལ། །གཤེ་ཞིང་སྐྱོན་བརྗོད་ངན་སྨྲས་ཀྱང་། །ཞལ་འཛུམ་ཚེམས་དཀར་ཉེར་བསྟན་པས། །དད་ལྡན་ཡིད་ལ་དགའ་བ་འཕེལ། །ཞེས་པ་ལྟ་བུ་སྟེ་འདིས་སྟོན་པ་ལ་བཟོད་པ་ཆེན་པོ་ལྡན་པར་སྟོན་ནོ། །༈ བཅོ་ལྔ་པ་ཆའི་རྒྱན་ལ་དངོས་པོ་གསལ་པོ་ཟོལ་གྱིས་སྦེད་པའི་ཆ་དང་། ཟོལ་གྱིས་སྨོད་ཅིང་བསྟོད་པའི་ཆ་གཉིས། དང་པོ་ལ་གཉིས་ལས། དང་པོ་འོས་པའི་ཆ་ནི། རང་གི་འབྱོར་པ་རྒྱས་པའི་ཆེད། །རྣམ་སྲས་བསྒོམ་ལ་བརྩོན་པའི་ཚེ། །ཕྱི་མའི་དོན་དུ་སངས་རྒྱས་ཉིད། །ཐོབ་ཕྱིར་ཟབ་དོན་སྒོམ་ཞེས་སྨྲ། །ཞེས་པ་ལྟ་བུ། གཉིས་པ་མི་འོས་པའི་ཆའི་རྒྱན་ནི། ལྟོ་གོས་ཆེད་འབད་ལུས་རྔུལ་ཚེ། །འདི་ཕྱིའི་དོན་དུ་ཕྱག་མཆོད་དང་། །སྐོར་བ་སོགས་ལ་རབ་འབད་པས། །ལུས་ལས་རྔུལ་དག་བྱུང་བ་ཡིན། །ཞེས་པ་ལྟ་བུ། གཉིས་པ་ལ་གཉིས་ལས། དང་པོ་སྨད་པའི་ཆ་ནི། ཟང་ཟིང་འབྱོར་པ་ཐབས་ཀྱིས་སྡུད། །འཁོར་རྣམས་ལྟོ་གོས་ནོར་གྱིས་སྐྱོང་། །མལ་སྟན་འཇམ་ལ་རྟག་བསྟེན་པ། །བླ་ཆེན་འདི་ནི་ཁྱོད་ཀྱི་སྐྱབས། །ཞེས་པ་ལྟ་བུ། གཉིས་པ་བསྟོད་པའི་ཆ་ནི། ཐོས་པའི་ཆེད་དུ་ལུས་སེམས་བྲེལ། །བཟླས་བརྗོད་དཀའ་ཐུབ་དྲག་པོ་སྤྱོད། །བསླབ་བྲལ་ཆད་འབེབས་དཀོར་མི་སྟེར། །བཀའ་བཀྱོན་བླ་མ་འདི་བསྟེན་དཀའ། །ཞེས་པ་ལྟ་བུའོ། །༈ བཅུ་དྲུག་པ་རིམ་པ་ཅན་གྱི་རྒྱན་ནི། བྱང་སེམས་འདུལ་བ་འཛིན་ཞབས་ཀྱི། །མཁྱེན་བརྩེ་ནུས་གསུམ་འཕྲིན་ལས་ནི། །འཇམ་དབྱངས་སྤྱན་རས་གཟིགས་དབང་དང་། །ཕྱག་རྡོར་སྒྲོལ་མའི་དེ་རྣམས་བསྡུས། །ཞེས་པ་ལྟ་བུའོ། །༈ བཅུ་བདུན་པ་དགའ་བའི་རྒྱན་ལ་གཉིས་ལས། དང་པོ་དངོས་ཐོབ་ཀྱི་དགའ་བའི་རྒྱན་ནི། དྲི་མེད་ལུང་དང་རིགས་ཚོགས་ཀྱིས། །གཏན་ཕབ་གཞན་དུ་མི་འགྱུར་བ། །རྒྱལ་བ་གཉིས་པའི་ལེགས་བཤད་ཀུན། །མཐོང་ཐོས་སྔོན་མེད་དགའ་བ་སྐྱེས། །ཞེས་པ་ལྟ་བུའོ། །གཉིས་པ་གཟུགས་བརྙན་གྱི་དགའ་བ་ནི། རྒྱལ་བའི་སྐུ་དངོས་རང་ཅག་གི །མིག་གི་ཡུལ་ལས་འདས་གྱུར་ཀྱང་། །དེ་འདྲའི་སྐུ་བརྙན་མཐོང་ཙམ་གྱིས། །ཡིད་ལ་དགའ་བ་ཅི་ཡང་རྒྱས། །ཞེས་པ་ལྟ་བུའོ། །༈ བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་ལ་བརྒྱད་ལས། དང་པོ་དགའ་བའི་འགྱུར་བ་སྒེག་པའི་ཉམས་ནི། བུ་སྡུག་གཅིག་པ་ཐག་རིང་པོར། །སོང་ནས་རིང་ལོན་འབྱོར་ལྡན་དུ། །རང་གི་ཁྱིམ་དུ་སླར་འཁོར་བས། །རྨད་བྱུང་དགའ་བས་ལུས་སེམས་བརྟས། །ཞེས་པ་ལྟ་བུ་སྟེ་ལུས་སྒེག་པ་དང་སེམས་དགའ་སྤྲོ་ཆེ་བར་སྟོན་པའོ། །གཉིས་པ་དྲག་ཤུལ་གྱི་ཉམས་ནི། ཕ་རོལ་རྒོལ་ངན་དགྲ་ཡི་དཔུང་། །འཇོམས་ཕྱིར་དམག་དཔུང་གོ་བགོས་ཤིང་། །རྣོ་བའི་མཚོན་ཐོགས་རྒྱོབ་སོད་ཀྱི། །སྒྲ་ཆེན་གནམ་ས་མ་ལུས་ཁྱབ། ཅེས་པ་ལྟ་བུ། གསུམ་པ་དཔའ་བའི་ཉམས་ནི། འཕགས་པའི་ཡུལ་དུ་མ་བྱོན་ཞིང་། །རྒྱ་གར་པཎ་ཆེན་མ་བསྟེན་ཀྱང་། །འཕགས་ཡུལ་མཁས་གྲུབ་མཐའ་དག་གི །གཞུང་དོན་ཀུན་མཁྱེན་རྗེ་བླ་མ། །ཞེས་པ་ལྟ་བུ། བཞི་པ་སྙིང་རྗེའི་ཉམས་ནི། །ཚད་ལྡན་བླ་མ་མི་བསྟེན་ཅིང་། །དབང་བསྐུར་མ་ཐོབ་བསྙེན་པ་མེད། །དམ་ཚིག་མི་སྲུང་ཆོ་ག་ལ། །འཇུག་དང་དབུལ་ཕོངས་སྙིང་རྗེའི་གནས། །ཞེས་པ་ལྟ་བུ། ལྔ་པ་མི་སྡུག་པའི་ཉམས་ནི། མི་གཙང་གང་བའི་ལྗན་ལྗིན་ནང་། །ལུས་ཞུགས་དྲི་ངན་ཚོགས་ཀྱིས་བགོས། །གསང་གནས་གསལ་མཐོང་གོས་ཧྲུལ་གྱོན། །སྐྱུགས་བྲོ་ཡིད་མུག་སྐྱེ་བའི་གནས། །ཞེས་པ་ལྟ་བུ། དྲུག་པ་བཞད་གད་ཀྱི་ཉམས་ནི། འདོད་པའི་ཉོན་མོངས་སྤངས་ཟེར་ཞིང་། །འཁོར་བར་ཡིད་འབྱུང་སྨྲ་བ་ཁྱོད། །སྤྱན་ཟུར་མཛེ་མའི་གདོང་ཉིད་ལ། །ཟུག་པ་འདི་ལ་གད་མོ་འཆོར། །ཞེས་པ་ལྟ་བུ། བདུན་པ་ཕུལ་བྱུང་གི་ཉམས་ནི། འཇལ་དབྱངས་མགྲིན་པར་ཆགས་པ་ལས། །ཟབ་རྒྱས་གསུང་རབ་མཐའ་དག་གི །ཚིག་དོན་མ་ལུས་ཐུགས་ཆུད་པ། །གང་དེ་ཨེ་མའོ་ངོ་མཚར་རྨད། །ཅེས་པ་ལྟ་བུ། བརྒྱད་པ་འཇིགས་རུང་གི་ཉམས་ནི། སྨྲ་བའི་དབང་ཕྱུག་ཆོས་གྲགས་ཀྱིས། །མུ་སྟེགས་སྨྲ་ངན་མཐའ་དག་ཀྱང་། །རིགས་པས་ཚར་བཅད་རྒྱལ་བསྟན་ལ། །བཅུག་པས་འགའ་ཞིག་སྐྲག་ནས་བྲོས། །ཞེས་པ་ལྟ་བུའོ། ཁྲོ་བོའི་ཉམས་དང་ཡང་སྦྱར་ཆོག །༈ བཅུ་དགུ་པ་གཟི་བརྗིད་ཅན་གྱི་རྒྱན་ནི། ཁོ་བོའི་དྲུང་དུ་ཁྱེད་ཅག་རྣམས། །རྒོལ་བར་འདོད་ནས་ལྷག་པ་ལེགས། །ལུང་རིགས་འབྲེལ་བའི་གཏམ་དག་གིས། །དོགས་གནས་མཐའ་དག་བསལ་བར་བྱ། །ཞེས་པ་ལྟ་བུའོ། །༈ ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན་ལ་མི་འདྲ་བ་ཞིག་ཡོད་ཀྱང་འདིར། དགོས་དོན་སྒྲུབ་པའི་གྲོགས་མཆེད་དག །ཚུལ་དེར་འབད་མཛད་ཁོ་ཅག་ཕྱིར། །བྱ་བ་ཞིག་གི་ཆེད་སོང་སྟེ། །སླར་ཡང་མྱུར་དུ་འོང་པར་བྱ། །ཞེས་པ་ལྟ་བུ་སྟེ་རང་གཞན་གྱི་བྱ་བ་ཆབ་གསང་བྱེད་དགོས་པ་ལྟ་བུ་བསྡུའོ། །༈ ཉེར་གཅིག་པ་ཀུན་ཕན་གྱི་རྒྱན་ནི། དཔྱིད་དུས་ཞིང་པས་ས་བོན་ཚོགས། །བཏབ་པས་མྱུ་གུ་མཐོང་བའི་དུས། །ཐན་པས་གདུང་ནས་ཕོངས་པའི་ཚེ། །ཆར་ཆེན་བབས་པས་དགའ་བ་སྐྱེས། །ཞེས་པ་ལྟ་བུའོ། །༈ ཉེར་གཉིས་པ་རྒྱ་ཆེ་བ་ལ་གཉིས་ལས། དང་པོ་བསམ་པ་རྒྱ་ཆེ་བ་ནི། འཇམ་དཔལ་གཞོན་ནུས་མངོན་སུམ་དུ། །རྒོལ་བ་མཛད་ཀྱང་འགོག་ནུས་པའི། །རྒྱལ་བ་གཉིས་པས་འཁྲུལ་ལྡན་ལུགས། །འགའ་ཞིག་བཏང་སྙོམས་ཉིད་དུ་བཞག །ཅེས་པ་ལྟ་བུ། གཉིས་པ་འབྱོར་པ་རྒྱ་ཆེ་བ་ནི། རིན་ཆེན་ལས་གྲུབ་གཞལ་མེད་དབུས། །གདོང་ལྔས་བཏེགས་པའི་ཁྲིར་འགྱིང་ཞིང་། །ནམ་མཁའ་མཛོད་ལ་དབང་བསྒྱུར་བ། །ངལ་སོའི་བུ་དེ་སྲིད་ན་བརྗིད། །ཅེས་པ་ལྟ་བུའོ། །༈ ཉེར་གསུམ་པ་བསྙོན་དོར་གྱི་རྒྱན་ལ་གསུམ་ལས། དང་པོ་ཆོས་ལ་བསྙོན་པ་ནི། རྒྱལ་བ་གཉིས་པ་བློ་བཟང་གྲགས། །གངས་ཅན་མཁས་པའི་རྒྱན་མིན་ཏེ། །མཁས་དབང་ཡོངས་ཀྱི་སྤོབས་པ་མཆོག །འཕྲོག་མཛད་ཆོམ་རྐུན་ཉིད་དུ་ངེས། །ཞེས་པ་ལྟ་བུ། གཉིས་པ་ཡུལ་ལ་བསྙོན་པ་ནི། སོས་ཀའི་ཟླ་བའི་འོད་བསིལ་ཡང་། །ལས་བསགས་ཡི་དྭགས་འགའ་ཞིག་གི །ལུས་ལ་རེག་བྱ་ཚ་བའི་དངོས། །བཟོད་དཀའ་སྟེར་བ་ཉིད་དུ་སྣང་། །ཞེས་པ་ལྟ་བུ། གསུམ་པ་རང་བཞིན་ལ་བསྙོན་པ་ནི། གངས་ཀྱི་རི་ཡི་ཁ་དོག་ནི། །རང་བཞིན་དཀར་བ་ཉིད་མིན་གྱི། །རྡོ་ཐལ་ག་བུར་ཁུ་བ་ཡིས། །ལེགས་པར་བྱུགས་པ་ཉིད་དུ་གསལ། །ཞེས་པ་ལྟ་བུའོ། །༈ ཉེར་བཞི་པ་སྦྱར་བའི་རྒྱན་ལ་གཉིས་དང་བདུན། དང་པོ་ལའང་གཉིས་ཀྱི། དང་པོ་ཚིག་ཐ་དད་མིན་པའི་སྦྱར་བ་ནི། མཛེས་ཤིང་དཀར་བ་ཡིད་དུ་འོང་། །གདུང་བ་སེལ་ཞིང་ཡིད་དགའ་བསྐྱེད། །ཚིམ་བྱེད་བདུད་རྩི་ཅི་ཡང་སྦྲོ། །འདོད་པའི་རེ་བ་རྒྱས་པར་བྱེད། །ཅེས་པ་ལྟ་བུ་སྟེ་དབྱངས་ཅན་མ་དང་ཟླ་བ་སྦྱར་བའོ། །གཉིས་པ་ཐ་དད་ཚིག་འདྲ་བའི་སྦྱར་བ་ནི། བྱ་བ་དུས་ལས་ཡོལ་མེད་ཅིང་། །འདོད་དོན་དུ་མ་འབྱུང་བའི་གནས། །གཏིང་མཐའི་ཚད་ཀྱང་གཞལ་དཀའ་བར། །སྐྱེ་བོ་དུ་མའི་གཏམ་ལས་སྒྲོག །ཅེས་པ་ལྟ་བུ་སྟེ་སངས་རྒྱས་ཀྱི་འཕྲིན་ལས་དང་ཡོན་ཏན་མང་དུ་འབྱུང་བ་དང་། མཁྱེན་པའི་ཚད་དང་དེ་མཁས་པའི་གཏམ་ལས་འབྱུང་བ་རྣམས་རྒྱ་མཚོའི་ཁྱད་པར་དང་སྦྱར་བའོ། །གཉིས་པ་ལ་བདུན་ལས། དང་པོ་བྱ་བ་ཐ་དད་མིན་པའི་སྦྱར་བ་ནི། མཐོང་བྱེད་ཡུལ་དུ་མཛེས་པར་སྣང་། །བལྟས་ཚེ་ཡིད་ལ་ཚིམ་པ་མེད། །དཀར་འཇམ་དུང་གི་རེག་བྱ་དང་། ཁ་དོག་གིས་ཀྱང་ཡིད་དགའ་བསྐྱེད། །ཅེས་པ་ལྟ་བུ། གཉིས་པ་བྱ་བ་འགལ་བ་མིན་པའི་སྦྱར་བ་ནི། ཡིད་ལ་དགའ་བའི་དཔལ་སྟེར་ཞིང་། །རབ་དཀར་ལང་ཚོ་རྒྱས་པ་ཅན། །ཟླ་འོད་འཁྱུད་པའི་སྐུ་མངའ་བ། །མཚོ་བྱུང་མ་ལ་གུས་ཕྱག་འཚལ། །ཞེས་པ་ལྟ་བུ། གསུམ་པ་འགལ་བའི་ལས་ཅན་གྱི་སྦྱར་བ་ནི། མགོ་སྐྱེས་ནག་སྣུམ་རྣམ་པར་ལྡེམ། །དཀར་མཛེས་ཟླ་བ་ཚེས་པས་བརྒྱན། །བློ་ལྡན་དྲག་པོས་རྣམ་དཔྱོད་དང་། །དབྱངས་ཅན་ངག་གི་དཔལ་སྟེར་མཛོད། །ཅེས་པ་ལྟ་བུ། བཞི་པ་ངེས་པ་ཅན་གྱི་སྦྱར་བ་ནི། མགོན་ཁྱོད་དགྱེས་དགུར་སྤྱོད་པ་ནི། །ཆོས་ཚུལ་ཡིན་གྱི་འདོད་ཕྱིར་མིན། །ཐབས་ཀྱིས་འཁྲིད་འདི་དགེ་དོན་ལ། །བསྐུལ་ཕྱིར་ཡིན་གྱི་གཞན་དུ་མིན། །ཞེས་པ་ལྟ་བུ། ལྔ་པ་ངེས་པ་འགོག་པའི་སྦྱར་བ་ནི། འོད་དཀར་ཅན་གྱི་དཀྱིལ་འཁོར་འདིས། །ཀུནྡའི་ཚལ་རྣམས་རྒྱས་མོད་དེ། །འོན་ཀྱང་གཉིས་སྐྱེས་དུ་མ་ཞིག །དགའ་བའི་རྣམ་པ་ཅི་ཡང་བྱེད། །ཅེས་པ་ལྟ་བུ། དྲུག་པ་འགལ་མེད་ཀྱི་སྦྱར་བ་ནི། ལྷ་ཡི་བླ་མ་སྤྱན་སྟོང་ལྡན། །སྐྱེས་རྒུའི་བདག་པོས་མཆོད་སྦྱིན་ལེན། །མིག་གསུམ་ལྡན་པས་ཕས་རྒོལ་འཇོམས། །གཉིས་སྐྱེས་དབང་པོས་འོད་དཀར་འགྱེད། །ཅེས་པ་ལྟ་བུ་སྟེ་སྦྱར་ཆོས་སྤྱན་སྟོང་སོགས་རང་རང་ལ་ལྡན་པ་མི་འགལ་བའོ། །བདུན་པ་འགལ་བ་ཅན་གྱི་སྦྱར་བ་ནི། གཞོན་ཡང་རྒྱལ་བའི་ཡབ་ཏུ་གྱུར། །རལ་གྲི་འཕྱར་ཡང་འཇིགས་པ་བྲལ། །གླེགས་བམ་འཛིན་ཡང་མི་མཁྱེན་མེད། །འགྱིང་བག་ལྡན་ཡང་ང་རྒྱལ་བྲལ། །ཞེས་པ་ལྟ་བུའོ། །༈ ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་ལ་ལྔ་ལས། དང་པོ་ཡོན་ཏན་མ་ཚང་བའི་ཁྱད་པར་ནི། འགྲོ་ལ་སྐུ་ཡི་རྣམ་འགྱུར་ཏེ། །གསུང་གིས་དམ་པའི་ཆོས་དག་དང་། །ཐུགས་ཀྱིས་མཁྱེན་གཟིགས་མི་ལྡན་ཡང་། །གདུལ་བྱ་རྗེས་འཛིན་སྐུ་བརྙན་རྣམས། །ཞེས་པ་ལྟ་བུ། གཉིས་པ་རིགས་མ་ཚང་བ་ནི། རྐང་འཐུང་རིགས་ལས་མ་སྐྱེས་ཤིང་། །ཡལ་ག་ལོ་འདབ་མི་ལྡན་ཡང་། །མཉེན་ལྕུགས་ཕྲ་ལྡེམ་དྲི་ངད་ལྡང་། །ཨུཏྤལ་མིག་ཅན་ལུས་ཡིད་འོང་། །ཞེས་པ་ལྟ་བུ། གསུམ་པ་བྱ་བ་མ་ཚང་བ་ནི། ཁྲོ་གཉེར་དཔྲལ་བར་མ་བསྡུས་ཤིང་། །ཞལ་གྱི་མཆེ་བ་མ་གཙིགས་པར། །མ་ལུས་བདུད་བཞིའི་དཔུང་ཚོགས་རྣམས། །འཇོམས་མཛད་རྒྱལ་བ་དེ་ལ་འདུད། །ཅེས་པ་ལྟ་བུ། བཞི་པ་རྫས་མ་ཚང་བ་ནི། །བྱང་ཆུབ་ཤིང་དྲུང་བཞུགས་པའི་ཚེ། །མདའ་མཚོན་གོ་ཆ་སོགས་མེད་པར། །བྱེ་བ་ཕྲག་བརྒྱའི་བདུད་ཀྱི་དཔུང་། །ཕམ་མཛད་ཤཱཀྱའི་རྒྱལ་པོ་ཉིད། །ཅེས་པ་ལྟ་བུ། ལྔ་པ་རྒྱུའི་ཁྱད་པར་བརྗོད་པ་ནི། འདོད་དགུའི་ཡོ་བྱད་མ་བསགས་ཤིང་། །གཞན་ལ་ཕན་འདོད་སེམས་མེད་ཀྱང་། །རྒྱལ་མཚན་རྩེར་བཏགས་མཆོད་གསོལ་བས། །ཅི་འདོད་རེ་སྐོང་ཡིད་བཞིན་ནོར། །ཞེས་པ་ལྟ་བུའོ། །༈ ཉེར་དྲུག་པ་མཚུངས་སྦྱོར་གྱི་རྒྱན་ལ་གཉིས་ལས། དང་པོ་བསྟོད་པའི་མཚུངས་སྦྱོར་ནི། འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས། །འཆད་རྩོད་རྩོམ་པས་རྒྱལ་བའི་བསྟན། །འཛིན་ཅིང་ས་སྟེང་ཀུན་ཁྱབ་པར། །སྦེལ་ལ་མཚུངས་པ་ཉིད་ཅེས་གྲགས། །ཞེས་པ་ལྟ་བུ། གཉིས་པ་སྨད་པའི་མཚུངས་སྦྱོར་ནི། མདོག་དཀར་འཛེས་པའི་གླང་རྒན་དང་། །ཐོས་པ་མེད་པའི་བླུན་པོ་མཚུངས། །སྡོང་དུམ་གོས་སེར་གཡོགས་པ་དང་། །ཚུལ་ཁྲིམས་བྲལ་བའི་བཙུན་གཟུགས་མཚུངས། །ཞེས་པ་ལྟ་བུའོ། །༈ ཉེར་བདུན་པ་འགལ་བའི་རྒྱན་ལ་དྲུག་ལས། དང་པོ་གཞི་ཐ་དད་པའི་བྱ་བ་འགལ་བ་ནི། དཔྱིད་མཐར་ཐན་པས་གདུང་བའི་ཚེ། །མཁའ་ལ་ཆར་སྦྲིན་འཁྲིགས་པ་ལ། །ཞིང་པའི་ཚོགས་རྣམས་དགར་འགྱུར་ཞིང་། །ལམ་མགྲོན་དག་ལ་གདུང་བ་སྐྱེད། །ཅེས་པ་ལྟ་བུ། གཉིས་པ་གཞི་གཅིག་གི་བྱེད་པ་འགལ་བ་ནི། སྒྱུ་མ་མཁན་སྤྲུལ་རྟ་གླང་སོགས། །རྩེད་འཇོར་བྱེད་པར་རྒྱུས་ལྡན་དག །དངོས་མིན་སྣང་ལྟར་མེད་ཤེས་ཤིང་། །གཞན་ནི་བདེན་འཛིན་ལ་མཚན་བྱེད། །ཅེས་པ་ལྟ་བུ། གསུམ་པ་གཞི་གཅིག་གི་ཆོས་དུ་མ་འགལ་བ་ནི། བཞིན་རས་དཀར་ལ་སྐྲ་ཚོགས་ནག །ན་ཚོད་གཞོན་ཡང་བློ་གྲོས་རྒན། །ནོར་གྱིས་ཕོངས་ཀྱང་ཐོས་པས་ཕྱུག །ལག་ལེན་མཁས་ཀྱང་འགྲོ་དོན་ཆུང་། །ཞེས་པ་ལྟ་བུ། བཞི་པ་རྫས་འགལ་བ་ནི། ཟླ་བའི་གདོང་ལ་ཨུཏྤལ་མིག །དུང་གི་སོ་ལ་བྱུ་རུའི་མཆུ། །པི་ཝང་འཛིན་ཅིང་གླུ་དབྱངས་ལེན། །རྒྱལ་ཡུམ་གཞོན་ནུ་དབྱངས་ཅན་མ། །ཞེས་པ་ལྟ་བུ། ལྔ་པ་གཞི་གཅིག་གི་ལས་འགལ་བ་ནི། སྐལ་ལྡན་འགྲོ་རྣམས་ཐར་ལམ་ལ། །འཁྲིད་མཛད་རྒྱལ་བ་གཉིས་པ་དེས། །ཕྱོགས་རིས་མེད་ཀྱང་གཞན་ཕྱོགས་ཀྱི། །གྲུབ་མཐའ་བཀག་ནས་མི་འདོད་སྟེར། །ཞེས་པ་ལྟ་བུ། དྲུག་པ་སྦྱར་བའི་འགལ་པ་ནི། དྲི་མ་དང་བྲལ་རབ་ཏུ་དཀར། །རྣམ་པར་བཀྲ་ཞིང་འོད་ཟེར་འཕྲོ། །བདུད་རྩིའི་རྒྱུན་འབབ་ཁ་ཅིག་ལ། །ཕན་འགྱུར་ལ་ལར་གནོད་པ་སྟེར། ཞེས་པ་ལྟ་བུ་སྟེ་ཟླ་བས་ཀུནྡ་ལ་ཕན་ཅིང་པདྨ་ལ་གནོད་པ་དང་སྦྱར་ཞིང་། དབྱངས་ཅན་དང་སྦྱར་ན་སྐལ་ལྡན་དང་སྡང་བ་ལ་ཕན་གནོད་བྱེད་པ་དང་སྦྱར་རོ། །༈ ཉེར་བརྒྱད་པ་སྐབས་མིན་བསྟོད་པ་ནི། །དཔོན་གྱི་བྱ་བ་ཁྲལ་ལ་སོགས། །མི་འབབ་ཞིང་ལས་སོ་ནམ་མེད། །ནོར་ལ་འཚོ་སྐྱོང་མི་དགོས་པའི། །དབུལ་ཕོངས་བྱ་བྲལ་འདི་དག་བདེ། །ཞེས་པ་ལྟ་བུའོ། །༈ ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་ལ་གསུམ་ལས། དང་པོ། མཐུ་ཕུན་སུམ་ཚོགས་པའི་ཟོལ་བསྟོད་ནི། དམག་དཔུང་མ་བསྒུལ་ལུང་ཙམ་གྱིས། །ཐེ་རོང་མང་པོ་སྐྲག་མཛད་ན། །རྒྱ་ཆེན་གཡུལ་གྱི་དཔུང་གཤོམས་ཚེ། །འཇོམས་ལ་སོམ་ཉི་ཅི་ཞིག་ཡོད། །ཅེས་པ་ལྟ་བུའོ། །གཉིས་པ་དཔའ་བ་ཕུན་ཚོགས་ནི། བསོད་ནམས་སྟོབས་ལྡན་འཁོར་ལོས་བསྒྱུར། །ང་ལས་ནུ་ཁྱོད་ལྷ་དབང་གི །མངའ་ཐང་གླིང་བཞིར་བཅས་པ་ལ། །ཅི་དགར་སྤྱོད་འདི་རིགས་སམ་ཅི། །ཞེས་པ་ལྟ་བུ། གསུམ་པ་སྟོབས་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། རབ་མང་མངའ་འབངས་ཚོགས་ཀུན་ལ། །དབང་བསྒྱུར་དགྲ་སྡེའི་དཔུང་རྣམས་འཇོམས། །དྲེགས་ལྡན་ཀུན་གྱི་གཙུག་རྒྱན་དུ། །གྱུར་འདིས་ས་སྐྱོང་ཁྱོད་ལ་ཅི། །ཞེས་པ་ལྟ་བུའོ། །༈ སུམ་ཅུ་པ་ངེས་བསྟན་ལ་གཉིས་ལས། དང་པོ་མཆོག་གི་ངེས་བསྟན་ནི། རབ་དྭངས་གསལ་བའི་མེ་ལོང་ངོས། །གཟུགས་བརྙན་ཅིག་ཅར་འཆར་བ་འདིས། །ཇི་སྙེད་ཤེས་བྱ་མ་ལུས་པ། །ཅིག་ཅར་ཀུན་མཁྱེན་ཡུལ་གྱུར་སྟོན། །ཞེས་པ་ལྟ་བུ། གཉིས་པ་མཆོག་མིན་གྱི་ངེས་བསྟན་ནི། རྟ་བདུན་ཅན་དེ་ཤར་བའི་ཚེ། །མེ་འཁྱེར་རྒྱུ་སྐར་འོད་ཉམས་པས། །མཁས་དབང་འཇིག་རྟེན་བྱོན་པ་ན། །མི་མཁས་བླུན་ཆོས་འཇོམས་པར་ཤེས། །ཞེས་པ་ལྟ་བུའོ། །༈ སོ་གཅིག་པ་ལྷན་ཅིག་བརྗོད་པ་ལ་གསུམ་ལས། དང་པོ་ཡོན་ཏན་ལྷན་ཅིག་བརྗོད་པ་ནི། །འཇམ་དབྱངས་ཕྱག་མཚན་རལ་གྲི་དང་། །ལྷན་ཅིག་ཁོ་བོའི་ཤེས་རབ་རྣོ། །དབྱངས་ཅན་ཕྱག་གི་རྒྱུད་མང་དང་། །ལྷན་ཅིག་ཁོ་བོའི་གྲགས་སྙན་རྒྱས། །ཞེས་པ་ལྟ་བུ། གཉིས་པ་བྱ་བ་ཐ་དད་པའི་ལྷན་ཅིག་བརྗོད་པ་ནི། སྨིན་ལེགས་དཀར་བའི་བཞིན་རས་ཀྱིས། འདོད་ལྡན་སྲེད་པ་རྒྱས་པ་དང་། །ལྷན་ཅིག་ཁོ་བོའི་འཕྲིན་ལས་ཀྱང་། །དབྱངས་ཅན་ལྷ་མོའི་དྲིན་ལས་རྒྱས། །ཞེས་པ་ལྟ་བུ། གསུམ་པ་བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པ་ནི། །བརྟན་པའི་འཁོར་ལོའི་མཁྱེན་པ་དང་། སྤྱན་རས་གཟིགས་དབང་ཐུགས་རྗེ་བྱིན། །གསང་བདག་མཐུ་དང་ནུས་རྣམས་ཀྱིས། །ལྷན་ཅིག་ཡིད་ལ་དགའ་བ་སྟེར། །ཞེས་པ་ལྟ་བུའོ། །༈ སོ་གཉིས་པ་ཡོངས་བརྗེས་ཀྱི་རྒྱན་ནི། རིགས་པའི་དབང་ཕྱུག་བསྟན་དར་བའི། །ལེགས་བཤད་དཔེ་འཛིན་སྦྱངས་སྐྱོར་མཐུས། །བདག་བློའི་རྨོངས་པའི་ཡིད་འཕྲོག་ནས། །གཞུང་དོན་རྟོགས་པའི་བློ་གྲོས་རྒྱས། །ཞེས་པ་ལྟ་བུའོ། །༈ སོ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་ནི། ཡབ་གཅིག་ཟུར་ཕུད་ལྔ་ལྡན་དང་། །རྒྱལ་ཡུམ་ཚངས་སྲས་ལྷ་མོ་ཡིས། །འཆད་རྩོད་རྩོམ་པའི་ཚུལ་རྣམས་ལ། །རྣམ་དཔྱོད་རྒྱས་པའི་ཤིས་པ་སྩོལ། །ཞེས་པ་ལྟ་བུའོ། །༈ སོ་བཞི་པ་རབ་སྦེལ་གྱི་རྒྱན་ནི། མཚན་དཔེའི་དཔལ་གྱིས་མཛེས་པའི་སྐུ། །ཚངས་པའི་དབྱངས་ལྟར་སྙན་པའི་གསུང་། །ཟབ་ཡངས་རྒྱ་མཚོའི་ཐུགས་མངའ་བ། །ཐུབ་དབང་གོའུ་ཏམ་ལས་གཞན་སུ། །ཞེས་པ་ལྟ་བུའོ། །༈ སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་ནི། མེ་ལོང་ལྟ་བུའི་མེ་ལོང་མའི། །དགོངས་པ་འགྲེལ་པའི་དགོངས་གསལ་འདི། །གཞན་ཕན་ཆེད་དུ་གཞན་འདོད་ལྟར། །རང་གིས་ཤེས་ཙམ་རང་གིས་བྲིས། །ཞེས་པ་ལྟ་བུའོ། །དེ་ལྟར་དཔེར་བརྗོད་བགྱིས་པ་རྣམས་ནི་རྩ་བ་ནས་འབྱུང་བའི་གོ་རིམ་ལྟར་ཡིན་ཡང་། །དབྱེ་བ་དང་ས་བཅད་རེ་གཉིས་ལ་དབྱེ་བསྡུ་བྱས་ཤིང་། དཔེ་བརྗོད་རྣམས་འགྲེལ་པ་ནས་འབྱུང་བ་དང་བསྟུན་ནས་ཚིག་སྦྱོར་རང་བློར་གང་ཤར་གྱི་ཚུལ་དུ་གོ་བདེར་བཀོད་དེ། སྐབས་འདིར་རྩ་འགྲེལ་གཉིས་ལས་རང་བཞིན་གྱི་རྒྱན་ལྟ་བུ་མ་གཏོགས་རྒྱན་ཕལ་ཆེར་ལ་འཁྱོག་པོའི་རྒྱན་གྱི་ཐ་སྙད་མཛད་དེ། རབ་རྟོག་གི་རྒྱན་དང་བསྙོན་དོར་ལྟ་བུ་ནི་འཁྱོག་པོའི་རྒྱན་དངོས་སོ། །སྤྱིར་སྔོན་གྱི་སློབ་དཔོན་བྷ་ར་ཏ་དང་། རཱ་མ་ཡ་ན་དང་། གཞོན་ནུ་འབྱུང་བ་དང་། རཱ་མ་ཤ རྨ་སོགས་ཀྱིས་མཛད་པའི་སྙན་དངགས་ཀྱི་བསྟན་བ ཅོས་ཆེ་བ་དུ་མ་ཡོད་ཅིང་། སློབ་དཔོན་དཎྜིས་དེ་དག་ལས་བཏུས་ནས་བསྡུས་ཏེ་མེ་ལོང་མ་མཛད་དོ།། །།

སྒྲ་རྒྱན་གྱི་རྣམ་གཞག

གཉིས་པ་སྒྲ་རྒྱན་གྱི་རྣམ་གཞག

ན་མོ་སྭ་ར་སྭ་སྟྱཻ། གཉིས་པ་སྒྲ་རྒྱན་གྱི་རྣམ་གཞག་ལ་གསུམ། ཟུང་ལྡན་གྱི་རྣམ་གཞག །བྱ་དཀའ་བའི་ཁྱད་པར་གཞན། དབྱངས་གསལ་ངེས་པའི་བྱ་དཀའ་བཤད་པའོ། །དང་པོ་ལ་དྲུག །བྱ་སླ་བ་རྐང་པའི་དང་པོ་ན་ཡོད་པའི་ཟུང་ལྡན། བྱ་དཀའ་བ་གནས་གཞན་ན་ཡོད་པའི་ཟུང་ལྡན། མཐའ་ཐོག་སྦྱར་བའི་ཟུང་ལྡན། ཀུན་དུ་ཟུང་ལྡན། བསྲེས་པའི་ཟུང་ལྡན། བཟློག་པའི་ཟུང་ལྡན་ནོ། །དང་པོ་ལ་གསུམ། བར་དུ་མ་ཆོད་པ། བར་དུ་ཆོད་པ། ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནོ། །དང་པོ་ལ་བཅོ་ལྔ་སྟེ། རྐང་དང་པོའི་ཐོག་མ་ན་ཡོད་པ། གཉིས་པ་དང་། གསུམ་པ་དང་། བཞི་པའི་ཐོག་མ་ན་ཡོད་པ་དང་། དང་པོ་གཉིས་ཀྱི་ཐོག་མ་ན་ཡོད་པ། དང་པོ་དང་གསུམ་པའི་ཐོག་མ་ན་ཡོད་པ། དང་པོ་དང་བཞི་པའི་ཐོག་མ་ན་ཡོད་པ། གཉིས་པ་དང་གསུམ་པའི་ཐོག་མ་ན་ཡོད་པ། གཉིས་པ་དང་བཞི་པའི་ཐོག་མ་ན་ཡོད་པ། གསུམ་པ་དང་བཞི་པའི་ཐོག་མ་ན་ཡོད་པ། དང་པོ་གསུམ་གྱི་ཐོག་མ་ན་ཡོད་པ། སྔ་མ་གཉིས་དང་བཞི་པའི་ཐོག་མ་ན་ཡོད་པ། ཕྱི་མ་གཉིས་དང་དང་པོའི་ཐོག་མ་ན་ཡོད་པ། ཕྱི་མ་གསུམ་གྱི་ཐོག་མ་ན་ཡོད་པ། བཞི་ཀའི་ཐོག་མ་ན་ཡོད་པའི་ཟུང་ལྡན་ནོ། །འདི་དག་ཐམས་ཅད་བཀོད་ན་མང་དུ་དོགས་པས་མཚོན་ཙམ་ལ་དང་པོའི་ཐོག་མ་ན་ཡོད་པ་ནི། འཛུམ་འཛུམ་ཞལ་གྱི་སྒོ་ཁྱིམ་ལས། །བགྲང་ཡས་སྤྲོས་པའི་འོད་ཟེར་གྱིས། །ཉི་འོད་ཟིལ་མནན་འདོད་གཟུགས་ལྷའི། །མངོན་རློམ་འཇོམས་མཛད་ཤཱཀྱའི་རྒྱལ། །ཞེས་དང་། དང་པོ་དང་གཉིས་པའི་ཐོག་མ་ན་ཡོད་པ་ནི། །གསལ་གསལ་ཟླ་བའི་དཀྱིལ་འཁོར་སྟེང་། །སྙན་སྙན་རྒྱུད་མང་སྦྲེང་མཛད་ཅིང་། །འཇོ་སྒེག་ཉམས་ཀྱིས་རོལ་པ་ཅན། །ཚངས་སྲས་ལྷ་མོ་རྒྱལ་བའི་ཡུམ། །ཞེས་དང་། དང་པོ་གསུམ་གྱི་ཐོག་མ་ན་ཡོད་པ་ནི། བཟང་བཟང་རྒྱལ་བ་སྲས་བཅས་ཀྱིས། །ཡང་ཡང་མགྲིན་གཅིག་རབ་བསྔགས་པ། །མང་མང་རྒྱལ་ཀུན་མཁྱེན་པའི་གཏེར། །རྗེ་བཙུན་བརྟན་པའི་འཁོར་ལོར་འདུད། །ཅེས་དང་། བཞི་ཀའི་ཐོག་མར་ཡོད་པ་ནི། ཟབ་ཟབ་ལུང་རིགས་བརྒྱ་ཕྲག་གིས། །བླུན་བླུན་གཞན་གྱི་གྲུབ་པའི་མཐའ། །ངེས་ངེས་ཚར་གཅོད་ཆོས་ཀྱི་རྗེ། །མཁས་མཁས་རྒྱལ་བ་གཉིས་པར་གྲགས། །ཞེས་དང་། ཐོག་མཐའ་གཉིས་ན་ཡོད་པ་ནི། བཟང་བཟང་ཐུབ་པའི་མདོ་སྔགས་བསྟན། །རྒྱལ་བའི་དགོངས་པ་ཇི་བཞིན་དུ། །ས་གསུམ་འགྲོ་ན་ཉི་མ་ལྟར། །ལྷང་ལྷང་གསལ་མཛད་ཀླུ་སྒྲུབ་ཞབས། །ཞེས་དང་། བར་པ་གཉིས་ཀྱི་ཐོག་མ་ན་ཡོད་པ་ནི། བྱ་དཀའི་སྤྱོད་པས་བཅུ་གཉིས་ལོར། །དུང་དུང་དད་ཤུགས་དྲག་པོ་ཡིས། །མང་མང་འགྲོ་མགོན་བྱམས་པ་ཉིད། །བསྒྲུབས་པས་ཞལ་གཟིགས་ཐོགས་མེད་བསྔགས། །ཞེས་པ་ལྟ་བུའོ། །༈ གཉིས་པ་ཆོད་པའི་ཟུང་ལྡན་ལ་བཅུ་གསུམ་སྟེ། དང་པོ་གཉིས་ཀྱི་ཐོག་མ་ན་ཡོད་པ། དང་པོ་དང་གསུམ་པའི་ཐོག་མ་ན་ཡོད་པ། དང་པོ་དང་བཞི་བའི་ཐོག་མ་ན་ཡོད་པ། གཉིས་པ་དང་གསུམ་པའི་ཐོག་མ་ན་ཡོད་པ། གཉིས་པ་དང་བཞི་པའི་ཐོག་མ་ན་ཡོད་པ། ཕྱི་མ་གཉིས་ཀྱི་ཐོག་མ་ན་ཡོད་པ། སྔ་མ་གསུམ་གྱི་ཐོག་མ་ན་ཡོད་པ། དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མ་ན་ཡོད་པ། ཕྱི་མ་གསུམ་གྱི་ཐོག་མ་ན་ཡོད་པ། བཞི་ཀའི་ཐོག་མ་ན་ཡོད་པ། བཞི་ཀ་ལ་ཡོད་ཀྱང་ཕྱེད་སྔ་ཕྱི་མི་གཅིག་པ། མི་མཉམ་གཉིས་དང་མཉམ་པ་གཉིས་འདྲ་བའི་ཐོག་མ་ན་ཡོད་པ། ཐོག་མཐའ་གཉིས་དང་བར་པ་གཉིས་འདྲ་བའི་ཐོག་མ་ན་ཡོད་པའོ། །འདི་དག་ལས་མཚོན་བྱེད་ཙམ་ལ་དང་པོ་གཉིས་ཀྱི་ཐོག་མ་ན་ཡོད་པ་ནི། ཀུན་མཁྱེན་རྒྱལ་བའི་བསྟན་འདི་ལ། །ཀུན་མཁྱེན་གཉིས་པར་རབ་གྲགས་ཤིང་། །འཕགས་ཡུལ་པཎ་ཆེན་ཀུན་གྱི་རྗེ། །རྒྱལ་སྲས་མཁས་པ་དབྱིག་གི་གཉེན། །ཞེས་དང་། དང་མཐའ་གཉིས་ཀྱི་ཐོག་མ་ན་ཡོད་པ་ནི། མཁས་མིན་མུ་སྟེགས་གྲུབ་པའི་མཐའ། །དངོས་སྟོབས་རིགས་པའི་རལ་གྲི་ཡིས། །ཚར་བཅད་ཐར་ལམ་གསལ་མཛད་མཁན། །མཁས་མཆོག་ཨཱརྱ་དེ་བའི་ཞབས། །ཞེས་དང་། བར་པ་གཉིས་ཀྱི་ཐོག་མ་ན་ཡོད་པ་ནི། མཁྱེན་པའི་གཏེར་གྱིས་རྗེས་བཟུང་ཞིང་། །ཟབ་བརླིང་རིགས་པའི་གཞུང་གི་སྲོལ། །ཟབ་གསལ་དག་པའི་བློ་གྲོས་ཀྱིས། །འབྱེད་མཛད་མཁས་དབང་ཕྱོགས་ཀྱི་གླང་། །ཞེས་དང་། །བཞི་ཀའི་ཐོག་མ་ན་ཡོད་པ་ནི། །རབ་འབར་རིགས་ཚུལ་བརྒྱ་ཕྲག་གིས། །རབ་མང་མུ་སྟེགས་གྲུབ་མཐའི་མུན། །རབ་བཅོམ་རྣམ་དག་རྒྱལ་བའི་བསྟན། །རབ་དཀར་གསལ་མཛད་ཆོས་ཀྱི་གྲགས། །ཞེས་དང་། བཞི་ཀའི་ཐོག་མ་ན་ཡོད་ཀྱང་ཕྱེད་སྔ་ཕྱིར་མི་མཉམ་པ་ནི། །རྒྱལ་བས་གསུངས་པའི་འདུལ་བའི་དོན། །རྒྱལ་བའི་དགོངས་པ་བཞིན་རྟོགས་ནས། །སྟོན་ལ་མཁས་པའི་ཕུལ་བྱུང་བ། །སྟོན་པ་གཉིས་པ་ཡོད་ཏན་འོད། །ཅེས་དང་། ཡང་མི་མཉམ་པ་གཉིས་དང་མཉམ་པ་གཉིས་འདྲ་བ་ནི། །འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པས། །ཀླུ་སྒྲུབ་དགོངས་དོན་ཐུགས་ཆུད་ཚེ། །འཇམ་དཔལ་ཉིད་ཀྱི་ཐུགས་རྗེ་ལས། །ཀླུ་སྒྲུབ་ལུགས་གསལ་ཟླ་བ་གྲགས། །ཞེས་པ་ལྟ་བུའོ། །༈ གསུམ་པ་ཆོད་ཅིང་མ་ཆོད་པ་ལ་གསུམ་སྟེ། དང་པོ་ཕྱེད་སྔ་མ་གཉིས་འདྲ་ཞིང་ཕྱི་མ་གཉིས་འདྲ་བ་ནི། གསལ་གསལ་ཉིན་བྱེད་ཤར་བ་ན། །གསལ་གསལ་གཟུགས་ཀྱི་བཀོད་པ་མཐོང་། །ཆིལ་ཆིལ་ཆར་པ་འབབ་པའི་ཚེ། །ཆིལ་ཆིལ་རྒྱ་མཚོ་རླབས་ཕྲེང་གཡོ། །ཞེས་དང་། གཉིས་པ་ཐོག་མཐའ་གཉིས་འདྲ་བ་ནི། །སིལ་སིལ་གདུབ་བུའི་སྒྲ་འཁྲོལ་བཞིན། སྙན་སྙན་རྒྱུད་མང་སྦྲེང་བ་ན། །སྙན་སྙན་གླུ་དབྱངས་ལེན་པ་དང་། །སིལ་སིལ་འོག་པག་སྒྲ་ཡང་འཁྲོལ། །ཞེས་དང་། གསུམ་པ་བཞི་ཀ་འདྲ་བ་ནི། དཀར་དཀར་ཟླ་བའི་གདན་སྟེང་ན། །དཀར་དཀར་དུང་ལྟར་མཛེས་པའི་སྐུ། །དཀར་དཀར་ཞལ་དཀྱིལ་རྒྱས་པ་དང་། །དཀར་དཀར་ཚེམས་ཀྱི་འཕྲེང་བས་མཛེས། །ཞེས་པ་ལྟ་བུའོ། །༈ གཉིས་པ་བྱ་དཀའ་གནས་གཞན་ན་ཡོད་པའི་ཟུང་ལྡན་ལ་དྲུག་སྟེ། རྐང་པ་བཞི་ཀའི་དབུས་ན་ཡོད་པ། མཐའ་ན་ཡོད་པ། བར་མཐའ་གཉིས་ན་ཡོད་པ། ཐོག་བར་གཉིས་ན་ཡོད་པ། ཐོག་མཐའ་གཉིས་ན་ཡོད་པ། གནས་གསུམ་ན་ཡོད་པའི་དང་པོ་ལ་གཉིས་ལས། དང་པོ་ཆོད་ཅིང་མ་ཆོད་པ་ནི། འདུལ་བའི་གཞུང་ལ་མཁས་ཚེ་མཁས་ཞེས་གྲགས། །མངོན་པའི་ཆོས་ལ་མཁས་ཚེ་མཁས་པར་གྱུར། །མདོ་སྡེའི་དོན་ལ་མཁས་ཚེ་མཁས་པའི་དབང་། །མདོ་སྔགས་ཀུན་ལ་མཁས་ཚེ་མཁས་རྩེར་སོན། །ཞེས་དང་། གཉིས་པ་ཆོད་པ་ནི། སྨོན་ལམ་ཕུལ་བྱུང་རྣམ་དག་གིས་བསྐྲུན་ཞིང་མཆོག་ཕུལ་བྱུང་བདེ་ལྡན་དུ། །རྣམ་དཀར་ཕུལ་བྱུང་ཚོགས་གཉིས་ལས་འཁྲུངས་སྟོན་པ་ཕུལ་བྱུང་འོད་དཔག་མེད། །རྒྱལ་སྲས་ཕུལ་བྱུང་སྤྱན་རས་གཟིགས་སོགས་འཁོར་ཚོགས་ཕུལ་བྱུང་གིས་བསྐོར་ནས། །དམ་ཆོས་ཕུལ་བྱུང་ཐེག་ཆེན་ལམ་སྟོན་གོ་འཕང་ཕུལ་བྱུང་མཆོག་ལ་འགོད། །ཅེས་དང་། གཉིས་པ་མཐའ་ན་ཡོད་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། རྒྱལ་བས་ལྷ་ནང་བརྒྱ་བྱིན་ལྟ་བུར་སྟོན། །ལྷ་མིན་གནས་སུ་སྒྲ་གཅན་རྣམ་པ་སྟོན། །མི་ཡི་ཡུལ་དུ་འཁོར་སྒྱུར་སོགས་སུ་སྟོན། །གང་ལ་གང་འདུལ་དེ་ཡི་གཟུགས་སུ་སྟོན། །ཞེས་དང་། གཉིས་པ་ཆོད་ཅིང་མ་ཆོད་པ་ནི། དབྱངས་ཅན་མཛེས་སྐུ་དཀར་གསལ་གསལ། །རིན་ཆེན་རྒྱན་མང་འོད་འཁྱུག་འཁྱུག །ཞལ་གྱི་པདྨོ་འཛུམ་མུལ་མུལ། །ཨུཏྤལ་སྤྱན་ཟུར་གཡོ་ཧྲིག་ཧྲིག །ཅེས་དང་། གསུམ་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། གསལ་བྱེད་ཟླ་བས་ཨུཏྤལ་རྒྱས་པར་བྱེད། །མཛེས་བྱེད་གོས་ཀྱི་སྐྱེས་བུའི་གཟུགས་མཛེས་བྱེད། །ཕན་བྱེད་ཆོས་ཀྱི་སྡུག་བསྔལ་ལས་གྲོལ་བྱེད། །དག་བྱེད་ཆུ་ཡིས་དྲི་མ་སེལ་པར་བྱེད། །ཅེས་དང་། གཉིས་པ་ཆོད་ཅིང་མ་ཆོད་པ་ནི། འཇིགས་འཇིགས་རྒ་དང་ན་བས་ཟིན་ཅིང་འཇིགས་འཇིགས་འཆི་བའི་དུས་བྱུང་ཚེ། །འཇིགས་འཇིགས་བར་དོའི་སྣང་བ་ཤར་དུས་འཇིགས་འཇིགས་འབྱུང་བའི་དགྲ་བཞི་དང་། །འཇིགས་འཇིགས་སྣང་བ་རྣམ་པ་གསུམ་སོགས་འཇིགས་འཇིགས་འཁྲུལ་སྣང་སྣ་ཚོགས་བཅས། །འཇིགས་འཇིགས་གཤིན་རྗེས་ཆོ་འཕྲུལ་བསྟན་ལ་འཇིགས་འཇིགས་བྲོས་ཀྱང་ཐར་བ་དཀའ། །ཞེས་དང་། བཞི་པ་ལ་གཉིས་ལས། དང་པོ་ཆོད་པ་ཙམ་ནི། ངག་ལ་དབང་བསྒྱུར་ངག་ཀུན་སྨྲ་བའི་རྒྱན། །ངག་གི་འདོད་འཇོ་ངག་ཚིག་དོན་གཉེར་ལ། །ངག་དབང་ལྷ་མོས་ངག་གི་དངོས་སྩལ་ནས། །ངག་གི་དབང་ཕྱུག་ངག་བཞིན་འགྲུབ་པར་མཛོད། །ཅེས་དང་། གཉིས་པ་ཐོག་མཐའ་གཉིས་ན་ཡོད་པ་མི་མཉམ་པའི་ཆོད་པ་ནི། །མཛེས་མཛེས་བཞིན་རས་སོ་ཕྲེང་དཀར་མཛེས་མཛེས། །མཛེས་མཛེས་ལང་ཚོའི་དཔལ་འཆང་མཛེས་མཛེས་ལྡན། །མཛེས་མཛེས་སྤྱོད་ཚུལ་མིག་ཟུང་གཡོ་མཛེས་མཛེས། །མཛེས་མཛེས་འཇོ་སྒེག་དལ་འགྲོས་མཛེས་མཛེས་བྱེད། །ཅེས་དང་། ལྔ་པ་ལ་གཉིས་ལས་དང་པོ་ཆོད་པ་ནི། དཀར་འཁྱིལ་ཟླ་བའི་དཀྱིལ་འཁོར་དཀར། །དཀར་གསལ་དུང་གི་མདོག་ཀྱང་དཀར། །དཀར་མཛེས་མེ་ཏོག་ཀུནྡ་དཀར། །དཀར་མཐོ་གངས་རིའི་མདོག་ཉིད་དཀར། །ཞེས་དང་། གཉིས་པ་ཆོད་ཅིང་མ་ཆོད་པ་ནི། ལྡེམ་ལྡེམ་དཔག་བསམ་ཤིང་ལྡེམ་ལྡེམ། །ལྡེམ་ལྡེམ་ལྕགས་ཕྲན་ལྗོན་ལྡེམ་ལྡེམ། །ལྡེམ་ལྡེམ་དབྱངས་ཅན་སྐུ་ལྡེམ་ལྡེམ། །ལྡེམ་ལྡེམ་རལ་པའི་ཅོག་ལྡེམ་ལྡེམ། །ཞེས་དང་། དྲུག་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། བློ་ལྡན་རྒྱལ་རྣམས་བློ་གྲོས་མཐའ་ཡས་བློ། །བློ་གསལ་འཇམ་དབྱངས་བློ་གྲོས་ཐོགས་མེད་བློ། །བློ་གྲོས་ཟླ་མེད་བློ་བཟང་རྒྱ་མཚོའི་བློ། །བློ་རྨོངས་དབང་རྟུལ་བློ་ཆུང་བྱིས་པའི་བློ། །ཞེས་དང་། གཉིས་པ་ཆོད་ལ་མ་ཆོད་པ་ནི། དཀར་དཀར་གངས་ཀྱི་རི་དབང་ཇི་བཞིན་དཀར་དཀར་དབྱངས་ཅན་སྐུ་དཀར་དཀར། །དཀར་དཀར་ཟླ་བ་ཉ་བའི་མདོག་ལྟར་དཀར་དཀར་སྤྱན་རས་གཟིགས་དཀར་དཀར། །དཀར་དཀར་ཀུནྡའི་རྩ་བ་ཇི་བཞིན་དཀར་དཀར་རྣམ་རྒྱལ་མ་དཀར་དཀར། །དཀར་དཀར་འོ་མའི་རྒྱ་མཚོའི་འཁྱིལ་ལྟར་དཀར་དཀར་ཚེ་སྦྱིན་སྒྲོལ་དཀར་དཀར། །ཞེས་པ་ལྟ་བུའོ། །༈ གསུམ་པ་མཐའ་ཐོག་སྦྱར་བའི་ཟུང་ལྡན་ནི། དུས་གསུམ་རྒྱལ་བ་མ་ལུས་བསྐྱེད་མཛད་ཡུམ། །ཡུམ་མཆོག་རྗེ་བཙུན་གཙུག་ཏོར་རྣམ་རྒྱལ་མ། །མ་གཅིག་ཁྱོད་ལ་བདག་གིས་གསོལ་བཏབ་ཚེ། །ཚེ་དང་ཡེ་ཤེས་དཔག་ཡས་དངོས་གྲུབ་སྩོལ། །ཞེས་པ་ལྟ་བུའོ། །༈ བཞི་པ་ཀུན་དུ་ཟུང་ལྡན་ལ་གསུམ། རྐང་པ་བཟླས་པ། ཚིག་བཅད་བཟླས་པ། ཟུང་ལྡན་ཆེན་པོའོ། །དང་པོ་ལ་གསུམ། དང་པོ་དང་གསུམ་པ་བཟླས་པ། ཕྱེད་ཕྱེད་བཟླས་པ། དང་པོ་བཞི་པ་དང་གཉིས་པ་གསུམ་པ་དང་བཟླས་པའོ། །འདི་དག་ཉེ་མཁོ་ཆུང་བས་མཚོན་བྱེད་ཙམ་ལ་དང་པོ་ནི། ཐེག་ཆེན་ཤིང་རྟའི་སྲོལ་འབྱེད་མཁན། །འཛམ་གླིང་མཁས་པའི་དབུས་ན་གྲགས། །ཐེག་ཆེན་ཤིང་རྟའི་སྲོལ་འབྱེད་མཁན། །འཛམ་གླིང་མཁས་པའི་དབུས་ན་གྲགས། །ཞེས་པ་ལྟ་བུ་སྟེ་ཀླུ་སྒྲུབ་དང་ཐོགས་མེད་དང་སྦྱོར། །དེ་བཞིན་དུ་གཞན་གཉིས་ལའང་རིགས་འགྲེའོ། །གཉིས་པ་གཞན་རྐང་པ་བཟླས་པ་ལ་གསུམ། ལན་གཅིག་དང་གསུམ་དང་བཞི་བཟླས་པའོ། །དང་པོ་ལ་དྲུག་ཡོད་ཀྱང་མཚོན་བྱེད་དང་པོ་གཉིས་བཟླས་པ་ཙམ་ནི། གནས་ལྔ་རིག་པའི་མཁས་དབང་མཆོག །གནས་ལྔ་རིག་པའི་མཁས་དབང་མཆོག །དབྱངས་ཅན་བཞད་པའི་རྗོ་རྗེ་ཡི། །སྙན་ཚིག་ལ་ནི་སུ་ཞིག་འགྲན། །ཞེས་པ་ལྟ་བུ་སྟེ་གཞན་རྣམས་ལའང་སྦྱོར། གཉིས་པ་ལན་གསུམ་བཟླས་པ་ལ་གསུམ་སྟེ་དང་པོ་གསུམ་བཟླས་པ་ཙམ་ནི། མཛེས་ཤིང་ཡིད་ལ་དགའ་བ་སྐྱེད། །མཛེས་ཤིང་ཡིད་ལ་དགའ་བ་སྐྱེད། །མཛེས་ཤིང་ཡིད་ལ་དགའ་བ་སྐྱེད། །དབྱངས་ཅན་ཟླ་བ་དུང་མདོག་དཀར། །ཞེས་པ་ལྟ་བུ་སྟེ་གཞན་གསུམ་ལའང་མཚོན་ནོ། གསུམ་པ་ལ་ལན་བཞི་བཟླས་པ་ནི། འོད་ཀྱིས་རྣམ་པར་གསལ་བར་བྱེད། །ཅེས་པ་ལན་བཞི་བཟླས་ཏེ་ཉི་མ་ཟླ་བ་རྒྱུ་སྐར་སྒྲོན་མེ་བཞི་དང་སྦྱར་བ་ལྟ་བུའོ། །༈ གཉིས་པ་ཚིགས་བཅད་བཟླས་པ་ནི། རབ་དཀར་མཛེས་པའི་ཆ་རྫོགས་ཤིང་། །ལྟ་ན་སྡུག་ཅིང་མཐོང་བས་ཀྱང་། །ཡིད་ལ་དགའ་བའི་དཔལ་སྟེར་བ། །གང་དེ་འཇིག་རྟེན་འདི་ན་གྲགས། །ཞེས་དབྱངས་ཅན་མ་དང་སྦྱར་ནས་སླར་ཡང་རབ་དཀར་མཛེས་པའི་ཆ་རྫོགས་ཤིང་། ཞེས་སོགས་ཟླ་བ་དང་སྦྱར་ནས་བརྗོད་པ་ལྟ་བུའོ། །༈ གསུམ་པ་ཟུང་ལྡན་ཆེན་པོ་ནི། དྲི་མེད་རབ་གསལ་དྲི་མེད་གསལ། །ཞེས་པ་ལན་བཞི་བཟླས་ནས་རྐང་པ་དང་པོ་རྒྱལ་བའི་ཐུགས་དང་དབྱངས་ཅན་མའི་སྐུ་དང་སྦྱར་ཞིང་། གཉིས་པ་ནམ་མཁའ་དང་དྭངས་པའི་མཚོ། གསུམ་པ་ཟླ་བ་དང་ཤེལ། བཞི་པ་སྤྱན་རས་གཟིགས་དང་མེ་ལོང་སྦྱར་བ་ལྟ་བུའོ། །ལྔ་པ་བསྲེས་པའི་ཟུང་ལྡན་ནི། འཛད་པ་མཆོག་གིས་མཆོག་དམན་འགྲོ་དོན་མཛད། །མཛད་པ་སྟོན་མཁས་མཁས་པའི་ཕུལ་བྱུང་ཡང་། །ཡང་ཡང་ཐོས་བསམ་ཚུལ་ལ་བརྩོན་བྱས་ཚེ། །ཚེ་འདིར་མཁས་པའི་ཕ་མཐར་ཕྱིན་པར་འགྱུར། །ཞེས་པ་ལྟ་བུའོ། །༈ དྲུག་པ་ལྡོག་པའི་ཟུང་ལྡན་ལ་གསུམ་སྟེ། རྐང་པ་ཕྱེད་ལྡོག་པ། ཚིགས་བཅད་ཕྱེད་ལྡོག་པ། ཚིགས་བཅད་ལྡོག་པའོ། །དང་པོ་ལ་རྐང་པ་ཕྱེད་ལྡོག་པ་དང་རྐང་པ་ལྡོག་པ་གཉིས་ལས། དང་པོ་ནི། བློ་བཟང་གྲགས་པ་གྲགས་བཟང་བློ། །ངེས་པར་མཁྱེན་ལྡན་མཁྱེན་པར་ངེས། །མཁས་མཆོག་འདྲེན་པ་འདྲེན་མཆོག་མཁས། །གྲུབ་བཟང་མཛད་པས་མཛད་བཟང་གྲུབ། །ཅེས་པ་ལྟ་བུའོ། །གཉིས་པ་ནི། དཀར་མོ་ལྷ་མཆོག་ལྷ་ཡི་ལྷ། །ལྷ་ཡི་ལྷ་མཆོག་ལྷ་མོ་དཀར། །དད་ཚེ་མཐོང་བས་དགེ་ལེགས་ཐོབ། །ཐོབ་ལེགས་དགེ་བས་མཐོང་ཚེ་དད། །ཅེས་པ་ལྟ་བུའོ། །གཉིས་པ་ཚིགས་བཅས་ཕྱེད་ལྡོག་པ་ནི། དཀར་གསལ་མདངས་ལྡན་བཞིན་བཟང་གཟུགས། །གདོང་པའི་མཛེས་ཆགས་འདོད་པའི་གནས། །གནས་པའི་འདོད་ཆགས་མཛེས་པའི་གདོང་། །གཟུགས་བཟང་བཞིན་ལྡན་མདངས་གསལ་དཀར། །ཞེས་པ་ལྟ་བུའོ། །གསུམ་པ་ཚིགས་བཅད་ལྡོག་པ་ནི། །རྒྱས་ཞིང་དར་བ་བཟང་ལེགས་ཆོས། །བདེ་དང་ཕན་པས་ལེགས་པ་འབྱུང་། །དགེ་ཞིང་བདེ་ལྡན་བཟང་སྤྱོད་བྱ། །ཐོབ་ཕྱིར་བརྩོན་པས་འཇུག་ཅིང་འབད། །འབད་ཅིང་འཇུག་པས་བརྩོན་ཕྱིར་ཐོབ། །བྱ་སྤྱོད་བཟང་ལྡན་བདེ་ཞིང་དགེ །འབྱུང་བ་ལེགས་པས་བདེ་དང་ཕན། །ཆོས་ལེགས་བཟང་བ་དར་ཞིང་རྒྱས། །ཞེས་པ་ལྟ་བུའོ། །༈ གཉིས་པ་བྱ་དཀའ་བའི་ཁྱད་པར་གཞན་ལ་གཉིས། བ་ལང་གཅིན་དང་། འཁོར་བའི་བྱ་དཀའ་བའོ། དང་པོ་ནི། ཡི་གེ་རྣམས་རེ་རེ་བར་དུ་ཆོད་ཅིང་སྟེང་མ་དཀྱུས་སུ་བཀླགས་པ་དང་། འོག་མ་འཕར་ཏེ་བཀླགས་པ་གཉིས་གཟུགས་གཅིག་པ་ཞིག་ཡིན་ལ། གཉིས་པ་འཁོར་བའི་བྱ་དཀའ་ལ་ཕྱེད་འཁོར་དང་ཀུན་འཁོར་གཉིས་ལས། དང་པོ་ནི། ཚིགས་བཅད་གཅིག་གི་ཕྱེད་སྔ་མ་དང་པོ་དཀྱུས་དང་ཐུར་དུ་བཀླགས་པ་འདྲ་ཞིང་། ཕྱེད་ཕྱི་མ་དཀྱུས་དང་ཐུར་དུ་བཀླགས་པ་འདྲ་བ་ཞིག་གོ །གཉིས་པ་ཀུན་འཁོར་ལ་གཞུང་གིས་དངོས་སུ་བསྟན་པ་དང་། མ་བསྟན་པ་གཉིས་ཀྱི་དང་པོ་ནི། ཕྱེད་སྔ་མའི་དང་པོ་སྟེང་ནས་དཀྱུས་དང་ཐུར། འོག་ནས་གྱེན་དང་ཡར་ལྡོག་པ་ཞིག་སྟེ། ཀུན་བཟང་འཁོར་ལོ་ཞེས་གྲགས་སོ། །འདི་དང་སྔ་མ་གཉིས་བཅས་དགོས་པ་མི་ཆེ་བས་བཞག་གོ །༈ གཉིས་པ་ལ་བཻ་དརྦྷ་དང་། ཁ་ཆེའི་ལུགས་གཉིས་ཀྱི་དང་པོ་ལ་སྒོར་མོ་དང་། ཕྱི་མའི་ལུགས་ཀྱི་ཀུན་འཁོར་ནི་གྲུ་བཞིར་གཞུང་ལས་འབྱུང་བ་བཞིན་ཡིན་ཏེ། གཉིས་ཀ་ཉམས་ཚར་དུ། མཁས་པའི་དགོངས་པ་དང་མི་འགལ་བས་རང་བློས་གང་ཐོན་ཞིག་འཇུག་ཏུ་འགོད་པར་བྱའོ། གསུམ་པ་ལ་དབྱངས་དང་གནས་དང་ཡི་གེ་ངེས་པ་གསུམ་གྱི་དང་པོ། དབྱངས་ངེས་པའི་ཚུལ་བསྡུས་ཏེ་མཚོན་ཙམ་ནི། མཐའ་ཡས་སངས་རྒྱས་སྲས་བཅས་ལ། །ཉིན་བཞིན་འདི་ཕྱི་གཉིས་ཀྱི་ཕྱིར། ལུས་བཏུད་གུས་འདུད་དུས་ཀུན་དུ། །གཡེལ་མེད་བཤེས་གཉེན་ལེགས་བསྟེན་ཏེ། །མཆོད་དོ་བསྟོད་དོ་འདོད་དོན་སྩོལ། །ཞེས་པ་ལྟ་བུའོ། །གཉིས་པ་གནས་ངེས་པ་ལ་བཞི་ཡོད་ཅིང་། དེ་ནི་རྒྱ་གར་གྱི་ཡི་གེའི་དབང་དུ་བྱས་ནས་ཨ་ཨཱ་དང་ཀ་ཁ་ག་གྷ་ང་ལྟ་བུ་མགྲིན་པའི་གནས་ལས་སྐྱེས་པ་ལྟར་གཞན་རྣམས་ཀྱང་རང་རང་གི་སྐྱེ་གནས་གང་ཡིན་ལས་སྐྱེས་པར་མཚུངས་པའི་ཡི་གེ་རྣམས་བསྒྲིགས་པ་ཡིན་ལ། བོད་ཡིག་ལ་ནི་ཀ་ཁ་ག་ང་རྣམས་ཀྱང་མགྲིན་པའི་གནས་ལས་སྐྱེས་བར་འཇོག་པས། དེ་འདྲ་ཕྱོགས་གཅིག་བསྒྲིགས་པ་ལྟ་བུ་དང་། དེ་བཞིན་དུ་ཏ་ཐ་ད་ན་རྣམས་ནི་ལྕེ་རྩེ་དང་སོ་ལས་སྐྱེས་ལ། པ་ཕ་བ་མ་རྣམས་ནི་མཆུ་ལས་སྐྱེས་པ་ལྟ་བུ་སྟེ། དང་པོ་ནི། ད་ལྟ་འདི་ན་དད་ལྡན་མཐོང་། །ཞེས་དང་། ཕྱི་མ་ནི། ཕ་མ་མི་ཕམ་བུ་མོ་སྤངས། །ཞེས་པ་ལྟ་བུའོ། །གསུམ་པ་ཡི་གེ་ངེས་པ་ལ་ཡང་བཞི་སྟེ། མཚོན་ཙམ་ནི། ཀང་ཀང་ཀིང་ཀིང་ཀུང་ཀུང་ཀུང་། །ཏང་ཏང་ཏིང་ཏིང་ཏོག་ཏོག་ཏོག །ཤང་ཤང་ཤིབ་ཤིབ་ཤིང་ཤོག་ཤུབ། །རང་རང་རེ་རེ་རི་རུའི་རྭ། །ཞེས་པ་ལྟ་བུའོ། །གཞན་ལྷག་མ་གབ་ཚིག་གི་སྐོར་དང་། སྐྱོན་བཅུ་སྤོང་ཚུལ་སོགས་ནི་མང་དུ་དོགས་ནས་བཞག་གོ ། ༈ འཕྲོས་དོན་མེ་ལོང་མ་འདིའི་ལེའུ་དང་པོ་ནས་འབྱུང་བ་འགའ་ཞིག་ཞར་བྱུང་དུ་བརྗོད་ན། སྡེབ་སྦྱོར་གྱི་སྒོ་ནས་ཡི་གེ་བགྲང་བ་བྲྀཏྟ་དང་། ཕྱི་མོ་བགྲང་བ་ཛཱ་ཏི་ཞེས་པ་གཉིས་ཡོད་ཅིང་། དེ་ཡང་རྒྱ་སྐད་ཀྱི་དབང་དུ་མཛད་ལ། དམར་སེར་ཅན་དང་རྒྱལ་བའི་ལྷ་གཉིས་ཀྱིས་མཛད་པའི་སྡེབ་སྦྱོར་དང་། ཁྱད་པར་དུ་པཎ་ཆེན་ཤནྟི་པས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ནི་འཕགས་ཡུལ་དུ་གྲགས་ཆེ་ཞིང་། དེ་ནི་དབྱངས་གསལ་གྱི་ཡི་གེ་ལྕི་ཡང་བསྒྲིགས་པའི་སྒོ་ནས་སྦྱོར་ཞིང་ཡི་གེ་ལྕི་ཡང་རགས་རྩིས་སམ་དམིགས་བསལ་མ་གཏོགས་འཐུག་པོ་དང་རིང་ཆ་ཅན་དང་མཐའ་རྟེན་ཅན་དང་ཨཽ་ལྟ་བུ། སྲོག་ཞུགས་ལྟ་བུ་ནི་ལྕི་ལ། དེ་ལྟ་བུ་མིན་པའི་ཡི་གེ་རེ་རེ་བ་ནི་ཡང་བ་སྟེ། ལྕི་བ་ལ་རྟག་འཁྱོག་པོ་དང་ཡང་བ་ལ་དྲང་པོ་ཡོད་དོ། །བོད་ཡིག་ལ་དེ་ལྟ་བུའི་སྡེབ་སྦྱོར་བྱ་ཚུལ་ཇི་བཞིན་མེད་ཀྱང་མཚོན་བྱེད་ཙམ་ལ་འཕུལ་རྟེན་ཡོད་པའི་ཡི་གེ་རྣམས་ནི་ལྕི་ལ། དེ་མེད་པ་ཕལ་ཆེར་ནི་ཡང་བའོ། །འོན་ཀྱང་བོད་སྐད་ལ་དག་ཡིག་དང་སྙན་ངག་ནས་འབྱུང་བ་ལྟར་གྱི་སྡེབ་སྦྱོར་ནི་ཡོད་དེ། ཚིག་སྦྱོར་དེ་དག་ནས་འབྱུང་བ་དང་མཐུན་པར་སྦྱོར་བ་ནི་བོད་སྐད་ཀྱི་སྡེབ་སྦྱོར་བྱ་ཚུལ་ཡིན་པའི་ཕྱིར་རོ། །སྙན་ངག་ལ་རིགས་ཀྱི་སྒོ་ནས་གྲོལ་བ་དང་རིགས་དང་མཛོད་དང་འདུས་པ་སྡེ་བཞི་ཡོད་པའི་དང་པོ་ནི། ཤོ་ལོ་ཀ་གཅིག་གིས་བརྗོད་བྱའི་དོན་དེ་རྫོགས་པར་སྟོན་ནུས་པ་ཞིག་སྟེ། པད་དཀར་བསིལ་ཟེར་རྒྱས་པའི་སྟེང་། །ཚངས་སྲས་ལྷ་མོ་ཡིད་འཕྲོག་མ། །རྒྱུད་མང་སྒྲ་ལས་ངག་གི་དཔལ། །སྟེར་མཛད་རྒྱལ་བའི་ཡུམ་དེར་འདུད། །ཅེས་པ་ལྟ་བུ། རིགས་ནི། བསྔགས་བརྗོད་ཀྱི་ཡུལ་གཅིག་ལ་ཤོ་ལོ་ཀ་དུ་མ་ཡོད་ཅིང་བྱ་བའི་ཚིག་གཅིག་གིས་ཐམས་ཅད་གསལ་ནུས་པ་ཞིག་སྟེ། འགྲེལ་པ་ལྟར་ན། འཇམ་གཉེན་ཆུ་སྐྱེས་གཞོན་ནུ་ཡི། །བརྟན་པ་ཅི་ཡང་འཕྲོག་བྱེད་པའི། ཁྱོད་བཞིན་ཟླ་བ་གསར་པ་འདི། །གཞན་ཡིད་འགུགས་པའི་ལྕགས་ཀྱུ་བཞིན། །འཇའ་ཚོན་ལྟ་བུའི་མིག་གི་དཀྱུས། །ཟུར་གྱིས་རིང་པོར་བསྟན་པ་ནི། །རྣ་རྒྱན་ཨུཏྤལ་གཞོན་ནུ་ལ། །འགྲན་པའི་ཆེད་དུ་འོང་པ་བཞིན། །སོ་ཕྲེང་ཟེའུ་འབྲུ་རྒོད་པ་ཅན། །མཆུ་སྒྲོས་བིམ་པ་ལྟར་དམར་བའི། །དགའ་མས་སྲེད་ལྡན་དགའ་བ་བསྐྱེད། །ཅེས་པ་ལྟ་བུ་མཛེས་མའི་གདོང་ལ་བསྟོད་པ་ལ་དགའ་བ་བསྐྱེད་ཅེས་བྱ་ཚིག་གཅིག་གིས་གསལ་བ་ལྟ་བུའོ། །དེ་བཞིན་དུ་མཛོད་ནི། གཅོད་མཚམས་སྣ་ཚོགས་པའི་ངོས་ནས་ཤོ་ལོ་ཀ་དུ་མ་ལ་བྱ་ཚིག་སོགས་མང་ཉུང་ངེས་པ་མེད་ཅིང་བརྗོད་བྱ་དུ་མ་དང་ལྡན་པའོ། །འདུས་པ་ནི། བརྗོད་བྱའི་དོན་གཅིག་ལ་ཤོ་ལོ་ཀ་དུ་མ་དང་བྱ་ཚིག་དུ་མ་ཡོད་པ་ཞིག་གོ །སྙན་ངག་ཆེན་པོ་ལ་སྔོན་དུ་ཤིས་བརྗོད་དང་། དེ་ནས་ཕྱག་བྱ་བ་དང་། དེ་ནས་བརྩམས་བྱ་དང་མཐུན་པར་དམ་བཅའ་བརྗོད་པའི་དངོས་པོའི་ངེས་བསྟན་རྣམས་སྔོན་དུ་འགྲོ་བས་རྩོམ་པ་དངོས་ལ་འཇུག་གོ །གཞུང་དུ་སྙན་ངག་གི་ལུས་སྲོག་ཅེས་ཐ་སྙད་བྱས་པའི་ལུས་ནི་བཅད་ལྷུག་སྤེལ་མ་གསུམ་ཡིན་ལ། སྲོག་ལ་སྡེ་བཞི་ཞེས་བཤད་པའི་སྡེ་བཞི་ནི། ཆོས་དང་དོན་དང་འདོད་པ་དང་ཐར་པ་བཞིའོ། །དེ་ལ་ཆོས་ནི། མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་རྒྱུ། དོན་ནི་རིག་བྱེད་སོགས་མང་དུ་ཐོས་པ་དང་དགོས་དོན་རིན་པོ་ཆེ་སོགས་སྲུང་བ་དང་སྤེལ་བ། འདོད་པ་ནི། ལྷ་མིའི་ཡུལ་དང་ཡོ་བྱད་ལ་ལོངས་སྤྱོད་པ། ཐར་པ་ནི། བྱང་ཆུབ་སྒྲུབ་པ་ལྟ་བུའོ། །སྙན་ངག་སྨྲ་བ་ལ་སྐད་རིགས་བཞི་ཡོད་ཀྱང་ལེགས་སྦྱར་མ་གཏོགས་གཞན་གསུམ་ཟུར་ཆག་ཏུ་འགྱུར་ཞིང་། ཁྱད་པར་དུ་གྲོང་ཚིག་རྣམས་སྙན་ངག་ལ་ཟུར་ཆག་ཏུ་འགྲོ་ཡང་བརྗོད་ཚུལ་མཁས་ན་ནི་མི་འགལ་ལོ། །གཞུང་དུ་སྐབས་འདིར་རྒྱ་གར་ལྷོ་ཕྱོགས་བཻ་དརྦྷ་དང་། ཤར་ཕྱོགས་གོ་ཌ་པའི་ལུགས་ཀྱི་ཡོན་ཏན་བཅུ་ལ་འདོད་ཚུལ་མི་འདྲ་བའི་བཤད་པ་མང་དུ་འབྱུང་བ་ནི་འདིར་དགོས་པ་ཆུང་བས་བཞག་གོ །འོན་ཀྱང་སྒྲའི་ཉམས། དོན་གྱི་ཉམས། གཉིས་ཀ་ལ་གྲོང་ཚིག་སྤོང་ཚུལ་དང་གསུམ་བཤད་པའི་དང་པོ་ནི། རྒྱ་གར་གྱི་དབང་དུ་བྱས་པའི་ཡི་གེ་ལ་བསྐོར་བ་ལ་དཔེ་བྱས་ནས་བོད་ཀྱི་ཡི་གེ་ལ་སྐོར་བ་ཞིག་སྟེ། དེ་ཡང་ཚིག་རྐང་བཞིའི་ཐོག་མ་ཀ་ཡིག་སོགས་ལ་སྐོར་བ་དང་། ཐོག་མཐའ་བར་གསུམ་གང་ཡང་རུང་བར་ཡི་གེ་ལ་སྐོར་བ་དང་། ཚིག་རྐང་བཞིའི་ཐོག་ཐའི་ཡི་གེ་འདྲ་བར་སྐོར་བ་སོགས་ལ་རྗེས་འཁྲིད་ཅེས་པའི་ཐ་སྙད་མཛད་དོ། །འདི་དག་ལེའུ་གཉིས་པ་ནས་འབྱུང་བའི་རྒྱན་དང་འདྲ་བར་བཤད་ཀྱང་ཁྱད་པར་ནི་ཡོད་དོ། །གཉིས་པ་སྒྲ་རྒྱན་ཙམ་དུ་མ་ཟད་དོན་རྒྱན་གྱི་ཉམས་ཁྱད་པར་ཅན་དང་ལྡན་པ་ཞིག་གོ །གསུམ་པ་ལ་དོན་གྱི་གྲོང་པ་སྤོང་བ་དང་། སྒྲའི་གྲོང་པ་སྤོང་བ་གཉིས་ཀྱི་དང་པོ་ལ། སྤང་བྱ་དང་། སྤོང་བྱེད་གཉིས་ཀྱི་དང་པོ་ནི་འགྲེལ་པར་འགྱུར་བ་ལྟར་བཀོད་ན་འཁྲིག་པ་འདོད་པ་ལྟ་བུའི་ཚེ། ཡིད་དུ་འོང་བའི་བུ་མོ་ཁྱོད། །འབོལ་ཞིང་འཇམ་པའི་མལ་སྟན་ལ། བདག་དང་ལྷན་ཅིག་ཉལ་བྱས་ནས། འཁྲིག་པའི་བདེ་ལ་དགའ་མགུར་སྤྱོད། །ཅེས་པ་ལྟ་བུ་གྲོང་ཚིག་གིས་མི་མཛེས་པར་སྨྲ་བའོ། །གཉིས་པ་སྤོང་བྱེད་ནི་འཁྲིག་པའི་ཆེད་ཡིན་ཀྱང་དེ་མཛེས་པར་བརྗོད་པ་ཞིག་སྟེ། འདྲེན་བྱེད་ཟུར་གྱིས་ལྟ་བའི་འོད། །བདག་ཡིད་འདབ་བརྒྱ་ཅི་ཡང་བཞད། །དབང་པོའི་བུང་བ་ཆུ་སྐྱེས་ཀྱི། །རྩེད་འཇོར་རོལ་ཅིག་སྨིན་ལེགས་མ། །ཞེས་པ་ལྟ་བུའོ། །གཅོད་མཚམས་ཉམས་པའི་གྲོང་ཚིག་ནི། གྲུབ་ཆེན་ཉམས་ལེན་བྱེད་འདོད་བློ། །ཆུང་ཆུང་ཕུག་པར་ཉལ་བར་དགའ། །ཕྱག་ཆེན་བསྒོམས་པས་ཉོན་མོངས་ཀུན། །འཕེལ་བྱེད་མཐའ་དག་ཞི་བར་བྱེད། །ཅེས་པ་ལྟ་བུའོ། །དེ་བཞིན་དུ་ལེའུ་གསུམ་པ་ནས་བཤད་པའི་སྐྱོན་བཅུ་ཅི་རིགས་སྤོང་དགོས་ཤིང་། འདིའི་ཚིག་རྐང་ཕྱི་མ་གསུམ་གྱི་འགོའི་ཚིག་རྣམས་སྔ་མ་སྔ་མ་དང་སྦྱོར་ཚུལ་མི་ལེགས་པས་གཅོད་མཚམས་ཉམས་པ་ཡིན་ལ། དམིགས་བསལ་ཀཱ་ལ་རཱུ་པ་རབ་བརྗིད་དྲག་པོའི་སྐུ། །ཞེས་སོགས་ཀྱི་རྐང་པ་བར་པ་གཉིས་ཐོག་མ་སྔ་མ་དང་སྦྱོར་ཚུལ་མི་བདེ་བ་ལྟར་སྣང་ཡང་། དོན་ལ་ནི་ཀ་འཕྲེང་དང་སྦྱོར་བའི་ཆེད་ཡིན་པས་མི་འགལ་སྟེ་དེ་འདྲ་གཞན་ཡང་མང་ངོ་། །ཚིག་གི་ཉམས་འདོན་ཚུལ་ལ་རྣམ་གྲངས་མང་ཡང་འདིའི་འགྲེལ་བའི་མཆོད་བརྗོད་དང་འཇུག་གི་ཚིགས་བཅད་རྣམས་ཉམས་འདོན་ཚུལ་ཤིན་ཏུ་ལེགས་ལ་མཛེས་པའི་ཉམས་ནི། རྗེས་མཛད་པའི་བདེ་མཆོག་གི་མཆོད་ཕྲེང་དུ། ཏིང་འཛིན་པིར་གྱིས་བྲིས་པའི་སྨིན་ལེགས་གཟུགས། ཞེས་སོགས་ལྟ་བུའོ། །ཡང་གྲོང་ཚིག་གམ་ཕལ་སྐད་དུ་བརྗོད་ན་མི་མཛེས་པས་གཟུགས་ཅན་གྱི་རྒྱན་དང་སྦྱར་བའི་གབ་ཚིག་གི་སྒོ་ནས་ཉམས་འདོན་ཚུལ་ནི། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་། གསང་འདུས་ཀྱི་མཆོད་པའི་སྐབས་གསང་བའི་འཁོར་ལོར་ཨིནྡྲ་ནཱི་ལ་ལྟར། ཞེས་སོགས་ལྟ་བུ་སྟེ་མང་ངོ། །འཇིགས་བྱེད་ཤིས་བརྗོད་ཀྱི་འགོར། འཆི་མེད་ལམ་ཀུན་ཁྱབ་པའི་ཆུ་འཛིན་ནི། །བགྲང་ཡས་ཉི་འོད་རྩེ་དགས་རོལ་པ་བཞིན། །ཞེས་པ་ལྟ་བུ་ནི་བརྗིད་པའི་ཉམས་འདོན་ཚུལ་ལེགས་ཤིང་། དེ་ལ། ནམ་མཁའི་ཁམས་ཀུན་ཁྱབ་པའི་སྤྲིན་ཕུང་ལ། །གྲངས་མེད་ཉི་མའི་འོད་ཀྱིས་འཕོགས་པ་བཞིན། །ཞེས་སྦྱར་ནའང་ཉམས་ཡོད་ཀྱང་སྔོན་མ་ཉིད་བཟང་ངོ་། །ཚིག་གི་ཉམས་འདོན་ཚུལ་རྒྱན་ཀུན་ལ་ཡོད་ཀྱང་གཟུགས་ཅན་གྱི་རྒྱན་དང་སྦྱོར་ཤེས་ན་མཛེས་ཤིང་། །འདིར་མཚོན་པ་ཙམ་ཏེ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །སྤྱིར་བྱམས་མགོན་གྱིས། རིག་པའི་གནས་ལྔ་ལ་སྦྱངས་དགོས་ཤིང་མ་སྦྱངས་ན་འཕགས་པ་ཡིན་ཀྱང་ཐམས་ཅད་མཁྱེན་པ་ཐོབ་མི་ནུས་ཞེས་བཤད་པ་ལྟར་ཡིན་ལ། མདོ་ལས་ཀྱང་། དཔེའི་ཆོས་གསལ་བར་བྱ་བའི་སྙན་ངག་བྱའོ། །གཞན་ཡང་དཀོན་མཆོག་གསུམ་ལ་བསྟོད་པ་བྱའོ། །དེ་ལས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་དང་། སངས་རྒྱས་ཆོས་དང་དགེ་འདུན་ལ་བསྟོད་པ། །གསལ་བར་འགྱུར་བའི་སྙན་ངག་འབད་པར་བྱ། །ཞེས་གསུངས་པ་ལྟར་སྙན་ངག་ལ་ནི་འདོད་གཏམ་གཙོ་བོར་མ་བརྗོད་པར་དཀོན་མཆོག་གསུམ་དང་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་བསྟོད་པ་ཕུལ་ཞིང་། ལས་འབྲས་དང་མཐུན་པའི་ཚིག་བརྗོད་ན་ནི་ནང་རིག་པའི་གཞུང་དུ་འགྱུར་བས་ཕན་ཡོན་ཀྱང་ཆེ་ལ། ཁྱད་པར་དུ་རྗེས་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་མཁས་པའི་རྒྱན་རིན་པོ་ཆེ་རྣམ་པ་གསུམ་གསུངས་པའི་ཕྱི་མ་ཚིག་སྦྱོར་ལ་མཁས་པའི་རྒྱས་བཤད་དུ། ཚིགས་བཅད་ལྷུག་པ་གཉིས་ལ་སྤེལ་བའི་ལུས། །དོན་དང་ཚིག་གི་རྒྱན་ལ་སོགས་པ་ཡི། །མཛེས་བྱེད་རྒྱན་གྱིས་སྤུད་པའི་ཚིག་སྦྱོར་ཚུལ། །སྙན་ངག་གཞུང་བཞིན་ལེགས་པར་སྦྱར་བ་ན། །བློ་གསལ་རྣམས་ལ་དགའ་བ་རྒྱས་པར་བྱེད། །ཅེས་སྙན་ངག་ལ་སྦྱང་དགོས་པར་གསུངས་པས་དེ་ཤེས་དགོས་ལ་ཤེས་ན་གསུང་རབ་ཀྱི་དོན་མང་པོ་ཤེས་པའི་རྐྱེན་བྱེད་ཅིང་། ཁྱད་པར་དུ་རྩོམ་པའི་ཚིག་རྒྱན་ལ་མི་རྨོངས་སོ། །དེས་ན་སྙན་ངག་ཤེས་པའི་དགོས་པའི་གཙོ་བོ་དེ་ལྟར་དུ་གོ་བར་བྱ་ཡི། ཡི་གེ་བསྐུར་བ་ལ་སྙན་ངག་ཤེས་དགོས་པ་ནི་དེའི་དགོས་དོན་ཕལ་པའོ། །༈ སྨྲས་པ། ཐ་སྙད་རིག་གནས་རིག་པའི་མཁས་མང་ཡང་། །མེ་ལོང་དགོངས་དོན་དགོངས་པ་བཞིན་གཟིགས་ནས། །གཞན་ལ་སྟོན་མཁས་སྟོན་པའི་ཆེད་འབད་པ། །རིན་ཆེན་དོན་འགྲུབ་དོན་གྱི་པཎྜི་ཏ། །གང་གིས་ལེགས་བཤད་བདུད་རྩིའི་བཅུད་མྱངས་པས། །བློ་གྲོས་ལུས་སྟོབས་རྒྱས་པའི་བུང་བ་ཞིག །སྙན་ཚིག་སྒྲ་དབྱངས་སྒྲོག་དང་ལྷན་ཅིག་ཏུ། །རྨད་བྱུང་དགའ་བའི་གར་གྱིས་མཁའ་ལ་བྲེལ། །སྙན་ངག་རྒྱ་མཚོ་རླབས་འཕྲེང་གཡོ་བ་དེར། །བློ་དམན་ཟླ་བའི་མཚན་མས་བརྒལ་དཀའ་ཡང་། །དབྱངས་ཅན་བཞད་པའི་དེད་དཔོན་ལ་བརྟེན་ནས། །སྙན་ཚིག་ཆུ་གཏེར་དབུས་སུ་ཕྱིན་ནམ་སྙམ། །ཚུལ་འདིར་འབད་པའི་འོ་མཚོ་ལས་འཁྲུངས་པའི། །ཀུནྡའི་མདོག་དང་མཚུངས་པའི་རྣམ་དཀར་ཟླས། །བློ་གསལ་ཚོགས་ཀྱི་རྨོངས་མུན་རབ་བསལ་ནས། །ཀུན་མཁྱེན་ལྷ་ལམ་དབྱིངས་སུ་འཇུག་གྱུར་ཅིག །སྙན་ངག་གི་རྒྱན་གཉིས་སོ་སོའི་དབྱེ་བའི་དཔེ་བརྗོད་བློ་ལྡན་དགའ་བྱེད་ཅེས་བྱ་བ་འདི་ནི། ཅོ་ནེའི་མདོ་སྔགས་ཀྱི་བསྟན་པའི་མངའ་བདག་མདོ་སྔགས་རིགས་གནས་ཀུན་ལ་སྦྱངས་པའི་མཁས་དབང་མཁན་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་སྐུ་ཞབས་རྒྱལ་ཁབ་ཆེན་པོ་ཕོ་བྲང་དུ་བྱོན་ནས་བཞུགས་པའི་སྐབས་གསུང་ཤོག་གནང་སྦྱིན་དང་བཅས་ཏེ། ཁྱེད་ཀྱིས་དགོན་པའི་ཁྲི་པ་སོགས་དཀའ་རམ་འདི་རྣམས་ལ་སྙན་ངག་འཁྲིད་དགོས་ཞེས་བསྐུལ་བའི་བཀའ་གྱེན་དུ་བཟློག་མ་ནུས་པར། རང་གིས་གང་ཤེས་འཁྲིད་པའི་ཚེ་ཁོང་རྣམས་ཀྱིས་སྙན་ངག་སོ་སོའི་དཔེ་བརྗོད་རྒྱས་པ་ཞིག་བྱུང་ན་ལེགས་ཞེས་བསྐུལ་བ་ལ་བརྟེན་ནས། །ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་དོན་གཉེར་ཅན་འགའ་ལའང་ཕན་སྲིད་སྙམ་པའི་འདུན་པས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། དེ་ནས་སྙན་ངག་དང་མདོ་སྔགས་ཀྱི་གཞུང་དོན་དུ་མ་ལེགས་པར་མཁྱེན་ཅིང་དད་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་ཅོ་ནེའི་ཁྲི་པ་སངས་རྒྱས་དཔལ་བཟང་ནས་བསྟན་པའི་མངའ་བདག་མཁན་རིན་པོ་ཆེའི་བཞེད་པ་སྐོང་བ་དང་། གཞན་ལའང་ཕན་ཐོགས་འདོད་པའི་ཐུགས་འདུན་གྱིས་བར་དུ་བརྐོ་བར་བཞེད་པའི་ཚེ། པར་གྱི་ཡི་གེ་པ་ནི་སྙན་ངག་ཡིག་སྡེབ་སོགས་ཀྱི་རིག་གནས་ལ་བརྩོན་པ་ཆེ་བའི་དཀའ་བཅུ་བློ་བཟང་དབང་ཕྱུག་གོ། །།མངྒ་ལཾ།།

ཀ་ཁའི་འཕྲེང་བ་དང་སྦྱར་བའི་བྱ་དཀའི་སྒྲ་རྒྱན་ཟུང་ལྡན་བློ་གསལ་ཡིད་འཕྲོག

ཀ་ཁའི་འཕྲེང་བ་དང་སྦྱར་བའི་བྱ་དཀའི་སྒྲ་རྒྱན་ཟུང་ལྡན་བློ་གསལ་ཡིད་འཕྲོག་ཅེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། མ་ལུས་ལུས་ཅན་འགྲོ་ལ་རྗེས་བརྩེ་བརྩེ་བས་དམ་པའི་ཆོས་ཚུལ་ཚུལ་བཞིན་སྟོན་མཛད་བླ་མ་དང་། །ཆོས་ཀུན་ཀུན་ནས་ཇི་བཞིན་ལེགས་མཁྱེན་མཁྱེན་བརྩེ་སྤངས་རྟོགས་ཡོངས་རྫོགས་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །བདེན་གཉིས་གཉིས་མེད་སྡུག་ཀུན་ཉེར་ཞི་ཞི་བ་ཉེས་པའི་སྐྱོན་བྲལ་བྲལ་བ་ལམ་བདེན་དམ་པའི་ཆོས། །ལེགས་ཚོགས་ཚོགས་གཉིས་ཉམས་སུ་ལེན་མཛད་མཛད་མཆོག་གཞན་ལས་ཁྱད་འཕགས་འཕགས་པའི་དགེ་འདུན་བཅས་ལ་འདུད། །ཀ་མ་ལ་དང་བསིལ་ཟེར་ཅན་སྟེང་གསལ་གསལ་མཚན་དཔེའི་དཔལ་འབར་འབར་བའི་འོད་ཀྱི་དྲ་བ་ཅན། ཁ་དོག་གཙོ་མའི་གསེར་གྱི་མདོག་ལྟར་ལྷང་ལྷང་ཆེས་གསལ་རབ་བརྗིད་བརྗིད་ཆགས་གསེར་གྱི་ལྷུན་པོ་བཞིན། །ག་ན་འདུག་སྟེ་བསྒྲིམས་ཞིང་འབད་པས་ཡང་ཡང་བལྟས་ཀྱང་ཡིད་ཀུན་ཀུན་ནས་འཕྲོག་བྱེད་དད་གུས་གཡོ། །ང་སོགས་ཐར་འདོད་གདུལ་བྱའི་ཚོགས་ལ་ཟབ་ཟབ་དམ་པའི་ཆོས་སྟོན་སྟོན་པ་ཤཱཀྱའི་གཙོ་དེར་འདུད། །ཅ་ཅོ་བྲལ་བའི་ལེགས་བཤད་བཟང་བཟང་འགྲོ་མང་དོན་དུ་དུ་མའི་ཐབས་གྱིས་སྟོན་མཛད་ཅིང་། །ཆ་ལུགས་ལོངས་སྤྲུལ་མ་ངེས་འཛུམ་འཛུམ་མཆུ་སྒྲོས་རབ་དམར་དམར་བའི་བིམ་པ་གཞོན་ནུ་བཞིན། །ཇ་སོགསབཟའ་བཏུང་བོར་ནས་ཡང་ཡང་ཁྱོད་ཉིད་རྟག་དྲན་དྲན་ནས་གསོལ་བ་འདེབས་བྱེད་ན། །ཉ་རྒྱས་ཟླ་འདྲའི་ཞལ་དཀྱིལ་མྱུར་མྱུར་སྟོན་ལ་ཐུགས་རྗེས་རྗེས་སུ་ཟུངས་ཤིག་མི་ཕམ་མགོན། །ཏ་ཐཱ་ག་ཏའི་འཁོར་ཚོགས་མང་མང་དབུས་ན་ཆེས་ཟབ་ཟབ་མོ་སྟོང་ཉིད་སྨྲ་བ་ལ། །ཐ་མའི་དུས་འདིར་རྒྱལ་བས་ངེས་ངེས་གཞན་ལས་ལྷག་ཅིང་ཀུན་མཁྱེན་མཁྱེན་རབ་དབང་ཕྱུག་ཅེས་བསྔགས་ཤིང་། །ད་ལྟར་འཇམ་པའི་དབྱངས་ཞེས་ཕྱོགས་ཕྱོགས་ཀུན་ལ་རབ་གྲགས་གྲགས་པས་ས་སྟེང་ཁྱབ་པ་དེ། །ན་རྒ་འཆི་ལ་ཐུག་ཀྱང་གུས་གུས་མི་གཏོང་རབ་མཆོད་མཆོད་སྤྲིན་རྒྱ་མཚོས་མཉེས་པར་བྱ། །པ་ར་མི་ཏའི་སྤྱོད་ཚུལ་དཀའ་དཀའ་ཀུན་ཀྱང་ལེགས་མཛད་མཛད་མཆོག་ཀུན་ནས་ཕུལ་བྱུང་ཞིང་། །ཕ་རོལ་རིགས་དྲུག་འགྲོ་ལ་ཡང་ཡང་ཉིན་དང་མཚན་དུ་དུ་མའི་སྤྱན་གྱིས་ལེགས་གཟིགས་ཏེ། །བ་སྤུའི་གྲངས་ཀྱི་སྤྲུལ་པ་མང་མང་སྤྲོས་ནས་དོན་སྒྲུབ་སྒྲུབ་ཚུལ་ཁྱད་པར་བསམ་མི་ཁྱབ། །མ་ཡིས་བུ་གཅིག་ལྟ་བུར་གཅེས་གཅེས་དགོངས་ནས་ཐུགས་བརྩེ་བརྩེ་བས་གཟིགས་མཛད་སྤྱན་རས་གཟིགས། །ཙ་ལ་མི་མངའི་སྐུ་མཆོག་གཏུམ་གཏུམ་ཁྲོས་པ་ཇི་བཞིན་བཞིན་ནི་རྣམ་པར་འགྱུར་བ་ཅན། །ཚ་ཟེར་རྒྱས་པའི་གདན་ལ་འགྱིང་འགྱིང་ཚུལ་བཞུགས་མ་ལུས་ལུས་མེད་སྡེ་བརྒྱད་ཚོགས་ཀྱི་རྗེ། །ཛ་ཡ་སྟོང་གི་བསྟན་པ་ཐམས་ཅད་ངེས་ངེས་ཁྱོད་ཀྱིས་ལེགས་སྲུང་སྲུང་བར་ཞལ་བཞེས་ས་གསུམ་གྱི། །ཝ་སྐྱེས་ལྟ་བུའི་གདོན་བགེགས་ངན་ངན་ཐལ་བར་རློག་བྱེད་བྱེད་པོ་གསང་བདག་རྡོ་རྗེ་འཛིན། །ཞ་ཡིག་ལྟ་བུར་སྒོར་མོར་འཁྱིལ་འཁྱིལ་ཟླ་གདན་སྟེང་ན་ན་ཆུང་གཞོན་ནུའི་འཇོ་སྒེག་ཅན། །ཟ་བྱེད་སྲིད་གསུམ་བདག་མོ་མཛེས་མཛེས་ལྷ་མོའི་སྐུར་སྤྲུལ་སྤྲུལ་པའི་གར་གྱི་རྣམ་རོལ་བ། །འ་ཅག་འདོད་ལྡན་ཡིད་དབང་བརྟན་བརྟན་དག་འཕྲོག་རབ་སྙན་སྙན་པའི་རྒྱུད་མང་སྦྲེང་བའི་ཚེ། །ཡ་མཚན་ཆེ་བའི་སྒྲ་སྙན་གང་གང་སྲིད་པ་དེ་ཀུན་ཀུན་ནས་སྒྲོག་མཛད་ཚངས་སྲས་མ། །ར་རིའི་དྲི་བྲལ་གང་སྐུ་ལྡེམ་ལྡེམ་གཡུ་ཡི་ལྗོན་བཞིན་བཞིན་འཛུམ་སྒེག་པའི་ཉམས་ལྡན་ཅིང་། །ལ་ལས་མཐོང་ན་སྔོན་མེད་དགའ་དགའི་དཔལ་སྟེར་ཅི་འདོད་འདོད་རྒུ་འབྱུང་བའི་ནོར་བུ་བཞིན། །ཤ་རུས་གཏིང་ནས་གཡོས་པའི་གུས་གུས་ངེས་པར་སྐྱེ་འགྱུར་འགྱུར་མེད་དད་པ་བརྟན་པོ་ཡིས། །ས་གསུམ་འགྲོ་བའི་སྡུག་བསྔལ་མྱོང་མྱོང་ཞི་མཛད་རྒྱལ་ཡུམ་ཡུམ་མཆོག་སྒྲོལ་མ་རྟག་ཏུ་མཆོད། །ཧ་ཅང་གདུང་བའི་དབྱངས་གྱིས་ལྷང་ལྷང་གསལ་བར་བསྟོད་ཚེ་ཚེ་དང་བསོད་ནམས་དཔལ་སྟེང་ཞིང་། །ཨ་ཙ་ལ་ཡི་དད་པས་ཡང་ཡང་གུས་མཆོད་གཟུངས་རིང་རིང་དུ་དད་ཅིང་བརྗོད་པའི་ཚེ། །ཚེ་ཡི་རིག་འཛིན་དངོས་གྲུབ་འདོད་འདོད་མྱུར་སྩོལ་སྡིག་ཀུན་ཀུན་ནས་སྦྱོང་མཛད་བཅོམ་ལྡན་མ། །མ་གཅིག་རྣམ་རྒྱལ་ཞབས་པད་དུང་དུང་ཡིད་ཀྱིས་བསྟེན་ན་ན་རྒ་འཆི་ལས་སྒྲོལ་བར་མཛོད། །གང་གིས་གང་བཏབ་སྨོན་འགྲུབ་བཟང་བཟང་རྣམ་དག་ཞིང་མཆོག་མཆོག་ཏུ་ལེགས་གྲུབ་འོད་དཔག་མེད། །སྙིགས་དུས་སྙིགས་མའི་འགྲོ་བ་མང་མང་དག་ལ་རབ་བརྩེ་བརྩེ་བས་དགོངས་མཛད་སྨན་གྱི་བླ། །ལས་ངན་ལས་སྒྲིབ་མ་ལུས་ངེས་ངེས་ཀུན་ནས་སྦྱོང་མཛད་མཛད་པ་ཕུལ་བྱུང་མི་འཁྲུགས་པ། །རྣམ་གསུམ་རྣམ་པ་ཀུན་དུ་མྱུར་མྱུར་བྱོན་ལ་ཐུགས་རྗེས་རྗེས་སུ་བཟུང་ནས་བྱིན་གྱིས་རློབས། །ཡང་གཅིག་དེང་དུས་སྔགས་ཆོག་ཤེས་པའི། །བློ་ལྡན་མང་དུ་འབྱུང་ཡང་སྲིད་ཀྱི། །ཨ་དོན་སྐྱེ་མེད་རྟོགས་པའི་མཁས་པ། །ཧ་ཅང་དེ་ཙམ་འབྱུང་བ་མ་ཡིན། །ས་སྟེང་གཞན་ལ་གནོད་འཚེ་ཆེ་ཞིང་། །ཤ་ཁྲག་ཆང་ལ་རྔམས་པའི་མི་ངན། །ལ་ལ་ཤི་ཚེ་དམྱལ་བ་ཡི་དྭགས། །ར་ལུག་ཕག་སོགས་དུད་འགྲོར་འགྱུར་ངེས། །ཡ་ཡོ་མེད་པའི་དད་པ་བརྟན་ལྡན། །འ་ཅག་དཀོན་མཆོག་རྟག་ཏུ་མཆོད་ཅིང་། །ཟ་བྱེད་གཤིན་རྗེ་གཤེད་སོགས་ཡི་དམ། །ཞྭ་ལྟར་སྤྱི་བོས་རྒྱུན་དུ་བསྟེན་རིགས། །ཝཱ་གི་ཤཱ་རིའི་སྒོམ་བཟླས་མཛད་ན། །ཛ་ཡའི་དགོངས་ཟབ་ཤེས་ནས་དེ་དོན། །ཚ་གྲང་སྡུག་བསྔལ་དང་བླངས་སྒོམ་ན། །ཙ་གོ་ར་ལྟར་ནགས་སུ་གནས་ལེགས། །མ་སོགས་སེམས་ཅན་ཀུན་དོན་བྱེད་ན། །བ་མོའི་མདོག་ལྟར་དཀར་བའི་སེམས་ཀྱིས། །ཕ་རོལ་གཞན་ལས་འཚེ་བ་སྤོོང་ལ། །པ་ར་མི་ཏའི་སྤྱོད་ཚུལ་སྒྲུབས་ཤིག །ན་རྒ་འཆི་བ་ངེས་པར་འོང་བས། །ད་ལྟ་ཆོས་ཞིག་མ་བསྒྲུབས་བསྡད་ན། །ཐ་ཆད་མ་རབས་ཉིད་དུ་འགྱུར་ཕྱིར། །ཏ་ཐཱ་ག་ཏས་སྨོད་པའི་གནས་སོ། །ཉ་ལྟར་དགོན་གྲོང་ཕྱོགས་གཞན་དག་ལ། །ཇ་ཆང་ཞིམ་པོ་བཏུང་བའི་ཆེད་དུ། །ཆ་ལུགས་མཛེས་མཛེས་ཙམ་ཞིག་བྱས་ནས། །ཅ་ཅོ་དོན་མེད་བརྗོད་བཞིན་མ་རྒྱུགས། །ང་རྒྱལ་མ་བྱེད་ཤེས་བྱ་རྒྱ་ཆེ། །ག་ན་འདུག་ཀྱང་རང་སེམས་བལྟ། ཁ་ཏོན་དགེ་སྦྱོར་རྣམ་པ་མང་དང་། །ཀ་དག་སྟོང་ཉིད་ཟབ་མོ་སྒོམས་ཤིག །ཀ་ཁའི་ཕྲེང་ལྡན་སྒྲ་རྒྱན་འདི་དག །ཉམས་མཚར་ཆེད་དུ་བཤད་སྒྲུབ་ཅེས་བྱས། །ལེགས་པར་སྦྱར་བའི་ཡི་གེ་པ་ནི། །གནས་བརྟན་བཀྲ་ཤིས་མིང་ཅན་ཉིད་དོ།། །། མངྒ་ལཾ། །

དགེ་ཀུན་རྫོགས་པའི་བྱང་ཆུབ་རབ་བསྔོ་བ།

དགེ་ཀུན་རྫོགས་པའི་བྱང་ཆུབ་རབ་བསྔོ་བའི། །བསྔོ་བཤད་རྒྱས་འབྲིང་བསྡུས་གསུམ་འདི་ནའོ། །རབ་འབྱམས་རྒྱལ་བའི་སྙིང་སྟོབས་བརྩོན་པའི་གོ །ཅིག་ཅར་གྱོན་པའི་རྨད་བྱུང་ཐུགས་རྗེ་ཡིས། །འགྲོ་རྣམས་སྲིད་མཚོར་བྱིང་ལས་འདྲེན་མཛད་པ། །རྣམ་འདྲེན་ཤཱཀྱའི་སྲས་པོས་དགེ་ལེགས་སྩོལ། །རབ་དཀར་དགེ་ཚོགས་གངྒཱའི་འགྲོ་ལྡན་རྒྱུན། །མ་ལུས་ཀུན་མཁྱེན་རྒྱ་མཚོ་ཆེན་པོ་རུ། །བདེ་བླག་ཉིད་དུ་འཇུག་པའི་གཞིར་གྱུར་པ། །བསྔོ་སྨོན་རབ་ཡངས་ལམ་མཆོག་འདི་ན་མཆིས། །འདི་ལ་ཡང་རྒྱས་འབྲིང་བསྡུས་གསུམ་ལས། །དང་པོ་རྒྱས་པ་ནི། དགེ་འདུན་པ་རྣམས་བསྔོ་བའི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། ཕྱོགས་བཅུའི་ཞིང་རབ་འབྱམས་གྲངས་མེད་ཅིང་མུ་མཐའ་དང་བྲལ་བ་ན་བཞུགས་པའི་སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས་རྣམས་དང་། ཁྱད་པར་དུའང་སྟོང་གསུམ་མི་མཇེད་ཀྱི་ཞིང་འདིའི་དཔལ་དུ་གྱུར་པ་མཉམ་མེད་ཤཱཀྱའི་རྒྱལ་པོ། རྣམ་འདྲེན་འོད་དཔག་མེད། རྒྱལ་བ་སྨན་གྱི་བླ། རྒྱལ་སྲས་ཀུན་བཟང་། འཇམ་དབྱངས་ལ་སོགས་པ་རྣམས་ཀྱིས། འདིར་ཉེ་བར་འཁོད་པའི་དམིགས་ཡུལ་འདི་རྣམས་ཀྱི་གཙོ་བྱས་མར་གྱུར་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅན་ལ་གཟིགས་ཤིང་དགོངས་སུ་གསོལ། མཆོག་གསུམ་དམ་པ་དེ་རྣམས་ཀྱི་ཐུགས་རྗེ་དང་། འདི་ལྟར་དུ་བསྐྲུན་པའི་དགེ་བའི་རྩ་བ་འདིས་མཚོན་བྱེད་དུ་བྱས་རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་ཤིང་། གཞི་གསུམ་དང་འབྲེལ་བའི་རྣམ་དཀར་གྱི་ལེགས་ཚོགས་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། སྐྱེ་རྒུ་ཀུན་གྱི་རྒུད་པ་མ་ལུས་པ་སེལ་ཞིང་། ཕན་བདེའི་ལེགས་ཚོགས་ཟད་མི་ཤེས་པ་འབྱུང་བའི་གནས་དམ་པ། ཀུན་མཁྱེན་རྒྱལ་བའི་བསྟན་པ་སྤྱི་དང་། བྱེ་བྲག་ཏུའང་མཉམ་མེད་ཙོང་ཁ་པ་ཆེན་པོ་གང་དེས་མདོ་སྔགས་གཉིས་ཀྱི་སྒོ་ནས་ལེགས་པར་བཤད་པའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཟག་བཅས་གྱི་ཕུང་པོ་སྤངས་ནས་ཟག་མེད་འགྱུར་བ་རྗོ་རྗེའི་སྐུ་བརྙེས་ཀྱང་། འཇིག་རྟེན་སྲིད་པའི་ཕུན་ཚོགས་དང་ལུས་སྲོག་ལ་རྟག་འཛིན་གྱིས་ལོག་པར་ཞུགས་པའི་འགྲོ་བ་རྣམས། མི་རྟག་པའི་ཆོས་ལ་བསྐུལ་བའི་ཆེད་དུ་གཟུགས་སྐུའི་དབྱིངས་སུ་ཞི་བར་གཤེགས་པའི་ཚུལ་བསྟན་པ། རྒྱལ་སྲས་སློབ་མར་བཅས་པ་སྦྱི་དང་ཁྱད་པར་དུའང་རྣམ་འདྲེན་ཟས་གཙང་གི་སྲས་པོ་དེ་ཉིད་ནས་ཉེ་བར་བཟུང་། ཀླུ་སྒྲུབ་ཐོགས་མེད་ལ་སོགས་པ་འཛམ་གླིང་རྒྱན་དྲུག་མཆོག་གཉིས། དཔལ་མར་མེ་མཛད་ཡེ་ཤེས་ཡབ་སྲས་དང་། རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་ཡབ་སྲས་རྣམས་དང་། པཎ་ཆེན་དགེ་འདུན་གྲུབ་པ། དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ། ཡོན་ཏན་རྒྱ་མཚོ། ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱ་མཚན། མཆོག་སྤྲུལ་བློ་བཟང་ཡེ་ཤེས་ལ་སོགས་པ་རྒྱ་བོད་ཀྱི་པཎ་གྲུབ་རིམ་པར་བྱོན་པ་རྣམས་ཀྱི་ཐུགས་ཟག་པ་མེད་པའི་དགོངས་པ་ཁྱད་པར་ཅན་ཐམས་ཅད་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །རྒྱལ་བའི་ལུང་དང་རྟོགས་པའི་བསྟན་པའི་ཉི་མ། རྣམ་དཔྱོད་བརྩོན་པའི་ཤུགས་ཀྱིས་བཤད་སྒྲུབ་རྟ་བདུན་གྱི་ཁྲི་ལ་ལེགས་པར་བླངས་ནས་གདུལ་བྱའི་ཁམས་ཀུན་འཕྲིན་ལས་འོད་གྱིས་ཆེས་ཆེར་གསལ་བ་མཛད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་པ་སྤྱི་དང་། ཁྱད་པར་དུ་ཡང་གངས་ཅན་འགྲོ་བའི་མགོན་པོ་སྤྲུལ་སྐུ་བ སྐལ་བཟང་རྒྱ་མཚོའི་ཞལ་སྔ་ནས་དང་། དྲིན་ཅན་རྩ་བའི་བླ་མ་མཚན་འདི་དང་འདི་ཞེས་བགྱི་པ་ལ་སོགས་པ་བསྟན་པའི་དཔལ་དུ་ཞལ་བཞུགས་པ་རྣམས་ཀྱི་སྐུ་ཚེ་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང་རྣམ་པར་དཀར་བའི་མཛད་འཕྲིན་བཟང་པོ་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དགེ་འདུན་གྱི་སྡེ་འདིས་མཚོན་པའི་ཕྱོགས་བཅུའི་ཞིང་བརྗོད་ཀྱིས་མི་ལང་བའི་དགེ་འདུན་གྱི་སྡེ་རབ་འབྱམས་རྣམས་སུ་བཞུགས་པ་ཐམས་ཅད་ཀྱང་། ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་སྟེ། འཁོར་ལོ་རིམ་པ་གསུམ་ལ་སོགས་པ་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིག་རྒྱས་པར་གྱུར་ཅིག །མཆོག་གསུམ་དམ་པ་དེ་རྣམས་ཀྱི་ཐུགས་རྗེ་དང་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། འདི་ལྟར་བགྱིས་པའི་དགེ་བའི་རྩ་བའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་རྣམས་ལ་བསྔོ་སྨོན་གྱི་རེ་བལྟོས་འཆའ་བའི་ཚེ་འདས་སྤྱི་དང་། བྱེ་བྲག་ཚེ་ལས་འདས་པ་མིང་འདི་དང་འདི་ཞེས་བགྱི་བ་ལ་སོགས་པ་རྣམས་ཀྱི་ལས་ངན་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །ཚེ་འདས་དེ་དག་གི་ཉེ་འབྲེལ་ཤུལ་ན་མཆིས་པ་རྣམས་ཀྱིས་ཀྱང་། དེ་རྣམས་ཀྱི་ཆེད་དུ་དམིགས་ཏེ་དཀོན་མཆོག་མཆོད་པ་དང་། དམ་ཆོས་བཀླག་པ་དང་། དགེ་འདུན་རྒྱ་མཚོའི་ཚོགས་ལ་བསྙེན་བཀུར་བ་ལ་སོགས་པའི་སྒོ་ནས་དགེ་བའི་རྩ་བ་ཇི་སྙེད་ཅིག་བསྐྲུན་པ་ཐམས་ཅད་ཀྱང་། ཚེ་འདས་རྣམས་ཀྱི་རྗེས་སུ་འབྲང་ཞིང་ཞུགས་ནས་ཚེ་འདས་དེ་དག་ཐམས་ཅད་མི་ཁོམ་པའི་གནས་བརྒྱད་དང་བྲལ་ཞིང་། རང་དང་གཞན་གྱི་འབྱོར་པ་བཅུ་ཚང་བའི་མིའི་ལུས་རྟེན་རྣམ་པར་དག་པ་རྒྱུད་མ་ནས་བརྒྱུད་མར་ཐོབ་ནུས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དེ་ལྟར་ཐོབ་པའི་རྟེན་དེ་ལ་ཡང་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས། ཐོས་བསམ་སྒོམ་གསུམ་ལ་སོགས་པའི་སྒོ་ནས་ཡོན་ཏན་གྱི་ཚོགས་ཐམས་ཅད་ཐོབ་པ་དང་མི་འབྲལ་བར་གྱུར་ཅིག །རྟག་ཏུ་སངས་རྒྱས་ཀྱི་ཞལ་མཐོང་ཞིང་དམ་པའི་ཆོས་ཐོས་པ་དང་འཕགས་པའི་དགེ་འདུན་རྒྱ་མཚོ་ལྟ་བུ་ལ་བཀུར་སྟི་རིམ་གྲོ་ཚུལ་བཞིན་དུ་བགྱིད་ནུས་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །རང་ཉིད་གཅིག་པུ་ཞི་བའི་བདེ་བ་ལ་མ་ཆགས་པར་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དམིགས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྦྱིན་སོགས་ཕར་ཕྱིར་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པ་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་རིམ་གྱིས་བསླབས་ནས་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུར་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །དེ་ལྟ་ནའང་གྲངས་མེད་གསུམ་དུ་བརྩོན་པས་ལམ་བགྲོད་པའི་རིང་ལ་འགྲོ་བ་མཐའ་དག་སྡུག་བསྔལ་གྱིས་མནར་བར་མ་བཟོད་ནས་ཉེ་ལམ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་སྤྱན་སྔར་དབང་བཞི་རྣམ་པར་དག་པ་ཐོབ་ཅིང་། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་ལྟར་བསྲུང་པར་བྱེད་ནུས་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །དེ་ལྟར་བསྲུངས་པ་ལ་བརྟེན་ནས་སྨིན་བྱེད་བསྐྱེད་པའི་རིམ་པ་དང་། གྲོལ་བྱེད་རྫོགས་པའི་རིམ་པའི་ལམ་རྣམས་ཉམས་སུ་བླངས་ཏེ་མྱུར་བར་སྐུ་བཞི་ཡེ་ཤེས་ལྔ་ལྡན་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་སྐུར་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །གཞན་ཡང་དགེ་བ་འདིའི་མཐུ་ལ་བརྟེན་ནས་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་གུས་པས་མཆོད་པར་བྱེད་པའི་བསྟན་པའི་སྦྱིན་བདག་སྐྱ་སེར་ཞལ་བཞུགས་པ་ཇི་སྙེད་ཅི་མཆིས་པ་ཐམས་ཅད་དང་། ཁྱད་པར་སྦྱིན་པའི་བདག་པོ་མིང་འདི་དང་འདི་ཞེས་བྱ་བའི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་བའི་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་ལ་སོགས་པའི་ལེགས་ཚོགས་ཐམས་ཅད་བསམ་པ་བཞིན་དུ་ཟླ་བ་ཡར་གྱི་ངོ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེ་དག་གིས་ཇི་ལྟར་ཡིད་ལ་སྨོན་པའི་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་ལ་འགལ་རྐྱེན་བར་ཆད་ཀྱི་མཚན་མ་སྐད་ཅིག་ཙམ་ཡང་མི་འབྱུང་བར་གྱུར་ཅིག །འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་ལ་མཉམ་མེད་ཐུབ་པའི་དབང་པོ་དང་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་བཀའ་བསྒོས་གཉེར་དུ་གཏད་པའི་སྲུང་མའི་དབང་པོ་མཐུ་རྩལ་ཅན་སྤྱི་དང་། ཁྱད་པར་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་ཀྱི་རྒྱལ་པོ། དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་ལ་སོགས་པ་ཆོས་སྐྱོང་སྲུང་མའི་ཚོགས་དང་། ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཀྱང་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་སྐད་ཅིག་ཀྱང་གཡེལ་བ་མེད་པར་གྲོགས་མཛད་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་ཆར་ཆུ་གཉེན་པོ་དུས་སུ་འབེབས་ཤིང་ལོ་ཕྱུགས་རྣམས་རྟག་ཏུ་ལེགས་པར་གྱུར་ཅིག །མི་ནད་ཕྱུག་ནད་དུས་ཀྱི་འཁྲུགས་པ་ལ་སོགས་པ་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པ་དང་། བསམ་དོན་རྣམས་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་ལ་སོགས་པ་དཀར་ཕྱོགས་ལ་དགའ་བ་རྣམས་ཀྱི་དཀར་ཕྱོགས་སྐྱོང་བའི་མཐུ་ནུས་པ་སྟོབས་གཟི་བརྗིད་ཐམས་ཅད་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ནག་ཕྱོགས་པ་རྣམས་ཀྱི་རྒྱུད་ཀྱི་བསམ་པ་ངན་པ་དང་སྦྱོར་བ་རྩུབ་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །མདོར་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། ཇི་ལྟར་སྨོན་པའི་གནས་རྣམས་ཀྱང་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག །རྨད་བྱུང་སྲས་བཅས་སོགས་བརྗོད་དོ། །ཅུང་མང་བར་དོགས་ན་ཚིག་ཟུར་འགའ་ཞིག་བསྡུས་ནས་སམ་བཞག་ནས་ཀྱང་ཆོག་གོ ། ༈ གཉིས་པ་འབྲིང་པོ་ནི། བསྔོ་བའི་མཐུན་འགྱུར་མཛད་པར་ཞུ། ཕྱོགས་བཅུའི་ཞིང་རབ་འབྱམས་བརྗོད་དུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱིས། སྦྱིན་པའི་བདག་པོས་གཙོ་བྱས་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། མཆོག་གསུམ་དམ་པ་དེ་རྣམས་ཀྱི་ཐུགས་རྗེ་དང་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། དགེ་བ་འདི་ཉིད་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས། འགྲོ་བ་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་བདེ་བ་མ་ལུས་པ་འབྱུང་ཞིང་སྡུག་བསྔལ་གྱི་ནད་ཐམས་ཅད་སེལ་བར་བྱེད་པའི་རྩི་སྨན་གྱི་ལྗོན་པ་ཆེན་པོ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་དུ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ཡབ་སྲས་ཀྱིས་ལེགས་པར་བཤད་པའི་མདོ་སྔགས་ཀྱི་བསྟན་པའི་སྙིང་པོ་དྲི་མ་མེད་པ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར༴ མི་ཕྱེད་པའི་རྡོ་རྗེའི་སྐུ་བརྙེས་ཀྱང་། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་གཟུགས་སྐུའི་སྣང་བ་བསྡུས་ནས་ཆོས་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་པ། འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་མཉམ་མེད་སྟོབས་བཅུ་མངའ་བ་དེ་ཉིད་ཀྱི་ཐོག་མར་མཛད། འཛམ་གླིང་རྒྱན་དྲུག་མཆོག་གཉིས་དཔལ་མར་མེ་མཛད་ཡབ་སྲས་ནས། ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔལ་ཡབ་སྲས་རྣམས་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་བའི་ཞལ་སྔ་ནས་དང་། ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོའི་ཞལ་སྔ་ནས་ལ་སོགས་པ་རྣམས་ཀྱི་ཐུགས་ཟག་མེད་ཀྱི་དགོངས་པ་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་ཡོངས་སུ་རྫོགས་པར༴ ད་ལྟའང་བསྟན་པའི་དཔལ་དུ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྤྱི་དང་། ཁྱད་པར་དུའང་སྤྲུལ་པའི་སྐུ་སྐལ་བཟང་རྒྱ་མཚོའི་ཞལ་སྔ་ནས་ལ་སོགས་པ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་འདི་དང་འདི་ཞེས་བགྱི་བ་ལ་སོགས་པ་ཐམས་ཅད་ཀྱི་སྐུ་ཚེ་མཛད་པ་འཕྲིན་ལས་ལ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང་རྣམ་དཀར་གྱི་འགྲོ་དོན་བཟང་པོ་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་ཡོངས་སུ་རྫོགས་པར༴ གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་གཙོ་བྱས་ཕྱོགས་བཅུའི་ཁྲིམས་ལྡན་འདུས་པའི་སྡེ་རྣམས་སུ་དགེ་འདུན་པ་རྣམས་ཡི་གེ་འབྲི་མཆོད་སྦྱིན་པ་ལ་སོགས་པ་ཆོས་སྤྱོད་བཅུའི་སྒྲུབ་པ་བཟང་པོ་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར༴ སྐྱབས་གནས་དམ་པ་དེ་དག་གི་མཐུ་རྗེ་དང་བདག་གཞན་ཀུན་གྱིས་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས་བདག་སོགས་རྣམས་ལ་སྔོ་བའི་རེ་བལྟོས་འཆའ་བའི་བསྟན་པའི་སྦྱིན་བདག་སྔར། སྐུ་གཤེགས་པ་སྤྱི་དང་། སྦྱིན་པའི་བདག་པོ་ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་རྣམས་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམས་བྱང་ཞིང་དག་སྟེ་མྱུར་དུ་མངོན་པར་རྫོགས་པས་འཚང་རྒྱ་བར༴ ཚེ་ལས་འདས་པ་དེ་དག་གང་དུ་སྐྱེས་སམ་སྐྱེ་འགྱུར་གྱི་རིགས་ཅན་ཞིག་ཡིན་ནའང་། རིགས་དྲུག་སོ་སོའི་སྡུག་བསྔལ་གྱི་ཕུང་པོ་ལས་གྲོལ་ཏེ། གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྒྱལ་བ་རྣམ་པར་སྣང་མཛད་ཀྱི་སྐུར་མྱུར་དུ༴ ཚོར་བའི་ཕུང་པོ་རྣམ་པར་དག་པ་རྒྱལ་བ་རིན་ཆེན་འབྱུང་ལྡན་གྱི་སྐུར་༴ འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་རྒྱལ་བ་འོད་དཔག་མེད་ཀྱི༴ འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་རྒྱལ་བ་དོན་ཐམས་ཅད་གྲུབ་པའི༴ རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་བཅོམ་ལྡན་འདས་མི་བསྐྱོད་བའི༴ རིགས་ཐམས་ཅད་ཀྱི་བདག་པོ་ཁ་སྦྱོར་ཡན་ལག་བདུན་ལྡན་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུར་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ༴ དེ་ལྟར་མ་གྱུར་པའི་ཚེ་རབས་ཐམས་ཅད་དུ་མི་ཁོམ་པ་བརྒྱད་ཀྱི་གནས་རྣམས་སུ་ནམ་ཡང་མི་སྐྱེ་བར༴ རྟག་ཏུ་དལ་འབྱོར་གྱི་རྟེན་ཤ་སྟག་ཐོབ་ཅིང་མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་རྒྱན་དང་མི་འབྲལ་བར༴ རྟག་ཏུའང་རྒྱལ་བའི་བསྟན་པ་ལ་རབ་ཏུ་འབྱུང་ཞིང་ཐོས་པ་དང་བསམ་པ་དང་བསྒོམ་པ་རྣམ་པར་དག་པ་བསྒྲུབ་པའི་རྟེན་ཤ་སྟག་ཐོབ་པར༴ རྟེན་དེ་རྣམས་སུའང་རང་དང་གཞན་གྱི་དོན་བྱེད་པ་ལ་མཐུན་པའི་རྐྱེན་གཟུངས་སྤོབས་མངོན་ཤེས་རྫུ་འཕྲུལ་སོགས་ཀྱི་ཡོན་ཏན་ཁྱད་པར་ཅན་ཐོབ་པ་དང་མི་འབྲལ་བར༴ གཞན་ཡང་དགེ་འདུན་གྱི་སྡེ་རྣམས་མཆོད་ཅིང་བསྙེན་བཀུར་བའི་བསྟན་པའི་སྦྱིན་བདག་སྤྱི་དང་། སྦྱིན་པའི་བདག་པོ་མིང་འདི་ཞེས་བགྱི་བ་ལ་སོགས་པའི་སྐྱ་སེར་ཐམས་ཅད་ཀྱི་ནད་གནོད་པ་རྐྱེན་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་བར༴ ཚེ་རིང་ནད་མེད་འབྱོར་པ་ལ་སོགས་པའི་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཇི་ལྟར་བསམ་པ་ཙམ་གྱིས་འབད་མེད་ལྷུན་འགྲུབ་ཏུ་འབྱུང་བར༴ དེ་དག་ལ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་བཀའ་བསྒོས་གཉེར་དུ་གཏད་པའི་སྲུང་མའི་དབང་པོ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ལ་སོགས་པ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་སྐད་ཅིག་ཀྱང་གཡེལ་བ་མེད་པར་གྲོགས་མཛད་པར༴ འཇིག་རྟེན་གྱི་ཁམས་རྣམས་སུ་ལྷ་ཀླུ་རྣམས་ཀྱིས་ཆར་ཆུ་དུས་སུ་འབེབས་ཤིང་ལོ་ཕྱུགས་རྣམས་རྟག་ཏུ་ལེགས་པར ༴ མི་ནད་དང་ཕྱུགས་ནད་ལ་སོགས་པའི་མི་འདོད་པའི་ཉེར་འཚེ་ཀུན་དང་བཀྲ་མི་ཤིས་པ་དང་མཚན་པ་ངན་པའི་ཕྱོགས་སུ་གྱུར་པ་ཐམས་ཅད་ཉེ་བར༴ ཡུལ་ཕྱོགས་འདི་དང་དགོན་གནས་གཙུག་ལག་ཁང་རྣམས་སྲུང་ཞིང་སྐྱོང་པར་བྱེད་པའི་གཞི་བ དག་དཀར་ཕྱོགས་ལ་དགའ་བ་རྣམས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར༴ ནག་ཕྱོགས་པ་རྣམས་ཀྱི་བསམ་པ་ངན་པ་དང་སྦྱོར་བ་ལོག་པ་རྣམས་ཉེ་བར་ཞི་བར༴ མདོར་ན་བདག་སོགས་རྣམས་ཀྱི་མི་འཕྲོག་པའི་དད་པ་དང་མོས་པའི་མཐུ་ལས་ཇི་ལྟར་སྨོན་པའི་དོན་ཐམས་ཅད་ལྷུན་གྱིས་འགྲུབ་པར་འགྱུར་ཅིག །སངས་རྒྱས་སྐུ་གསུམ་བརྙེས་བའི་བྱིན་རླབས་དང་། །ཞེས་སོགས་བརྗོད་དོ། །༈ གསུམ་པ་བསྡུས་པ་ནི། བསྔོ་སྨོན་གྱི་རྒྱས་འདེབས་གནང་བར་ཞུ། ཕྱོགས་བཅུའི་ཞིང་གྲངས་མེད་པ་ན་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱིས་དམིགས་ཡུལ་གྱི་ཐོག་དྲངས་མར་གྱུར་པའི་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། སྦྱིན་པའི་བདག་པོས་ཞིང་དང་བསམ་པ་དང་དངོས་པོ་རྣམ་པར་དག་པ་གསུམ་གྱིས་བསྐྲུན་པའི་དགེ་བའི་རྩ་བ་འདིས་མཚོན་བྱེད་དུ་བྱས་པའི་རྣམ་དཀར་གྱི་ཕུང་པོ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་སྤྱི་དང་མཉམ་མེད་ཙོང་ཁ་པ་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར༴ བསྟན་པའི་རྩ་ལག་གོང་མ་ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་པའི་ཚུལ་བསྟན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱི་དང་། ཁྱད་པར་དུའང་སྟོན་པ་བླ་ན་མེད་པ་སྟོབས་བཅུ་མངའ་བ་དེ་ཉིད་ཀྱི་ཐོག་མར་མཛད། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལ་སོགས་འཕགས་ཡུལ་གྱི་པཎ་གྲུབ་རིམ་པར་བྱོན་པ་རྣམས་དང་། དབང་ཕྱུག་བརྒྱད་ལྡན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔ ལ་ཡབ་སྲས་ལ་སོགས་པ་གངས་ཅན་གྱི་ལྗོངས་འདིར་སྔ་ཕྱིར་རིམ་པར་བྱོན་ནས་སྐུ་གཤེགས་པའི་ཚུལ་བསྟན་པ་རྣམས་ཀྱི་ཐུགས་ཟག་མེད་ཀྱི་དགོངས་པ་ཁྱད་པར་ཅན་ཡོངས་སུ་རྫོགས་པར༴ ད་ལྟའི་དུས་སུ་བསྟན་པའི་དཔལ་མགོན་དུ་ཞལ་བཞུགས་པའི་སྐྱེས་བུ་དམ་པ་སྤྱི་དང་། གངས་ཅན་འགྲོ་བའི་མགོན་པོ་སྦྲུལ་པའི་སྐུ་སྐལ་བཟང་རྒྱ་མཚོའི་ཞལ་སྔ་ནས་ལ་སོགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་སྲིད་མཐའི་བར་དུ་བརྟན་ཅིང་། རྣམ་དཀར་གྱི་འཕྲིན་ལས་རྒྱ་ཆེན་པོ་ཕྱོགས་བཅུར་རྒྱས་པར༴ ཕྱོགས་བཅུའི་འདུས་པའི་སྡེ་རྣམས་སུ་དགེ་འདུན་རྣམས་བསླབས་པ་གསུམ་གྱི་ཉམས་ལེན་དང་། སྡེ་སྣོད་གསུམ་གྱི་འཆད་ཉན་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་བར་བྱེད་པའི་བཤད་སྒྲུབ་ཀྱི་བྱ་བ་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར༴ སྐྱབས་བཟང་པོ་དེ་རྣམས་ཀྱི་མཐུ་དང་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་ལ་བརྟེན་ནས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་སོང་ཞིང་ཚེ་ལས་འདས་པ་ཇི་སྙེད་ཡོད་པ་དང་། ཁྱད་པར་དུ་ཚེ་འདས་མིང་འདི་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས་མྱུར་དུ་མངོོན་པར་རྫོགས་པར་འཚང་རྒྱ་བར༴ ཚེ་ལས་འདས་པ་དེ་ཉིད་ཀྱིས་སྐྱེ་འཆི་བར་དོ་གསུམ་ལ་དེ་དག་ཏུ་ངོ་ཤེས་ནས་རྒྱལ་བའི་སྐུ་གསུམ་གྱི་སྐུར་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར༴ སངས་མ་རྒྱས་པའི་སྐྱེ་བོ་ཐམས་ཅད་དུའང་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སྐྱེ་གནས་དམན་པ་རྣམས་སུ་དུས་སྐད་ཅིག་ཙམ་ཡང་མི་སྐྱེ་བར། སྐྱེ་བ་དང་ཚེ་རབས་ཀུན་དུའང་དལ་འབྱོར་གྱི་རྟེན་རྣམ་པར་དག་པ་ཐོབ་ཅིང་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཐོས་བསམ་སྒོམས་པས་མདོ་སྔགས་ཀྱི་ཆོས་ཚུལ་ཀུན་ལ་ཉམས་ལེན་སྙིང་པོར་བྱེད་ནུས་པའི་སྐལ་བ་དང་ལྡན་པར་༴ དེ་ལྟར་ཉམས་སུ་བླངས་པ་ལ་བརྟེན་ནས་རྒྱལ་སྲས་ཀྱི་སྦྱོད་པ་མཐའ་དག་ལ་སློབ་པ་མཐར་ཕྱིན་པར་བྱས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་གྱུར༴ གཞན་ཡང་བསྟན་པའི་སྦྱིན་བདག་སྤྱི་དང་། སྦྱིན་བདག་འདི་དང་འདི་ཞེས་བགྱི་བ་ལ་སོགས་པ་རྣམས་ཀྱི་ཕྱི་ནང་གི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར༴ མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་ལ་སོགས་པའི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིག་རྒྱས་པར༴ སྦྱིན་པའི་བདག་པོ་དེ་དག་ལ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་དུས་སྐད་ཅིག་ཀྱང་གཡེལ་བ་མེད་པར་གྲོགས་མཛད་པར་གྱུར༴ འཇིག་རྟེན་གྱི་ཁམས་རྣམས་སུའང་ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྣམས་རྟག་ཏུ་ལེགས་པར༴ མི་ནད་ཕྱུགས་ནད་དུས་ཀྱི་འཁྲུགས་པ་ལ་སོགས་པ་མི་འདོད་པའི་ཉེར་འཚེ་ཐམས་ཅད་ཉེ་བར་ཞི་བར ༴ མདོར་ན་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་ཤིང་རང་དང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་བསམ་དོན་རྣམས་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །ཞེས་སོགས་དང་། ཕྱག་འཚལ་བ་དང་ཞེས་སོགས་བརྗོད་པར་བྱའོ། །རྣམ་ཀུན་མཁྱེན་གཟིགས་ཐུབ་པའི་དབང་པོ་དེས། །རྣམ་མང་དགེ་བའི་ཆ་ཤས་ཅུང་ཟད་ཀྱང་། །རྣམ་གྲོལ་རིན་ཆེན་འབྱུང་གནས་ཆེར་བསྔོས་པས། །རྣམ་པ་ཀུན་ཏུ་འཛད་པ་མེད་ཅེས་གསུངས། །དེ་ཕྱིར་དེ་ལྟར་སྨོན་པའི་ཚུལ་འདི་ཉིད། །ཆེ་བས་ཆེ་བའི་བཀའ་ཡིས་བསྐུལ་བ་དང་། །མཁས་འདོད་མཁས་རློམ་བཤད་སྒྲུབ་མིང་ཅན་གྱིས། །དོན་ལྡན་དོན་འབྲེལ་ཚུལ་དུ་སྨྲས་སམ་སྙམ། །ཞེས་པ་འདི་ནི་སྔ་མོ་ནས་ཀོའུ་ཤྲཱི་ཡེས་ཀྱིས་བསྐུལ་བ་ལྟར་བྲིས་པ་ལས་ཕྱིས་དཀའ་རམ་གསར་བུ་འགའ་ཞིག་ལ་ཕན་སྲིད་སྙམ་ནས་པར་དུ་བསྒྲུབས་སོ། །པར་གྱི་ཡི་གེ་པ་ནི་དཀའ་བཅུ་བློ་བཟང་དབང་ཕྱུག་གོ །པར་ཤིང་བརྐོས་མི་དགེ་འདུན་ཚེ་རིང་།། །།མངྒ་ལཾ། །

ཐེག་པ་མཆོག་གི་ལམ་གྱི་རིམ་པ་དང་མཐུན་པར་བརྗོད་པའི་སྨོན་ལམ་བྱང་ཆུབ་བགྲོད་པའི་ཐེམ་སྐས།

ཐེག་པ་མཆོག་གི་ལམ་གྱི་རིམ་པ་དང་མཐུན་པར་བརྗོད་པའི་སྨོན་ལམ་བྱང་ཆུབ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས།

འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་བླ་མ་མཆོག་གསུམ་དང་། །ཡི་དམ་རྒྱལ་བ་སྲས་བཅས་ཉན་རང་འཕགས། །དཔའ་བོ་མཁའ་འགྲོ་བསྟན་སྲུང་ཚོགས་དང་བཅས། །འདིར་གཤེགས་སྨོན་པ་འགྲུབ་པའི་དབང་པོ་མཛོད། །ཕྱག་འཚལ་མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །མྱང་ངན་མི་འདའ་བཞུགས་གསོལ་དགེ་བ་རྣམས། །འགྲོ་བའི་དོན་དུ་སངས་རྒྱས་ཐོབ་ཕྱིར་བསྔོ། །དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱི་དགེ་ཚོགས་རྣམས་ཕྱོགས་གཅིག་ཏུ་བསྡོམ་པའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་ཡང་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སྐྱེ་གནས་དམན་པ་རྣམས་སུ་ནམ་ཡང་སྐྱེ་བར་མ་གྱུར་ཅིག །ཁྱད་པར་དུ་ཡང་། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། དུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་དང་བཅས་པའི་ཚ་བའི་དམྱལ་བ་རྣམས་སུ་ནམ་ཡང་སྐྱེ་བར་མ་གྱུར་ཅིག །ཆུ་བུར་ཅན་དང་། ཆུ་བུར་བརྡོལ་བ་དང་། སོ་ཐམ་ཐམ་པ་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་དང་བཅས་པའི་གྲང་བའི་དམྱལ་བ་རྣམས་སུ་ནམ་ཡང་སྐྱེ་བར་མ་གྱུར་ཅིག །མེ་དམར་མུར་གྱི་འོབས་དང་། རོ་མྱགས་ཀྱི་འདམ་དང་། རལ་གྲིའི་ལོ་མའི་ནགས་ཚལ་དང་། ཆུ་བོ་རབ་མེད་དང་། ཤལ་མ་ལིའི་སྡོང་པོ་ལ་སོགས་པའི་ཉེ་འཁོར་ཉེ་ཚེ་བའི་དམྱལ་བ་རྣམས་སུ་ནམ་ཡང་སྐྱེ་བར་མ་གྱུར་ཅིག །དམྱལ་བར་སྐྱེས་ཟིན་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་དམྱལ་བའི་སྡུག་བསྔལ་ལས་ཐར་པར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། མེ་ལྕེའི་འཕྲེང་བ་ཅན་དང་། མི་གཙང་བ་ཟ་བ་དང་། རང་ཤ་བཅད་ཅིང་ཟ་བ་ལ་སོགས་པའི་ཡི་དྭགས་ཀྱི་གནས་རྣམས་སུ་ནམ་ཡང་སྐྱེ་བར་མ་གྱུར་ཅིག །ཡི་དྭགས་ཀྱི་སུ་སྐྱེས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་ཡི་དྭགས་ཀྱི་སྐྱེ་གནས་ལས་ཐར་བར་འགྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་བདུད་དང་གནོད་སྦྱིན་དང་གཤིན་རྗེ་དང་སྲིན་པོ་དང་ཤ་ཟ་དང་འབྱུང་པོ་ལ་སོགས་པའི་མི་མ་ཡིན་རྣམས་སུ་ནམ་ཡང་སྐྱེ་བར་མ་གྱུར་ཅིག །ཀླུའི་རིགས་དང་སེངྒེ་དང་སྟག་དང་དོམ་དྲེད་དང་འཕར་སྤྱང་དང་གླང་པོ་ཆེ་དང་རྟ་དང་མ་ཧེ་དང་བ་ལང་དང་རྔ་མོང་དང་བོང་བུ་དང་ར་ལུག་དང་ཕག་དང་བྱ་ཁྱི་དང་བྱི་བ་དང་སྡིག་སྦྲུལ་དང་ཉ་དང་འབུ་སྲིན་ལ་སོགས་པའི་དུད་འགྲོའི་སྐྱེ་གནས་རྣམས་སུ་ནམ་ཡང་སྐྱེ་བར་མ་གྱུར་ཅིག །མི་མ་ཡིན་དང་དུད་འགྲོར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་སྐྱེ་གནས་དེ་དག་ལས་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་རྟག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །མི་ཁོམ་པ་བརྒྱད་ཀྱི་གནས་སུ་ནམ་ཡང་མི་སྐྱེ་ཞིང་། རྟག་ཏུ་དམ་པའི་ཆོས་ཚུལ་སྒྲུབ་ནུས་པའི་ལྷ་མིའི་རྟེན་ཁྱད་པར་ཅན་ཐོབ་པར་གྱུར་ཅིག །རྟག་ཏུ་དལ་འབྱོར་ཚང་བའི་མིའི་ལུས་རྣམ་པར་དག་པ་བར་མ་ཆད་དུ་ཐོབ་ཅིང་ཚེ་རབས་དྲན་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་བསླབ་གསུམ་རྣམ་པར་དག་པ་དང་ལྡན་པའི་རབ་བྱུང་གི་རྟེན་ཤ་སྟག་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་ལས་ཐར་བར་འདོད་པའི་ཐར་པ་དོན་གཉེར་ཀྱི་བློ་རྩོལ་མེད་དུ་སྐྱེ་བར་གྱུར་ཅིག །མིར་སྐྱེས་ཀྱང་ཡོ་བྱད་ཀྱིས་ཕོངས་ཞིང་དབུལ་བའི་སྡུག་བསྔལ་ལས་ཐར་བར་གྱུར་ཅིག །ཚ་གྲང་དང་བཀྲེས་སྐོམ་དང་ནད་སྣ་ཚོགས་དང་གདོན་སྣ་ཚོགས་ཀྱིས་གཟིར་བ་ལས་ཐར་བར་གྱུར་ཅིག །བཀྲ་མི་ཤིས་པ་དང་འཐབ་རྩོད་དང་ནོར་ཕྱུག་དང་ལོ་ཉེས་པ་དང་མེ་ཆུ་ལ་སོགས་པའི་འཇིགས་པ་ཆེན་པོ་བརྒྱད་ལས་ཐར་བར་གྱུར་ཅིག །སྡུག་བསྔལ་གྱི་སྡུག་བསྔལ་སོགས་སྡུག་བསྔལ་གསུམ་དང་། དགྲ་གཉེན་ངེས་མེད་ལ་སོགས་པའི་སྡུག་བསྔལ་དྲུག་དང་། སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་བརྒྱད་ལས་ཐར་བར་གྱུར་ཅིག །འཁོར་བར་སྐྱེ་བའི་རྒྱུ་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་དང་རྩ་བ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་དེས་བསགས་པའི་ལས་ཀྱི་ཀུན་འབྱུང་གི་བདེན་པ་རྣམས་ལས་ཐར་བར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱང་ལྷ་མིན་གྱི་འཇིག་རྟེན་དུ་མི་སྐྱེ་ཞིང་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་ལས་ཐར་བར་གྱུར་ཅིག །ལྷའི་གནས་སུ་སྐྱེས་ཀྱང་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ལས་ཐར་བར་གྱུར་ཅིག །མདོར་ན་ཁམས་གསུམ་འཁོར་བ་ན་སྡུག་བསྔལ་གྱི་རིགས་ཇི་སྙེད་ཅིག་འཆིས་པའི་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཐར་ནས་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་གྱུར་ཅིག །བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སེམས་ཅན་མཐའ་དག་ལ་དམིགས་པའི་བྱམས་པ་དང་སྙིང་རྗེ་ཆེན་པོ་རྒྱུན་མི་ཆད་དུ་སྐྱེ་བར་གྱུར་ཅིག །སྙིང་རྗེས་ཀུན་ནས་བསླངས་ཏེ་རང་གཞན་གྱི་དོན་དུ་དམིགས་ནས་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཅིག །སེམས་བསྐྱེད་ནས་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ནུས་པར་གྱུར་ཅིག །ཆོས་དང་ཟང་ཟིང་གི་དངོས་པོ་གཞན་ལ་གཏོང་བའི་སྒོ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་གྱི་སྒོ་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་རྫོགས་པར་གྱུར་ཅིག །གནོད་པ་ལ་ཇི་སྙམ་པ་དང་། སྡུག་བསྔལ་དང་ལེན་དང་། ཆོས་ལ་ངེས་སེམས་ཀྱི་བཟོད་པའི་སྒོ་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག །གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱི་སྒོ་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟ་བ་དང་ཇི་སྙེད་པ་ལ་དམིགས་པའི་ཞི་གནས་ཀྱི་སྒོ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག །ཀུན་རྫོབ་དང་དོན་དམ་པའི་ཆོས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་ཤེས་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག །སྦྱིན་པ་དང་ཚིག་སྙན་པ་དང་དོན་མཐུན་པ་དང་དོན་སྤྱོད་པའི་བསྡུ་བ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག །རང་ཉིད་སྡུག་བསྔལ་བར་གྱུར་ཀྱང་སླ་ཡི། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འདོད་པའི་གཞན་ཕན་གྱི་བློ་ནམ་ཡང་འདོར་བར་མ་གྱུར་ཅིག །གྲངས་མེད་པའི་ཞིང་རྣམས་སུ་སྣ་ཚོགས་པའི་སྤྲུལ་པའི་རྣམ་རོལ་གྱིས་སེམས་ཅན་མཆོག་དམན་མཐའ་དག་དང་ཁྱད་པར་དུ་མ་དག་པའི་ཞིང་གི་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་ལ་འཕགས་པ་རིགས་གསུམ་གྱི་མགོན་པོ་ཅི་འདྲ་བར་དེ་འདྲ་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨོན་ལམ་ཇི་ལྟ་མཛད་པ་དེ་འདྲ་བའི་སྨོན་ལམ་རླབས་པོ་ཆེ་མ་ལུས་པ་འགྲུབ་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་རྒྱལ་བ་ཀུན་གྱི་མདོ་སྔགས་ཀྱི་དམ་པའི་ཆོས་མ་ལུས་པར་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་འཛིན་པ་ལ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ལྟ་བུར་གྱུར་ཅིག །བདག་ཅག་ལ་སོགས་སེམས་ཅན་ཐམས་ཅད་འཆི་བའི་དུས་ཀྱི་ཚེ་རྒྱལ་བ་འོད་དཔག་ཏུ་མེད་པ་དང་མི་འཁྲུགས་པ་དང་སྨན་གྱི་བླ་མ་དང་ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པ་སངས་རྒྱས་བྱང་སེམས་ཀྱི་ཞལ་མངོན་སུམ་དུ་མཐོང་ནས་ལམ་སྣ་མཛད་པར་གྱུར་ཅིག །ཤི་འཕོས་ནས་དགའ་ལྡན་དང་མངོན་དགའ་འམ་བདེ་བ་ཅན་ལ་སོགས་པའི་དག་པའི་ཞིང་རྣམ་པར་དག་པ་ཉིད་དུ་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོ་ཤ་སྟག་ཏུ་པདྨ་ལས་བརྫུས་ཏེ་སྐྱེ་བར་གྱུར་ཅིག །དེར་སྐྱེས་མ་ཐག་ཏུ་ཏིང་ངེ་འཛིན་དང་གཟུངས་དང་སྤོབས་པ་དང་མངོན་པར་ཤེས་པ་དང་རྫུ་འཕྲུལ་མཆོག་གི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག །དག་པའི་ཞིང་དུ་སྐྱེས་ནས་རང་དབང་ཐོབ་པ་ན་མ་དག་པའི་ཞིང་དུ་ཕྱིན་ནས་དེའི་སེམས་ཅན་རྣམས་གང་ལ་གང་འཚམས་ཀྱི་ཆོས་སྟོན་པ་ལ་སོགས་པའི་ཐབས་ཚུལ་སྣ་ཚོགས་པའི་སྒོ་ནས་རྒྱལ་བའི་ལམ་བཟང་རྣམ་པར་དག་པ་ལ་འགོད་ནུས་པར་གྱུར་ཅིག །བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་ཚེ་བྱ་དཀའ་བའི་སྤྱོད་པ་མཐའ་དག་ལ་ནམ་ཡང་མི་ཞུམ་ཞིང་སྒྱིད་ལུགས་པ་མེད་པར་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་གྱིས་དགྱེས་བཞིན་དུ་རྗེས་སུ་འཛིན་པ་དང་མི་འབྲལ་བར་གྱུར་ཅིག །རྗེས་སུ་བཟུང་ནས་ཀྱང་དེས་བསྟན་པའི་མདོ་སྔགས་ཀྱི་དམ་པའི་ཆོས་མཐའ་དག་གི་དོན་ཁོང་དུ་ཆུད་ནས་དོན་ཉམས་སུ་ལེན་ཅིང་། ཁྱད་པར་དུ་ཡང་རྡོ་རྗེ་ཐེག་པའི་རིམ་གཉིས་ཀྱི་ཟབ་ལམ་ཉམས་སུ་ལེན་པ་དང་མི་འབྲལ་བར་གྱུར་ཅིག །དེ་ལྟར་མདོ་སྔགས་ཀྱི་ཟབ་དོན་ཀུན་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་ཉམས་སུ་བླངས་ནས་མར་གྱུར་འགྲོ་བ་ཐམས་ཅད་ཀྱི་དོན་དུ་རྒྱལ་བའི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །བདག་གང་དུ་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེར་ངན་སོང་གསུམ་གྱི་མིང་ཡང་མི་གྲགས་ཤིང་རྣམ་པར་དག་པ་དང་སྣོད་བ ཅུད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པའི་སྒོ་ནས་དག་པའི་ཞིང་གཞན་དུ་མ་ལས་ཁྱད་པར་དུ་འཕགས་པ་རྗེ་བཙུན་འཇམ་དབྱངས་སངས་རྒྱས་པའི་རྒྱལ་བ་ཀུན་གཟིགས་ཀྱི་ཞིང་དེ་ལྟ་བུར་གྱུར་ཅིག །རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་རྣམས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག། །།ཅེས་ཐེག་པ་མཆོག་གི་ལམ་གྱི་རིམ་པ་དང་མཐུན་པར་བརྗོད་པའི་སྨོན་ལམ་བྱང་ཆུབ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི། དད་དང་བློ་གྲོས་ལྡན་པ་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་ཀྱིས་རང་གཞན་ལ་ཕན་པའི་ཆེད་དུ་བསྐུལ་བའི་ངོ་བོར། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིན་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། པར་གྱི་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་དོ། །མངྒ་ལཾ།།

བདེ་བ་ཅན་གྱི་ཞིང་གི་སྒོ་འབྱེད་སྨོན་ལམ།

བདེ་བ་ཅན་གྱི་ཞིང་གི་སྒོ་འབྱེད་སྨོན་ལམ་བཞུགས།

ན་མོ་ཨཱརྱ་ས་མནྷ་བྷ་དྲ་ཡེ། བླ་མ་མཆོག་གསུམ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་ཉན་རང་འཕགས། །དྲང་སྲོང་བདེན་ཚིག་གྲུབ་རྣམས་ཀྱིས། །སྨོན་ལམ་འགྲུབ་པའི་དཔང་པོ་མཛོད། །བདག་ནི་སྐྱེ་ཞིང་སྐྱེ་བ་རུ། །ངན་འགྲོར་ནམ་ཡང་མི་ལྟུང་ཞིང་། །རྟག་ཏུ་དལ་འབྱོར་ཚང་བ་ཡི། །ལུས་རྟེན་ཁྱད་འཕགས་ཐོབ་གྱུར་ཅིག །སྐྱེས་མ་ཐག་ནས་སྲིད་འབྱོར་ལ། །མ་ཆགས་ངེས་འབྱུང་བསམ་པ་ཡིས། །རབ་བྱུང་ཐར་པ་དོན་གཉེར་བའི། །རྟེན་བཟང་རྣམ་དག་རྙེད་གྱུར་ཅིག །གང་དུ་སྐྱེས་ཀྱང་རིགས་གཟུགས་འབྱོར། །དབང་ཕྱུག་ཤེས་རབ་ཚེ་རིང་ཞིང་། །ནད་མེད་བདེ་བ་མཐོ་རིས་ཀྱི། །ཡོན་ཏན་བདུན་དང་ལྡན་གྱུར་ཅིག །རྟག་ཏུ་དད་དང་ཐོས་པ་དང་། ཁྲེལ་ཡོད་ངོ་ཚ་ཤེས་པ་དང་། །གཏོང་དང་ཚུལ་ཁྲིམས་བློ་གྲོས་ཀྱི། །འཕགས་ནོར་བདུན་དང་ལྡན་པར་ཤོག །བྱམས་དང་སྙིང་རྗེ་ཆེན་པོ་ཡིས། །ཡིད་དྲངས་བྱང་ཆུབ་སེམས་བསྐྱེད་དེ། །ཕྱིན་དྲུག་བསྡུ་བ་བཞི་ལ་སོགས། །རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ཤོག །བདག་ནི་ནམ་ཞིག་འཆི་འཕོའི་ཚེ། །འོད་དཔག་མེད་མགོན་འཁོར་བཅས་ཀྱི། །ཞལ་མཐོང་ཚུར་ཤོག་བདེ་ལྡན་དུ། །འདོང་ཞེས་གསུང་གིས་དབུགས་དབྱུང་ཤོག །དེ་ཚེ་སྟོན་པ་འཁོར་བཅས་ཀྱི། །རྫུ་འཕྲུལ་མཐུ་རྗེ་ལ་བརྟེན་ནས། །སྐར་མདའ་འཕངས་ལྟར་ཐོག་མེད་དུ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཞིང་དེར་པདྨའི་སྦུབས་ཉིད་དུ། །བརྫུས་ཏེ་སྐྱེས་ནས་དེ་མ་ཐག །མྱུར་ཐོན་རྒྱལ་བ་འཁོར་བཅས་རྣམས། །མཐོང་ནས་ཆོས་ཉན་མཆོད་པར་ཤོག །དག་པའི་ཞིང་དུ་སྐྱེས་གྱུར་ནས། །སྙིང་རྗེས་མ་དག་ཞིང་རྣམས་སུ། །བསམ་བཞིན་སྐྱེ་བཟུང་འགྲོ་འདྲེན་པར། །སྤྱན་རས་གཟིགས་དབང་ལྟར་གྱུར་ཅིག །རྒྱལ་བ་ཚེ་དཔག་མེད་ཉིད་ཀྱིས། །ཚེ་རབས་ཀུན་ཏུ་རྗེས་འཛིན་ཅིང་། །འཆི་མེད་རིག་འཛིན་སྩོལ་བ་དང་། །སྒྲིབ་བྱང་སངས་རྒྱས་ཉིད་གྱུར་ཅིག །རྒྱལ་བ་སྲས་བཅས་བྱིན་རླབས་དང་། །རྟེན་འབྲེལ་མི་བསླུའི་བདེན་སྟོབས་ཀྱིས། །ཇི་ལྟར་སྨོན་པའི་དོན་ཐམས་ཅད། །རེ་བ་བཞིན་དུ་འགྲུབ་གྱུར་ཅིག། །།ཅེས་པའི་སྨོན་ལམ་མདོར་བསྡུས་འདི་ཡང་། བློ་བཟང་དོན་གྲུབ་ཀྱི་སླར་བསྐུལ་བ་ལྟར་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བ་སྟེ། འདི་དང་སྔ་མ་གཉིས་ཀྱི་པར་ཡིག་པ་དང་པར་དུ་བརྐོ་བ་པོ་ཡང་བསྐུལ་བ་པོ་ཉིད་དོ། །མངྒ་ལཾ། །

སྤྱོད་རྒྱུད་སོགས་ནས་བཤད་པའི་དཔལ་མགོན་དོན་ལྔ་ལ་མཆོད་ཅིང་འཕྲིན་ལས་བཅོལ་ཚུལ་འཇུག་བདེ།

སྤྱོད་རྒྱུད་སོགས་ནས་བཤད་པའི་དཔལ་མགོན་དོན་ལྔ་ལ་མཆོད་ཅིང་འཕྲིན་ལས་བཅོལ་ཚུལ་འཇུག་བདེ་བཞུགས།

བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདིར་དཔལ་མགོན་དོན་ལྔ་ལ་མཆོད་ཅིང་འཕྲིན་ལས་བཅོལ་ཚུལ་འཇུག་པ་བདེ་བ་ཞིག་བཤད་པར་བྱ་སྟེ། བདེ་དགྱེས་སྤྱོད་རྒྱུད་སོགས་དང་། དེ་དག་གི་དགོངས་འགྲེལ་གྱི་རྒྱ་བོད་ཀྱི་གཞུང་དུ་མ་ལས་རང་གཞན་གྱི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པའི་ཆེད་དུ། དཔལ་མགོན་དོན་ལྔ་པོ་ཐམས་ཅད་དང་། དེ་དག་ལས་སྡེ་ཚན་ཅི་རིགས་བླངས་ནས་མཆོད་ཅིང་འཕྲིན་ལས་བཅོལ་ཚུལ་བཤད་པ་མང་ཞིང་། ད་ལྟ་གསང་བ དེ་འཇིགས་གསུམ་དང་ཀུན་རིག་སོགས་ཀྱི་ཆོ་གའི་སྔོན་འགྲོར་ཕྱོགས་སྐྱོང་ལ་མཆོད་གཏོར་བྱ་ཚུལ་དང་། གདུགས་དཀར་བཟློག་ཆེན་དང་སྣང་བརྒྱད་དང་། ཆ་གསུམ་གྱི་ཆོ་གར་ཡང་འདི་དག་ལ་མཆོད་གཏོར་དང་འཕྲིན་ལས་བཅོལ་ཚུལ་བཤད་པ་ལྟར་ཏེ། ཕྱག་ལེན་བྱེད་ཚུལ་ལ་མི་འདྲ་བར་འགའ་རེ་སྣང་ཡང་འདིར་ཕྱོགས་གཅིག་ཏུ་བྱས་ནས་མཆོད་ཚུལ་གྱི་དབང་དུ་བྱས་ན། ཕོ་བྲང་གྲུ་བཞི་སྒོ་བཞིའི་པའི་དབུས་ནས་ལྟེ་བའི་མཐར་ཟླུམ་སྐོར་རིམ་པ་བདུན་བྱས་པའི་དང་པོ་ལ་པད་འདབ་བཞི། གཉིས་པ་ལ་བཅུའམ་བརྒྱད། གསུམ་པ། བཞི་པ། ལྔ་པ་རྣམས་བརྒྱད་རེ། དྲུག་པ་ལ་ཉེར་བརྒྱད་དམ་བཞི། བདུན་པ་དགུའམ་བརྒྱད་བྱ་ཞིང་། པདྨ་མ་གྲུབ་ན་ཐམས་ཅད་ལ་ཐིག་ལེ་རེ་བྱས་ཏེ་མདུན་དུ་སྟེགས་ཀྱི་ཁར་བཞག་ནས་ཚོམ་བུ་དགོད། ཤིན་ཏུ་བསྡུས་ན་གཙོ་བོའི་གནས་སུ་ཐིག་ལེ་དང་ཚོམ་བུ་དགོད་ཅིང་། གནས་གཞན་རྣམས་སུ་གྲོ་ནས་སོགས་ཀྱི་མེ་ཏོག་བཀྲམ། དབུས་སུ་ཕྱག་རྡོར་གྱི་ཙག་ལི་ཡོད་ན་ལེགས་ཤིང་། མཐར་དར་ཤོག་སོགས་ཀྱི་ཡོལ་བ་དང་། འཕན་དར་སོགས་ཀྱི་རྣམ་པ་བྱ། མདུན་ནམ་མཐར་ཉེར་སྤྱོད་སོགས་ཀྱི་མཆོད་པ་དང་། ཟླུམ་གཏོར་ལྟོ་བ་ཅུང་ཟད་ལྡིར་བ་རྒྱན་དང་ལྡན་པའི་མཐར་གཏོར་ཕྲན་བདུན་བརྒྱད་སོགས་མཐེབ་ཀྱུ་རིལ་བུ་དང་བཅས་པ་དང་། འབྲུ་སྣ། དྲི་སྨན། ཟས་སྣ། ཤིང་ཏོག །དཀར་གསུམ། མངར་གསུམ། འབྲས་ཆན། དར་ཚོན། རིན་པོ་ཆེ་སོགས་ཅི་འབྱོར་བཤམས་ལ། སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་དུ་བཏང་ནས་བདག་བསྐྱེད་ནི། ༀ་སྭ་བྷཱ་ཝས་སྟོང་བར་སྦྱངས། །སྟོང་པའི་ངང་ལས་བཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ཕྱག་ན་རྡོ་རྗེ་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། སྤྲུལ་དང་རིན་པོ་ཆེས་བརྒྱན་ཅིང་དར་སྔོན་པོའི་སྟོད་གཡོགས་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་སྤྱི་བོོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དཔལ་གསང་བའི་བདག་པོ་ཡེ་ཤེས་པ་སྤྱན་དྲངས། ཨེ་ཧྱ་ཧི། ཛ་ཧཱུཾ་བཾ་ཧོ། གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་ༀ་སརྦ་ཏ་ཐཱ་ག་ཏ་ནས། ཤྲཱིཿཡེ་ཧཱུཾ། ཞེས་གསུངས་ཤིང་སྤྱི་བོ་ནས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷ་གམ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསངས་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས། མཆོད་ཡོོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ། གིས་བར་གྱིས་བྱིན་བརླབས་བྱས་ལ། ༀ་བཛྲ་པཱ་ཎི་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད་དེ། ལྕང་ལོ་ཅན་གྱི་གནས་མཆོག་ཞེས་སོགས་ཀྱིས་བསྟོད་ལ། ༀ་བཛྲ་པཱ་ཎི་ཧཱུཾ། ཞེས་པའམ། ༀ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཞེས་པ་ཅི་འགྲུབ་བཟླས་ནས་ཡིག་བརྒྱ་བརྗོད་དེ་མཆོག་བསྟོད་བྱའོ། ། ༈ དེ་ནས་མདུན་བསྐྱེད་ནི། སྒྲུབ་གཞི་ལ་དམིགས་ཏེ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་ཕོ་བྲང་གྲུ་བཞི། སྒོ་བཞི་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་ནང་གི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་དཔལ་ཕྱག་ན་རྡོ་རྗེ་གཡས་གསེར་གྱི་རྡོ་རྗེ་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བསྟེན་པ། སྤྱན་གསུམ་པ། དར་སྔོན་པོའི་སྟོད་གཡོགས་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། དེའི་ཤར་དུ་ཡུལ་འཁོར་སྲུང་དཀར་པོ་པི་ཝང་། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་ཏུ་མི་མིག་བཟང་དམར་པོ་སྦྲུལ་ཞགས། བྱང་དུ་རྣམ་ཐོས་སྲས་སེར་པོ་བེ་ཅོན་དང་ནེའུ་ལེ་འཛིན་པ། དེའི་ཕྱི་རོལ་ཀྱི་ཤར་དུ་བརྒྱ་བྱིན་དཀར་པོ་གླང་པོ་ཆེ་ལ་ཞོན་པ་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ། ལྷོར་གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ་གཡས་དབྱུག་པ་དང་གཡོན་སྡིགས་མཛུབ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་གཡས་སྦྲུལ་ཞགས་དང་གཡོན་པདྨ། བྱང་དུ་གནོད་སྦྱིན་སེར་པོ་མི་ལ༴ གཡས་བི་ཛི་པཱུ་ར་ཀ་དང་གཡོན་ནེའུ་ལེ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ༴ བགྲང་འཕྲེང་དང་སྤྱི་བླུག །ལྷོ་ནུབ་ཏུ་སྲིན་པོ་ནག་པོ་རོ་ལངས་ལ་ཞོན་པ། རལ་གྲི་དང་ཐོད་པ། ནུབ་བྱང་དུ་རླུང་ལྷ་དུད་ཁ་ཤ་བ་ལ༴ རླུང་རས་དང་ཞགས་པ། བྱང་ཤར་དུ་དབང་ཕྱུག་ཆེན་པོ་དཀར་པོ་ཁྱུ་མཆོག་ལ་ཞོན་པ། རྩེ་གསུམ་དང་གོ་རི་ལ་འཁྱུད་པ། བརྒྱ་བྱིན་གྱི་གཡས་སུ་ཚངས་པ་སེར་པོ་ངང་པ་ལ་ཞོན་པ། སྤྱི་བླུགས་དང་བགྲང་འཕྲེང་། ཆུ་ལྷའི་གཡས་སུ་སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ། གཡས་དམ་བཅའ་བའི་ཕྱག་རྒྱ་དང་། གཡོན་བུམ་པ་འཛིན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་དབང་པོ་དཀར་པོ་གཡས་རྡོ་རྗེ། ལྷོར་ཚངས་པ་སེར་པོ་གཡས་སྤྱི་བླུགས། ནུབ་ཏུ་ཁྱབ་འཇུག་ནག་པོ་གཡས་འཁོར་ལོ། །བྱང་དུ་ལྷ་ཆེན་ཐལ་མདོག་གཡས་རྩེ་གསུམ། ཤར་ལྷོར་ཚོགས་བདག་དཀར་པོ་ལ་ཕུག །ལྷོ་ནུབ་ཏུ་བྷྲིང་གི་རི་ཏི་ནག་པོ་རིན་པོ་ཆེ། ནུབ་བྱང་དུ་དགའ་རབ་དབང་ཕྱུག་དམར་པོ་མདའ་གཞུ། བྱང་ཤར་དུ་གདོང་དྲུག་དཀར་པོ་དགྲ་སྟ་འཛིན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་སྟོབས་རྒྱུ་ལྗང་ཁུ། ལྷོར་དུང་སྐྱོང་སེར་པོ། ནུབ་ཏུ་མཐའ་ཡས་སྔོན་པོ། བྱང་དུ་ནོར་རྒྱས་དཀར་པོ། ཤར་ལྷོར་འཇོག་པོ་དམར་པོ། ལྷོ་ནུབ་ཏུ་རིགས་ལྡན་ལྗང་ཁུ། ནུབ་བྱང་དུ་པདྨ་ཆེན་པོ་དཀར་པོ། བྱང་ཤར་དུ་པདྨ་དཀར་པོ་སྟེ་ཐམས་ཅད་ཀྱང་སྟོད་མི་དང་སྨད་སྦྲུལ་མཇུག་ཅན་སྦྲུལ་ཞགས་འཛིན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་ཟླ་བ་དཀར་པོ་ཀུནྡ། ལྷོར་ཉི་མ་དམར་པོ་པདྨ། ནུབ་ཏུ་མིག་དམར་དམར་པོ་མདུང་ཐུང་། བྱང་དུ་ལྷག་པ་ལྗང་ཁུ་མདའ་གཞུ། ཤར་ལྷོར་ཕུང་བུ་སེར་པོ་བགྲང་འཕྲེང་། ལྷོ་ནུབ་ཏུ་པ་སངས་དཀར་པོ་ཕྲེང་བ། ནུབ་བྱང་དུ་སྤེན་པ་ནག་པོ་དབྱུག་པ། བྱང་ཤར་དུ་སྒྲ་གཅན་དམར་ནག་ཉི་ཟླ་འཛིན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་ཐ་སྐར་དཀར་པོ། བྲ་ཉེ་ལྗང་ཁུ། སྨིན་དྲུག་ལྗང་སེར། སྣར་མ་དམར་སྐྱ། མགོ་ནག་པོ། ལག་དཀར་པོ། ནབ་སོ་དཀར་པོ་དང། ལྷོར་རྒྱལ་ལྗང་ཁུ། སྐག་དཀར་པོ། མཆུ་དམར་པོ། གྲེ་ལྗང་སེར། དབོ་ལྗང་ཁུ། མེ་བཞི་དཀར་པོ། ནག་པ་ལྗང་ཁུ། ནུབ་ཏུ་ས་རི་དཀར་པོ། ས་ག་ནག་པོ། ལྷ་མཚམས་ལྗང་ཁུ། སྣྲོན་དཀར་པོ། སྣུབས་དཀར་པོ། ཆུ་སྟོད་ནག་པོ། ཆུ་སྨད་སྔོན་པོ་དང་། བྱང་དུ་བྱི་བཞིན་ལྗང་ཁུ། གྲོ་བཞིན་དམར་སྐྱ། མོན་གྲུ་ནག་པོ། མོན་གྲེ་སེར་པོ། ཁྲུམས་སྟོད་ལྗང་ཁུ། ཁྲུམས་སྨད་སེར་པོ། ནམ་གྲུ་སེར་སྐྱ་སྟེ། ཐམས་ཅད་ཀྱང་བུད་མེད་ཀྱི་རྣམ་པ་ཅན། ལག་པ་གཉིས་ཐལ་མོ་སྦྱར་བའོ། །དེའི་ཕྱི་རོལ་གྱི་ཤར་དུ་འཇིགས་བྱེད་དྲག་པོ་མདོགས་ནག་པོ། གཡས་ཁ་ཊྭཾ་ག །ལྷོར་བྷཻ་ར་ཝ་སྔོ་ནག་རྩེ་གསུམ། ནུབ་ཏུ་གནོད་སྦྱིན་དམར་ནག་དབྱུག་ཏོ། བྱང་དུ་ཡེ་ཤེས་བྷཻ་ར་ལྗང་ནག་འཁོར་ལོ། ཤར་ལྷོར་ཁྱབ་འཇུག་ནག་པོ་མདའ་ཆེན། ལྷོ་ནུབ་ཏུ་བི་ཏི་སྔོན་ནག་ཤཀྟི། ནུབ་བྱང་དུ་ཀཱ་ལ་བྷཻ་ར་དུད་ཁ་རལ་གྲི། བྱང་ཤར་དུ་ག་ཎ་པ་ཏི་སྔོན་ནག་རྡོ་རྗེ། ཤར་གྱི་དྲག་པོའི་གཡས་སུ་དེད་དཔོན་པྲ་མ་ཏི་དཀར་པོ་གཡས་རིན་པོ་ཆེ་བསྣམས་པ་སྟེ། རྒྱུ་སྐར་མ་གཏོགས་ཐམས་ཅད་ཀྱང་རང་རང་གི་ཆུང་མའི་ཚོགས་དང་བཅས་པའོ། །སྒོ་བཞིའི་ཤར་དུ་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ། ལྷོར་རྡོ་རྗེ་ཞགས་པ་མ་སེར་མོ་ཞགས་པ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག །བྱང་དུ་རྡོ་རྗེ་དྲིལ་བུ་མ་ལྗང་ཁུ་རྡོར་དྲིལ་འཛིན་པའོ། །དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས། རི་རབ་ལྷུན་པོའི་སྟེང་འོག་ཕྱོགས་མཚམས་རྣམས་དང་། རྒྱ་མཚོ་ཆེན་པོ་ལ་སོགས་པའི་རང་རང་སོ་སོའི་གནས་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ། རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད་དེད་དཔོན་དགུ་སྟེ་དཔལ་མགོན་དོན་ལྔའི་ཚོགས་དང་། སྒོ་བཞི་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་རང་རང་གི་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། སྤོས་བཟུང་སྟེ། ཏིང་ཤག་གམ། དྲིལ་བུ་དཀྲོལ་ཏེ། ཛཿ རྒྱལ་བ་ཀུན་གྱི་མཐུ་སྟོབས་དཔུང་། །གཅིག་བསྡུས་ཕྱག་ན་རྡོ་རྗེ་དང་། །བཀའ་མཉན་དཔལ་མགོན་ཚོགས་དང་བཅས། །མཆོད་སྦྱིན་གནས་འདིར་གཤེགས་སུ་གསོལ། །རྒྱལ་ཆེན་བཞི་པོ་འཁོར་དང་བཅས། །མཆོད་སྦྱིན༴ ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །མཆོད་སྦྱིན༴ ལྷ་ཆེན་བརྒྱད་པོ༴ ཀླུ་ཆེན་བརྒྱད་པོ༴ གཟའ་ཆེན་བརྒྱད་པོ༴ རྒྱུ་སྐར་ཉེར་བརྒྱད༴ འཇིགས་བྱེད་དགུ་པོ༴ སྒོ་མ་བཞི་པོ༴ ཡུལ་ལྷ་གཞི་བདག་འཁོར་དང་བཅས། མཆོད་སྦྱིན་གནས་འདིར་གཤེགས་སུ་གསོལ། །མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ༀ་བཛྲ་པ་ཎི་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛཿཛཿཛཿཧཱུཾ་བཾ་ཧོཿ རང་རང་གི་དམ་ཚིག་པ་དང་གཉིས་སུ་མེད་པའི་ཚུལ་གྱིས་སོ་སོའི་གདན་ལ་བཞུགས་པར་གྱུར། དེ་ནས་མཆོད་པ་བྱིན་རླབས་ལ། ཉེར་སྤྱོད་རྣམས་སྔར་ལྟར་དང་། དེའི་མཇུག་ཏུ་ༀ་རཱུ་པ་ཨཱཿཧཱུཾ། ཞེས་སོགས་འདོད་ཡོན་ལྔ་བྱིན་གྱིས་བརླབས་ལ། མཆོད་རྫས་གཞན་དང་གཏོར་མ་རྣམས་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་བརླབ་བྱའམ། ཅུང་ཟད་བསྡུ་ན། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་འདོད་ཡོན་ལྔ་ལྡན་གྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། ཨོ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱཿཏེ་བཛྲ་སིདྡྷི་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ཁཾ་སྭཱཧཱ། ཞེས་པ་ལན་གསུམ་གྱིས་བྱིན་བརླབས་བྱས་ནས། བདག་གི་བསམ་པའི་སྟོབས་དང་ནི། ཞེས་སོགས་བརྗོད་ལ། འཇིག་རྟེན་ཁམས་ཀྱི་མཆོད་ཚོགས་དང་། །བདག་གིས་ཕུལ་པའི་མཆོད་ཡོན་འདི། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །དཔལ་མགོན་དོན་ལྔའི་ཚོགས་ལ་འབུལ། །བཞེས་ནས་བར་ཆད་ཞི་བ་དང་། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ༀ་བཛྲ་པཱ་ཎི་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་གཞན་ལ་སྦྱར་ནས་ཤཔྟའི་བར་དང་། གཟུགས་མཆོག །སྒྲ་མཆོག་སོགས་དང་། རཱུ་པ་སོགས་སྦྱར་ནས་འབུལ་ཞིང་། གཞན་ཡང་འབྲུ་སྨན་རིན་ཆེན་དང་། །དྲི་དར་གོས་དང་ཟས་མཆོག་དང་། །དཀར་གསུམ་མངར་གསུམ་ལ་སོགས་དང་། །རིན་ཆེན་བདུན་དང་རི་རབ་གླིང་། །ཉི་ཟླ་ལ་སོགས་མཆོད་ཚོགས་ཀུན། །བཅོམ་ལྡན༴ དཔལ༴ བཞེས༴ དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ༀ་བཛྲ་པཱ་ཎི་ལོ་ཀ་པཱ་ལ་ས་པ་རི་ཝ་ར་མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ་སྭཱཧཱ། དེ་ནས་ལྕང་ལོ་ཅན་གྱི་གནས་མཆོག་སོགས་དང་། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རང་རང་འཁོར་འདུལ་ཕྱོགས་བཞི་བསྲུང་། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད༴ གཤིན་རྗེ་བེ་ཅོན་འཆང་བའི་ལྷ། མ་མོའི་རྒྱལ་པོ༴ ལྷོ་ཕྱོགས་གཤིན་རྗེའི༴ མཆོད་ཅིང་༴ བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ༴ ལྷོ་ནུབ་སྲིན་པོའི༴ མཆོད་ཅིང་༴ ཞགས་པ་ཐོགས་པ་ཆུ་ཡི་ལྷ། །གླུ་ཡི་རྒྱལ་པོ༴ ནུབ་ཕྱོགས་ཆུ་ལྷའི༴ མཆོད་ཅིང་༴ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིན་འཛིན་རྒྱལ་པོ༴ ནུབ་བྱང་རླུང་ལྷའི༴ མཆོད་ཅིང་༴ གནོད་སྦྱིན་ལག་ན་དབྱུག་པ་ཐོགས། །ནོར་སྐྱོང་གདོན༴ བྱང་ཕྱོགས་གནོད་སྦྱིན༴ མཆོད་ཅིང་༴ དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ༴ བྱང་ཤར་དབང་ལྡན༴ མཆོད་ཅིང་༴ སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ་དང་། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད༴ འོག་གི་ཀླུ་སྟེ་ས་ཡི་ལྷ༴ ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱ་མཚོར་གནས་པའི་ཀླུ་རྒྱལ་དང་། །འཇིགས་བྱེད་དགུ་དང་སྒོ་མ་བཞི། །འཇིག་རྟེན་སྐྱོང་བ་ཐམས་ཅད་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ཁྱེད་རྣམས་མཆོད་ཅིང་བསྟོད་བྱས་པས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་བར་ཆད་ཞི་བ་དང་། །མཐུན་རྐྱེན་ཐམས་ཅད་སྒྲུབ་པར་མཛོད། །དེ་ནས་བཛྲ་པཱ་ཎི་དང་། སྔགས་གཞན་མི་འདྲ་བ་མང་དུ་སྣང་ཡང་། སྦྱོད་རྒྱུད་ལས་གསུངས་པའི་བསྡུས་པ་ནི། རྒྱལ་ཆེན་བཞི་ལ། ༀ་བཱཻ། ༀ་དྷྲི། ༀ་བི། ༀ་ཀྵ། ཞེས་དང་། ཕྱོགས་སྐྱོང་བཅུ་ལ། ༀ་ཨཱི། ༀ་ཨི། ༀ་ཨ། ༀ་ཡ། ༀ་ཏི། ༀ་བ། ༀ་ཡ། ༀ་ཀུ། ༀ་ཨཱ། ༀ་བ། ཞེས་དང་། ལྷ་ཆེན་བརྒྱད་ལ། ༀ་ཨ། ༀ་བྷི། ༀ་རུ། ༀ་ཨི། ༀ་ཀཾ ༀ་ག །ༀ་གྷཱི། ༀ་ཀ །ཞེས་དང་། ཀླུ་ཆེན་བརྒྱད་ལ། ༀ་ཕུ། ༀ་ཕ། ༀ་ཕུཾ། ༀ་ཕཾ། ༀ་ཕི། ༀ་ཕེ། ༀ་ཕཻ། ༀ་ཕཽ། ཞེས་དང་། གཟའ་དང་རྒྱུ་སྐར་ལ། ༀ་ཨ། ༀ་སོ། ༀ་ཨཾ། ༀ་བུ། ༀ་བྲི། ༀ་ཤུ། ༀ་ཤི། ༀ་ར། ཞེས་དང་། འཇིགས་བྱེད་དགུ་ལ། ༀ་བྷཻ་ར་ཝ་བྷེ་སྭཱཧཱ། ༀ་བྷ་སྭཱཧཱ། ༀ་བྷི་སྭཱཧཱ། ༀ་བྷུ་སྭཱཧཱ། ༀ་བྷོ་སྭཱཧཱ། ༀ་བྷཻ་སྭཱཧཱ། ༀ་བྷཽ་སྭཱཧཱ། ༀ་བྷ་སྭཱཧཱ། ༀ་བྷཾ་སྭཱཧཱ། ཞེས་ཅི་འགྲུབ་བཟླའོ། །དེ་ནས་གཏོར་མ་འབུལ་བ་ནི། མགྲོན་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་པར་བསམས་ལ། ༀ་བཛྲ་པཱ་ཎི་ལོ་ཀ་པཱ་ལ་ས་པ་རི་ཝ་ར་ཨི་དཾ་བ་ལི་ཾཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དང་། ཨ་ཀཱ་རོ་ལན་གསུམ་གཅིག་གམ་བདུན་དང་། ན་མཿས་མནྟ་བུདྡྷཱ་ནཾ། ཨ་བ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ལན་གསུམ་སོགས་ཀྱིས་འབུལ་ཞིང་། རྒྱས་པར་ན། ༀ་རུ་ཏྲ་ཡེ་ཞེས་སོགས་དང་། ཤར་ཕྱོགས་རྡོ་རྗེ་ཅན་ཏེ་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །ཞེས་སོགས་བརྗོད་ཅིང་ཞུ་ཡང་ལེགས། གཞི་བདག་གཏོར་མ་ཡང་སྤྱི་འགྲོ་ལྟར་བསྔོ། དེ་ནས་མཆོད་རྫས་བསྔོ་བ་དང་ལྷན་ཅིག་བསྟོད་ཅིང་འཕྲིན་ལས་བཅོལ་བ་ནི། ཧཱུཾ། རྒྱལ་ཀུན་མཐུ་སྟོབས་ནུས་པའི་ཚོགས། །གཅིག་བསྡུས་རིག་སྔགས་འཆང་བའི་རྗེ། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི། །གཙོར་གྱུར་རྡོ་རྗེ་འཛིན་ལ་འདུད། །རི་རབ་ལྷུན་པོའི་ཕྱོགས་བཞི་ན། །གནས་བཅས་རྒྱལ་པོ་ཆེན་པོ་བཞི། །རང་རང་འཁོར་ཚོགས་འབུམ་དང་བཅས། །མཆོད་སྦྱིན་རྒྱ་མཚོ་འདི་ཞེས་ནས། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །བརྒྱ་བྱིན་དཀར་པོ་གླང་ཆེན་ཞོན། །ཕྱག་གཡས་རྡོ་རྗེ་རྩེ་བརྒྱ་འཛིན། །བརྒྱ་བྱིན་འབུམ་གྱི་ཚོགས་དང་བཅས། །མཆོད་སྦྱིན༴ བདག༴ ནད༴ འདོད༴ གཤིན་རྗེ་ནག་པོ་མ་ཧེ་བཅིབས། །ཕྱག་གཡས་རྡོ་རྗེའི་དབྱུག་པ་འཛིན། །གཤིན་རྗེ་འབུམ་གྱི༴ མཆོད་༴ བདག༴ ནད༴འདོད༴ ཆུ་ལྷ་དཀར་པོ་ཆུ་སྲིན་བཅིབས། །ཕྱག་གཡས་སྤྲུལ་གྱི་ཞགས་པ་འཛིན། །ཆུ་ལྷ་འབུམ་གྱི༴ མཆོད༴ བདག༴ ནད༴ འདོད༴ གནོད་སྦྱིན་སེར་པོ་མི་ལ་ཞོན། །ཕྱག་གཡས་ས་བོན་གྲོང་ཁྱེར་འཛིན། །གནོད་སྦྱིན་འཁོར་ཚོགས་འབུམ་དང་བཅས། །མཆོད་ཚོགས་རྒྱ་མཚོ་འདི་བཞེས་ལ། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །མེ་ལྷ་དམར་པོ་ར་ལ་ཞོན། །ཕྱག་གཡས་བགྲང་ཕྲེང་སྤྱི་བླུག་འཛིན། །མེ་ལྷ་འབུམ་གྱི་ཚོགས་དང་བཅས། །མཆོད་ཚོགས་རྒྱ་མཚོ་འདི་བཞེས་ལ། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །སྲིན་པོ་ནག་པོ་རོ་ལ་ཞོན། །ཕྱག་གཡས་རལ་གྲི་འབར་བ་འཛིན། །སྲིན་པོ་འཁོར་ཚོགས་འབུམ་དང་བཅས། །མཆོད་ཚོགས་རྒྱ་མཚོ་འདི་བཞེས་ལ། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །རླུང་ལྷ་དུད་ཁ་ཤ་བ་བཅིབས། །ཕྱག་གཡས་རླུང་གི་བ་དན་འཕྱར། །རླུང་ལྷ་འཁོར་ཚོགས་འབུམ་དང་བཅས། །མཆོད་ཚོགས་རྒྱ་མཚོ་འདི་བཞེས་ལ། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །དབང་ཕྱུག་དཀར་པོ་གླང་ལ་ཞོན། །ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་འཛིན། །འབྱུང་པོ༴ མཆོད་ཚོགས༴ བདག་དང༴ ནད་གདོན༴ འདོད་རྒུའི༴ ཚངས་པ་སེར་པོ་ངང་པ་བཅིབས། །ཕྱག་གཡས་སྦྱི་སླུག་བགྲང་འཕྲེང་འཛིན། །ཚངས་པ་འབུམ༴ མཆོད་ཚོགས༴ བདག་དང༴ ནད་གདོན༴ འདོད་རྒུའི༴ ས་ལྷ་སེར་པོ་པདྨར་གནས། །ཕྱག་གཡས་དམ་བཅའི་ཕྱག་རྒྱ་ཅན། །ས་བདག༴ མཆོད་ཚོགས༴ བདག་དང་སྦྱི༴ ནད་གདོན༴ འདོད་རྒུའི༴ ཀྱེ། སྲིད་པ་གསུམ་ན་མཐུ་ཆེ་བའི། །ལྷ་ཆེན་བརྒྱད་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་དམ་རྫས་འདི་བཞེས་ནས། །བདག་དང༴ ནད་གདོན༴ འདོད་རྒུའི༴ རྒྱ་མཚོ་ཆེ་ལ་དབང་བསྒྱུར་བའི། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན༴ བདག་དང༴ ནད་གདོན༴ འདོད་རྒུའ༴ ནམ་མཁའི་ཁམས་ལ་དབང་བསྒྱུར་བའི། །གཟའ་དང་རྒྱུ་སྐར་ཐམས་ཅད་ཀྱིས། །མཆོད་སྦྱིན་༴ བདག་དང༴ ནད་གདོན༴ འདོད་རྒུའ༴ སྡེ་བརྒྱད་ཚོགས་ལ་དབང་བསྒྱུར་བའི། །འཇིགས་བྱེད་དགུ་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་རྒྱ་མཚོ་འདི་བཞེས་ནས། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །དཔལ་མགོན་དོན་ལྔ་སྒོ་མ་བཞི། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས། །མཆོད་སྦྱིན་རྒྱ་མཚོ་འདི་བཞེས་ནས། །བདག་དང་སྦྱིན་བདག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འདོད་རྒུའི་དངོས་གྲུབ་ཐམས་ཅད་སྩོལ། །ཀྱེ། བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །བཀའ་ཉན་དཔལ་མགོན་ཚོགས་ཀུན་ཀྱང་། །རྫུ་འཕྲུལ་ལྡན་ཅིང་སྟོབས་དང་ལྡན། །སྲིད་གསུམ་འདི་ན་གྲགས་པ་ཆེ། །འཇིག་རྟེན་ཁམས་ཀུན་བསྲུང་ཞིང་སྐྱོང། །གཞན་གྱིས་མི་ཐུབ་མཐུ་རྩལ་ལྡན། །ཕ་རོལ་རྒོལ་བའི་དཔུང་འཇོམས་བྱེད། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་། །གནོད་བྱེད་དགྲ་བགེགས་ཚར་གཅོད་མཛད། །ལས་དང་མཐུན་པའི་ཕན་གནོད་དང་། །ཆ་ལུགས་མ་ངེས་ཅི་ཡང་སྟོན། །གང་གིས་མཆོད་ཅིང་བསྐུལ་བ་དེའི། །ཞི་རྒྱས་དབང་དྲག་འཕྲིན་ལས་སྒྲུབ། །འཇིག་རྟེན་པ་ཡི་ཚུལ་འཛིན་ཡང་། །དམ་པའི་སྤྲུལ་པ་ཉིད་དུ་ངེས། །དེ་སླད་ཁྱེད་རྣམས་མཆོད་བྱས་པ། །དོན་ལྡན་དངོས་གྲུབ་འབྱུང་བའི་གནས། །དེ་རིང་རྒྱུ་སྦྱོར་ཡོན་བདག་གིས། །དཔལ་མགོན་འཁོར་བཅས་མཆོད་བྱས་པས། ཁྱེད་རྣམས་མཉེས་ཤིང་ཚིམ་གྱུར་ཅིག །མཉེས་ཤིང་ཚིམ་ནས་བདག་ཅག་ལ། །གནོད་པའི་མི་མཐུན་ཕྱོགས་ཀུན་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །གདོན་རིགས་སུམ་བརྒྱ་དྲུག་ཅུ་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །གོད་ཁ་གོད་འདྲེ་ཐམས་ཅད་ཟློག །ཚེ་རིང་ནད་མེད་ལོངས་སྤྱོད་སོགས། །ཕུན་ཚོགས་ཐམས་ཅད་རྒྱས་པར་མཛོད། །ཞེས་བྱའོ། །འདི་ལོ་རིམ་ལ་བྱེད་ན། བདག་དང་སྦྱིན་བདག་འཁོར་བཅས་ཀྱི། ཞེས་སོགས་རྐང་པ་གཉིས་ལ། ཡུལ་འདིའི་ལོ་ཏོག་འབྲུ་བཅུད་ལ། །གནོད་པའི་ཐན་སེར་ཞི་བ་དང་། །ཞེས་བསྒྱུར་བ་དང་། ཀླུ་དང་ས་བདག་གི་གནོད་པ་ལ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །འཚེ་བའི་ཀླུ་དང་ས་བདག་གི །གནོད་པ་ཐམས་ཅད་ཞི་བ་དང་། །ཞེས་དང་། རིགས་རྒྱུད་འཕེལ་བ་ལ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །རིགས་བརྒྱུད་འཕེལ་ཞིང་རྒྱས་པ་ལ། །གནོད་པའི་བར་ཆད་ཞི་བ་དང་། །ཞེས་བྱ། གོད་ཁ་ཆེ་ན། རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གནོད་པའི་གོད་ཁ་ཞི་བ་དང་། །ཞེས་དང་། ལོངས་སྤྱོད་འཕེལ་བ་ལ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་དཔལ་ལོངས་སྤྱོད་ཕུན་ཚོགས་སོགས། །འདོད་རྒུའི་འབྱོར་བ་མ་ལུས་པ། ཡར་ངོའི་ཟླ་ལྟར་རྒྱས་པར་མཛོད། །ཅེས་པ་སྒྱུར་བ་སོགས་རིགས་འགྲེ་བྱའོ། །མཇུག་ཏུ་སླར། བཛྲ་པཱ་ཎི་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་སོགས་ཀྱིས་མཆོད་ལ། རྒྱལ་བའི་མཐུ་སྟོབས་གཅིག་བསྡུས་པ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །བཀའ་ཉན་དཔལ་མགོན་དོན་ལྔའི་ཚོགས། །འཁོར་དང་བཅས་ལ་གུས་པས་བསྟོད། །དེ་ནས་ཡིག་བརྒྱ་བཟླས་ཏེ། ཀྱཻ། གསང་བདག་དཔལ་མགོན་ཁྱེད་རྣམས་ལ། །མཆོད་བསྟོད་འཕྲིན་ལས་བཅོལ་སྐབས་འདིར། །མཆོད་པ་ངན་ཞིང་བཤམས་ཉེས་དང་། །མ་འབྱོར་མ་གུས་མ་རིག་པས། །ཆོ་ག་ལྷག་ཆད་གྱུར་པ་དང་། ཁྱེད་རྣམས་མཉེས་པར་མ་གྱུར་པའི། །ཉེས་པ་ཐམས་ཅན་བདག་འཆགས་སོ། །བརྩེ་བས་དགོངས་ནས་བཟོད་བཞེས་ཏེ། །མགོན་སྐྱབས་དཔུང་གཉེན་གཡེལ་མེད་མཛོད། །ད་ནི་མགྲོན་དུ་འོས་པ་རྣམས། །སྟེང་འོག་ཕྱོགས་མཚམས་གང་དག་ནས། །བྱོན་པའི་རང་རང་གནས་རྣམས་སུ། །གཤེགས་སུ་གསོལ་ལོ་བཛྲ་མུཿ མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར་པར་བསམས་ལ་སེལ་གོལ་གདབ། དེ་ནས་ཕོ་བྲང་མཆོད་པ་སོགས་བསྡུས་ནས་མདོ་ཟློག་དང་། བཀྲ་ཤིས་རྒྱས་བསྡུས་ཅི་རིགས་བྱའོ། །དཔལ་མགོན་འདི་དག་ཕལ་ཆེར་སངས་རྒྱས་བྱང་སེམས་ཀྱི་རྣམ་འཕྲུལ་དུ་འདུག་པས་མཐུ་ནུས་བསམ་གྱིས་མི་ཁྱབ་ཅིང་། རྒྱུད་དང་དགོངས་འགྲེལ་དག་ལས་འདི་དག་གི་སྐུ་མདོག་ཕྱག་མཚན་སོགས་མི་འདྲ་བར་དུ་མ་བཤད་པ་མཐོང་བ་ལས། ལུགས་གཅིག་གི་དབང་དུ་བྱས་ནས་འདི་རྣམས་ཀྱི་ཞབས་ཏོག་དང་གཞན་རེ་གཉིས་ལ་ཕན་སྲིད་སྙམ་པའི་འདུན་པས། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་བསྒྲིགས་པ་སྟེ། སྒོ་བཞིར་རྒྱལ་ཆེན་བཞི་དང་སྒོ་མ་བཞི་འགོད་པའི་ཚུལ་གཉིས་སྣང་བ་ལས་གང་བྱས་ཀྱང་མི་འགལ་མོད་འདིར་ཕྱི་མའི་དབང་དུ་བྱས་སོ། །པར་གྱི་ཡི་གེ་བ་ནི་ཁྲུ་ཤའི་དགེ་སློང་ཀུན་དགའ་ནོར་བུའོ།། །།མངྒ་ལཾ།།

གཙུག་ཏོར་བཟློག་ཆེན་བར་ཆད་ཀུན་སེལ།

གཙུག་ཏོར་བཟློག་ཆེན་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ནེ་ཡེ། རྒྱལ་བའི་མཚན་མཆོག་གཙུག་ཏོར་ལས། །ལེགས་འཁྲུངས་རྨད་བྱུང་ལྷ་མོ་ཆེ། །གཞན་གྱིས་མི་ཐུབ་གདུགས་དཀར་ཞེས། །ཡོངས་སུ་གྲགས་པ་དེ་ལ་འདུད། །འདིར་གདུགས་དཀར་གྱི་བཟློག་ཆེན་ཇི་ལྟར་བྱ་བའི་ཚུལ་རྒྱས་བསྡུས་འཚམ་པ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་པཎ་ཆེན་རིན་པོ་ཆེས་མགྲོན་མཚན་རྣམས་ཕྱོགས་གཅིག་བསྡེབས་པའི་བསྡུས་པ་དང་། སྡེ་ཚན་དུ་བྱས་པའི་འབྲིང་པོ་ཞིག་བཤད་ནས། ཡང་སྡེ་ཚན་རྣམས་ཀྱང་སོ་སོར་ཕྱེ་བའི་རྒྱས་པ་བྱ་ཚུལ་ཞིག་ཁ་འཕངས་པ་རྣམས་ལས། འདིར་འབྲིང་པོའི་དབང་དུ་བྱས་ནས་འཆད་པ་ལ་སྔོན་འགྲོ་དང་། དངོས་གཞི་གཉིས་ལས། དང་པོ་ས་གཞི་བྱི་དོར་བྱས་པའི་སྟེང་དུ་ཐིག་གསར་དུ་འདེབས་པའི་སྟེགས་ཇི་ལྟར་འཚམ་པའི་སྟེང་དུ་འཇོག་རྒྱུའི་དཀྱིལ་འཁོར་དབུས་སུ་སོར་བཞིས་བསྐོར་བའི་ཟླུམ་པོ། དེ་ཡང་ཕྱེད་ནས་བགོས་ཏེ་ལྟེ་བ་ལྗང་ཁུ་དང་། ཕྱེད་དུ་སྣ་ཚོགས་པདྨ་འདབ་བརྒྱད། དེའི་ཕྱིར་སོར་བཞི་བསྣན་པས་བསྐོར་བ་ལ་འཁོར་ལོ་རྩིབས་བཅུ་དྲུག་པ་རྩིབས་ཀྱི་བར་རྣམས་སེར་པོ། དེའི་ཕྱིར་སོར་བཞིས་བསྐོར་བ་ལ་རྡོ་རྗེ་རྒྱ་གྲམ། ཤར་རྭ་སོགས་བཞི་དཀར་སེར་དམར་ལྗང་། དེའི་ཕྱིར་སོར་བཞིས་བསྐོར་བ་ལ་སྣ་ཚོགས་པདྨ་འདབ་བརྒྱད། དེའི་ཕྱིར་སོར་བཞིས་བསྐོར་བ་ལ་འཁོར་ལོ་རྩིབས་བརྒྱད་སེར་པོ། དེའི་ཕྱིར་ཕྱི་ནས་རིམ་པ་བཞིན་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔས་གྲུ་བཞིར་བསྐོར་བ། འཁོར་ལོའི་རྩིབས་ཀྱི་བར་དང་བཅས་པ་ཤར་སྔོ། ལྷོ་སེར་ནུབ་དམར། བྱང་ལྗང་ཁུ། རྩིག་པའི་ཕྱི་རོལ་དུ་འདོད་སྣམ་དམར་པོར་སྒོ་དང་སྒོ་ཁྱུད་སོགས་ཀྱི་བར་རྣམས་ཕྱོགས་མདོག །དབུས་ཀྱི་ལྟེ་བར་ཚོན་སྤུངས་དཀར་པོ་ཅུང་ཆེ་བ། འདབ་མ་བརྒྱད་ཀྱི་ཕྱོགས་བཞིར་དཀར་སེར་དམར་ལྗང་བའི་ཚོན་སྤུངས། དེ་ནས་འཁོར་ལོ་རྩིབས་བཅུ་དྲུག་པའི་བྱང་ཤར་ནས་བརྩམས་ཏེ་ཤར་དུ་སེར་སྔོ་ལྗང་དམར། ལྷོར་དཀར་སེར་ནག་ལྗང་། ནུབ་ཏུ་དམར་སེར་དཀར་ལྗང་། བྱང་དུ་དམར་དཀར་ལྗང་སེར་བའི་ཚོན་སྤུངས། འཁོར་ལོ་འདིའི་ཤར་གྱི་ཤར་དང་ནུབ་ཀྱི་ནུབ་ཏུ་ཚོན་སྤུངས་དཀར་པོ་རེ་བྱ། འོན་ཀྱང་ཙནྜ་གོ་མིའི་གཞུང་དང་པཎ་ཆེན་གྱི་དེར་འཁོར་ལོ་རྩིབས་བཅུ་དྲུག་པ་མི་གསལ་ཡང་། རྒྱ་གཞུང་འགའ་ཞིག་ནས་བཤད་པས་རྒྱས་བསྡུས་སུ་མངོན། སྣ་ཚོགས་རྡོ་རྗེའི་རྭ་བཞིར་རྒྱལ་ཆེན་བཞིའི་ཚོན་སྤུངས་ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་བ། ཤར་རྭའི་གཡས་གཡོན་གྱི་རྭ་སོ་སོ་ལ་ཚངས་པ་ཡབ་ཡུམ་གྱི་ཚོན་སྤུངས་སེར་པོ། པདྨ་འདབ་མ་བརྒྱད་ལ་ཤར་དུ་བརྒྱ་བྱིན་ནས་བྱང་ཤར་དུ་ལྷ་ཆེན་བར་ཤར་སེར་ལྷོ་སྔོ་ནུབ་དམར་བྱང་ལྗང་། ཤར་ལྷོར་དམར། ལྷོ་ནུབ་ཏུ་སྔོ། ནུབ་བྱང་དུ་ལྗང་། བྱང་ཤར་དུ་དཀར་བ། འཁོར་ལོ་རྩིབས་བརྒྱད་པའི་ཤར་དུ་འབྱུང་པོ། ལྷོར་གཟའ། ནུབ་ཏུ་ས་བདག །བྱང་དུ་ལྷ་མིན། ཤར་ལྷོར་མིའམ་ཅི། ལྷོ་ནུབ་ཏུ་མཁའ་འགྲོ་མ། ནུབ་བྱང་དུ་མ་མོ། བྱང་ཤར་དུ་མཁའ་ལྡིང་གི་ཚོན་སྤུངས་ཕྱོགས་མདོག །ཁ་ཅིག་སྒོ་བཞིར་རྒྱལ་ཆེན་བཞིའི་ཚོན་སྤུངས་བྱ་བར་བཤད་པ་ནི་བརྟག་པར་བྱ་སྟེ། གོང་དུ་སྣ་ཚོགས་རྡོ་རྗེའི་རྭ་བཞིན་རྒྱལ་ཆེན་བཞིའི་ཚོན་སྤུངས་བྱ་བར་བཤད་ཟིན་ཅིང་། པཎ་ཆེན་གྱི་དེར་སྒོ་བཞིར་རྒྱལ་ཆེན་བཞིའི་ཚོན་སྤུངས་མེད་པར་ཤར་སྒོའི་ཕྱིའི་ཤར་དུ་ལྟོ་འཕྱེ། ལྷོར་རྣལ་འབྱོར་མ། ནུབ་ཏུ་ཀླུ། བྱང་དུ་འབྱུང་པོ་དང་། གཞན་གདོན་སྤྱིའི་ཚོན་སྤུངས་བྱ་བར་བཤད་ལ། སློང་དཔོན་ཙནྜ་གོ་མིའི་གཞུང་དུ་སྒོ་བཞིར་ལྟོ་འཕྱེ་སོགས་བཞི་དགོད་པར་བཤད་པའི་ཕྱིར་རོ། །མི་གསལ་ཡང་འཁོར་ལོ་རྩིབས་བཅུ་དྲུག་པའི་ཚོན་སྤུངས་སྔར་ལྟར་མ་ལྕོགས་ནའང་ཕྱོགས་མདོག་བྱས་ཆོག་པར་སེམས། དེ་ནི་ཅུང་ཟད་རྒྱས་བའི་རྣམ་གཞག་ཡིན་ལ་གློ་བུར་དུ་བྱ་བའི་ཚེ་སྔར་ལྟར་མ་གྲུབ་ན། པཎ་ཆེན་གྱི་གསུང་ལྟར། པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཚོན་སྤུངས་དགོད་པ་ནི་བསྡུས་པའམ། དམིགས་བསལ་ཡིན་པས་ཤེས་པར་བྱའོ། །མཐའི་གཡས་གཡོན་རྒྱབ་གསུམ་དུ་ཆོས་འབྱུང་མེ་རི་དང་བཅས་པའི་དབུས་སུ་ལེགས་ལྡན་མཆེད་གསུམ་གྱི་ཚོན་སྤུངས་ནག་པོ་དགོད། གཏོར་མ་ཡང་སོ་གསུམ་གྱི་དང་པོ། བཅོམ་ལྡན་འདས་མ་འཁོར་བཅས་ལ་འབུལ་རྒྱུ་དཀར་གཏོར་ལྷ་གྲངས་དང་མཉམ་པའི་སྤུངས་གཏོར། གཉིས་པ་ཆོས་སྐྱོང་ལ་འབུལ་གཏོར་ཟུར་གསུམ། གསུམ་པ་ལེགས་ལྡན་མཆེད་གསུམ་ལ་ཡང་དམར་གཏོར་གསུམ། བཞི་པ་གཞི་བདག་ལ་པད་འདབ་ཅན། ལྔ་པ་འཕྲེང་བ་ཟ་བའི་ཚངས་གདོན་ལ་བོ་དེ་ཙེ་དང་རག་ཤ དྲུག་པ་དྲི་ཟ་བའི་གདོན་ཡུལ་འཁོར་སྲུང་འཁོར་བཅས་ལ་ཞོ་འོ་མ་མར་སོགས་མངར་གསུམ། བདུན་པ་འབྲས་བུ་ཟ་བ་འཕགས་སྐྱེས་པོ་འཁོར་བཅས་ལ་ཤིང་ཐོག་སྣ་ཚོགས། བརྒྱད་པ་སྐྱུག་པ་ཟ་བ་མི་མིག་བཟང་འཁོར་བཅས་ལ་སྦྲང་རྩི། དགུ་པ་བདུག་པ་ཟ་བ་རྣམས་སྲས་འཁོར་བཅས་ལ་སྦྱར་སྤོས། ཚངས་པ་དང་རྒྱལ་ཆེན་བཞི་ལ་གྲུབ་ན་དམར་གཏོར་རང་རང་གི་མགོ་བརྙན་ཡོད་པ་བྱ་བར་བཤད། བཅུ་པ་མངལ་ཟ་བ་བརྒྱ་བྱིན་འཁོར་བཅས་སྦྲང་བུ་རམ་ཀ་ར་སྟེ་མངར་གསུམ། བཅུ་གཅིག་པ་བསྲེག་བྱ་ཟ་བ་མེ་ལྷ་ལ་འབྲས་ཡོས་འབྲས་ཟན། བཅུ་གཉིས་པ་ཤ་ཟ་བ་གཤིན་རྗེ་ལ་ར་ལུག་སོགས་ཀྱི་རླིག་པ་བཏོན་པ་ཤ་བརྗེན་དང་བཙོས་པ། བཅུ་གསུམ་པ་རྐང་ཟ་བ་སྲིན་པོ་ལ་རྐང་མར། བཅུ་བཞི་པ་མེ་ཏོག་ཟ་བ་དབང་ཕྱུག་ལ་མེ་ཏོག་སྣ་ཚོགས་དང་རྩི་བཅུད། བཅོ་ལྔ་པ་མཆིལ་མ་ཟ་བ་ཀླུ་ལ་སྦྲང་རྩི། བཅུ་དྲུག་པ་མེ་ཏོག་ཟ་བ་རླུང་ལྷ་ལ་སྙེ་མ་དང་འབྲུ་སྣ་ཚོགས། བཅུ་བདུན་པ་གཏོར་མ་ཟ་བ་གནོད་སྦྱིན་ལ་འཁུར་བ། བཅོ་བརྒྱད་པ་མི་གཙང་བ་ཟ་བ་འབྱུང་པོ་ལ་ཕུག་སྒོག་བཙོང་། བཅུ་དགུ་པ་ཚིལ་ཟ་བ་གཟའ་ལ་ཕྱི་ཚིལ་ནང་ཚིལ། ཉི་ཤུ་པ་འབྲས་ཡོས་ཟ་བ་རྒྱུ་སྐར་ལ་དཀར་གསུམ། ཉེར་གཅིག་པ་སྣབས་ཟ་བ་ས་བདག་ལ་བྱ་མོའི་སྒོ་ང་། ཉེར་གཉིས་པ་རྣག་ཟ་བ་ལྷ་མིན་ལ་ཤ་རུལ། ཉེར་གསུམ་པ་ངར་སྣབས་ཟ་བ་མིའམ་ཅི་ལ་བྱ་ཕོའི་སྒོ་ང་། ཉེར་བཞི་པ་ཞག་ཟ་བ་མ་མོ་ལ་ཞག །ཉེར་ལྔ་པ་ཁྲག་སྣ་འཐུང་བ་མཁའ་འགྲོ་ལ་ཁྲག་སྣ། ཉེར་དྲུག་པ་སྟོང་ཁུང་ནས་འབབ་པ་འཐུང་བ་ཆུ་ལྷ་ལ་ཆུ་སྣ་སྣ་ཚོགས། ཉེར་བདུན་པ་བཙས་པ་ཟ་བ་མཁའ་ལྡིང་ལ་བུ་རམ་དང་ཤིང་ཀུན། ཉེར་བརྒྱད་པ་གཅིན་འཐུང་བ་སྲེན་མོ་བཞི་ལ་རྒུན་ཆང་འབྲས། ཉེར་དགུ་པ་ལྷག་མ་ཟ་བ་སྲིན་མོ་ལ་ལྷག་མ་ཀུན་བསགས་པ། སུམ་ཅུ་པ་དྲི་ཟ་བ་ལྟོ་འཕྱེ་ལ་བཟང་དྲུག་སོགས་སྨན་སྣ། སོ་གཅིག་པ་འབྱུང་པོ་སྤྱི་ལ་དཀར་གཏོར། སོ་གཉིས་པ་རིགས་དྲུག་དང་གློ་བུར་དུ་ལྷག་པ་རྣམས་ལ་ཡང་དཀར་གཏོར། སོ་གསུམ་པ་ཕྱོགས་བཞིའི་བགེགས་རྣམས་ལ་བགེགས་གཏོར་ཏིང་ལོ་འཆང་བུ་བཅས་དམར་པོ། གཞན་ཡང་མི་མོ་སོགས་ཀྱི་གླུད་དུ་མ་དང་། ཟོར་འཕེན་ན་ཙནྜ་གོ་མིའི་སྐབས་འདིའི་གཞུང་ལས་མ་བཤད་ཀྱང་། དེས་བཟློག་པའི་ཟོར་བྱ་བའི་ཆོ་ག་ལས་སྒོ་ང་དང་མདའ་འུག་པ་མ་སྐྱེར་བའི་མདེའུ་ཅན་བཞི་དང་། ཁྲག་ཕོར་བཞིར་དུག་དང་ཟོར་གྱི་སྣ་དུ་མ་བླུགས་པའི་སྣོད་བཞི་དང་། དམར་གཏོར་ཆ་བཞི་དང་ཞེས་བཤད་ཅིང་། ཕྱག་ལེན་དུ་མདའ་འུག་སྒྲོ་མ་མདེའུ་ཅན་བཞི་དང་། སྐྱེས་པའི་གཞུ་གཅིག །བྱ་སྒོང་ཁྲག་བླུགས་པ་བཞི། རྡོར་ཟུར་གསུམ་ཆུང་བ་བཞི། དམར་གཏོར་ཟུར་གསུམ་ལ་ཚེར་མ་བཙུགས་པ་བཞི། ཡུངས་ཀར་སྒང་བུ་རྐྱེན་བཞི་རྣམས་བྱས་ནས་ཟོར་དུ་འཕེན་པ་ལྟར་ཡང་རུང་ངོ་། གཞན་ཡང་ཆུ་གཉིས་ཉེར་སྤྱོད་སོགས་མཆོད་པ་རྒྱས་པའམ། ཚར་གསུམ་དང་། རྡོར་དྲིལ་དུང་རྔ་སྦུབ་སོགས་ཀྱང་སྟ་གོན་བྱའོ། །གཉིས་པ་དངོས་གཞི་ལ་བདག་མདུན་གཉིས་ལས། དང་པོ་བདག་བསྐྱེད་ལ་གདུགས་དཀར་ཕྱག་སྟོང་སྤྱན་སྟོང་མ་དང་། ཕྱག་བརྒྱད་མ། ཕྱག་དྲུག་མ། ཕྱག་བཞི་མ། ཞལ་གཅིག་ཕྱག་གཉིས་རྣམས་ལས་འདིར་དང་པོའི་དབང་དུ་བྱས་ནས་བརྗོད་པར་བྱ་སྟེ། བསྐྱེད་ཚུལ་ལ་ལྷ་དྲུག་བསྐྱེད་དང་། ཆོ་ག་གསུམ་བསྐྱེད་གཉིས་ལས་པཎ་ཆེན་དང་དེའི་རྗེས་འབྲང་གི་ཆོ་ག་དག་ལས་ལྷ་དྲུག་བསྐྱེད་མཛད་ཅིིང་། དཀྱིལ་འཁོར་སྒྲུབ་པའི་སྐབས་ཡིན་ན་དེ་ཉིད་ལེགས་མོད། འོན་ཀྱང་རྒྱ་གཞུང་གཞན་དང་འདིའི་རྒྱ་གཞུང་རྣམས་དང་བོད་གཞུང་དག་ལས་ཆོ་ག་གསུམ་བསྐྱེད་མཛད་འདུག་པ་ལྟར་འདི་ཡང་འཇུག་པ་བདེ་བའི་ཆེད་དེ་བཞིན་དུ་བཤད་པར་བྱའོ། །དེ་ཡང་སྔོན་དུ་ཚོགས་ཞིང་བྱས་ན་ལེགས་པས་དེའི་ཚུལ་ནི་སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་སྔོན་དུ་བཏང་ནས། རང་ཉིད་འཕགས་མ་གདུགས་དཀར་མོ་ཅན་དུ་གསལ་བའི་ཐུགས་ཀའི་ༀ་ཡིག་ལས་འོད་ཟེར་འཕྲོས། བཅོམ་ལྡན་འདས་གདུགས་དཀར་མོ་ཅན་གྱི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། བླ་མ་མཆོག་གསུམ་ཐམས་ཅད་དང་། །བཅོམ་ལྡན་གདུགས་དཀར་ལྷ་ཚོགས་ལ། །བྱང་ཆུབ་སྙིང་པོའི་བར་དུ་ཡང་། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ༀ་སརྦ་ཏ་ཐཱ་ག་ཏོཥྞཱེ་ཥ་སི་ཏ་ཏ་པ་ཏྲེ་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། བདག་གིས་བགྱིས་དང་བགྱིད་འགྱུར་གྱི། །སྡིག་ལྟུང་ཐམས་ཅད་སོ་སོར་བཤགས། །སྐྱེ་འཕགས་ཀུན་གྱིས་དུས་གསུམ་དུ། །བསགས་པའི་དགེ་ལ་རྗེས་ཡི་རང་། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འགྲོ་བའི་དོན་ཕྱིར་སྲིད་མཐའི་བར། །མྱ་ངན་མི་འདའ་རྟག་བཞུགས་གསོལ། །དགེ་བ་སེམས་ཅན་ཀུན་དོན་ཕྱིར། །བླ་མེད་བྱང་ཆུབ་མཆོག་ཏུ་བསྔོ། །ཚོགས་ཞིང་རྣམས་རང་ལ་ཐིམས་པས་བྱིན་གྱིས་བརླབས་པར་གྱུར། ༀ་སྭཱ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ༀ་ལས་གདུགས་དཀར་པོའི་ཏོག་ལ་ༀ་ཡིག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། སྤྲུལ་པའི་དབུ་སྟོང་དང་ཕྱག་སྟོང་མངའ་བ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོ་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པ། སྐུ་མདོག་དཀར་པོ། སྒེག་ཅིང་དཔའ་བའི་ཉམས་ཅན་གྱི་རྩ་ཞལ་ཉིས་བརྒྱ་དཀར་པོ། འཇིགས་སུ་རུང་བ་དང་རྒོད་པའི་ཉམས་ཅན་གྱི་གཡས་ཞལ་ཉིས་བརྒྱ་སེར་པོ། གཤེ་བ་དང་རྔམས་པའི་ཉམས་ཅན་གྱི་རྒྱབ་ཞལ་ཉིས་བརྒྱ་དམར་པོ། སྙིང་རྗེ་བ་དང་ཞི་བའི་ཉམས་ཅན་གྱི་གཡོན་ཞལ་ཉིས་བརྒྱ་ལྗང་ཁུ། ངོ་མཚར་བ་དང་དྲག་པོའི་ཉམས་ཅན་གྱི་སྟེང་ཞལ་ཉིས་བརྒྱ་སྔོན་པོ། ཞལ་རེ་རེ་ལ་ཡང་སྤྱན་གསུམ་གསུམ་དང་ལྡན་ཞིང་། དབུ་རེ་རེ་ལ་ཁྲོ་བོའི་རྡོ་རྗེ་འབར་བས་མཚན་པ། དབུའི་སྟེང་དུ་གདུང་བདུན་དང་བདེ་གཤེགས་བཅུ་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་གྱི་ཅོད་པན་འཆང་བ། ཕྱག་གཡས་གཡོན་གྱི་དང་པོས་འཁོར་ལོ་དང་བཅས་པའི་སྐྱབས་སྦྱིན་དང། མདའ་དང་བཅས་པའི་གདུགས་དཀར་བོའི་ཡུ་བ་ཐུགས་ཀར་འཛིན་ཅིང་། གཡས་གཡོན་གྱི་ལྷག་མ་དགུ་བཅུ་རྩ་དགུ་ན་འཁོར་ལོ་དང་མདའ། གཡས་ཀྱི་ཕྱག་ལྷག་མ་བཞི་བརྒྱས་རིམ་པ་བཞིན་དུ་རྡོ་རྗེ་རིན་ཆེན་པདྨ་སྣ་ཚོགས་རྡོ་རྗེ་རྣམས་བརྒྱ་ཕྲག་རེ་རེ་འཛིན་ཞིང་། གཡོན་གྱི་ཕྱག་ལྷག་མ་བཞི་བརྒྱས་རིམ་པ་བཞིན་དུ་གཞུ་རལ་གྲི་ཞགས་པ་ལྕགས་ཀྱུ་རྣམས་བརྒྱ་ཕྲག་རེ་རེ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞིང་། དར་གྱི་སྟོང་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། ཞབས་གཡས་ལྔ་བརྒྱ་བརྐྱངས་པས་རྒྱལ་པོའི་ཆད་པའི་འཇིགས་པ་ལ་སོགས་པ་འཇིགས་པ་ཆེན་པོ་ཐམས་ཅད་གནོན་པར་མཛད་ཅིང་། གཡོན་ལྔ་བརྒྱ་བསྐུམས་པས་མདངས་འཕྲོག་པ་ལ་སོགས་པའི་གདོན་ཐམས་ཅད་འཇོམ་པར་མཛད་པ། སྐུའི་ཆ་ཐམས་ཅད་ན་ཟུར་གྱིས་ལྟ་བ་དང་། ཆེར་བགྲད་པ་དང་། གློག་ལྟར་འགྱུ་བ་དང་། དྲག་ཏུ་གཟེར་བ་ལ་སོགས་པའི་སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། གར་དགུའི་ཉམས་དག་ལྡན་ཅིང་། བ་སྤུའི་བུ་ག་ཐམས་ཅད་ནས་བསྐལ་བའི་མེ་ལྟ་བུའི་རྡོ་རྗེ་མེ་རབ་ཏུ་འབར་བས་ས་གསུམ་གྱི་དཀྱིལ་འཁོར་རྒྱས་པར་འགེངས་པས་སེམས་ཅན་ཐམས་ཅད་འཇིགས་པ་མ་ལུས་པ་ལས་སྐྱོབ་པའི་བདག་ཉིད་ཅན་དུ་གྱུར། དེའི་གཡས་གཡོན་རྒྱབ་གསུམ་དུ་པདྨ་ཉི་མ་རོའི་གདན་ལ་ཧཱུཾ་ནག་པོ་ལས་ལེགས་ལྡན་ནག་པོ་ཆེན་པོ། ལེགས་ལྡན་དྲག་པོ། ལེགས་ལྡན་སྲེད་མེད་ཀྱི་བུ་སྟེ་ལེགས་ལྡན་མཆེད་གསུམ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང་། གཡོན་ཐོད་ཁྲག་ཐུགས་དཀར་འཛིན་ཞིང་། མཆན་ཁུང་གཡོན་ན་ཙན་དན་གྱི་བེ་ཆེན་བསྣམས་པ། སྐུ་ལ་དར་ནག་གི་འཇོལ་བེར་དང་། ཞབས་ལ་སག་ལྷམ་ནག་ཁྲ་གསོལ་བ། ཁྲོས་ཤིང་གཏུམ་པ། ཐོད་པ་སྐམ་རློན་གྱིས་བརྒྱན་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གཡས་བསྐུམས་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པར་གྱུར། གཙོ་འཁོར་རྣམས་ཀྱི་སྦྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན་གྱི་ཡེ་ཤེས་པ་དང་ལེགས་ལྡན་མཆེད་གསུམ་འཁོར་དང་བཅས་པ་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏ་ཏ་པ་ཏྲེ་མ་ཧཱ་ཀ་ལ་ས་པ་རི་ཝ་ར་ཨེ་ཧྱེ་ཧི། བཛྲ་ས་མ་ཛཿཛཿཛཿཧཱུཾ་བཾ་ཧོ། དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྦྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་ཏུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་ༀ་སརྦ་ནས། ཤྲཱི་ཡེ་ཧཱུཾ་ཞེས་གསུངས་ཤིང་དབང་བསྐུར་པས་ལུས་གང་དྲི་མ་དག་ཆུ་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ཡོངས་སུ་གྱུར་པ་ལས། གཙོ་འཁོར་ཐམས་ཅད་ལ་རྣམ་སྣང་གིས་དབུ་བརྒྱན་ཅིང་། དབང་གི་ལྷ་རང་ཉིད་ལ་ཐིམ་པར་གྱུར། དེ་ནས་མཆོད་པ་ཨམྲྀ་ཏས་བསངས་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ ནས། རོལ་མོ་རྣམས་དྭངས་ཤིང ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ། ༀ་སརྦ་ཏ་ཐཱ་ག་ཏ ོཥྞཱི་སི་ཏ་ཏ་པ་ཏྲེ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཤཔྟའི་བར་སྦྱར་ནས་མཆོད་ལ། རྒྱལ་བ་ཀུན་གྱི་མ ཚན་མཆོག་གཙུག་ཏོར་ནས། །ལེགས་པར་འཁྲུངས་པའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་ཕྱག་འཚལ་བསྟོད། །སྤྲུལ་པའི་དབུ་དང་ཕྱག་ནི་སྟོང་མངའ་ཞིང་། །བྱེ་བ་བརྒྱ་སྟོང་ལྡན་པའི་དཔའ་མོ་གང་། །ཕས་རྒོལ་འཇོམས་ལ་ཐོགས་མེད་མཐུ་ལྡན་ཞིང་། །མི་ཕྱེད་འབར་བའི་རྟགས་འཆང་དེ་ལ་འདུད། །སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པའི། །གཏུམ་པོ་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ལྷ་རྣམས་ཀྱི་ཐུགས་ཀའི་ས་བོན་གྱི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་ཐམས་ཅད་ཞི་བར་བྱས་རྒྱལ་བ་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར། ༀ་སརྦ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱཧཱ། ཞེས་ཉེ་སྙིང་དང་སྙིང་པོ་གང་མང་དམ་ཅི་འགྲུབ་དང་། ༀ་མཧཱ་ཀཱ་ལ་བེང་དུ་ཛཿ་བྷྱོ་ཧཱུཾ་ཕཊ། ༀ་མ་ཧཱ་ཀཱ་ལ་དུ་ཏྲི་བྷྱོ་ཧཱུཾ་ཕཊ། ༀ་བཛྲ་མ་ཧཱ་ཀཱ་ལ་ཥྀ་ག་ན་བྷྱོ་ཧཱུཾ་ཕཊ། ཅེས་པ་རྣམས་ཅི་འགྲུབ་བཟླ་པཎ་ཆེན་གྱི་དེར་སྔགས་དང་པོ་མི་འབྱུང་བ་ནི་ཆད་པ་ཡིན་ཏེ། རྒྱ་གཞུང་གཞན་ན་གསུམ་ཀ་སྣང་བའི་ཕྱིར་རོ། །དེ་ནས་ཡིག་བརྒྱ་བརྗོད་ཅིང་། སླར་ཡང་མཆོད་བསྟོད་བསྡུས་པ་བྱས་ནས། དགེ་བ་འདིའི་ཞེས་སོགས་ཀྱང་བརྗོད་པར་བྱའོ། །༈ དེ་ནས་མདུན་བསྐྱེད་བསྒྲུབ་པ་ལ། དམ་ཚིག་པ་བསྐྱེད་དེ་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་དང་། དམ་ཚིག་པ་མ་བསྐྱེད་པར་ཡེ་ཤེས་པ་སྦྱན་དྲངས་ནས་བཞུགས་སུ་གསོལ་བ་གང་བྱས་ཀྱང་མི་འགལ་ཡང་། འདིར་པཎ་ཆེན་སོགས་ཀྱི་བཞེད་པ་ལྟར་དམ་ཚིག་པ་མི་བསྐྱེད་པར་ཡེ་ཤེས་པ་ཉིད་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་བཞིན་བྱ་སྟེ། སྒྲུབ་བཞི་སྔགས་ཀྱིས་བསངས། སྭ་བྷཱས་སྟོངས་པར་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་གསེར་གྱི་ས་གཞིའི་སྟེང་གི་དབུས་སུ་རི་རབ་གྲུ་བཞི་པ། དེའི་སྟེང་དུ་བྷྲུཾ་དཀར་པོ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ལ་སོགས་པའི་མཚན་ཉིད་ཡོངས་སུ་རྫོགས་པ་གདན་དང་བཅས་པ་རྫོགས་པར་གྲུབ་པར་གྱུར། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་གདུགས་དཀར་པོ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས། རོལ་མོའི་དབྱངས་དང་བཅས་ཏེ། ཧཱུཾ། མ་ལུས་རྒྱལ་བ་ཀུན་གྱི་ཐུགས་རྗེ་ཡི། །མཚན་མཆོག་གཙུག་ཏོར་ལས་འཁྲུངས་བཅོམ་ལྡན་མ། །རྒྱལ་ཡུལ་གདུགས་དཀར་འཁོར་དང་བཅས་པ་རྣམས། །སྦྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་མཆེད་གསུམ་དང་། །གཞན་ཡང་དམ་ཅན་སྲུང་མའི་ཚོགས། །བསྟན་དང་བདག་ཅག་དོན་གྱི་ཕྱིར། །འཁོར་དང་བཅས་པ་གནས་འདིར་གཤེགས། །ལྷ་ཆེན་ཚངས་པ་འཁོར་བཅས་དང་། །རྒྱལ་ཆེན་བཞི་དང་ལྷ་ཆེན་བརྒྱད། །ཀླུ་ཆེན་བརྒྱད་དང་གཟའ་ཆེན་བརྒྱད། །རྒྱུ་སྐར་ཉེར་བརྒྱད་འཇིགས་བྱེད་དགུ །གནོད་སྦྱིན་སྲིན་པོ་འབྱུང་པོ་དང་། །ས་བདག་ལྷ་མིན་ཤ་ཟ་དང་། །མིའམ་ཅི་དང་མཁའ་འགྲོ་མ། །རྣལ་འབྱོར་མ་དང་མ་མོའི་ཚོགས། །དྲི་ཟ་མཁའ་ལྡིང་ལྟོ་འཕྱེ་ཆེ། །གདོན་བགེགས་བུ་ལོན་ཆགས་པ་སོགས། །སྲིད་གསུམ་འབྱུང་པོ་ཐམས་ཅད་ཀྱང་། །མཆོད་སྦྱིན་གནས་འདིར་གཤེགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ཤྲཱི་མཧཱ་ཀཱ་ལ་དྷརྨ་པཱ་ལ་དཱ་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝ་ར་ཨེ་ཧྱེ་ཧི་བཛྲ་མ་ཡ་ཛཿཛཿཛཿ ༀ་བཛྲ་ཨརྒྷཾ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། བཅོམ་ལྡན་འདས་གདུགས་དཀར་མོ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས་པ་རང་རང་སོ་སོའི་གདན་ལ་བཞུགས་པར་གྱུར་པ་ནི། དབུས་ཀྱི་གདན་ལ་བཅོམ་ལྡན་འདས་མ་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་བཟློགས་པ་ཆེན་མོ། ཞེས་པ་ནས་འཇིགས་པ་མ་ལུས་པ་ལས་སྐྱོབ་པའི་བདག་ཉིད་ཅན་དང་། ཕྱོགས་བཞིའི་པད་འདབ་དང་། འཁོར་ལོ་རྩིབས་བཅུ་དྲུག་པའི་རྩིབས་རྣམས་སུ་དྲག་ཤུལ་ཆེན་མོ་ལ་སོགས་པའི་ཉེར་གཉིས་ཕྱག་རྒྱའི་ཚོགས་རྣམས་དང་། སྣ་ཚོགས་རྡོ་རྗེའི་ཤར་རྭའི་གཡས་གཡོན་ལ་ཚངས་པ་ཡབ་ཡུམ། ཕྱོགས་བཞིའི་རྭ་རྣམས་སུ་རྒྱལ་ཆེན་བཞི། པདྨ་འདབ་བརྒྱད་ལ་བརྒྱ་བྱིན་ལ་སོགས་པའི་ལྷ་ཆེན་བརྒྱད། འཁོར་ལོ་རྩིབས་བརྒྱད་ལ་འབྱུང་པོ་དང་གཟའ་ལ་སོགས་པའི་སྡེ་བརྒྱད། སྒོ་དང་སྒོའི་ཕྱི་རོལ་ཏུ་ལྟོ་འཕྱེ་ལ་སོགས་པའི་སྡེ་བཞི་སྟེ། གཙང་རིགས་ཀྱི་དཔལ་མགོན་དོན་ལྔའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང་། ཕྱི་རོལ་ཏུ་ལེགས་ལྡན་མཆེད་གསུམ་འཁོར་དང་བཅས་པ་དང་། གདོན་བགེགས་འབྱུང་པོའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ་ནས་ཧཱུཾ་སྔོན་པོས་མཚན་པར་གྱུར། དེ་བཞིན་གཤེགས་པའི་དམ་རྒྱ་བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨུད་བྷ་ཝ་ཡ་སྭཱཧཱ། ཞེས་བརྗོད་དེ་གནས་གསུམ་བྱིན་གྱིས་བརླབས་ལ། པདྨ་ཀ་མ་ལ་ཡ་སྟྭཾ། དེ་ནས་མཆོད་པ་རྣམས་སྔགས་ཀྱིས་བསངས། སྦྱངས། སྟོང་པའི་ངང་ལས་ༀ་ལས་ཞེས་པ་ནས་ཤཔྟ་ཨཱཿཧཱུཾ་ༀ་རུ་པ་ཨཱཿཧཱུཾ་ནས། སྤཪྴ་ཨཱཿཧཱུཾ་དང་། ༀ་མ་ཧཱ་སཔྟ་རཏྣ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ། མ་ལུས་ཞིང་གི་མཆོད་ཚོགས་དང་། །བདག་གིས་འབུལ་བའི་མཆོད་ཡོན་འདི། །བཅོམ་ལྡན་གདུགས་དཀར་ལྷ་ཚོགས་དང་། །གཙང་རིགས་དཔལ་མགོན་དོན་ལྔ་སོགས། །སྲིད་ཞིའི་མགྲོན་རྣམས་ཀུན་ལ་འབུལ། །བཞེས་ནས་བར་ཆད་ཞི་བར་མཛོད། །ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ཤྲཱི་མ་ཧཱ་ཀ་ལ་སརྦ་དྷརྨ་པཱ་ཡ་ལོ་ཀ་པཱ་ལ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཞབས་བསིལ་སོགས་དང་པཱ ཏྱཾ་སོགས་སྦྱར་ནས་ཤཔྟའི་བར་དང་། བདག་གིས་འབུལ་བའི་གཟུགས་མཆོག་འདི། །ཞེས་དང་སྒྲ་དྲི་རོ་རེག་མཆོག་དང་། རཱུ་པ་སོགས་སྦྱར་ནས་འདོད་ཡོན་ལྔ་དང་། ལྷ་རྫས་འཁོར་ལོ་རིན་ཆེན་འདི། །བཅོམ་ལྡན་གདུགས་དཀར་ལྷ་ཚོགས་དང་། །སྲིན་ཞིའི་མགྲོན་རྣམས་ཀུན་ལ་འབུལ། །བར་ཆད་བཟློག་ཕྱིར་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ནས། ཙཀྲ་རཏྣ་ཞེས་སོགས་སྦྱར་བའམ། བསྡུ་ན། ལྷ་རྫས་རྒྱལ་སྲིན་སྣ་བདུན་འདི། །བཅོམ་ལྡན་ནས། མ་ཧཱ་སཔྟ་རཏྣ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་བརྗོད་དེ་འབུལ་ལོ། །དེ་ནས་རྒྱལ་བ་བྱེ་བ་འདུན་དང་འཕགས་པའི་འཁོར། །ཞེས་སོགས་ཀྱི་བསྟོད་པ་རྒྱས་པ་དང་། བདེ་མཆོག་གདུགས་དཀར་ཅན་ལ་ཕྱག་འཚལ་བསྟོད། །རྒྱལ་དང་རྒྱལ་སྲས་ཁྲོས་པའི་སྐུར་བསྟན་ནས། །བསྟན་དགྲ་དམ་ཉམས་གདོན་བགེགས་འཇོམས་མཛད་པ། །མཐུ་སྟོབས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པའི། །གཏུམ་ཆེན་ལེགས་ལྡན་མཆེད་ལ་ཕྱག་འཚལ་བསྟོད། །སྲིད་པ་འདི་ན་གནས་དང་རྒྱུ་བའི་གཙོ། །རྒྱལ་ཆེན་ཕྱོགས་སྐྱོང་ལྷ་ཆེན་ཀླུ་ཆེན་དང་། །འཇིགས་བྱེད་གཟའ་སྐར་གདོན་བགེགས་འབྱུང་པོའི་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་གུས་པས་བསྟོད། །དེ་ནས་གཏོར་མ་དང་པོ་བསངས་སྦྱངས་སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ས་པ་རི་ཝ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱི་འབུལ་ལ། ༀ་ཨརྒྷཾ་སོགས་ཀྱིས་མཆོད་དེ། རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ནས། །ལེགས་པར་འཁྲུངས་པའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པ་དེ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་དབུ་དང་ཕྱག་ནི་སྟོང་མངའ་ཞིང་། །བྱེ་བ་བརྒྱ་སྟོང་སྤྱན་ལྡན་དཔའ་མོ་གང་། །ཕས་རྒོལ་འཇོམས་ལ་ཐོགས་མེད་མཐུ་ལྡན་པའི། །མ་ཕྱེད་འབར་བའི་རྟགས་འཆང་དེ་ལ་འདུད། །ཅེས་བསྟོད། གཉིས་པ་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་བླ་མེད་ལྟར་བྱིན་གྱིས་བརླབས་ཏེ་འབུལ་བའམ། ཡང་ན་གོང་ལྟར་བྱིན་གྱིས་བརླབས་ཏེ། ཆོས་སྐྱོང་འཁོར་དང་བཅས་པའི་ལྗགས་ནས་གསོལ་བར་གྱུར། ༀ་ཤྲཱི་དྷརྨཱ་པཱ་ལ་ས་པ་རི་ཝ་ར་ནས་ཁཱ་ཧི་ཁཱ་ཧི། ལན་གསུམ་དང་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། ནང་མཆོད་ཡོད་ན་འབུལ། སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར་མཛད་པའི་གང་ཟག་ལ། །བར་གཅོད་སྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་པའམ། རྒྱས་པར་ན་རང་རང་གི་གཞུང་ལྟར་བྱ། དེ་ནས་ལེགས་ལྡན་གྱི་གཏོར་མ་བརླབས་ཏེ། ལེགས་ལྡན་མཆེད་གསུམ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་ནས་གསོལ་བར་གྱུར། ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝ་ར་ཨི་དཾ་བ་ལིང་ཏ་སོགས་ལན་བདུན་དང་། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། ནང་མཆོད་ཀྱང་ཕུལ། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་གསུམ་བརྩེགས་འཇིགས་བྱེད་པ། གཏུམ་པོ་རྣམས་ལ་བདག་བསྟོད་དོ། །ཞེས་བསྟོད། དེ་ནས་འཕྲིན་ལས་བཅོལ་བ་ནི། ཧཱུཾ། ཕས་རྒོལ་འཇོམས་ལ་མཐུ་ལྡན་ལྷ་མོ་དང་། །དྲག་ཤུལ་ཆེ་སོགས་འཇིགས་རུང་ཕྱག་རྒྱའི་ཚོགས། །བདུད་འདུལ་ལེགས་ལྡན་ནག་པོ་འཁོར་བཅས་ཀྱིས། །མཐུན་པའི་མཆོད་གཏོར་རྒྱ་མཚོ་འདི་བཞེས་ནས། །རྣལ་འབྱོར་བདག་ཅག་སྦྱིན་བདག་འཁོར་བཅས་ལ། །གདོན་དང་རྒྱུ་སྐར་གཟའ་ཡི་གནོད་པ་དང་། །དུས་མིན་འཆི་དང་སྡིག་པའི་རྨི་ལམ་དང། །དུག་མཚོན་མེ་དང་ཆུ་དགྲའི་འཇིགས་པ་སོགས། ཁྱོད་ཞབས་དྲན་པ་ཙམ་གྱིས་བཟློག་པར་མཛོད། །རླུང་མཁྲིས་བན་ཀན་འདུས་པའི་ནད་རྣམས་དང་། །མཛེ་དང་ཕོལ་མིག་གཡན་པ་ལྷོག་པ་དང་། །གཞོགས་ཕྱེད་ན་སོགས་རིམས་ནད་མཐའ་དག་དང་། །ལྷ་ཀླུ་ལྷ་མིན་ལ་སོགས་གདོན་ཆེན་རྣམས། ཁྱོད་ཞབས་དྲན་པ་ཙམ་གྱིས༴ སྲོག་དང་གཟི་བརྗིད་མདངས་རྣམས་འཕྲོག་པ་དང་། །མངལ་དང་ཤ་ཁྲག་ལ་སོགས་ཟ་བ་དང་། །ཉིན་རེ་བ་སོགས་རིམ་གྱི་གནོད་པ་དང་། །དམག་དང་ཆོམས་རྐུན་རྒྱལ་པོའི་འཇིགས་པ་སོགས། ཁྱོད་ཞབས་དྲན་པ་ཙམ་གྱིས༴ སེང་གེ་སྟག་སོགས་གཅན་གཟན་གནོད་པ་དང་། །གཞན་ཡང་གདོན་ཆེན་རིགས་རྣམས་མཐའ་དག་དང་། །ཀུན་ཏུ་རྒྱུ་དང་ཚངས་པ་སྲེད་མེད་བུ། །དྲང་སྲོང་དམོད་པ་གྲུབ་པའི་ངན་སྔགས་སོགས། ཁྱོད་ཞབས་དྲན་པ་ཙམ་གྱིས༴ མདོར་ན་རྣལ་འབྱོར་སྦྱིན་བདག་འཁོར་བཅས་ཀྱི། །སྔོན་ལས་འཕྲལ་རྐྱེན་ངན་པས་བསྐྱེད་པ་རྣམས། །གཞན་གྱིས་བསམ་ངན་སྦྱོར་བ་རྩུབ་པ་དང་། །ལུས་སྲོག་ལོངས་སྤྱོད་ཚེ་ཡི་བར་གཅོད་རྣམས། ཁྱོད་ཞབས་དྲན་པ་ཙམ་གྱིས༴ གང་གིས་སྒོ་ནས་མི་བསྲུན་སྐྱེ་བོ་ཡིས། །བདག་ཅག་བདེ་ལེགས་འཕྲོག་པའི་རིག་སྔགས་སོགས། །མ་ལུས་གཅད་དང་འབར་བའི་ཕུར་བུ་ཡིས། །དེ་དག་རྣམས་ལ་གདབ་པའི་འཕྲིན་ལས་མཛོད། །བསྟན་པ་བཤིག་ཅིང་དཀོན་མཆོག་དམོད་པ་དང་། །རྣལ་འབྱོར་དཔོན་སློབ་སྦྱིན་བདག་འཁོར་བཅས་ལ། །གནོད་ཅིང་འཚེ་བའི་དགྲ་བགེགས་མ་ལུས་པ། །འབར་བའི་ཕུར་བུས་ཐལ་བར་བརླག་པར་མཛོད། །དེ་ནས་གཞི་བདག་གཏོར་མ་སྔར་ལྟར་བརླབས་ནས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ལན་གསུམ་གྱིས་བསྔོས་ལ། བཅོམ་ལྡན་འདས་དེ་བཞིན་གཤེས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །ཞེས་སོགས་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དེ། ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །ཟག་མེད་བདུད་རྩིའི་གཏོར་མ་འདི། །ས་ཡི་ལྷ་མོ་བརྟན་མ་སོགས། །སྟོང་གསུམ་གཞི་བདག་ཐམས་ཅད་དང་། ཁྱད་པར་ཡུལ་ཕྱོགས་འདི་ཉིད་དང་། །གནས་ཁང་འདི་རུ་གནས་བཅས་པའི། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །བཞེས་ནས་བདག་ཅག་འཁོར་བཅས་ཀྱིས། །ལས་དང་བྱ་བ་ཅི་བྱས་ཀྱང་། །ཀོ་ལོང་ཕྲག་དོག་མི་མཛད་པར། །མཐུན་རྐྱེན་ཡིད་བཞིན་སྒྲུབ་པར་མཛོད། །དེ་ནས་མི་ཟ་དགུ་ཟ་སྣ་ཚོགས་པའི་གཏོར་མ་ཉེར་དགུ་པོ་ལྔ་ཚན་གཅིག །བརྒྱད་ཚན་གཉིས། ཡང་ལྔ་ཚན་གཅིག །གསུམ་ཚན་གཅིག་ལན་ཆགས་གཏོར་མ་བཅས་བཤམས་ལ། བསངས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་གཏོར་ཐམས་ཅད་མགྲོན་རྣམས་རང་རང་ཇི་ལྟར་འདོད་པའི་འདོད་རྒུའི་ཡོ་བྱད་ཕུན་གསུམ་ཚོགས་པ་མཁའ་དང་མཉམ་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། ༀ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨ་ཏེ་བཛྲ་སིདྡྷི་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ། སརྦ་ཏཏྑཾ་ཨུཏྒ་ཏ་སྤ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿ ནཱ་ཨདྱ་ནུ ཏྤན་ན་ཏོད་ཏ། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། ཞེས་སྔགས་དྲུག་དང་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ། དང་པོ་ལྔ་ཚན་དང་པོ་ལ། ༀ་པྲཧྨ་ཎ་ཡེ། ༀ་ཙ་ཏུར་མཧཱ་རཱ་ཛཱ་ས་པ་རི་ཝ་ར་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤཱ་མུ་ཁེ་བྷྱ་སརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མི་ག་ག་ན་ཁཾ་སྭཱཧཱ། །ཞེས་ལན་བདུན་ནམ་གསུམ་གྱིས་བསྔོས་ལ། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཚངས་པ་ཡབ་ཡུམ་འཁོར་བཅས་དང་། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་མཐོས་སྲས། །རང་རང་འཁོར་དང་བཅས་པ་ལ། །ཕྱག་འཚལ་བསྟོད་དེ་མཆོད་གཏོར་འབུལ། །ཟས་སུ་འཕྲེང་བ་སྲོག་འབྲས་བུ། །སྐྱུག་པ་བདུག་པ་ཟ་བ་ཡི། །གདོན་ཚོགས་འཁོར་དང་བཅས་པ་ལ། །རང་རང་དགྱེས་པའི་གཏོར་མ་ནི། །འབྲུ་བཅུད་སྦྱར་བ་འདི་འབུལ་བས། །སོ་སོའི་གདོན་བགེགས་ནད་རིམས་དང་། །ཚེ་སྲོག་བར་ཆད་བཟློག་ཏུ་གསོལ། །གཉིས་པ་བརྒྱད་ཚན་དང་པོ་ལ། ༀ་ཨིནྡྲ་ཡེ། ༀ་ཨགྣ་ཡེ། ༀ་ཡ་མ་ཡེ། ༀ་ནི་རི་ཏེ་ཡེ། ༀ་མ་ཧཱ་ཤྭ་རི། ༀ་ནཱ་ག་རཱ་ཛ། ༀ་བ་ཡུ་བེ་ཡེ། ༀ་ཀུ་བེ་ར་ཡེ་ས་པ་རི་ཝ་ར་ན་མཿ ཞེས་སོགས་སྔར་ལྟར་བསྔོས་ནས། ཧཱུཾ། དབང་པོ་མེ་ལྷ་གཤིན་རྗེ་སྲིན། །ལྷ་ཀླུ་རླུང་ལྷ་གནོད་སྦྱིན་ནི། །ཡབ་ཡུམ་སྲས་དང་གཡོག་རྣམས་ལ། །ཕྱག་འཚལ་བསྟོད་དེ་མཆོད་གཏོར་འབུལ། །ཟས་སུ་མངལ་བསྲེག་ཤ་རྐང་དང་། །མེ་ཏོག་འཆིལ་མ་ལོ་ཏོག་དང་། །འཁུར་བ་ཟ་བའི་གདོན་རྣམས་ལ། །རང་རང་འཁོར་དང་བཅས་པ་ལ། །འབྲུ་བཅུད་སྦྱར་བ་འདི་འབུལ་བས། །སོ་སོའི་གདོན་བགེགས་ནད་རིམས་དང་། །ལོ་ཉེས་ངན་སྔགས་གནོད་པ་དང་། །ཚེ་སྲོག་བར་ཆད་བཟློག་ཏུ་གསོལ། །གསུམ་པ་བརྒྱད་ཚན་གཉིས་པ་ཡང་། ༀ་བྷུ་ཏ་ཨ་དྷི་པ་ཏ་ཡེ། ༀ་སརྦ་གྲ་ཧ་བྷྱཿ ༀ་སརྦཱ་ནཀྵ་མི་ཏྲ། ༀ་བྷུ་མི་བ་ཏི། ༀ་ཨ་སུ་ར་བྷྱཿ ༀ་གི་ན་རེ་བྷྱཿ ༀ་མ་ཏྲི་ན་ཡེ་བྷྱཿ ༀ་ཌཱ་ཀི་ནི་བྷྱ་ས་པ་རི་ཝ་ར་སོགས་ཀྱིས་སྔར་བཞིན་ཕུལ་ནས། འབྱུང་པོ་གཟའ་ཚོགས་རྒྱུ་སྐར་དང་། །ས་བདག་ལྷ་མིན་མིའམ་ཅི། །མ་མོ་མཁའ་འགྲོའི་ཚོགས་བཅས་ལ། །ཕྱག་འཚལ་བསྟོད་དེ་མཆོད་གཏོར་འབུལ། །ཟས་སུ་མི་གཙང་ཚིལ་དཀར་གསུམ། །སྣབས་རྣག་ངར་སྣབས་ཞག་དང་ནི། ཁྲག་འཐུང་བ་ཡི་གདོན་རྣམས་ལ། །རང་རང་འཁོར་དང་བཅས་པ་ལ། །འབྲུ་བཅུད་སྦྱར་བ་འདི་འབུལ་བས། །སོ་སོའི་གདོན་བགེགས་ནད་རིམས་དང་། །གཟའ་གདོན་མཚན་མ་ངན་པ་དང་། །ཚེ་སྲོག་བར་ཆད་བཟློག་ཏུ་གསོལ། །བཞི་པ་ལྔ་མཚན་གཉིས་པ་ཡང་། ༀ་ཝ་རུ་ཎ་ཡེ་བྷྱཿ ༀ་ག་རུ་ཌ་བྷྱཿ ༀ་ཙ་ཏུ་ུར་བྷྱོ་བྷྱཿ ༀ་རཀྵ་སེ་བྷྱཿ ༀ་མ་ཧོ་ར་གེ་བྷྱ་ས་པ་རི་ཝ་ར་ན་མཿ སོགས་ཀྱིས་ལན་གསུམ་ཕུལ་ནས། ཀླུ་ཚོགས་མཁའ་ལྡིང་སྲིང་མོ་བཞི། །རྣལ་འབྱོར་མ་དང་སྲིན་མོ་རྣམས། །ལྟོ་འཕྱེའི་ཚོགས་རྣམས་འཁོར་བཅས་ལ། །ཕྱག་འཚལ་བསྟོད་དེ་མཆོད་གཏོར་འབུལ། །ཟས་སུ་སྟོང་ཁུང་འབབ་འཐུང་དང་། །བཙས་ཟ་གཅིན་འཐུང་ལྷག་མ་དང་། །དྲི་ཉིད་ཟ་བའི་གདོན་རྣམས་ལ། །རང་རང་འཁོར་དང་བཅས་པ་ལ། འབྲུ་བཅུད་སྦྱར་བ་འདི་འབུལ་བས། །སོ་སོའི་གདོན་བགེགས་ནད་རིམས་དང་། །འོག་གདོན་མི་ནད་ཕྱུགས་ནད་དང་། །ཚེ་སྲོག་བར་ཆད་བཟློག་ཏུ་གསོལ། །ལྔ་པ་ལ་གསུམ་གྱི་དང་པོ་སྔར་གྱི་དེ་དག་ཏུ་མ་འདུས་པའི་གདོན་བགེགས་འབྱུང་པོ་སྤྱི་དང་ཁྱད་པར་ལན་ཆགས་ཤ་འཁོན་གཉེར་བ་ལ། ༀ་གུང་ཀ་རི་གུང་ཀ་རི་སྭཱཧཱ། ༀ་པི་ཙི་པི་ཙི་སྭཱཧཱ། ༀ་གུང་གུང་སྭཱཧཱ། ས་པ་རི་ཝ་ར་ན་མཿ ཞེས་སོགས་ལན་གསུམ་གྱིས་ཕུལ་ནས། ཨརྒྷཾ་སོགས་ཀྱིས་མཆོད་དེ། སྔོན་ཆད་མཆོད་སྦྱིན་མ་ཐོབ་པའི། །གདོན་བགེགས་འབྱུང་པོ་ཐམས་ཅད་དང་། །ལན་ཆགས་ཤ་འཁོན་གཉེར་རྣམས་ལ། །ཕྱག་འཚལ་བསྟོད་དེ་མཆོད་གཏོར་འབུལ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །གདོན་རིགས་སུམ་བརྒྱ་དྲུག་ཅུ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །སྟེང་འོག་བར་གསུམ་དབྱེ་བ་ཡི། །གདོན་བགེགས་འབྱུང་པོའི་ཚོགས་རྣམས་དང་། །ཐོག་མ་མེད་ནས་ད་ལྟའི་བར། །བསད་དང་བཅིངས་དང་བརྡེག་པ་དང་། །ཕྲོགས་དང་རྐུ་བ་ལ་སོགས་པའི། །ལན་ཆགས་ཤ་འཁོན་གཉེེར་བ་དང་། །བུ་ལོན་ཆགས་པ་རྣམས་ལ་བསྔོ། །གནོད་འཚེའི་བསམ་སྦྱོར་རྒྱུན་ཆོད་ལ། །བུ་ལོན་ཤ་འཁོན་དག་པར་བགྱིས། །གཉིས་པ་རིགས་དྲུག་ཐམས་ཅད་དང་གློ་བུར་དུ་ལྷག་པ་རྣམས་ལ། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་ལན་གསུམ་གྱིས་བསྔོས་ལ་ཨརྒྷཾ་སོགས་ཀྱིས་མཆོད་དེ། གཞན་ཡང་དྲིན་གྱིས་བསྐྱངས་པ་ཡི། །རིགས་དྲུག་སེམས་ཅན་ཐམས་ཅད་དང་། །སྐལ་ཆད་གློ་བུར་ལྷག་རྣམས་ལ། །བསྔོ་ཞིང་སྦྱིན་པས་ཚིམ་གྱུར་ནས། །བྱང་ཆུབ་སེམས་ཀྱི་རྒྱུད་གང་ཞིང་། །ཉོན་མོངས་གཡུལ་ངོ་བཟློག་ཏུ་གསོལ། །གསུམ་པ་ཕྱོགས་བཞིའི་བགེགས་འཁོར་བཅས་ལ། ༀ་སརྦ་བིགྷཱན་བྷྱ་ས་པ་རི་ཝ་ར་ན་མཿ སརྦ་ཏ་ཐཱ་ག་ཏ་ཞེས་སོགས་ལན་གསུམ་གྱིས་ཕུལ་ནས་ཨརྒྷཾ་སོགས་གྱིས་མཆོད་དེ། འཕྲིན་ལས་བཅོལ་བ་ནི། ཧཱུཾ། ཁམས་གསུམ་བདག་པོ་སྤྲིན་སྒྲོན་མ། །རྡོ་རྗེ་བི་ན་ཡ་ཀ་སོགས། །ཕྱོགས་བཞིའི་བགེགས་ཚོགས་ཐམས་ཅད་ལ། །ཕྱག་འཚལ་བསྟོད་དེ་མཆོད་གཏོར་འབུལ། །གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་བརྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་དང་། །ལྗོན་ཤིང་གེལ་བ་སོགས་གནས་པར། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་འཆན་འབྲས་བུ་མང་པོ་དང་། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཕྱིར། །དེ་རིང་ཕན་ཆད་བསྐྱེད་པར་བགྱིས། །རྒྱན་གྱིས་བརྒྱན་པ་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམས་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ༀ་ཆེན་པོའམ་ཆུང་དུ་གང་དག་གི །ལུས་མ་མངོན་པར་གནོད་གྱུར་བའི། །ནད་དེ་ཉེ་བར་སོལ་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱི། །མཆོད་དང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་མནོས་ལ་གནས་ནས་སུ། །བདག་གི་འདོད་པ་བསྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་སྦྱིན་བདག་འཁོར་བཅས་ཀྱི། །བར་གཅོད་ཉེ་བར་སོལ་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། །ཞེས་བསྒྲགས། དེ་ནས། ཧཱུཾ། བཅོམ་ལྡན་གདུགས་དཀར་འཁོར་བཅས་དང་། །དྲེགས་པ་སྡེ་བརྒྱད་འཁོར་བཅས་ཀྱིས། །མཐུན་པའི་མཆོད་གཏོར་འདི་བཞེས་ནས། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ལ། །གཞན་གྱི་བསམ་སྤྱོད་ངན་པ་དང་། །ཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །ཞེས་པ་ནས་མཐུན་པའི་དངོས་གྲུབ་མ་ལུས་པ། །ཞེས་སོགས་ཀྱང་བརྗོད། བསྡུ་ན། ཧཱུཾ། བཅོམ་ལྡན་གདུགས་དཀར་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །གདོན་རིགས་སུམ་བརྒྱ་དྲུག་ཅུ་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག །རྐྱེན་ངན་བར་ཆད་ཐམས་ཅད༴ ལོ་སྐེག་ཟླ་སྐེག་ཞག་སྐེག༴ རྨི་ལྟས་མཚན་མ་ངན་པ༴ གོད་ཁ་གོད་འདྲེ་ཐམས་ཅད༴ རྦད་འདྲེ་རྦོད་གཏོང་ཐམས་ཅད༴ མི་འདོད་མི་ཤིས་ཐམས་ཅད༴ མདོར་ན་རྣལ་འབྱོར་སྦྱིན་བདག་ལ། །གནོད་པའི་མི་མཐུན་ཕྱོགས་ཞི་ཞིང་། །ཚེ་དཔལ་སྟོབས་འབྱོར་སྙན་གྲགས་སོགས། །ཡར་ངོའི་ཟླ་ལྟར་རྒྱས་པར་མཛོད། །དེ་ནས་སླར་སྔར་གྱི་གཏོར་མ་རྣམས་ཁ་གསོས་ཏེ་གདུགས་དཀར་འཁོར་བཅས་ལ་གོང་ལྟར་འབུལ་བའམ། མ་གྲུབ་ཀྱང་ཆོག་ལ། ཞག་གཉིས་གསུམ་ཙམ་ལ་བྱེད་ན་དེ་བསྟུན་གྱིས་བཟོད་གསོལ་དང་བརྟན་བཞུགས་སོགས་བྱ་ཚུལ་ཤེས་དགོས་ཤིང་། གཞན་འདི་ཡན་གྱིས་གྲུབ་ཀྱང་མཇུག་ཏུ་ཟོར་འཕེན་ན། སྔར་ཀྱི་ཟོར་དག་མདུན་དུ་བཞག་ནས་བསྐྱེད་པ་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་ཟོར་རྣམས་ཐོག་དང་མཚོན་ཆ་མེ་རབ་ཏུ་འབར་བ་དགྲ་བགེགས་བར་གཅོད་ཐམས་ཅད་བཟློག་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཧཱུཾ། བདེ་གཤེགས་གཙུག་ཏོར་ལེགས་འཁྲུངས་ཤིང་། །ས་གསུམ་སྐྲག་མཛད་བཅོམ་ལྡན་མ། །འཇིགས་རུང་ཕྱག་རྒྱའི་ཚོགས་བཅས་པས། །ཟོར་ཆེན་རྫས་ཀྱི་སྟོབས་བསྐྱེད་ཅིག །ལེགས་ལྡན་མཆེད་གསུམ་ཚངས་པ་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །དྲེགས་པ་སྡེ་བརྒྱད་བཅས་པས་ཀྱང་། །ཟོར་ཆེན་ན༴ དེ་ནས། ད་ནི་ཟོར་འཕེན་དགྲ་ལ་འཕེན། །ད་ནི་ཟོར་འཕེན་གདོན་ལ་འཕེན། །ད་ནི་ཟོ་འཕེན་བགེགས་ལ་འཕེན། །ད་ནི་ཟོར་ཁ་དགྲ་ལ་བསྒྱུར། །ད་ནི་ཟོར་ཁ་གདོན་ལ༴ ད་ནི་ཟོར་ཁ་བགེགས་ལ༴ བྷྱོ་བྷྱོ། དེ་ནི་དགྲ་ལ་བྷྱོ། །བྷྱོ་བྷྱོ་དེ་ནི་བགེགས་ལ་བྷྱོཿ ཞེས་བརྗོད་ཅིང་ཟོར་བསྒྱུར་བྱས་ནས། ཟོར་རྣམས་སྒོ་ཕྱོགས་སུ་ཁ་ཕྱིར་བསྟན་ཏེ། དེ་ནས་ལེགས་ལྡན་དང་། །ཚངས་པ་དང་། རྒྱལ་ཆེན་གྱི་གཏོར་མ་རྣམས་ཀྱང་བསྒྲིགས་ཅིང་། མི་ཟ་དགུ་ཟའི་གཏོར་རོ་སོགས་ཕྱིར་བསྐྱལ་བའི་སྟ་གོན་བྱས་ནས་བསྒྲིགས། གསེར་སྐྱེམས་ༀ་ཨཱཿཧཱུཾ་ལན་གྱིས་བྱིན་གྱིས་བརླབས་ལ། ཧཱུ། བཅོམ་ལྡན་གདུགས་དཀར་འཁོར་བཅས་སོགས། །རྒྱལ་བ་ཞི་ཁྲོ་ཐམས་ཅད་ཀྱིས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བདག་གི་མགོན་སྐྱོབས་དཔུང་གཉེན་མཛོད། །ཚངས་པ་བརྒྱ་བྱིན་ལ་སོགས་པ། །འཇིག་རྟེན་སྐྱོང་བ་ཀུན་གྱིས་ཀྱང་། གསེར༴ བདག་གི༴ ལྷ་ཀླུ་གཞི་བདག་ཐམས་ཅད་དང་། །ཡུལ་འདིའི་གནས་བདག་ཀུན་གྱིས་ཀྱང་། །གསེར༴ བདག༴ དེ་ནས་རྣལ་འབྱོར་བ་བཞེངས་ནས། ཧཱུཾ། ཉི་ཟླ་གཟའ་དང་རྒྱུ་སྐར་ཚོགས་རྣམས་དང་། །ཚངས་པ་ལ་སོགས་སྟེང་ན་གནས་པ་ཡི། །མཐོ་བའི་ལྷ་རྣམས་ཐམས་ཅད་ཞབས་བསྐུམས་ལ། །དེ་རིང་རྣལ་འབྱོར་བདག་ལ་ཟོར་ལམ་དབྱེ། །ས་ཡི་ལྷ་མོ་བརྟན་མ་འཁོར་བཅས་དང་། །གདེངས་ཅན་དབང་པོ་ཀླུ་གཉན་ས་བདག་སོགས། །འོག་ན་གནས་པ་ཀུན་ཀྱང་དབུ་འཆུམས་ལ། །དེ་རིང་༴ དབང་བོ་མེ་ལྷ་གཤིན་རྗེ་སྲིན་པོ་སོགས། །ཕྱོགས་དང་མཚམས་ན་གནས་པ་ཐམས་ཅད་དང་། །དྲི་ཟ་ལ་སོགས་བར་སྣང་གནས་པ་རྣམས། །གཡས་དང་གཡོན་དུ་ཅུང་ཟད་གཟུར་མཛོད་ལ། དེ་རིང་༴ དྲེགས་པ་སྡེ་བརྒྱད་འཁོར་བཅས་ཐམས་ཅད་དང་། །ཡུལ་འདིའི་གཞི་བདག་གཉེན་པོ་འཁོར་བཅས་ཀྱིས། །ཀོ་ལོང་རུང་ང་ཕྲག་དོག་མ་མཛད་པར། །དེ་རིན་རྣལ་འབྱོར་བདག་ལ་ཟོར་ལམ་དབྱེ། །ཞེས་བརྗོད་ནས་ཟོར་འཕེན་སར་འགྲོ་བ་ན། ཀུན་གྱིས་གདུགས་དཀར་གྱི་སྔགས་བརྗོད་ཅིང་འགྲོ། དེ་ནས་ཟོར་འཕེན་སར་སླེབས་པ་ན་གསེར་སྐྱེམས་མཆོད་ཅིང་སྔར་གྱི་བཅོམ་ལྡན་གདུགས་དཀར་ལྷ་ཚོགས་དང་། ཞེས་སོགས་ཀྱི་བཟློག་པ་དེ་གཉིས་གང་རུང་བརྗོད་ཅིང་ཟོར་རྣམས་འ ཕེན་པ་ལས་གཞན་མ་བཤད་ཅིང་། འཕེན་ཚུལ་པཎ་ཆེན་གྱི་བཞེད་པ་ལྟར་ན་དེས་ཆོག་པར་སྣང་ལ། འཕེན་པའི་ཚེ་སྔགས་གང་བརྗོད་པ་མི་གསལ་ཡང་གདུགས་དཀར་གྱིས་སྔགས་དང་། ཕྱག་རྡོར་གྱི་སྔགས་ༀ་བཛྲ་པ་ཎི་ཧཱུཾ་ཕཊ་གདོན་བགེགས་མཱ་ར་ཡ་ཕཊ། ཅེས་སྦྲེལ་ནས་བརྗོད་ཅིང་འཕངས་ན་ལེགས་པར་སེམས། སློབ་དཔོན་ཙཎྜཱ་གོ་མིའི་གདུགས་དཀར་གྱི་སྔགས་རིང་བཟླས་ནས་ཚེ་དང་ཡུངས་དཀར་བ་སྔགས་ནས་འཕེན་པར་ཡང་བཤད། དམ་པ་ཁ་ཅིག་རྒྱལ་དབང་གི་རྙིང་མའི་ཕྱོགས་སུ་མཛད་པའི་མདོས་ཟོར་འཕེན་ཚུལ་དེ་འདིར་ཁ་བསྐང་ནས་ཕྱག་ལེན་མཛད་ཅིང་འདོད་ན་དེ་ལྟར་རུང་ཙམ་སྟེ། ངེས་པར་དགོས་པར་མི་སྣང་བས་མ་བྲིས། ཟོར་འཕངས་ཟིན་ནས་སློབ་དཔོན་གྱིས་རྟིང་མནན་པས་ནང་དུ་འོངས་ཏེ་སླར་མཆོད་བསྟོད་དང་ཡིག་བརྒྱ་བཟོད་གསོལ་དང་གཤེགས་གསོལ་རྣམས་བྱ་དགོས་ཤིང་། དེ་ཡང་མཆོད་འབུལ་དང་བསྟོད་པ་གོང་དུ་བརྗོད་པ་དེ་དག་ལས་བསྡུས་ཏེ་བྱ་ལ། བཟོད་གསོལ་བསྡུས་པ་ནི། མ་རྙེད་ཡོངས་སུ་མ་ཤེས་དང་། །ཞེས་སོགས་ཀྱིས་བྱ་ཞིང་། རྒྱས་པ་ནི་རང་གིས་ཇི་ལྟར་འདོད་པ་བཞིན་བྱས་ཆོ ག །གཤེགས་གསོལ་ནི་ༀ་ཁྱོས་ཀྱིས་བདག་ཅག་དོན་མཛད་ཅིང་། །འདོད་དོན་སྒྲུབ་པ་ཀུན་ནས་ལེགས། །ད་ནི་མི་དགྱེས་མེད་པར་ནི། །རང་གི་གནས་སུ་བཛྲ་མུཿ མགྲོན་རྣམས་རང་རང་གནས་སུ་གཤེགས་པར་གྱུར་ཅེས་བརྗོད། བཀྲིས་ནི་སྤྱི་ལྟར་བྱའོ།། །།འཕྲོས་ལ་བསྡུས་པ་བྱ་ཚུལ་ཞིག་བརྗོད་པར་སྟེ། དེ་སྔ་དཀྱིལ་འཁོར་ནི་བསྡུ་ན་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཚོམ་བུ་བཀོད་ཆོག་པར་པཎ་ཆེན་རིན་པོ་ཆེའི་ཆོ་ག་ལས་བཤད་ཅིང་། བསྡུས་པ་ནི་དེ་ཉིད་ལས་འབྱུང་བ་དང་བསྟུན་གཞན་གཞུང་ལྟར་ལ། མདུན་བསྐྱེད་སྤྱན་འདྲེན་གྱི་ཚེ། བཅོམ་ལྡན་འདས་གདུགས་དཀར་པོ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་རང་རང་སོ་སོའི་གདན་ལ་བཞུགས་པར་གྱུར་པ་ནི། དབུས་ཀྱི་གནད་ལ་བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་བཟློག་པ་ཆེན་མོ། ཞེས་པ་ནས་འཇིགས་པ་མ་ལུས་པ་ལས་སྐྱོབ་པའི་བདག་ཉིད་ཅན་ཉེར་གཉིས་ཕྱག་རྒྱའི་ཚོགས་དང་བཅས་པ་དང་། ཚངས་པ་དང་། རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད། འཇིགས་བྱེད་དགུ། བགེགས་དང་། གདོན་གྱི་རིགས་སུ་གྱུར་པ་སྲིད་པ་གསུམ་གྱི་སྡེ་བརྒྱད་འབྱུང་པོའི་ཚོགས་དང་བཅས་པ་བཞུགས་པར་གྱུར། ཀ་མ་ལ་ཡེ་སྟཾ། དེ་ནས་མཆོད་པ་འབུལ་ཚུལ་སྔར་ལྟར་རྒྱས་བསྡུས་ཅི་རིགས་དང་བསྟོད་པའི་བར་བྱས་ནས། །གཏོར་མ་གཞན་འབུལ་ཚུལ་གོང་ལྟར་ལ། མི་ཟ་དགུ་ཟའི་གཏོར་མ་རྣམས་ཅིག་ཅར་དུ་འབུལ་ཚུལ་བསྡུས་ནས་འདི་ལྟར་བཤད་དེ། བྱིན་བརླབས་སྔར་ལྟར་བྱས་ནས། ༀ་རུ་ཏྭ་ཡེ། ༀ་ཤ་ཏ་ས་ཧ་སྲ། ཞེས་པ་ནས་ཨ་སུ་ར་བྷྱ་ན་ག་བྷྱ་དེ་བ་ནཱ་ག་ནས། ཨ་མ་ནུ་ཥ་ས་པ་རི་ཝ་ར་བྷྱོ་བི་ཤྭ་ནས། ག་ག་ན་ཁཾ་སྭཱཧཱ། ཞེས་ཆ་གསུམ་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་དང་སྡེ་བརྒྱད་ཀྱི་སྔགས་གཉིས་ཀྱིས་ལན་བདུན་ཅིག་ཅར་དུ་བསྔོས་ནས་ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སོགས་ཀྱིས་མཆོད་དེ། ཧཱུཾ། ཕས་རྒོལ་འཇོམས་ལ་མཐུ་ལྡན་གཙོ་མོ་དང་། །ཞེས་པ་ནས། འབར་བའི་ཕུར་བུས་ཐོབ་ལ་བརླག་པར་མཛོད། །ཅེས་འཕྲིན་ལས་བཅོལ་ནས། ཧཱུཾ་ཁམས་གསུམ་བདག་པོ་སྤྲིན་སྒྲོན་མ། །ཞེས་པ་ནས། གདོན་ཁྱོད་རང་གི་གནས་སུ་དེངས། །ཞེས་པའི་བར་དང་། ཧཱུཾ། བཅོམ་ལྡན་གདུགས་དཀར་འཁོར་བཅས་དང་། །ཞེས་པ་ཡན་ཆད་ནི་རྒྱས་པ་ལྟར་བྱའོ། །རྒྱལ་བའི་གཙུག་ཏོར་ས་འཛིན་རྩེ་མོ་ནས། །ལེགས་འཁྲུངས་རིག་སྔགས་ཆེན་མོ་གདུགས་དཀར་གྱི། །བཟློག་ཆེན་ཇི་ལྟར་བྱ་ཚུལ་འོད་དཀར་ཅན། །གདོན་བགེགས་གནོད་མུན་སེལ་ཕྱིར་དེང་འདིར་ཤར། །གང་འདི་གཞན་གྱིས་དད་པས་བསྐུལ་བ་དང་། །རང་ཉིད་ལྷག་བསམ་དག་པའི་ཀུན་སློང་གིས། །རྒྱ་བོད་གཞུང་ནས་འབྱུང་བའི་དགོངས་དོན་ལྟར། །ལག་ལེན་གསལ་བར་ཕྱེ་ནས་བཀོད་པ་ཉིད། །ཚུལ་བཞིན་བྱས་ན་གདོན་བགེགས་བར་ཆད་རྣམས། །ཉེ་བར་ཞི་འགྱུར་སོམ་ཉི་མི་འཚལ་ཡང་། །འདི་ལ་ཡོ་བྱད་སྣ་མང་དགོས་པའི་ཕྱིར། །མི་འབྱོར་ལག་ལེན་ཇི་བཞིན་འཁྱེར་བ་དཀའ། །འོན་ཀྱང་གང་གིས་འདི་ལྟར་ཕྱོགས་ཙམ་ཞིག །སྒྲུབས་ཤིང་དད་པས་ལག་ཏུ་བླངས་བྱས་ན། །གནོད་པའི་ནད་གདོན་བར་ཆད་ཕྲན་ཚེགས་རིགས། །ཞི་བར་འགྱུར་ལ་ཐེ་ཚོམ་ཅི་ཞིག་ཡོད། །ཙཎྜ་གོ་མི་བཟང་པོ་བཀྲ་ཤིས་དང་། །པཎ་ཆེན་གོང་མ་ནས་བརྒྱུད་བཟློག་ཆེན་འདི། །སྦྱར་བའི་དགེ་དེས་བདག་གཞན་འགྲོ་བ་ཀུན། །གདོན་བགེགས་བར་ཆད་རིགས་ལས་གྲོལ་གྱུར་ཅིག །ཅེས་གདུགས་དཀར་གྱི་བཟློག་ཆེན་ཇི་ལྟར་བྱ་ཚུལ་འདི་ཡང་། ལ་མར་ནང་གི་སྔགས་བོན་དད་ལྡན་རྣམས་ཀྱིས་བསྐུལ་བའི་ངོ་བོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། དད་དང་རྣམ་དཔྱོད་ལྡན་པའི་སྦིས་མ གུའི་དགེ་སློང་བཟང་པོ་རྒྱལ་མཚན་གྱིས་རྒྱུད་གྲྭར་སྔགས་རམ་པའི་མཚན་གདགས་མཛད་པའི་སྐབས་སུ། དཔོན་སློབ་ཀྱི་གསུང་ཙམ་ཞིག་པར་དུ་བརྐོ་བར་བྱ་ཞེས་བསྐུལ་བའི་ཚེ་གཞན་ལ་ཕན་ཆེད་དཔེ་འདི་པར་དུ་བརྐོ་རྒྱུར་བྱིན་པ་ལྟར་པར་དུ་བསྒྲུབས་པའི་དགེ་བས་བརྐོ་བ་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱི་བར་ཆད་མི་མཐུན་པའི་ཕྱོགས་རྣམས་ཉེ་བར་ཞི་ནས་མྱུར་དུ་འཚང་རྒྱ་བར་འགྱུར་ཅིག །པར་གྱི་ཡི་གེ་པ་ནི་སྦིས་མགུའི་འཕགས་པ་སྐྱབས་ཀྱིས་སོ།། །། མངྒ་ལཾ། །

བརྒྱ་བཞིའི་ཆོ་ག་འཆི་བདག་ཀུན་བཟློག

བརྒྱ་བཞིའི་ཆོ་ག་འཆི་བདག་ཀུན་བཟློག་ཅེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། སྐུ་བཞིའི་བདག་ཉིད་རྩ་བའི་བླ་མ་དང། །མི་འཇིགས་བཞི་ལྡན་ཐུབ་དབང་ལ་བཏུད་ནས། །བརྒྱ་བཞིའི་ཆོ་ག་མཁྱེར་བདེ་ཀུན་ཕན་ཞིག །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཕྱིར་བྲི། །འདི་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་གི་རིམ་པའོ། །དང་པོ་ལ་བཅའ་གཞི་སོགས་ནི། ས་སྟེགས་སམ་རས་ཤོག་སོགས་གཞི་གཙང་མ་གང་ཡང་རུང་བའི་སྟེང་དུ་རྡུལ་ཚོན་ནམ། ཚོན་གཞན་གྱིས་དབུས་སུ་པད་འདབ་བརྒྱད་ལྟེ་བ་དང་བཅས་པའི་ཕྱོགས་བཞིའི་འདབ་མ་དམར། མེ་རླུང་གཉིས་སེར། བདེན་བྲལ་ལྗང་། དབང་ལྡན་ནག་ལྟེ་བ་ལྗང་། གེ་སར་སེར་པོ་བྱ་ཞིང་། འདི་ལ་ཤར་དཀར་བ་སོགས་སྤྱི་ལྟར་ཡང་བྱར་རུང་ངོ་། ལྟེ་བར་སངས་རྒྱས་ཀྱི་ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་ཕྱག་མཐིལ་དང་ཕྱག་སོར་ཀྱི་ནང་དམར་པོ། དེ་ལ་མུ་ཁྱུད་སེར་པོ་བྱས་པའི་སྟེང་དུ་མཉྫི་ཆེན་པོའམ། མ་རྙེད་ན་ཤིང་གི་རྐང་གསུམ་བཙུགས་པའི་དབུས་ཐོག་ཏུ་དེ་བཞིན་གཤེགས་པའི་གསེར་སྐུའམ་སྨན་སྐུ་བཞུགས་པར་བྱ་ཞིང་། དབུ་ཐོག་ཏུ་དར་རམ་རས་ཤོག་སོགས་ཀྱི་གདུགས་སམ་མདའ་དར་འཛུགས། ཕྱག་གི་མཐེའུ་ཆུང་ལ་ལྷ་བདུད་དཀར་པོ། སྲིན་ལག་ལ་ཉོན་མོངས་པའི་བདུད་དམར་པོ། གུང་མོ་ལ་འཆི་བདག་གི་བདུན་ནག་གོ །མཛུབ་མོ་ལ་ཕུང་པོའི་བདུད་སེར་པོའི་གཟུགས་བརྙན་ཟན་འཇིམ་སོགས་ལ་བཅོས་པའམ། བྲིས་པའང་རུང་སྟེ་ཁ་ཕྱག་མཐིལ་ཕྱོགས་ལ་བསྟན་ནས་འགོད། ཕྱག་མཐིལ་དུ་ངར་ཕྱེ་ལས་སྦྱིན་བདག་གམ། ནད་པའི་གླུད་མིག་སོགས་ཀྱི་སྐྱེ་མཆེད་དོད་པ་བྱ་སྟེ། དེ་ཡང་ཟེར་མོའི་སྐྲ། ལུང་ཐང་གི་མིག །མུ་ཏིག་གི་ཀླད་པ། དར་དམར་གྱི་ལྕེ། མགྲོན་བུའི་སོ། ལག་པ་གཡས་གསེར་དང་གཡོན་དངུལ། རྐང་པ་གཡས་ཟངས་དང་གཡོན་ལྕགས་ལས་བྱས་པ། མ་གྲུབ་ན་མཚོན་བྱེད་ཅི་རིགས་བྱས་ལ་རྒྱན་གོས་དང་བཅས་སྟེ་བཞག །པད་འདབ་ཀྱི་མཐར་གྲུ་བཞིར་བཅད་པའི་ཕྱོགས་བཞི་པོ་རེ་རེར་ས་ཙྪ་ཉེར་ལྔ་རེ་འགོད། དེ་བཞིན་དུ་དེའི་ཕྱི་རིམ་ལ་མར་མེ་བརྒྱ། དེའི་ཕྱི་རིམ་ལ་ཟན་གྱི་ངར་མི་བརྒྱ། དེའི་ཕྱི་རིམ་པ་ལྷ་བཤོས་བརྒྱ། དེའི་ཕྱི་རོལ་ཏུ་ཕྱོགས་བཞིར་ཆུ་གཉིས་ཉེར་སྤྱོད་ཚང་བ་ཚར་རེ། མདུན་དུ་བདུད་བཞིར་འབུལ་གཏོར་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ་མཐེབ་ཀྱུ་བརྒྱ་རྩ་གཅིག་གིས་བསྐོར་བ། གླུད་རྫོངས་པ་ནི་རིན་པོ་ཆེ་དར་སྣ་གོས་སྣ་སྨན་སྣ་ཟས་སྣ་འབྲུ་སྣ་ཤིང་ཏོག་ཆང་ཕུད་གསེར་སྐྱེམས་རྣམས་དང་། གཞན་ཡང་བླ་མ་མཆོག་གསུམ་དང་ཡི་དམ་ཆོས་སྐྱོང་གཞི་བདག་སོ་སོའི་གཏོར་མ་རྣམས་དང་། ཆུ་གཉིས་ཉེར་སྤྱོད་རྣམས་ཚར་གཅིག་གཉིས་སོགས་ཅི་འགྲུབ། སཱཙྪ་རབ་གནས་ཅན་ཡིན་ན་མ་གཏོགས་རབ་གནས་བྱ་དགོས་པས་ཆོ་གའི་དཀྱུས་སུ་བྲིས་ན་འཇུག་པ་མི་བདེ་བས་མཇུག་ཏུ་འཆད་དོ། །གཉིས་པ་ཆོ་ག་དངོས་བཞི་ལ་འཇུག་ཚུལ་ལ་གཉིས། བདག་བསྐྱེད་དང་། མདུན་བསྐྱེད་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། རང་ཐུབ་དབང་ཕྱག་རྡོར་འཇིགས་བྱེད་རྟ་མགྲིན་སོགས་ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་རྫོགས་པར་བྱ་ཞིང་། བསྡུ་ན་སྐད་ཅིག་གིས་ཀྲོང་བསྐྱེད་ཀྱང་རུང་སྟེ། བརྒྱ་བཞིའི་ཆོ་ག་ཁ་ཅིག་ལས་རང་ཡི་དམ་དུ་གསལ་བའི་ཞེས་པ་ཙམ་ལས་མི་འབྱུང་བའི་ཕྱིར་དང་། རིགས་པ་གཞན་གྱིས་ཀྱང་འགྲུབ་པའི་ཕྱིར་རོ། །གཉིས་པ་མདུན་བསྐྱེད་ལ་གཉིས། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་མགྲོན་ཇི་ལྟར་བསྐྱེད་པའི་ཚུལ་ལོ། །དང་པོ་ལ། པཎ་ཆེན་གྱི་ཆོ་གར་རང་ལྷར་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་འདས་པའི་མགྲོན་རྣམས་སྤྱན་དྲངས་ནས་ཡན་ལག་བདུན་པ་དང་མཆོད་པ་ཅི་རིགས་འབུལ་བ་ལས་གཞན་མི་གསལ་བས་ཚུལ་དེ་བཞིན་དུ་བྱས་ཀྱང་རུང་བར་ཤེས་མོད། འདིའི་ཆོ་ག་མཛད་པ་པོ་ཁ་ཅིག་འདས་པའི་མགྲོན་རྣམས་བྲིས་པའི་མཎྜལ་གྱི་དབུས་སུ་བསྐྱེད་པར་མཛད་སྣང་བས་དེ་བཞིན་དུ་བཤད་པར་བྱའོ། །འདི་ལ་གཉིས། གནས་དང་མཆོད་པ་བྱིན་བརླབ་བྱ་བ་དང་། བསྐྱེད་ཚུལ་དངོས་སོ། །དང་པོ་ནི་འདི་ལྟར་བྱས་ན་བདེ་སྟེ། བླ་མ་མཆོག་གསུམ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །རྟེན་འབྲེལ་བསླུ་མེད་ཆོས་དབྱིངས་བདེན་སྟོབས་དང་། །གསང་སྔགས་རིགས་སྔགས་ལྷག་བསམ་དག་པའི་མཐུས། །གནས་འདི་རྣམ་པར་དག་པའི་ཞིང་མཆོག་ཏུ། །ཡོངས་གྱུར་མཆོད་སྤྲིན་རྒྱ་མཚོ་ཆད་མེད་ཅིང་། །བསམ་གྱིས་མི་ཁྱབ་ས་དང་བར་སྣང་ཁྱོན། །མ་ལུས་གང་བར་འབྱུང་ཞིང་རྒྱས་གྱུར་ཅིག །ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ལན་གསུམ་གྱིས་གནས་བྱིན་གྱིས་བརླབ་བོ། །གཉིས་པ་ནི། མཎྜལ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་མེ་རི་དང་བཅས་པའི་དབུས་སུ་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་གདན་ལ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། སྐུ་ལ་ཆོས་གོས་ངུར་སྨྲིག་གསོལ་ཞིང་། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པ། དེའི་གཡས་སུ་བྱམས་པ་དང་ཤཱ་རིའི་བུ། གཡོན་ཏུ་འཇམ་དཔལ་དང་མོའུ་འགལ་གྱི་བུ། མདུན་དུ་སྤྱན་རས་གཟིགས་དང་ཀུན་དགའ་བོ། རྒྱབ་ཏུ་ཕྱག་རྡོར་དང་འོད་སྲུང་ཆེན་པོ། དེའི་ཕྱི་རོལ་ཏུ་རབ་འབྱོར་ལ་སོགས་པ་དགྲ་བཅོམ་པའི་ཚོགས་རྣམས་དང་། མདུན་ཕྱོགས་སུ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་གདུགས་ལ་སོགས་པ་མཆོད་རྫས་སྣ་ཚོགས་པ་ཐོགས་ནས་མཆོད་པར་བྱེད་པ། སྟེང་ཕྱོགས་སུ་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་ཤིང་། དེའི་མཐའ་བསྐོར་དུ་གཙང་རིགས་ཀྱི་དཔལ་མགོན་དོན་ལྔ་ལ་སོགས་པ་འཇིག་རྟེན་པའི་མགྲོན་གཞན་རྣམས་ཀྱིས་གནམ་ས་བར་སྣང་གི་ཁྱོན་ཐམས་ཅན་གང་ནས་བཞུགས་པར་གྱུར། སྤོས་ཕོར་སོགས་དང་བཅས་ཏེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེའི་དཔུང་ཚོགས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་པ་ཙམ་མམ། སྦྲོ་ན། བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །ཞེས་པ་ནས། ཡོངས་དག་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཐུབ་པའི་བསྟན་དང་བསྟན་འཛིན་ཀུན་སྐྱོང་བར། །ཐུབ་པའི་སྤྱན་སྔར་ཞལ་བཞེས་དམ་བཅས་པའི། །ཐུབ་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཆོགས། །ཐུབ་པའི་བསྟན་པ་སྲུང་ཕྱིར་གནས་འདིར་གཤེགས། །མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ཞེས་སོགས་རྐང་པ་དྲུག་གི་མཐར། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །ཞེས་སོགས་ཚིགས་བཅད་གཅིག་དང་། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཞེས་སོགས་གཅིག་གི་མཐར། པདྨ་ཀ་མ་ལ་ཡེ་སྟྭཾ། དེ་ནས་སྔོན་དུ་ཕྱག་འཚལ་བ་ནི། ཐབས་མཁས་ཐུགས་རྗེ་སོགས་དང་། ཇི་སྙེད་སུ་དག་ཅེས་པ་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་པའི་བར་དང་། ཕྱག་བྱར་འོས་པ་ཞེས་སོགས་གྱིས་ཕྱག་དང་། དེ་ནས་མཆོད་པ་རྣམས། ཧྲིཿཥྟཱྀར་ལྟ་བུའམ། ཨ་མྲྀཏས་བསངས། སཱ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིར་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ནས། རོལ་མོ་ལ་སོགས་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁྱོན་དང་མཉམ་བར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས། སྤཪྴ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ཏེ། ཕྱོགས་བཅུའི་རབ་འབྱམས་ཞིང་དག་ན། །ཇི་སྙེད་མཆིས་པའི་མཆོད་ཡོན་དང། །བདག་གིས་དངོས་བཤམས་ཡིད་སྤྲུལ་འདི། །ཐུབ་དབང་མཆོག་གསུམ་འཁོར་བཅས་མཆོད། །ༀ་སརྦ་ཏ་ཐཱ་ག་ཏའམ། ༀ་ཤཱཀྱ་མུ་ནེ་སརྦ་གུ་རུ་བུདྡྷཱ་བོ་དྷི་ས་ཏྭ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཞབས་བསིལ་སོགས་དང་། པཱ་དྱཾ་སོགས་སྦྱར་ནས། ཤཔྟའི་བར་དར། ཕྱོགས་བཅུའི་རབ་འབྱམས་ཞིག་དག་ན། །གཟུགས་མཆོག་ཇི་སྙེད་ཡོད་པ་དང་། །བདག་གིས་འབུལ་བའི་གཟུགས་མཆོག་འདི། །ཐུབ་དབང་མཆོག་གསུམ་འཁོར་བཅས་མཆོད། །རཱུ་པ་སོགས་དང་། སྒྲ་མཆོག །དྲི་མཆོག །རོ་མཆོག །རེག་མཆོག་དང་། ཤཔྟ་ནས། སྤཪྴའི་བར་སྦྱར་ནས་འབུལ། ཡང་ན། རིན་ཆེན་དབང་གི་རྒྱལ་པོ་ཞེས་སོགས་ཀྱིས་འབུལ་ལོ། །ཞིང་འདི་འཁོར་ལོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པྲ་ཏཱི་ཙྪ༴ དེ་བཞིན་དུ། ནོར་བུ། བཙུན་མོ། བློན་པོ། གླང་པོ། རྟ་མཆོག །དམག་དཔོན་རིན་ཆེན་ཞེས་སོགས་དང་། མ་ཎི་རཏྣ་ནས། ཁངྒ་རཏྣའི་བར་སྦྱར་ནས་རྒྱལ་སྲིད་བདུན་དང་། ཡང་ན། ཞིང་འདི་རྒྱལ་སྲིད་སྣ་བདུན་གྱིས། །ཞེས་སོགས་དང་། མ་ཧཱ་ས་པཱ་ར་ཏཱས་འབུལ། གཞན་ཡང་གདུགས་དང་རྒྱལ་མཚན་སོགས། །བཀྲ་ཤིས་རྟགས་བརྒྱད་གླིང་བཞི་རི། །ཉི་ཟླ་ཀུན་བཟང་མཆོད་སྤྲིན་ཚོགས། །ཐུབ་དབང་མཆོག་གསུམ་འཁོར་བཅས་མཆོད། །ༀ་སརྦ་ཏ་ཐཱ་ག་ཏ་ཨཥྚ་མངྒ་ལཾ་མཎྜ་ལ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །ཞེས་སོགས་དང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་སོགས་དང་། ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞེས་སོགས་དང་། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། །ཞེས་སོགས་ཡན་ལག་བདུན་པ་བྱའོ། །དེ་ནས་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། མགྲོན་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་ཤཱཀྱ་མུ་ནེ་སརྦ་གུ་རུ་བུདྷཱ་བྷོ་དྷི་ས་ཏྭ་ས་པཱ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་འབུལ། སྔགས་དེའི་མཐར། ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ་སྦྱར་ནས་མཆོད་དེ། སྙིགས་མའི་མགོན་པོ་མཉམ་མེད་ཤཱཀྱའི་ཏོག །བླ་མ་རྒྱལ་བ་སྲས་བཅས་འཕགས་པའི་ཚོགས། །བསྟན་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ལ། །གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་པའམ། ཕྱག་བྱར་འོས་པ་ཞེས་སོགས་ཀྱིས་བསྟོད། གལ་ཏེ་བསྐང་གསོ་བྱེད་སྐབས་འདིར་མངོན་རྟོགས་ནས་འབུལ་གཏོར་གྱི་བར་བྱ། དེ་མིན་སྔར་གྱི་མཇུག་ནས་མར་མེ་སྤར་ཏེ་ཆབ་བྲན་ནས་སྤོས་ཀྱིས་བདུག །གཉིས་པ་ལ་ལྔ། འཇིག་རྟེན་པའི་འགྲོན་སྦྱན་འདྲེན་པ། མཆོད་རྫས་འབུལ་བ། འཕྲིན་ལས་བཅོལ་པ། བསྟོད་པ། གླུད་རྫོང་གི་སྐོར་རོ། །དང་པོ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་བདུད་བཞི་འཁོར་དང་བཅས་པ་དང་གནོད་བྱེད་ཀྱི་མགྲོན་རྣམས་ཐམས་ཅད་སྦྱན་དྲངས། སྐད་ཅིག་གིས་རང་གི་མདུན་དུ་བྱོན་པར་གྱུར། རོལ་མོའི་བྱངས་དང་བཅས། ༧ ཀྱཻ། སྔོན་ཚེ་སུམ་ཅུ་རྩ་གསུམ་ན། །ལྷ་དབང་བརྒྱ་བྱིན་འཁོར་ཚོགས་ཀྱིས། །ཡོངས་བསྐོར་འདོད་པའི་ལོངས་སྤྱོད་ལ། །དགའ་མགུར་སྤྱོད་ཅིང་གནས་པའི་དུས། །འཆི་བདག་བདུད་སོགས་བདུད་རྣམ་བཞིས། །ཟིན་ནས་སྡུག་བསྔལ་ཐོབ་པའི་ཚེ། །སྡུག་བསྔལ་སེལ་ཐབས་སྟོན་པ་ལ། །ཞུས་ཤིང་སྐྱབས་སུ་སོང་བ་ན། །བཅོམ་ལྡན་རྒྱལ་བ་ཤཱཀ་ཐུབ་ཆེས། །ལྷ་དབང་བརྒྱ་བྱིན་དོན་ཆེད་དང་། །མ་འོངས་འགྲོ་ལ་ཕན་པའི་ཕྱིར། །མཆོད་སྦྱིན་བརྒྱ་བཞིའི་རྫས་བསགས་ཏེ། །བདུད་བཞི་བཀུག་ནས་སྦྱིན་བཏང་བས། །ལྷ་དབང་སྙུན་ལས་གྲོལ་བར་མཛད། །དེ་བཞིན་ད་ལྟ་ཡོན་བདག་གིས། །བདུད་དང་འབྱུང་པོ་གདོན་བགེགས་སོགས། །མི་མིན་གནོད་པ་ཞི་བ་དང་། །ལྟས་ངན་མི་ཤིས་བཟློག་དོན་དུ། །མཆོད་སྦྱིན་བརྒྱ་བཞིའི་རྫས་བསགས་ནས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །སྟོབས་ཆེན་བདུད་བཞི་འཁོར་བཅས་རྣམས། །མཆོད་སྦྱིན་ཆེད་དུ་སྤྱན་འདྲེན་ན། །ཐོགས་མེད་འཕྲུལ་གྱིས་གཤེགས་སུ་གསོལ། ཀྱཻ། ནམ་མཁའ་མཐའ་ཡས་གནས་མཆོག་ནས། །མྱང་འདས་ཐོབ་ལ་བགེགས་བྱེད་པའི། །ཕུང་པོའི་བདུད་ཚོགས་འཁོར་དང་བཅས། །གནས་འདིར་སྦྱན་འདྲེན་གཤེགས་སུ་གསོལ། །རྣམ་ཤེས་མཐའ་ཡས༴ གནས་ལུགས་རྟོགས་ལ༴ ཉོན་མོངས་བདུད༴ གནས་འདིར༴ ཅི་ཡང་མེད་པའི༴ འདོད་ཆགས་བྲལ་ལ༴ ལྷའི་བུའི་བདུད༴ གནས་འདིར་༴ ཡོད་མིན་མེད་མིན༴ ཆེ་མཐར་ཕྱིན་ལ༴ འཆི་བདག་བདུད༴ གནས་འདིར༴ ཀྱཻ། ལྷ་བདུད་དཀར་པོ་འཁོར་ལོ་འཛིན། །འདིར་གཤེགས་ཐུབ་པའི་ཕྱག་སོར་གྱི། །མཐེའུ་ཆུང་རྩེ་མོར་རང་གདན་ལ། །དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཕུང་པོའི་བདུད་སེར་ནོར་བུ་འཛིན། །འདིར་གཤེགས༴ མཛུབ་མོའི་རྩེ་མོར༴ དགྱེས་པའི༴ ཉོན་མོངས་བདུད་དམར་པདྨ་འཛིན། །འདིར་གཤེགས༴ སྲིན་ལག་རྩེ་མོར༴ དགྱེས་པའི༴ འཆི་བདག་བདུད་ནག་རལ་གྲི་འཛིན། །འདིར་གཤེགས༴ གུང་མོའི་རྩེ་མོར༴ དགྱེས་པའི༴ ཐུབ་པའི་ཕྱག་སོར་བཞི་ཡི་རྩེར། །རང་རང་གཟུགས་དང་དབྱེར་མེད་གྱུར། །གཉིས་པ་མཆོད་རྫས་འབུལ་བ་ལ་གཉིས། མཆོད་པ་གཞན་དང་། བརྒྱ་བཞིའི་མཆོད་པའོ། །དང་པོ་ནི། སྔར་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་ཏེ། དེ་ཡང་། ཀྱཻ། རྒྱ་མཚོ་ལྟ་བུར་འཁྱིལ་བའི་མཆོད་ཡོན་དང་། །གངྒཱའི་རྒྱུན་ལྟར་འབབ་པའི་ཞབས་བསིལ་འདི། །བདུད་བཞིའི་དཔུང་ཚོགས་འཁོར་དང་བཅས་ལ་འབུལ། །བདུད་དང་བགེགས་ཀྱི་གནོད་པ་ཞི་བར་མཛོད། ཁ་དོག་རྣམ་བཀྲ་མཛེས་པའི་མེ་ཏོག་དང་། །དུད་སྤྲིན་ནམ་མཁར་ཁྱབ་པའི་བདུག་སྤོས་འདི། །བདུད་བཞིའི༴ བདུད་དང་༴ རབ་འབར་མཚར་དུ་དངར་བའི་མར་མེ་དང་། །ལུས་ཀྱི་གདུང་བ་ཀུན་སེལ་དྲི་ཆབ་འདི། །བདུད་བཞིའི༴ བདུད་དང་༴ རོ་བརྒྱའི་བཅུད་ནུས་ལྡན་པའི་ཞལ་ཟས་དང་། །སྣ་ཚོགས་རོལ་མོའི་སྒྲ་དབྱངས་སྙན་པ་འདི། །བདུད་བཞིའི༴ བདུད་༴ མིག་ལ་དགའ་སྟོན་སྟེར་བའི་གཟུགས་མཆོག་དང་། །རྣ་བའི་བཅུད་ལེན་འགྱེད་པའི་སྒྲ་དབྱངས་འདི། །བདུད་བཞིའི ༴ བདུད་དང་༴ བསུང་ངད་ཕྱོགས་བཅུར་འཕྲོ་བའི་དྲི་མཆོག་དང་། ཁ་དོག་རོ་ནུས་ལྡན་པའི་ཞལ་ཟས་འདི། །བདུད་བཞིའི༴ བདུད་དང་༴ རེག་ན་བདེ་བ་སྟེར་བའི་གོས་མཆོག་དང་། །འདོད་རྒུ་འབྱུང་བའི་དཔག་བསམ་ཤིང་ཆེན་འདི། །བདུད་བཞིའི༴ བདུད་དང་༴ འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང་། །གླང་པོ་རྟ་མཆོག་དམག་དཔོན་རིན་ཆེན་བདུན། །བདུད་བཞིའི་༴ བདུད་དང་༴ རྒྱལ་མཚན་གདུགས་དུང་གསེར་ཉ་དཔལ་གྱི་བེའུ། །བུམ་པ་པདྨ་བཀྲ་ཤིས་རྟགས་བརྒྱད་རྣམས། །བདུད་བཞིའི༴ བདུད་དང་༴ གླིང་བཞི་རི་རབ་ཉི་ཟླ་བཅས་པ་དང་། །གཞན་ཡང་ཇི་སྙེད་མཆོད་པའི་ཚོགས་ཀུན་ཀྱང་། །བདུད་བཞིའི༴ བདུད་དང་༴ བགེགས་ཀྱི་གནོད་པ་ཞི་བར་མཇོད། །ཅེས་བརྗོད་ཅིང་། བསྡུ་ན་རྐང་པ་ཕྱི་མ་གཉིས་པོ་ཀུན་ཐ་མ་ཙམ་ལ་སྦྱར་ཆོག་གོ །གཉིས་པ་ལ་གཉིས། བརྒྱ་བཞིའི་མཆོད་རྫས་བྱིན་བརླབ་བྱ་བ་དང་། འབུལ་ཚུལ་ལོ། །དང་པོ་ནི། བསངས་སྦྱངས། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་བརྒྱ་བཞིའི་མཆོད་རྫས་རྣམས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། མགྲོན་རྣམས་དགྱེས་པ་བསྐྱེད་པར་བྱེད་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་གྱུར། ༀ་ཨཱཿཧཱུཾ། གསུམ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ། ༀ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱཿཏེ་བཛྲ་སིདྡྷི་ཧཱུཾ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ ཧཱ། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿནཱཾ་ཨརྱ་ནུཏྤནྣ་ཏྭ་ཏ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། བདག་གི་བསམ་པའི་ནས། འབྱུང་གྱུར་ཅིག །ཅེས་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ། གཉིས་པ་འབུལ་ཚུལ་ལ་དང་པོ་ལྷ་བཤོས་བརྒྱ་པོ་དེ། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པ་ལན་ཉེ་གཅིག་གིས་བྱིན་གྱིས་བརླབས་ཤིང་། ལྷའི་བུའི་བདུད་ལ་བསྔོས་ཏེ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །གདོན་རིགས་སུམ་བརྒྱ་དྲུག་ཅུ་དང་། །ཡེ་འབྲོག་བདུན་བརྒྱ་ནད་ཀྱི་རིགས། །བཞི་བརྒྱ་རྩ་བཞི་ཞི་བར་མཛོད། །ཅེས་སྤྱིར་བསྐུལ་ནས། བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བྱེ་བྲག་ཏུ་འབུལ་བཅོལ་ནི། ༧ ཀྱཻ། ལྷ་བདུད་དཀར་པོ་བྱ་བ་ཁྱོད། །ཤེས་བྱའི་སྒྲིབ་པ་དག་ལས་བྱུང་། །བདུད་བཞིའི་གནོད་པ་སེལ་བའི་ཐབས། །བདག་ཅག་རྒྱུ་སྦྱོར་ཡོན་བདག་གིས། །རོ་བརྒྱ་ལྡན་པའི་འབྲུ་ཟན་གྱིས། །ཞལ་ཟས་བཤོས་བུ་བརྒྱ་རྩ་སོགས། །བརྒྱ་བཞིའི་མཆོད་པ་འདིིས་མཚོན་པའི། །དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ཡི། །མཐུན་རྫས་རེ་བ་སྐྃ་བྱེད་འདི། །སྔགས་རྒྱས་མང་པོར་རབ་སྤེལ་ཏེ། །ལྷ་བདུད་དཀར་པོ་འཁོར་བཅས་ལ། །འབུལ་ལོ་མཆོད་དོ་བཞེས་སུ་གསོལ། །ཐུབ་དབང་རྒྱལ་བའི་བྱིན་རླབས་དང་། །བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །མཆོད་སྦྱིན་བརྒྱ་བཞིའི་གླུད་འདི་ལོངས། །གླུད་འདི་ལོངས་ལ་ནད་འདི་ཕྲོལ། །ནད་འདི་ཕྲོལ་ལ་གདོན་འདི་ཟློག །གདོན་འདི་བཟློག་ལ་ཚེ་འདི་བསྲིངས། །ནད་ཕྲོལ་གདོན་བཟློག་ཚེ་བསྲིངས་ཤིག །༈ ཀྱཻ། རབ་ཡངས་ནམ་མཁའ་ལྟ་བུའི་སྣོད་རྣམས་སུ། །འཆི་མེད་བདུད་རྩིའི་བཏུང་བ་མཚོ་ལྟར་བསྐྱིལ། །བཟའ་དང་བཅའ་བ་རི་རབ་ལྟ་བུར་སྤུངས། །བཀོད་མཛེས་ཤ་ཁྲག་བརྒྱན་པའི་གཏོར་མ་བརྒྱ། །ལྷ་བུའི་བདུད་ཚོགས་འཁོར་དང་བཅས་ལ་འབུལ། །སོར་རྟོག་ཡེ་ཤེས་རྣམ་དག་ཆོས་ཀྱི་སྐུ། །བཅོམ་ལྡན་འོད་དཔག་མེད་པའི་སྐུ་ཐོབ་ནས། །འགྲོ་ཀུན་ལྷ་བུའི་བདུད་ལས་ཐར་གྱུར་ཅིག །ཅེས་བརྗོད། །གཉིས་པ་མར་མེ་བརྒྱ་པོ་དེ་སྔར་ལྟར་སྔགས་ཀྱིས་ཉོན་མོངས་པའི་བདུད་ལ་བསྔོས་ཏེ། བླང་དོན་གནས་ལ་མ་རྨོངས་པའི། །མ་རིག་མུན་སྟུགས་སེལ་བ་དང་། །ཆགས་སོགས་ཉོན་མོངས་ཤུགས་དྲག་པོའི། །གདུག་རྩུབ་མ་ལུས་ཞི་བར་མཛོད། །ཞེས་དང་། ཨརྒྷཾ་སོགས་གྱིས་མཆོད་དེ། ༧ ཀྱཻ། ཉོན་མོངས་བདུད་ནི་དམར་པོ་ཁྱོད། །དུག་ལྔའི་སྒྲིབ་པ་དག་ལས་བྱུང་། །བདུད་བཞིའི་གནོད་པ༴ བདག་ཅག་༴ འབྲུ་མར་དང་ནི་རྩི་མར་གྱི། །སྣང་གསལ་སྒྲོན་མེ་བརྒྱ་རྩ་སོགས། །བརྒྱ་བཞིའི་མཚོད་ཚོགས་འདིས་༴ དངོས་བཤམས༴ མཐུན་རྫས༴ སྔགས་རྒྱས༴ ཉོན་མོངས་བདུད་ཆེན་འཁོར༴ འབུལ་ལོ༴ ཐུབ་དབང་༴ བདེན་པ༴ དེ་རིང་༴ མཆོད་སྦྱིན༴ གླུད་འདི༴ ནད་འདི༴ གདོན་འདི༴ ནད་ཕྲོལ༴༧ ཀྱཻ། སྟོང་གསུམ་ཚར་དུ་དངར་བའི་སྣོད་རྣམས་སུ། །འབྲུ་མར་རྩི་མར་རྒྱ་མཚོ་འཁྱིལ་བའི་དབུས། །རི་རབ་ལྟ་བུའི་མར་མེའི་སྡོང་བུ་ལ། །ཉི་ཟླ་ལྟ་བུའི་འོང་འབར་སྣང་གསལ་བརྒྱ། །ཉོན་མོངས་བདུད་ཚོགས༴ མཉམ་ཉིད་ཡེ་ཤེས༴ བཅོམ་ལྡན་རིན་ཆེན་འབྱུང་ལྡན༴ འགྲོ་ཀུན་ཉོན་མོངས་བདུད་ལས་ཐར་གྱུར་ཅིག །ཅེས་བརྗོད། གསུམ་པ་ངར་གླུད་བརྒྱ་བོ་དེ་སྔར་བཞིན་འཆི་བདག་གི་བདུད་ལ་བསྔོས་ཏེ། ནད་པ་དག་དང་གླུད་བརྗེས་ནས། འཆི་བདག་བདུད་ཀྱི་རྒྱལ་པོ་ལ། །བསྔོས་པས་སྦྱིན་བདག་དུས་མིན་གྱི། །འཆི་བདག་དག་ལས་ཐར་པར་མཛོད། །དེ་ནས་། ཨརྒྷཾ་སོགས་ཀྱིས་མཆོད་དེ། ཀྱཻ། འཆི་བདག་བདུད་ནི་ནག་པོ་ཁྱོད། །ལས་ཀྱི་སྒྲིབ་པ་དག་ལས་བྱུང་། །བདུད་བཞིའི༴ བདག་ཅག༴ འབྲས་ཟན་རིན་ཆེན་སྣ་ལྔ་ཡི། །སྲོག་གླུད་ངར་མི་བརྒྱ་རྩ་སོགས། །བརྒྱ་བཞིའི༴ དངོས་བཤམས༴ མཐུན་རྫས༴ སྔགས་རྒྱས༴ འཆི་བདག་བདུད༴ འབུལ་ལོ༴ ཐུབ་དབང་༴ བདེན་པ༴ དེ་རིང་༴ མཆོད་སྦྱིན༴ གླུད་འདི༴ ནད་འདི༴ གདོན་འདི༴ ནད་ཕྲོལ༴ ༧ ཀྱཻ། འབྲུ་ཟན་རིན་ཆེན་རྣམ་པ་ལྔ་ལས་བྱུང་། །གཟུགས་མཛེས་དབྱངས་སྙན་ཡིད་དང་དབང་པོ་སོགས། །མཛེས་པ་གཅིག་ཏུ་བསྡུས་པའི་ནོར་མང་ལྡན། །ཡོན་ཏན་བརྒྱ་ཕྲག་ལྡན་པའི་ངར་གླུད་བརྒྱ། །འཆི་བདག་བདུད་ཚོགས༴ བྱ་གྲུབ་ཡེ་ཤེས༴ བཅོམ་ལྡན་དོན་ཡོད་གྲུབ་པའི༴ འགྲོ་ཀུན་འཆི་བདག་བདུད་ལས་ཐར་གྱུར་ཅིག །ཅེས་བརྗོད། བཞི་པ་སཱཙྪ་བརྒྱ་པོ་དེ་སྔགས་ཀྱིས་སྔར་བཞིན་ཕུང་པོའི་བདུད་ལ་བསྔོས་ཏེ། དམ་པའི་གཟུགས་བརྙན་སཱཙྪ་བརྒྱ། །ཕུང་པོའི་བདུད་ཆེན་ལ་བསྔོས་པས། །གློ་བུར་རྣམས་ཤེས་ཕུང་པོ་ལྔ། །འབྲལ་བའི་བར་ཆད་ཞི་བར་མཛོད། །ཅེས་དང་། ཨརྒྷཾ་སོགས་ཀྱིས་མཆོད་དེ། ཀྱཻ། ཕུང་པོའི་བདུད་ནི་སེར་པོ་ཁྱོད། །བག་ཆགས་སྒྲིབ་པ་དག་ལས་བྱུང་། །བདུད་བཞིའི༴ བདག་ཅག༴ རིན་ཆེན་རྡུལ་མང་ལས་གྲུབ་པའི། །མཆོད་རྟེན་སཱཙྪ་བརྒྱ་ཕྲག་སོགས། །བརྒྱ་བཞིའི༴ དངོས་བཤམས༴ མཐུན་རྫས༴ སྔགས་རྒྱས༴ ཕུང་པོའི་བདུད་ཆེན༴ འབུལ་ལོ༴ ཐུབ་དབང་༴ བདེན་པ༴ དེ་རིང་༴ མཆོད་སྦྱིན༴ གླུད་འདི༴ ནད་འདི༴ གདོན་འདི༴ ནད་ཕྲོལ༴ ཀྱཻ། རིན་ཆེན་སྣ་ལྔའི་རྡུལ་ཚོན་ལས་གྲུབ་པའི། །རི་རབ་ཚར་དུ་དངར་བའི་མཆོད་རྟེན་བརྒྱ། །ཕུང་པོའི་བདུད་ཚོགས་འཁོར་དང་༴ མེ་ལོང་ཡེ་ཤེས་རྣམ་དག་ཆོས་ཀྱི་སྐུ། །བཅོམ་ལྡན་རྣམ་པར་སྣང་མཛད་སྐུ་ཐོབ་ནས། །འགྲོ་ཀུན་ཕུང་པོའི་བདུད་ལས་ཐར་གྱུར་ཅིག །རང་བཞིན་རྣམ་དག་ངང་དུ་རོ་གཅིག་ཀྱང་། །སྒྱུ་མ་ལྟ་བུའི་བདུད་བཞིའི་དམག་ཚོགས་ལ། །མིག་འཕྲུལ་ལྟ་བུའི་བརྒྱ་བཞིའི་མཆོད་པ་འདི། །བྲག་ཆ་ལྟ་བུའི་དབྱངས་ཀྱིས་མཆོད་པར་བགྱི། །སྤྲུལ་པ་ལྟ་བུའི་མཆོད་པ་འདི་བཞེས་ལ། །ཆོས་དབྱིངས་རྣམ་པར་དག་པ་ཆོས་ཀྱི་སྐུ། །བཅོལ་ལྡན་མི་བསྐྱོད་རྡོ་རྗེའི་སྐུ་ཐོབ་ནས། །འགྲོ་ཀུན་བདུད་བཞིའི་དགྲ་ལས་རྒྱལ་གྱུར་ཅིག །ཅེས་བརྗོད། གཉིས་པ་ཐུན་མོང་དུ་འཕྲིན་ལས་བཅོལ་བ་ནི། ༧ ཀྱཻ། འཆི་བདག་བདུད་དང་ཕུང་པོའི་བདུད། །ཉོན་མོངས་བདུད་དང་ལྷ་བུའི་བདུད། །སྒྲིབ་བ་རྣམ་བཞི་ལས་བྱུང་བའི། །བདུད་བཞི་བདུད་ཀྱི་དམག་ཚོགས་རྣམས། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གིས། །སྒྲིབ་པ་རྣམ་བཞི་བསལ་བའི་ཕྱིར། །མཆོད་པར་སྦྱིན་པའི་ལས་བགྱིས་ནས། །མཆོད་པ་བཞི་ནི་དཀོན་མཆོག་གསུམ། །མཆོད་ཡོན་མར་མེ་ཞལ་ཟས་སོགས། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །ཉོན་མོངས་པ་དང་ཤེེས་བྱའི་སྒྲིབ། །སྒྲིབ་པ་རྣམ་གཉིས་སྦྱངས་པ་ཡིས། །ལྷ་བདུད་ཉོན་མོངས་བདུད་ལས་ཐར། །ལན་ཆགས་སྲོག་གླུད་འདི་བསྔོས་པས། །ལན་ཆགས་རྣམ་སྨིན་བདུད་ལས་ཐར། །སྔོན་ཚེ་རྒྱལ་བའི་བྱིན་རླབས་དང་། །མཆོད་སྦྱིན་གཏོར་ཚོགས་འདི་བསྔོས་པས། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་མི་མཐུན་རྐྱེན་རྣམས་བཟློག །གྲིབ་དང་མི་གཙང་གྲིབ་མའི་ཚོགས། །ཚོགས་གཉིས་བསགས་པས་དག་པར་བྱེད། །བདུད་ཀྱི་གཙོ་བོ་བདུད་ཆེན་བཞིའི། །བར་ཆད་སེལ་བྱེད་བརྒྱ་བཞི་སྟེ། །མཆོད་སྦྱིན་གཏོར་མ་འདི་བྱིན་པས། །བདུད་ཆེན་བཞི་པོ་རབ་ཏུ་སེལ། །ངར་གྱི་གཙོ་བོ་འདུས་པ་བཞི། །འབྱུང་བ་རྣམ་བཞི་འཁྲུགས་པ་ཡིས། །གཟུགས་དང་ཕུང་པོ་འཇིགས་པར་བྱེད། དང་པོ་ཚངས་པ་གནས་ཀྱིས་སོ། །བགེགས་ཀྱི་གཙོ་བོ་བདུད་ཆེན་བཞི། །བར་ཆད་རྐྱེན་རྣམས་གློ་བུར་བྱེད། །དེ་དག་མཆོད་སྦྱིན་བརྒྱ་བཞི་ཡིས། །ཆོ་གས་གནོད་བྱེད་སེལ་བར་བྱེད། །འགྲོ་བ་རབ་འབྲིང་ཐ་མའི་བློས། །གཏོར་མའི་གཟུགས་ཅན་ཏིང་འཛིན་གྱིས། །བསགས་ཤིང་བྱིན་གྱིས་བརླབས་ནས་སུ། །བདུད་ཆེན་བཞི་ལ་བསྔོས་ནས་ནི། །མགུ་བའི་ཚུལ་གྱིས་དགྱེས་མཛོད་ལ། །གནོད་འཚེའི་བསམ་སྦྱོར་རྒྱུན་བཅད་ནས། །འདོད་དོན་ལྷུན་གྱིས་འགྲུབ་པར་མཛོད། །དེ་ནས་བདུད་ཀྱི་འབུལ་གཏོར་སྔར་བཞིན་བྱིན་གྱིས་བརླབས་ནས། ན་མཿས་མནྟ་བུདྡྷ་ནཱཾ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ལན་བརྒྱ་རྩ་བརྒྱད་དམ། མ་ཐ་ཉེར་གཅིག་གིས་བསྔོས་ཏེ།༧ ཀྱཻ། བཀོད་མཛེས་རི་རབ་ལྟ་བུའི་གཏོར་མ་འདི། །ཤ་དང་ཁྲག་གིས་བརྒྱན་ཅིང་བྱིན་རླབས་ཏེ། །བདུད་བཞི་གནོད་བྱེད་འཁོར་དང་བཅས་ལ་འབུལ། །བཞེས་ལ་ཕྱི་ནང་འགལ་རྐྱེན་ཞི་བར་མཛོད། །གཟུགས་སྒྲ་དྲི་རོ་རེག་བྱ་ལྡན་པའི་རྫས། །དབང་པོ་དྲུག་ལ་རྨད་བྱུང་བདེ་ཆེན་བསྐྱེད། །རོ་བརྒྱ་ལྡན་པའི་ཚོགས་ཀྱི་མཆོད་པ་འདི། །བདུད་བཞི་བདུད་ཀྱི་དམག་ཚོགས་རྣམས་ལ་འབུལ། །ལུས་སེམས་ཏིང་འཛིན་ཟས་གྱིས་ཚིམ་གྱུར་ནས། །ཟག་མེད་ཏིང་འཛིན་ཟས་ལ་སྤྱོད་གྱུར་ཅིག །ཀྱཻ། བཅོམ་ལྡན་ཤཱཀྱ་ཐུབ་པའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །མཆོད་སྦྱིན་རྣམ་པར་དག་པའི་མཐུ་སྟོབས་ཀྱིས། །འགྲོ་ལ་བདུད་བཞིའི་བར་ཆད་སེལ་གྱུར་ཅིག །མཆོད་སྦྱིན་གཏོར་མ་འདི་བཞེས་ནས། །བདག་ཅག་འཁོར་དང་བཅས་པ་ལ། །བདུད་ཀྱི་བར་ཆད་མེད་པ་དང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་མཛོད། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །རྨི་ལམ་ངན་དང་མཚན་མ་ངན། །ལོ་སྐག་ཟླ་སྐག་ཞག་སྐག་དང་། །བདུད་བཞིའི་དམག་ཚོགས་དགྲ་ལ་བསྒྱུར། །བཞི་པ་བསྟོད་པ་ནི། ཀྱཻ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གནས་ཤིང་། །འགྲོ་བ་ཀུན་གྱི་གཟུགས་ཀྱི་ཕུང་པོ་ལ། དབང་བསྒྱུར་སྟོབས་ལྡན་ཕུང་པོའི་བདུད་ཚོགས་ལ། །བདག་གིས་ཕྱག་འཚལ་མཆོད་ཅིང་བསྟོད་པར་བགྱི། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་གནས་ཤིང་། །འགྲོ་བ་ཀུན་གྱི་ཚོར་བའི་ཕུང་པོ་ལ། །དབང་བསྒྱུར་སྟོབས་ལྡན་ཉོན་མོངས་བདུད་ཚོགས་ལ། །བདག་གིས་ཕྱག་འཚལ་མཆོད་ཅིང་བསྟོད་པར་བགྱི། །ཅི་ཡང་མེད་པའི་སྐྱེ་མཆེད་ལ་གནས་ཤིང་། །འགྲོ་བ་ཀུན་གྱི་འདུ་ཤེས་ཕུང་པོ་ལ། །དབང་བསྒྱུར་སྟོབས་ལྡན་ལྷ་བུའི་བདུད་ཚོགས་ལ། །བདག་གིས་ཕྱག་འཚལ་མཆོད་ཅིང་བསྟོད་པར་བགྱི། །ཡོད་མིན་མེད་མིན་སྐྱེ་མཆེད་ལ་གནས་ཤིང་། །འགྲོ་བ་ཀུན་གྱི་འདུ་བྱེད་ཕུང་པོ་ལ། །དབང་བསྒྱུར་སྟོབས་ལྡན་འཆི་བདག་བདུད་ཚོགས་ལ། །བདག་གིས་ཕྱག་འཚལ་མཆོད་ཅིང་བསྟོད་པར་བགྱི། །བདུད་བཞིའི་འཁོར་དུ་གཏོགས་པའི་ཚོགས་རྣམས་ལ། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་འདི་འབུལ་བས། །གནོད་ཅིང་གདུག་པའི་འཚེ་བ་ཀུན་ཞི་ནས། །བདུད་བཞིའི་དགྲ་ལས་རྟག་ཏུ་རྒྱལ་གྱུར་ཅིག །བསྐང་གསོ་དང་འབྲེལ་ན་ནི་ཚེ་བསྟོད་པ་སྔར་མ་སོང་ན་འདིར་བཏང་། དེ་མིན་འདིར་གཞི་བདག་གི་གཏོར་མ་སྤྱི་ལྟར་འབུལ། ལྔ་པ་གླུད་གཏོང་བ་ལ། གླུད་རྫོངས་དུ་རིན་པོ་ཆེ་དང་། འབྲུ་སྣ། ཟས་སྣ། གོས་སྣ། ཆང་ཕུད། གསེར་སྐྱེམས་སོགས་སྟ་གོན་བྱས་ལ། གླུད་བསངས་སྦྱངས། སྟོང་པའི་ངང་ལས་སྦྱིན་པའི་བདག་པོའི་གླུད་ཕུང་ཁམས་སྐྱེ་མཆེད་དང་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ན་མཿ སརྦ་ཏ་ཐཱ་ག་ཏ་ནས། སམྦྷ་ར་ཧཱུཾ། ལན་བདུན་ནམ་གསུམ་གྱིས་བསྔོ། ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །ང་ནི་དཔལ་ཆེན་ཧེ་རུ་ཀ །ང་ནི་ཁྲོ་བོའི་རྒྱལ་པོ་སྟེ། །ང་ནི་ལོག་འདྲེན་བགེགས་ཚོགས་འདུལ། །ང་ནི་གསང་ཆེན་ཀུན་གྱི་བདག །ང་ཡི་བཀའ་ལ་མི་ཉན་མེད། །ལྷ་ཀླུ་གཞིན་རྗེ་མ་མོ་དང་། །གཟའ་དང་རྒྱུ་སྐར་གནོད་སྦྱིན་དང་། །སྲིན་པོ་ཤ་ཟ་ལ་སོགས་པ། །གང་དག་བགེགས་བྱེད་སུ་ཡང་རུང་། ཁྱད་པར་བདུད་བཞིའི་དམག་ཚོགས་ལ། །རིན་ཆེན་མཛེས་པའི་ངར་གླུད་འདི། །འབྲུ་ཟན་རིན་ཆེན་སྙིང་པོ་ཅན། །སྐྱེ་མཆེད་ཁམས་དང་དབང་པོ་ལྔ། །སྣ་ཚོགས་རྒྱན་གྱིས་སྤྲས་པ་འདི། །སྔགས་དང་ཏིང་འཛིན་ཕྱག་རྒྱ་ཡིས། །ནམ་མཁའི་ཁམས་གང་བྱིན་བརླབས་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །གླུད་དུ་བདུད་བཞིའི་ཚོ གས་ལ་འབུལ། །མི་ཡི་དོད་དུ་གླུད་འདི་བཞེས། །མཛེས་པའི་ངར་གླུད་རྒྱན་ལྡན་འདི། །རྣམ་ཐོས་བུར་འགྲན་ནོར་མང་ལྡན། །སྐབས་གསུམ་ཕུན་ཚོགས་ལ་འཁུ་ཞིང་། །ནག་པོའི་སྡེ་ལས་རྒྱལ་བྱེད་པ། །རིག་འཛིན་སྔགས་འཆང་བདག་ཅག་དང་། །རྒྱུ་སྦྱོར་སྦྱིན་བདག་གླུད་དུ་འབུལ། །རིན་ཆེན་མཛེས་པའི་ངར་གླུད་འདི། །ཡོན་ཏན་བརྒྱ་ཕྲག་དང་ལྡན་ཞིང་། །གླུད་ཀྱི་ཡོན་ཏན་བསམ་མི་ཁྱབ། །རིན་ཆེན་འབྲུ་སྣའི་སྙིང་པོ་ཅན། །མགོ་ལ་ཟེར་མོའི་འཕེན་བཟང་སྐྲ། །མུ་ཏིག་དག་ལས་ཀླད་པ་བྱས། །ལུང་ཐང་མིག་ལ་མར་གྱི་མདངས། །མགྲོན་བུའི་སོ་ལ་དར་དམར་ལྗགས། །བཀྲག་མདངས་དུང་སོ་ཡ་ལ་ལ། །གསུང་ངག་སྐད་སྙན་ཙེ་རེ་རེ། །ལག་པ་གཡས་པ་གསེར་ལས་བྱས། །ལག་པ་གཡོན་པ་དངུལ་ལས་བྱས། །རྐང་པ་ཟངས་ད ང་ལྕགས་ལས་བྱས། །གོས་བཟང་ན་བཟའ་ལྷུབས་སེ་ལྷུབས། །རིན་ཆེན་མཛེས་པའི་རྒྱན་གྱིས་བརྒྱན། །འགྲོ་མཁས་དེ་ནི་ཁྱུང་གི་འགྲོས། །ལུས་ངག་ཡིད་གསུམ་ཡན་ལག་ལྡན། །ཕུང་པོ་ལྔ་ཡང་འདི་ལ་ཡོད། །ཚེ་སྲོག་དབུགས་གསུམ་འདི་ལ་ཡོད། །དབང་པོ་རྣམ་ལྔ་འདི་ལ་ཡོད། ཁམས་ཆེན་བཅོ་བརྒྱད་འདི་ལ་ཡོད། །སྐྱེ་མཆེད་བཅུ་གཉིས་འདི་ལ་ཡོད། །སྨྲ་བ་མཁས་དང་འཛུམ་མདངས་ཅན། འཁོར་གཡོག་ངར་མི་བརྒྱ་ཕྲག་རྣམས། །བདག་ཅག་རྒྱུ་སྦྱོར་ཡོན་བདག་གི །གླུད་དུ་བདུད་བཞིའི་ཚོགས་ལ་འབུལ། །ནོར་ལྡན་མཛེས་པའི་ངར་གླུད་བཞེས། །མཚར་སྡུག་ལྡན་པའི་ངར་གླུད་བཞེས། བལྟ་ན་སྡུག་པའི་ངར་གླུད་བཞེས། །བརྒྱ་ཕྲག་ཡོན་ཏན་དང་ལྡན་པ། །མིི་ལས་མཆོག་གྱུར་ངར་གླུང་འདི། །རིག་སྔགས་འཆང་བ་བདག་ཅག་དང་། །རྒྱུ་སྦྱོར་ཡོན་བདག་གླུད་དུ་འབུལ། །མི་ལས་གླུད་དགའ་གླུད་བཞེས་ལ། །བདུད་བཞིའི་གནོད་འཚེ་ཞི་བར་མཛོད། །བཟུང་བ་ཐོང་ལ་བཅིངས་པ་ཕྲོལ། ཁྲམ་ལ་བཏབ་ན་ཁྲམ་ཁ་ཕྱེས། །ཤོ་ལ་བབས་ན་ཤོ་རྡེ་བསྐྱུངས། །བྱད་དུ་ཆུད་ན་བྱད་ཁ་ཆོད། །བདུད་བཞིའི་དམག་ཚོགས་དགྲ་ལ་བསྒྱུར། །བདུད་ཀྱི་ཁྲམ་ཁ་དགྲ་ལ་བསྒྱུར། །རྒྱལ་པོའི་སྨྱོས་འབོག་དགྲ་ལ་བསྒྱུར། །ཐེའུ་རང་སྲིད་རྒུ་དགྲ་ལ་བསྒྱུར། །གློ་བུར་བརྒྱད་ཅུ་རྩ་གཅིག་བཟློག །ཡེ་འབྲོོག་སུམ་བརྒྱ་དྲུག་ཅུ་བཟློག །བཞི་བརྒྱ་རྩ་བཞིའི་ནད་རྣམས་བཟློག །སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་བཟློག །སུམ་བརྒྱ་དྲུག་ཅུའི་གདོན་རྣམས་བཟློག །ཡས་བདུད་གཡོས་དང་མས་སྲེ་ལས། །ཡ་ཚན་རྒྱ་འདྲེ་ཐམས་ཅད་བཟློག །མ་བསྲུའི་བྱུར་འདྲེ་ཐམས་ཅད་བཟློག །ལོ་ཟླའི་སྐག་རྣམས་དགྲ་ལ་བསྒྱུར། །ཞག་དང་ཟ་སྐག་དགྲ་ལ་བསྒྱུར། །རྨི་ལམ་མཚན་མ་ངན་པ་དང་། །འབྱུང་པོའི་དལ་ཡམས་དགྲ་ལ་བསྒྱུར། །བསྐང་གསོ་དང་འབྲེལ་ན་བསྐུལ་བཞག་པ་རྣམས་འདིར་གཏོང་སྟེ། དེ་ཡང་། ཁྱོད་ལ་ཞུ་ཞིང་སོགས་དང་འཆི་བདག་མ་དང་རི་རབ་ལྷུན་པོ་མ་ལྟ་བུའོ། །དེ་ནས། ༧ ཀྱཻ། སྔོན་ཚེ་རྒྱལ་བ་ཤཱཀ་ཐུབ་ཀྱི། །མཆོད་སྦྱིན་ཕྱག་རྒྱ་གཡས་པ་རུ། །མཆོད་སྦྱིན་བརྒྱ་བཞིའི་རྫས་བསགས་ཏེ། །ཕྱག་སོར་རྩེ་མོར་མགྲོན་བཀུག་ནས། །བདུད་བཞི་མཆོད་དེ་མདངས་དང་ལྡན། །སྔོན་ཚེ་རྒྱལ་བའི་བྱིན་རླབས་དང་། །ད་ལྟ་བདག་དང་ཡོན་བདག་གི །མཆོད་སྦྱིན་གླུད་གཏོར་འདི་འཁྱེར་ལ། །རང་རང་འདུག་པའི་གནས་སུ་དེངས། །ལྷ་བདུད་དཀར་པོ་བྱ་བ་ཁྱོད། །ཅི་ཡང་མེད་པའི་གནས་སུ་དེངས། །འཆི་བདག་བདུད་ནི་ནག་པོ་ཁྱོད། །ནམ་མཁའ་མཐའ་ཡས་གནས་སུ་དེངས། ཉོན་མོངས་བདུད་ནི་དམར་པོ་ཁྱོད། །རྣམ་ཤེས་མཐའ་ཡས་གནས་སུ་དེངས། །ཕུང་པོའི་བདུད་ནི་སེར་པོ་ཁྱོད། །ཡོད་མིན་མེད་མིན་གནས་སུ་དེངས། །ཉོན་མོངས་སྒྲིབ་དང་བག་ཆགས་སྒྲིབ། །ལས་ཀྱི་སྒྲིབ་དང་ཤེས་བྱའི་སྒྲིབ། །སྒྲིབ་པ་བཞི་ལས་བྱུང་བ་ཡི། །ལྷ་བུའི་བདུད་དང་ཉོན་མོངས་བདུད། །འཆི་བདག་བདུད་དང་ཕུང་པོའི་བདུད། །བདུད་བཞི་བདུད་ཀྱི་རྒྱལ་པོ་བཞི། །སྐྱེ་མཆེད་མུ་བཞིའི་གནས་སུ་དེངས། །ཅེས་བརྗོད་ཅིང་། གཟུགས་བརྙན་མཆོད་རྫས་བཅས་གཤེགས་པ་ནི། སཱ་ཙྪ་རྣམས་ཁང་སྟེང་ལྟ་བུར་འཇོག་ཅིང་། མར་མེའི་གོང་བུ་ཟན་ཡིན་ན་ནི་དེ་དག་ལྷ་བདུད་དཀར་པོ་ངར་གླུད་ཉི་ཤུ་ལྷ་བཤོས་ཉི་ཤུ་བཅས་ཤར་དུ་གཏོང་། ཕུང་བདུད་སེར་པོ་ངར་གླུད་ཉི་ཤུ་ལྷ་བཤོས་ཉི་ཤུ་བཅས་ལྷོར་གཏོང་། འཆི་བདུད་ནག་པོ་ངར་གླུད་ཉི་ཤུ་ལྷ་བཤོས་ཉི་ཤུ་བཅས་ནུབ་ཏུ་གཏོང་། ཉོན་མོངས་བདུད་དམར་ངར་གླུད་ཉི་ཤུ་ལྷ་བཤོས་ཉི་ཤུ་བཅས་བྱང་དུ་གཏོང་། ཡོན་བདག་གི་གླུད་དང་ངར་གླུད་ཉི་ཤུ་ལྷ་བཤོས་ཉི་ཤུ་བཅས་གནོད་བྱེད་ཡོད་པའི་ཕྱོགས་སམ། ཡོད་པར་ཐེ་ཚོམ་ཟ་བའི་ཕྱོགས་སུ་བཏང་ནས། ཀྱཻ། སྲིད་གསུམ་འདི་ན་ཅི་ཡང་རུང་། །འདི་ན་གནས་པའི་ལྷ་འདྲེ་རྣམས། །ཚུར་ཤོག་རྒྱལ་བའི་བཀའ་ལ་ཉོན། །བྱང་ཆུབ་སེམས་དང་ལྡན་པར་མཛོད། །ནམ་མཁའ་གང་བའི་ལྷ་འདྲེ་ལ། །ས་གཞི་གང་བའི་གླུད་འབུལ་ལོ། །ངེད་ཀྱིས་འབུལ་བ་མི་ནོར་རོ། ཁྱེད་ཀྱིས་བཞེས་པ་མ་ནོར་ཅིག །བདུད་བཞི་འཁོར་དང་བཅས་པ་དང་། །གནོད་པར་བྱེད་པའི་གདོན་བགེགས་རྣམས། །རང་རང་སོ་སོའི་གནས་སོང་སྟེ། །བྱམས་པའི་སེམས་དང་ལྡན་པར་མཛོད། །དེ་ནས་བསྐང་གསོ་དང་འབྲེལ་ན་བཟློག་པ་གཞུང་བཞིན་བྱས་ནས། མཐུན་པའི་དངོས་གྲུབ་མས་དངོས་གྲུབ་བླང་། མིན་ན། བླ་མ་མཆོག་གསུམ་བདེན་བྱིན་དང་། །མཆོད་སྦྱིན་འདི་ལྟར་བགྱིས་པའི་མཐུས། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ལ། །གནོད་ཅིང་འཚེ་བ་ཐམས་ཅད་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །སྟེང་གདོན་གཟའ་ཡི་གནོད་པ་ཟློག །འོག་གདོན་ཀླུ་ཡི་གནོད་པ་ཟློག །བར་གདོན་རྒྱལ་པོའི་གནོད་པ་ཟློག །མི་ནད་ཕྱུགས་ནད་ཐམས་ཅད་ཟློག །རྨི་ལྟས་མཚན་མ་ངན་པ་ཟློག །ལོ་སྐག་ཟླ་སྐག་ཞག་སྐག་ཟློག །མདོར་ན་མི་དང་མི་མིན་གྱིས། །གནོད་པ་ཇི་སྙེད་མཆིས་པ་ཟློག །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ལ། །ཚེ་རིང་ནད་མེད་ལོངས་སྤྱོད་སོགས། །འདོད་རྒུ་ཇི་སྙེད་མཆིས་པ་ཀུན། །འབད་མེད་ལྷུན་གྱིས་འགྲུབ་གྱུར་ཅིག །ཅེས་བྱའོ། །དེ་ནས་གཏང་རག་གི་མཆོད་པ་བྱིན་གྱིས་བརླབས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་སོགས་གྱིས་མཆོད། གང་ཚེ་རྐང་གཉིས་གཙོ་བོ་ཞེས་སོགས་སམ། ཐབས་མཁས་ཐུགས་རྗེ་མ་སོགས་བསྟོད་པ་རྒྱས་བསྡུས་ཅི་རིགས་དང་། ཡིག་བརྒྱ་བརྗོད་ཅིང་། མ་རྙེད་ཡོངས་སུ་མ་ཤེས་དང་། ཞེས་སོགས་ཀྱིས་བཟོད་གསོལ་བྱས་ཏེ། རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱིས་བརྟན་བཞུགས་དང་། མེད་ན། བཛྲ་མུཿ ཡེ་ཤེས་པའི་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཞེས་དང་། བཀྲ་ཤིས་རྒྱས་བསྡུས་ཅི་རིགས་བྱས་ནས་ལས་ཀྱི་རྗེས་མི་མངོན་པར་བྱའོ།། །། ཞོར་ལ་སཱ་ཙྪ་རབ་གནས་མདོར་བསྡུས་ཞིག་བརྗོད་པར་བྱ་སྟེ། རྒྱས་པ་ནི་གཞན་དུ་ཤེས་པར་བྱ་ལ། བསྡུས་པ་ནི། རང་ཉིིད་ལྷའི་ང་རྒྱལ་དང་ལྡན་པས། ཧྲཱིཿཥྚཱིཿའམ། ཨ་མྲྀ་ཏ་སོགས་དང་། སུམྦྷ་ནི་བརྗོད་ཅིང་། ཡུངས་ཀར་སོགས་ཀྱིས་རྟེན་གྱི་བགེགས་བསྐྲད་ནས། སཱ་ཙྪ་བསངས་སྦྱངས། སྟོང་པའི་ངང་ལས་སཱ་ཙྪ་རྣམས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་འཁོར་ལོ་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ༀ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་པ་དང་། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོ། དམ་ཚིག་བ་སོ་སོ་དང་གཉིས་སུ་མེད་བར་གྱུར། དབང་གི་ལྷ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ནས། ༀ་བཻ་རོ་ཙ་ན་ཨརྒྷཾ་ནས། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱའི་བར་གྱིས་མཆོད་དེ། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །རྣམ་པར་སྣང་མཛད་ལ་ཕྱག་འཚལ། །ཅེས་བསྟོད། ༀ་བུདྷཱ་བཻ་རོ་ཙ་ན་ༀ་སྭཱ ཧཱ། ཞེས་འགྲུབ་བཟླ། ༀ་བཛྲ་ས་ཏྭ་ཧཱུཾ། ལན་གསུམ། ༀ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་སྤྱན་དབྱེ། ༀ་ཨཱཿཧཱུཾ། རྣམ་སྣང་འོད་དུ་ཞུ་བ་ལས་སཱ་ཙྪའི་རྣམ་པ་ཅན་དུ་གྱུར། དེ་ནས། ཡེ་དྷརྨཱ། ལན་བདུན་བརྗོད་དེ། སུ་པྲ་ཏིཥྛས་བརྟན་བཞུགས་དང་། ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་བ་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །ལན་གསུམ་དང་། ཤིས་བརྗོད་ཅི་རིགས་བྱའོ། །ཚུལ་འདིར་འབད་ལས་བྱུང་བའི་དགེས། །བདག་སོགས་འགྲོ་བ་མ་ལུས་པ། །བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཏེ། །འཆི་མེད་ཆོས་སྐུ་མྱུར་ཐོབ་ཤོག། །།ཅེས་བདུད་བཞིའི་དཔུང་ལས་རྒྱལ་བར་བྱེད་པའི་བརྒྱ་བཞིའི་ཆོ་ག་འཆི་བདག་བཟློག་ཅེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་རེ་གཉིས་ལ་ཕན་འདོགས་ཀྱི་བསམ་པས་དམ་པ་སྔ་མའི་ཕྱག་སྲོལ་ལ་ཅུང་ཟད་རེ་ཁ་བསྐང་ནས་འཇུག་པ་བདེ་ཁུལ་དུ་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། པར་གྱི་ཡི་གེ་པ་ནི་ཏཱ་ཡིལ་ལུང་གི་བློ་བཟང་དོན་གྲུབ་བོ། །མངྒ་ལཾ།།

ཁ་འབར་མའི་མདོས་ཆེན་མ་མོའི་གདོན་སོགས་གནོད་པ་ཀུན་སེལ།

ཁ་འབར་མའི་མདོས་ཆེན་མ་མོའི་གདོན་སོགས་གནོད་པ་ཀུན་སེལ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། དང་པོར་ཐུགས་བསྐྱེད་བར་དུ་ཚོགས་བསགས་མཐར། །མངོན་སངས་རྒྱས་ནས་ཐེག་གསུམ་གདུལ་བྱ་ལ། །ཆོས་འཁོར་བསྐོར་མཛད་ཐུབ་དབང་ལ་བཏུད་ནས། །དེ་གསུང་ཁ་འབར་མ་ཡི་མདོས་ཆོག་བྲི། །འདི་ལ་གཉིས། བཅའ་ཐབས་དང་། ཆོ་གའི་རིམ་པའོ། །དང་པོ་ནི། ས་སྟེགས་སམ། རས་ཤོག་ལྟ་བུ་ཡང་རུང་སྟེ། དབུས་ནས་སོར་བཞིས་ཟླུམ་བསྐོར་ལྟེ་བ་དང་། དེའི་ཕྱིར་སོར་བཞིས་ཟླུམ་པོར་བསྐོར་བ་ལ་པད་འདབ་བརྒྱད། དེའི་ཕྱིར་སོར་བཞིས་བསྐོར་བ་ལ་པད་འདབ་བཅུ་དྲུག །དེའི་ཕྱིར་སོར་བཞིས་བསྐོར་བ་ལ་པད་འདབ་སོ་གཉིས། དེའི་ཕྱི་རོལ་ཏུ་གྲུ་བཞི་སྒོ་བཞི། ནང་གི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་སུ་མཉྫི་སོགས་ཀྱི་སྟེར་དུ་སྟོན་པའི་སྐུ། ནང་གི་འདབ་མ་བརྒྱད་ལ་སེམས་དཔའ་བརྒྱད། བར་གྱི་འདབ་མ་བཅུ་དྲུག་ལ་ཉན་ཐོས་བཅུ་དྲུག་དང་། ཕྱིའི་འདབ་མ་སོ་གཉིས་ལ་རང་རྒྱལ་སོ་གཉིས་ཀྱི་ཚོན་སྤུངས་རྣམས་དགོད། ཁྱམས་སུ་ཕྱོགས་སྐྱོང་བཅུ་དང་སྒོ་བཞིར་རྒྱལ་ཆེན་བཞིའི་ཚོན་སྤུངས་འགོད་ཅིང་། དེ་རྣམས་ཁ་དོག་ལྗང་བསྒྱུར་བྱ། མདུན་དུ་དཀར་གསུམ་མངར་གསུམ་སོགས་དང་འབུལ་གཏོར། ཆུ་གཉིས་ཉེར་སྤྱོད་སོགས་ཀྱི་མཆོད་པ་དུ་མས་མཐའ་བསྐོར་བའམ་ཅི་འབྱོར་བཤམས་ཞིང་ཡང་ན་གདུགས་སོགས་ཀྱི་རྣམ་པའང་བྱའོ། །དེའི་མདུན་གྱི་ཤར་ངོས་སུ་ཆོས་འབྱུང་ཕྱི་ནག་ལ་ནང་དམར་བ། རྩེ་མོ་ཕྱིར་བསྟན་པ་བྲིས་པའི་དབུས་སུ་ལྕགས་ཐབ་སམ། དཀར་གོང་གི་སྒྱེད་པུའི་ཁར་ཟངས་གཞོང་སོགས་ཀྱི་ནང་དུ་རྩམ་ཕྱེ་སོགས་ལས་ཁ་འབར་མའི་གཟུགས་ཁྲུ་གང་ལས་མི་ཆུང་བ་མདོག་མི་སྡུག་ཅིང་འཇིགས་སུ་རུང་བ། ལྟོ་བ་ཆེ་བ། ཡན་ལག་ཕྲ་བ། ལག་པ་གཉིས་སྦར་མོ་གདངས་པ། ལུང་ཐང་གི་མིག །མགྲོན་བུའི་སོ། ཟེར་མོ་དང་བལ་ནག་གི་སྐྲ། མུ་ཏིག་གི་ཀླད་པ། དུང་གི་རུས་པ། ཤ་ཞོ་ཤའི་སྙིང་བྱ་ཞིང་མ་འཛོམས་ན་དེའི་དོད་ཙམ་བྱ། རྐང་པ་གཉིས་ཙོག་པུའི་ཚུལ་གྱིས་རེ་ལྡེའི་སྒྱེ་ཆུང་ནས་ཆན་གྱིས་རྒྱངས་པའི་འབོལ་ལ་གནས་པ། དཔྲལ་པར་གཡུ། སྐེད་པར་བྱང་མིག་དགུ་དང་ཤོ་དཀར་ནག་གི་རྒྱན་འདོགས། དེའི་ཕྲག་པ་གཡས་པར་ཕོ་ཤིང་སྟག་པ་ལ་ལོ་གྲངས་ཀྱི་ཁྲམ་བྱས་པ་འཛུག་ཅིང་། གཡོན་པར་མོ་ཤིང་གླང་མ་ལ་གོས་དར་གྱི་རས་མ་བཏགས་པ་འཛུག །ལུས་ལ་གོས་དང་དར་ཚོན་སྣ་ལྔས་བརྒྱན། མདུན་དུ་ཡོན་བདག་གམ་ནད་པའི་གླུད་རང་གི་ཆ་བྱད་ཅན་དང་མཐར་ངར་མི་བརྒྱ་རྩ། གཏོར་ཆུང་བརྒྱ་རྩ། སྣ་ཚོགས་པའི་གཟུགས་འགྲོས་བརྒྱ་རྩ་བརྒྱད་སོགས་ཀྱིས་བསྐོར། གཞན་ཡང་ཆངས་བུ། མཐེབ་ཀྱུ། ཟན་རིལ་བརྒྱ་རྩ་བརྒྱད་རེ་དང་། འོ་མའི་མཆོད་ཡོན་དང་། ནས་ཆན་རྣམས་ཀྱང་སྟ་གོན་བྱ། བདུན་དུ་ཞབས་བསིལ། མེ་ཏོག་ལ་སོགས་པའི་ཉེར་སྤྱོད་ལྔ་རྣམས་དང་། གཞི་བདག་གི་གཏོར་མ་དང་ཆ་གསུམ་གྱི་གཏོར་མ། བརྒྱ་རྩའི་ཟན་རིལ་རྣམས་ཀྱང་བཤམས། གླུད་རྫོངས་ཀྱི་ཆས་འབྲུ་སྣ། དར་སྣ། སྨན་སྣ། རིན་པོ་ཆེ་སྣ་ཚོགས་སམ་ཅི་འགྲུབ། གྲུབ་ན་རྣམ་འཇོམས་ཀྱི་བུམ་ཆོ ག་དང་གཏོར་མ་བརྒྱ་རྩ་གཏོང་མཁན་ལོགས་སུ་བྱ། མདུན་དུ་གཏོར་མཐེབ་ལྔར་རིམ་པར་ནས་ཆན། འོ་མ། ཆངས་བུ། མཐེབ་ཀྱུ་ཟན་རིལ་རྣམས་བཤམས་ལ་ཆབ་བྲན་ནས་བསྔོ། གཞུང་ནས་འབྱུང་བའི་བདེན་སྟོབས་བརྗོད་པ་དང་མཉམ་དུ་གཏོར་མ་དེ་རྣམས་ཟངས་གཞོང་སོགས་ཀྱི་སྣོད་དུ་བླུག་ཅིང་རོལ་མོའི་སྒྲ་བྱ། ཡང་གཏོར་མཐེབ་རྣམས་ཆུས་བཤལ་ཏེ་གཏོར་རྫས་རྣམས་གོང་ལྟར་བཤམས་ནས་སྔར་བཞིན་བརྒྱ་དང་བརྒྱད་བསྔོ། དེ་ཡང་ང་བཞིའི་བར་ཁ་འབར་མ་ཁ་ཚུར་བལྟ་བ་ལ་མགྲོན་གྱི་ཚུལ་དུ་བསྔོ་ཞིང་། ང་བཞི་སོང་བ་དང་ཁ་ཕར་བསྒྱུར་ཏེ་ལག་པ་གཉིས་སུ་ཆང་བུ་རེ་འཇོག་ཅིང་། ང་ལྔ་མན་ང་བཞིས་རྫོངས་ཀྱི་ཚུལ་དུ་བྱས་ནས་སྟེར། ཕྱིར་སྐྱེ་བའི་དུས་སུ་རྣམ་འཇོམས་ཀྱི་བུམ་ཆུ་མཐོར་བས་སྣ་དྲངས། སྤོས་ཕོར་གསེར་སྐྱེམས་རོལ་མོ་སོགས་དང་བཅས་པ་ཆོ་གའི་གཞུང་ལྟར་བྱའོ། །གཉིས་པ་ཆོ་གའི་རིམ་པ་ལ་གཉིས། བདག་བསྐྱེད་དང་། མདུན་བསྐྱེད་དོ། །དང་པོ་ནི། པཎ་ཆེན་རིན་པོ་ཆེའི་ཆོ་ག་སོགས་ལས་བདག་མདུན་གཉིས་འཇུག་པ་གཅིག་གིས་མཛད་འདུག་ཀྱང་། བློ་ཆུང་བདག་གིས་དེ་གཉིས་ཅིག་ཅར་དུ་བློས་འཆུན་དཀའ་བར་མཐོང་བས་འདིར་བདག་མདུན་སོ་སོར་བྱ་བའི་རིམ་པ་ལྟར་བཤད་པར་བྱ་སྟེ། དེ་ཡང་བདག་བསྐྱེད་ལ་གཙོ་རྐྱང་གིས་ཆོག་ཅིང་། ལྷ་དྲུག་བསྐྱེད་ཀྱི་དབང་དུ་བྱས་ན། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། དེ་ལྟར་བདག་གི་དེ་ཁོ་ན་ཉིད་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བ་ཇི་ལྟར་ཡིན་པ་དེ་བཞིན་དུ་ལྷའི་དེ་ཁོ་ན་ཉིད་ཀྱང་དེ་བཞིན་ཡིན་པས། དེ་གཉིས་ཆུ་དང་འོ་མ་འདྲེས་པ་བཞིན་དུ་རྣམ་པར་མི་རྟོག་པའི་སྣང་བའི་སྒོ་དེ་ཉིད་དུ་བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པར་གྱུར། སྟོང་བའི་ངང་ལས་ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ ཧཱ་ཞེས་པའི་སྔགས་ཀྱི་གདངས་ཀྱི་རྣམ་པ་ནམ་མཁའ་ལ་གྲགས་པར་གྱུར། བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་རྣམ་པ་ཅན་གྱི་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ། སྔགས་ཀྱི་གདངས་ཀྱི་རྣམ་པ་ནམ་མཁའ་ལ་གྲགས་པ་དེ་ཉིད་ཤིན་ཏུ་ཡོངས་སུ་དག་པའི་དངུལ་ཆུ་གསེར་གྱི་བྱེ་མ་ལ་ཞེན་པ་ལྟར་ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་འཁོད་པ་ཡོོངས་སུ་གྱུར་པ་ལས་བདུད་རྩིས་གང་བའི་ལྷུང་བཟེད་གྱི་སྟེང་དུ་ༀ་མུ་ནེ་ནས། སྭཱཧཱ་ཞེས་པས་མཚན་པར་གྱུར། ཟླ་བ་ཕྱག་མཚན་སྔགས་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་བྱུང་བའི་རྩེ་མོ་ལས་ཤཱཀྱའི་རྒྱལ་པོའི་ལྷའི་གཟུགས་དཔག་ཏུ་མེད་པ་བྱུང་ནས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱས། རྒྱལ་བ་ཐམས་ཅད་ལ་མཆོད་པའི་སྤྲིན་ཆེན་པོ་སྤྲུལ་པས་ལགས་པར་མཆོད། གཞན་ཡང་སྤྲིན་ཆེན་པོ་སྤྲུལ་པ་ལས་བདུད་རྩིའི་ཆར་རྒྱུན་བབས་པས་དམྱལ་བ་ལ་སོགས་པའི་འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་གྱི་མེ་རྣམས་ཞི་ཞིང་དེ་རྣམས་ཚིམ་པར་བྱས་ནས། ལྷའི་སྐུ་དང་བཅས་པའི་འོད་ཟེར་སླར་ལོག །རང་གི་སེམས་ཟླ་བའི་དཀྱིལ་འཁོར་ཕྱག་མཚན་སྔགས་དང་བཅས་པ་ལ་བཞུགས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱས་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་ཞིང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་ཀྱི་ཕུང་པོ་འཕྲོ་བའི་དབུས་ན་བྱང་ཆུབ་ཀྱི་ཤིང་ལ་སྐུ་རྒྱབ་བརྟེན་པས་སེངྒེའི་ཁྲིའི་སྟེང་དུ་པདྨ་དང ཟླ་བའི་གདན་ལ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་དཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨུཏྦྷ་ཝ་ཡེ་སྭཱཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། མ་ལུས་སེམས་ཅན་ཞེས་སོགས་གཅིག་གི་མཐར། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། མཆོད་པ་ཨམྲྀ་ཏས་བསངས། སཱབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བའི་ནུས་པ་ཅན་དུ་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ་ནས། ཤཔྟ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ། ༀ་ཤཱཀྱ་མུ་ནེ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱའི་བར་གྱིས་མཆོད་དེ། ཐབས་མཁས་ཐུགས་རྗེ་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། དེ་ནས། ༀ་མུ་ནེ་སོགས་ཀྱི་སྔགས་ཅི་འགྲུབ་བཟླ་ཞིང་ཡིག་བརྒྱ་བརྗོད་དེ་མཆོད་བསྟོད་མདོར་བསྡུས་བྱའོ། །གཉིས་པ་མདུན་བསྐྱེད་ལ་གཉིས། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་མགྲོན་བསྐྱེད་ཚུལ་ལོ། །དང་པོ་ནི། མཆོད་པ་བྱིན་གྱིས་བརླབས་ནས། སྒྲུབ་གཞི་ཨམྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་གྱི་གནས་སུ་སྣ་ཚོགས་པདྨ་འདབ་མ་རིམ་པ་གསུམ་པ་ལྟེ་བ་དང་བཅས་པ། ལྟེ་བའི་སྟེང་ཁར་ཟླ་བའི་དཀྱིལ་འཁོར། དེ་ལྟར་བདག་གི་དེ་ཁོ་ན་ཉིད་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བ་ཇི་ལྟར་ཡིན་པ་དེ་བཞིན་དུ་ཞེས་པ་ནས། ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནས། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡང་ན། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་ཞེས་སོགས་བྱས་ཀྱང་ཆོག་ཅིང་། གང་བྱེད་ཀྱང་། རིམ་པ་དང་པོ་ལ་མདུན་ནས་རིམ་པ་བཞིན་དུ། ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། འཇམ་དཔལ། ནམ་མཁའི་སྙིང་པོ། སའི་སྙིང་པོ། སྒྲིབ་སེལ། ཀུན་བཟང་། བྱམས་པ་སྟེ་ཉེ་བའི་སྲས་ཆེན་བརྒྱད་དང་། རིམ་པ་གཉིས་པ་ལ་རིམ་པ་བཞིན་དུ་རབ་འབྱོར། ཀོའུ་དེ་ནྱ། འོད་སྲུང་ཆེན་པོ། ཤཱ་རིའི་བུ། མོའུ་འགལ་གྱི་བུ། མ་འགགས་བ། ཀུན་དགའ་བོ། །ཉེ་བར་འཁོར། ཀ་ཏ་ཡ་ན། བ་ཀུ་ལ། རྟ་ཐུལ། མིང་ཆེན། དགའ་བོ། སྒྲ་གཅན་འཛིན། གང་པོ། འཆར་ག་སྟེ་ཉན་ཐོས་ཆེན་པོ་བཅུ་དྲུག་དང་། རིམ་པ་གསུམ་པ་ལ་གདུང་བ་སེལ་བ་ལ་སོགས་པ་རང་རྒྱལ་སོ་གཉིས། དེའི་ཕྱི་རོལ་ཏུ་ཕྱོགས་སྐྱོང་བཅུ། སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་དང་བཅས་པར་གྱུར། དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ་ནས། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱི་སྔགས་ལན་དྲུག་གམ་གཅིག །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྒྱལ་བ་ཤཱཀྱ་ཐུབ་པ་ལ། ཉེ་བའི་སྲས་ཆེན་བརྒྱད་དང་། ཉན་ཐོས་ཆེན་པོ་བཅུ་དྲུག །རང་རྒྱལ་ཆེན་པོ་སོ་གཉིས་ལ་སོགས་པ་རྒྱལ་སྲས་ཉན་རང་འཕགས་ཚོགས་ཐམས་ཅད་དང་། ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི་ལ་སོགས་པའི་འཇིག་རྟེན་སྐྱོང་བ་འཁོར་དང་བཅས་པ་ཐམས་ཅད་གནས་འདིར་སྤྱན་དྲངས། སྤོས་སོགས་དང་བཅས། མ་ལུས་སེམས་ཅན་སོགས་ཚིགས་བཅད་ཀྱི་འཕྲོར། ཧཱུཾ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་ཉན་ཐོས་རང་རྒྱལ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། ཚངས་པ་དང་ནི་བརྒྱ་བྱིན་དང་། །རྒྱལ་པོ་ཆེན་པོ་སྡེ་བཞི་དང་། །འཇིག་རྟེན་སྐྱོང་བ་རྣམ་པ་བཅུ། །འཁོར་བཅས་མཆོད་པའི་གནས་འདིར་བྱོན། །ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང་། །ནམ་མཁའ་ལྡིང་དང་དྲི་ཟ་དང་། །རླུང་ལྷ་དང་ནི་ལུས་སྲུལ་པོ། །གཤིན་རྗེ་དང་ནི་སྲིན་པོ་དང་། །མཁའ་འགྲོ་དང་ནི་རོ་ལངས་དང་། །ལྟོ་འཕྱེ་ཆེ་དང་གྲུལ་བུམ་དང་། །གཟའ་དང་རྒྱུ་སྐར་མཁའ་རྒྱུ་དང་། །གདོན་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས། །བདེ་བར་གཤེགས་པའི་བཀའ་ཉན་ཕྱིར། །མཆོད་པའི་གནས་འདིར་མྱུར་དུ་བྱོན། །བདག་གིས་དགའ་སྟོན་ཆེར་བགྱིད་ཀྱི། །ཞི་བའི་སེམས་ཀྱིས་འཁོད་པར་གྱིས། །ཨེ་ཧྱེ་ཧི། ཛཿཛཿཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལ་ཡེ་སྟཱཾ། འདིར་ཆོ་ག་སྔ་མ་དག་ལས་མགྲོན་རྣམས་སྤྱན་དྲངས་ནས་བསྐྱེད་པའི་དམ་ཚིག་པ་ལ་བསྟིམ་ཚུལ་མི་གསལ་ཡང་། བསྟིམས་ན་ལེགས་པར་སེམས་ཏེ་གཞན་དུ་ན་དམ་ཚིག་པ་བསྐྱེད་པ་ལ་དགོས་པ་མི་སྣང་བས་སོ། །སྤྱན་དྲངས་ནས་ནམ་མཁར་བཞུགས་པར་བྱེད་པའང་མི་འཐད་དེ། དམ་ཚིག་བསྐྱེད་པའི་ཕྱིར་རོ། །དེ་ནས་མཆོད་པ་སྔར་བྱིན་གྱིས་མ་བརླབས་ན་འདིར་བྱིན་བརླབས་བྱ་སྟེ། དེ་ཡང་སྔར་ལྟར་ལ་འདོད་ཡོན་སོགས་ཀྱང་བྱིན་བརླབ་བྱའོ། །དེ་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །ཐུབ་དབང་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །ༀ་ཤཱཀྱ་མུ་ནེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ་ནས། ཤཔྟ་པྲ་ཏཱི་ཙྪ་དང་། སྤཪྴ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། འཁོར་ལོ་ནོར་བུ་བཙུན་མོ་སོགས། །རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། །གདུགས་དང་རྒྱལ་མཚན་དཔལ་བེའུ་སོགས། །བཀྲ་ཤིས་རྟགས་བརྒྱད་དག་ཀྱང་འབུལ། །གླིང་བཞི་ཉི་ཟླ་རི་རབ་དང་། །བདག་གི་ལུས་དང་ལོངས་སྤྱོད་སོགས། །ཇི་སྙེད་མཆོད་པའི་ཚོགས་མཆིས་པ། །ཀུན་ཀྱང་ཁྱེད་ལ་དབུལ་བར་བགྱི། །སྤྲོ་ན། མེ་ཏོག་དམ་པ་ཞེས་པ་ནས། བྱང་ཆུབ་ཆེན་པོར་བསྔོ། དེ་ནས། གང་ཚེ་རྐང་གཉིས་སོགས་སམ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་སོགས་ཅི་རིགས་ཀྱིས་བསྟོད་ལ། །ཐུབ་པའི་སྙིང་པོ་ཅི་འགྲུབ་བཟླས་ནས་ཡིག་བརྒྱ་བརྗོད། འདས་གཏོར་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཕུལ་དུ་བྱུང་བའི་ལྷ་རྫས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། མགྲོན་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་ཕུལ་ལ། སྔགས་ཀྱི་མཐར་ཨརྒྷཾ་སོགས་སྦྱར་ནས་མཆོད་དེ། ཐབས་མཁས་ཐུགས་རྗེ་མ་དང་། ཕྱག་བྱར་འོས་པ་ཞེས་སོགས་ཀྱིས་བསྟོད། ཁྱོད་ལ་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །ཞེས་སོགས་ཀྱང་བརྗོད། བསྐང་གསོ་བྱེད་པ་དང་འབྲེལ་དགོས་པའི་ངེས་པ་མེད་ཀྱང་བྱེད་ན་ཆོ་ག་འདིའི་སྔོན་དུ་བྱས་ནས་གཏོར་འབུལ་སྐབས་འདིར་རུང་ཙམ་སྟེ། བསྐུལ་བཞག་ནས་བསྟོད་པ་ཡན་རྫོགས་པར་བྱའོ། །ཆ་གསུམ་ཡང་གཏོང་། གཉིས་པ་འཇིག་རྟེན་པའི་མགྲོན་ལ་གསུམ། བསྐྱེད་ཅིང་སྤྱན་དྲངས་ནས་མཆོད་པ། འཕྲིན་ལས་བཅོལ་བ། རྫོངས་པའི་ཚུལ་ལོ། །དང་པོ་ནི། ༀ་སྭ་བྷཱ་ཝས་ཁ་འབར་མའི་གཟུགས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྲེཾ་ལས་ཡི་དྭགས་ཀྱི་རྒྱལ་མོ་ཁ་ལ་མེ་འབར་མ་མདོག་ནག་མོ། མི་སྡུག་ཅིང་འཇིགས་སུ་རུང་བ། ཁ་ཆེར་གདངས་ཤིང་མཆེ་བ་གཙིགས་པ། ཁ་རླངས་ཀྱིས་ནད་དང་དལ་ཡམས་སྤྲིན་ལྟར་འཐིབས་པ། མིག་དམར་ཞིང་སྐྲ་འཛིངས་པ། ལྟོ་བ་རྫིང་བུ་ལྟར་ཆེ་ཞིང་ཡན་ལག་ཤིན་ཏུ་ཕྲ་བ། སྦར་མོ་གདངས་ནས་སྐྱེ་འགྲོའི་སྲོག་ལ་རྔམས་པའི་ཚུལ་ཅན། ནད་བདག་རིམས་བདག་ལ་སོགས་པའི་འབྱུང་པོ་བྱེ་བའི་འཁོར་དང་བཅས་པར་གྱུར། སྤྱན་འདྲེན་པ་ནི། བྷྱོ་འདི་ནས་བྱང་ཕྱོགས་ཕ་རོལ་ན། །རི་རབ་ཆེན་པོའི་བྱང་ཕྱོགས་ཀྱི། །གླིང་བར་མུན་པའི་འཇིག་རྟེན་ན། །བ་ཚ་ཚ་སྒོའི་འགྲམ་ཕུག་གི །བགེགས་ཀྱི་རྒྱལ་མོ་གཤེགས་སུ་གསོལ། །སྔོན་ཚེ་ཐུབ་པའི་སྦྱན་སྔར་དམ་བཅས་བཞིན། །དམ་ལས་མ་འདའ་མཆོད་གཏོར་འདི་རྣམས་ནི། །ཇི་སྲིད་གྲུབ་པར་བདག་གིས་ཁྱེད་མཆོད་པས། །དེ་སྲིད་བཅོལ་པའི་འཕྲིན་ལས་སྒྲུབ་པར་མཛོད། །པྲེཾ་ཡཾ་ཛཿ ཨངྐུ་ཛཤཿ ཛཿཧཱུཾ་བཾ་ཧོཿ རང་གི་གཟུགས་དང་གཉིས་སུ་མེད་པར་གྱུར། ༀ་པྲེ་ཏ་རཱ་ཛེ་ས་པཱ་རི་ཝ་ར་པུཥྤེ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱའི་བར་གྱིས་མཆོད། རཾ་ལས་སྐྱེས་པའི་མེ་འབར་བའི་གུར་གྱི་ནང་དུ་ཆུད་པར་གྱུར། དེ་ནས་ཆངས་བུ་སོགས་ཨཾ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་རྫས་རྣམས་ཁ་དོག་དྲི་རོ་རེག་བྱའི་ནུས་པ་ཕུན་སུམ་ཚོགས་པ་རྒྱ་ནམ་མཁའི་ཁྱོན་དང་མཉམ་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། ན་མཿས་མནྟ་བུདྡྷ་ནཱཾ། ན་མཿསརྦ་ཏ་ཐ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པ་བདུན་ནམ་ཉེར་གཅིག་རེས་བསྔོ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །སྐུ་འབྱམས་བཟླས་ལ་ཕྱག་འཚལ་ལོ། །ཐུགས་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །སྐབས་འདིར་ཆོ་ག་སྔ་མ་ལས་བདེན་སྟོབས་བརྗོད་ཚུལ་རྒྱས་བསྡུས་གཉིས་གསུངས་ཤིང་དེ་གཉིས་གདམ་ཁ་ཅན་དུ་བཤད་ཀྱང་། འདིར་དེ་གཉིས་ཀྱི་དོན་ཕྱོགས་གཅིག་ཏུ་བསྡུས་ནས་འཇུག་པ་བདེ་བར་བརྗོད་པར་བྱ་སྟེ། དེ་ཡང་། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་གཟུགས་ཀྱི་སྐུ་གཉིས་བརྙེས་པ་མཐར་ཕྱིན་ཅིང་། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དང་། སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་བསྙེངས་པ་མི་མངའ་བས་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་འཇོམས་པར་མཛད་པའི་མཐུ་ཐོགས་པ་མེད་པ་ལྡན་ཅིང་སེམས་ཅན་ཐམས་ཅད་ཀྱི་མགོན་སྐྱབས་དམ་པར་གྱུར་བའི་བདེན་པ་དང་། དམ་པའི་ཆོས་ནི་ཐོག་ཐ་བར་དགེ་ཞིང་མི་མཐུན་ཕྱོགས་ཐམས་ཅད་རབ་ཏུ་འཇོམས་པའི་བདེན་པ་དང་། གཞན་ཡང་གསང་སྔགས་རིག་སྔགས་གཟུངས་སྔགས་སོགས་ཀྱི་བདེན་པ་དང་། དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པ་འཕགས་པ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་བདེན་པ་དང་། འཕགས་པ་རབ་འབྱོར་ལ་སོགས་པ་ཉན་ཐོས་ཆེན་པོ་བཅུ་དྲུག་གི་བདེན་པ་དང་། འཕགས་པ་གདུང་བ་སེལ་བ་ལ་སོགས་པ་རང་རྒྱལ་ཆེན་པོ་སོ་གཉིས་དང་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་བདེན་པ་དང་། མདོར་ན་དཀོན་མཆོག་གསུམ་གྱི་བདེན་པ་དང་། རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་ཀྱིས། བདག་དང་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་ལ་གནོད་པའི་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་གདོན་རིགས་སུམ་བརྒྱ་དྲུག་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། རྨི་ལྟས་མཚན་མ་ངན་པ་དང་བཀྲ་མི་ཤིས་པ་དང་དུས་མ་ཡིན་པ་འཆི་བ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར་ཅིག །ཁྱད་པར་དུ་ཡང་སྦྱིན་བདག་གི་ནད་ཐམས་ཅད་ཞི་བར་གྱུར་ཅིག །ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་གྱུར་ཅིག །རྒྱས་པར་མཛད་དུ་གསོལ། དེ་ལྟར་བ རྒྱ་རྩ་བརྒྱད་བྱ་ཞིང་། བསྔོ་ཐེངས་རེ་ལ་བདེན་སྟོབས་རྒྱས་པ་ལ་མ་ལྕོགས་ན། ཐོག་ཐ་བར་གསུམ་ལ་རྒྱས་པ་དང་། གཞན་རྣམས་ལ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། འདི་ལྟར་མཆོད་སྦྱིན་བགྱིས་པའི་མཐུས་སྦྱིན་པའི་བདག་པོའི་ནད་གདོན་བར་ཆད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །ཅེས་སམ། ཡང་ན། བདག་གི་བསམ་པའི་སྟོབས་ཞེས་སོགས་བརྗོད། སྐང་གསོ་དང་འབྲེལ་ན་ཆོས་སྐྱོང་གི་བསྐུལ་བ་སྐབས་འདིར་བྱའོ། །དེ་ནས་རོལ་མོའི་དབྱངས་དང་བཅས་པས་བསྐུལ་བ་ནི། ཧཱུཾ་ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །བདག་གིས་དེ་རིང་ཁྱོད་མཆོད་ཀྱིས། །སོང་ཞིག་མ་འདུག་བགེགས་ཀྱི་ཚོགས། །ཕྱིན་ཆད་འདི་ལྟར་མ་བྱེད་ཅིག །ཁྱོད་ཀྱི་སྟོབས་དང་རྩལ་མཐོང་ན། ཁྱོད་ཀྱིས་ཕན་གནོད་བྱེད་པར་ནུས། ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། ཁྱོད་ཀྱིས་ཕན་གནོད་མི་ནུས་མེད། །སྔོན་ཆད་མཆོད་སྦྱིན་མ་ཐོབ་པས། །དེ་རིང་བདག་གིས་ཁྱོད་མཆོད་ཀྱིས། །མེ་ཏོག་སྤོས་དང་མར་མེ་དང་། །དྲི་ཆབ་ཞལ་ཟས་འདི་བསྣམས་ལ། །བགེགས་ཀྱི་རྒྱལ་མོ་འགྲོ་བར་བགྱིས། །སྔོན་ཆད་ལན་ཆགས་ཡོད་ན་ཡང་། །མཆོད་སྦྱིན་འདི་ཡིས་བྲལ་བར་བགྱིས། །དཀོན་མཆོག་གསུམ་གྱི་བཀའ་བཅག་དང་། །དམ་ཚིག་ཉམས་པའི་ཉེས་པ་ཡིས། །གནོད་པར་གྱུར་ན་མ་ལེགས་ཀྱིས། །བགེགས་ཆེན་ཁྱོད་ནི་ད་སོང་ཞིག །རྡོ་རྗེ་ཆེན་པོ་མཆོག་འཛིན་པའི། །མགོན་པོ་ཆེན་པོས་བྱིན་རློབས་ལ། །བློ་ངན་གང་ཞིག་འདའ་བྱེད་པ། །རྡོ་རྗེ་འཛིན་པས་མྱུར་དུ་སྤོང་། །སྤངས་པའི་སེམས་ཅན་ཆེན་པོ་དེ། །ཇི་སྲིད་འཁོར་བའི་སྤྱོད་ཡུལ་དུ། །ངན་སོང་གསུམ་དུ་ཡང་དང་ཡང་། །ཤིན་ཏུ་མི་བཟད་ཆོ་ངེ་འདེབས། །བདག་ཉིད་ཆེན་པོའི་སངས་རྒྱས་བཀའ། །ཚིག་ལས་འདས་ན་རྡུལ་བཞིན་བརླག །དེ་བས་དམ་ཚིག་འདའ་མ་བྱེད། །དེ་ནས་རང་ཉིད་འཇིགས་བྱེད་དམ། ཧཱུཾ་མཛད་དུ་བསྒྱུར་ནས། ཧཱུཾ། མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཞེས་བརྗོད་དེ་རྡོ་རྗེ་སོགས་ཀྱིས་གཟུགས་བརྙན་དེ་ལ་ཚད་ཚད་བྱ། དེ་ནས་ལག་ཏུ་རྡོ་རྗེ་བཟུང་ནས། ཧཱུཾ། དམ་ཚིག་འདི་ལས་འདའ་མ་བྱེད། །གལ་ཏེ་དམ་ཚིག་འདས་གྱུར་ན། །ཨ་ཛ་ཀ་ཡི་དོག་པ་ལྟར། །མགོ་པོ་ཚལ་པ་བདུན་དུ་འགས། །ཞེས་བརྗོད་དེ་དྲི་ཆུས་གནས་གསུམ་དུ་ཐིག་ལེ་བྱ། ཡང་རྡོ་རྗེ་སྤྱི་བོར་བཞག་ལ། དེ་ནས་ཡང་གཟུགས་དེ་ཁ་ཕྱིར་བསྟན་ནས། ཧཱུཾ། བགེགས་ཀྱི་ཚོགས་རྣམས་ད་ཆོས་ཤིག །འཇིག་རྟེན་གཙོ་མོ་ཆོས་ཙམ་ན། །རི་རབ་ཆེན་པོ་ལྡེམས་སེ་ལྡེམས། །རྒྱ་མཚོ་ཆེན་པོ་དཀྱིལ་ལི་ལི། །འགྲོ་དྲུག་ཀུན་ཀྱང་ཤ་ར་ར། དར་ཚོན་སྣ་ལྔ་པུ་རུ་རུ། །གླུད་བདག་ཆེན་པོ་ཆས་ཙམ་ན། །འཇིག་རྟེན་སྲུང་མ་ཐམས་ཅད་ཀྱང་། །ཕྱི་ཡི་སྐྱེལ་མ་ཉིལ་ལི་ལི། །མུན་པའི་ན་བུན་འཐིབས་སེ་འཐིབས། །མདོས་བདག་ཆེན་མོ་ཆས་ཙམ་ན། །བརྗེད་བྱེད་ཡི་དྭགས་དྲི་ཟའི་ཚོགས། །གཏོར་ལེན་མང་པོ་ཧྲུགས་སེ་ཧྲུགས། །དམག་དཔོན་ཆེན་མོ་ཆས་ཙམ་ན། །པི་ཝང་གླིང་བུ་སེངས་སེ་སེངས། །བདུད་བཙན་དྲག་བྱེད་འཁོར་བཅས་ཀུན། །གླུ་གར་བྲོ་བརྡུང་ཆེམས་སེ་ཆེམས། །འབྱུང་པོ་འབུམ་གྱི་ཡུམ་གཅིག་མོ། །ཡི་དྭགས་བྱེ་བའི་འཁོར་གྱིས་བསྐོར། །མཆོད་སྦྱིན་གཏོར་མ་འདི་ཁྱེར་ལ། །རང་རང་གནས་སུ་ད་སོང་ཞིག །སྔོན་ཚེ་ཤཱཀྱ་ཐུབ་པ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །དཀོན་མཆོག་གསུམ་གྱི་བཀའ་མ་བཅག །དམ་པའི་བདེན་ཚིག་བསུན་མ་འབྱིན། །ཡོན་བདག་རྒྱུ་སྦྱོར་ཆུད་མ་སོན། །རྟེན་འབྲེལ་ཚོགས་པའི་ཐབས་མ་བསླུ། །གལ་ཏེ་བཀའ་ལས་འདས་གྱུར་ན། །སྙིང་ལ་ནད་གསོ་མེ་བཞིན་འབར། །མགོ་ལུས་དུམ་བུ་སྟོང་དུ་འགྲོ །དེ་ནས་དམ་ཚིག་ཐུབ་པར་སྲུངས། །རྣལ་འབྱོར་བདག་གི་བཀའ་མ་བཅག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཐེག །གནོད་པ་ཐམས་ཅད་མྱུར་དུ་སོལ། །གལ་ཏེ་དེ་ལྟར་མི་བྱེད་ན། །གཏོར་མ་འདི་ནི་གཉེན་པོ་ཡིན། །ནད་དང་མཚོན་གྱིས་བརླག་པར་བྱེད། །དེ་ནས་ཕྱི་རོལ་ཏུ་སྐྱེལ་སར་སླེབས་པ་ན་གསེར་སྐྱེམས་མཆོད་ཅིང་། གཟུགས་དེ་ཁ་བུག་གམ་ཁ་ཕྱིར་བསྟན་ནས་བཞག་ལ། ཧཱུཾ་སྐྱུར་རོ་རྒྱ་མཚོའི་གཏིང་དུ་བསྐྱུར། མནན་ནོ་རི་རབ་འོག་ཏུ་མནན། །འདི་ནས་དཔག་ཚད་ལྔ་བརྒྱ་ན། །གཤིན་རྗེའི་རྒྱལ་པོ་ཆོས་འཆད་ཀྱི། །དེ་ཡི་དྲུང་དུ་ཆོས་ཉོན་ཅིག །བྱང་ཆུབ་སེམས་ནི་མ་སྐྱེས་བར། །སྟེང་གི་ཕྱོགས་སུ་མ་འབྱུང་ཞིག །ནམ་ཞིག་བྱང་ཆུབ་སེམས་སྐྱེས་ན། །དཀོན་མཆོག་གསུམ་པོ་བསྟེན་མཛོད་དང་། །ཐུགས་རྗེ་ཆེན་པོས་གཟུང་བར་འགྱུར། །ཅེས་བརྗོད་ཅིང་ཁ་བུག་ཏུ་བཞག་ལ། བཟློག་པ་བྱ། འགའ་ཞིག་ནི་གོང་དུ་བཤད་ཟིན་ཏོ། །དེ་ནས་ནང་དུ་འོངས་ཏེ་ལྷ་ལ་མཆོད་པ་སྔར་བཞིན་རྒྱས་བསྡུས་ཅི་རིགས་ཀྱིས་ཕུལ་ནས་བསྟོད་པ་བྱ། ཡིག་བརྒྱ་བརྗོད་ཅིང་། མ་རྙེད་ཅེས་སོགས་བཟོད་གསོལ་རྒྱས་བསྡུས་གང་རུང་དང་། གཙོ་བོ་ལ་འདིར་ནི་རྟེན་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱིས་བརྟན་བཞུགས་དང་། འཁོར་རྣམས་ལ་ནི། ༀ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་སོགས་ཀྱི་འཇུག་ཏུ། མགྲོན་གཞན་རྣམས་རང་གནས་སུ་གཤེགས་པར་གྱུར། ཞེས་བརྗོད་དེ་བཀྲ་ཤིས་བྱའོ། །སྙིགས་དུས་མ་རུང་སྐྱེ་བོ་རྣམས། །རྐུ་འཕྲོག་སྲོག་གཅོད་ལ་སོགས་པ། །ངན་སོང་དུ་མ་ལ་ཞུགས་པས། །མ་མོ་མཁའ་འགྲོ་ཁྲོས་ཤིང་འཁྲུགས། །དེ་ཚེ་ནད་ཡམས་དལ་ཡམས་ཀྱི། །གནོད་པ་རང་གཞན་དུ་མ་ལ། །ཆར་ལྟར་བབས་ཏེ་མི་འདོད་པའི། །སྡུག་བསྔལ་སྣ་ཚོགས་སྟེར་བར་བྱེད། །དེ་ཕྱིར་སྟོན་པས་ཆོས་ཚུལ་འདི། །གནོད་པ་ཀུན་དང་མ་མོ་ཡི། །གདོན་ཀུན་བཟློག་ཕྱིར་གསུངས་པས་ན། །ཆོ་ག་འདི་ཉིད་བསྟན་པར་རིགས། །འདིར་འབད་དགེ་བ་ཀུནྡའི་གཉེན། །གང་ཞིག་ཐོབ་དེས་འགྲོ་བ་ཀུན། །ནད་གདོན་སྡུག་བསྔལ་མུན་སྟུགས་ལས། །རྒྱལ་ནས་ཕན་བདེའི་ལམ་གསལ་ཤོག །ཅེས་ཁ་འབར་མའི་མདོས་ཀྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་འདི་ནི། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་དམ་པ་སྔ་མ་དག་གི་ཕྱག་སྲོལ་ལ་ཅུང་ཟད་རེ་ཁ་བསྐང་བའི་སྒོ་ནས་གཞན་རེ་གཉིས་ལ་ཕན་ཐོགས་སྲིད་སྙམ་ནས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། པར་གྱི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་གི་བློ་བཟང་དོན་གྲུབ་བོ། །སརྦ་མངྒ་ལཾ། །

ཉོན་མོངས་པའི་ཀུན་འབྱུང་གི་རྣམ་གཞག་མདོར་བསྡུས་གསལ་བ།

ཉོན་མོངས་པའི་ཀུན་འབྱུང་གི་རྣམ་གཞག་མདོར་བསྡུས་གསལ་བ་བཞུགས།

བླང་དང་དོར་བྱའི་ཆོས་རྣམས་མ་ལུས་པ། །མངོན་སུམ་གཟིགས་ནས་གཞན་ལ་ཐུགས་བརྩེ་བས། །ལེགས་པར་འདོམས་མཛད་ཟླ་མེད་སྟོན་པ་དང་། །རྗེ་བཙུན་མཁྱེན་པའི་གཏེར་གྱི་ཞབས་ལ་འདུད། །རྒྱལ་བས་གསུངས་པའི་ཆོས་མངོན་གཞུང་ལུགས་ཀུན། །ཇི་བཞིན་གསལ་མཛད་ཐོགས་མེད་སྐུ་མཆེད་སོགས། །འཛམ་གླིང་མཁས་པ་རྣམས་ལ་གུས་བཏུད་ནས། །མངོན་པའི་གཞུང་དོན་ཆ་ཙམ་བརྗོད་པར་བྱ། །དེ་ཡང་ཐར་འདོད་ཀྱི་སྐྱེས་བུས་བདེན་བཞིའི་ནང་ཚན་གྱི་སྡུག་ཀུན་གཉིས་ཀྱི་རྣམ་གཞག་ལེགས་པར་ཤེས་དགོས་པ་ཡིན་ཏེ། སྡུག་བདེན་གྱི་རྣམ་དབྱེ་མི་ཤེས་ཤིང་མ་བསམས་ན་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་ཁྱད་པར་ཅན་མི་སྐྱེ་ཞིང་། ཀུན་འབྱུང་གི་རྣམ་དབྱེ་མི་ཤེས་ན་འཁོར་བའི་རྩ་བ་གང་ཡིན་དེར་གཅོད་ཚུལ་མི་ཤེས་པའི་ཕྱིར་ཏེ། ལམ་རིམ་བསྡུས་དོན་ལས། སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། །ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང་། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམས་ནས། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་གི་རྣམ་གཞག་ནི་མངོན་པ་གོང་འོག་གི་གཞུང་ལས་འབྱུང་བ་ལྟར། ཕར་ཕྱིན་དང་ལམ་རིམ་སོགས་ནས་ཀྱང་ཅི་རིགས་བཤད་ཅིང་། བདག་གིས་ཀྱང་མཛོད་ཀྱི་ཊཱིཀྐ་དང་། ལས་ཀྱི་རྣམ་གཞག་སོགས་ལས་ཅི་ལྟར་རིགས་པར་བརྗོད་ཟིན་ནའང་། འདིར་ཉོན་མོངས་ཀྱི་རྣམ་གཞག་མདོར་བསྡུས་ཞིག་སྒོས་སུ་འཆད་པ་ལ་གསུམ། ཉོན་མོངས་པའི་དབྱེ་བ་སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྒྱལ་བས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེར་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལྟར་ན། ཉོན་མོངས་པའི་ཕྱོགས་ལའང་བརྒྱད་ཁྲི་བཞི་སྟོང་ཡོད་དེ། གཉེན་པོ་དང་གྲངས་མཚུངས་པར་འདོད་ཆ གས་ཀྱིས་སྡེར་གཏོགས་ཉིས་ཁྲི་ཆིག་སྟོང་། དེ་བཞིན་དུ་ཞེ་སྡང་གཏི་མུག་དང་། དུག་གསུམ་གང་རུང་ཆ་མཉམ་པའི་སྡེར་གཏོགས་ཉིས་ཁྲི་ཆིག་སྟོང་སྟེ་ཁྱོན་བརྒྱན་ཁྲི་བཞི་སྟོང་ཡོད་པའི་ཕྱིར་ཏེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་བཞི། མཚན་ཉིད། སྒྲ་བཤད། བྱེད་ལས། དབྱེ་བའོ། །དང་པོ་ནི་རང་དང་མཚུངས་ལྡན་གྱི་སེམས་རྒྱུད་མ་ཞི་བར་བྱེད་པའི་རིགས་སུ་གནས་པའི་སེམས་བྱུང་དེ། ཉོན་མོངས་པའི་མཚན་ཉིད། རིགས་གནས་སྦྱར་བའི་དགོས་པ་ཡོད་དེ། བྱང་སེམས་འཕགས་པའི་རྒྱུད་ཀྱི་ཉོན་མོངས་པས་དེའི་སེམས་རྒྱུད་ལ་ཞི་བར་མི་བྱེད་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་ཉོན་མོངས་པ་རྣམས་ནི་སྨན་དང་སྔགས་ཀྱིས་བཅོམ་པའི་དུག་ལྟར་ནུས་པ་ཆུང་བའི་ཕྱིར་རོ། །གཉིས་པ་ནི། སེམས་བློང་བློང་པོར་བྱེད་པའམ་མ་ཞི་བར་བྱེད་པས་ན་ཉོན་མོངས་པ་ཞེས་བྱའོ། །གསུམ་པ་ནི། ཉོན་མོངས་གཞན་དང་ལས་བསྐྱེད་ཅིང་རྒྱུན་བརྟན་པ་དང་གནས་པར་བྱེད་པ་སོགས་སོ། །བཞི་པ་དབྱེ་ན་བཞི་སྟེ། ངོ་བོའི་སྒོ་ནས་རྩ་བའི་ཉོན་མོངས་དྲུག །ཉེ་བའི་ཉོན་མོངས་ཉི་ཤུ། རྣམ་པའི་སྒོ་ནས་བཅུ། ཁམས་ཀྱི་སྒོ་ནས་གོ་བརྒྱད་དོ། །དང་པོ་རྩ་ཉོན་དྲུག་ནི། མཛོད་ལས། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ་ཞེས་གསུངས་པ་ལྟར་རོ། །དེ་ཡང་རྩ་ཉོན་དུ་གྱུར་པའི་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་ངན་དང་། ཐེ་ཚོམ་ཉོན་མོངས་ཅན་དང་དྲུག་གོ ། དང་པོ་འདོད་ཆགས་ནི། ཟག་བཅས་ཀྱི་དངོས་པོ་ལ་ཆགས་པའི་སེམས་བྱུང་ངོ་། །གཉིས་པ་ཁོང་ཁྲོ་ནི། སེམས་ཅན་ནམ་ཚེར་མ་སོགས་ཀུན་ནས་མནར་སེམས་ཀྱི་གཞི་ལ་དམིགས་པའི་སེམས་བྱུང་རྩུབ་པའི་རྣམ་པ་ཅན་ནོ། །གསུམ་པ་ང་རྒྱལ་ནི་འཇིག་ལྟ་ལ་བརྟེན་ནས་ཡུལ་མཐོ་དམའ་བར་གསུམ་ཅི་རིགས་ལ་དམིགས་ནས་སེམས་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་ངོ། །བཞི་པ་མ་རིག་པ་ནི། བདེན་བཞི་དང་ལས་འབྲས་སོགས་ལ་རྨོངས་པ་དང་རིག་པ་ཡེ་ཤེས་ཀྱི་འགལ་ཟླར་གྱུར་པའི་སེམས་བྱུང་རྨོངས་པའོ། །ལྔ་པ་ཐེ་ཚོམ་ཉོན་མོངས་ཅན་ནི། དཀོན་མཆོག་དང་ལས་འབྲས་སོགས་ཡོད་པའི་དོན་ལ་ཡིད་གཉིས་ཟ་བའི་སེམས་བྱུང་ངོ་། །དྲུག་པ་ལྟ་བ་ཉོན་མོངས་ཅན་ལ་ལྔ་ཡོད་པའི། དང་པོ་འཇིག་ལྟ་ནི། ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས་ང་དང་ངའི་ཞེས་བདག་དང་བདག་གིར་ལྟ་བའི་སེམས་བྱུང་ཤེས་རབ་ཉོན་མོངས་ཅན་ནོ། །གཉིས་པ་མཐར་ལྟ་ནི། འཇིག་ལྟས་བཟུང་བའི་བདག་དེ་ལ་དམིགས་ནས་རྟག་པར་ལྟ་བའམ་འདི་ནས་ཉིང་མཚམས་སྦྱོར་བར་མེད་པའི་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །གསུམ་པ་ལྟ་བ་མཆོག་འཛིན་ནི། ལྟ་བ་དམན་པ་ལ་ལྟ་བ་མཆོག་ཏུ་རློམ་ཞིང་ཞེན་པའི་སེམས་བྱུང་ཤེས་རབ་ཉོན་མོངས་ཅན་ནོ། །བཞི་པ་ལོག་ལྟ་ནི། ཚེ་ལྔ་ཕྱི་དང་ལས་འབྲས་སོགས་ཡོད་པའི་དོན་ལ་མེད་པར་ལྟ་བའམ་མེད་པའི་དོན་ལ་ཡོད་པར་ལྟ་བའི་སེམས་བྱུང་ཤེས་རབ་ཉོན་མོངས་ཅན་ནོ། །ལྔ་པ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི། ཚུལ་ཁྲིམས་ངན་པ་དང་བརྟུལ་ཞུགས་དམན་པ་ལ་མཆོག་ཏུ་འཛིན་པའི་སེམས་བྱུང་ཤེས་རབ་ཉོན་མོངས་ཅན་ནོ། །སྔ་མ་དྲུག་ལ་རྩ་ཉོན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྲིད་པའི་རྩ་བའམ་རྒྱུའི་གཙོ་བོ་བྱེད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། མ་རིག་པ་ལས་གཞན་རྣམས་འཁོར་བའི་རྩ་བ་དངོས་མིན་ཏེ། གཞུང་གཞན་ནས་འཁོར་བའི་རྩ་བ་ལ་མ་རིག་པས་ཁྱབ་པར་བཤད་པའི་ཕྱིར་རོ། །མ་རིག་པ་ཐམས་ཅད་ཀྱང་འཁོར་བའི་རྩ་བ་མིན་ཏེ། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་མ་གཏོགས་གཞན་ལས་འབྲས་སོགས་ལ་རྨོངས་པའི་མ་རིག་པ་ནི་འཁོར་བའི་རྩ་བར་མི་རུང་བའི་ཕྱིར་ཏེ། འཁོར་བའི་རྩ་བ་ལ་འཛིན་སྟངས་མི་མཐུན་པ་གཉིས་མེད་པའི་ཕྱིར་རོ། །གང་ཟག་གི་བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཐམས་ཅད་ཀྱང་འཁོར་བའི་རྩ་བ་མིན་ཏེ། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་འཛིན་རྣམས་མ་རིག་པ་ཡིན་ཀྱང་འཁོར་བའི་རྩ་བ་མ་ཡིན་པའི་ཕྱིར་རོ། རང་རྒྱུད་པ་མན་ཆད་དངོས་པོ་བདེན་པར་འཛིན་པའི་བདེན་འཛིན་མ་རིག་པར་མི་འདོད་ཀྱང་ཐལ་འགྱུར་བའི་ལུགས་ལ་དེ་མ་རིག་པ་ཡིན་པའི་ཚུལ་ཤེས་དགོས་སོ། །མ་རིག་པ་དང་འདོད་ཆགས་གང་རུང་ཡིན་ན། རྩ་ཉོན་ཡིན་མི་དགོས་ཏེ། བྱང་འཕགས་ཀྱི་རྒྱུད་ལ་དེ་གཉིས་ཡོད་པའི་ཕྱིར་ཏེ། བྱང་འཕགས་ཀྱིས་འདོད་གཟུགས་ཀྱི་འདོད་ཆགས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་བསྒྱུར་བར་བྱེད་པའི་ཕྱིར་རོ། །རྩ་ཉོན་གྱི་ནང་ཚན་གྱི་འདོད་ཆགས་དང་། ཁོང་ཁྲོ་དང་། མ་རིག་པ་གསུམ་ནི་དུག་གསུམ་ལ་བྱེད་པ་ཡིན་ཏེ། འདོད་ཆགས་རང་མིང་གིས་ཤེས་ལ། ཁོང་ཁྲོ་ཞེ་སྡང་དང་། མ་རིག་པ་གཏི་མུག་ཡིན་པའི་ཕྱིར། འདོད་ཆགས་ཞེས་པ་ནི་ད་ལྟ་འདོད་ཆགས་སུ་གྲགས་པའི་དབང་པོ་གཉིས་སྦྱོར་ལ་བརྟེན་པའི་འདོད་ཆགས་ཙམ་མིན་གྱི། གཟུགས་སྒྲ་སོགས་འདོད་ཡོན་རྣམས་ལ་ཆགས་པའི་སྲེད་པ་སོགས་ཟག་བཅས་ཀྱི་དངོས་པོ་ལ་སྲེད་པས་ཞེན་པའི་སེམས་བྱུང་ཐམས་ཅད་ཀྱང་འདོད་ཆགས་ཡིན་ནོ། ཁོང་ཁྲོ་ནི་གོ་སླ་ལ། གཏི་མུག་ལ་དཀོན་མཆོག་གམ་ལས་འབྲས་བདེན་བཞི་སོགས་བླང་དོར་གྱི་གནས་རགས་པ་ལ་རྨོངས་པ་དང་། ཆོས་དང་གང་ཟག་གི་བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་གཏི་མུག་གཉིས་ཡོད་དོ། །ང་རྒྱལ་ལ་མཉམ་པའི་ང་རྒྱལ། ལྷག་པའི་ང་རྒྱལ། ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་མཉམ་པའི་ང་རྒྱལ། ཅུང་ཟད་སྙམ་པའི་ང་རྒྱལ། ལོག་པའི་ང་རྒྱལ་དང་བདུན་ནོ། །ཉོན་མོངས་པར་ཀུན་བསླངས་ཏེ་རིགས་རུས་ལོངས་སྤྱོད་ཡོན་ཏན་སོགས་གང་རུང་གི་སྒོ་ནས་བདག་མི་འདི་དང་མཉམ། འདི་ལས་ལྷག་འདི་ལས་ཆེས་ཁྱད་པར་དུ་འཕགས། རང་གི་ཕུང་པོ་ལ་དམིགས་ནས་ངའོ་སྙམ་པ་དང་། ཡོན་ཏན་དེ་མ་ཐོབ་ཀྱང་ཐོབ་ཟིན་ནོ་སྙམ་པ་དང་། བདག་ཁྱད་འཕགས་དེ་བས་ཅུང་ཟད་ཙམ་ཞིག་དམན་སྙམ་པ་དང་། ཡོན་ཏན་མིན་པ་ལ་ཡོན་ཏན་དུ་རློམ་པ་རྣམས་སོ། །འདི་དག་ལ་ང་རྒྱལ་དངོས་མིན་པའང་ཡོད་དོ། །ཐེ་ཚོམ་ལ་སྤྱིར་ཉོན་མོངས་ཅན་དང་མིན་པ་གཉིས་ཡོད་ཀྱང་ལས་འབྲས་རགས་པ་དང་དཀོན་མཆོག་གསུམ་དང་བདེན་བཞི་རགས་པ་ལ་ཡོད་དམ་མེད་ཕལ་ཆེར་མེད་སྙམ་དུ་ཐེ་ཚོམ་ཟ་བ་ནི་ཉོན་མོངས་ཅན་མི་དགེ་བ་ཡིན་ལ། ལས་འབྲས་ཕྲ་མོ་སོགས་བླང་དོར་གྱི་གནས་ཤིན་ཏུ་རྟོགས་དཀའ་བ་ལ་ཡོད་མེད་ཐེ་ཚོམ་ཟ་བ་ལྟ་བུ་ཐེ་ཚོམ་ལུང་མ་བསྟན་དུ་འགྱུར་ཞིང་། ལས་འབྲས་ཕྲ་མོ་རྣམས་ཡོད་མེད་གང་ཡིན་མི་ཤེས་ཀྱང་གཞན་གྱིས་ཡོད་པར་བསྟན་པ་ན་ཡོད་དམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་ནི་དགེ་བར་འགྱུར་རོ། །འཇིག་ལྟ་སོགས་ལྟ་བ་ལྔ་པོ་གཅིག་ཏུ་བསྡུས་པ་ལ་ལྟ་བ་ཉོན་མོངས་ཅན་ཞེས་རྩ་ཉོན་དུ་འདྲེན་པས་རྩ་ཉོན་དྲུག་གོ །གཉིས་པ་ཉེ་ཉོན་ལ་ཉི་ཤུ་ཡོད་པའི། དང་པོ་ཁྲོ་བ་ནི། གནོད་བྱེད་ལ་ཡིད་འཁྲུགས་པའི་སེམས་བྱུང་བཏགས་ཡོད། གཉིས་པ་འཁོན་འཛིན་ནི་སྔར་གྱི་གནོད་བྱེད་ལ་ཤ་གཉེར་བ་མི་གཏོང་བའི་སེམས་བྱུང་། གསུམ་པ་འཆབ་པ་ནི། ཁ་ན་མ་ཐོ་པ་ཟུར་གྱིས་སྦེེད་པའི་སེམས་བྱུང་། སེམས་བྱུང་ཞེས་པ་གཞན་ལའང་སྦྱར་ཏེ། བཞི་པ་འཚིག་པ་ནི། ཁྲོ་བས་རྒྱུ་བྱས་ཏེ་ཚིག་རྩུབ་འདྲེན་པ། ལྔ་པ་ཕྲག་དོག་ནི། གཞན་གྱི་ཕུན་ཚོགས་ལ་ཡིད་ཁོང་ནས་འཁྲུགས་པ། དྲུག་པ་སེར་སྣ་ནི། ཟག་བཅས་ཀྱི་དངོས་པོ་ལ་དམ་དུ་འཛིན་པ། བདུན་པ་སྒྱུ་ནི། ཉེས་པ་མི་མངོན་པར་གཞན་དུ་སྒྱུར་བར་བྱེད་པ། བརྒྱད་པ་གཡོ་ནི། ཡོན་ཏན་དེ་དང་མི་ལྡན་བཞིན་དུ་ལྡན་པ་ལྟར་སྟོན་པ། དགུ་པ་རྒྱགས་པ་ནི། རང་གི་ཡོ་བྱད་སོགས་ལ་ཆགས་ཤིང་དྲེགས་པ། བཅུ་པ་རྣམ་འཚེ་ནི། གཞན་ལ་གནོད་སེམས་བསམ་པས་ཐོ་འཚམ་བར་འདོད་པ། བཅུ་གཅིག་པ་ངོ་ཚ་མེད་པ་ནི། རང་ངམ་ཆོས་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམ་པ། བཅུ་གཉིས་པ་ཁྲེལ་མེད་པ་ནི། གཞན་གྱིས་འཕྱ་བའི་ཉེས་པ་ལ་མི་འཛེམ་པ། བཅུ་གསུམ་པ་རྨུགས་པ་ནི། ལུས་སེམས་བློང་བློང་པོར་བྱེད་པ། བཅུ་བཞི་པ་རྒོད་པ་ནི། དམིགས་པ་རྩེ་གཅིག་པ་ལས་སེམས་འཕྲོ་ཞིང་ཞི་བར་བྱེད་པ་ཅན། བཅོ་ལྔ་པ་མ་དད་པ་ནི། ཡོན་ཏན་ཅན་ནམ་ཡོན་ཏན་དང་བླང་དོར་གྱི་གནས་སོགས་ལ་མི་གུས་པ། བཅུ་དྲུག་པ་ལེ་ལོ་ནི། དགེ་བའི་བྱ་བ་ལ་མི་སྤྲོ་བ། བཅུ་བདུན་པ་བག་མེད་ནི། རང་དགར་སྤྱོད་པ་ཕྱིན་ཅི་ལོག་ཏུ་བྱེད་པ། བཅོ་བརྒྱད་པ་བརྗེད་ངེས་ནི། དགེ་བའི་དམིགས་རྣམ་བརྗེད་པར་བྱེད་པ། བཅུ་དགུ་པ་ཤེས་བཞིན་མ་ཡིན་པ་ནི། དགེ་བའི་བྱ་བ་དེ་ལེགས་པར་མི་ཤེས་པའམ་ཤེས་ཀྱང་དྲན་པ་གཡེང་ནས་འཇུག་པ། ཉི་ཤུ་པ་རྣམ་གཡེང་ནི། དགེ་བའི་དམིགས་པ་ལས་ཡིད་ཕྱིར་འཕྲོ་བར་བྱེད་པའི་སེམས་འབྱུང་ངོ་། །འདི་དག་ལ་ཉེ་ཉོན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྩ་ཉོན་དང་ཉེ་བའི་ཉོན་མོངས་ཡིན་པས་དེ་ལྟར་དུ་བརྗོད་པའི་ཕྱིར་རོ། །གཉིད་དང་། འགྱོད་པ་དང་། རྟོག་དཔྱོད་གཉིས་ཏེ་བཞི་ལ་ནི་ཉོན་མོངས་ཡིན་མིན་གཉིས་ཡོད་དོ། །རྩ་ཉོན་དང་ཉེ་ཉོན་གང་ཡིན་ཀྱང་སེམས་བྱུང་ཡིན་དགོས་པས། དེ་དག་གང་གི་འཁོར་དུ་བྱེད་པའི་སེམས་དེ་ཉོན་མོངས་ཅན་ལྟ་བུ་ཡིན་ཀྱང་ཉོན་མོངས་མིན་ནོ། །ཉེ་ཉོན་དེ་དག་ནི་གཙོ་བོར་མངོན་པ་ཀུན་བཏུས་དང་། ཕུང་པོ་ལྔའི་རབ་བྱེད་ནས་བཤད་པ་ལྟར་ཡིན་ལ། མཛོད་ལས། རྨོངས་པ་དང་། བག་མེད་དང་། ལེ་ལོ་དང་། མ་དད་པ་དང་། རྒོད་པ་སྟེ་དྲུག་ལ་ཉོན་མོངས་ཆེན་པོའི་ས་པ་དང་། ཁྲོ་བ། འཁོན་འཛིན། གཡོ། ཕྲག་དོག །འཚིག་པ། འཆབ་པ། སེར་སྣ། སྒྱུ། རྒྱགས་པ། རྣམ་པར་འཚེ་བ་སྟེ་བཅུ་ལ་མི་དགེ་བ་ཆེན་པོའི་ས་པ་དང་། ཁོང་ཁྲོ། ང་རྒྱལ། ངོ་ཚ་མེད་པ། ཁྲེལ་མེད་པ་རྣམས་ལ་ཡང་མི་དགེ་བའི་ས་པར་བཤད་དོ། །གཉིས་པ་རྣམ་པའི་སྒོ་ནས་བཅུ་ནི། སྔར་བཤད་པའི་ལྟ་བ་ལྔ་དང་། ལྟ་མིན་སྔ་སྟེ་བཅུའོ། །གསུམ་པ་ཁམས་ཀྱི་སྒོ་ནས་ཕྱེ་ན། འདོད་པའི་སས་བསྡུས་པའི་སྡུག་བསྔལ་མཐོང་སྤངས་ལྟ་བ་ལྔ་ལྟ་མིན་ལྔ་སྟེ་བཅུ་དང་། ཀུན་འབྱུང་འགོག་པ་མཐོང་སྤང་ལ་འཇིག་ལྟ་མཐར་ལྟ་ཚུལ་ཞུགས་མཆོག་འཛིན་གྱི་ལྟ་བ་གསུམ་དོར་ནས་གཞན་བདུན་བདུན་ཏེ་ཉེར་གཅིག་དང་། ལམ་མཐོང་སྤང་ལ་འཇིག་ལྟ་མཐར་ལྟ་མ་གཏོགས་གཞན་བརྒྱད་དེ་ཁྱོན་སོ་དྲུག་གོ །འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི་ནི་སྒོམ་སྤང་ངོ་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་གཞན་སོ་ལྔ་རེ་ཡོད་པ་ནི་སྔར་དང་འདྲ་ཞིང་། ཐམས་ཅད་ཁྱོན་བསྡོམས་ན་གོ་བརྒྱད་དོ། །ཚུལ་འདིས་ཁམས་གོང་མ་གཉིས་ཀྱི་གང་ཟག་གི་རྒྱུད་ལའང་ཁོང་ཁྲོ་མངོན་འགྱུར་བ་མེད་པར་གོ་བར་བྱ་སྟེ། མཛོད་ལས། ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་དང་གཟུགས་མེད་དེ་དང་འདྲ། །ཞེས་གསུངས་པའི་ཕྱིར། གསུམ་པ་འཕྲོས་ནི་རྒྱས་པར་བཤད་ན་མང་ཡང་། བསྡུ་ན། ཉོན་མོངས་དེ་རྣམས་ལས་མི་དགེ་བ་ནི་གང་། ལུང་མ་བསྟན་ནི་གང་ཞེ་ན། ཡོད་དེ། མཛོད་ལས། གོང་མ་ཐམས་ཅད་ལུང་མ་བསྟན། །འདོད་ན་འཇིག་ཚོགས་ལྟ་བ་དང་། །མཐར་འཛིན་ལྷན་ཅིག་མ་རིག་པ། །ལྷག་མ་རྣམས་འདིར་མི་དགེའོ། །ཞེས་གསུངས་པ་ལྟར། ཁམས་གོང་མ་གཉིས་ཀྱི་ཉོན་མོངས་ཐམས་ཅད་སྒྲིབ་ལུང་མ་བསྟན་ཡིན་ཏེ། སྒྲིབ་པ་ཡིན་ཡང་ས་དེའི་ཏིང་ངེ་འཛིན་གྱི་ནུས་པས་བཏུལ་བས་རྣམ་སྨིན་འབྱིན་པའི་ནུས་པ་མེད་པའི་ཕྱིར་རོ། །འདོད་པའི་འཇིག་ལྟ་མཐར་ལྟ་གཉིས་དང་། དེ་གཉིས་དང་མཚུངས་ལྡན་གྱི་མ་རིག་པ་རྣམས་ཀྱང་སྒྲིབ་ལུང་མ་བསྟན་ཡིན་ཞིང་། དེ་གསུམ་ལས་ལྷག་མ་ཕྲ་རྒྱས་འདོད་ཆགས། ཞེ་སྡང་ཁོང་ཁྲོ། ཐེ་ཚོམ་ཉོན་མོངས་ཅན། ལོག་ལྟ། ལྟ་བ་མཆོག་འཛིན། ཚུལ་ཞུགས་མཆོག་འཛིན། ཉེ་ཉོན་ཉི་ཤུ་པོ་ཕལ་ཆེར་ཡང་མི་དགེ་བ་ཡིན་ལ། རྩ་ཉོན་རེ་གཉིས་ལ་ཞིབ་ཆ་དབྱེ་དགོས་པའང་ཡོད་དོ། ཁམས་གོང་མ་གཉིས་ན་གཟུགས་སྒྲ་སོགས་འདོད་ཡོན་ལ་ཆགས་པའི་འདོད་ཆགས་མེད་ཅིང་། ཏིང་ངེ་འཛིན་ལ་སྲེད་པའི་འདོད་ཆགས་ཡོད་ཀྱང་མི་དགེ་བ་མིན་ཏེ་ལུང་མ་བསྟན་ནོ། །བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་རྣམས་ནི་རྣམ་སྨིན་མི་འབྱིན་པས་ལུང་མ་བསྟན་ཡིན་ལ། ལས་འབྲས་རགས་པ་ལ་རྨོངས་པའི་མ་རིག་པ་ཕལ་ཆེར་མི་དགེ་བར་སེམས་ཏེ། གོང་དུ་དྲངས་པའི་མཛོད་ཀྱི་ལུང་དེས། ལྟ་ངན་གཉིས་མཚུངས་ལྡན་གྱི་མ་རིག་པ་དེ་ལུང་མ་བསྟན་དུ་དམིགས་ཀྱིས་བཀར་ནས་བཤད་པས་གོ་བའི་ཕྱིར་རོ། །ཕྱིན་ཅི་ལོག་བཞི་དང་ལྟ་ངན་གཞན་དྲུག་ཅུ་རྩ་བཞི་ནི། འཇིག་ལྟ་མཐར་ལྟ་ལོག་ལྟ་གསུམ་ལས་ཕྱེ་བ་ཡིན་པས་ལོག་ལྟ་ལས་ཕྱེ་བ་རྣམས་ནི་མི་དགེ་བའོ། །རྩ་ཉོན་དང་ཉེ་ཉོན་དེ་དག་ལ་ཕྲ་རྒྱས་ཞེས་བྱ་སྟེ། དམིགས་པ་དང་མཚུངས་ལྡན་གཉིས་ཀྱི་སྒོ་ནས་ཉོན་མོངས་པའི་བག་ལ་ཉལ་ཕྲ་བའང་རྒྱས་པར་བྱེད་པའི་ཕྱིར། ཉོན་མོངས་དེ་དག་གིས་འཁོར་བར་འཇོག་པར་བྱེད་པའི་ཕྱིར་ཟག་པ་དང་། སྐྱེ་གནས་བཞིར་འཁྱེར་བར་བྱེད་པའི་ཕྱིར་ཆུ་བོ་དང་། དེར་འབྱར་བར་བྱེད་པའི་ཕྱིར་ཀུན་སྦྱོར་དང་། དེར་ཉེ་བར་འཛིན་པའི་ཕྱིར་ཉེ་བར་ལེན་པ་ཞེས་ངེས་ཚིག་གིས་བཤད་དོ། །གཞན་ཡང་འདོད་པ་ལ་འདུན་པ། གནོད་སེམས། འཇིག་ལྟ། ཚུལ་ཞུགས་མཆོག་འཛིན། ཐེ་ཚོམ་ཉོན་མོངས་ཅན་ལྔས་འདོད་ཁམས་ལས་འདའ་མི་ནུས་པར་བྱེད་པའི་ཕྱིར་ཐ་མའི་ཆ་མཐུན་ལྔ་ཞེས་བྱ་ལ། ཁམས་གོང་མའི་འདོད་ཆགས་གཉིས། རྒོད་པ། ང་རྒྱལ། རྨོངས་པ་ལྔས་ཁམས་གོང་མ་གཉིས་ལས་འདའ་མི་ནུས་པར་བྱེད་པའི་ཕྱིར་གོང་མའི་ཆ་མཐུན་ལྔ་ཞེས་བརྗོད། འཇིག་ལྟ། ཚུལ་ཞུགས་མ ཆོག་འཛིན། ཐེ་ཚོམ་ཉོན་མོངས་ཅན་གསུམ་ལ་ཀུན་སྦྱོར་གསུམ་ཞེས་བྱ་སྟེ། རིམ་པ་བཞིན་དུ་ཐར་བར་འགྲོ་མི་འདོད་པ་དང་། ལམ་ནོར་པ་དང་། ཡང་དག་པའི་ལམ་ལ་ཐེ་ཚོམ་ཟ་བའི་སྒོ་ནས་ལམ་ལོག་པར་སྦྱོར་བར་བྱེད་པའི་ཕྱིར་རོ། །ཀུན་དཀྲིས་ཞེས་པ་ནི་ཉོན་མོངས་སྤྱིའི་མིང་དུ་བཤད་ཀྱང་། མཛོད་ལས། ངོ་ཚ་མེད་པ་དང་། ཁྲེལ་མེད། ཕྲག་དོག །སེར་སྣ། རྒོད་པ། འགྱོད་པ། རྨུགས་པ། གཉིད། ཁྲོ་བ། འཆབ་པ་བཅུ་ལ་ཀུན་དཀྲིས་སོ་ཞེས་སྒེར་དུ་བཤད་དེ། སེམས་ཉོན་མོངས་པའི་ཕྱོགས་སུ་ཀུན་ནས་དཀྲི་སྟེ་འཆིང་བར་བྱེད་པའི་ཕྱིར་རོ། འོན་ཀྱང་འགྱོད་པ་ལ་གཉིས་ཏེ་དགེ་བ་ལ་འགྱོད་པ་ཉོན་མོངས་པ་དང་མི་དགེ་བ་ཡིན་གྱི། གཉིད་དུས་དགེ་བ་བྱེད་པ་ལ་དགའ་བའི་གཉིད་ལྟ་བུ་ནི་དགེ་བ་ཡིན་པས་ཁྱད་པར་དབྱེ་བར་བྱའོ། །ཉོན་མོངས་སྐྱེ་བའི་རྟེན་ནི་ཉོན་མོངས་པའི་བག་ལ་ཉལ་ལོ། །དམིགས་པ་ནི། ཉོན་མོངས་པ་སྐྱེ་བར་འགྱུར་བའི་ཡུལ་རྣམས་སྣང་བ་དང་། སྡུག་མི་སྡུག་གི་མཚན་མ་ཡིད་ལ་བྱེད་པ་སོགས་མང་ངོ་། ཉེས་དམིགས་ནི། ཉོན་མོངས་པའི་དབང་གིས་ཚེ་འདིར་མི་འདོད་པ་དུ་མ་བསྐྱེད་ཅིང་དེས་མི་དགེ་བའི་ལས་བསགས་ནས་ཚེ་ཕྱི་མ་ལ་སྡུག་བསྔལ་སྣ་ཚོགས་ཐོབ་པར་འགྱུར་བ་སོགས་སོ། །འཁོར་བར་སྐྱེ་བའི་རྒྱུ་ལ་ལས་ཉོན་མོངས་གཉིས་ཡོད་ཀྱང་ཉོན་མོངས་གཙོ་བོ་ཡིན་ཏེ། ལམ་རིམ་ཆེན་མོ་ལས། འཁོར་བ་འགྲུབ་པའི་རྒྱུ་ལ་ལས་དང་ཉོན་མོངས་པ་གཉིས་དགོས་ཀྱང་། ཉོན་མོངས་པ་གཙོ་བོ་ཡིན་ཏེ། ཉོན་མོངས་མེད་ན་སྔར་བསགས་ཀྱི་ལས་བགྲང་ལས་འདས་པ་ཡོད་ཀྱང་རླན་དང་ས་ལ་སོགས་པ་མེད་པའི་ས་བོན་གྱིས་མྱུ་གུ་མི་འགྲུབ་པ་བཞིན་དུ། ལས་ལ་ལྷན་ཅིག་བྱེད་རྐྱེན་མེད་པས་སྡུག་བསྔལ་གྱི་མྱུ་གུ་མི་འགྲུབ་པའི་ཕྱིར་དང་། ཉོན་མོངས་ཡོད་ན་ལས་སྔར་བསགས་མེད་ཀྱང་དེ་མ་ཐག་གསར་དུ་བསགས་ནས་ཕུང་པོ་ཕྱི་མ་ལེན་པའི་ཕྱིར་རོ། །དེ་ལྟར་ཡང་། རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་དང་། སྲེད་པ་ནི་ཡོད་ན་སླར་ཡང་འབྱུང་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་འབྱུང་བ་ལྟར་ཏེ། ཉོན་མོངས་པའི་ནང་ནས་སྲེད་པ་འཁོར་བ་འགྲུབ་པའི་གཙོ་བོ་ཡིན་པར་བཤད་དོ། །འོན་ཀྱང་། རྟེན་འབྲེལ་བསྟོད་པ་ལས། འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །ཞེས་གསུངས་པ་ལྟར་དང་པོའི་རྩ་བའི་རྒྱུའི་དབང་དུ་བྱས་ན་ནི་མ་རིག་པ་གཙོ་བོ་ཡིན་ཏེ། མ་རིག་པ་ཡོད་ན་ཉོན་མོངས་པ་གཞན་དང་ལས་དང་སྲེད་ལེན་སོགས་ཡན་ལག་གཞན་རྣམས་ཀྱང་སྐྱེ་བར་འགྱུར་ཞིང་། མ་རིག་པ་མེད་ན་ལས་གསོག་པ་མེད་ལ། ལས་གསོག་པ་མེད་ན་སྲེད་ལེན་ནས་རྒ་ཤིའི་བར་མི་འབྱུང་བའི་ཀུན་བྱང་གི་རྟེན་འབྲེལ་བཅུ་གཉིས་ཀྱི་གོ་རིམ་ངེས་པའིི་ཕྱིར་རོ། །སྤོང་ཚུལ་ལ་གཉིས་ཏེ། སོ་སོའི་དབང་དུ་བྱས་ན། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ། ཞེ་སྡང་ངམ་ཁོང་ཁྲོའི་གཉེན་པོར་བྱམས་པ། གཏི་མུག་གི་གཉེན་པོར་རྟེན་འབྲེལ་བཅུ་གཉིས་ཀྱི་ལུགས་འབྱུང་ལུགས་ལྡོག་དང་། ང་རྒྱལ་ལ་གཉིས། དང་པོ་རིགས་རུས་ལོངས་སྤྱོད་སོགས་ཀྱིས་དྲེགས་པའི་ང་རྒྱལ་གྱི་གཉེན་པོར་དེ་རྣམས་མི་རྟག་ཅིང་འབྲལ་བའི་ཆོས་ཅན་དང་། ཐོས་པས་དྲེགས་པའི་ང་རྒྱལ་གྱི་གཉེན་པོར་ཤེས་བྱའི་ཁམས་ཀྱི་རྣམ་པ་དང་རབ་དབྱེ་མཐའ་ཡས་པའི་ཚུལ་སེམས་པ་དང་། ཕྲག་དོག་གི་གཉེན་པོར་འགྲན་སེམས་མེད་ཅིང་བཏང་སྙོམས་བསྒོམ་པ་དང་། ལྟ་ངན་གྱི་གཉེན་པོར་ཡང་དག་པའི་ལྟ་བ་སྒོམ་པ་སོགས་དང་། ཡང་ཉོན་མོངས་དེ་དག་གི་ཉེས་དམིགས་སེམས་པ་སོགས་མང་དུ་ཡོད་ཀྱང་། ཉོན་མོངས་སྤོང་བའི་གཉེན་པོ་ཐམས་ཅད་ཀྱི་གཙོ་བོ་ནི་བདག་མེད་རྟོགས་པའི་ཤེས་རབ་ཉིད་ཡིན་ཏེ། ཤེས་རབ་དེ་ཉིད་གཙོ་བོར་བསྒོམས་ན་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་སྤོང་ནུས་ཤིང་། དེ་སྤངས་ན་ཉོན་མོངས་པ་གཞན་ཐམས་ཅད་རང་ཤུགས་ཀྱིས་ལྡོག་པར་འགྱུར་བའི་ཕྱིར་ཏེ། འདི་ལ་མདོ་བསྟན་བཅོས་ཀྱི་ཁུངས་མང་ཡང་མཚོན་ཙམ་ནི། འཕགས་པས་ཆོས་དབྱིངས་བསྟོད་པ་ལས། ཡང་དག་མཐོང་ཕྱིར་དངོས་སྟོང་པར། །ལེགས་ཤེས་མ་རིག་མི་འབྱུང་བ། །དེ་ནི་མ་རིག་འགག་པ་ཡིན། །དེ་ཕྱིར་ཡན་ལག་བཅུ་གཉིས་འགག །ཞེས་དང་། བཞི་བརྒྱ་པ་ལས། དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཞེས་དང་། ལམ་གྱི་གཙོ་བོ་རྣམ་གསུམ་ལས། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་བར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཞེས་དང་། རྣམ་འགྲེལ་ལས་ཀྱང་། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱིས། སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་དང་། ཤེས་རབ་དེ་གསུང་རབ་ཀུན་ལས་བསྔགས་པ་ཡིན་ཏེ། བསྡུས་དོན་ཡང་། ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག །སྲིད་པའི་རྩ་བ་དྲུང་ནས་འབྱིན་པའི་ལམ། །གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར། །གཏི་མུག་མུག་སེལ་སྒྲོན་མེ་མཆོག་ཏུ་གྲགས། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་ལས་ཉོན་མོངས་གཉིས་ཀྱི་ནང་ནས་ཉོན་མོངས་སྤོང་དགོས་པ་ཆེ་མོད། འོན་ཀྱང་བསྡུས་དོན་ལས། ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །ཞེས་གསུངས་པ་ནི། ད་ལྟའི་གང་ཟག་གིས་ཉོན་མོངས་རྩ་བ་ནས་བཅད་དེ་སྤོང་མི་ནུས། ལས་སྒྲིབ་སྦྱོང་བའི་ཚུལ་ལ་གཙོ་བོར་འབད་དགོས་པའི་དོན་ནོ། །སྨྲས་པ། རིགས་དྲུག་འཁོར་བའི་སེམས་ཅན་རྣམས། །སྲིད་རྩེ་ནས་བཟུང་དམྱལ་བའི་བར། །མགལ་མེའི་འཁོར་ལོ་ལྟར་འཁོར་བའི། །རྒྱུ་རྐྱེན་ལས་དང་ཉོན་མོངས་སོ། །ཞེ་སྡང་སྲེད་སོགས་ཉོན་མོངས་ལ། །རྐང་ལག་ཡོད་པ་མ་ཡིན་ཞིང་། །དཔའ་འཛངས་མིན་ཡང་ཅི་ཞིག་ལྟར། །འགྲོ་འདི་རང་དབང་མེད་པར་འཁྲིད། །དེ་ཕྱིར་ཉོན་མོངས་ཆོམ་རྐུན་ནི། །གཉེན་པོའི་མདུང་གིས་བཟློག་དགོས་ཀྱི། །གཞན་དུ་མངོན་མཐོ་ངེས་ལེགས་ནོར། །འདིས་འཕྲོག་འགྱུར་བར་གདོན་མི་འཚལ། །དེ་ལ་ཉོན་མོངས་ངོ་བོ་དང་། །དབྱེ་བ་སྐྱེ་ཉེས་སྤོང་ཚུལ་སོགས། །ཤེས་དགོས་མི་ཤེས་མུན་རྡོ་ལྟར། །འགྱུར་ཕྱིར་འདིར་དེའི་རྣམ་གཞག་བྲིས།། །།ཅེས་ཉོན་མོངས་པའི་ཀུན་འབྱུང་གི་རྣམ་གཞག་མདོར་བསྡུས་པ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་དོན་གཉེར་ཅན་རེ་གཉིས་ལ་ཕན་སྲིད་སྙམ་ནས་ཅོ་ནེའི་དགོན་ཉིད་དུ་དད་པས་སྦྱར་བ་སྟེ། དད་དང་རྣམ་དཔྱོད་ལྡན་པའི་འབོ་རའི་རབ་འབྱམས་པས་པར་དུ་བསྒྲུབས་པའི་དགེ་བས་ལས་ཉོན་ལས་གྲོལ་བར་གྱུར་ཅིག །སརྦ་མངྒ་ལཾ། ཤུབྷཾ། །

ཚོགས་ཞིང་དང་འབྲེལ་བའི་སྙིང་པོའི་ཉམས་ལེན་བདེ་བ་ཅན་དུ་འགྲོ་བའི་ལམ་བཟང་།

ཚོགས་ཞིང་དང་འབྲེལ་བའི་སྙིང་པོའི་ཉམས་ལེན་བདེ་བ་ཅན་དུ་འགྲོ་བའི་ལམ་བཟང་ཞེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ནེ་ཡེ། གང་གི་མཚན་ཙམ་ཐོས་ཤིང་དྲན་པས་ཀྱང་། །བདེ་ལྡན་ཞིང་དུ་འཁྲིད་མཛད་བཅོམ་ལྡན་འདས། །མགོན་པོ་འོད་དཔག་མེད་ལ་གུས་བཏུད་ནས། །ཚོགས་གསོག་སྒྲིབ་པ་སྦྱོང་བའི་ཐབས་མཆོག་བྲི། །འདིར་རྒྱལ་བ་འོད་དཔག་མེད་གཙོ་བོར་བྱས་པའི་ཚོགས་ཞིང་གསོལ་འདེབས་སྨོན་ལམ་བཅས་རང་གི་རྒྱུན་པའི་ཉམས་ལེན་ལྟར་འཆད་པ་ལ། སྐྱབས་སེམས་སོགས་སྔོན་དུ་བཏང་ཡང་རུང་མིན་ཀྱང་། རང་ཉིད་སྐད་ཅིག་གིས་རྒྱལ་པོ་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པར་གྱུར། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་བདེ་བ་ཅན་ལ་སོགས་པའི་རང་བཞིན་གྱི་གནས་ནས། མགོན་པོ་འོད་དཔག་མེད། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན། རྒྱལ་བ་ཤཱཀྱ་ཐུབ་པ། རྒྱལ་བ་མི་འཁྲུགས་པ། སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་སོགས་པ་བདེ་བར་གཤེགས་པ་མཆེད་བདུན་འཁོར་དང་བཅས་པ་རྣམས་དང་། འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པ་ཉེ་བའི་སྲས་ཆེན་བརྒྱད་དང་། ཡེ་ཤེས་བླ་མ་འོད་ཀྱི་ཏོག་སྨོན་ལམ་བློ་གྲོས་དབང་པོ་ཞི་བ་སང་སང་པོའི་དབྱངས་ནམ་མཁའ་མཛོད་ལ་སོགས་པ་དང་། གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་རྒྱལ་བ་སྲས་བཅས་ཉན་རང་འཕགས་པའི་ཚོགས་དང་བཅས་པ་ཐམས་ཅད་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་ཞེས་སོགས་ཚིགས་བཅད་གཅིག་གི་འཇུག་ཏུ། ༀ་ཨ་མི་ཏཱ་བྷཱ་སརྦ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨི་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་བཛྲ་ས་མཱ་ཡ་ཛཿཛཿཛཿ མདུན་གྱི་ནམ་མཁར་བྱོན་ནས་བཞུགས་པར་གྱུར་བའི་དབུས་སུ་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་བཅོམ་ལྡན་འདས་རྒྱལ་བ་འོད་དཔག་མེད་འཁོར་བཅས། མདུན་དུ་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་འཁོར་བཅས། གཡས་སུ་རྒྱལ་བ་ཤཱཀྱ་ཐུབ་པ་འཁོར་བཅས། གཡོན་དུ་རྒྱལ་བ་མི་འཁྲུགས་པ་འཁོར་བཅས། རྒྱབ་དུ་བདེ་གཤེགས་མཆེད་བདུན་འཁོར་བཅས། སྟེང་གི་ཆ་ལ་རྩ་བ རྒྱུད་ཀྱི་བླ་མ་རྣམས་དང་། མཐའ་སྐོར་དུ་ཉེ་བའི་སྲས་ཆེན་བརྒྱད་དང་ཡེ་ཤེས་བླ་མ་ལ་སོགས་པའི་རྒྱལ་སྲས་ཉན་རང་ཡི་དམ་ཞི་ཁྲོ་བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས་བ སྐོར་ནས་བཞུགས་པར་གྱུར། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་དང་། བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །ངན་སོང་འཇིགས་ལས་སྒྲོལ་བའི་དཔའ་བོ་སྟེ། །དག་པའི་ཞིང་དུ་འཁྲིད་པའི་དེ་དཔོན་མཆོག །།མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །གང་གི་མཚན་ཐོས་འཆི་བའི་དུས་བྱེད་ཚེ། །མ་བརྗེད་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །སུམ་ཅུ་རྩ་གསུམ་ལྷ་ཡི་སྐྱེ་བ་མཆོག །འཛིན་མཛད་རིན་ཆེན་གཙུག་ཏོར་ཅན་ལ་འདུད། །མཚན་བརྗོད་གཟུངས་སྔགས་རྒྱལ་པོ་བགྲང་ཙམ་གྱིས། །ངན་སོང་སྡུག་བསྔལ་མ་ལུས་དྲུང་འབྱིན་ཅིང་། །མངོན་དགའི་ཞིང་དུ་འཁྲིད་མཛད་བཅོམ་ལྡན་འདས། །རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཞེས་སོགས་དང་། འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ཞེས་དང་། རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་སོགས་དང་། སྟོན་པ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ཞེས་སོགས་དང་། ཕྱག་བྱར་འོས་པ་ཞེས་སོགས་ཀྱིས་ཕྱག་བྱའོ། །རྒྱས་པར་ན་ཚིགས་བཅད་རྣམས་འཇོགས་པའམ་དེ་རྣམས་ཀྱི་མཇུག་པ་འདིར་མཆོད་པའི་སྤྲིན་གྱི་གཟུངས་ཚར་གཅིག་གཉིས་སོགས་བྱེད་དམ་མིན་ཡང་། བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཕྱག་འཚལ་ཞིང་མ ཆོད་དོ། །སྐྱབས་སུ་མཆིའོ། །ཞེས་ལན་གསུམ་དང་། བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པ་ལ་ཕྱག་འཚལ་ཞིང་མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་ལན་བདུན། དེ་བཞིན་དུ། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་འཁོར་དང་བཅས་པ་ལ༴ རྒྱལ་བ་ཤཱཀྱ་ཐུབ་པ༴ རྒྱལ་བ་མི་འཁྲུགས་པ༴ སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་སོགས་པ་བདེ་བར་གཤེགས་པ་མཆེད་བདུན་འཁོར་བཅས་སམ། མཚན་ལེགས་སོགས་སོ་སོར་བྲལ་ནས་སམ། མཚན་ལེགས་རིན་ཆེན་གསེར་བཟང་སོགས་ཚིགས་བཅད་ཀྱིས་ཕྱག་མཆོད་རྒྱས་བསྡུས་གང་རུང་དང་། འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ཞེས་སོགས་སམ། བསྡུ་ན། འཕགས་པ་ཉེ་བའི་སྲས་ཆེན་བརྒྱད་དང་། ཡེ་ཤེས་བླ་མ་འོད་ཀྱི་ཏོག །སྨོན་ལམ་བློ་གྲོས། དབང་པོ་ཞི་བ། སང་སང་པོའི་དབྱངས། ནམ་མཁའ་མཇོད་ལ་སོགས་པ་རྒྱལ་བ་སྲས་བཅས་ཐམས་ཅད་དང་། ཉན་རང་འཕགས་པའི་ཚོགས་རྣམས་དང་། ཡི་དམ་ཞི་ཁྲོ་བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་ལན་གསུམ་རེ་བརྗོད། མཇུག་ཏུ་མེ་ཏོག་དམ་པ་ཞེས་སོགས་སམ། མཆོད་དོ། །ཕྱོགས་བཅུ་ན་བདག་པོས་བཟུང་བ་དང་མ་བཟུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྟགས་བརྒྱད། གླིང་བཞི་ཉི་ཟླ་རི་རབ་དང་བཅས་པ་དང་། བདག་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པའི་མཆོད་པའི་ཚོགས་ཐམས་ཅད་དང་། བདག་ཉིད་ཀྱང་བྲན་དུ་འབུལ་བར་བགྱིའོ། །ས་གཞི་སྤོས་ཀྱི་སོགས་དང་། བདག་གཞན་ལུས་ངག་ཡིད་གསུམ་སོགས་གཉིས་ཀའམ་གང་རུང་གིས་མཎྜལ་འབུལ། བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། སྡོམ་པ་གསུམ་གྱི་བཅས་པ་འགལ་བ་སོགས་སྡིག་ལྟུང་ཉེས་པའི་ཚོགས་ཇི་སྙེད་ཅིག་བགྱིས་པ་དང་། ཁྱད་པར་དུ་བདེ་བ་ཅན་དུ་སྐྱེ་བ་ལ་བར་དུ་གཅོད་པའི་ཉེས་པའི་ཚོགས་ཐམས་ཅད་མཐོལ་ལོ། །བཤགས་སོ། །བྱང་ཞིང་དག་པ་མཛད་དུ་གསོལ། རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱིས་བསགས་པའི་རྣམ་དཀར་གྱི་ལེགས་ཚོགས་ཀུན་ལ་རྗེས་སུ་ཡི་རང་ཞིང་དགའ་བར་བགྱིའོ། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལའང་དམ་པའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ་ལོ། །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱང་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ། འདིར་ལྟར་དུ་བགྱིས་པའི་དགེ་བའི་རྩ་བ་འདིས་མཚོན་པའི་ལེགས་ཚོགས་ཐམས་ཅད་གཞན་ཀུན་གྱིས་བསྐྲུན་པའི་དགེ་བ་དང་ལྷན་ཅིག །བདག་དང་བདག་ལ་འབྲེལ་བ་དང་བཅས་ཏེ་རེ་ལྟོས་འཆའ་བའི་སེམས་ཅན་ཐམས་ཅད་ཀྱང་གནས་སྐབས་ངན་སོང་གསུམ་ལ་སོགས་པའི་འཁོར་བའི་སྡུག་བསྔལ་ལས་ཐར་བ་དང་། འདི་ནས་ཤི་འཕོས་མ་ཐག་ཏུ་བདེ་བ་ཅན་དུ་མགོན་པོ་འོད་དཔག་མེད་ཀྱི་ཞབས་དྲུང་དུ་པདྨོ་ལས་བརྫུས་ཏེ་སྐྱེས་ནས་སྟོན་པ་འཁོར་དང་བཅས་པའི་ཞལ་མངོན་སུམ་མཐོང་ནས་ཆོས་ཉན་པ་དང་། མྱུར་དུ་མངོན་པར་རྫོགས་པར་མཚང་རྒྱ་བའི་རྒྱུར་བསྔོའོ། །དེ་ནས་སླར་ཡང་གོང་གི་བླ་མ་དང་འོད་དཔག་མེད་སོགས་ལ་ཕྱག་འཚལ་ཞིང་མཆོད་པ་དེ་རྣམས་གསོལ་འདེབས་སུ་བསྒྱུར་ནས་ལན་བདུན་ནམ་གསུམ་སོགས་རྒྱས་བསྡུས་ཅི་རིགས་བྱས་པའི་འཇུག་ཏུ། རྒྱལ་བ་འོད་དཔག་མེད་ལ་སོགས་པའི་སྐྱབས་གནས་དམ་པ་ཁྱེད་རྣམས་ལ་གསོལ་བ་འདེབས་སོ། ཁྱེད་རྣམས་ཀྱིས་བདག་ཅག་རྣམས་འཁོར་བ་དང་ངན་སོང་གི་འཇིགས་པ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། ནམ་ཞིག་འཆི་བའི་དུས་བྱེད་པ་དེའི་ཚེ་གནར་གཅོད་ཀྱི་སྡུག་བསྔལ་མི་འབྱུང་བ་དང་། ཞལ་མངོན་སུམ་བསྟན་ནས་བདེ་བ་ཅན་དུ་འགྲོ་བའི་ལམ་སྣ་མཛད་དུ་གསོལ། དེའི་ཚེ་རྒྱལ་བ་འོད་དཔག་མེད་རྒྱལ་སྲས་བརྒྱད་འཁོར་དང་བཅས་པ་ལ་སོགས་པ་རྣམས་ཀྱི་ཞལ་མངོན་སུམ་དུ་མཐོང་ཞིང་དད་གུས་ཤུགས་དྲག་དང་བཅས་ཏེ་དགའ་བཞིན་དུ་འཆི་བའི་དུས་བྱས་ནས་བདེ་བ་ཅན་གྱི་ཞིང་དུ་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོ་སེམས་ཅན་གྱི་དོན་སྒྲུབ་པ་ལ་མཐུ་ཐོགས་པ་མེད་པ་ཅན་དུ་གྱུར་ཅིག །དེ་ནས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་མ་དག་པའི་ཞིང་རྣམས་སུ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕྱིན་ནས་སེམས་ཅན་རྣམས་ལ་རང་རང་གི་སྐལ་བ་དང་འཚམ་པའི་ཆོས་བསྟན་ཏེ་རྒྱལ་བས་བསྔགས་པའི་ལམ་བཟང་རྣམ་པར་དག་པ་ལ་རིམ་གྱིས་འཁྲིད་ནས་སངས་ཀྱི་ས་ལ་འགོད་པར་གྱུར་ཅིག །གོ་འཕང་མཆོག་མ་ཐོབ་པའི་སྐྱེ་བ་ཐམས་ཅད་དུའང་རྟག་ཏུ་དལ་འབྱོར་ཚང་བའི་མིའི་ལུས་རྣམ་པར་དག་པ་ཐོབ་ཅིང་ཚེ་རབས་དྲན་པ་དང་། རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཀྱི་ཕུང་པོ་མཐར་ཕྱིན་པར་བྱེད་ནུས་པར་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་ཡང་དག་པའི་དགེ་བའི་བཤེས་གཉེན་དམ་པ་དང་འཕྲད་ནས་དེས་བསྟན་པའི་དམ་པའི་ཆོས་ཐམས་ཅད་ཐོས་བསམ་སྒོམ་གསུམ་གྱིས་གྲུབ་པ་མཐར་ཕྱིན་པར་བྱེད་ནུས་པར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་རྒྱལ་བ་ཀུན་གྱི་མདོ་སྔགས་ཀྱི་དམ་པའི་ཆོས་མ་ལུས་པ་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་བཟུང་ནས་རྒྱལ་བའི་བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་གྱུར་ཅིག །ཚེ་རབས་ཀུན་དུའང་རྒྱལ་བ་སྲས་བཅས་རྣམས་དང་མི་འབྲལ་ཞིང་། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག །དེའི་ཚེ་གཟུངས་སྦོབས་ཏིང་འཛིན་མངོན་ཤེས་རྫུ་འཕྲུལ་སོགས་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་ཅིང་འཕགས་པ་རིགས་གསུམ་གྱི་མགོན་པོ་ཇི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སླར་ཡང་། རྒྱལ་བ་འོད་དཔག་མེད་ལ་སོགས་པའི་སྐྱབས་དམ་པ་ཁྱེད་རྣམས་ལ་གསོལ་བ་འདེབས་སོ། །བདག་ལ་བྱིན་གྱིས་བརློབ་ཏུ་གསོལ། ཞེས་ཅི་འགྲུབ་བརྗོད། སྐྱབས་གནས་ཐམས་ཅད་ཀྱི་སྐུའི་ཆ་ནས་འོད་དང་བདུད་རྩི་དཀར་པོའི་རྒྱུན་བྱུང་ནས་རང་གི་སྤྱི་བོ་སྙིང་ཀ་ལ་སོགས་པའི་ལུས་ཀྱི་ཆ་ཐམས་ཅད་ནས་ཞུགས་པས་སྒོ་གསུམ་གྱི་ཉེས་པའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅེས་བརྗོད་ཅིང་བསམ། དེ་ནས་སྐྱབས་གནས་གཞན་ཐམས་ཅད་རྒྱལ་བ་འོད་དཔག་མེད་ལ་ཐིམ་པར་གྱུར། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྒྱལ་བ་འོད་དཔག་མེད་ལ་གསོལ་བ་འདེབས་སོ། །ཐུགས་རྗེ་བཟུང་དུ་གསོལ། བདག་གི་སྙིང་ཀར་འབྲལ་བ་མེད་པར་བཞུགས་ལ་བྱིན་གྱིས་རློབ་ཏུ་གསོལ། ཞེས་ཅི་འགྲུབ་དང་། ཞེས་གསོལ་བ་བཏབ་པས་མགོན་པོ་འོད་དཔག་མེད་དེ་ཉིད་རང་གི་སྤྱི་བོར་བྱོན་ཏེ་ཚངས་པའི་བུ་ག་ནས་ཞུགས་སྙིང་ཀར་རང་གི་སེམས་དང་དབྱེར་མེད་དུ་བཞུགས་པར་གྱུར། དེ་ནས་གྲུབ་ན་འདོད་དཔག་མེད་ཀྱི་སྙིང་པོ་དང་གཟུངས་རིང་བཟླ། སྐབས་འདིར་སྤྱི་བོར་བཞུགས་ཏེ་འཕོ་བའི་དམིགས་སྐོར་བྱས་ཀྱང་ལེགས །གང་བྱེད་ཀྱང་མཇུག་ཏུ། ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། ཞེས་སོགས་དང་། བར་དོའི་སྣང་བ་ཤར་བ་གྱུར་མ་ཐག །ཅེས་སོགས་དང་། ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །ཞེས་སོགས་དང་། རྒྱས་པར་ན་བཟང་སྤྱོད་དང་། བསྡུ་ན། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་ཞེས་པ་ནས། སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །ཅེས་པའི་བར་ལྟ་བུ་ཅི་རིགས་བྱའོ། ། ཞར་བྱུང་ལ་འཕོ་བའི་སྐབས་སུ་གོང་གི་གསོལ་འདེབས་རྣམས་བྱ་བར་འདོད་ན་སྔོན་འགྲོ་དང་། དངོས་གཞིའི་སྐབས་གཉིས་ལས། དང་པོའི་སྐབས་སུ་ཡན་ལག་བདུན་པ་བྱས་རྗེས། འོད་དཔག་མེད། རིན་ཆེན་གཙུག་ཏོར་ཅན། མི་འཁྲུགས་པ། སངས་རྒྱས་སྨན་ཀྱི་བླ་མ་སོགས་བདེ་གཤེགས་བདུན་ཕྱོགས་གཅིག་དང་། སངས་རྒྱས་ཤཱཀྱ་ཐུབ་པ་དང་ཉེ་བའི་སྲས་ཆེན་བརྒྱད་སོགས་རྒྱལ་བ་སྲས་བཅས་ཐམས་ཅད་དང་། དེ་ནས་དངོས་བརྒྱུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་དང་དཀོན་མཆོག་རིན་པོ་ཆེ་རྣམས་ལ་གསོལ་འདེབས་ལན་གསུམ་རེ་བྱས་པའི་འཇུག་ཏུ། སྐྱབས་གནས་དམ་པ་ཁྱེད་རྣམས་ཀྱིས་ཚེ་འདས་འདི་ཉིད་ལ་བྱིན་གྱིས་རློབས་ཤིག །རྗེས་སུ་བཟུང་ཞིག །འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཅིག །འདི་ནས་ཤི་འཕོས་མ་ཐག་ཏུ་བདེ་བ་ཅན་དུ་དྲོངས་ཤིག་གམ། འདྲེན་པར་མཛད་དུ་གསོལ། ཞེས་ལན་གསུམ་སོགས་བྱ། དངོས་གཞིའི་སྐབས་ཚེ་འདས་ཀྱི་སྤྱི་བོར་འོད་དཔག་མེད་བསྐྱེད་ནས་ཡན་ལག་བདུན་པ་མདོར་བསྡུས་བྱེད་དམ་མ་བྱས་ཀྱང་། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྒྱལ་བ་འོད་དཔག་མེད་ལ་གསོལ་བ་འདེབས་སོ། །ཞེས་ལན་ཉེར་གཅིག་སོགས་བརྗོད་པའི་རྗེས་སུ། དེ་དང་སྦྱར་ནས། ཟབ་ལམ་འཕོ་བ་ཐེབས་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཤི་འཕོས་གྱུར་མ་ཐག །ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ཡིས། །བདེ་བ་ཅན་དུ་ངེས་པར་དྲང་དུ་གསོལ། །ཞེས་ལན་འགའ་རེ་བརྗོད་པ་སྐབས་དང་བསྟུན་ཅིང་། གཞན་ཐུན་མོང་དུ། དངོས་བརྒྱུད་ཀྱི་བླ་མ་རྣམས་དང་། ཡི་དམ་སྣ་ཚོགས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི ཚོགས་རྣམས་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་གསོལ་བ་འདེབས་སོ། །ཟབ་ལམ༴ ཚེ་འདས་འདི་ནས༴ ཁྱེད་རྣམས་ཐུགས་རྗེའི་འོད་ཟེར༴ བདེ་བ་ཅན་དུ་ངེས་པར༴ ཞེས་ལན་བདུན་ནས་གསུམ་ལྟ་བུ་ཅི་རིགས་བྱའོ། །གསོལ་འདེབས་རྒྱས་བསྡུས་ཅི་ལྟར་བྱེད་པ་ནི་རང་གི་འདོད་པ་ཡིན་པས་མཐའ་གཅིག་ཏུ་མ་ངེས་མཚོན་ཙམ་མོ། །ཚོགས་གསོག་སྒྲིབ་པ་སྦྱོང་བའི་ཚུལ་མང་ཡང་། །བདེ་བ་ཅན་དུ་སྐྱེ་བའི་ཐབས་གཙོར་བྱས། །སྙིང་པོའི་གནད་ཀུན་བསྡུས་ནས་བརྗོད་པ་འདི། །དོན་གཉེར་ཅན་གྱིས་བསྐུལ་བཞིན་བདག་གིས་བྲིས།། །།ཅེས་པ་འདི་ཡང་དད་དང་རྣམ་དཔྱོད་ལྡན་པའི་རྒྱན་འཇེད་སྔགས་རམ་པ་གྲགས་པ་འོད་ཟེར་སོགས་གུར་ཡགས་རི་ཁྲོད་པ་འགའ་རེས་ཐུགས་དམ་དུ་མཛད་འདོད་ནས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་ཅོ་ནེའི་དགོན་ཉིད་དུ་ལྷག་བསམ་དག་པས་སྦྱར་བ་སྟེ། གཞན་དག་ལ་ཡང་ཕན་ཐོགས་པར་གྱུར་ཅིག །པར་དུ་སྒྲུབ་པ་པོ་ཡང་བསྐུལ་བ་པོ་རྣམས་སོ། །མངྒ་ལཾ། །

འཇིགས་གསང་གཉིས་ལ་བརྟེན་ནས་བུམ་ཆོག་བྱེད་ཚུལ།

འཇིགས་གསང་གཉིས་ལ་བརྟེན་ནས་བུམ་ཆོག་བྱེད་ཚུལ་བཞུགས།

ན་མོ་བཛྲ་བྷཻ་ར་ཝ་ཡེ། འཇལ་དཔལ་ཞི་ཁྲོ་དུས་ཀྱི་མཐར། །ངུར་སྨྲིག་གར་ཀྱིས་རྣམ་རོལ་བ། །རྒྱལ་བ་གཉིས་པའི་ཞབས་བཏུད་ནས། །འཇིགས་བྱེད་བུམ་བསྐྱེད་མདོར་བསྡུས་བྲི། །འདིར་འཇིགས་བྱེད་བཅུ་གསུམ་མ་ལ་བརྟེན་ནས་ལྷོ་སྒོའི་ཆོ་ག་བྱེད་མཁན་མང་དུ་སྣང་ཡང་། བུམ་བསྐྱེད་མཛད་པའི་སྲོལ་མ་དར་འདུག་པས། དེ་ལ་བུམ་བསྐྱེད་ཆོ་གའི་གཞུང་བཞིན་བྱེད་པ་བྱུང་ན་ལེགས་མོད། མིན་ཀྱང་བུམ་ཆོག་བསྡུས་པ་བྱེད་ཚུལ་ལ་ལྷ་ལྔ་ཙམ་བསྐྱེད་པ་དང་། ལྷ་བཅུ་གསུམ་མདོར་བསྡུས་ནས་བསྐྱེད་པའི་ཚུལ་གཉིས་ལས། སྔ་མ་ནི་མཁས་པའི་སྲོལ་ལྟར་བདག་གིས་གཞན་དུ་བྲིས་ཟིན་ལ། འདིར་ཕྱི་མའི་དབང་དུ་བྱས་ནས་བརྗོད་པར་བྱ་སྟེ། བུམ་པ་མཆོད་པ་དང་བཅས་སྟ་གོན་བྱས་ནས་མདུན་དུ་སྟེགས་ཀྱི་ཁར་བཞག་སྟེ། ཧྲཱིཿཥྩིཿས་བསངས། སྭ་བྷཱ་ཝ་ནས། ཧཾ། བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ༀ་ཏཱཔྟེ་ཏཱཔྟེ་མ་ཧཱ་ཏཱཔྟེ་སྭཱཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། རྣམ་རྒྱལ་བུམ་པའི་ནང་གི་དབུས་དང་ཕྱོགས་གཞན་གསུམ་དང་། དེའི་ཕྱི་རོལ་གྱི་ཕྱོགས་བཞིར་སྣ་ཚོགས་པདྨ་དང་ཉི་མའི་གདན། ནང་གི་ཤར་དང་མཚམས་བཞི་དང་། ཕྱིའི་མཚམས་བཞིར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ཟུང་རེ་རེ། གདན་དེ་རྣམས་ཀྱི་སྟེང་དུ་དབུས་སུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ནང་གི་ཤར་དུ་ཀྵེ་ལས་འཁོར་ལོ་ཀྵེས་མཚན་པ། ཞེས་པ་ནས། དེའི་ཕྱི་རོལ་གྱི་ཤར་དུ་ཡ་ལས་ཐོ་བ་ཡས་མཚན་པ། ནས། ནང་གི་ཤར་ལྷོར་ཛཿལས་འཁོར་ལོ་ཛཿས་མཚན་པ། ནས། ཕྱིའི་མཚམས་བཞིར་ཎ་ཡོ་ནི་རཱའི་ཡི་གེ་བཞི་རྣམས་འོད་ཟེར་འཕྲོ་ཞིང་འདུ་བ་ཕྱག་འཚན་ས་བོན་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྐུར་ཡོངས་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་པ་ནས། གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ནང་གི་ཤར་དུ་གཏི་མུག་གཤིན་རྗེ་གཤེས་ཡབ་ཡུམ། ལྷོར་སེར་སྣ་གཤིན་རྗེ་གཤེད་ཡབ་ཡུམ། ཞེས་པ་ནས། དེའི་ཕྱི་རོལ་གྱི་ཤར་དུ་ཐོ་བ་གཤིན་རྗེ་གཤེད་ཡབ་ཡུམ། ནས། ནང་གི་ཤར་ལྷོར་ཙ་རྩི་ཀ་ཡབ་ཡུམ། ནས། ཕྱིའི་མཚམས་བཞིར་མིའི་ཐོད་པ་བདུད་རྩིས་གང་བ་བཞིར་གྱུར། རྒྱས་པར་འདོད་ན་ལྷ་ཐམས་ཅད་ཀྱི་སྐྱེད་ཆོག་གཞུང་བཞིན་བྱའོ། །གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ཀྵི། ཞེས་པ་ནས། ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ༀ་ཧྲཱིཿ ཧ་བྷོ་ནས། ཀུ་རུ་སྭཱ་ཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་ཡེ་ཤེས་པའི་དཀྱིལ་འཁོར་སྤྱན་དྲངས། ༀ་ཧྲཱིཿ ཥྚཱིཿབི་ཀྲྀ་ནས། ཧཱུཾ་ཕཊ། ༀ་མུངྒ་ག་ར་ཛཿ ནས། ཁངྒ་ཧོཿ སླར་ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་དབང་གི་ལྷ་རྣམས་སྦྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་ཙ་ཙི་ཀ་ལ་སོགས་པས་བུམ་པའི་ཆུས་སྦྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོོངས་སུ་གྱུར་པ་ལས་གཙོ་བོའི་རྩ་ཞལ་གྱི་དབུ་ལ་མི་བསྐྱོད་པ་ཞེས་པ་ནས། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། སྤྲོ་ན་དཀྱུས་ལྟར་བྱའོ། །མཆོད་པ་བསངས་སྦྱངས་བསྐྱེད་ནས། ༀ་ཡ་མཱནྟ་ཀ་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད་ཅིང་། ནང་མཆོད་ཀྱང་འབུལ། གཉིས་མེད་ཐུབ་མོང་མ་ཡིན་ཞེས་སོགས་སམ། ཡང་ན་གཟུགས་མཆོག་མའི་མཇུག་ཏུ་གཤིན་རྗེ་གཤེད་པོ་རབ་འཇིགས་པ། ཞེས་པ་ནས། ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། ཞེས་པའམ། བསྡུ་ན་གཟུགས་མཆོག་མ་ཙམ་གྱིས་བསྟོད་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུའི་ཆ་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་བར་བསམས་ལ། སྔགས་ཅི་འགྲུབ་དང་ཡི་གེ་གསུམ་ལན་ཉེར་གཅིག་གམ་བདུན་དང་། ཁཊྒ་དྷྲིག་གིས་བསངས་པར་འདོད་ན། དེ་ཉིད་སླར་ལན་བདུན་སོགས་བཟླ། མཐར་ཡིག་བརྒྱ་ལན་གསུམ། སླར་ཡང་ༀ་ཧྲཱིཿཥྚཱིཿཧ་ཞེས་སོགས་ཀྱིས་མཆོད་ཅིང་། ནང་མཆོད་འབུལ་ཚུལ་རྒྱས་པའམ། བསྡུ་ན་ཡ་མཱནྟ་ཀ་ས་པཱ་རི་ཝ་ར་ༀ་ཨཱཿཧཱུཾ་གིས་ཕུལ། བསྟོད་པ་སྔར་བཞིན་རྒྱས་བསྡུས་ཅི་རིགས་བྱས་ནས། བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་ཞེས་བརྗོད་ཅིང་བསམ་མོ།། །། མངྒ་ལཾ། །

འདུས་པའི་སྒོ་ནས་གསོན་གཤིན་ལ་ལྷོ་སྒོའི་ཆོ་ག

འདུས་པའི་སྒོ་ནས་གསོན་གཤིན་ལ་ལྷོ་སྒོའི་ཆོ་ག་བཞུགས།

ན་མོ་བཛྲ་དྷ་ར་ཡེ། འདུས་པའི་སྒོ་ནས་གསོན་གཤིན་ལ་ལྷོ་སྒོའི་ཆོ་ག་བྱེད་མཁན་མང་ཡང་། དེའི་བུམ་ཆོག་མེད་པར་ཁྲུས་བུམ་ཙམ་དང་། དེ་ཡང་མི་བྱེད་པར་ལྷོ་སྒོའི་ཆོ་ག་མཛད་པ་དག་གིས་རང་གཞན་བསླུས་པར་འགྱུར་དོགས་ནས་འདུས་པའི་བུམ་ཆོ ག་བསྡུས་པ་ཞིག་བརྗོད་པར་བྱ་སྟེ། བྱུང་ན་ནི་བུམ་པའི་བསྐྱེད་ཆོ ག་ཆོ་གའི་གཞུང་ལྟར་བྱས་ན་ལེགས་མོད། དུས་ཀྱི་དབང་གིས་བྱེད་མཁན་དཀོན་པར་མཐོང་ནས་འདི་བཞིན་བྱས་ནས་མཁས་པའི་དགོངས་པ་དང་མི་འགལ་བར་རྟོགས་ཏེ། དེ་ལ་ཡང་ལྷ་ལྔ་ཙམ་བྱེད་པ་དང་། ལྷ་སོ་གཉིས་ཀྱི་བསྐྱེད་ཆོག་བསྡུས་ཏེ་བྱེད་པ་གཉིས་ལས་འདིར་ཕྱི་མ་ལྟར་བཤད་པར་བྱའོ། །དེའི་ཚུལ་ནི། བུམ་པ་མཆོད་པ་བཅས་སྟ་གོན་བྱས་ནས་མདུན་དུ་སྟེགས་ཀྱི་ཁར་བཞག་སྟེ། བིགྷྣནྟ་ཀྲྀད་ཀྱིས་བསངས། ཤཱུནྱ་ཏ་ནས། ཧཾ། བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། ཞེས་པ་ནས་མ་ཧཱ་ཏཔྟེ་སྭཱཧཱ། ལྷའི་ཆུ་བོ་གངྒཱ་ནས་མི་ཕྱེད་པར་གྱུར། རྣམ་རྒྱལ་བུམ་པའི་ནང་དུ་སྣ་ཚོགས་པདྨའི་གདན་སུམ་ཅུ་རྩ་གཅིག །ཞེས་པ་ནས་བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན། གདན་དེ་རྣམས་ཀྱི་སྟེང་དུ་ཧཱུཾ་ཁཾ་ཞེས་པ་ནས་ཧཱུཾ་ཧཱུཾ་བཅུ་རྣམས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དང་རྡོ་རྗེ། འཁོར་ལོ་རིན་པོ་ཆེ། ཞེས་པ་ནས། རྡོ་རྗེ་དང་རྡོ་རྗེ། དེ་རྣམས་ཡོངས་སུ་གྱུར་པ་ལས་རིམ་གྱིས་ལྷ་སོ་གཉིས་སུ་གྱུར་པ་ནི། དབུས་ཀྱི་གདན་ལ་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་མི་བསྐྱོད་པའི་དབུ་རྒྱན་ཅན་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་རྩེ་དགུ་པ་འཁོར་ལོ་པདྨ་གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རེག་བྱ་རྡོ་རྗེ་སྔོན་མོའི་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ་གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པས་འཁྱུད་པར་གྱུར། ཤར་དུ་རྣམ་སྣང་དཀར་པོ། ལྷོར་རིན་འབྱུང་སེར་པོ། ཞེས་པ་ནས། བྱང་ཤར་དུ་སྒྲོལ་མ། ཕྱིའི་ཤར་ལྷོར་གཟུགས་རྡོ་རྗེ་མ་ནས། བྱང་ཤར་དུ་རོ་རྡོ་རྗེ་མ། ཤར་དུ་བྱམས་པ་དང་ས་སྙིང་། ཞེས་པ་ནས། བྱང་དུ་སྒྲིབ་སེལ་དང་ཀུན་བཟང་། ཤར་དུ་གཤིན་རྗེ་གཤེད། ཞེས་པ་ནས། འོག་ཏུ་གནོད་མཛེས་རྒྱལ་པོ། ལྷ་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ། རིགས་བདག་ཕྱག་མཚན་རྒྱན་དང་བཅས་པ་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་འདུས་པའི་ལྷ་སོ་གཉིས་ཀྱི་ཡེ་ཤེས་པ་རྣམས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ རང་རང་གི་དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། ལྷ་སོ་སོའི་རིགས་བདག་ཡབ་ཡུམ་གྱི་ནས། ལྷ་སོ་སོ་ལ་དབང་བསྐུར་བར་གྱུར །མཆོད་པ་བྱིན་གྱིས་བརླབས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱའི་བར་གྱིས་མཆོད་དེ། ནང་མཆོད་རྒྱས་པ་ལྷ་སོ་སོ་ལ འམ། བསྡུ་ན། ༀ་བཛྲ་དྷྲིཀ་ས་པཱ་རི་ཝ་ར་ༀ་ཨཱཿཧཱུཾ་གིས་འབུལ་ཞིང་། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། ཞེས་སོགས་ཡོངས་རྫོགས་སམ། བསྡུ་ན་དང་པོ་ཙམ་གྱིས་བསྟོད་ལ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་སྐུའི་ཆ་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པའི་ཆུ་ལ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། དེ་ནས་སྔགས་རྣམས་ཅི་འགྲུབ་དང་། ༀ་ཨཱཿཧཱུཾ་ལན་གསུམ་དུ་བཟླ། ལས་སྔགས་ཀྱིས་གསང་བར་འདོད་ན་སླར་བིགྷྣན་ཏ་ཀྲྀཏ་ལན་ཉེར་གཅིག་གམ་བདུན་བཟླ་ཞིང་། འཇུག་ཏུ་ཡིག་བརྒྱ་ལན་གསུམ་བཟླས་ནས་མཆོད་པ་བསྡུས་པ་བྱས་ཏེ། བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་སེམས་ཀྱི་ངོ་བོ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་ཞེས་བརྗོད་ཅིང་བསམ་མོ། །གལ་ཏེ་འཇིགས་གསང་གཉིས་ཀྱི་ལྷ་ལྔའི་བུམ་ཆོག་བསྡུས་པ་བྱེད་འདོད་ན། འཇིགས་བྱེད་ལ་བུམ་པ་བསྐྱེད་ཚུལ་སྔར་བཞིན་དང་ལྷ་བསྐྱེད་པའི་ཚེ། རྣམ་རྒྱལ་བུམ་པའི་ནང་གི་དབུས་དང་ཕྱོགས་གཞན་གསུམ་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན། ཤར་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན། གདན་དེ་རྣམས་ཀྱི་སྟེང་དུ་དབུས་སུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ཤར་དུ་ཀྵེ་ལས་འཁོར་ལོ་ནས། རལ་གྲི་དེས་མཚན་པ་རྣམས་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་ལྔའི་སྐུར་ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ནས། གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ཤར་དུ་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ་ནས། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ཡབ་ཡུམ། ཐམས་ཅད་ཀྱང་རང་རང་གི་ཕྱག་མཚན་རྒྱན་དང་བཅས་པའི་ཉམས་ཡོངས་སུ་རྫོགས་པར་གྱུར། ཡང་ན་གཙོ་འཁོར་ལྔའི་བསྐྱེད་ཆོག་རྒྱས་པ་གཞུང་བཞིན་བྱའོ། །སྦྱན་འདྲེན་གྱི་ཚེ་རང་བཞིན་གྱི་གནས་ནས་གཤིན་རྗེ་གཤེད་རིགས་ལྔའི་ཡེ་ཤེས་པ་རྣམས་སྤྱན་དྲངས་ཞེས་བྱ་ཞིང་། གཏི་མུག་གཤིན་རྗེ་གཤེད་སོགས་བཞི་ལ་རྣམ་སྣང་སོགས་བཞིས་དབུ་བརྒྱན་པར་གྱུར། ནང་མཆོད་དང་། སྔགས་བཟླ་བའི་ཚེ་གཙོ་འཁོར་ལྔའི་སྔགས་ཙམ་གྱིས་ཆོག་ཅིང་། གཞན་རྣམས་ནི་སྔར་ལྟར་བྱའོ། །གསང་འདུས་ལྷ་ལྔའི་བུམ་ཆོག་བསྡུས་པ་བྱེད་ན། བུམ་པ་བསྐྱེད་ཚུལ་སྔར་ལྟར་ལ་ལྷ་བསྐྱེད་པའི་ཚེ། རྣམ་རྒྱལ་བུམ་པའི་ནང་དུ་སྣ་ཚོགས་པདྨའི་གདན་ལྔ། དེ་རྣམས་ཀྱི་དབུས་སུ་ཉི་མ། ཤར་དུ་ཟླ་བ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ་མ། བྱང་དུ་སྣ་ཚོགས་རྡོ་རྗེའི་གདན། གདན་དེ་རྣམས་ཀྱི་སྟེང་དུ་དབུས་དང་ཕྱོགས་བཞིར་ཧཱུཾ་ཁཾ་ༀ་སྭཱ་ཨཱཿཧཱ། དེ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང་རྡོ་རྗེ། འཁོར་ལོ་རིན་པོ་ཆེ་པདྨ་སྣ་ཚོགས་རྡོ་རྗེ། དེ་རྣམས་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ལྔར་གྱུར་པ་ནི། གདན་དབུས་མའི་སྟེང་དུ་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ནས། རིག་བྱ་རྡོ་རྗེ་མ་ནས། འཁྱུད་པར་གྱུར། ཤར་དུ་རྣམ་སྣང་དཀར་པོ། ནས། བྱང་དུ་དོན་གྲུབ་ལྗང་ཁུ་ནས། ཉམས་ཡོངས་སུ་རྫོགས་པར་གྱུར། ཞེས་པའམ། ཡང་ན་ལྔ་ཀའི་བསྐྱེད་ཆོག་གཞུང་ལྟར་རྒྱས་པ་བྱའོ། །སྤྱན་འདྲེན་གྱི་ཚེ་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་དེ་བཞིན་གཤེགས་པ་རིགས་ལྔའི་ཡེ་ཤེས་པ་རྣམས་སྤྱན་དྲངས་ཞེས་བྱ་ཞིང་། ནང་མཆོད་དང་། སྔགས་བཟླ་བར་རིགས་ལྔའི་སྔགས་ཙམ་དང་། ཡི་གེ་གསུམ་བཟླ་ཞིང་གཞན་རྣམས་ནི་སྔར་བཞིན་བྱའོ། །འཇིགས་གསང་གཉིས་ཀྱི་ཆོ་ག་ལ། །བརྟེན་ནས་གཞན་དོན་བྱེད་རྣམས་ཀྱིས། །བུམ་ཆོག་གཞུང་བཞིན་མ་ལྕོགས་ཚེ། འདི་བཞིན་བྱས་ན་ལེགས་སྙམ་སེམས། །ཅེས་པ་འདི་ཡང་། གླང་ལིའི་དཀའ་བཅུ་བ་འཇམ་དབྱངས་དོན་ཡོད་ཀྱིས་ཕྱོགས་འདི་ན་འཇིགས་གསང་གཉིས་ལ་བརྟེན་ནས་ལྷོ་སྒོ་བྱེད་པའི་ཚེ་བུམ་ཆོག་མི་བྱེད་འདུག་པས་ཁྱེད་ཀྱིས་འདི་གཉིས་ཀྱི་བུམ་ཆོག་བྱེད་ཚུལ་བསྡུས་པ་འདི་ལྟ་བུ་ཞིག་བགྱིས་དང་གཞན་རེ་གཉིས་ལའང་ཕན་སྲིད་ཅེས་བསྐུལ་བ་ལྟར་ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་བྲིས་པའོ།། །།པར་གྱི་ཡི་གེ་པ་ཡང་དཀའ་བཅུ་དེ་ཉིད་དོ། །མངྒ་ལཾ། །

ཀུན་རིག་གི་བདག་མདུན་བུམ་གསུམ་གྱི་མཇུག་ཏུ་ཇི་ལྟར་བྱ་བའི་ཕྱག་ལེན་ཐུན་མོང་མ་ཡིན་པ།

ཀུན་རིག་གི་བདག་མདུན་བུམ་གསུམ་གྱི་མཇུག་ཏུ་ཇི་ལྟར་བྱ་བའི་ཕྱག་ལེན་ཐུན་མོང་མ་ཡིན་པ་བཞུགས།

གང་གི་ཆོ་གའི་ཚུལ་ལྟ་ཅི། གཟུངས་དང་མཚན་ཙམ་བརྗོད་པས་ཀྱང་། ངན་སོང་སྡུག་བསྔལ་ཞི་མཛད་པ། །རྣམ་སྣང་ལྷ་ཚོགས་རྣམས་ལ་འདུད། །ཕ་མེས་ཕོར་བ་གཙང་འཛིན་གྱི། །དཔེ་ཚུལ་ཙམ་ཞིག་མི་འཛིན་པར། །མཁས་པའི་སྲོལ་བཞིན་ཤེས་འདོད་ལ། །ཆོ་གའི་ཟུར་རྒྱན་བཤད་པར་བྱ། །དེ་ཡང་མདུན་བསྐྱེད་ཀྱི་མཇུག་ཏུ་བདག་བུམ་གཉིས་ཀྱི་གཤེགས་གསོལ་དང་མདུན་བསྐྱེད་ལ་བརྟན་བཞུགས་མཛད་པའི་ཚུལ་ད་ལྟ་ཕྱག་ལེན་དུ་དར་བ་བཞིན་ཏེ་འདིར་མི་བརྗོད་ཀྱང་། བདག་མདུན་བུམ་གསུམ་སོ་སོའི་མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ཙམ་མཁས་པའི་བཞེད་པ་བཞིན་བཤད་པར་བྱའོ། །འདི་ལ་གསུམ། བདག་བསྐྱེད་དང་། བུམ་བསྐྱེད་དང་། མདུན་བསྐྱེད་ཀྱི་མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། འདུལ་འཛིན་བའི་བཞེད་པ་ལྟར། བདག་བསྐྱེད་ཀྱི་བསྙེན་པའི་མཇུག་ཏུ་ཡིག་བརྒྱ་དང་མཆོད་བསྟོད་བྱས་རྗེས་སུ། བདག་གི་དགེ་བའི་ལས་རྣམ་འདི་དག་གིས། །ཞེས་སོགས་གཅིག་གི་མཐར། མ་རྙེད་ཞེས་སོགས་ཀྱིས་བཟོད་གསོལ་བྱས་ཏེ་མཆོད་ཡོན་ཕུལ་རྗེས། ༀ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་ཚིགས་བཅད་གཅིག་དང་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྤྱི་བོ་ནས་གྱེན་དུ་བཀྲོལ་ཏེ། ༀ་བཛྲ་ས་ཏྭ་བཛྲ་མུཿཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་། ༀ་བཛྲ་ས་མ་ཛཿདམ་ཚིག་པ་རྟེན་བརྟེན་པའི་དཀྱིལ་འཁོར་རང་ཉིད་ལ་ཐིམ་པར་གྱུར་པར་བསམས་ལ། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་ཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་བཞེངས་པར་གྱུར། ༀ་སརྦ་བིད་ༀ་ནས། སརྦ་བིད་ཧཱུཾ་ཞེས་གནས་གསུམ་བྱིན་གྱིས་བརླབས། བྱང་ཕྱོགས་སེམས་དཔའི་ཕྱག་རྒྱ་དང་གཙུག་ཏོར་གྱི་ཕྱག་རྒྱ་འདིར་མ་བྱས་ཀྱང་ཆོག་གོ །དེས་ན་བདག་བསྐྱེད་ཀྱི་མཇུག་ཏུ་བསྡུ་ཚུལ་དེ་ལྟར་དགོས་པ་ཆོ་གའི་དགོངས་པ་ཡིན་པས་ལེགས་ཤིང་། དེར་མ་ཟད་ཆོ་ག་གཞན་གྱི་རིགས་འགྲོས་སྦྱར་ནའང་འཐད་བའི་ཕྱིར་ད་ལྟ་མཇུག་གི་བར་རང་དགར་འཇོག་པ་འདི་ཅུང་མི་ལེགས་སོ། །གཉིས་པ་བུམ་བསྐྱེད་ནི། ད་ལྟའི་ཕྱག་ལེན་དུ་ཆོ་ག་རྫོགས་པའི་བར་འཇོག་པ་འདི། སྤྱིར་འཐད་མི་འཐད་པ་བརྟག་པར་བྱ་སྟེ། བུ་སྟོན་དང་འདུལ་འཛིན་པའི་ཆོ་གར་བུམ་པ་བསྒྲུབས་ནས་གཤེགས་གསོལ་དང་འོད་ཞུ་གང་ཡང་མི་མཛད་པར་བཏང་སྙོམས་སུ་བཞག་པ་ལྟར་སྣང་ཞིང་། མཁས་པ་འགའ་ཞིག་གིས་ཚུལ་འདི་མི་ལེགས་ཏེ། དེ་ལྟར་འཇོག་པ་ནི་མཁས་གྲུབ་རྗེའི་གསུང་འབུམ་ཐོར་བུ་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་མ་གཤེགས་པར་བསྡུས་པ་དང་འདྲ་བས་དོན་མ་ཡིན་པ་ཆེན་པོ་བསྐྱེད་པའི་ལག་ལེན་དང་ཞེས་བཀག་ཅིང་། མདུན་བསྐྱེད་མ་ཡིན་པར་བདག་བུམ་གཉིས་ལྟ་བུ་ལ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་མཐར་དམ་རྒྱ་མ་བཀྲོལ་ན་ལྷ་བཙོན་དུ་བཟུང་བ་ལྟ་བུའི་ཉེས་པར་འགྱུར་བའི་ཕྱིར་ཞེས་གསུངས་ནས། བུམ་བསྐྱེད་ཀྱི་མཇུག་ཏུ་དམ་རྒྱ་བཀྲོལ་ཏེ་འོད་ཞུ་བྱ་བར་བཤད་དོ། །འོན་ཀྱང་འདུལ་འཛིན་པའི་ཊིཀ་ཆེན་ལས། རྣལ་འབྱོར་རྒྱུད་མན་ཆད་དུ་བུམ་པའི་ལྷ་བཞུ་བར་མ་བཤད་ཅེས་འབྱུང་ཡང་འདི་དྲང་དོན་དུ་འགྲེལ་ཏེ། ཚེ་དཔག་མེད་དང་རྣམ་འཇོམས་སོགས་བྱ་རྒྱུད་ཀྱི་ཆོ་ག་དུ་མར་བུམ་ལྷ་བཞུ་བར་བཤད་ཅིང་། རྣལ་འབྱོར་རྒྱུད་ཀྱི་འཇམ་དཔལ་གསང་ལྡན་གྱི་དཀྱིལ་ཆོག་སློབ་དཔོན་བྱང་ཆུབ་མཆོག་གིས་མཛད་པ་ལས་བུམ་པའི་ལྷ་བཞུ་བར་བཤད་པ་ལྟར་མཁས་གྲུབ་རྗེས་ཀྱང་གསུངས་ལ། སྨྲྀ་ཏིས་བསྒྱུར་བའི་ཀུན་སྙིང་གི་ཆོ་ག་ལས་ཀྱང་། དེ་ནས་ལྷ་འོད་ཞུ་བྱས་ཏེ། བྱང་ཆུབ་ཡེ་ཤེས་ཆུ་རུ་གྱུར། །ཞེས་འབྱུང་ངོ་། །འོད་ཞུ་བྱེད་པའི་དུས་ནི། གསང་བདེ་འཇིགས་གསུམ་སོགས་ཆོ་ག་གཞན་གྱི་རིགས་པ་སྦྱར་ན་ནི་བུམ་པའི་མཇུག་ཉིད་དུ་འཐད་ལ། འོད་ཞུ་མི་བྱེད་པར་གཤེགས་ན་ཡང་སྐབས་དེ་ཉིད་དུ་རིགས་སོ། །ཅིས་ཀྱང་ཆོ་གའི་མཇུག་ཏུ་བྱེད་ན་ནི་འོད་ཞུ་བྱེད་དམ་མི་བྱེད་ན་དམ་ཚིག་པ་རང་ཉིད་ལ་ཐིམ་པར་བསམ་དགོས་སོ། །དམ་རྒྱ་བཀྲོ་ཚུལ་ལ་རྒྱས་བསྡུས་གཉིས་ལས། རྡུལ་ཚོན་གྱི་དཀྱིལ་འཁོར་བསྡུ་བའི་ཚེ་ལྷ་རེ་རེ་དང་སྦྱར་བའི་དམ་རྒྱ་བཀྲོ་ཚུལ་རྒྱས་པ་དེ་བྱ་དགོས་ཤིང་བདག་བསྐྱེད་ལ་བསྡུས་པས་ཆོག་པ་ཆོ་གའི་དགོངས་པ་ཡིན་པ་ལྟར་བུམ་བསྐྱེད་ལ་ཡང་འདྲའོ། །དེ་ཡང་བུམ་བསྐྱེད་ཀྱི་མཇུག་ཏུ་མཆོད་བསྟོད་བྱས་རྗེས་སྔར་ལྟར་བདག་གི་དགེ་བའི་ལས་རྣམས་ཞེས་སོགས་ཀྱི་མཇུག་ཏུ། མ་རྙེད་ཅེས་སོགས་ཀྱི་བཟོད་གསོལ་བྱས་ནས་མཆོད་ཡོན་ཕུལ་ཏེ། ༀ་ཁྱེད་ཀྱི་སེམས་ཅན་ཞེས་སོགས་ཀྱི་མཐར། ༀ་བཛྲ་ས་ཏྭ་བཛྲ་མུཿ བུམ་ལྷའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་ཅེས་བརྗོད་ཅིང་བསམ། དེ་ལས་བསྡུ་ན། མཆོད་བསྟོད་ཀྱི་མཇུག་དེ་མ་ཐག །ༀ་ཁྱོད་ཀྱིས་སེམས་ཅན་ཞེས་སོགས་མན་ཆད་ཙམ་གྱིས་ཀྱང་ཆོག་གོ །མདུན་བསྐྱེད་ཀྱི་མཐར་རས་བྲིས་ལ་བཟོད་གསོལ་དང་བརྟན་བཞུགས་བྱས་པའི་འཇུག་དེར། གནས་གསུམ་བྱིན་གྱིས་བརླབས་དང་བྱང་ཕྱོགས་ཀྱི་སེམས་དཔའ་བཞིའི་སྔགས་བརྗོད་པ་དང་སེམས་དཔའི་གཙུག་ཏོར་གྱི་ཕྱག་རྒྱ་འཆིང་བ་སོགས་སྤྱི་ལྟར་བྱའོ། །འདི་ན་ཀུན་རིག་ཆོ་ག་ཡི། །བདག་མདུན་བུམ་བསྐྱེད་སོ་སོའི་མཐར། །བསྡུ་ཚུལ་ཇི་ལྟར་བྱ་བའི་རིམ། །མཁས་པའི་བཞེས་ཚུལ་མདོར་བསྡུས་བཤད། །ཅེས་པ་འདི་ནི་ཆོ་གའི་འདོད་ཆའི་ཁྱད་པར་ལ་བློ་བྱང་བའི་གནས་བརྟན་དགེ་འདུན་བཟང་པོས་རང་གཞན་ལ་ཕན་འདོད་ཀྱི་བསམ་པས་བསྐུལ་བ་ལྟར་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བ་ཡི་གེ་བ་ནི་དགེ་སློང་ངག་དབང་བཀྲ་ཤིས་སོ།། །།

ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ།

ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ་བཅས་བཞུགས།

ན་མོ་ཤཱཀྱ་མུ་ནེ་ཡེ། གང་གི་མཚན་བརྗོད་ཡིད་ལ་དྲན་པས་ཀྱང་། །ལས་སྒྲིབ་མུན་སྟུག་མ་ལུས་འཇོམས་མཛད་པ། །བདེ་གཤེགས་རྒྱལ་བ་ཉི་མ་སོ་ལྔ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་འཆི། །འདིར་དཀོན་མཆོག་བརྩེགས་པའི་མདོ་ལས་འབྱུང་བ་ལྟར་སངས་རྒྱས་སོ་ལྔ་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་དང་འབྲེལ་བར་ལྟུང་བཤགས་འདོན་ཚུལ་དང་། སངས་རྒྱས་སོ་ལྔའི་སྐུ་མདོག་སོགས་ཀྱི་ཁྱད་པར་དང་། མདོའི་དོན་ལྷག་མ་ཅུང་ཟད་ཕྱེ་སྟེ་བཤད་པ་དང་གསུམ། དང་པོ་ནི། རྒྱུན་པའི་ཞལ་འདོད་ལྟ་བུ་ལ་ངེས་པ་མེད་ཀྱང་། མཚམས་བྱས་ཏེ་ལྟུང་བཤགས་ཀྱི་སྒོ་ནས་སྟོབས་བཞིའི་བཤགས་པའི་ཉམས་ལེན་བྱེད་ན། སྦྱོར་བ་ལ་སངས་རྒྱས་སོ་ལྔ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་ཀྱི་དྲུང་དུ་མཆོད་པ་ཅི་འབྱོར་དང་མཎྜལ་བཤམས། སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་དུ་བཏང་ནས། དངོས་གཞི་ལ་པཎ་ཆེན་རིན་པོ་ཆེས་གཞལ་ཡས་ཁང་བསྐྱེད་མི་བསྐྱེད་གཉིས་མཛད་འདུག་པ་ལས། འདིར་ཕྱི་མ་ལྟར་བཤད་པར་བྱ་སྟེ། དེ་ཡང་མོས་པ་ཤུགས་དྲག་དང་བཅས་འདི་ལྟར། མཆོག་གསུམ་རྒྱལ་བ་སྲས་བཅས་ཉན་རང་འཕགས། །རྟེན་འབྲེལ་མི་བསླུ་ཆོས་དབྱིངས་དག་པའི་མཐུས། །གནས་འདི་བདེ་ལྡན་ཞིང་ལྟར་སྣོད་བཅུད་ཀྱི། །འབྱོར་པ་རྒྱ་མཚོས་གང་ཞིང་ཁྱབ་གྱུར་ཅིག །མདུན་གྱི་ནམ་མཁར་ཀུན་བཟང་མཆོད་སྤྲིན་དབུས། །འདབ་སྟོང་རྒྱས་པའི་ལྟེ་བར་སེང་ཁྲིའི་སྟེང་། །སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་དང་། །གཡས་གཡོན་གཉིས་དང་ཕྱོགས་བཞིར་པད་ཟླའི་གདན། །བརྒྱད་བཞི་བདེ་གཤེགས་གྲངས་དང་མཉམ་པ་དང་། །སྟེང་དང་མཐའ་བསྐོར་རྣམས་སུ་པད་ཟླའི་གདན། །སྤྱན་འདྲེན་མགྲོན་གྱི་གྲངས་དང་རབ་མཉམ་པ། །ཀུན་ནས་འབྱུང་ཞིང་བཀོད་པས་མཛེས་གྱུར་ཅིག །རང་ཉིད་བསྟན་པའི་བདག་པོའི་སྐུར་གྱུར་པའི། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཕྱོགས་བཅུ་ཡི། །རང་བཞིན་གནས་ནས་བདེ་གཤེགས་སོ་ལྔ་ལ། །སངས་རྒྱས་སྟོང་དང་བདེ་གཤེགས་མཆེད་བདུན་སོགས། །ཕྱོགས་བཅུའི་རྒྱལ་བ་ཞི་ཁྲོ་བྱང་སེམས་དང་། །ཉན་རང་བསྟན་སྲུང་རྒྱ་མཚོས་ཡོངས་བསྐོར་བ། །སྤྱན་དྲངས་འཁོར་བཅས་མངོན་སུམ་བྱོན་པར་གྱུར། །མ་ལུས་སེམས་ཅན་མའམ། ཕྱོགས་དུས་ཀུན་ནས་སོགས་ཚིགས་བཅད་གཅིག་གི་མཇུག་ཏུ། དབུས་ཀྱི་སེང་ཁྲིའི་སྟོང་དུ་ཤཱཀྱ་ཐུབ། །དབུ་ཡི་གཡས་གཡོན་པདྨ་ཟླ་བའི་སྟེང་། །རྡོ་རྗེ་སྙིང་པོ་རིན་ཆེན་འོད་འཕྲོ་དང་། །ཤར་དུ་ཀླུ་དབང་རྒྱལ་ནས་དྲི་མེད་བར། །ལྷོ་ཕྱོགས་དཔལ་བྱིན་གཟི་བརྗིད་མཐའ་ཡས་པར། །ནུབ་ཏུ་འོད་དཔལ་ནས་བཟུང་དྲན་པའི་དཔལ། །བྱང་དུ་མཚན་དཔལ་རི་དབང་རྒྱལ་པོའི་བར། །རང་རང་འཁོར་ཚོགས་རྒྱ་མཚོར་བཅས་བཞུགས་ཤིང་། །སྟེང་དང་མཐའ་བསྐོར་བླ་མ་སངས་རྒྱས་སྟོང་། །བདེ་གཤེགས་མཆེད་བདུན་སེམས་དཔའ་བརྒྱད་ལ་སོགས། །མ་ལུས་རྒྱལ་བ་ཞི་ཁྲོ་བྱང་སེམས་དང་། །བསྟན་སྲུང་རྒྱ་མཚོའི་ཚོགས་བཅས་བཞུགས་པར་གྱུར། །གོང་གི་གང་གི་མཚན་བརྗོད་སོགས་དང་། ཇི་སྙེད་སུ་དག་ཅེས་སོགས་ཀྱི་ཡན་ལག་བདུན་པ་དང་། གྲུབ་ན་སྨན་བླའི་ཆོ་ག་རྒྱས་པ་ནས་འབྱུང་བའི་འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་སོགས་ཀྱི་ཡན་ལག་བདུན་པ་བྱ་ཞིང་། མཆོད་པའི་སྤྲིན་གྱི་གཟུངས་ཚར་གསུམ་དང་། ས་གཞི་སྤོས་ཀྱི་སོགས་དང་། བདག་གཞན་ལུས་ངག་སོགས་གཉིས་ཀའམ་གང་རུང་གིས་མཎྜལ་ཕུལ་ནས། ལྟུང་བཤགས་ལུས་ཀྱིས་ཕྱག་འཚལ་བ་དང་བཅས་པའམ། མིན་ཡང་རུང་སྟེ་ལན་བརྒྱ། སོ་ལྔ། ཉེར་གཅིག །བདུན། གསུམ་སོགས་སྐབས་བསྟུན་གྱིས་བརྗོད། གལ་ཏེ་ལྟུང་བཤགས་ཡོངས་རྫོགས་ལན་མང་པོ་མ་ལྕོགས་ཚེ། བར་སྐབས་དག་ཏུ། སངས་རྒྱས་རི་དབང་རྒྱལ་པོའི་བར་བརྗོད་པའི་མཚམས་ནས། ཇི་སྙེད་མཆོད་པའི་ཚོགས་ཐམས་ཅད་ཀྱང་འབུལ་ལོ། །སྒོ་གསུམ་གྱི་སྡིག་ལྟུང་ཐམས་ཅད་ནི་སོ་སོར་བཤགས་སོ། །རང་གཞན་ཀུན་གྱི་བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་སོ། །དགེ་བའི་རྩ་བ་འདིས་བདག་སོགས་ལས་ཀྱི་སྒྲིབ་པ་དག་ནས་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །ཅེས་བྱས་ཀྱང་རུང་སྟེ་མན་ངག་གོ །མཇུག་ཏུ། བཅོམ་ལྡན་འདས་བདེ་བར་གཤེགས་པ་སོ་ལྔའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ་གསོལ་བ་འདེབས་སོ། །ཞེས་ལན་འགའ་འམ། བདག་གིས་ལས་ཀྱི་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་པར་མཛད་དུ་གསོལ། འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབ་ཏུ་གསོལ། འདི་ནས་ཤི་འཕོས་མ་ཐག་ཏུ་བདེ་བ་ཅན་ནམ། དགའ་ལྡན་ནམ། མངོན་དགའི་ཞིང་དུ་སྐྱེ་བ་དང་། མྱུར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བར་བྱིན་གྱིས་རློབ་ཏུ་གསོལ། ཞེས་ལན་གསུམ་མམ་བདུན་སོགས་ཀྱིས་གསོལ་བ་བཏབ་པའི་མཐར། སྐུའི་ཆ་ནས་འོད་དང་བདུད་རྩི་དཀར་པོའི་རྒྱུན་བྱུང་ནས་རང་གི་ལུས་ཀྱི་ཆ་ལ་ཞུགས་པར་མོས་པ་དང་། སྐྱབས་གནས་ཐམས་ཅད་འོད་ཀྱི་རྣམ་པར་གྱུར་ནས་རང་ལ་ཐིམ་པས་བྱིན་གྱིས་བརླབས་པས་རང་ཉིད་བསྟན་པའི་བདག་པོའི་སྐུར་གྱུར་པར་བསམས་ལ། མུ་ནེ་མུ་ནེ་དང་། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་ཅི་འགྲུབ་བཟླ། ཚོགས་ཞིང་རྣམས་རང་ལ་བསྟིམས་ནས་སྟོན་པའི་སྐུར་བསྒྱུར་ཏེ་སྙིང་པོ་དེ་དག་བཟླ་བར་པཎ་ཆེན་རིན་པོ་ཆེས་བཤད་ཅིང་། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་བཟླས་ནའང་ཁྱད་ཆེའོ། །གཞུང་འདི་སྟོབས་བཞིའི་བཤགས་པ་དང་སྦྱར་ན། སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་དང་དེ་ནས་གཞུང་འདིའི་འགོར་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་འཇུག་གི་སྐྱབས་འགྲོ་རྣམས་ནི་རྟེན་གྱི་སྟོབས་ཏེ་འདིའི་སྒྲ་དོན་འོག་ཏུ་འཆད། སྤྱིར་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་སྟོང་ཉིད་སྒོམ་པ་དང་། ཟབ་མོའི་མདོ་འདོན་པ་དང་། བྱང་སེམས་སོགས་ཀྱི་མཚན་ནས་བརྗོད་པ་སོགས་མང་ཡང་འདིར་ཕྱི་མ་ལྟར་སངས་རྒྱས་སོ་ལྔའི་མཚན་བརྗོད་ཅིང་ཕྱག་འཚལ་བ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་དོན་ནི། ཉེས་པ་འཇོམས་ཤིང་གཉེན་པོ་བྱེད་པས་ན་དེ་སྐད་ཅེས་བརྗོད་དོ། །སྡིག་པ་བཤགས་པའི་སྐོར་ནི་རྣམ་པ་སུན་འབྱིན་པའི་སྟོབས། སུན་འབྱིན་ཞེས་པའི་དོན་ནི་རང་གིས་བྱས་པའི་ཉེས་པ་ལ་འགྱོད་པ་དང་བཅས་ཏེ་སྨད་ནས་ཉོན་མོངས་པའི་སེམས་སུན་འབྱིན་པས་དེ་སྐད་ཅེས་བརྗོད་དོ། །སླན་ཆད་ཀྱང་། གཅོད་ཅིང་སྡོམ་པར་བགྱིད་ལགས་སོ་ཞེས་པ་ནི་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཏེ་དོན་གོ་སླའོ། །དེ་ནས་དགེ་རྩ་བསྔོ་བ་དང་རྗེས་སུ་ཡི་རང་བ་སོགས་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱི་ཡན་ལག་ཡིན་ཞིང་། རྒྱ་འགྲེལ་འགའ་ཞིག་ལས་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སུ་མཛད་དོ། །དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། གཞན་དུ་ན་སངས་རྒྱས་རྣམས་ལ་ཕྱག་འཚལ་བ་ནི་སྐྱབས་སུ་འགྲོ་བའང་ཡིན་པས་རྟེན་ཀྱི་སྟོབས་ཀྱང་ཡིན་ཏེ། རྒྱ་འགྲེལ་ཞིག་ཏུ་རྟེན་གྱི་སྟོབས་སུ་དྲངས་སོ། །བསམ་ཤེས་ན་ཡན་ལག་བདུན་པ་ལའང་སྟོབས་བཞི་དངོས་ཤུགས་ཅི་རིགས་ལ་ཚང་བར་འགྱུར་རོ། །གཉིས་པ་ནི། སྐབས་འདིར་སངས་རྒྱས་སོ་ལྔའི་སྐུ་མདོག་སོགས་ཇི་ལྟར་བསྒོམ་པར་བྱ་སྙམ་ན། འདི་ལ་པཎ་ཆེན་རིན་པོ་ཆེས་སྟོན་པ་དང་ཀླུ་དབང་གི་རྒྱལ་པོ་མ་གཏོགས་གཞན་རྣམས་རིམ་བཞིན་རིགས་ལྔའི་རྣམ་པ་ཅན་དུ་བསྒོམ་པར་བཤད་དེ། རིགས་ལྔ་སྤྱིའི་དབང་དུ་མཛད་པར་མངོན་ལ། རྗེ་རིན་པོ་ཆེས་སངས་རྒྱས་སོ་ལྔའི་ཞལ་གཟིགས་ལྟར་གནས་བརྟན་བཟང་སྐྱོང་གིས་བཀོད་པ་བཞིན་བརྗོད་ན། ཤཱཀྱའི་རྒྱལ་པོ་སྐུ་མདོག་སེར་པོ་ས་གནོན་དང་མཉམ་བཞག །རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པ་སེར་པོ་ཕྱག་གཉིས་ཐུགས་ཀར་ཆོས་འཆད། རིན་ཆེན་འོད་འཕྲོ་དམར་པོ་ཕྱག་གཉིས་མཉམ་གཞག །ཀླུ་དབང་གི་རྒྱལ་པོ་ཞལ་དང་མགྲིན་པ་དཀར་ཞིང་ལྷག་མ་སྔོ་བ་ཆོས་འཆད་སྦྲུལ་གྱི་གདེངས་ཀ་ཅན། དཔའ་བོའི་སྡེ་སེར་པོ་གཡོན་ཐུགས་ཀར་ཆོས་འཆད་དང་། གཡས་ཅུང་ཟད་བརྐྱངས་ནས་སྐྱབས་སྦྱིན། དཔལ་དགྱེས་སེར་པོ་ཕྱག་གཉིས་ཆོས་འཆད། རིན་ཆེན་མེ་དམར་པོ་གཡས་ས་གནོན་དང་གཡོན་མཉམ་བཞག །རིན་ཆེན་ཟླ་འོད་དཀར་པོ་གཡོན་མཉམ་བཞག་དང་གཡས་མཆོག་སྦྱིན། མཐོང་བ་དོན་ཡོད་ལྗང་ཁུ་གཡས་ཐུགས་ཀར་སྐྱབས་སྦྱིན་དང་ཡོན་མཉམ་བཞག །རིན་ཆེན་ཟླ་འོད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དྲི་མ་མེད་པ་སྔོན་པོ་ཕྱག་གཉིས་ཀ་མཉམ་བཞག །དཔལ་སྦྱིན་སེར་པོ་ཆོས་འཆད་སྟེང་འོག་ཏུ་མཛད་པ། ཚངས་པ་སེར་པོ་ས་གནོན་དང་མཉམ་བཞག །ཚངས་པས་བྱིན་དམར་སེར་ཕྱག་གཉིས་ཀ་ཆོས་འཆད། ཆུ་ལྷ་དཀར་པོ་ཕྱག་ག །ཉིས་ཀ་མཉམ་བཞག །ཆུ་ལྷའི་ལྷ་དཀར་པོ་ཕྱག་གཉིས་ཀ་ཆོས་འཆད། དཔལ་བཟང་སེར་པོ་གཡོན་ཐུགས་ཀར་ཆོས་འཆད་དང་གཡས་ཅུང་ཟད་བརྐྱངས་ནས་སྐྱབས་སྦྱིན་པུས་མོའི་ཟུར་དུ་མཛད་པ། ཙན་དན་དཔལ་སེར་པོ་ས་གནོན་དང་མཉམ་བཞག །གཟི་བརྗིད་མཐའ་ཡས་དམར་པོ་གཡས་ཐུགས་ཀར་ཆོས་འཆད་གཡོན་མཉམ་བཞག །འོད་དཔག་སྔོན་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། མྱ་ངན་མེད་དཔལ་དམར་སྐྱ་ཕྱག་གཉིས་ཀ་མཉམ་བཞག །སྲེད་མེད་བུ་སེར་པོ་ཆོས་འཆད་སྟེང་འོག །མེ་ཏོག་དཔལ་སེར་པོ་གཡས་བརྐྱངས་མཐེབ་ནས་མཛུབ་སྦྱར་བ་དང་གཡོན་ཆོས་འཆད། ཚངས་པའི་འོད་ཟེར་སེར་པོ་དང་པདྨའི་འོད་ཟེར་དམར་པོ་གཉིས་ཀའང་ས་གནོན་དང་མཉམ་བཞག །ནོར་དཔལ་སྔོན་པོ་ཆོས་འཆད་སྟེང་འོག །དྲན་པའི་དཔལ་སེར་པོ་མཉམ་བཞག །མཚན་དཔལ་ཤིན་ཏུ་ཡོངས་གྲགས་དཀར་པོ་གཡས་ཆོས་འཆད་དང་གཡོན་མཉམ་བཞག །དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་སྔོན་པོ་གཡས་རྒྱལ་མཚན་ཕྲག་པ་གཡོན་པར་གཟུང་ཞིང་གཡོན་མཉམ་བཞག །ཤིན་ཏུ་རྣམ་པར་གནོན་པ་སྔོན་པོ་གཡས་རལ་གྲིའི་རྩེ་ཡར་བསྟན་ནས་དཀུར་བརྟེན་ཅིང་གཡོན་མཉམ་བཞག །གཡུལ་ལས་ཤིན་ཏུ་རྣམ་རྒྱལ་སྔོན་པོ་ཁྲབ་འཛིན་པ། རྣམ་པར་གནོན་པ་གཤེགས་པ་སྔོན་པོ་གཡས་གཡོན་གཉིས་ཀ་ས་གནོན། ཀུན་ནས་སྣང་བ་བཀོད་པའི་དཔལ་ཡང་དེ་དང་འདྲ། རིན་ཆེན་པདྨས་རྣམ་གནོན་དམར་སེར་གཡོན་ཆོས་འཆད་དང་གཡས་ཅུང་ཟད་བརྐྱངས་ནས་སྐྱབས་སྦྱིན་མཛད་པ། རི་དབང་གི་རྒྱལ་པོ་སེར་པོ་རི་རབ་འཛིན་པའོ། །ཡང་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་རྒྱ་གར་གྱི་འགྲེལ་པ་ཞིག་ཏུ། རྡོ་རྗེ་སྙིང་པོ་རབ་ཏུ་འཇོམས་པ་སྔོན་པོ་ཕྱག་གཉིས་རྡོ་རྗེ། རིན་ཆེན་འོད་འཕྲོ་དཀར་པོ་རྡོ་རྗེ་དང་ཉི་མ། ཀླུ་དབང་གི་རྒྱལ་པོ་སྔོན་པོ་ཀླུ་ཤིང་དང་སྦྲུལ་སྔོན་པོ་བསྣམས་པ་སོགས་སྔ་མ་དང་མི་འདྲ་བ་ཞིག་འབྱུང་སྟེ་གང་བྱས་ཀྱང་མི་འགལ་ཞིང་། དེ་དག་ཕྱོགས་གང་ན་བཞུགས་པའང་དེར་བཤད་དེ། མང་བར་དོགས་ནས་མ་དྲངས་སོ། །འདི་རྣམས་རིགས་ལྔའི་རྣམ་པ་ཅན་དུ་བསྒོམས་ན་ཅུང་ཟད་འཆར་བདེ་ཡང་། མོས་པ་ཙམ་གྱིས་བསྒོམ་པ་ལ་ནི་ཁྱད་པར་མི་སྣང་བས་གང་མོས་བྱའོ། །གསུམ་པ་ནི། དཀོན་མཆོག་བརྩེགས་པའི་འཕགས་པ་ཉེ་བར་འཁོར་ཀྱིས་ཞུས་པ་ལས་བྱང་ཆུབ་སེམས་དཔའི་ལྟུང་བའི་ཁྱད་པར་དང་། སྡིག་ལྟུང་བཤགས་ཚུལ་གྱི་ཁྱད་པར་གཉིས་གསུངས་ཤིང་། ཕྱི་མ་ལ་ལྟུང་བ་ལྕི་ཡང་གི་སྒོ་ནས་བཅུ་ཚོགས་དང་། ལྔ་ཚོགས་དང་། གཅིག་གམ་གཉིས་ཀྱི་བདུན་དང་། སངས་རྒྱས་སོ་ལྔའི་སྤྱན་སྔར་བཤགས་ཚུལ་དང་བཞི་གསུངས་པའི་ཕྱི་མ་ནི་ལྟུང་བཤགས་ཀྱི་ཆོ་ག་འདིའོ། །སངས་རྒྱས་སོ་ལྔའི་སྐུ་མདོག་སོགས་ནི་མདོ་ན་མི་གསལ་ཡང་། མན་ངག་གི་བརྒྱུད་པ་ནི་གོང་དུ་བཤད་ཟིན་ལ། མདོ་འདིའི་དོན་བསྡུ་ན། ཕྱག་བ ཙལ་ནས་སྡིག་པ་བཤགས་ཚུལ་དང་། དགེ་བ་བསྔོ་ཚུལ་དང་། ཡན་ལག་ལྷག་མ་བསྡུས་ནས་བསྟན་པ་དང་གསུམ། དང་པོ་ལ་བཞི། རྟེན་གྱི་སྟོབས་དང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། རྣམ་པར་སུན་འབྱིན་པའི་སྟོབས་དང་། ཉེས་པ་ལས་སླར་ལྡོག་པའི་སྟོབས་ཀྱི་སྒོ་ནས་སྡིག་ལྟུང་བཤགས་པའོ། །དང་པོ་སངས་རྒྱས་ལ་སྐྱབས་སུ་འཆིའོ་ཞེས་སོགས་གསུམ་གྱིས་བསྟན་ཅིང་། རྟེན་གྱི་སྟོབས་ཞེས་པ་ནི་སྤྱིིར་ནང་པའི་ཆོས་སུ་འགྲོ་བ་ལ་བསམ་པའི་རྟེན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་དགོས་ཏེ། སྐྱབས་འགྲོ་ལ་བརྟེན་ནས་དགེ་བ་གང་བྱས་ཀྱང་སྟོབས་ཆེ་ཞིང་། ཁྱད་པར་དུ་སྡིག་པ་སྦྱོང་བའི་ནུས་པ་སྟོབས་ཆེ་བའི་ཕྱིར་དང་། སྐྱབས་འགྲོའི་སྒོ་ནས་ཀྱང་སྡིག་ལྟུང་མང་པོ་ཞིག་སྦྱོང་ནུས་པས། ཐེག་པ་ཆེ་ཆུང་ལ་ཞུགས་མ་ཞུགས་སྤྱིའི་དབང་དུ་བྱས་པའི་ཐོག་མའི་རྟེན་གྱི་སྟོབས་ནི་སྐྱབས་འགྲོ་ཡིན་ནོ། སྟོབས་བཞི་བསྟན་པའི་མདོ་ལས་ཐེག་ཆེན་སེམས་བསྐྱེད་ཀྱང་རྟེན་ཀྱི་སྟོབས་སུ་བཤད་པ་ནི་ཐེག་པ་ཆེན་པོའི་རིགས་ཅན་གྱི་དབང་དུ་མཛད་པ་ཡིན་ཏེ། ཐེག་ཆེན་གྱི་རིགས་ཅན་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་བསྐྱེད་ཀྱིས་གཞི་བཟུང་བ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་མཐའ་དག་བསྒྲུབ་དགོས་པའི་ཕྱིར་ཐེག་ཆེན་སེམས་བསྐྱེད་རྟེན་ཀྱི་སྟོབས་སུ་བཤད་དོ། །དེ་ཡང་གཙོ་བོའི་དབང་དུ་བྱས་ཀྱི། གཞན་དུ་ན་སྐྱབས་འགྲོ་ཁྱད་པར་ཅན་དང་སེམས་བསྐྱེད་གཉིས་ཀའང་ཉེས་པའི་གཉེན་པོ་ཡིན་པའི་ཕྱིར་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱང་ཡིན་པར་སྣང་ངོ་། །གཉིས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་སྤྱིར་གོང་ལྟར་མང་ཡང་འདིར་སངས་རྒྱས་སོ་ལྔའི་མཚན་བརྗོད་ཅིང་ཕྱག་འཚལ་བ་སྟེ། སོ་སོའི་མཚན་བརྗོད་པའི་ཕན་ཡོན་རྒྱས་པར་མདོ་ན་མི་གསལ་ཡང་། མན་ངག་ལས་བརྒྱུད་པ་བཞིན་བརྗོད་ན་འདིའི་སྒོ་ནས་སྡིག་ལྟུང་བཤགས་པ་ལ་སྤྲོ་ཤུགས་འཕེལ་བར་འགྱུར་བས་དེ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་སྙིང་ཐག་པ་ནས་བརྗོད་པའི་ཕན་ཡོན་བསྐལ་པ་ཁྲིའི་སྡིག་པ་མངོན་འགྱུར་བ་འདག་གོ །དེ་བཞིན་དུ་རྡོ་རྗེ་སྙིང་པོས་བསྐལ་པ་ཁྲིའི་སྡིག་པ། རིན་ཆེན་འོད་འཕྲོས་ཀྱང་ཁྲི། ཀླུ་དབང་གི་རྒྱལ་པོས་སྟོང་། དཔའ་པོའི་སྡེས་སྟོང་། དཔལ་དགྱེས་ཀྱིས་ཉིས་སྟོང་། རིན་ཆེན་མེས་ཉིས་སྟོང་། རིན་ཆེན་ཟླ་འོད་ཀྱིས་བརྒྱད་སྟོང་། མཐོང་བ་དོན་ཡོད་ཀྱིས་བསྐལ་པ་གཅིག །རིན་ཆེན་ཟླ་བས་མཚན་མེད་ལྔའི། དྲི་མ་མེད་པས་ཉེ་བའི་མཚམས་མེད་ལྔའི། དཔལ་བྱིན་གྱིས་ཞེ་སྡང་གིས་ཀུན་ནས་བསླངས་པའི་སྡིག་པ། ཚངས་པས་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་སྡིག་པ། ཚངས་པའི་བྱིན་གྱིས་བསྐལ་པ་ཁྲིའི། ཆུ་ལྷས་བསྐལ་པ་སྟོང་གི །ཆུ་ལྷའི་ལྷས་བསྐལ་པ་ལྔ་སྟོང་གི །དཔལ་བཟང་གིས་བསྐལ་པ་ལྔ་སྟོང་གི །ཙན་དན་དཔལ་གྱིས་བསྐལ་པ་བདུན་གྱི། གཟི་བརྗིད་མཐའ་ཡས་ཀྱིས་བསྐལ་པ་བདུན་གྱི། འོད་དཔལ་གྱིས་ཕན་ཡོན་ཚད་མེད་པ་ཐོབ། མྱ་ངན་མེད་དཔལ་གྱིས་གཏི་མུག་གིས་ཀུན་ནས་བསླངས་པའི་སྡིག་པ། སྲེད་མེད་ཀྱི་བུས་བག་ཆགས་ཀྱིས་ཀུན་ནས་བསླངས་པའི། མེ་ཏོག་དཔལ་གྱིས་ལུས་ཀྱི་སྒྲིབ་པ། ཚངས་པའི་འོད་ཟེར་གྱིས་ངག་གི་སྒྲིབ་པ། པདྨའི་འོད་ཟེར་གྱིས་ཡིད་ཀྱི་སྒྲིབ་པ། ནོར་དཔལ་གྱིས་དགེ་འདུན་གྱི་དཀོར་ལ་འབགས་པའི། དྲན་པའི་དཔལ་གྱིས་གང་ཟག་ལ་སྐུར་བ་བཏབ་པའི། མཚན་དཔལ་གྱིས་ཕྲག་དོག་གིས་ཀུན་ནས་བསླངས་པའི། དབང་པོའི་ཏོག་གི་རྒྱལ་མཚན་གྱིས་ང་རྒྱལ་གྱིས་ཀུན་ནས་བསླངས་པའི། ཤིན་ཏུ་རྣམ་པར་གནོན་པས་ཕྲ་མའི་ཉེས་པ་ཐམས་ཅད། གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བས་ཉོན་མོངས་པ་ཐམས་ཅད། རྣམ་པར་གནོན་པས་གཤེགས་པས་གཞན་ལ་སྡིག་པ་བྱེད་དུ་བཅུག་པའི་ཉེས་པ། ཀུན་ནས་སྣང་བ་བཀོད་པའི་དཔལ་གྱིས་སྡིག་པ་བྱས་པ་ལ་རྗེས་སུ་ཡི་རང་བའི། རིན་ཆེན་པདྨས་ཆོས་སྤོང་གི །རི་དབང་གི་རྒྱལ་པོས་བླ་མ་ལ་སྐུར་བ་བཏབ་ནས་རང་གི་དམ་ཚིག་ཉམས་པའི་སྒྲིབ་པ་ཐམས་ཅད་འདག་པར་གསུངས་སོ། །ལན་མང་དུ་བྱས་ན་ངན་སོང་ལས་ཐར་བར་འགྱུར་བ་དང་། ཚེ་རབས་ཀུན་ཏུ་སངས་རྒྱས་དེ་རྣམས་ཀྱིས་རྗེས་སུ་འཛིན་པ་དང་། དེ་དག་གི་ཞིང་དུ་སྐྱེ་བ་སོགས་ཕན་ཡོན་དུ་མ་ཡོད་པས་ཚུལ་འདི་ལ་འབད་པར་རིགས་སོ། །ཕྱག་འཚལ་བའི་ཚེ་ལུས་མང་དུ་སྤྲུལ་ནས་ཕྱག་འཚལ་བར་མོས་ན་འགྱུར་ཆེ་བར་བཤད་ཅིང་། དེ་བཞིན་དུ་ངག་གིས་བསྟོད་པ་ལ་ཡང་འདྲའོ། །དེ་ཡང་སངས་རྒྱས་སོ་ལྔ་གཙོ་བོར་བྱས་པ་ཡིན་གྱི། དེ་ཙམ་དུ་མ་ཟད་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སོགས་ཕྱག་འོས་ཐམས་ཅད་ལ་ཕྱག་འཚལ་བར་མོས་ན་ཕན་ཡོན་ལྷག་པར་ཆེ། ཕྱག་འཚལ་བའི་སྐབས་འདིར་མཆོད་འབུལ་ཤུགས་ལ་བསྟན་ཞེས་བཤད་དེ་ཡན་ལག་བདུན་པ་ཚང་བའི་དབང་དུ་མཛད་པའོ། །གསུམ་པ་སུན་འབྱིན་པའི་སྟོབས་ལ་གསུམ། སྡིག་ལྟུང་བཤགས་པའི་ཡུལ་ལ་དབང་པོ་མཛད་པར་གསོལ་བ་དང་། བཤགས་བྱའི་སྡིག་པ་ངོས་བཟུང་བ་དང་། སྡིག་ལྟུང་ཇི་ལྟར་བཤགས་པའི་ཚུལ་ལོ། །དང་པོ་ནི། དེ་དག་ལ་སོགས་པ་ཞེས་པ་ནས། དགོངས་སུ་གསོལ་ཞེས་པས་དཔང་པ་མཛད་པའི་དགོངས་གསོལ་བསྟན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་དམིགས་པ་ཡང་ཡིན་མོད། ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་བཞེས་ཞེས་པ་ནི་གཙོ་བོ་ད་ལྟར་བཞུགས་པའི་སངས་རྒྱས་ཀྱི་དབང་དུ་མཛད་པར་མངོན་ལ། ཁ་ཅིག་ཇི་སྙེད་ཅིག་བཞུགས་ཞེས་པས་ཆོས་སྐུ་ཐོབ་པ་དང་། འཚོ་ཞིང་ཞེས་པས་ལོངས་སྐུ་ཐོབ་པ་དང་། བཞེས་ཞེས་པར་སྤྲུལ་སྐུ་ཐོབ་པ་ད་ལྟར་གྱི་སངས་རྒྱས་བསྟན་ཞེས་འཆད་ཀྱང་ཚིག་དོན་དང་འབྱོར་དཀའ་སྙམ། གཉིས་པ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བདག་གི་སྐྱེ་བ་འདི་དང་ཞེས་པ་ནས། བགྱིད་པ་ལ་རྗེས་སུ་ཡི་རང་བའམ་ཞེས་པའི་བར་ཏེ། བདག་གི་སྐྱེ་བ་འདི་དང་། སྐྱེ་བ་ཐོག་མའི་ཐ་མ་མ་མཆིས་པ་ཞེས་པ་ནི་འཁོར་བའི་ཐོག་མ་འདི་ནས་གསར་དུ་བྱུང་ཞེས་ངོས་བཟུང་མི་ནུས་པས། འཁོར་བའི་ཐོག་མའི་མཐའ་མེད་པའོ། །དེ་ནས་བཟུང་སྟེ་ད་ལྟའི་བར་གྱི་སྐྱེ་བ་གཅིག་གཉིས་ཙམ་མ་ཡིན་པར་སྐྱེ་བ་ཐམས་ཅད་དུ་སྡིག་པའི་ལས་རང་གིས་བགྱིས་པ་དང་། གཞན་ལ་བགྱིད་དུ་བཅུག་པ་དང་། གཞན་གྱིས་སྡིག་པ་བགྱིས་པ་ལ་རྗེས་སུ་ཡི་རང་ཞིང་དགའ་བའམ་ཞེས་པ་ནི་མདོར་བསྟན་པ་སྟེ། འམ་ཞེས་པ་ནི་ཐམས་ཅད་བྱེད་པའི་ངེས་པ་མེད་པས་དེ་རྣམས་གང་རུང་ཞིག་བྱས་པའི་སྡིག་པ་བསྒྲགས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དཀོན་མཆོག་གི་དཀོར་འཕྲོག་པ་དང་། མཚམས་མེད་ཀྱི་ལས་དང་། མི་དགེ་བ་བཅུའི་སྡིག་པ་བཤགས་པའོ། །དང་པོ་ནི། མཆོད་རྟེན་གྱི་དཀོར་རམ་ནས། འཕྲོག་པ་ལ་རྗེས་སུ་ཡི་རང་བའམ་ཞེས་པའི་བར་ཏེ། མཆོད་རྟེན་ནི་ད་ལྟ་མཆོད་རྟེན་དུ་གྲགས་པ་དང་དེ་ཙམ་མིན་གྱི། མཆོད་པའི་རྟེན་དུ་གྱུར་བའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་ཐམས་ཅད་དོ། །དཀོར་ཞེས་པ་ནི་ནོར་རྫས་སྤྱིའི་མིང་ཡིན་ཀྱང་། འདིར་རྟེན་ལ་མཆོད་པའི་ཡོ་བྱད་མཆོད་རྫས་དངོས་སུ་ཕུལ་བ་དང་། འབུལ་བའི་ཆེད་དུ་བསྒྲུབས་པ་སྟེ། དེ་རྣམས་རང་གིས་འཕྲོག་པ་དང་། གཞན་ལ་འཕྲོག་ཏུ་བཅུག་པ་དང་། འཕྲོག་པ་ལ་རྗེས་སུ་ཡི་རང་བར་བྱས་པའི་མི་དགེ་བ་དང་། དེ་བཞིན་དུ་དགེ་སློང་བཞི་ཡན་འདུས་ནས་རྒྱུན་དུ་བཞུགས་པའི་དགེ་འདུན་དང་། ཕྱོགས་བཞིའམ་བཅུ་ན་བཞུགས་པའི་དགེ་འདུན་ཀྱི་དཀོར་འཕྲོག་པ་སོགས་ཀྱི་ཉེས་པའོ། །སྤྱིར་འཕགས་པའི་གང་ཟག་ཐམས་ཅད་དང་། ལམ་ཞུགས་ཀྱི་སོ་སྐྱེ་རེ་རེ་ལའང་དགེ་འདུན་ཞེས་བྱར་རུང་ཡང་། འདིར་ནི་འདུལ་བ་ནས་འབྱུང་བ་ལྟར་དགེ་སློང་བཞི་ཡན་འདུས་པ་ལ་དགེ་འདུན་དང་། གསུམ་མན་ལ་གང་ཟག་ཞེས་ཐ་སྙད་མཛད་པ་དང་བསྟུན་པར་མངོན་ཏེ། དགེ་འདུན་དང་ཕྱོགས་བཞིའམ་བཅུའི་དགེ་འདུན་སོ་སོར་མཛད་པའི་ཕྱིར་དང་། སྟོན་པ་བཞུགས་པའི་དངོས་ཀྱི་འཁོར་ལ་ཉན་ཐོས་ཀྱི་དགེ་འདུན་གཙོ་ཆེ་བའི་ཕྱིར་རོ། །འདིའི་གཞུང་ཁ་ཅིག་ཏུ་ཕྱོགས་བཞི་ཞེས་པ་ནི་ཤར་དང་ཤར་ལྷོ་སོགས་ཕྱོགས་དང་མཚམས་གཉིས་གཉིས་གཅིག་ཏུ་བསྡུས་པའོ། །ཕྱོགས་བཅུའི་དགེ་འདུན་གྱི་ཞེས་པའི་བརྒྱད་ནི་ཕྱོགས་མཚམས་བརྒྱད་ནས་བྱོན་པའམ་བཞུགས་པ་དང་སྟེང་འོག་ནས་བྱོན་པ་ནི་རྫུ་འཕྲུལ་གྱིས་བྱོན་པ་སྟེ་སངས་རྒྱས་ཀྱི་འཁོར་དུ་ཕྱོགས་བཅུའི་དགེ་བདུན་ཡོད་པ་ལ་དགོངས་པར་བྱ་དགོས་སོ། །འདིར་འཕྲོག་ཅེས་པ་བརྐུས་པ་དང་འཕྲོག་པ་གཉིས་ལ་སྦྱོར་ཞིང་། ཕྱི་མ་ནི་ཉེས་པ་ལྷག་པར་ཆེ་བས་རང་མིང་གིས་སྨོས་པའོ། །དེ་ཡང་གནང་བ་མེད་པར་རང་དགར་དེ་དག་གི་དཀོར་ལ་ལོངས་སྤྱོད་མི་རུང་པའི་དོན་ཡིན་གྱི། གནང་བ་ཞུས་ཏེ་བྱིན་ན་ནི་ཉེས་པ་མེད་དོ། །གཉིས་པ་ནི། མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང་ཞེས་སོགས་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དགྲ་བཅོམ་པ་བསད་པ་དང་། ཕ་དང་མ་བསད་པའི་མཚམས་མེད་ཀྱི་ལས་གཉིས་ཏེ་ལྔའོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་ནི། དེ་བཞིན་གཤེགས་པ་དཀྲོང་མི་ནུས་པ་བཞིན་དུ་དཀྲོང་བའི་སྦྱོར་བ་བྱེད་པ་ཡིན་ལ། དགེ་འདུན་གྱི་དབྱེན་ཞེས་པ་ནི་འདུལ་བ་ནས་འབྱུང་བ་ལྟར་དགེ་སློང་ཕན་ཚུན་བཞི་བཞི་སྟེ་བརྒྱད་ཀྱི་བར་དུ་དབྱེན་བྱས་ནས་ཕྱེ་བ་སྟེ། གཞན་དུ་ན་གང་ཟག་གི་བར་དུ་དབྱེན་བྱས་པར་འགྱུར་ཞིང་། འདི་ཡང་འདུལ་མངོན་དང་བསྟུན་པར་གསལ་ལོ། །དེ་རང་གིས་བགྱིས་པ་སོགས་ནི་སྔར་བཞིན་ནོ། །མཚམས་མེད་པ་ཞེས་པའི་སྒྲ་དོན་ནི། ཁ་ཅིག་ལས་དེ་བྱས་པའི་ཕྱི་མ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་མནར་མེད་དུ་སྐྱེ་བའི་དོན་ཡིན་ཞེས་གསུངས་ཤིང་། འགའ་ཞིག་ཏུ་རྣམ་སྨིན་སྡུག་བསྔལ་རྒྱ་ཆེ་བའི་མཚམས་འཛིན་མི་ནུས་པའོ་ཞེས་ཀྱང་བཤད་དོ། །གསུམ་པ་ནི། མི་དགེ་བ་བཅུའི་ལས་ཞེས་སོགས་ཏེ། སྲོག་གཅོད་པ་སོགས་ལུས་ཀྱི་མི་དགེ་བའི་ལས་གསུམ་དང་། བརྫུན་དུ་སྨྲ་བ་ལ་སོགས་པ་ངག་གི་མི་དགེ་བའི་ལས་བཞི་དང་། བརྣབ་སེམས་ལ་སོགས་པ་ཡིད་ཀྱི་མི་དགེ་བའི་ལས་གསུམ་སྟེ་བཅུའོ། དེ་རྣམས་རང་གིས་ཡང་དག་པར་ཏེ་ཇི་ལྟ་བཞིན་བླང་ནས་ཞུགས་པ་དང་། གཞན་ལ་འཇུག་ཏུ་བཅུག་པ་དང་། འཇུག་པ་ལ་རྗེས་སུ་ཡི་རང་བར་བྱས་པའི་སྡིག་པ་སྟེ། འམ་ནི་གདམ་ཁ་ཅན་ཏེ་ཐམས་ཅད་དམ་གང་རུང་ངོ་། །ཉེས་པ་འདི་རྣམས་གང་རུང་བྱས་པ་མི་སྦེད་པར་སྐྱབས་གནས་རྣམས་ཀྱི་དྲུང་དུ་བསྒྲགས་པའོ། །ཉེས་པ་འདི་ལྟར་འགྱོད་སེམས་ཀྱིས་བསྒྲགས་པ་ནི་ཉེས་པ་དེ་འདགས་པའི་རྐྱེན་དུ་འགྱུར་བ་ཡིན་གྱི། ཉེས་པ་བྱས་ནས་ཁྲེལ་མེད་ཀྱི་བསམ་པས་ངོམས་པའི་སྒོ་ནས་གཞན་ལ་སྒྲོགས་པ་ནི་ཉེས་པ་ལྷག་པར་འཕེལ་བར་འགྱུར་བའི་རྐྱེན་ཡིན་པས་ཁྱད་པར་བྱེད་པར་བྱའོ། །གསུམ་པ་སྡིག་ལྟུང་ཇི་ལྟར་བཤགས་པ་ནི། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས། ཞེས་པ་ནས། མི་སྦེད་དོ་ཞེས་པའི་བར་ཏེ། དེ་ཡང་གོང་དུ་སྨོས་པའི་སྡིག་པའི་ལམ་དེ་དག་ལས། ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་པའི་དབང་གིས་བདག་སེམས་ཅན་དམྱལ་བ་སོགས་ངན་སོང་གསུམ་དུ་འཆི་བ་སྟེ་འགྲོ་བའམ། ཆོས་མ་དར་བའི་ཡུལ་མཐའ་ཁོབ་དང་། ཀླ་ཀློ་གླེན་ལྐུགས་དང་། ཆོས་སྒྲུབ་པའི་སྐལ་བ་མེད་པའི་ལྷ་ཚེ་རིང་པོ་རྣམས་དང་། མི་ཡིན་ཀྱང་དབང་པོ་མ་ཚང་བ་དང་། ལས་འབྲས་ལ་སྐུར་བ་འདེབས་པའི་ལོག་ལྟ་ཅན་དང་། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བར་སྐྱེ་བ་སྟེ། མདོར་ན་མི་ཁོམ་པ་བརྒྱད་དུ་སྐྱེ་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ནི་སངས་རྒྱས་དེ་རྣམས་ཀྱི་སྤྱན་སྔར་ཏེ་དྲུང་དུ་མི་སྦེད་པར་ངག་གིས་བརྗོད་པའི་སྒོ་ནས་མཐོལ་ལོ། །ཡིད་འགྱོད་པའི་སྒོ་ནས་འཆགས་སོ། །མི་འཆབ་བོ། །མི་སྦེད་དོ་ཞེས་པ་ནི་དེ་གཉིས་མིང་གི་རྣམ་གྲངས་སུ་བྱས་ཀྱང་མི་འགལ་ཞིང་། སྔོན་མ་ནི་ཉེས་པ་མི་གསང་བ་དང་། ཕྱི་མ་ནི་ཤེས་བཞིན་དུ་མི་སྦེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ་ཞེས་སོགས་ནི། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་སྤྱིར་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་ཤིང་། ཁྱད་པར་དུ་ལས་དཀར་ནག་འབྲས་བུ་དང་བཅས་པ་ཕྲ་ཞིང་ཕྲ་བ་ཐམས་ཅད་ཇི་ལྟ་བ་བཞིན་གཟིགས་པའི་ཡེ་ཤེས་དང་ལྡན་པར་གྱུར་བ། དེ་ཡང་མིག་གིས་གཟུགས་གསལ་བར་མཐོང་བ་ལྟར་མངོན་སུམ་དུ་གཟིགས་པས་སྤྱན་དུ་གྱུར་པ། དགེ་མི་དགེའི་ལེགས་ཉེས་ཇི་ལྟ་བ་བཞིན་རང་གིས་མཁྱེན་ཅིང་གཞན་གྱིས་དྲི་བའི་དཔང་པོར་འོས་པས་དཔང་དུ་གྱུར་བ། བླང་དོར་གྱི་གནས་ཇི་ལྟར་བསྟན་པ་བཞིན་འབྱུང་བའི་མི་བསླུ་བ་ཡིན་པས་ཚད་མར་གྱུར་པ། མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་རྣམས་མངོན་སུམ་དུ་གཟིགས་པའི་སངས་རྒྱས་དེ་རྣམས་ཀྱི་དྲུང་དུ་བཤགས་པར་བྱའོ་ཞེས་སོ། །བཞི་པ་ཉེས་པ་ལས་སླར་ལྡོག་པའི་སྟོབས་ནི། སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ་ཞེས་པ་སྟེ། སྔར་སྡིག་པའི་ལས་རྣམས་འགྱོད་སེམས་སྐྱེས་པའི་སྒོ་ནས་བཤགས་པར་མ་ཟད། ད་སླན་ཆད་དམ་ཕྱིན་ཆད་ཀྱང་དེ་བྱེད་པའི་འཕྲོ་གཅོད་ཅིང་ཡིད་ཀྱིས་སྡོམ་པར་བགྱིད་ལགས་སོ་ཞེས་པའོ། །གཉིས་པ་དགེ་བ་བསྔོ་ཚུལ་ལ་གསུམ། དཔང་གསོལ་དང་། བསྔོ་བྱའི་དགེ་རྩ་ངོས་བཟུང་བ་དང་། ཇི་ལྟར་བསྔོ་བའ་ིཚུལ་ལོ། །དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ་ཞེས་པའོ། ། གཉིས་པ་ནི། བདག་གི་སྐྱེ་བ་འདི་དང་ཞེས་པ་ནས་གང་ལགས་པ་ཞེས་པའི་བར་ཏེ། གོང་དུ་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་ཞེས་འབྱུང་ཞིང་། འདིར་སྐྱེ་གནས་གཞན་དག་ཏུ་གསུངས་ལ། དེའི་ཁྱད་པར་ནི་སྡིག་པའི་ལས་སྐྱེ་བ་ཐམས་ཅད་དམ་མང་པོར་བགྱིས་ཤིང་། འོན་ཀྱང་སྐྱེ་བ་འགའ་ཞིག་ལ་ནི་དགེ་བའི་ལས་ཕྲན་ཆགས་བགྱིས་པ་སྲིད་པས་དེའི་ཁྱད་པར་རོ། །དེས་ན་ཚེ་རབས་གཞན་འགའ་ཞིག་ཏུ་ཡར་མན་གྱི་མགྲོན་ལ་སྦྱིན་པ་རྒྱ་ཆེན་པོ་བྱས་པར་ཡོད་ན་ལྟ་ཅི། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་བྱ་རི་དྭགས་སོགས་ལའང་ཟས་མང་པོར་མ་ཟད། ཟས་ཁམ་གཅིག་ཙམ་བསྩལ་བ་སྟེ་བྱིན་པའི་དགེ་བའི་རྩ་བ་གང་ལགས་པ་སྟེ་གང་ཡིན་པ་དང་། རང་གིས་མི་དགེ་བཅུ་ལ་སོགས་པ་སྤོང་བའི་ཚུལ་ཁྲིམས་བསྲུངས་པའི་དགེ་བ་དང་། རབ་ཏུ་བྱུང་ནས་ཚངས་པར་སྤྱོད་པའི་དགེ་བ་དང་། སེམས་ཅན་གཞན་ལ་ཆོས་བསྟན་པ་སོགས་ཀྱི་སྒོ་ནས་རྒྱུ་སྨིན་པར་བྱས་པའི་དགེ་བ་དང་། རང་ཉིད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བ་དང་། སེམས་དེའི་སྒོ་ནས་བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་ཆེད་དུ་བསགས་པའི་ཕྱིན་དྲུག་སོགས་ཀྱི་དགེ་བའི་རྩ་བ་སྤྱི་དང་ཤེར་རབ་ཀྱི་བསླབ་པའི་དགེ་རྩ་གང་ལགས་པ་ཞེས་པ་ནི་བསྔོ་བྱའི་དགེ་རྩ་བསྟན་པའོ། ཁ་ཅིག་ཚངས་པར་སྤྱོད་པ་བཟོད་པ་དང་། སེམས་ཅན་སྨིན་པ་བརྩོན་འགྲུས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་བསམ་གཏན་དང་། བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་རྩ་ཤེས་རབ་ལ་སྦྱར་བའང་སྣང་ངོ་། གཉིས་པ་དགེ་རྩ་ཇི་ལྟར་བསྔོ་བ་ལ་གཉིས་ལས། དང་པོ་ནི། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་ཞེས་པ་ནས། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། ཞེས་པའི་བར་ཏེ། གོང་དུ་སྨོས་པའི་དགེ་བ་དེ་དག་ལ་སོགས་པ་དུས་གསུམ་དུ་བསགས་པའི་དགེ་རྩ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བསྔོའོ། །བསྡུས་པ་བཟླུམས་པ་བསྡོམས་པ་གསུམ་དོན་འདྲ་བར་སྣང་ཡང་། རྒྱ་གར་གྱི་འགྲེལ་པ་གསུམ་གྱི་གཅིག་ལས། དགེ་བ་སོ་སོ་བ་རྣམས་གཅིག་ཏུ་བྱས་པས་ན་བསྡུས་པ། འདྲེས་པར་བྱས་པས་ན་བཟླུམས་པ། མི་ཕྱེད་པར་བྱས་པས་ན་བསྡོམས་པའོ་ཞེས་བཤད་ལ། གཅིག་ལས་ནི། བསྡུས་པ་ནི་རང་གི་ངོ་བོའི་སྒོ་ནས། བཟླུམས་པ་ནི་བྱ་བའི་སྒོ་ནས། བསྡོམས་པ་ནི་ནུས་པའི་སྒོ་ནས་སོ་ཞེས་གསུངས། གཅིག་ལས་ནི། ཚེ་འདིའི་ཆེད་དུ་མ་བསྔོས་པས་བསྡུས་པ། ཕྱི་མའི་ཕུན་ཚོགས་ཀྱི་ཆེད་དུ་མ་བསྔོས་པས་བཟླུམས་པ། ཉན་རང་གི་སར་མ་བསྔོས་པས་བསྡོམས་པའོ་ཞེས་བཤད། བོད་འགྲེལ་ཞིག་ལས། རང་གི་དགེ་རྩ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་དང་། གཞན་གྱི་དགེ་རྩ་རྣམས་ཕྱོགས་གཅིག་ཏུ་བཟླུམས་པ་དང་། རང་གཞན་གཉིས་ཀའི་དགེ་རྩ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ནས་རྫོགས་བྱང་དུ་བསྔོ་བའི་དོན་དུ་བཤད་དོ། །གང་དུ་བསྔོ་བ་ནི་བླ་ན་སྟེ་དེའི་ལྟག་གམ་སྟེང་ན་གཞན་མ་མཆིས་པ་དང་། དེའོ་གོང་ན་ཁྱད་པར་དུ་འཕགས་པ་གཞན་མ་མཆིས་པ་དང་། གོང་མ་ཉན་རང་རྣམས་ཀྱི་ཡང་གོང་མ་མཆོག་ཏུ་གྱུར་པ་དང་། བླ་མ་བྱང་སེམས་རྣམས་ཀྱི་ཡང་བླ་མ་སངས་རྒྱས་སུ་འགྱུར་བའི་བསམ་པས་ཡོངས་སུ་བསྔོ་བའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། ཞེས་པ་སྟེ། སེམས་བསྐྱེད་དང་ལྟ་བ་རྣམ་དག་གིས་ཟིན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱིས་སར་བསྔོ་བ་རྣམས་ནི་བསྔོ་བ་བླ་ན་མེད་པར་འགྱུར་ཏེ། བསྔོ་ཚུལ་གྱི་སྒོ་ནས་བཞག་པ་དང་། བསྔོ་ཡུལ་གྱི་སྒོ་ནས་བཞག་པ་གཉིས་སོ། །མཁས་པ་ཁ་ཅིག་བླ་ན་མཆིས་པས་གཟུགས་སྐུ་དང་། གོང་ན་མ་མཆིས་པས་ཆོས་སྐུ་བསྟན་ཞེས་བཤད་པ་ལྟར་ནའང་དེ་གཉིས་སུ་བསྔོ་བ་ལ་སྦྱོར་རྒྱུ་ཡིན་ནོ། །དེ་བཞིན་དུ་གོང་མའི་ཡང་གོང་མ་ཞེས་པས་ལོངས་སྐུ་དང་། བླ་མའི་ཡང་བླ་མ་ཞེས་པས་སྤྲུལ་སྐུ་བསྟན་ཞེས་གསུངས་ཏེ་ཡི་གེའི་དོན་ལ་ཞུགས་མ་ཞུགས་བརྟག །གཞུང་འདིས་ཤུགས་ལ་དགེ་རྩ་རྣམས་རང་དོན་ཕལ་པ་ཙམ་དང་དམན་པའི་བྱང་ཆུབ་ཏུ་བསྔོ་བ་བཀག་གོ །གཉིས་པ་ནི། ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཞེས་པ་ནས། དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་པའི་བར་ཏེ། དཔེ་ཇི་ལྟར་དུས་གསུམ་སངས་རྒྱས་རྣམས་ཀྱིས་བསྔོ་བ་བླ་ན་མེད་པ་མཛད་ཅིང་མཛད་པར་འགྱུར་བ་དེ་བཞིན་དུ་བདག་གིས་ཀྱང་དགེ་བ་ཐམས་ཅད་དེ་ལྟར་བསྔོའོ་ཞེས་པ་སྟེ། ཚིག་བསྡུས་ཀྱང་དོན་རྒྱ་ཆེའོ། །དེ་ལྟ་བུའི་བསྔོ་ཚུལ་ཁྱད་པར་ཅན་རྒྱས་པར་ནི་བསྔོ་བ་སྒོམ་ལམ་འཆད་པའི་ཡུལ་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་ལས་བཤད་པ་ལྟར་དང་། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་སོགས་ལྟར་བསྔོ་བ་ནི་བསྔོ་བ་བླ་ན་མེད་པ་ཁྱད་པར་ཅན་དུ་བཤད་དོ། །གསུམ་པ་ཡན་ལག་ལྷག་མ་བསྡུས་ཏེ་འཆད་པ་ལ་གཉིས། དངོས་དང་། སྐྱབས་སུ་འགྲོ་བའོ། །དང་པོ་ནི། སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །ཞེས་པ་ནས། ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག་ཅེས་པའི་བར་ཏེ། སྒོ་གསུམ་གྱི་སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །རང་གཞན་གྱིས་བསྐྲུན་པའི་བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་། མྱ་ངན་ལས་འདའ་བར་བཞེད་པ་དེ་དག་མྱ་ངན་ལས་མི་འདའ་བར་གསོལ་བར་འདེབས་སོ། །དགེ་བའི་རྩ་བ་དེས་བདག་སོགས་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་དམ་པ་ཀུན་མཁྱེན་ཐོབ་པར་གྱུར་ཅིག་ཅེས་པ་ནི་ཡན་ལག་གཞན་དང་བཅས་མདོར་བསྡུས་ནས་བཤད་པའོ། །གཉིས་པ་སྐྱབས་སུ་འགྲོ་བ་ནི། མི་མཆོག་རྒྱལ་བ་ནས། སྐྱབས་སུ་ཉེ་བར་མཆིའོ་ཞེས་པའི་བར་ཏེ། ལྷ་དང་མི་རྣམས་ཀྱི་མཆོག་རྒྱལ་བ་གང་དག་ད་ལྟར་ཕྱོགས་བཅུ་ན་བཞུགས་པ་དང་། གང་དག་སྔར་བྱོན་ནས་འདས་པའི་ཚུལ་བསྟན་པ་དང་། འབྱོན་འགྱུར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་དང་བསྔགས་པའམ། ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པ་རྒྱ་མཚོ་དང་འདྲ་བ་ཀུན་ལ་བདག་ཐལ་མོ་སྦྱར་བ་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །ཕུང་པོ་གསུམ་པའི་མདོ་གཞན་ཞིག་ཀྱང་སྣང་ཡང་། གཞུང་འདི་ལ་ཕུང་པོ་གསུམ་པ་ཞེས་བརྗོད་པ་ནི། སྡིག་བཤགས་དང་། རྗེས་སུ་ཡི་རང་དང་། བསྔོ་བའི་ཕུང་པོ་གསུམ་སྟོན་པའི་དབང་དུ་མཛད་པ་སྟེ། ཕུང་པོ་གསུམ་ལ་འཇོག་ཚུལ་ཅུང་ཟད་མི་འདྲ་བ་ཞིག་ཀྱང་ཡོད་དོ།། །།སྨྲས་པ། ལྷ་མིའི་སྟོན་པ་ཤཱཀྱའི་གཙོ་བོ་དེས། །གདུལ་བྱའི་དོན་དུ་བདེ་གཤེགས་སོ་ལྔ་ལ། །བརྟེན་ནས་སྡིག་སྒྲིབ་སྦྱོང་ཐབས་གསུངས་པ་འདིས། །འགྲོ་བའི་སྡིག་ལྟུང་ཉེས་ཀུན་བྱང་གྱུར་ཅིག །གང་དག་ཚུལ་འདིར་འབད་པའི་འོ་མཚོ་ལས། །འཁྲུངས་པའི་རྣམ་དཀར་ཀུནྡའི་གཉེན་གྱུར་དེས། །ཀུན་གྱི་སྡིག་ལྟུང་མུན་ཚོགས་རབ་བཅོམ་ནས། །ཕན་བདེའི་ལས་བཟང་ཀུན་ནས་གསལ་བྱེད་ཤོག །ཅེས་ལྟུང་བཤགས་ཀྱི་ཆོ་ག་དང་དེའི་འགྲེལ་པ་མཚོན་ཙམ་དང་བཅས་པ་འདི་ནི། དད་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་སྔགས་རམ་པ་གྲགས་པ་འོད་ཟེར་། གནས་བརྟན་འཇམ་དབྱངས་བརྩོན་འགྲུས། ངག་དབང་དོན་གྲུབ་གསུམ་གྱིས། ཁོ་བོ་ཅག་གི་ཉམས་ལེན་དུ་ལྟུང་བཤགས་འདོན་ཚུལ་གྱི་ཆོ་ག་འགྲེལ་པ་དང་བཅས་པ་ཞིག་གྱིས་དང་པར་དུ་བརྐོ་བར་བྱའོ་ཞེས་བསྐུལ་བ་ལྟར་ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་གཞན་ལ་ཕན་འདོད་ཀྱི་བསམ་པས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའོ། །མངྒ་ལཾ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ། ན་མསྟྲེ་ཡ་དྷཱི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲཱ་པྲ་ཏི་ཧ་ཏཱ་བཱཔྟི་དྷརྨ་ཏཱ་བ་ལི་ནཱཾ། ཨ་ས་མ་ས་མནྟ་ཏོ་྅ནནྟཱ་བཱ པྟི་ཤཱ་ས་ནི། ཧ་ར་ཧ་ར་སྨ་ར་སྨ་ར་ཎ། བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ། ས་ར་ས་ར་ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། བྷ་ག་ཝན་མ་ཧཱ་བ་ར་ལ་ཀྵ་ཎི། ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱཧཱ། བློ་བཟང་བསམ་གཏན་གྱིས་བརྐོས།། །།

སྐུ་གསུང་ཐུགས་རྟེན་བཞེངས་ཤིང་མཆོད་པ་སོགས་ཀྱི་ཕན་ཡོན་བསྟན་པ།

སྐུ་གསུང་ཐུགས་རྟེན་བཞེངས་ཤིང་མཆོད་པ་སོགས་ཀྱི་ཕན་ཡོན་བསྟན་པ་བཞུགས།

ན་མོ་ཨརྱ་མཉྫུ་ཤྲཱི་ཡེ། རབ་མཛེས་མཚན་དཔེའི་དཔལ་འབར་སྐུ་ནི་གསེར་གྱི་ས་འཛིན་དབང་ལྟར་བརྗིད། །རབ་སྙན་ཡན་ལག་དྲུག་ཅུའི་གསུང་ནི་ཚངས་དབྱངས་འབུམ་ཕྲག་སྒྲོགས་པ་བཞིན། །རབ་མང་ཤེས་བྱ་ཀུན་གསལ་ཐུགས་ནི་ཉིན་བྱེད་སྟོང་གི་འོད་ལྟ་བུ། །རབ་མཆོག་སྟོན་པ་ཤཱཀྱའི་གཙོ་དེར་གུས་པས་འདུད་ཀྱིས་ཐུགས་རྗེས་གཟིགས། །མགོན་དེས་མ་འོངས་དད་ལྡན་གདུལ་བྱ་ཡིས། །སྐུ་གསུང་ཐུགས་རྟེན་བཞེངས་ཤིང་མཆོད་བྱས་ན། ཕན་ཡོན་འདི་ལྟར་འབྱུང་ཞེས་གསུངས་པ་འགའ། །དད་ལྡན་སྤྲོ་བ་བསྐྱེད་ཕྱིར་བརྗོད་པར་བྱ། །འདི་ལ་གཉིས། །སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཤིང་མཆོད་པ་སོགས་ཀྱི་ཕན་ཡོན་དང་། ཇི་ལྟར་མཆོད་པའི་ཚུལ་བཤད་པའོ། །དང་པོ་ནི། མདོ་སྔགས་ནས་བཤད་པ་ལྟར་ཅུང་ཟད་བཀོད་ན། འདི་ལྟར། བདེ་མཆོག་སྡོམ་འབྱུང་ལས། སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་བསྒྲུབས་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། རང་གི་ལག་གིས་མཆོད་རྟེན་བྱས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་བ། །མཆོད་རྟེན་འབུམ་བྱས་ན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བ་འགྱུར་ཏེ། བསྟན་བཅོས་ཐམས་ཅད་མངོན་པར་ཤེས་པ་ལ། ཞེས་པ་ནས། སྐྱེ་བ་རྣམས་སུ་རྒྱལ་པོ་བྱེད་ཅིང་ངན་སོང་དུ་མི་འགྲོ། ཞེས་དང་། བསྐལ་པ་བྱེ་བར་བྱས་པའི་སྡིག །ཤིན་ཏུ་མི་བཟད་པར་ཡིན་པ། །ས་སྟེང་རིང་མོ་མཐོང་བ་ཡིས། །དེ་ཡི་མོད་ལ་བྱང་བར་བྱེད། །ཅེས་དང་། འཇིགས་རྟེན་དོན་དུ་སྐྱོབ་པ་ཡི། །སྐུ་གདུང་རྣམས་ལ་མཆོད་བྱེད་ན། །དེས་ནི་བདེ་བ་མྱོང་འགྱུར་ཏེ། །ཞེས་པ་ནས། དངོས་གྲུབ་རྣམས་ནི་ཐོབ་པར་འགྱུར། །ཞེས་པའི་བར་དང་། དོན་ངེས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་སྲེད་མེད་ཀྱི་བུ་ཆེན་པོ་ལྟ་བུར་ཀུན་དུ་མཛེས་པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། གཞན་དག་འཇིགས་པ་ལ་དབུགས་དབྱུང་བར་བྱས་པས་འགྲུབ། ཅེས་དང་། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞེངས་པའི་ཕན་ཡོན་བསྟན་པའི་མདོ་ལས། དགེ་སློང་དག །དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། གཞལ་མང་ཁང་ཆེན་པོར་གནས་པ་དང་། བོང་ཚོད་བཟང་བར་གྲགས་པ་དང་། སྤྲོ་བ་མང་བ་དང་། ཚེ་རིང་བ་དང་། གྲགས་པ་དང་ལྡན་ཅིང་བདེ་བ་མང་བ་སྟེ། ཞེས་དང་། གཞན་ཡང་། ཕྱུག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་དང་། ཞེས་པ་ནས། ནོར་དང་འབྲུ་དང་དབྱིག་དང་གསེར་དང་མཛོད་དང་བང་བའི་ཚོགས་མང་བ་དང་། རྟ་དང་གླང་པོ་དང་བ་ལང་དང་ཞེས་པ་དང་། གཉེན་དང་སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ་ཞེས་དང་། གཞན་ཡང་གཟུགས་བཟང་བ་དང་། ལྟ་ན་སྡུག་པ་དང་། མཛེས་པ་དང་ཞེས་སོགས་དང་། གཞན་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་བུ་སྟོང་གིས་བསྐོར་བར་འགྱུར་ཏེ་ཞེས་དང་། གཞན་ཡང་དེ་ལུས་དང་བྲལ་ནི་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང་ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་གྱུར་ལ། ཞེས་པ་ནས། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ལྔ་པ་ཡིན་ནོ། །ཞེས་གསུངས་ཤིང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་གལ་ཏེ་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། རྣམ་པར་གྲོལ་བ་བརྒྱད་དང་ལྡན་པ་བསམ་གཏན་ལ་སྙོམས་པར་ཞུགས་པའི་དགྲ་བཅོམ་པ་ཤ་སྟག་གིས། ཞེས་པ་ནས། སངས་རྒྱས་ཀྱི་རིང་བསྲེལ་ཀྱི་ཕྱིར་མཆོད་རྟེན་བརྩིགས་པའི་བསོད་ནམས་ཀྱི་ཕུང་པོ་མང་སྟེ་ཞེས་པའི་བར་གྱིས་ཉན་ཐོས་དགྲ་བཅོམ་པ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གང་བ་ལ་མཆོད་པའི་ཕན་ཡོན་ལས་སངས་རྒྱས་ཀྱི་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་ཆེན་པོ་བྱས་ནས་མཆོད་པའི་ཕན་ཡོན་ཆེ་བར་གསུངས་པ་དང་། འཕགས་པ་རྨད་དུ་བྱུང་བའི་མདོ་ལས། འཛམ་བུ་གླིང་དཔག་ཚད་བདུན་སྟོང་དང་། ཞེས་པ་ནས། །ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་པ་རྣམས་དང་། ཕྱིར་མོ་འོངས་པ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་ཀྱུ་རུ་རའི་འབྲས་བུ་ཙམ་དུ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་དུ་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་པའི་བར་དང་། ལས་རྣམ་པར་འབྱེད་པའི་མདོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པའི་ཕན་ཡོན་བཅོ་བརྒྱད་དེ། བཅོ་བརྒྱད་པོ་གང་ཞེ་ན། རྒྱལ་པོ་ཆེན་པོའི་ཁྱིམ་དུ་སྐྱེ་བ་དང་། གཟུགས་བཟང་བ་དང་། མཛེས་ཤིག་མིག་ཏུ་སྡུག་པར་འགྱུར་བ་དང་། དབང་པོ་རྣོ་བར་འགྱུར་བ་དང་། ལུས་རྡོ་རྗེའི་ཚོགས་ལྟར་འགྱུར་བ་དང་། གཡོག་འཁོར་ཆེན་པོར་འགྱུར་བ་དང་། ཞེས་པ་ནས། ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་མྱ་ངན་ལས་འདའ་བ་སྟེ། བཅོ་བརྒྱད་པོ་འདི་དག་ནི་དེ་བཞིན་གཤེགས་པའི་སྐུ་བཞེངས་པའི་ཕན་ཡོན་ནོ་ཞེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། ཐུབ་པའི་དབང་པོའི་མཆོད་རྟེན་བཞེངས་པ་ཡིས། །མྱ་ངན་རྣམས་བསལ་ལུས་ཀུན་རྒྱས་པ་ཡི། །གཙོ་བོར་གྱུར་པའི་རིན་ཆེན་མཛོད་མང་དང་། །ས་སྟེང་དགྲ་ཡི་ཚོགས་ལས་རྒྱས་བར་འགྱུར། །ཞེས་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། རྟག་ཏུ་དགའ་བའི་སེམས་བསྐྱེད་དེ། །སངས་རྒྱས་གཟུགས་སམ་རྟེན་ཡང་རུང་། །མཐེ་བོང་ཙམ་ཞིག་གང་བྱས་པ། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །ཞེས་དང་། བུ་མོ་རྣམ་དག་གིས་ཞུས་པ་ལས། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་བྱས་ནས་པདྨའི་གདན་ལ་འཇོག་པ་དང་། ཞེས་པ་ནས། གསེར་གྱིས་སངས་རྒྱས་གཟུགས་བརྒྱན་ཏེ། །རིན་ཆེན་པདྨའི་གདན་ལ་བཞག །སེམས་ཅན་མྱ་ངན་གང་སེལ་བ། །སངས་རྒྱས་སྤྱན་སྔར་བརྫུས་ཏེ་སྐྱེ། །ཞེས་དང་། བུ་མོ་རིན་ཆེན་གྱིས་ཞུས་པ་ལས། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཐུ་བོ་ཆེ་ཆེན་པོའི་ལུས་ཀུན་ནས་མཛེས་པ་འདི་ནི། སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། གཞན་འཇིག་པ་དབུགས་དབྱུང་བ་དང་། སེམས་ཅན་གཞན་མི་མཐུན་པ་འདུམ་བྱས་པས་འགྲུབ་སྟེ་ཞེས་དང་། འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །བཅུ་གང་ཞེ་ན། དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པ་དང་། མཆོད་རྟེན་ཞིག་པ་གསོ་བ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཀྱིས་བྱུགས་པ་དང་། ཞེས་པ་ནས། ཆོས་བཅུ་པོ་དེ་དག་དང་ལྡན་ན་མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །ཞེས་པའི་བར་དང་། དམ་ཆོས་པད་དཀར་ལས། རྒྱལ་བ་མྱ་ངན་འདས་པ་དེ་དག་གི །རྒྱལ་བའི་རིང་བསྲེལ་དག་ལ་སུ་མཆོད་ཅིང་། །རིང་བསྲེལ་མཆོད་རྟེན་སྟོང་ཕྲག་དུ་མ་དང་། །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱིའམ། །རྡོ་རྗེ་སྙིང་པོའི་མཆོད་རྟེན་གང་གིས་བྱས། །བཻཌུརྱ་མཆོག་དེ་བཞིན་ཨིནྡྲ་ནཱི་ལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །གང་གིས་ཨ་ཀ་རུའམ་ཙནྡན་ནམ། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་ངམ་གཞན་ལ་བྱས་པ་དང་། །སའམ་སོ་ཕག་ལ་ནི་བརྩིགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་བཞིན་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་དག་ཏུ་བྱས་པ་དང་། །བྱིས་པ་རྩེ་མོའི་ཕྱིར་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོར་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ལ་ལས་དེ་བཞིན་རིན་ཆེན་གཟུགས་བྱེད་པ། །སུམ་ཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་བཞིན་དུ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ལ་ལས་དེར་ནི་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལ། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །ལྟ་ན་སྡུག་ཅིང་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་རྒྱས་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འདྲི་ན་བཅུག་ཀྱང་རུང་། །དེ་དག་ཐམས་ཅན་བྱང་ཆུབ་ཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞོན་ནུའང་རུང་། །གང་དག་ལ་ལ་དེ་ན་སློབ་པའི་ཚེ། །རྩེད་མོ་དག་དང་གསར་པ་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་པོ་ཅན་དུ་འགྱུར། །ཐམས་ཅད་ཀྱང་ནི་སྲོག་ཆགས་བྱེ་བ་སྒྲོལ། །བྱང་ཆུབ་སེམས་དཔའ་མང་དག་ཡང་དག་འཛུད། །དེ་བཞིན་གཤེགས་པ་རྣམས་ཀྱི་རིང་བསྲེལ་དང་། །འཇིམ་པའི་གཟུགས་དང་མཆོད་རྟེན་དག་ལའང་རུང་། །རྩིག་ངོས་བྲིས་དང་རྡུལ་ཕུང་མཆོད་རྟེན་ལ། །དེ་ལ་མེ་ཏོག་དང་ནི་སྤོས་གསོལ་ཏེ། །དེར་ནི་གང་གིས་རབ་སྙན་ཅང་ཏིའུ་དང་། །དུང་དང་རྔ་ཆེན་རོལ་མོའི་སྒྲ་བྱེེད་གཅུག །བྱང་ཆུབ་མཆོག་རབ་མཆོད་པར་བྱ་བའི་ཕྱིར། །གང་དག་རྔ་རྣམས་དང་ནི་རྡུང་བྱེད་ཅིང་། པི་ཝང་དག་དང་ཕེག་དང་འཁར་བའི་རྔ། །རྫ་རྔ་རྒྱུད་གཅིག་གླིང་བུ་ཡིད་འོང་དང་། །ཨ་ཀོ་ན་ད་རབ་ཏུ་སྙན་འབྱིན་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །གང་དག་ལྕགས་ཀྱི་གསིལ་ཁྲོལ་རྡུང་བཅུག་དང་། །ཆུ་ལ་བཏབ་དང་ཐལ་མོ་བརྡབ་པ་དང་། །ཡིད་དུ་འོང་ཞིང་སྙན་པའི་གླུ་དབྱངས་དང་། །རིང་བསྲེལ་དེ་དག་རྣམ་མང་མཆོད་བྱས་པ། །དེ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར། །བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་ཀྱང་། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་བྱུང་བ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་གཟུགས་ནི་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའི་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལུས་ཀྱང་ལན་ཅིག་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །ཡེངས་པའི་སེམས་ཀྱི་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཞེས་སོགས་གསུངས་པ་དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་མདོ་ལས། གཞན་ཡང་མངོན་པར་ཤེས་པ་མྱུར་བ་ཉིད་དུ་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་མཆོད་རྟེན་མཆོད་པ་དང་། ཕྱིར་བཅོས་པ་དང་། བྱི་དོར་བྱ་བ་ལྷུར་བླང་པར་བྱ་སྟེ། བརྟན་པའི་བློ་གྲོས་དེ་ལ་རིགས་ཀྱི་བུའམ། རིགས་གྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བྱི་དོར་བྱེད་པ་དེ་ནི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་བཞི་འཐོབ་བོ། །བཞི་གང་ཞེ་ན། གཟུགས་ཀྱི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་དང་། དལ་བ་ཕུན་སུམ་ཚོགས་པ། ཡང་དག་པར་བླངས་པ་བརྟན་པ། དེ་བཞིན་གཤེགས་པ་བལྟ་བའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པའོ་ཞེས་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་ལས། སའམ། རྡོ་ཐལ་ལམ། ཤིང་ངམ། རྡོའམ། རུས་པའམ། ལྕགས་སམ། ས་བའམ། གསེར་རམ། དངུལ་ལམ། བཻཌུརྱ་འམ། ཤེལ་ལམ། མུ་ཏིག་དམར་པོའམ། རྡོའི་སྙིང་པོའམ། སྤུག་གམ། དུང་ངམ། མན་ཤེལ་ལམ། སྤོས་སམ། རས་སམ། ཤིང་ལེབ་བམ། རྩིག་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པར་བྱའོ། །རལ་པ་གསོ་བར་བྱའོ། །གྲུམ་པ་འཆོས་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན་རིགས་དམའ་བ་རྣམས་དང་། སྡིག་པ་བྱེད་པའི་རིགས་དང་། ལོག་པར་ལྟ་བའི་རིགས་སུ་མི་སྐྱེ། ཡན་ལག་གང་ཡང་མ་ཚང་བ་མི་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ་སྐུ་གཟུགས་བྱས་ན། ལས་དེས་སེམས་ཅན་དམྱལ་བ་ཆུང་ངུ་མྱོང་སྟེ་ཐེག་པ་གསུམ་གང་ཡང་རུང་བས་ངེས་པར་འབྱུང་བར་འགྱུར་རོ། །དཔེར་ན། མི་ཞིག་མི་གཙང་བས་རེག་པ་ལ་རབ་ཏུ་དག་པར་བཀྲུས་ཏེ་སྤོས་ཀྱིས་བྱུགས་ན། དྲི་མི་ཞིམ་པ་དེ་མེད་པར་འགྱུར་རོ། །དེ་བཞིན་དུ་མཚམས་མེད་པ་བྱས་པ་དེའི་སྡིག་པ་མེད་པར་འགྱུར་རོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པའང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ། དེའི་སྐུ་གཟུགས་བྱས་ན་དེའི་སྡིག་པ་དེའི་ཇི་ལྟར་མེའི་ཕུང་པོས་མར་ཚིག་སྟེ། དུ་བའང་མི་མངོན་པ་དེ་བཞིན་དུ་དེའི་སྡིག་པ་དེའང་མི་སྣང་བར་འགྱུར་རོ། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པ་ལས། འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་ནི། །གཟུགས་དང་སྐལ་བཟང་ཡོན་ཏན་ཉེ་བར་ལྡན། །དེ་ནི་དབང་པོ་སྦས་དང་ཉི་མའི་འོད། །འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བར་འགྱུར། །ཞེས་དང་། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ཡོད་པ། །དེ་འདྲའི་གྲངས་དེ་སྙེད་ཀྱི་རྒྱལ་སྲིད་ད ག །ལྷ་ཡུལ་ས་སྟེང་མི་ཡིས་ངེས་པར་འཐོབ། །ཞེས་དང་། བདེ་བར་གཤེགས་པའི་སྐུ་གཟུགས་བཞེངས་པ་དག །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །ནད་དང་འཇིག་དང་མྱ་ངན་སྡུག་བསྔལ་བྲལ། །པདྨའི་ནང་བཞིན་འཇམ་དང་ཡངས་པར་འགྱུར། །ཞེས་དང་། འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་གང་། །བྲན་དུ་མི་འགྱུར་དབུལ་པོའི་རང་བཞིན་མིན། །ལས་བྱེད་མ་ཡིན་སྐྱེ་བར་དམན་པར་མིན། །དབང་པོ་མ་ཚང་མིན་ཏེ་སྐྱེས་མཆོག་འགྱུར། །ཞེས་དང་། །སྤྱན་རས་གཟིགས་ཀྱི་མདོ་ལས་འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱེད་ན། །དེ་ནི་མཆོག་གྱུར་སྐྱེ་བོ་མང་མཆོད་འོས། །བློ་ལྡན་ཕྱུག་ཅིང་ཚེ་ནི་རྒྱ་ཆེར་ལྡན། །དབང་ལྡན་འཁོར་ལོས་བསྒྱུར་བའི་རྒྱུལ་པོར་འགྱུར། །ཞེས་དང་། ཐུགས་རྟེན་བཞེངས་པའི་ཕན་ཡོན་ཀྱང་དེ་དག་ཏུ་འདུས་ཤིང་། གསུང་རྟེན་བཞེངས་པའི་ཕན་ཡོན་ནི་མདོ་རྒྱུད་དུ་མ་ལས་འབྱུང་ཞིང་། མཚོན་ཙམ་ནི། འདུས་པའི་རྒྱུད་ཕྱི་མ་ལས། གང་ཞིག་རབ་གསང་འདུས་པའི་རྒྱུད་འདི་ཉན་པ་དང་། །འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་པ་ དང་། །མཆོད་པར་བྱེད་པ་དང་ནི་འབྲིའམ་འབྲིར་འཇུག་པ། །བྱང ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་དང་། བདེ་མཆོག་སྡོོམ་འབྱུང་ལས། ཧེ་རུ་ཀ་དཔལ་མངོན་བརྗོད་རྒྱུད། །ཀློག་གམ་འཆང་ངམ་བྲིས་པས་ནི། །དངོས་གྲུབ་རྫུ་འཕྲུལ་སྐལ་བཟང་དང་། །བྱང་ཆུབ་སེམས་དཔའ་འང་ཐོབ་པར་འགྱུར། །ཞེས་དང་། སྡུད་པ་ལས། ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོར་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡི་གེ་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། དབུས་མཐའ་ལས་ཀྱང་། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཞེས་གསུངས་པ་རྣམས་སོ། །དེ་དག་ནི་རྟེན་བཞེངས་པའི་ཕན་ཡོན་བསྟན་པ་ཡིན་ལ། མཆོད་པའི་ཕན་ཡོན་ནི། མེ་ཏོག་བརྩེགས་པའི་མདོ་ལས། སེང་གེ་རྣམ་པར་བརྩེ་བ་གང་གིས་དེ་བཞིན་གཤེགས་པ་མཐོང་སྟེ་སེམས་དང་པས་མཆོད་པ་དང་། གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་པར་བྱེད་པའི་རྣམ་པར་སྨིན་པ་མཉམ་པར་ཞེས་པར་བྱ་སྟེ། བྱེ་བྲག་གམ་ཐ་དད་དུ་བྱ་བ་མེད་དོ། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། དྲང་སྲོང་ཆེན་པོ་གང་ལ་ལ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ད་ལྟ་བཞུགས་པ་ལ་མཆོད་པར་བྱེད་པ་དེའི་རྣམ་པར་སྨིན་པ་ནི་མཚུངས་པ་དང་མཉམ་ཞིང་འདྲའོ་ཞེས་ངས་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་གྱི། གཟུགས་ཀྱི་སྐུས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་རོ། །གང་ལ་ལ་ཞིག་ང་འདུག་པ་དང་། ཡོངས་སུ་མྱ་ངན་ལས་འདས་ལ་མཆོད་ན་བསོད་ནམས་མཚུངས་པའི་ཕྱིར་འདི་གཉིས་ལ་བསོད་ནམས་ཀྱི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །ཞེས་སོགས་དང་། གཞན་ཡང་ལས་རྣམ་པར་འབྱེད་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནི་བཅུ་པོ་འདི་དག་སྟེ། བཅུ་གང་ཞེ་ན། རྒྱལ་པོ་ཆེན་པོའི་ཁྱིམ་དུ་སྐྱེ་བ་ཐོབ་པ་དང་། རྒྱ་ཆེ་བའི་གཟུགས་དང་། རྒྱ་ཆེ་བའི་གཡོག་འཁོར་དང་། རྒྱ་ཆེ་བའི་མཆོད་པ་དང་བཀུར་སྟི་དང་། རྒྱ་ཆེ་བའི་ནོར་དང་། རྒྱ་ཆེ་བའི་ཐོས་པ་དང་། རྒྱ་ཆེ་བའི་དད་པ་དང་། རྒྱ་ཆེ་བའི་དྲན་པ་དང་། རྒྱ་ཆེ་བའི་ཤེས་རབ་དང་། རྒྱ་ཆེ་བའི་རྟོགས་པ་ཐོབ་སྟེ། ཞེས་དང་། ཕྱག་བཙལ་བའི་ཕན་ཡོན་ནི་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་གསེར་གྱི་མདོག་ལྟ་བུར་འགྱུར་བ་དང་། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང་། སྐད་སྙན་ཞིང་བཟུང་བའི་ཚིག་ཏུ་འགྱུར་བ་དང་། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བར་འགྱུར་བ་དང་། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། གཟི་བརྗིད་ཆེན་པོར་འགྱུར་བ་དང་། གཟི་བརྗིད་ཆེན་པོའི་གང་ཟག་འདི་ལྟ་སྟེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཞེས་དང་། ཕྱག་དར་བྱས་པའི་ཕན་ཡོན་ནི་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བ་དང་། ལྟ་ན་སྡུག་པ་དང་། མཛེས་པར་འགྱུར་བ་དང་། སྐད་སྙན་པར་འགྱུར་བ་དང་། དེའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བསྲབས་པར་འགྱུར་བ་དང་། ལམ་དུ་འགྲོ་ན་གསེག་མ་དང་རྩྭ་དང་གྱོ་མོ་རྣམས་མེད་པར་འགྱུར་བ་དང་། བཙུན་པའི་རིགས་སུ་སྐྱེ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཞེས་དང་། གདུགས་ཕུལ་བའི་ཕན་ཡོན་བཅུ་སྟེ། འཇིག་རྟེན་ན་གདུགས་ལྟ་བུར་འགྱུར་བ་དང། ལུས་ལ་གདུང་བ་མེད་པར་འགྱུར་བ་དང་། སེམས་ལ་གདུང་བ་མེད་པར་འགྱུར་བ་དང་། འཇིག་རྟེན་གྱི་རྒྱན་དུ་འགྱུར་བ་དང་། བདག་པོའི་ལས་བྱེད་ཅིང་གསོག་པ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཡང་དང་ཡང་དུ་འཐོབ་པ་དང་། དབང་ཆེ་བར་གྲགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱང་ངན་ལས་འདའ་བ་སྟེ། ཞེས་དང་། དྲིལ་བུ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བར་འགྱུར་བ་དང་། སྒྲ་སྙན་པར་འགྱུར་བ་དང། ཡིད་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ་དང་། ཀ་ལ་པིང་ཀའི་སྒྲ་ལྟ་བུར་སྨྲ་བ་དང་ལྡན་པར་འགྱུར་བ་དང་། བཟུང་བའི་ཚིག་ཏུ་འགྱུར་བ་དང་། རབ་ཏུ་དགའ་བར་འགྱུར་བ་དང་། ཀུན་དུ་དགའ་བ་རྒྱ་ཆེན་པོའི་སྒྲ་ཐོས་པ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཞེས་དང་། བ་དན་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ་དང་། བློན་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་རྣམས་ཀྱིས་བསྟི་སྟང་དུ་བྱེད་བླ་མར་བྱེད་རི་མོར་བྱེད་མཆོད་པར་བྱེད་པ་དང་། ཕྱོགས་དང་ཕྱོགས་མཚམས་སུ་དེའི་གྲགས་པ་དང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་མངོན་དུ་འབྱུང་བ་དང་། གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པར་འགྱུར་བ་དང་། སྐྱེ་བ་གཞན་རྣམས་ལ་ཚེ་རིང་ཞིང་རིང་དུ་གནས་པར་འགྱུར་བ་དང་། དབང་ཆ ེ་བར་གྲགས་པར་འགྱུར་བ་དང་། རིགས་བཙུན་པར་སྐྱེ་བར་འགྱུར་བ་དང་། ལོངས་སྤྱོད་ཆེན་པོར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ་ཞེས་དང་། གོས་ཕུལ་བའི་ཕན་ཡོན་བཅུ་གཉིས་ཏེ། བཅུ་གཉིས་གང་ཞེ་ན། མཛེས་ཤིང་ལྟ་ན་སྡུག་པར་འགྱུར་བ་དང་། པགས་པ་འཇམ་པ་དང་། པགས་པ་སྲབ་པ་དང་། དེའི་ལུས་རྡུལ་དང་དྲི་མ་མི་ཆགས་པ་དང་། དེའི་གོས་བཟང་པོ་འགྱུར་བ་དང་། གདིང་བ་དང་བགོ་བ་ཕྲ་མོ་རྙེད་པར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་འགྱུར་བ་དང་། མཐོང་ན་དགའ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཞེས་དང་། མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་། དེའི་སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ་དང་། ལུས་ཀྱི་དྲི་ང་བ་རྣམ་པར་དག་པར་འགྱུར་བ་དང་། དྲི་ཞིམ་པོར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་སུ་དེའི་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བར་འགྱུར་བ་དང་། འཇིག་རྟེན་གྱི་མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང་། སྡུག་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཞེས་དང་། ཕྲེང་བ་ཕུལ་བའི་ཕན་ཡོན་བཅུ་སྟེ། འཇིག་རྟེན་ན་ཕྲེང་བ་ལྟ་བུར་འགྱུར་བ་དང་། ལུས་ཀྱི་དྲི་ང་བ་རྣམས་པར་དག་པར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་སུ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་ལྡང་བ་དང་། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་། བརྒྱན་པར་འགྱུར་བ་དང་། གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང་། སྐྱེས་པ་དང་བུ་མེད་རྣམས་ཀྱི་ཡིད་དུ་འོང་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཞེས་དང་། མར་མེ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་། དེའི་མིག་གི་དབང་པོ་ནམ་ཡང་འགག་པར་མི་འགྱུར་བ་དང་། ཤའི་མིག་རྣམ་པར་དག་པ་ཐོབ་པར་འགྱུར་བ་དང་། དགེ་བ་དང་མི་དགེ་བ་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང་། མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང་། ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་བ་དང་། དེ་འཁོར་བ་ན་འཁོར་བའི་ཚེ་ནམ་དུའང་མུན་པ་ན་གནས་པར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཞེས་དང་། སྤོས་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་སྤོས་ལྟ་བུར་འགྱུར་བ་དང་། སྣའི་དབང་པོ་རྣམ་པར་དག་པར་འགྱུར་བ་དང་། ལུས་ཀྱི་དྲི་ཞིམ་པ་རྣམ་པར་དག་པར་འགྱུར་བ་དང་། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་། གཟུགས་བཟང་བར་འགྱུར་བ་དང་། འཇིག་རྟེན་གྱི་མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང་། སྡུག་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། ཞེས་དང་། རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་ལྟ་ན་སྡུག་པར་འགྱུར་བ་དང་། སྐད་སྙན་པར་འགྱུར་བ་དང་། ཡིད་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ་དང་། གྲགས་པ་དང་ལྡན་པར་འགྱུར་བ་དང་། བཟུང་བའི་ཚིག་ཏུ་འགྱུར་བ་དང་། རྟག་ཏུ་དགའ་བར་འགྱུར་བ་དང་། ཀུན་དགའ་བའི་སྒྲ་རྒྱ་ཆེན་པོ་རྟག་ཏུ་ཐོས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤགས་པའི་རོལ་མོ་སིལ་སྙན་ཕུལ་ཕན་ཡོན་ནོ། །ཞེས་དང་། འདི་དག་གི་སྐབས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་པ་ནི་ཐར་པ་ཐོབ་པར་འགྱུར་བའི་དོན་ནོ། །གཞན་ཡང་། སྤྱན་རས་གཟིགས་ཀྱི་མདོ་ལས། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་གྱུར་ཚེ། །འཛམ་བུའི་གླིང་དུ་སྐྱེ་བར་མི་འགྱུར་ཞིང་། །དེ་ནི་དེ་ཚེ་མཐོ་རིས་བདག་པོར་འགྱུར། །རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །དྲི་མི་ཞིམ་དང་མི་གཙང་སྨད་པ་རྣམས། །རྟག་ཏུ་སྤོང་ཞིང་ཚུལ་ཁྲིམས་ཕུང་པོར་གནས། །དེ་ནི་རྟག་ཏུ་ཚངས་སྤྱོད་མཆོག་འདི་སྤྱོད། །འདི་ནས་ཤི་འཕོས་མཐོ་རིས་ལྷ་དབང་འགྱུར། །རིང་པོར་མི་ཐོགས་དོན་མཐོང་རྣམས་ལ་རྟོག །ལྷ་རྣམས་ལ་ནི་རྒྱ་ཆེ་དོན་ཀྱང་བྱེད། །བཅོམ་ལྡན་རྒྱལ་བའི་མཆོད་རྟེན་བསལ་བྱས་ན། །དེ་ནི་མོ་ཁོམ་བརྒྱད་པོ་ཀུན་སྤོང་ཞིང་། །དེ་ནི་དལ་འགྱུར་དེ་བཞིན་ཁྱད་པར་འཕགས། །དེ་ནི་སངས་རྒྱས་མཚུངས་མེད་མཆོད་པར་བྱེད། །བག་ཡོད་བློ་གྲོས་བརྟན་ལ་དཔའ་བོར་འགྱུར། །འདོད་པའི་ཡོན་ཏན་དག་ལ་དགའ་མི་བསྐྱེད། །མི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར། །དེ་ནི་ནམ་ཡང་བྱང་ཆུབ་སེམས་མི་འདོར། ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡོམས་པར་འགྱུར། །རྣམ་དག་འདོད་ཆགས་བྲལ་བའི་ཆོས་ཀྱང་མཐོང་། །དེ་ནི་མདོག་ངན་དུས་རྣམས་ཀུན་དུ་སྤོང་། །འཆལ་བའི་ཤེས་རབ་མ་ལུས་རྣམ་པར་སྤོང་། །ཤེས་རབ་རྒྱ་ཆེར་འགྱུར་ནས་སྤྱོད་ལ་གནས། ཁ་ཟས་གཙང་མ་དག་ཀྱང་རྙེད་འགྱུར་ཞིང་། ཁྱད་འཕགས་ཁ་དོག་ལྡན་ཅིང་ལྟ་སྡུག་ལ། །རེག་དང་ལྡན་ཅིང་རབ་མཛེས་གོས་རྣམས་ཐོབ། །དད་པའི་ཤུགས་བསྐྱེད་བཅོམ་ལྡན་མཆོད་རྟེན་ལ། །མེ་ཏོག་སྐམ་པོ་ཉལ་ཉིལ་ཕྱག་བྱས་ན། །འདོད་པ་དམན་པ་སྡུག་བསྔལ་བྱེད་པ་སྤོང་། །སྟོབས་བཅུ་མངའ་བའི་དེད་དཔོན་བརྙེས་པར་བྱེད། །དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར། །སྐྱེ་བོ་མང་པོས་མཆོད་འོས་ལ་འོས་འགྱུར། །དེ་ལ་རྒྱལ་པོ་གནོད་པ་སེམས་མི་འགྱུར། །ངན་སོང་ས་ཡི་ལམ་ངན་ཐམས་ཅད་གཅོད། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཕུང་པོར་གནས། །རྣམ་དག་ལུས་དང་རྒྱན་གྱིས་བརྒྱན་པར་འགྱུར། །ལྷ་ཡི་མེ་ཏོག་རབ་མཛེས་མནྡ་ར། །མཚུངས་མེད་པ་ཏ་ལ་ཡང་སུ་འབུལ་དང་། །མཆོད་རྟེན་མེ་ཏོག་ཉལ་ཉིལ་སུས་འཕྱག་པ། །དེ་དག་རྣམ་སྨིན་འདྲ་སྟེ་མཆོག་ཏུ་འགྱུར། །ཞེས་སོགས་དང་། ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་ཕྱག་དར་བྱས་པའི་ཕན་ཡོན་ནི་ལྔར་འགྱུར་ཏེ། གང་ཞེ་ན། བདག་གིས་སེམས་དང་བར་འགྱུར་བ་དང་། གཞན་གྱི་སེམས་དང་པར་འགྱུར་བ་དང་། ལྷ་རྣམས་ཡིད་དགའ་བར་འགྱུར་བ་དང་། མཛེས་པའི་ལས་བྱས་ཤིང་བསགས་པ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། སྙིང་རྗེ་པད་དཀར་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟ་བཞུགས་པ་ལ་གང་བསྟི་སྟང་དུ་བྱེད་པ་ལྟ་ཞོག །ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་མཆོད་པར་བྱེད་པ་ལྟ་ཞོག །ཀུན་དགའ་བོ། གང་དག་ཁ་ཅིག་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས་སེམས་དང་བར་བྱེད་ན། ཀུན་དགའ་བོ། དགེ་བའི་རྩ་བ་དེའི་འབྲས་བུ་མྱ་ངན་ལས་འདའ་བ་ཡིན་ཏེ། མྱ་ངན་ལས་འདས་པ་བཟླས་ཤིང་མྱ་ངན་ལས་འདས་པའི་མཐས་གཏུགས་པར་འགྱུར་བར་ང་སྨྲའོ། །ཞེས་དང་། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བའི་དགེ་བའི་རྩ་བ་ནི་འབྲས་བུ་ཆེན་པོ་དང་། རྙེད་པ་ཆེན་པོ་དང་ལྡན་པ་དག་སྟེ། རིགས་ཀྱི་བུ་དག་དེ་ལྟ་བུ་ལ་བཞག་པ། བསོད་ནམས་ཀྱི་ཞིང་ཆེན་པོ་ལ་བཏབ་པ་དེ་དག་ལ་ནི། ཐ་ན་ཡུན་རིང་པོར་ཇི་སྲིད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུའང་ཆུད་ཟ་བ་མི་འགྱུར་རོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་པ་ནས། གང་སངས་རྒྱས་ལ་ཡོན་ཕུལ་བ་ནི་ཇི་སྲིད་མྱ་ངན་ལས་འདའ་བར་མ་གཏོགས་ཇི་སྲིད་ཡུན་རི ང་པོར་ཡང་འཇིག་པ་མེད། ཡོངས་སུ་ཟད་པ་མེད། མཐར་ཐུག་པ་མེད་དོ། །ཞེས་དང་། རྒྱལ་བའི་བློ་གྲོས་ཀྱིས་ཞུས་པའི་མདོ་ལས། ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །ཞེས་དང་། སའི་སྙིང་པོའི་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ། །ཐམས་ཅད་དཀོན་མཆོག་མཆོད་ལས་བྱུང་བས། དེས་ནས་བདེ་ཞིང་སྐྱིད་པར་འདོད་པས། །དཀོན་མཆོག་གསུམ་ལ་བརྩོན་བྱ། །ཞེས་གསུངས་པ་སོགས་མང་ངོ་། །ཕྱག་འཚལ་བའི་ཕན་ཡོན་ཀྱང་གོང་དེར་འདུས་མོད། མཚོན་ཙམ་ནི །རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། མི་རྣམས་གང་དག་སངས་རྒྱས་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་མགོས་བཏུད་ཕྱག་འཚལ་བ། །དེ་དག་ལྷ་རྣམས་དང་ནི་མི་རྣམས་ཀྱི། །ཆེར་ཡང་ཆེ་བར་བཀུར་བའི་གནས་སུ་འགྱུར། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་འགྱུར། །མིར་གྱུར་ནའང་མི་ཡི་རྒྱལ་པོར་འོང་། །དེ་ནི་གཞན་ཡང་ཡོངས་སུ་ཉམས་མི་འགྱུར། །ཞེས་སོགས་དུ་མ་དང་། བསྐོར་བ་བྱས་པའི་ཕན་ཡོན་རྒྱས་པར་ནི་བདག་གིས་ལོགས་སུ་བརྗོད་ཟིན་ཡང་། མཚོན་ཙམ་ནི། གསལ་རྒྱལ་གྱིས་ཞུས་པ་ལས། སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་སྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱིས་བཏུད། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་སྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱེད་མི་ནུས། །ཞེས་སོགས་མང་ངོ་། །སྐོར་བ་བྱེད་པའི་ཚེ་མཆོད་རྟེན་ཆེན་པོའི་གྲིབ་མ་ལ་འགོམ་དགོས་པ་བྱུང་ན། ངག་ཏུ་ༀ་བ ཛྲ་བེ་ག་ཨ་ཀྲ་མ་ཧཱུཾ་ཞེས་བརྗོད་ནས། ཡིད་ཀྱིས་རྟེན་གྱི་གྲིབ་མའི་འོག་ནས་འཛུལ་བར་མོས་ཏེ་འགྲོ་བར་བྱའོ། །གཞན་དུ་ན་ཉེས་པར་འགྱུར་རོ། ཁ་ཅིག་འདི་སྙམ་དུ་སྐོར་ཚད་གཅིག་རྫོགས་རྒྱུ་ཡོད་པ་དེ་བཞིན་དུ། ཕྱག་འཚལ་བའི་ཚད་གཅིག་རྫོགས་རྒྱུ་ཡོད་དམ་མེད་སྙམ་ན། འདི་ལ་གསལ་བར་བཤད་པ་མ་མཐོང་ཡང་། སྐོར་ཚད་གཅིག་ལ་ལྷ་གཅིག་གི་དབང་དུ་བཏང་བའི་བསྐོར་བ་འབུམ་འབྱུང་བ་དེ་བཞིན་དུ། རྟེན་ཞིག་ལ་ཕྱག་འཚལ་བ་འབུམ་ལོོངས་པ་ན་ཕྱག་འཚལ་བའི་ཚད་གཅིག་རྫོགས་པར་འཇོག་ཚུལ་ཞིག་ཡོད་དམ་སྙམ་སྟེ་དཔྱད་པར་བྱའོ། །དུས་ཀུན་དང་ཁྱད་པར་དུ་དུས་ཆེན་གྱི་ཚེ་ཕྱག་མཆོད་པ་སྐོར་བ་བྱས་ན་ཕན་ཡོན་ལྷག་པར་ཆེ་བར་བཤད་པས། འདི་ལ་གཉིས། དུས་ཆེན་ངོས་བཟུང་བ་དང། དུས་ནམ་གྱི་ཚེ་བྱུང་བའོ། །དང་པོ་ལ། སྤྱིར་དུས་བཟང་ལ་གསུམ་སྟེ། ཚེས་བརྒྱད་དང་བཅོ་ལྔ་དང་གནམ་གང་ངོ་། །བྱེ་བྲག་ཏུ་ཕྱེ་ན། སྟོན་པ་ལྷུམས་སུ་ཞུགས་པའི་དུས་ཆེན། སྐུ་བལྟམས་པའི་དུས་ཆེན། རབ་ཏུ་བྱུང་བའི་དུས་ཆེན། སངས་རྒྱས་པའི་དུས་ཆེན། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན། ཆོ་འཕྲུལ་ཆེན་པོའི་དུས་ཆེན། ལྷ་ལས་བབ་པའི་དུས་ཆེན། མྱ་ངན་ལས་འདས་པའི་དུས་ཆེན་ཏེ་གཞན་ཡང་མང་ངོ་། །དེའི་ནང་ནས་ཀྱང་སངས་རྒྱས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཆོ་འཕྲུལ་ཆེན་པོ་དང་མྱ་ངན་ལས་འདས་པའི་དུས་ཆེན་བཞི་ནི་གྲགས་ཆེའོ། །གཉིས་པ་ནི། དུས་དེ་རྣམས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་དུས་ཁྱད་པར་ཅན་ཡིན་པས་དགེ་བ་གང་བྱས་ཀྱང་འཕེལ་འགྱུར་སྟོབས་ཆེ་ཞིང་། གཟའ་འཛིན་གྱི་དུས་སུ་ཡང་འགྱུར་ཆེ་བར་བཤད་དོ། །དུས་ཆེན་དེ་དག་དུས་ནམ་བྱུང་བ་ལ་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་རང་ལུགས་སྙིང་པོ་བསྡུ་ན། ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཆོ་འཕྲུལ་དུས་ཆེན། བཞི་པའི་ཚེས་བདུན་ལ་སྐུ་བལྟམས། བཞི་པའི་བཅོ་ལྔ་ལ་སངས་རྒྱས་པ་དང་མྱ་ངན་ལས་འདའ་བའི་ཚུལ་བསྟན། དྲུག་པའི་ཚེས་གཞི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་དང་། དགུ་པའི་ཉེར་གཉིས་ལ་ལྷ་བབ་དུས་ཆེན་ཡིན་ལ། བཅུ་པའི་ཉི་ཤུ་ལྔ་ནི་རྗེ་རིན་པོ་ཆེ་སྐུ་གཤེགས་པའི་དུས་ཆེན་ཡིན་ནོ། །དུས་བཟང་དང་དུས་ཆེན་དེ་རྣམས་ལ་སྡིག་པ་བྱས་ན་ཉེས་པ་ལྷག་པར་ཆེ་བས་འཛེམ་པར་བྱའོ། །གཉིས་པ་ཇི་ལྟར་མཆོད་པ་ལ། དངོས་པོ་གང་མཆོད་པ་ནི། རང་གིས་ཅི་འབྱོར་བའི་མཆོད་པ་མེ་ཏོག་བདུག་སྤོས་ལ་སོགས་པ་སྟེ། མདོར་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་དང་། གླིང་བཞི་ཉི་ཟླ་རི་རབ་སོགས་བདག་པོས་བཟུང་བ་དང་མ་བཟུང་བའི་དངོས་པོ་ཕུན་སུམ་ཚོགས་པ་ཅི་མཆིས་པ་དང་། དངོས་པོ་ཡོད་ན་ཀུན་དང་བཟང་བཏུང་ཡན་ཆད་འབུལ་དགོས་སོ། །ཡོད་དམ་མེད་ཀྱང་འཇིག་རྟེན་གྱི་ཁམས་ན་ཡོད་པའི་མེ་ཏོག་ལ་སོགས་པ་མཆོད་འོས་རྣམས་འབུལ་རུང་བར་མདོ་སྡེ་དཀོན་མཆོག་སྤྲིན་དང་། བྱ་རྒྱུད་དམ་ཚིག་གསུམ་བཀོད་དང་། ཞི་བ་ལྷའི་བསླབ་བཏུས་དང་། ལམ་རིམ་སོགས་ནས་གསུངས་པ་ལྟར་ཡིད་ཀྱིས་འབུལ་བར་བྱའོ། །སངས་རྒྱས་མངོན་སུམ་དུ་བཞུགས་པ་ལ་དངོས་སུ་མཆོད་པ་ད་ལྟ་དཀའ་མོད། སངས་རྒྱས་ཀྱི་སྐུ་གཟུགས་དང་གསུང་རབ་དང་མཆོད་རྟེན་ལ་མཆོད་པའི་ཚེ། སངས་རྒྱས་དངོས་དང་དེའི་སྐུ་གསུང་ཐུགས་ཀྱི་རྟེན་སོགས་འདི་རྣམས་ཀྱི་སྟོང་པའི་ཆོས་ཉིད་རིགས་གཅིག་གོ་སྙམ་དུ་མོས་ཏེ་མཆོད་ན། གཅིག་ལ་མ ཆོད་ན་ཐམས་ཅད་ལ་མ ཆོད་པར་འགྱུར་བས་ཕན་ཡོན་ཤིན་ཏུ་ཆེ་སྟེ། ལམ་རིམ་ཆེན་མོ་ལས། སངས་རྒྱས་སམ་དེའི་སྐུ་གཟུགས་སོགས་གཅིག་ལ་མ ཆོད་པ་ན་ཆོས་ཉིད་དབྱེར་མེད་པ་དྲན་པར་བྱས་ནས་ཐམས་ཅད་ལ་མཆོད་པའི་འཕེན་པ་གཏོང་བ་གལ་ཆེའོ། །ཞེས་གསུངས་ཏེ་ཟང་ཟིང་གི་མཆོད་པའི་དབང་དུ་མཛད་པའོ། །མཆོད་པའི་དུས་སུ་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་ན་སངས་རྒྱས་ཐམས་ཅད་ལ་མཆོད་པར་འགྱུར་བར་གསུངས་པས་དེ་བཞིན་དུ་གྲུབ་ན་ལེགས་སོ། སྒྲུབ་པའི་མཆོད་པ་ནི། ལམ་རིམ་ཆེན་མོ་ལས། ཐ་ན་བ་འཇོས་ཙམ་དུ་ཡང་ཚད་མེད་བཞི་དང་། ཆོས་ཀྱི་སྡོམ་བཞི་དང་། སྐྱབས་གསུམ་དང་། ཕར་ཕྱིན་རྗེས་སུ་དྲན་པ་དང་། ཟབ་མོ་སྟོང་པ་ཉིད་ལ་མོས་ཤིང་མི་རྟོག་པར་གནས་པ་དང་། ཚུལ་ཁྲིམས་ལ་སྡོམ་སེམས་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། ཕར་ཕྱིན་དང་། བསྡུ་བ་བཞི་ལ་བསྒོམ་པ་དང་བརྩོན་པའོ། །མཆོད་པ་བཅུ་པོ་དེས་དཀོན་མཆོག་གསུམ་ལ་མཆོད་པ་ནི་ཡོངས་སུ་རྫོགས་པའི་མཆོད་པའོ། །ཞེས་གསུངས་པ་ལྟར་ཤེས་དགོས་ཏེ། ཚད་མེད་བཞི་ནི་བྱམས་པ་ཚད་མེད་ལ་སོགས་པ་བཞི་དང་། ཆོས་ཀྱི་སྡོམ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་བར་ལྟ་བ་སོགས་དང་། སྐྱབས་གསུམ་ནི་དེ་གསུམ་སྐྱབས་སུ་འགྲོ་བ་དང་། ཕར་ཕྱིན་དྲུག་རྗེས་སུ་དྲན་པ་སོགས་ཏེ་སྒྲུབ་པ་ཉམས་ལེན་ཀྱི་མཆོད་པའོ། །དོན་དང་ཕན་ཡོན་ཆེ་བར་བསམ་པ་ནི་ལམ་རིམ་ཆེན་མོ་ལས། །ཡོན་ཏན་གྱི་ཞིང་གོང་ན་མེད་པ་ཡིན་སྙམ་པ་དང་། ཕན་འདོགས་པ་གོང་ན་མེད་དོ་སྙམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་མཆོག་གོ་སྙམ་པ་དང་། ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་ནོ་སྙམ་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ཁོ་ན་འབྱུང་བས་འབའ་ཞིག་པའོ་སྙམ་པ་དང་། འཇིག་རྟེན་ལས་འདས་མ་འདས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞི་ཡིན་ནོ་སྙམ་དུ་བསམ་ནས་མཆོད་པའོ། །ཞེས་གསུངས་ཏེ་འཕགས་པ་ཐོགས་མེད་ཀྱི་བཞེད་པའོ། །མཆོད་ཚུལ་རྒྱས་པར་ནི་ལམ་རིམ་ཆེན་མོ་ལྟར་ཡིན་ཏེ་འདིར་མཚོན་ཙམ་མོ། །མཆོད་པའི་ཕན་ཡོན་ནི་གོང་དུ་བརྗོད་ཟིན་པ་ལྟར་རོ། །དེ་ལྟར་ཚོགས་གསོག་པའི་སྒོ་ནས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་དགོས་ཏེ། དལ་འབྱོར་གྱི་རྟེན་ཁྱད་པར་ཅན་ཡང་ཡང་མི་རྙེད་པའི་ཕྱིར་ཏེ། ཡུམ་གྱི་མདོ་ལས། གྲོགས་དག །མིར་སྐྱེ་བ་ཐོབ་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་འདི་དཀོན་ནོ། །འཁོར་བ་ལས་ཐར་བ་ནི་དཀོན་ནོ། །དེ་ལྟ་ཡིན་གྱི་དལ་བ་འདི་དོན་མེད་པར་མ་བྱེད་ཅིག་མི་ཁོམ་པར་འགྱུར་ཞིང་གསོར་མི་རུང་བར་གྱུར་ཏ་རེ་ཞེས་གསུངས་པ་དང་། ལམ་རིམ་བསྡུས་དོན་ལས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །ཞེས་སོགས་པ་གསུངས་པ་ལྟར་རོ། །སྨྲས་པ། སུ་ཞིག་དལ་བའི་རྟེན་རྙེད་ནས། །ཕྱི་མའི་དོན་དུ་མཆོག་གསུམ་རྟེན། །བཞེངས་དང་མཆོད་ལ་བརྩོན་པ་དག །ལུས་འདིར་སྙིང་པོ་ལེན་པ་ཐོབ། །གང་དག་དཀོན་མཆོག་མཆོད་དོར་ནས། །ལྟོ་གོས་ཙམ་ཞིག་སྒྲུབ་བརྩོན་པ། །དེ་དག་མི་གཟུགས་ཕྱུགས་བློ་ཅན། །ཕྱུགས་ཀྱང་ལྟོ་ཙམ་འཚོལ་མིན་ནམ། །འདིར་ནི་དཀོན་མཆོག་གསུམ་གྱི་རྟེན། །བཞེངས་དང་ཕྱག་འཚལ་མཆོད་བྱེད་དག །སྤྲོ་བ་བསྐྱེད་ཕྱིར་མདོ་སྡེ་ལས། །ཕན་ཡོན་བཤད་རྣམས་བཏུས་ཏེ་བཀོད། །དེ་ལས་ཐོབ་པའི་རྣམ་དཀར་དགེས། །སྐྱེ་ཀུན་དལ་འབྱོར་རྟེན་རྙེད་ཅིང་། །དཀོན་མཆོག་གསུམ་གྱིས་མི་འབྲལ་བར། །རྗེས་བཟུང་སངས་རྒྱས་མྱུར་ཐོབ་ཤོབ།། །།ཅེས་པ་འདི་ཡང་གཡོ་སའི་སྔགས་འཆང་ཚེ་དབང་རབ་བརྟན་གྱིས་འདི་ལྟ་བུ་ཞིག་བགྱིས་དང་། ཁོ་བོས་པར་དུ་བསྒྲུབ་པར་བྱའོ། །ཞེས་བསྐུལ་བ་ལ་བརྟེན་ནས་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་མདོ་དང་དམ་པའི་གསུང་བཞིན་རང་གཞན་ལ་ཕན་འདོད་ཀྱི་བསམ་པས་ཅོ་ནེའི་དགོན་ཉིད་དུ་བསྒྲིགས་པའི་ཡི་གེ་པ་ནི་སྙན་ངག་ཡིག་སྡེབ་སྐར་རྩིས་སོགས་ལ་བརྩོན་པ་ཆེ་བའི་ཁྱའོ་ལུང་དཀའ་བཅུ་བློ་བཟང་དབང་ཕྱུག་སྟེ་པར་དུ་རྐོ་བ་པོའང་བསྐུལ་པ་པོ་དེ་ཉིད་དོ། །མངྒ་ལཾ། །

བསྐོར་བའི་ཕན་ཡོན་ལེགས་པར་བཤད་པའི་སྙིང་པོ།

བསྐོར་བའི་ཕན་ཡོན་ལེགས་པར་བཤད་པའི་སྙིང་པོ་བཞུགས།

ན་མོ་ཤཱཀྱ་མུ་ནེ་ཡེ། སྤངས་རྟོགས་ཡོན་ཏན་མཐར་ཕྱིན་རྫོགས་སངས་རྒྱས། །སྡུག་ཀུན་ཉེས་བྲལ་འགོག་ལམ་དམ་པའི་ཆོས། །དེ་ཉིད་ཚུལ་ལ་སྒྲུབ་མཛད་དགེ་འདུན་ཏེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་གུས་ཕྱག་འཚལ། །མཆོག་གསུམ་རྟེན་གྱི་གཟུགས་བརྙན་རྣམ་གསུམ་ཡང་། །བསོད་ནམས་གསོག་པའི་ཞིང་དུ་དེ་དག་དང་། །དབྱེར་མེད་བཀུར་ཕྱག་མཆོད་པའི་གནས་ཉིད་དུ། །གསུངས་ཕྱིར་མི་ཕྱེད་དད་པས་གུས་པས་འདུད། །མཆོག་དམན་བར་མའི་འགྲོ་ཀུན་གྱིས། །དགེ་བ་བསྒྲུབ་པའི་ཚུལ་མང་མོད། །འདིར་ནི་གཞན་ལ་སྤྲོ་འཕེལ་ཕྱིར། །སྐོར་བའི་ཕན་ཡོན་གྲངས་བཅས་བྲི། །འདི་ལ་གཉིས། བསྐོར་བའི་ཕན་ཡོན་དང་། གྲངས་ཚད་སོགས་བཤད་པའོ། །དང་པོ་ནི། འདུལ་བ་ལུང་གཞི་ལས། མཁས་པ་གང་ཞིག་རབ་ཏུ་སེམས་དད་པས། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །འཛམྦུའི་ཆུ་བོ་གསེར་ཀྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་ཡིན། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་བསྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱི་བཏུད། །བཟང་པོའི་སྣོད་གྱུར་ཡོན་ཏན་རྣམས་དང་ལྡན། །ཞེས་དང་། མེ་ཏོག་བརྩེགས་པའི་མདོ་ལས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་རྟེན་རྣམས་ལ་མེ་ཏོག་འགའ་འབུལ་ལམ། ཞེས་པ་ནས། མར་མེ་ཕུལ་ཏེ་ཕུལ་ནས་དགའ་བའི་སེམས་ཀྱིས་གོམ་པའི་གར་སྟབས་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞེས་སྨྲ་བ་དེ་དག་ནི། སེངྒེ་རྣམ་པར་རྩེ་བ་བསྐལ་པ་བརྒྱའམ་བསྐལ་པ་སྟོང་ངམ་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་ལོག་པར་ལྟུང་པའི་གནས་སུ་འགྱུར་བ་དེའི་གནས་མེད་དོ། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱའི་ཐ་མ་ལ་སུ་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། བརྗོད་པ་དང་། གསོལ་བ་དང་། བསྔགས་པ་དང་། སྐོར་བ་བྱེད་པ་དེས་ཕན་ཡོན་ལྔ་ཡོངས་སུ་འཛིན་པར་འགྱུར་ཏེ། ལྔ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་བཅོམ་ལྡན་འདས་མཐོང་བར་འགྱུར་བ་དང་། མཐོང་ནས་ཀྱང་དད་པ་བསྐྱེད་པར་འགྱུར་བ་སྟེ། ཕན་ཡོན་ལྔ་པོ་དེ་དག་ཡོངས་སུ་བཟུང་བར་འགྱུར་རོ། །དེ་ཆོས་བཞི་དང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་འཛིན་པ་དང་། དེ་ཡང་ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་དང་། བསྒྲུབས་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་འགྱུར་བ་དང་། མྱུར་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་ཏེ། བཞི་པོ་དེ་དག་གོ །ཞེས། ཡང་དེ་ཉིད་ལས། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་སྐོར་བ་བྱེད་པ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །བྱ་བ་སྤྱད་པ་སྤྱོད་པའི་ཚེ། །དྲན་དང་ལྡན་ཞིང་བློ་གྲོས་ལྡན། །བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཚེ་རབས་དག་ནི་ཐམས་ཅད་ནི། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར། །ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤོང་། །སངས་རྒྱས་འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་འདི་དལ་བ་གཅིག །མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས། །མཚན་གྱིས་ལེགས་པར་བརྒྱན་པ་དང་། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །ལེ་ལོ་ཅན་དུ་དེ་མི་འགྱུར། །དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར། །ཞེས་པ་ནས། །མཆོད་རྟེན་བསྐོར་བ་བྱས་ན་ནི། །སྐྱེ་བ་ཐམས་ཅད་ཀུན་ཏུ་ཡང་། །དབང་ཆེར་གྲགས་པའི་ཁྱིམ་བདག་དང་། །དཔལ་དང་གཟི་བརྗིད་ལྡན་པར་འགྱུར། །བྲམ་ཟེ་སཱ་ལ་ཆེ་བ་དང་། །ཚུལ་ཁྲིམས་ལྡན་ཞིང་མང་ཐོས་དང་། །རྒྱལ་རིགས་སཱ་ལ་ཆེ་འདྲ་དང་། །ཕྱུག་ཅིང་ནོར་ཆེར་ལྡན་པར་འགྱུར། །རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱི། །ས་ཀུན་ལ་ནི་གང་སྨོན་པ། །གླིང་བཞི་དག་གི་དབང་ཕྱུག་ཟླ། །རྒྱལ་པོ་ཆོས་དང་ལྡན་པར་འགྱུར། །འཁོར་ལོས་བསྒྱུར་བ་རྫུ་འཕྲུལ་ཆེ། །རིན་ཆེན་བདུན་དང་ལྡན་པར་འགྱུར། །རྒྱལ་སྲིད་གནས་ནས་སངས་རྒྱས་ལ། །ཡང་དང་ཡང་དུ་བསྟི་སྟང་བྱེད། །འདི་ནས་ཤི་འཕོས་མཐོ་རིས་སུ། །སོང་ནས་སངས་རྒྱས་བསྟན་ལ་དད། །ལྷུན་པོའི་ཟོམ་གྱི་དབང་ཕྱུག་པོ། །ལྷ་ཡི་དབང་པོ་བརྒྱ་བྱིན་འགྱུར། །ལྷ་དབང་ཤིན་ཏུ་འཐབ་བྲལ་དང་། །དེ་བཞིན་དུ་ནི་དགའ་ལྡན་དང་། །ལྷ་དབང་ཤིན་ཏུ་འཕྲུལ་དགའ་དང་། །དབང་བསྒྱུར་འཇིགས་པ་མེད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཚངས་པའི་དབང་ཕྱུག་མཁས་འགྱུར་ཞིང་། །ལྷ་རྣམས་བྱེ་བས་མཆོད་པར་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་སྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱ་མི་ནུས། །སུ་ཞིག་བྱང་ཆུབ་སེམས་སྐྱེད་ནས། །སྟོན་པའི་མཆོད་རྟེན་ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང་། །ནམ་ཡང་ལོང་ཞིང་འཐེང་མི་འགྱུར། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མངོན་དུ་བསྐོར་བ་བྱེད་པ་ནི། །བུང་བ་སྔོན་པོ་མཛེས་འདྲ་ཡི། །རྣམ་པར་དག་པའི་མིག་ཐོབ་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །དེ་ནི་ངེས་པར་རྟག་ཏུ་ཡང་། །མཐུན་པའི་དོན་མཐུན་ཐོབ་འགྱུར་ཞིང་། །དོན་མིག་རྣམས་ནི་སྤངས་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །མཐུ་དང་སྟོབས་དང་ལྡན་པར་འགྱུར། །དེ་ནི་ལེ་ལོ་མེད་འགྱུར་ཞིང་། །རྟག་ཏུ་བག་ཡོད་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་ན་ནི། །བརྩོན་འགྲུས་བརྟན་ཅིང་མཐུ་བརྟན་ལ། །བརྟན་ཞིང་རྣམ་པར་གནོན་བརྟན་དང་། །དེ་ནི་མྱུར་དུ་མཁས་པར་འགྱུར། །མེ་དང་དུག་དང་མཚོན་གྱིས་དེ། །ནམ་ཡང་འཆི་བུས་བྱེད་མི་འགྱུར། །མཁས་པའི་ཚེ་ནི་རྫོགས་རྫོགས་སུ། །ཟད་པར་བྱས་ནས་འཆི་དུས་བྱེད། །མཆོད་རྟེན་བསྐོར་བ་བྱས་ན་ནི། །ཕོ་བྲང་འཁོར་དང་ཡུལ་འཁོར་དང་། །གྲོང་རྡལ་རྣམས་སུ་ལོངས་སྤྱོད་དང་། །གཟུགས་ཀྱིས་ཁྱད་པར་འཕགས་པར་འགྱུར། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དེ་ནི་འདོད་པ་མི་བསྟེན་ཞིང་། །ལུས་ཀྱང་གཙང་ལ་གོས་གཙང་ཞིང་། །གཙང་མའི་ཆོས་ལ་གནས་པར་འགྱུར། །ཞེས་དང་། མཆོད་རྟེན་བསྐོར་བའི་ཚིགས་བཅད་ཀྱི་མདོ་ལས། ཤེས་རབ་ཆེན་པོ་ཤཱ་རིའི་བུས། སྟོན་པ་ལ་ནི་ཞུ་བ་ཞུས། །མཆོད་རྟེན་བསྐོར་བ་བགྱིས་པ་ཡི། །རྣམ་པར་སྨིན་པ་ཅི་འགྱུར་བ། །བསྐལ་པ་ཆེན་པོའི་འཇིག་རྟེན་མཆོག །རྣམ་པར་འདྲེན་པས་བདག་ལ་གསུངས། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །སྟོན་པས་དེ་ལས་བཀའ་སྩལ་པ། །མཆོད་རྟེན་བསྐོར་བ་བྱས་པ་ཡི། །ཡོན་ཏན་གང་ཡིན་ཕྱོགས་ཙམ་བསྟན། །མཆོད་རྟེན་བསྐོར་བ་བྱས་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྷ་མིན་མཁའ་ལྡིང་མིའམ་ཅི། །ལྟོ་འཕྱེ་རྣམས་ཀྱིས་མཆོད་པར་འགྱུར། །དལ་པ་རྙེད་དཀའ་ཐོབ་གྱུར་ནས། །སྐད་ཅིག་གཅིག་ཙམ་བར་དུ་ཡང་། །མཆོད་རྟེན་བསྐོར་བ་བྱས་པ་ནི། །མི་ཁོམ་བརྒྱད་རྣམས་སྤོང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །དྲན་དང་ལྡན་ཅིང་བློ་གྲོས་ལྡན། ཁ་དོག་ལྡན་ཞིང་འཛངས་པ་དང་། །ཐམས་ཅད་དུ་ནི་མཆོད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལྷ་དང་དེ་བཞིན་མི་རྣམས་ཀྱི། །ཚེ་རིང་བ་ཡང་དེ་ཡིས་ཐོབ། །གྲགས་པ་ཆེན་པོའང་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཛམྦུའི་གླིང་དུ་རུས་ཀྱི་མཆོག །ཆོ་རིགས་ཡོངས་སུ་དག་པར་ཡང་། །བློ་ལྡན་དེ་ནི་སྐྱེ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། ཁ་བཞིན་དག་ཀྱང་བཟང་བ་དང་། །མདོག་སྡུག་པ་དང་མཁས་པ་དང་། །བདེ་བར་གནས་པ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཕྱུག་ཅིང་ནོར་ཡང་མང་བ་དང་། །སེར་སྣ་མེད་ཅིང་གཏོང་ཕོད་དང་། །སྦྱིན་པ་དག་ལ་དཔའ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཡིད་དུ་འོང་ཞིང་ལྟ་ན་སྡུག །མདོག་བཟང་མཐོང་ན་དགའ་བ་དང་། །ལོངས་སྤྱོད་རྒྱ་ཆེན་སྤྱོད་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདུ་བྱེད་སྟོང་པར་མཐོང་ནས་ཀྱང་། །དེ་ནི་ཆོས་ལ་རྨོངས་མི་འགྱུར། །མྱུར་དུ་དགའ་བ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རྒྱལ་རིགས་མཆོག་ཏུ་སྐྱེ་བར་འགྱུར། །བུད་མེད་འཁོར་དང་ལྡན་པ་དང་། །སྟོབས་དང་བརྩོན་འགྲུས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བྲམ་ཟེ་ཆེ་ཞིང་མཐོ་བར་སྐྱེ། །ཚུལ་ཁྲིམས་ལྡན་ཞིང་ཐོས་དང་ལྡན། །རིག་བྱེད་གསང་སྔགས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། ཁྱིམ་བདག་ཆེ་ཞིང་མཐོ་བར་སྐྱེ། །ཕྱུག་ཅིང་ནོར་ཡང་མང་བ་དང་། །ནོར་དང་འབྲུ་རྣམས་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཛམྦུའི་གླིང་གི་མངའ་བདག་རྗེ། །ས་སྟེང་མཐའ་དག་དབང་བྱེད་པའི། །ཆོས་དང་ལྡན་པའི་རྒྱལ་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །རིན་ཆེན་བདུན་དང་ལྡན་པ་ཡི། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། །ཆོས་བཞིན་འཁོར་ལོ་བསྐོར་བར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདི་ནས་འཕོས་ཏེ་མཐོ་རིས་འགྲོ། །སངས་རྒྱས་བསྟན་ལ་དགའ་བ་དང་། །རྣལ་འབྱོར་ལྡན་ཞིང་རྫུ་འཕྲུལ་ཆེ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལྷ་ཡུལ་དག་ནས་འཕོས་ནས་ཀྱང་། །དེ་ནི་མི་ཡི་ནང་དུ་སྐྱེ། །རྨོངས་པ་མེད་པར་མངལ་དུ་འཇུག །མཆོད་རྟེན་བསྐོར་བ་བྱས་པས་ནི། །མངལ་གྱི་སྐྱོན་གྱི་དྲི་མ་ཡིས། །དེ་ལ་གོས་པར་མི་འགྱུར་ཏེ། །དེ་ནི་ནོར་བུ་དག་པ་བཞིན། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མ་ལྟོར་བདེ་བར་གནས་པར་འགྱུར། །དེ་ནི་བདེ་བར་བཙའ་བ་དང་། །བདེ་བར་ནུ་ཞོ་འཐུང་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཕས་ཀྱང་འཁོར་གཡོག་མང་པོ་ཡིས། །དེ་ལ་གསོ་ཞིང་གནས་པར་འགྱུར། །མ་མས་རྟག་ཏུ་རིམ་གྲོ་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཉེ་དུ་རྣམས་ཀྱི་སྙིང་དུ་སྡུག །དེ་བཞིན་ཕ་མ་ལྷག་པར་བྱམས། །སྐྱེས་ནས་ལོངས་སྤྱོད་འཕེལ་བར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཤ་ཟ་དང་ནི་སྲིན་རྣམས་ཀྱིས། །དེ་ལ་གནོད་པར་མི་འགྱུར་རོ། །ལོངས་སྤྱོད་དག་ལ་སྐྱོན་མེད་སྤྱོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བརྒྱར་ཡང་དེ་དག་རྣམས། །ཞར་བ་གྲུམ་པོར་ཡོང་མི་འགྱུར་། །ལུས་ཀྱང་རྣམ་པར་དག་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མིག་ཀྱང་རྣམ་པར་དག་པར་འགྱུར། །དཀྱུས་རིང་མཐོན་མཐིང་སྡུག་པ་དང་། །ལྷ་ཡི་མིག་ཀྱང་དེ་ཡིས་ཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ལུས་བདེ་སེམས་ཀྱང་བརྟན་པ་དང་། །དེ་བཞིན་བརྩོན་འགྲུས་བརྟན་པ་དང་། །དཔུང་མགོ་ཟླུམ་ཞིང་བརྟན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སྟོབས་དང་བྱད་གཟུགས་ཕུན་སུམ་ཚོགས། །ཡན་ལག་ཐམས་ཅད་མཚན་རྣམས་ཀྱིས། །ལེགས་པར་བརྒྱན་ཅིང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེན་པོ་བརྒྱ་བྱིན་དུ། །ལྷ་ཡི་དབང་པོ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཐབ་བྲལ་ལྷ་ཡི་རྒྱལ་པོ་དང་། །དེ་བཞིན་ཡོངས་སུ་དགའ་ལྡན་དང་། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ཚངས་པའི་འཇིག་རྟེན་ཚངས་པ་ཡི། །དབང་ཕྱུག་ཉིད་དུ་དེ་འགྱུར་ཞིང་། །ལྷ་རྣམས་བྱེ་བ་སྙེད་ཀྱིས་མཆོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བྱེ་བ་སྟོང་དག་དང་། ཁྲག་ཁྲིག་ཕྲག་བརྒྱ་དག་ཏུ་ཡང་། །ཤེས་རབ་ལྡན་པས་རྟག་ཏུ་མཆོད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བསྐལ་པ་བྱེ་བ་སྟོང་དག་ཏུ། །ལུས་གཙང་གོས་ཀྱང་གཙང་བ་དང་། །དཀར་པོའི་ཆོས་དང་ལྡན་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །སྟོབས་དང་བརྩོན་འགྲུས་ཕུན་སུམ་ཚོགས། །དེ་ནི་ལེ་ལོ་མེད་པ་དང་། །ཤིན་ཏུ་བསྒྲུབ་པ་ཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །བརྩོན་འགྲུས་བརྟན་ཅིང་མཐུ་ཡང་བརྟན། །རྩལ་བརྟན་ཅིས་ཀྱང་མི་ཚུགས་ཤིང་། །དོན་རྣམས་མྱུར་དུ་འགྲུབ་པར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །གདངས་སྐད་གསང་ཡང་མཐོ་བ་དང་། །ཡིད་དུ་འོང་བའི་ང་རོ་ཅན། །གནོད་པ་མེད་ཅིང་ནད་མེད་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །ང་ཉིད་ཀྱིས་ནི་བསྟན་པ་ཡི། །གནས་དེར་མྱུར་དུ་དེ་འགྲོ་ཞིང་། །ཤས་ཆེར་སྐྱེ་བ་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པ་ནི། །དྲན་པ་ཉེ་བར་གཞག་པ་བཞི། །སེམས་གྱི་ཚད་མེད་བཞི་པོ་དང་། །རྫུ་འཕྲུལ་རྐང་པའི་དབང་ཡང་ཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཕགས་པའི་བདེན་པ་བཞི་པོ་དང་། །དབང་པོ་རྣམས་དང་སྟོབས་རྣམས་དང་། །བྱང་ཆུབ་ཡན་ལག་འབྲས་བུ་ཐོབ། །མཆོད་རྟེན་བསྐོར་བ་བྱས་པས་ནི། །མངོན་ཤེས་དྲུག་ལྡན་ཟག་པ་མེད། །ཉོན་མོངས་ཐམས་ཅད་སྤངས་པ་ཡིན། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འདོད་ཆགས་ཞེ་སྡང་སྤངས་པ་དང་། །འཁོར་བ་རྣམས་ནི་སྤངས་པ་ཡི། །རང་རྒྱལ་བྱང་ཆུབ་འཐོབ་པར་འགྱུར། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མདོག་འཐོབ་པར་འགྱུར། །ལུས་ཀྱི་ལས་ཀྱང་བསྐོར་བ་ཡིན། །ངག་གི་ལས་ཀྱང་བསྐོར་བ་ཡིན། །ཡིད་ཀྱི་ལས་ཀྱང་བསྐོར་བ་ཡིན། །སྨོན་ལམ་བཏབ་པ་བསྐོར་བ་ཡིན། །འདིར་ནི་བསྐོར་བ་བྱས་པ་ཡིས། །བགྲོད་དཀའ་བདེ་དགུར་དོན་རྣམས་འགྲུབ། །འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། །བསྐོར་བ་བྱས་པའི་ཡོན་ཏན་གང་། །དེ་ནི་ཚིག་ཙམ་ཉེ་ཚེ་ཡིས། །ལེགས་པར་བསྟན་པ་མི་ནུས་སོ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཤཱ་རིའི་བུ་ཡིས་ཞུས་ནས་ཀྱང་། །མཆོད་རྟེན་ཕྱག་བྱས་ཡོན་ཏན་གང་། །འཇིག་རྟེན་མགོན་པོས་བསྟན་པ་ཡིན། །རྟ་བརྒྱ་དང་ནི་གསེར་སྲང་བརྒྱ། །དྲེ་མོའི་ཤིང་རྟ་བརྒྱ་དག་དང་། །རྒོད་མ་བརྒྱ་ཡི་ཤིང་རྟ་རྣམས། །རིན་ཆེན་སྣ་ཚོགས་བཀང་པ་ཡང་། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །གངས་ཀྱི་གླང་ཆེན་བརྒྱ་རྟེན་དག །ལུས་ཆེན་ནམ་ཚོད་ཡངས་པ་དང་། །སྣ་ཡང་གཤོལ་མདའ་འདྲ་བའི་གླང་། །གསེར་དང་ནོར་བུས་བརྒྱན་པ་ཡང་། །བསྐོར་བའི་གོམ་པ་གཅིག་བོར་བའི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །མཁས་པ་གང་ཞིག་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་གོམ་པ་གཅིག་བོར་བ། །འཛམྦུའི་ཆུ་ཀླུང་གསེར་སྲང་འབུམ་གྲངས་སྙེད། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་དང་། གཙུག་ཏོར་དྲི་མེད་ལས། རིང་བསྲེལ་ཀྱི་སྙིང་པོའམ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་བྱའོ། །ཡིད་བཞིན་གྱི་ནོར་བུ་རིན་ཆེན་འདི་གཉིས་ཀྱང་དུས་གཅིག་ཏུ་དྲན་པར་བྱའོ། །དེས་ནི་གངྒཱའི་ཀླུང་གི་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ། །མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ཡོངས་སུ་བྱང་བར་འགྱུར་རོ། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་པར་འགྱུར་རོ། །ཚེ་རིང་པོར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་དེ་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། མཆོད་པ་ཕུལ་ཡང་རུང་སྟེ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་མ་ལུས་པ་ཡང་བྱང་བར་འགྱུར་རོ། །ཞེས་དང་། གང་ལ་ལ་ཞིག་གིས་མཆོད་རྟེན་འདི་ལ་བསྐོར་བ་བྱས་སམ། ཕྱག་བྱས་སམ། ཐལ་མོ་སྦྱར་རམ། མེ་ཏོག་ཕུལ་ལམ། བྱུག་པ་དང་བདུག་པས་ཕུལ་ལམ། དྲིལ་བུ་དང་བ་དན་དང་གདུགས་འགའ་ཞིག་ཕུལ་ན་ཡང་དེ་བཞིན་གཤེགས་པ་དགུ་ཁྲི་དགུ་སྟོང་གི་མཆོད་རྟེན་ལ་ཕུལ་པའི་བསོད་ནམས་དང་མཉམ་པ་ཡིན་ནོ། །ཞེས་དང་། གསང་བ་རིང་བསྲེལ་ཀྱི་ཟ་མ་ཏོག་ལས་སེམས་ཅན་གང་དག་མཆོད་རྟེན་དེ་ལ་བསྐོར་བ་གཅིག་གམ། ཕྱག་འཚལ་བ་གཅིག་གིས་མནར་མེད་པ་ལ་ཐུག་པའི་བར་ལ་སོགས་པ་རྣམས་ལས་ཡོངས་སུ་ཐར་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཞེས་གསུངས་པ་སོགས་མང་ངོ་། །མདོར་ན་སངས་རྒྱས་ཀྱི་ཡུངས་འབྲུའི་རིང་བསྲེལ་དང་། ཆོས་སྐུའི་རིང་བསྲེལ་གཟུངས་ཆེན་སྡེ་ལྔར་གྲགས་པ་སོགས་རྟེན་དུ་སོང་བའི་སྐུའམ། དེ་ལྟ་བུའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་བྱས་ན་སྔར་བཤད་པ་ལྟར་གྱི་ཕན་ཡོན་རྣམས་འཐོབ་བར་འགྱུར་ཏེ། ཇི་སྐད་དུ། རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་བྱའོ། །གངྒཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་ཡང་བྱང་བར་འགྱུར་རོ། །ངན་སོང་དུ་སྐྱེ་བར་མི་འགྱུར་རོ། །སྐྱེ་བ་ཕྱི་མ་མངལ་གྱི་དྲི་མས་མི་གོས་པར་འགྱུར་རོ། །གང་དང་གང་དུ་སྐྱེ་བ་དེ་དང་དེར་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །སྐྱེ་བ་དྲན་པར་འགྱུར་རོ། །ཞེས་འབྱུང་བ་ལྟར་རོ། །དེ་དག་ནི་བསྐོར་བའི་ཕན་ཡོན་གཙོ་བོར་བཤད་པ་ཡིན་ལ། སངས་རྒྱས་ཀྱི་སྐུ་དངོས་སམ། སྐུ་གསུང་ཐུགས་ཀྱི་རྟེན་ལ་ཕྱག་འཚལ་བ་དང་། བསྟོད་པ་དང་། མཆོད་པ་འབུལ་བ་དང་། གསོལ་བ་འདེབས་པ་དང་། སྐྱབས་སུ་འགྲོ་བ་སོགས་ཀྱི་ཕན་ཡོན་མང་དུ་བཤད་པ་རྣམས་ནི་འདིར་མང་དུ་དོགས་ནས་མི་འཆད་དེ། གཞན་དུ་ཡང་ཅུང་ཟད་བྲིས་ཟིན་ཅིང་མཚོན་ཙམ་ནི། རྒྱལ་བའི་བློ་གྲོས་ཞེས་བྱ་བའི་མདོ་ལས། ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །ཞེས་དང་། སའི་སྙིང་པོའི་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ། །ཐམས་ཅད་དཀོན་མཆོག་མཆོད་ལས་བྱུང་བས། །ཞེས་སོགས་དང་། གཞན་ཡང་། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཞེས་པ་ནས། བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། ཞེས་པའི་རྐང་པ་ཕྱི་མ་གཉིས་ནི་བསམ་མི་ཁྱབ་ལ་མཆོད་བྱས་ན། རྣམ་པར་སྨིན་པའང་བསམ་མི་ཁྱབ། ཞེས་དང་། བསྟོད་པ་དང་གསོལ་འདེབས་སོགས་ལ་བསྒྱུར་བའི་ཕན་ཡོན་འབྱུང་བར་གསུངས་སོ། ཁྱད་པར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཕྱིར་དེ་ལ་མཆོད་པ་སོགས་ཀྱི་ཕན་ཡོན་ཀྱང་ལྷག་པར་བསམ་ཀྱིས་མི་ཁྱབ་སྟེ། སྤྱན་རས་གཟིགས་ཀྱི་མདོ་ལས། བློ་གྲོས་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ་སུ་ཞིག་མེ་ཏོག་དང་། ཕྲེང་བ་དང་། སྤོས། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་དང་། བྱུག་པ་རྣམས་ཀྱིས་བསྟི་སྟང་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ་དེའི་མཐའ་ནི་ཐེག་པ་གསུམ་པོ་གང་ཡང་རུང་བས་མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོའི་ཕྱི་མའི་མཐར་ཡང་ཟད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཡང་ཚད་མེད་དོ། །མཐའ་ཡས་སོ། །བསམ་གྱིས་མི་ཁྱབ་བོ། མཚུངས་པ་མེད་དོ། །དཔག་ཏུ་མེད་དོ། །གྲངས་མེད་དོ། །དཔག་གིས་མི་ལང་ངོ་། །བརྗོད་དུ་མེད་དོ། །ཞེས་གསུངས་པ་ལྟར་རོ། །དེ་དག་ལ་དད་པ་གལ་ཆེ་སྟེ། མདོ་སྡེ་ཐར་ཆེན་ལས། ཀུན་ནས་ཉོན་མོངས་སྤངས་པ་དང་། །དགེ་བ་ཀུན་གྱི་ལམ་བསྒྲུབས་ཏེ། །སངས་རྒྱས་རང་བཞིན་མཐོང་བ་ལ། །རྣམ་དག་དད་པའི་དབང་གིས་སོ། །ཞེས་དང་། དཀོན་མཆོག་ཏ་ལ་ལས། དད་པ་གཏེར་དག་ནོར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་དང་། ཆོས་བཅུ་པའི་མདོ་ལས། དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ནི་འདྲེན་རྣམས་ངེས་པར་འབྱུང་། །དེ་ཕྱིར་བློ་གྲོས་ལྡན་པའི་མིས། །དད་པས་རྗེས་འབྲང་ཉིད་ལ་བརྟེན། །ཞེས་གསུངས་པ་དང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། དད་པ་མེད་པའི་སྐྱེ་བོ་ལ། །དཀའ་པོའི་ཆོས་རྣམས་ཀྱི་མི་སྐྱེ་སྟེ། །ས་བོན་ཚ་སྒོར་བཏབ་པ་ལས། །མྱུ་གུ་སྐྱེ་བ་མེད་པ་བཞིན། །དད་པའི་རྩ་བ་རྟག་ཏུ་ཆོས། །ཆོས་དོན་གཟིགས་པས་གསུངས་པ་སྟེ། ཞེས་གསུངས་སོ། །གཉིས་པ་ལ་གཉིས་། བསྐོར་བའི་གྲངས་ཚད་དང་། བསྐོར་བ་བྱ་ཚུལ་ལོ། །དང་པོ་ནི། བསྐོར་བའི་གྲངས་ཚད་རྫོགས་མ་རྫོགས་ཀྱི་ཁྱད་པར་འདི་ཇི་ལྟར་ཡིན་ཞེ་ན། འདི་ལ་ཞིབ་ཏུ་ཕྱེ་ན་མང་ཡང་མདོར་བསྡུས་ཞིག་བརྗོད་པར་བྱ་སྟེ། སྤྱིར་བསྐོར་བའི་གྲངས་ཀྱི་མཐའ་ཚད་ནི་མེད་དེ། བསྐོར་བ་གྲངས་མེད་པ་ཞིག་བྱས་ནའང་ཆོག་པའི་ཕྱིར་ཏེ། དཔེར་ན། ཕྱག་དང་མཆོད་པ་ཅི་ཙམ་ཞིག་མང་དུ་བྱས་ཀྱང་རུང་བ་བཞིན་དང་། ལྷའི་བསྙེན་གྲངས་ཅི་ཙམ་ཞིག་མང་དུ་བྱས་ཀྱང་རུང་ཞིང་ཕན་ཡོན་ལྷག་པར་ཆེ་བ་བཞིན་ནོ། །འོན་ཀྱང་འདིར་བསྐོར་བའི་གྲངས་ཀྱི་ཚད་བཟུང་བ་ནི། དཔེར་ན་སྒྲུབ་ཐབས་གཞུང་དག་ཏུ་ལྷའི་བསྙེན་པའི་གྲངས་ཚད་ལ་མི་འདྲ་བ་མང་དུ་བཤད་ཀྱང་འབུམ་དང་སུམ་འབུམ་སོགས་སུ་གསུངས་པ་མང་བ་ལས། འདིར་འབུམ་དུ་གསུངས་པ་ལྟར་རིགས་འགྲེ་བར། བསྐོར་བའི་གྲངས་ཚད་ཀྱང་འབུམ་གྱི་དབང་དུ་མཛད་པ་སྟེ། དེ་ཡང་དགོན་སྡེ་གང་ཡིན་ཀྱང་རང་རང་གི་རྟེན་གྱི་གཙོ་བོ་གང་ལ་བྱེད་པ་དེའི་བཞུགས་ཁྲིའམ། པད་གདན་ནམ། སྐྱིལ་ཀྲུང་ལྟ་བུའི་མཐར་མཐོ་ཚད་ཀྱིས་གཞལ་བར་བྱས་ནས་མཐོ་ཚད་གང་ལོངས་ཀྱང་། མཐར་དཀྲིས་གཅིག་འཁོར་བའི་ཚད་དེ་སྐོར་ལམ་དུ་ཅི་ཙམ་ཞིག་འཁོར་ནས་འབུམ་ལོངས་པ་ན་སྐོར་ཚད་རེ་རྫོགས་པར་འཇོག་གོ །དེ་ནི་རྟེན་གྱི་གཙོ་བོ་གང་ཡིན་དེ་ལ་སྐོར་བ་འབུམ་སོང་བའི་དབང་དུ་བཏང་ཡང་། དེར་མ་ཟད། རྟེན་གྱི་གཙོ་བོ་དེ་དད་ཚད་མཉམ་པ་རྣམས་སོ་སོ་ལ་ཡང་འབུལ་རེ་འགྲོ་ཞིང་། གཙོ་བོ་ལས་ཆུང་བ་རྣམས་ལ་ནི་གྲངས་དེ་ལས་མང་བར་འགྲོའོ། །དེ་ཡང་ཅོ་ནེའི་དགོན་འདིའི་རྟེན་གྱི་གཙོ་བོ་གསང་འདུས་ཁང་གི་དབུས་མ་སྟོན་པའི་དབང་དུ་བྱས་པའི་སྐོར་ཚད་ད་ལྟ་ཉིས་སྟོང་ལྷག་ཙམ་ཞིག་འབྱུང་བ་འདི་བཞིན་ཏེ་དེ་བཞིན་དུ་དགོན་སྡེ་རང་རང་གི་རྟེན་གྱི་གཙོ་བོ་གང་ཡིན་བ་དེ་ལ་སྐོར་བ་འབུམ་འགྲོ་བའི་དབང་དུ་བཏང་ནས། བསྐོར་ལམ་གང་ཡིན་པ་དེར་འཇལ་དགོས་པ་ཡིན་ནོ། །བསྐོར་བའི་གྲངས་ཚད་མང་ཉུང་ནི་རྟེན་འགངས་ཆེ་མི་ཆེ་དང་གྲགས་མང་ཉུང་གི་དབང་མིན་གྱི། རྟེན་གྱི་གཙོ་བོ་དེ་ཆེ་ན་བསྐོར་གྲངས་མང་ཞིང་ཆུང་ན་ནི་གྲངས་ཉུང་བར་འགྱུར་ལ། འོན་ཀྱང་བ སྐོར་ལམ་ཐག་རིང་མི་རིང་གི་ཁྱད་པར་ལས་ཀྱང་མང་ཉུང་འབྱུང་སྲིད་དོ། །དེས་ན་དགོན་གང་ཡིན་ཀྱང་དེ་ཉིད་ཡོངས་རྫོགས་ལ་བསྐོར་ཚད་རེ་འགྲུབ་པར་བྱེད་ན་ནི་དགོན་དེའི་མཐར་བསྐོར་བ་འབུལ་འགྲོ་དགོས་སོ། །བསྐོར་བའི་གྲངས་ཚད་བཤད་པ་ལྟར་བྱེད་རྒྱུ་བྱུང་ན་རབ་ཡིན་མོད། །དེ་མིན་གྲངས་ཚད་ཙམ་རྫོགས་པ་ལ་མ་བལྟོས་ཏེ། ནམ་བསྐོར་བ་དང་གྲགས་ཅི་ཙམ་བྱས་ཀྱང་ཆོག་ཅིང་ཕན་ཡོན་འབྱུང་བ་ནི་གོང་དུ་དྲངས་པའི་ལུང་རྣམས་ཀྱིས་ཤེས་སོ། །འོ་ན། བསྐོར་བ་འདི་མཆོད་པ་ཡིན་ནམ་མིན་སྙམ་ན། མཆོད་པ་ཡིན་ཏེ་ལུས་ཀྱི་བཀུར་བསྟིའི་མཆོད་པ་ཡིན་པའི་ཕྱིར་ཏེ། མདོ་སྡེ་རྒྱན་གྱི་འགྲེལ་པ་ལས། ཕྱག་འཚལ་བ་དང་སྐོར་བ་བྱེད་པ་སོགས་ནི་བཀུར་སྟིས་མཆོད་པའོ། །ཞེས་གསུངས་པའི་ཕྱིར། མདོ་སྔགས་ཀྱི་གསུང་རབ་དུ་མ་ལས་བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱས་ནས་ཞེས་སོགས་ལྟ་བུ་བསྐོར་བའི་གྲངས་ཙམ་གསུངས་ཡང་། གྲངས་ཀྱི་ཚད་འདི་ཙམ་མོ་ཞེས་གསལ་བར་བཤད་པ་མ་མཐོང་ཡང་། ད་ལྟ་བསྐོར་བའི་གྲངས་ཚད་འདི་ནི་མཁས་པ་བརྒྱུད་པའི་མན་ངག་ལས་འབྱུང་བ་ལྟར་བཀོད་པའོ། །གཉིས་པ་བསྐོར་བ་བྱ་ཚུལ་ནི། གསང་སྔགས་རྙིང་མའི་གཞུང་འགའ་ཞིག་ནས་དུ་མ་ཞིག་བཤད་ཀྱང་འདིར་མི་འཆད་ལ། གསར་མའི་གཞུང་ནས་གསལ་བར་བཤད་པ་མ་མཐོང་ཡང་། ཕྱག་འཚལ་བའི་ཚེ་རང་ལུས་མང་པོར་སྤྲུལ་ནས་ཕྱག་འཚལ་བ་དང་རང་གཞན་ཐམས་ཅད་ཀྱིས་ཕྱག་འཚལ་བར་མོས་པ་དང་། སྔགས་བཟླ་བའི་ཚེ་དང་གཞན་ཐམས་ཅད་ཀྱིས་བཟླ་བར་བསམ་ན་འགྱུར་ཆེ་བར་བཤད་པ་ལྟར། བསྐོར་བ་བྱ་བའི་ཚེ་ལུས་མང་པོར་མོས་པའམ། རང་གཞན་སེམས་ཅན་ཐམས་ཅད་ལྷན་ཅིག་བསྐོར་བ་བྱེད་པར་མོས་ན་ཕན་ཡོན་དང་འགྱུར་ཆེ་བར་གསལ་ལོ། །བསྐོར་བའི་དུས་སུ་ཁ་ཏོན་བྱས་གང་ཀྱང་རུང་ཡང་ལྷག་ཏུ་སྒྲིབ་པ་སྦྱོང་བ་ལ་ཡིག་བརྒྱ། ལྟུང་བཤགས། མི་འཁྲུགས་པའི་གཟུངས་སོགས་དང་། མ་ཎི་བཟླ་བ་སོགས་ཅི་རིགས་བྱའོ། །གཞན་བསྐོར་བའི་འགྱུར་སྔགས་བཟླ་བར་གསུངས་ཏེ་རྟེན་ལ་བསྐོར་བ་བྱེད་པའི་ཚེ། ན་མོ་ད་ཤ་དིཀྵི་ཀཱ་ལ་སརྦ་རཏྣ་ཏྲ་ཡཱ་ཡ། ན་མཿཔྲ་དཀྵ་སུ་པྲ་དཀྵ་སརྦ་པཱ་བཾ་བི་ཤོ་དྷ་ནི་སྭཱཧཱ། ཞེས་བཟླ་ཞིང་བསྐོར་བས་སྡིག་པ་འདག་པར་གསུངས་སོ། །རྟེན་ལ་ཕྱག་བྱ་བའི་སྔགས་ནི། ༀ་ན་མོ་མཉྫུ་ཤྲཱི་ཡེ། ན་མཿསུཤྲཱི་རིི་ཡེ། ན་མཿཨུ ཏྟ་མ་ཤྲཱི་ཡེ་སྭཱཧཱ། ཞེས་བརྗོད་ནས་ཕྱག་བཙལ་ན་ཕན་ཡོན་དང་འགྱུར་ལྷག་པར་ཆེ་བར་བཤད་དོ། །གསུང་རབ་དག་ལས་མཆོད་རྟེན་ལ་བསྐོར་བ་བྱ་ཞེས་མང་དུ་འབྱུང་བ་ནི། སྒྲ་དོགས་པའི་དབང་དུ་བྱས་ན་ད་ལྟ་མཆོད་རྟེན་དུ་གྲགས་པ་རྣམས་ལ་བསྐོར་བ་བྱ་བའི་དོན་ཡིན་ཀྱང་། སྒྲ་ཡངས་པའི་དབང་དུ་བྱས་ན་མཆོད་པའི་རྟེན་དུ་གྱུར་བའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་མཆོད་རྟེན་ཞེས་སྒྲ་བསྡུས་ནས་བརྗོད་པ་ལ་བྱ་སྟེ། དེ་ལྟ་ན་མཆོད་རྟེན་དངོས་ཀྱིས་མཚོན་ནས་སྐུ་གསུང་ཐུགས་ཀྱི་རྟེན་ཐམས་ཅད་ལ་མཆོད་རྟེན་ཞེས་བྱར་རུང་བར་སེམས་སོ། །བསམ་པ་ཇི་ལྟ་བུས་བསྐོར་བ་ནི། སྤྱིར་སྒོ་གསུམ་ཀྱི་སྒྲིབ་པ་སྦྱོང་བའི་ཆེད་དང་། ཁྱད་པར་དུ་ངན་སོང་ལས་ཐར་འདོད་དང་། འཁོར་བ་སྤྱི་ལས་ཐར་འདོད་དང་། སངས་རྒྱས་ཐོབ་འདོད་ཀྱི་བསམ་པས་བསྐོར་བ་བྱ་སྟེ། སྔ་མ་ལས་ཕྱི་མ་ཕན་ཡོན་ལྷག་པར་ཆེ་བའི་ཕྱིར་རོ། །གལ་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་གཅིག་ཙམ་ལ་བསྐོར་བ་བྱེད་ནའང་དེ་ལ་སྐྱབས་གནས་ཐམས་ཅད་འདུས་པ་དང་། དེ་ན་རྟེན་ཐམས་ཅད་བཞུགས་པའམ། ཀུན་གྱིས་བསྐོར་བར་བསམས་ཏེ་བསྐོར་བ་བྱས་ན་ནི་ཕན་ཡོན་ལྷག་པར་ཆེའོ། །བསམ་པ་འཛིན་ཚུལ་གྱི་དབང་གིས་ཕན་ཡོན་ཆེ་ཆུང་འོང་བས་དད་སོགས་ཀྱི་བསམ་པ་རྒྱ་ཆེ་དགོས་ལ། འོན་ཀྱང་བསམ་པ་ལེགས་པོ་འཛིན་མི་ཤེས་པར་རྩེད་མོའི་ཚུལ་གྱིས་བསྐོར་བ་བྱས་ནའང་ཕན་ཡོན་འབྱུང་སྟེ། སངས་རྒྱས་ཀྱི་སྟོབས་སྐྱེད་པའི་ཆོ་འགྲུལ་གྱི་མདོ་ལས། གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་བཞད་གད་དམ། ཀུ་རེའམ། བྱིས་པའི་ཀྱལ་ཀའམ། རྩེད་མོར་བྱེད་པའམ། འཇིམ་པ་ལས་མཆོད་རྟེན་བྱེད་ན་དེ་དག་ཐམས་ཅད་སྡུག་བསྔལ་མཐར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །ཞེས་དང་། དམ་ཆོས་པད་དཀར་ལས། བྱིས་པས་རྩེར་མོར་དེ་དག་དེ་དག་ཏུ། །གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེར་མ་ལས་ནི་ཕུང་པོ་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ཞེས་གསུངས་ཤིང་། ཚུལ་དེ་ཕྱག་མཆོད་བསྐོར་བ་སོགས་ལའང་མཚུངས་པའི་ཕྱིར་དང་། སྔོན་སྲོག་ཆགས་སྦུར་བ་གཅིག་ཆུ་རླབས་ཀྱིས་འཁྱེར་ནས་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་ལ་སྟེས་དབང་གིས་བསྐོར་བ་གཅིག་བྱས་པའི་དགེ་བས། ཕྱིས་སངས་རྒྱས་ཀྱི་འཁོར་དུ་སྐྱེས་ནས་དགྲ་བཅོམ་ཐོབ་པར་བཤད་པས་ཀྱང་འགྲུབ་པའི་ཕྱིར་རོ། །བཟང་བཟང་སྟོན་པ་བླ་ན་མེད་པ་དེས། །ལེགས་ལེགས་ཆོས་ཚུལ་བསྟན་པ་མཐའ་ཡས་ཀྱང་། །མང་མང་མཆོག་དམན་བར་མའི་འགྲོ་ཀུན་ལ། །ངེས་ངེས་ཕན་པ་ཕྱག་མཆོད་སྐོར་བར་གྲགས། །སྐུ་གསུང་ཐུགས་རྟེན་བསྐོར་བའི་བྱིན་རླབས་ཉིས། །ཐོག་མེད་ནས་བསགས་སྒོ་གསུམ་སྒྲིབ་པའི་མུན། །ལེགས་པར་བསལ་ནས་མངོན་མཐོ་ངེས་ལེགས་ལམ། །མངོན་སུམ་མཐོང་བར་འགྱུར་བས་སྐལ་བ་བཟང་། །ཚུལ་འདིར་སྒོ་གསུམ་འབད་པའི་ཆུ་འཛིན་ལས། །དགེ་ལེགས་ཆར་རྒྱུན་གང་ཞིག་བསྐྲུན་པ་དེ། །དུས་གསུམ་དགེ་བའི་ཀླུང་དང་ལྷན་ཅིག་ཏུ། །ཀུན་མཁྱེན་རྒྱ་མཚོ་ཆེན་པོར་འཇུག་ཕྱིར་བསྔོ།། །། ཞེས་བསྐོར་བའི་ཕན་ཡོན་ལེགས་པར་བཤད་པའི་སྙིང་པོ་དད་པའི་གཟུགས་བརྙན་འཆར་བའི་མེ་ལོང་ཞེས་བྱ་བ་འདི་ཡང་། །ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་གཞན་རེ་གཉིས་ལ་ཕན་ཐོགས་སྲིད་སྙམ་སྟེ་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་ངག་དབང་བཀྲ་ཤིས་ཏེ་དད་ལྡན་སྒོམ་པ་བྱམས་ཀྱིས་དད་པས་པར་དུ་བརྐོས་སོ།། །།

བླ་རྒྱུད།

བླ་རྒྱུད་ཤོག་གྲང་གཉིས་བཞུགས། ན་མོ་མཉྫུ་གྷོ་ཥཱ་ཡ། །རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །མཐུ་སྟོབས་དབང་ཕྱུག་རྡོ་རྗོ་འཛིན། །རྒྱལ་པོ་ཨིནྡྲ་བྷོ་དྷི་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །རྗེ་བཙུན་ཀླུ་ཡི་རྣལ་འབྱོར་མ། །མངའ་བདག་བི་སུ་ཀལྦ་དང་། །གྲུབ་ཆེན་ས་ར་ཧ་པ་ལ། །གསོལ་བ༴ རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཞབས། །དེ་སྲས་ཐུ་བོ་ཟླ་བ་གྲགས། །གྲུབ་མཆོག་སློབ་པའི་རྡོ་རྗེ་ལ། །གསོལ་བ༴ བརྟུལ་ཞུགས་མཆོག་སྤྱོད་ནག་པོ་པ། །རྣལ་འབྱོར་དབང་ཕྱུག་སྤྲིན་ཤུགས་ཅན། །སྒྲ་བསྒྱུར་འགོས་ལོ་ཆེན་པོ་ལ། །གསོལ་པ༴ རྒྱལ་སྲས་སེངྒེ་རྒྱལ་མཚན་དང་། །རིམ་གཉིས་མངོན་གྱུར་ཡེ་ཤེས་སེང་། །མཁས་མཆོག་ཨཱརྱ་དེ་བ་ལ། །གསོལ་བ༴ རྒྱུད་དོན་གསལ་མཛད་ཉི་མ་ལྕམ། །ཟབ་དོན་མངོན་གྱུར་རིན་ཆེན་གྲགས། །མཆོག་བརྙེས་ཚུལ་ཁྲིམས་སྐྱབས་ཉིད་ལ། །གསོལ་བ༴ མཁྱེན་བརྩེའི་མངའ་བདག་འཕགས་པ་སྐྱབས། །གདམ་པའི་མཛོད་འཛིན་གཞོན་ནུ་འོད། །ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ། །གསོལ་བ༴ ནུས་པ་ཕུལ་ཕྱིན་འཕགས་པ་འོད། །རྗེ་བཙུན་བུ་སྟོན་རིན་ཆེན་གྲུབ། །མཁས་གྲུབ་བསོད་ནམས་རྒྱལ་མཚན་ལ། །གསོལ་བ༴ སྒྲ་བསྒྱུར་ཆེན་པོ་ནམ་མཁའ་བཟང་། །མཉམ་མེད་རྗེ་བཙུན་རེ་མདའ་བ། །རྒྱལ་བ་གཉིས་པ་ཙོང་ཁ་པར། །གསོལ་བ༴ སྨྲ་བའི་ཉི་མ་མཁས་གྲུབ་རྗེ། །འདུས་པའི་བཀའ་བབས་ཤེར་སེང་སོགས། །ལམ་འདིའི་དངོས་བརྒྱུད་བླ་མ་ལ། །གསོལ་བ༴ དེ་ལྟར་གསོ་བ་བཏབ་པའི་མཐུས། །སྐྱེ་བ་ཀུན་དུ་རྗེས་བཟུང་སྟེ། །ཟུང་འཇུག་རྡོ་རྗེ་འཆང་ཆེན་གྱི། །གོ་འཕང་མཆོག་དེ་མྱུར་ཐོབ་ཤོག །ཅེས་གསང་བ་འདུས་པའི་བླ་བརྒྱུད་རིམ་པ་གཉིས་ལས་རྒྱས་སྲས་བློ་གྲོས་རིན་ཆེན་ནས་བརྒྱུད་པའི་གསོལ་འདེབས་འདོན་པ་ད་ལྟ་དར་ཆེ་ཡང་། ཕྱག་ན་རྡོ་རྗེ་ནས་བརྒྱུད་པའི་བླ་མའི་གསོལ་འདེབས་ཕྱོགས་འདིར་མ་དར་འདུག་པས། དེ་དར་ན་སྙམ་དུ་བསམས་ཏེ་བཤད་སྒྲུབ་མིང་ཅན་གྱིས་བྲིས་པའོ།། །།མངྒ་ལཾ། ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བདེ་བའི་མཆོག་གྱུར་ལྷན་སྐྱེས་གཅིག་པུ་ཉིད། །དམ་ཚིག་སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །རབ་འབྱམས་འཁོར་ལོ་ལྔ་ཡི་ལྷ་ཚོགས་སུ། །སྤྲུལ་མཛད་ཧེ་རུ་ཀ་དཔལ་ཞབས་ལ་འདུད་དུ། །གདུལ་བྱའི་རྒྱུད་ལ་ལྷན་སྐྱེས་བདེ་བ་ཆེ། །རྒྱས་པར་བྱེད་པའི་ཐབས་ལ་མཁས་པ་ནི། །བསྒྲུབ་ཕྱིར་ཉིད་སྐུ་ཡིད་འཕྲོག་མཛེས་མའི་སྐུར། །སྤྲུལ་པའི་རྗེ་བཙུན་མ་ཡིས་རྟག་ཏུ་སྐྱོངས། །གསང་བ་ཀུན་འཛིན་རྗེ་བཙུན་གསང་བའི་བདག །གྲུབ་མཆོག་ས་ར་ཧ་དང་ལཱུ་ཧི་བ། །དཱ་རི་ཀ་དང་དྲིལ་བུའི་ཞབས་ལ་སོགས། །སྒྲུབ་ཆེན་བླ་མ་རྣམས་ལ༴ རྒྱལ་བ་ཀུན་དངོས་རྗེ་བཙུན་ཙོང་ཁ་པ། །དེ་སྲས་ཐུ་བོ་མཁས་གྲུབ་དགེ་ལེགས་དཔལ། །ལམ་འདི་སྲོལ་འཛིན་ཟླ་མེད་ཆོས་ཀྱི་རྗེ། །བློ་གྲོས་རྒྱ་མཚོའི་ཞབས་ལ༴ རྣལ་འབྱོར་དབང་ཕྱུག་དུ་མས་བགྲོད་གྱུར་པའི། །འཁོར་ལོ་སྡོམ་པའི་རིམ་གཉིས་ཟབ་མོའི་ལམ། །བཤད་སྒྲུབ་གཉིས་ཀྱིས་ཚུལ་བཞིན་འཛིན་མཛད་པའི། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །༈ མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེ་དང་། །དེ་སྲས་ཐུ་བོ་ཀུན་དགའ་དོན་གྲུབ་སོགས། །འདུས་པའི་དབང་བསྐུར་བཤད་སྲོལ་མན་ངག་གི །དངོས་རྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་རྗེ་བཙུན་ཙོང་ཁ་བའི། །ལེགས་བཤད་དབྱར་རྔ་དད་བའི་དབྱུ་གུ་ཡིས། །ལེགས་བསྐུལ་གྲགས་པའི་སྒྲ་དབྱངས་ཆེར་སྒྲོགས་པ། །བཤད་སྒྲུབ་བསྟན་པའི་མགོན་ལ་གསོལ་འདེབས། ཁྱད་པར་རྒྱུད་སྡེ་སྟོང་ཕྲག་སོ་གསུམ་དང་། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཀུན་གྱི་རྩ། །མཐར་དྲུག་ཚུལ་བཞིའི་རྒྱས་བཏབ་རྒྱུད་ཀྱི་རྒྱལ། །འཛིན་མཛད་རིམ་པར་བྱོན་ལ་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། །།མངྒ་ལཾ། །

འཇམ་དབྱངས་ནས་རྗེ་རིན་པོ་ཆེ་སོགས་ལ་བརྒྱུད་པའི་འཇམ་ལུགས་ཚེ་དཔག་ལྷ་ལྔའི་རྗེས་གནང་།

འཇམ་དབྱངས་ནས་རྗེ་རིན་པོ་ཆེ་སོགས་ལ་བརྒྱུད་པའི་འཇམ་ལུགས་ཚེ་དཔག་ལྷ་ལྔའི་རྗེས་གནང་བཞུགས།

བཅོམ་ལྡན་འདས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །འདིར་རྗེ་རིན་པོ་ཆེ་ནས་བརྒྱུད་པའི་ཚེ་དཔག་མེད་ལྷ་ལྔའི་མངོན་རྟོགས་རྗེས་གནང་བྱ་ཚུལ་ལ་གཉིས་ཀྱི་དང་པོ་ནི། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། མཚན་དཔེས་སྤྲས་ཤིང་ལོངས་སྤྱོད་རྫོགས་པའི་རྣམ་པ་ཅན། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བདེ་བ་ཅན་ནས་བསྒོམ་པ་དང་འདྲ་བའི་ཚེ་དཔག་མེད་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཞེས་པ་ནས། སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་བླ་མ་དང་དབྱེར་མེད་པའི་སྤྲུལ་སྐུ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་གྱིས་བརླབས་ནས། ༀ་ཨ་པ་ར་མི་ཏ་ཨཱ་ཨུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྡིག་པའི་དྲི་མ་ཕྱིར་བསལ་ནས། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོད། །རིགས་བདག་ཚེ་དཔག་མེད་ཀྱི་ཕྱག་མཚན་བུམ་པའི་ནང་དུ་ཟླ་གདན་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་སྙིང་པོ་དང་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་གི་ཚེ་མི་མ་ཡིན་གྱིས་འཕྲོག་པ་དང་། བརྐུས་པ་དང་། ཡར་བ་ལ་སོགས་པ་རྣམས་བུམ་པ་དང་ཐོད་པ་བདུད་རྩིས་གང་བའི་རྣམ་པར་བསྡུས་ནས་སྔགས་འཕྲེང་ལ་ཐིམ། ཡང་འབྱུང་བ་དང་འབྱུང་གྱུར་རྣམས་ཀྱི་བཅུད་དང་། སྐྱེ་འཕགས་ཐམས་ཅད་ཀྱི་ཚེ་དཔལ་བསོད་ནམས་དང་། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བྱུང་བས་བུམ་པའི་ནང་གང་བས་བདུད་རྩི་དཀར་ཆིལ་གྱིས་ལུས་ནས་རང་གི་སྤྱི་བོའི་ཚངས་བུག་ནས་ཞུགས་པས། ལུས་ཀྱི་ནང་གང་། དྲི་མ་དག །འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར་པར་བསམས་ལ། ཨ་མ་ར་ཎི་དང་། གཟུངས་རིང་བཟླ། མཇུག་ཏུ་ཡིག་བརྒྱ་དང་། སྔར་བཞིན་མཆོད་བསྟོད་བྱའོ། །དེ་ནས་ཚེ་དབང་བྱ་བ་ལ་མདུན་བསྐྱེད་བུམ་པ་བསྒྲུབ་པ་ནི། ཚེ་བུམ་བསངས། སྭ་བྷཱ་ཝས་སྦྱངས། ཚེ་བུམ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་བུམ་པ་དམར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་བརྒྱན་ཅིང་། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་དྭངས་ཤིང་ཐོགས་པ་མེད་པ་ཕྱི་བུམ་པ་ལ་ནང་ལྷའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། དེའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བཞི་པའི་ལྟེ་བ་དང་འདབ་མ་རྣམས་སུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེ་རྣམས་ཀྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོའི་རིང་ཆ་ཚེག་དྲག་དང་བཅས་པ་རེ་རེ། དེ་རྣམས་ཡོངས་སུ་གྱུར་པ་ལས་དབུས་ཀྱི་གདན་ལ་སངས་རྒྱས་ཚེ་དཔག་ཏུ་མེད་པ། ཤར་དུ་འཁོར་ལོའི་རིགས་ཀྱི་ཚེ་དཔག་མེད། ལྷོར་རིན་པོ་ཆེའི་རིགས་ཀྱི་ཚེ་དཔག་མེད། ནུབ་ཏུ་པདྨའི་རིགས་ཀྱི་ཚེ་དཔག་མེད། བྱང་དུ་ལས་ཀྱི་རིགས་ཀྱི་ཚེ་དཔག་མེད། དེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། །ཞེས་སོགས་སྔར་བཞིན་དང་། སྤྱན་འདྲེན་པའི་ཚེ། ཚེ་དཔག་མེད་རིགས་ལྔ་ཞེས་སྦྱར་ནས་མཆོད་བསྟོད་པར་སྔར་བཞིན་བྱ། བཟླས་པ་ནི། བུམ་པའི་ནང་གི་ཚེ་དཔག་མེད་རིགས་ལྔའི་ཕྱག་མཚན། བུམ་པའི་ནང་དུ་ཟླ་གདན་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་སྙིང་པོ་དང་གཟུངས་རིང་ནས་སློབ་མ་རྣམས་ཀྱི་ཚེ་ཡར་བ་དང་འཐོར་བ་ལ་སོགས་པ་རྣམས་བུམ་པ་དང་ཐོད་པ་བདུད་རྩིས་གང་བའི་རྣམ་པར་བཀུག་ནས་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་བདུད་རྩིས་གང་བར་གྱུར་བར་བསམས་ལ། གཟུངས་གཉིས་ཅི་གྲུབ་བཟླ། ཚེ་ཆང་ནང་མཆོད་ལྟར་རྒྱས་བསྡུས་ཅི་རིགས་ཀྱིས་བྱིན་གྱིས་བརླབས་ནས་གཟུངས་གཉིས་བཟླ་ཞིང་། ཚེ་རིལ་ནི། ཧྲཱིཿལས་ཚེ་རིལ་རྣམས་སྨན་སྣ་ཚོགས་ལས་གྲུབ་པའི་རིལ་བུར་གྱུར་པའི་སྟེང་དུ་ཧྲཱིཿཡིག་དེ་ལས་འོད་ཟེར་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་བྱིན་རླབས་དང་སྨན་དང་རྩི་བཅུད་ལ་སོགས་པའི་ནུས་པ་ཐམས་ཅད་བདུད་རྩིའི་རྣམ་པར་བཀུག་ནས་ཚེ་རིལ་ལ་ཐིམ་པར་བསམས་ལ་གཟུངས་གཉིས་བཟླས་ཏེ་བསྒྲུབས། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། གོང་གི་སྔགས་ཀྱི་མཐར་ཨི་དཾ་བ་ལིང་ཏ་ཞེས་སོགས་བཏགས་ནས་འབུལ་ཞིང་། ཨརྒྷཾ་སོགས་ཀྱིས་མཆོད་ལ་བསྟོད། དེ་ནས་སློབ་མ་རྣམས་ཁྲུས་བྱས་ལ་མདུན་དུ་འཁོད་པ་ལ། མཎྜལ་འབུལ་དུ་འཇུག །དེ་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཞེས་སོགས་ཀྱིས་གསོལ་འདེབས་ལན་གསུམ་བྱེད་དུ་གཞུག །དེ་ནས་ཆོས་བཤད་པ་སྤྱི་དང་བྱེ་བྲག་གིས་གདམས་པ་འདིའི་ལོ་རྒྱུས་བརྗོད། དེ་ནས། གནས་ཁང་འདི་ཐ་མལ་གྱི་རང་བཞིན་ཅན་མ་ཡིན་པར་དག་པའི་ཞིང་མདུན་གྱི་བུམ་པའི་ནང་དུ་ཚེ་དཔག་མེད་རིགས་ལྔ་དངོས་སུ་བཞུགས་པའི་མོས་པ་དང་། མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་རྣམས་བཞུགས་པའི་མོས་པ་བྱ། དེ་ནས་བྱང་སྡོམ་འཛིན་པའི་ཆེད་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག །དེ་ནས། སློབ་དཔོན་རིན་པོ་ཆེ་བདག་ལ་མགོན་པོ་ཚེ་དཔག་མེད་རིགས་ལྔའི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་གསུམ་གསོལ་གདབ་བྱས་ཀྱང་ལེགས། དེ་ནས་མཎྜལ་བསྟན་པ་ནི། མདུན་གྱི་བུམ་པ་འདིའི ནང་ལྷའི་གཞལ་ཡས་ཁང་དང་། དེའི་ནང་གི་དབུས་སུ་སངས་རྒྱས་ཚེ་དཔག་མེད། ཤར་དུ་རྡོ་རྗེའི་ཚེ་དཔག་མེད། །ཞེས་པ་ནས། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་མོས། དེ་ནས་སློབ་མ་བསངས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་གདན་ལ་སློབ་མའི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་དེ་ཡོངས་སུ་གྱུར་པ་ལས་སློབ་མ་རྣམས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཚེའི་བུམ་པ་འཛིན་པའི་སྐུར་གྱུར། དེའི་སྤྱི་བོར་ༀ། ཞེས་སོགས་གནས་གསུམ་བྱིན་བརླབ་བྱ། དེ་ནས་དབང་བསྐུར་བ་དངོས་ལ། ཚེ་བུམ་ལ་བརྟེན་ནས་དབང་བསྐུར་བ། ཚེ་ཆང་ལ་བརྟེན་ནས༴ ཚེ་རིལ་ལ་བརྟེན་ནས༴ ཚེ་སྤེལ་བ་དང་བཞི་ལས། དང་པོ་ལ་ཚེ་ཡར་བ་འགུག་པ། ཉམས་པ་གསོ་བ། ཚེ་བསྟིམ་པ་དང་གསུམ། དང་པོ་ནི། མདུན་གྱི་ཚེ་དཔག་མེད་རིགས་ལྔའི་ཕྱག་མཚན་བུམ་པའི་ནང་གི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་ཧྲཱིཿཡིག་གི་མཐར་སྙིང་པོ་དང་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་གཤིན་རྗེ་དང་རྒྱལ་པོ་ལ་སོགས་པ་མི་མ་ཡིན་རྣམས་ཀྱི་འཕྲོག་པ་དང་། བརྐུས་པ། ཡར་བ། འཐོར་བ་ཐམས་ཅད་བུམ་པ་དང་ཐོད་པ་བདུད་རྩིས་གང་བའི་རྣམ་པར་བཀུག་ནས་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཚེའི་བདུད་རྩིས་གང་བས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་གང་ཕྱི་ཐམས་ཅད་བཀྲུས་པས། ལུས་གནོད་པ་གང་གིས་མི་ཚུགས་པའི་རྡོ་རྗེའི་རང་བཞིན་ཅན་དུ་གྱུར་པའི་ནུས་པ་ཁྱད་པར་ཅན་བཞག་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ནས་ཌཱ་མ་རུ་དང་དྲིལ་བུའི་སྒྲ་དང་བཅས། སྐལ་ལྡན་རིགས་ཀྱི་བུ་འདི་རྣམས་འདི་དག་ལ་ཚེ་དབང་དུ་གྱུར་ཅིག །ཚེའི་དངོས་གྲུབ་ཏུ་གྱུར་ཅིག །ཚེ་མི་འགྱུར་བའི་གཡུ་དྲུང་དུ་གྱུར་ཅིག །མི་གཞིག་པའི་རྡོ་རྗེར་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་བ་མེད་པའི་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་གཏོར། རྒྱལ་མཚན་རྩེ་མོ་དབང་གིས་ཞེས་སོགས་ལྟ་བུའི་བཀྲ་ཤིས་བྱའོ། ། གཉིས་པ་ཉམས་པ་གསོ་བ་ལ། ཚེ་ཉམས་པ་གསོ་བ། སྟོབས་དང་བསོད་ནམས་ཉམས་པ་གསོ་བ། དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་གསུམ་ལས། དང་པོ་ནི། མདུན་གྱི་ཚེ་དཔག་མེད་རིགས་ལྔའི་ཕྱག་མཚན་བུམ་པའི་ནང་གི་ཞེས་པ་ནས། འོད་ཟེར་འཕྲོས། འབྱུང་བ་ནམ་མཁའ་རླུང་མེ་དང་ཆུ་དང་སའི་བཅུད་ཐམས་ཅད་བདུད་རྩི་ལྗང་ཁུ་དང་སྔོན་པོ་དང་དམར་པོ་དང་དཀར་པོ་དང་སེར་པོའི་རྣམ་པར་ནམ་མཁའི་ཁམས་གང་བར་བཀུག་ནས་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་ཞེས་པ་ནས། དག་པར་བཀྲུས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །ཁྱད་པར་དུ་ཡང་འབྱུང་བའི་སྒོ་ནས་ཚེ་ཉམས་པའི་ཉེས་སྐྱོན་སྦྱངས་ནས་ཚེ་ཉམས་པ་སོར་ཆུད། འཆི་བ་མེད་པའི་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །སྔགས་རིང་ཐུང་གཉིས་ཀའམ། ཨ་མ་ར་ཎི་གཉིས་ཀ་བརྗོད་དེ། སྐལ་ལྡན་རིགས་ཀྱི་བུ་འདི་དག་ལ་ཚེ་དབང་དུ་གྱུར་ཅིག །སོགས་སྔར་བཞིན་དང་ཆོས་སྐུ་ནམ་མཁའ་བཞིན་དུ་ཞེས་སོགས་ལྟ་བུའི་བཀྲ་ཤིས་བྱའོ། ། གཉིས་པ་སྟོབས་དང་བསོད་ནམས་ཉམས་པ་གསོ་བ་ནི། མདུན་གྱི་ཚེ་དཔག་མེད་རིགས་ལྔའི་ཞེས་པ་ནས། འོད་ཟེར་འཕྲོོས། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷ་ཚེ་རིང་པོ་རྣམས་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པ་མི་ཚེ་རིང་པོ་རྣམས་དང་། དགའ་བོ་དང་ཉེ་དགའ་ལ་སོགས་པའི་ཀླུ་ཚེ་རིང་པོ་རྣམས་དང་། བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་ཚེ་བསོད་ནམས་དང་། འགྲོ་བ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དང་། སྲིད་པ་གསུམ་གྱི་ཕུན་ཚོགས་ཐམས་ཅད་དང་། དེ་རྣམས་ཀྱི་བཀྲག་མདངས་གཟི་བརྗིད་ཐམས་ཅད། བཀྲ་ཤིས་པའི་རྟགས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་ཞེས་པ་ནས། སྡིག་སྒྲིབ་ཐམས་ཅད་དག །ཁྱད་པར་དུ་ཡང་སྟོབས་དང་བསོད་ནམས་ཉམས་པའི་ཉེས་སྐྱོན་སྦྱངས། སྟོབས་དང་བསོད་ནམས་ཉམས་པ་སོར་ཆུད། ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་སྐལ་བ་མཉམ་པའི་འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་དང་། ཨ་མ་ར་ཎི་དང་། སྐལ་ལྡན་རིགས་ཀྱི་བུ་ཞེས་སོགས་དང་། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །ཞེས་སོགས་བཀྲ་ཤིས་བྱའོ། །གསུམ་པ་དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་ནི། མདུན་གྱི་ཚེ་དཔག་མེད་རིགས་ལྔའི་ཞེས་པ་ནས། འོད་ཟེར་འཕྲོས། རྒྱལ་བ་ཚེ་དཔག་མེད་ལ་སོགས་པ་ཚེ་འཁྲིད་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་། ལྷ་མིའི་རིག་འཛིན་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱིི་བྱིན་རླབས་ནུས་མཐུ་ཐམས་ཅད་སྐུ་གཟུགས་དང་ཡིག་འབྲུ་དང་ཕྱག་མཚན་གྱི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། ཞེས་པ་ནས། སྡིག་སྒྲིབ་དག །ཁྱད་པར་དུ་ཡང་དམ་ཚིག་དང་སྡོམ་པ་ཉམས་པའི་ཉེས་སྐྱོན་སྦྱངས། དམ་ཚིག་དང་སྡོམ་པ་ཉམས་པ་སོར་ཆུད། འཆི་མེད་ནས། སྙམ་པའི་མོས་པ་མཛོད་ཅིག །ཨ་མ་ར་ཎི་དང་། སྐལ་ལྡན་རིགས་ཀྱི་བུ་ཞེས་སོགས་དང་། མི་འགྱུར་ལྷུན་པོ་སྐུ་ཡི་ཞེས་སོགས་བཀྲ་ཤིས་བྱའོ། །གསུམ་པ་ཚེ་བསྟིམ་པ་ནི། རང་གི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས། ནུབ་ཕྱོགས་བདེ་བ་ཅན་ནས་རྒྱལ་བ་ཚེ་དཔག་མེད་ལ་ཚེ་འཁྲིད་བརྒྱུད་པའི་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། བུམ་ནང་གི་ཚེ་དཔག་མེད་རྣམས་ལ་ཐིམ། དེ་རྣམས་འོད་དུ་ཞུ་ནས་ཁྱེད་རྣམས་ཀྱི་སྤྱི་བོ་ནས་ཐིམ། ཁྱེད་རྣམ་པའི་ལུས་ངག་ཡིད་གསུམ་དང་ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་ནས་འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ནས་ཚེ་བུམ་སློབ་མའི་སྤྱི་བོར་བཞག་ནས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད། རྗེ་བཙུན་འཇམ་པའི་དབྱངས། སློབ་དཔོན་དཔའ་བོ་རྡོ་རྗེ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། གྲུབ་མཆོག་ཆོས་ཀྱི་རྡོ་རྗེ། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནས། རྡོ་རྗེ་འཆང་བློ་བཟང་སྦྱིན་པའི་བར་གྱི་དཔལ་ལྡན་བླ་མ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་རྒྱལ་བ་ཞི་ཁྲོ་ཐམས་ཅད་ཀྱིས་བྱིན་གྱིས༴ ཁྱེད་རྣམས་ཀྱིས་རྡོ་རྗེ་སློབ་མ་འདི་དག་ལ་གནོད་པའི་ནད་གདོན་བགེགས་བར་དུ་གཅོད་པའི་གནོད་པ་ཐམས་ཅད་དང་། ཁྱད་པར་དུ་ཚེ་ལ་བར་དུ་གཅོད་པའི་མི་མ་ཡིན་གྱི་གནོད་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག །སྐྱོབས་ཤིག །ཅེས་དང་། གཟུངས་རིང་ཐུང་གཉིས་ཚར་གཅིག་བཟླའོ། །ཚེ་ཆང་ལ་བརྟེན་ནས་དབང་བསྐུར་བ་ནི། ཚེ་ཆང་འདི་ཉིད་བདུད་རྩི་ལྔའི་ངོ་བོར་བྱིན་གྱིས་བརླབས་ཤིང་། དེའི་སྟེང་དུ་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩེགས་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་རྣམས་བཀུག་ནས་དེ་ལ་ཐིམ་པར་གྱུར། དེ་ལྟ་བུའི་བདུད་རྩི་དེ་ཉིད་གསོལ་བས་ལུས་ཀྱི་རྩ་རླུང་ཐིག་ལེ་ཉམས་པ་སོར་ཆུད། འཆི་མེད་ནས། མོས་པ་མཛོད་ཅིག །དམ་རྫས་འཆི་མེད་བདུད་རྩིའི་ཟས། །དེ་རིང་བུ་ཡིས་བཏུང་བར་བགྱིས། །ང་ཡིས་བསྒོས་པའི་བཀའ་མ་བཅག །སྒྲུབ་ལ་ནན་ཏན་གཅེས་སུ་གྱིས། །ཞེས་ཚེ་ཆང་སྦྱིན། གསུམ་པ་ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་ནི། ཚེ་རིལ་འདི་ཉིད་ཀྱང་བྱང་སེམས་ཀྱི་བྱིན་རླབས་དང་། སྨན་དང་རྩི་བཅུད་ཀྱི་ནུས་པ་རྣམས་བཀུག་ནས་བསྟིམས་ནས་བྱིན་གྱིས་བརླབས་པ་ཡིན་པས། འདི་གསོལ་བས་གདོན་དང་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་ཐམས་ཅད་ཞི་ནས་འཆི་མེད་ནས་མཛོད་ཅིག །བཀྲ་ཤིས་ཚེ་བརྟན་དཔལ་གྱིས་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་བཟའ་བར་བགྱིས། །འདི་ཟོས་སངས་རྒྱས་ཚེ་དཔག་མེད། །ཞལ་ཟས་བསྟེན་ན་ནད་ཀུན་ལས། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། ། བཞི་པ་ཚེ་སྤེལ་བ་ནི། ཁྱེད་རང་རྣམས་ཀྱི་སྟེང་གི་ནམ་མཁར་རྒྱལ་བ་ཚེ་དཔག་མེད་ལ་ཚེ་འཁྲིད་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་དང་། ལྷ་མིའི་རིག་འཛིན་གྱི་ཚོགས་ཀྱིས་བསྐོར་ནས་བཞུགས་པ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་པ་དང་། རོལ་མོའི་སྒྲ་སྒྲོགས་པ་དང་། བཀྲ་ཤིས་ཀྱི་གླུ་དབྱངས་ཀྱིས་ཤིས་པ་བརྗོད་པར་གྱུར། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་དང་། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཞེས་སོགས་སོ་སོར་རམ། ཡང་ན། ཕྱིན་དྲུག་སྟོབས་ཀྱིས་ཞེས་སོགས་ཐུན་མོང་དུ་བྱ་ཞིང་། གཞན་ཡང་བཀྲ་ཤིས་ཅི་རིགས་དང་། དེ་ནས་གཏང་རང་གི་མཎྜལ་དང་། མཇུག་ཆོག་རྣམས་སྤྱི་ལྟར་བྱའོ། །ཞེས་པ་འདི་ཡང་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་དམ་པ་སྔ་མའི་བཤད་སྲོལ་ལྟར་བགྱིས་སོ།། །། མངྒལཾ།། ཡང་གྲུབ་རྒྱལ་མའི་ལུགས་ཀྱི་རྗེས་གནང་ལ་ཚེ་དཔག་མེད་ལྷ་ལྔའི་སྣོན་མ་བཏབ་ནས་དབང་བསྐུར་བའི་ཚུལ་ཞིག་འབྱུང་བ་འདི་སྒོས་སུ་བྱས་ནའང་ལེགས་འདུག་པས་འདི་ལྟར་བྱ་སྟེ། སྐྱབས་སེམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཡི་གེ་ཧྲཱིཿདམར་པོ་དེ་ཡོངས་སུ་གྱུར་པ་ལས། རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་པད་མ་འདབ་མ་བཞི་ཟླ་གདན་དང་བཅས་པ། དེའི་དབུས་སུ་སངས་རྒྱས་ཚེ་དཔག་མེད། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོར་རིན་ཆེན་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ལས་ཀྱི་ཚེ་དཔག་མེད། དེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ནས། སྐྱིལ་ཀྲུང་གིས་བཞུགས་པར་གྱུར་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧྲཱིཿའམ་ཧཱུཾ་ལས་འོད་ཟེར་འཕྲོས། བདེ་བ་ཅན་ནས་རྒྱལ་བ་ཚེ་དཔག་མེད་རིགས་ལྔའི་ལྷ་ཚོགས་རྣམས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ སླར་ཡང་ཐུགས་ཀའི་ནས་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ནས། ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་སྤྲུལ་སྐུ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ། ༀ་ཨཱརྱ་ཨ་པ་ར་མི་ཏ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ ཧཱ། ནས་ཤཔྟའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །ཞེས་སོགས་ཀྱིས་བསྟོད་ལ། ཨ་མ་ར་ཎི་དང་། ༀ་བུདྡྷ་ཨཱ་ཡུ་ཛྙཱ་ན་སིདྡྷི་ས་མ་ཡེ་སྭཱཧཱ། ཞེས་པ་གཉིས་དང་། བཛྲ་དང་། རཏྣ་ཨཱ་ཡུ་ཛྙཱ་ན་དང་། པདྨ་ཨཱ་ཡུ་ཛྙཱ་ན་དང་། ཀརྨཱཿཨཱ་ཡུ་ཛྙཱ་ན་ཞེས་སྦྱར་བ་བཟླས་ནས་ཡིག་བརྒྱ་བརྗོད་ཅིང་། མཆོད་བསྟོད་བྱ། དེ་ནས་བུམ་པའི་ནང་དུ་ཚེ་དཔག་མེད་རིགས་ལྔ་བསྐྱེད་རྒྱུ་བྱུང་ན་ལེགས་མོད། འདིར་མ་བསྐྱེད་ཀྱང་སློབ་མ་བསངས་སྦྱངས། །སྟོང་པའི་ངང་ལས་པད་ཟླའི་གདན་ལ་སློབ་མ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པར་གྱུར་པའི་སྙིང་ཁར་པདྨ་འདབ་མ་བཞི་པའི་དབུས་དང་ཕྱོགས་བཞིར་པདྨ་དམར་པོ་དང་ཟླ་བའི་གདན་རེ་རེ། །ཞེས་བརྗོད་དེ། སློབ་དཔོན་རིན་པོ་ཆེ་བདག་ལ་ཚེ་དཔག་མེད་རིག་ལྔའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་འདེབས་སུ་གཞུག །དེ་ནས། རང་གི་སྙིང་ཁར་བཞུགས་པའི་ཚེ་དཔག་མེད་རིགས་ལྔ་ལས་རང་འདྲ་གཉིས་པ་རེ་ཆད་ནས་སློབ་མའི་སྙིང་ཁར་པདྨ་འདབ་མ་བཞི་པའི་དབུས་དང་ཕྱོགས་བཞིར་བཞུགས་པར་གྱུར་པ་ནི། དབུས་སུ་སངས་རྒྱས་ཚེ་དཔག་མེད། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོར་རིན་ཆེན་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ལས་ཀྱི་ཚེ་དཔག་མེད། དེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་ཞལ་གཅིག་ནས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ཟླ་གདན་ལ་ཧྲཱིཿ ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བར་གྱུར། དེ་ནས། རང་གི་སྙིང་ཁའི་སངས་རྒྱས་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་དང་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྣམ་སྣང་དང་རྣམ་སྣང་གི་རིགས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་རྣམ་སྣང་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། སློབ་མའི་ལུས་ཀྱི་ཆ་ཐམས་ཅད་ནས་ཞུགས་སྙིང་ཁའི་རྣམ་སྣང་ཚེ་དཔག་མེད་ལ་ཐིམ་པས། ལུས་ཀྱི་ནང་གང་། ཉོན་མོངས་པ་གཏི་མུག་དང་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་སྒྲིབ་ནད་གདོན་དང་བཅས་པ་ཐམས་ཅད་ཞི་བར་བྱས། ཚེ་དང་བསོད་ནམས་ལ་སོགས་པ་ཡོན་ཏན་ཐམས་ཅད་རྒྱས་ཤིང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་འཆི་མེད་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། །ཅེས་བརྡ་སྤྲད་ནས། ལུས་ལ་རྣམ་སྣང་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་རྒྱལ་ཏེ། བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ཅེས་བརྗོད་དེ་རྡོ་རྗེ་སློབ་མའི་སྙིང་ཁར་བཞག །བུམ་པ་ཆུ་ཡོད་ན་གཏོར་བཞིན་པར། ༀ་བུདྡྷ་ཨཱ་ཡུ་ཛྙཱ་ན་སོགས་ཀྱི་སྔགས་བརྗོད། དེ་ནས། རང་གི་སྙིང་ཁའི་རྡོ་རྗེ་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་དང་ཧྲཱིཿཞེས་པ་ནས། འཕྲོས་པས་མི་བསྐྱོད་པ་དང་དེའི་རིགས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། རྡོ་རྗེ་ཚེ་དཔག་མེད་ལ་ཐིམ་པས། ཞེས་པ་ནས། ཉོན་མོངས་པ་ཞེ་སྡང་དང་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་སྒྲིབ་ཞེས་པ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་འཆི་མེད་ཚེའི་ཞེས་པ་ནས། ལུས་ལ་རྡོ་རྗེ་ཚེ་དབང་བསྐུར། ཞེས་པ་ནས། རྡོ་རྗེ་སྙིང་ཁར་འཇོག་པ་དང་། ༀ་བཛྲ་ཨཱ་ཡུཿཛྙཱ་ན་ཞེས་སོགས་ཀྱི་སྔགས་བརྗོད། དེ་ནས། རང་གི་སྙིང་ཁའི་རིན་ཆེན་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་དང་ཧྲཱིཿཞེས་པ་ནས། རིན་ཆེན་དང་རིན་ཆེན་གྱི་རིགས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་རིན་ཆེན་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། རིན་ཆེན་ཚེ་དཔག་མེད་ལ་ཐིམ་པས། ཞེས་པ་ནས། ཉོན་མོངས་པ་སེར་སྣ་དང་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་སྒྲིབ་ཞེས་པ་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་འཆི་མེད་ཚེའི་ཞེས་པ་ནས། ལུས་ལ་རིན་ཆེན་ཚེ་དབང་བསྐུར། ཞེས་པ་ནས། ༀ་རཏྣ་ཨཱ་ཡུ ཿཛྙཱ་ན་སོགས་ཀྱི་སྔགས་བརྗོད། དེ་ནས། རང་གི་སྙིང་ཁའི་པདྨ་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་དང་ཧྲཱིཿཞེས་པ་ནས། པདྨ་དང་པདྨའི་རིགས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་པདྨ་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། པདྨ་ཚེ་དཔག་མེད་ལ་ཐིམ་པས། །ཞེས་པ་ནས། ཉོན་མོངས་པ་འདོད་ཆགས་དང་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་སྒྲིབ་ཞེས་པ་ནས། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་བཞིན་འཆི་མེད་ཚེའི་ཞེས་པ་ནས། ལུས་ལ་པདྨའི་ཚེ་དབང་བསྐུར། །ཞེས་པ་ནས། ༀ་པདྨ་ཨཱ་ཡུཿཛྙཱ་ན་སོགས་ཀྱི་སྔགས་བརྗོད། དེ་ནས། རང་གི་སྙིང་ཁའི་ལས་ཀྱི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧཱུཾ་དང་ཧྲཱིཿཞེས་པ་ནས། འཕྲིན་ལས་དང་འཕྲིན་ལས་ཀྱི་རིགས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་ལས་ཀྱི་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། ལས་ཀྱི་ཚེ་དཔག་མེད་ལ་ཐིམ་པས། ཞེས་པ་ནས། ཉོན་མོངས་པ་ཕྲག་དོག་དང་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་ཞེས་པ་ནས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་འཆི་མེད་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ལུས་ལ་ལས་ཀྱི་ཚེ་དབང་བསྐུར། །ཞེས་པ་ནས། ༀ་ཀརྨཱཿཨཱ་ཡུ་ཛྙ་ན་ཞེས་སོགས་ཀྱི་སྔགས་བརྗོད། དེ་ནི་རྒྱས་པའི་ལུགས་ཡིན་ལ། བསྡུ་ན། །སྙིང་ཁའི་ཚེ་དཔག་མེད་རིགས་ལྔའི་ཐུགས་ཀའི་ཧྲཱིཿ་ལས་འོད་ཟེར་ཕྱོགས་བཅུར་འཕྲོོས་པས། རིགས་ལྔ་དང་དེའི་རིགས་ཀྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཚེ་དཔག་མེད་རིགས་ལྔའི་རྣམ་པར་སྤྱན་དྲངས། ཚེ་དཔག་མེད་རིགས་ལྔ་ལ་ཐིམ་པས། སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་སློབ་མའི་ལུས་ཀྱི་ནང་གང་། ཉོན་མོངས་པ་དུག་ལྔ་དང་དེ་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་སྡིག་སྒྲིབ་ཞེས་པ་ནས། ཡེ་ཤེས་ལྔའི་རང་བཞིན་འཆི་མེད་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ལུས་ལ་རིགས་ལྔའི་ཚེ་དབང་བསྐུར། །ཞེས་སོགས་བརྗོད་ཅིང་། རྡོ་རྗེ་འཇོག་པ་དང་། སྔགས་དེ་རྣམས་བརྗོད། འདི་གྲུབ་རྒྱལ་མའི་རྗེས་གནང་དང་སྦྱར་ནས་བྱེད་ན། བཀའ་བསྒོའི་གོང་དེར་བྱ་བར་བཤད་ལ། སྒོས་སུ་བྱེད་ན། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །ཞེས་སོགས་ཀྱི་བཀྲ་ཤིས་དང་། ཡང་ན། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །ཞེས་སོགས་ཅི་རིགས་བྱའོ།། །། ཞེས་པ་འདི་ཡང་བླ་མ་བརྒྱུད་པའི་གསུང་གི་མན་ངག་ལ་བརྟེན་ནས་གཞན་རེ་གཉིས་ལ་ཕན་ཤས་ཆེ་སྙམ་སྟེ་བཤད་སྒྲུབ་མིང་ཅན་གྱིས་བསྒྲིགས་པའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ། །

ཚེ་དཔག་མེད་ཀྱི་རྣལ་འབྱོར་དང་བླ་མ་རྒྱུད་པའི་གསོལ་འདེབས།

ཚེ་དཔག་མེད་ཀྱི་རྣལ་འབྱོར་དང་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས།

གང་གི་མཚན་བརྗོད་དྲན་པས་ཀྱང་། །འཆི་བདག་བདུད་ཀྱི་དཔུང་བཅོམ་ནས། །འཆི་མེད་ཚེ་ཡི་དཔལ་སྟེར་བ། །ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། །འདིར་བདག་ཉིད་ཀྱིས་ཉམས་སུ་ལེན་པའི་རིམ་པ་ལྟར་ཚེ་དཔག་མེད་ཀྱི་རྣལ་འབྱོར་རྒྱུན་འཁྱེར་དུ་བྱེད་པ་ནི། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་རྒྱལ་བ་ཚེ་དཔག་མེད་ཞལ་གཅིག་ཕྱག་གཉིས་པར་གྱུར། རང་གི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པས། བདེ་བ་ཅན་ནས་མགོན་པོ་ཚེ་དཔག་མེད་ཡབ་སྲས་ཁོར་དང་བཅས་པ་སྤྱན་དྲངས། ༀ་ཨ་པ་ར་མི་ཏ་ཨཱ་ཡུརྫྙཱ་ན་ས་པཱ་རི་ཝ་ར་ཨེ་ཧྱ་ཧི། མདུན་གྱི་ནམ་མཁར་རྨ་བྱས་གཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་བས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེས་སྤྲས་པའི་སྐུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བ། དེའི་གཡས་སུ་སྤྱན་རས་གཟིགས། གཡོན་དུ་མཐུ་ཆེན་ཐོབ་པ། དེའི་མཐའ་སྐོར་དུ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིིས་བསྐོར་ནས་བཞུགས་པར་གྱུར། བསླུ་མེད་མཆོག་གསུམ་འདུས་པའི་ངོ་བོ་ཉིད། །ངན་འགྲོའི་འཇིགས་ལས་སྒྲོལ་བའི་དཔའ་བོ་མཆོག །དག་པའི་ཞིང་དུ་འདྲེན་པའི་ཐུགས་རྗེ་ཅན། །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བརྩེ་བའི་གཏེར་ཆེན་རྗེ་བཙུན་སྤྱན་རས་གཟིགས། །མཐུ་སྟོབས་ནུས་པའི་མངའ་བདག་མཐུ་ཆེན་ཐོབ། །འཁོར་ཚོགས་རྒྱལ་བ་སྲས་བཅས་ཐམས་ཅད་ལ། །བདག་ཅག་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །རབ་འབྱམས་ཞིང་ན་མཆིས་པའི་མཆོད་ཚོགས་དང་། །བདག་ལུས་ལོངས་སྤྱོད་དགེ་ཚོགས་མཎྜལ་བཅས། །ཐུགས་རྗེ་ཆེ་ལྡན་ཁྱེད་རྣམས་མཉེས་ཕྱིར་འབུལ། །ཐོགས་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་དང་། །ཚེ་མཐར་ཕྱིན་དང་བདེ་ལྡན་ཞིང་མཆོག་ཏུ། །སྐྱེ་ལ་བར་དུ་གཅོད་པའི་ཉེས་པ་ཀུན། །ནོངས་ཤིང་འགྱོད་པའི་ཡིད་ཀྱིས་སོ་སོར་བཤགས། །རང་གཞན་སྐྱེ་འཕགས་ཀུན་གྱིས་ལེགས་བསྐྲུན་པའི། །རྣམ་དཀར་དགེ་ཚོགས་རྣམས་ལ་རྗེས་ཡི་རང་། །མ་ལུས་ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ལ། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ། །དེ་དག་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བསྐལ་བརྒྱར་མྱ་ངན་མི་འདའ་གསོལ་བ་འདེབས། །འདིས་མཚོན་ལེགས་ཚོགས་ཇི་སྙེད་མཆིས་པ་ཀུན། །བདེ་ལྡན་ཞིང་སྐྱེ་སངས་རྒྱས་ཐོབ་ཕྱིར་བསྔོ། །ཞེས་ཡན་ལག་བདུན་པ་བྱ། ཅུང་ཟད་སྤྲོ་ན། བདེ་གཤེགས་པའམ། ཉི་གཞོན་འཆར་ཀ་མ་གཉིས་གང་རུང་བརྗོོད་པའི་མཐར། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྒྱལ་བ་ཚེ་དཔག་མེད་དང་། མགོན་པོ་སྤྱན་རས་གཟིགས་དབང་ཕྱུག །མཐུ་ཆེན་ཐོབ་སོགས་འཁོར་དང་བཅས་པ་ཐམས་ཅད་ལ་གསོལ་བ་འདེབས་སོ། །ཞེས་ལན་གསུམ་སོགས་དང་། དེ་དང་སྦྲེལ་ནས་བདག་ལ་མཆི་མེད་ཚེའི་རིག་འཛིན་སྩལ་དུ་གསོལ། འདི་ནས་ཤི་འཕོས་མ་ཐག་ཏུ་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་འགྱུར་བར་བྱིན་གྱིས་རློབ་ཏུ་གསོལ་ཞེས་གསོལ་འདེབས་ཅི་ནུས་བྱས་པའི་མཇུག་ཏུ། སྐྱབས་གནས་ཐམས་ཅད་ཀྱི་སྐུའི་ཆ་དང་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལས་འཆི་མེད་ཚེའི་བདུད་རྩིའི་རྒྱུན་བྱུང་ནས་རང་གི་ལུས་ཀྱི་ཆ་རྣམས་ལ་ཐིམ་པར་གྱུར་ཞེས་བརྗོད་ཅིང་བསམ། མཐར་སྐྱབས་གནས་རྣམས་རང་གི་སྙིང་གར་ཐིམ་པས་རང་ཉིད་རྒྱལ་བ་ཚེ་དཔག་མེད་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། སྲིན་ཞིའི་ཚེ་དཔལ་བསོད་ནམས་ཐམས་ཅད་འོད་དང་བདུད་རྩི་ཁ་དོག་སྣ་ཚོགས་པ་དང་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་རྣམ་པར་བཀུག་ནས་སྙིང་ཁའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་གྱུར་པར་བསམས་ལ། ༀ་ཨ་མ་ར་ཎཱི་ཛི་ཝནྟི་ཡེ་སྭཱཧཱ། བརྒྱ་རྩ་སོགས་ཅི་འགྲུབ་དང་། འདོད་ན་གཟུངས་རིང་ཀྱང་བཟླའོ། །མཐར་ཡིག་བརྒྱ འམ། ༀ་བཛྲ་སཏྭ་ཧཱུཾ། ལན་གསུམ་དང་། དགེ་བ་འདི་ཡིས་མྱུར་དུ་བདབ། །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །ཞེས་སོགས་དང་། དུས་མིན་འཆི་བའི་མཚན་མ་མཐོང་བ་ནས། །ཞེས་སོགས་དང་། འདི་ནས་ཉིང་མཚམས་སྦྱར་མ་ཐག །ཞེས་སོགས་བསྔོ་སྨོན་ཅི་རིགས་བྱའོ།། །།ན་མོ་མཉྫུ་གྷོ་ཥ་ཡ། བསྐལ་བཟང་རྒྱལ་བའི་དབང་པོ་ཤཱཀྱའི་ཏོག །རྒྱལ་ཚབ་དམ་པ་མི་ཕམ་འཇམ་པའི་དབྱངས། །སྤྱན་རས་གཟིགས་དབང་ཕྱག་ན་རྡོ་རྗེ་སོགས། །སངས་རྒྱས་བྱང་སེམས་རྣམས་ལ་གསོལ་བ་འདེབས། །ཨིནྡྲ་བྷུ་ཏི་དཔལ་ལྡན་ས་ར་ཧ། །ལཱུ་ཧི་དྲིལ་བུ་པ་དང་ནག་པོ་སྤྱོད། །ཀླུ་སྒྲུབ་ཟླ་གྲགས་ཐོགས་མེད་སྐུ་མཆེད་སོགས། །འཕགས་ཡུལ་པཎ་གྲུབ་རྣམས་ལ་གསོལ་བ་འདེབས། །སྣང་བ་མཐའ་ཡས་དཔལ་ལྡན་མར་མེ་མཛད། །སྤྱན་རས་གཟིགས་དབང་འབྲོམ་སྟོན་ཐམས་ཅད་མཁྱེན། །སྲོལ་འཛིན་ཟླ་མེད་པུ་ཏོ་གླང་ཤར་སོགས། །བཀའ་གདམས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རྒྱལ་བ་གཉིས་པ་རྗེ་བཙུན་བློ་བཟང་གྲགས། །རིགས་པའི་དབང་ཕྱུག་རྒྱལ་ཚབ་ཐམས་ཅད་མཁྱེན། །མདོ་སྔགས་བསྟན་པའི་མངའ་བདག་མཁས་གྲུབ་རྗེ། །འདུལ་བ་འཛིན་པའི་ཞབས་ལ་གསོལ་བ་འདབས། །བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་པའི་མཆོག །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །མཆོག་སྤྲུལ་བློ་བཟང་ཡེ་ཤེས་བསྟན་པའི་དཔལ། །བསྐལ་བཟང་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །པཎ་ཆེན་སྤྲུལ་སྐུ་དཔལ་ལྡན་ཡེ་ཤེས་དབང་། །རྡོ་རྗེ་འཛིན་པ་རྒྱལ་སྲས་པཎྜི་ཏ། གྲུབ་པའི་དབང་ཕྱུག་བློ་གྲོས་རྒྱ་མཚོ་སོགས། །བཤེས་གཉེན་དམ་པ་རྣམས་ལ་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་ཞེས་སོགས་ཀྱང་བརྗོད་པར་བྱའོ། །ཚུལ་འདི་བསྐུལ་ཞིང་བསྒྲུབས་པའི་དགེས། །འཆི་མེད་ཚེ་ཡི་དཔལ་ཐོབ་ཅིང་། །བདེ་ལྡན་ཞིང་སྐྱེ་ཚེ་རབས་ཀུན། །དམ་པའི་མགོན་གྱིས་རྗེ་འཛིན་ཤོག། །།ཅེས་ཚེ་དཔག་མེད་ཀྱི་རྣལ་འབྱོར་དང་། བླ་མ་བརྒྱུད་པའི་གསོལ་འདེབས་མདོར་བསྡུས་པ་འདི་ནི་དད་དང་རྣམ་དཔྱོད་ལྡན་པའི་ཟམ་ཐང་མདོའི་དགེ་སློང་བློ་གྲོས་ཀུན་དགས་འདི་ལྟ་བུ་ཞིག་གྱིས་དང་ཉིད་ཀྱི་གསུང་འབུམ་གྱི་ནང་དུ་བག་ཆགས་ཙམ་འཇོག་ཕྱིར་ཁོ་བོ་རང་ཉིད་ཀྱི་ལག་གིས་པར་དུ་བརྐོ་བར་བྱའོ་ཞེས་བསྐུལ་བ་ལ་བརྟེན་ནས་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ་པར་གྱི་ཡི་གེ་བ་ནི་དགེ་སློང་གྲགས་པ་དཔལ་འབྱོར་རོ། །མངྒལཾ། །

འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་བློ་གྲོས་མིག་འབྱེད།

འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་བློ་གྲོས་མིག་འབྱེད་ཅེས་བྱ་བ་བཞུགས།

ཀཻ་ལ་ཤ་ཡི་མདངས་འཛིན་གཞོན་ནུའི་སྐུ། །ཚངས་དབྱངས་སྟོང་གི་རྗེས་འགྲོ་སྙན་པའི་གསུང་། ཟབ་ཡངས་རྒྱ་མཚོའི་གཏིང་མཐའ་མི་མངོན་ཐུགས། །ལྷ་མཆོག་འཇམ་པའི་དབྱངས་ལ་གུས་པས་འདུད། །མཁས་མང་བཞེད་སྲོལ་དྲི་མེད་སྐྱེད་ཚལ་ནས། །གང་གི་སྒྲུབ་ཐབས་ཆུ་སྐྱེས་གསར་པའི་ཕྲེང་། །རྣམ་དཔྱོད་སོར་རྩེས་རབ་སྤེལ་དད་ལྡན་གྱི། །བློ་གྲོས་རྣམ་པར་མཛེས་པའི་རྒྱན་དུ་སྦྱིན། །དེ་ལ་འདིར་རྗེ་བཙུན་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་འཆད་པ་ལ་གསུམ། སྔོན་འགྲོ་དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི་ཤ་ཆང་སྒོག་བཙོང་སོགས་སྤངས་ནས་གཙང་སྦྲ་དང་ལྡན་པར་བྱས་ཏེ་སྟན་བདེ་བ་ལ་འདུག་ལ། ཐོག་མར་སྐྱབས་འགྲོ་ནི་སྤྱི་དང་མཐུན་པར་བྱ་བའམ། ཡང་ན་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་པའི་མཇུག་ཏུ། བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ། སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྒོམ་བཟླས་ཟབ་མོ་ལ་འཇུག་པར་བགྱིའོ། །ཞེས་ལན་གསུམ་བརྗོད། ཚོགས་ཞིང་ནི། རང་ཉིད་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་སུ་གྱུར་པར་བསམས་ལ། མཆོད་པ་ཡོད་ན་ཐུན་མོང་དུ་བྱིན་རླབས་བྱས་ཀྱང་རུང་། རང་གི་ཐུགས་ཀའི་ཨ་དཀར་པོ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་དབྱངས་དཀར་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས། ༀ་ཨཱརྱ་མཉྫུ་ཤྲཱི་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱཧཱ། ནས་ཤཔྟའི་བར་གྱིས་མཆོད་ཅིང་། རི་བོང་འཛིན་པས་བསྟོད། །རྒྱས་པར་འདོད་ན། འོག་ནས་འབྱུང་བའི་ཡན་ལག་བདུན་པ་བྱས་ན་ཕུན་སུམ་ཚོགས་པར་འགྱུར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ནས། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། ཞེས་པའི་བར་རམ་མཇུག་གི་བར་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སོགས་ཚད་མེད་བཞི་བསྒོམ། །གཉིས་པ་དངོས་གཞི་ནི་ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅ཧཾ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་ཡིག་དཀར་པོ་དེ་ཡོངས་སུ་གྱུར་པ་ལས་འོ་མའི་རྒྱ་མཚོ་དཀར་ཞིང་དྭངས་པ། པདྨོའི་དྲ་བས་ཁེབས་ཤིང་མཐའ་ནེའུ་སེང་གིས་འཁོར་ཡུག་ཏུ་བསྐོར་བ་ལ་པད་ཚལ་གྱིས་ཁྱབ་པ། གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་དལ་གྱི་རྒྱུ་ཞིང་། ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོགས་པ། མཚོའི་དབུས་སུ་བཾ་དཀར་པོ་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པ། གེ་སར་དམར་སེར། ལྟེ་བ་ལྗང་སེར་དུ་མཐོ་བའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་བསིལ་ཟེར་ཕྱོགས་བཅུར་འཕྲོ་བ། དེའི་དབུས་སུ་རང་གི་སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ་ནས་ཤེས་རབ་ཀྱི་སྣང་བ་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་སྟོན་ཀའི་ཟླ་བའི་མདངས་ལྟར་དཀར་ཞིང་དྲི་མ་མེད་པའི་ཆུ་ཤེལ་གྱི་ཕུང་པོ་བཞིན་དུ་གསལ་ཞིང་དྭངས་པ། མཚན་དཔེའི་སྤྲས་ཤིང་། གཞོན་ནུ་བརྒྱད་གཉིས་ལོན་པའི་ན་ཚོད་ཅན། ཞལ་གཅིག་ཕྱག་གཉིས་པ། གཡས་ལེགས་པར་བརྐྱངས་པའི་མཆོག་སྦྱིན་གྱི་ཕྱག་རྒྱས་ཨུཏྤ་ལའི་ཡུ་བ་ནས་འཛིན་པའི་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་དུ་ཤེས་རབ་ཀྱི་རལ་གྲི་དང་། གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཁར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་ཐོར་ཚུགས་ཀྱི་རྩེ་མོར་རིན་པོ་ཆེའི་ཏོག་དང་། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ་སོགས་ཀྱིས་མཛེས་པར་བྱས་པ། དར་སྣ་ཚོགས་ཀྱིས་སྟོད་གཡོགས་དང་སྨད་གཡོགས་ལྷབ་ལྷུབ་ཏུ་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་འོད་ཟེར་འཁྲུངས་པའི་དབུས་ན་བཞུགས་པ། རང་གི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། འདོད་ན། མཆོད་པ་ཡང་འབུལ་ཞིང་མ་བྱས་ཀྱང་མི་འགལ། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མ་ཛཿས་སྤྱན་དྲངས་ནས་པཉྩ་ཀཱུ་ལ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩི་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ནས་ཤྲཱི་ཡེ་ཨཱཿཧཱུཾ། ཞེས་དབང་བསྐུར་བས་ལུས་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པར་བསམས་ལ། མཆོད་པ་སྔར་བྱིན་གྱིས་མ་བརླབས་ན་འདིར་བྱིན་གྱིས་བརླབས་ཏེ་སྔར་བཞིན་ཕུལ། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ཞིང་། །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་པ་ཅན། །དགའ་བ་རྒྱ་ཆེན་ཐར་མཆོག་སྤྱན་ནི་པདྨོའི་འདབ་ལྟར་ཡངས། །བློ་གྲོས་ངན་པ་སྲེག་མཛད་འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད། །ཞེས་པའམ། ཡང་ན་འཆད་འགྱུར་གྱི་བསྟོད་པ་ཅི་རིགས་པས་བསྟོད་ལ། བཟླས་པ་ནི། རང་གི་སྙིང་རྩེ་མོ་གྱེན་དུ་བསྟན་པའི་དབུས་སུ་འཁོར་ལོ་དཀར་པོ་རྩིབས་དྲུག་པ་ལྟེ་བ་མུ་ཁྱུད་དང་བཅས་པ། ལྟེ་བར་ཟླ་གདན་ལ་རང་གི་སེམས་ཉིད་ཨ་དཀར་པོ། རྩིབས་དྲུག་ལ་མདུན་ནས་གཡས་སྐོར་དུ་ཡིག་དྲུག་དཀར་པོ་འོད་ཟེར་འཕྲོ་བ། རྩིབས་ལ་མ་རེག་ཙམ་དུ་འཁོད་པ། འཁོར་ལོ་གཡས་སུ་འཁོར་ཞིང་། ཡིག་དྲུག་གཡོན་དུ་འཁོར་བ་ལྟར་སྣང་བ། ཨ་ཡིག་ལས་འོད་ཟེར་འཕྲོས་པས་ལུས་ཀྱི་ནད་ཐམས་ཅད་གང་། མི་ཤེས་པའི་མུན་པ་ཐམས་ཅད་བསལ། འཇམ་དཔའི་དབྱངས་ལྟར་བློ་གྲོས་ཐོགས་མེད་དུ་རྒྱས་པར་བསམས་ལ། ༀ་ཝཱ་ཀྱེ་དཾ་ན་མཿ ཞེས་བཟླའོ། །བསྙེན་པའི་གྲངས་ནི། སློབ་དཔོན་སྒེག་པའི་རྡོ་རྗེས་འབུམ་ཕྲག་གཅིག་ཏུ་བཤད། རྒྱ་སྟོན་གྱིས་སུམ་འབུམ་དང་། རིན་ཆེན་རྒྱལ་མཚན་པས་དྲུག་འབུམ་བཟླ་བར་གསུངས་ལ། རྒྱལ་དབང་གིས་སྙིགས་དུས་འདིར་བསྙེན་ཚད་དང་པོ་ལས་མང་དུ་བཟླས་དགོས་པར་བཤད་པས། སུམ་འབུམ་མམ། དྲུག་འབུམ་དང་། དེ་ལས་མང་བར་བྱས་ན་ལེགས་སོ། །དེ་ཡང་གྲངས་བསྙེན་གྱི་དབང་དུ་བྱས་ལ། མཚན་མའི་བསྙེན་པ་ནི་གྲངས་མཐའ་གཅིག་ཏུ་མ་ངེས་པར། ཞལ་མཐོང་བ་དང་གསུང་ཐོས་པའམ། གཞན་ཡང་པོ་ཏི་དང་། མཚོན་ཆ་མཐོང་བར་རྨིས་པ་དང་། མེ་ཏོག་བཏུ་བ། མར་མེ་གཏམས་པ། ཉི་ཟླ་ཤར་བ། རོལ་མོ་འབུད་དཀྲོལ་བྱེད་པ། ནམ་མཁའ་ལ་འཕུར་བ། ལུས་ལ་མེ་འབར་བ། ཆུར་བརྒལ་བ། གོས་དཀར་དྲི་མེད་གྱོན་པ་སོགས་རྨི་བ་འབྱུང་གི་བར་དུ་བཟླ་བར་བཤད་དེ། རྟགས་དེ་དག་ལ་ཡང་ཤར་ཚད་ཚད་མར་མི་བཟུང་ངོ་། །དམིགས་པའི་གནད་ནི། འཁོར་ལོ་མྱུར་དུ་འཁོར་བས་བློ་གྲོས་མྱུར་བ་དང་། རྩེ་མོ་རྣོ་བས་བློ་རྣོ་བ་དང་། མདོག་དཀར་བས་བློ་གསལ་བར་འགྱུར་རོ། །གསུམ་པ་མཇུག་ཏུ། ཡིག་བརྒྱ་བཟླས་ནས་མཆོད་བསྟོད་བྱས་ཏེ། ཡེ་ཤེས་པ་སྤྱན་དྲངས་ཏེ་གཏོར་འབུལ་བྱེད་པ་ཚད་ལྡན་གཞན་གྱིས་བཤད་པས་བྱས་ཀྱང་ལེགས་ལ། རྒྱལ་དབང་ལྔ་པས་མཚམས་འདིར་ཡེ་ཤེས་པ་མདུན་དུ་ཕྱུང་བ་ལ་མཆོད་བསྟོད་བྱ་བ་ཙམ་ལས་གཏོར་འབུལ་མ་བཤད་ཅིང་། དེར་མ་ཟད་རྒྱལ་དབང་གིས་མཛད་པའི་སྒྲུབ་ཐབས་གཞན་དུ་མར་ཚུལ་དེ་ཁོ་ན་ལྟར་སྣང་བས་བྱ་རྒྱུད་ཀྱི་སྐབས་སུ་བསྙེན་པའི་ཚེ་ཡང་གཏོར་འབུལ་མེད་ཀྱང་ཆོག་པར་མངོན་ལ། རྒྱུན་པའི་ཁ་ཏོན་གྱི་སྐབས་སུ་དེ་མེད་ཀྱང་ཤིན་ཏུ་རུང་ངོ་། །འོན་ཀྱང་རེ་ཞིག་འདི་ལྟར་བྱ་སྟེ། བསྙེན་པའི་མཐར། ཡེ་ཤེས་པ་མདུན་གྱི་ནམ་མཁར་བྱོན་ནས་རང་ལ་ཞལ་མངོན་པར་ཕྱོགས་ཏེ་བཞུགས་པར་གྱུར་པར་བསམས་ལ། སྔར་བཞིན་མཆོད་ཅིང་བསྟོད་པའམ། སྤྲོ་ན་ཡན་ལག་བདུན་པ་བྱ་སྟེ། དེ་ཡང་། བདེ་གཤེགས་ཀུན་གྱི་མཁྱེན་བརྩེ་དག་པའི་མཛོད། །གཅིག་གྱུར་རྒྱལ་སྲས་གཞོན་ནུའི་ཟློས་གར་མཁན། །དཔག་ཡས་ཞིང་དུ་གྲངས་མེད་རྣམ་རོལ་གྱིས། །རྒྱལ་བའི་མཛད་པ་བསྒྲུབ་ལ་ཕྱག་འཚལ་ལོ། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་གངས་ཀྱི་རིས། །འཇའ་ཚོན་གོས་གྱོན་རྒྱུ་སྐར་གྱིས་སྤྲས་བཞིན། །ལྷ་རྫས་དར་དང་རིན་ཆེན་རྒྱན་མང་གིས། །ཀུན་ནས་མཛེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ལྡེམ་ལྡེམ་ཆུ་སྐྱེས་འདབ་མ་རྒྱས་པའི་སྟེང་། །གསལ་གསལ་ཆ་ཤས་རྫོགས་པའི་ཟླ་གདན་ལ། །འཛུམ་འཛུམ་ཞི་བའི་ཉམས་ལྡན་གཞོན་ནུའི་སྐུ། །མཚན་དང་དཔེ་བྱད་འབར་ལ་ཕྱག་འཚལ་བསྟོད། །རབ་འབྱམས་ཞིང་ན་མཆིས་པའི་མཆོད་པའི་ཚོགས། །ཇི་སྙེད་དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་དང་། །བདག་ལུས་ལོངས་སྤྱོད་དགེ་བ་ཕྱོགས་གཅིག་བསྡོམས། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །བདག་གི་ཐོག་མ་མེད་ནས་སྒོ་གསུམ་གྱིས། །བགྱིས་དང་བགྱིད་རྩལ་ཉེས་པའི་ཕུང་པོ་ཀུན། །ནོངས་ཞིང་འགྱོད་པའི་ཡིད་ཀྱིས་མཐོལ་བྱེད་ན། །ཐུགས་རྗེའི་ཤུགས་ཀྱིས་བྱང་ཞིང་དག་པར་མཛོད། །བདེན་པའི་རང་བཞིན་བྲལ་ཡང་ཀུན་རྫོབ་ཏུ། །རང་གཞན་གྱིས་བསྐྲུན་རྣམ་དཀར་དགེ་ཚོགས་ལ། །རྗེས་སུ་ཡི་རང་འབད་པ་ཆུང་ངུས་ཀྱང་། །མཐའ་ཡས་དགེ་ཚོགས་སྡུད་ཅིང་འཕེལ་བར་མཛོད། །ཟབ་དང་རྒྱ་ཆེའི་དོན་རྣམས་སྟོན་པ་ཡི། །དམ་པའི་ཆོས་ཀྱི་འཁོར་ལོ་དུས་ཀུན་ཏུ། །བསྐོར་བར་བསྐུལ་ལོ་མ་ལུས་འགྲོ་བ་ཡང་། །སྲིད་དང་ཞི་བའི་རྒུད་པ་ལས་ཐར་མཛོད། །འཁོར་བའི་ཕྱི་མཐའ་སྟོང་པར་མ་གྱུར་དང་། །ལུས་ཅན་ཀུན་གྱིས་བྱང་ཆུབ་ཐོབ་ཀྱི་བར། །བཞུགས་པར་གསོལ་ལོ་ནམ་མཁའ་ཇི་སྲིད་དུ། །རྟག་པར་མྱ་ངན་མི་འདའ་བརྟན་པར་བཞུགས། །དེ་ལྟར་ཇི་སྙེད་བསགས་པའི་རྣམ་དཀར་དགེ །དུས་གསུམ་ལེགས་བྱས་ཚོགས་དང་ལྷན་ཅིག་ཏུ། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་ལ། །མཁྱེན་རབ་འཇམ་པའི་དབྱངས་བཞིན་འགྱུར་ཕྱིར་བསྔོ། །ཡང་ན་གསོལ་འདེབས་སྨོན་ལམ་སྒོས་སུ་བྱེད་ན། བགྲངས་ཡས་ཤེས་བྱའི་མཁའ་ལ་ཐོགས་མེད་ཅིང་། །རྨོངས་པའི་མུན་ཆེན་དྲུང་ནས་འབྱིན་བྱེད་པའི། །ཡེ་ཤེས་ཕུང་པོ་གཟུགས་ཀྱི་རྣམ་རོལ་ཅན། །ཀུན་མཁྱེན་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །རབ་འབྱམས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་ཀྱང་། །མཚོན་པར་མི་ནུས་གཟིགས་པ་མཆོག་མངའ་བས། །གྲངས་མེད་ཞིང་དུ་མཁྱེན་པའི་གཏེར་ཆེན་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་ཡབ་གྱུར་ལྷ་ཡི་ལྷ། །ས་བཅུའི་དབང་ཕྱུག་ཚུལ་བཞིན་སྨྲ་བའི་ཉི། །གསུང་རབ་དོན་ཀུན་རྟོགས་པའི་རྣམ་དཔྱོད་ཀྱི། །མཆོག་སྦྱིན་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཚེ་རབས་ཀུན་ཏུ་མགོན་པོ་ཁྱོད་ཉིད་ཀྱིས། །དགྱེས་བཞིན་རྗེས་སུ་བཟུང་ནས་རང་གཞན་གྱི། །སོམ་ཉིའི་དྲ་བ་གཅོད་པའི་མཐུ་ལྡན་ཅིང་། །འཆད་རྩོད་རྩོམ་པའི་གནས་རྣམས་མཐར་ཕྱིན་ཤོག །ཞེས་པ་དང་། ཚེ་རབས་ཀུན་ཏུ་རྗེ་བཙུན་འཇམ་དབྱངས་ཀྱིས། །ཞེས་སོགས་དང་། བརྩེ་ལྡན་ཁྱོད་ཀྱི་སོགས་ཅི་རིགས་བརྗོད་ཅིང་མཚན་བརྗོད་ཀྱང་འདོན། གཏོར་མ་འབུལ་བར་འདོད་ན། དཀར་གཏོར་བཤམས་ཏེ། སྐབས་གང་དུ་འབུལ་བ་ནི། བསྙེན་པའི་མཇུག་ཏུ་ཡེ་ཤེས་པ་མདུན་དུ་ཕྱུང་བ་དེ་ཉིད་ལ་ཕུལ་ཀྱང་འགལ་བ་མེད་ཅིང་། རྒྱལ་དབང་དགེ་འདུན་རྒྱ་མཚོ་དང་། པཎ་ཆེན་གོང་མས་ཡེ་ཤེས་པ་ལོགས་སུ་སྤྱན་དྲངས་ནས་འབུལ་བར་བཤད་པའི་སྐོར་མང་དུ་སྣང་བས་དེ་ལྟར་བྱེད་ན། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་རླབས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཀ་མ་ལ་ཡེ་སྟྭཾ། བཅོམ་ལྡན་འདས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་པར་གྱུར་པར་བསམས་ལ། ༀ་ཨཱརྱ་མཉྫུ་ཤྲི་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་བདུན་ནམ་གསུམ་གྱིས་དབུལ། སྔར་བཞིན་མཆོད་ཅིང་བསྟོད་ལ། བཟོད་གསོལ་ཀྱང་བྱས་ནས། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར་ཞེས་བརྗོད། འདི་བདག་བསྐྱེད་ཀྱི་ཡེ་ཤེས་པའང་སྦྱོར། གཏོར་འབུལ་འདི་ལྟར་བྱེད་ན། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་དུ་མ་ཕྱུང་ན་བདེ་བས་ཁྱད་པར་ཤེས་དགོས་སོ། །མཆོད་པ་བྱིན་རླབས་བྱེད་པའི་ཚུལ་ནི། བྱ་སྤྱོད་སྤྱི་དང་། ཁྱད་པར་ཀུན་རིག་ཚེ་དཔག་གི་རིགས་ལའང་སྦྱར་རུང་བས་གོང་དུ་གསལ་བར་མ་བཤད་དོ། །སྨྲས་པ། ཡོན་ཏན་ཀུན་གྱི་རྩ་བ་ཤེས་རབ་སྟེ། །དེ་ཡི་མཆོག་སྦྱིན་སྟེར་མཛད་ལྷག་པའི་ལྷ། །གང་གི་སྒྲུབ་ཐབས་མ་ཏི་པཎ་ཆེན་གྱི། །བཞེད་སྲོལ་འཁྲུལ་མེད་དམ་པའི་གསུང་བཞིན་བྲིས། །འདིར་འབད་ལས་བྱུང་དགེ་ལེགས་པདྨོའི་ཚལ། །ཇི་སྙེད་བསྐྲུན་དེས་མཐའ་དག་འགྲོ་བ་ཀུན། །རབ་རྨོངས་འཆིང་བའི་རྒྱ་ལས་རྣམ་གྲོལ་ཏེ། །མཁྱེན་རབ་འཇམ་པའི་དབྱངས་དང་མཚུངས་གྱུར་ཅིག །ཅེས་པ་འདི་ནི་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བ་སྟེ། པར་གྱི་ཡི་གེ་པ་ནི་དཀའ་བཅུ་འཇམ་དབྱངས་དོན་ཡོད་དང་། པར་དུ་བརྐོ་བ་པོ་ནི། བློ་གྲོས་དང་ལྡན་པའི་སྔགས་འཆང་ཚེ་དབང་རྒྱ་མཚོའོ། །དགེའོ། །མངྒལཾ། །བཀྲ་ཤིས་པར་གྱུར་ཅིག །

དཀར་ཆག་དུ་མའི་མཆོད་བརྗོད་སྙན་ངག་དང་སྦྱར་བ་འགའ་ཞིག་ལོགས་སུ་བཀོད་པ།

དཀར་ཆག་དུ་མའི་མཆོད་བརྗོད་སྙན་ངག་དང་སྦྱར་བ་འགའ་ཞིག་ལོགས་སུ་བཀོད་པ་བཞུགས།

ༀ་བདེ་ལེགས་སུ་གྱུར་ཅིག །ལྷན་སྐྱེས་བདེ་ཆེན་ཡེ་ཤེས་ཆོས་སྐུ་དབྱིངས་དང་རོ་གཅིག་བརྟན་གཡོ་ཀུན་སོན་ནམ་མཁའ་བཞིན། །ཟག་མེད་སྒྱུ་དྲྭའི་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་གསལ་ལྡན་དབང་པོའི་གཞུ་འམ་ཉིན་བྱེད་བཞིན། །གདུལ་བྱའི་མོས་མཚོར་སྣ་ཚོགས་སྤྲུལ་སྐུ་ཐེར་འབུམ་ཅིག་ཅར་མིག་འཕྲུལ་ཆུ་ནང་ཟླ་གཟུགས་བཞིན། །ཅི་ཡང་འཆར་མཛད་རིགས་ཀུན་ཁྱབ་བདག་ཟུང་འཇུག་རྡོ་རྗེ་འཆང་ཞབས་སྙིང་དབུས་དྷུ་ཏིར་རྟག་རོལ་ཞིང་། །རྒྱ་ཆེན་ཚོགས་གཉིས་ཟུང་འབྲེལ་གྲུར་ཞུགས་བྱང་ཆུབ་སྤྱོད་པའི་རྒྱ་མཚོ་ཆེར། །བརྩོན་པའི་ལུང་གིས་ཐབས་ཤེས་དར་བསྐུལ་སྐུ་གསུམ་ནོར་བུའི་གླིང་ཕྱིན་ནས། དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་བརྙེས་འགྲོ་ལ་དམ་ཆོས་འདོད་རྒུའི་དངོས། །ཀུན་ནས་སྩོལ་མཛད་ལྷ་མིའི་འདྲེན་མཆོག་ཤཱཀྱའི་རྒྱལ་པོའི་ཞབས་པད་མཆོད། །རྒྱལ་བའི་མདོ་སྔགས་དམ་ཆོས་མ་ལུས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་པ་ཡིས། །རྒྱལ་བསྟན་ཕྱོགས་མཐར་སྦེལ་བའི་མཛད་པ་ཅན། །རྒྱལ་ཚབ་མི་ཕམ་འཇམ་པའི་དབྱངས་ལ་འདུད། །ཅེས་པ་ནི་དཔོན་གྱིས་བཞེངས་པའི་དངུལ་གྱི་མཆོད་རྟེན་ཆེན་པོའི་དཀར་ཆག་གི་མཆོད་བརྗོད་ལོགས་སུ་བྲིས་པའོ།། །།ༀ་སྭ་སྟི། འགྲོ་བ་ཀུན་ལ་ཀུན་ནས་རབ་ཏུ་བརྩེ་བའི་ཐུགས་མཆོག་མཆོག་ཏུ་རྟག་གོམས་ཤིང་། །བསྐལ་པར་རབ་དཀར་རབ་འབྱམས་དགེ་ལེགས་ཚོགས་གཉིས་གཉིས་ཆར་ཉམས་སུ་བཞེས་ནས་ཀྱང་། །གྲངས་མེད་ཇི་ལྟ་ཇི་སྙེད་ཆོས་རྣམས་མངོན་གཟིགས་གཟིགས་པའི་ཡེ་ཤེས་མཆོག་བརྙེས་པ། །སྟོན་པ་ལྷ་ཡི་ལྷ་ཁྱོད་བདག་སོགས་མ་ལུས་ལུས་ཅན་ཀུན་གྱི་མགོན་སྐྱབས་ཕུལ། །རབ་བརྟན་བརྩོན་པའི་མགྱོགས་འགྲོའི་ཤུགས་ཀྱིས་སྤངས་རྟོགས་ཤར་རིའི་རྩེ་ནས་འཕགས། །མཛད་མཆོག་འོད་དཀར་འཕྲེང་བ་ཡིས་ནི་ཐུབ་བསྟན་ཀུནྡ་ཅི་ཡང་འཛུམ། །གདུལ་བྱའི་ཁམས་ཀྱི་མུན་པ་གཏན་སེལ་བྱང་ཆུབ་སྤྱོད་པའི་མཁའ་ལ་རྩེན། །སྨྲ་བའི་ཟླ་བ་རྒྱལ་སྲས་ཐུ་བོ་མི་ཕམ་འཇམ་པའི་དབྱངས་ལ་འདུད། །མཐའ་བྲལ་ཆོས་དབྱིངས་རྒྱ་མཚོར་རྟག་རོལ་ཞིང་། །རྟེན་འབྱུང་ཟབ་མོའི་ཕུད་སྒྲ་དྲག་ཏུ་འབྱིན། །རྟག་ཆད་ལྟ་བའི་ཚ་གདུང་སེལ་མཛད་པ། །ནཱ་གཱ་རྫུ་ན་ཀླུ་ཡི་དབང་པོར་འདུད། །རྒྱལ་སྲས་སྤྱོད་པའི་མཁའ་ལ་རབ་འཕགས་ཏེ། །རྒྱལ་བའི་དམ་ཆོས་པདྨོའི་ཚལ་བརྒྱ་འབྱེད། །རྒྱལ་བས་ལུང་བསྟན་ཐོགས་མེད་སྐུ་མཆེད་སོགས། །རྒྱལ་སྲས་འཛམ་གླིང་རྒྱན་རྣམས་ཕྱག་གི་ཡུལ། །བློ་ཆེན་རྒྱལ་བའི་མདོ་རྒྱུད་གཞུང་བཟང་ཐོགས་པ་མེད་པའི་ཚུལ་གྱིས་མཁྱེན། །མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས་སྤྲུལ་རྒྱལ་བ་གཉིས་པར་རབ་ཏུ་གྲགས། །གྲགས་པ་དོན་ལྡན་དམ་ཆོས་མ་ལུས་ངེས་པར་འཛིན་པ་ཆོས་ཀྱི་རྗེ། །རྗེ་བཙུན་བླ་མ་ཙོང་ཁ་པ་ཁྱོད་མཐའ་ཡས་འགྲོ་བ་ཀུན་གྱི་སྐྱབས། །ཐེག་མཆོག་ལྷ་ཡི་ལམ་ལ་རྟག་རྒྱུ་ཞིང་། །གསུང་རབ་རྒྱ་མཚོའི་གོས་ཅན་མཐའ་དག་ཀྱང་། །རབ་འབར་རིགས་པའི་ཟེར་གྱིས་སྣང་བྱེད་པའི། །སྲས་ཀྱི་ཐུ་བོ་གཉིས་ལའང་མགོས་ཕྱག་འཚལ། །མང་ཐོས་ཆུ་གཏེར་དབུས་སུ་གནས་བཅས་ཏེ། །ལུང་དང་རིགས་པའི་གཟི་བྱིན་འོད་དུ་འབར། །ཡོན་ཏན་རིན་ཆེན་གཞི་ཡི་རང་བཞིན་ཅན། །བཤེས་གཉེན་ལྷུན་པོ་དེ་ཡང་རྟག་ཏུ་བསྔགས། །མདོ་སྔགས་གཞུང་བརྒྱའི་ས་འཛིན་དབང་པོའི་རྩེར། །ཐོས་བསམ་ས་སྲུང་སྟེང་གནས་རྨོངས་པའི་མགོར། །རྣམ་དཔྱོད་རྡོ་རྗེ་རྩེ་བརྒྱ་གདེངས་བྱེད་པའི། །བཤེས་གཉེན་ལྷ་དབང་ཚོགས་ལ་གུས་པས་འདུད། །ཐུགས་མཆོག་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུང་འདུལ་ཕྱིར་དྲག་ཏུ་ཁྲོོས་པའི་སྐུར། །མངོན་བསྟན་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །གུས་པས་འདུད་ཀྱིས་འདུས་པའི་སྡེ་འདི་སྐྱོངས། །ཞེས་པ་ནི་མཚན་ཉིད་གྲྭ་ཚང་གི་དཀར་ཆག་གི་མཆོད་བརྗོད་ལོགས་སུ་ཕྱུང་བའོ།། །།ༀ་སྭ་སྟི། མཁའ་ལྟར་དག་པའི་ཆོས་ཀྱི་དབྱིངས་སུ་དབྱེར་མེད་ལྷན་སྐྱེས་བདེ་ཆེན་དང་། །མཁའ་ལ་ཤར་བའི་དབང་པོའི་གཞུ་བཞིན་རྣམ་བཀྲའི་སྒྱུ་འཕྲུལ་དྲྭ་བ་ལས། །མཁའ་ཁྱབ་བརྟན་གཡོའི་དཀྱིལ་འཁོར་ཀུན་ཀྱང་ཆུ་ཟླ་ཇི་བཞིན་ཡོངས་འཆར་བ། །དཔལ་ལྡན་རིགས་རྣམས་ཀུན་གྱི་བདག་པོ་ཟུང་འཇུག་རྡོ་རྗེ་འཆང་དེ་རྒྱལ། །རྣམ་དག་རྣམ་དཀར་དགེ་ཚོགས་ལས་འཁྲུངས་མཐོང་ན་མི་མཐུན་མེད་པའི་སྐུ། །རབ་སྙན་རབ་མང་འགྲོ་བའི་སྐད་བཞིན་མཐུན་པར་སྟོན་པ་དྲུག་ཅུའི་དབྱངས། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ཀུན་མངོན་སུམ་གཟིགས་པའི་ཐུགས་མངའ་བ། །ལྷ་ཡི་ལྷ་མཆོག་ཁམས་གསུམ་བླ་མ་ཤཱཀྱ་སེངྒེས་དགེ་ལེགས་སྩོལ། །དྲི་མེད་མཁྱེན་རབ་ཡངས་པའི་མཁའ་ལ་བརྩེ་བའི་ཆུ་འཛིན་ཕུང་པོ་འཁྲིགས། །ཟབ་གསལ་གསུང་གི་འབྲུག་སྒྲའི་དཔལ་མཛེས་ལེགས་བཤད་ཆར་ཆེན་ཅི་ཡང་འབེབས། །ཕན་བདེའི་ལོ་ཏོག་ཀུན་ནས་རྒྱས་མཛད་རྒྱལ་སྲས་སྤྱོད་པའི་ཟློས་གར་ཅན། །རྒྱལ་ཚབ་མི་ཕམ་འཇམ་པའི་དབྱངས་ཀྱི་ཞབས་པད་སྤྱི་བོའི་གཙུག་གིས་བསྟེན། །རྒྱལ་བའི་ཡབ་གྱུར་འཇམ་པའི་དབྱངས་གང་རྒྱལ་བའི་དམ་ཆོས་མ་ལུས་པ། །རྒྱལ་ཀུན་དགོངས་པ་ཇི་བཞིན་འཛིན་ཕྱིར་རྒྱལ་སྲས་གཟུགས་ཀྱི་རྣམ་རོལ་ཞེས། །རྒྱལ་བ་ཀུན་གྱི་མགྲིན་གཅིག་རབ་བསྔགས་རྒྱལ་བ་མ་ལུས་གཅིག་བསྡུས་པ། །རྒྱལ་བའི་དབང་པོ་ཙོང་ཁ་པ་ཁྱོད་རྒྱལ་བ་ཉིད་ལས་ལྷག་པར་ངེས། །ཞེས་པ་ནི་རྗེའི་གསུང་འབུམ་གསེར་བྲིས་ཀྱི་དཀར་ཆག་གི་མཆོད་བརྗོད་ལོགས་སུ་བཀོད་པ་སྟེ། མཇུག་ཏུ། ཁྱད་པར་ཐུབ་བསྟན་བསྟན་པའི་སྙིང་པོ་ངེས་དོན་དོན་བཞིན་གསལ་མཛད་པ། །མདོ་རྒྱུད་ཀུན་མཁྱེན་མཁྱེན་རབ་དབང་ཕྱུག་མ་ལུས་ལུས་ཅན་ཀུན་གྱི་སྐྱབས། །རྒྱལ་བའི་ཆོས་ཚུལ་ཚུལ་བཞིན་འཛིན་མཛད་འཇམ་དཔལ་དཔལ་ལྡན་བླ་མ་མཆོག །གང་དེའི་ལེགས་བཤད་བཤད་སྲོལ་བཟང་པོ་ཇི་སྲིད་སྲིད་མཐར་རྒྱས་གྱུར་ཅིག །ཞེས་སོ།། །། ན་མོ་གུ་རུ། ཆོས་སྐུའི་རང་བཞིན་མཁའ་ལྟར་རྣམ་དག་སྐྱེ་འགག་སྤྲོས་དང་བྲལ་བ་ལས། །ཚོགས་གཉིས་རླུང་གི་ཤིང་རྟས་ཉེར་དྲངས་ལོངས་སྤྱོད་རྫོགས་སྐུ་ཉིན་མོར་བྱེད། །སྣ་ཚོགས་གདུལ་བྱའི་ཁམས་དང་མོས་མཚོར་སྤྲུལ་སྐུའི་སྣང་བརྙན་འབུམ་འཆར་བ། །དཔག་ལས་འགྲོ་བ་ཀུན་གྱི་གཉེན་གཅིག་ཟས་གཙང་སྲས་པོས་དགེ་ལེགས་སྩོལ། །རབ་འབྱམས་ཞིང་དུ་རབ་འབྱམས་རྒྱལ་བའི་དྲུང་། བྱང་ཆུབ་ཆེད་དུ་བྱང་ཆུབ་སྤྱོད་པའི་གར། །གྲངས་མེད་འགྲོ་ལ་གྲངས་མེད་རབ་སྟོན་པ། །མི་ཕམ་འཇམ་པའི་དབྱངས་ལ་གུས་ཕྱག་འཚལ། །རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་ཀུན། །ཀུན་ནས་འགྲུབ་ཕྱིར་གསུང་རབ་གྲངས་ངེས་ཚུལ། །ཚུལ་བཞིན་འགྲེལ་མཛད་ཤིང་རྟ་ཆེན་པོ་སོགས། །འཕགས་ཡུལ་མཁས་པའི་ཚོགས་རྣམས་སྤྱི་བོས་བསྟེན། །ཕན་བདེའི་འབྱུང་གནས་རྒྱལ་བའི་ལུང་རྟོགས་བསྟན། །ཐོས་བསམ་བསྒོམ་པའི་ཚུལ་གྱིས་ལེགས་བཟུང་ནས། །ཇི་བཞིན་འགྲོ་ལ་གསལ་མཛད་ཆོས་ཀྱི་རྗེ། །བཤེས་གཉེན་རིམ་པར་བྱོན་རྣམས་ཕྱག་གི་གནས། །རིང་ནས་ལེགས་སྤྱད་མཆོད་སྦྱིན་བརྒྱས་བསྐྲུན་ཐུབ་བསྟན་རྣམ་པར་རྒྱལ་བའི་རྩེར། །མཁས་བཙུན་བཟང་པོའི་ས་སྲུང་ལ་ཞོན་འཆད་རྩོད་རྩོམ་པའི་རྡོ་རྗེ་ཡིས། །ལོག་རྟོག་ལྷ་མིན་དཔུང་ཚོགས་ཀུན་བཅོམ་ཆོས་ཀྱི་རྒྱལ་མཚན་མཆོག་བསྒྲེང་བ། །སྐལ་ལྡན་ལྷ་རྣམས་ཀུན་གྱི་བླ་མ་ཀུན་མཁྱེན་ཙོང་ཁ་པ་ཁྱོད་རྒྱལ། །ཞེས་པ་ནི་ཇོ་བོའི་ལྷ་ཁང་གི་དཀར་ཆག་གི་མཆོད་བརྗོད་ལོགས་སུ་བཀར་བའོ།། །།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དཔག་མེད་ལེགས་ཚོགས་ཚོགས་གཉིས་རྒྱ་མཚོ་བརྩོན་པའི་དཔུང་གིས་བསྲུབས་ལས་འཁྲུངས། །གྲངས་མེད་ཆོས་ཀུན་ཀུན་ནས་མངོན་གཟིགས་མཁྱེན་པའི་ཆ་ཤས་ཡོངས་སུ་རྫོགས། །དམིགས་མེད་རབ་བརྩེ་བརྩེ་བ་ཆེན་པོའི་བསིལ་བའི་རླན་གྱིས་རྟག་བརླན་པ། །མཚུངས་མེད་རྣམ་འདྲེན་འདྲེན་པ་མཆོག་གྱུར་ཐུབ་དབང་སྨྲ་བའི་ཟླ་བར་འདུད། །སྟོབས་བཅུའི་གོ་འཕང་རིང་ནས་མངོན་གྱུར་ཀྱང་། །ས་བཅུའི་དབང་ཕྱུག་ཟོལ་བསྟེན་ཞིང་ཀུན་ཏུ། །རྒྱལ་སྲས་སྤྱོད་པའི་གར་གྱིས་རྣམ་རོལ་བ། །རྒྱལ་ཚབ་འཇམ་པའི་དབྱངས་ལ་གུས་ཕྱག་འཚལ། །རབ་འབྱམས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་ནས། །རབ་མང་འགྲོ་བའི་བློ་མུན་སེལ་ཕྱིར་དུ། །རབ་བྱོན་བརྟན་པའི་འཁོར་ལོ་ལ་འགྲན་པ། །རབ་མཆོག་རྗེ་བཙུན་ཙོང་ཁ་པ་ཁྱོད་བསྔགས། །གསུང་རབ་ཀུན་གྱི་དྲང་ངེས་མ་ལུས་པ། །ཇི་བཞིན་གཟིགས་ནས་འགྲོ་ལ་རྗེས་བརྩེ་བས། །ཚུལ་བཞིན་འདོམས་པའི་གཏམ་ལ་དབང་འབྱོར་བ། །བཤེས་གཉེན་ཚོགས་ཀྱི་བཀའ་དྲིན་དྲན་པས་དད། །ཅེས་པ་ནི་དགོན་པའི་བླ་རབས་ཀྱི་དཀར་ཆག་གི་མཆོད་བརྗོད་ལོགས་སུ་ཕྱུང་བའོ།། །།ན་མོ་གུ་རུ་མ་ཧཱ་བཛྲ་དྷཱ་ར་ཡེ། གཅིག་མིན་འགྲོ་ལ་གཅིག་ཏུ་བརྩེ་བའི་ཟླ་མེད་སྐྱབས་གཅིག་ཀུན་གྱི་དཔུང་གཉེན་གཅིག་གྱུར་ཅིང་། །ཚོགས་གཉིས་ཡོངས་རྫོགས་སྒྲིབ་གཉིས་ཀུན་སྦྱངས་དོན་གཉིས་མཐར་ཕྱིན་ཆོས་གཟུགས་སྐུ་གཉིས་རབ་བརྙེས་ནས། །ཐེག་གསུམ་འགྲོ་ལ་རྣམ་གསུམ་འཁོར་ལོ་ལན་གསུམ་བསྐོར་ནས་སྐུ་གསུམ་གོ་འཕང་ལ་འགོད་པ། །བསམ་གཏན་བཞི་དང་ཚད་མེད་བཞི་རྫོགས་རྫུ་འཕྲུལ་རྐང་བཞི་མི་འཇིགས་བཞི་ལྡན་དེ་ལ་འདུད། །རྒྱལ་བས་རབ་མཛེས་རིན་ཆེན་ཅོད་པན་ཉིད་ཀྱི་དབུ་ལ་ལེགས་བཅིངས་ཏེ། །རང་གི་རྒྱལ་ཚབ་མཆོག་ཏུ་དབང་བསྐུར་ཤེར་ཕྱིིན་རྒྱ་མཚོའི་ཁོང་ཟབ་ནས། །སྦས་དོན་ཡིད་བཞིན་རིན་ཆེན་ནོར་བླངས་ལེགས་བཤད་རྒྱལ་མཚན་རྩེ་མོ་རུ། །མངོན་མཆོད་སྐལ་ལྡན་རེ་བ་ཡོངས་སྐོང་རྒྱལ་ཚབ་མི་ཕམ་མགོན་དེ་རྒྱལ། །གང་གི་མཁྱེན་པའི་སྐད་ཅིག་གིས་ཀྱང་བགྲང་ཡས་ཤེས་བྱའི་དཀྱིལ་འཁོར་ཀུན། །ཇི་བཞིན་གཟིགས་ལ་མཚུངས་པའི་དཔེར་འོས་འཇིག་རྟེན་འདི་ན་གཞན་མེད་པས། །རྒྱལ་བ་ཀུན་གྱིས་གསུང་དབྱངས་མགྲིན་གཅིག་ཁྱོད་ལ་མཁྱེན་པའི་གཏེར་ཆེན་ཞེས། །ལན་ཅིག་མིན་པར་ཡང་དང་ཡང་བསྔགས་འཇམ་པའི་དབྱངས་ཀྱི་ཞབས་ལ་འདུད། །གཞུང་ལུགས་གངས་རིའི་སུལ་ལ་གནས་བཅས་ལེགས་བཤད་གཡུ་རལ་མཆོག་གིས་མཛེས། །རྟེན་འབྱུང་ཟབ་མོའི་ང་རོ་དྲག་པོ་ས་ཆེན་འདི་ལ་ཆེར་བསྒྲགས་པས། །རྟག་ཆད་སྨྲ་བའི་ལག་ལྡན་སྙིང་འགས་རིགས་པའི་མཆེ་སྡེར་འབར་བ་ཅན། །སྨྲ་བའི་སེངྒེ་ཀླུ་སྒྲུབ་ཟླ་བ་ཞི་བ་ལྷ་ཡི་ཞབས་ལ་འདུད། །དམ་ཆོས་འཛིན་པའི་སྨོན་ལམ་རླུང་ཤུགས་ཀྱིས། །གསུང་རབ་ཡངས་པའི་མཁར་འཕགས་རྣམ་དཔྱོད་ཆ། །ཡོངས་རྫོགས་ཐུབ་བསྟན་ཀུནྡ་རྒྱས་མཛད་པ། །རྒྱལ་སྲས་ཐོགས་མེད་སྐུ་མཆེད་ཞབས་ལ་འདུད། །མགོན་ཁྱོད་འཇམ་དབྱངས་དབྱངས་ཅན་ལ་སོགས་ལྷག་པའི་ལྷ་ཡིས་རྗེས་བཟུང་བས། །རྒྱལ་བའི་གསུང་རབ་རབ་འབྱམས་མཁའ་ལ་མཁྱེན་པའི་དཀྱིལ་འཁོར་ཐོགས་མེད་ཅིང་། །གཞུང་ལུགས་འདབ་སྟོང་སྟོང་ཕྲག་དག་ཀྱང་ཅིག་ཅར་ཉིད་དུ་གསལ་མཛད་པ། །བསྟན་པའི་ཉི་མ་མ་རིག་མུན་སེལ་རྗེ་བཙུན་ཙོང་ཁ་པ་ཁྱོད་བསྔགས། །ངེས་པའི་དོན་དུ་རྗེ་བཙུན་འཇམ་པའི་དབྱངས། །ངེས་དོན་མདོ་སྔགས་བསྟན་པ་སྤེལ་བའི་ཕྱིར། །ངེས་པར་བཤེས་གཉེན་གར་གྱིས་རྣམ་རོལ་པར། །ངེས་པ་ཤུགས་དྲག་ཐོབ་ལས་གཞན་དུ་ཅི། །མགོན་དེའི་ལེགས་བཤད་མདོ་སྔགས་གཞུང་ལུགས་ཀུན། །ཀུན་ནས་ཐུགས་ཆུད་མཁས་པ་ཀུན་གྱི་རྗེ། །རྗེ་བཙུན་བླ་མ་ཉིད་མཚུངས་རྒྱལ་བའི་སྲས། །སྲས་ཀྱི་ཐུ་བོ་གསུམ་ལའང་གུས་ཕྱག་འཚལ། །ཞེས་པ་ནི་རྗེའི་གསུང་འབུམ་པར་མའི་དཀར་ཆག་གི་མཆོད་བརྗོད་ལོགས་སུ་ཕྱུང་བའོ།། །།ༀ་སྭ་སྟི། ཟབ་མོའི་ཐབས་ཀྱིས་གཉིས་སྣང་སྤྲོས་པའི་ཀུན་རྟོག་མ་ལུས་དབྱིངས་ཐིམ་སྲིད་པའི་མགྱོགས་འགྲོའི་རྒྱུ་བ་བཅད། །མཁའ་ལྟར་རྣམ་དག་དེ་བཞིན་ཉིད་དང་དབྱེར་མེད་རོ་གཅིག་སྒྲིབ་བྲལ་ལྷན་སྐྱེས་འོད་གསལ་བདེ་ཆེན་དང་། །ཤིན་ཏུ་ཕྲ་བའི་རླུང་སེམས་རང་བཞིན་དབང་པོའི་གཞུ་ལྟར་དྭངས་ཤིང་གསལ་བ་དག་པའི་སྒྱུ་ལུས་ཀྱི། །བདེན་གཉིས་མི་ཕྱེད་ཟུང་དུ་འཇུག་པའི་སྐུ་ཅན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་དེ་ཉིད་བསྔགས། །རབ་དཀར་ལེགས་ཚོགས་ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་རབ་མཛེས་མཛེས་སྡུག་ལྟ་བས་མི་ངོམས་གསེར་རིའི་སྐུ། །རབ་ལྷན་ཚངས་དབྱངས་དབྱངས་ཀྱི་ཡན་ལག་དྲུག་ཅུས་རབ་ཟབ་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གསུང་། །རབ་འབྱམས་ཆོས་ཀུན་ཀུན་ནས་སྒྲིབ་མེད་ཇི་བཞིན་རབ་གཟིགས་གཟིགས་པ་རྣམ་དག་བླ་ན་མེད་པའི་ཐུགས། །རབ་མངའ་མ་ལུས་ལུས་ཅན་ཀུན་ལ་ཐར་ལམ་རབ་སྟོན་སྟོན་པ་མཆོག་དེའི་ཞབས་ལ་གུས་ཕྱག་འཚལ། །ཐོས་བསམ་སྒོམ་པའི་གྲུ་གཟིངས་ལེགས་བསྡམས་བརྩོན་པའི་རླུང་གིས་ལྷག་བསམ་དར་ཆེན་རབ་བསྐུལ་ཏེ། །བྱང་ཆུབ་སྤྱོད་པའི་ཆུ་གཏེར་ཆེན་པོར་རིང་ནས་ཞུགས་ཤིང་སྡུག་ཀུན་ན་ཀྲའི་འཇིགས་ལས་གྲོལ། །གཏན་བདེ་རྣམ་པར་གྲོལ་བའི་གླིང་མཆོག་ཏུ་སོན་ཀུན་མཁྱེན་ནོར་བུའི་དཔལ་དེ་རབ་བརྙེས་ཀྱང་། །རྒྱལ་སྲས་དེད་དཔོན་སྤྱོད་པའི་གར་གྱིས་འགྲོ་བའི་རེ་སྐོང་རྒྱལ་ཚབ་འཇམ་པའི་དབྱངས་ལ་འདུད། །མཐའ་བྲལ་གཞུང་ལུགས་ཟབ་མོའི་མཚོར་ཞུགས་རྣམ་གྲོལ་རིན་ཆེན་གཙུག་ན་འཛིན། །ལེགས་བཤད་གདེངས་ཀ་མཆོག་གིས་ཉེར་མཛེས་ཟབ་རྒྱས་ཆར་ཆེན་ཅི་ཡང་འབེབས། །འགྲོ་བའི་དགེ་ལེགས་མྱུ་གུ་སྨིན་མཛད་དྲང་ངེས་ཕུད་ཀྱི་སྒྲ་ཆེན་སྒྲོགས། །མཁས་མང་གདེངས་ཅན་ཀུན་གྱི་དབང་པོ་ཤིང་རྟ་ཆེ་གཉིས་རྒྱལ་གྱུར་ཅིག །གཞུང་ལུགས་ས་འཛིན་མཐོན་པོའི་སྤོར་གནས་མང་ཐོས་ལག་ལྡན་དབང་པོའི་སྟེང་། །ལེགས་བཤད་ཁྱོོན་ལ་ལྟ་བའི་སྤོབས་མཐོ་རྣམ་དཔྱོད་རྡོ་རྗེ་རྩ་བརྒྱ་གདེངས། །རྒོལ་ངན་སྦྱིན་སྐྱེས་དཔུང་ཚོགས་ཀུན་འཇོམས་རིགས་པའི་སྤྱན་སྟོང་རྣམ་པར་བགྲད། །སྐལ་ལྡན་ལྷ་རྣམས་ཡོངས་ཀྱི་བླ་མ་འཕགས་ཡུལ་མཁས་པའི་ཚོགས་ཀུན་བསྔགས། །རིང་ནས་བགྱིས་པའི་དགེ་ལེགས་ཀྱིས་བསྐྲུན་ལུང་རྟོགས་རིན་ཆེན་བདུན་དང་ལྡན། །མཐའ་ཡས་མདོ་དང་སྔགས་ཀྱི་གཞུང་ཀུན་ལེགས་པར་བཤད་པའི་གསེར་འཁོར་ཆེས། །བདེ་གཤེགས་བསྟན་པའི་ས་ཆེན་ཁྱོད་ལ་འདོད་རྒུར་སྤྱོད་པའི་དཔལ་ལྡན་པ། །ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྗེ་བཙུན་ཙོང་ཁ་པ་དེ་རྒྱལ། །ཕ་རོལ་ཕྱིན་པའི་གཞུང་དོན་པདྨོའི་ཚལ། །ལེགས་བཤད་འོད་སྟོང་ཟེར་གྱིས་རབ་ཕྱེ་ནས། །ཟབ་དོན་ཟེའུ་འབྲུ་རྒོད་མཛད་ཐམས་ཅད་མཁྱེན། །རྒྱ་ཚབ་སྨྲ་བའི་ཉི་མ་བྱམས་མགོན་དངོས། །རྣམ་དཔྱོད་ལང་ཚོ་དར་བའི་ལུས་སྟོབས་རྒྱས། །ལུང་དང་རིགས་པའི་མཆེ་སྡེར་རབ་ཏུ་འབར། །ཕས་རྒོལ་གླང་པོ་སྟོང་གི་ཐོད་འགེམས་པ། །སྨྲ་བའི་སེངྒེ་མཁས་གྲུབ་དགེ་ལེགས་དཔལ། །བློ་བཟང་རྒྱལ་བའི་ལུང་རྟོགས་ཆོས་རྣམས་ཀྱི། །བསྟན་པའི་རྒྱལ་མཚན་འཛིན་ལ་ས་སྟེང་འདིར། །འགྲན་པའི་ཟླ་བྲལ་པཎ་ཆེན་ཐམས་ཅད་མཁྱེན། །ངེས་པར་མཁས་གྲུབ་དེ་ལས་གཞན་དུ་ཅི། །རྒྱལ་བའི་གསུང་རབ་ཕ་རོལ་ཕྱིན་པའི་དོན། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རུ། །ལེགས་པར་བསྡུས་ནས་སྟོན་མཛད་དགེ་བའི་བཤེས། །ལམ་རིམ་བརྒྱུད་པའི་བླ་མ་རྣམས་ལ་འདུད། །རྒྱུད་སྡེ་བཞི་ཡི་བརྗོད་བྱའི་གནད་ཀུན་ཀྱང་། །ཇི་བཞིན་རྟོགས་ནས་ཉམས་སུ་ལེན་མཛད་ཅིང་། །སྐལ་ལྡན་འགྲོ་ལ་རབ་སྟོན་ཆོས་ཀྱི་རྗེ། །གསང་སྔགས་བརྒྱུད་པའི་བླ་མ་རྣམས་ལ་འདུད། །རྒྱལ་བའི་གསུང་རབ་ཐམས་ཅད་ལེགས་སྦྱར་གྱི། །སྐད་དུ་གནས་ལས་དེ་ཉིད་བོད་ཀྱི་བརྡར། །ལེགས་པར་བསྒྱུར་ནས་གཏན་ལ་འབེབས་མཛད་པ། །ལོ་པཎ་རྣམས་ཀྱི་བཀའ་དྲིན་དྲན་པས་དད། །རྒྱལ་བའི་སྤྱན་སྔར་རྒྱལ་བའི་ལུང་རྟོགས་བསྟན་པ་མཆོག །རྟག་ཏུ་བ སྲུང་བར་རྟག་ཏུ་ལེགས་པར་ཞལ་བཞེས་ཤིང་། །ཆོས་བཞིན་སྒྲུབ་རྣམས་ཆོས་བཞིན་རབ་ཏུ་སྐྱོང་མཛད་པའི། །བསྟན་སྲུང་རྣམས་ཀྱིས་བསྟན་དང་དེ་འཛིན་ཀུན་སྐྱོངས་ཤིག །ཅེས་པ་འདི་ནི་བཀའ་འགྱུར་དཀར་ཆག་གི་མཆོད་བརྗོོད་ལོགས་སུ་བྲིས་པའོ།། །།དཀར་ཆག་འདི་རྣམས་ནི་བཤད་སྒྲུབ་མིང་ཅན་བདག་གིས་བགྱིས་པ་ཡིན་ཀྱང་། འདིར་དེ་དག་གི་མཆོད་བརྗོོད་ཙམ་ཞིག་ལོགས་སུ་ཕྱུང་བའི་པར་གྱི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ། །

དམ་ཚིག་རྡོ་རྗེའི་སྒོམ་བཟླས་དང་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་བྱ་ཚུལ་གཉིས་ཀ

དམ་ཚིག་རྡོ་རྗེའི་སྒོམ་བཟླས་དང་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་བྱ་ཚུལ་གཉིས་ཀ་ཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། རྒྱལ་ཀུན་ཡེ་ཤེས་ཕུང་པོ་གཅིག་བསྡུས་ནས། །ངུར་སྨྲིག་གར་གྱིས་རྣམ་རོལ་བླ་མ་མཆོག །རྒྱལ་བའི་གདུང་འཚོབ་རྗེ་བཙུན་ཙོང་ཁ་པའི། །ཞབས་པད་བྱང་ཆུབ་བར་དུ་སྙིང་དབུས་བསྟེན། །གང་དེའི་མན་ངག་ཡིག་ཆུང་ཟུར་གསལ་ནས། །འབྱུང་བའི་སྡིག་སྒྲིབ་སྦྱོང་ཐབས་ཟླ་མེད་པ། །དམ་ཚིག་རྡོ་རྗེའི་སྒོམ་བཟླས་མཚོན་ཙམ་དང་། །ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་བྱ་ཚུལ་འཆད། །དེ་ལ་གཉིས་ཀྱི་དང་པོ་དམ་ཚིག་རྡོ་རྗེའི་སྒོམ་བཟླས་ནི། སྐྱབས་སེམས་མདོར་བསྡུས་སྔོན་དུ་བཏང་ནས། གསང་འདུས་ཀྱི་རྣལ་འབྱོར་བས་ནི་དེའི་ངང་ནས་བྱ་ལ། གཞན་རང་ཡི་དམ་དུ་གསལ་བའི་ཐུགས་ཀར་ཞེས་འབྱུང་བ་ལྟར་ན། ཡི་དམ་གང་བྱེད་པ་དེའི་ང་རྒྱལ་ལ་གནས་བཞིན་པའི་ཐུགས་ཀར་བསྐྱེད་དགོས་ཤིང་། དེ་ཡང་སྐད་ཅིག་གིས་ལྷ་དེར་བསྐྱེད་ཀྱང་ཆོག་གོ ། འདིར་རང་ཐ་མལ་དུ་གནས་པའི་སྙིང་ཀར་བསྐྱེད་ཀྱང་མི་འགལ་ཞིང་ཁྱད་ཆེ་བར་མངོན་ཏེ་དཔྱད། གང་ལྟར་ནའང་། རང་གི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧ་ལས་རལ་གྲིའི་འཆང་བཟུང་ལ་ཧས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། དམ་ཚིག་རྡོ་རྗེ་སྐུ་མདོག་ལྗང་ཁུ་ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་ཅིང་། གཡས་འོག་མ་གཉིས་རྡོ་རྗེ་དང་རལ་གྲི །གཡོན་འོག་མ་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ། མཚན་དཔེས་སྤྲས་ཤིང་། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ་དར་གྱི་སྟོད་གཡོགས་དང་སྨད་གཡོགས་གསོལ་ཞིང་། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དམ་ཚིག་རྡོ་རྗེའི་ཡེ་ཤེས་པ་སྤྱན་དྲངས། ༀ་བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱའི་བར་གྱིས་མཆོད་ཅིང་། བསྟོད་པ་མེད་ཀྱང་ཆོག་པར་སྣང་ཡང་། སྤྲོ་ན། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས་སོགས་ཚིགས་བཅད་གཅིག་གིས་བསྟོད། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། པཉྩ་ཀཱུ་ལས་མཆོད་དམ་མིན་ཡང་རུང་སྟེ། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་པ་ནས། ཡབ་ལ་མི་བསྐྱོད་པ་དང་ཡུམ་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར་པར་བསམ། དམ་ཚིག་རྡོ་རྗེའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧ་ཡིག་སྔགས་འཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་བྱུང་སྟེ། སྣ་ཚོགས་རྡོ་རྗེའི་རྭའི་བུ་ག་རྣམས་ནས་ཞུགས་ཤིང་ཐོན། ལུས་ཀྱི་ནང་གང་། སྡིག་ལྟུང་ཐམས་ཅད་དེད་ནས་དབང་པོའི་སྒོ་དང་བ་སྤུའི་བུ་ག་ནས་ནག་ཉིལ་གྱི་ཕྱིར་ཐོན་པས་ལུས་ཤེལ་གོང་ལྟར་དག་པར་གྱུར་པར་བསམས་ལ། དེ་ལྟ་བུའི་དམིགས་པ་དང་བཅས་ཏེ། ༀ་ཨཱཿཔྲཛྙཱ་དྷྲིཀ་ཧ་ཧཱུཾ། ཞེས་བརྒྱ་སོགས་ཅི་འགྲུབ་བཟླས་པའི་མཐར། བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་ཐམས་ཅད་དམ། བླ་མ་མགོན་པོས་སྐྱབས་མཛོད་ཅིག །དམ་ཚིག་རྡོ་རྗེའི་ཞལ་ནས་ཁྱེད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་གོ་ཞེས་གསུངས་ནས། རང་གི་སྙིང་ཀར་ཐིམ་པས་བྱིན་གྱིས་བརླབས་པར་གྱུར་ཅེས་བྱའོ། །འབབ་པའི་བདུད་རྩི་དེ་ཉིད་ངོ་བོ་དམ་ཚིག་རྡོ་རྗེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པར་མོས་པ་ནི་གནད་ཆེ། འདི་ནི་རྗེ་ནས་བརྒྱུད་པའི་གསེར་ཆོས་སུ་གསུངས་ཏེ། སྡིག་ལྟུང་སྦྱོང་བའི་ཐབས་བླ་ན་མེད་པའོ།། །།

ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་ལ་རྒྱས་བསྡུས།

ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་ལ་རྒྱས་བསྡུས་བཞུགས།

གཉིས་པ་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་ལ་རྒྱས་བསྡུས་གཉིས་སྣང་ཡང་། གཅིག་ནི། ཏིང་ལོའམ་མེ་འདག་གི་ཕུང་པོ་མདུན་དུ་བཞག་སྟེ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཐབ་ཏུ་བསྐྱེད་ཀྱང་རུང་བས། ཐབ་ཀྱི་ནང་དུ་རཾ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། ཁྲོ་བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པ། སྤྱན་གསུམ་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་། ཐོད་སྐམ་ལྔའི་དབུ་རྒྱན་དང་། ཐོད་རློན་ལྔ་བཅུའི་དོ་ཤལ་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། སྡིག་སྒྲིབ་འཇོམས་པ་ལ་དཔའ་བོའི་ཚུལ་གྱིས་ཞབས་གཉིས་ཟླུམ་པོར་བཞུགས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། ཐུགས ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རྡོ་རྗེ་མཁའ་འགྲོའི་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཡེ་ཤེས་པ་ཛཿཧཱུཾ་བཾ་ཧོཿ། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས་དབང་བསྐུར་དུ་གསོལ། ནས། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པར་བསམས་ལ། ༀ་བཛྲ་ཌཱ་ཀ་ཨ རྒྷཾ་ནས་ཤཔྟ་པྲ་ཏིཙྪ་ཧཱུཾ་སྭཱཧཱའི་བར་གྱིས་མཆོད་དེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ནས། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ། །ཞེས་བསྟོད། རང་ཐ་མལ་དུ་གནས་པའི་སྙིང་གར་སྡིག་པའི་ས་བོན་པཾ་ནག་པོ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ། རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ། སྙིང་གའི་པཾ་ཡིག་ལས་འོད་ཟེར་འཕྲོས། སྒོ་གསུམ་གྱི་སྡིག་ལྟུང་ཐམས་ཅད་འོད་ཟེར་ནག་པོའི་རྣམ་པར་བཀུག་ནས་པཾ་ཡིག་ལ་ཐིམ། འོག་གི་རླུང་གཡོས། རྐང་མཐིལ་ནས་ཞུགས། ལྟེ་བའི་མེ་འབར་བའི་འོད་ཟེར་གྱིས། སྙིང་གའི་སྡིག་པའི་ས་བོན་པཾ་ཡིག་དེད་ན ས་རང་གི་སྣ་སྒོ་ནས་ཐོན། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་རང་གི་ལག་པར་བཟུང་བའི་ཏིལ་ལ་ཐིམ་པར་གྱུར་ཅེས་བརྗོད་ཅིང་བསམས་ལ། ཏིལ་ལམ་དེའི་དོད་མེར་འདོར་བ་དང་མཉམ་དུ། ༀ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷ སྨི་ཀུ་རུ་སཱཧཱ། ཞེས་ཅི་འགྲུབ་བརྗོད། བར་བར་དུ། སྡིག་ལྟུང་དང་དམ་ཚིག་ཉམས་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བྱས་ན་ལེགས། མཐར་མཆོད་བསྟོད་བྱ་ཞིང་། མ་རྙེད་ཡོངས་སུ་མ་ཤེས་དང་། །ཞེས་སོགས་ཀྱིས་བཟོད་གསོལ་བྱས་ནས། ༀ་བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་ཤིང་། དམ་ཚིག་པ་འོད་དུ་ཞུ་ནས་མེ་འབར་བའི་རྣམ་པ་ཅན་དུ་གྱུར་ཅེས་བརྗོད་པར་བྱ་ཞིང་། བར་གཅོད་ཟློོག་པ་ལ་ཡང་བསྔགས་སོ། །ཐོག་མེད་ནས་བསགས་སྡིག་ལྟུང་ཀུན། །རྡོ་རྗེ་མཁའ་འགྲོའི་ཞལ་བཏབ་སྟེ། །ཡེ་ཤེས་མེ་ཡིས་སྲེག་སྦྱོང་བའི། །ཐབས་ཚུལ་འདི་ཀོ་ཨེ་མ་ཕུལ།། །།ཞེས་དམ་ཚིག་རྡོ་རྗེའི་སྒོམ་བཟླས་དང་། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་འདི་གཉིས་ཀའང་། དད་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་རྒྱན་འཇེད་སྔགས་རམ་པ་གྲགས་པ་འོད་ཟེར་གྱིས་རང་གི་ཉམས་ལེན་དང་། གཞན་རེ་གཉིས་ལའང་ཕན་འདོད་ཀྱི་འདུན་པས་བསྐུལ་བ་ལྟར། ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་དམ་པའི་གསུང་རྒྱུན་ལྟར་བྲིས་སོ། །མངྒལཾ། །

དཔལ་ལྡན་ལྷ་མོའི་བསྐང་གསོ་བྱ་ཚུལ་བསྡུས་པ།

དཔལ་ལྡན་ལྷ་མོའི་བསྐང་གསོ་བྱ་ཚུལ་བསྡུས་པ་བཞུགས།

ན་མོ་ལོ་ཀི་ཤྭ་ར་ཡ། རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་དབང་སྤྲུལ་པའི་གར། །རྒྱལ་ཡུམ་དབྱངས་ཅན་ལྷ་མོ་ཉིད། །དྲག་མོའི་སྐུར་བསྟན་དེ་ལ་འདུད། །འདིར་ལྷ་མོའི་བསྐང་གསོ་མདོར་བསྡུས་ཞིག་བརྗོད་པ་ལ། ཡོ་བྱད་ཅི་འགྲུབ་ཚོགས་པར་བྱས་ནས། རང་ཉིད་འཇིགས་བྱེད་ཀྱི་བདག་བསྐྱེད་རྒྱས་བསྡུས་གང་རུང་སྔོན་དུ་བཏང་ནས། མཆོད་པ་དང་ནང་མཆོད་བཅུ་གསུམ་མ་ལྟར་དང་། བསྐང་རྫས་རྣམས་ནི། བསྐང་གསོའི་གཞུང་ནས་འབྱུང་བ་བཞིན་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་བརླབ་བྱ། ཡང་ན། མཆོད་པ་དང་བསྐང་རྫས་རྣམས། ཧྲཱིཿཥྚཱིཿས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་སོ་སོའི་ནང་དུ་མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བ་མགྲོན་སོའི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟ་དང་། རཱུ་པ་ནས། སྤཪྴ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། བསྐང་རྫས་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེ་བརྒྱན་པ་ཞུ་བ་ལས་བྱུང་བའི་བསྐང་རྫས་མཁོ་རྒུའི་ཡོ་བྱད་ས་དང་བར་སྣང་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། །ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝ རྟ་ཡ་ཨཱ་ཝརྟ་ཡ་ཧོཿབཛྲ་སྥ་ར་ཎ་ཁཾ་སྭཱཧཱ། ཞེས་པ་ཙམ་ལན་གསུམ། ཤིན་ཏུ་བསྡུ་ན། །རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཏེ། །མཆོད་རྫས་ཀུན་གྱི་ཉེས་པའི་སྐྱོན་སྦྱངས་ནས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། སྤྱན་འདྲེན་ནི། རབ་འབྱམས་རྒྱལ་བ་མའི་ཚིགས་བཅད་གཉིས་སམ། བསྡུ་ན། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། །བྱང་ཤར་མུ་ལེ་ཏིང་གི་རྒྱ་མཚོ་ནས། །དཔལ་ལྡན་དམག་ཟོར་རྒྱལ་མོ་འཁོར་དང་བཅས། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་སུ་གསོལ། །ཀ་མ་ལ་ཡ་སྟྭཾ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །འདོད་ཁམས་དབང་ཕྱུག་འཁོར་བཅས་ལ་འབུལ་བགྱི། །བཞེས་ནས་རྣལ་འབྱོར་བདག་ཅག་སྲུང་སྐྱོབ་མཛོད། །མ་ལུས་རྒྱལ་བའི་འ ཕྲིན་ལས་གཅིག་བསྡུས་ནས། །གདུག་པ་འདུལ་ཕྱིར་ཁྲོ་མོའི་སྐུར་བསྟན་པ། །དཔལ་ལྡན་དམག་དང་ཟོར་གྱི་རྒྱལ་མོ་ཞེས། །མཚན་གསོལ་བསྟན་སྲུང་གཙོ་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་བསགས་པའི་སྡིག་སྒྲིབ་དང་། །བླ་མ་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་འགལ་བར་རབ་སྤྱད་པའི། །དམ་ཚིག་ཉམས་ཆགས་ཐམས་ཅད་སོ་སོར་བཤགས། །མཆོག་གསུམ་རྟེན་འབྲེལ་ཆོས་དབྱིངས་བདེན་སྟོབས་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་བྱིན་རླབས་མཐུས། །ཕྱི་ནང་མཆོད་སྤྲིིན་ས་དང་བར་སྣང་གི ཁྱོན་གང་ལྷ་མོ་འཁོར་བཅས་དགྱེས་གྱུར་ཅིག །ཁྲག་གི་མཆོད་ཡོན་དབང་པོའི་མེ་ཏོག་དང་། །ཤ་ཆེན་ཚིལ་དུད་ཞག་ཆེན་སྒྲོན་མེ་དང་། །ཤ་རུས་ཞལ་ཟས་རྐང་གླིང་རོལ་ཚོགས་ཀྱིས། །ལྷ་མོ་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །མྱུར་མགྱོགས་རྟ་མཆོག་ཞོལ་ཆེན་གཡག་རོག་དང་། །ལུག་ནག་སྤྱི་དཀར་ཁྱུང་འདྲའི་བྱ་ནག་དང་། །དོམ་འདྲའི་ཁྱིི་ནག་འཇིགས་པའི་ཚོགས་རྣམས་ཀྱིས། །ལྷ་མོ་འཁོར་དང་༴ གཞན་ཡང་འདོད་ཡོན་རྣམ་ལྔ་རིན་ཆེན་བདུན། །དྲེའུ་རྐྱང་སེར་བེ་ཅོན་ཐོད་ཁྲག་དང་། །ནད་རྐྱལ་མཚོན་གྲུ་རེ་ནག་གོས་རྣམས་ཀྱིས། །ལྷ་མོ་འཁོར་དང་༴ ཁྲམ་ཤིང་ཤོ་རྡེ་རྨ་བྱའི་གདུགས་མཛེས་དང་། །ཐོད་སྐམ་དབུ་རྒྱན་མི་མགོའི་ཕྲེང་བ་སོགས། །ཕྱག་རྒྱ་རྣམ་དྲུག་གཏོར་ཆེན་མདའ་དར་གྱིས། །ལྷ་མོ་འཁོར་དང་༴ གླིང་བཞི་ཉི་ཟླ་རི་རབ་སེངྒེ་དང་། །སྦྲུལ་ཆེན་རླུང་ནག་འཚུབ་མ་བྱང་དམར་སོགས། །ཆ་རྐྱེན་དགོས་པའི་ཡོ་བྱད་ཐམས་ཅད་ཀྱིས། །ལྷ་མོ་འཁོར་དང་༴ ཐུགས་དམ་བསྐང་ཞིང་ཉམས་ཆགས་སོས་གྱུར་ནས། །བར་ཆད་སེལ་ཞིང་དངོས་གྲུབ་སྩལ་དུ་གསོལ། ཁྱད་པར་ཤ་ཁྲག་འབྲུ་བཅུད་གཏོར་མའི་ཚོགས། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་ཏེ། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་ཀུན། །དགྱེས་པ་བསྐྱེད་ཕྱིར་འབུལ་ལོ་བཞེས་སུ་གསོལ། ཁྱེད་༼ཟློག་པའི་མཚོན་བྱེད།༽ རྣམས་མཆོད་ཅིང་ཐུགས་དམ་བསྐང་བྱས་པས། །རྣལ་འབྱོར་བདག་ཅག་མི་ནོར་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཉེར་འཚེ་ཟློག་པ་དང་། །མཐུན་རྐྱེན་འདོད་པའི་དངོས་གྲུབ་སྩལ་དུ་གསོལ། །འདོད་ན་སྐབས་འདིར་ལྷ་མོའི་སྔགས་བཟླས་ཀྱང་རུང་། དེ་ནས་བསྟོད་པ་བསྡུ་ན། །ས་བཅུའི་དབང་ཕྱུག་རྒྱལ་ཡུམ་དབྱངས་ཅན་མ། །དྲག་མོའི་སྐུར་བསྟན་གདུག་པ་ཚར་གཅོད་ཅིང་། །རྒྱལ་བའི་བསྟན་དང་བསྟན་འཛིན་ཀུན་བསྲུང་པར། །ཞལ་བཞེས་ལྷ་མོ་ཆེན་མོ་ཁྱོད་ལ་བསྟོད། །སྔོན་ཚེ་རྒྱལ་བས་ཁྱོད་ཉིད་མངོན་སུམ་དུ། །བསྟན་སྲུང་ཀུན་གྱི་གཙོ་མོར་ལུང་བསྟན་ནས། །བསྟན་པ་གཉེར་གཏད་ཁས་བླངས་མཐུ་རྩལ་ཅན། །ལྷ་མོ་ནག་མོར་མཚན་གསོལ་ཁྱོད་ལ་བསྟོད། །དེ་ལྟར་མཆོད་བསྟོད་གསོལ་བས་བདག་ཅག་གི །མི་མཐུན་གནོད་པ་ཐམས་ཅད་ཞི་བ་དང་། །འདོད་དོན་ཀུན་སྒྲུབས་དུས་རྣམས་ཐམས་ཅད་དུ། །བསྲུང་དང་སྐྱོབ་པའི་འཕྲིན་ལས་མ་གཡེལ་མཛོད། །སྐུ་གསུམ་ལྷུན་གྲུབ་འཕྲིན་ལས་མཐར་ཕྱིན་ཡང་། །ཞེས་སོགས་བརྗོད། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་དང་། མེད་ན། མ་རྙེད་ཡོངས་སུ་མ་ཤེས་དང་། །ཞེས་སོགས་ཀྱིས་བཟོད་གསོལ་བྱེད་དམ་མིན་ཡང་། །ༀ་བཛྲ་ས་ཏྭ་ཨཿཞེས་ལན་གསུམ་གྱི་མཐར། ༀ་ཨཱཿབཛྲ་མུཿ མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། །ཞེས་དང་། ཤིས་བརྗོད་མདོར་བསྡུས་བྱའོ།། །།ཞེས་པ་འདི་ནི། དད་དང་རྣམ་དཔྱོད་དང་ལྡན་པའི་ཨོས་ལཱཽ་ཡེས་ཀྱིས་རང་གི་ཞལ་འདོན་ཆེད་བསྐུལ་བ་ལྟར་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ། །

ལོ་གླུད་དུ་གྲགས་པའི་ལོ་རིམ་སྡེ་བརྒྱད་སྤྱི་མཆོད་ཆར་འབེབས་སད་སེར་བསྲུང་བ་དང་བཅས་པ།

ལོ་གླུད་དུ་གྲགས་པའི་ལོ་རིམ་སྡེ་བརྒྱད་སྤྱི་མཆོད་ཆར་འབེབས་སད་སེར་བསྲུང་བ་དང་བཅས་པ་བཞུགས།

ན་མོ་མཉྫུ་ཤྲཱི་ཡེ། རྒྱལ་ཀུན་མཁྱེན་བརྩེ་ནུས་མཐུའི་དཔུང་། །གཅིག་བསྡུས་སྡེ་བརྒྱད་ཡོངས་ཀྱི་རྗེ། །གསང་སྔགས་རིག་སྔགས་འཆང་བའི་ བདག །བཅོམ་ལྡན་རྡོ་རྗེ་འཛིན་ལ་འདུད། །འདིར་ལོ་རིམ་ལ་དམིགས་ཏེ་འཇིག་རྟེན་པའི་མགྲོན་མཆོད་ཚུལ་ཞིག་བཤད་པར་བྱ་སྟེ། དེ་ཡང་རྒྱས་པར་ན། སྟེགས་ཇི་ལྟར་འཚམས་པའི་དབུས་སུ་འཇིམ་པ་སོགས་ལས་ཞེང་མཐོ་གང་། དཔངས་སུ་སོར་བཞི་ལྷག་ཙམ་གྱི་རི་རབ་གྲུ་བཞི་པ། སྟེང་གི་མཚམས་བཞིར་སྙུག་མ་སོགས་བཙུགས་པའི་སྟེང་དུ་དར་འཕན་གྱི་རྣམ་པ་དང་། ཕྱོགས་བཞི་ཚོན་སྐུད་སོགས་ཀྱིས་སྦྲེལ་ནས་བརྒྱན། རི་རབ་ཀྱི་དབུས་སུ་ཕྱག་རྡོར་གྱི་ཙ་ཀ་ལི་འབྲུའི་ཚོམ་བུ་དང་བཅས་པ། ཕྱོགས་མཚམས་རྣམས་སུ་ཚོམ་བུ་གྲངས་མང་ཙམ་དགོད། རི་རབ་ཀྱི་ཕྱི་མཐའི་ཕྱོགས་བཞིར་གླུད་དང་གཏོར་ཆུང་ཅི་འགྲུབ་དང་། ཏིང་ལོ། གསེར་སྐྱེམས། དཀར་ཕུད། ཇ་ཕུད། ཆང་ཕུད། ལོ་ཕུད། མེ་ཏོག །ཤིང་ཐོག །འབྲུ་སྣ། ཟས་སྣ། སྨན་སྣ། གོས་སྣ། ཤ་སྣ། ཁྲག་སྣ་ཡང་བྱ་བར་བཤད། དེའི་མཐར་སྲོག་ཆགས་ཀྱི་གཟུགས་འགྲོས་སྣ་ཚོགས་དང་། རིལ་བུ་ཆངས་བུ། མཐེ བ་ཀྱུ་རྣམས་ཅི་འགྲུབ་བྱས་ནས་མཐའ་བསྐོར་ན་མཛེས། མདུན་དུ་གཏོར་མ་ཟླུམ་པོ་དཀར་གསུམ་མངར་གསུམ་དང་བཅས་པའི་མཐར་གཏོར་ཆུང་མཐེབ་ཀྱུ་དང་བཅས་པ་དང་། ཆུ་གཉིས་ཉེར་སྤྱོད་འདོད་ཡོན་སོགས་ཅི་འབྱོར་བཤམས་ལ། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། རང་ཉིད་འཇིགས་བྱེད། རྟ་མགྲིན། ཕྱག་རྡོར། གུར་དྲག་སོགས་ཡི་དམ་གང་ཡང་རུང་བའི་མངོན་རྟོགས་རྒྱས་པའམ། བསྡུ་ན་སྐད་ཅིག་གིས་བསྐྱེད། འདིར་འཇིག་རྟེན་པ་མཆོད་ཚུལ་གཙོ་བོར་བྱེད་པ་ཡིན་ཡང་། ཐོག་མར་འཇིག་རྟེན་ལས་འདས་པ་རྣམས་ཚོགས་ཞིང་གི་ཚུལ་དུ་བྱས་ནས་མཆོད་ན་ལེགས་པས། དེའི་ཚུལ་ནི། མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟྭཾ། རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ། །དཔལ་བོ་མཁའ་འགྲོ་བསྟན་སྲུང་ཚོགས་བཅས་ལ། །སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ཞིང་། །ཇི་སྙེད་མཆོད་པའི་ཚོགས་རྣམས་ཐམས་ཅད་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཕྱིར་རྟག་པར་བཞུགས་སུ་གསོལ། །འདིས་མཚོན་དགེ་བ་ཇི་སྙེད་བསགས་པ་རྣམས། །བླ་མེད་བྱང་ཆུབ་དམ་པ་ཐོབ་ཕྱིར་བསྔོ། །བླ་མ་མཆོག་གསུམ་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་བསྟན་སྲུང་རྒྱ་མཚོར་བཅས་པ་ལ། །བདག་ཅག་རེ་བལྟོས་འཆའ་ཞིང་གསོལ་འདེབས་ཀྱིས། །མི་མཐུན་ཕྱོགས་ཞི་མཐུན་རྐྱེན་ཀུན་འགྲུབ་མཛོད། ཁྱད་པར་ཡུལ་འདིའི་ལོ་ཐོག་རྒྱས་པ་ལ། །བར་གཅོད་ཐན་སེར་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་བཅུད་ཕུན་སུམ་ཚོགས་གྱུར་ཏེ། །ལོངས་སྤྱོད་དགའ་བདེའི་དཔལ་ལ་འགོད་པར་མཛོད། །དེ་ནས་མཆོད་རྫས་རྣམས། ཨ་མྲྀ་ཏ་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ཉེར་སྤྱོད། རོལ་མོ་འདོད་ཡོན་ལ་སོགས་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ། ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པའི་ནུས་ལྡན་དུ་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། ༀ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟ་དང་། རཱུ་པ་ནས། སྤཪྴ་ཨཱཿཧཱུཾ། མཆོད་རྫས་གཞན་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཡོ་བྱད་ཀྱི་མཆོད་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ཀྱི་ཡོ་བྱད་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་ཞིང་། མགྲོན་རྣམས་དགྱེས་པ་བསྐྱེད་ནུས་པའི་བྱེད་ལས་དང་ལྡན་པར་གྱུར། ༀ་ཨཱཿཧཱུཾ། ལན་བདུན་ནམ་གསུམ། ༀ་སྭ་བྷཱ་ཝ་བི་ཤུདྡྷ་དྷརྨཱཿཏེ་བཛྲ་སིདྡྷི་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭཱ་མུ་ཁེ་བྷྱཿ སརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་ལན་གསུམ་མམ། རྒྱས་པར་ན་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་བརླབ་བྱ་ཞིང་། མཇུག་ཏུ། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་ཀྱིས་འདོན་པའི་བྱིན་བརླབས་ཀྱང་བྱའོ། །དེ་ནས་མགྲོན་རྣམས་རི་རབ་ཀྱི་སྟེང་དུ་བསྐྱེད་ཆོག་རྒྱས་པ་བྱས་ནས་སྤྱན་དྲངས་ཏེ་བསྟིམས་ཡང་ལེགས་མོད། འཇུག་པ་བདེ་བའི་ཆེད་དུ་སྤྱན་དྲངས་ནས་བཞུགས་སུ་གསོལ་བར་བྱས་ན། དེ་ནས་རི་རབ་བསངས་སྦྱངས། སྟོང་པའི་ངང་ལས་སུཾ་ཡོངས་སུ་གྱུར་པ་ལས་ས་གཞི་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་སུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་རི་རབ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རི་རབ་ལྷུན་པོའི་སྟེང་འོག་ཕྱོགས་མཚམས་སོགས་རང་རང་སོ་སོའི་གནས་མཆོག་ནས། ལྷ་ཀླུ་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་གནས་འདིར་སྤྱན་དྲངས། །ཛཿ ཚངས་པ་ལ་སོགས་ཕྱོགས་སྐྱོང་བཅུ། སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །བརྒྱ་བྱིན་ལ་སོགས་ལྷ་ཆེན་བརྒྱད། །སྤྱན་འདྲེན༴ ནོར་རྒྱས་ལ་སོགས་ཀླུ་ཆེན་བརྒྱད། སྤྱན་འདྲེན༴ སྒྲ་གཅན་ལ་སོགས་གཟའ་ཆེན་བརྒྱད། །སྤྱན་འདྲེན༴ སྨིན་དྲུག་ལ་སོགས་རྒྱུ་སྐར་རྣམས། །སྤྱན་འདྲེན༴ ཡུལ་ཁོར་སྲུང་སོགས་རྒྱ་ཆེན་བཞི། །སྤྱན་འདྲེན༴ ལྷ་ཆེན་ལ་སོགས་འཇིགས་བྱེད་དགུ །སྤྱན་འདྲེན༴ ས་ཡི་ལྷ་མོ་བརྟན་མ་སོགས། །ས་བདག་རྒྱལ་པོ་ཐམས་ཅད་དང་། །དྲི་ཟ་གཤིན་རྗེ་སྲིན་པོ་རྣམས། །སྤྱན་འདྲེན༴ ཆུ་བདག་རླུང་ལྷ་གནོད་སྦྱིན་དང་། འབྱུང་པོ་ཤ་ཟ་རྒྱལ་པོ་བཙན། །བདུད་དང་འབྱུང་པོ་ཐེའུ་རང་རྣམས། །སྤྱན་འདྲེན༴ མདོར་ན་སྲིད་པ་གསུམ་འདི་ན། །ལྷ་ཀླུ་དྲང་སྲོང་མཐུ་རྩལ་ཅན། །སྡེ་བརྒྱད་རིགས་སུ་གཏོགས་པ་ཀུན། །སྤྱན་འདྲེན༴ ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གཞི་བདག་གནས་བདག་དང་། །དཀོར་བདག་མགྲོན་དུ་འོས་པ་རྣམས། །སྤྱན་འདྲེན༴ འདིར་བྱོན་རི་རབ་ཆེན་པོའི་སྟེང་། །རང་རང་དགྱེས་པའི་གདན་རྣམས་ལ། །འཚེ་བའི་སེམས་བྲལ་ཕན་དགོས་ཀྱིས། །དགྱེས་བཞིན་བརྟན་པར་བཞུགས་སུ་གསོལ། །ༀ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨེ་ཧྱེ་ཧི་ས་མ་ཡ་ཛཿཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། དེ་ནས་མཆོད་པ་འབུལ་བ་ལ་གཉིས་ལས། དང་པོ་ནི། འཇིག་རྟེན་ཁམས་ཀྱི་མཆོད་པ་དང་། །བདག་གིས་བཤམས་པའི་མཆོད་ཡོན་འདི། །འཇིག་རྟེན་སྐྱོང་བ་འཁོར་བཅས་ལ། །འབུལ་ལོ་བཞེས་ནས་སྲུང་སྐྱོབ་མཛོད། །ༀ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་སྦྱར་ནས་ཞབས་བསིལ་ནས། རོལ་མོའི་བར་དང་། འདོད་ཡོན་རྣམས་འབུལ་ལོ། །གཞན་ཡང་འ ཁོར་ལོ་རིན་ཆེན་སོགས། །རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། །རིན་ཆེན་གདུགས་དང་གསེར་ཉ་སོགས། །བཀྲ་ཤིས་རྟགས་བརྒྱད་བཅས་པ་རྣམས། །འཇིག་རྟེན་སྐྱོང་བ་འཁོར་བཅས་ལ། །འབུལ་ལོ་བཞེས་ནས་སྲུང་སྐྱོབ་མཛོད། །ༀ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་མ་ཧཱ་སཔྟ་རཏྣ་ཨཥྚ་མངྒ་ལཾ་པྲ་ཏཱི ཙྪ་ཧཱུཾ་སྭཱཧཱ། ཞེས་འབུལ། གཉིས་པ་ནི། ༈ ཀྱཻ། འཇིག་རྟེན་སྐྱོང་མཛད་མཐུ་རྩལ་ཅན། །ཚངས་པ་དབང་པོ་ལ་སོགས་པ། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་ལ། །ལོ་གླུད་གཏོར་མ་མར་མེ་དང་། །གསེར་སྐྱེམས་དཀར་ཕུད་ཇ་ཆང་ཕུད། །ལོ་ཕུད་མེ་ཏོག་ཤིང་ཐོག་སྨན། །འབྲུ་སྣ་ཟས་གོས་དར་སྣ་དང་། །སྲོག་ཆགས་གཟུགས་འགྲོས་སྣ་ཚོགས་དང་། །རིལ་བུ་ཆངས་བུ་བཅས་ཏེ་འབུལ། །བཞེས་ནས་ཡུལ་ཁམས་ལོ་ཏོག་ལ། །གནོད་པའི་ཐན་སེར་སོགས་ཞི་ཞིང་། །ལོངས་སྤྱོད་དཔལ་འབྱོར་རྒྱས་པར་མཛོད། །དབང་པོ་བརྒྱ་བྱིན་ལ་སོགས་པ། །ལྷ་ཆེན་བརྒྱད་པོ་འཁོར་བཅས་ལ། །ལོ་གླུད༴ གསེར་སྐྱེམས༴ ལོ་ཕུད༴ འབྲུ་སྣ༴ སྲོག་ཆགས༴ རིལ་བུ༴ བཞེས་ནས༴ གནོད་པའི༴ ལོངས་སྤྱོད༴ ནོར་རྒྱས་དུང་སྐྱོང་ལ་སོགས་པ། །ཀླུ་ཆེན་བརྒྱད་པོ༴ ལོ་གླུད༴ གསེར་སྐྱེམས༴ ལོ་ཕུད༴ འབྲུ་སྣ༴ སྲོག་ཆགས༴། རིལ་བུ༴ བཞེས་ནས༴ གནོད་པའི་ཐན་སེར༴ ལོངས་སྤྱོད་དཔལ་འབྱོར༴ སྒྲ་གཅན་ཉི་མ་ཟླ་བ་སོགས། གཟའ་ཆེན་བརྒྱད་པོ༴ ལོ་གླུད༴ གསེར་སྐྱེམས༴ ལོ་ཕུད༴ འབྲུ་སྣ༴ སྲོག་ཆགས༴ རིལ་བུ༴ བཞེས་ནས༴ གནོད་པའི་ཐན་སེར༴ ལོངས་སྤྱོད་དཔལ་འབྱོར༴ སྨིན་དྲུག་སྣར་མ་ལ་སོགས་པ། རྒྱུ་སྐར་ཉེར་བརྒྱད་འཁོར་བཅས་ལ། །ཡོ་གླུད༴ གསེར་སྐྱེམས༴ ལོ་ཕུད༴ འབྲུ་སྣ༴ སྲོག་ཆགས༴ རིལ་བུ༴ བཞེས་ནས༴ གནོད་པའི་ཐན༴ ལོངས་སྤྱོད་དཔལ༴ ཡུལ་འཁོར་སྲུང་ལ་སོགས་པ་ཡི། རྒྱལ་ཆེན་བཞི་པོ་འཁོར་བཅས་ལ། །ལོ་གླུད༴ གསེར་སྐྱེམས༴ ལོ་ཕུད༴ འབྲུ་སྣ༴ སྲོག་ཆགས༴ རིལ་བུ༴ བཞེས་ནས༴ གནོད་པའི་ཐན་སེར༴ ལོངས་སྤྱོད་དཔལ༴ ལྷ་ཆེན་དྲག་པོ་ལ་སོགས་པ། །འཇིགས་བྱེད་དགུ་པོ་འཁོར་བཅས་ལ། །ལོ་གླུད༴ གསེར་སྐྱེམས༴ ལོ་ཕུད༴ འབྲུ་སྣ༴ སྲོག་ཆགས༴ རིལ་བུ༴ བཞེས་ནས༴ གནོད་པའི་ཐན་སེར༴ ལོངས་སྤྱོད་དཔལ་འབྱོར༴ ས་ཡི་ལྷ་མོ་བརྟན་མ་སོགས། །ས་བདག་རྒྱལ་པོ་འཁོར་བཅས་ལ། །ལོ་གླུད༴ གསེར་སྐྱེམས༴ ལོ་ཕུད༴ འབྲུ་སྣ༴ སྲོག་ཆགས༴ རིལ་བུ༴ བཞེས་ནས༴ གནོད་པའི་ཐན་སེར༴ ལོངས་སྤྱོད་དཔལ་འབྱོར༴ དྲི་ཟ་གཤིན་རྗེ་སྲིན་པོ་སོགས། །ཕྱོགས་བཅུའི་གདོན་གྱི་རིགས་རྣམས་ལ། །ལོ་གླུད༴ གསེར་སྐྱེམས༴ ལོ་ཕུད༴ འབྲུ་སྣ༴ སྲོག་ཆགས༴ རིལ་བུ༴ བཞེས་ནས༴ གནོད་པའི་ཐན༴ ལོངས་སྤྱོད་དཔལ་འབྱོར༴ རྒྱལ་པོ་བཙན་དང་ཤ་ཟ་བདུད། །མ་མོ་ཐེའུ་རང་ཚོགས་རྣམས་ལ། །ལོ་གླུད༴ གསེར་སྐྱེམས༴ ལོ་ཕུད༴ འབྲུ་སྣ༴ སྲོག་ཆགས༴ རིལ་བུ༴ བཞེས་ནས༴ གནོད་པའི་ཐན་སེར༴ ལོངས་སྤྱོད་དཔལ་འབྱོར༴ སྲིད་གསུམ་འདི་ན་རྒྱུ་བྱེད་པའི། །སྡེ་བརྒྱད་རིགས་སུ་གཏོགས་ཀུན་ལ། ལོ་གླུད༴ གསེར་སྐྱེམས༴ ལོ་ཕུད༴ འབྲུ་སྣ༴། སྲོག་ཆགས༴ རིལ་བུ༴ བཞེས་ནས༴ གནོད་པའི་ཐན་ཐེར༴ ལོངས་སྤྱོད་དཔལ་འབྱོར་རྒྱས་པ༴ ཡུལ་ཕྱོགས་འདི་རུ་གནས་རྒྱུ་བའི། །ལྷ་ཀླུ་གཞི་བདག་འཁོར་བཅས་ལ། །ལོ་གླུད༴ གསེར༴ ལོ་ཕུད༴ འབྲུ་སྣ༴ སྲོག་ཆགས༴ རིལ་བུ༴ བཞེས་ནས༴ གནོད་པའི༴ ལོངས་སྤྱོད་དཔལ༴ ཁྱད་པར་དྲང་སྲོང་ར་ཧུ་ལ། །སྤྲུལ་པའི་གཟའ་ཚོགས་འཁོར་བཅས་དང་། སྟག་སྲིན་ཟོར་བའི་གདོང་ལ་སོགས། །གདོང་ཅན་བཞི་པོ་ཐམས་ཅད་ལ། །ལོ་གླུད༴ གསེར༴ ལོ་ཕུད༴ འབྲུ་སྣ༴ སྲོག་ཆགས༴ རིལ་བུ༴ བཞེས་ནས་ཡུལ་འདིའི་ལོ་ཏོག་ལ། །གནོད་པའི་ཐོག་སེར་མི་གཏོང་བར། །ལོ་ཏོག་འབྲུ་བཅུད་འཕེལ་བ་དང་། །ལོངས་སྤྱོད་དཔལ་འབྱོར་རྒྱས་པར་མཛོད། །དེ་ནི་ཅུང་ཟད་རྒྱས་པའི་དབང་དུ་བྱས་པ་ཡིན་ལ། དེ་ལས་བསྡུ་ན། ཀྱཻ། འཇིག་རྟེན་སྐྱོང་བ་མཐུ་རྩལ་ཅན། །ཚངས་པ་ལ་སོགས་ཕྱོོགས་སྐྱོང་བཅུ། །བརྒྱ་བྱིན་ལ་སོགས་ལྷ་ཆེན་བརྒྱད། །ནོར་རྒྱས་ལ་སོགས་ཀླུ་ཆེན་བརྒྱད། །སྒྲ་གཅན་ལ་སོགས་གཟའ་ཆེན་བརྒྱད། །སྨིན་དྲུག་ལ་སོགས་རྒྱུ་སྐར་རྣམས། །ཡུལ་འཁོར་སྲུང་སོགས་རྒྱལ་ཆེན་བཞི། །ལྷ་ཆེན་ལ་སོགས་འཇིགས་བྱེད་དགུ། །ས་ཡི་ལྷ་མོ་བརྟན་མ་སོགས། །ས་བདག་རྒྱལ་པོ་འཁོར་བཅས་ལ། །ལོ་གླུད་ཅེས་སོགས་སྦྱར་བ་དང་། ཡང་། དྲི་ཟ་གཤིན་རྗེ་སྲིན་པོ་སོགས། །ཕྱོགས་བཅུའི་གདོན་གྱི་རིགས་རྣམས་དང་། །རྒྱལ་པོ་འདྲེ་བཙན་ཤ་ཟ་བདུད། །མ་མོ་ཐེའུ་རང་ལ་སོགས་པ། །སྡེ་བརྒྱད་རིགས་སུ་གཏོགས་ཀུན་དང་། །ཡུལ་འདིའི་གཞི་བདག་ཐམས་ཅད་ལ། །ལོ་གླུད་སོགས་དང་། ཁྱད་པར་དྲང་སྲོང་ར་ཧུ་ལ། །ཞེས་སོགས་སྦྱར་ཏེ་བསྡུས་ནས་ཕུལ་ཆོག་ཅིང་། གྲུབ་ན་ལན་གསུམ་བདུན་སོགས་གྲངས་མང་དུ་བརྗོད་དེ་ཕུལ་ན་ལེགས་ཏེ། དཔེར་ན་བསྐང་གསོ་གྲངས་མང་པོ་བརྗོད་ན་ལེགས་པ་བཞིན་ནོ། །དེ་ནས། གཏོར་མ་བྱིན་བརླབ་བྱ་བ་ནི། བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། མགྲོན་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་ཨ་ཀཱ་རོ་ལན་གསུམ་དང་། ༀ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨི་དཾ་བ་ལི་ཏཱ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ཉེར་གཅིག་གམ། བདུན་གྱི་ཕུལ་ཏེ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ནི་དཔལ་མགོན་དོན་སྔ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་ཐམས་ཅད་ལ་འབུལ་ལོ། །བཞེས་ནས་ཡུལ་ཕྱོགས་འདིའི་མི་ནོར་འཁོར་དང་བཅས་པ་ལ་སྲུང་སྐྱོབ་མཛད་པ་དང་། ལོ་ཏོག་ལ་གནོད་པའི་ཐན་སེར་སད་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། འབྲུ་བཅུད་སོགས་རྒྱས་པའི་འཕྲིན་ལས་མཛད་དུ་གསོལ། སྐབས་འདིར་ཆོས་སྐྱོང་སྤྱིའི་གཏོར་འབུལ་བསྡུས་པ་དང་། གཞི་བདག་གི་གཏོར་མ་སྤྱི་ལྟར་བཏང་ཡང་ལེགས། བགེགས་གཏོར་གཏོང་བར་འདོད་ན་ཆ་གསུམ་ནས་འབྱུང་བ་ལྟར་ལོ་ཏོག་ལ་གནོད་པའི་གདོན་བགེགས་བཀུག་ནས་གཏོར་མ་བཏང་སྟེ་གཤེགས། རྒྱས་པར་ན་འཇིག་རྟེན་སྐྱོང་བ་རྣམས་ལ་གཏོར་མ་ལན་བདུན་སོགས་ཕུལ་རྗེས། ཤར་ཕྱོགས་རྡོ་རྗེ་ཅན་ཏེ་ལྷ་ཚོགས་བཅས། །ཞེས་སོགས་བརྗོད་ན་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ནས་བསྟོད་ཅིང་འཕྲིན་ལས་བཅོལ་བ་ནི། །དབང་པོ་རྡོ་རྗེ་འཆང་བའི་ལྷ། །ཞེས་སོགས་སམ། བསྡུ་ན། ཧཱུཾ། སྲིད་གསུམ་འདི་ན་མཐུ་ཆེ་ཞིང་། །གནམ་ས་བར་སྣང་ཁམས་ཀུན་ལ། །རྫུ་འཕྲུལ་སྟོབས་ཀྱིས་དབང་བསྒྱུར་བ། །ཕྱོགས་སྐྱོང་བཅུ་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་ཚོགས་ལ་དབང་བསྒྱུར་བའི། །ལྷ་ཆེན་བརྒྱད་པོ་འཁོར་བཅས་དང་། །རྒྱ་མཚོ་ཆེ་ལ་རྟག་རོལ་བའི། །ཀླུ་ཆེན་བརྒྱད་ལ་ཕྱག་འཚལ་བསྟོད། །བར་སྣང་ཁམས་ལ་དབང་བསྒྱུར་བའི། །གཟའ་ཆེན་བརྒྱད་པོ་ཐམས་ཅད་དང་། །ལེགས་ཉེས་མཚན་མ་སྟོན་མཛད་པའི། །རྒྱུ་སྐར་རྣམས་ལ་ཕྱག་འ ཚལ་བསྟོད། །ཕྱོགས་བཞིར་འཇིག་རྟེན་སྐྱོང་མཛད་པའི། །རྒྱལ་ཆེན་བཞི་པོ་འཁོར་བཅས་དང་། །སྡེ་བརྒྱད་ཚོགས་ཀྱི་རྗེར་གྱུར་པ། །འཇིགས་བྱེད་དགུ་ལ་ཕྱག་འཚལ་བསྟོད། །ས་ཆེན་ཁྱོན་ལ་དབང་བསྒྱུར་བའི། །ས་བདག་རྒྱལ་པོ་འཁོར་བཅས་དང་། །ཕྱོགས་བཅུའི་གདོན་གྱི་རིགས་རྣམས་དང་། །སྡེ་བརྒྱད་རིགས་སུ་གཏོགས་ལ་དུད། ཁྱེད་རྣམས་མཆོད་ཅིང་བསྟོད་བྱས་པས། །སྦྱིན་བདག་མི་ནོར་འཁོར་བཅས་ལ། །གནོད་པའི་མི་མཐུན་ཞི་བ་དང་། །མཐུན་རྐྱེན་འདོད་དོན་ཐམས་ཅད་སྒྲུབས། ཁྱད་པར་ཡུལ་འདིའི་ལོ་ཏོག་ལ། །གནོད་པའི་ཐན་སེར་ངན་པ་སོགས། །མི་འདོད་ཉེར་འཚེ་ཀུན་ཞི་ཞིང་། །རྩི་བཅུད་ལོ་ཏོག་རྒྱས་པར་མཛོད། །ཀྱཻ། བླ་མ་དཀོན་མཆོག་གསུམ་པོ་ཡིས། །ཕྱོགས་འདིའི་ལོ་ཏོག་ལ་གནོད་པའི། །ཐན་སེར་མི་མཐུན་ཞི་བ་དང་། འབྲུ་བཅུད་ལོ་ཏོག་རྒྱས་པར་མཛོད། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་ཀྱིས། །ཡུལ་འདིའི་ལོ་ཏོག་ལ་གནོད་པའི། །ཐན་སེར༴ འབྲུ་བཅུད༴ ལྷ་ཆེན་བརྒྱད་པོ༴ ཡུལ་འདིའི༴ ཐན་སེར༴ འབྲུ་བཅུད༴ ཀླུ་ཆེན་བརྒྱད་པོ༴ ཡུལ་འདིའི༴ ཐན་སེར༴ འབྲུ་བཅུད༴ གཟའ་ཆེན་བརྒྱད་པོ༴ ཡུལ་འདིའི༴ ཐན་སེར༴ འབྲུ་བཅུད༴ རྒྱུ་སྐར་ཉེར་བརྒྱད༴ ཡུལ་འདིའི༴ ཐན་སེར༴ འབྲུ་བཅུད༴ རྒྱལ་ཆེན་བཞི་པོ༴ ཡུལ་འདིའི༴ ཐན་སེར༴ འབྲུ་བཅུད༴ འཇིགས་བྱེད་དགུ་པོ༴ ཡུལ་འདིའི༴ ཐན་སེར༴ འབྲུ༴ ས་བདག་ཆེན་པོ་འཁོར༴། ཡུལ་འདིའི༴ ཐན་སེར༴ འབྲུ་བཅུད༴ ཕྱོགས་བཅུའི་གདོན་རིགས་འཁོར༴ ཡུལ་འདིའི༴ ཐན་སེར༴ འབྲུ་བཅུད༴ ཡུལ་ལྷ་གཞི་བདག་འཁོར་བཅས་ཀྱིས། །ཡུལ་འདིའི་ལོ་ཏོག་ལ་གནོད་པའི། །ཐན་སེར་མི་མཐུན་ཞི་བ་དང་། །འབྲུ་བཅུད་ལོ་ཏོག་རྒྱས་པར་མཛོད། །ཅེས་འཕྲིན་ལས་བཅོལ། མཐར་བཟོད་གསོལ་བྱས་ནས་གཤེགས་པ་ནི། ཀྱཻ ཕྱོགས་སྐྱོང་བཅུ་ལ་སོགས་པ་ཡི། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཚོགས། ཁྱེད་རྣམས་སྤྱན་དྲངས་མཆོད་སྐབས་འདིར། །ནོངས་པའི་ཉེས་ཀུན་བཟོད་པར་གསོལ། །བརྩེ་བའི་ཐུགས་ཀྱིས་དགོངས་མཛོད་ལ། །སོ་སོའི་རང་རང་གནས་སུ་གཤེགས། །རང་གི་གནས་ནས་ཡུལ་ཁམས་འདིར། །སྲུང་དང་སྐྱོབ་པའི་འཕྲིན་ལས་མཛོད། །བཛྲ་མུཿ མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། བཀྲ་ཤིས་སོགས་བརྗོད་པར་བྱའོ། །གོང་དུ་བཤད་པའི་བཅའ་ཐབས་རྒྱས་པ་དེ་བཞིན་མ་གྲུབ་ན་ནི། རི་རབ་ཀྱི་སྟེང་དུ་ཤིང་ལེབ་ཀྱི་སྟེང་དུ་ཤོག་རས་སོགས་བཏིང་བ་ལ་ཚོམ་བུ་ཅི་འགྲུབ་བཀོད་ནས། དེའི་མཐར་གླུད་གཏོར་སོགས་མཚོན་བྱེད་ཙམ་བྱས་ཏེ། མཆོད་ཚུལ་གོང་གི་རྒྱས་བསྡུས་གང་རུང་བཞིན་བྱས་ཀྱང་རུང་ཙམ་མོ། །ལོ་རིམ་ཚུལ་ལ་རྣམ་མང་ཡང་། །འཕྲལ་གྱི་རྐྱེན་སེལ་མཐུན་སྒྲུབ་ལ། །འདི་ལྟར་མཆོད་བསྟོད་འཕྲིན་བཅོལ་བ། །མཆོད་ཚུལ་གཞན་ལས་ལྷག་གམ་སྙམ།། །།ཞེས་ལོ་གླུད་དུ་གྲགས་པའི་ལོ་རིམ་དུ་དམིགས་ནས་འཇིག་རྟེན་པའི་སྡེ་བརྒྱད་ཆེན་པོ་སྤྱི་ལ་དམིགས་ནས་མཆོད་ཚུལ་འདི་ནི། གཡོ་སའི་སྔགས་འཆང་ཚེ་དབང་རབ་བརྟན་སོགས་གཞན་འགའ་ཞིག་གིས་བསྐུལ་བའི་ངོར། ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་དཔེ་སྔ་མ་གསུམ་ཙམ་མཐོང་ཡང་མ་འབྲེལ་བ་དང་མ་ཚང་བ་ཆེ་འདུག་པས། དཔལ་མགོན་འདི་དག་མདོ་སྔགས་ཀྱི་ཕྱོགས་གཉིས་ཀ་ནས་འབྱུང་ཞིང་གྲགས་ཆེ་བར་མ་ཟད། གཞན་བན་བོན་རྣམས་ཀྱིས་ཀྱང་བཀུར་ཞིང་མཆོད་འདུག་པས་ཁྱད་ཆེ་བར་བསམས་ནས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། པར་གྱི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ། །འདིར་སྔོན་མའི་ཞོར་ལ་ཆར་འབེབ་བྱེད་ཚུལ་དང་། སེར་བ་བསྲུང་བའི་ཚུལ་མདོར་བསྡུས་ཞིག་བརྗོད་པ་ལ། སྤྱི་ཆར་འབེབས་བྱེད་ཚུལ་རྒྱས་པ་ནི། འདུས་པའི་རྒྱུད་སོགས་གཞུང་ཆེན་པོ་དུ་མ་ལས་ཀླུ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་བྲིས་ཏེ་བསྒྲུབས་ཤིང་མཆོད་ཅིང་བསྐུལ་བའི་སྒོ་ནས་བྱེད་པ་དང་། རྡོ་རྗེའི་མཆུ་དང་། སྤྲིན་ཆེན་པོའི་མདོ་སོགས་ནས་ཀྱང་ཆར་འབེབས་བྱེད་པའི་ཆོ་ག་བཤད་པ་ནི་དེ་དག་ཏུ་ཤེས་པར་བྱ་ལ། གཞན་མན་ངག་ཟུར་པ་ཐར་ཐོར་ནི་ཤིན་ཏུ་མང་ངོ་། །གཞུང་ཆེན་མོ་དག་ལས་གསུངས་པའི་ཆར་འབེབས་དེ་དག་ལག་ལེན་ཚུལ་བཞིན་སྒྲུབ་ནུས་ན་ནི་ཤིན་ཏུ་ལེགས་མོད། ད་ལྟའི་གང་ཟག་བྱ་སླ་བ་ལ་དགའ་བས་ཇི་ལྟ་བ་བཞིན་ལག་ཏུ་ལེན་དཀའ་བར་མཐོང་ངོ་། །དམིགས་བརྩེ་མ་ལ་བརྟེན་པའི་ཆར་འབེབས་བྱེད་ཚུལ་རྒྱས་པ་ནི་དེའི་ཆོ་ག་ལས་ཤེས་པར་བྱ་ཞིང་། དེ་བསྡུས་པ་བྱེད་ཚུལ་ནི། ཀླུ་སྨན་སྣ་ཚོགས་དང་བསྲེས་པའི་རིལ་བུ་བརྒྱ་རྩ་བརྒྱད་བྱས་པ་བུམ་པའི་ནང་དུ་བླུགས་ཏེ། དེ་ལ་དམིགས་ནས་དམིགས་བརྩེ་མ་བརྒྱ་སྟོང་སོགས་ཅི་འགྲུབ་བཟླ་ཞིང་། བསངས་བཏང་སྟེ་ཆར་འབེབས་པའི་གསོལ་གདབ་བྱ་བ་དང་། བུམ་པ་དེ་ཉིད་ཀླུ་ཡོད་པའི་ཆུ་མིག་ཏུ་བཞག་ནས་ཀླུ་ལ་ཆར་འབེབས་ཀྱི་བསྐུལ་མ་བྱའོ། །འདིར་སྤྲིན་ཆེན་ནས་འ བྱུང་བ་འགའ་ཞིག་གཙོ་བོར་བྱས་ཏེ་བརྗོད་ན། ཆར་འབེབས་བྱེད་པའི་སྐབས་དག་ཏུ་མཆོད་པ་དང་བཅས་ན་རབ་དང་། མིན་ཡང་། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་སྤྲིན་གྱི་སྙིང་པོ་ཅན་ལ་ཕྱག་འཚལ་ཞིང་མཆོད་དོ། །སྐྱབས་སུ་མཆིའོ། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་བའམ། བསྡུ་ན། དེ་བཞིན་གཤེགས་པ་ཀླུའི་རིགས་ལས་བྱུང་བ་སྤྲིན་གྱིས་རྣམ་པར་མཛེས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྲིན་གྱི་ཆུ་འཛིན་ལ༴ དེ་བཞིན་གཤེགས་པ་དཔལ་ལྡན་སྤྲིན་གྱི་གཟི་བརྗིད་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་འབྱུང་བ་ལ༴ དེ་བཞིན་གཤེགས་པ་རླུང་གི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པའི་སྤྲིན་ལ༴ དེ་བཞིན་གཤེགས་པ་ནམ་མཁའ་དཔག་མེད་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་ཚོགས་གྲོགས་འབར་བའི་ཚོགས་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་མཐུ་རྩལ་དཔའ་བོ་ལ༴ དེ་བཞིན་གཤེགས་པ་སྤྲིན་མཛེས་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །འཛམ་བུའི་གླིང་དུ་ཆར་རབ་ཏུ་འབེབས་པར་མཛད་དུ་གསོལ་ལོ། །དེ་བཞིན་གཤེགས་པ་སྤྲིན་སྡུག་ཆེན་པོ་ལ༴ དེ་བཞིན་གཤེགས་པ་སྤྲིན་གྱི་དཀྱིལ་འཁོར་ཆེན་པོ་ལ༴ དེ་བཞིན་གཤེགས་པ་སྤྲིན་གྱི་འོད་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་སེངྒེ་ལ༴ དེ་བཞིན་གཤེགས་པ་སྤྲིན་གདུགས་ལ༴ དེ་བཞིན་གཤེགས་པ་བལྟ་སྡུག་སྤྲིན་ཆེན་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་པོས་ཁེབས་པ་ལ༴ དེ་བཞིན་གཤེགས་པ་སྤྲིན་ལས་བྱུང་བ་སྣང་བར་བྱེད་པའི་དཀྱིལ་འཁོར་ཕྱོགས་བཅུ་མཐོ་འགེབས་རྔའི་སྒྲ་དབྱངས་ཤིན་ཏུ་རབ་སྒྲོགས་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་བསིལ་འབྱུང་མི་དགའ་རབ་ཏུ་འཇོམས་པ་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་འ དལ་བ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ༴ འཛམྦུའི་གླིང་དུ༴ དེ་བཞིན་གཤེགས་པ་གངྒཱའི་ཆུ་སྤྲིན་ལ༴ དེ་བཞིན་གཤེགས་པ་རྩལ་གྱི་སྤྲིན་ལྟར་དཔའ་བོ་ལ༴ དེ་བཞིན་གཤེགས་པ་འབྲུག་སྒྲ་བསྒྲགས་པ་ལ༴ དེ་བཞིན་གཤེགས་པ་སྤྲིན་ཀུན་ཏུ་སྟོན་པ་ལ༴ དེ་བཞིན་གཤེགས་པ་སྤྲིན་རྒྱ་ཆེན་པོ་ལ༴ དེ་བཞིན་གཤེགས་པ་སྤྲིན་འཛག་ལ༴ དེ་བཞིན་གཤེགས་པ་སྤྲིན་ལྟར་རྣམ་པར་སྒྲོགས་ལ༴ དེ་བཞིན་གཤེགས་པ་ལྷར་འཕགས་ལ༴ དེ་བཞིན་གཤེགས་པ་སྤྲིན་ལྟ་བུའི་ན་བཟའ་མནབས་ལ༴ དེ་བཞིན་གཤེགས་པ་སྤྲིན་གྱིས་ལོ་ཏོག་བསྐྱེད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ༴ འཛམྦུའི་གླིང་དུ༴ དེ་བཞིན་གཤེགས་པ་སྤྲིན་གྱི་གནས་ལ་གནས་པ་ལ༴ དེ་བཞིན་གཤེགས་པ་ཆར་སྤྲིན་གྱི་སྤྲིན་ལ༴ དེ་བཞིན་གཤེགས་པ་སྤྲིན་འདུ་བ་མཛད་ལ༴ དེ་བཞིན་གཤེགས་པ་སྤྲིན་རྣམ་པར་རྒྱས་པ་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་ཨུཏྤལ་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་ཆོས་ཀྱི་སྐུ་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་འཕགས་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་དབང་ཕྱུག་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་འོད་མཛད་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་བྱིན་ལ༴ མཆོད་དོ། །སྐྱབས་སུ༴ འཛམྦུའི་གླིང་དུ། དེ་བཞིན་གཤེགས་པ་ནོར་བུ་རིན་པོ་ཆེ་ཆེན་པོའི་སྤྲིན་ལྟ་བུ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྲིན་ལྟར་རྣམ་པར་འཇོམས་པ་ལ༴ དེ་བཞིན་གཤེགས་པ་སྤྲིན་གྱི་ཆུ་བ་ལ༴ དེ་བཞིན་གཤེགས་པ་སྤྲིན་སྡུད་ལ༴ དེ་བཞིན་གཤེགས་པ་དུས་མ་ཡིན་པའི་སྤྲིན་དང་ལྕེ་འབབ་པ་རྣམ་པར་འཇོམས་པ་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་པོ་ལྟར་ནམ་མཁའི་མཐོངས་ནས་བསྒྲགས་པ་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་སྒྲ་འབྱིན་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་ཆུ་སྐྱེས་ལ༴ དེ་བཞིན་གཤེགས་པ་སྙེམས་པའི་གཟི་བརྗིད་སྒྲུབ་པའི་སྤྲིན་ལ༴ དེ་བཞིན་གཤེགས་པ་རོ་བྲོ་བ་དྲུག་དང་ལྡན་པའི་ཆུ་ཆེན་པོའི་སྤྲིན་ལ༴ མཆོད་དོ། །སྐྱབས་སུ༴ འཛམྦུའི་གླིང་དུ་ཆར་རབ་ཏུ༴ དེ་བཞིན་གཤེགས་པ་ཆུ་འཐོར་སྤྲིན་ཆེན་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་རྒྱ་མཚོ་འགེངས་པ་ལ༴ དེ་བཞིན་གཤེགས་པ་ཆར་མི་འབེབས་པ་ན་སྤྲིན་གྱིས་ཀུན་ཏུ་འགེབས་པ་ལ༴ དེ་བཞིན་གཤེགས་པ་སྤྲིན་གཟུགས་མཐའ་ཡས་ལ༴ དེ་བཞིན་གཤེགས་པ་སྤྲིན་ཆེན་པོ་ཐམས་ཅད་རྣམ་པར་སྒྲུབ་པ་འ ཛམྦུའི་སྤྲིན་གྱི་དཔལ་གྱི་གཟི་བརྗིད་འོད་མཛད་པ་སྤྲིན་གྱི་འོད་ཟེར་ཅན་ལ༴ དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་ལ༴ དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ༴ དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ༴ དེ་བཞིན་གཤེགས་པ་འོད་དཔག་མེད་ལ༴ དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ། །འཛམྦུའི་གླིང་འདིར༴ འཕགས་པ་ཉེ་བའི་སྲས་ཆེན་བརྒྱད་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ༴ འཕགས་པ་རང་སངས་རྒྱས་ཐམས་ཅད་ལ༴ འཕགས་པ་ཉན་ཐོས་ཐམས་ཅད་ལ༴ ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ༴ ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ཞིང་མཆོད་དོ། །སྐྱབས་སུ་མཆིའོ། །འཛམྦུའི་གླིང་འདིར་ཆར་རབ་ཏུ་འབེབས་པར་མཛད་དུ་གསོལ་ལོ། །ཀླུའི་རྒྱལ་པོ་ཆེན་པོ་གཡོགས་མཐའ་ཡས་རྒྱ་མཚོའི་སྤྲིན་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོ་ལ་མཆོད་ཅིང་ཡང་དག་པར་བསྐུལ་ལོ། །ཡུལ་ཕྱོགས་འདི་དག་ཏུ་ཆར་རབ་ཏུ་ཕོབ་ཅིག་སྭཱཧཱ། དེ་བཞིན་དུ་གཞན་རེ་རེ་ལ་སྦྱར་བའམ། བསྡུ་ན། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་ལ་མཆོད་ཅིང་ཡང་དག་པར༴ ཀླུའི་རྒྱལ་པོ་རྒྱ་མཆོ་དང་མ་དྲོས་པ་ལ༴ ཀླུའི་རྒྱལ་པོ་གཟི་ཅན་དང་ཆུ་ལྷ་ལ༴ ཀླུའི་རྒྱལ་པོ་འཇོག་པོ་དང་ཡུལ་འཁོར་སྲུང་ལ་མཆོད་ཅིང་ཡང་དག་པར་བསྐུལ་ལོ། །འཛམྦུའི་གླིང་འདིར༴ ཀླུའི་རྒྱལ་པོ་བཏང་བཟུང་དང་ས་སྲུང་གི་བུ་ལ༴ ཀླུའི་རྒྱལ་པོ་མདོངས་བུ་དང་དཔལ་གྱི་གཟི་བརྗིད་ལ༴ ཀླུའི་རྒྱལ་པོ་དཔལ་བཟང་དང་གློག་གི་འཕྲེང་བ་ལ༴ ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་རིན་པོ་ཆེ་དང་གཙུག་ན་ནོར་བུ་ཐོགས་པ་ལ་མཆོད་ཅིང་ཡང་༴༴ ཀླུའི་རྒྱལ་པོ་སྣང་ལྡན་གཙུག་ཕུད་ཅན་དང་གཙུག་འཇལ་ཅན་ལ་མཆོད་ཅིང་༴ ཡུལ་ཕྱོགས་འདི་དག་ཏུ༴ ཀླུའི་རྒྱལ་པོ་དབང་པོའི་རྒྱལ་མཚན་དང་དབང་པོའི་མཆོད་སྡོང་ལ༴ ཀླུའི་རྒྱལ་པོ་འཛམ་བུའི་རྒྱལ་མཚན་དང་བཀྲ་ཤིས་ལྡན་ལ༴ ཀླུའི་རྒྱལ་པོ་དཀྱིལ་འཁོར་ཆེན་པོ་ཅན་དང་ལག་གི་འགྲོ་བ་ཆེན་པོ་ལ༴ ཀླུའི་རྒྱལ་པོ་སྐར་མདོག་དང་ཟླ་བའི་གཟི་བརྗིད་ལ༴ ཀླུའི་རྒྱལ་པོ་དཔལ་གྱི་བློ་གྲོས་དང་བླ་འགོད་ལ་མཆོད་ཅིང་༴ ཡུལ་ཕྱོགས་འདིར་དག་ཏུ༴ ཀླུའི་རྒྱལ་པོ་ལེགས་མཐོང་དང་ཤིན་ཏུ་བརྟན་པ་ལ། ཀླུའི་རྒྱལ་པོ་མགུལ་ན་ནོར་བུ་དང་སྤྲིན་བྱུང་བ་ལ༴ ཀླུའི་རྒྱལ་པོ་ཆར་རྒྱུན་དང་རབ་འཇོམས་ལ༴ ཀླུའི་རྒྱལ་པོ་རྣམ་པར་འཇོམས་པ་དང་མཐུ་བསྒྱིངས་ལ༴ ཀླུའི་རྒྱལ་པོ་གདེངས་ཀ་ཆེན་པོ་དང་དབྱངས་ཟབ་ལ་མཆོད་ཅིང་༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་ཆེར་སྒྲོགས་དང་རྣམ་པར་སྒྲ་འབྱིན་ལ༴ ཀླུའི་རྒྱལ་པོ་ཨུཏྤལ་དང་རྩལ་ཆེན་ལ༴ ཀླུའི་རྒྱལ་པོ་གཞོམ་མདའ་འཛིན་དང་སྣ་ཚོགས་སྡེ་ལ༴ ཀླུའི་རྒྱལ་པོ་ཞགས་པ་ཆེན་པོ་དང་ཨེ་ལའི་འདབ་ལ༴ ཀླུའི་རྒྱལ་པོ་ཀུན་ཏུ་སྣང་དང་རྣ་རྩུབ་ལ༴ ཀླུའི་རྒྱལ་པོ་དུང་དང་ད་ར་ད་ར་ལ་མཆོད་ཅིང་༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་ཨུརྷ་ལ་ད་ར་ད་ར་དང་བདེ་བྱེད་ལ༴ ཀླུའི་རྒྱལ་པོ་ལག་འགྲོ་དང་ལག་འགྲོ་ཆེན་པོ་ལ༴ ཀླུའི་རྒྱལ་པོ་དྲི་མ་ཆེན་པོ་དང་འཕུར་ལྡིང་ལ༴ ཀླུའི་རྒྱལ་པོ་སོག་མ་མེད་དང་ཕྱང་བ་ལ་མཆོད་ཅིང་ཡང་༴ ཀླུའི་རྒྱལ་པོ་སྲིན་བུ་གནས་དང་ནག་པོ་ལ་མཆོད་ཅིང་༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་དབང་པོའི་སྡེ་དང་འདམ་བུ་ལ༴ ཀླུའི་རྒྱལ་པོ་ཉེ་བའི་འདམ་བུ་དང་དུང་ཐོགས་ལ༴ ཀླུའི་རྒྱལ་པོ་འགྲོ་ལྡིང་དང་རབ་མཛེས་ལ༴ ཀླུའི་རྒྱལ་པོ་གླང་ཆེན་དང་རྣོན་པོ་ལ༴ ཀླུའི་རྒྱལ་པོ་སེར་སྐྱ་དང་གློག་འབེབས་ལ༴ ཀླུའི་རྒྱལ་པོ་གློག་གི་འོད་ཆེན་པོ་དང་སྟོབས་ལྷ་ལ༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་ཆུ་སྟོབས་དང་དམ་པ་འགེབས་ལ༴ ཀླུའི་རྒྱལ་པོ་བདུད་རྩི་ཅན་དང་མུ་སྟེགས་ཅན་ལ༴ ཀླུའི་རྒྱལ་པོ་བཻཌཱུརྱའི་འོད་ཅན་དང་མདོག་སེར་མདོག་ལ༴ ཀླུའི་རྒྱལ་པོ་གསེར་འོད་དང་ཟླ་བའི་རྒྱལ་མཚན་ལ༴ ཀླུའི་རྒྱལ་པོ་ཉི་འོད་འཆར་འོད་དང་བ་ལང་མགོ་ལ༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་དཀར་པོ་དང་ནག་པོ་ལ༴ ཀླུའི་རྒྱལ་པོ་གཤིན་རྗེ་དང་དགེ་ཚུལ་སྦལ་བ་ལ༴ ཀླུའི་རྒྱལ་པོ་གཟི་བརྗིད་དང་མུ་ཁྱུད་འཛིན་ལ༴ ཀླུའི་རྒྱལ་པོ་ས་འཛིན་དང་མགོ་སྟོང་ཅན་ལ༴ ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་དང་དུང་སྐྱོང་ལ༴ ཡུལ་ཕྱོོགས༴ ཀླུའི་རྒྱལ་པོ་དོན་ཡོད་མཐོང་དང་སྤྲིན་ཆེན་པོ་ལ༴ ཀླུའི་རྒྱལ་པོ་སྡེ་བཟང་དང་ས་སྐྱོང་ལ༴ ཀླུའི་རྒྱལ་པོ་མེས་བྱིན་དང་རྣམ་པར་བུལ་ལ༴ ཀླུའི་རྒྱལ་པོ་རྒ་བ་དང་ཆུ་སྲིན་ཀུམྦྷི་ར་ལ༴ ཀླུའི་རྒྱལ་པོ་ཆུ་སྲིན་ཀུམྦྷི་རིའི་གདོང་དང་རྨུགས་འཛིན་ལ༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་མྱུར་གདུག་དང་པདྨ་ཀ་ལ༴ ཀླུའི་རྒྱལ་པོ་མཇུག་མ་དང་རབ་འཕྱང་ལ༴ ཀླུའི་རྒྱལ་པོ་འཇིགས་བྱེད་དང་གཟི་བརྗིད་མཛེས་ལ༴ ཀླུའི་རྒྱལ་པོ་མགོ་ལྔ་པ་དང་པ་ལ་ལི་ར་ལ༴ ཀླུའི་རྒྱལ་པོ་ཤིང་རྟས་རྒྱལ་དང་རྒྱལ་པོ་བླ་མ་ལ༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་མཇུག་རིང་དང་མགོ་བོ་ཆེ་ལ༴ ཀླུའི་རྒྱལ་པོ་སི་མ་བི་ཀ་དང་བི་ཏ་ར་ལ༴ ཀླུའི་རྒྱལ་པོ་མགྲོགས་མགྲོ་དང་མགོ་བོ་གསུམ་པ་ལ༴ ཀླུའི་རྒྱལ་པོ་ཀླུ་སྡེ་དང་གཟི་ཆེན་ལ༴ ཀླུའི་རྒྱལ་པོ་འདམ་བུ་བྱིན་དང་སྐྲག་བྱེད་ལ༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་འོད་འབར་དང་མགོ་བདུན་པ་ལ༴ ཀླུའི་རྒྱལ་པོ་སྟོང་ཆེན་དང་མཐོང་དགའ་ལ༴ ཀླུའི་རྒྱལ་པོ་རབ་ཏུ་ཆེན་གཏུམ་དང་དྲི་མེད་གཟི་བརྗིད་ལ༴ ཀླུའི་རྒྱལ་པོ་མིག་མི་བཟང་དང་དྲག་པོ་ཆེན་པོ་ལ༴ ཀླུའི་རྒྱལ་པོ་འོད་འཕྲོ་ཕུང་པོ་དང་གཏུམ་པོ་ལ༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་ཁྲོ་བོའི་དྲག་ཤུལ་ཅན་དང་རིན་ཆེན་ཆུ་སྦྱིན་ལ༴ ཀླུའི་རྒྱལ་པོ་ཆུ་སྦྱིན་སྤྲིན་ཆེན་དང་དབང་པོའི་འོད་ལ༴ ཀླུའི་རྒྱལ་པོ་རྐང་པས་འཐུང་དང་སྤྲིན་ཟླ་ལ༴ ཀླུའི་རྒྱལ་པོ་རྒྱ་མཚོའི་སྤྲིན་དང་མེ་ཏོག་དྲི་ཆེན་ལ༴ ཀླུའི་རྒྱལ་པོ་ཀུ་མུ་ཏའི་འབྱུང་གནས་དང་རིན་ཆེན་མིག་ལ༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་ཏོག་ཆེན་པོའི་རྒྱལ་མཚན་དང་སྤྲིན་ཆེན་སྙིང པོ་ལ༴ ཀླུའི་རྒྱལ་པོ་ཁ་བ་ཅན་དང་དཔལ་གྱི་སྙིང་པོ་ལ༴ ཀླུའི་རྒྱལ་པོ་སྤྲིན་མཐུ་ཅན་དང་མཚན་མོ་འཛིན་ལ༴ ཀླུའི་རྒྱལ་པོ་ཆུ་སྦྱིན་དང་ཆུ་སྦྱིན་ཆེན་པོ་ལ༴ ཀླུའི་རྒྱལ་པོ་གཟི་བརྗིད་མེ་འདུ་དང་སྤྲིན་གྱི་དབང་ཕྱུག་རྒྱལ་པོ་ལ༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་ཁྲོ་མེད་དང་སའི་བུམ་པ་ལ༴ ཀླུའི་རྒྱལ་པོ་ཀླུ་དབང་དང་ཆུ་འཛིན་ལ༴ ཀླུའི་རྒྱལ་པོ་སྤྲིན་གཟུགས་དང་ཨིང་གི་རའི་གདོང་ལ༴ ཀླུའི་རྒྱལ་པོ་གཟི་བརྗིད་ཅན་དང་སྤྲིན་ལས་མངོན་བྱུང་ལ༴ ཀླུའི་རྒྱལ་པོ་གོམས་སྟབས་མཐའ་ཡས་དང་ཆ་བྱད་མཛེས་ལ༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་ལུས་ཆེན་དང་སྤྱད་ལྟོ་ལ༴ ཀླུའི་རྒྱལ་པོ་ཞི་བ་དང་དཔའ་བ་ལ༴ ཀླུའི་རྒྱལ་པོ་གསེར་དན་ཅན་དང་མཆོག་ཏུ་བརྩོན་ལ༴ ཀླུའི་རྒྱལ་པོ་དུག་དྲག་དང་དབྱངས་སྙན་ལ། ཀླུའི་རྒྱལ་པོ་བདུད་རྩིའི་སྙིང་པོ་དང་རབ་ཏུ་ཆར་འབེབས་ཆེན་པོ་ལ༴ ཡུལ་ཕྱོགས༴ ཀླུའི་རྒྱལ་པོ་རྣམ་པར་གཡོ་བ་དང་འབྲུག་སྒྲ་ལ༴ ཀླུའི་རྒྱལ་པོ་རྔ་སྒྲ་དང་བདུད་རྩིའི་རྒྱུན་ལ༴ ཀླུའི་རྒྱ ལ་པོ་དགའ་བྱེད་དང་འབྲུག་སྒྲ་སྒྲོགས་ལ༴ ཀླུའི་རྒྱལ་པོ་དཔལ་སྡེ་དང་སྲེད་མེད་ཀྱི་བུ་ལ༴ ཀླུའི་རྒྱལ་པོ་རྒྱ་མཚོའི་ཀློང་དང་གཡོན་པོ་ལ་མཆོད་ཅིང་༴ ཡུལ་ཕྱོགས༴ དེ་དག་ལ་སོགས་པའི་ཀླུའི་རྒྱལ་པོ་རྣམས་དང་ཀླུ་ཐམས་ཅད་ལ་མཆོད་ཅིང་༴ ཡུལ་ཕྱོགས་འདི་དག་ཏུ་ཆར་རབ་ཏུ་ཕོབ་ཅིག་སྭཱཧཱ། གཞན་ཡང་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བཅུ་ལ་མཆོད་ཅིང་༴ ཡུལ་ཕྱོགས༴ རྒྱལ་ཆེན་བཞི་ལ༴ ལྷ་ཆེན་བརྒྱད་ལ༴ ཀླུ་ཆེན་བརྒྱད་ལ༴ གཟའ་ཆེན་བརྒྱད་ལ༴ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ༴ དེད་དཔོན་དགུ་ལ༴ ནོར་ལྷའི་ཚོགས་རྣམས་ལ༴། ལྷ་མིའི་དྲང་སྲོང་རྣམས་ལ༴ འཇིག་རྟེན་སྐྱོང་བའི་ཚོགས་ཐམས་ཅད་ལ༴ ཡུལ་ལྷ་གཞི་བདག་རྣམས་ལ༴ ཡུལ་ཕྱོོགས་འདི་དག་ཏུ༴ གཞན་ཡང་ཀླུ་ཆེན་པོ་དག་སངས་རྒྱས་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་འཛམྦུའི་གླིང་འདིར༴ དམ་པའི་ཆོས་རྣམས་ཀྱི་བདེན་པའི༴ འཕགས་པའི་དགེ་འདུན་རྣམས་ཀྱི༴ ཡི་དམ་ལྷ་ཚོགས་རྣམས་ཀྱི༴ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི༴ ལྷ་ཀླུ་སྡེ་བརྒྱད་རྣམས་ཀྱི་མཐུ་དང་བདེན་པའི་བྱིན་གྱིས༴ མཁའ་ལྡིང་ཐམས་ཅད་ཀྱི་མཐུ་དང་བདེན་པའི༴ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པའི༴ སྐྱེ་འཕགས་ཀུན་དང་བདག་ཅག་རྣམས་ཀྱི་བསོད་རྣམས་ཀྱི་མཐུས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཅིག་སྭཱཧཱ། དེ་ལྟར་ལན་གསུམ་དང་བདུན་སོགས་བརྗོད་པའི་སྒོ་ནས་མཆོད་ཅིང་བསྐུལ་ན་ཆར་འབབས་པའི་ཐབས་ཆེན་པོར་འགྱུར་ཞིང་བསྒྲུབ་སླ་བའི་སོ་སོ། ཆར་འབེབས་ཀྱི་སྔགས་རིང་མང་ཡང་བཞག་སྟེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སཱདྱ་ཐེ་དན། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ནཱ་ག་ནཱ་ག །ཛི་ནི་ཛི་ནི། ཛུ་བུ་ཛུ་བུ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། བ་ར་བ་ར། བི་རི་བི་རི། བུ་རུ་བུ་རུ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། ཏ་ལ་ཏ་ལ། ཏི་ལི་ཏི་ལི། ཏུ་ལུ་ཏུ་ལུ། གྷ་མ་གྷ་མ། གྷི་མི་གྷི་མི། གྷུ་མུ་གྷུ་མུ། ན་ར་ན་ར། ནི་རི་ནི་རི། ནུ་རུ་ནུ་རུ། ག་ཊ་ག་ཊ། གི་ཊི་གི་ཊི། གུ་ཊུ་གུ་ཊུ། ཤ་ར་ཤ་ར། ཤི་རི་ཤི་རི། ཤུ་རུ་ཤུ་རུ། ཆར་གྱི་བགེགས་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱཧཱ། ཞེས་བཟླས་ན་ཆར་འབབས་པའི་བགེགས་ཞི་བར་འགྱུར་རོ། །ཡང་བག་ཕྱེ་ལ་དཀར་གསུམ་མངར་གསུམ་དང་ཀླུ་སྨན་སྣ་ཚོགས་བསྲེས་ཏེ་རིལ་བུ་བརྒྱ་རྩ་བརྒྱད་བྱས་ནས། ན་ག་ཀ་ལ་ཀ་ལ་བྷ་རི་ཤ་ཡ་སྭཱཧཱ། ཞེས་རིལ་བུ་རེ་ལ་བརྒྱ་རྩ་བརྒྱད་རེ་བཟླས་ནས་བསྔགས་ལ། ཀླུ་ཡོད་པའི་ཆུ་མིག་ཁར་བླུགས་ན་ཆར་འབབས་པར་ངེས་ཞེས་བཤད་དོ། །སེར་བ་བསྲུང་བའི་ཐབས་ལ་སྤྱིར་སེར་མནན་སོགས་མང་དུ་སྣང་ཡང་། ད་ལྟ་གྲགས་ཆེ་བ་ཁྱུང་ནག་དང་། དྲག་པོ་ལྷ་བཞིའི་སྒོ་ནས་བསྲུང་མཁན་མང་ལ། འདིར་མཚོན་ཙམ་ནི། དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས། ༀ་ཀཱ་ལུ་མེ་ལུ་ཀཱ་ལུ་མེ་སྟྭཾ་བྷ་ཡསྨི་ལཱ་བ་ཪྵཾ་ཏུ་ཥཱ་རཉྩ་ལུཙྪ་ཨི་ལུཙྪ་ཨི་སྭཱཧཱ། ཞེས་མང་དུ་བཟླས་ཏེ་ཐལ་བ་ལ་བསྔགས་ནས་སེར་བ་འོང་ཕྱོགས་སུ་གཏོར་ན་བཟློག་པར་བཤད། ཡང་རང་ཁྱུང་དུ་བསྒོམས་ཏེ། ༀ་ག་རུ་ཊ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱཧཱ། ཞེས་མང་དུ་བཟླས་ནས་དུང་ལ་བསྔགས་ཏེ་སེར་བ་འོང་ཕྱོགས་སུ་བུས་ན་ལོག་པར་བཤད། ཡང་། ན་མོ་མཉྫུ་ཤྲི་ཡེ། ༀ་ཧེ་ཧེ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། དྷཱ་ར་ཡ་དྷཱ་ར་ཡ། ནི་རུནྡྷ་ནི་རུནྡྷ། སེར་བ་ཨུརྞཱ་མ་ཎི་སྭཱཧཱ། འདི་འབུམ་བཟླས་ཏེ་ཡུངས་ཀར་དང་ཐལ་བ་དང་བྱེ་མ་སོགས་ལ་བསྔགས་ནས་སེར་བ་འོང་ཕྱོགས་སུ་གཏོར་ན་ཟློག་ཅིང་། ཞིང་ལ་གཏོར་ན་འབུ་སྲིན་སོགས་བསྲུང་པར་བྱེད་པ་དང་། བྱང་བུ་སོགས་ལ་བྲིས་ནས་ལོ་ཏོག་ཕྱོགས་སུ་བཙུགས་ན་བསྲུང་པར་འགྱུར་ཞེས་བཤད། ཡང་། ཏདྱ་ཐཱ། ཤུ་ལི། ཤུ་མུ་ལི། ཤ་ཤ་ཤུ་ཤུ་ཏི་པི་ར་ཏི། ཧཱུཾ་ཡ་ཧཱུཾ་ཡ། ཧཱུཾ་ནི་སྭཱཧཱ། ཞེས་ལན་བདུན་ནམ། ཉེར་གཅིག་སོགས་བརྗོད་དེ་སེར་བ་འོང་ཕྱོགས་སུ་ཕུས་གདབ་ཅིང་སྤྲིན་གཏོར་བར་བསམས་ན་སེར་བ་ཟློག་ཅེས་བཤད། ཡང་། ༀ་བཛྲ་ཙོ་མ་ལེ་ཧཱུཾ་ཕཊ། ཅེས་མང་དུ་བཟླས་ནས་སེར་བ་བྱུང་བའི་ཚེ་རང་ཕྱག་རྡོར་དུ་བསྒོམས་ནས་སེར་བ་འོང་ཕྱོགས་སུ་ཕུས་བཏབ་པས་ཐུབ་ཅེས་བཤད། མི་འཁྲུགས་པའི་ཞིང་བཀོད་ཀྱི་མདོ་ལས། མི་འཁྲུགས་པའི་མཚན་ནས་བརྗོད་དེ་ཕྱག་འཚལ་ཞིང་། རྒྱལ་བ་མི་འཁྲུགས་པས་སྔོན་སྨོན་ལམ་མཛད་པ་ལྟར་ཁོང་གི་མཐུ་དང་བདེན་པའི་བྱིན་བརླབས་ཀྱིས་སེར་བ་དྲག་པོའི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག་ཅེས་པ་ལྟ་བུའི་བདེན་བརྗོད་བྱས་ན་སེར་བ་ཟློག་པར་བཤད་དོ། །གཞན་ལུགས་ཀྱི་སེར་བ་བསྲུང་ཐབས་འགའ་རེ་སྣང་ཡང་འདིར་མ་བཀོད་དོ། །ཡང་། ཆར་ཆེན་བསྲུང་བའི་ཐབས་ལ་གཞན་འགའ་རེ་སྣང་མོད། འདིར་མཚོན་ཙམ་ཞིག་ནི། བདེ་མཆོག་གི་རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། བདེ་མཆོག་གི་ཉེ་སྙིང་གི་བསྙེན་ཚད་སྔོན་དུ་ལེགས་པར་བཏང་བ་ཞིག་གིས། ཆར་ཆེ་བའི་དུས་སུ་ནམ་མཁའ་ལ་ལྟ་བཞིན་དུ་ཉེ་སྙིང་སྟོང་བཟླས་ན་ཆར་ཆེན་པོ་གཅོད་པར་འགྱུར་བར་བཤད། ཡང་། གཞན་ཞིག་ཏུ། ཀ་ལུ་ཀ་མེ་ལུ་ཀ་ལ་ཀ་མེ་ལུ། སྟྭཾ་བྷ་ཡ་ཤོ་ལ་བཪྵཾ་ཀྲུ་ཤ་བར་ཤན་ཙ་ལཱུ་ནི་སྭཱཧཱ། ཞེས་མང་དུ་བཟླས་ནས་ནམ་མཁའ་ལ་ཕུས་བཏབ་ཅིང་མཛུབ་རིས་བྱས་ན་ཆོད་པར་བཤད། ཡང་། རང་ཕྱག་རྡོར་དུ་བསྒོམས་ནས། ཀ་ར་ཀ་ར་སེ་ར་ཏི་ས་ཏ་ཧཱུཾ་ཕཊ། ཞེས་པ་མང་དུ་བརྗོད་དེ་ནམ་མཁའ་ལ་ཕུས་བཏབ་ན་ཆོད་ཅེས་བཤད། ཡང་། རྫས་ཀྱི་བ སྲུང་བ་ནི། འབྲུག་ལོ་པའི་སྐྲ་སེན། ཝ་ཤ ཏེ་ལོའི་ཤ སྤྲུལ་ཤ བག་ཕྱེ། གླ་རྩི། ར་གློ། ཁྲའི་པགས་པ་རྣམས་བསྲེེས་ལ་ཕུབ་མའི་དཀྱིལ་དུ་བཏབ་ནས་བསྲེག་པའི་དུད་པ་ནམ་མཁའ་ལ་བཏང་ན་ཆོད་ཅེས་བཤད། གཞན་ཡང་ནམ་མཁར་རླུང་གི་དཀྱིལ་འཁོར་བསྒོམས་ནས་སྤྲིན་གཏོར་བའི་དམིགས་པ་དང་། ༀ་ག་རུ་ཊ་ཧཾ་ས་ཧེ་ཙ་ལེ་ཧཱུཾ་ཞེས་སོགས་ཀྱི་སྔགས་རིང་ཞིག་བཟླས་པར་བཤད་དེ་མ་བྲིས། ཡང་། སད་བསྲུང་ན། ༀ་མ་ཎི་པདྨེ་ཧཱུཾ། ནཱ་ག་ཤ་ཤ་ཤུ་ཤུ་མུ་ལི་སྭཱཧཱ། ཞེས་མང་དུ་བཟླས་ཏེ་དཀར་གསུམ་མངར་གསུམ་ལ་བསྔགས་ནས་ཀླུ་ཡོད་པའི་ཆུ་མིག་ཏུ་བླུགས་ན་སྤྲིན་འདུ་ཞིང་སད་སྲུང་བར་འགྱུར་ཞེས་བཤད། ཡང་། ཞིང་ལ་འབུ་སྲིན་བ སྲུང་ན། སྲིན་གྱི་སྦལ་སོ་སོད། སྲིན་གྱི་ནཱ་ཙ་སོད། སྲིན་སྙིང་སོད། དར་དུར་དྲགས་པ་སོད། ཅེས་བཟླས་ནས་ཕྱེེ་མ་ལ་བཏབ་སྟེ་ཞིང་ལ་གཏོར་ན་ཐུབ་ཅེས་བཤད། ཡང་། ཞིང་ལ་བྱི་བ་བསྲུང་ན། ༀ་རུ་རུ་ཙུ་ཙུ་མུ་རུ་མུ་རུ་སྭཱཧཱ། ཞེས་བཟླས་ནས། བྱི་བ་ཁ་ཤར་དུ་བསྟན་པའི་བྱི་བྲུན་དང་། ཡུངས་ཀར་ལ་བཏབ་སྟེ་ཞིང་ལ་གཏོར་ན། ཐུབ་ཅེས་བཤད་དོ། །གཞན་ཡང་། རྡོ་རྗེའི་མཆུ་ལས་ཆར་འབེབས་དང་སད་སེར་འབུ་སྲིན་སོགས་བསྲུང་བའི་སྐོར་འགའ་རེ་བཤད་ཀྱང་། ད་ལྟའི་གང་ཟག་གིས་གློ་བུར་དུ་བསྒྲུབ་དཀའ་བར་སྣང་བས་འདིར་མ་བཀོད་དོ།། །།ཞེས་པ་འདི་དག་ཀྱང་དོན་གཉེར་ཅན་གཞན་རེ་གཉིས་ལ་ཕན་སྲིད་སྙམ་པའི་འདུན་པས་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་བཀོད་པའི་ཚེ་པར་གྱི་ཡི་གེ་པ་ནི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ། །

རྒྱལ་བ་མི་འཁྲུགས་པའི་ཞིང་བཀོད།

རྒྱལ་བ་མི་འཁྲུགས་པའི་ཞིང་བཀོད་བཞུགས།

ན་མོ་གུ་རུ་ཝེ། སྨོན་ལམ་ཕུལ་བྱུང་རླབས་ཆེན་གྱིས་བསྐྲུན་ངོ་མཚར་ཕུལ་ཕྱུང་ཞིང་ཁམས་སུ། །རྣམ་དག་ཕུལ་བྱུང་འཁོར་གྱི་ཡོངས་བསྐོར་སྤངས་རྟོགས་ཕུལ་བྱུང་རབ་རྫོགས་པ། བདེ་གཤེགས་ཕུལ་བྱུང་མི་འཁྲུགས་རྒྱལ་པོར་གུས་པ་ཕུལ་བྱུང་གིས་འདུད་ཀྱིས། །ཞིང་མཆོག་ཕུལ་བྱུང་མངོན་པར་དགའ་བར་ཐུགས་རྗེ་ཕུལ་བྱུང་གིས་དྲོངས་ཤིག །ཐབས་ཤེས་རླུང་གི་ཤིང་རྟས་ཉེར་དྲངས་ཏེ། །སྤངས་རྟོག་ཤར་རིའི་རྩེ་ནས་མངོན་པར་འཕགས། །འགྲོ་བློའི་ཁམས་ཀྱི་མུན་པ་གཏན་སེལ་བ། །ཐུབ་དབང་སྨྲ་བའི་ཉི་མར་གུས་ཕྱག་འཚལ། །རབ་འབྱམས་རྒྱལ་བའི་ཡེ་ཤེས་ཕུང་པོ་ཀུན། །གཅིག་ཏུ་བསྡུས་ཀྱང་གང་གི་བློ་གྲོས་ ཆར། །མཚོན་པར་མ་ནུས་མཁྱེན་པའི་གཏེར་ཆེན་ཞེས། །ཡོངས་གྲགས་བརྟན་པའི་འཁོར་ལོས་རྣམ་དཔྱོད་སྩོལ། །གང་དེས་ཟུར་ཕུད་དོར་ནས་བོད་ཡུལ་འདིར། །རྒྱལ་བའི་དམ་ཆོས་ཉིད་ཀྱི་དགོངས་པ་ལྟར། །ཇི་བཞིན་འཛིན་ཕྱིིར་ངུར་སྨྲིག་ཟློས་གར་གྱིས། །རྣམ་རོལ་རྗེ་བཙུན་ཙོང་ཁ་པ་དེར་འདུད། །སྔོན་ཚེ་རྒྱལ་བའི་སྲས་པོ་མི་འཁྲུགས་པས། །རྣམ་དག་སྨོན་ལམ་མཆོག་གིས་ཡོངས་བཟུང་བ། །མངོན་པར་དགའ་བའི་ཞིང་གི་བཀོད་པ་ཉིད། །དམ་པས་བསྐུལ་ཕྱིར་མདོར་བསྡུས་བདག་གིས་བྲི། །དེ་ལ་འདིར་བཅོམ་ལྡན་འདས་མི་འཁྲུགས་པས་སྔོན་བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་པའི་ཚེ། ཐུགས་བསྐྱེད་ནས་སྨོན་ལམ་བཏབ་ཚུལ། ཞིང་དག་པ་འགྲུབ་པའི་སྣོད་ཀྱི་བཀོད་པ། བཅུད་ཀྱི་ཡོན་ཏན་སྤྱི་དང་། བྱེ་བྲག་ཉན་ཐོས་ཀྱི་ཡོན་ཏན། བྱང་སེམས་ཀྱི་ཡོན་ཏན། ཞིང་དེར་སྐྱེ་བོའི་རྒྱུ་གང་ཡིན་རྣམས་མདོ་ལས་གསུངས་པ་ལྟར་གྱི་དོན་བསྡུས་ནས་བཤད་པར་བྱའོ། །དེ་ཡང་རྒྱལ་བ་མི་འཁྲུགས་པས་སྔོན་སངས་རྒྱས་སྤྱན་ཆེན་པོ་ཞེས་བྱ་བའི་དྲུང་དུ་རྒྱལ་སྲས་ཀྱི་སྤྱད་པ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་མི་འཁྲུགས་པ་ཞེས་བྱ་བར་གྱུར་ནས་ཐུགས་བསྐྱེད་རླབས་པོ་ཆེས་སྨོན་ལམ་བཏབ་སྟེ། ཞིང་གི་བཀོད་པ་ཡོངས་སུ་བཟུང་བ་ཡིན་ནོ། །སངས་རྒྱས་དེ་ནི་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཐམ་པ་ན། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཞིག་ཡོད་པ་དེར་བྱོན་པ་ཡིན་ལ། དེ་ལྟ་བུའི་ཞིང་དེ་ཉིད་ད་ལྟའི་མི་འཁྲུགས་པའི་ཞིང་དང་རྒྱུན་གཅིག་ཡིན་པར་མངོན་པར་མངོན་ནོ། །དམ་བཅས་ཏེ་སྨོན་ལམ་བཏབ་ཚུལ་ནི། མི་འཁྲུགས་པའི་ཞིང་བཀོད་ཀྱི་མདོ་ལས། བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའི་བསླབ་པ་ཇི་ལྟར་བཅས་པ་འདི་ལ་བསླབ་པར་འཚལ་ལོ། །ཞེས་སོགས་དང་། བཙུན་པ་བཅོམ་ལྡན་འདས་བདག་དེང་གཡོ་མ་མཆིས་པ་དང་། སྒྱུ་མ་མཆིས་པར། དམ་པའི་ཚིག་དང་། གཞན་དུ་མི་འགྱུར་བའི་ཚིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཞེས་སོགས་ཀྱིས། སེམས་ཅན་ཐམས་ཅད་ལ་མི་ཁྲོོ་བ་དང་། གནོད་སེམས་མི་བྱ་བ་སོགས་ཉོན་མོངས་པ་ཀུན་དང་མ་འདྲེས་པའི་སེམས་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་མ་བསྒྲུབས་ན། བདག་འཚང་མི་རྒྱ་བ་སོགས་ཀྱི་དམ་བཅའ་བརྟན་པོས་སྨོན་ལམ་མང་དུ་བཏབ་ཅིང་། དེ་ཕྱིན་ཆད་སྐྱེ་བ་ཐམས་ཅད་དུ་མཚན་ལ་མི་འཁྲུགས་པ་ཞེས་བྱ་བར་འཆགས་སོ། །རྒྱལ་སྲས་རྒྱ་མཚོའི་གཙོ་བོ་མི་འཁྲུགས་པ། །བསྐལ་བཟང་བྱང་སེམས་སྟོང་ཕྲག་དག་གི་ནང་། ཁྱོད་དང་མཚུངས་པ་གཅིག་ཀྱང་ཡོད་མིན་ཞིང་། །རབ་འབྱམས་ཞིང་དུའང་རྙེད་པར་དཀོན་ནོ་ཞེས། །རྒྱལ་བ་ཉིད་ཀྱིས་རབ་བསྔགས་ཁྱོད་མིན་སུ། །ཞེས་བྱ་བ་ནི་སྔོན་ཐུགས་བསྐྱེད་དེ་སྨོན་ལམ་ཇི་ལྟར་བཏབ་པའི་སྐབས་སོ། །དེ་ལྟར་སྨོན་ལམ་བཏབ་པ་བཞིན་ཡོངས་སུ་འགྲུབ་པའི་ཞིང་ནི་མངོན་པར་དགའ་བ་སྟེ། ཞིང་དེའི་དབུས་སུ་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། འཕང་དུ་ནི་དཔག་ཚད་འབུམ་དང་། ཁོར་ཡུག་ཏུ་ནི་དཔག་ཚད་བཞི་ཁྲི་ཡོད་ཅིང་། ཆོས་ཀྱི་སྒྲ་འབྱུང་བ་སོགས་ཀྱི་ཡོན་ཏན་དང་ལྡན་པའི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །སངས་རྒྱས་ཀྱི་ཞིང་དེ་ནི། ས་གཞི་ཁྱོན་ཡངས་ཤིང་རྒྱ་ཆེ་བ། ལག་མཐིལ་ལྟར་མཉམ་པ། གོས་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ། ཁ་དོག་གསེར་བཟང་པོ་ལྟར་གསལ་ཞིང་། ལྷའི་ནོར་བུ་རིན་པོ་ཆེས་སྤྲས་པ། ཐམས་ཅད་དུ་པདྨ་གསེར་གྱི་མདོག་ཅན་བྱེ་བ་ཁྲག་ཁྲིས་ལེགས་པར་བརྒྱན་པ། མེ་ཏོག་མནྡ་ར་བ་དང་། མནྡ་ར་བ་ཆེན་པོ་དག་མངོན་པར་བཀྲ་བ། སྡོང་དུམ་དང་། ཚེར་མ་དང་། གྱོོ་མོ་དང་། རྡོ་ཕལ་བ་དང་། རི་ནག་པོ་མེད་ཅིང་། ས་གཞི་ལ་རྐང་པ་བཞག་པ་ན། ནེམ་ཞེས་བྱེད་ཅིང་དམའ་བར་འགྱུར་ལ། རྐང་པ་ཡང་བཏེག་པ་ཞེས་བྱས་ཅིང་མཐོང་བར་འགྱུར་བའི་ས་གཞི་འཇམ་ཞིང་མཉན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །རྣམ་དག་སྨོན་ལམ་བྱེ་བའི་རྒྱུ་ཚོགས་ལས། །རྣམ་པར་འཁྲུངས་པ་ཡོངས་སུ་དག་པའི་ཞིང་། །རྣམ་ཀུན་བཀོད་པ་རབ་རྫོགས་མངོན་དགའ་ཉིད། །རྣམ་མང་ཞིང་མཆོག་གཞན་ལས་ཁྱད་པར་འཕགས། །རིན་ཆེན་བྱང་ཆུབ་ཤིང་གིས་རབ་མཛེས་ཤིང་། །གསེར་ལྟར་དག་སོགས་ཡོན་ཏན་ཀུན་ནས་རྫོགས། །སྡོང་དུམ་ཚེར་མ་སོགས་ཀྱི་སྐྱོན་བྲལ་བ། །ཤིན་ཏུ་རྣམ་དག་ཞིང་གི་མཆོག་ཁྱོད་བསྔགས། །ཞེས་བྱ་བ་ནི། སྣོད་ཀྱི་ཡོན་ཏན་གྱི་ཁྱད་པར་བརྗོད་པའི་སྐབས་སོ།། །།བཅུད་ཀྱི་ཡོན་ཏན་ནི། སངས་རྒྱས་ཀྱི་ཞིང་དེ་ན་ངན་སོང་གསུམ་དང་། གཤིན་རྗེའི་འཇིག་རྟེན་གྱི་རིགས་དང་སྙིགས་མ་ལྔ་སོགས་མེད་ཅིང་། དེར་སྐྱེས་པའི་སེམས་ཅན་ཀུན་ཀྱང་དགེ་བ་བཅུའི་ལམ་ལ་གནས་པ་ཤ་སྟག་གོ །དེ་ན་སེམས་ཅན་རྣམས་ཀྱི་ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཉིད་མ་གཏོགས་པ། རྗེ་བོ་དང་བྲན་གྱི་བྱེ་བྲག་གང་ཡང་མེད་ལ། ཡོ་བྱད་རྣམས་ལ་ཆགས་པའི་བདག་ཏུ་འཛིན་པ་ཡང་མེད་དོ། །གཞན་ཡང་དེར་སྡུག་བསྔལ་མེད་པས་རླུང་ཁྲིས་བད་ཀན་འདུས་པའི་ནད་རྣམས་མེད་ཅིང་། མི་རྣམས་ལ་ཁ་དོག་མི་ལེགས་པ་དང་། དྲི་མི་ཞིམ་པ་ཡང་མེད་ལ། འདོད་ཆགས་སོགས་ཀྱང་ཤིན་ཏུ་ཆུང་ངོ་། །སེམས་ཅན་དེ་དག་ལ་ཕན་ཚུན་གསོད་ཅིང་བཅིངས་པ་དང་། རྡེག་པ་སོགས་རྣམ་པ་ཐམས་ཅད་དུ་མེད་ལ། མུ་སྟེགས་ཅན་གྱི་རིགས་ཀྱང་མེད་དེ། ལྗོན་ཤིང་རྣམས་ལ་རྟག་ཏུ་མེ་ཏོག་དང་འབྲས་བུ་ཆགས་ཤིང་། མི་རྣམས་ཀྱི་གོས་ནི་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་དྲི་བཟང་པོ་ཁ་དོག་རྣམ་པ་ལྔ་དང་ལྡན་པ། གང་འདོད་པ་དེས་རང་གི་གོས་བྱེད་པའོ། །ཟས་ནི་རང་གི་ཅི་ལྟ་བུ་འདོད་པ་དེ་ལྟར་མདུན་དུ་རིན་པོ་ཆེའི་སྣོད་ཀྱི་ནང་དུ་འབྱུང་ཞིང་། ཁ་དོག་དྲི་རོ་ནི་ལྷའི་ཟས་བཞིན་ནོ། །ཟས་ཟོས་ཀྱང་མི་རྣམས་ལ་བཤང་པ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དག་མེད་དོ། །མི་དེ་དག་འདོད་ན། དེར་རིན་པོ་ཆེ་སྣ་བདུན་གྱི་ཁྲི་དང་ལྡན་པའི་ཁང་པ་བརྩེགས་པ་དག་འབྱུང་བར་འགྱུར་ཞིང་། ཁང་བརྩེགས་དེར་རྫིང་བུ་དང་། ཁྲི་སྟེང་དུ་ཤིང་བལ་གྱི་སྟན་དག་ཀྱང་ཇི་ལྟར་འབྱུང་བ་ལ་རྩེ་བར་བྱེད་དོ། །ཆུ་དེ་དག་ཀྱང་ཡན་ལག་བརྒྱད་དང་ལྡན་ལ། གལ་ཏེ་དེ་རྣམས་ཀྱང་རང་གི་རྗེས་སུ་འབྲང་བར་འདོད་ནའང་འབྲང་བར་འགྱུར་ལ། མི་སྣང་བར་འདོད་ན་ཡང་མི་སྣང་བར་འགྱུར་རོ། །རླུང་ནད་མཉམ་པ་ཁོ་ན་ལྡང་ཞིང་རླུང་དེ་ལས་ཀྱང་དྲི་ཤིན་ཏུ་ཞིམ་པ་འབྱུང་ངོ་། །དེ་ཡང་འདོད་ན་ལྡང་ལ་མི་འདོད་ན་ནི་མི་ལྡང་ངོ་། །སངས་རྒྱས་ཀྱི་ཞིང་དེའི་བུད་མེད་རྣམས་ནི། མཛེས་ཤིང་ཡིད་དུ་འོང་བ་ལྷའི་བུ་མོ་ལྟ་བུ་ཤ་སྟ ག་སྟེ། བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་བ་ཁོ་ནའོ། །དེ་དག་སྐྱེས་པ་དང་ལྷན་ཅིག་འཁྲིག་པའི་ལུས་སྦྱོར་བ་མེད་ཅིང་། གལ་ཏེ་སྐྱེས་པ་ཞིག་བུད་མེད་གང་ལ་ཆགས་སེམས་སྐྱེས་ན། བུད་མེད་དེ་ལ་ཡུད་ཙམ་ཞིག་བལྟས་པས་འདོད་པ་དེ་ཞི་ནས་འདོད་ཆགས་དང་བྲལ་བའི་ཏིང་ངེ་འཛིན་ཐོབ་ཏེ། དེ་ཕྱིན་ཆད་འདོད་ཆགས་ཀྱི་སེམས་མི་སྐྱེའོ། །གང་ལ་བལྟས་པའི་བུད་མེད་དེ་ཡང་སྦྲུམ་མར་འགྱུར་ཞིང་། མངལ་གྱི་ཁྱེའུ་འམ་བུ་མོ་འཆགས་པ་དེས་ཀྱང་ལྷའི་བདེ་བ་ལྟར་བདེ་བ་ཁྱད་པར་ཅན་མྱོང་ཞིང་། ཞག་བདུན་ལོན་པའི་ཚེ་ནས་གསེར་གྱི་ཁང་པ་ནས་འབྱུང་བ་ལྟར་བཙའ་ལ། མས་ཀྱང་བསམ་གཏན་གཉིས་པའི་བདེ་བ་ལྟ་བུ་མྱོང་ངོ་། །བུ་བཙས་ཀྱང་མི་གཙང་བ་དང་དྲི་མི་ཞིམ་པ་ཡེ་མེད་དེ། གལ་ཏེ་སུ་ཞིག་རྒྱན་གང་ཐོགས་པར་འདོད་ན། དཔག་བསམ་གྱི་ཤིང་ལས་དེ་བཞིན་དུ་འབྱུང་ངོ་། །གཞན་ཡང་། དེ་ན་ཉོ་འཚོང་དང་། སོ་ནམ་བྱེད་པ་དག་མེད་ལ། རྩེ་ཡང་ཆེས་ཀྱི་དགའ་བས་རྩེ་བ་མ་གཏོགས། ཉོན་མོངས་པ་ཅན་གྱི་རྩེ་བ་མེད་དོ། །ཤིང་དག་ལས་ཀྱང་སྒྲ་སྙན་པ་ཆེས་ཡིད་དུ་འོང་བ་དག་འབྱུང་ལ། དེ་དག་ཏུ་སངས་རྒྱས་ཀྱི་འོད་ཀྱིིས་ཁྱབ་པ་མ་གཏོགས། ཉི་ཟླ་མེད་ཅིང་མུན་པ་ཡང་མེད་དོ། །རྒྱལ་བ་མི་འཁྲུགས་པ་དེ་ཉིད་གཞན་དུ་གཤེགས་པའི་ཚེ། ཞབས་ས་གཞི་གང་དུ་བཞག་པ་དེ་དང་དེར་པདྨ་གསེར་གྱི་མདོག་ཅན་འདབ་མ་སྟོང་ཡོད་པ་དག་འབྱུང་ངོ་། །པདྨ་རྣམས་ནི་མི་དེ་དག་གིས་དེར་གནས་པར་འདོད་ན་གནས་ལ། མི་འདོད་ན་ནི། ནམ་མཁའ་ལ་འཕགས་པར་འགྱུར་རོ། །ཞིང་དེའི་མི་རྣམས་ཀྱིས་ལྷ་རྣམས་མཐོང་ལ། ལྷས་ཀྱང་མི་རྣམས་མཐོང་ངོ་། །དེ་དག་ལ་ལྷ་མིའི་ཁྱད་པར་མ་གཏོགས། མཛེས་པ་དང་ཡོ་བྱད་ལ་ཁྱད་པར་ཅི་ཡང་མེད་དོ། །དེར་གསེར་དང་། དངུལ་དང་། བཻཌཱུརྱ་ལས་གྲུབ་པའི་རིན་པོ་ཆེའི་ཐེམ་སྐས་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་ཀྱི་བར་སླེབ་པར་བཙུགས་པ་དེར་ལྷ་མི་རྣམས་ཡས་མན་དུ་འགྲོ་བར་བྱེད་ལ། དེའི་ཚེ་ལྷས་མི་ལ་སྨོན་གྱི། མིས་ལྷ་ལ་མི་སྨོན་པ་སོགས་ཀྱི་ཡོན་ཏན་དང་ལྡན་ནོ། །ངན་སོང་ལ་སོགས་སྐྱོན་གྱིས་མ་གོས་ཤིང་། །ཞིང་གི་བཀོད་པའི་ཡོན་ཏན་ཀུན་རྫོགས་པར། །ལྷ་ལས་ཀྱང་ནི་ཁྱད་པར་ཞུགས་པའི་མི། །འབྱོར་པའི་རྩེ་དགས་རྟག་རོལ་ཨེ་མ་མཚར། །སྨོན་ལམ་སྟོབས་ཅན་སྲིད་ཞི་ཡོངས་ཀྱི་མགོན། །མགོན་པོ་ཁྱོད་ཀྱིས་ཞིང་གི་འབྱོར་པ་ཀུན། །ཀུན་ནས་བསྡུས་པས་ད་ལྟའི་ཞིང་མཆོག་འདི། །འདི་ལྟར་སྐྱོན་གྱིས་གོས་པ་ཡིན་ནམ་སྙམ། །ཞེས་བྱ་བ་ནི་ཞིང་གི་བཅུད་ཀྱི་ཡོན་ཏན་སྤྱིར་བསྟན་པའི་སྐབས་སོ།། །། ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཉན་ཐོས་ཀྱི་དགེ་འདུན་རྣམ་པར་དག་པ་ནི་གྲངས་མེད་ཅིང་དཔག་ཏུ་མེད་དོ། །དེ་ཡང་སངས་རྒྱས་མ་གཏོགས། འཇིག་རྟེན་གྱི་རྩིས་མཁན་སུས་ཀྱང་འགྲང་བར་མི་ནུས་ཏེ། གཞན་དུ་ན་དཔག་ཏུ་མེད་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱི་འོང་བ་སོགས་ཀྱི་མིང་ཙམ་ཡོད་ཀྱང་སངས་རྒྱས་ཀྱི་ཞིང་འདིའི་རྒྱུན་ཏུ་ཞུགས་པ་སོགས་དང་མི་འདྲའོ། །དེ་ན་ཉན་ཐོས་སོ་སྐྱེ་བས་ཀྱང་འཕགས་པ་མང་ལ། དགྲ་བཅོམ་པ་དེ་དག་ཕལ་ཆེར་རྣམ་པར་ཐར་པ་བརྒྱད་ཐོབ་པའོ། །དེ་དག་བསོད་སྙོམས་ལ་རྒྱུ་བ་ནི་མེད་དེ། ཟས་ཀྱི་དུས་ལ་བབས་པ་ན། ལྷུང་བཟེད་དུ་ཁ་ཟས་བཟང་པོ་ཇི་ལྟར་འདོད་པ་དག་འབྱུང་ཞིང་། དེ་ཡང་ཁམ་གཉིས་གསུམ་ཙམ་གྱིས་ཆོག་པར་འགྱུར་རོ། །དེ་ན་ལྟུང་བ་བཞི་མི་འབྱུང་བས། སངས་རྒྱས་ཀྱིས་ཀྱང ལྟུང་བ་བཞི་དང་ལྡན་པའི་ཆོས་མི་སྟོན་ཏེ། ཐོག་མ་ཉིད་ནས་སྟོང་པ་ཉིད་དང་ལྡན་པའི་ཆོས་སྟོན་ནོ། དེ་དག་དབང་པོ་རྣོ་བ་ཤ་སྟག་སྟེ། རབ་ཏུ་བྱུང་བའི་སྐྱོན་དུ་བྱ་བ་དེ་དག་ལ་མེད་དོ། །སངས་རྒྱས་ཀྱིས་ཆོས་སྟོན་པའི་ཚེ། གལ་ཏེ་ནམ་མཁའ་ལ་འཕགས་ན། དེར་རྫུ་འཕྲུལ་ཡོད་མེད་གཉིས་ཀའང་ནམ་མཁའ་ལ་འཕགས་ཏེ་ཆོས་ཉན་པར་ནུས་སོ། །ཉན་ཐོས་དེ་དག་མྱ་ངན་ལས་འདས་པར་འདོད་པའི་ཚེ། ཆོ་འཕྲུལ་སྣ་ཚོགས་བསྟན་ནས་མྱ་ངན་ལས་འདའོ། །ཉོན་མོངས་དགྲ་ཚོགས་ཀུན་ལས་རབ་རྒྱལ་ཏེ། །རྫུ་འཕྲུལ་རྐང་པ་རྣམ་བཞི་ཐོབ་གྱུར་པའི། །དགྲ་བཅོམ་རྣམ་ཐར་བརྒྱད་ལ་རབ་གནས་པ། །བགྲང་ཡས་རྣམས་ཀྱིས་སངས་རྒྱས་ཞིང་ཀུན་གང་། །མི་དགེའི་ལྟུང་བ་དག་ལ་འཇུག་མེད་ཕྱིར། །ལྟུང་བའི་རྣམ་པར་བཞག་པ་དེ་ན་མེད། །ཟས་གོས་སོགས་ཀྱང་འབད་མེད་འབྱུང་བའི་ཕྱིར། །བསོད་སྙོམས་མི་རྒྱུར་རྟག་ཏུ་སྐྱིད་བདེར་གནས། །ཞེས་བྱ་བ་ནི། ཉན་ཐོས་ཀྱི་ཡོན་ཏན་བརྗོད་པའི་སྐབས་སོ།། །།ཞིང་དེ་ན་བྱང་ཆུབ་སེམས་དཔའི་འཁོར་ཀྱང་གྲངས་མེད་ཅིང་དཔག་ཏུ་མེད་ལ། དེ་དག་ཀྱང་ཡེ་ཤེས་དང་སློབ་པ་རྒྱ་མཚོ་ལྟ་བུ་སྟེ་ཆོས་ཀྱི་དབྱིངས་ནམ་མཁའ་ལྟ་བུ་ཁོང་དུ་ཆུད་ཅིང་རྟོགས་པ་རི་རབ་ལྟར་མཐོ་བའོ། །དེར་སངས་རྒྱས་ཀྱིས་ཆོས་སྟོན་པ་ནི། བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱིས་ཆོས་སྟོན་པ་ལས་ཀྱང་རྒྱ་ཆེ་ལ། དེ་འཛིན་པར་བྱེད་པ་སོགས་ཀྱང་དེ་བཞིན་ནོ། །དེར་མ་ཟད་བྱང་སེམས་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་གཞན་ནས་གཞན་དུ་རྫུ་འཕྲུལ་གྱིས་སོང་ཏེ་ཆོས་ཉན་པར་བྱེད་ཅིང་། ཡང་སླར་ལྡོག་པར་བྱེད་དོ། །ཤི་འཕོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་གང་དུ་འདོད་པ་དེ་དང་དེར་སྐྱེའོ། །དེ་དག་གིས་ཚེ་གཅིག་ལས་ནི། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་དྲུང་དུ་བསོད་ནམས་གསོག་པ་ལས་ཀྱང་མང་དུ་གསོགས་ནུས་སོ། །དེ་དག་ངན་སོང་ལྟ་ཞོག །ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡང་མི་ལྡོག་པར་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཤ་སྟག་གོ །དེ་དག་ལ་བདུད་སྡིག་ཅན་གྱིས་བར་ཆད་བྱེད་མི་ནུས་ལ། མི་འཇིགས་ཐོབ་ཅིང་བདེ་བ་དང་ལྡན་པ་ཁོ་ན་ཡིན་ནོ། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་དེ་རྣམས་ཀྱི་ནང་ནས་གཙོ་བོ་ནི་གཉིས་ཏེ། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེ་ཞེས་བྱ་བ་དང་། བ་གླང་སྤོས་ཀྱི་གླང་པོ་ཞེས་བྱ་བ་སྟེ་གཉིས་སོ། །སངས་རྒྱས་མི་འཁྲུགས་པ་དེ་ནི། སྐུ་ཚེ་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུར་གནས་ནས་མྱ་ངན་ལས་འདས་བའི་ཚུལ་བསྟན་པའི་འོག་ཏུ། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེ་ཞིང་དེ་ཉིད་དུ་འཚང་རྒྱའོ། །སངས་རྒྱས་ཀྱི་དམ་པའི་ཆོས་བསྐལ་པ་ཆེན་པོ་དེ་ཙམ་ཞིག་ཕྱིས་ཀྱང་གནས་པར་འགྱུར་ཞིང་། སྤོས་ཀྱི་གླང་པོ་ཆེའི་ཞིང་དང་འཁོར་སོགས་ཀྱང་མི་འཁྲུགས་པའི་དུས་ཇི་ལྟ་བ་བཞིན་ལྷག་ཆད་མེད་པ་ཉིད་དུ་འགྱུར་རོ། །གཞན་ཡང་སངས་རྒྱས་མི་འཁྲུགས་པའི་མཚན་བརྗོད་ན་བདུད་སྡིག་ཅན་སོགས་བདུད་རིགས་རྣམས་ཀྱིས་མི་ཚུགས་ཤིང་ལས་སྒྲིབ་འདག་པ་དང་། སེར་བ་བྱུང་ན་མི་འཁྲུགས་པའི་མཚན་ནས་བརྗོད་ཅིང་གསོལ་འདེབས་ཤུགས་དྲག་བྱས་ན་སྔོན་གྱི་སྨོན་ལམ་སྟོབས་ཀྱིས་ཟློག་པར་འགྱུར་ཞེས་མདོ་ཉིད་ལས་བཤད་དོ། །དྲི་མེད་རྣམ་དག་ཐུགས་བསྐྱེད་བརྟན་པོ་ཡིས། །དཔག་མེད་སེམས་ཅན་དོན་ཕྱིར་གོ་བགོས་ཏེ། །ཚད་མེད་རྒྱལ་སྲས་སྤྱོད་པའི་མཚོར་རོལ་བ། །གྲངས་མེད་རྒྱལ་སྲས་ཀླུ་དབང་ཚོགས་རྣམས་བསྔགས། །མང་མང་སངས་རྒྱས་ཞིང་གཞན་རྒྱལ་བའི་དྲུང་། །ཡང་ཡང་བྱོོན་ནས་ལེགས་བཤད་དམ་པའི་ཆོས། །ཟབ་ཟབ་གསན་ནུས་རྒྱལ་བའི་སྲས་པོ་ཀུན། །ངེས་ངེས་རྫོགས་བྱང་ལས་ནི་ཕྱིར་མི་ལྡོག །གང་གི་མཚན་བཟུང་བརྗོད་ཙམ་གྱིས། །བདུད་ཀྱི་རིགས་ཀྱིས་མི་ཚུགས་ཤིང་། །ལས་སྒྲིབ་ཀུན་འདགས་ལོ་ཏོག་ལ། །གནོད་པའི་སེར་བའང་ཟློག་པར་བྱེད། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་ཡོན་ཏན་དང་འཕྲོས་དོན་ཅུང་ཟད་ཙམ་བརྗོད་པའི་སྐབས་སོ།། །།ཞིང་དེར་སྐྱེ་བའི་རྒྱུ་ནི། སྔོན་བྱང་ཆུབ་སེམས་དཔའ་མི་འཁྲུགས་པས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ཇི་ལྟར་སྤྱད་པ་དེ་ལྟར་སྤྱད་པར་བྱའོ་སྙམ་ཞིང་སྨོན་ལམ་འདེབས་ན་དེར་སྐྱེ་ཞིང་། གཞན་ཡང་ཕར་ཕྱིན་དྲུག་གང་ལ་སྤྱད་པ་དེའི་དགེ་རྩ་སོགས་དགེ་བ་ཅི་བྱས་པ་དེ་དག་ཐམས་ཅད། མི་འཁྲུགས་པའི་ཞིང་དུ་སྐྱེས་ཏེ་སེམས་ཅན་གྱི་དོན་བྱས་ནས་སངས་རྒྱས་ཐོབ་པར་སྨོན་ཅིང་བསྔོས་ན་དེར་སྐྱེའོ། །གཞན་ཡང་། ཞིང་གི་ཡོན་ཏན་དྲན་པ་དང་། མི་འཁྲུགས་པའི་ཞལ་མཐོང་བར་འདོད་པ་དང་། དེ་དང་འགྲོགས་པར་འདོད་པ་དང་། སངས་རྒྱས་ཀྱི་འཁོར་གྱི་གྲངས་དང་ཡོན་ཏན་དྲན་པ་དང་། མི་འཁྲུགས་པའི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་དང་། སྐུ་བཞེངས་པ་དང་། མཆོད་པ་སོགས་དང་། སྲས་ཀྱི་མཐུ་བོ་རྣམ་པ་གཉིས་ཀྱི་མཚན་ནས་བརྗོད་ཅིང་། དེར་སྐྱེ་བའི་སྨོན་ལམ་འདེབས་པ་དང་། གཞན་ལའང་དེ་ལྟར་བྱེད་པར་བསྐུལ་ན་ཞིང་དེར་སྐྱེ་ལ། མདོར་ན། ཞིང་དེར་སྐྱེས་ནས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པར་བྱའོ་སྙམ་ན། དེར་སྐྱེ་བར་འགྱུར་ཏེ། རྒྱུའི་གཙོ་བོ་ཡིན་ནོ། །ཞིང་དེར་སྐྱེ་བར་འདོད་པ་དེ་དག་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་མི་འཁྲུགས་པ་དགེ་འདུན་གྱི་ཚོགས་རྣམས་རྗེས་སུ་དྲན་ཅིང་སྨོན་ན། དེ་དག་ཀྱང་དེའི་དྲུང་དུ་བྱོན་ནས་མཐོང་བར་འགྱུར་ཞིང་། ཡིད་དགའ་བཞིན་དུ་འཆི་བའི་དུས་བྱས་ནས་ཞིང་དེར་སྐྱེ་བར་འགྱུར་བར་གསུངས་སོ། །གཞན་ཡང་། མི་འཁྲུགས་པའི་ཞིང་བཀོད་ནས་འབྱུང་བའི་དོན་གྱི་གཙོ་བོ་གོང་དུ་བརྗོད་པ་རྣམས་རང་གིས་ཤེས་ཤིང་བཟུང་ནས། གཞན་དག་ཚུལ་དེ་ལ་འཇུག་པར་བྱེད་ན། སངས་རྒྱས་མི་འཁྲུགས་པས་དགོངས་པར་འགྱུར་ཞིང་། ཞིང་དེར་སྐྱེའོ། །དེ་ལྟར་བྱེད་རྒྱུ་འབྱུང་བ་ནི། སངས་རྒྱས་དེ་ཉིད་ཀྱི་མཐུ་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་མ་གཏོགས་གཞན་དུ་མི་འབྱུང་བར་བཤད་ལ། ཞིང་བཀོད་ཀྱི་ཁྱད་པར་བརྗོོད་པ་དེ་དག་རང་གིས་ཤེས་ཤིང་གཞན་ལ་སྟོན་པར་བྱེད་པ་ལ་ཕན་ཡོན་དཔག་ཏུ་མེད་པ་ཞིག་གསུངས་པ་རྣམས་ཀྱང་ཤེས་པར་ བྱའོ། །དེར་སྐྱེ་བའི་སྨོན་ལམ་ཅུང་ཟད་རྒྱས་པ་ནི་བདག་གིས་ཟུར་དུ་བརྗོོད་ཟིན་པ་ལྟར་རོ། །ཞེས་བྱ་བ་ནི། ཞིང་དེ་ཉིད་དུ་སྐྱེ་བའི་རྒྱུ་བརྗོད་པའི་སྐབས་ སོ། །གང་ཞིག་རྩེ་གཅིག་གུས་པའི་ཡིད་ཀྱིས་ནི། །གང་གི་མཚན་བཟུང་མཆོད་བསྟོད་གསོལ་འདེབས་པ། །གང་དག་ཞིང་དེར་སྐྱེ་བའི་རྒྱུ་ཡི་ཚོགས། །གང་ཡིན་བཤད་རྣམས་བསྒྲུབ་པ་གནད་དུ་ཆེ། །མི་འཁྲུགས་རྒྱལ་བའི་མཚན་ཙམ་འཛིན་བྱེད་ན། །ངན་འགྲོ་ལས་གྲོལ་མངོན་དགའི་ཞིང་མཆོག་དེར། །སྐྱེ་བར་ནུས་པར་འགྱུར་ན་སུ་ཞིག་གིས། །རྒྱུ་ཚོགས་འདི་ལྟར་བསྒྲུབས་ཚེ་ཅི་ཞིག་སྨོས། ཞེས་བྱའོ། །ཡང་བདག་ཅག་གི་སྟོན་པ་དེ་ཉིད་ཀྱིས། སངས་རྒྱས་ཀྱི་ཞིང་གི་བསྔགས་པ་གཞན་འགའ་རེ་གསུངས་ཀྱང་། ཁྱད་པར་དུ་བདེ་བ་ཅན་དང་། མི་འཁྲུགས་པའི་ཞིང་གཉིས་ལ་བསྔགས་པ་རྒྱ་ཆེར་མཛད་པ་ནི། ཞིང་འདིའི་མི་རྣམས་ཕལ་ཆེར་དེར་སྐྱེ་ནུས་པ་སོགས་ཀྱི་དགོས་པ་ཁྱད་པར་ཅན་གཟིགས་ནས་ཡིན་ལ། སངས་རྒྱས་ཀྱི་ཞིང་གཞན་འགའ་ཞིག་ཏུ་སྐྱེས་ཀྱང་། སླར་ངན་འགྲོར་ལྡོག་སྲིད་པ་དང་། འགའ་ཞིག་ཏུ་སྐྱེ་བ་ནི་ཤིན་ཏུ་དཀའ་བ་ཡིན་ནོ། །ཞིང་འདི་གཉིས་ལ་བསྔགས་ཚུལ་ནི། ཐར་པ་ཆེན་པོ་ལས། ངས་ནི་མི་འཁྲུགས་འཇིག་རྟེན་དང་། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །ཤིན་ཏུ་རྣམ་དག་མཐོང་བ་ན། །སྡུག་བསྔལ་བྱ་བའི་མིང་ཡང་མེད། །ཞེས་སོགས་མདོ་སྡེ་དུ་མ་ལས་ཀྱང་བསྔགས་ཤིང་། ཁྱད་པར་དུ་དཀོན་མཆོག་བརྩེགས་པ་ནས་རྒྱས་པར་གསུངས་པ་ནི་གོང་དུ་བརྗོད་ཟིན་ལ་འདིར་སྨོན་ལམ་གྱི་ངོ་བོ་མཚོན་ཙམ་བརྗོད་པར་བྱའོ། །དེ་ཡང་འདི་ལྟར། ཤར་ཕྱོགས་སངས་རྒྱས་ཞིང་སྟོང་ཕྲག་གཅིག་ནས། །བདེ་གཤེགས་མི་འཁྲུགས་རྒྱལ་བ་སྲས་བཅས་རྣམས། །འཁོར་བཅས་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །འདིར་གཤེགས་སྨོན་པ་འགྲུབ་པའི་དཔང་པོ་མཛད། །སྔོན་ཚེ་འཇིག་རྟེན་ཀུན་གྱི་འདྲེན་པ་མཆོག །སྤྱན་ནི་ཆེན་པོ་ཞེས་བྱ་རྒྱལ་བའི་དྲུང་། །དམ་བཅའ་སྨོན་ལམ་ཇི་བཞིན་ཡོངས་རྫོགས་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་སོ་སོར་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །གྲངས་མེད་བསྐལ་པར་ཡུན་རིང་བརྟན་པར་བཞུགས། །འདི ས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །རང་དང་གཞན་གྱི་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་བདག་འཆི་བའི་དུས་མངོན་དུ་གྱུར་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འཁོར་རྒྱ་མཚོ་ལྟ་བུས་བསྐོར་བའི་དབུས་ན་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ་མངོན་སུམ་དུ་མཐོང་བར་གྱུར་ཅིག །མཐོང་མ་ཐག་ཏུ་རྒྱལ་བ་སྲས་དང་བཅས་པ་ལ་དམིགས་པའི་དད་པ་ཤུགས་དྲག་པོ་སྐྱེས་པའི་མཐུས་ཤི་འཕོས་ཏེ་མངོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །སྐྱེ་མ་ཐག་ཏུ་གཟུངས་དང་། སྤོབས་པ་དང་། མངོན་པར་ཤེས་པ་དང་། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཡོན་ཏན་གྱི་ཚོགས་མ་ལུས་པ་མངོན་དུ་གྱུར་ཏེ། རྒྱལ་བ་མི་འཁྲུགས་པ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་མཉེས་པར་བྱས་ནས་དེ་རྣམས་ཀྱིས་བསྟན་པའི་དམ་པའི་ཆོས་མཐའ་དག་ཉན་ཅིང་འཛིན་པར་གྱུར་ཅིག །དེའི་ཚེ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྲས་ཀྱི་ཐུ་བོ་བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ཆེན་པོ་ལ་སོགས་པའི་སྤྱོད་པ་ཅི་འདྲ་བ་དེ་འདྲ་བའི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ནུས་པར་གྱུར་ཅིག །གཞན་ཡང་སྐྱེ་བ་ཐམས་ཅད་དུ་རྒྱལ་བ་མི་འཁྲུགས་པས་སྔོན་སངས་རྒྱས་སྤྱན་ཆེན་པོའི་དྲུང་དུ་སྨོན་ལམ་ཇི་ལྟར་བཏབ་ནས་མཐར་ཕྱིན་པར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་བསྒྲུབ་པར་གྱུར་ཅིག །བདག་གང་དུ་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེ་ན། ངན་སོང་གི་མིང་ཡང་མི་གྲག་ཅིང་། ཤིན་ཏུ་ཡོངས་སུ་དག་པ་དང་། འཁོར་ཕུན་སུམ་ཚོགས་པ་ཤ་སྟག་ཀུན་ནས་འབྱུང་བ་སོགས་སྣོད་བཅུད་ཀྱི་འབྱོར་པ་ཆེ་བ་མངོན་པར་དགའ་བའི་ཞིང་ལྟ་བུར་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ནམ་ཞིག་འཆི་བའི་མཚན་མ་མཐོང་བའི་ཚེ། །བདེ་གཤེགས་མི་འཁྲུགས་འཁོར་ཚོགས་རྒྱ་མཚོར་བཅས། །མངོན་སུམ་མཐོང་ནས་ཤུགས་དྲག་དད་པའི་མཐུས། །ཤི་འཕོས་མངོན་དགའི་ཞིང་དུ་སྐྱེ་བར་ཤོག །སྐྱེ་མ་ཐག་ཏུ་གཟུགས་སྤོབས་མངོན་ཤེས་སོགས། །གྲངས་མེད་ཡོན་ཏན་ཚོགས་ཀྱིས་རྒྱུད་ཕྱུག་སྟེ། །བདེ་གཤེགས་སྲས་དང་བཅས་པ་མཉེས་བྱས་ནས། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པར་ཤོག །མི་འཁྲུགས་རྒྱལ་བའི་སྲས་ཀྱི་ཐུ་བོ་མཆོག །བྱང་སེམས་སྤོས་ཀྱི་གླང་པོ་ཆེ་སོགས་ཀྱི། །རླབས་ཆེན་སྤྱོད་པ་ཅི་འདྲ་དེ་འདྲ་བ། །མཐའ་དག་ཡོངས་སུ་རྫོགས་པར་བྱེད་པར་ཤོག །སྔོན་ཚེ་བྱང་ཆུབ་སེམས་དཔའ་མི་འཁྲུགས་པས། །སངས་རྒྱས་སྤྱན་སྔར་དམ་བཅས་མཐར་ཕྱིིན་ཏེ། །དག་པའི་ཞིང་དུ་མངོན་པར་སངས་རྒྱས་པའི། །ཞིང་མཆོག་དེ་འདྲར་སངས་རྒྱས་འགྱུར་བར་ཤོག །ཤཱཀྱའི་དབང་པོ་རྣམ་འདྲེན་མི་འཁྲུགས་པ། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །ཞེས་ཀྱང་བརྗོད་པར་བྱའོ། །སྨྲས་པ། གཏིང་མཐའ་མི་མངོན་རྒྱ་མཚོ་ཆེན་པོའི་དབུས། །རིན་ཆེན་ཨིནྡྲ་ནཱི་ལའི་རི་བོ་བཞིན། །རྣམ་མང་འཁོར་ཚོགས་དབུས་ན་གང་གི་སྐུ། །ལྷམ་མེར་རབ་གསལ་རྒྱལ་བ་མི་འཁྲུགས་པ། །གང་གིས་གུས་པས་ཕྱོགས་འདི་ན། །ན་བཞིན་ཁྱོད་ཀྱི་ཞིང་བཀོད་ཚུལ། །ཚུལ་དང་མཐུན་པར་བརྗོད་པའི་མི། །མི་འདོད་ཀུན་ལས་ཐར་པར་མཛོད། །བཟང་བཟང་རྒྱལ་བའི་དབང་པོ་ཁྱོད་ཀྱིས་ནི། །ངན་ངན་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ ཏེ། །བརྟན་བརྟན་བླ་མེད་བྱང་ཆུབ་བདེ་བའི་སར། །མང་མང་སེམས་ཅན་ཀུན་ཀྱང་འཁྲིད་པར་མཛོད། །ཚུལ་འདིར་སྒོ་གསུམ་འབད་པ་ལས། །རྣམ་དཀར་གང་ཞིག་ཐོབ་དེ་ཡང་། སྐྱེ་ཀུན་དལ་བའི་རྟེན་རྙེད་ནས། །མྱུར་དུ་སངས་རྒྱས་འགྱུར་ཕྱིར་བསྔོ།། །།ཞེས་རྒྱལ་བ་མི་འཁྲུགས་པའི་ཞིང་གི་ཡོན་ཏན་མདོར་བསྡུས་ཏེ་བརྗོད་པ་འདི་ནི་གནས་བརྟན་རྒྱལ་མཚན་དཔལ་བཟང་གིས་བསྐུལ་བའི་ངོ་བོར་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་པར་ཡིག་པ་དགེ་སློང་ངག་དབང་བཀྲ་ཤིས་སོ། །མངྒལཾ། །

བདེ་བ་ཅན་གྱི་ཞིང་གི་བཀོད་པའི་ཡོན་ཏན་བརྗོད་པ་ཞིང་དེར་བགྲོད་པའི་ཐེམ་སྐས།

བདེ་བ་ཅན་གྱི་ཞིང་གི་བཀོད་པའི་ཡོན་ཏན་བརྗོད་པ་ཞིང་དེར་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། མདོག་དམར་དམར་བའི་བྱི་རུའི་ལྷུན་མཛེས་མཛེས་ཤིང་ལྟར་སྡུག་ཡིད་འཕྲོག་སྐུ། །རབ་འབར་འབར་བའི་འོད་ཀྱི་དཀྱིལ་འཁོར་འཁོར་ལོས་ཀུན་ནས་ཡོངས་སུ་བསྐོར། མ་ལུས་ལུས་ཅན་འགྲོ་བ་མཐའ་དག་དག་པའི་ཞིང་དུ་འཁྲིད་མཛད་པའི། །ཀུན་མཁྱེན་མཁྱེན་བརྩེའི་གཏེར་ཆེན་སྐྱབས་མགོན་མགོན་པོ་འོད་དཔག་མེད་ལ་འདུད། །ཟླ་མེད་སྟོན་པ་ཐུགས་རྗེའི་ཅན་ཁྱོད་ཀྱིས། །བདག་སོགས་མ་དག་ཞིང་གི་གདུལ་བྱ་རྣམས། ཤི་འཕོས་གྱུར་ཚེ་བདེ་ལྡན་ཞིང་མཆོག་དེར། །ཐུགས་རྗེའི་ལྕགས་ཀྱུས་ངེས་པར་དྲོངས་ཤིག་ཀྱེ། །མགོན་དེའི་ཞིང་གི་བཀོད་པ་རྣམས། །མདོ་ལས་འབྱུང་བཞིན་དོན་གྱི་གནད། །ཕྱོགས་གཅིག་རྗེ་ཡི་བཤད་སྲོལ་ལྟར། །ཅུང་ཟད་གུས་པས་བརྗོོད་པར་བྱ། །དེ་ཡང་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ནི་སྔོན་ཞིང་དག་སྦྱོར་གྱི་སྒོ་ནས་བསྒྲུབས་པའི་ལོངས་སྤྲུལ་གྱི་དག་པའི་ཞིང་གཉིས་རེ་ཡོད་པར་གསུངས་ལ། ལོངས་སྐུའི་ཞིང་ན་འཁོར་བྱང་སེམས་འཕགས་པ་ཤ་སྟག་གིས་གང་བ་མ་གཏོགས་སོ་སྐྱེ་མི་འབྱུང་ཞིང་། དེར་མ་ཟད། སྤྲུལ་སྐུའི་ཞིང་འགའ་ཞིག་ནའང་འཁོར་བྱང་སེམས་ཁོ་ན་དང་། འགའ་ཞིག་ཏུ་སོ་སྐྱེ་ཡོད་ཀྱང་སྐྱེ་བའི་རྒྱུ་སྒྲུབ་དགའ་བ་དང་། ཞིང་ལ་ལར་སྐྱེས་ཀྱང་སླར་ངན་འགྲོར་ལྟུང་སྲིད་པས་དགོས་པ་མི་འགྲུབ། བདེ་བ་ཅན་དང་མི་འཁྲུགས་པའི་ཞིང་དུ་སྐྱེ་བའི་རྒྱུ་སྒྲུབ་སླ་བས་ཞིང་འདིའི་གདུལ་བྱས་བསྒྲུབས་ན་དེར་སྐྱེ་བ་ལ་དགོངས་ནས། སྟོན་པས་ཞིང་འདི་གཉིས་ཀྱི་ཞིང་བཀོད་ཀྱི་མདོ་ལོགས་སུ་རྒྱས་པར་བཤད་ཅིང་། མདོ་སྡེ་ཐར་པ་ཆེན་པོ་ལས་ཀྱང་། ངས་ནི་མི་འཁྲུགས་འཇིག་རྟེན་དང་། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །ཤིན་ཏུ་རྣམ་དག་མཐོང་བ་ན། །སྡུག་བསྔལ་བྱ་བའི་མིང་ཡང་མེད། །ཅེས་གསུངས་ལ། ཁྱད་པར་དུ་མདོ་དང་གཟུངས་ཀྱི་རྟོག་པ་དུ་མ་ལས་ཕན་ཡོན་བརྗོད་པའི་སྐབས་སུ་བདེ་བ་ཅན་དུ་སྐྱེའོ་ཞེས་མང་དུ་གསུངས་སོ། །དེས་ན། བདེ་བ་ཅན་གྱི་ཞིང་བཀོད་ཀྱི་སྙིང་པོ་བསྡུས་ནས་བཤད་པར་བྱ་སྟེ། ཞིང་དེར་སྐྱེ་བའི་རྒྱུ་མདོ་དེ་ལས་གསུངས་པ་ནི། ཀུན་དགའ་བོ་སེམས་ཅན་གང་དག་ཁ་ཅིག་དེ་བཞིན་གཤེགས་པ་དེ་རྣམས་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོངས་སུ་བསྔོས་ཏེ་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་སུ་ཉེར་བར་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དགེ་སློང་གི་ཚོགས་དུ་མས་བསྐོར་ཞིང་མདུན་གྱིས་བལྟས་ནས་བཞུགས་པར་གྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་མཐོང་ནས་རབ་ཏུ་དད་པའི་སེམས་ཀྱིས་ཤི་འཕོས་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་པ་ནས། དེ་དག་གིས་དེ་བཞིན་གཤེགས་པ་མཐོང་ནས་རབ་ཏུ་དང་བ་ལ་དམིགས་པའི་ཏིང་ངེ་འཛིན་དང་། བརྗེད་པ་མེད་པའི་དྲན་པས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་པའི་བར་གསུངས་ཏེ། དོན་བསྡུ་ན། སངས་རྒྱས་འོད་དཔག་མེད་ཡང་ཡང་དྲན་ཅིང་མཚན་ནས་བརྗོད་པ་དང་། དགེ་རྩ་དུ་མ་གསོག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསགས་པའི་དགེ་རྩ་རྣམས་ཞིང་དེར་སྐྱེ་བའི་ཆེད་དུ་བསྔོ་བ་དང་། ཞིང་དེར་སྐྱེ་འདོད་ཀྱི་འདུན་པས་སྨོན་ལམ་འདེབས་པ་དང་། ཞིང་གི་སྣོད་བཅུད་ཀྱི་ཡོན་ཏན་བཀོད་པ་མདོ་ལས་བཤད་པ་ལྟར་དྲན་པ་རྣམས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཐེག་ཆེན་གྱི་རིགས་ཅན་དུ་སྐྱེ་བའི་ཕྱིར་ཡིན་ལ། གཞན་ནི་ཐུན་མོང་བའི་དབང་དུ་མཛད་པའོ། ཁྱད་པར་དུ་ཞིང་དེ་ཉིད་དུ་སྐྱེ་འདོད་ཀྱི་འདུན་པ་ཤུགས་དྲག་ནི དེར་སྐྱེ་བའི་རྒྱུའི་གཙོ་བོ་ཡིན་པར་བཤད་ཅིང་། དེར་མ་ཟད། ཞིང་དེར་སྐྱེ་བ་ལ་གེགས་བྱེད་པའི་ཉེས་ལྟུང་རྣམས་བཤགས་པ་ལ་ཡང་འབད་དགོས་སོ། །ཞིང་དེར་སྐྱེས་ན་དགའོ་སྙམ་པ་ལ་ནི་ཞིང་གི་ཡོན་ཏན་ཤེས་དགོས་པས་འདིར་ཐོག་མར་ཞིང་གི་བསྔགས་པ་བརྗོད་པར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བཟང་བཟང་རྣམ་དག་ཞིང་མཆོག་དེར། །ཡང་ཡང་སྐྱེ་བའི་རྒྱུ་དེ་རྣམས། །གང་གང་བསྒྲུབས་ན་དེ་ཉིད་དུ། །ངེས་ངེས་སྐྱེ་ལ་ཐེ་ཚོམ་ཅི། །ཞེས་པ་ནི་སྐྱེ་བའི་རྒྱུ་བརྗོད་པའི་སྐབས་སོ། །མི་མཇེད་ཞིང་ནས་ནུབ་ཕྱོགས་སུ། །སངས་རྒྱས་ཞིང་མང་འདས་པ་ན། །བདེ་བ་ཅན་ཞེས་བྱ་བ་ཡི། །རྨད་བྱུང་ཞིང་མཆོག་དམ་པ་ཡོད། །དེ་ནི་ས་གཞི་རིན་ཆེན་དུ་མས་སྤྲས། །ཤིན་ཏུ་ཉམས་དགའ་ལག་མཐིལ་ལྟ་བུར་མཉམ། །རིན་ཆེན་ལས་གྲུབ་རི་བོ་མ་གཏོགས་པ། །ནག་པོའི་རི་རྣམས་ཀུན་གྱིས་དབེན་ཞིང་གཙང་། ཡིད་འོང་རྣམ་དག་ཞིང་གི་མཐའ། རིན་ཆེན་བདུན་གྱི་ལྗོན་པ་དང་། །ཏ་ལའི་ཤིང་གི་ཕྲེང་བ་ཡིས། །ཡོངས་བསྐོར་སྐར་མས་ཟླ་བ་བཞིན། །དེ་ལྟ་བུའི་ས་གཞི་དེ་ནི་ཤིང་ལྗོན་པ་རྣམ་པ་དུ་མས་མཛེས་པར་བྱས་ཤིང་། ལྗོན་ཤིང་རེ་རེ་ལའང་རྩ་བ་དང་ཡལ་ག་དང་ལོ་མ་དང་འདབ་མ་དང་། མེ་ཏོག་དང་འབྲས་བུ་བདུན་བདུན་ཡོད་པའི་ཁ་ཅིག་རྩ་བ་ནི་གསེར། སྡོང་པོ་ནི་དངུལ། ཡལ་ག་ནི་བཻཌཱུརྱ། ལོ་མ་ནི་ཤེལ། འདབ་མ་ནི་སྤུག །མེ་ཏོག་ནི་མུ་ཏིག་དམར་པོ། འབྲས་བུ་ནི་རྡོའི་སྙིང་པོ་ལས་བྱས་པ་དང་། ཁ་ཅིག་ནི་རྩ་བ་ལ་སོགས་པ་བདུན་པོ་རིན་པོ་ཆེ་སྣ་རེ་རེ་ལས་བྱས་ཤིང་། དེ་བཞིན་དུ་རིན་པོ་ཆེ་སྣ་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་ལས་བྱས་པ་དང་། རྩ་བ་ལ་སོགས་པ་རེ་རེ་ཡང་རིན་པོ་ཆེ་སྣ་བདུན་ཀ་ལས་བྱས་པ་ཡོད་དོ། །དེ་ལྟ་བུ་ལ་སོགས་པའི་ལྗོན་ཤིང་རྣམས་ལ་ཅོད་པན་དང་རྣ་རྒྱན་དང་དོ་ཤལ་དང་གདུ་བུ་དང་དཔུང་རྒྱན་དང་སོར་གདུབ་དང་གསེར་གྱི་སྐེ་རགས་དང་། གསེར་གྱི་དྲ་བ་དང་། མུ་ཏིག་གི་དྲ་བ་དང་། རིན་པོ་ཆེའི་དྲིལ་བུ་ལ་སོགས་པ་རྒྱན་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་རིན་པོ་ཆེའི་རྒྱན་བརྒྱ་སྟོང་དུ་མས་སྤྲས་པ་འཕྱང་པས་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་གང་བ་དང་། སྔ་དྲོའི་དུས་ཀྱི་ཚེ་ཕྱོགས་བཞི་ནས་རླུང་ལངས་ཏེ། ལྷའི་སྤོས་ཀྱི་དྲི་རབ་ཏུ་ཞིམ་པ་སྣ་ཚོགས་ཀྱིས་བགོས་ཤིང་ཁ་དོག་དུ་མ་དང་ལྡན་པའི་རིན་པོ་ཆེའི་ཤིང་ལྗོན་པ་དེ་དག་བསྐྱོད་ཅིང་བསྐུལ་བ་ན་སིལ་སིལ་གྱི་སྒྲ་དང་ཡིད་དུ་འོང་བའི་དྲི་བསུང་དང་ལྡན་པར་འབྱུང་ལ། ལྟ་ན་སྡུག་པའི་མེ་ཏོག་རྣམ་པ་མང་པོ་རིན་པོ་ཆེའི་ས་གཞི་ཆེན་པོ་ལ་བྲུལ་ཏེ། མེ་ཏོག་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་མིའི་བོང་ཚོད་བདུན་ཙམ་དུ་ཁྱབ་པར་འགྱུར་ཞིང་། མེ་ཏོག་དེ་དག་ནི་གོས་ཀན་ཙ་ལིནྡི་ཀ་ལྟར་འཇམ་ཞིང་རེག་ན་བདེ་བའོ། །དེ་ལ་རྐང་པ་བཞག་པ་ན་སོར་བཞི་ཙམ་གྱིས་དམའ་བ་དང་། རྐང་པ་བཏེག་པ་ན་སོར་བཞི་ཙམ་གྱིས་མཐོ་བར་འགྱུར་རོ། །སྔ་དྲོའི་དུས་འདས་མ་ཐག་མེ་ཏོག་རྙིང་པ་དེ་དག་མ་ལུས་པ་མེད་པར་འགྱུར་ཏེ། དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་དེ་དབེན་པ་དང་། ཉམས་དགའ་བ་དང་དག་པར་འགྱུར་རོ། །དེ་ནས་ཡང་ཕྱོགས་བཞི་ནས་རླུང་ལངས་ཏེ་སྔར་བཞིན་དུ་མེ་ཏོག་གསར་པ་དག་འགྲེམ་པར་བྱེད་དོ། །སྔ་དྲོའི་དུས་ཇི་ལྟ་བར་ཉིན་གུང་དང་ཕྱི་དྲོ་དང་སྲོད་དང་ནམ་གུང་དང་ཐོ་རངས་ཀྱང་དེ་བཞིན་ནོ། །འདི་སྐད་ཅེས་བྱ་སྟེ། གསེར་དངུལ་བཻཌཱུརྱ་དང་ཤེལ། །སྤུག་དང་མུ་ཏིག་རྡོ་སྙིང་སྟེ། །རིན་ཆེན་ལས་གྲུབ་ལྗོན་པ་ལ། །ཡིད་ལ་བསམ་དགུ་རྒྱན་བཟང་འཕྱང་། །ཤིང་གི་རྩ་བ་སྡོང་བུ་ཡལ་ག་སོགས། །འཇམ་ཞིང་རེག་ན་བདེ་སྟེར་དྲི་ཞིམ་ལྡན། །དྲི་ཡི་བཞོན་པས་བསྐྱོད་ཚེ་རྣར་སྙན་པའི། །མཉན་པས་ཆོག་མི་ཤེས་པའི་སྒྲ་རྣམས་འབྱུང་། །ས་གཞི་མཛེས་བྱེད་ཤིང་གི་ཡོན་ཏན་བརྗོད་པའི་སྐབས་སོ།། །།གཞན་ཡང་ས་གཞི་དེ་ནི་སྤོས་མཆོག་གིས་ཡོངས་སུ་བགོས་པའི་ཆུ་ཀླུང་རྣམ་པ་སྣ་ཚོགས་པས་མཛེས་པར་བྱས་པས་ཆུ་རྣམས་ཀྱི་ཟབས་སུ་ནི་དཔག་ཚད་བཅུ་གཉིས་རེ་དང་ཞིང་དུ་ནི་དཔག་ཚད་གཅིག་ནས་བརྒྱ་སྟོང་གི་བར་ཡོད་དོ། །དེ་ཡང་འབབ་སྟེགས་བདེ་བ། འདམ་རྫབ་མེད་པ། གསེར་གྱི་བྱེ་མ་བདལ་བ། ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་ལ་སོགས་པ་དྲི་རབ་ཏུ་ཞིམ་པའི་མེ་ཏོག་གིས་ཁེབས་པ། ཁོལ་ཁོལ་དག་ན་བྱ་ངང་པ་དང་བཞད་དང་ཁྲུང་ཁྲུང་དང་ངུར་པ་དང་ཀ་རན་ད་དང་ནེ་ཙོ་དང་རི་སྐེག་དང་ཁུ་བྱུག་དང་ཀུ་ན་ལ་དང་ཀ་ལ་པིངྐ་དང་རྨ་བྱ་ལ་སོགས་པ་སྒྲ་ཡིད་དུ་འོང་བ་འབྱིན་པའི་སྤྲུལ་པའི་བྱའི་ཚོགས་དུ་མས་བསྟེན་པ། འགྲམ་གཉིས་ནི་རིན་པོ་ཆེའི་ཤིང་ལྗོན་པས་གང་བའོ། །འདི་སྐད་ཅེས་བྱ་སྟེ། ཟབ་ཡངས་ཆུ་གཏེར་ཆེན་པོ་ནི། །པདྨ་སྣ་ཚོགས་ཀྱིས་སྤྲས་ཤིང་། །སྐད་སྙན་འབྱིན་པའི་སྤྲུལ་པའི་བྱ། །ངང་བཞད་སོགས་ཀྱིས་རྣམ་པར་མཛེས། །དག་པའི་སེམས་ཅན་རྣམས་ཀྱི་ཉེར་འཚོའི་གཞི། །ཡིད་འཛིན་ཏ་མ་ལ་དང་ཨ་ཀ་རུ། །རྒྱ་སྤོས་ཙནྡན་སྤྲུལ་སྙིང་གིས་བགོས་པའི། །ཉལ་འགྲོའི་རྒྱུན་རྣམས་སྒྲ་སྙན་སྒྲོག་ཅིང་འབབ། །ས་གཞི་མཛེས་བྱེད་ཆུའི་ཡོན་ཏན་བརྗོད་པའི་སྐབས་སོ།། །།གཞན་ཡང་ས་གཞི་ཐམས་ཅད་ཀྱང་གསེར་གྱི་དྲ་བས་ཁེབས་ཤིང་རིན་པོ་ཆེ་སྣ་བདུན་གྱི་པདྨས་གང་བ་སྟེ། དེ་ཡང་པདྨ་ཁ་ཅིག་ནི་དཔག་ཚད་ཕྱེད་ཙམ་དང་ཁ་ཅིག་ནི་དཔག་ཚད་གཅིག་དང་གཉིས་ནས་དཔག་ཚད་ལྔ་བཅུའི་ཚད་ཙམ་ཡོད་དེ། རིན་པོ་ཆེའི་པདྨ་ཐམས་ཅད་ལས་ཀྱང་འོད་ཟེར་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་དྲུག་ཅུ་འབྱུང་ཞིང་འོད་ཟེར་གྱི་རྩེ་མོ་ལས་སངས་རྒྱས་ཀྱི་སྐུ་གསེར་གྱི་ཁ་དོག་ཅན་མཚན་དཔེས་བརྒྱན་པ་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་དྲུག་བྱུང་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ཏུ་གཤེགས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །འདི་སྐད་ཅེས་བྱ་སྟེ། རབ་འབྱམས་སྨོན་ལམ་ལས་འོངས་པའི། །པདྨོ་ལས་བྱུང་འོད་ཟེར་རྩེར། །རབ་སྤྲོས་རྒྱལ་བས་དམ་ཆོས་ཀྱི། །བདུད་རྩིས་གདུལ་བྱ་ཚིམ་པར་མཛད། །ས་གཞི་མཛེས་བྱེད་པདྨའི་ཡོན་ཏན་བརྗོད་པའི་སྐབས་སོ།། །།གཞན་ཡང་ས་གཞི་དེ་ནི་ཁང་བཟང་རྣམས་ཀྱིས་མཛེས་པར་བྱས་པ་སྟེ། དེ་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་བ་གམ་བརྒྱ་སྟོང་གིས་བརྒྱན་པ། རིན་པོ་ཆེའི་ཁྲི་ལྷའི་རས་བཅོས་བུ་སྣ་ཚོགས་བཏིང་བ་ལ་སྔས་ཁྲ་བོ་བཞག་པ་དང་ལྡན་པའི་གཞལ་མེད་ཁང་དུ་མ་དང་། གཞན་ཡང་དར་ནི་སྤོས་དང་ཕྲེེང་བ་དང་བྱུགས་པ་དང་ཕྱེ་མ་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་སིལ་སྙན་དང་གོས་ཁ་དོག་སྣ་ཚོགས་པ་བརྒྱ་སྟོང་དུ་མ་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་སྤོས་སོགས་ཀྱིས་ཡོངས་སུ་ཁྱབ་བོ། །དེ་བཞིན་དུ་སྤོས་སྣ་ཚོགས་དྲི་རབ་ཏུ་ཞིམ་པའི་ངད་ལྡང་ཞིང་དུས་དུས་སུ་ལྷའི་སྤོས་ཆུའི་སྤྲིན་གྱི་ཆར་དང་། ལྷའི་མེ་ཏོག་ཐམས་ཅད་དང་ལྡན་པ་དག་དང་། ལྷའི་རིན་པོ་ཆེ་སྣ་བདུན་དང་། ཙནྡན་གྱི་ཕྱེ་མ་དང་གདུགས་རྒྱལ་མཚན་དང་བ་དན་གྱི་ཆར་འབབ་པ་དང་། ནམ་མཁའ་ལ་ལྷའི་ཕྲེང་བ་དང་གདུགས་རྔ་མའི་བསིལ་ཡབ་དང་བཅས་པ་འཛིན་ཅིང་། ལྷའི་རོལ་མོའི་སྒྲ་སྒྲོགས་པ་དང་ལྷའི་བུ་མོ་དག་ཀྱང་གར་བྱེད་དོ། །འདི་སྐད་ཅེས་བྱ་སྟེ། །ཡིད་ཀྱི་རེ་བ་རྫོགས་བྱེད་པའི། །འབྱོར་བས་ས་དང་བར་སྣང་ཀུན། །ཡོངས་གང་འཛིན་མའི་ཁྱོན་རྣམས་སུ། །མ་ཤོང་མཁའ་ལ་བསྙེགས་པ་བཞིན། །ས་གཞི་མཛེས་བྱེད་རྒྱན་གྱི་ཁང་པ་དང་ལོངས་སྤྱོད་ཀྱི་ཡོན་ཏན་བརྗོད་པའི་སྐབས་སོ།། །།དེ་ལྟར་སྣོད་ཀྱི་ཡོན་ཏན་བརྗོད་ནས་བཅུད་ཀྱི་ཡོན་ཏན་ནི། ཞིང་དེའི་ངན་སོང་གསུམ་དང་ལྷ་མིན་གྱི་རིས་མེད་ཅིང་ཞིང་དེར་སྐྱེས་ཕྱིན་འགྲོ་བ་བཞི་པོ་དེ་ཉིད་དུ་སླར་ལྡོག་པ་མེད་ལ་མི་ཁོམ་པ་གཞན་ཡང་མེད་དོ། །དེར་མ་ངེས་པ་དང་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་མེད་ཅིང་ཐམས་ཅད་ཀྱང་ཡང་དག་པ་ཉིད་དུ་ངེས་པ་ཤ་སྟག་གོ །སྨོན་ལམ་གྱི་དབང་མ་གཏོགས་པ་དུས་མིན་དུ་འཆི་བ་ཡང་མེད་ཅིང་། དེར་སྐྱེས་པའི་སེམས་ཅན་རྣམས་ནི་རིན་པོ་ཆེའི་པདྨ་ལས་བརྫུས་ཏེ་སྐྱེས་པ་ཤ་སྟག་ཡིན་ལ། འགྲོ་བ་ནི་ལྷ་མི་གཉིས་སུ་ངེས་ཤིང་དེ་ཡང་ལྷ་མིའི་ཐ་སྙད་ཙམ་མ་གཏོགས་མཚུངས་སོ། །ལོངས་སྤྱོད་ནི་གཞན་འཁྲུལ་དབང་བྱེད་པའི་ལྷ་རྣམས་ཇི་ལྟ་བ་བཞིན་ནོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་ལུས་ལ་མཚན་སོ་གཉིས་ཀྱིས་བརྒྱན་པ་དང་། སེམས་ཀྱིས་སྐད་ཅིག་གཅིག་ལ་ཞིང་བྱེ་བ་ཁྲག་ཁྲིག་སོགས་སུ་བགྲོད་ནུས་པའི་རྫུ་འཕྲུལ་གྱི་མངོན་ཤེས་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་སོགས་རྗེས་སུ་དྲན་པའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མཐོང་བའི་ལྷའི་མིག་གི་མངོན་ཤེས་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སོགས་ཀྱི་སྒྲ་ཐོས་པའི་ལྷའི་རྣ་བའི་མངོན་ཤེས་དང་། ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སེམས་ཤེས་པའི་གཞན་སེམས་ཤེས་པའི་མངོན་ཤེས་ཏེ་མངོན་ཤེས་ལྔ་ཚང་བར་ཐོབ་པ་དང་། སྔ་དྲོ་ཐམས་ཅད་ལ་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་ཕྱིན་ནས་སངས་རྒྱས་སྟོང་ཕྲག་མང་པོ་ལ་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་ནུས་པའོ། །འོན་ཀྱང་ཐེ་ཚོམ་ཟ་བཞིན་དུ་སྐྱེས་པའི་ལས་ཀྱིས་པདྨའི་སྦུབས་སུ་ཡུན་རིང་དུ་གནས་དགོས་པ་རྣམས་ལ་ནི་མངོན་ཤེས་ལྔ་མ་ཚང་ཞིང་། ཞིང་གཞན་དུ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་དུ་འགྲོ་བའི་ནུས་པ་ཡང་མེད་དོ། །སེམས་ཅན་དེ་དག་གིས་ཁམ་ཟས་རགས་པ་མི་ཟ་ཡང་ཟས་ཀྱི་རྣམ་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་ཁ་ཟས་དང་གོས་རྒྱན་ཇི་ལྟར་འདོད་པ་དེ་ལྟ་བུ་རྣམས་བསམ་མ་ཐག་ཏུ་རྙེད་ནས་གུས་ཚིམ་པ་དང་རྒྱན་གྱིས་མཛེས་པར་འགྱུར་རོ། །གཞན་ཡང་སྔར་བཤད་པའི་ཆུ་ཀླུང་ཆེན་པོ་དེ་རྣམས་ལས་ལྷའི་གླུ་དབྱངས་ཡན་ལག་བྱེ་བ་བརྒྱ་སྟོང་དང་ལྡན་པའི་སིལ་སྙན་མཁན་མཁས་པ་རྣམས་ཀྱིས་བྱས་པ་ལས་ཀྱང་ལྷག་པའི་སྒྲ་སྙན་ཅིང་ཡིད་དུ་འོང་བ་རྣམས་འབྱུང་ཞིང་། དེ་ལས་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་ཅི་ལྟར་རིགས་པ་སྟོན་པ་དང་སྤྲུལ་པའི་བྱའི་ཚོགས་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཆོས་ཀྱི་སྒྲས་གོ་བར་བྱེད་ཅིང་དེས་བྱང་སེམས་རྣམས་སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བར་འགྱུར་རོ། །སེམས་ཅན་དེ་དག་ལ་སྔར་བཤད་པ་ལྟ་བུའི་གཞལ་མེད་ཁང་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་མདུན་དུ་བྱུང་སྟེ། དེ་དག་གཞལ་མེད་ཁང དེའི་ནང་དུ་ལྷའི་བུ་མོ་བདུན་སྟོང་བདུན་སྟོང་གིས་བསྐོར་ནས་རྩེ་ཞིང་དགའ་བར་བྱེད་དོ། །འདི་སྐད་ཅེས་བྱ་སྟེ། དག་པའི་སེམས་ཅན་ལས་བཟང་གིས། །ལེགས་སྤྲུལ་ལུས་ནི་མཚན་དཔེས་མཛེས། །ཡོན་ཏན་དུ་མས་རང་རྒྱུད་གཏམས། །རྟག་པར་ཆོས་ཀྱི་དགའ་བས་འཚོ། །གློག་ལྟར་སྐད་ཅིག་ཐོགས་མེད་རྫུ་འཕྲུལ་གྱིས། །ཞིང་ཡང་བགྲོད་ནས་རྒྱལ་བའི་སྤྱན་སྔ་རུ། །རབ་འབྱམས་ཚོགས་གཉིས་བསྐྲུན་ནས་སླར་ཡང་ནི། །རང་གི་ཞིང་དུ་དགའ་བདེས་རོལ་པར་མཛོད། །བཅུད་ཀྱི་ཞིང་མཛེས་པར་བྱེད་པའི་ཡོན་ཏན་ཐུན་མོང་བ་བརྗོད་པའི་སྐབས་སོ།། །།གཞན་ཡང་ཞིང་དེའི་རྒྱལ་བའི་འཁོར་ནི་རྣམ་པ་གཉིས་ཏེ་ཉན་ཐོས་དང་བྱང་ཆུབ་སེམས་དཔའོ། །དེའི་ཉན་ཐོས་འདུས་པ་དང་པོ་ཙམ་ཡང་སྟོང་གསུམ་གྱི་སྐར་མ་ཐམས་ཅད་ཉིན་ཞག་གཅིག་གིས་བརྩི་ནུས་པའི་རྫུ་འཕྲུལ་ཆེན་པོ་མཽ་འགལ་གྱི་བུ་ལྟ་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ལས་གཞན་མི་བྱེད་པར་བརྩིས་ཀྱང་གྲངས་ཆ་ཙམ་ཡང་ཆོད་པར་མི་འགྱུར་ན། འདུས་པ་གཉིས་པ་དང་གསུམ་པའི་གྲངས་ལྟ་ཅི་སྨོས། ཉན་ཐོས་གྲངས་མེད་པ་དེ་ཐམས་ཅད་ཀྱང་འོད་འདོམ་གང་བ་མངོན་པར་ཤེས་པ་དང་ལྡན་པ་ཤ་སྟག་གོ །བྱང་ཆུབ་སེམས་དཔའི་འཁོར་ནི་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ཤ་སྟག་སྟེ། དེ་ཡང་ཀུན་ལ་མཉམ་པའི་བྱམས་པ་ཆེན་པོ་ཚད་མེད་པ་དང་ལྡན་པ། ཡེ་ཤེས་རྒྱ་མཚོ་ཆེན་པོ་དང་མཚུངས་པ། ཏིང་ངེ་འཛིན་རི་རབ་དང་མཚུངས་པ། ཤེས་རབ་ཉི་ཟླ་དང་མཚུངས་པ། ཚོགས་གཉིས་བསགས་པ་ཆུ་གཏེར་དང་མཚུངས་པ། བཟོད་པ་ཆེན་པོ་ས་དང་མཚུངས་པ། ཉོན་མོངས་པའི་དྲི་མ་འཁྲུད་པའི་ཕྱིར་ཆུ་ལྟ་བུ། ལས་དང་ཉོན་མོངས་པའི་ལྗོན་ཤིང་སྲེག་པར་བྱེད་པའི་ཕྱིར་མེ་ལྟ་བུ། འཇིག་རྟེན་གྱི་ཚུལ་ལ་མི་ཆགས་པའི་ཕྱིར་རླུང་ལྟ་བུ། ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་པ་ཁོང་དུ་ཆུད་པའི་ཕྱིར་ནམ་མཁའ་ལྟ་བུ། འཁོར་བའི་སྐྱོན་གྱིས་མ་གོས་པའི་ཕྱིར་པདྨ་ལྟ་བུ། ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པའི་ཕྱིར་འབྲུག་སྒྲ་ལྟ་བུ། ཆོས་ཀྱི་ཆར་འབེབས་པའི་ཕྱིར་སྤྲིན་ཆེན་པོ་དང་འདྲ་བ། ཚོགས་ཆེན་པོ་ཟིལ་གྱིས་གནོན་པའི་ཕྱིར་ཁྱུ་མཆོག་དང་འདྲ་བ། སེམས་ཤིན་ཏུ་དུལ་བའི་ཕྱིར་གླང་པོ་ཆེ་དང་འདྲ་བ། ལུས་སེམས་མཆོག་ཏུ་དུལ་བའི་ཕྱིར་རྟ་ཅང་ཤེས་དང་འདྲ་བ། མི་མཐུན་ཕྱོགས་ལ་འཇིགས་པ་མེད་པའི་ཕྱིར་སེངྒེ་དང་འདྲ་བ། སེམས་ཅན་གདུང་བ་ལས་སྐྱོབ་པའི་ཕྱིར་ཤིང་ནྱ་གྲོ་དྷ་ལྟ་བུ། ཕས་ཀྱི་རྒོལ་བས་མི་བསྐྱོད་པའི་ཕྱིར་རི་རབ་ལྟ་བུ། བྱམས་པ་ཆེན་པོ་ཚད་མེད་པ་བསྒོམས་པའི་ཕྱིར་ནམ་མཁའ་ལྟ་བུ། དག་པའི་ཆོས་སྒྲུབ་པའི་སྔོན་དུ་འགྲོ་བའི་ཕྱིར་ཚངས་པ་ཆེན་པོ་ལྟ་བུ། གནས་སུ་གསོག་པ་མེད་པའི་ཕྱིར་བྱ་ལྟ་བུ། ཕ་རོལ་གྱི་སྡེ་འཇོམས་པའི་ཕྱིར་ནམ་མཁའ་ལྡིང་ལྟ་བུ། འཇིག་རྟེན་ན་འབྱུང་བར་དཀའ་བའི་ཕྱིར་ཨུ་དུམ་ཝ་ར་དང་ཆོས་མཚུངས་ཤིང་། ཆོས་ཀྱི་རྔ་ཆེན་པོ་བརྡུང་བ། ཆོས་ཀྱི་དུང་འབུད་པ། ཆོས་ཀྱི་རྒྱལ་མཚན་བསྒྲེང་བ། ཆོས་ཀྱི་བ་དན་འཛིན་པ། ཆོས་ཀྱི་སྒྲོན་མེ་འབར་བར་བྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ། ཚུལ་ཁྲིམས་རྣམ་པར་དག་པ། ཐོས་པ་རྒྱ་མཚོ་ལྟ་བུར་གྱུར་པ། རྒྱལ་སྲས་རེ་རེ་ཡང་དཔག་ཚད་བྱེ་བ་བརྒྱ་སྟོང་གི་འོད་དང་ལྡན་ཅིང་། སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་གཉིས་ཀྱི་འོད་ནི་འཇིག་རྟེན་གྱི་ཁམས་དེ་ཁོར་ཡུག་ཏུ་ཁྱབ་པའོ། །འདི་སྐད་ཅེས་བྱ་སྟེ། ཡེ་ཤེས་རྒྱ་མཚོ་ཆེར་གནས་ཤིང་། །སྙིང་སྟོབས་རྒྱ་མཚོས་གོ་བགོས་ཏེ། །རྒྱལ་བ་རྒྱ་མཚོའི་ཞབས་དྲུང་དུ། །ཐོས་པ་རྒྱ་མཚོ་ངོམས་མེད་ཚོལ། །མ་ལུས་ཆོས་ཚུལ་ཚོལ་ལ་རབ་ཏུ་མཁས། །འཇིག་རྟེན་འདས་པའི་གཏམ་གྱི་སྙིང་པོ་རྟོགས། །ཆོས་ཀྱི་གཏམ་ལ་ནམ་ཡང་འཇིགས་པ་མེད། །རྟག་ཏུ་སེམས་ཅན་གྲོལ་བར་བྱེད་ལ་བརྩོན། །འདྲེན་པའི་གཙོ་བོ་འོད་དཔག་མེད། །ཐུབ་མཆོག་དེ་ཡི་རིགས་སྐྱེས་ཤིང་། །རྒྱལ་བའི་གདུང་འཚོབ་གྲགས་ལྡན་དཔའ། །དག་ཞིང་རྒྱལ་བའི་སྲས་རྣམས་བསྔགས། །དེ་དག་ནི་འཁོར་གྱི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཕྱོགས་ཙམ་བརྗོད་པའི་སྐབས་སོ།། །།༈ དེ་ལྟ་བུའི་སྣོད་བཅུད་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་དང་ལྡན་པའི་ཞིང་མཆོག་དེའི་དབུས་ན་བྱང་ཆུབ་ཀྱི་ཤིང་གི་དབང་པོ་ཆེན་པོ་འཕང་དུ་དཔག་ཚད་སྟོང་དྲུག་བརྒྱ་ཡོད་པ། ཡལ་ག་དང་ལོ་མ་དང་འདབ་མ་རྣམས་དཔག་ཚད་བརྒྱ་བརྒྱ་ཚུན་ཆད་དུ་འཕྱང་བ། རྩ་བའི་སྤོམ་དང་ཁྲུར་དཔག་ཚད་ལྔ་བརྒྱ་ཡོད་པ། ལོ་མ་དང་མེ་ཏོག་དང་འབྲས་བུ་རྒྱུན་དུ་འཕྱང་ཤིང་ཁ་དོག་ཐ་དད་པ་བརྒྱ་སྟོང་དུ་མ་དང་ལྡན་པ་དང་། ལོ་འབྲས་མེ་ཏོག་རྣམས་ཀྱང་ཐ་དད་པ་དུ་མ་ཅན་ནོ། །ཟླ་བ་ལྟར་སྣང་བའི་ནོར་བུ་རིན་པོ་ཆེས་ཡོངས་སུ་གསལ་བ། རྒྱ་མཚོའི་ནོར་བུ་རིན་པོ་ཆེ་དང་། བརྒྱ་བྱིན་གྱིས་ཐོགས་པའི་ནོར་བུ་རིན་པོ་ཆེས་སྤྲས་ཤིང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་གང་བ། ཤིང་དེ་ལ་གསེར་གྱི་སྐུད་པ་དང་སེ་མོ་དོ་དང་རིན་པོ་ཆེའི་ཆུན་པོ་དང་དོ་ཤལ་ཆིག་རྐྱང་དང་མུ་ཏིག་དཀར་དམར་གྱི་ཕྲེང་བ་དང་། སེངྒེའི་ཁ་ནས་འཕྱང་བའི་སྐ་རགས་དང་། རིན་པོ་ཆེ་སྣ་ཚོགས་པའི་དྲ་བ་དང་དྲིལ་བུ་གཡེར་ཁ་དང་གཡུང་དྲུང་དང་ཟླ་གམ་ལ་སོགས་པ་རྣམ་པ་དུ་མས་བརྒྱན་པའོ། །བྱང་ཆུབ་ཀྱི་ཤིང་དེ་རླུང་གིས་བསྐྱོད་པ་ན་སྒྲ་དབྱངས་འབྱུང་བ་དེས་འཇིག་རྟེན་གྱི་ཁམས་ཚད་མེད་པ་རྣམས་ཀྱང་གོ་བར་བྱེད་ལ། གང་གིས་ཤིང་དེའི་སྒྲ་ཐོས་པ་དང་མཐོང་བ་དང་དྲི་ཚོར་བ་དང་འབྲས་བུ་མྱོང་བ་དང་དེའི་འོད་ཀྱིས་རེག་པ་དེ་ཐམས་ཅད་ནི་བྱང་ཆུབ་ཀྱི་བར་དུ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་ནད་མི་འབྱུང་ངོ་། །ཤིང་དེ་ཡིད་ལ་སེམས་པ་དེ་དག་ཀྱང་བྱང་ཆུབ་ཀྱི་བར་དུ་སེམས་གཡེང་བ་ཅན་དུ་མི་འགྱུར་རོ། །འདི་སྐད་ཅེས་བྱ་སྟེ། མང་མང་བསོད་ནམས་ས་ཆེར་ལས་འཁྲུངས་པའི། །བཟང་བཟང་བྱང་ཆུབ་ཤིང་གི་དབང་པོ་ནི། །ལྡེམ་ལྡེམ་ཡལ་ག་ལོ་མ་འབྲས་ལྡན་ཅིང་། །སྙན་སྙན་ཆོས་ཀྱི་སྒྲ་དབྱངས་ཀུན་ནས་སྒྲོགས། །དགོས་འདོད་འདོད་རྒུ་འབྱུང་བའི་གནས། །མ་ལུས་ལུས་ཅན་རློངས་སེལ་བའི། །རིན་ཆེན་ཆེན་པོ་སྣ་ཚོགས་དང་། །རབ་བཀྲ་བཀྲ་བའི་གོས་ཀྱིས་བརྒྱན། །དེ་དག་ནི་བྱང་ཆུབ་ཀྱི་ཤིང་གི་ཡོན་ཏན་བརྗོད་པའི་སྐབས་སོ།། །།བྱང་ཆུབ་ཀྱི་ཤིང་གི་དབང་པོ་དེའི་དྲུང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་བཞུགས་ཏེ་འཚོ་ཞིང་བཞེས་ལ་ཆོས་སྟོན་ཏོ། །དེ་ཡང་སྐུ་ཚེ་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་ཐུབ་བོ་ཞེས་སྐུ་ཚེའི་ཚད་ཀྱི་མཐའ་རྟོགས་མི་ནུས་པའི་ཕྱིར་ཚེ་དཔག་མེད་ཅེས་བྱ་ལ། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ནི་སྐུའི་འོད་ཀྱིས་ཁྱབ་ཅིང་སྣང་བའི་ཕྱིར་འོད་དཔག་མེད་དང་སྣང་བ་མཐའ་ཡས་ཞེས་བྱའོ། །འོན་ཀྱང་གདུལ་བྱའི་ངོ་བོར་འོད་འདོམ་གང་བ་སོགས་སུ་སྟོན་པ་ནི་སྲིད་ལ། འོད་ཀྱིས་ཞིང་གཞན་དག་ཏུ་ཁྱབ་ཀྱང་ཐ་མལ་པས་ནི་མཐོང་མི་ནུས་སོ། །འོད་དེ་ནི་ཤེལ་གོང་ལྟར་དྲི་མ་མེད་ཅིང་ནམ་མཁའི་ཁྱོན་ལྟར་ཤིན་ཏུ་རྒྱ་ཆེ་བ། ལུས་ལ་བདེ་བ་དང་སེམས་ལ་དགའ་བ་བསྐྱེད་ཅིང་། གང་ལ་རག་པའི་སེམས་ཅན་རྣམས་ནི་མཆོག་ཏུ་དགའ་བར་བྱེད་པའོ། །དེ་ལྟར་འོད་ཟེར་གྱི་ཕུང་པོ་ཆེན་པོ་མཐའ་ཡས་ཤིང་རོལ་པའི་མཚོས་གསེར་གྱི་རི་རྣམས་ལ་འཁྱུད་པ་བཞིན་དུ་ཡོངས་སུ་བསྐོར་བའི་སྐུའི་གཟི་འོད་ཀྱིས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་ཚོགས་ཐམས་ཅད་ཟིལ་གྱིས་མནན་ནས་མངོན་པར་འཕགས་ཏེ་ལྷམ་མེ་ལྷང་ངེ་ལྷན་ནེར་ཕྱོགས་ཀུན་ཏུ་གསལ་བར་སྣང་བ་ནི་རིའི་རྒྱལ་པོ་རི་རབ་ཐམས་ཅད་ཀྱི་དབུས་ན་མངོན་པར་འཕགས་ཤིང་མཐོ་བ་བཞིན་ནོ། །རྒྱལ་བ་དེའི་སྐུ་ནི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པས་བསྐྲུན་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ནི་རྣམ་པར་སྤྲས། སྟོན་དུས་ཀྱི་ཟླ་བ་སྤྲིན་བྲལ་ནམ་མཁའི་དབུས་ན་རྒྱུ་སྐར་ཚོགས་ཀྱིས་བསྐོར་ནས་ལྷམ་མེར་མངོན་པར་འཕགས་པ་ལྟར་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པའི་སྐུ་མཆོག་ཡོན་ཏན་ཚོགས་ཀྱིས་ཕྱུང་བའི་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པས་བསྐོར་བའི་དབུས་ན་རབ་ཏུ་བརྗིད་ཅིང་མཛེས་པས་ནི་མངོན་པར་འཕགས། ཤིན་ཏུ་དུལ་བའི་ཁྱུ་མཆོག་བ་ལང་བརྒྱ་སྟོང་གི་རྗེས་སུ་འབྲང་བ་དང་བཅས་པ་ལྟར་རྫུ་འཕྲུལ་མངོན་ཤེས་སོགས་ཀྱིས་རྩེ་བའི་དགྲ་བཅོམ་པའི་ཚོགས་ཀྱི་ནི་མདུན་དུ་བདར། སྟོབས་བཅུ་དང་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བའི་ཡེ་ཤེས་དང་། ཟད་མི་ཤེས་པའི་སྤོབས་པ་རྒྱུན་མི་ཆད་པ་དང་། མཐའ་ཡས་པའི་འགྲོ་བའི་དོན་མཛད་པའི་ཐུགས་རྗེ་ཆེན་པོ་ནི་རྟག་ཏུ་མངའ། རི་དྭགས་ཀྱི་རྒྱལ་པོ་སེངྒས་འཁོར་གྱི་ཚོགས་ནང་དུ་བག་ཚ་བ་མེད་པར་སྒྲ་སྒྲོགས་པ་ལྟར་གྲངས་མེད་པའི་འཁོར་གྱི་དབུས་སུ་མི་འཇིགས་པ་བཞིས་འཇིགས་པ་མེད་པར་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་སྒྲ་ཆེན་པོ་ནི་རྒྱུན་མི་ཆད་དུ་སྒྲོགས་པ་སྟེ། དེ་ལྟ་བུའི་ཚུལ་གྱིས་འགྲོ་བ་མཐའ་དག་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ལ་འགོད་པར་མཛད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རབ་འབྱམས་ཚོགས་གཉིས་ལས་འཁྲུངས་པའི། །རབ་མཛེས་མཚན་དཔེས་སྤྲས་པའི་སྐུ། རབ་དམར་བྱི་རུའི་ལྷུན་པོ་བཞིན། །རབ་མང་འཁོར་གྱི་དབུས་ན་མཛེས། །བདེ་བ་ཅན་གྱི་ཞིང་ན་འགྲོ་བའི་སྐྱབས། །ལྗོན་ཤིང་དབང་པོའི་དྲུང་ན་འོད་དཔག་མེད། །རྒྱ་ཆེན་འཁོར་ཚོགས་དབུས་ན་བརྗིད་པའི་སྐུ། །མཐའ་ཡས་བསོད་ནམས་ཕུང་པོ་ཁྱོད་ལ་འདུད། །རབ་མཐོ་རི་ཡི་དབང་པོ་ནི། །རབ་རྒྱས་ཟླ་བའི་བཞིན་འཛིན་ཅིང་། །རབ་མཛེས་ཨུཏྤལ་སྔོན་པོའི་མིག །རབ་ཏུ་ལྡན་ན་ཁྱོད་དང་མཚུངས། །འོད་ཀྱིས་དཔག་ཡས་ཞིང་རྣམས་ཀུན་ཏུ་ཁྱབ། །མཁྱེན་པའི་ཡེ་ཤེས་ཤེས་བྱ་ཡོངས་ལ་ཁྱབ། །ཐུགས་རྗེ་རིས་བྲལ་འགྲོ་ལ་རྗེས་སུ་ཁྱབ། །འཕྲིན་ལས་འཇུག་པ་སྲིད་མཐའི་བར་དུ་ཁྱབ། །རབ་མང་འགྲོ་བ་འདི་ཀུན་གྱིས། །རབ་གསལ་ཉི་ཟླའི་སྒྲོན་ཐོགས་ནས། །རབ་ཏུ་འབད་དེ་བཙལ་བྱས་ཀྱང་། །རབ་མཆོག་ཁྱོད་འདྲ་ག་ལ་རྙེད། །མི་མཛད་ཞིང་འདིའི་ཡོན་ཏན་མ་ལུས་པ། ཁྱོད་ཀྱིས་བསྡུས་ནས་བདག་གིས་མཛད་པའི་ཕྱིར། ཁྱོད་ཞིང་ཡོན་ཏན་བཀོད་པ་རྫོགས་གྱུར་ཏེ། །ཞིང་འདི་སྙིགས་མ་ལྔ་ཡིས་སྦགས་སམ་སྙམ། །རབ་འབྱམས་དག་པའི་ཞིང་མཆིས་ཀྱང་། །རབ་མང་སྙིགས་དུས་འགྲོ་འདི་ཀུན། །རབ་མཆོག་ཞིང་དེར་འོངས་འདོད་ཀྱིས། །རབ་ཏུ་བརྩེ་བའི་ཐུགས་རྗེས་དྲོངས། །མང་མང་འགྲོ་ལ་རྗེས་བརྩེ་ཐུགས་རྗེ་ཡིས། །མང་མང་སྨོན་ལམ་བཏབ་པའི་འབྲས་སྨིན་པ། །མང་མང་བདེ་སྐྱིད་ཀུན་གྱི་འབྱུང་གནས་དེར། །མང་མང་གསོལ་འདེབས་བདག་ཀྱང་འཁྲིད་ཅིག་ཀྱེ། །དེ་དག་ནི་ཞིང་གི་གཙོ་བོའི་ཡོན་ཏན་ཕྱོགས་ཙམ་བརྗོད་ཅིང་ཡིད་ཀྱི་རེ་བ་གསོལ་བའི་སྐབས་སོ།། །།༈ ཞིང་གི་ཡོན་ཏན་རྒྱས་པར་ནི་ཞིང་བཀོད་ཀྱི་མདོ་ལས་ཤེས་པར་བྱ་ཞིང་། །དེ་ལྟར་ཤེས་པར་བྱས་ནས་དེར་སྐྱེ་འདོད་ཀྱི་འདུན་པ་ཡང་ཡང་སྦྱངས་པའི་ཕན་ཡོན་ནི། མདོ་དེ་ཉིད་ལས། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིག་ཅིང་བཤགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་རྣམས་ནི། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་འོད་དཔག་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །མཐོང་ན་དགའ་སྟེ་ཐལ་མོ་སྦྱོར་བྱེད་ན། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །ཞེས་པ་ནས། གང་གི་བདེ་བ་ཅན་གྱི་འཇིག་རྟེན་གྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་པ་རྣམས་སོ། །ཞིང་དེར་སྐྱེ་བའི་རྒྱུ་ནི་གོང་དུ་བརྗོད་པ་ལྟར་ཏེ། །དེ་རྣམས་ཀྱིི་ནང་ནས་མདོ་དང་གཟུངས་ཀྱི་རྟོག་པ་ལས་གསུངས་ཚུལ་ནི། སྨན་བླའི་མདོ་ལས། སྨན་བླའི་མཚན་བརྗོད་ན་བདེ་བ་ཅན་དུ་སྐྱེ་བ་དང་། བཟང་སྤྱོད་ལས། སྨོན་ལམ་དེ་བརྗོད་ན་བདེ་བ་ཅན་དུ་སྐྱེ་བ་དང་། གདུགས་དཀར་གྱི་སྲུང་འཁོར་གྱི་ཕན་ཡོན་གྱི་སྐབས་སུ་དེ་བསྒྲགས་ན་བདེ་བ་ཅན་དུ་སྐྱེ་བ་དང་། རྣམ་པར་རྒྱལ་མའི་རྟོག་པ་གཟུངས་ཀྱི་ཕན་ཡོན་བརྗོད་པ་ལས། གཟུངས་ཀྱི་ཆོ་ག་དང་གཟུངས་དེ་བརྗོད་ན་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ་གཞན་ཡང་མང་ངོ་། །དེར་སྐྱེ་བའི་ཐབས་སམ་རྒྱུ་སྨོན་ལམ་ནི། རྗེ་ཉིད་ཀྱིས་མཛད་པའི་བདེ་བ་ཅན་གྱི་སྨོན་ལམ་རྒྱས་པ་ཡོངས་གྲགས་དང་། བསྡུ་ན། ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། །ཞེས་སོགས་ཀྱི་ཚིགས་བཅད་གཉིས་དང་། བཟང་སྤྱོད་ལས། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །ཞེས་པ་ནས། སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །ཅེས་པའི་བར་གྱི་ཚིགས་བཅད་བཞིའོ། །ཚུལ་འདིར་ཚུ ལ་བཞིན་བདག་གིས་རབ་འབད་པའི། །རྣམ་དཀར་རྣམ་མང་ཇི་སྙེད་མཆིས་པ་ཀུན། །སྐྱེ་ཞིང་སྐྱེ་བར་དག་པའི་ཞིང་སྐྱེས་ནས། །མྱུར་བར་མྱུར་དུ་སངས་རྒྱས་ཐོབ་ཕྱིར་བསྔོ།། །།ཅེས་པ་འདི་ཡང་ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཀྱིས་དད་པས་ཅོ་ནེ་དགོན་ཉིད་དུ་བསྒྲིགས་པའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ།།

སྟོན་པའི་མཛད་པ་བཅུ་གཉིས་དང་བསྟན་པའི་གནས་ཚད་དེ་ལས་འཕྲོས་པའི་སྐོར་འགའ་ཞིག་བཅས་བཤད་པ།

སྟོན་པའི་མཛད་པ་བཅུ་གཉིས་དང་བསྟན་པའི་གནས་ཚད་དེ་ལས་འཕྲོས་པའི་སྐོར་འགའ་ཞིག་བཅས་བཤད་པ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། མཚུངས་མེད་སྟོབས་བཅུའི་རྩལ་ཀུན་རབ་རྫོགས་མ་འདྲེས་བཅོ་བརྒྱད་གཡུ་རལ་གསིག །སོ་སོ་ཡང་དག་རིག་པའི་མཆེ་གཙིགས་མི་འཇིགས་རྣམ་བཞིིའི་སྦར་ཁྱིམ་གདེངས། །ཆོས་ཕུང་བརྒྱད་ཁྲིའི་ང་རོ་ཆེར་བསྒྲགས་མུ་སྟེགས་གླང་པོའི་སྙིང་འགས་པ། །སྔོན་མེད་སྨྲ་བའི་སེངྒེ་ཆེན་པོ་སྟོན་པ་དེ་ལ་གུས་ཕྱག་འཚལ། །ངེེས་པའི་དོན་དུ་སྤངས་རྟོགས་མཐར་ཕྱིན་ཀྱང་། །གྲངས་མེད་ཞིང་དུ་སེམས་དཔའི་རྣམ་རོལ་གྱིས། །རྒྱལ་བའི་མཛད་པ་བསྒྲུབ་པའི་འཁུར་བཞེས་པ། །འཕགས་པ་ཉེ་བའི་སྲས་ཆེན་བརྒྱད་ལ་འདུད། །སྙིང་སྟོབས་ཕུལ་བྱུང་རྒྱལ་དང་དེ་ཡི་སྲས། །ཉན་ཐོས་ཚུལ་གྱིས་ཐུབ་བསྟན་སྤེལ་མཁས་པ། །ཤཱ་རིའི་བུ་སོགས་ཉན་ཐོས་མཆོག་བརྒྱད་དང་། །གཏད་རབས་བདུན་སོགས་ཉན་རང་ཀུན་ཀྱང་བསྔགས། །རྒྱལ་བས་ལུང་བསྟན་ཤིང་རྟ་ཆེ་གཉིས་སོགས། །འཕགས་ཡུལ་མཁས་ཤིང་གྲུབ་པ་ཐམས་ཅད་དང་། །བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་སོགས། །བོད་ཡུལ་བཤེས་གཉེན་རིམ་པར་བྱོན་ལ་འདུད། །གང་དག་རྣམ་མང་ལེགས་བཤད་དོན་གཉེར་ཞིང་། །བློ་གྲོས་པདྨོ་རྒྱས་འདོད་དེ་དག་ཆེད། །སྣ་ཚོགས་གཞུང་དོན་སྙིང་པོ་ཐོར་བུ་འགའ། །རང་ཉིད་བརྗོད་འདོད་དབང་གིས་དགོད་པར་བྱ། །དེ་ལ་འདིར་བཤད་པར་བྱ་བ་ལ་གསུམ། བདག་ཅག་གི་སྟོན་པའི་མཛད་པ་བཅུ་གཉིས་ཇི་ལྟར་མཛད་པ། བསྟན་པའི་གནས་ཚད། དེ་ལས་འཕྲོས་པའི་རྣམ་གཞག་བཤད་པའོ། །དང་པོ་ལའང་གསུམ། བསྐལ་པའི་རྣམ་གཞག །སྟོན་པས་དང་པོར་ཐུགས་བསྐྱེད་ཅིང་བར་དུ་ཚོགས་བསགས་ཚུལ། སངས་རྒྱས་ནས་མཛད་པ་བཅུ་གཉིས་བསྟན་ཚུལ་ལོ། །དང་པོ་ལ་གཟུགས་ཀྱི་བསྐལ་པའི་བར་གྱི་རྩོམ་གཞི་ནི་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག །དེ་བཞིན་དུ་ལྕགས་རྡུལ། ཆུ་རྡུལ། རི་བོང་གི་རྡུལ། ལུག་རྡུལ། གླང་རྡུལ། ཉི་ཟེར་རྡུལ། སྲོ་མ་དང་། ཤིག་དང་། སོར་ཚིགས་རྣམས་སྔ་མ་བདུན་འགྱུར་ལ་ཕྱི་མ་རེ་དང་། སོར་ཉེར་བཞི་ལ་ཁྲུ་གང་། དེ་བཞི་ལ་འདོམ་གང་། དེ་ལྔ་བརྒྱ་ལ་རྒྱང་གྲགས། དེ་བརྒྱད་ལ་དཔག་ཚད་གཅིག་འབྱུང་བ་ཡིན་ཏེ། །མཛོད་ལས། གཟུགས་མིང་དུས་མཐའ་རྡུལ་མིག་དང་། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་འདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་དང་། ལོ་ཟླ་ཞག་གསུམ་སོགས་དུས་ཀྱི་བསྐལ་པའི་རྩོམ་གཞི་ནི་འཆད་པ་ལྟར། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །ཞེས་པ་ནས། ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཞེས་པའི་བར་གྱིས་རྩོམ་གཞི་བཤད་ནས། བསྐལ་པ་རྣམ་པ་མང་བཤད་པ། །འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །འཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །དེ་ནས་ཡང་སྐྱེ་མར་བྲི་བའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང་། །ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །དེ་ལྟར་འཇིག་རྟེན་ཆགས་པ་འདི། །བར་གྱི་བསྐལ་པ་ཉི་ཤུར་གནས། །ཆགས་པ་དང་ནི་འཇིག་པ་དང་། །ཞིག་དང་འདུག་པ་དག་མཉམ་མོ། །དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །ཞེས་པས་བསྐལ་པའི་རྣམ་གཞག་འཆད་དེ། སྤྱིར་དག་པའི་ཞིང་གི་བསྐལ་པ་དང་། མ་དག་པའི་ཞིང་གི་བསྐལ་པ་གཉིས་ཡོད་ཀྱང་། འདིར་མ་དག་པའི་ཞིང་གི་བསྐལ་པའི་དབྱེ་བ་བཤད་པ་གཙོ་ཆེ་ལ། དེ་ལ་འཆགས་བསྐལ་གནས་བསྐལ། འཇིག་བསྐལ། ཞིག་ནས་སྟོང་པའི་བསྐལ་པ་དང་། གནས་བསྐལ་ནི་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་མར་འགྲིབ་པའི་མ་ཐོག་གཅིག་དང་། དེ་ནས་བརྒྱད་ཁྲིའི་བར་ཡར་སྐྱེ་མར་འགྲིབ་ཀྱི་བར་ཁུག་བཅོ་བརྒྱད་དང་། དེ་ནས་མཐར་བརྒྱད་ཁྲིའི་བར་ཡར་འཕེལ་བའི་ཡ་ཐོག་གཅིག་སྟེ་གནས་བསྐལ་ལ་བར་བསྐལ་ཉི་ཤུ། འཆགས་པ་ལ་ཉི་ཤུ། འཇིག་པ་ལ་ཉི་ཤུ། ཞིག་ནས་སྟོང་པའི་བསྐལ་པ་ལ་བར་བསྐལ་ཉི་ཤུ་སྟེ་དེ་བཞིའི་ཡུན་ཚད་མཉམ་པར་བཤད། བར་བསྐལ་ཉི་ཤུ་པོ་ཚན་པ་བཞི་ལ་བར་གྱི་བསྐལ་པ་བརྒྱད་ཅུ་འབྱུང་ཞིང་བརྒྱད་ཅུ་བསྡོམས་པའི་ཡུན་ལ་བསྐལ་པ་ཆེན་པོ་གཅིག་གོ་ཞེས་བསྟན་ཏེ་དོན་བསྡུས་པའོ། །སྤྱིར་བསྐལ་པ་ལ་སྒྲོན་བསྐལ་དང་། མུན་བསྐལ་གཉིས་ཡོད་པ་ལས། སངས་རྒྱས་དངོས་སུ་བྱོན་ནས་མཛད་པ་སྟོན་པ་ལ་སྒྲོན་བསྐལ་དང་། སངས་རྒྱས་ཀྱི་སྤྲུལ་པ་འབྱུང་ཡང་སངས་རྒྱས་དངོས་སུ་མི་འབྱོན་པའི་བསྐལ་པ་ལ་མུན་བསྐལ་ཞེས་བརྗོད་དོ། །བསྐལ་བཟང་ནས་ད་ལྟའི་བསྐལ་པ་འདི་སྒྲོན་བསྐལ་དང་། དེ་ནས་མུན་བསྐལ་བསྐལ་པ་ཆེན་པོ་བཅུ་དྲུག །དེ་ནས་སྒྲོན་བསྐལ་བསྙེན་པ་ཆེན་པོ་ལ་སངས་རྒྱས་ཁྲི། དེ་ནས་མུན་བསྐལ་ཁྲི། དེ་ནས་སྒྲོན་བསྐལ་བསྐལ་པ་སྐར་མ་ལྟ་བུ་ལ་སངས་རྒྱས་ཁྲིི། དེ་ནས་མུན་བསྐལ་སུམ་བརྒྱ། དེ་ནས་སྒྲོན་བསྐལ་ཡོན་ཏན་བཀོད་པ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་བར་བཤད་དེ། དེས་མཚོན་པས་གཞན་ཡང་མང་ངོ་། །བསྐལ་བཟང་ནས་བསྐལ་པ་འདི་ལ་སངས་རྒྱས་སྟོང་དང་གཉིས། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་སྟོང་། སྙིང་རྗེ་པད་དཀར་ལས་སྟོང་དང་ལྔའམ་དྲུག་འབྱུང་བར་བཤད་དོ། །གཉིས་པ་ནི། སྟོན་པས་དང་པོར་ཐུགས་བསྐྱེད་ཚུལ་ནི། དྲིན་ལན་བས བས་པའི་མདོ་ལས། སྟོན་པ་འདིས་སྔོན་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ་གྲོགས་ལ་དམིགས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཡང་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་པའི་ཚུལ་དང་། དེ་ལས་གཞན་དུ་བཤད་པ་ཡང་ཡོད་དོ། །ཚོགས་བསགས་ཚུལ་ནི། ཐུན་མོང་བ་ལྟར་ན། མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་འབྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་དང་། དེ་གྲངས་མེད་གསུམ་ལ་འཚང་རྒྱ། ཞེས་གསུངས་པ་ལྟར་སྟོན་པ་འདི་གཞོན་ནུ་བརྩོན་འགྲུས་སྤྱོད་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ནས་སངས་རྒྱས་གཙུག་ཏོར་ཅན་གྱི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་ཏེ་གྲངས་མེད་དང་པོའི་ཚོགས་བསགས། དེ་རྗེས་ཚོང་དཔོན་ཤེས་རབ་བཟང་དུ་གྱུར་པའི་དུས་སུ་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་ནས་མར་མེ་མཛད་ཀྱི་བར་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་གྲངས་མེད་གཉིས་པའི་ཚོགས་བསགས། གཞོན་ནུ་ཆོས་ཀྱི་སྤྲིན་དུ་གྱུར་པའི་ཚེ་སངས་རྒྱས་མར་མེ་མཛད་ནས་རྣམ་གཟིགས་ཀྱི་བར་བདུན་ཁྲི་བདུན་སྟོང་ལ་གྲངས་མེད་གསུམ་པའི་ཚོགས་བསགས་པར་བཤད་ཅིང་། བརྒྱད་སྟོང་འགྲེལ་ཆེན་ལས་ནི། ཐེག་ཆེན་གྱི་དབང་དུ་མཛད་དེ་ཚོགས་སྦྱོར་གཉིས་དང་ས་དང་པོ་ནས་གྲངས་མེད་དང་པོ། །གཉིས་པ་ནས་བདུན་པའི་བར་གྲངས་མེད་གཉིས་པ། དག་པ་ས་གསུམ་གྱི་སྐབས་སུ་གྲངས་མེད་གསུམ་པའི་ཚོགས་བསགས་ཞེས་གསུངས། ཐེག་དམན་ལྟར་ན་གྲངས་མེད་གསུམ་གྱི་ཚོགས་རྣམས་ནི་ཚོགས་ལམ་གྱི་སྐབས་ཁོ་ནར་རྫོགས་པར་འདོད་དེ། རྒྱལ་པོ་གཞོན་ནུ་དོན་གྲུབ་ཏུ་གྱུར་ཏེ་རབ་ཏུ་བྱུང་ནས་རྡོ་རྗེའི་གདན་དུ་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་གདན་ཐོག་གཅིག་ལ་མངོན་དུ་བྱས་པར་འདོད་པའི་ཕྱིར་ཏེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་གསུངས་པས་སོ། །ཐེག་ཆེན་ལྟར་ན་སྔར་བཤད་པ་བཞིན་གྲངས་མེད་གསུམ་དུ་ཚོགས་བསགས་པའི་མཐར་འོག་མིན་དུ་སངས་རྒྱས་དབང་པོའི་ཏོག་ཏུ་སངས་རྒྱས་པའི་སྤྲུལ་སྐུ་ནི་ལྷའི་བུ་དམ་པ་ཏོག་དཀར་དུ་བཤད་ཅིང་། ཁ་ཅིག་ཏུ་ལོངས་སྐུ་རྣམ་པར་སྣང་མཛད་གངས་ཅན་མཚོར་སངས་རྒྱས་པར་བཤད་དེ་ཚུལ་གཉིས་ཡོད་ལ། གྲངས་མེད་གསུམ་གྱི་ཁྱད་པར་འོག་ཏུ་འཆད་དོ། །གསུམ་པ་ནི། ལང་གཤེགས་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་འབྱུང་བ་ལྟར་སྔོན་ལ་འོག་མིན་དུ་ལོངས་སྐུར་སངས་རྒྱས་ནས་དེ་རྗེས་ཆོས་སྐུ་ལས་མ་གཡོས་པར་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་རིམ་གྱིས་སྟོན་པ་ཡིན་ཏེ། རྗེ་བཙུན་བྱམས་མགོན་གྱིས་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདས་པར་གཤེགས་མཛད་ནས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་ཤིང་། ཚིག་རྐང་ཕྱི་མ་གཉིས་ཀྱིས་དེ་ལྟ་བུའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ནི་ལན་གཅིག་ཙམ་མ་ཡིན་པར་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་ཡང་ཡང་སྟོན་པར་བཤད་དོ། །དེ་ཡང་དམ་པ་ཏོག་དཀར་གཅིག་ཙམ་མིན་གྱི། དགའ་ལྡན་བྱེ་བ་ཕྲག་བརྒྱ་ནས་དམ་པ་ཏོག་དཀར་ཡང་དེ་སྐད་ཅིག་གིས་འཛམ་བུའི་གླིང་བྱེ་བ་བརྒྱར་འཕོ་བ་ལ་སོགས་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ཡིན་ཞིང་། དེ་ལ་སྟོང་གསུམ་གྱི་རྣམ་གཞག་ཤེས་དགོས་ཏེ། སྟོང་གསུམ་ནི། མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་འབྱུང་བ་ལྟར་ཡིན་ལ་དེ་ལྟ་བུའི་སྟོང་གསུམ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམས་མཚམས་སྦྱོར། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱུད་གཅིག །དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱུད་བར་མ། དེ་ཕྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམས་རྒྱ་མཚོ་སྟེ་དེ་ནི་གཞི་སྙིང་མེ་ཏོག་གིས་བརྒྱན་པའི་ལོངས་སྐུའི་ཞིང་གཅིག་གི་བཀོད་པ་ཕལ་ཆེན་ལས་བཤད་དོ། །དེ་ལྟ་བུའི་མཛད་པ་བཅུ་གཉིས་བཤད་པ་ལ་མདོར་བསྟན་རྒྱས་གཉིས་ལས། དང་པོ་ནི། འཕོ་བ་དང་། ལྷུམས་སུ་ཞུགས་པ་དང་། བལྟམས་པ་དང་། བཙུན་མོའི་འཁོར་གྱིས་རོལ་བ་དང་། བཟོའི་གནས་ལ་མཁས་པ་དང་། ངེས་པར་འབྱུང་བ་དང་། དཀར་བ་སྤྱད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་སྡེ་བཅོམས་པ་དང་། རྫོགས་སངས་རྒྱས་པ་དང་། ཆོས་འཁོར་བསྐོར་བ་དང་། མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་རྣམས་སོ། །གལ་ཏེ་བྱམས་པའི་གསུང་ལས། སྐྱེ་བ་མངོན་པར་སྐྱེ་བ་དང་། །ཞེས་འབྱུང་བས་སྐྱེ་བ་མངོན་པར་སྐྱེ་བ་ཐོག་མར་འདྲེན་རིགས་སོ་སྙམ་ན། སྐྱོན་མེད་དེ། དེ་བཅུ་གཉིས་སུ་འདྲེན་པའི་ཚུལ་ཡོད་ཀྱང་སྐབས་འདིར་འདྲེན་མི་དགོས་པའི་ཕྱིར་ཏེ། དེ་ནི་འཕོ་བའི་མཛད་པ་ལ་སོགས་པ་འབྱུང་བའི་གཞི་སྟོན་པའི་ཆེད་དུ་གསུངས་པ་ཙམ་ཡིན་གྱི། དེ་འདྲེན་ན་བཅུ་གཉིས་ལས་ལྷག་པའི་སྐྱོན་སོགས་འབྱུང་བའི་ཕྱིར་རོ། །གཉིས་པ་སོ་སོར་བཤད་པ་ལ་བཅུ་གཉིས་ཀྱི་དང་པོ་འཕོ་བའི་མཛད་པ་ནི། དམ་པ་ཏོག་དཀར་དེ་ཉིད་ཀྱིས་དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་སྟོན་ཅིང་བཞུགས་པ་ན། སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱི་ལྷའི་སིལ་སྙན་ལས། བསོད་ནམས་རྒྱ་ཆེན་ཚོགས་མང་དྲན་རྟོགས་ཤིང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པ་མཛོད། །ཅེས་བསྐུལ་བ་ལ་བརྟེན་ནས་དགའ་ལྡན་ནས་ཡུལ་འཛམ་བུའི་གླིང་། རིགས་རྒྱལ་རིགས། རུས་བུ་རམ་ཤིང་པ། ཡུམ་སྒྱུ་མ་ལྷ་མཛེས། དུས་སྙིགས་མ་ལྔ་བདོ་བ་ལྔ་ལ་གཟིགས་ནས་འཕོ་བར་དགོངས་སོ། །སྙིགས་མ་ལྔ་ནི། དུས་སྙིགས་མ། ཚེ་སྙིགས་མ། ལྟ་བ་སྙིགས་མ། ཉོན་མོངས་སྙིགས་མ། སེམས་ཅན་སྙིགས་མ་སྟེ་ལྔའོ། །དེའི་ཚེ་ལྷ་རྣམས་ཀྱིས་ད་ལྟ་འཛམ་གླིང་ན་རྫོགས་བྱེད་སོགས་རྟོག་གེ་བ་དྲུག །བྲམ་ཟེ་རྒྱུ་རྒྱལ་སོགས་རྗེས་སུ་སྒྲོགས་པ་དྲུག །རེངས་བྱེད་ཀྱི་བུ་སོགས་སྙོམས་པར་འཇུག་པ་དྲུག་གིས་སེམས་ཅན་གྱི་རྒྱུད་མ་རུང་བར་བྱས་པས་འཕོ་བའི་དུས་མིན་ནོ་ཞེས་ཞུས་ཀྱང་མ་གསན་པར་ཆོས་བསྟན་ཏེ། མི་ཕམ་པའི་སྤྱི་བོར་ཅོད་པན་བཅིངས་ནས་གྲོགས་པོ་དག །ཁྱེད་རྣམས་ལ་མི་ཕམ་པས་ཆོས་སྟོན་པར་འགྱུར་གྱི་བག་ཡོད་པར་སྤྱོད་ཅིག །ཁོ་བོ་ནི་འཛམ་བུའི་གླིང་གི་གདུལ་བྱ་འདུལ་བའི་དུས་ལ་བབ་སྟེ་ཞེས་སོགས་གསུངས་ནས་གླང་པོ་ཆེའི་གཟུགས་ཀྱིས་འཕོ་བར་མཛད་དོ། །གཉིས་པ་ལྷུམས་སུ་ཞུགས་པ་ནི། བཞེད་པ་མི་འདྲ་བ་མང་ཡང་ཕུག་པ་ཡབ་སྲས་ཀྱིས་དྷྲུ་བ་ཡར་ལོག་སོགས་ཀྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་པ་ལྟར་ན། སྟོན་པ་འདིས་ས་ལུག་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ལ་གླང་ཆེན་ཐལ་དཀར་གྱི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས་སོ། །ཞུགས་མ་ཐག་ཏུ་ཡུམ་གྱིི་དཀུ་གཡས་སུ་ཙནྡན་སྤྲུལ་སྙིང་གི་ཁང་བརྩེགས་གྲུ་བཞི་པ་རིམ་པ་གསུམ་པ་ཡིད་དུ་འོང་བའི་ནང་དུ་ཁྲི་ལ་ད་ལྟའི་བྱིས་པ་ལོ་དྲུག་ལོན་པ་ཙམ་གྱི་ཚད་ལྟར་བཞུགས་ནས་མཐོང་ཚུལ་དང་མཛད་པ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་ཏོ། །གསུམ་པ་སྐུ་བལྟམས་པ་ལ། ས་སྐྱ་པཎ་ཆེན་དང་བུ་སྟོན་སོགས་མཁས་པ་སྔོན་མ་དུ་མས་བཤད་ཚུལ་མི་མཐུན་པ་བྱུང་སྟེ། དེ་ཡང་ས་གླང་། ཤིང་གླང་། ས་འབྲུག །ཤིང་བྱི། མེ་ཡོས་སོགས་ལ་སྐུ་བལྟམས་ཞེས་པ་ཞེད་ཚུལ་མི་འདྲ་བ་མང་ཡང་། རྣམ་པར་དག་པ་ནི་ཕུག་ལུགས་ཏེ་ལྷུམས་སུ་ཟླ་བ་བཅུ་བཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ལ་སྐྱེད་མོས་ཚལ་དུ་སྐར་མ་རྒྱལ་གྱི་ཚེ་ཡུམ་གྱི་རྩིབ་ལོགས་གཡས་ནས་བལྟས་བཟང་པོ་དུ་མ་དང་བཅས་ནས་བལྟམས་སོ། །དེའི་ཚེ་བཞུགས་གནས་ཁང་བརྩེགས་གྲུ་བཞི་པ་དེ་ཚངས་པས་ལྷ་གནས་སུ་འཁྱེར། ཚངས་པ་དང་། བརྒྱ་བྱིན་སོགས་དང་། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགས་ཁྲུས་གསོལ། བཙས་མ་ཐག་ཏུ་ཕྱོགས་བཞི་དང་སྟེང་འོག་ཏུ་གོམ་པ་བདུན་བདུན་བོར་བ་ན་པདྨ་དུ་མ་སྐྱེས་པས། ལུམ་བིའི་ཚལ་དེར་པདྨ་སྤུངས་པའི་མཆོད་རྟེན་བརྩིགས། བཙས་པའི་ཚེ་དགོས་པའི་དོན་མང་པོ་བྱུང་བས་རྒྱལ་པོས་གཞོན་ནུ་འདི་བཙས་པ་ན་བདག་གི་དོན་དུ་མ་གྲུབ་པས་མཚན་གཞོན་ནུ་དོན་གྲུབ་ཏུ་གསོལ། མཚན་མཁན་རྣམས་ཀྱིས་འདི་ཁྱིམ་དུ་གནས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་ཞེས་ལུང་བསྟན། བཙས་ནས་ཞག་བདུན་གྱི་ཐོག་དགོས་པའི་དབང་གི་ཡུམ་འདས་ནས་ལྷར་སྐྱེས། དེ་ནས་སྲི་མོ་སྒྱུ་འཕྲུལ་མ་ལ་གཏད་ནས་མ་མ་རྣམས་དང་ལྷན་ཅིག་བསྐྱངས། ཤཱཀྱའི་རིགས་རྣམས་ཀྱི་ནང་དུ་ཐུབ་པ་བཞིན་དུ་གནས་པས་ཤཱཀྱ་ཐུབ་པ་ཞེས་བསྔགས། གནོད་སྦྱིན་ཤཱཀྱ་འཕེལ་དང་འཇིག་རྟེན་སྐྱོང་བ་བཞི་སོགས་ལྷ་རྣམས་ཀྱིས་ཕྱག་བྱས་པས་ལྷའི་ལྷ་ཞེས་མཚན་གསོལ། །བཞི་པ་བཟོ་གནས་ལ་མཁས་པའི་རོལ་རྩེད་ནི། དེ་ནས་ཅུང་ཟད་ནར་སོན་པ་ན་ཡིག་རིགས་དང་རོལ་རྩེད་གཞན་སློབ་པའི་ཚེ། ཡི་གེའི་སློབ་དཔོན་གྱིས་ཡིག་རིགས་མི་འདྲ་བ་དུ་མ་བྲིས་ཏེ་ཕུལ་བ་ན་དེ་དག་རྣམས་ངེས་ཤེས་ཀྱི། པདྨའི་སྙིང་པོ་སོགས་ཡིག་རིགས་དྲུག་ཅུ་རྩ་བཞི་པོ་གང་སློབ་ཅེས་གསུངས་པས། ཡི་གེའི་སློབ་དཔོན་གྱིས་དེའི་མིང་ཙམ་ཡང་མ་ཤེས་ལ། བྱང་ཆུབ་སེམས་དཔས་ཡི་གེ་དེ་རྣམས་ནི་འདི་དང་འདིའོ་ཞེས་ཕར་བསྟན་པས་ཐམས་ཅད་ངོ་མཚར་དུ་སྐྱེས་ཏེ་སྐྱེ་བོ་ཁྲི་ཕྲག་སྨིན་པར་བྱས། དེ་བཞིན་དུ་མདའ་འཕེན་པ་དང་། མཆོང་བ་དང་། བང་། རྟ་རྒྱུག །ཆུ་ལ་སྐྱལ་བ། གླང་པོ་ཆེ་འདུལ་བ། སྟོབས་བརྒལ་བ་ལ་སོགས་པའི་སྒྱུ་རྩལ་རྣམས་སློབ་པའི་ཚུལ་བསྟན། ཡིག་རིགས་རྣམས་དང་སྒྱུ་རྩལ་གྱི་དབྱེ་བ་འོག་ཏུ་འཆད་དོ། །ལྔ་པ་བཙུན་མོའི་འཁོར་དུ་བཞུགས་པའི་མཛད་པ་ནི། དགུང་ལོ་བཅུ་དྲུག་ལོན་པའི་ཚེ་གཞན་དག་གིས་གཞོན་ནུ་ལ་བཙུན་མོ་བླང་བར་རིགས་སོ་ཞེས་གསོལ་བ་ལ་བརྟེན་ནས། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་གྲགས་འཛིན་མ་དང་། ས་འཚོ་མ་དང་། རི་དྭགས་སྐྱེས་མ་སོགས་བཙུན་མོའི་ཚོགས་བཞེས། འགའ་ཞིག་ཏུ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མར་བཤད་པ་ཡང་སྣང་སྟེ་དཔྱད་དགོས་པར་འདུག །གཞུང་ཆེ་བ་དུ་མ་ནས་དེའི་བུ་མོ་གྲགས་འཛིན་མར་བཤད་ཅིང་། མདའ་འཕེན་སོགས་སྒྱུ་རྩལ་རྣམས་ལ་འགྲན་པར་བྱས་པས་གང་བཟང་ཞིང་ལྷག་པ་དེ་ལ་རྒྱལ་བའི་རུ་མཚོན་དུ་དེ་བཙུན་མོར་སྟེར་བར་བཅས་པ་ན། དེ་ཐམས་ཅད་ལ་གཞོན་ནུ་ཆེས་ཁྱད་པར་དུ་འཕགས་ཤིང་སུས་ཀྱང་འགྲན་མ་ནུས་པས། གཞོན་ནུས་ཐོབ་སྟེ་བཙུན་མོའི་ཚོགས་དང་ལྷན་ཅིག་ཏུ་དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་བཞུགས་ནས་གཞན་མང་པོ་སྨིན་པར་མཛད། གཞོན་ནུ་རང་འདོད་ཆགས་དང་བྲལ་ཡང་བཙུན་མོ་དེ་དག་ལས་གང་འདོད་ཆགས་ཀྱིིས་གདུངས་པ་ན། གཞོན་ནུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་ཞུགས་ནས་རང་འདྲ་གཉིས་པ་རེ་སྤྲུལ་ཏེ་བཙུན་མོ་དེ་དང་དེ་ལ་དགའ་མགུར་སྤྱད་ནས་འདོད་པ་རྫོགས་པར་མཛད། དེ་རྣམས་ནི་ཁྱིམ་པའི་ཚུལ་བསྟན་པའི་མཛད་པའོ། །དྲུག་པ་ངེས་པར་འབྱུང་བ་རབ་ཏུ་བྱུང་བའི་མཛད་པ་ནི། དགུང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས་པའི་མཐར། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་མཐུས་ལྷའི་སིལ་སྙན་གྱི་སྒྲ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །ཞེས་སོགས་ཀྱི་ཚིགས་སུ་བཅད་པས་རབ་ཏུ་འབྱུང་བར་བསྐུལ་ཞིང་། །གྲོང་ཁྱེར་སེར་སྐྱའི་ཤར་སྒོར་རྒས་པའི་སྡུག་བསྔལ་གྱིས་གཟིར་བ། ལྷོ་སྒོར་ན་བ། ནུབ་སྒོར་འཆི་བའི་སྡུག་བསྔལ་དང་། བྱང་སྒོར་དགེ་སློང་ངུར་སྨྲིག་གྱོན་པ་རྣམས་གཟིགས་པས་རྐྱེན་བྱས་ཏེ་ཡབ་ལ་རབ་ཏུ་འབྱུང་བར་ཞུས་པའི་ཚེ་མི་གནང་བར་གྲོང་ཁྱེར་སེར་སྐྱའི་མཐའ་དམག་གིས་བསྐོར་ནས་བསྲུངས། ཡང་ཡབ་ཀྱི་དྲུང་དུ་སོང་ནས་ཞུས་པས་རྒྱལ་པོས་བུ་འདིར་འདུག་ན་བདག་ཅག་ལ་ཕན་ཐོགས་པར་འགྱུར་བས་ཁྱེད་ལ་དགོས་པའི་དམ་པ་སློངས་ཤིང་ཅེས་སྨྲས་པས། ཡབ་རྒ་ནད་རྒུད་འཆི་ལས་ཐར་པའི་དམ་པ་ཞུ་ཞེས་གསོལ་བ་ན། ཡབ་ཀྱིས་དེ་མི་ནུས་ཀྱི་དམ་པ་གཞན་གསོལ་ཅིག །ཡབ་འདི་ནས་ཉིང་མཚམས་མི་སྦྱོར་བར་མཛོད་ཅིག་ཅེས་ཞུས་པས། རྒྱལ་པོས་ཁྱེད་ཀྱི་བསམ་པ་རྫོགས་པར་གྱུར་ཅིག་གསུངས་ནས་གནང་ངོ་། །དེ་ནས་རབ་ཏུ་འབྱུང་ཁར་གྲགས་འཛིན་མའི་མངལ་དུ་སྤྲུལ་པའི་སྲས་ཀྱི་ས་བོན་བཞག་ན ས་ཉེར་དགུ་པ་ས་བྱི་ལོར་ནམ་ཕྱེད་ན་རྟ་བསྔགས་ལྡན་ལ་བཅིབས་ཏེ། རྨིག་པ་ལྷའི་བུས་བཏེག་ཅིང་ལྷ་རྣམས་ཀྱིས་བསྐོོར་ནས་ཁྱིམ་ནས་བྱུང་སྟེ་ནམ་མཁར་འཕགས་ཤིང་། ཤར་ཕྱོགས་སུ་དཔག་ཚད་བཅུ་གཉིས་འདས་པ་ཡངས་པ་ཅན་གྱི་མཆོད་རྟེན་རྣམ་དག་གི་དྲུང་དུ་ཆིབས་ལས་བབས་ཏེ་རྒྱན་རྣམས་བཀྲོལ། དབུ་སྐྲ་དང་གཙུག་ཕུད་བཅད་ནས་རབ་ཏུ་བྱུང་། གཙུག་ཕུད་དང་གོས་རྒྱན་བརྒྱ་བྱིན་གྱིས་ལྷ་གནས་སུ་ཁྱེར་ནས་དུས་སྟོན་བཙུགས། བརྒྱ་བྱིན་གྱིས་གོས་ངུར་སྨྲིག་ཕུལ་བ་གསོལ་ཞིང་དེར་ངུར་སྨྲིག་བླངས་པའི་མཆོད་རྟེན་ཡང་བགྱིས་སོ། །བདུན་པ་དཀའ་བ་སྤྱད་པའི་མཛད་པ་ནི། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་འབྲུ་ཉག་གཅིག་དང་ཆུ་ཐིག་གཅིག་གསོལ་བ་དང་རྐང་པ་ཡ་གཅིག་གིས་འགྲེང་བ་སོགས་དཀའ་སྤྱད་ལོ་དྲུག་ཏུ་མཛད་ཅིང་། མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་བསམ་གཏན་གྱི་ཕར་ཕྱིན་རྫོགས་པའི་ཚུལ་བསྟན། དེའི་དུས་སུ་བྱང་ཆུབ་སེམས་དཔའི་ལུས་བསྐམས་ཤིང་ཤི་བ་དང་འདྲ་བར་རྒྱལ་པོ་དང་བཙུན་མོའི་ཚོགས་རྣམས་ཀྱིས་མཐོང་ནས་མྱ་ངན་བྱས་པས། གཞོན་ནུ་ཏིང་ངེ་འཛིན་ལས་ལངས་ནས་མི་འཆི་བར་ཞལ་གྱིས་བཞེས་ཏེ་དབུགས་དབྱུང་། གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་སྟོང་གི་འོ་མས་བསྙེན་བཀུར་བྱས་པས་སྐུ་གསེར་གྱི་མདོག་ལྟ་བུར་གྱུར་ཏོ། །བརྒྱད་པ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པའི་མཛད་པ་ནི། དགུང་ལོ་སོ་ལྔ་པ་ཤིང་རྟ་ལ་བབས་པའི་ཚེ། རྡོ་རྗེའི་གདན་དུ་གཤེགས་ནས་རྩྭ་འཚོང་བཀྲ་ཤིས་ལ་རྩྭ་ཟོར་བ་བཞེས་ཏེ་རྡོ་རྗེའི་གདན་གྱི་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་བཏིང་བ་དེ་ལ་རྡོ་རྗེའི་སྐྱིལ་ཀྲུང་བཅས་ནས་བཞུགས་ཏེ། སྟན་འདིར་བདག་གི་ལུས་ནི་བསྐམས་ཀྱང་རུང་། །ཞེས་སོགས་ཀྱི་དམ་བཅའ་མཛད་དོ། །དགུ་པ་བདུད་བཏུལ་བའི་མཛད་པ་ནི། རྗེས་འཇུག་གི་གདུལ་བྱ་རྣམས་འབྲས་བུ་ཁྱད་པར་ཅན་མངོན་དུ་བྱེད་པ་ལ་བར་ཆད་སྣ་ཚོགས་འབྱུང་ཞིང་དེ་དག་གིས་མི་ཚུགས་པར་ལམ་མཐར་ཕྱིན་པར་བྱེད་དགོས་སོ་ཞེས་ཤེས་པ་དང་། ཡེ་ཤེས་ཀྱི་ནུས་པ་དང་སྟོབས་ཀྱི་ཆེ་བ་སྟོན་པ་སོགས་ཀྱི་ཆེད་དུ་སྨིན་མཚམས་ན་འོད་ཟེར་བཀྱེ་སྟེ། ཕྱོགས་ཀུན་སྣང་བར་བྱས་ཤིང་བདུད་ཀྱི་གཞལ་མེད་ཁང་ཐམས་ཅད་མོག་མོག་པོར་བྱས། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་ཤེས་ནས་རང་འཁོར་དང་བཅས་པའི་དཔུང་གི་ཚོགས་ཐམས་ཅད་བྱང་ཆུབ་སེམས་དཔའི་དྲུང་དུ་ལྷགས་ཏེ། རི་བྲག་མདའ་མདུང་རྡོ་ཆར་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པ་འཕངས་པ་རྣམས་མེ་ཏོག་གི་ཆར་དུ་བསྒྱུར། ཡང་བདུད་ཀྱི་བུ་མོ་གསུམ་གྱིས་གཡོ་སྒྱུས་བསླུ་བའི་ཐབས་བྱས་པའི་ཚེ་དེ་གསུམ་རྒན་མོའི་གཟུགས་སུ་བསྒྱུར། བདུད་ཀྱིས་བསོད་ནམས་འདི་ཙམ་གྱིས་སངས་རྒྱས་ཐོབ་མི་ནུས་སོ་ཞེས་སྨྲས་པ་ན། བྱང་ཆུབ་སེམས་དཔས་ཁྱོད་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་བྱས་པས་འདོད་པའི་དབང་ཕྱུག་ཐོབ་ན། ཁོ་བོས་དེ་ལྟ་བུ་གྲངས་མེད་བྱས་པས་སངས་རྒྱས་ཐོབ་མི་དཀའོ་གསུངས་པའི་ཚེ། །བདུད་ཀྱིས་ངའི་དེ་ལ་ཁྱོད་དཔང་པོ་ཡིན་ན། ཁྱོད་ཀྱི་དེ་ལ་དཔང་པོ་གང་ཡོད་སྨྲས་པ་ན། བྱང་ཆུབ་སེམས་དཔས་ཕྱག་ས་ལ་བཞག་སྟེ་དཔང་གསོལ་བས་སའི་ལྷ་མོ་བརྟན་མས་འོག་ནས་ཐོན་ཏེ་ཐལ་མོ་སྦྱར་ནས་སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ་ཞེས་སོགས་བརྗོད་དེ་དཔང་པོར་ཁས་བླངས། དེ་ནས་བྱང་ཆུབ་སེམས་དཔས་བྱམས་པའི་ཏིང་ངེ་འཛིན་གྱིས་བདུད་ཀྱི་རྒྱུད་བྱིན་གྱིས་བརླབས་པ་ལ་བརྟེན་ནས། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ་ཞེས་སོགས་ཀྱིས་བསྟོད་ཅིང་འདུད་པར་བྱས་སོ། །དེ་རྣམས་ནི་སློབ་པའི་ཚུལ་བསྟན་པའི་མཛད་པའོ། །དགུང་ལོ་སོ་ལྔ་པ་ཤིང་རྟ་ས་གའི་ཚེས་བཅོ་ལྔའི་ཐོ་རངས་སྐྱ་རེངས་འཆར་བའི་ཚེ། ཟླ་བ་ལ་སྒྲ་གཅན་ཞུགས་པ་དང་དུ་མཚུངས་སུ་མཆོག་གི་སྤྲུལ་པའི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་སྟེ་བླ་ན་མེད་པའི་ཡེ་ཤེས་གསར་དུ་བརྙེས་པའི་ཚུལ་བསྟན། དེའི་ཚེ་གྲགས་འཛིན་མ་ལས་སྲས་བལྟམས་ཤིང་གནས་དེར་མངོན་པར་བྱང་ཆུབ་པའི་མཆོད་རྟེན་བརྩིགས། འགའ་ཞིག་ཏུ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག །ཐོ་རངས་མངོན་སངས་རྒྱས་ཞེས་འབྱུང་ཞིང་། གཞན་དུ་བདུད་འདུལ་བའི་འགོ་སྔར་བརྩམས་ནས་སྲོད་ལ་བཏུལ་ཟིན་པ་དང་། ནམ་སྲོད་ལ་བསམ་གཏན་བཞི་དང་། གུང་ལ་མངོན་ཤེས་ལྔ་བསྐྱེད་ཅེས་འབྱུང་ཡང་དོན་ལ་ཐམས་ཅད་ཀྱང་ཚུལ་བསྟན་པའོ། །བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། སངས་རྒྱས་ནས་བདུན་ཕྲག་བདུན་གྱི་བར་ཆོས་མི་གསུང་བར་བཏང་སྙོམས་སུ་བཞུགས་ཤིང་། དེ་ཡང་བདུན་ཕྲག་དང་པོ་ལ་བྱང་ཆུབ་ཤིང་དྲུང་དུ་བཞུགས་པ་ལ་ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད། གཉིས་པ་ལ་སྟོང་གསུམ་རིང་དུ་འཆག །གསུམ་པ་ལ་བྱང་ཆུབ་ཀྱི་ཤིང་ལ་སྤྱན་མི་འཛུམ་པར་གཟིགས། བཞི་པ་ལ་ཤར་ནུབ་ཀྱི་རྒྱ་མཚོའི་བར་དུ་འཆག །ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་བྱོན། དྲུག་པ་ལ་ཤིང་ན་གྲོ་དྷའི་དྲུང་དུ་བཞུགས། བདུན་པ་ལ་ཤིང་སྒྲོལ་གྱི་དྲུང་དུ་བཞུགས། དེའི་མཐར་ཚོང་དཔོན་ག་གོན་དང་བཟང་སྐྱོང་ལ་ལྷའི་བཀྲ་ཤིས་དོན་གྲུབ་ཅིང་ཞེས་སོགས་བཀྲ་ཤིས་ཚིགས་བཅད་གསུངས། རྒྱ་ཆེར་རོལ་པར་སངས་རྒྱས་ནས་ཐོག་མར། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །ཞེས་སོགས་ཀྱི་ཚིགས་བཅད་འདི་གསུངས་པར་བཤད། དེ་ནི་ཐུན་མོང་བའི་ལུགས་ལྟར་ཡིན་ལ། ཐུན་མོང་མ་ཡིན་པའི་ལུགས་སུ་གནས་དེར་རྣམ་སྣང་གངས་ཅན་མཚོའི་རྣམ་པར་བཞུགས་ཏེ། ཀུན་ཏུ་བཟང་པོ་སོགས་བྱང་ཆུབ་སེམས་དཔའ་མང་པོ་འདུས་ནས་སངས་རྒྱས་ཕལ་པོ་ཆེ་གསུངས་པར་བཤད་ཅིང་། སྔགས་ཀྱི་སྐོར་འགའ་ཞིག་ཀྱང་གསུངས། བདུན་ཕྲག་བདུན་གྱི་མཐར། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་སོགས་གསུངས་ནས་ཆོས་མི་སྟོན་པ་ལྟར་བཞུགས་པ་ན། ཚངས་པ་གཙུག་ཕུད་ཅན་འཁོར་དང་བཅས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་། བརྒྱ་བྱིན་གྱིས་ཀྱང་གསེར་གྱི་མཎྜལ་དཔག་ཚད་ལྔ་བཅུ་ཡོད་པ་ཕུལ་ཏེ་བསྐུལ་བའི་རྐྱེན་གྱིས་ཝཱ་རཱ་ཎ་སཱིར་བྱོན་ནས་ལྔ་སྡེ་དང་འཕྲད་པ་ན་ལྔ་སྡེས་བཀུར་སྟི་མི་བྱེད་པའི་ཁྲིམས་བཅས་ཀྱང་སྟོན་པའི་གཟི་བརྗིད་མ་བཟོད་ནས་བཀུར་སྟི་བྱས་ཤིང་དེ་དག་ལ་ཆོས་བསྟན། དེ་ནས་ཤིང་རྟའི་ཆུ་སྟོད་ཟླ་བའི་ཚེས་བཞིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཀྱི་ཕྱོགས་གང་དུ་ཆོས་འཁོར་བསྐོར་བར་བཞེད་པ་ན་དེར་རིན་པོ་ཆེའི་ཁྲི་བདུན་སྟོང་བྱུང་ཞིང་སངས་རྒྱས་སྟོང་གི་ཁྲི་ཡང་སྣང་བའི་དང་པོ་གསུམ་ལ་བསྐོར་བ་བྱས། བཞི་པའི་སྟེང་དུ་བཞུགས་ནས་ལྔ་སྡེ་ལ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། དེའི་ཚེ་སྔོན་དུ་ཀཽ་དི་ནྱས་དགྲ་བཅོམ་ཐོབ་ཅིང་། དེ་ནས་རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་བཞིས་ཀྱང་དགྲ་བཅོམ་ཐོབ། ལྷ་མི་ཁྲི་ཕྲག་མང་པོས་བདེན་པ་མཐོང་། དེ་ནས་བྱ་རྒོད་ཕུང་རི་སོགས་སུ་མཚན་ཉིད་མེད་པའི་ཆོས་འཁོར་དང་། ཡངས་པ་ཅན་དུ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་ཞིང་། བར་བར་དུ་ཡུལ་གཞན་དང་ཕྱོགས་གཞན་དག་ཏུ་བྱོན་ནས་མདོ་སྔགས་ཀྱི་ཆོས་གཞན་དུ་མ་གསུངས། མདོར་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་ནས་གདུལ་བྱ་རིགས་ཅན་གསུམ་ལ་སོགས་པ་སྨིན་གྲོལ་གྱི་ལམ་ལ་བཀོད། གཞན་ཡང་ཆོ་འཕྲུལ་ཆེན་པོའི་སྐོར་རྒྱས་པར་ནི་མདོ་འཛངས་བླུན་ནས་འབྱུང་བ་བཞིན་ཤེས་པར་བྱ་ཞིང་། ཆོ་འཕྲུལ་བསྟན་པའི་དུས་ནི་དགུང་ལོ་ང་དྲུག་པ་ཤིང་ཡོས་ཟླ་བ་དང་པོ་དང་། ལྷ་བ བ་ནི་དགུང་ལོ་ང་བདུན་པ་མེ་འབྲུག་དབྱུག་ཟླའི་ཉེར་ལྔ་ལ་བསྟན་ཏེ་བཞེད་ཚུལ་མི་འདྲ་བའང་ཡོད་དོ། །བཅུ་གཉིས་པ་མྱ་ངན་ལས་འདས་པའི་མཛད་པ་ནི། དེ་ལྟར་སངས་རྒྱས་ནས་ལོ་བཞི་བཅུ་རྩ་བདུན་ངོ་མཐོང་གི་བར་དུ་ཆོས་འཁོར་བསྐོར་ནས་གྱ་གཅིག་པ་ལྕགས་འབྲུག་ས་གའི་ཚེས་བཅོ་ལྔ་ལ་གྱད་ཡུལ་རྩྭ་མཆོག་གྲོང་ཤིང་སཱ་ལ་ཟུང་གི་ཚུལ་དུ་གཟུགས་སྐུའི་བཀོད་པ་བསྡུས་ནས་མྱ་ངན ལས་འདས་པའི་ཚུལ་བསྟན་ཏོ། །དེ་ནི་འཁྲུལ་མེད་ཕུག་པའི་ལུགས་ལྟར་བཤད་ཀྱི། གཞན་གོང་དུ་བརྗོད་པ་ལྟར་འཁྲུངས་པའི་དུས་ལ་བཞེད་པ་མི་འདྲ་བ་འབྱུང་བ་ལྟར་གཤེགས་ལོ་ཡང་མེ་རྟ། ཤིང་སྤྲེལ། མེ་ཕག །ཆུ་ལུག །མེ་ཁྱི་ལ་གཤེགས་པ་སོགས་བཞེད་པ་མི་འདྲ་བ་དུ་མ་དང་། དེ་ཡང་དགུང་ལོ་བརྒྱད་ཅུའི་ཐོག་གཤེགས་པར་བཞེད་པ་མང་ངོ་། །དེ་ཡང་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་རྟག་འཛིན་ཅན་རྣམས་མི་རྟག་པའི་ཆོས་ལ་བསྐུལ་བའི་ཆེད་གཟུགས་སྐུའི་སྣང་བ་གདུལ་བྱ་དམན་པའི་སྣང་ངོར་བསྡུས་ཏེ་མི་སྣང་བར་བསྟན་པ་ཙམ་ཡིན་གྱི། དོན་ལ་ནི་སངས་རྒྱས་མྱ་ངན་ལས་འདའ་བ་མེད་དེ། གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། །ཐབས་ཀྱིས་མྱ་ངན་འདའ་བར་སྟོན། །ཞེས་གསུངས་པ་སོགས་མང་ངོ་། །གཞན་ཡང་གསེར་འོད་ལས་སངས་རྒྱས་མྱ་ངན་ལས་འདའ་ཚུལ་སྟོན་པ་ལ་ནི་དགོངས་པ་རྣམ་པ་བཅུ་ཡོད་པར་བཤད་ཅིང་། སངས་རྒྱས་དང་འཕྲད་དཀའ་ཞིང་དཀོན་པར་བསྟན་པ་དང་། རིང་བསྲེལ་གྱི་སྒོ་ནས་སེམས་ཅན་མང་པོའི་དོན་བྱེད་པར་འགྱུར་བ་ལའང་དགོངས་སོ། །མྱ་ངན་ལས་འདས་པའི་ཚེ་སྤྲུལ་པའི་རིང་བསྲེལ་ཤིན་ཏུ་མང་པོ་ཞིག་བྱོན་ཅིང་རིང་བསྲེལ་གྱི་ཆེད་དུ་རྩོད་པ་བྱུང་བ་ན་འཇམ་དཔལ་གྱི་སྤྲུལ་པའི་བྲམ་ཟེ་ཞིག་གིས་གདུང་ཆ་བརྒྱད་དུ་བགོས་ཏེ། རྩྭ་ཅན་གྱི་གྱད། སྡིག་པ་ཅན་གྱི་གྱད། རྒྱལ་རིགས་བུ་ལུག །སྒྲ་སྒྲོགས་རྒྱལ་པོ། ཁྱབ་འཇུག་གླིང་གི་བྲམ་ཟེ། ཤཱཀྱའི་རིགས། ལི་ཙ་བྱི་རྣམས་དང་། མ་སྐྱེས་དགྲ་སོགས་ལ་སོ་སོར་བྱིན་པས་རྩོད་པ་ཞི། དེ་རྣམས་ཀྱིས་སྐུ་གདུང་གི་མཆོད་རྟེན་རེ་རེ་བརྩིགས་ཤིང་གཞན་ཡང་མཆོད་རྟེན་བརྩིགས་པ་མང་དུ་བྱུང་ངོ་། །མྱ་ངན་ལས་འདས་པའི་སྐོར་རྒྱས་པར་ནི་མདོ་མྱང་འདས་དང་། གཞན་མཛད་པའི་སྐོར་རྒྱས་པར་ནི་རྒྱ་ཆེར་རོལ་པ་དང་མངོན་འབྱུང་གི་མདོ་སོགས་ནས་ཤེས་དགོས་སོ། །དེ་དག་ནི་ཐུན་མོང་དུ་གྲགས་པའི་མཛད་པའོ། །གཞན་ཡང་། ཐམས་ཅད་གསང་བའི་མདོ་སྒྲོན་གསལ་དུ་དྲངས་པ་ལས། སྟོན་པ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ། ཡབ་ཟས་གཙང་འཇམ་དཔལ་གྱི་སྤྲུལ་པ། ཡུམ་སྒྱུ་འཕྲུལ་ཆེན་མོ་སྤྱན་རས་གཟིགས། བཙུན་མོ་གྲགས་འཛིན་མ་དཔལ་ལྷ་མོ། ཤཱ་རིའི་བུ་སྒྲིབ་སེལ། ཀུན་དགའ་བོ་ཕྱག་རྡོར། ལྷས་སྦྱིན་ལྷའི་དབང་པོའི་སྤྲུལ་པར་བཤད་དེ་ཐུན་མོང་མ་ཡིན་པའི་ལུགས་སོ། །༈ གཉིས་པ་བསྟན་པའི་གནས་ཚད་བཤད་པ་ལ། སྤྱིར་དུས་གསུམ་གྱི་སངས་རྒྱས་གྲགས་མེད་པ་ཡོད་པས་བསྟན་པའི་གནས་ཚད་འཛིན་དཀའ་ཡང་། འདིར་བདག་ཅག་གི་སྟོན་པའི་བསྟན་པའི་གནས་ཚད་ཀྱི་དབང་དུ་བྱས་ནས་ལུང་ཕྲན་ཚེགས་ལས་བསྟན་པ་ལོ་སྟོང་དུ་གནས་པ་དང་བློ་གྲོས་མི་ཟད་པས་བསྟན་པའི་མདོའི་རྗེས་སུ་འབྲང་བ་དག་གིས་འབྲས་བུ་ཐོབ་པ་དང་ཤིན་ཏུ་རྒྱས་པའི་དུས་སུ་ནི་ལོ་སྟོང་གཅིག་འཛམ་བུའི་གླིང་དུ་གནས་སོ་ཞེས་དང་། རྒྱལ་པོ་ཀྲི་ཀྲི་རྨི་ལམ་ལུང་བསྟན་པ་ལས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལོ་སྟོང་གནས་ཞེས་གསུངས་ཤིང་། མཛོད་རང་འགྲེལ་ལས་ཀྱང་། དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་དང་། སྙིང་རྗེ་པད་དཀར་གྱི་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྨོན་ལམ་སྐབས་ང་མྱ་ངན་ལས་འདས་ནས་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཅིག །ལོ་ལྔ་བརྒྱར་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག་ཅེས་འབྱུང་ཞིང་། ཟླ་བ་སྙིང་པོས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ཉིས་སྟོང་དུ་གནས་པར་འགྱུར་རོ་ཞེས་དང་། ཀ་མ་ལ་ཤཱི་ལའི་རྡོར་གཅོད་ཀྱི་འགྲེལ་པར་ལྔ་བརྒྱ་ཐ་མ་ལ་ཞེས་བྱ་བ་ལ། བརྒྱ་ཕྲག་ལྔའི་ཚོགས་ལྔ་བརྒྱ་སྟེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་ཞེས་དང་། བསྐལ་བཟང་ལས། དམ་པའི་ཆོས་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ་ཞེས་དང་། དཾཥྟ་སེ་ནཱའི་འབུམ་ཊཱིཀ་ཏུ། ཕྱི་མའི་དུས་ལྔ་བརྒྱའི་ཐ་མ་ཞེས་པ། བཅོམ་ལྡན་འདས་ཀྱི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལས་སྟོང་ཕྲག་རེ་རེ་ཕྱེད་ཕྱེད་དུ་བཅད་པས་ལྔ་བརྒྱ་ཕྲག་བཅུ་ཞེས་དང་། དབྱིག་གཉེན་གྱིས་མཛད་པར་གྲགས་པའི་ཡུམ་གསུམ་གྱི་འགྲེལ་པ་ལས། དེ་བཞིན་གཤེགས་པའི་བསྟན་པ་གནས་པ་ནི་ལོ་ལྔ་སྟོང་དུ་གསུངས་ཏེ་ཞེས་དང་། སློབ་དཔོན་འཇམ་དཔལ་གྲགས་པས་ཀྱང་ལྔ་སྟོང་དུ་བཤད། དེ་བཞིན་དུ་མདོ་རྒྱུད་དགོངས་འགྲེལ་གཞན་འགའ་ཞིག་ལས་ཀྱང་འདྲ་མི་འདྲ་ཅི་རིགས་བཤད་ཅིང་། དེ་དག་གི་རྗེས་སུ་འབྲང་བའི་བོད་ཀྱི་མཁས་པ་ཆེན་པོ་འགས་ཀྱང་བཤད་ཚུལ་མི་འདྲ་ལ། འོན་ཀྱང་སྔོན་གྱི་མཁས་པ་ཕལ་ཆེར་བསྟན་པ་ལོ་ལྔ་བརྒྱ་དང་། སྟོང་པ་སོགས་པར་གསུངས་པ་དྲང་དོན་དགོངས་པ་ཅན་དང་། ཡང་དག་པའི་བསྟན་པའི་གནས་ཚད་ནི་ལྔ་སྟོང་དུ་ཞལ་མཐུན་པར་བཞེད། དེ་ལྟར་མི་མཐུན་པ་བྱུང་ཡང་དགོངས་པ་མི་འགལ་ཏེ། ལྔ་བརྒྱ་དང་སྟོང་དུ་གནས་པར་བཤད་པ་ནི་གྲོལ་བ་ཐོབ་པ་ཤས་ཆེ་བའི་དབང་དུ་མཛད། ཉིས་སྟོང་སོགས་ནི་འབྲས་བུ་ལ་ཞུགས་པ་དང་སྒྲུབ་པ་དང་ལུང་ལ་སློབ་པའི་དབང་དུ་མཛད། ལྔ་སྟོང་ནི་ཕལ་ཆེར་ལྟ་བ་དང་སྒྲུབ་པ་ཕྱོགས་མཐུན་པའི་དབང་དུ་མཛད་ཅེས་བཤད་པ་ལྟར་རོ། །མཁས་པ་ལ་ལ་ནི། ལྔ་བརྒྱ་དང་སྟོང་ནི་རྟོགས་པའི་བསྟན་པ་གནས་པ་དང་ཉིས་སྟོང་དང་ལྔ་སྟོང་ནི་ལུང་གི་བསྟན་པའི་དབང་དུ་བྱས་སོ་ཞེས་བཞེད་ལ། དུས་འཁོར་ལུགས་ཀྱི་བསྟན་པའི་གནས་ཚད་ནི་ལྔ་སྟོང་ཆིག་བརྒྱ་དང་བཞིར་བཤད་དོ། །སྟོན་པ་ལྕགས་འབྲུག་ལ་འདའ་པའི་ཚུལ་བསྟན་པ་ནས་བཟུང་སྟེ། འབུམ་ཊཱིཀ་ལྟར་ལྔ་བརྒྱ་བ་ཕྲག་བཅུའི་དང་པོ་འབྲས་བུའི་དུས་ལ་ནི། དགྲ་བཅོམ། ཕྱིར་མི་འོང་། རྒྱུན་ཞུགས་གསུམ། སྒྲུབ་པའི་དུས་ལ་ནི། ཤེས་རབ། ཏིང་ངེ་འཛིན། ཚུལ་ཁྲིམས་ཀྱིས་བསླབ་པ་གསུམ། ལུང་གི་དུས་ལ་ནི། མངོན་པ། མདོ་སྡེ། འདུལ་བ་གསུམ་འབྱུང་ཞིང་། ལྷག་མ་ལྔ་བརྒྱ་པ་གཅིག་ལ་ནི། ལྟ་སྤྱོད་རྣལ་མ་མེད་པར་རྟགས་ཙམ་འཛིན་པ་འབྱུང་། ཁ་ཅིག་ལུང་དང་སྒྲུབ་པའི་དུས་གཉིས་སྔ་མ་ལས་ལྡོག་སྟེ་བཤད་པ་ཡང་མཆིས་སོ། །འོ་ན། སྟོན་པ་འདས་ནས་ད་ལྟའི་བར་ལོ་ཅི་ཙམ་སོང་སྙམ་ན། འདི་ལ་ཡང་བཞེད་པ་མི་འདྲ་བ་མང་དུ་སྣང་ཡང་། འཁྲུལ་མེད་ཕུག་པའི་ལུགས་ལ་ད་ལྟའི་རབ་བྱུང་བཅུ་གཉིས་པའི་ཤིང་བྱའི་འདིའི་བར་ལ་ལོ་ཉིས་སྟོང་དྲུག་བརྒྱ་དང་ཉེར་ལྔ་སོང་ངོ་། །གསུམ་པ་དེ་དག་ལས་འཕྲོས་པའི་རྣམ་གཞག་བཤད་པ་ལ་བཞི། གྲངས་མེད་ཀྱི་བརྩི་གཞི་དང་ལོ་ཟླ་ཞག་གསུམ་གྱི་རྣམ་གཞག་ཅུང་ཟད་བཤད་པ། གྲངས་མེད་གསུམ་གྱི་རྣམ་གཞག །གྲངས་ཀྱི་རྣམ་གཞག །མིང་ཚིག་ཡི་གེ་གསུམ་གྱི་རྣམ་གཞག་བཤད་པའོ། །དང་པོ་ནི། མཛོད་ལས་སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་འབྱུང་བ་ལྟར། དུས་ཀྱི་རྩོམ་གཞི་ནི། དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག །དེའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་གཅིག །དེ་སུམ་ཅུ་ལ་ཡུད་ཙམ་གཅིག །དེ་སུམ་ཅུ་ལ་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བཤད་ལ། དུས་འཁོར་ལས་ནི། མི་དཀྱུས་མའི་དབུགས་འབྱུང་འཇུག་གཉིས་གཅིག་ཏུ་བྱས་པའི་ཡུན་ལ་དབུགས་གཅིག །དེ་དྲུག་ལ་ཆུ་སྲང་གཅིག །དེ་དྲུག་ཅུ་ལ་ཆུ་ཚོད་གཅིག །དེ་དྲུག་ཅུར་ཉིན་ཞག་གཅིག་གི་ཚད་བཤད་དེ། དོན་ལ་ནི་ཞག་སྔོན་མའི་ཉི་མ་ཤར་བ་ནས་སང་ཉི་མ་འཆར་ཁའི་བར་རོ། །ཚེས་ཞག་ནི་ཟླ་བའི་དཀར་ནག་གི་འཕེལ་འགྲིབ་ཀྱི་ཆ་བཅོ་ལྔ་ལ་བཞག་པའི་ཆར་སྟེ། དེ་རེ་ལ་ཆུ་ཚོད་ང་དགུ །ཆུ་སྲང་གསུམ། དབུགས་ལྔ། རི་མཁའ་རིའི་ཆ་བཅུ་དྲུག་དང་། ཁྱིམ་ཞག་ནི་ཉི་མས་སྐར་ཁྱིམ་བགྲོད་པའི་ཁྱིམ་རེར་ཁྱིམ་ཟླ་རེ་དང་ཁྱིམ་ཟླ་རེར་ཁྱིམ་ཞག་སུམ་ཅུ། ཁྱིམ་ཞག་རེ་ལ་ཆུ་ཚོད་དྲུག་ཅུ། ཆུ་སྲང་ང་གཉིས། དབུགས་བཞི། རི་མཁའ་རིའི་ཆ་བརྒྱ་རེ་བརྒྱ། མདའ་རོའི་ཆ་བཅུ་རེ་ཡོད། ཁྱིམ་ཟླ་དྲུག་ལ་བགྲོད་པ་རེ། བགྲོད་པ་གཉིས་ལ་ལོ་རེའོ། །དངོས་བཏགས་མ་ཕྱེ་བར་བརྗོད་ན་ལོ་ཚེས་སོ། །ཉིན་ཞག་གི་ལོ། ཁྱིམ་ལོ་གསུམ་དང་། ཟླ་བ་ལའང་ཚེས་ཟླ། ཉིན་ཟླ། ཁྱིམ་ཟླ་གསུམ་དང་། ཞག་ལའང་དེ་བཞིན་དུ་སྦྱོར། །དེ་ལ་ཟླ་བཤོལ་མ་བྱུང་བར་དུ་ཚེས་ལོ་གཙོ་ཆེ་ལ། ཟླ་བཤོལ་འདོན་པ་ནི་ཁྱིམ་ལོའི་དབང་དུ་བཏང་བ་ཡིན་ཏེ། བགྲོད་གཉིས་མཐར་ཐུག་པ་ནི་ཁྱིམ་ལོ་མ་གཏོགས། གཞན་གཉིས་ལ་མི་འབྱུང་བའི་ཕྱིར་རོ། །ད་ལྟའི་བརྩི་ཚུལ་ལྟར་ན་ནི་ཞག་ལ་ཉིན་ཞག །ཟླ་བ་ལ་ཚེས་ཟླ། ལོ་ལ་ཁྱིིམ་ལོ་གཙོ་ཆེ་བ་ཡིན་ནོ། །གཉིས་པ་གྲངས་མེད་གསུམ་གྱི་བརྩི་ཚུལ་ནི། གོང་དུ་གྲངས་མེད་གསུམ་དུ་ཚོགས་བསགས་ཞེས་བཤད་ན། དེ་གསུམ་གྱི་འཇོག་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ནི་མཛོད་འགྲེལ་ལས་རྐྱང་ཁུག་གཉིས་བཤད་པའི་དང་པོ་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་འཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཞེས་དང་། གཉིས་པ་ཁུག་པ་ནི། ཐེར་འབུམ་༡ ཁྲག་ཁྲིག་༢རབ་བཀྲམ་༣ དང་། གཏམ་༤དཀྲིགས་༥མི་འཁྲུགས་༦ ཁྱད་འབྱིན་༧དང་། སྤང་རྟེན་༨དེར་འདྲེན་༩མཐའ་སྣང་༡༠དང་། །རྒྱུ་རིགས་༡༡ འོད་མཛེས་༡༢དབང་པོ་༡༣དང་། །ལེགས་འབྱིན་༡༤རྟོགས་འགྲོ་༡༥ འབྱིང་རྔུབ་༡༦ དང་། བརྒྱ་རྟགས་༡༧ སྟོབས་འཁོར་༡༨ བརྡ་ཤེས་༡༩དང་། རྣམ་བྱུང་༢༠སྟོབས་མིག་༢༡ ཞེས་འབྱུང་བ་ལྟར་རྐྱང་པ་གཅིག་ནས་དུང་འཕྱུར་བར་གནས་དགུ་དང་། ཁུག་པ་ཐེར་འབུམ་ནས་སྟོབས་མིག་བར་གནས་ཉེར་གཅིག་སྟེ་དེ་ཡང་དུང་འཕྱུར་བཅུ་ལ་ཐེར་འབུམ་གཅིག །ཐེར་འབུམ་བཅུ་ལ་ཐེར་འབུམ་ཆེན་པོ་གཅིག །དེ་བཅུ་ལ་ཁྲག་ཁྲིག་གཅིག །དེ་བཅུ་ལ་ཁྲག་ཁྲིག་ཆེན་པོ་གཅིག །དེ་བཅུ་ལ་རབ་བཀྲམ་གཅིག །དེ་བཅུ་ལ་རབ་བཀྲམ་ཆེན་པོ་གཅིག་སོགས་སྟོབས་མིག་གི་བར་ཆེན་པོ་དང་བཅས་བཅུ་གྱུར་བྱས་པའི་ཁུག་པ་གྲངས་གནས་བཞི་བཅུ་རྩ་གཉིས་ཀྱི་སྟེང་དུ་རྐྱང་བའི་དགུ་བསྣན་བས་ང་གཅིག་གོ །གནས་དྲུག་ཅུའི་དབང་དུ་བྱས་ན་སྔ་མའི་སྟེང་དུ་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞིའི་མིང་ཅན་སྔར་ལྟར་ཆེན་པོ་དང་བཅས་ན་ང་དགུ་དང་། དྲུག་ཅུ་པ་ནི་དེ་ལྟ་བུའི་གྲངས་ལས་འདས་པས་གྲངས་མེད་ཅེས་བྱའོ། །དེ་ཡང་བཅུ་འགྱུར་དུ་བྱས་པས་གྲངས་མེད་གསུམ་ཞེས་བཤད། ཁུག་པའི་སྐབས་སུ་རྣམ་གྲངས་མི་མཐུན་པ་ཡོད་དེ། གཏམ་དཀྲིགས་གཅིག་ཏུ་བྱས་པ་དང་སོ་སོར་བྱས་པ་གཉིས་དང་། སྟོབས་མིག་གི་མཇུག་ཏུ་ཁྱད་འབྱིན་ཡོད་མེད་གཉིས་བྱུང་ཡང་རང་ལུགས་ནི་གོང་བཞིན་ནོ། །གྲངས་མེད་ཀྱི་བར་མཆོངས་ཏེ་བརྩི་ན་མྱུར་ཡང་། རེ་རེ་ནས་མིང་གིས་བརྗོད་ཅིང་བརྩི་ན་ཤིན་ཏུ་འགོར་ཏེ། དཔེར་ན་མ་ཎི་དུང་འཕྱུར་གཅིག་ནི་མི་གཅིག་གིས་ནན་ཏན་བྱས་ཀྱང་ལོ་བཅུ་སྐོར་ཞིག་འགྲོ་དགོས་པར་མངོན་པས། དེ་ལྟར་ན་གྲངས་མེད་པར་རེ་རེ་བཞིན་བརྩི་ན་ནི་ལོ་ལྔ་བཅུས་ཀྱང་མི་རྫོགས་པར་གསལ་ལོ། །གསུམ་པ་གྲངས་ཀྱི་གནས་གཞན་ནི་བཤད་ཚུལ་མི་འདྲ་བ་ལ། འཕགས་ཡུལ་དུ་དམངས་ཀྱིས་བརྗོད་པ་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་མ་དུང་འཕྱུར་དང་། །ཐེར་འབུམ་ཤུ་རྡོ་མཆོག་ཉལ་དང་། །སྐྱ་འཕྱིས་བྱེ་མ་ནབ་ནུབ་དང་། མཚོ་ཡས་ལྡབས་ཕྱོར་རྫི་ཞེས་གནས། །གོང་ནས་གོང་དུ་བཅུ་འགྱུར་བསྒྲེ། །ཞེས་པ་རྣམས་འཇིག་རྟེན་པའི་གྲངས་གནས་ཡིན་པར་བཤད་ཅིང་། སངས་རྒྱས་ཕལ་པོ་ཆེ་ལས། བྱེ་བ་ཁོད་ཁོད་ཐད་དགུ་དང་། ཁྲིག་ཁྲིག་ཐམས་ཐམས་མྱང་མྱིད་དང་། གང་ཡ་བན་བུན་ཕྱར་ཕྱུར་དང་། །ལྕག་ལྕིག་བྱང་བྱིང་ཆེམ་ཆེམ་དང་། །ཕྱལ་ཕྱལ་ཁྱད་ཁྱུང་ཟར་ཟེར་དང་། ཁྲིབ་ཁྲིབ་ཡ་གངས་ཆོ་མ་དང་། ཁྲིམ་ཁྲིམ་ནབ་ནུབ་སང་སད་དང་། །བརྒྱུད་ཡས་བཏང་ཡས་བཀྲ་ཡར་དང་། །གསའ་ཡས་མཚུངས་མེད་ལ་ལུམ་དང་། །ཡལ་ཡོལ་ཁྲལ་ཁྲུལ་ཐུད་ཐུད་དང་། །བསམ་བྱེད་བྲང་བྲེད་སྒྲོད་ཡས་དང་། །སྔོ་ཡས་ཟང་ཡག་འཕྲོ་སྐྱེ་དང་། །རྩ་འཕྱོ་ཡོངས་བསྟན་ཤུག་ཡོས་དང་། །སང་ཐལ་ཐིད་ཡུག་ཡིད་འཕྱོ་དང་། །ནབ་ནབ་ཁྲིག་ཐམ་ཡལ་ཡལ་དང་། །བགྲངས་ཡས་ཐུམ་ཡས་ཤང་ཤང་དང་། །ཡག་ཡག་ཐིམ་ཐིམ་སློམ་ཉལ་དང་། །གཞལ་འཕྱོས་གཞལ་ཡལ་གཞལ་ཡད་དང་། །གཞལ་འཁོར་གཞལ་ཐིམ་ག་གཞལ་དང་། །གཞལ་སངས་གཞལ་ཐག་གཞལ་ཕུལ་དང་། །གཞལ་གཞི་འཕྱོང་འགྱུར་ཉ་ཉེར་དང་། །ཕྱག་ཕྱིག་ཟལ་ཟུག་སལ་སལ་དང་། །གཡོ་ལྡེག་ཕན་ཕུན་གདང་ཡས་དང་། །རིམ་གྲོ་རྗིང་རྗིང་སྡུག་བསྔལ་དང་། །ཕུན་ཡོལ་ངད་ངད་བགྲང་རྩི་དང་། །ཟབ་བགྲང་དགའ་རྐྱང་གཞུང་འདལ་དང་། །ཁུག་ཕྱང་འོལ་ཕྱོང་གདབ་ཡས་དང་། །གཅམ་ཡས་བགྲང་ཡས་ཀྱི་འཕྱོ་དང་། །ཡ་མད་སྐལ་ཡས་འདབ་འདེབ་དང་། །འཕན་བཅད་འཕང་ཕུང་བེའུ་ཚང་དང་། །ཞུན་བཟུང་མཆོག་ཡལ་མཐའ་བརྡུལ་དང་། །ཡུང་འགྱངས་བུན་ལོབ་ལམ་ལོམ་དང་། །བརྣན་ཡས་ལང་ལིང་ལྗིབ་ལྗིབ་དང་། །མི་བཅམ་འཇམ་ཡས་ང་སྦྲང་དང་། །སྨོས་ཡལ་བཀྲ་ཚལ་ལོ་རྒྱས་དང་། །འབུམ་ཏིག་གམ་གུམ་ལ་ལོ་དང་། །བགྲང་འཕྱོས་བགྲང་འཕྱོས་ལ་བསྒྲེས་པ། །དཔག་ཡས་དེ་བསྒྲེས་ཡལ་འཕྱོང་དང་། །དེ་རྗེས་མུ་ཡལ་མུ་ཡལ་བསྒྲེས། །བགྲང་ཡོལ་གཉིས་དང་མི་འཇལ་གཉིས། །བསམ་ཕྱོད་གཉིས་དང་མཐའ་འབྱམས་གཉིས། །དཔག་ཐག་གཉིས་དང་བརྗོད་མེད་གཉིས། །བརྗོད་མེད་པའི་ཡང་བརྗོད་མེད་ལ། །སྒྲེས་ལ་ཤིན་ཏུ་བརྟན་པའོ། །ཞེས་བཤད་པའི་གྲངས་གནས་ལ་བརྒྱ་དང་ཉེར་བརྒྱད་འབྱུང་། བརྩི་ཚུལ་ནི། བརྒྱ་བརྒྱ་ལ་སྟོང་། སྟོང་སྟོང་ལ་བྱེ་བ། བྱེ་བ་བྱེ་བ་ལ་ཁོད་ཁོད། ཁོད་ཁོད་ལ་ཐད་དགུ །ཐད་དགུ་ཐད་དགུ་ལ་ཁྲིག་ཁྲིག་སོགས་རིགས་བགྲེས་ཏེ་བརྩི་བའོ། །འདི་དག་ནི་གྲངས་མེད་དང་བརྗོད་དུ་མེད་པ་ལས་ཀྱང་འདས་པའི་བརྩི་ཚུལ་ཏེ་མཐའ་ནི་སོ་སྐྱེའི་ཡུལ་ལས་འདས་པའོ། །ཡང་རྒྱ་ཆེ་རོལ་པ་ལས། བྱེ་བ་ཐེར་འབུམ་ཁྲག་ཁྲིག་དང་། །གཏམ་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། །སྤང་རྟེན་མང་འཛིན་གླང་པོའི་སྟོབས། །དོགས་ཐོབ་རྣམ་གཞག་གདགས་རྒྱུ་རིག །ལག་སྦྱིན་རྒྱུད་པད་རྫོགས་ཐོབ་དང་། །བགྲང་རྟོགས་སྒྲིབ་བ་སྟོབས་ཀུན་སྟོབས། །རྣམ་བརྡ་ཤེས་ལྡན་བརྡ་ཤེས་ཀུན། །རྣམ་འབྱུང་དེ་ཡི་མཚན་ཉིད་ཅན། །རྒྱལ་མཚན་རྩེ་མོའི་ནོར་བུ་དང་། །དེད་འདྲེན་ཞེས་གདགས་གཏན་ལ་འབེབས། །གཅོད་རྟོགས་གཅོད་རྟོགས་ལྡན་དག་ནི། །ཐམས་ཅད་རྣམ་འབྱེད་སྙིང་པོ་མཆོག །ཕྲ་རབ་རྡུལ་གྱི་རྗེས་སུ་འཇུག །ཞེས་སོགས་གྲངས་གནས་སོགས་གཉིས་གོང་ནས་གོང་དུ་བརྒྱ་འགྱུར་བསྒྲེ་བར་གསུངས་ཏེ། དེ་ཡང་བྱེ་བ་བརྒྱ་ལ་ཐེར་འབུམ་གཅིག །དེ་བརྒྱ་ལ་ཁྲག་ཁྲིག་གཅིག་སོགས་སྦྱར་བའོ། །འཇམ་དཔལ་རྩ་རྒྱུད་ལས་ནི། བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ། །དུང་འཕྱུར་ཐེར་འབུམ་ཐེར་འབུམ་ཆེ། །ཤུ་རྡོག་མཆོག་ཉལ་རྐྱང་ཕྱེ་དང་། །རྐྱང་ཕྱེ་ཆེ་དང་ཁྱད་འབྱིན་གཉིས། །རྒྱུ་བ་གཉིས་དང་མཚོ་ཡས་གཉིས། །དུག་ཅན་རྒྱ་མཚོ་ཆེ་དང་བཅས། །མཆོག་ཡས་བན་བུན་མ་ལུས་པ། །མ་ལུས་ཆེ་དང་གྲངས་མེད་དང་། དཔག་མེད་གཉིས་དང་འཇིག་རྟེན་གཉིས། །མུན་པ་སྣང་བ་སྣང་བ་ཆེ། །ཕུང་པོ་གཉིས་དང་ཟབ་པ་དང་། བརྟན་པ་རབ་བརྟན་འགྲོ་མང་ལྡན། །གནས་དང་གནས་ཆེན་དཔག་མེད་གཉིས། །དོན་ཆེན་རྒྱ་མཚོ་མཆོག་གཙོ་ཁྱིམ། །བསམ་མི་ཁྱབ་དང་མི་ཟད་གཟུགས། །རྒྱལ་ཐབས་གཏེར་དང་དགེ་བ་དང་། །སེམས་བྱུང་གཉིས་དང་བརྗོད་པ་དང་། །བརྗོད་བརྙན་ཡས་བསྙད་ཡས་ཆེ་དང་། །ཕྱར་ཕྱུར་གཉིས་དང་ཤུ་རྡོག་དང་། །ཤུ་འོག་ཆེ་དང་ཞི་བ་དང་། །ཆུ་འབྱུང་སྟེས་འཁྲུལ་དམ་པ་ཉིད། །སངས་རྒྱས་ཡུལ་དང་འཕེལ་བྱེད་དང་། །དེ་ལྟར་གྲངས་གནས་དྲུག་ཅུ་དགུ །གོང་ནས་གོང་དུ་བཅུ་འགྱུར་ཡིན། །དེ་ཡན་སངས་རྒྱས་ཉིད་ཀྱི་ཡུལ། །དེ་ཕྱིར་འགྲོ་བས་བགྲང་མི་ནུས། །ཞེས་གསུངས་ཤིང་། སྡོང་པོ་བཀོད་པའི་མདོ་ལས་གསུངས་བའི་གྲངས་གནས་གཞན་ཡང་ཡོད་དོ། །འོན་ཀྱང་ཐམས་ཅད་ལ་གྲགས་ཆེ་བ་ནི་མཛོད་འགྲེལ་ནས་བཤད་པ་དེའོ། །བཞི་པ་མིང་ཚིག་ཡི་གེ་གསུམ་གྱི་རྣམ་གཞག་བཤད་པ་ལ། སློབ་དཔོན་བློ་གྲོས་བརྟན་པས། །དོན་གྱི་ངོ་བོ་བརྗོད་པ་མིང་། །དེ་ཡི་ཁྱད་པར་བརྗོད་པ་ཚིག །གང་ཡང་མི་སྟོན་ཡི་གེའོ། །ཞེས་བཤད་པ་ལྟར། ལྷ། ཀླུ། མི། བུམ་པ། ཀ་བ་ཞེས་པ་ལྟ་བུ་དོན་གྱི་ངོ་བོ་ཙམ་བརྗོད་པ་ནི་མིང་། ལྷ་ཡོད། ཀླུ་འབྱུང་། མི་སྲིད། ཀ་བ་མི་རྟག །བུམ་པ་བྱས་སོགས་ལྟ་བུ་དོན་གྱི་ཁྱད་པར་བརྗོད་པ་ཚིག་གོ །ཀ་བ་མི་རྟག་ཞེས་པ་ལྟ་བུ་དོན་གྱི་ཁྱད་པར་བརྗོད་པ་ཡིན་ཀྱང་། ཀ་བ་དང་མི་རྟག་པ་ཞེས་བརྗོད་པ་ལྟ་བུ་དང་མི་འདྲ་སྟེ། སྔ་མ་ནི་མི་རྟག་པ་ཀ་བ་དང་འབྲེལ་བར་བརྗོད་ཅིང་། །ཕྱི་མ་མི་རྟག་པ་དང་ཀ་བ་གཉིས་མ་འབྲེལ་བར་སོ་སོར་བརྗོད་པའི་ཕྱིར་རོ། །འཕགས་ཡུལ་གྱི་ཡི་གེ་ཨ་ཨཱ་སོགས་དབྱངས་དང་། ཀ་ཁ་ག་གྷ་ང་སོགས་གསལ་བྱེད་རྣམས་དང་། བོད་ཀྱི་དབྱངས་ཨ་ཨི་ཨུ་ཨོ་བཞི་དང་། ཀ་ཁ་ག་ང་སོགས་གསལ་བྱེད་རྣམས་ནི་བརྗོད་བྱ་གང་ཡང་མི་སྟོན་པའི་ཡི་གེ་ཙམ་མོ། །ཡི་གེའི་གཟུགས་ལ་ཁའི་ཡི་གེ་གཅིག་ཡིན་ཀྱང་། བརྗོད་བྱེད་ལ་མིའི་ཁ་ཞེས་བརྗོོད་པ་ལྟ་བུ་ནི་ཡི་གེ་གཉིས་འདུས་པ་ཡིན་ཏེ། ཁ་ནི་རང་གི་སྲོག་ཏུ་ཞུགས་པའི་ཨ་དང་དུས་པའི་ཕྱིར་རོ། །དེ་བཞིན་དུ་ང་དང་ཇ་དང་ཉ་དང་ན་དང་ཕ་དང་མ་དང་ཚ་དང་ཝ་དང་ཞ་དང་ཟ་དང་ར་དང་ཤ་དང་ས་རྣམས་ལ་ཡང་དེ་ལྟ་བུའི་ཁྱད་པར་ཡོད་དེ་ཤེས་དགོས་སོ། །མིག་ཅེས་པ་ལྟ་བུ་ལ་ཡི་གེ་གསུམ་འདུས་ཏེ། མ་དང་ག་དང་སྲོག་གི་ཨི་གསུམ་འདུས་པའི་ཕྱིར་ཏེ། དེ་བཞིན་དུ་ཡི་གེ་དུ་མ་འདུས་པའི་མིང་མང་ངོ་། །མིང་ལ་དབྱེ་ན་ཐོག་མར་བརྡ་སྦྱར་བའི་འདོད་རྒྱལ་དང་། །ཕྱིས་སྦྱར་བའི་རྗེས་གྲུབ་གཉིས་སམ། དངོས་མིང་དང་བཏགས་མིང་གཉིས། དང་པོ་ནི། རྒྱུ་མཚན་ནམ་སྒྲ་བཤད་ལ་མ་བལྟོས་པར་ཐོག་མར་བརྡ་སྦྱར་བའི་མིང་སྟེ། འབྱུང་བ་རྣམས་ལ་ས་ཆུ་མེ་རླུང་ཞེས་དང་། ལྷ་མི་སོགས་དང་ཀ་བུམ་སོགས་སུ་བཏགས་པ་ལྟ་བུ་དང་། དེར་མ་ཟད་སེམས་ཅན་ཞིག་སྐྱེས་པ་ན་རྒྱུ་མཚན་སོགས་ལ་བལྟོས་པ་མེད་པར་བཀྲ་ཤིས་དང་བསོད་ནམས་དང་ཚེ་རིང་སོགས་སུ་བཏགས་པ་ལྟ་བུའོ། །བཏགས་མིང་ནི་འདྲ་འབྲེལ་ལྟ་བུའི་སྒོ་ནས་མིང་གཞན་དུ་བཏགས་པ་སྟེ། འདྲ་བའི་སྒོ་ནས་བཏགས་པ་ནི། བྲམ་ཟེའི་ཁྱེའུ་ཁ་ཆེ་སྣ་ཉག་པ་ལ་སེངྒེ་ཞེས་བཏགས་པ་སྟེ། རྣམ་འགྲེལ་ལས། སེངྒེ་བྲམ་ཟེའི་ཁྱེའུ་ལ། །དེ་ལྟར་བརྗོད་པ་འཇིག་རྟེན་ཡོད། །ཅེས་སོ། །འབྲེལ་བའི་སྒོ་ནས་བཏགས་པ་ནི། རས་ཡུག་གི་ཟུར་ཚིག་པ་ལ་རས་ཡུག་ཚིག་ཅེས་བརྗོད་པ་ལྟ་བུའོ། །དངོས་མིང་དང་བཏགས་མིང་གཉིས་སོ་སོ་ལའང་སྒྲ་བཤད་ཡོད་མེད་གཉིས་ཡོད་ཅིང་། བཏགས་མིང་ལ་དོན་མཐུན་དང་དོན་མི་མཐུན་གཉིས། ཡང་བརྟེན་པའི་མིང་རྟེན་ལ་བཏགས་པ། རྒྱུ་མིང་འབྲས་ལ་བཏགས་པ་འབྲས་མིང་རྒྱུ་ལ་བཏགས་པ་སོགས་མང་ཞིང་། བརྟེན་པའི་མིང་རྟེན་ལ་བཏགས་པ་ནི། ཉི་མ་དང་ཟླ་བའི་དཀྱིལ་འཁོར་ལ་ཉི་མ་དང་ཟླ་བ་ཞེས་པ་ལྟ་བུ་དང་། རྒྱུ་མིང་འབྲས་ལ་བཏགས་པ་ནི་ད་ལྟ་བདེ་སྡུག་མྱོང་བ་ལ་སྔོན་གྱི་ལས་ཞེས་པ་ལྟ་བུ་དང་། རླུང་ནད། མཁྲིས་ནད་ཅེས་པ་ལྟ་བུ་དང་། འབྲས་མིང་རྒྱུ་ལ་བཏགས་པ་ནི། ས་བཅུ་པ་ལ་སངས་རྒྱས་ཞེས་བཏགས་པ་དང་། བུར་ཤུན་གྱི་རོ་ལྟ་བུའི་སེམས་ལ་བྱང་ཆུབ་ཀྱི་སེམས་ཞེས་བཏགས་པ་དང་། གྲོ་ནས་སོགས་ཀྱི་མྱུ་གུ་སྔོན་པོ་ལ་གྲོ་ནས་སོགས་སུ་བརྗོོད་པ་ལྟ་བུ་དང་། སྤྱི་མིང་བྱེ་བྲག་ལ་བཏགས་པ་ནི་རྒྱུ་ནོར་ལ་དངོས་པོ་ཞེས་བརྗོད་པ་ལྟ་བུ་དང་། བྱེ་བྲག་གི་མིང་སྤྱི་ལ་བཏགས་པ་ནི་ཡུལ་གཞན་ན་རབ་བྱུང་ཀུན་ལ་བླ་མ་ཞེས་བརྗོད་པ་ལྟ་བུའོ། །བཏགས་མིང་ཚད་ལྡན་ལ་དེར་འདོད་པའི་ཆོས་གསུམ་ཚང་དགོས་ཏེ། རྒྱུ་མཚན་དང་དགོས་པ་མེད་པར་འདོགས་ན་ཀུན་ལ་ཀུན་འདོགས་ཐལ་བ་དང་། འདོགས་པ་པོ་དཔྱོད་ལྡན་མ་ཡིན་པའི་སྐྱོན་ཡོད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གལ་ཏེ་འདིར་ནི་བཏགས་འདོད་ན། །རྒྱུ་ཚན་གང་གིས་དེ་འདོགས་པ། །དེ་བཞིན་དངོས་པོ་ཐམས་ཅད་ལ། །དེ་དག་གིས་རྒྱུར་ཅིས་མི་འདོགས། །ཞེས་གསུངས་པའི་ཕྱིར་རོ། །དངོས་ལ་གནོད་བྱེད་ཡོད་དགོས་ཏེ། མེད་ན་བཏགས་མིང་དུ་མི་འཐད་པར་འགྱུར་བའི་ཕྱིར་རོ། །ཚིག་བཤད་ལའང་གསུང་རབ་སྤྱི་ལ་གྲགས་པ་ནི། དཔང་ལོ་ཆེན་པོས། མིང་གཉིས་སམ་ནི་མང་པོ་ཡིས། །དོན་གྱི་ཁྱད་པར་བརྗོད་བྱེད་པ། །དམ་ཆོས་མངོན་པར་གསུངས་པ་ཡི། །ཚིག་ཡིན་ཡི་གེ་འདུས་པ་ཉིད། །ཅེས་གསུངས་པ་ལྟར། །འདུས་བྱས་མི་རྟག་ལྟ་བུ་མིང་གཉིས་འདུས་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་ཞེས་དང། ཆོས་ཐམས་ཅད་བདག་མེད་དོ་ཞེས་པ་ལྟ་བུ་མིང་དུ་མ་འདུས་པ་དང་། གསུང་རབ་ཀྱི་གཞུང་ཆེ་བའི་ཚིག་འཕྲེང་ལྟ་བུའོ། །སྒྲའི་བསྟན་བཅོས་ལས་ནི་སུ་པ་དང་ཏིང་གི་མཐའ་ཅན་ཚིག །ཅེས་བཤད་པ་ལྟར་སུ་པ་དང་ཏིང་གི་མཐའ་ཅན་དང་། སི་སོགས་རྣམ་དབྱེའི་མཐའ་ཅན་དང་། ཏི་སོགས་ཀྱི་མཐའ་ཅན་གྱི་ཚིག་ལ་ཚིག་ཅེས་བཤད་དེ་སྔ་མ་དང་མི་འདྲའོ། །ཡི་གེ་དངོས་ནི་སྐད་ཀྱི་གདངས་ལ་བྱེད་ཅིང་རང་རྒྱུ་ཀུན་སློང་གི་ཤེས་པ་ལས་སྐྱེས་པ་ཡིན་ཏེ། རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པར་སྒྲ་སྐྱེའོ། །ཞེས་གསུངས་པ་དང་། ཡུན་ཚད་ཀྱང་། ཡི་གེའི་བ དག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཚད་དུ་གནས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །མིང་ཚིག་ཡི་གེ་གསུམ་ནི་འདུས་བྱས་སུ་ནང་སྡེ་ཀུན་འདོད་ཅིང་སྒྲའི་རང་བཞིན་ཏེ། གང་ཟག་མཆོག་དམན་ཀུན་ལ་ཡོད་དོ། །མཁས་པ་ཁ་ཅིག་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བས་ལྡན་མིན་དང་། སེམས་ཙམ་པས་རྣམ་རིག་ཏུ་འདོད་ཅེས་གསུངས། དེས་ན་བྲིས་པའི་ཡི་གེའི་གཟུགས་རྣམས་ནི་ཡི་གེ་དངོས་མིན་ཞིང་དེར་བཏགས་པ་ཙམ་ཏེ། བྲིས་འབུར་གྱི་སྐུ་གཟུགས་བཞིན་ནོ། །ཡི་གེའི་གཟུགས་ལ་ནི་སྤྱིར་འཇིག་རྟེན་ཐམས་ཅད་ན་ཡོད་པའི་ཚད་དཀའ་ཡང་ཡིག་རིགས་དྲུག་ཅུ་རྩ་བཞི་སྟེ། དེ་ལ་ཡང་མི་མཐུན་པ་རེ་གཉིས་ཡོད་ཀྱང་དག་པའི་ལུགས་གཅིག་ལ་ནི། ཚངས་པའི་ཡི་གེ་དེ་བཞིན་དུ་སྦྱར་ཏེ། ཁ་རོཥྞཱི། པདྨའི་སྙིང་པོ། ཨངྒིའི། བངྒའི། མ་ག་ངྷ། བཀྲ་ཤིས་པ། སོར་མོ། ཤཱ་ཀ་ན། པཱ་དྷ་ནི། ཨ་ཧུ་བ། རྩུབ་མོ། འགྲོ་ལྡིང་། མོན་ཡུལ། ལྷོ་ཕྱོགས། དྲག་པོ། གྲངས། སྤྱིའུ་ཚུགས། རྗེས་སུ་མཐུན་པ། དྷ་རི་ཌ། ཁྱཱ་སྱ། རྒྱ་ནག །ཧུ་ན། དབུས། རྒྱལ། ལྷ། ཀླུ། གནོད་བྱིན། དྲི་ཟ། མིའམ་ཅི། ལྟོ་འཕྱེ་ཆེན་པོ། ལྷ་མ་ཡིན། ནམ་མཁའ་ལྡིང་། རི་དྭགས་ཀྱི་འཁོར་ལོ། བྱ་རོག་སྐད། ས་ལྷ། བར་སྣང་གི་ལྷ། བ་ལང་སྤྱོད། སྒྲ་མི་སྙན། ལུས་འཕགས་པོ། འདེགས་པ། བཞག་པ། རབ་ཏུ་བཞག་པ། རྒྱ་མཚོའི་མཐའ། རྡོ་རྗེའི། འཕྲིན། རབ་ཏུ་འཕྲིན། རྣམ་གཞག །ཆུང་ངུ་ཡིན། བསྟན་བཅོས་སྐོར། རྩིས་སྐོར། འདེགས་སྐོར། རྐང་པས་བྲིས་པ། ཚིག་ཕྱི་མ་གྲུབ་པ། ཇི་སྲིད་ཚིག་ཕྱི་མ་གྲུབ་པ། བར་སྒྲུབ་པ། སྒྲ་ཐམས་ཅད་ཀུན་བསྡུས། རིགས་དང་རྗེས་སུ་འཐུན་པ། རྣམ་པར་བསྲེས་པ། དྲང་སྲོང་དཀའ་ཐུབ་ཀྱིས་གདུངས་པ། གསལ་བ། རབ་ཏུ་གསལ་བ། སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པ། སྙིང་པོ་ཀུན་བསྡུས་ཀྱི་ཡི་གེ་སྟེ་དྲུག་ཅུ་རྩ་བཞིའོ། །དེ་དག་ཕལ་ཆེར་ནི་བོད་དུ་མ་བྱུང་ལ། བོད་དུ་ཡོད་པ་ནི། ཚངས་པའི་ཡི་གེ་ལཉྩ། དེ་ལ་ཡང་ཁོང་སེང་དང་ཤ་ཆེན་གཉིས། དེ་དང་མཐུན་པར་དྷ་རིའི་ཀའི་ཡི་གེ་རིགས་ལྔ། དེའི་མགོ་གྱེན་བཟེད་དེ་ནཱ་ག་རའི་ཡིག་རིགས་དྲུག །མགོ་ཐུར་བཀུག་ཀླུའི་ཡི་གེ་ཝཏྟུ་ལ། ཀསྨཱི་ར་མི་འདྲ་བ་གསུམ་སོགས་ཀྱང་ཡོད་པར་བཤད། དེ་དག་ནི་གཞོན་ནུ་དོན་གྲུབ་ཀྱིས་ཡིག་རིགས་སློབ་པ་ལས་འཕྲོས་ཏེ་བཤད་པ་ཡིན་ལ། གཞན་ཡང་མཛད་བཅུ་ལས། དྲུག་ཅུ་རྩ་བཞི་ལས་བརྒལ་སྒྱུ་རྩལ་གྱིས། །ཞེས་སོགས་བཤད་པ་ལྟར་སྒྱུ་རྩལ་དྲུག་ཅུ་རེ་བཞི་སོགས་ནི། རྒྱ་ཆེར་རོལ་བ་ལས། མཆོད་པ། ཡི་གེ ལག་རྩིས། རྩིས། གྲངས། གྱད་ཀྱི་འཛིན་སྟང་། རྒྱང་ནས་འཕོག་པ། བང་། ཚར། རྐྱལ། འཕོངས་དཔྱད། གླང་ཆེན་གྱི་གཉར་སྤྱོན་པ། རྟ་རྩལ། ཤིང་རྟའི་ཐབས། མདའ་གཞུའི་ཐབས། བརྟན པ། མཐུ། དཔའ་བ། འགྱད་སྟབས། ལྕགས་ཀྱུས་བསྒྱུར་ཐབས། ཞགས་ཐབས། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། གཟུང་བ། འཛིན་སྟངས། ཐོར་ཚུགས། བཅད་པ། ངལ་བ། དབུག་པ། གཞིག་པ། གཤག་པ། མི་ཚོར་བར་འཕོག་བ། གནད་དུ་འཕོག་པ། སྒྲ་དྲག་པར་འཕོག་པ། ཚབས་ཆེ་བ། ཆོ་ལོའི་རྩེད་མོ། སྙན་ངག་སྦྱར་བ། ལམ། རིས། གཟུགས། གཟུགས་ཀྱི་ལས། ཐགས་ཀྱི་དཔྱད། མེའི་ལས། རོལ་མོའི་སྒྲ་དབྱངས། གར། གླུ། ཡི་གེ་བཀླག་པའི་མིག་འོར། གཏམ། གཞད་གད། རྩེད་མོ། བྲོ། སྒེག་པ། འཕྲེང་བ་རྒྱུ་བ། རླུང་ཡོབ་གཡོབ་པ། ནོར་གྲུ་མཚོན་བསྒྱུར། གོས་མཚོན་གྱིས་བསྒྱུར་བ། མིག་འཁྲུལ་གྱི་ཆོ་ག །རྨི་ལམ་གྱི་དཔྱད། བྱིའུའི་སྐད། བུད་མེད་ཀྱི་མཚན། སྐྱེས་པའི་མཚན། དེ་བཞིན་དུ་གླང་པོ་དང་། རྟ། བ་ལང་། ར། ལུག །ཁྱིའི་མཚན་དང་། ཤེས་གསལ། སྒྲ་ངེས་པར་སྦྱོར་བ། ང་རོ་བསྒྱུར་པ། སྔོན་རབས། སྔོན་བྱུང་། རེག་བྱེད། ལུང་བསྟན་པ། ངེས་པའི་ཚིག །ཡི་གེ་ལཱི་ཡང་། ཚིག་སྡེབ། མཆོད་སྦྱིན་ཆོ་ག །སྐར་མ། གྲངས་ཅན། རྣལ་འབྱོར་གྱི་ལུགས་གསུམ་དང་། ལས་ཀྱི་ཚོགས་དང་བྱེ་བྲག་པའི་ལུགས། ནོར་གྱི་རིག་པ། ཕུར་བུ། ཆུ། ལྷ་མིན་གྱི་ལུགས་གསུམ་དང་། བྱ་དང་། རི་དྭགས་ཀྱི་སྐད། གཏན་ཚིག་རིག །རྒྱ་སྐྱེགས་ཀྱི་འཁྲུལ་འཁོར། སྒྲ་ཚིལ་གྱི་ལས། འདྲུབ་ཤུར། བརྐོ་གཞག །ལོ་མ་དྲོ་བ། སྤོས་སྦྱོར་སོགས་མང་ཡང་བསྡུ་ན་དྲུག་ཅུ་རྩ་བཞིར་བཤད། གཞན་ཡང་། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཕྲན་ཚེགས་འགྲེལ་པར་སྔ་མ་དང་མི་འདྲ་བར་སྒྱུ་རྩལ་དྲུག་ཅུ་རྩ་བཞི་བཤད་ལ། གཞུང་གཞན་དུ་ནང་གི་སྒྱུ་རྩལ་རེ་བཞི་ཡང་བཤད་དོ། །སོ་དང་སེན་མོ་འདེབས་དང་འཁྱུད། །ཞེས་སོགས་འབྱུང་བ་ལྟར་རོ། །བྱེ་བྲག་རྟོག་བྱེད་ལས་ནི། བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ་དང་། རོལ་མོའི་བྱེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གང་གྱི་ཆ་བྱད་དགུ་བཤད་པའི་དང་པོ་སུམ་ཅུ་ནི། ཡི་གེ །ཡག་རྩིས། གྲངས། རྩས་ཆེན། གོམ་སྙབས། ཐོར་ཚུགས། ལྕགས་ཀྱུས་བསྒྱུར་ཐབས། རལ་གྲིའི་ཐབས། ཞགས་པ་གདབ་པ། མདའ་བོ་ཆེ་འཕེན་པ། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། བཅད་པ། དྲལ་བ། དབུག་པ། རྒྱང་ནས་འཕོག་པ། སྒྲ་དྲག་པར་འཕོག་པ། གནད་དུ་འཕོག་པ། མི་ཚོར་བར་འཕོག་པ། ཚབས་ཆེ་བར་འཕོག་པ། མཆོད་པ། གྱད་ཀྱི་འཛིན་སྟངས། བང་། ཀྱལ་། གླང་པོ་ཆེའི་གཉར་ཞོན་པ། རྟ་ཞོན་པ། ཤིང་རྟའི་ཐབས། མདའ། གཞུ། གྱད་སྟོབས་རྣམས་སོ། །གཉིས་པ་བཅྭོ་བརྒྱད་ནི། གར་མཁན། བྲོ། རྔ་བོ་ཆེ། རྫ་རྔ། རྔ་ཕྲན། རྔ་ཆེན་པོ། འཁར་བ། པི་ཝང་རྒྱུད་གཅིག་པ། རྫ་རྔ་ཁ་གཅིག་པ། ལྕགས་ཀྱི་སིལ་ཁྲོལ། འཁར་བའི་སིལ་ཁྲོལ། པི་ཝང་རྒྱུད་གསུམ་པ། རྔ་མ་ཀུནྡ། སིལ་སྙན་གླུ་དབྱངས་དང་བསྟུན་པ། ཕེབ་རྡོབ། རོལ་མོ། སྒྲ་རིགས། པི་ཝང་གཞན། གླིང་བུ་རྣམས་སོ། །གསུམ་པ་བདུན་ནི། བར་མ། དྲང་སྲོང་། ས་འཛིན། དྲུག་ལྡན། ལྔ་པ། བློ་གསལ། འཁོར་ཉན་རྣམས་སོ། །བཞི་པ་དགུ་ནི། སྒེག་པ། དཔའ་བ། མི་སྡུག་པ། དྲག་ཤུལ། བཞད་པ། འཇིགས་རུང་། སྙིང་རྗེ། ཞི་བ་རྣམས་སོ། །གཞན་ཡང་བཟོ་སྦྱངས་བཅྭོ་བརྒྱད་བཤད་དེ། ཚོར་བ་དང་། རྫ་མཁན། འཕྲེང་མཁན། ཆང་འཚོང། ཕྱུགས་འཚོང་། འདྲེག་མཁན། འབྲུ་མར་བཙིར་བ། མགར་བ། ཤིང་མཁན། ཕྱྭ་མཁན། ཐག་པ། རྐྱལ་ཆེན་པ། ཀོ་པགས་མཁན། བཙོ་ལག་མཁན། སྨྱིག་མ་མཁན། བཤན་པ། གདོལ་བ་མཁན། ཤིང་རྟ་མཁན་རྣམས་སོ། །བརྟག་པ་རྣམ་པ་བརྒྱད་བཤད་དེ། རིན་པོ་ཆེ་བརྟག་པ། ས་གཞི་བརྟག་པ། གོས་བརྟག་པ། ལྗོན་ཤིང་བརྟག་པ། རྟ་བརྟག་པ། གླང་པོ་ཆེ་བརྟག་པ་། སྐྱེས་པ་བརྟག་པ། བུད་མེད་བརྟག་པ་རྣམས་སོ། །ཡང་ཤེས་བྱ་རིག་གནས་ཆེ་བ་ལྔ་ནི། སྒྲ་རིག་པ། གཏན་ཚིག་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ་སྟེ་ལྔ། རིག་གནས་ཆུང་བ་ལྔ་ནི། སྙན་ངག །སྡེབ་སྦྱོར། མངོན་བརྗོད། ཟློ་གར། རྩིས་རྣམས་སོ། །རིག་གནས་ཆེ་བའི་སྒྲ་རིག་པ་ལ། འཕགས་ཡུལ་དུ་སྒྲ་མདོ་ཆེན་པོ་བརྒྱད་བྱུང་ཞིང་། བོད་དུ་པཱ་ཎི། དབྱངས་ཅན་སྒྲ་མདོ། ཙནྡྲ་པ། ཀཱ་ལ་པ་རྣམས་འགྱུར་རོ། །འཕགས་ཡུལ་དུ་སྒྲ་རིག་ལ་མཁས་པ་ཤིན་ཏུ་མང་བར་བྱོན་ལ། བོད་དུ་ནི་སྔོན་སྒྲ་རིག་ལ་མཁས་པའི་ལོཙྪ་བ་མང་དུ་བྱུང་ཡང་ཕྱིས་དཀོན་པ་ལྟར་སྣང་ལ། མདོ་སྨད་ཀྱི་ཕྱོགས་འདིར་ནི་དེ་ལྟ་བུ་སྲིད་མཐའ་ཙམ་སྟེ། འོན་ཀྱང་མཚམས་སྦྱོར་ལྔ་པ་དང་སྔགས་ཀློག་ལ་སྦྱངས་པ་འགའ་རེ་སྣང་ངོ་། །བོད་སྐད་ཀྱི་དབང་དུ་བྱས་པའི་སྒྲ་རིག་པ་ནི་སུམ་རྟགས་དང་དག་ཡིག་གི་སྐོར་ཡིན་པས་སྒྲ་རིག་པའི་ཕྱོགས་མི་ཤེས་པ་ཡང་མིན་ནོ། །གཏན་ཚིག་རིག་པ་ནི་རྒྱལ་བའི་གསུང་རབ་དང་གཞན་ལས་ཀྱང་འབྱུང་མོད། གཙོ་བོ་ནི་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་། ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་འགྲེལ་པ་དང་བཅས་པ་དང་། དེ་དག་ལས་འཕྲོས་པའི་བསྡུས་གཞུང་རྣམས་སོ། །བཟོ་རིག་ལ་ལུས་བཟོ་ཤིང་བཟོ། ལྕགས་བཟོ། གོས་བཟོ། ལྷ་བཟོ། ཡིག་བཟོ་སོགས་མང་ཞིང་ངག་བཟོ་དང་ཡིད་བཟོ་ཡང་བཤད། གསོ་བ་རིག་པ་ནི་སྨན་སྦྱོར་ཤེས་པ་སྟེ་སྨན་གྱི་གཞུང་མང་ངོ་། །ནང་དོན་རིག་པ་སྟོན་པའི་གཞུང་ནི་སྡེ་སྣོད་གསུམ་སོགས་མངོན་མཐོ་ངེས་ལེགས་སྟོན་པའི་མདོ་སྔགས་ཀྱི་གསུང་རབ་རྣམས་ཏེ། རིག་གནས་སྔོན་མ་བཞི་ལས་ཁྱད་པར་དུ་འཕགས་སོ། །གཏན་ཚིག་རིག་པ་དང་ནང་རིག་པ་སྟོན་པའི་གཞུང་མི་འགལ་ཏེ། རྣམ་འགྲེལ་ལྟ་བུས་གཏན་ཚིག་རིག་པ་དང་ནང་དོན་རིག་པ་གཉིས་ཀ་སྟོན་པའི་ཕྱིར་ཏེ། དེས་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་སྟོབས་ཀྱི་རིགས་པས་སྒྲུབ་ཅིང་ཉམས་ལེན་དང་འབྲེལ་བར་འཆད་པའི་ཕྱིར་རོ། །སྙན་ངག་ལ་ནི་དོན་རྒྱན་དང་སྒྲ་རྒྱན་གཉིས་ཡོད་ཅིང་གྲགས་ཆེ་ལ། སྡེབ་སྦྱོར་དངོས་ནི་སྒྲ་རིག་པའི་ཡན་ལག་ཡིན་པས་བོད་སྐད་ལ་ཇི་བཞིན་མེད་ཀྱང་ཕྱོགས་མཐུན་ཚིག་གི་སྦྱོར་བ་ནི་བོད་སྐད་ལ་ཡང་ཡོད་དེ། དག་ཡིག་གི་རྣམ་དབྱེ་སོགས་དང་སྙན་ངག་སྦྱོར་ལུགས་ལེགས་པོ་ཤེས་ན་ནི་ཚིག་གི་སྡེབ་སྦྱོར་བྱེད་ཤེས་པའི་ཕྱིར་རོ། །མངོན་བརྗོད་ནི་ཉི་མ་དང་ཟླ་བ་ལྟ་བུ་སོགས་ལ་མིང་སྣ་ཚོགས་ཀྱིས་བརྗོད་པ་སྟེ། ཉི་མ་ལ་ཚ་ཟེར་ཅན་དང་འོད་སྟོང་ཅན་སོགས་སུ་བརྗོད་པ་ལྟ་བུའོ། །ཟློས་གར་ལ་ནི་ལུས་ཀྱིས་གར་བྱེད་ཅིང་ངག་གིས་གླུ་ལེན་པ་སོགས་ལུས་ངག་གི་རྣམ་འགྱུར་མང་པོ་ཞིག་བཤད། རྩིས་ལ་སྐར་རྩིས་ནག་རྩིས་གཉིས་ལས། སྐར་རྩིས་ནི་དུས་འཁོར་གྱི་ལུགས་ཏེ་ཤམྦྷ་ལ་དང་འཕགས་ཡུལ་ནས་བོད་དུ་དར་ལ། ནག་རྩིས་ནི་རྗེ་བཙུན་འཇམ་དབྱངས་ཀྱིས་རྒྱ་ནག་ཏུ་གསུངས་ཤིང་བོད་དང་རྒྱ་ནག་གི་ཕྱོགས་རྣམས་སུ་དར་ཆེ། དེ་ཡང་སྐར་མའི་རྣམ་གཞག་གཙོ་བོར་སྟོན་པས་སྐར་རྩིས་དང་། ས་བདག་གི་རྣམ་གཞག་གཙོ་བོར་སྟོན་པའི་ཕྱིར་ནག་རྩིས་ཞེས་བྱའི། དཀར་ནག་ཙམ་གྱི་དོན་མིན་ནོ། །སྐར་རྩིས་ལ་ནི། ལོ་དང་ཟླ་བ་དག་པ། གཟའ་ཚེས་སྐར་སྦྱོར་བྱེད་པ་སྟེ་ཡན་ལག་ལྔ་དང་། སྒྲ་གཅན་དང་། གཟའ་འཛིན་སྐོར་དང་། དུས་སྦྱོར་དང་། གཟའ་ལྔ་དང་། ཞག་གསུམ་རྣམ་དབྱེ་དང་། སྟོང་འཇུག་གི་སྐོར་སོགས་མང་ཞིང་། ནག་རྩིས་ལ་ནི། སྤར་ཁ། སྨེ་བ། ལོ་འགྲོས་བཅུ་གཉིས་དང་དྲུག་ཅུའི་སྐོར། གཟའ་སྐར་དང་། ཚེ་རབས་ལས་རྩིས། བག་རྩིས། སྐེག་རྩིས་སྐོར་དུ་མ་དང་། གཤིན་རྩིས་དང་། ས་བདག་གི་སྐོར་དང་། དེ་དག་བཅོས་ཐབས་སོགས་མང་ངོ་། །གཟའ་སྐར་གྱི་རྣམ་གཞག་ནི་མདོ་སྡེ་ཉི་མའི་སྙིང་པོ་དང་ཏོག་གཟུངས་ལ་སོགས་པའི་མདོ་ཕྱོགས་དང་། འཇམ་དཔལ་རྩ་རྒྱུད་སོགས་རྒྱུད་གཞན་དག་དང་། དུས་འཁོར་གྱི་སྐོར་ནས་བཤད་པས་ཤེས་དགོས་སོ། །སྨྲས་པ། ལྷ་མིའི་སྟོན་པ་ཟས་གཙང་སྲས་པོ་དེས། བྱེ་བ་ཕྲག་བརྒྱའི་འཇིག་རྟེན་ཁམས་རྣམས་སུ། །བཅུ་གཉིས་མཛད་པའི་རྣམ་རོལ་བསྟན་པ་ལས། ཆ་ཙམ་སྟོན་པའི་བཀའ་དྲིན་དྲན་ཕྱིར་བཤད། །དེ་ལས་འཕྲོས་པའི་རྣམ་གཞག་འདི་དག་ཀྱང་། །དད་ལྡན་རྣམ་དཔྱོད་དོན་གཉེར་ཅན་འགའ་ཞིག །རབ་འབྱམས་ཤེས་བྱའི་རྣམ་གྲངས་དུ་མ་ལ། །བློ་གྲོས་འཇུག་པ་རྒྱས་པའི་ཆེད་དུ་བཀོད། །འདི་རྣམས་འདི་ལྟར་བཤད་པའི་རབ་དཀར་དགེས། །མ་སོགས་མ་ལུས་འགྲོ་བ་ཐམས་ཅད་ཀྱང་། །སྐྱེ་དང་སྐྱེ་བར་བདེ་ལྡན་མངོན་དགའ་སོགས། །ཞིང་ནས་ཞིང་བརྒྱུད་སངས་རྒྱས་ཐོབ་གྱུར་ཅིག །ཁྱད་པར་ཐུབ་བསྟན་རྒྱ་མཚོའི་དབུས་སྐྱེས་པའི། །གཞུང་ལུགས་མང་ཐོས་གདེངས་ཅན་དབང་པོ་བོས། །ལྷ་མིའི་རྟེན་གྱི་བདུད་རྩི་རྟག་འཐུང་ཞིང་། །རྣམ་གྲོལ་ནོར་བུའི་གཙུག་རྒྱན་མྱུར་བསྟེན་ཤོག། །།ཅེས་སྟོན་པའི་མཛད་པ་བཅུ་གཉིས་ཀྱི་སྐོར་ལ་སོགས་པའི་རྣམ་གཞག་བཤད་པ་འདི་ནི། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་ལོ་བདུན་ཅུའི་ཐོག་དད་པས་ཀུན་ནས་བསླངས་ཏེ་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ།