cover

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

པོད་བཅུ་དྲུག་པ།

ཅོ་ནེ་གྲགས་པ་བཤད་སྒྲུབ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རི་བོ་དགའ་ལྡན་པའི་བསྟན་པ་བླ་རབས་དང་བཅས་པ་ཆོས་འབྱུང་གསལ་བར་སྟོན་པའི་སྒྲོན་མེ།

རི་བོ་དགའ་ལྡན་པའི་བསྟན་པ་བླ་རབས་དང་བཅས་པ་ཆོས་འབྱུང་གསལ་བར་སྟོན་པའི་སྒྲོན་མེ་ཞེས་བྱ་བ་བཞུགས།

༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རབ་འབྱམས་རྒྱལ་ཀུན་ཡེ་ཤེས་ཕུང་པོ་ནི། །རབ་མཛེས་གུར་གུམ་མདོག་ཅན་གཞོན་ནུའི་སྐུ། །རབ་དཀར་གངས་རིའི་ལྗོངས་སུ་མངོན་བྱོན་པ། །རབ་མཆོག་བླ་མ་རྒྱལ་བ་གཉིས་པར་འདུད། །མགོན་དེའི་བསྟན་པའི་གདུགས་དཀར་སྲིད་རྩེའི་བར། ཁྱབ་པའི་གྲགས་དཀར་བདག་བློའི་ཡུལ་འགོང་ཡང་། །དབུས་གཙང་ཕྱོགས་སུ་ཇི་ལྟར་དར་བའི་ཚུལ། །མཁས་པའི་སྲོལ་ཞུགས་མདོར་བསྡུས་བརྗོད་པར་བྱ། །༈ དེ་ལ་འདིར་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་འཕྲུལ་རྗེ་རིན་པོ་ཆེའི་བསྟན་པ་ཤར་ནུབ་ཀྱི་རྒྱ་མཚོའི་མཐའི་བར་ཁྱབ་པར་གྱུར་པའི་ཚུལ་རྒྱས་པར་ནི། པཎ་ཆེན་བསོད་ནམས་གྲགས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་དགའ་ལྡན་ཆོས་འབྱུང་སོགས་ལས་བཤད་པ་ལྟར་ཡིན་ལ། འདིར་རང་གི་སྐལ་བར་བསམས་ཏེ་རྗེའི་བསྟན་པ་སེར་འབྲས་དགེ་གསུམ་སོགས་སུ་དར་བའི་ཚུལ་ཙམ་ཞིག་བཤད་པར་བྱ་སྟེ། རྗེ་རིན་པོ་ཆེ་འདི་ཉིད་ལུང་བསྟན་པའི་གཞུང་དུ་མ་ཞིག་སྣང་བ་རྣམས་དྲངས་ན་མང་དུ་འགྱུར་དོགས་ཏེ། མིང་ཙམ་གྱི་སྒོ་ནས་བརྗོད་ན་འཇམ་དཔལ་རྩ་རྒྱུད། མདོ་སྡེ་རྒྱན་གྱི་བཤད་པའི་ལེའུ། རྒྱལ་པོ་བཀའ་འབུམ། རྒྱལ་པོ་བཀའ་ཐང་། པདྨ་བཀའ་ཆེམས། རཏྣའི་སྤྱི་ལུང་ཆེན་པོ། མཚོ་སྣ་ཟངས་བྲག་གི་གཏེར་ལུང་། བཀའ་གདམས་གླེགས་བམ་གྱི་སྐོར་ནས་ཀྱང་རྗེ་རིན་པོ་ཆེ་འདི་ཉིད་འབྱོན་པར་ལུང་བསྟན་ཅིང་། དཔལ་ལྡན་ཟླ་བས་ཀྱང་ལུང་བསྟན་ཏོ། །རྗེ་འཁྲུངས་པའི་ཡུལ་ནི། མདོ་སྨད་བཙོང་ཁའི་ཡུལ་དུ་ཡབ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་བྱ་ལ་སྐུ་བལྟམས། དགུང་ལོ་གསུམ་པའི་ཚེ་དགེ་བསྙེན་དང་། བདུན་པའི་དུས་སུ་རབ་བྱུང་མཛད་དེ་བློ་བཟང་གྲགས་པའི་དཔལ་ཞེས་མཚན་གསོལ། དགུང་ལོ་བཅུ་དྲུག་བར་དུ་མཁན་པོ་ལ་བསྟེན་ནས་མདོ་སྔགས་ཀྱི་སྐོར་མང་དུ་གསན། དགུང་ལོ་བཅུ་བདུན་པའི་དུས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན་ལ་བསྟེན་ནས་དབུས་སུ་ཕེབས། དེ་ནས་བདེ་བ་ཅན་དང་ས་སྐྱ་སོགས་སུ་ཕེབས་ནས་ཕར་ཚད་སོགས་གཞུང་ཆེན་རྣམས་ལ་སྦྱངས་པས་མཁས་པར་གྱུར་ནས་དབུས་དང་གཙང་གི་ཆོས་གྲྭ་རྣམས་སུ་དཀའ་བཞིའི་གྲྭ་སྐོར་མཛད་པ་ན་ཟླ་མེད་པའི་མཁས་པའི་གྲགས་པས་ཁྱབ། བླ་མ་རྗེ་བཙུན་རེད་མདའ་བ། ཆོས་ཀྱི་དཔལ་བ། ཁྱུང་པོ་ལྷས་པ། ལྷོ་བྲག་ཕྱག་རྡོར་སོགས་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཀུན་ལ་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང་། ཁྱད་པར་དུ་བླ་མ་དབུ་མ་པས་ལོ་ཙཱ་མཛད་དེ་རྗེ་བཙུན་འཇམ་དབྱངས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་རྣམས་ལ་དོགས་གཅོད་མང་དུ་མཛད་ལ། ཕྱིས་དགའ་བ་གདོང་དུ་འཇམ་དབྱང་ཀྱི་ཞལ་གཟིགས་ཏེ་དེ་ནས་བཟུང་རྗེ་བཙུན་ཉིད་ལས་ལྟ་བའི་དྲི་རྟོག་དང་འདུས་པ་སོགས་ཀྱི་ཆོས་ཚུལ་མཐའ་ཡས་པ་དངོས་སུ་གསན་ནོ། །རྗེས་ཆོས་གསན་པའི་བླ་མ་མང་དུ་ཡོད་ཀྱང་གཙོ་བོ་ནི་ཆོས་རྗེ་དོན་ཡོད་རིན་ཆེན། རྗེ་བཙུན་རེད་མདའ་བ། བླ་མ་དབུ་མ་པ། ལྷོ་བྲག་གྲུབ་ཆེན་དང་བཞིའོ། །དེ་དག་ཀྱང་མིའི་བླ་མའི་དབང་དུ་བྱས་ཤིང་རྟེན་འབྲེལ་བསྟོད་པ་ལས། བླ་མའི་དྲིན་གྱི་མཐོང་བའི་ཚེ། །ཞེས་པ་ལྟར་ན་བླ་མ་ཐམས་ཅད་ཀྱི་གཙོ་བོ་ནི་རྗེ་བཙུན་འཇམ་པའི་དབྱངས་སོ། །གཞན་ཡང་མདོ་སྔགས་ཀྱི་ལམ་རིམ་གཉིས་ལ་སོགས་པ་རྩོམ་པ་མཛད་པ་དང་། གདུལ་བྱ་ལ་ཆོས་ཇི་ལྟར་བསྟན་པ་དང་། དབེན་པ་བསྟེན་ནས་ཉམས་ལེན་མཛད་པ་དང་། ཉམས་སུ་བླངས་ནས་རྒྱུད་ལ་རིམ་གཉིས་ཀྱི་རྟོགས་པ་ཇི་ལྟར་འཁྲུངས་པ་རྣམས་འགོད་པར་མི་ལང་བས་གཞན་དུ་ཤེས་པར་བྱ་ལ། འདིར་ནི་དགའ་ལྡན། འབྲས་སྤུངས། སེ་ར། བཀྲ་ཤིས་ལྷུན་པོ་སོགས་སུ་དགོན་པ་འ དེབས་པའི་དུས་དང་། དེ་དག་ཏུ་རྗེའི་བསྟན་པ་འཛིན་པའི་བླ་རབས་ཇི་ལྟར་བྱུང་བའི་ཚུལ་ཅུང་ཟད་བཤད་པ་ལ། ཐོག་མར་དགའ་ལྡན་ནི། རྗེ་དགུང་ལོ་ང་གསུམ་པའི་ཐོག་ལྷ་སའི་སྨོན་ལམ་ཆེན་མོ་གྲོལ་ནས། གསང་བདག་གིས་ལུང་བསྟན་པ་ལྟར་འབྲོག་རིར་ཞབས་ཀྱི་བཅག་ཅིང་། རྒྱལ་ཚབ་དང་འདུལ་འཛིན་གཉིས་ཀྱིས་ཁུར་བཞེས་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་སྟེ་དགེ་འདུན་གྱི་སྡེ་རིམ་གྱིས་ཚུགས། དགུང་ལོ་ང་དགུའི་གོང་དཔོན་ནམ་མཁའ་བཟང་པོ་དང་། འཇམ་དབྱངས་ཆོས་རྗེ་ལ་བཀས་བསྐུལ་ཏེ་འབྲས་སྤུངས་གཞི་བཏིང་ནས་དགུང་ལོ་ང་དགུའི་ཐོག་ཏུ་གྲུབ། དགུང་ལོ་རེ་གསུམ་ཐོག་བྱམས་ཆེན་ཆོས་རྗེ་ལ་བཀའ་གནང་སྟེ་སེ་ར་ཐེག་ཆེན་གླིང་བཏབ། རེ་ག །སུམ་པ་ས་ཕག་ལོ་དེའི་ཟླ་བ་བཅུ་པ་ཡན་ལ་སྐུ་དངོས་ཀྱི་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་འགོད་པའི་མཛད་པ་ཀུན་མཐར་ཕྱིན་ཏེ། ཟླ་བ་བཅུ་པའི་ཉེར་ལྔ་ལ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་ཉེ་བར་བསྡུས་ནས་དགའ་ལྡན་དུ་གཤེགས། རྗེ་ལ་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར་མང་ཡང་སྲས་ཀྱི་ཐུ་བོ་ནི་རྗེ་བཞུགས་པའི་སྐབས་དེར་གྲགས་པ། རྒྱལ་ཚབ་རྗེ་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས། མཁས་གྲུབ་རྗེ་ནི་ཐུགས་སྲས་ཀྱི་གཙོ་བོ། རྗེ་སྐུ་གཞོན་པའི་དུས་ཀྱི་བུ་སློབ་སྔར་ཚར་བ་གྲགས་ཆེ་བ་རྣམ་པ་བཞི་སྟེ། ཚ་ཁོ་ངག་དབང་གྲགས་པ། གྲགས་པ་བློ་གྲོས། ཛྙཱ་ན་ཤྲཱི །དགེ་བཤེས་སྟོན་པའོ། །ཕྱི་ཚར་འཇམ་དཀར་བ། བཟང་སྐྱོང་བ། རིན་རྒྱལ་བ། བྱང་སེང་བ། འཇམ་དཔལ་རྒྱ་མཚོ། ཤེས་རབ་གྲགས་པ། འཇམ་དཔལ་བཀྲ་ཤིས། དཔལ་སྐྱོང་བ་སྟེ་འཁོར་དག་པ་རྣམ་པ་བརྒྱད། འཕྲིན་ལས་རྒྱ་ཆེ་བ། རྗེ་དགེ་འདུན་གྲུབ། བཀྲ་ཤིས་དཔལ་ལྡན། རྒྱལ་མཚན་བཟང་པོ། རྗེ་བཙུན་ཤེས་རབ་སེངྒེ་སྟེ་ལྔའོ། །བསྟན་པའི་སྒྲོན་མེ་ལྟ་བུ་ནི། དཀོན་མཆོག་ཚུལ་ཁྲིམས། རྒྱལ་དབང་ཁ་ཆེ། རིན་བསམ་པ། གྲགས་བཟང་བ། ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ། བློ་གྲོས་ཆོས་སྐྱོང་། བ་སོ་ཆོས་རྒྱན། དཔལ་སེང་བ། སྣར་ཐང་བ་དང་བཅུའོ། །གཞན་དོན་ནུས་པའི་བྱང་སེམས་ནི། ཤཱཀྱ་བསོད་ནམས། ཀུན་དགའ་བཟང་པོ། བློ་གྲོས་རྒྱལ་མཚན། ཚུལ་ཁྲིམས་དཔལ་བཟང་། གཞོན་ནུ་རྒྱལ་མཆོག །གྲགས་བཟང་བ་སྟེ་དྲུག་གོ །ཏི་ཤྲིར་བཀུར་བ་བྱམས་ཆེན་ཆོས་རྗེ་དང་བྱང་དར་བ་གཉིས་སོ། །དཔོན་སྲས་ནམ་མཁའ་དཔལ་དང་བསོད་ནམས་རྒྱལ་རྣམ་རྒྱལ་གཉིས། སྦྱངས་པའི་ཡོན་ཏན་ལྡན་པ་བཀྲ་ཤིས་རྒྱ་ཚོ་དང་ལེགས་པ་རྒྱལ་མཚན་གཉིས། རྣམ་དཔྱོད་ཕུལ་དུ་བྱུང་བ་རིན་ཆེན་སེངྒེ་དང་ཆོས་དབང་གྲགས་པ་གཉིས། བསྟན་པ་སྤེལ་ནུས་པ་སྟོད་སྨད་ཤེར་བཟང་གཉིས་དང་། ངག་དབང་གྲགས་པ། རྒྱལ་མཚན་སེངྒེ། དཔལ་ལྡན་ཤེས་རབ། ཡོན་ཏན་དཔལ་ཞེས་པ་སྟེ་དྲུག །སྐད་གཉིས་སྨྲ་བ་གཞོན་ནུ་དཔལ་བ་དང་སྟག་ལུང་བ་གཉིས། སྡེ་བདག་དཔལ་ལྡན་བཟང་པོ། བསོད་ནམས་བཟང་པོ། བྱང་ཆུབ་རྡོ་རྗེ། བསོད་ནམས་རྒྱལ་མཚན། དོན་གྲུབ་རྒྱལ་པོ། བཀྲ་ཤིས་དཔལ་འོད་དེ་དྲུག་གོ །མང་དུ་མཁྱེན་པ་ཆོས་རྗེ་ཤེར་འབྱུང་། རིན་བསམ་པ། གྲགས་པ་རིན་ཆེན། བསོད་ནམས་རིན་ཆེན། རིན་ཆེན་རྒྱལ་བ། སངས་རྒྱས་རྒྱལ་མཚན། རིན་ཆེན་གྲགས་པ༑ བདེ་འབྱང་དང་བརྒྱད་དོ། །མདོ་རོང་གི་མཁས་པ་མདོ་སྨད་འོད་ཟེར། ལེགས་བཟང་། བསོད་ནམས་ཤེས་རབ། ལྕེ་ནག་པ་དང་བཞིའོ། །གྲུབ་པའི་གདུང་བྱང་དཔལ་བ་དང་རིན་ཆེན་དཔལ་གཉིས། ཡ་མཚན་ཅན་གྱི་སྐྱེས་བུ་སྨོན་ལམ་དཔལ་བ་དང་བསོད་ནམས་རིན་ཆེན་གཉིས། སྤྱན་སྔ་ནི་ཀུན་བློ། གཞོན་ནུ་འོད། བློ་གྲོས་རྒྱལ་མཚན། དཔལ་བཟང་བ། ནམ་རྒྱལ་བ། བསོད་ནམས་ལྷུན་གྲུབ། རིན་རྒྱལ་བ། རིན་ཆེན་འཕེལ་དང་བརྒྱད་དོ། ཁྲི་ཆེན་ནི་ཆོས་རྗེ་མཛེས་པ་དཔལ། བླ་ཆེན་ཉན་ཤག་པ། གུ་ཤྲཱི་དཔལ་ལྡན་དོན་གྲུབ། ཆོས་རྗེ་ཡེ་ཤེས་དཔལ་དང་བཞིའོ། །མཁན་ཆེན་ནི་ཆོས་རྒྱལ་དཔལ་བཟང་། རྒྱལ་བཟང་བ། ཀུན་རྡོར་བ། བྱང་དཔལ་བ་སྟེ་བཞིའོ། །ཆེན་པོ་ནི་གྲགས་བཟང་བ། དགས་པོ། བློ་འཕེལ། ཀུན་རྒྱལ། བཀྲ་ཤིས་རྒྱལ་མཚན་དང་ལྔའོ། །ཆོས་བསྒོ་བ་འཇམ་དབྱངས་ཁ་ཆེ་དང་བཀྲ་ཤིས་རིན་ཆེན་གཉིས། དཀའ་བཅུ་བ་ནི་དར་བཟང་། མཁའ་སེར། རྒྱལ་མཚན། ཧུ་ལ་བ་དང་བཞིའོ། །བཀའ་བཞི་པ། དོན་ཡོད། རིན་ཆེན་དཔལ། རིན་ཆེན་ཆོས་རྒྱལ། སངས་རྒྱས་དབང་ཕྱུག །སངས་རྒྱས་བཟང་པོ། བསོད་ནམས་བཟང་པོ། གྲོ་ས་བ། འཆོར་བུ་བ། ཆོས་སེང་། གྲགས་པ་རྒྱལ་མཚན་དང་བཅུའོ། །ཇོ་སྟན་པ་ནི་ཟླ་བ་བློ་གྲོས། བསོད་ནམས་ལྷུན་གྲུབ། ལེགས་རིན་པ། ཀོང་པོ་དང་བཞིའོ། །གནས་བརྟན་ནི་ལེགས་བཟང་བ། དོན་གྲུབ་དཔལ། དགེ་འདུན་རྒྱལ་པོ། འོད་ཟེར་བཀྲ་ཤིས། གཞོན་ནུ་སངས་རྒྱས། ཀུན་དགའ་འབུམ་དང་དྲུག་གོ །རྟོགས་ལྡན་ནི་སངས་རྒྱས་དཔལ་བཟང་། ནམ་མཁའ་ཤོ་རེ། གྲགས་པ་འབྱུང་གནས། རལ་ཞིག་པ། ནམ་མཁའ་རྒྱལ་བ་དང་ལྔའོ། །གཞན་ཡང་གྲགས་པ་རྒྱ་མཚོ། གཞོན་ནུ་དཔལ་བ། བསམ་རྒྱལ་བ། གསེར་ཐུབ་པ། ཡང་སྟེང་རིན་པོ་ཆེ། ཞི་བློ་དབོན་པོ། དྲུང་ནམ་མཁའ། མགོན་པོ་བྱང་ཆུབ། བསོད་ནམས་རིན་ཆེན། དྲུང་ཆོས་འཕགས་པ། ཤཱག་རིན་པ། ཟླ་བ་བཟང་པོ། ཆོས་རྒྱལ་མཚན། སངས་རྒྱས་ཡེ་ཤེས་སོགས་ཤིན་ཏུ་མང་ཡང་དེའི་ནང་ནས་བརྒྱ་དང་བཞི་བཅུས་ནི་སོ་སོ་ནས་ཆོས་སྡེ་རེ་བཏབ་ཅིང་བསྟན་བཅོས་མཛད་པ་སོགས་ཀྱི་སྒོ་ནས་རྗེའི་བསྟན་པ་ལ་བྱ་བ་ལྷག་པར་བྱས་སོ། །གདན་སའི་གཙོ་བོ་དགའ་ལྡན་གྱི་ཁྲི་རབས་ནི། ཐོག་མ་རྗེ་རང་ཉིད་དང་། ཁྲི་ཐོག་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན་ནི་གཙང་སྟོད་དུ་འཁྲུངས་ཤིང་། གཞུང་ལུགས་ཐམས་ཅད་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། རྗེ་ཞིང་དུ་གཤེགས་ཁར་དབུ་ཞྭ་གནང་སྟེ་དོན་གྱིས་ཁྲིར་བསྐོ་བར་མཛད་ཅིང་། རྗེ་གཤེགས་རྗེས་དགུང་ལོ་ང་དྲུག་པ་རབ་བྱུང་བདུན་པའི་ས་ཕག་ལོར་འདུལ་འཛིན་པ་སོགས་དགེ་འདུན་པ་རྣམས་ཀྱིས་ཁྲི་ཐོག་ཏུ་མངའ་གསོལ། ཕར་ཚད་ཀྱི་བསྟན་བཅོས་མང་དུ་མཛད་ཅིང་། དགུང་ལོ་རེ་དགུ་པ་ཆུ་ཁྱིར་དག་ཞིང་དུ་གཤེགས་སོ། ཁྲི་ཐོག་གསུམ་པ་མཁས་གྲུབ་དགེ་ལེགས་དཔའ་བཟང་ནི་གཙང་སྟོད་དུ་རབ་བྱུང་བདུན་པའི་ཤིང་གླང་ལོར་འཁྲུངས། མཁས་གྲུབ་ལྷ་དབང་བློའི་སྐུ་སྐྱེར་ངོས་བཟུང་བ་ལ་བརྟེན་ནས་མཁས་གྲུབ་ཆོས་རྗེར་གྲགས། མདོ་སྔགས་ཀྱི་གཞུང་ཀུན་ལ་ཟླ་མེད་པའི་མཁས་པ་ཆེན་པོར་གྱུར། མདོ་སྔགས་ཀྱི་བསྟན་བཅོས་ཀྱང་མང་དུ་བརྩམས། དགུང་ལོ་ཞེ་བདུན་པ་ལྕགས་ཕག་ལ་ཁྲི་ཐོག་ཏུ་ཕེབས། དགུང་ལོ་ང་བཞི་པ་ས་རྟ་ལོར་དག་ཞིང་དུ་གཤེགས་སོ། ༈ ཁྲི་ཐོག་བཞི་པ་ཞ་ལུ་བ་ལེགས་པ་རྒྱལ་མཚན་ནི་གཙང་དུ་ཤིང་ཡོས་ལ་འཁྲུངས། དགུང་ལོ་རེ་བཞི་པ་ས་རྟ་ལ་ཁྲི་ཐོག་ཏུ་ཕེབས། འཇིགས་བྱེད་ཀྱི་འཁྲུལ་འཁོར་ལ་མཁས་ཤིང་མཐུ་ནུས་ཆེ་བས་ལོག་པར་འཁུ་བ་འགའ་ཞིག་ཚར་བཅད། དགུང་ལོ་དོན་དྲུག་པ་ལྕགས་རྟ་ལ་ཞི་བར་གཤེགས་སོ། ཁྲི་ཐོག་ལྔ་པ་ཆོས་རྗེ་བློ་གྲོས་ཆོས་སྐྱོང་ནི་གཡག་སྡེར་ས་སྦྲུལ་ལ་འཁྲུངས། མཁས་གྲུབ་རིན་པོ་ཆེ་བསྟེན་ནས་མདོ་སྔགས་ཀུན་དང་དུས་འཁོར་ལ་མཁས་པར་སྦྱངས། དགུང་ལོ་རེ་གཉིས་པ་རབ་བྱུང་བརྒྱད་པའི་ལྕགས་རྟ་ལ་ཁྲིར་ཕེབས། བསྟན་བཅོས་ཀྱང་འགའ་རེ་རྩོམ་ཞིང་དོན་ལྔ་བ་ཆུ་ལུག་ལ་ཞི་བར་གཤེགས་སོ། །༈ ཁྲི་ཐོག་དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན་ནི་མཁས་གྲུབ་རྗེའི་གཅུང་པོར་ཆུ་རྟ་ལ་འཁྲུངས། རྗེ་དང་མཁས་གྲུབ་ལ་བསྟེན་ནས་མདོ་སྔགས་ཀུན་དང་འདུས་པ་ལ་སྦྱངས་པས་མཁས་ཤིང་གྲུབ་པ་བརྙེས། དགུང་ལོ་རེ་གཉིས་པ་ཆུ་ལུག་ལ་ཁྲིར་ཕེབས། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་སྤེལ། དོན་གཉིས་པ་ཆུ་སྦྲུལ་ལ་དག་ཞིང་དུ་གཤེགས་སོ། ཁྲི་ཐོག་བདུན་པ་བློ་གྲོས་བརྟན་པ་ནི་གཙང་ཕྱོགས་སུ་ཆུ་རྟར་འཁྲུངས། རྗེ་དང་རྒྱལ་ཚབ་པ་བརྟེན་ནས་གཞུང་ལུགས་ཀུན་ལ་མཁས་པར་སྦྱངས་ཤིང་བསྟན་བཅོས་ཀྱང་བརྩམས། དགུང་ལོ་དོན་གཉིས་པ་ཆུ་སྦྲུལ་ལ་ཁྲིར་ཕེབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དོན་བདུན་པ་ས་ཁྱི་ལ་ཞི་བར་གཤེགས་སོ། ཁྲི་ཐོག་བརྒྱད་པ་སྨོན་ལམ་དཔལ་བ་ནི་གཡས་རུ་བྱང་དུ་ཤིང་རྟར་འཁྲུངས། དགེ་འདུན་གྲུབ་པ་སོགས་བསྟེན་ནས་གཞུང་ཆེན་ཀུན་ལ་སྦྱངས་པ་མཐར་ཕྱིན་པར་མཛད། ཕར་ཚད་རྣམས་ལ་མཁས་ཤིང་བསྟན་བཅོས་ཀྱང་ཁ་ཤས་མཛད། དགུང་ལོ་རེ་བདུན་པ་ལྕགས་བྱི་ལ་ཁྲིར་ཕེབས་ཏེ་ཆོས་མང་དུ་གསུངས་ནས། དོན་བརྒྱད་པ་ལྕགས་ཕག་ལ་དག་ཞིང་དུ་གཤེགས་སོ། །རྗེ་གཤེགས་ནས་འདིའི་བར་ལོ་དོན་གསུམ་སོང་སྣང་། རྒྱལ་ཚབ་ནས་འདིའི་བར་འཇམ་དབྱངས་གཙང་པ་བདུན་བརྒྱུད་ཅེས་གྲགས་ཏེ་སངས་རྒྱས་བྱང་སེམས་ཀྱི་རྣམ་འཕྲུལ་དུ་ངེས་སོ། །འདི་མན་ཆད་མཚན་སྒྲ་ཙམ་གྱི་སྒོ་ནས་བརྗོད་ན། ཁྲི་ཐོག་དགུ་པ་རྗེ་བློ་བཟང་ཉི་མ། བཅུ་པ་ཆོས་རྗེ་ཡེ་ཤེས་བཟང་པོ། བཅུ་གཅིག་པ་འདར་སྟོན་བློ་བཟང་གྲགས། བཅུ་གཉིས་པ་འཇམ་དབྱངས་ལེགས་པའི་བློ་གྲོས། བཅུ་གསུམ་པ་ཆོས་ཀྱི་བཤེས་གཉེན། བཅུ་བཞི་པ་རིན་ཆེན་འོད་ཟེར། བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ། བཅུ་དྲུག་པ་ཆོས་སྐྱོང་རྒྱ་མཚོ། བཅུ་བདུན་པ་རྡོ་རྗེ་བཟང་པོ། བཅོ་བརྒྱད་པ་རྡོ་རྗེ་རྒྱལ་མཚན། བཅུ་དགུ་པ་ངག་དབང་ཆོས་གྲགས། ཉི་ཤུ་པ་ཆོས་གྲགས་བཟང་པོ། ཉེར་གཅིག་པ་དགེ་ལེགས་དཔལ་བཟང་། ཉེར་གཉིས་པ་དགེ་འདུན་བསྟན་པ་དར་རྒྱས། ཉེར་གསུམ་པ་ཚེ་བརྟན་རྒྱ་མཚོ། ཉེར་བཞི་པ་བྱམས་པ་རྒྱ་མཚོ། ཉེར་ལྔ་པ་དཔལ་འབྱོར་རྒྱ་མཚོ། ཉེར་དྲུག་པ་དམ་ཆོས་དཔལ་འབར། ཉེར་བདུན་པ་སངས་རྒྱས་རིན་ཆེན། ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན། ཉེར་དགུ་པ་བཤེས་གཉེན་གྲགས་པ། སུམ་ཅུ་པ་བློ་གྲོས་རྒྱ་མཚོ། སོ་གཅིག་པ་དམ་ཆོས་དཔལ་བ། སོ་གཉིས་པ་ཚུལ་ཁྲིམས་ཆོས་འཕེལ། སོ་གསུམ་པ་གྲགས་པ་རྒྱ་མཚོ། སོ་བཞི་པ་ངག་དབང་ཆོས་ཀྱི་རྒྱལ་མཚན། སོ་ལྔ་པ་དགོན་མཆོག་ཆོས་འཕེལ། སོ་དྲུག་པ་བསྟན་འཛིན་ལེགས་བཤད། སོ་བདུན་པ་དགེ་འདུན་རིན་ཆེན། སོ་བརྒྱད་པ་བསྟན་པ་རྒྱལ་མཚན། སོ་དགུ་པ་དཀོན་མཆོག་ཆོས་བཟང་། བཞི་བཅུ་པ་དཔལ་ལྡན་རྒྱལ་མཚན། ཞེ་གཅིག་པ་བློ་བཟང་རྒྱལ་མཚན། ཞེ་གཉིས་པ་བློ་བཟང་དོན་ཡོད། ཞེ་གསུམ་པ་བྱམས་པ་བཀྲ་ཤིས། ཞེ་བཞི་པ་བློ་གྲོས་རྒྱ་མཚོ། ཞེ་ལྔ་པ་ཚུལ་ཁྲིམས་དར་རྒྱས། ཞེ་དྲུག་པ་སྦྱིན་པ་རྒྱ་མཚོ། ཞེ་བདུན་པ་བློ་བཟང་ཆོས་འཕེལ། ཞེ་བརྒྱད་པ་སླར་ཡང་ཚུལ་ཁྲིམས་དར་རྒྱས་ཏེ་དེ་ཡན་ནི་བཻཌཱུརྱ་སེར་པོར་གསལ་ལ། ༈ དེ་ནས་རབ་བྱུང་བཅུ་གཉིས་པའི་མཇུག་གི་ཆ་ཤིང་བྱི་འདིའི་བར་ལོ་ལྔ་བཅུར་ཉེ་བར་སོང་འདུག་པས་ལོ་བདུན་རེའི་དབང་དུ་བྱས་ན་དེའི་བར་ཁྲི་ཐོག་བདུན་གྱི་སྐོར་སོང་བར་ངེས་སོ། །དེ་ལྟར་ན་བདུན་པོ་གོང་གི་ཞེ་བརྒྱད་ཀྱི་སྟེང་བསྣན་པས་ཁྲི་ཐོག་ང་ལྔའི་སྐོར་སོང་བར་སྣང་ངོ་། ཁྲི་ཐོག་པ་དེ་ཐམས་ཅད་ཀྱིས་ཀྱང་རྗེའི་བསྟན་པ་ལུགས་གཉིས་ཀྱི་སྒོ་ནས་བཟུང་སྟེ་སྤེལ་བར་མཛད་པ་རྒྱས་པར་སོ་སོའི་རྣམ་ཐར་ལས་ཤེས་པར་བྱའོ། །དགལ་ལྡན་དུ་བྱང་རྩེ་དང་ཤར་རྩེ་གཉིས་བྱུང་བའི་བྱང་རྩེའི་བླ་རབས་ཀྱི་ཐོག་མ་ནི། ཧོར་སྟོན་ནམ་མཁའ་དཔལ་བཟང་། དེ་ནས་ཀུན་དགའ་བཀྲ་ཤིས། བློ་གྲོས་བརྟན་པ། བཀྲ་ཤིས་རྒྱལ་མཚན། ཤེས་རབ་བཟང་པོ། ཚུལ་ཁྲིམས་བཟང་པོ། ཤེས་རབ་དང་། རྒྱལ་མཚན་བཟང་པོ། །ཆོས་གྲགས་བཟང་པོ། དགེ་འདུན་བསྟན་དར། བྱམས་པ་རྒྱ་མཚོ། དམ་ཆོས་དཔལ་འབར། དགེ་འདུན་རྒྱལ་མཚན། བཀྲ་ཤིས་འབྱུང་གནས། བློ་གྲོས་རྒྱ་མཚོ། ངག་དབང་ཆོས་གྲགས། དགེ་འདུན་རྒྱལ་མཚན། ངག་དབང་ཆོས་རྒྱན། བསྟན་འཛིན་ལེགས་བཤད། བསྟན་པ་རྒྱལ་མཚན། ཆོས་རྒྱལ་བཀྲ་ཤིས། དཔལ་ལྡན་རྒྱལ་མཚན། དམ་ཆོས་རྣམ་རྒྱལ། བློ་བཟང་དོན་ཡོད། ངག་དབང་ནོར་བུ། བྱམས་པ་རིན་ཆེན། བློ་གྲོས་རྒྱ་མཚོ། སྦྱིན་པ་རྒྱ་མཚོ། ངག་དབང་ཕུན་ཚོགས། དོན་གྲུབ་རྒྱ་མཚོ་སོགས་སོ། ༈ །ཤར་རྩེར་ནི་རིན་ཆེན་རྒྱལ་མཚན། ཟླ་གྲགས། ཉི་གྲགས། རྒྱལ་མཚན། སྨོན་ལམ་དཔལ། ཡེ་ཤེས་བཟང་པོ། མདར་སྟོན་བློ་བཟང་། ཆོས་ཀྱི་བཤེས་གཉེན། བཟང་པོ། བསོད་ནམས་གྲགས་པ། དཀོན་མཆོག་དར། རྡོ་རྗེ་བཟང་པོ། ངག་དབང་ཆོས་གྲགས། དགེ་ལེགས་དཔལ་བཟང་། ཚེ་བརྟན་རྒྱ་མཚོ། ཤཱཀྱ་རིན་ཆེན། དཔལ་འབྱོར་རྒྱ་མཚོ། ནམ་མཁའ་རྒྱན་མཚན། སངས་རྒྱས་རིན་ཆེན། དོན་གྲུབ་སེངྒེ། བཤེས་གཉེན་གྲགས་པ། ཉི་མ་བཟང་པོ། དམ་ཆོས་དཔལ། གྲགས་པ་རྒྱ་མཚོ། དཀོན་མཆོག་ཆོས་འཕེལ་བ། སངས་རྒྱས་བཀྲ་ཤིས། དགེ་འདུན་རིན་ཆེན། ངག་དབང་རིན་ཆེན། དཀོན་མཆོག་བཟང་། བློ་བཟང་རྣམ་རྒྱལ། བློ་བཟང་དཔལ་འབར། བྱམས་པ་བཀྲ་ཤིས། དགེ་འདུན་གྲགས་པ། ཚུལ་ཁྲིམས་དར་རྒྱས། བློ་བཟང་ཆོས་འཕེལ་སོགས་སོ། །དགའ་ལྡན་སོགས་སུ་རྒྱུད་པ་གྲྭ་ཚང་དང་བླ་རབས་བྱུང་ཚུལ་ནི། རྗེས་རྗེ་བཙུན་ཤེས་རབ་སེངྒེ་ལ་འགྲེལ་པ་བཞི་སྦྲགས་ཀྱི་བཤད་སྲོལ་འཛིན་པའི་བཀའ་བབས་པས་ཐོག་མ་ནི་བླ་མ་དེ་ཉིད་ཡིན་ལ། དེ་ཉིད་ཀྱིས་གཙང་ཕྱོགས་ནས་རྒྱུད་ཀྱི་འཆད་ཉན་མཛད་ཅིང་། སྲད་རིན་ཆེན་རྩེ་བས་སྦྱིན་བདག་མཛད་ནས་རྒྱུད་གྲྭ་བཙུགས་པ་ལ་སྲད་རྒྱུད་པར་གྲགས། དེ་ནས་སྲད་རྒྱུད་ཀྱི་བླ་རབས་ནི། འདུལ་ནག་དཔལ་ལྡན་བཟང་པོ། རོག་ཚོ་ཆོས་མཛད། དགེ་འདུན་འཕེལ། ཆོས་དབྱིངས། བཀྲ་ཤིས་འཕགས། བསམ་གྲུབ་རྒྱ་མཚོ། བསོད་ནམས་རྒྱལ་མཚན། བརྩོན་འགྲུས་འཕགས། རྡོ་རྗེ་བཟང་པོ། བྱམས་པ་རྒྱལ་མཚན། དཀོན་མཆོག་རྒྱ་མཚོ། དགེ་འདུན་རྒྱལ་པོ། རིན་ཆེན་རྒྱ་མཚོ། ཆོས་དབང་། སངས་རྒྱས་རྒྱ་མཚོ། ཕུག་ཆེན་པ། ཤེས་རབ་རིན་ཆེན། དཔལ་ལྡན་མཆོག་སྦྱིན། མཆོག་ལེགས་འོད་ཟེར། དཀོན་མཆོག་ཡར་འཕེལ། བློ་བཟང་ཡེ་ཤེས། བློ་བཟང་དོན་གྲུབ་སོགས་སོ། །རྗེ་བཙུན་ཤེས་རབ་སེངྒེས་ཐོག་མར་སྟོད་གཙང་དུ་རྒྱུད་གྲྭ་བཙུགས་ནས་དབུས་སུ་ཕེབས་ཏེ་རྒྱུད་ཀྱི་འཆད་ཉན་བཙུགས་ནས་ཕྱོགས་ཕྱོགས་སུ་ཆོས་བར་བཏེག་ཅིང་། རབ་བྱུང་བདུན་པའི་ཐོག་རྒྱུད་གྲྭ་ཚུགས་པ་ལ་རྒྱུད་སྨད་དུ་གྲགས་ཤིང་། དེའི་བླ་རབས་ནི། རྡོ་རྗེ་འཆང་སྦྱིན་པ་དཔལ། ཀུན་དགའ་དོན་གྲུབ། བཀྲ་ཤིས་རྒྱལ་མཚན། ཤེས་རབ་བཟང་པོ། ཨུ་རི་དཀའ་བཅུ་བ། སློབ་དཔོན་ཚུལ་བཟང་། ཆོས་སྐྱོང་རྒྱ་མཚོ། རྒྱལ་མཚན་བཟང་པོ། ཆོས་གྲགས་བཟང་པོ། ནམ་མཁའ་གྲགས། བྱམས་པ་རྒྱ་མཚོ། བཀྲ་ཤིས་བཟང་པོ། དགེ་འདུན་རྒྱལ་མཚན། རྣམ་རྒྱལ་དཔལ་བཟང་། བློ་གྲོས་རྒྱ་མཚོ། ངག་དབང་ཆོས་གྲགས། ངག་དབང་ཆོས་རྒྱན། བསྟན་འཛིན་ལེགས་བཤད། ཆོས་རྒྱལ་བཀྲ་ཤིས། དཔལ་ལྡན་རྒྱལ་མཚན། དམ་ཆོས་རྣམ་རྒྱལ། བློ་བཟང་དོན་ཡོད། བློ་བཟང་རྣམ་རྒྱལ། ངག་དབང་ནོར་བུ། ཤེས་རབ་རྒྱ་མཚོ། བློ་གྲོས་རྒྱ་མཚོ། སྦྱིན་པ་རྒྱ་མཚོ། དཔལ་འབྱོར་རྒྱ་མཚོ། དོན་གྲུབ་རྒྱ་མཚོ་སོགས་སོ། །རྒྱུད་སྟོད་བླ་རབས་ནི། རྗེ་བཙུན་ཤེས་རབ་སེངྒེའི་དངོས་སློབ་རྒྱུད་པ་ཀུན་དགའ་དོན་གྲུབ་ཀྱིས་དབུས་སྟོད་དུ་རྒྱུད་ཀྱི་འཆད་ཉན་གནང་བས་རྒྱུད་སྟོད་པར་གྲགས། དེ་ནས་ལྷ་དབང་རིན་ཆེན། ཆོས་ལྡན་བློ་གྲོས། བསོད་ནམས་གྲགས་པ། དཀོན་མཆོག་དར། ངག་དབང་ཆོས་གྲགས། དགེ་ལེགས་དཔལ། ཚེ་བརྟན་རྒྱ་མཚོ། ཤཱཀྱ་རིན་ཆེན། དཔལ་འབྱོར་རྒྱ་མཚོ། ནམ་མཁའ་རྒྱལ་མཚན། བྱང་ཆུབ་འོད་ཟེར། འཇམ་དབྱངས་འོད་ཟེར། གྲགས་པ་རྒྱ་མཚོ། དཀོན་མཆོག་ཆོས་འཕེལ། སངས་རྒྱས་བཀྲ་ཤིས། དགེ་འདུན་རྒྱ་མཚོ། བློ་བཟང་བསྟན་འཛིན། ངག་དབང་ཆོས་འཕེལ། དཀོན་མཆོག་བཟང་། བྱམས་པ་རྣམ་རྒྱལ། བློ་བཟང་རྒྱལ་མཚན། བློ་བཟང་དཔལ་འབར། བྱམས་པ་བཀྲ་ཤིས། དགེ་འདུན་གྲགས་པ། བློ་བཟང་དགེ་ལེགས། བློ་བཟང་ཆོས་འཕེལ་གཉིས་ལ་སོགས་པ་སྟེ་ཕྱིས་དབུས་ཕྱོགས་སུ་སྤོས་སོ། །དཔལ་ལྡན་འབྲས་སྤུངས་ཀྱི་བླ་རབས་ནི། གོང་དུ་བརྗོད་པ་ལྟར་རྗེའི་སྲས་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་དེ་ཉིད་ཀྱིས་རྗེའི་བཀའ་ལྟར་རབ་བྱུང་བདུན་པའི་མེ་སྤྲེལ་ལོར་འབྲས་སྤུངས་བཏབ་སྟེ་མདོ་སྔགས་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་སྒོ་མང་བློ་གསལ་གླིང་བདེ་ཡངས་སོགས་གྲྭ་ཚང་བདུན་བཙུགས། མཁས་ཤིང་གྲུབ་པ་བརྙེས་པར་གྲགས་ཤིང་འཕྲིན་ལས་རྣམ་མཁའ་དང་མཉམ་པ་དེ་ཉིད་ཀྱི་གདན་སའི་ཐོག་མ་མཛད་དེ། གདན་ས་གཉིས་པ་དཔལ་ལྡན་སེངྒེ། གསུམ་པ་རིན་ཆེན་བྱང་ཆུབ། བློ་བཟང་ཉི་མ། བློ་བཟང་གྲགས། ཤཱཀྱ་རིན་ཆེན། སྨོན་ལམ་དཔལ། ལེགས་པ་ཆོས་འབྱོར། ཡོན་ཏན་རྒྱ་མཚོ། དགེ་འདུན་རྒྱ་མཚོ། བསོད་ནམས་གྲགས་པ། བསོད་ནམས་རྒྱ་མཚོ། ཡོན་ཏན་རྒྱ་མཚོ། བློ་བཟང་ཆོས་ཀྱི་རྒྱ་མཚན། ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོ། བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ། ཐམས་ཅད་མཁྱེན་པ་བསྐལ་བཟང་རྒྱ་མཚོའོ། །སྒོ་མང་གྲྭ་ཚང་དུ་བླ་རབས་ནི། དང་པོར་གྲགས་པ་རིན་ཆེན། རྒ་ལེབ། ཚུལ་བཟང་། དཔལ་ཤེ །ཀུན་རྒྱལ་བ། དབང་དཔལ་བ། དཔལ་བློ་དང་ཤེས་བློ། ཡེ་ཤེས་གྲགས། དཔལ་ལྡན་འོད་ཟེར་དང་དཀོན་མཆོག་བཟང་། རིན་ཆེན་བྱང་ཆུབ། ངག་དབང་འབྱུང་གནས། བློ་བཟང་ཨེ་ཝཾ། ཕྱོགས་ལས་རྣམ་རྒྱལ། ཆོས་ཀྱི་འབྱུང་གནས། བྱམས་པ་ལྷུན་གྲུབ། བརྩོན་འགྲུས་རྒྱ་མཚོ། དགེ་ལེགས་ལྷུན་གྲུབ། ཆོས་གྲགས་རྣམ་རྒྱལ། སངས་རྒྱ་བཀྲ་ཤིས། དགེ་ལེགས་དཔལ་འབྱོར། བློ་བཟང་ངག་དབང་། ངག་དབང་དཔལ་འབྱོར། འཕྲིན་ལས་ལྷུན་གྲུབ། བློ་གྲོས་རྒྱ་མཚོ། དོན་གྲུབ་རྒྱ་མཚོ་གཉིས། འོད་ཟེར་སོགས་སོ། །བློ་གསལ་གླིང་དུ་ཐོག་མ་ལེགས་ལྡན་པ། དེ་ནས་གཞུ་བསོད་པ། དཔལ་ལྡན་བློ་གྲོས། ཚུལ་བློ། ཡེ་ཤེས་བཟང་པོ། ཏྲེ་བོ་པ། འཇམ་དབྱངས་དགའ་བའི་བློ་གྲོས། སངས་རྒྱས་བཟང་པོ། རིན་ཆེན་དར་མ་དང་སངས་ལེགས། ཡོན་ཏན་འོད། བསོད་ནམས་གྲགས་པ༑ དགེ་འདུན་དོན་གྲུབ། བཀྲ་ཤིས་འོད་ཟེར། བསམ་གཏན་མཆོག །གཙང་པ་བཀྲ་ཤིས། ཆོས་གྲགས་འོད་ཟེར་སོགས་སོ། །བདེ་ཡང་སུ་དང་པོར་བྱང་དཔལ། ཡོན་ཏན་རྒྱ་མཚོ། དབང་རྒྱལ། བརྩོན་འགྲུས། བློ་སེང་། ནམ་མཁའ་བ། བཀྲ་ཤིས་རྒྱ་མཚོ། རིན་དར་བ། རྒྱལ་མཚན་ལེགས་པ། རིན་ཆེན་རྣམ་རྒྱལ་སོགས་སོ། །འདུལ་བ་གྲྭ་ཚང་དུ་དང་པོར་བརྩོན་འགྲུས་གྲགས་པ། དགེ་ལེགས་དཔལ། དཔལ་ལྡན་བློ་གྲོས། གྲོ་ས་བ། དཔལ་འབྱོར་པ། རིན་ཆེན་གྲགས་སོགས་སོ། །ཤག་སྐོར་གྲྭ་ཚང་དུ་སྣར་ཐང་བ། རྡོ་རྗེ་རྒྱལ་མཚན། རིན་ཆེན་བློ་གྲོས། དབུ་སེ། བདེ་བློ། ཆོས་བཤེས། ཀུན་དགའ་རྒྱལ་མཚན་སོགས་སོ། །ཐོས་བསམ་གླིང་དུ་ཀུན་བཟང་རིན་ཆེན། ཤཱཀྱ་རིན་ཆེན། རྒྱལ་བཟང་བ། དཔལ་ལྡན་པ༑ དཔལ་རྒྱལ་མཚན། བསམ་གཏན་ཤེས་རབ། བློ་གྲོས་མཐའ་ཡས་སོགས་སོ། །སྔགས་པ་གྲྭ་ཚངས་དུ་རྒྱལ་མཚན་ཚུལ་ཁྲིམས། སྦྱིན་མཆོག་པ། རིན་ཆེན་མཆོག །མགོན་པོ་རྒྱལ་མཚན། གདེངས་ཀ་བ། ཐོག་ཁ་བ། དཔལ་ཐུང་བ། ནམ་མཁའ་བཟང་པོ་སོགས་སོ། །ཆོས་འཁོར་གླིང་དུ་དོན་གྲུབ་མགོན་པོ། ལྡན་ཆུང་བ༑ དྲུང་ཆེན་པ། སངས་རྒྱས་བཀྲ་ཤིས། ངག་དབང་ཆོས་འཕེལ། བསྟན་འཛིན་འཕྲིན་ལས་སོགས་བྱོན་ནོ། །འདི་རྣམས་ནི་འབྲས་སྤུངས་པའི་སྐོར་ཏེ། དེ་རྣམས་ཀྱི་ནང་ནས་གྲྭ་ཚང་གྲགས་ཆེ་བ་ནི་སྒོ་མང་དང་། བློ་གསལ་གླིང་གཉིས་སོ། །གྲྭ་པ་སྤྱིའི་གྲངས་ནི་སྟོང་ཕྲག་བཞི་ལྷག་ཙམ་སྟེ། ལུང་བསྟན་ལྟར་ན་ལྔ་སྟོང་ཚོགས་པའང་འབྱུང་ངོ་། །སེ་ར་ཐེག་ཆེན་གླིང་གི་བླ་བརྒྱུད་ནི། དགོན་འདི་བྱམས་ཆེན་ཆོས་རྗེས་བཏབ་པ་སྟེ། དེ་ཡང་རྗེ་རིན་པོ་ཆེ་རྒྱ་ནག་ཏུ་སྤྱན་འདྲེན་པར་བཏང་བའི་ཚབ་ཏུ་ཁོང་རྒྱ་ནག་ཏུ་བྱོན། སླར་བྱོན་ནས་རྗེ་དང་མཇལ་ནས་འབུལ་ཆེན་མཛད། རྗེ་ཞིང་དུ་གཤེགས་པའི་ས་ཕག་ལོ་དེར་རྗེ་ཉིད་ཀྱི་བཀའ་ལྟར་སེ་ར་ཐེག་ཆེན་གླིང་གསར་དུ་བཏབ་སྟེ་རྟེན་མང་དུ་བཞེངས། རྣམ་ཐོས་སྲས་འགྲུབ་པས་སྐུ་བསོད་ཤིན་ཏུ་ཆེ། སྟོད་སྨད་རྒྱ་འབྲོང་སྟེང་སྟེ་གྲྭ་ཚང་བཞི་བཙུགས། གདན་ས་ཐོག་མར་དར་རྒྱས་བཟང་པོ། ཤཱཀྱ་ཚུལ་ཁྲིམས། དེ་ནས་གུ་རུ་རྒྱ་མཚན་བཟང་པོ་སྟེ་འདི་ནི་རྗེའི་བུ་སློབ་རྣམས་ཀྱི་ནང་ནས་མཁས་པའི་ཕུལ་དུ་ཕྱིན་པ་ཞིག་གོ །བཀྲ་ཤིས་རྒྱ་མཚོ། རིན་ཆེན་བློ་གྲོས། ཆོས་རྗེ་འདུལ་འཛིན་པ། ལྷ་ཕུག་ཆོས་རྗེ། དཔལ་འབྱོར་ལྷུན་གྲུབ། དཔལ་ལྡན་བློ་གྲོས། དོན་ཡོད་དཔལ་ལྡན། རྗེ་དགེ་འདུན་རྒྱ་མཚོ། རྗེ་བཙུན་པ། བསོད་ནམས་གྲགས་པ། ཆོས་གྲགས་བཟང་པོ། རྗེ་བསོད་ནམས། རྒྱ་མཚོ། སྟོང་འཁོར་བ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། རྒྱལ་དབང་བློ་བཟང་རྒྱ་མཚོ། ཚངས་དབྱངས་རྒྱ་མཚོ། བསྐལ་བཟང་རྒྱ་མཚོའི་བར་རོ། །སྔར་གྲྭ་ཚང་བཞི་བྱུང་བའི་རྒྱ་འབྲོོང་གཉིས་སྟོང་པ་གྲྭ་ཚང་དུ་བསྡུས་ནས་དེའི་བླ་མ་ཤེས་རབ་རྒྱ་མཚོ། ཆོས་བློ། ཤཱཀྱ་བཟང་པོ། བློ་གྲོས་རིན་ཆེན། འཇམ་གྲགས་པ། མཉྫུ་པ། ནམ་མཁའ་དཔལ་བཟང་། རིན་ཆེན་དར་མ། ཆོས་རྗེ་དོན་གྲུབ། དར་གླིང་བ། བསྟན་པ་དར་རྒྱས། བློ་བཟང་ཨེ་ཝཾ། རིན་ཆེན་གཉིས། ཡོན་ཏན་འོད་ཟེར་སོགས་སོ། །འོན་ཀྱང་ཕྱིས་སྟོད་པ་ཡང་སྨད་གྲྭ་ཚང་དུ་བསྡུས་སོ། །སེ་ར་སྨད་གྲྭ་ཚང་ནི་དང་པོ་བྱང་ཆུབ་འབུམ་པ་པས་བཏབ་ཅིང་། དེ་ནས་བརྩོན་འགྲུས་བཟང་པོ། ཤཱཀྱ་བཀྲ་ཤིས། རིན་ཆེན་རྒྱལ་མཚན། མཚེ་མ་དབང་རྒྱལ། ཚུལ་རྒྱས་བཟང་པོ། ཟླ་འོད་དཔལ་མགོན། ཡོན་ཏན་བཤེས་གཉེན། ཚུལ་ཁྲིམས་འོད་ཟེར། ཆོས་གྲགས་རིན་ཆེན། རྡོ་རྗེ་བཟང་པོ། ཕྱོགས་ལས་རྣམ་རྒྱལ། ཚུལ་ཁྲིམས་འོད་ཟེར། ཆོས་བཟང་གྲགས་པ། ལ་མོ་བ། དགེ་ལེགས་བཟང་པོ། བྱང་ཆུབ་འོད་ཟེར། སངས་རྒྱས་རིན་ཆེན། བཀྲ་ཤིས་འབྱུང་གནས། ངག་དབང་ཆོས་རྒྱ་མཚོ། སངས་རྒྱས་དཔལ་འབྱོར། དགེ་འདུན་རིན་ཆེན། བཟང་པོ་རྣམ་རྒྱལ། ཤེས་རབ་སེངྒེ། ཤེས་རབ་རྒྱ་མཚོ། བྱམས་པ་ལྷུན་གྲུབ། བློ་བཟང་བསྟན་འཛིན། བསྟན་འཛིན་ལེགས་བཤད། སྤོམ་སྤོར་བ་རྒྱལ་མཚན། རིན་ཆེན་རྒྱ་མཚོ། དཔལ་འབྱོར་རྒྱལ་མཚན། ནམ་མཁའ་རྒྱལ་མཚན། བློ་བཟང་དཔལ་འབར། དགེ་འདུན་འཇམ་དབྱངས། ཚུལ་ཁྲིམས་དར་རྒྱས། བློ་བཟང་རྒྱལ་མཚན། བློ་བཟང་དོན་གྲུབ། སློབ་དཔོན་ཚུལ་ཁྲིམས་དར་རྒྱས་སོགས་ཏེ་འདིའི་སྐབས་སུ་ཁོ་བོ་ཅག་སྨད་གྲྭ་ཚང་དུ་སློབ་གཉེར་བྱེད་དོ། །དེ་ནས་ད་ལྟའི་བར་རབ་བྱུང་བཅུ་གཉིས་པའི་མཇུག་གི་ཤིང་བྱ་འདིའི་བར་དུ་ལོ་བཞི་བཅུའི་སྐོར་སོང་འདུག་པས་བླ་རབས་ཀྱང་མང་དུ་བྱུང་སྟེ་འབྲིར་མ་ལང་ངོ་། །སེ་ར་བྱེས་གྲྭ་ཚང་ནི། ཐོག་མར་གདན་ས་ངག་དབང་དང་ཛྙཱ་ན་ཤྲཱིས་འཆད་ཉན་ཅུང་ཟད་མཛད་ཀྱང་བར་སྐབས་སུ་སྟོང་། དེ་རྗེས་སྣེའུ་དཔལ་འབྱོར་རྒྱལ་པོ་དང་བཙུན་མོ་གཉིས་ཀྱིས་སླར་བཙུགས་ཀྱང་གཞི་མ་ཆགས་པའི་དབང་གིས་ཕྱོགས་ཕྱོགས་སུ་འབྱོན་པའི་ཆོས་བར་འདེབས་དགོས་པ་ཞིག་བྱུང་བས་མིང་ཡང་བྱེས་སུ་གྲགས། སློབ་དཔོན་ཐོག་མ་ནི་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། དཔལ་ལྡན་བློ་གྲོས། དོན་ཡོད་དཔལ་ལྡན། རྗེ་བཙུན་པ། ཤེས་རབ་སེངྒེ། ཤེས་རབ་རྒྱ་མཚོ། དཔལ་འབྱོར་རྒྱལ་མཚན། བདེ་ལེགས་ཉི་མ། མཁས་བཙུན་རྒྱ་མཚོ། ནམ་མཁའ་རྒྱལ་མཚན། རིན་ཆེན་བཤེས་གཉེན། བསོད་ནམས་ལྷུན་གྲུབ། འཕྲིན་ལས་ལྷུན་གྲུབ། དཔལ་འབྱོར་ལྷུན་གྲུབ། བསམ་འགྲུབ་རིན་ཆེན། བྱམས་པ་སྨོན་ལམ། འཕྲིན་ལས་བསམ་གྲུབ། བསོད་ནམས་རྒྱལ་མཚན། འཇམ་དབྱངས་ལྷུན་གྲུབ། བློ་བཟང་བཀྲ་ཤིས། རྒྱལ་མཚན་དོན་གྲུབ། ངག་དབང་རྒྱ་མཚོ་སོགས་སོ། །སེ་རའི་གྲྭ་པ་སྤྱིའི་གྲངས་ནི་ཉིས་སྟོང་བརྒྱད་བརྒྱའི་སྐོར་དང་། སུམ་སྟོང་ཚོགས་པའི་སྐབས་ཀྱང་ཡོད་དོ། །ད་ལྟ་ནི་ཨོར་སྒོས་གྲྭ་ཚང་ཞེས་པ་ཞིག་ཀྱང་ཡོད་པར་གྲགས་སོ། །སྨད་གྲྭ་ཚང་དུ་མཁས་གྲུབ་བསྟན་དར་བའི་དབུ་ཕར་གྱི་སྤྱི་དོན་ཐལ་ཕྲེང་། བློ་གྲོས་ལེགས་བཟང་བའི་འདུལ་བ། དངོས་གྲུབ་པའི་མཛོད་རྣམས་ཆད་ཉན་མཛད་ལ། སེར་བྱེས་སུ་ནི་བདེ་ལེགས་ཉི་མའི་འདུལ་བ། རྗེ་བཙུན་པའི་ཕར་ཕྱིན་ཐལ་ཕྲེང་། སེ་ར་ཤར་བ་དང་དཔལ་འབྱོར་ལྷུན་གྲུབ་ཀྱི་ཕར་ཕྱིན་ཊིཀྐ །དངོས་གྲུབ་པའི་མཛོད། རྗེ་བཙུན་པ་དང་ནམ་མཁའ་རྒྱལ་མཚན་པའི་དབུ་མ་སོགས་ལ་འཆད་ཉན་མཛད་དོ། །གྲྭ་ཚང་འདི་གཉིས་ན་དངོས་སུ་ལྔ་པ་ཆེན་པོའི་མཛོད་ལ་འཆད་ཉན་མེད་ཀྱང་བློ་འཛིན་བྱེད་མཁན་ནི་མང་དུ་སྣང་ངོ་། །གཞན་ཡང་དབུས་ཕྱོགས་སུ་གྲྭ་ཚང་ཆེ་ཕྲ་ནམ་མཁའི་སྐར་ཚོགས་ལྟར་མང་བས་རྒྱས་པར་ནི་སུ་ཞིག་གིས་བརྗོད་པར་ནུས། འོན་ཀྱང་མིང་ཙམ་གྱིས་འགའ་ཞིག་བརྗོད་ན། ལྷ་ས་ན་རྨེ་རུ་བཞི་སྡེ་གཉིས་དང་། གཞན་ན་གསང་སྔགས་མཁར། གསང་ཕུ་བར། རབ་སྟོད་པ་སོགས་དགའ་ལྡན་པའི་གྲྭ་ཚང་བཞི་དང་། ས་སྐྱ་པའི་གྲྭ་ཚང་བདུན་ཏེ་བཅུ་གཅིག་ཡོད་པར་བཤད། དེར་བྱམས་འཇམ་དབྱངས་གཉིས་དྲང་ངེས་ལ་རྩོད་པའི་རྟེན་འབྲེལ་གྱིས་གླིང་སྟོད་སྨད་གཉིས། ས་དགའ་ལྡན་གཉིས། ར་བ་སྟོད་སྨད་གཉིས་ཀྱང་བྱུང་སྟེ་དེ་དག་གི་བླ་རབས་ཡོད་ཅིང་། ར་བ་སྟོད་པའི་བླ་རབས་ཀྱི་ཐོག་མ་ནི་པཎ་ཆེན་མཆོག་ལྷ་འོད་ཟེར་རོ། །ར་བ་སྟོད་པ་ནི་ཐོག་མ་གསང་ཕུ་ུན་ཡོད་ཀྱང་ཕྱིས་སྙེ་ཐང་བདེ་བ་ཅན་དུ་ཚོགས་པའོ། །གསང་ཕུ་ནི་ཇོ་བོ་རྗེས་ལུང་བསྟན་པ་ལྟར་རྔོག་ལེགས་པའི་ཤེས་རབ་ཀྱིས་བཏབ་སྟེ་བསྟན་པའི་འབྱུང་གནས་ཞིག་གོ །གདན་ས་བ་ནི་ཞང་ཚེ་སྤོང་། གཉལ་པ། རྣམ་འཕར་བ། ཆ་བ་ཆོས་སེང་སོགས་སོ། །གཞན་ཡང་། ཚལ་གུང་ཐང་། ཡང་དགོན། དབུས་གླིང་། ཆོས་ཁྲི་ལྷོ་ལྕོག །ཆོས་འཁོར་གླིང་། ཡེར་པ་སྤོས་དགའ། གྲོག་མཁར། གླང་ར། བཀྲ་ཤིས་ལྗོངས། ཆ་ཕུ་བྲག་སོག། ལྷས་བུ་དགོན། ལྷས་གླང་ལུང་། ལྷས་བྲག །བ་ལམ་ནུབ་རྫོང་། བ་ལམ་ཆོས་འཁོར། སྐམ་དཀོན། སྐྱོར་མོ་ལུང་། དེའི་ཆ་ཤས་ཁྱམས་ས། ཡུག་ཁང་པ་འདི་ལ་སྔགས་གྲྭ་དང་མཚན་ཉིད་གྲྭ་ཚང་གཉིས། དགའ་བ་གདོང་། སྟོད་ལུང་ཆུ་བཟང་། ལམ་ས། རྡེའུ་རི། སྡིངས་ཀ །ར་ཚག་སྟེ་སྟོད་ལུང་པའོ། །མཚོ་སྨད། ཤུན་མར་ཁུ་སྦུས་ཀྱུ། ཚེར་གསེབ་དགོན། སྤང་བུ་དགོན། བཀྲ་ཤིས་ཆོས་སྡིངས། ཉན་ཆུ་བཟང་། ཐང་བུ་དགོན་ནོ། །ཡང་སྐྱིད་སྨད་དུ་གསང་སྔགས་ཕོ་བྲང་། སྐྱིད་སྟོད་ཀྱི་གེ་རེ་དགོན། སྣོན་གྱི་དུམ་བུ་རི། ལ་མོ་ཚེར་གསེབ། དགེ་འདུན་སྒང་། བཙུན་མོ་ཚལ། ཉེ་སྡིངས། བདེ་མོ་ཐང་། མལ་དྲོ་ཆ་དཀར། ཀང་ཀང་དགོན། བྲག་རྒྱས། ཐང་སྐྱ། ཨེ་ཝཾ་ཆོས་སྡེ། ཕག་མོ་ཆོས་སྡེ། ཕག་མོ་ལོ་དགོན། རྒྱུ་དགོན། སྤོ་ཐོ། དབེན་དགོན། སེར་དགོན། སྐྱིད་སྤྲོ་དགོན། ཤུགས་གསེབ། ཁྲི་ལྟག །ར་ཁྱིམ། གུར་སྔོན། ཞོགས་ཕུད་འོད་གསལ། འཕན་ཡུལ་རིན་ཆེན་གྲགས། དགོན་ནང་། འབྲོང་སྟེང་། པུ་ཏོ་དགོན། རྒྱལ་ལྷ་ཁང་། གསལ་ཁང་དགོན། ཉན་སོ་དགོན། འབྲི་ཁུང་དགོན། རྭ་སྒྲེང་། དེའི་ཡང་དགོན། དེའི་བསམ་གཏན་གླིང་། ཤགས་མཁར་དགོན། རི་ཆོས་དགོན། བསམ་རྩེ་སྒྲུབ་སྡེ། འབའ་ཚ་ཆོས་སྡེ། དཔལ་འབར་སྒང་། སྤྱིལ་བུ་བ། དབྱེ་བོ་དགོན། མངའ་ཕུ་དགོན། བྱམས་པ་གླིང་། ལྷ་རྩེ་དགོན། འོད་སྣང་དགོན། ཞྭ་ལྷ་ཁང་། བྱ་ཡུལ་མང་ཏ། སྟག་ཕུག་ཆོས་སྡེ། སྙུག་རུམ། ཆོས་འཁོར་སྒང་། མཁར་སྐྱ། རྒྱལ་བཟང་། རིན་ཆེན་གླིང་། རུ་ཐོག་དགོན། འོལ་ཁ། རྫིང་ཕྱི་དགོན། བསམ་གཏན་གླིང་། ཆུ་བཟང་། ཆོས་ལུང་། ཉི་མ་གླིང་། རི་བོ་གསེར་གླིང་། རིན་ཆེན་སྒང་། སླེབ་རི་དགོན། མོ་དགེ་ལུང་། ཆོས་འཁོར་རྒྱལ། དྭགས་པོ་གྲྭ་ཚང་། མངའ་རིས་གྲྭ་ཚང་། སྒར་བ་གྲྭ་ཚང་། རྣམ་རྒྱལ་གྲྭ་ཚང་། བསམ་གཏན་གླིང་། བྲ་སྟེང་དགོན། དྭགས་པོ། ལྷ་སྡིངས་དགོན། མཁར་ཐོག །ལྷས་སྟེང་། སེ་ལུང་ལ་ཁ། སྒྲོམ་མདའ། དགྱེར་དགོན། རྒྱ་རི་དགོན། རི་སྒོ། ཀློག །སེ་བོ། མདོ་མཁར། ཆ་དཀར། ཨེ་རོང་དགའ་ལྡན། རྒྱལ་ལྷ་ཐོག་སྟེང་། ཐར་གླིང་རི་ཁྲོད། ཟེ་མོ་གདོང་དགོན། བཀྲ་ཤི་ཆོས་གླིང་། དགའ་ལྡན་ཆོས་གླིང་། གྲྭ་སྐོར། ཟངས་པོ་ཆེ། རི་སྟེང་། ངང་སྐྱལ། ཏེའུ་ར། ཕྱེ་ཁ་སྟེ་གཉལ་སྡེ་དྲུག །མཁར་སྡེ། པདྨ་བཀོད། གུང་ཐང་། ལྷོ་བྲག །འགྲོ་བ་དགོན། ཁྱུང་ཚང་དགོན། གློ་བོ་དགོན། གདང་དགོན། བཀྲ་ཤིས་ཆོས་གླིང་། འབྱར་ཐོག་དགོན། ཡུག་ནམ་སྟེང་། མཚོ་སྣ་དགོན། མདོ་མཁར་ཆོས་སྡེ། མོན་མཚོ་སྣ། ཆོས་གྲྭ་ཆེན་པོ་རྩེས་དང་། བཀྲ་ཤིས་བདེ་ཆེན། ཐང་པོ་ཆེ། ཆོས་འཁོར་སྡེ། དགོན་གླིང་། རོལ་ཁང་། རྒྱལ་གསར་སྒང་། ལྷག་རུ། དགའ་ལྡན་གླིང་། རི་བོ་ཆོས་གླིང་། ཐེག་ཆེན་གླིང་། རི་བོ་བདེ་ཆེན། སྤྱན་གཡས། བསམ་དགོན་རྩེ། མོན་མཁར་ཞུགས་དགོན། ཨེར་དགེ །ལྷ་སྡིངས། གླང་ལུང་། བྱམས་པ་གླིང་། རི་བོ་རྣམ་རྒྱལ། ཁྲ་བདེ་གླིང་། དགའ་ལྡན་ཆོས་འཁོར་སྡིངས། དགའ་ལུང་དགོན་ལ་སོགས་པ་སྟེ། དེ་དག་ལས་བཙུན་མ་དགོན་དང་འགའ་ཞིག་མ་གཏོགས་རྗེ་རིན་པོ་ཆེའི་བསྟན་པས་ཁྱབ་བོ། །རྗེའི་བསྟན་པ་གཙང་ཕྱོགས་སུ་དར་ཚུལ་ནི། རྗེ་ཉིད་གྲྭ་སྐོར་སོགས་ཀྱི་ཆེད་དུ་གཙང་ཕྱོགས་སུ་ཕེབས་པའི་སྟོབས་དང་། མཁས་བཙུན་ཡོན་ཏན་རྒྱ་མཚོས་རྗེའི་རིང་ལུགས་འཛིན་པའི་ཆོས་སྡེ་བཏབ་པ་ཐོན་རྒྱལ་བྱེད་ཚལ། དེ་ནས་ལྷ་རི་དགོན། དགའ་ལྡན་ལྷུན་པོ། རབ་རྒྱས་གླིང་། ཀུན་ར་དགོན། ངོ་བ་རི། དགེ་འཕེལ། བྱམས་ཆེན་ཆོས་སྡེ། བདེ་བ་ཅན། ལྷན་པ་སོ། དབེན་རྩ། རི་བོ་དགེ་འཕེལ། ཤངས་འབྲས་སྤུངས། སྤོར་ཐོག །བ་ཤེལ། ཡོལ་དཀར། ཤངས་གྲྭ་ཚང་ཆེན་མོ་སྟེ་དེ་རྣམས་ཀྱི་བླ་རབས་དང་། ཁྱད་པར་དུ་བཀྲ་ཤིས་ལྷུན་པོ་ནི། རྗེ་དགེ་འདུན་གྲུབ་ཀྱིས་མེ་ཡོས་བརྒྱད་པའི་ཐོག་ཏུ་བཏབ་ནས་མཚན་ཉིད་ཀྱི་གྲྭ་ཚང་ཞིག་བཙུགས་པར་བཤད་ཀྱང་། ཕྱིས་འཆད་ཉན་གྱི་གྲྭ་ཚང་གསུམ་བྱུང་སྟེ། ཤར་རྩེ་གྲྭ་ཚང་། དཀྱིལ་ཁར་གྲྭ་ཚང་། ཐོས་བསམ་གླིང་གི་གྲྭ་ཚང་ངོ་། །སྔགས་པ་གྲྭ་ཚང་ནི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱ་མཚན་གྱིས་ཕྱིས་སུ་བཙུགས་ཏེ་དེ་དང་བཅས་བཀྲ་ཤིས་ལྷུན་པོ་ན་གྲྭ་ཚང་བཞིའོ། །དེ་དག་སོ་སོའི་བླ་རབས་རྣམས་ནི་རེ་ཞིག་བཞག་སྟེ། བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་པ་ནི། པཎ་ཆེན་བཟང་པོ་བཀྲ་ཤིས། པཎ་ཆེན་ལུང་རིགས་རྒྱ་ཚོ། པཎ་ཆེན་ཡེ་ཤེས་རྩེ་མོ། རྗེ་དགེ་འདུན་རྒྱ་མཚོ། ཉི་མ་རྒྱལ་མཚན། བློ་གྲོས་རྒྱལ་མཚན། དོན་ཡོད་རྒྱ་མཚོ། བློ་གྲོས་ལེགས་བཟང་། ཆོས་ཀྱི་རྒྱལ་མཚན། ཆོས་དཔལ་རྒྱ་མཚོ། བསོད་ནམས་རྒྱལ་མཚན། བསམ་འགྲུབ་དཔལ་བཟང་། དམ་ཆོས་ཡར་འཕེལ། ལྷ་དབང་བློ་གྲོས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ངག་དབང་བློ་བཟང་རྒྱ་མཚོ། མཆོག་སྤྲུལ་བློ་བཟང་ཡེ་ཤེས་སོ། །བཀྲ་ཤིས་ལྷུན་པོའི་དགེ་འདུན་ཀུན་བསྡོམས་ན་ཕྱེད་དང་སུམ་སྟོང་སྐོར་དང་། དེ་ལས་ལྷག་ཚོགས་པ་ཡང་འབྱུང་ངོ་། །དབེན་ས་ནི་མཁས་གྲུབ་རྗེའི་སྐུ་སྐྱེ་བསོད་ནམས་ཕྱོགས་གླང་གིས་བཏབ་ཅིང་གདན་ས་པ་ལྷ་ཤོངས་པ། སྐྱབས་མཆོག་དཔལ་བཟང་། བློ་བཟང་དོན་གྲུབ། སངས་རྒྱས་ཡེ་ཤེས། བློ་བཟང་ཆོས་ཀྱི་རྒྱལ་མཚན། མཆོག་སྦྲུལ་བློ་བཟང་ཡེ་ཤེས་སོ། །གཞན་ཡང་གཙང་ཕྱོགས་ན་དགའ་ལྡན་ཆོས་འཕེལ། འབྲོང་རྩེ་དང་། དཔལ་འཁོར་ཆོས་སྡེ་འདི་མཁས་གྲུབ་རྗེས་བཏབ་ཅིང་གྲྭ་ཚང་བདུན་ཏེ། རྒྱ་རོང་ལྷ་ཁང་། ནོར་བུ་དགའ་ལྡན། ལེགས་གྲུབ། གསེར་ཁང་། ཞི་གནས། གྲང་མོ་ཆེ། བདེ་འབྱོར་གྲྭ་ཚང་རྣམས་སོ། །དེ་དག་ནི་རྗེ་བླ་མའི་ལུགས་སྲོལ་འཛིན་པའོ། །གཞན་ཡང་དེར་ས་ལུགས་བཞི། ཞ་ལུ་བ་གཅིག །དུས་འཁོར་བ་བཞི། ས་དགེ་ཐུན་མོང་བ་གཉིས་བཅས་ཁྱོན་གྲྭ་ཚང་བཅུ་བདུན་ཡོད་པར་བཤད་དེ། ཐམས་ཅད་ཀྱི་ཐོག་མའི་སྤྱི་བླ་ནི་མཁས་གྲུབ་རྗེའོ། །གནས་རྙིང་དུ་གྲྭ་ཚང་དྲུག་བྱུང་སྟེ། སྐྱེད་ཚལ། མཆོད་ཁ། སེ་ར། ཟུར་ཁང་། ནགས་ཞབས། གཞིས་དགོན་ནོ། །ཤབ་སྟོང་ལྷུན་རྩེ། བསམ་གྲུབ་སྡེ་ཆེན། བཀྲ་ཤིས་དགེ་འཕེལ། མཁའ་སྤྱོད། བྲག་དཀར། གསེར་སྡིངས། རི་ཁྲོད་དགའ་ལྡན། མངོན་དགའ། གསེར་གླིང་། རིན་ཆེན་སྒང་། བསམ་སྡིངས། བསམ་གླིང་། ཐར་པ། རྒོད་ཚང་། གཡང་ཆོས་སྡེ། དར་རྒྱས་སྒྲུབ་སྡེ། ལྷ་སྡིངས། ཡང་རིན་ཆེན་སྒང་། རི་བོ་མདངས་ཅན། རི་མཁར། གསེར་གླིང་། རྡོ་རྗེ་གདན། ཆོས་རྫོང་། བཞད་སྟེང་། བཞད་གྲྭ། རྟ་ནག་ལ་ཁ། རི་ཁུད། རྟ་ནག་སྡེ་ཆེན། ལྷུན་གྲུབ་རྩེ། བཞད་དགའ་ལྡན། བཞད་བྲེས་ཁ། འབྲོང་ཕུ། དབེན་ས་དགེ་འཕེལ། དཔལ་སྣང་ཐང་། རྒྱལ་ཆེན་རྩེ། གནས་ཆོས་སྡེ། སྔོན་མོ་རྫོང་། སེང་རྩེ། བྱང་ཆེན། དཔལ་སྡིངས། རོག་ཚོ། ནམ་མཁའ་ཆོས་མཛོད། ཤེལ་དཀར་ཆོས་ལུང་། དགའ་ལྡན་དར་རྒྱས། དངོས་གྲུབ་ཆོས་རྫོང་། ནོར་བུ་སྒང་། ཟབ་མོ་བྲག་གོ །གཞན་ཡང་ངམ་རིང་དུ་གྲགས་པའི་དགོན་སྡེར་དགེ་ལུགས་ཀྱི་གྲྭ་ཚང་བཅུ་སྟེ། སྡེ་གུང་པ། བདེ་གླིང་ཤར་བ། རྟ་ཤར་བ། བཀྲ་ཤིས་སྒང་། བསམ་གྲུབ་དགའ་ལྡན། མདོག་བུམ་པ། ཆོས་ལུང་ལྷོ་པ། བདེ་བ་ཅན་པ། ཆོས་ལུང་། ལུང་དགའ་ལྡན་པའོ། །དེར་ས་སྐྱའི་གྲྭ་ཚང་བཅོ་ལྔ་སྟེ། དཀར་པོ་ལེགས། དཀར་པོ་ཤར། མངོན་དགའ་ཤར་བ། ལྟག་རྩེ་བ། ཆོས་གླིང་པ། མཐོང་སྨོན་པ། སྣང་རིག་པ། ལྷ་སྡིངས་པ། སྡེ་ཕུག་པ། ཚར་གུང་པ། ཀ་ཚལ་བ། ཆོས་ལུང་པ། ཆོས་སྡིངས་པ། ཆོས་འཁོར་སྒང་བ། སྐར་ཁུག་པ་རྣམས་སོ། །དེས་ན་ངམ་རིང་འདི་དཔལ་ལྡན་ས་སྐྱའི་མ་དགོན་དུ་སྣང་ངོ་། །མང་མཁར་དགའ་ལྡན་དར་རྒྱས་གླིང་། དགའ་ལྡན་ཆོས་འཁོར། ཆུ་ལུང་། ཆོས་སྡིངས། ལྡོག་མཁར་ཆུང་། གསང་སྔགས་མཁར། ཟེ་མཁར། དཔལ་སྡིངས། བསམ་གཏན་གླིང་། གླང་སྣ་སྦུག །བོང་ཤོད། ལྷ་ཆོས་འཁོར། འདོད་རྒྱས། ཤྲཱི་བྱང་ངོས། ཕ་དྲུག །གྲམ་མཚོ། མན་དུར། གཏིང་སྐྱེས། དང་རྩ། སྤོར་ཐོག །ཆོས་འཁོར་སྡེ་ཆེན་ལ་སོགས་པ་སྟེ་དེ་དག་ནི་གཙང་ཕྱོགས་ཀྱི་ཆོས་སྡེ་སྟེ། འགའ་ཞིག་མ་གཏོགས་རྗེའི་བསྟན་པས་ཁྱབ་བོ། །སྟོད་མངའ་རིས་སྐོར་གསུམ་དུ་རྗེའི་བསྟན་པ་དར་བའི་ཚུལ་དང་། དགོན་གྱི་གྲངས་དང་། བླ་རབས་རྣམས་རྒྱས་པར་བཤད་དུ་མི་ལང་བས་ཐར་ཐོར་ཞིག་བརྗོད་ན། ལྷ་བླ་མ་བྱང་ཆུབ་འོད་ཀྱི་དུས་སུ་ཇོ་བོ་རྗེ་ཐོག་མར་མངའ་རིས་སུ་བྱོན་ནས་ཆོས་མང་དུ་གསུངས་ཤིང་། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཐོ་ལྡིང་དགོན་བཏབ། རྒྱུད་སྡེ་བཞི་སོ་སོར་བཞུགས་པའི་ལྷ་ཁང་། བྲེ་ལྡན། བཀྲ་ཤིས་བདེ་རྒྱས། བཀྲ་ཤིས་ལྷུན་པོ། མུ་དཀར་ཆོས་རྫོང་། རྟ་སོ་ཆོས་སྡེ། ལ་གོ་སྤེལ། རམ་ལམ། ཨོ་ར་མ་ཎི་དང་། དུང་དཀར་དུ་བཀྲ་ཤིས་ཆོས་གླིང་། དགའ་ལྡན་ལྷུན་པོ། ཤངས་རྩེར། བྱམས་པ་གླིང་། ཆུ་བོ་སི་ཏར་ཁྲི་སེ་ཆོས་སྡེ། དཔེ་ཐུབ། ཀླུ་དཀྱིལ། བྱམས་པ་གླིང་། ཕུ་ཏ། མར་པ་གླིང་། ལྷུན་གྲུབ་དགེ་འཕེལ། རྩ་ཧྲང་རང་རིག །བཀྲ་ཤིས་དགེ་འཕེལ་སོགས་དགོན་སྡེ་ཆེ་ཆུང་ཤིན་ཏུ་མང་ཡང་། མདོར་ན་མངའ་རིས་ཕྱོགས་རྣམས་དང་། ཀོང་ཡུལ། སྤོམ་སྦོ་རའི་ཡུལ། རྒྱ་རོང་གི་ཕྱོགས་རྣམས་སུ་དགོན་སྡེ་ཆེ་ཕྲ་བརྗོད་ཀྱིས་མི་ལང་བ་ལྟ་བུ་བྱུང་སྟེ། དེ་ཐམས་ཅད་དུའང་རྗེའི་རིང་ལུགས་ཀྱིས་མ་ཁྱབ་པ་མེད་དོ། །དེ་བཞིན་དུ་མདོ་སྨད་ཁམས་སུ་ཡང་སྐུ་འབུམ། སྟོང་འཁོར། སྒོ་མང་། དགོན་ལུང་། ཤ་རྫོང་། བྱ་ཁྱུང་དང་། དེ་དག་གི་ཕྱོགས་ཕྱོགས་ན་དགོན་ཕྲན་ཤིན་ཏུ་མང་ལ། གཞན་ཡང་བྱམས་པ་འབུམ་གླིང་། མཛོ་མོ་སྒར། ཐང་རིང་། སྟག་ལུང་། བཀྲ་ཤིས་འཁྱིལ། ཁ་གྱ། མཛོད་དགེ་སྟོད་སྨད་སོགས་ནའང་རི་ཁྲོད་ཀྱི་དགོན་དུ་མ་ཡོད་ཅིང་། ཅོ་ནེའི་ཕྱོགས་འདིར་ནི་གཙོ་བོ་ཙོ་ནེའི་མ་དགོན་བཤད་སྒྲུབ་གླིང་ངམ། གོང་མ་ཆེན་པོའི་ལུང་གིས་ཏིང་འཛིན་དར་རྒྱས་གླིང་། དེའི་བུ་དགོན་ནི་གོང་སོ། ནགས་མདོ། གླུ་ཆུང་དགོན་དང་། གཞན་གཡེར་བ། འཁྱར་དགེ །ཚ་རྡོར། མཆེད་པ། སྨྲ་ཉུང་དགོན་ལ་སོགས་པ་དགོན་སྡེ་ཆེ་ཆུང་མང་དུ་མཆིས་སོ། །དེ་དག་གི་ནང་ནས་གཙོ་བོ་ཅོ་ནེ་དགོན་འདི་ཉིད་འདེབས་དུས་དང་བླ་རབས་རྣམས་གང་ཡིན་ཅུང་ཟད་བརྗོད་པར་བྱ་སྟེ། དགོན་སྡེ་འདི་ཉིད་ཐོག་མར་འདེབས་མཁན་ནི་ཅོ་ནེའི་དཔོན་བརྒྱུད་དུ་འཁྲུངས་པ་ཆོས་རྗེ་རིན་ཆེན་ལྷུན་པོ་ཞེས་གྲགས་པ་དེ་ཉིད་ཡིན་ལ། དུས་གང་གི་ཚེ་བཏབ་པ་ནི་ལོ་འདི་ལའོ་ཞེས་ངེས་པ་ཅན་དུ་འཛིན་དཀའ་བར་འདུག་ན་ཡང་། ཁོང་དབུས་སུ་བྱོན་པའི་ཚེ་ཁྲི་རིན་པོ་ཆེ་ཡེ་ཤེས་བཟང་པོ་དང་མཇལ་ནས་ཆོས་གསན་པའི་ལོ་རྒྱུས་སྣང་བ་ལྟར་ན་འདི་ལྟར་དུ་མངོན་ཏེ། ཡེ་ཤེས་བཟང་པོ་ནི་འཇམ་དབྱངས་གཙང་པ་གདུང་བདུན་རྫོགས་པའི་རྗེས་སུ་བྱོན་ཅིང་། དེ་ཡང་བློ་བཟང་ཉི་མ་དང་། དེའི་རྗེས་སུ་ཆོས་རྗེ་ཡེ་ཤེས་བཟང་པོ་ཁྲི་ཐོག་ཏུ་ཕེབས་པར་བཤད་པས། རྗེ་གཤེགས་ནས་ཡེ་ཤེས་བཟང་པོའི་བར་རགས་བརྩིས་སུ་ལོ་བརྒྱད་ཅུའི་སྐོར་སོང་བར་མངོན་ལ། རིན་ཆེན་ལྷུན་པོ་དབུས་ནས་བྱོན་ཏེ་དགོན་འདི་བཏབ་པར་འདོད་དགོས་པས་རབ་བྱུང་བརྒྱད་པའི་སྨད་ཙམ་ནས་བསྐྲུན་པར་སེམས་སོ། །རིན་ཆེན་ལྷུན་པོ་ནས་གདན་སའི་མཁན་པོ་དྲུང་པ་བློ་གྲོས་རྒྱལ་མཚན། དྲུང་དབེན་པ་བློ་གྲོས་རབ་གསལ། བསོད་ནམས་ལེགས་པ། གྲགས་པ་རིན་ཆེན། ངག་དབང་ཆོས་གྲགས། བློ་གྲོས་གྲགས་པ། དཔལ་ལྡན་བཟང་པོ། འཕགས་པ་རྒྱལ་མཚན། བསོད་ནམས་ལྷུན་པོ། རིན་ཆེན་མཆོག་རྒྱལ། སངས་རྒྱས་རྒྱ་མཚོ། ཚེ་བརྟན་དོན་གྲུབ། ནམ་མཁའ་རྣམ་རྒྱལ། བྱིན་པ་དར་རྒྱས། ཐུགས་རྗེ་ལྷུན་གྲུབ། བརྩོན་འགྲུས་དཔལ་ལྡན། ལྷ་དབང་རྒྱ་མཚོ། ཆོས་སྐྱོང་རྣམ་རྒྱལ། བློ་བཟང་རྒྱ་མཚོ། ཚུལ་ཁྲིམས་རྒྱ་མཚོ། བྱམས་པ་བཀྲ་ཤིས། རྡོ་རྗེ་རྒྱལ་མཚན། བློ་བཟང་དར་རྒྱས། དགེ་འདུན་གྲགས་པ། བློ་བཟང་ཚུལ་ཁྲིམས། ངག་དབང་སྨོན་ལམ། ངག་དབང་བསོད་ནམས། འཇམ་དབྱངས་བཀྲ་ཤིས། རིན་ཆེན་བློ་གྲོས། འཇམ་དབྱངས་ཕུན་ཚོགས། གྲགས་པ་རྒྱ་མཚོ། གྲགས་པ་བཤད་སྒྲུབ། ངག་དབང་དགེ་ལེགས། དགེ་འདུན་རྒྱ་མཚོ། སངས་རྒྱས་དཔལ་བཟང་། ངག་དབང་ཉི་མ་སྟེ། དེ་རྣམས་ཀྱི་ནང་ནས་བློ་བཟང་ཚུལ་ཁྲིམས། འཇམ་དབྱངས་བཀྲ་ཤིས། གྲགས་པ་བཤད་སྒྲུབ་གསུམ་གྱི་ཁྲི་ལན་གཉིས་རེ་མཛད་ཅིང་། དེ་ལྟར་ན་རིན་ཆེན་ལྷུན་པོ་ནས་བགྲངས་པས་བླ་རབས་བཞི་བཅུའོ། །དགོན་འདིར་མཚན་ཉིད་གྲྭ་ཚང་བྱུང་ཚུལ་ནི། དཔོན་གྱི་གདུང་བརྒྱུད་དུ་འཁྲུངས་པ་ཀོའུ་ཤྲཱི་ནང་སོ་ངག་དབང་བ་འཕྲིན་ལས་རྒྱ་མཚོ་ཕོ་བྲང་དུ་ཕེབས་ཏེ་རྒྱལ་པོར་མཇལ་ནས་ལུང་ཐམ་ག་གནང་བའི་དུས་སུ། རྒྱལ་པོ་ཉིད་དང་ཕྱོགས་དེའི་བླ་ཆེན་འགས་ཀྱང་ཁྱོད་ཀྱིས་ཅོ་ནེའི་ཕྱོགས་དེར་མཚན་ཉིད་ཀྱི་བཤད་གྲྭ་ཞིག་ཚུགས་ཞེས་བཀའ་བབས་པ་ན་ཞལ་གྱིས་བཞེས་ཏེ། ཕྱིར་བྱོན་ནས་རབ་བྱུང་བཅུ་གཉིས་པའི་ཤིང་རྟའི་ལོའི་ས་ག་ཟླ་བའི་ཚེས་བདུན་ཐུབ་དབང་སྐུ་བལྟམས་པའི་དུས་ཆེན་ལ་ཁོ་བོ་བླ་མར་བསྐོས་ཏེ་མཚན་ཉིད་གསར་དུ་བཙུགས། དེ་ནས་ཀོའུ་ཤྲཱི་སྐུ་མཆེད་གཉིས་ཀྱིས་གྲྭ་ཁང་གསར་རྒྱག་མཛད་པ་ན་ཁོ་བོ་དང་ཀོའུ་ཤྲཱི་གཉིས་མཐུན་གྲོས་མང་དུ་བྱས་ཏེ་གྲྭ་ཁང་གསར་འདེབས་དང་ཆོས་ཕྱོགས་ནས་ཕན་ལེགས་པོ་བཏགས་ཀྱང་དྲིན་མི་བཟོ་བ་འགའ་ཞིག་གིས་མ་ཤེས་པར་སྣང་། ཁོ་བོས་གྲྭ་ཚང་ཁྲི་ལོ་བརྒྱད་བྱས་པའི་ཐོག་ནས་གཟིམ་ཁང་ཁྲི་པར་བསྐོས་ཏེ་ཁྲི་གཉིས་འཛིན་བྱས། དེའི་རྗེས་སུ་གྲགས་པ་རྒྱ་མཚོས་ཀྱང་ཁྲི་གཉིས་འཛིན་མཛད། དེ་ནས་སླར་ཡང་ཁོ་བོས་ཁྲི་གཉིས་འཛིན་བྱས་ཏེ་ལོ་གསུམ་ཙམ་སོང་བ་ན། ཀོའུ་ཤྲི་ཡེས་ནས་རྒྱུད་པ་གྲྭ་ཚང་གསར་བཙུགས་ཀྱི་ཐོག་མའི་སློབ་དཔོན་དུ་བསྐོས་ནས་རེ་ཞིག་ཁྲི་གསུམ་འཛིན་བྱས་ཤིང་། དེ་ནས་ཨ་འབུམ་ཚང་རབ་འབྱམས་པ་སྒོས་སུ་གྲྭ་ཚང་གི་འཆད་ཉན་པར་བསྐོས། དེའི་རྗེས་སུ་གྲུ་རྩི་ནང་རབ་འབྱམས་པ། དེ་ནས་ཐང་ནག་དཀའ་བཅུ། དེ་ནས་ཁྱའོ་ལུང་དཀའ་བཅུའོ། །རྒྱུད་པའི་བླ་རབས་ཀྱི་ཐོག་མ་ནི་ཁོ་བོས་ཁྲི་གཉིས་འཛིན་བྱས་ཏེ་ལོ་ཁ་ཤས་སོང་བའི་ཚེ་སྡེ་པའི་ནང་ངག་དབང་དགེ་ལེགས་བསྐོས་ཀྱང་ལོ་གཅིག་ཙམ་ནས་སྐུ་གཤེགས། སླར་ཁོ་བོས་ཁྲི་ཟུར་ཐོག་གནས་ལོ་གསུམ་བཞི་ཙམ་རྒྱུད་པའི་བླ་མ་བྱས། དེ་ནས་གུར་ཆེན་ངག་དབང་ཉི་མས་མཁན་ས་དང་རྒྱུད་པའི་ཁྲི་ཟུང་འབྲེལ་མཛད་ཅིང་། དེ་ནས་མར་ཐང་དཀའ་བཅུ་སྒོས་སུ་རྒྱུད་པའི་ཁྲི་པར་བསྐོས་སོ། །དགོན་འདིའི་གྲྭ་པ་སྤྱིའི་གྲངས་ནི་མཆོད་རིང་ལྟ་བུའི་དུས་སུ་སྟོང་ཕྲག་གཉིས་དང་བཞི་བརྒྱ་ལྔ་བརྒྱའི་སྐོར་ཚོགས་པ་འབྱུང་ཞིང་གཞན་ནི་ངེས་པ་མེད་དོ། །སྤྱིར་གྲྭ་ཚང་གཉིས་བྱུང་ཚུལ་དེ་ལྟར་ཡིན་ཀྱང་རབ་བྱུང་བཅུ་གཉིས་པའི་ས་རྟ་ནས་བཟུང་སྟེ་ད་ལྟའི་བར་དུ་ནི། དཔོན་གྱི་གདུང་རྒྱུད་གོང་མ་ཆེན་པོའི་ལུང་ཐ་མ་ག་དང་བཅས་པ་གནང་སྟེ་ཀོའུ་ཤྲི་ཞེས་མཚན་གསོལ་ཞིང་མདོ་སྔགས་ཐ་སྙད་ཀྱི་གཞུང་རབ་འབྱམས་ལ་མཁས་པའི་ཕུལ་བྱུང་མཁན་རིན་པོ་ཆེ་འཇམ་དབྱངས་བློ་བཟང་བསྟན་པའི་རྒྱལ་མཚན་ཞལ་སྔ་ནས་ཀྱིས། གྲྭ་ཚང་ཟུང་འབྲེལ་གྱི་བདག་པོ་དང་ཞབས་ཏོག་མཛད་ནས་འཆད་ཉན་དང་འདོན་ཆ་སྒྲིགས་ལམ་སྐོར་གོང་འཕེལ་དུ་མཛད་ཅིང་། ད་དུང་ཡང་མཛད་པར་འགྱུར་བ་ལྟར་ལགས། གཞན་ཡང་སྨད་རྒྱ་སོག་གི་ཡུལ་དུ་རྗེའི་བསྟན་པ་དར་ཏེ་དགོན་སྡེ་འགའ་ཞིག་ཀྱང་བྱུང་ཞིང་། རྗེའི་བསྟན་པ་སྤེལ་བའི་བླ་ཆེན་གྲགས་ཆེ་བ་རྗེ་བཙུན་དམ་པ་སྐུ་སྔ་ཕྱི་གཉིས། ལྕང་སྐྱ་ཞབས་དྲུང་རིན་པོ་ཆེ། ཛ་ཡ་པཎྜི་ཏ། བཀའ་འགྱུར་བ་ནོ་མོ་ཧང་། བྷི་ཡིག་ཐུ་ནོ་མོ་ཧང་སོགས་དུ་མ་སྟེ། འདིས་རྒྱུད་ཐོག་མར་འཛུག་པའི་མཐུན་རྐྱེན་བསྒྲུབས་ཤིང་། ད་ལྟ་ནི་ལྕང་སྐྱ་ཞབས་ཀྱི་སྤྲུལ་སྐུ་དང་། གསེར་ཁྲི་རིན་པོ་ཆེའི་སྤྲུལ་སྐུ་རྣམ་པ་གཉིས་ཀྱི་ལུགས་ཟུང་གི་སྒོ་ནས་རྒྱལ་བའི་བསྟན་པ་སྤྱི་དང་། རྗེའི་བསྟན་པ་ཉིད་དར་ཞིང་རྒྱས་པར་མཛད་དོ་ཞེས་ཐོས་ཤིང་། ཁྱད་པར་དུ་ལྕང་སྐྱ་ཞབས་དྲུང་རིན་པོ་ཆེ་སྐུ་སྔོན་མས་ནི་གསུང་རྩོམ་གྱི་སྒོ་ནས་ཕན་འདོགས་ཆེན་པོ་མཛད་སྣང་ངོ་། །དེར་མ་ཟད། ད་ལྟ་ནི་བྱང་ཕྱོགས་ཨོས་ལོད་ཀྱི་ཡུལ་དུ་རྗེའི་བསྟན་པ་དར་ཞིང་རྒྱས་པར་གྱུར་པས་ད་ལྟའི་དུས་སུ་སངས་རྒྱས་དངོས་བྱོན་ཀྱང་འཕྲིན་ལས་དེའི་ལྷག་མཛད་རྒྱུ་མེད་པ་ལྟར་སྣང་སྟེ་དེ་ཐམས་ཅད་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་དྲིན་ཀྱང་ཡིན་ནོ། །སྤྱིར་ཐུབ་པའི་བསྟན་པ་ནི་ཕྱོགས་ཀུན་ཏུ་འཕགས་པ་རིགས་གསུམ་གྱི་མགོན་པོའི་སྤྲུལ་པས་གཙོ་བོར་བཟུང་ཞིང་། འཕགས་ཡུལ་ཨུ་རྒྱན་གྱི་ཡུལ་དང་། ཛམྦྷ་ལ་ནི་ཕྱག་རྡོར་གྱི་སྤྲུལ་པ་དང་། བོད་དང་རྒྱ་སོག་གི་ཡུལ་རྣམས་སུ་ནི་སྤྱན་རས་གཟིགས་དང་འཇམ་དབྱངས་ཀྱི་སྤྲུལ་པ་དུ་མས་བཟུང་ལ། ཁྱད་པར་དུ་ཁོང་རྣམ་གཉིས་ཀྱི་སྤྲུལ་པ་རྗེ་ཡབ་སྲས་དང་། པཎ་ཆེན་དང་། རྒྱལ་དབང་སྐུ་སྔ་ཕྱི་རྣམས་ཀྱིས་བཟུང་ཞིང་འཛིན་པར་རྟོགས་སོ། །བོད་ཀྱི་རྒྱལ་པོའི་དབང་དུ་བྱས་ན་ཆོས་རྒྱལ་སྲོང་བཙན་སྒམ་པོ། ཁྲི་སྲོང་སྡེ་བཙན། ཁྲི་རལ་སོགས་ཀྱིས་བསྟན་པ་བཟུང་ཞིང་། ཕྱི་མ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། ད་ལྟ་མི་དབང་ཞེས་གྲགས་པ་འདིས་བསྟན་པ་སྤྱི་དང་། རྗེ་རིན་པོ་ཆེའི་བསྟན་པ་ལྷག་པར་རྒྱས་པར་མཛད་ཅེས་གྲགས་སོ། །ཨེ་མ། ཐུབ་བསྟན་རྣམ་དག་བྱ་ལམ་ཡངས་པའི་མཁར། །བློ་བཟང་རྒྱལ་བའི་ཉིན་བྱེད་ཤར་བའི་ཚེ། །མཁས་དབང་འོད་དཀར་ཅན་དང་ལྷན་ཅིག་ཏུ། །རྗེ་འབྲང་རྒྱུ་སྐར་ཚོགས་ཀྱིས་ཀུན་ཏུ་ཁྱབ། ། དེ་དག་ཀུན་གྱི་མིང་ཙམ་གསལ་བརྗོད་ཀྱང་། །གཞུང་མང་ཉིད་དུ་འགྱུར་ན་སོ་སོ་ཡི། །རྣམ་ཐར་ཆོས་འབྱུང་རྒྱས་པར་བརྗོད་བྱས་ཚེ། །པོ་ཏི་ཆེན་པོར་གྱུར་པ་ལྟ་ཅི་སྨོས། །དེས་ན་དེ་ལྟར་བརྗོད་ལ་སྒྱིད་ལུག་ཀྱང་། །རང་བསྟན་གཙོ་བོ་སེར་འབྲས་དགའ་ལྡན་སོགས། །དབུས་གཙང་ཕྱོགས་ཀྱི་དགོན་མིང་བླ་རབས་འགའ། །དད་པས་འཕྲོས་དོན་ཅུང་ཟད་བཅས་ཏེ་བཀོད། །དེ་ལས་ཐོབ་པའི་དགེ་ལེགས་གངྒཱའི་རྒྱུན། །དུས་གསུམ་རྣམ་དཀར་ཀླུང་དང་ལྷན་ཅིག་ཏུ། །གནས་སྐབས་མངོན་མཐོའི་ཞིང་སར་སྨིན་པ་དང་། །མཐར་ཐུག་ཀུན་མཁྱེན་རྒྱ་མཚོར་འཇུག་པར་ཤོག །ཅེས་རི་བོ་དགའ་ལྡན་པའི་བསྟན་པའི་བདག་པོ་བསྟན་འཛིན་བླ་རབས་དང་བཅས་པ་བྱུང་ཚུལ་ཆོས་འབྱུང་གསལ་བར་སྟོན་པའི་སྒྲོན་མེ་ཞེས་བྱ་བ་འདི་ནི། གཞུང་ལུགས་མང་དུ་ཐོས་པར་རློམ་པ་ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་ལོ་བཅུ་ཕྲག་བདུན་པ་རབ་བྱུང་བཅུ་གཉིས་པའི་མཇུག་ཤིང་བྱིའི་ལོའི་སྣོན་གྱི་ཟླ་བར་ཅོ་ནེའི་དགོན་ཉིད་དུ་དད་པས་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ། མངྒལཾ།

བྱམས་ཆོས་སྡེ་ལྔའི་བསྡུས་དོན་བྱམས་མགོན་དགྱེས་པའི་མཆོད་སྤྲིན།

བྱམས་ཆོས་སྡེ་ལྔའི་བསྡུས་དོན་བྱམས་མགོན་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། ཐུབ་པས་རང་གི་འཁོར་ལ་བརྟགས་པའི་ཚེ། ཁྱོད་དང་མཚུངས་པའི་རྒྱལ་སྲས་མ་གཟིགས་ནས། ཁྱོད་ནི་རྒྱལ་ཚབ་དམ་པར་དབང་བསྐུར་བ། །རྒྱལ་བ་གཉིས་པ་མི་ཕམ་མགོན་ལ་འདུད། །གང་ཚེ་རྒྱལ་བས་འོད་སྲུང་ཆེ་སོགས་ལ། །ཐེག་ཆེན་ཆོས་ཚུལ་འཛིན་པར་རབ་གཏད་ཀྱང་། །མ་ནུས་ཁྱོད་ལ་བཀའ་བབས་ཞལ་བཞེས་ཏེ། །སེངྒེའི་སྒྲ་ཆེན་ཕྱོགས་མཐར་བསྒྲགས་པར་མཛད། ཁྱོད་ཀྱིས་རྒྱལ་བའི་མཛད་འཕྲིན་ཁུར་བསྣམས་ནས། །དགོངས་འགྲེལ་བསྟན་བཅོས་ཆེན་པོ་ལྔ་ཉིད་ཀྱིས། །ཐུབ་བསྟན་རྒྱལ་མཚན་འཛིན་པའི་གྲགས་འབར་བ། །དེ་སླད་ཁྱོད་ཀྱི་དགོངས་པ་འགྲེལ་ལ་སྤྲོ། །དེ་ཡང་རྗེ་བཙུན་བྱམས་མགོན་གྱི་རྒྱལ་བའི་དགོངས་པ་འགྲེལ་བའི་ཆེད་དུ་རྒྱན་གཉིས། འབྱེད་གཉིས། རྒྱུད་བླ་མའི་བསྟན་བཅོས་དང་ལྔ་མཛད་ཅིང་། དེའི་དགོངས་པ་འགྲེལ་བའི་མཁས་པ་མང་དུ་བྱོན་ཡང་། རང་ཉིད་བྱམས་མགོན་གྱིས་རྗེས་སུ་འཛིན་པའི་རྟེན་འབྲེལ་དུ་མངོན་རྟོགས་རྒྱན་དང་རྒྱུད་བླའི་དགོངས་པ་འགྲེལ་པའི་བསྟན་བཅོས་སྔར་བྲིས་ཟིན་ཅིང་། འདིར་ཡང་ཐོག་མར་དེ་གཉིས་ཀྱི་བསྡུས་དོན་མཚོན་ཙམ་ཞིག་བརྗོད་ན། མངོན་རྟོགས་རྒྱན་ལས། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང་། །ཞེས་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དོན་ཐམས་ཅད་འཆད་པར་བཞེད་ནས་དོན་བདུན་ཅུར་བསྡུས་ཏེ། མངོན་རྟོགས་རྒྱན་གྱི་སྐབས་དང་པོས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ། གཉིས་པས་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག །གསུམ་པས་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ །བཞི་པས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག །ལྔ་པས་རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད། དྲུག་པས་མཐར་གྱིས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ། བདུན་པས་སྐད་ཅིག་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི། སྐབས་བརྒྱད་པར་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་རྣམས་འཆད་དེ་ཡུམ་གྱི་མདོའི་དོན་ཐམས་ཅད་འདུས་སོ། །རྒྱུད་བླ་མ་ལ་ཚིག་རིང་ཐུང་སྣ་ཚོགས་ཤིག་ཡོད་ཅིང་། དེའི་ཐོག་མར་སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་འཕྲིན་ལས་མཐའ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུས་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་འབྱུང་བ་ལྟར་སྐབས་བཞིའམ་ལྔར་ཡང་རུང་སྟེ། སྐབས་དང་པོས་དཀོན་མཆོག་གསུམ་དང་ཁམས་བདེ་གཤེགས་སྙིང་པོ། །གཉིས་པས་བྱང་ཆུབ། གསུམ་པས་ཡོན་ཏན། བཞི་པས་མཛད་པ་འཕྲིན་ལས་འཆད་ཅིང་། དེའི་ལྷག་མས་དེ་དག་གི་བསྔགས་པ། རྣམ་གྲངས་གཞན་གྱི་སྒོ་ནས་ཕན་ཡོན་བསྟན་པ། བསྟན་བཅོས་བརྩམས་ཚུལ། ཆོས་སྤོང་གི་ལས་སྤོང་བ། བསྟན་བཅོས་བརྩམས་པའ་ིདགེ་བ་བསྔོོ་བ། འཆད་ཚུལ་གྱིས་མཇུག་བསྡུས་ཏེ་བསྟན་ཏོ། །དེ་ཡང་སྦྱངས་གཞི་ཁམས་བདེ་གཤེགས་སྙིང་པོ་དང་སྦྱངས་པའི་འབྲས་བུ་དཀོན་མཆོག་གསུམ་ལེའུ་དང་པོས་བསྟན། སྦྱོང་བྱེད་ལ་གཞན་རྒྱུད་དང་རང་རྒྱུད་ཀྱི་དབང་དུ་བྱས་པའི་དང་པོ་ལ། བྱང་ཆུབ་དང་ཡོན་ཏན་དང་འཕྲིན་ལས་གསུམ་སྟེ། བྱང་ཆུབ་ཆེན་པོ་བརྙེས་པ་དེས་ཡོན་ཏན་དྲུག་ཅུ་རྩ་བཞི་ཐོབ་ནས་འཕྲིན་ལས་སུམ་ཅུ་རྩ་གཉིས་མཛད་པའི་སྒོ་ནས་གདུལ་བྱའི་རྒྱུད་ཀྱི་ཁམས་དྲི་བྲལ་དུ་བྱས་ནས་སྤྱོང་ཞིང་། དེ་ཡང་རིམ་པ་བཞིན་དུ་ལེའུ་གཉིས་པ་གསུམ་པ་བཞི་པ་རྣམས་ཀྱིས་བསྟན་ལ། ལྔ་པས་ནི་དེ་དག་གི་ཕན་ཡོན་འཆད་དོ། །མངོན་རྟོགས་རྒྱན་གྱི་ཐོག་མར་མཆོད་བརྗོད་ཡོད་ཅིང་། རྒྱུད་བླའི་མཇུག་ཏུ་བསྔོ་བ་སོགས་འབྱུང་བ་ལྟར་ན་བྱམས་ཆོས་ལྔ་པོ་འཇུག་པ་གཅིག་ཏུ་བརྩམས་ཤིང་། ཐོག་མར་མངོན་རྟོགས་རྒྱན་དང་། ཕྱི་མ་རྒྱུད་བླ་མར་སྣང་ངོ་། །འོན་ཀྱང་མངོན་རྟོགས་རྒྱན་དང་རྒྱུད་བླ་མ་གཉ ིས་ཀྱིས་དབུ་མའི་ལུགས་སྟོན་ཅིང་། མདོ་སྡེ་རྒྱན་དང་འབྱེད་རྣམ་པ་གཉིས་ཀྱིས་གཙོ་བོར་སེམས་ཙམ་པའི་ལུགས་ལྟར་འཆད་པར་མཛད་དོ། །དེས་ན་དབུ་སེམས་གཉིས་ཀྱི་ཐུན་མོང་བའི་ཐོག་མའི་སྲོལ་འབྱེད་ནི་རྗེ་བཙུན་ཉིད་ཡིན་པར་ངེས་སོ། །ད་ནི་མདོ་སྡེ་རྒྱན་དང་། འབྱེད་རྣམ་གཉིས་ཀྱི་བསྡུས་དོན་མཚོན་ཙམ་དང་། མདོ་སྡེ་རྒྱན་ནས་འབྱུང་བའི་ཕྱིན་དྲུག་གི་རྣམ་བཞག་ཅུང་ཟད་བཤད་པ་གསུམ་གྱི་དང་པོ་མདོ་སྡེ་རྒྱན་གྱི་གཞུང་ནི་རྒྱ་ཆེ་བས་བསྡུས་དོན་རྒྱས་ཙམ་ཞིག་བྱས་ན་ཡང་མང་དུ་འགྱུར་དོགས་པས་ཕྱོགས་ཙམ་ཞིག་བཤད་པར་བྱའོ། །འདིས་ནི་སེམས་ཙམ་པའི་ལུགས་གཙོ་བོར་བསྟན་ཀྱང་ཐེག་ཆེན་གྱི་བཀའ་སྤྱིའི་དགོངས་འགྲེལ་ཡིན་ཞིང་ཚིགས་བཅད་རིང་ཐུང་སྣ་ཚོགས་དང་བམ་པོ་གཉིས་སོ། །འདི་ལ་གཉིས། མདོར་བསྟན་པ་དང་། ཅུང་ཟད་ཕྱེ་སྟེ་བཤད་པའོ། །དང་པོ་ནི། ལེའུ་ཉེར་གཅིག་ཡོད་པའི་དང་པོས་སྤྱིར་བསྟན་ལ། གཉིས་པས་ཐེག་ཆེན་བཀར་སྒྲུབ། གསུམ་པས་སྐྱབས་འགྲོ །བཞི་པས་རིགས། ལྔ་པས་སེམས་བསྐྱེད། དྲུག་པས་སྒྲུབ་པ། བདུན་པས་དེ་ཁོ་ན་ཉིད། བརྒྱད་པས་མཐུ། དགུ་པས་ཡོངས་སུ་སྨིན་པ། བཅུ་པས་བྱང་ཆུབ། བཅུ་གཅིག་པས་མོས་པ། བཅུ་གཉིས་པས་ཡོངས་སུ་འཚོལ་བ༑ བཅུ་གསུམ་པས་བཤད་པ། བཅུ་བཞི་པས་སྒྲུབ་པ། བཅོ་ལྔ་པས་གདམས་ངག་རྗེས་སུ་བསྟན་པ། བཅུ་དྲུག་པས་ཐབས་དང་ལྡན་པ། བཅུ་བདུན་པས་ཕར་ཕྱིན། བཅོ་བརྒྱད་པས་མཆོད་པ་དང་བསྟེན་པ་དང་ཚད་མེད། བཅུ་དགུ་པས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ། ཉི་ཤུ་པས་ཡོན་ཏན། ཉེར་གཅིག་པས་སྤྱོད་པ་དང་མཐར་ཐུག་པའི་ཚུལ་རྣམས་བསྟན་ཏོ། །དེ་དག་ཐམས་ཅད་བསྡུ་ན་བཅུར་འདུ་བར་བཤད་པའི་དོན་ནི་མཚོན་ཙམ་ཞིག་བརྗོད་ན། རྒྱལ་སྲས་ཀྱི་སྤྱོད་པ་ཉམས་སུ་ལེན་པའི་གཞི། བླངས་པའི་རྟགས། རྟགས་དེ་ལྡན་གྱི་རབ་བྱུང་དང་ཁྱིམ་པའི་དབྱེ་བ། དེ་འདྲ་བའི་རྟེན་ལ་ལྷག་བསམ་འབྱུང་ཚུལ། དེ་ལ་བརྟེན་ནས་ཇི་ལྟར་གནས་པ། སྲིད་པར་སྐྱེ་བ་འཛིན་ཚུལ། བཟུང་ནས་གདུལ་བྱའི་དོན་བྱེད་ཚུལ། སྤྱོད་པ་འགྲུབ་ཚུལ། དེ་ལ་བརྟེན་ནས་མཐར་ཐུག་གི་ཡོན་ཏན་འགྲུབ་ཚུལ་སྟེ་བཅུའོ། །དང་པོ་བཞི་ནི་རིགས་ཀྱི་ལེའུ་ནས་ཡོན་ཏན་གྱི་ལེའུའི་བར་བཅུ་བདུན་གྱིས་འཆད་དེ་སོ་སོར་ཕྱེ་ན་མང་ངོ་། །གཉིས་པ་བླངས་པའི་རྟགས་ནི། བརྩེ་དང་སྙན་པར་སྨྲ་བ་དང་། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་འཆད། གསུམ་པ་རྟགས་དེ་ལྡན་ནི། བྱང་ཆུབ་སེམ་དཔའ་རྟག་ཏུ་ནི། །ཞེས་སོགས་ཚིགས་བཅད་གསུམ་གྱིས་འཆད། བཞི་པ་ལྷག་བསམ་ནི། ས་རྣམས་ཀུན་ལ་བརྟེན་པ་ཡི། །ཞེས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་འཆད། དྲུག་པ་ཇི་ལྟར་གནས་པ་ནི། སེམས་ཅན་ཡོངས་སུ་འཛིན་པ་ནི། །ཞེས་སོགས་ཚིགས་བཅད་གཅིག་གིས་འཆད། བདུན་པ་སྐྱེ་བ་འཛིན་ཚུལ་ནི། བློ་ལྡན་རྣམས་ཀྱི་ལས་དང་ནི། །ཞེས་སོགས་ཚིགས་བཅད་གཅིག་གིས་འཆད། བརྒྱད་པ་དང་ལྔ་པ་ལྷན་ཅིག་ཏུ། མཚན་ཉིད་གང་ཟག་བསླབ་པ་དང་། །ཞེས་པ་ནས། སྒྲུབ་པའི་སྒོ་ནས་རྣམ་པ་བཞི། །ཞེས་པའི་བར་གྱིས་རྒྱས་པར་འཆད། དགུ་པ་སྤྱོད་པ་ནི། ལུས་ཅན་ཐེག་པ་ཆེན་པོ་དང་། །ཞེས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་འཆད། བཅུ་པ་མཐར་ཐུག་ནི། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཞེས་པ་མན་གྱི་འཆད་པར་བྱེད་དོ། །གཉིས་པ་ལ་ལེའུ་སོ་སོའི་བསྡུས་དོན་རགས་ཙམ་ཞིག་ནི་གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། །ཞེས་སོགས་ཀྱིས་བཤད་བྱའི་དོན་ལ་རྟོགས་དཀའ་བ་དང་དེ་ལ་དགའ་བ་སྐྱེད་པ་དགོས་པ་དང་བཅས་པ་སྟོན། ལེའུ་གཉིས་པའི་ཐོག་མར། སྔར་ལུང་མ་བསྟན་ལྷན་ཅིག་འབྱུང་ཞེས་སོགས་ཀྱིས་ཉན་ཐོས་སྡེ་པ་ཁ་ཅིག་ཐེག་ཆེན་གྱི་མདོ་རྣམས་སངས་རྒྱས་ཀྱི་བཀའ་མ་ཡིན་པར་འདོད་པ་དེ་བཀག་ནས་ཐེག་པ་ཆེན་པོའི་མདོ་རྣམས་སངས་རྒྱས་ཀྱི་བཀར་སྒྲུབ་ཅིང་། ཐེག་པ་ཆེན་པོའི་ཆོས་རྣམས་དམན་པ་ལ་མོས་པའི་སྤྱོད་ཡུལ་མ་ཡིན་པར་བསྟན། ལེའུ་གསུམ་པར་ཀུན་ཏུ་འགྲོ་དང་ཁས་ལེན་ཞེས་སོགས་ཀྱིས་ཐེག་ཆེན་གྱི་སྐྱབས་འགྲོའི་ཁྱད་པར་ཕན་ཡོན་དང་བཅས་པ་བསྟན། ལེའུ་བཞི་པར་ཡོད་དང་མཆོག་དང་མཚན་ཉིད་ཞེས་སོགས་ཀྱིས་ནི་རིགས་དང་། རིགས་ཀྱི་རྟགས་དང་དབྱེ་བ་སོགས་རིགས་ཀྱི་ཁྱད་པར་རྣམས་རྒྱས་པར་བསྟན། ལེའུ་ལྔ་པར་སྤྲོ་བ་ཆེ་དང་རྩོམ་པ་ཆེ། །ཞེས་སོགས་ཀྱིས་ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོ་དང་དབྱེ་བ་དང་ཕན་ཡོན་དང་རྒྱུ་དང་། དོན་དམ་སེམས་བསྐྱེད་དང་། སེམས་བསྐྱེད་ཉེར་གཉིས་ཀྱི་ཁྱད་པར་དང་། སེམས་བསྐྱེད་ཀྱི་བྱེད་ལས་རྣམས་བསྟན། ལེའུ་དྲུག་པར་གནས་རྩོམ་འབྲས་བུ་འབྱུང་བ་ཞེས་སོགས་ཀྱིས་སེམས་བསྐྱེད་ལ་བརྟེན་ནས་གཞན་དོན་ཁྱད་པར་ཅན་སྒྲུབ་ནུས་པར་བསྟན། ལེའུ་བདུན་པར་ཡོད་མིན་མེད་མིན་དེ་བཞིན་ཞེས་སོགས་ཀྱི་གཙོ་ཆེར་སེམས་ཙམ་པའི་ལུགས་ཀྱི་དོན་དམ་བདེན་པའི་ཁྱད་པར་བསྟན་ཅིང་། དོན་དམ་དེ་རྟོགས་དཀའ་ཞིང་མ་རྟོགས་ན་འཁོར་བར་འཁོར་བ་དང་། རྟོགས་ན་གྲོལ་བར་འགྱུར་བའི་ཚུལ་རྣམས་བསྟན། ལེའུ་བརྒྱད་པར་སྐྱེ་དང་ངག་སེམས་དག་དང་ཞེས་སོགས་ཀྱིས་བྱང་སེམས་ཀྱིས་རང་གཞན་གྱི་དོན་སྒྲུབ་ནུས་པའི་མཐུའི་ཁྱད་པར་རྣམས་བསྟན། ལེའུ་དགུ་པར་དགའ་དང་དད་དང་ཞེས་སོགས་ཀྱི་མཐུ་དེ་ལྟ་བུ་ཐོབ་ནས་གདུལ་བྱ་རྣམས་སྨིན་པར་བྱེད་པའི་ཁྱད་པར་བསྟན། ལེའུ་བ ཅུ་པར་དཀའ་སྤྱོད་དཔག་མེད་བརྒྱ་ཕྲག་དང་། །ཞེས་སོགས་མང་པོ་ཞིག་གིས་རྒྱུ་ཚོགས་དཔག་མེད་ཀྱིས་སངས་རྒྱས་འཐོབ་ཚུལ། སངས་རྒྱས་ཀྱི་ཡོན་ཏན་དང་འཕྲིན་ལས་ཀྱི་དཔེ། སྐྱབས་སུ་འོས་ཚུལ། འཕྲིན་ལས་མཛད་མི་མཛད་དཔེ་དང་བཅས་པ། འཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་མཛད་ཚུལ། སྐུ་བཞིའི་ཁྱད་པར། ཡེ་ཤེས་བཞིའི་དབྱེ་བ་དང་བྱེད་ལས་བཅས་བཤད། ལེའུ་བཅུ་གཅིག་པར་སྐྱེས་དང་མ་སྐྱེས་འཛིན་དང་ཞེས་སོགས་ཀྱི་མི་མོས་པའི་རྐྱེན་དང་མོས་པ་ཕན་ཡོན་དང་བཅས་བཤད། ལེའུ་བཅུ་གཉིས་པར་སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །ཞེས་སོགས་ཀྱིས་སྡེ་སྣོད་གསུམ་གྱི་དབྱེ་བསྡུ་དང་འཇོག་ཚུལ། བདེན་གཉིས་ཀྱི་ངོ་བོ་དབྱེ་བ་སྒྲུབ་བྱེད། ཐེག་པ་གཅིག་དང་གསུམ་གྱི་ཁྱད་པར་སོགས་མང་པོ་ཞིག་བཤད། ལེའུ་བཅུ་གསུམ་པར་བརྟན་པ་རྗེས་ནི་སྲོག་དང་ཞེས་སོགས་ཀྱིས་སངས་རྒྱས་ཀྱིས་གདུལ་བྱ་ལ་ཆོས་སྟོན་པ་དང་ཐེ་ཚོམ་གཅོད་ཚུལ། དྲང་ངེས་ཀྱི་མདོའི་ཁྱད་པར་དང་དབྱེ་བ་སོགས་བཤད། ལེའུ་བཅུ་བཞི་པར་བློ་ལྡན་གཉིས་ལ་ལོག་ཉིད་དང་། །ཞེས་སོགས་ཀྱིས་བདག་མེད་གཉིས་ཀྱི་དབྱེ་བ། ལམ་གང་གིས་སྒྲིབ་གཉིས་སྤོང་ཚུལ་དང་། བྱང་སེམས་སེམས་ཅན་ལ་བྱམས་ཚུལ། སེམས་ཅན་གྱི་དོན་དུ་འཁོར་བར་འཇུག་ཚུལ་རྣམས་བཤད། ལེའུ་བཅོ་ལྔ་པར་བསྐལ་བ་གྲངས་མེད་ངེས་འབྱུང་ཞིང་ཞེས་སོགས་ཀྱིས་ཞི་གནས་དང་ལྷག་མཐོང་སྒོམ་ཚུལ། དེ་ལ་བརྟེན་ནས་སྦྱོར་ལམ་དང་མཐོང་སྒོམ་གྱི་ལམ་སྐྱེ་ཚུལ། ཚོགས་གཉིས་རྫོགས་ནས་འཚང་རྒྱ་ཚུལ་རྣམས་བཤད། ལེའུ་བཅུ་དྲུག་པར་ཇི་ལྟར་ན གས་ཚལ་དང་ནི་ཞེས་སོགས་ཀྱིས་སྦྱིན་སོགས་ཀྱི་ལས་གསུམ་དང་། སྒོ་གསུམ་གྱི་ལས་རྣམ་པར་དག་ཚུལ་དང་། དེས་ཐེག་དམན་གྱི་ལམ་ལས་ལྡོག་ཚུལ་བཤད། ལེའུ་བཅུ་བདུན་པར་གྲངས་དང་དེ་ཡི་མཚན་ཉིད་ཅེས་སོགས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བཞིའི་ངོ་བོ་དབྱེ་བ་གྲངས་ངེས་སོགས་རྒྱས་པར་བཤད་དེ། ཕྱིན་དྲུག་མདོར་བསྡུས་ཤིག་འོག་ནས་འཆད་དོ། །ལེའུ་བཅོ་བརྒྱད་པར་རབ་དང་སེམས་དང་ལྡན་པ་ཡི། །ཞེས་སོགས་ཀྱིས་སངས་རྒྱས་ལ་མཆོད་པའི་ཚོགས་ཀྱིས་མཆོད་ཚུལ། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་བསྟེན་ཚུལ། ཉོན་མོངས་པའི་ཉེས་དམིགས། ཚད་མེད་བཞི་བསྒོམས་པའི་ཕན་ཡོན་རྣམས་བཤད་དོ། །ལེའུ་བཅུ་དགུ་པར་ངོ་ཚ་མི་མཐུན་ཕྱོགས་སྤངས་དང་། །ཞེས་སོགས་ཀྱིས་ཚུལ་མིན་ཡིད་བྱེད་སོགས་ཉོན་མོངས་རྣམས་སྤོང་དགོས་པའི་རྒྱུ་མཚན་དང་། བྱང་སེམས་ཀྱི་ཡོན་ཏན་གྱི་ཁྱད་པར་སྤྱིར་བསྟན་པ་དང་། དྲན་པ་ཉེར་བཞག་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དབྱེ་བ་དང་སྒོམ་ཚུལ་བྱེད་ལས་སོགས་མང་པོ་ཞིག་བཤད། ལེའུ་ཉི་ཤུ་པར་རང་གི་ལུས་དང་སྡོམ་པའི་ཕྱིར། །ཞེས་སོགས་ཀྱིས་བྱང་སེམས་ཀྱི་ཕྱིན་དྲུག་སོགས་ཀྱི་ཡོན་ཏན་དང་། བྱང་སེམས་རྣམས་ནི་སེམས་ཅན་གྱི་ཕ་དང་རྩ་ལག་དང་གྲོགས་པོ་དང་སློབ་དཔོན་དང་མཁན་པོ་སོགས་དང་འདྲ་བ་དང་། བྱང་སེམས་ཀྱི་ཡོན་ཏན་གཞན་དང་སེམས་ཅན་གྱི་དོན་སྒྲུབ་ཚུལ་གྱི་སྐོར་མང་དུ་བཤད། ལེའུ་ཉེར་གཅིག་པར་བརྩེ་དང་སྙན་པར་སྨྲ་བ་དང་། །ཞེས་སོགས་ཀྱིས་བྱང་ཆུབ་སེམས་དཔའ་ཁྱིམ་པར་གྱུར་ཡང་གཞན་དོན་མཛད་པ་དང་། རབ་ཏུ་བྱུང་ནས་གཞན་དོན་མཛད་ཚུལ་དང་། བྱང་སེམས་ཀྱི་སྤྱོད་པའི་སྐོར་གཞན་དང་། ས་བཅུའི་དབྱེ་བ་སྒྲ་དོན་དང་བཅས་པ་དང་། སངས་རྒྱས་ཀྱི་ཡོན་ཏན་དང་འཕྲིན་ལས་བརྗོད་ཅིང་ཕྱག་འཚལ་བ་དང་། མཛད་པ་རྒྱུན་མི་འཆད་པར་བསྟན་པའི་སྒོ་ནས་མཇུག་བསྡུས་སོ། །གཉིས་པ་གཞན་གཉིས་ཀྱི་བསྡུས་དོན་ལ། དབུས་མཐའ་རྣམ་འབྱེད་ཀྱིས་སེམས་ཙམ་པའི་ལུགས་ལྟར་མཚན་ཉིད་གསུམ་སོ་སོར་ཕྱེ་ནས་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་རྣམ་པར་འབྱེད་ཅིང་། ཀུན་བཏགས་བདེན་པར་གྲུབ་པ་བཀག་པའི་སྒོ་ནས་རྟག་མཐའ་དང་། གཞན་དབང་དང་ཡོངས་གྲུབ་གཉིས་སོ་སོ་ནས་བདེན་པར་གྲུབ་པར་བསྟན་པའི་སྒོ་ནས་ཆད་མཐའ་སེལ་ལོ། །འདི་ལ་ལེའུ་ལྔ་སྟེ་མཚན་ཉིད་ཀྱི་ལེའུ། སྒྲིབ་པའི་ལེའུ། དེ་ཁོ་ན་ཉིད་ཀྱི་ལེའུ། གཉེན་པོ་སྒོམ་པའི་ལེའུ། ཐེག་པ་བླ་ན་མེད་པའི་ལེའུའོ། །དེའི་དང་པོ་ནི་ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་སོགས་ཀྱིས་འདི་ལུགས་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་བྱེད་ལས། སྟོང་ཉིད་ཀྱི་རྣམ་གྲངས། དེ་རྟོགས་ན་གྲོལ་བའི་ཚུལ་རྣམས་འཆད། ལེའུ་གཉིས་པར་ཁྱབ་དང་ཉི་ཚེ་ལྷག་པ་དང་། །ཞེས་སོགས་ཀྱིས་སྒྲིབ་པའི་སྐོར་དང་། སྒྲིབ་པ་རྣམས་བསྡུས་ན་ཤེས་སྒྲིབ་དང་ཉོན་སྒྲིབ་གཉིས་སུ་འདུ་བ་དང་། དེ་གཉིས་ལས་གྲོལ་ནས་འཚང་རྒྱ་བའི་ཚུལ་འཆད། ལེའུ་གསུམ་པར་བརྩེ་བ་མཚན་ཉིད་དེ་ཁོ་ན། །ཞེས་སོགས་ཀྱིས་གང་ཟག་དང་ཆོས་ཀྱི་བདག་མེད་པའི་དེ་ཁོ་ན་ཉིད་དང་། བདེན་བཞིའི་ངོ་བོ་དང་། མཚན་ཉིད་གསུམ་དང་། དོན་དམ་གྱི་དབྱེ་བ་དང་། དེ་ལ་འཇུག་ཚུལ་རྣམས་འཆད། །ལེའུ་བཞི་པར་གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར་ཞེས་སོགས་ཀྱིས་དྲན་པ་ཉེར་བཞག་སོགས་བྱང་ཕྱོགས་སོ་བདུན་དམིགས་པ་བྱེད་ལས་དང་བཅས་པ་འཆད། ལེའུ་ལྔ་པར་བླ་མེད་ཉིད་ནི་སྒྲུབ་པ་དང་ཞེས་སོགས་ཀྱིས་ཐེག་ཆེན་གྱི་ངོ་བོ་དང་ཁྱད་པར་དང་སྤྱོད་པའི་སྐོར་དང་། དོན་དམ་གྱི་ཁྱད་ཆོས་དང་། མཐའ་གཉིས་སེལ་ཚུལ་སོགས་འཆད་དོ། །༈ ཆོས་ཉིད་རྣམ་འབྱེད་ལ་ལེའུར་བཅད་པ་མེད་ཅིང་། དེ་ཉིད་ལས། འདི་དག་ཐམས་ཅད་མདོར་བསྡུས་ན། རྣམ་པ་གཉིས་སུ་ཤེས་བྱ་སྟེ། ཆོས་དང་དེ་བཞིན་ཆོས་ཉིད་ཀྱི། །ཐམས་ཅད་བསྡུས་པ་ཉིད་ཕྱིར་རོ། །དེ་ལ་ཆོས་ཀྱི་དབྱེ་བ་ནི། །འཁོར་བ་ཡིན་ཏེ་ཆོས་ཉིད་ཀྱིས། །རབ་ཏུ་ཕྱེ་བ་ཐེག་གསུམ་གྱི། །མྱ་ངན་ལས་ནི་འདས་པའོ། །ཞེས་མདོར་བསྟན་ནས་ལྷག་མ་རྣམས་ཀྱིས་རྒྱས་པར་འཆད་དོ། །དེ་ཡང་བསྟན་བཅོས་སྔ་མས་བསྟན་པའི་མཚན་ཉིད་གསུམ་གཞིར་བཞག་སྟེ། ཀུན་བཏགས་འཁྲུལ་བ་སྐྱེ་བའི་གཞི་གཞན་དབང་འཁོར་བ་འགྲུབ་པའི་ཆོས་དང་། གཞན་དབང་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་སྒྲིབ་གཉིས་གང་རུང་སྤངས་པའི་མྱང་འདས་དེ་ཆོས་ཀྱི་དེ་ཁོ་ན་ཉིད་མཐར་ཐུག་ཏུ་བསྟན་པའི་ཚུལ་གྱིས་འཆད་པར་མཛད་དོ། །དེ་དག་ཐམས་ཅད་ཀྱང་གདུལ་བྱ་འཁོར་བར་འཇུག་པའི་རྒྱུ་དང་། འཁོར་བའི་ངོ་བོ་དང་། དེ་ལས་གྲོལ་བའི་ཐབས་འབྲས་བུ་དང་བཅས་པ་སྟོན་པའི་དབང་དུ་མཛད་པ་སྟེ། འདིར་མཚོན་པ་ཙམ་ཞིག་བརྗོད་དོ། །གསུམ་པ་ཕྱིན་དྲུག་གི་རྣམ་བཞག་ལ། རྒྱལ་སྲས་ཀྱི་སྤྱོད་པ་རྣམས་རིགས་བསྡུས་ན་ཕྱིན་དྲུག་ཏུ་འདུ་བ་ཡིན་ཏེ། དེ་ཡང་མདོ་སྡེ་རྒྱན་ལས་གསུངས་པ་ལྟར་ཕྱིན་དྲུག་ཏུ་གྲངས་ངེས་པའི་ཕྱིར་ཏེ། མངོན་མཐོ་སྒྲུབ་པ་དང་། དོན་གཉིས་སྒྲུབ་པ་དང་། གཞན་དོན་རྫོགས་པར་སྒྲུབ་པ་དང་། བསླབ་གསུམ་སྒྲུབ་པ་དང་། ཐེག་ཆེན་ཐམས་ཅད་སྡུད་པ་དང་། ཐབས་ཀྱི་རྣམ་པ་ཐམས་ཅད་གྲུབ་པ་ལ་ལྟོས་པའི་དབང་དུ་མཛད་ན་ཕྱིན་དྲུག་ཏུ་ངེས་པའི་ཕྱིར། དང་པོ་གྲུབ་སྟེ། ཕྱིན་དྲུག་དང་ཁྱད་པར་དུ་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་རྒྱུ་ལས་མངོན་མཐོ་ཕུན་སུམ་ཚོགས་པ་འབྱུང་བའི་ཕྱིར། གཉིས་པ་གྲུབ་སྟེ། གཞན་དོན་སྒྲུབ་པ་ལ་ཟང་ཟིང་གི་སྦྱིན་པས་ཕན་འདོགས་དགོས་ཤིང་། དེ་ལ་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་ཚུལ་ཁྲིམས་དང་། གནོད་པ་ལ་བཟོད་པ་དགོས་ལ། རང་དོན་སྒྲུབ་པ་ལ་སེམས་རྩེ་གཅིག་པ་སྒྲུབ་པ་དང་། དེ་ལ་བརྩོན་འགྲུས་དགོས་ཤིང་། དེ་ལ་བརྟེན་ནས་སེམས་རྣམ་པར་གྲོལ་བར་འགྱུར་བའི་ཕྱིར། གསུམ་པ་གྲུབ་སྟེ། ཟང་ཟིང་བཏང་བས་ཕོངས་པ་སེལ། གཞན་ལ་མི་གནོད་པས་འཚེ་བ་མེད། གཞན་དོན་སྒྲུབ་པ་ལ་བརྩོན་པ། གཞན་ཡིད་འདུན་པ། ཐེ་ཚོམ་གཅོད་པ་རྣམས་འབྱུང་བ་ནི་ཕྱིན་དྲུག་གིས་བྱེད་པའི་ཕྱིར། བཞི་པ་གྲུབ་སྟེ། ཕར་ཕྱིན་དང་པོ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པར་འདུ་ཞིང་། ཕྱི་མ་གཉིས་ནི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་ཡིན་ལ། བརྩོན་འགྲུས་ནི་བསླབ་པ་གསུམ་ཆར་ལ་གཏོགས་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི།། རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །མཐའ་མ་གཉིས་ནི་རྣམ་པ་གཉིས། །ཞེས་གསུངས་པའི་ཕྱིར། ལྔ་པ་གྲུབ་སྟེ། ལོངས་སྤྱོད་ལ་མ་ཆགས་ཤིང་བསླབ་པ་ལ་གུས་པ། སྡུག་བསྔལ་ལ་མི་སྐྱོ་བ། དགེ་བ་ཀུན་ལ་སྤྲོ་བ། ལུས་སེམས་ལས་སུ་རུང་བས་ལྷག་མཐོང་འཕེལ་བ་རྣམས་ཕྱིན་དྲུག་ལས་འབྱུང་བའི་ཕྱིར། དྲུག་པ་གྲུབ་སྟེ། ཐོབ་ཟིན་གྱི་ལོངས་སྤྱོད་ལ་མ་ཆགས་པའི་ཐབས། མ་ཐོབ་པ་ཐོབ་འདོད་ཀྱི་གཡེང་བ་སྡོམ་པའི་ཐབས། སེམས་ཅན་མི་གཏོང་བའི་ཐབས། དགེ་བ་འཕེལ་བའི་ཐབས། སྒྲིབ་གཉིས་སྦྱོང་བའི་ཐབས་རྣམས་ནི་ཕྱིན་དྲུག་གིས་སྒྲུབ་པའི་ཕྱིར་རོ། །གོ་རིམ་ཡང་ངེས་པ་ཡིན་ཏེ། སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རྣམས་འབྱུང་བའི་ཕྱིར། མཆོག་དམན་ཀྱང་གྲུབ་སྟེ། སྔ་མ་སྔ་མ་དམན་ཅིང་ཕྱི་མ་ཕྱི་མ་མཆོག་ཡིན་པའི་ཕྱིར། ཕྲ་རགས་ཀྱང་གྲུབ་སྟེ། སྔ་མ་སྔ་མ་རགས་ལ་ཕྱི་མ་ཕྱི་མ་ཕྲ་བའི་ཕྱིར། དེ་སྐད་དུའང་མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་གསུངས་པའི་ཕྱིར། བྱང་སེམས་ཀྱི་ཕྱིན་དྲུག་རྣམས་ཆོས་བཞི་བཞི་དང་ལྡན་ཏེ། དེ་དག་ནི་རང་གི་མི་མཐུན་ཕྱོགས་སེར་སྣ་དང་ཚུལ་འཆལ་སོགས་ཉམས་པར་བྱེད་པ་དང་། གྲོགས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་དང་། སྐབས་ཀྱི་འདོད་པའི་དོན་དེ་རྫོགས་པར་བྱེད་པ་དང་། སེམས་ཅན་སྨིན་ནས་གྲོལ་བར་བྱེད་པའི་ཁྱད་ཆོས་དང་ལྡན་པའི་ཕྱིར། དེ་ཉིད་ལས། སྦྱིན་པ་མི་མཐུན་ཕྱོགས་ཉམས་བྱེད། །རྣམ་པར་མི་རྟོགས་ཡེ་ཤེས་ལྡན། །ཞེས་སོགས་གསུངས་པའི་ཕྱིར། དེ་རྣམས་ཀྱིས་མི་མཐུན་ཕྱོགས་བདུན་བདུན་ཀྱང་ཟིལ་གྱི་གནོན་པར་བྱེད་དེ། སྦྱིན་པ་ལྟ་བུ་ལ་མཚོན་ན་སེར་སྣའི་སྒོ་ནས་མ་ཆགས། དེ་བཞིན་དུ་ལོངས་སྤྱོད་ཀྱི་སྒོ་ནས། ཕྱི་བཤོལ་གྱི་སྒོ་ནས། ཆོག་འཛིན་གྱི་སྒོ་ནས། ལན་ལ་རེ་བའི་སྒོ་ནས། རྣམ་སྨི ན་ལ་རེ་བའི་སྒོ་ནས། རྣམ་གཡེང་གི་སྒོ་ནས་མ་ཆགས་པའི་ཕྱིར་ཏེ། དེ་ཉིད་ལས། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །ཞེས་གསུངས་ཤིང་གཞན་ལའང་སྦྱར་བའི་ཕྱིར། གཞན་ཡང་དབུ་མ་རིན་ཆེན་ཕྲེང་བ་ལས་ཀྱང་། སྦྱིན་པ་རང་དོན་ཡོངས་བཏང་བ། །ཚུལ་ཁྲིམས་གཞན་ཕན་བྱ་བའོ། །བཟོད་པ་ཁྲོ་བ་སྤངས་པ་སྟེ། །དཀར་པོའི་ཆོས་འཕེལ་བརྩོན་འགྲུས་སོ། །བསམ་གཏན་རྩེ་གཅིག་ཉོན་མོངས་མེད། །ཤེས་རབ་བདེན་དོན་གཏན་ལ་འབེབས། །ཞེས་གསུངས་སོ། །ཕྱིན་དྲུག་གི་ཁྱད་པར་ལ། དང་པོ་སྦྱིན་པ་ནི། གཏོང་བའི་སེམས་པས་ཀུན་ནས་བསླངས་པ འི་ལུས་ངག་སྦྱིན་པ་ལ་འཇུག་བཞིན་པའི་དུས་ཀྱི་སེམས་པ་ནི་སྦྱིན་པའི་ངོ་བོ་ཡིན་ལ། དེ་ཉིད་སེམས་བསྐྱེད་བསྔོ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ་གྱིས་ཟིན་པ་ན་སྦྱིན་པའི་ཕར་ཕྱིན་ཏུ་འགྱུར་རོ། །སྦྱིན་པ་ལ་དབྱེ་ན་ཆོས་ཀྱི་སྦྱིན་པ། ཟང་ཟིང་གི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ་མོ། །དང་པོ་ནི། གསུང་རབ་དགོངས་འགྲེལ་དང་བཅས་པའི་ཚིག་དོན་ཅི་རིགས་པ་རང་གིས་ཇི་ལྟར་ཤེས་པ་བཞིན་གཞན་ལ་སྟོན་པའོ། །གཉིས་པ་ནི། ཟང་ཟིང་གི་དངོས་པོ་གཞན་དང་ལུས་ལོངས་སྤྱོད་རྣམས་ཀྱང་གཞན་ལ་གཏོང་བའོ། །གསུམ་པ་ནི། གཞན་རྒྱལ་པོ་དང་མེ་ཆུ་མཚོན་ལ་སོགས་པའི་འཇིགས་པ་ལས་སྐྱོབ་པ་སྟེ། དེ་དག་ནི་རང་གིས་དངོས་སུ་བྱ་བ་དང་། དེ་ལྟར་བྱེད་པའི་བསམ་པ་སྦྱོང་བའོ། །སྦྱིན་པའི་སྐབས་ཀྱི་ཉམས་ལེན་ལ་ཕྱིན་དྲུག་ཀྱང་འབྱུང་སྟེ། སྦྱིན་པ་རང་ཉིད་དང་། ཉན་རང་ཡིད་བྱེད་སྤོང་བ་ལྟ་བུ་ཚུལ་ཁྲིམས་དང་། གཞན་གྱིས་གཤེ་ཞིང་མི་སྙན་པ་ཟེར་བ་ལ་མི་སྐྱོ་བའི་བཟོད་པ་དང་། དེ་ཉིད་ལ་བརྩོན་ཅིང་གོང་དུ་འཕེལ་བའི་ཕྱིར་འདུན་པ་བསྐྱེད་པའི་བརྩོན་འགྲུས་དང་། དགེ་བ་རྫོགས་བྱང་དུ་བསྔོ་བའི་སེམས་རྩེ་གཅིག་པ་ལྟ་བུའི་བསམ་གཏན་དང་། སྦྱིན་བྱ་སྦྱིན་བྱེད་ལེན་པ་པོའི་འཁོར་གསུམ་རང་བཞིན་མེད་ཅིང་སྒྱུ་མ་ལྟར་ཤེས་པའི་ཤེས་རབ་སྟེ་དྲུག་གོ །ཚུལ་འདི་ཕར་ཕྱིན་ལྷག་མ་ལྔ་ལ་ཡང་ཅི་རིགས་སུ་སྦྱར་བར་བྱ་བ་སྟེ། མངོན་རྟོགས་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་ཏེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་ཚུལ་ཁྲིམས་ནི། གཞན་གནོད་གཞི་དང་བཅས་པ་ལས་ཡིད་ཕྱིར་ལོག་པའི་སྤོང་བའི་སེམས་པ་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན་ལ། དེ་ཉིད་སྔར་ལྟར་ཆོས་གསུམ་གྱིས་ཟིན་པ་ན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཏུ་འགྱུར་རོ། །དབྱེ་ན་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་མོ། །དང་པོ་ནི། མི་དགེ་བ་བཅུ་ལ་སོགས་པ་བཅས་རང་གི་ཁ་ན་མ་ཐོ་བ་ཅི་རིགས་སྤོང་བའོ། །གཉིས་པ་ནི། ཚོགས་གསོག་པ་ལ་སོགས་པ་སྒོ་གསུམ་གྱི་དགེ་བའི་བྱ་བ་རྣམས་དང་། ཐོས་བསམ་སྒོམ་པ་ལ་འབད་པ། ཕྱིན་དྲུག་སོགས་ལ་འཇུག་པ། དགེ་བ་ལ་ཡི་རང་ཞིང་རྫོགས་བྱང་དུ་བསྔོ་བ་སོགས་སོ། །གསུམ་པ་སེམས་ཅན་དོན་བྱེད་ནི། བྱང་སེམས་ཀྱིས་སེམས་ཅན་ལ་ཐབས་སྣ་ཚོགས་ཀྱིས་ཕན་འདོགས་པ་སྟེ། སྡུག་བསྔལ་ཅན་གྱི་གྲོགས་བྱེད་པ། རྨོངས་པའི་དོན་བྱེད་པ། ཕན་འདོགས་པའི་དོན་བྱེད་པ། འཇིགས་པས་ཉེན་པའི་དོན་དང་། མྱ་ངན་གྱིས་གཟིར་བའི་དོན་དང་། ཕོངས་པའི་དོན་དང་། གནས་འཆའ་བྱེད་པའི་དོན་དང་། བློ་མཐུན་འདོད་པའི་དོན་དང་། ཡང་དག་པར་ཞུགས་པའི་དོན་དང་། ལོག་པར་ཞུགས་པའི་དོན་དང་། གཞན་འདུན་པར་བྱེད་པའི་སྒོ་ནས་གཞན་དོན་བྱེད་པ་སྟེ་དོན་བྱ་བ་བཅུ་གཅིག་གོ །གསུམ་པ་བཟོད་པ་ནི། གནོད་བྱེད་དང་སྡུག་བསྔལ་དང་དེའི་རྒྱུ་སོགས་ལ་མི་འཁྲུགས་ཤིང་ཆོས་ལ་མོས་པ་བརྟན་པའི་སེམས་པ་ནི་བཟོད་པའི་ངོ་བོ་དང་། དེ་ཡང་ཆོས་གསུམ་གྱིས་ཟིན་པའི་སྒོ་ནས་དེའི་ཕར་ཕྱིན་ཏུ་འགྱུར་རོ། །དབྱེ་ན་གནོད་པ་ལ་ཇི་མི་སྙམ་པ། སྡུག་བསྔལ་དང་ལེན། ཆོས་ལ་ངེས་སེམས་དང་གསུམ་མོ། །དང་པོ་ནི། གནོད་བྱེད་ཀྱི་གང་ཟག་ལ་མི་ཁྲོ་བའོ། །གཉིས་པ་ནི། སྡུག་བསྔལ་དང་དེའི་རྒྱུ་ཚེར་མ་ལྟ་བུ་སོགས་ལ་དམིགས་ནས་མི་ཁྲོ་བའོ། །གསུམ་པ་ནི། དད་པའི་ཡུལ་དཀོན་མཆོག །མངོན་དུ་བྱ་བའི་ཡུལ་བདག་མེད་གཉིས། བླང་དོར་གྱི་ཡུལ་ལས་འབྲས། སྒོམ་པའི་ཡུལ་བྱང་ཆུབ་དང་ཐོབ་བྱེད་ཀྱི་ལམ། ཐོས་བསམ་གྱི་ཡུལ་གསུང་རབ་ཡན་ལག་བཅུ་གཉིས་སོགས་ལ་མོས་ནས་སྦྱོང་བའོ། །བཞི་པ་བརྩོན་འགྲུས་ནི། དགེ་བ་བསྡུ་བ་དང་སེམས་ཅན་གྱི་དོན་དུ་སེམས་མངོན་པར་སྤྲོ་བ་ནི་བརྩོན་འགྲུས་ཡིན་ལ། དེ་ཆོས་གསུམ་གྱིས་ཟིན་པ་ན་དེའི་ཕར་ཕྱིན་ཏུ་འགྱུར་རོ། །དབྱེ་ན་གོ་ཆའི་བརྩོན་འགྲུས། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་དང་གསུམ་མོ། །དང་པོ་ནི། སེམས་ཅན་གྲངས་མེད་པ་ལྟ་ཅི། སེམས་ཅན་གཅིག་གི་དོན་དུ་ཡང་བསྐལ་བ་གྲངས་མེད་པར་དམྱལ་བར་གནས་ཏེ་སངས་རྒྱས་སྒྲུབ་དགོས་པ་བྱུང་ནའང་སྐྱོ་ངལ་མེད་པར་འཇུག་འདོད་ཀྱི་གོ་ཆ་བགོ་བའོ། །གཉིས་པ་ནི། ཕྱིན་དྲུག་རྫོགས་པར་བྱ་བ་དང་། ཚོགས་རྫོགས་པའི་ཆེད་དུ་བརྩོན་པའོ། །གསུམ་པ་ནི། སྔར་བཤད་པ་ལྟ་བུའི་དོན་བྱ་བ་བཅུ་གཅིག་གི་སྒོ་ནས་གཞན་དོན་བྱེད་པ་ལ་འབད་པའོ། །ལྔ་པ་བསམ་གཏན་ནི། དགེ་བའི་དམིགས་པ་ལ་མི་གཡེང་བའི་སེམས་རྩེ་གཅིག་པ་ནི་བསམ་གཏན་གྱི་ངོ་བོ་ཡིན་ལ། དེ་གོམས་པ་མཐར་ཕྱིན་པའམ་ཆོས་གསུམ་གྱིས་ཟིན་པའི་སྒོ་ནས་དེའི་ཕར་ཕྱིན་ཏུ་འགྱུར་རོ། །དབྱེ་ན་ལུས་སེམས་བདེར་གནས། ཡོན་ཏན་མངོན་གྲུབ་པ། སེམས་ཅན་དོན་བྱེད་ཀྱི་བསམ་གཏན་དང་གསུམ། དང་པོ་ནི། ལུས་སེམས་ཤིན་སྦྱངས་བསྐྱེད་པའི་བསམ་གཏན། གཉིས་པ་ནི། མངོན་ཤེས་དང་རྣམ་ཐར་ཟད་པར་སོགས་ཡོན་ཏན་སྒྲུབ་པའི་བསམ་གཏན། གསུམ་པ་ནི། དོན་བྱ་བ་བཅུ་གཅིག་གི་སྒོ་ནས་སེམས་ཅན་གྱི་དོན་སྒྲུབ་པའི་བསམ་གཏན་ནོ། །དྲུག་པ་ཤེས་རབ་ནི། བཏགས་པའི་དངོས་པོ་ཆོས་རབ་ཏུ་རྣམ་པར་འབྱེད་བྱེད་ནི་ཤེས་རབ་ཀྱི་ངོ་བོ་ཡིན་ལ། དེ་ཆོས་གསུམ་གྱིས་ཟིན་པ་དང་གོམས་པ་ཕུལ་དུ་ཕྱིན་པ་ན་ཤེས་རབ་ཀྱི་ཕར་ཕྱིན་ཏུ་འགྱུར་རོ། །དབྱེ་ན་དོན་དམ་རྟོགས་པའི་ཤེས་རབ། ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་དོན་བྱེད་ཀྱི་ཤེས་རབ་དང་གསུམ། དང་པོ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཐམས་ཅད་དང་། གཉིས་པ་ནི། རིག་པའི་གནས ལྔའམ་ཅི་རིགས་ལ་མཁས་པའི་ཤེས་རབ། གསུམ་པ་ནི། སེམས་ཅན་གྱི་དོན་སྒྲུབ་ཚུལ་ལེགས་པར་ཤེས་པའི་ཤེས་རབ་བོ། །ཕར་ཕྱིན་དྲུག་པོ་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་པར་བཞེད་པའི་ཚུལ་ཡོད་ཀྱང་། ཕ་རོལ་ཏུ་ཕྱིན་ཟིན་པ་ནི་སངས་རྒྱས་ཀྱི་ས་ན་ཡོད་ལ། ཕྱིན་པར་བྱེད་པ་ནི་སློབ་ལམ་ན་ཡོད་དེ་རྗེའི་དགོངས་པའོ། །ཕྱིན་དྲུག་ཉམས་སུ་བླངས་པའི་ཕན་ཡོན་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱི་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །སྙིང་བརྩེ་བས་ནི་དོན་ཀུན་འགྲུབ། །བདུན་པོ་འདི་དག་མ་ལུས་པར། །ཅིག་ཅར་ཕ་རོལ་ཕྱིན་པ་ཡིད། །ཡེ་ཤེས་བསམ་མི་ཁྱབ་པའི་ཡུལ། །འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར། །ཞེས་པ་ལྟར་རོ། །ཕྱིན་དྲུག་གི་བྱེད་ལས་ཕན་ཡོན་དང་བཅས་པ་ནི། མདོ་སྡུད་པ་ལས། སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང་། །མི་ཁོམ་བརྒྱད་སྤོང་དེ་ཡི་དལ་འབྱོར་རྟག་ཏུ་རྙེད། །བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེན་ཐོབ་འགྱུར་ཏེ། །གསེར་མདོག་སྡུག་ཅིང་འགྲོ་བས་ལྟ་བའི་འོས་སུ་འགྱུར། །བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། །བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་སྒྲུབ། །ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །ཆོས་འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའ་དེ། །ཡོངས་དག་ཞིང་དང་སེམས་ཅན་དག་པ་རྗེས་སུ་འཛིན། །སངས་རྒྱས་རྒྱུད་དང་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན། །དེ་བཞིན་དགེ་འདུན་རྒྱུད་དང་ཆོས་ཀུན་ཡོངས་སུ་འཛིན། །འགྲོ་བའི་ནད་གསོ་མཛད་པ་སྨན་པའི་མཆོག་གྱུར་པས། །ཤེས་རབ་བསྟན་པ་བྱང་ཆུབ་ལམ་ལྡན་འདི་གསུངས་ཏེ། །ཞེས་གསུངས་པའི་ཕྱིར་རོ། །ཐུབ་པའི་གསུང་རབ་མ་དྲོས་མཚོ་ཆེན་ལས། །འོངས་པའི་རྒྱལ་ཚབ་ལེགས་བཤད་གངྒཱའི་རྒྱུན། །ཆ་ཙམ་རྣམ་དཔྱོད་སོར་རྩེས་གུས་བླངས་ནས། །རོལ་འདོད་རྨད་བྱུང་དགའ་བའི་གར་གྱིས་བྲེལ། །འདིར་འབད་ལས་བྱུང་རྣམ་དཀར་ཅི་མཆིས་པ། །དུས་གསུམ་བསགས་པའི་དགེ་དང་ལྷན་ཅིག་ཏུ། །ཤི་འཕོས་བྱམས་པའི་དྲུང་དུ་བགྲོད་པ་དང་། །སྐྱེ་ཀུན་འབྲལ་མེད་རྗེས་སུ་འཛིན་ཕྱིར་བསྔོ། །ཅེས་བྱམས་ཆོས་སྡེ་ལྔའི་དགོངས་འགྲེལ་བསྡུས་དོན་བྱམས་མགོན་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ནི། ཅོ་ནེའི་སློབ་དཔོན་པ་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་དད་པས་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ། །

རྗེས་འཇམ་དབྱངས་ལ་ཞུས་པའི་དྲིས་ལན་གྱི་འགྲེལ་པ།

རྗེས་འཇམ་དབྱངས་ལ་ཞུས་པའི་དྲིས་ལན་གྱི་འགྲེལ་པ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། ཟག་མེད་ཆོས་ཀྱི་དབྱིངས་དང་རོ་གཅིག་པའི། །སྒྲིབ་བྲལ་ལྷན་སྐྱེས་བདེ་ཆེན་ཡེ་ཤེས་དང་། །དབྱེར་མེད་སྒྱུ་དྲྭ་ཟུང་འཇུག་རྡོ་རྗེའི་སྐུ། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་དེར་འདུད། །བདེ་གཤེགས་ཀུན་གྱི་གསང་བའི་མཛོད་འཛིན་ཅིང་། །དཔལ་ལྡན་རིགས་སྔགས་འཆང་བ་རྣམས་ཀྱི་རྗེ། །གདུལ་དཀའ་མཐའ་དག་འདུལ་བའི་དཔའ་བོ་ཆེ། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཛིན་གྱིས་སྐྱོངས། །མ་ལུས་རྒྱལ་བའི་ཡེ་ཤེས་རིན་ཆེན་མཛོད། །གང་ཐུགས་ཟབ་ཡངས་རྒྱ་མཚོར་ལེགས་བཟུང་ནས། །སྐལ་ལྡན་འགྲོ་ལ་བློ་ཡི་མཆོག་སྩོལ་བ། །རྗེ་བཙུན་མཁྱེན་པའི་གཏེར་གྱིས་དགེ་ལེགས་མཛོད། །མགོན་དེས་རང་གི་ཟུར་ཕུད་རྒྱན་སྤངས་ནས། །ངུར་སྨྲིག་གར་རོལ་མདོ་དང་རྒྱུད་སྡེའི་དོན། །ཇི་བཞིན་གསལ་མཛད་རྒྱལ་བ་གཉིས་པ་ཞེས། །ཡོངས་གྲགས་བརྒྱུད་པར་བཅས་ལ་གུས་པས་འདུད། །དེ་ལ་འདིར་རྗེ་བཙུན་རེ་མདའ་པས་རྗེ་ལ་བསྐུལ་ཏེ་རྗེ་བཙུན་འཇམ་དབྱངས་ལ་དྲི་བ་ཞུས་པའི་གཞུང་ནི་བཤད་པར་བྱ་བའི་ཆོས་སོ། །དེ་ལ་ཡང་གཉིས་ཡོད་པའི་ལམ་གྱི་གཙོ་བོ་རྣམ་གསུམ་ལས་བརྩམས་པའི་དྲི་ལན་གྱི་རྣམ་བཞག་རྒྱས་ཙམ་ཞིག་སྔར་དམ་པའི་སྐྱེས་བུའི་གསུང་གིས་བསྐུལ་བ་ལྟར། བདག་གིས་སྦྱར་བའི་ཞོར་ལ་གཞུང་འདིའི་དོན་བསྡུས་ཏེ་བྲིས་ནས་ཕུལ་ཟིན་ཀྱང་། སླར་སྔགས་ཕྱོགས་ཀྱི་ཉམས་ལེན་སྐོར་ལ་དྲི་བ་ཞུས་པ་འདི་གལ་ཆེ་འདུག་པས་ཊཱིཀྐ་རྒྱས་པ་ཞིག་བགྱི་ལ་བསྐུར་ཞེས་གསུང་ཡིག་བྱུང་བ་ལ་བརྟེན་ནས་ལན་འབུལ་བ་ལ། འདིའི་འགྲེལ་པ་ཧ་ཅང་རྒྱས་པ་ཞིག་སྤྲོས་ཏེ་བྱས་ན་གཞུང་ཆེན་པོར་འགྱུར་པས་དེ་ལྟར་དུ་བྱེད་པར་མི་སྤྲོ་ཡང་གཞུང་དོན་འཆད་པའི་བར་སྐབས་དག་ཏུ་ཅུང་ཟད་རེ་སྤྲོས་ནས་འཆད་པར་བྱའོ། །འདི་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། བཤད་པར་དམ་བཅའ་བའོ། །དང་པོ་ནི། ན་མོ་མཉྫུ་གྷོ་ཥ་ཡ། རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ་ཞེས་པའོ། །དེའི་དང་པོ་ནི། འཇམ་དབྱངས་ལ་ཕྱག་འཚལ་བའམ་འདུད་པའི་དོན་ཏེ། ཕྱི་མ་ཡང་རྗེ་བཙུན་མཁྱེན་པའི་གཏེར་ཏེ་མཁྱེན་པའི་འབྱུང་གནས་སམ་མཁྱེན་རབ་ཀྱི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་གོ་སླའོ། །གཉིས་པ་ལ་གཉིས། དངོས་དང་། ཉན་པར་བསྐུལ་བའོ། །དང་པོ་ནི། མི་སློབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི། །ཞེས་པ་ནས། ལེགས་པར་བཤད་དོ་ཞེས་པའི་བར་རྐང་པ་ཕྱེད་བདུན་གསུངས་སོ། །དེའི་དོན་ནི། སྔགས་བླ་མེད་ཀྱི་མི་སློབ་བའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཤིན་ཏུ་མྱུར་དུ་ཐོབ་པར་འདོད་ན་ནི། དེ་ལ་བླ་མ་དང་ཡི་དམ་དང་ཆོས་སྐྱོང་དང་ལམ་གྱི་སྲོག་གང་ཡིན་དང་། ལམ་གྱི་གྲངས་ངེས་དང་། ལམ་གྱི་གོ་རིམ་སོ་སོའི་གནད་རྣམས་ལེགས་པར་ཤེས་པར་བྱས་ནས་ཉམས་སུ་ལེན་དགོས་པས། ཚུལ་དེ་ཉིད་ཀྱིས་སྐལ་བཟང་གཞན་ཧ་ཅང་ཚེ་གཅིག་ལུས་གཅིག་ཏུ་ལམ་མྱུར་དུ་ཁྲིད་པའི་ཚུལ་རྒྱུད་ཉིད་དང་། རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཀྱི་མན་ངག་བཞིན་ལེགས་པར་བཤད་པར་བྱའོ། །གཉིས་པ་ནི། སྐུ་གསུམ་གོ་འཕང་མཆོག །མྱུར་དུ་ཐོབ་འདོད་དེ་དག་གུས་པས་ཉོན། །ཞེས་པ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ་གོ་འཕང་ཐོབ་བྱ་མཆོག་ཏུ་གྱུར་པ་དེ་མྱུར་དུ་ཐོབ་པར་འདོད་པའི་སྐལ་ལྡན་ཐར་འདོད་དེ་དག་ཡིད་གུས་པས་བསྒྲིམས་ཏེ་ཉོན་ཅིག་ཅེས་སོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ་གསུམ། མདོར་བསྟན་པ་དང་། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། དེ་ལ་ཞེས་པ་ནས་བསམ་པར་བྱའོ་ཞེས་པ་སྟེ། འཆད་པའི་ཚུལ་དེ་ལ་སྐབས་འདིར་ཐམས་ཅད་མཁྱེན་པའི་གོ་འཕང་ཤིན་ཏུ་མྱུར་དུ་ཐོབ་པར་འདོད་པའི་གང་ཟག་སྐལ་ལྡན་དེ་དག་གིས་ཚུལ་འདི་ལྟར་བསམ་པར་བྱའོ། །གཉིས་པ་ལ་བཞི། སྔགས་ལམ་དུ་འཇུག་དགོས་པའི་རྒྱུ་བཤད་པ་དང་། ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ལམ་དུ་འཇུག་དགོས་པ་དང་། དེའི་སྔོན་དུ་ལམ་ཐུན་མོང་བས་རྒྱུད་སྦྱང་དགོས་པ་དང་། སྔགས་ལམ་དུ་ཞུགས་ནས་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། དེ་ཡང་རང་ཉིད་སྲིད་པའི་མཚོར། །ཞེས་པ་ནས། ངེས་པར་ཚོགས་བསགས་དགོས་སོ་ཞེས་པའི་བར་ཏེ། འདི་ལ་གཉིས། ཚིག་དོན་དང་། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། ཐར་འདོད་ཀྱིས་བསམ་པར་བྱ་བ་དེ་ཡང་། རང་ཐར་པ་དོན་དུ་གཉེར་བ་ཙམ་གྱིས་མི་ཆོག་གི རང་ཉིད་སྲིད་པ་འཁོར་བའི་རྒྱ་མཚོར་ལྷུང་ནས་སྡུག་བསྔལ་བ་ཇི་འདྲ་བ་དེ་བཞིན་དུ། མར་གྱུར་སེམས་ཅན་ཀུན་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ཡུན་རིང་དུ་འཁྱམས་ཤིང་། བདེ་འགྲོ་ངན་འགྲོའི་འཁོར་བའི་སྡུག་བསྔལ་སྤྱི་དང་ཁྱད་པར་དུ་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་གྱི་སྡུག་བསྔལ་དྲག་ལ་རྩུབ་པའི་ཚུལ་དེ་ཉིད་ད་ལྟའི་རྟེན་འདི་ནས་བཟུང་སྟེ། འཁོར་བའི་སྔོན་གྱི་ཐོག་མའི་མཐའ་མེད་པ་དེ་སྲིད་དུ་མྱོང་ཞིང་ཉོན་མོངས་པས་གདུངས་ནས་ཡིད་ཤིན་ཏུ་སྐྱོ་བ་དང་། དེར་མ་ཟད་ད་དུང་ཡང་མར་གྱུར་འགྲོ་བ་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་མྱོང་བར་འགྱུར་བའི་ཚུལ་སྤེལ་མར་བསྟོད་པ་ལས། གཏིང་མཐའ་མེད་པའི་འཁོར་བ་ནི། །ཞེས་གསུང་པ་ལྟར། དེ་དག་གི་གཏིང་མཐའ་མ་མཐོང་ཞིང་མི་མངོན་པའི་ཚུལ་གྱིས་འཁོར་ལ། དེའི་ཚེ་བདེ་འགྲོའི་རྟེན་ཐོབ་ཀྱང་ལམ་གྱི་སྲོག་མཐར་ཐུག་པ་ཞིག་མ་ཐོབ་ན། མངོན་མཐོའི་ལྷ་མིའི་རྟེན་རེ་ཙམ་ཐོབ་པས་ལམ་གྱི་སྐབས་གང་དུ་ཡང་མི་ཕྱིན་ལ། དེ་ཡང་རྩ་བ་ཤེས་རབ་ལས། མ་རིག་སྒྲིབ་པས་ཡང་སྲིད་ཕྱིར། །ཞེས་སོགས་གསུངས་པ་ལྟར། འཁོར་བའི་རྩ་བ་དངོས་པོ་བདེན་པར་འཛིན་པའི་བདེན་འཛིན་གྱི་མ་རིག་པ་མ་ཆོད་པ་སྟེ་མ་སྤངས་ན། མ་རིག་པ་དེའི་དབང་གིས་ལས་བསགས་ནས་ད་དུང་འཁོར་བར་འཁྱམ་ཞིང་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་བ་འདི་དག་ལ་སྙིང་རྗེ་མི་བཟོད་པ་སྐྱེ་དགོས་ཤིང་སྐྱེས་ནས་སྡུག་བསྔལ་འདི་ལས་ཐར་པར་བྱེད་པའི་ཐབས་དང་མཐུ་ནུས་རྫོགས་པའི་སངས་རྒྱས་མ་གཏོགས་གཞན་སེམས་ཅན་གང་ལ་ཡང་མེད་ལ། སངས་རྒྱས་དེ་ཐོབ་པར་བྱེད་པའི་རྒྱུ་ས་བཅུ་དང་ལམ་ལྔའི་གྲངས་ངེས་གོ་རིམ་སོགས་རྒྱས་པར་མཚན་ཉིད་ཐེག་པ་ནས་ལན་གྲངས་མང་པོར་གསུངས་ཀྱང་། མཚན་ཉིད་ཐེག་པའི་ལམ་དེར་བགྲོད་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ནི། དབང་རྟུལ་ཚོགས་ལམ་དུ་ཞུགས་ནས་དུས་ཤིན་ཏུ་རིང་བ་བསྐལ་བ་གྲངས་མེད་པ་སུམ་ཅུ་རྩ་གསུམ་མམ། དབང་འབྲིང་བསྐལ་བ་གྲངས་མེད་བདུན་ནམ། དབང་རྣོན་དུས་མྱུར་བ་བསྐལ་བ་གྲངས་མེད་གསུམ་གྱི་བར་དུ་ངེས་པར་ཚོགས་གཉིས་གསོག་དགོས་སོ། །གཉིས་པ་ནི། སྐབས་འདིར་འཁོར་བ་ཞེས་འབྱུང་བའི་དོན་ལ། གང་དུ་འཁོར་བ་དང་། གང་གིས་འཁོར་བ་དང་། གང་འཁོར་བ་དང་། ཇི་ལྟར་འཁོར་བ་སོགས་ཀྱི་ཁྱད་པར་རྣམས་ཤེས་དགོས་ཀྱང་། དེ་ནི་བདག་གིས་འཁོར་བའི་འཇུག་རིམ་དུ་རྒྱས་པར་བཤད་ཟིན་ཅིང་། འདིར་མཚོན་ཙམ་ལ་འཁོར་བའི་ངོ་བོ་ནི་ལས་ཉོན་གྱི་དབང་གིས་ཉིང་མཚམས་སྦྱར་ཞིང་བཅིངས་པའི་ཁྱད་པར་ཞིག་ཡིན་ལ། གང་འཁོར་ནའི་ན་ནི་ཡིད་ཀྱི་རྣམ་ཤེས་སམ་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་ཞིག་གོ །ཇི་ལྟར་འཁོར་བ་ནི་འགྲོ་བ་དྲུག་ཏུ་སྐྱེ་བ་དུ་མ་བརྒྱུད་པ་མགལ་མེའི་འཁོར་ལོ་ལྟར་རམ། ཟོ་ཆུན་གྱི་རྒྱུད་མོ་དང་ཆོས་མཐུན་པའི་ཚུལ་དུ་འཁོར་ཞིང་། རྒྱུ་གང་གིས་འཁོར་བ་ནི་ལས་ཉོན་གྱི་དབང་གིས་སོ། །དེ་ཡང་གཙོ་བོ་མ་རིག་པའི་དབང་གིས་ཡིན་ཏེ། སྡུད་པ་ལས། འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །བདག་དང་བདག་གི་ཆོས་གཉིས་ཡང་དག་མིན་སྟོང་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར། །ཞེས་པ་ནས། དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མིན་རྟོག་སྐྱེ་ཞིང་འཇིག །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས། །ཞེས་གསུངས་པ་ལྟར་རོ། །འཁོར་བའི་རྩ་བར་མ་རིག་པ་ཞིག་འཇོག་པ་ནི་རང་སྡེ་གྲུབ་མཐའ་ཐམས་ཅད་མཐུན་ལ། འོན་ཀྱང་མ་རིག་པ་ངོས་འཛིན་ཚུལ་མི་འདྲ་སྟེ། འདི་ལྟར་རང་སྡེ་བྱེ་བྲག་སྨྲ་བས་ནི། ལས་འབྲས་སོགས་ལ་རྨོངས་པའི་མ་རིག་པ་དང་། རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་འཛིན་པའི་མ་རིག་པ་ཅི་རིགས་འཁོར་བའི་རྩ་བར་འདོད་ཅིང་། མདོ་སྡེ་པས་ནི། ལས་འབྲས་དང་བདེན་བཞི་སོགས་ལ་རྨོངས་པ་དང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་མ་རིག་པ་དང་། སེམས་ཙམ་པ་དང་རང་རྒྱུད་པ་ཡང་དེ་དང་འདྲ་སྟེ། འོན་ཀྱང་དེ་གཉིས་ཀྱིས་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་དང་། ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ནི་བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཞིག་ལ་འདོད་དོ། །ཐལ་འགྱུར་བས་ནི། དབུ་མ་འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པས། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །ཞེས་གསུངས་པ་ལྟར། ང་དང་ང་ཡིར་འཛིན་པའི་འཇིག་ལྟ་ཞིག་འཁོར་བའི་རྩ་བར་འདོད་ལ། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་མ་རིག་པ་ཞིག་འཁོར་བའི་རྩ་བར་གསུངས་ཤིང་། དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྟོག་པ་རྣམས་ཀྱང་མ་རིག་པར་བཤད་དོ། །འཕགས་རྒྱུད་ལ་མ་རིག་པ་འདོད་ཀྱང་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་ནི་སོ་སྐྱེའི་རྒྱུད་ལ་ཡོད་ཀྱི་འཕགས་པ་ལ་མེད་པར་ཤེས་དགོས་སོ། །མ་རིག་པ་དེ་སྤོང་བའི་ཚུལ་ཡང་དེ་ཉིད་ལས། ཡང་དག་མཐོང་ཕྱིར་དངོས་སྟོང་པར། །ལེགས་ཤེས་མ་རིག་མི་འབྱུང་བ༑ ༑དེ་ནི་མ་རིག་འགག་པ་ཡིན། །དེ་ཕྱིར་ཡན་ལག་བཅུ་གཉིས་འགག །ཅེས་དང་། རྩ་བ་ཤེས་རབ་ལས་ཀྱང་། མ་རིག་འགག་པར་གྱུར་ན་ནི། འདུ་བྱེད་རྣམ་ཀུན་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །དེ་དང་དེ་ནི་འགགས་གྱུར་པས། །དེ་དང་དེ་ནི་མངོན་མི་འགྱུར། །སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགག །ཅེས་དང་། བཞི་བརྒྱ་པ་ལས་ཀྱང་། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །ཞེས་དང་། ཆོས་དབྱིངས་བསྟོད་པ་ལས་ཀྱང་། །བདག་དང་བདག་གི་ཞེས་འཛིན་པས། །ཇི་སྲིད་ཕྱི་རོལ་རྣམ་བཏགས་པ། །བདག་མེད་དམ་པ་གཉིས་མཐོང་ན། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། རིན་ཆེན་ཕྲེང་བ་ལས་ཀྱང་། །ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པར། །འཁོར་བའི་དཀྱིལ་འཁོར་འགལ་མེ་ཡི། །དཀྱིལ་འཁོར་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་དུའང་མ་ཐོབ་ཕྱིར། །ངར་ཛིན་པ་ནི་ཟད་པར་འགྱུར། །དེ་ལས་ལས་དང་སྐྱེ་བ་ཡང་། །ཞེས་དང་། རྟེན་འབྲེལ་བསྟོད་པར་ཡང་། འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །གང་ཞིག་མཐོང་བས་དེ་ལྡོག་པ། །རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། །ཞེས་སོགས་དུ་མ་ལས་བདག་མེད་རྟོགས་ཤིང་བསྒོམས་པས་འཁོར་བ་ལས་གྲོལ་བར་གསུངས་ཏེ་མཚོན་ཙམ་མོ། །སེམས་ཅན་འཁོར་བའི་སྡུག་བསྔལ་ལས་ཐར་པར་བྱེད་པའི་མཐུ་ནུས་སངས་རྒྱས་ཁོ་ན་ལ་ཡོད་པར་བཤད་པ་ནི། སངས་རྒྱས་ཀྱིས་ཆོས་བསྟན་ནས་འཁོར་བའི་སྡུག་བསྔལ་ལས་ཐར་པར་བྱེད་པའི་དོན་ཡིན་གྱིས། སངས་རྒྱས་ཀྱི་མཐུ་ནུས་རྫུ་འཕྲུལ་ལྟ་བུས་ཐར་པར་བྱེད་པའི་དོན་མིན་ཏེ། ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་པས་སོ། །ཕར་ཕྱིན་ཐེག་པ་ནས་བཤད་པའི་ལམ་ལྔ་དང་ས་བཅུ་སོགས་ཀྱི་རྣམ་བཞག་རྒྱས་པར་ནི་བདག་གིས་ས་ལམ་རྣམ་བཞག་ཏུ་བཤད་ཟིན་པས་འདིར་མི་བརྗོད་ལ། ལམ་དེས་སངས་རྒྱས་ཀྱི་སར་བགྲོད་པ་ལ་བསྐལ་བ་གྲངས་མེད་སོ་གསུམ་དང་གསུམ་གྱི་རྣམ་བཞག་ཐོགས་མེད་སྐུ་མཆེད་ཀྱིས་གསལ་བར་བཤད་ཅིང་། དུས་མྱུར་ཡང་གྲངས་མེད་གསུམ་དགོས་ཞེས་ཐོགས་མེད་ཞབས་ཀྱིས་བཤད་དེ། ཕར་ཕྱིན་ཐེག་པ་ཁོ་ནའི་ལུགས་སོ། །འོན་ཀྱང་ས་བཅུ་པའི་མདོ་ལས། དཔེར་ན་དེད་དཔོན་མཁས་པ་རིན་པོ་ཆེའི་གླིང་དུ་འགྲོ་བའི་ཚེ་རྒྱ་མཚོ་ཆེན་པོར་ཞུགས་པ་ན་མཐུན་པའི་རླུང་གིས་མྱུར་དུ་རིན་པོ་ཆེའི་གླིང་དུ་ཕྱིན་པར་འགྱུར་བ་ལྟར། ས་བརྒྱད་པ་ཐོབ་ནས་འཚང་རྒྱ་བར་འདོད་ན་ལམ་མྱུར་དུ་བགྲོད་ནུས་ཤིང་འཚང་རྒྱ་ནུས་པ་ཞིག་གསུངས་པ་དང་། ངེས་པ་དང་མ་ངེས་པར་འཇུག་པ་ཕྱག་རྒྱའི་མདོ་ལས། བྱང་སེམས་ཀྱིས་ལམ་བགྲོད་ཚུལ་ལ། ཕྱུགས་ཀྱི་ཤིང་རྟ་དང་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་གཉིས་དང་། ཟླ་བ་དང་ཉི་མའི་བགྲོད་པ་ལྟ་བུས་འགྲོ་བ་གཅིག་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྫུ་འཕྲུལ་ལྟ་བུས་ལམ་བགྲོད་པའི་བྱང་ཆུབ་སེམས་དཔའ་གཉིས་ཏེ་ལམ་བགྲོད་ཚུལ་མྱུར་བུལ་མི་འདྲ་བ་ལྔ་གསུངས་པ་ལྟར་ན། ཕར་ཕྱིན་ཐེག་པའི་ལམ་གྱི་སྐབས་སུ་འཚང་རྒྱ་བར་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་ངེས་པར་བསགས་དགོས་པར་གསུངས་པའི་དགོངས་པ་ནི། དུས་མྱུར་ན་བསྐལ་བ་གྲང་མེད་གསུམ་མམ་གྲངས་མེད་གསུམ་གྱི་དོད་ཐུབ་ངོ་སྐལ་གྱི་ཚོགས་གསོག་དགོས་པའི་དོན་ཡིན་གྱི། དུས་བསྐལ་བ་གྲངས་མེད་གསུམ་གནས་དགོས་པའི་ངེས་པ་མེད་ཅེས་བྱས་ན་ཐུན་མོང་མ་ཡིན་པའི་དགོངས་པ་དང་མི་འགལ་ལམ་སྙམ་སྟེ་དཔྱད་པར་བྱའོ། །བསྐལ་བ་གྲངས་མེད་བརྩི་ཚུལ་ལ། ཇི་སྐད་དུ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་འཕྱུར་སྟེ། །དགུ་པོ་རྐྱང་པའི་གྲངས་སུ་བརྗོད། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། ཞེས་པ་ནས། གྲངས་མེད་བར་དུ་བཅུ་འགྱུར་བསྒྲེས། །ཞེས་འབྱུང་བ་ལྟར་ཆེན་པོ་དང་བཅས་བཅུ་འགྱུར་བྱ་ཚུལ་ནི། དུང་འཕྱུར་བཅུ་ལ་ཐེར་འབུམ་གཅིག །དེ་བཅུ་ལ་ཐེར་འབུམ་ཆེན་པོ་གཅིག །དེ་བཅུ་ལ་ཁྲག་ཁྲིག་གཅིག །དེ་བཅུ་ལ་ཁྲག་ཁྲིག་ཆེན་པོ་གཅིག་ནས། གྲངས་མེད་ཀྱི་བར་དུ་བཅུ་འགྱུར་དང་། གྲངས་མེད་དང་པོ་བཅུ་འགྱུར་ལ་དེ་གཉིས་པ་དང་། གཉིས་པ་བཅུ་གྱུར་ལ་དེ་གསུམ་པར་འཇོག་ཅིང་། མཛོད་རང་འགྲེལ་ལས་ནི། སྟོབས་མིག་ཆེན་པོ་བཅུ་ལ་གྲངས་མེད་གཅིག་ཏུ་བཤད་ལ། གཞན་ལས་དེའི་སྟེང་དུ་ཚད་མེད་བཞིའི་མིང་ཅན་ཆེན་པོ་དང་བཅས་པ་ལ་གྲངས་མེད་དུ་མཛད་དེ་ཚུལ་གཉིས་སོ། །གཉིས་པ་ལ་གཉིས། མྱུར་དུ་འཚང་རྒྱ་བ་ལ་རྡོ་རྗེ་ཐེག་པའི་ལམ་དུ་འཇུག་དགོས་པར་བསྟན་པ་དང་། དེར་འཇུག་པའི་གེགས་སམ་གོལ་ས་འགོག་པའོ། །དང་པོ་ནི། དེས་ན་ལམ་ཐུན་མོང་བས། ཞེས་པ་ནས། ངེས་ཤེས་ཁྱད་པར་ཅན་སྐྱེ་དགོས་ཞེས་པའི་བར་ཏེ། ཕར་ཕྱིན་ཐེག་པའི་ལམ་ཁོ་ནས་མྱུར་དུ་འཚང་རྒྱ་མི་ནུས་ཤིང་དུས་ཡུན་རིང་དུ་ཐོགས་པའི་རྒྱུ་མཚན་བཤད་ཟིན་པ་དེས་ན། མདོ་སྔགས་ཀྱི་ལམ་ཐུན་མོང་པ་ཕར་ཕྱིན་ཐེག་པའི་ལམ་གྱིས་རྒྱུད་ལེགས་པར་སྦྱངས་ཏེ་སྨིན་པར་བྱས་ནས། ངེས་པར་ཁོ་ནར་སྐལ་བཟང་སྐྱེ་བོའི་འཇུག་ངོགས་སམ་འཇུག་པའི་གཞི། ཇི་སྐད་དུ། ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེག །ཞེས་འབྱུང་བ་ལྟར། ཐེག་པ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པའི་ཐབས་མཁས་ཀྱི་མྱུར་ལམ་ཁྱད་པར་ཅན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་འཇུག་དགོས་ཏེ། རྡོ་རྗེ་ཐེག་པའི་ལམ་འདི་ནི་དེའི་གདུལ་བྱ་དབང་རྟུལ་སྐྱེ་བ་བཅུ་དྲུག་གམ་བདུན་ནམ། དབང་འབྲིང་བར་དོའམ། དབང་པོ་ཆེས་ཤིན་ཏུ་རྣོན་པོས་ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པར་འཆད་འགྱུར་ལྟར་རྒྱུད་དང་རྒྱ་གཞུང་གཞན་དག་དང་གྲུབ་ཆེན་རྣམས་ཀྱིས་ཡང་དང་ཡང་དུ་གསུངས་པ་ལ་ངེས་ཤེས་སྐྱེ་དགོས་སོ། །རྒྱུད་དང་རྒྱ་གཞུང་ལས་བཤད་ཚུལ་ནི། རྗེས་མཛད་པའི་རྩ་ལྟུང་རྣམ་བཤད་ལས། དངོས་གྲུབ་འགྲུབ་ལུགས་ནི། ཐོད་པའི་དཀའ་འགྲེལ་དུ་ས་ར་ཧས། དེ་ཡང་གསང་བའི་མཛོད་ལས་གསུངས་པ། །དབང་བསྐུར་ཡང་དག་སྦྱིིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །གང་ལ་སྒོམ་པ་དང་ལྡན་ཞིང་། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་ཐོབ། །རེ་ཞིག་དམ་ཚིག་ཉམས་པ་ལ། །མི་ཡི་སྐྱེ་བའམ་རྙེད་པར་དཀའ། །ཞེས་གསང་བའི་མཛོད་ཀྱི་ལུང་དྲངས་པ་ལྟར་ཏེ་ཚེ་འདིར་འབད་པ་ཆེན་པོས་མ་བསྒོམས་ཀྱང་སྐྱེ་བ་བདུན་ན་དངོས་གྲུབ་འགྲུབ་པ་དང་། དེ་ཡང་རྣལ་འབྱོར་ཅུང་ཟད་སྒོམ་པ་དང་དམ་ཚིག་དང་སྡོམ་པ་དག་པས་འགྲུབ་ཀྱི། དམ་ཚིག་ཉམས་ན་དངོས་གྲུབ་འགྲུབ་པ་ལྟ་ཞོག་ངན་འགྲོར་འགྲོ་བས་བདེ་འགྲོ་ཡང་རྙེད་དཀའོ་ཞེས་གསུངས་སོ། །དམ་ཚིག་ལྔ་པ་ལས། སྐྱེ་བ་བཅུ་དྲུག་དག་ལ་འགྲུབ། །ཞེས་དང་། བི་བྷུ་ཏི་ཙནྡས། མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་པས་རྩ་བ་དང་ཡན་ལག་གི་ཉེས་པས་མ་གོས་པའམ་གོས་ཀྱང་། ཕྱིར་བཅོས་ཚུལ་བཞིན་དུ་བྱས་ནས་དམ་ཚིག་དང་སྡོམ་པ་དག་པར་བསྲུངས་ནས། སྐྱེ་བ་བཅུ་དྲུག་ཚུན་ལ་མཆོག་འགྲུབ་པར་གསུངས་སོ། །བདུན་དང་བཅུ་དྲུག་གི་ཁྱད་པར་ནི། བི་བྷུ་ཏིས་མ་བསྒོམས་གྱུར་ཀྱང་ཞེས་བཤད་པ་ལྟར་ལམ་སྒོམ་པའི་བརྩོན་པ་དང་ལྡན་མི་ལྡན་ཡིན་ཏེ། ཞེས་གསུངས་པ་ལྟར་རོ། །སྤྱིར་གསང་སྔགས་ཀྱི་གདུལ་བྱ་རྣམས་དབང་རྣོན་ཡིན་ཀྱང་འདིར་ནང་གསེས་ཀྱིས་བླ་མེད་ཀྱི་དབང་རྣམ་དག་ཐོབ་ནས་དམ་ཚིག་དང་ལྡན་པའི་སྒོ་ནས་ལམ་ཅུང་ཟད་བསྒོམས་ནས་དེའི་དབང་གིས་སྐྱེ་བ་བཅུ་དྲུག་ཚུན་ནས་མཆོག་འགྲུབ་ནུས་ཤིང་། ལམ་སྒོམ་པ་ལ་འབད་ཀྱང་ལས་དབང་གིས་སྐྱེ་བ་བདུན་ཚུན་ལ་མཆོག་འགྲུབ་པ་ཞིག་དང་། ལམ་བསྒོམས་ནས་ཚེ་འདིར་མཆོག་འགྲུབ་མ་ནུས་ཀྱང་བར་དོར་འགྲུབ་པ་དང་། ཚེ་འདིར་མཆོག་འགྲུབ་ནུས་ཀྱང་ལས་རྒྱ་ལྟ་བུའི་རྐྱེན་གཞན་འགའ་ཞིག་མ་ཚང་བའི་དབང་གིས་མི་འགྲུབ་པར། བར་དོར་སྒྱུ་ལུས་སུ་ལྡང་བའི་སྒོ་ནས་མཆོག་འགྲུབ་པ་དང་། རིན་ཆེན་ལྟ་བུའི་གང་ཟག་ཁ་ཅིག་གིས་ཚེ་འདིར་མཆོག་གི་དངོས་གྲུབ་འགྲུབ་ནུས་པ་རྣམས་སུ་ཡོད་དོ། །འོན་ཀྱང་འདི་དག་སྔོན་གྱི་གདུལ་བྱ་རྒྱུད་སྨིན་པ་རྣམས་ལ་དགོངས་པ་འདྲ་སྟེ། ད་ལྟའི་གདུལ་བྱ་ལ་ནི་ངེས་པ་མི་སྣང་ངོ་། །གཉིས་པ་ནི། ཁ་ཅིག་སྔགས་ཀྱི་སྣོད། །ཞེས་པ་ནས། སྐལ་ཆད་ཅན་ནོ་ཞེས་པའི་བར་ཏེ། །སྐྱེས་བུ་ཁ་ཅིག་སྔགས་ཀྱི་ལམ་མཆོག་འདིའི་སྣོད་དུ་མ་གྱུར་པའི་དབང་གིས་ཟབ་ལམ་འདི་ལྟ་བུ་ཡོད་པ་ཤེས་བཞིན་དུ་དེ་ལ་ཆོས་རང་ག་བ་ཕལ་པ་ཙམ་དུ་མཐོང་ནས་བོར་ཏེ། ཐ་སྙད་པའི་གཞུང་ཙམ་དང་ཚད་མའི་རིགས་ལམ་ཙམ་ལ་ཆེད་དུ་གཉེར་ནས་འཇུག་པ་ནི། སྔགས་ཀྱི་ལམ་བཟང་འདི་ལྟ་བུ་ལ་འཇུག་པའི་སྐལ་བ་དང་བྲལ་ནས་དོན་ཉམས་སུ་ལེན་པ་ལྟ་ཅི་སྨོས། གསང་སྔགས་ཟབ་མོ་འདི་འདྲ་བའི་གཞུང་གི་ཚིག་ཙམ་ཡང་མི་ཐོས་པའི་སྐལ་ངན་དུ་གྱུར་པས། དེ་ནི་བསྐལ་པ་གྲགས་མེད་པ་བསམ་གྱིས་མི་ཁྱབ་པའི་བར་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་བའི་སྐལ་ཆད་ཅན་ཏེ་དེའི་གོ་འཕང་ཐོབ་པར་མི་འགྱུར་རོ། །ཞེས་དང་། དེ་བཞིན་དུ་རྗེའི་རྟོགས་བརྗོད་ལས་ཀྱང་། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ༑ ༑ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །དེ་ལས་གཞན་པའི་དབང་པོ་རྟུལ་བོ་ཡང། །ཤིན་ཏུ་ཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར།། ཞེས་གསུངས་སོ། །གཞུང་འདི་དག་གིས་སྔགས་ལམ་ལ་འཇུག་དགོས་ཤིང་། དེར་འཇུག་པའི་གོལ་སའམ་མི་མཐུན་ཕྱོགས་འགོག་པ་ཡིན། མི་མཐུན་ཕྱོགས་ཀྱི་གེགས་ལ་མང་ཡང་འདིར་གཞུང་སྔོན་མས་བྱེ་བྲག་ཏུ་ཆོས་དོན་དུ་གཉེར་བའི་བསམ་པས་ཚད་གཞུང་ལ་ཞུགས་ནས་དེ་ཙམ་གྱིས་ཆོག་པར་བཟུང་ནས་སྔགས་ལམ་འདོར་བ་རྣམས་འགོག་པ་ཡིན་ནོ། །སྤྱིར་དབུ་ཚད་ཀྱི་རིགས་པ་ཤེས་པའི་སྟེང་དུ་སྔགས་ལམ་ཤེས་པ་ནི་མཆོག་ཡིན་ཀྱང་། ཁ་ཅིག་དབུ་ཚད་ཀྱི་རིགས་གཞུང་ལ་ཞུགས་ཀྱང་ལོག་རྟོག་གི་དབང་དུ་གྱུར་པ་འགའ་ལ་དགོངས་ནས། རིན་པོ་ཆེ་རྣམ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། འདི་ན་རིགས་གཞུང་གཉིས་ལ་རབ་སྦྱངས་ཀྱང་། །ཤར་དུ་འགྲོ་འདོན་ནུབ་ཏུ་བགྲོད་པ་དང་། །ཟླ་འོད་ཕོག་པས་ཡི་དྭགས་སྲེད་པ་བཞིན། །རིགས་གཞུང་ཉིད་ལ་བརྟེན་པའི་ལོག་རྟོག་གིས། །བློ་མིག་ཡང་ནས་ཡང་དུ་བསླད་པའི་མཐུས། །འདི་ཕྱིའི་དགེ་ལེགས་ཀུན་འཛོམས་ཡུན་རིང་དུ། །ཡང་དག་ལྟ་ལས་ཕྱིར་ཕྱོགས་འགྱུར་བའི་རྒྱུ། །ཆེས་ཆེར་བརྟན་པོ་གསོག་པ་མང་དུ་སྣང་། །ཞེས་གསུངས་པས་དེ་བཞིན་དུ་མ་སོང་བ་གནས་ཆེའོ། །གསུམ་པ་ནི་ལམ་ཐུན་མོང་བ་ནས། འབད་པར་བྱའོ་ཞེས་པའི་བར་ཏེ། གསང་སྔགས་ཀྱི་ལམ་དུ་འཇུག་པ་ལ། ལམ་ཐུན་མོང་བས་རྒྱུད་སྦྱངས་དགོས་ཤིང་དེ་ནི་ལམ་མཐུན་མོང་བ་ཕྱོགས་རེ་ཙམ་གང་ཡང་རུང་བ་ཙམ་གྱིས་མི་ཆོག་གིས། སྐྱེས་བུ་ཆུང་འབྲིང་ཆེ་གསུམ་དང་ཐུན་མོང་བའི་ལམ་གྱི་རྒྱུད་སྦྱངས་དགོས་ཤིང་། ཁྱད་པར་དུ་ངེས་འབྱུང་། བྱང་ཆུབ་ཀྱི་སེམས། བདག་མེད་པའི་ལྟ་བ་རྣམ་དག་ཅིག་རྒྱུད་ལ་ཅི་སྐྱེ་བྱའོ། །ལྟ་བ་དེ་ཡང་བཅོམ་ལྡན་འདས་ཀྱིས་མདོ་སྔགས་དུ་མར་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་ལ་ཅི་ནུས་ཀྱིས་འབད་པར་བྱའོ་ཞེས་སོ། །ཐུན་མོང་བའི་ལམ་ལ་སྦྱངས་ཏེ་སྤྱིར་སྔགས་ལ་འཇུག་པའི་སྒོ་ནི་དབང་ཡིན་ཞིང་། སྒོ་དེ་ཙམ་ལ་ངེས་པར་མི་སྣང་ཡང་སྔགས་ཀྱི་ལམ་དངོས་ལ་འཇུག་པའི་སྒོ་ནི་དབང་དང་འབྲེལ་བའི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ལམ་རིམ་ཆེན་མོ་ལས། རྒྱལ་བས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་གསུངས་ཀྱི། དེ་ལས་གཞན་པའི་ཐེག་པ་ཆེན་པོ་ནི་མེད་དོ། །དེ་གཉིས་གང་གི་སྒོར་འཇུག་ཀྱང་འ ཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཞེས་དང་། གཞུང་དུ་མར་སྔགས་ལམ་དུ་འཇུག་པ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པར་གསུངས་པའི་དགོངས་པ་ཡང་དེ་ཡིན་པའི་ཕྱིར་སྙམ་མོ། །གཞན་དུ་ན་སྔགས་ལ་ཞུགས་པ་ཙམ་གྱི་བྱང་ཆུབ་སེམས་དཔར་ཐལ་བར་འགྱུར་ན་དེ་ནི་འདོད་པར་མི་ནུས་སོ། །སྐྱེས་བུ་གསུམ་དང་དེའི་ལམ་གྱི་ཁྱད་པར་རྒྱས་པར་ནི་ལམ་རིམ་སོགས་ནས་གསལ་བ་ལྟར་ཡིན་ལ། འདིར་མཚོན་ཙམ་ཞིག་བརྗོད་ན་ཇོ་བོའི་ལམ་སྒྲོན་ལས། ཆུང་དང་འབྲིང་དང་མཆོག་གྱུར་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །དེ་དག་མཚན་ཉིད་རབ་གསལ་བའི། །སོ་སོའི་དབྱེ་བ་བྲི་བར་བྱ། །གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་ཏེ། དེའི་དོན་བསྡུས་ཏེ་བརྗོད་ན། སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་ནུས་པ་དང་ལྡན་པ་ལ་འཇུག་པས། འདིར་སྐྱེས་བུ་གསུམ་ནི་ཚེ་འདི་ཙམ་དོན་དུ་གཉེར་བ་མ་ཡིན་པར་ཕྱི་མའི་མངོན་མཐོ་ངེས་ལེགས་གང་རུང་ཞིག་དོན་དུ་གཉེར་ཞིང་སྒྲུབ་ནུས་པས་ན་སྐྱེས་བུའི་ཐ་སྙད་མཛད་ཅིང་། འདིར་བསྟན་སྐྱེས་བུ་ཆུང་ངུ་དངོས་ནི་ཚེ་འདིའི་བདེ་བ་ཙམ་དོན་དུ་མི་གཉེར་བར་ཕྱི་མའི་མངོན་མཐོའི་བདེ་བ་གཙོ་བོར་དོན་དུ་གཉེར་བ་ཞིག་སྟེ། སྐྱེས་བུ་ཆུང་ངུའི་ལམ་དངོས་ནི། ངན་སོང་ལས་ཐར་པར་འདོད་ནས་དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་ངན་འགྲོའི་རྒྱུ་ཡང་མ ི་དགེ་བ་སྤོང་བ་དང་། དེའི་ཆེད་ཙམ་དུ་དགེ་བ་སྒྲུབ་པ་ལ་གཙོ་བོར་འབད་པའོ། །འདི་ནི་ཐར་པ་དོན་གཉེར་མ་ཡིན་པ་ཞིག་དགོས་སོ། །སྐྱེས་བུ་འབྲིང་དངོས་ནི། ངན་སོང་ལས་ཐར་འདོད་ཙམ་དུ་མ་ཟད། འཁོར་བ་སྤྱིའི་སྡུག་བསྔལ་ལས་ཐར་འདོད་དང་ཐར་པ་དོན་དུ་གཉེར་བའི་ཉན་རང་གི་རིགས་ཅན་རྣམས་ཏེ། དེ་ལམ་དངོས་ནི། ངེས་འབྱུང་གི་བསམ་པ་དང་། བདེན་བཞི་དང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་ཏུ་སེམས་པའོ། །སྐྱེས་བུ་ཆེན་པོ་ནི། གཞན་དོན་དུ་སངས་རྒྱས་ཐོབ་བྱའི་གཙོ་བོར་དོན་དུ་གཉེར་བའི་ཐེག་ཆེན་གྱི་རིགས་ཅན་ཞིག་སྟེ། དེ་ལ་ཕར་ཕྱིན་དང་སྔགས་ཀྱི་རིགས་ཅན་གཉིས་སུ་ཡོད་ཅིང་། དང་པོའི་ལམ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྤྱོད་པ་ཕྱིན་དྲུག་དང་བསྡུ་བཞི་སོགས་ལ་སློབ་པར་བྱེད་པ་དང་། ཕྱི་མ་ནི་སྔ་མའི་ལམ་གྱི་སྟེང་དུ་སྔགས་ཀྱི་ལམ་བསྣན་པའོ། །དེ་དག་ནི་སྐྱེས་བུ་གསུམ་སོ་སོའི་དབང་དུ་བྱས་ལ། སྐྱེས་བུ་གསུམ་དང་ཐུན་མོང་བའི་ལམ་ནི་སྐྱེས་བུ་ཆེན་པོས་ཀྱང་ཉམས་སུ་ལེན་དགོས་པ་ཡིན་ཏེ། འདི་ལྟར་ངན་སོང་ལས་ཐར་པ་དང་འཁོར་བ་སྤྱི་ལས་ཐར་འ དོད་དང་སྡིག་སྤོང་དགེ་བ་སྒྲུབ་པ་དང་བདེན་བཞི་རྟེན་འབྲེལ་གྱི་སྐོར་རྣམས་ནི་སྐྱེས་བུ་ཆེན་པོས་ཀྱང་ཉམས་སུ་ལེན་དགོས་པའི་ཕྱིར་རོ། །མཁས་པ་ཁ་ཅིག་སྐྱེས་བུ་གསུམ་གྱི་ལམ་ལ་ལམ་དངོས་ཀྱི་ཁྱབ་པར་བཞེད་པ་ཡོད་ཀྱང་དེ་ནི་འཐད་པར་དཀའ་སྟེ། སྐྱེས་བུ་ཆུང་ངུ་ལ་ལམ་ཞུགས་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། གལ་ཏེ་དེ་ལ་ལམ་ཞུགས་ཡོད་ན་སྐྱེས་བུ་འབྲིང་དུ་ཐལ་ལོ། །དེས་ན་སྐྱེས་བུ་ཆུང་ངུ་ཙམ་གྱི་ལམ་ནི་ས་ལམ་གཉིས་སུ་ཕྱེ་བའི་ལམ་ཡིན་པར་གསལ་ལོ། །གལ་ཏེ་ལམ་ཞེས་ཐ་སྙད་བྱེད་པས་ལམ་དངོས་ཡིན་ནོ་ཞེ་ན། དེ་ལྟ་ན་བདེ་འགྲོ་དང་ངན་འགྲོའི་ལམ་གཉིས་ཀའང་ལམ་དུ་ཐལ་ཏེ། སེམས་ཅན་ཐམས་ཅད་ཀྱང་ལམ་ཞུགས་སུ་འགྱུར་རོ། །དེར་མ་ཟད་སྐྱེས་བུ་འབྲིང་དང་ཆེན་པོའི་ལམ་ལའང་ལམ་གྱི་ཁྱབ་པར་འདོད་པ་ལ་བསམ་པར་བྱ་བ་འདི་ལྟར་ཡོད་དེ། ཉན་རང་དང་ཐེག་ཆེན་གྱི་ལམ་དུ་འཇུག་ཁ་མ་དེ་རྣམས་ནི་སྐྱེས་བུ་ཆེ་འབྲིང་གང་ཡིན་དཔྱད་པར་བྱ་དགོས་པའི་ཕྱིར་ཏེ། རེ་ཞིག་ཐེག་ཆེན་ལམ་དུ་འཇུག་ཁ་མ་དེ་སྐྱེས་བུ་ཆེན་པོར་མི་འདོད་ན་ནི་འདི་སྐྱེས་བུ་ཆེན་པོའི་ལ མ་ཉམས་སུ་ལེན་པ་པོ་ཇི་ལྟར་ཡིན་ཞེས་ཕྱེ་ནས་སྨྲ་དགོས་པ་སོགས་སྣང་སྟེ་དཔྱད་པར་བྱའོ། །རྒྱལ་བའི་གསུང་རབ་ཐམས་ཅད་ཀྱང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྟོན་པའི་ཆོས་སྐོར་དུ་འདུ་སྟེ། དེ་ཡང་ངན་འགྲོ་ལས་ཐར་པ་དང་བདེ་འགྲོ་ཐོབ་པའི་ཐབས་གཙོ་བོར་སྟོན་པའི་ཆོས་སྐོར་རྣམས་ནི་སྐྱེས་བུ་ཆུང་ངུའི་ཆོས་སྐོར་དངོས་སམ་དང་ཐུན་མོང་བའི་ཆོས་སྐོར་གང་རུང་དང་། འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་གཙོ་བོར་སྟོན་པ་རྣམས་ནི་སྐྱེས་བུ་འབྲིང་གི་ཆོས་སྐོར་དངོས་སམ་དེ་དང་ཐུན་མོང་བའི་སྐོར་གང་རུང་དང་། སངས་རྒྱས་སྒྲུབ་པའི་ཐབས་སྟོན་པའི་ཆོས་སྐོར་རྣམས་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུ་ཞིང་། སྐྱེས་བུ་གཞན་གཉིས་ཀྱི་ཆོས་སྐོར་རྣམས་ཀྱང་སྐྱེས་བུ་ཆེན་པོའི་ཆོས་སྐོར་གྱི་ཡན་ལག་དང་། དེ་གཉིས་ཀྱི་ལམ་ཡང་སྐྱེས་བུ་ཆེན་པོའི་ལམ་གྱི་ཡན་ལག་ཏུ་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱང་མཐར་སངས་རྒྱས་ཀྱི་སར་ཁྲིད་དགོས་པའི་ཕྱིར་རོ། །ངེས་འབྱུང་བྱང་ཆུབ་ཀྱི་སེམས་དང་ལྟ་བའི་སྐོར་རྣམས་ནི་དྲི་ལན་སྔོན་མའི་སྐབས་སུ་བཤད་ཟིན་པས་འདིར་རྒྱས་པར་མི་འཆད་ཀྱང་། འདིར་ཅུང་ཟད་བརྗོད་ན་རྗེ་ཉིད་ཀྱི་ལྟ་བའི་སྐོར་འདི་དབུ་སེམས་གཉིས་ཀྱི་ནང་ནས་དབུ་མ་དང་། དེའི་ནང་ནས་ཀྱང་མགོན་པོ་ཀླུ་སྒྲུབ་ཀྱི་བཞེད་པ་དཔལ་ལྡན་ཟླ་བས་བཀྲལ་བ་ལྟར་གྱི་ལྟ་བ་གཙོ་བོར་མཛད་པ་ཡིན་ཏེ། རྗེའི་དྲང་ངེས་རྣམ་འབྱེད་ལས་ད་ནི་འདི་ལྟར་འདྲི་བར་བྱ་སྟེ་ཤིང་རྟ་ཆེན་པོའི་ཚུལ་གཉིས་ཀྱིས་གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བ་དང་། དེ་དག་གི་དགོངས་པ་མཁས་པའི་དབང་པོ་རྣམས་ཀྱིས་སོ་སོར་བཀྲལ་བའི་སྒོ་མང་དུ་སྣང་ན་ཁྱེད་ཅག་དེ་གཉིས་ཀྱི་དགོངས་འགྲེལ་མཁན་པོ་གང་གི་རྗེས་སུ་འབྲང་ནས། ངེས་པའི་དོན་དུ་བཞག་པ་གང་ལ་མཐར་ཐུག་པའི་དོན་དུ་འདོད་པར་གྱིས་ཤིག་ཅེས་འདྲི་ན། འཛམ་གླིང་མཁས་པའི་རྒྱན་གྱུར་འདི་རྣམས་ཀྱི། །ལེགས་བཤད་ཀུན་ལ་སྙིང་ནས་གུས་མོད་ཀྱང་། །འཁོར་འདས་རྟེན་འབྱུང་མི་བསླུའི་གཏན་ཚིགས་ཀྱིས། །མཚན་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པ༑ ༑ཟླ་བ་ལས་འོངས་ལེགས་བཤད་འོད་དཀར་གྱིས། །བློ་མིག་ཀུནྡའི་ཚལ་རབ་ཕྱེ་བའི་ཚེ། །སངས་རྒྱས་བསྐྱངས་ཀྱིས་བསྟན་པའི་ལམ་མཐོང་ནས། །ཀླུ་སྒྲུབ་ལུགས་བཟང་གཙོ་བོར་མི་འཛིན་སུ། །ཞེས་ཁོ་བོ་དེ་སྐད་དུ་སྨྲའོ། །ཞེས་གསུངས་པ་ལྟར་ཡིན་ལ། ཀླུ་སྒྲུབ་ལུགས་ཀྱི་ལྟ་བའི་རྣམ་བཞག་ནི། དབུ་མ་རྩ་ཤེས་ལས། རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལ་བབ་ཅིང་། སྟོང་ཉིད་བདུན་ཅུ་པ་སོགས་རིགས་ཚོགས་ག །ཞན་ལས་ཀྱང་མང་དུ་བཤད་ལ། སངས་རྒྱས་བསྐྱངས་ཀྱི་རྩ་ཤེའི་འགྲེལ་བ་བུདྡྷ་པཱ་ལིངྟ་དང་། ཟླ་བས་དེའི་འགྲེལ་པ་ཚིག་གསལ་དང་། རིག་པ་དྲུག་ཅུ་པ་དང་། བཞི་བརྒྱ་བའི་འགྲེལ་པ་དང་། རྗེས་རྩ་ཤེའི་ཊཱིཀ་ཆེན་དང་། ལྷག་མཐོང་ཆེན་མོ་དང་། འཇུག་པའི་ཊཱིཀྐ་སོགས་ལས་རྒྱས་པར་བཤད་པ་ལྟར་རོ། །འདིར་མཚོན་ཙམ་ཞིག་ནི། འཕགས་པ་ལྷའི་བཞི་བརྒྱ་པ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། །འདི་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་གསུངས་པའི་འགྲེལ་པ་ཚིག་གསལ་ལས། །དེ་ལྟར་དངོས་པོ་གང་ལ་བརྟེན་ནས་འབྱུང་བ་ཡོད་པ་དེ་ནི་རང་དབང་དུ་མི་འགྱུར་ཏེ། རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བའི་ཕྱིར་འདི་ཀུན་རང་དབང་མེད་པ་སྟེ། དེའི་ཕྱིར་དངོས་པོ་གང་ལ་ཡང་བདག་སྟེ་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་དང་། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བ་གཉིས་སུ་རྟོགས་ཏེ་ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པའོ་ཞེས་གསུངས་ཤིང་། གཞན་ལ་རག་མ་ལས་པའི་དོན་འཆད་པ་ན། ལམ་རིམ་ཆེན་མོ་ལས། དེ་ལ་གཞན་རག་མ་ལས་ཞེས་པ་ནི། རྒྱུ་རྐྱེན་ལ་རག་མ་ལས་ཙམ་མིན་གྱི། ཡུལ་ཅན་ཐ་སྙད་པའི་ཤེས་པ་ལ་གཞན་ཞེས་བྱ་སྟེ་དེའི་དབང་གིས་བཞག་པ་མ་ཡིན་པ་ནི་གཞན་ལ་རག་མ་ལས་པའོ། །དེས་ན་རང་དབང་བ་ཞེས་བྱ་སྟེ་ཡུལ་དེ་དག་གི་རང་རང་གི་གནས་ལུགས་སམ་སྡོད་ལུགས་ཐུན་མོང་མ་ཡིན་པའི་ངོ་བོའོ། །དེ་ཉིད་ལ་རང་གི་ངོ་བོ་དང་རང་གི་རང་བཞིན་ཞེས་བྱའོ། །ཞེས་གསུངས་པ་ལྟར་དགག་བྱའི་བདག་དང་དེ་མེད་པའི་ཚུལ་ཤེས་དགོས་ལ། མདོར་ན་ལུང་སོགས་ཀྱི་ཆོས་ལ་རང་བཞིན་དེ་འཚོལ་བའི་རིགས་པ་ཡང་དག་གིས་བཙལ་ན་དེ་ལྟ་བུའི་རང་བཞིན་རྡུལ་ཙམ་ཡང་མི་རྙེད་ཅིང་མཐར་ཅི་ཡང་མ་ཡིན་པའི་བར་ནམ་མཁའ་སྟོང་སང་མཐའ་དབུས་མེད་པ་ལྟར་འགྱུར་ན་ཡང་། ཐ་སྙད་དུ་རྨི་ལམ་དང་སྒྱུ་མ་ལྟར་ཀུན་རྫོབ་ཏུ་སྣང་བའི་ཆོས་རྣམས་དང་ལས་བྱ་བྱེད་ཐམས་ཅད་འཐད་པར་ཤེས་དགོས་ཤིང་། དེ་འདྲ་བའི་གཉིས་ཚོགས་མི་འགལ་བར་ལེགས་པར་འཇོག་ཤེས་ན་དབུ་མའི་ལྟ་བ་རྙེད་པར་འཇོག་ཏེ་རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །སྔགས་བླ་མེད་ཀྱི་བདེ་སྟོང་སྦྱོར་བའི་ལྟ་བ་ལ་སེམས་ཙམ་པ་དང་རང་རྒྱུད་པའི་ལྟ་བ་ཡོད་ཀྱང་། གང་ཟག་དབང་པོ་ཤིན་ཏུ་རྣོན་པོས་བདེ་སྟོང་སྦྱོར་རྒྱུའི་ལྟ་བ་ལ་ནི་ཐལ་འགྱུར་བའི་ལྟ་བ་དགོས་པར་བཤད་དེ་འཆད་པར་འགྱུར་རོ། །བཞི་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། རྡོ་རྗེ་ཐེག་པའི་ལམ་དུ་ནས། ངེས་པར་བྱའོ་ཞེས་པའི་བར་ཏེ། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དུ་ཞུགས་པ་ཙམ་གྱིས་མི་ཆོག་པས། མྱུར་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་ན་བླ་མ་ཡི་དམ་ཆོས་སྐྱོང་རྣམས་དང་ལམ་གྱི་སྲོག་ཐམས་ཅད་རང་གི་ཐོབ་བྱའམ་ལམ་གྱི་འགྲོས་དང་མཐུན་པར་ངེས་པར་བྱ་དགོས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། བླ་མེད་ཀྱི་ནང་ནས་གསང་བདེ་འཇིགས་གསུམ་ལ་མ་བྲལ་བར་དགོས་ཚུལ་དང་། དེ་ལྟར་དགོས་པའི་རྒྱུ་མཚན་དང་བཅས་ཏེ་གསང་བདེ་གཉིས་ཀྱི་ལམ་ལ་སློབ་ཚུལ་དང་། དེ་གཉིས་ཀྱི་སྒྲུབ་པ་མཐར་ཕྱིན་པའི་ཐབས་བསྟན་པའོ། །དང་པོ་ནི། དེ་ཡང་རང་གི་ཐོབ་བྱ་ཆོས་སྐུ་ནས། རིམ་པས་འཆད་པར་འགྱུར་རོ་ཞེས་པའི་བར་ཏེ། མྱུར་དུ་འཚང་རྒྱ་བར་འདོད་པ་དེ་ཡང་རང་གི་ཐོབ་བྱ་ཆོས་སྐུའམ་གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་གང་ཡིན་པའི་ཚུལ་དེ་ལེགས་པར་ཤེས་ཤིང་། རྒྱུ་དེ་གཉིས་རང་རྒྱུད་ལ་སྐྱེ་དགོས་ལ༑ དེ་ལའང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་རེ་རེ་ཡོངས་རྫོགས་སྟོན་པའི་གཞུང་གིས་ཀྱང་། མངལ་སྐྱེས་ས་ཆུ་མེ་རླུང་རྩ་རླུང་ཐིག་ལེའི་ཁམས་དྲུག་ལྡན་གྱི་སོ་སྐྱེ་ཉོན་མོངས་པ་དུག་ལྔའི་འཆིང་བ་ལྔ་ལྡན་པ་དག་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱལ་བའི་རྣམ་བཞག་སྟོན་ཅིང་། རྒྱུ་སྡེ་འོག་མ་གསུམ་གྱི་སྐབས་སུ་མི་སྟོན་པས་དེ་ལྟར་སྟོན་པ་དེ་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་མོད། དེ་ལྟར་ཡིན་ནའང་སྔགས་བླ་མེད་ལ་བརྟེན་པའི་ནང་ནས་ཀྱང་ཆེས་ཤིན་ཏུ་ནས་ཀྱང་མྱུར་བར་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པར་འདོད་ན་ནི། གསང་བདེ་འཇིགས་གསུམ་ལ་མ་བྲལ་བར་ངེས་པར་བསྟེན་དགོས་ཏེ། རྒྱུ་མཚན་དེ་དག་ཀྱང་སྐབས་འདིར་འཆད་པར་འགྱུར་རོ། །གཉིས་པ་ནི། དེ་ཡང་ཟུང་འཇུག་གི་སྐུའི་རྒྱུ། ཞེས་པ་ནས། བྱིན་རླབས་ཤིན་ཏུ་མྱུར་བའོ་ཞེས་པའི་བར་ཏེ། འདི་ལ་གཉིས། ཚིག་དོན་བཤད་པ་དང་། དེ་དག་གི་ཁྱད་པར་འགའ་ཞིག་ཕྱེ་ནས་བཤད་པའོ། །དང་པོ་ནི། དེ་ཡང་སྐུ་གསུམ་གྱི་ནང་ནས་ཟུང་འཇུག་གི་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ལ་རིམ་པ་གསུམ་པའི་སྒྱུ་ལུས་དང་རིམ་པ་བཞི་པའི་འོད་གསལ་དང་བསྲེ་བ་དང་འཕོ་བའི་སྐོར་རྣམས་ཀྱང་ལེགས་པར་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ཏེ། དེ་ལ་འདུས་པའི་སྐོར་ལ་སྦྱང་དགོས་ཤིང་འདུས་པ་ལ་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་ཡོད་པ་ལས་འཕགས་ལུགས་ལ་གཙོ་བོར་སྦྱང་དགོས་ལ། འདུས་པ་འདིས་སྒྱུ་ལུས་དང་འོད་གསལ་གྱི་སྐོར་རྒྱས་པར་སྟོན་ཅིང་། རྒྱུ་དེ་ནི་ཕ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་སོ། །དེ་ཡང་རིམ་པ་གསུམ་པའི་སྒྱུ་ལུས་དེ་དོན་གྱིས་འོད་གསལ་གྱིས་སྦྱོང་ལུགས་དང་། དཔེའི་འོད་གསལ་ལས་སྒྱུ་ལུས་སུ་ལྡང་ལུགས་སོགས་ཤིན་ཏུ་གལ་ཆེ་ཞིང་ཤེས་པར་བྱའོ། །ཕ་རྒྱུད་འདུས་པའི་ཕྱོགས་གཏོགས་འཇམ་དཔལ་རྡོ་རྗེ་ལའང་ཁོ་རང་གི་དཀའ་གནད་ཁྱད་པར་ཅན་གཞན་དང་མི་འདྲ་བ་ཡོད་པས། དེའི་ཚུལ་ནི་འོག་ཏུ་ཅུང་ཟད་འཆད་ལ་ལོགས་སུ་དེའི་གཞུག་དག་ཉན་ཅིང་འདི་ལ་བག་ཆགས་བཟང་པོ་རེ་འཇོག་པ་ཤིན་ཏུ་གལ་ཆེའོ། །འབྲས་དུས་ཀྱི་གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ན ི་སྒྱུ་ལུས་ཡིན་ཞིང་། ཆོས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ནི། བདེ་སྟོང་ཡེ་ཤེས་ཁྱད་པར་ཅན་ཡིན་པས་དེ་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ཤིང་། བདེ་སྟོང་གི་རྣམ་བཞག་ཀྱེ་རྡོར་སོགས་ནས་དངོས་སུ་བསྟན་པ་ཡོད་ཀྱང་། བདེ་སྟོང་སྦྱོར་རྒྱུའི་བདེ་བ་དེ་གཞི་གང་ལས་བྱུང་བའི་རྒྱུ་ཤེས་དགོས་ལ། དེ་ལ་སྤྱིར་བདེ་སྟོང་སྦྱར་ནས་ཉམས་སུ་ལེན་པ་ལ་ཐབས་ལས་རྒྱ་དང་ལུས་ཀྱི་རྩ་འཁོར་གྱི་ནང་དུ་དམིགས་པ་གནད་དུ་བསྣུན་པ་ལ་བརྟེན་ནས་བྱུང་བའི་བྱང་སེམས་འབབ་ལྡོག་གི་བདེ་བ་མཚན་ཉིད་པ་ཁྱད་པར་ཅན་གཏུམ་མོ་འབར་ཞིང་འཛག་དགོས་ལ། བདེ་བའི་ངོ་བོ་ལ་ཆེ་ཆུང་དང་། གནས་གང་དུ་འབབ་པའི་ཚད་དང་། མཚམས་གང་ནས་དགའ་བཞི་སྐྱེས་པར་འཇོག་ཅིང་། དགའ་བ་བཞི་པོ་རེ་རེ་ལའང་ནང་གསེས་ཀྱི་དགའ་བ་བཞི་བཞིར་འཇོག་ཚུལ་ཡོད་ཅིང་། བྱང་སེམས་སྤྱི་བོ་ནས་ཐུར་དུ་བབས་པ་ཡས་བབས་ཀྱི་དགའ་བ་དང་། གསང་གནས་ནས་ཡར་ལྡོག་པ་མས་བརྟན་གྱི་དགའ་བའི་ཁྱད་པར་དང་། བདེ་བ་ཆེ་ཆུང་དང་ལུགས་འབྱུང་ཡས་བབས་དང་ལུགས་ལྡོག་མས་བརྟན་གྱི་ཁྱད་པར་འོང་ཚུལ་སོ་སོའི་རྣམ་བཞག་རྒྱས་པར་ཤེས་དགོས་ཤིང་། བདེ་སྟོང་སྦྱོར་རྒྱུའི་སྟོང་པ་ནི་མཚན་ཉིད་ཐེག་པ་ནས་བཤད་པ་ལས་གཞན་ན་ཟུར་དུ་མེད་ཀྱི། སྟོང་པ་དེ་སྟོང་པར་སྦྱངས་ནས་སྒོམ་ཚུལ་མཚན་ཉིད་ཐེག་པ་ནས་ཕུལ་དུ་བྱུང་བ་ཡོད་དོ། །བདེ་བ་སྐྱེ་བའི་རྒྱུའི་ངོ་བོ་བྱང་སེམས་དེ་ལྟ་བུ་འབེབས་བྱེད་ཀྱི་ཐབས་ནི། ངེས་དོན་གྱི་མཁའ་འགྲོ་མ་གཏུམ་མོ་རྡུལ་གྱི་མེ་སྦར་བས་འབེབས་དགོས་ཤིང་། གཏུམ་མོ་འབར་ཞིང་བྱང་སེམས་འཛག་པ་ལ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་དང་སྦྱར་དགོས་ལ། ལས་ཀྱི་ཕྱག་རྒྱ་པདྨ་ཅན་ལ་སོགས་པ་རིགས་བཞིར་ཡོད་ཅིང་། དེ་བཞི་སོ་སོའི་ངོ་བོ། བསྟེན་ཚུལ། མཉམ་པར་སྦྱོར་ཚུལ། སྦྱར་ནས་བདེ་ཆེན་བསྟེན་ཚུལ། བདེ་ཆེན་རེ་རེས་སྤང་བྱ་ཇི་ལྟར་སྤོང་ཞིང་གང་སྤངས་པའི་རྟགས་ཐོབ་པ། དགའ་བ་བཞི་པོའི་ཁྱད་པར། གཏུམ་མོའང་རྩ་གང་ཡང་རུང་བའི་ནང་ཙམ་དུ། སྦར་བས་སྙིང་ག་སོགས་ཀྱི་རྩ་མདུད་རྫོགས་པར་གྲོལ་མི་ཐུབ་པས། རོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་དགོས་ཤིང་། ཞུགས་གནས་ཐིམ་གསུམ་བྱས་པས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་སོགས་ཀྱི་རྩ་མདུད་གྲོལ་འོང་བ་ཡིན་ནོ། །རྩ་རླུང་དེ་དག་ལས་རུང་དུ་འགྲོ་བའི་ཐབས་ལ། བདེ་མཆོག་ནས་འབྱུང་བ་ལྟར་རང་གི་སྤྱི་བོ་དང་སྐྲ་མཚམས་ལ་སོགས་པའི་རྩ་གནས་རྣམས་སུ། ཡུལ་ཉེར་བཞིའི་དཔའ་བོ་དང་དཔའ་མོ་སོགས་བསྒོམས་པས་རྩ་རླུང་རྣམས་བྱིན་གྱིས་བརླབས་ནས་ལས་རུང་དུ་འགྱུར་བ་ཡིན་ནོ། །རྒྱུ་མཚན་དེས་ན་ཕྱག་རྒྱ་བཞིའི་སྐོར་དང་། ལུས་ཀྱི་རྩ་རླུང་གཉིས་ཕྲ་རགས་ཀྱི་གནས་ཚུལ། རྩ་དེ་དག་གི་ནང་གི་རླུང་དབུ་མར་འཇུག་ཚུལ། རིག་མ་དང་སྙོམས་པར་ཞུགས་ནས་བདེ་ཆེན་འདྲེན་ལུགས་སོགས་དཔལ་འཁོར་ལོ་བདེ་མཆོག་གི་སྐོར་ནས་སྟོན་པས། དེས་ན་དཔལ་འཁོར་ལོ་བདེ་མཆོག་གི་སྐོར་ལ་མཁས་པར་བྱས་ཤིང་ལམ་རྒྱུད་ལ་སྐྱེ་དགོས་ཏེ། རྒྱ་གར་འཕགས་ཡུལ་དང་བོད་ཡུལ་རྣམས་སུ་བདེ་མཆོག་གི་ལམ་འདི་ལ་བརྟེན་པའི་གྲུབ་ཆེན་སའི་རྡུལ་ལྟར་ཤིན་ཏུ་མང་ཞིང་འདིའི་རྣལ་འབྱོར་བྱེད་པ་ཤ་སྟག་གོ་ཞེས་པ་ནི་བསྔགས་བརྗོད་དོ། །འཁོར་ལོ་དེ་མཆོག་གི་རྟེན་བརྟེན་པ་དེ་ཡང་ལྷུན་པོའི་རྩེ་ན་ད་ལྟ་དངོས་སུ་བཞུགས་པར་ཡོད་པས་བྱིན་རླབས་ལྷག་པར་མྱུར་བའོ། །གཉིས་པ་ལ་འདིར་བདེ་གསང་གཉིས་ཀྱི་བསྐྱེད་རྫོགས་ཀྱི་སྐོར་སྤྲོས་ཏེ་བཤད་ན་གཞུང་ཆེན་པོར་འགྱུར་བས་དེ་ལྟར་མི་བྱེད་ཀྱང་། རྒྱས་འགྲེལ་ཞིག་བྱོས་གསུངས་སྣང་བས་ཅུང་ཟད་ཕྱེ་སྟེ་འཆད་པ་ལ་གཉིས། འདུས་པའི་ལམ་གྱི་སྐོར་དང་། བདེ་མཆོག་གི་སྐོར་འགའ་ཞིག་བཤད་པའོ། །དང་པོ་ལ་གཉིས། བསྐྱེད་རིམ་གྱི་སྐོོར་དང་། རྫོགས་རིམ་གྱི་སྐོར་བཤད་པའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྤྱིར་ཕར་ཕྱིན་ཐེག་པ་དང་། སྔགས་ཀྱི་ལམ་གཉིས་ཀས་ཀྱང་ཆོས་གཟུགས་ཀྱི་སྐུ་གཉིས་གྲུབ་པར་བྱེད་ལ། དེ་ལ་ཕར་ཕྱིན་ཐེག་པའི་སྐབས་སུ་ཆོས་སྐུ་དང་རྣམ་པ་མཐུན་པའི་ལམ་སྟོང་ཉིད་སྒོམ་པ་ཡོད་ཀྱང་། གཟུགས་སྐུ་དང་རྣམ་པ་མཐུན་པའི་ལམ་སྒོམ་པ་མེད་པས། གཟུགས་སྐུའི་རྒྱུའི་སྒོ་ནས་ཕར་ཕྱིན་ལས་སྔགས་ལམ་ཁྱད་པར་འཕགས་སོ། །རྒྱུད་སྡེ་འོག་མ་གསུམ་གྱི་སྐབས་སུ་གཟུགས་སྐུ་དང་རྣམ་པ་མཐུན་པའི་ལམ་སྒོམ་པ་ཡོད་ཀྱང་། གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་སྒྱུ་ལུས་སྒྲུབ་པའི་ཚུལ་མེད་པས་དེ་བླ་མེད་ཁོ་ནའི་ཁྱད་ཆོས་སུ་འགྱུར་རོ། །བླ་མེད་ཀྱི་ལམ་ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་ལས་མྱུར་བའི་ཁྱད་ཆོས་ཀྱི་གཙོ་བོ་ནི་གཉིས་ཏེ། གཅིག་ལམ་དུས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཁྱད་པར་ཅན་དེ་སྒྲིབ་གཉིས་སྦྱོང་བ་ལ་ནུས་པའི་མཐུ་ཆེ་བས་ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུ་མྱུར་དུ་འགྲུབ་ནུས་པ་དང་། གཅིག་ནི་རིམ་པ་གསུམ་པའི་རྒྱུ་ལུས་དེ་བསྐལ་བ་གྲངས་མེད་གསུམ་དུ་བསོད་ནམས་ཀྱི་ཚོགས་གསོག་པའི་དོད་ཐུབ་པའི་སྒོ་ནས་འབྲས་དུས་ཀྱི་གཟུགས་སྐུའི་ཉེར་རྒྱུ་བྱེད་པས་སྐུ་དེ་མྱུར་དུ་འགྲུབ་ནུས་པས་སོ། །ཕར་ཕྱིན་ཐེག་པའི་ལམ་གྱི་སྲོག་གི་གཙོ་བོ་ནི། སྟོང་ཉིད་རྟོགས་པའི་ལྟ་བ་ཡིན་ལ། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་སྲོག་ནི་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་རམ་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་དང་། བླ་མེད་ཀྱི་ལམ་གྱི་སྲོག་ནི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཉིད་ཡིན་ནོ། །རྫོགས་རིམ་གྱི་ཕྱོགས་སྒོམ་པ་ལ་ནི་ངེས་པ་མ་མཆིས་ཀྱང་། ལྷན་སྐྱེས་ཀྱི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་ནི། བསྒོམས་སྟོབས་ཀྱིས་རླུང་དྷཱུ་ཏཱིར་ཞུགས་པ་ལས་སྐྱེ་བ་ཡིན་གྱི། དེའི་སྔ་རོལ་ཏུ་མི་སྐྱེ་ཡང་སྤྱི་དོན་གྱི་བདེ་སྟོང་སྦྱོར་བ་ཙམ་ནི་ཕྱག་རྒྱ་གཉིས་ལ་བརྟེན་ནས་དེའི་སྔོན་དུ་སྐྱེ་བ་ཡོད་པ་མི་འགལ་ལོ། །བླ་མེད་ཀྱི་རྒྱུད་ལ་སྡེ་ཚན་གྱི་སྒོ་ནས་གཉིས་ཡོད་དེ། ཕ་རྒྱུད་ཐབས་རྒྱུད་རྣལ་འབྱོར་རྒྱུད་དུ་གྲགས་པ་གཅིག་དང་། མ་རྒྱུད་ཤེས་རབ་ཀྱི་རྒྱུད། རྣལ་འབྱོར་མའི་རྒྱུད་དུ་གྲགས་པ་གཅིག་ཡོད་པའི་ཕྱིར། ནང་ཚན་གྱིས་ཕྱེ་ན་དུ་མ་ཡོད་དེ། སྡོམ་འབྱུང་ལས། རྣལ་བྱོར་རྒྱུད་རྣམས་ཀྱི་ནི་བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་གསུངས་པའི་ཕྱིར། ཐབས་ཤེས་ཀྱི་རྒྱུད་དེ་གཉིས་ལ་ཕ་རྒྱུད་མ་རྒྱུད་དུ་འཇོག་ཚུལ་ཡོད་དེ། སྒྱུ་ལུས་སྒྲུབ་པའི་ཐབས་ཀྱི་རིམ་པ་གཙོ་བོ་སྟོན་པའི་བླ་མེད་ཀྱི་རྒྱུད་དེ་ཕ་རྒྱུད་དང་། དགའ་བཞི་འདྲེན་པའི་ཐབས་ཀྱི་རིམ་པ་གཙོ་བོར་སྟོན་པའི་རིགས་གནས་ཀྱི་བླ་མེད་ཀྱི་རྒྱུད་དེ་མ་རྒྱུད་དུ་འཇོག་པའི་ཕྱིར། ཕ་རྒྱུད་མ་རྒྱུད་ཀྱི་རྫོགས་རིམ་གྱི་རྒྱུད་སྨིན་བྱེད་ཀྱི་སྔོན་དུ་བསྐྱེད་རིམ་རྒྱས་བསྡུས་གང་རུང་སྒོམ་དགོས་ཏེ། སྐུ་གསུམ་ལམ་འཁྱེར་གྱི་གཙོ་བོ་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པའི་ལམ་བསྒོམས་སྟོབས་ཀྱིས་དེ་གསུམ་སྦྱངས་ནས་སྐུ་གསུམ་གྱི་གོ་འཕང་སྒྲུབ་དགོས་པའི་ཕྱིར་ཏེ། ཆོས་སྐུ་དང་རྣམ་པ་མཐུན་པ་སྡུད་རིམ་གྱི་སྒོ་ནས་སྟོང་ཉིད་བསྒོམས་ཏེ་འཆི་བ་སྦྱོང་བ་དང་། ལོངས་སྤྱོད་དང་རྣམ་པ་མཐུན་པའི་དང་པོའི་མགོན་པོ་སོགས་བསྒོམས་ནས་བར་དོ་སྤྱོད་པ་དང་། གཟུགས་སྐུ་དང་རྣམ་པ་མཐུན་པ་སྤྲུལ་སྐུ་རྡོར་སེམས་སོགས་བསྒོམས་ཏེ་སྐྱེ་བ་སྦྱོང་དགོས་པའི་ཕྱིར། བདེ་མཆོག་ལ་བར་དོའི་མཚོན་བྱེད་ནཱ་ད་ནམ་མཁར་འཇོག་པ་དང་སྐྱེ་བའི་མཚོན་བྱེད་ཧཱུཾ་ཡིག་སྒོམ་ཞིང་། ཀྱེ་རྡོར་ལའང་མི་འདྲ་བ་ཡོད་ལ། འཇིགས་བྱེད་ནི་འདུས་པ་དང་འདྲ་སྟེ། བར་དོ་སྦྱོང་བྱེད་རྒྱུ་རྡོ་རྗེ་འཛིན་འཇམ་དཔལ་དང་། སྐྱེ་བ་སྦྱོང་བྱེད་འབྲས་བུ་རྡོ་རྗེ་འཛིན་པ་འཇིགས་བྱེད་སྒོམ་པ་ཡིན་པའི་ཕྱིར། རྫོགས་རིམ་གྱི་སྐབས་སུ་བདེ་ཆེན་གྱི་ཡེ་ཤེས་སྐྱེ་བ་ལ་ལུས་ལ་གནད་དུ་བསྣུན་དགོས་པ་བླ་མེད་ཐམས་ཅད་ལ་འདྲ་ཡང་། གང་ལ་གནད་དུ་བསྣུན་པའི་རྩ་འཁོར་ལ་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ནོར་བུའི་དབུས་ཀྱི་རྩ་འཁོར་དང་དྲུག་ཡོད་ཅིང་། དེ་ལ་གནད་དུ་བསྣུན་པའི་ཐབས་ལ་རྡོར་བཟླས་དང་། བུམ་པ་ཅན་ལ་སོགས་པ་རླུང་གི་རྣལ་འབྱོར་དང་། ལྟེ་བ་དང་གསང་གནས་སུ་གཏུམ་མོའི་རྣལ་འབྱོར་དང་། སྙིང་ག་དང་དྷཱུ་ཏཱིའི་བར་སྣ་ཚོགས་སུ་ཐིག་ལེའི་རྣལ་འབྱོར་བསྒོམས་ནས་རླུང་དབུ་མར་འཇུག་པ་ཡོད་དེ། དེ་ཡང་ཌོཾ་བྷི་བ་དང་། ནག་པོ་སྤྱོད་པ་དང་། ནཱ་རོ་ཆོས་དྲུག་པས་ལྟེ་བར་གཏུམ་མོ་བསྒོམས་པ་ལ་བརྟེན་ནས་བྱེད། ལཱུ་ཧི་པ་ནི་ལྟེ་བར་ཧཱུཾ་ཡིག་བསྒོམས་པ་ལ་བརྟེན་ནས་བྱེད། དྲིལ་བུ་པ་ནི་དང་པོར་སྙིང་ག་དང་དེ་ནས་དྷཱུ་ཏཱིའི་མར་སྣ་དང་དེ་ནས་དྷཱུ་ཏཱིའི་ཡར་སྣ་སོགས་ལ་དམིགས་ནས་བྱེད། ཀུ་ཀུ་རི་པ་ནི་སྙིང་གར་རྡོར་བཟླས་ལ་བརྟེན་ནས་བྱེད། ཡེ་ཤེས་ཞབས་ཀྱིས་དང་པོར་སྙིང་ག་དང་། དེ་ནས་དྷཱུ་ཏིའི་མར་སྣ། དེ་ནས་སྙིང་གར་དམིགས་ནས་བྱེད། འདུས་པ་འཕགས་ལུགས་ནི། དང་པོར་དྷཱུ་ཏཱིའི་མར་སྣ། དེ་ནས་སྙིང་གར་གནད་དུ་བསྣུན་པ་ལ་བརྟེན་ནས་རླུང་དབུ་མར་འཇུག་ཅིང་། གྲུབ་ཆེན་དཔལ་འཛིན་གྱིས་དང་པོར་ལྟེ་བ་དང་། དེ་ནས་སྙིང་གར་གནད་དུ་བསྣུན་པ་ལ་བརྟེན་ནས་འཇུག་པའི་ཕྱིར། བསྐྱེད་རིམ་ནས་རྫོགས་རིམ་དུ་འཕོས་པའི་མཚམས་དངོས་ནི་རླུང་དྷཱུ་ཏཱིར་འཇུག་ནུས་པ་ནས་ཡིན་ཀྱང་། རྫོགས་རིམ་སྒོམ་པའི་མཚམས་ལ་གཉིས་ཡོད་དེ། བསྐྱེད་རིམ་མཐར་ཕྱིན་ནས་སྒོམ་པ་དང་། བསྐྱེད་རིམ་ལ་བརྟེན་པ་ཅུང་ཟད་བྱས་ནས་སྒོམ་པའི་དུས་གཉིས་ཡོད་པའི་ཕྱིར་ཏེ། འདུས་པ་ལ་འཕགས་ལུགས་ཀྱི་གཙོ་བོ་ནི་སྔ་མ་ལྟར་ཡིན་ལ། ལཱུ་ཧི་པའི་ལུགས་ནི་ཕྱི་མ་ལྟར་བསྐྱེད་རིམ་སྒོམ་པ་དང་སྦྲགས་ནས་མཛད་པའི་ཕྱིར་ཏེ། ལཱུ་ཧི་པའི་ལུགས་ཀྱི་བདེ་མཆོག་མངོན་རྟོགས་ཀྱི་མཇུག་ཏུ་རྫོགས་རིམ་གྱི་སྡུད་རིམ་བྱེད་པ་དར་བའི་ཕྱིར་རོ། །གཉིས་པ་ལ་སྒྱུ་ལུས་དང་བདེ་སྟོང་གི་ཡེ་ཤེས་གཉིས་ཀ་བདེ་གསང་གཉིས་ཀའི་བསྒྲུབ་བྱའི་གཙོ་བོ་ཡིན་ཡང་། སྐབས་འདིར་བསྟན་ཚུལ་གྱི་གོ་རིམ་ལྟར་བཤད་ན་གཉིས། སྒྱུ་ལུས་སྒྲུབ་པ་འདུས་པ་དང་སྦྱར་བ་དང་། བདེ་སྟོང་གི་ཡེ་ཤེས་སྐྱེ་བའི་ཆེད་དགའ་བཞི་འདྲེན་ཚུལ་བདེ་མཆོག་དང་སྦྱར་བའོ། །དང་པོ་ལ་གཉིས། འདུས་པ་ལ་སྦྱང་དགོས་པར་བཤད་པའི་དགོངས་པ་མཚོན་ཙམ་བསྟན་པ་དང་། སྒྱུ་ལུས་ཀྱི་སྐོར་བཤད་པའོ། །དང་པོ་འདུས་པའི་སྐོར་ལ་སྦྱོང་ཚུལ་གྱི་ཁྱད་པར་ནི། རྗེའི་རྟོགས་བརྗོད་ལས། རྩ་བའི་རྒྱུད་དུ་ལམ་གྱི་གནད་རྣམས་ནི། །མཐའ་དྲུག་ཚུལ་བཞིའི་རྒྱ་ཡིས་བཏབ་སྟེ་གནས། །དེ་ཕྱིར་བཤད་པའི་རྒྱུད་ཀྱི་རྗེས་འབྲང་ནས། །བླ་མའི་མན་ངག་ལས་ནི་ཤེས་བྱར་གསུངས། །ཚུལ་དེ་གནད་དུ་བཟུང་ནས་མན་ངག་གི །མཐར་ཐུག་མདོར་བྱས་སྤྱོད་བསྡུས་རྣམ་བཞག་སོགས། །འདུས་པ་འཕགས་པའི་སྐོར་གྱི་ཕྲན་ཀུན་ལ༑ ༑རིང་དུ་འདྲིས་པར་བྱས་ཏེ་རྩ་བའི་རྒྱུད། །སྒྲོན་མེ་ལྟ་བུར་གསལ་བར་བྱེད་པ་ལ། །བརྟེན་ནས་བཤད་རྒྱུད ཆེན་པོ་ལྔ་དང་ནི། །ལེགས་པར་སྦྱར་ལ་འབད་པ་ཆེན་པོས་སྦྱངས། །ཞེས་གསུངས་པ་ལྟར་དགོས་ཤིང་། དེ་ཡང་སྒྲོན་གསལ་མཆན་བུ་དང་བཅས་པ་ལས་འབྱུང་བ་བཞིན་དྲང་ངེས་གཉིས། དགོངས་དགོངས་མིན་གཉིས། སྒྲ་ཇི་བཞིན་ཡིན་མིན་གཉིས་ཏེ་མཐའ་དྲུག་དང་། ཡིག་དོན་སྤྱི་དོན་སྦས་དོན་མཐར་ཐུག་གི་དོན་ཏེ་ཚུལ་བཞི་རྩ་རྒྱུད་ལ་རྒྱས་བཏབ་པའི་ཚུལ་རྣམས་ནི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་སོགས་ལ་བརྟེན་ནས་བླ་མ་འཕགས་པ་ཡབ་སྲས་དང་རྗེ་ཉིད་ཀྱི་མན་ངག་ལ་བརྟེན་ནས་ཤེས་དགོས་ལ། དེའི་ཚུལ་རྗེས་འགྲེལ་པ་བཞི་སྦྲགས་ཀྱི་སྐོར་ལས་བཤད་པ་རྣམས་བཀོད་ན་མང་དུ་འགྱུར་བས་དེ་དག་ཏུ་ཤེས་པར་བྱ་ལ། འདིར་ཕྱོགས་ཙམ་ཞིག་བརྗོད་ན། འདུས་པའི་རྩ་རྒྱུད་རྒྱས་པ་ནི་བོད་དུ་མ་འབྱུང་ཞིང་། བསྡུས་རྒྱུད་ལེའུ་བཅུ་བདུན་པའམ་ཕྱི་མ་དང་བཅས་པའི་བཅོ་བརྒྱད་པ་ནི་ད་ལྟ་ཡོངས་སུ་གྲགས་པ་འདི་ཡིན་ལ༑ སྤྱིར་བླ་མེད་ཀྱི་རྒྱུད་ཀུན་ཀྱང་གསུང་རབ་མཐར་ཐུག་ཡིན་མོད། དེའི་ནང་ནས་ཀྱང་འདུས་པའི་རྒྱུད་འདི་རྒྱུད་ཀུན་གྱི་རྩེ་མོ་དང་རྒྱལ་པོ་ཡིན་ཏེ། སྒྲོན་གསལ་ལས། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་དེ་ནི་རྒྱུད་ཀྱི་རྩེ། །ཞེས་དང་། རྟོགས་བརྗོད་ལས། ཐུབ་པའི་ལེགས་བཤད་ཀུན་གྱི་མཐར་ཐུག་པ། །དཔལ་ལྡན་རྣལ་འབྱོར་བླ་ན་མེད་པའི་རྒྱུད། །དེ་ཡི་ནང་ནས་ཤིན་ཏུ་ཆེས་ཟབ་པ། །དཔལ་ལྡན་གསང་བ་འདུས་པའི་རྒྱུད་རྒྱལ་ལ། །ཞེས་སོགས་ཀྱིས་མཚོན་ཏེ་མང་དུ་གསུངས་པ་ལྟར་རོ། །བཤད་རྒྱུད་ལ་རྒྱུད་ཕྱི་མ། རྡོ་རྗེའི་འཕྲེང་བ། དགོངས་པ་ལུང་སྟོན། ལྷ་མོ་བཞི་ཞུས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རྣམས་སོ། །དེ་ཡང་རྒྱུད་ཕྱི་མས་རྩ་རྒྱུད་ཀྱི་དོན་ཀུན་བསྡུས་ནས་འཆད། རྡོ་རྗེ་ཕྲེང་བས་རིམ་གཉིས་དང་གཙོ་བོར་བསྐྱེད་རིམ། དགོངས་པ་ལུང་སྟོན་གྱིས་གཙོ་བོར་རྫོགས་རིམ། ལྷ་མོ་བཞི་ཞུས་ཀྱིས་སྲོག་རྩོལ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་སྒྱུ་ལུས་སྒྲུབ་ཚུལ་འཆད་དོ། །འདུས་པའི་སྐོར་གྱི་དགོངས་འགྲེལ་ལ་འཕགས་པའི་མདོར་བྱས། མདོར་བསྲེ། རིམ་ལྔ། འཕགས་པ་ལྷའི་སྤྱོད་བསྡུས། ཀླུ་བྱང་གི་རྣམ་བཞག་རིམ་པ༑ ཟླ་བའི་སྒྲོན་གསལ་སོགས་དང་། རྗེའི་སྔགས་རིམ་ཆེན་མོ། །རིམ་ལྔ་གསལ་སྒྲོན། མངོན་རྟོགས་དཀྱིལ་ཆོག་གི་སྐོར་དང་། ཁྱད་པར་དུ་སྒྲོན་གསལ་མཆན་བུ་བསྡུས་དོན་མཐའ་གཅོད་ཀྱི་སྐོར་རོ། །འདུས་པའི་རྩ་རྒྱུད་ཀྱི་དོན་ལ་སྒྲུབ་ཐབས་ཀྱི་དབང་དུ་བྱས་ན་ལྷ་བཅུ་གསུམ་མ། བཅུ་དགུ་མ། ལྷ་ཉེར་ལྔ་མ། སོ་གཉིས་མ་རྣམས་སོ། །ཡང་རྡོ་རྗེ་འཆང་གཙོ་བོར་བྱས་པའི་ཐུགས་དཀྱིལ། རྣམ་སྣང་གཙོ་བོར་བྱས་པའི་སྐུ་དཀྱིལ། འོད་དཔག་མེད་གཙོ་བོར་བྱས་པའི་གསུང་དཀྱིལ་དང་གསུམ་སྟེ། དེའི་དང་པོ་ནི། རྩ་རྒྱུད་ལེའུ་བཞི་པ་ལས། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག །ཅེས་སོགས་ཀྱིས་བསྟན་ཅིང་། ལེའུ་གསུམ་པས་གཙོ་བོ་ལྔ་འཕོ་བའི་དབང་དུ་བྱས་པའི་དཀྱིལ་འཁོར་ཡང་བསྟན་པ། ཕྱི་མ་གཉིས་ལས་སྐུ་དཀྱིལ་ནི། རྩ་རྒྱུད་ལེའུ་བཅུ་དྲུག་པ་ལས། དེ་ནས་སྐུ་ཡི་དཀྱིལ་འཁོར་མཆོག །ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ། །ཞེས་སོགས་ཀྱི་བསྟན། གསུང་དཀྱིལ་ནི། དེ་ནས་གསུང་གི་དཀྱིལ་འཁོར་མཆོག །ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ། །ཞེས་སོགས་ཀྱིས་བསྟན་ཏོ། །ཡང་ལྷ་གཞན་རྣམས་རེ་རེས་གཙོ་བོར་བྱས་པའི་གཙོ་བོ་འཕོ་བའི་དཀྱིལ་འཁོར་ནི། ལེའུ་དེ་ཉིད་ལས། རྡོ་རྗེ་འཛིན་མཆོག་གང་ཡིན་པའི། །གཟུགས་ནི་དབུས་སུ་བསྒོམ་པར་བྱ། །དེ་ཡི་དཀྱིལ་འཁོར་གནས་སུ་འགྱུར། །སྐུ་གསུང་ཐུགས་ཀྱི་གསང་ལས་བྱུང་། །ཞེས་པས་འཆད་དེ་ཤེས་ན་ལེགས་སོ། །འདི་རྣམས་ཀྱི་དབང་དུ་བྱས་པའི་རིམ་གཉིས་ཀྱང་ཡོད་མོད། དེ་རྣམས་ཀྱི་ནང་ནས་མི་བསྐྱོད་པས་གཙོ་བོར་བྱས་པའི་ཐུགས་ཀྱི་དཀྱིལ་འཁོར་འདི་མཆོག་ཏུ་བཤད་ཅིང་། འདི་ལའང་སྤྱིར་ལྷ་གྲངས་མང་ཉུང་མི་མཐུན་པ་ཡོད་ཀྱང་ལྷའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནི་སོ་གཉིས་པའོ། །འདིའི་སྒྲུབ་ཐབས་ཀྱི་གཞུང་གི་གཙོ་བོ་རྣམས་ནི་རྩ་རྒྱུད་དང་སྦྱར་ནས་འཆད་ནུས་ཀྱང་མང་དུ་དོགས་ཏེ། མཚོན་ཙམ་ནི་རྒྱུད་ཕྱི་མ་ལས། རྡོ་རྗེ་བཞི་པོ་ཐུན་མོང་སྟེ།། ཡེ་ཤེས་བདུད་རྩི་མཆོག་ཡིན་ནོ། །དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་ཏེ། །བཞི་པ་ཡི་གེ་དགོད་པའོ། །ཞེས་གསུངས་པ་ལྟར་དང་། ཡང་རྩ་རྒྱུད་ལེའུ་བཅུ་གཉིས་པ་ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང་། །ཉེ་བར་སྒྲུབ་པ་འབྱུང་བ་དང་། །སྒྲུབ་པའི་དོན་གྱི་དམ་ཚིག་དང་། །སྒྲུབ་པ་ཆེན་པོ་དག་དང་བཞི། །ཞེས་སོགས་འབྱུང་བ་ལྟར་ཏེ། དེ་ཡང་འདིའི་དང་པོ་ནི། ལྷག་མོས་འོད་གསལ་དུ་བསྡུས་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་དེ་ཡིན། གཉིས་པ་ནི། ཉི་མ་སོགས་ལ་དམིགས་པ་ལས་ལྡང་བའི་དེ་ཉིད་ནས་སྐུ་རྫོགས་པ་ལས་བྱུང་བའི་དེ་ཉིད་ཀྱི་བར་ཡིན། གསུམ་པ་ནི། སྐུ་བྱིན་གྱིས་བརླབས་པ་ནས་ཏིང་ངེ་འཛིན་སེམས་དཔའི་དེ་ཉིད་ཀྱི་བར་ཡིན། བཞི་པ་ནི། རིག་མ་འདུ་བྱ་བ་ནས་དངོས་གྲུབ་འབྲིང་སྒྲུབ་པའི་དེ་ཉིད་ཀྱི་བར་ཡིན་ལ། དང་པོའི་སྦྱོར་བ་ལའང་རྣལ་འབྱོར་བཞིའི་ཆིངས་གསུངས་ཏེ། གནས་ཀྱི་དེ་ཉིད་ནས་དེ་བཞིན་ཉིད་ལས་བྱང་ཆུབ་པའི་བར་རྣལ་འབྱོར། དེ་ནས་སྐུ་རྫོགས་པའི་བར་རྗེས་སུ་རྣལ་འབྱོར། དེ་ནས་དང་པོའི་མགོན་པོ་རྡོར་སེམས་སུ་བསྒྱུར་ནས་ཁྲོ་བོ་སྒོམ་པའི་བར་ཤིན་ཏུ་རྣལ་འབྱོར། དེ་ནས་མཆོད་པའི་དེ་ཉིད་ཀྱི་བར་རྣལ་འབྱོར་ཆེན་པོའོ། །དེ་དག་གི་དོན་ནི་ལྷག་མོས་འོད་གསལ་དུ་སྡུད་པ་འཆི་བ་སྤྱོང་བྱེད་དང་། དང་པོའི་མགོན་པོ་སྒོམ་པ་བར་དོ་སྦྱོང་བ་དང་། སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་ནས་ལུས་དཀྱིལ་སྒོམ་པ་སྐྱེ་བ་སྦྱོང་བའི་སྐོར་གསུམ་དུ་འདུ་ཞིང་། དེའི་ལྷག་མ་ནི་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་ཏུ་འདུའོ། །དེ་ཡང་བསྐྱེད་རིམ་གྱི་སྐབས་སུ་དེ་ལྟར་བསྒོམས་པས་སྐྱེ་འཆི་བར་དོ་གསུམ་མོས་པ་ཡིད་བྱེད་ཀྱི་ཚུལ་དུ་རགས་པ་མངོན་འགྱུར་བ་སྦྱངས་ནས་རྫོགས་རིམ་གྱི་སྐབས་སུ་དངོས་གནས་ལ་སྦྱོང་བའི་རྒྱུད་སྨིན་བྱེད་དུ་འགྱུར་བའི་ཚད་ཡིན་ཏེ། རྗེའི་འདུས་པའི་སྨོན་ལམ་ལས། དེར་ནི་སྐུ་གསུམ་གོ་འཕང་མངོན་འགྱུར་བའི། །ཐབས་ཀྱི་དམ་པ་འཆི་བ་ཆོས་སྐུ་དང་། །བར་དོ་ལོངས་སྐུ་སྐྱེ་བ་སྤྲུལ་པའི་སྐུར། །ཚུལ་བཞིན་ཉམས་སུ་ལེན་པའི་རྡོ་རྗེ་མཆོག །རིམ་པ་ཇི་བཞིན་རྒྱུད་ལ་བ སྐྱེད་པ་ཡིས། །ཐ་མལ་སྐྱེ་འཆི་བར་དོའི་སྣང་ཞེན་ཀུན། །སྦྱོང་བྱེད་དང་པོའི་སྦྱོར་བ་ཐོབ་པར་ཤོག །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། འདིར་སློབ་མི་སློབ་ཀྱི་ཟུང་འཇུག་གི་སྐུ་འགྲུབ་པའི་རྒྱུར་སྒྱུ་ལུས་སྒྲུབ་དགོས་ཤིང་དེའི་ཚུལ་ཤེས་དགོས་པར་བཤད་པ་དེ་ལ་རིམ་ལྔའི་ཁྱད་པར་ཡང་ཤེས་དགོས་པས་མཚོན་ཙམ་ནི། རྩ་རྒྱུད་ལེའུ་དྲུག་པ་ལས། སྔགས་ལ་ངེས་རྟོག་ལུས་ཀྱི་ནི། །ཞེས་སོགས་གསུངས་པའི་རྗེས་སུ་འབྲངས་ནས་སྤྱོད་བསྡུས་དང་། སྒྲོན་གསལ་ལས་རིམ་པ་དྲུག་ཏུ་མཛད། །བཤད་རྒྱུད་རྡོ་རྗེ་འཕྲེང་བར། །རྡོ་རྗེ་བཟླས་པ་ར བ་སྦྱོར་བས། །ཞེས་སོགས་གསུངས་པའི་རྗེས་སུ་འབྲངས་ནས་འཕགས་པའི་རིམ་ལྔ་དང་ཀླུ་བྱང་གི་རྣམ་བཞག་རིམ་པར་རིམ་པ་ལྔའི་རྣམ་བཞག་མཛད་ཀྱང་དབྱེ་བསྡུ་ཡིན་པས་མི་འགལ་ཏེ། རིམ་པ་དྲུག་ཏུ་བྱས་པ་ནི་ལུས་དབེན་རིམ་པ་དང་པོར་མཛད་པ་ཡིན་ལ༑ རིམ་ལྔར་བྱས་པ་ནི་ངག་དབེན་སེམས་དབེན་གྱི་རིམ་པར་སྡུད་པའམ་ལུས་དབེན་དང་ངག་དབེན་གཉིས་ཀ་རིམ་པ་དང་པོ་དང་། སེམས་དབེན་རིམ་པ་གཉིས་པ། སྒྱུ་ལུས་རིམ་པ་གསུམ་པ། དོན་གྱི་འོད་གསལ་རིམ་པ་བཞི་པ། ཟུང་འཇུག་རིམ་པ་ལྔ་པར་མཛད་པའི་ཕྱིར་རོ། །རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ཀའང་རིམ་ལྔར་འདུ་བ་ཡིན་ཏེ། སོར་སྡུད་དང་བསམ་གཏན་གཉིས་ལུས་དབེན་དང་། སྲོག་རྩོལ་གྱི་གཙོ་བོ་རྡོར་བཟླས་ངག་དབེན་དང་། འཛིན་པ་འོད་གསལ་དང་། རྗེས་དྲན་དང་ཏིང་ངེ་འ ཛིན་གཉིས་ཟུང་འཇུག་ཏུ་འདུ་བའི་ཕྱིར་ཏེ། །རྗེའི་འདུས་པའི་སྨོན་ལམ་ལས། སོ་སོར་སྡུད་དང་བསམ་གཏན་སྲོག་རྩོལ་དང་། །འཛིན་པ་རྗེས་དྲན་ཏིང་འཛིན་ཡན་ལག་དྲུག །ཡོངས་སུ་སྡུད་པའི་ཟབ་ལམ་རིམ་པ་ལྔ། །ཞེས་གསུངས་པའི་ཕྱིར། དེ་ལ་ལུས་དབེན་ནི། སྨོན་ལམ་ལས། ནོར་བུར་ཐིག་ལེ་ཕྲ་མོར་སེམས་བརྟན་པས། །ཞེས་སོགས་རྐང་པ་བཞིས་བསྟན་པ་ལྟར་རང་གི་འོག་སྒོར་ཐིག་ལེ་ཕྲ་མོ་བསྒོམས་པ་ལ་བརྟེན་ནས། དྷཱུ་ཏཱིི་མར་སྣ་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བདེ་ཆེན་གྱི་ཡེ་ཤེས་སྐྱེས་པ་ན། དེ་ལས་ལངས་ཚེ་གང་ཤར་སྣང་བ་ཀུན། །ཞེས་སོགས་རྐང་པ་བཞིས་བསྟན་པ་ལྟར་མཉམ་བཞག་ལས་ལངས་པའི་དུས་སུ་ཡེ་ཤེས་ཀྱི་གཟུང་རྣམ་ལྷར་ཤར་བར་བྱས་ནས་སྒོམ་ཞིང་། ལྷར་ཤར་བ་དེ་ལ་རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་གཅིག་པའི་ལུས་དབེན་ཡོད་དོ། །དེ་ནས། ཐིག་ལེའི་རྒྱལ་པོ་སྔགས་ཀྱི་ཐིག་ལེ་མཆོག །ཅེས་སོགས་ཀྱིས་བསྟན་པ་ལྟར་སྙིང་གར་སྔགས་ཀྱི་ཐིག་ལེ་སྒོམ་དགོས་ཏེ། དེ་ལ་རླུང་གི་མཚན་ཉིད་ཤེས་པར་བྱས་ནས་སྙིང་གར་དབྱངས་གསལ་གྱི་ཡི་གེ་རྣམ་བཀོད་ནས་སྒོམ་པ་དང་། མི་ཤིགས་པའི་ཐིག་ལེའི་ནང་དུ་ཨ་ཐུང་ཙམ་སྒོམ་པའི་ཚུལ་གཉིས་ཡོད་ལ། དེ་གཉིས་གང་ཡིན་ཀྱང་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བསྒོམས་པས་རླུང་ཞུགས་གནས་ཐིམ་གསུམ་བྱས་ཏེ་ཡེ་ཤེས་སྐྱེའོ། །དེ་ནས། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་གདངས། །ཞེས་སོགས་ཀྱིས་བསྟན་པ་ལྟར་རྡོར་བཟླས་བྱ་དགོས་པ་ཡིན་ཏེ། དེ་ནི་སྙིང་གའི་མི་ཤིགས་པ་ལ་དམིགས་ནས་རླུང་འཇུག་གནས་ལྡང་གསུམ་གྱི་རང་གདངས་ཡི་གེ་གསུམ་གྱི་གདངས་སུ་ཤར་བའི་སྒོ་ནས་བྱེད་པ་ཡིན་ལ། དེའི་ཚེ་རླུང་སྔགས་དབྱེར་མེད་དུ་སྦྱོར་བའི་ཚུལ་གྱིས་ༀ་གྱི་གདངས་ཀྱིས་ན ང་དུ་འཇུག་ཅིང་ཨཱཿའི་གདངས་ཀྱིས་གནས་པ་དང་ཧཱུཾ་གི་གདངས་ཀྱིས་ཕྱིར་ལྡང་བར་མོས་པ་ཡིན་པའི་ཕྱིར་རོ། །དེ་ནས། ཐབས་ཤེས་གསང་བའི་རྩ་མཆོག་གཉིས་ཀྱི་རྩེར། །ཞེས་སོགས་ཀྱིས་བསྟན་པ་ལྟར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་དང་མཉམ་པར་སྦྱར་བའི་གསང་གནས་ཀྱི་མར་སྣ་ཕྲད་མཚམས་སུ་ཐིག་ལེ་ཕབ་ནས་དམིགས་ཏེ་བསྒོམས་པས་རླུང་དབུ་མར་ཐིམ་ནས་སྟོང་པ་བཞི་སྔར་ལས་ཀྱང་ཕུལ་དུ་བྱུང་བ་འདྲེན་ཏེ། འདི་ནི་སྔ་མ་གཉིས་ཀྱི་བོགས་འདོན་ཡིན་པའི་ཕྱིར་ཏེ། སྲོག་རྩོལ་གསུམ་དང་དེའི་གཙོ་བོ་རྡོར་བཟླས་ཀྱི་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ནུས་ཤིང་སེམས་དབེན་རྫོགས་པར་སྐྱེ་བ་ཡིན་གྱི། སྙིང་གའི་རྩ་འཁོར་ནི་རོ་རྐྱང་གི་མདུད་པ་གསུམ་གསུམ་གྱིས་དཀྲིས་ནས་དབྱེ་དཀའ་ཞིང་། དེ་རྫོགས་པར་མ་གྲོལ་བར་དུ་ལུས་ཀྱི་རླུང་ཐམས་ཅད་དབུ་མའི་ནང་དུ་རྫོགས་པར་མི་འདུ་ལ། རྫོགས་པར་གྲོལ་ན་འདུ་ཞིང་སེམས་དབེན་གྱི་རྟོགས་པའང་རྫོགས་པར་སྐྱེ་བར་འགྱུར་བའི་ཕྱིར་ཏེ། སྣ་རྩེ་གསུམ་དུ་ཐིག་ལེ་རྣམ་གསུམ་གྱི། །ཞེས་སོགས་གསུངས་པའི་ཕྱིར་རོ། །སྤྱིར་སྟོང་པ་བཞི་ཡོད་ཀྱང་སེམས་དབེན་གྱི་སྐབས་འདིར་སྟོང་པ་གསུམ་བྱེད་པ། སྟོང་པ་བཞི་པ་གསུམ་པ་སྟོང་ཆེན་ཉེར་ཐོབ་ཏུ་བསྡུས་པ་ཡིན་ཏེ། དེ་ཡང་འཕགས་པ་ཡབ་སྲས་ཀྱི་བཞེད་པ་ཡིན་པའི་ཕྱིར། སྐབས་དེ་དག་ཏུ་སྒྱུ་ལུས་འགྲུབ་པའི་ཆེད་དུ་བསྲེ་བ་རྣམ་པ་གསུམ་བྱ་དགོས་ཏེ། །སྨོན་ལམ་ལས། སྒྱུ་མ་ལོངས་སྐུ་འོད་གསལ་ཆོས་སྐུ་དང་། །ཞེས་སོགས་རྐང་པ་བཞི་གསུངས་པ་དང་། སྒྱུ་ལུས་གྲུབ་ནས་ཟུང་འཇུག་གི་ཆེད་དུ་བསྲེ་བ་བྱེད་པ་དང་། སེམས་དབེན་གྱི་སྔོན་དུའང་བསྲེ་བ་བྱ་བའི་སྐབས་མང་དུ་འབྱུང་བའི་ཕྱིར། བསྲེ་བ་ལ་རྩ་བའི་དབྱེ་བས་གསུམ་ཡོད་དེ། འཆི་བ་ཆོས་སྐུ་དང་བསྲེ་བ། བར་དོ་ལོངས་སྐུ་དང་བསྲེ་བ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་གསུམ་ཡོད་པའི་ཕྱིར། དེ་རེ་རེ་ལའང་གསུམ་གསུམ་ཡོད་དེ། སད་དུས་ཀྱི་སྐུ་གསུམ་དང་བསྲེ་བ། གཉིད་དུས་ཀྱི་སྐུ་གསུམ་དང་བསྲེ་བ། འཆི་དུས་ཀྱི་སྐུ་གསུམ་དང་བསྲེ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གསུམ་གྱི་ཁྱད་པར་ཡོད་དེ། སད་དུས་སུ་བདེ་སྟོང་སྦྱར་ནས་སྒོམ་པ་དེ་སད་དུས་ཀྱི་ཆོས་སྐུ་དང་བསྲེ་བ། དེ་ལས་ལངས་ནས་རྒྱུ་ལུས་དངོས་སམ་རྗེས་མཐུན་པ་རྡོ་རྗེ་འཆང་དུ་སྒོམ་པ་སད་དུས་ཀྱི་ལོངས་སྐུ་དང་བསྲེ་བ། དེ་ཉིད་རྣམ་སྨིན་གྱི་ཕུང་པོ་རྡོ་རྗེ་འཆང་དུ་སྒོམ་པའི་ཐུགས་ཀར་ཡེ་ཤེས་སེམས་པ འི་ཚུལ་གྱིས་འཇུག་པ་དེ་སད་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། གཉིས་པ་གསུམ་གྱི་ཁྱད་པར་ཡོད་དེ། གཉིད་དུས་ཀྱི་འོད་གསལ་དེ་ལམ་གྱི་འོད་གསལ་དུ་བསྒྱུར་ནས་སྒོམ་པ་ཆོས་སྐུ་དང་བསྲེ་བ། རྨི་ལམ་གྱི་ལུས་ཁྱད་པར་ཅན་རྡོ་རྗེ་འཆང་དུ་སྒོམ་པ་ལོངས་སྐུ་དང་བསྲེ་བ། དེ་ཉིད་གཉིད་དུས་ཀྱི་ཕུང་པོ་ལྷར་སྒོམ་པའི་ཐུགས་ཀར་འཇུག་པ་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། གསུམ་པ་སྐུ་གསུམ་གྱི་ཁྱད་པར་ཡོད་དེ། འཆི་དུས་ཀྱི་སྟོང་པ་བཞི་པ་འོད་གསལ་དེ་ལམ་གྱི་འོད་གསལ་དུ་ཁྱེར་བ་ཆོས་སྐུ་དང་བསྲེ་བ། འོད་གསལ་དེ་ལས་བར་དོའི་དོད་དུ་སྒྱུ་ལུས་སུ་ལྡང་བའམ་བར་དོ་གྲུབ་པ་དེ་སྒྱུ་མའི་སྐུར་སྒོམ་པ་ལོངས་སྐུ་དང་བསྲེ་བ༑ དེ་ཉིད་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་དུ་སྐྱེ་བ་བཟུང་བ་ནི་སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་ཡིན་པའི་ཕྱིར། སྒྱུ་ལུས་ཀྱི་སྒྲུབ་གཞི་ནི་རྟེན་ལ་བཞི་དུས་ཡོད་པའི་རླུང་སེམས་ཕྲ་བ་གཉིས་ཡིན་ཏེ། དེ་ཡང་རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་གསུངས་པ་ལྟར། གཞི་དུས་སུ་འཆི་བ་འོད་གསལ་གྱི་རླུང་སེམས་ལས་བར་དོའི་ལུས་འགྲུབ་འོང་རྒྱུ་དེ་ཉིད། ཐབས་མཁས་ཀྱིས་ལམ་དུ་བསྒྱུར་ནས་སྒྱུ་ལུས་འགྲུབ་པར་འགྱུར་བའི་ཕྱིར་ཏེ། འཆི་དུས་སུ་ལས་དབང་གིས་རྩ་མ དུད་གྲོལ་ནས་ལས་རླུང་དྷཱུ་ཏཱིར་ཐིམ་པའི་འཆི་བ་འོད་གསལ་གྱི་རླུང་སེམས་ཚོགས་པ་ལས་བཞིན་ལག་གི་རྣམ་པ་ཅན་གྱི་བར་དོ་འགྲུབ་པ་དེ་བཞིན་དུ། །འདིར་སྲོག་རྩོལ་རྣམ་གསུམ་བསྲེ་བ་དང་ཕྱག་རྒྱ་ལ་བརྟེན་པའི་ཐབས་ཀྱིས་སྙིང་གའི་རྩ་མདུད་སོགས་གྲོལ་ཏེ། ལུས་ཀྱི་ལས་རླུང་ཐམས་ཅད་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས། སྟོང་པ་གསུམ་དང་བཞི་པ་སེམས་དབེན་དཔེའི་འོད་གསལ་མཐར་ཐུག་བསྐྱེད་ནུས་ཤིང་། དེ་ལས་ཆུ་ལས་ཉ་ལྡང་བ་ལྟར་ལུགས་ལྡོག་ཏུ་ལངས་པ་དང་དུས་མཉམ་དུ་རིམ་པ་གསུམ་པ་རླུང་སེམས་ལས་གྲུབ་པའི་སྒྱུ་མའི་སྐུ་འགྲུབ་པ་ཡིན་པའི་ཕྱིར་ཏེ། རིམ་ལྔ་ལས། རང་བཞིན་འོད་གསལ་དེ་དང་དེ། རྣམ་ཤེས་གསུམ་དང་ལྡན་པ་ཡི། །བདག་བྱིན་བརླབས་པའི་རིམ་གྱིས་ཀྱང་། །སེམས་ཅན་དོན་དུ་ལན་འགའ་འབྱུང་། །ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་བཤད། །ཅེས་གསུངས་པས་སོ། །སྒྱུ་ལུས་གྲུབ་ནས་རྟེན་དེ་ལ་བསྲེ་བ་དང་། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བྱེད་པ་དང་། བསམ་གཏན་གཉིས་ཀྱི་སྡུད་རིམ་ཡང་ཡང་བྱས་པས་མཐར་རིམ་པ་གསུམ་པའི་སྒྱུ་ལུས་འོད་གསལ་གྱིས་སྦྱངས་ནས་རིམ་པ་བཞི་པའི་དོན་གྱི་འོད་གསལ་ལས་ལུགས་ལྡོག་ཏུ་ལངས་པ་དང་མཉམ་དུ་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་ཅིང་། དེ་ནི་སྤངས་པ་ཟུང་འཇུག་ཡིན་ལ། སླར་དོན་གྱི་འོད་གསལ་དུ་ཞུགས་ན་རྟོགས་པ་ཟུང་འཇུག་ཐོབ་པར་འགྱུར་ཏེ། རྟེན་དེ་ལ་སྤྱ྄ོད་པ་གསུམ་ལ་སློབ་པའི་སྒོ་ནས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཆག་བསྒྲིལ་དུ་བྱས་ནས་བསྒོམས་པས་ནི་སློབ་པའི་ཟུང་འཇུག་གི་སྐུ་ཐོབ་པར་འགྱུར་ཏེ་མང་དུ་དོགས་ནས་དེ་ཙམ་ཞིག་སྨྲས་སོ། །གཉིས་པ་ནི། དགའ་བཞི་འདྲེན་པའི་ཚུལ་བདེ་མཆོག་དང་ཀྱེ་རྡོར་སོགས་ནས་སྟོན་པས་བདེ་མཆོག་གི་སྐོར་ལ་སྦྱང་དགོས་པར་གསུངས་པའི་དགོངས་པ་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་མོ། །དང་པོ་ལ་སྦྱང་རྒྱུའི་བདེ་མཆོག་གི་རྒྱུད་ལ་རྩ་རྒྱུད་དང་། བཤད་རྒྱུད་དང་། སྒྲུབ་ཐབས་སོགས་ཀྱི་སྐོར་མང་སྟེ། རྩ་རྒྱུད་ལ་འབུམ་ཕྲག་གསུམ་པ། འབུམ་ཕྲག་གཅིག་པ། ཉུང་ངུའི་རྩ་རྒྱུད་དང་གསུམ་ལས་དང་པོ་གཉིས་ནི་འདིར་མ་འགྱུར་ཞིང་། ཕྱི་མ་ཉུང་ངུའི་རྩ་རྒྱུད་ལེའུ་ང་གཅིག་པ་ནི་ད་ལྟ་གྲགས་ཆེའོ། །བཤད་རྒྱུད་ལ༑ མངོན་བརྗོད། རྡོ་རྗེ་མཁའ་འགྲོ །ཀུན་སྤྱོད། སྡོམ་འབྱུང་། མཁའ་སྦྱོར། ཕག་མོའི་མངོན་འབྱུང་སྟེ་དྲུག་དང་། ཆ་མཐུན་གྱི་རྒྱུད་ཧེ་རུ་ཀ་མངོན་འབྱུང་། མཁའ་འགྲོ་རྒྱ་མཚོ། རྣལ་འབྱོར་མ་བཞི་ཞལ་སྦྱོར་རྣམས་སོ། །སྒྲུབ་ཐབས་ཊཱིཀྐ་སོགས་ཀྱི་སྐོར་ལ། ལཱུ་ཧི་པའི་མངོན་རྟོགས། དྲིལ་བུ་པའི་ལུས་དཀྱིལ། རིམ་ལྔ། ནག་པོ་སྤྱོད་པའི་དཔྱིད་ཐིག་སོགས་དང་། ལྭ་ཝ་པ་པྲཛྙཱ་རཀྵི་ཏས་མཛད་པའི་རྒྱུད་ཊཱིཀ་སོགས་དང་། རྗེའི་རྩ་རྒྱུད་ཀྱི་ཊཱིཀྐ་སྦས་དོན་གསལ་བ་མངོན་རྟོགས་ཀྱི་འགྲེལ་པ་འདོད་འཇོ། རྫོགས་རིམ་རྣལ་འབྱོར་ཆེན་པོ་སོགས་མང་ངོ་། །རྩ་རྒྱུད་ལས་རིམ་པ་གཉིས་ཀ་བསྟན་ཅིང་། དེ་ཡང་བསྐྱེད་རྫོགས་གཉིས་ལྷན་ཅིག་སྟོན་པའི་གཞུང་གི་གཙོ་བོ་ནི་ལེའུ་སོ་གཉིས་པ་ལས། བ་གླང་གནས་དང་སྟེང་ལྡིང་དང་། །ཞེས་སོགས་དང་། ལེའུ་ང་གཅིག་པར་རི་སྟེང་སྣ་ཚོགས་པདྨ་ཡི། །ལྟེ་བར་ཨཱ་ལི་ཀཱ་ཡི་སྐྱེས། །ཞེས་གསུངས་པ་འདི་ལྟ་བུ་ཡིན་པར་རྒྱུད་འགྲེལ་དུ་བཤད་ལ། བཤད་རྒྱུད་མངོན་བརྗོད་ལས་ནི་བསྐྱེད་རིམ་གཙོ་བོར་འཆད་དེ། ལྷ་རེ་གཉིས་པའི་དཀྱིལ་འཁོར་མི་འདྲ་བ་དུ་མ་དང་། སྐུ་གསུང་ཐུགས་ཀྱི་བདེ་མཆོག་ཡབ་ཡུམ་གཙོ་བོ་བྱས་པའི་འཁོར་ལ། རང་རང་གི་དཔའ་བོ་བཅུ་དྲུག་རེས་བསྐོར་བའི་སྟེང་དུ་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་བསྣན་པའི་ལྷ་སུམ་ཅུ་པའི་དཀྱིལ་འཁོར་གསུམ། ཡང་དམ་ཚིག་གི་འཁོར་ལོའི་གཙོ་བོ་ཡབ་ཡུམ་ལ་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་བསྣན་པའི་ལྷ་བཅུ་གསུམ་པའམ་བཅུ་གཉིས་པའི་དཀྱིལ་འཁོར་དང་། གཙོ་བོ་ཡབ་ཡུམ་ལ་རྣལ་འབྱོར་མ་བཞིས་བསྐོར་བའི་ལྷ་ལྔ་མའམ་དྲུག་པའི་དཀྱིལ་འཁོར་དང་། གཙོ་བོ་ཡབ་ཡུམ་གཅིག་པུའི་དཀྱིལ་འཁོར་རྣམས་བཤད་ཅིང་། འདིའི་ལེའུ་བཞི་པ་ནས་བདེ་མཆོག་ཞལ་བཞི་ཕྱག་བཞི་པ་ནས་ཕྱག་འབུམ་གྱི་བར་ཡོད་པར་བཤད་དེ། རྩ་རྒྱུད་ལེའུ་སོ་གཉིས་པར། ཇི་སྲིད་ཕྱག་ནི་འབུམ་གྱི་བར། །ཞེས་གསུངས་པའི་དགོངས་པའོ། །རྒྱུད་གཞན་གྱིས་རྩ་རྒྱུད་ཀྱི་རིམ་གཉིས་འཆད་དེ། རྡོ་རྗེ་མཁའ་འགྲོ་ལས་བསྐྱེད་རྫོགས་གཉིས་ཀ་དང་ལས་ཚོགས། སྡོམ་འབྱུང་ལས་ནི་རིམ་གཉིས་དང་དབང་གི་སྐོར། ཀུན་སྤྱོད་ལས་ནི་རིམ་གཉིས་སྤྱི་དང་བསྐྱེད་རིམ་རྒྱས། ཁ་སྦྱོར་ལས་ནི་རིམ་གཉིས་དང་དབང་གི་སྐོར་འཆད་དོ། །ལཱུ་དྲིལ་གཉིས་ཀྱིས་གཙོ་བོར་ཀུན་སྤྱོད་ལ་བརྟེན་པར་སྣང་ལ། རྗེ་ཉིད་ཀྱིས་ལཱུ་དྲིལ་ནག་གསུམ་དང་ཁྱད་པར་དུ་ལཱུ་དྲིལ་གྱི་ལུགས་འཛིན་ཅིང་། རྒྱུད་ཊཱིཀ་ལྭ་ཝ་པ་དང་དེའི་འགྲེལ་པ་པྲཛྙཱ་རཀྵི་ཏས་མཛད་པ་གཞིར་འཇོག་སྟེ། བོད་ཀྱི་མར་དོའི་བཤད་པ་ཡང་ཁུངས་སུ་འདྲེན་ནོ། །རང་ཅག་ལྟ་བུས་ནི་རྗེའི་འདོད་འཇོ་དང་རྫོགས་རིམ་རྣལ་འབྱོར་ཆེན་པོ་ལ་སྦྱངས་ན་བློ་བསྐྱེད་ཆེ་བར་སེམས་སོ། །གོང་དུ་བརྗོད་པའི་སྒྲུབ་ཐབས་དེ་རྣམས་ཀྱི་དོན་ལ་རིམ་གཉིས་ཀྱི་གསུང་ཡོད་ཀྱང་། ལཱུ་ཧི་བའི་ལུགས་ཀྱི་ལྷ་རེ་གཉིས་པའི་དཀྱིལ་འཁོར་འདི་དཀྱིལ་འཁོར་གཞན་རྣམས་ཀྱི་གཙོ་བོ་དང་རྩ་བའི་དཀྱིལ་འཁོར་ཡིན་པར་བཤད་ཅིང་། འདིའི་མངོན་རྟོགས་ལས་སྐྱེ་ཤི་བར་དོ་གསུམ་སྦྱོང་བྱེད་མཚོན་ཚུལ་རྒྱས་པར་བཤད་ན་མང་དུ་འགྱུར་བས། བསྡུས་ན་འདིའི་སྒྲུབ་ཐབས་ལས་འབྱུང་བ་ལྟར་སྡུད་རིམ་བྱས་ནས་སྟོང་ཉིད་སྒོམ་པ་ནི་འཆི་བ་སྦྱོང་བྱེད་ཆོས་སྐུའི་ལམ་ཁྱེར། སྟོང་པའི་ངང་ལས་ནཱ་ད་ནམ་མཁར་འཇོག་པ་ནི་བར་དོ་མཚོན་བྱེད་དང་སྦྱོང་བྱེད་ལོངས་སྐུའི་ལམ་ཁྱེར། དེ་ནས་རི་རབ་ཀྱི་སྡེང་དུ་སྣ་ཚོགས་པདྨའི་ལྟེ་བར་ཨཱ་ལི་ཀཱ་ལི་ལས་བྱང་སེམས་དཀར་དམར་མཚོན་བྱེད་ཀྱི་ཟླ་བ་དཀར་དམར་གྱི་དབུས་སུ་བར་དོའི་མཚོན་བྱེད་ནམ་མཁའི་ནང་ཞུགས་ནས་ཧཱུཾ་ཡིག་དཀར་དམར་དུ་བསྒྱུར་བ་ནི་མངལ་དུ་སྐྱེ་བ་བཟུང་བའི་མཚོན་བྱེད་དེ། དེ་དང་ཧེ་རུ་ཀར་ལངས་པ་གཉིས་ཀ་སྐྱེ་བ་སྦྱོང་བྱེད་སྤྲུལ་སྐུའི་ལམ་ཁྱེར་ཡིན་ཞིང་། འོན་ཀྱང་རྟེན་བརྟེན་པ་དུས་གཅིག་ཏུ་གྲུབ་པའི་ཧེ་རུ་ཀ་ནི་མངལ་ནས་ཕྱིས་བཙས་པ་དང་སྦྱོར་རོ། །དེ་ཡང་རྗེའི་སྨོན་ལམ་ལས། སྤྲོས་ཀུན་འོད་གསལ་གནས་སུ་སྡུད་པ་དང་། །དེ་ལས་ནཱ་དའི་གཟུགས་སུ་ལྡང་བ་དང་། །དེ་ཉིད་དབྱངས་གསལ་གཟུགས་བརྙན་བཞིན་ཤར་བའི། །དཀར་དམར་ཟླ་བའི་དབུས་སུ་ཞུགས་པ་ལས། །ཧེ་རུ་ཀའི་དཀྱིལ་འཁོར་རྫོགས་པའི་དོན། །འཆི་བ་ཆོས་སྐུ་བར་དོ་ལོངས་སྐུ་དང་། །སྐྱེ་བ་སྤྲུལ་སྐུར་ཁྱེར་བའི་ལམ་ཁྱེར་དུ། །ཤེས་ནས་བསྒོམས་པས་དེ་བཞིན་འགྲུབ་པར་ཤོག །གསུངས་པའི་དོན་ནོ། །འབྱུང་བཞི་རི་རབ་པདྨ་དང་བཅས་པས་སྒྲུབ་པ་པོའི་ལུས་དང་ལུས་ཀྱི་རྩ་འཁོར་སོགས་མཚོན་པ་ཡིན་ཏེ། དེ་ཉིད་ལས། གནས་མཆོག་གང་དུ་ཧེ་རུ་ཀ་རྫོགས་པའི། །འབྱུང་བཞི་རི་རབ་པདྨས་མཚོན་པའི་དོན། །གང་དུ་གནད་དུ་བསྣུན་པའི་རྩ་འཁོར་སོགས། །རྡོ་རྗེའི་ལུས་ཀྱི་གནས་ལུགས་རྟོགས་པར་ཤོག །ཞེས་སོ། །ཟླ་བ་དཀར་དམར་གྱིས་ཁམས་དཀར་དམར་མཚོན་ཞིང་དེ་ཡང་རྫོག་རིམ་གྱི་སྐབས་སུ་ལྟེ་བའི་དམར་ཆ་གཏུམ་མོ་སྦར་ནས་སྤྱི་བོའི་དཀར་ཆ་བྱང་སེམས་བབས་པའི་འདུ་འཕྲོད་ཀྱིས་རླུང་དྷཱུ་ཏཱིར་འདུས་པ་ལས་བདེ་ཆེན་གྱི་ཡེ་ཤེས་སྐྱེ་བའི་ཚད་དམ་མཚོན་བྱེད་ཡིན་ཏེ། པདྨའི་ལྟེ་བར་ཟླ་བ་དཀར་དམར་ནི། འདུས་པ་སོགས་ཀྱིས་མཚོན་པར་གྱུར་པའི་དོན། ལྟེ་བའི་དམར་ཆ་སྤྱི་བོའི་དཀར་ཆ་ཡི། །འབར་དང་འཛག་པ་དྷཱུ་ཏཱིར་འདུས་པ་ལས། །ངེས་དོན་ལྷན་ཅིག་སྐྱེས་པའི་ཧེ་རུ་ཀའི། །དཀྱིལ་འཁོར་རྫོགས་པར་བསྐྱེད་པའི་ཐབས་སུ་ནི། །ལེགས་པར་ཤེས་ནས་དེ་བཞིན་བསྒོམས་པ་ཡིན། །དེ་འདྲའི་རྫོགས་རིམ་སྐྱེ་བའི་སྣོད་གྱུར་ཅིག །ཞེས་སོ། །ལུས་ཀྱི་དབང་པོའི་སྒོ་རྣམས་དང་གནས་ཉེར་བཞི་སོགས་ལ་ལུས་དཀྱིལ་གྱི་ལྷ་སྒོམ་པ་ནི་ལྷ་དེ་རྣམས་ཀྱིས་རྩ་རླུང་ཐིག་ལེ་རྣམས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ལུས་ཀྱི་གནས་དེ་དག་གི་རླུང་རྣམས་དྷཱུ་ཏཱིར་སྡུད་ནུས་པའི་ཆེད་ཡིན་ཏེ། སྒོ་མཚམས་མ་རྣམས་དབང་པོའི་སྒོར་བསྒོམས་པས། ལས་རླུང་དབང་པོའི་སྒོ་ནས་ལྡོག་པར་ཤོག །ཉེར་བཞིའི་ཡུལ་དུ་དཔའ་བོ་དཔའ་མོ་རྣམས། །བསྒོམས་པས་རླུང་རྣམས་ཉེར་བཞིའི་རྩར་འདུས་ཤོག །ཆོས་ཀྱི་འཁོར་ལོ་འདབ་མར་བདེ་ཆེན་གྱི། །ལྷ་རྣམས་བསྒོམས་པ་སླར་ཡང་རླུང་རྣམས་ནི། །སྙིང་གའི་ཕྱོགས་དང་མཚམས་ཀྱི་རྩ་བརྒྱད་དུ། །འདུས་ནས་དབུས་ཀྱི་དྷཱུ་ཏཱིར་འཇུག་པར་ཤོག །ནང་གི་རྗེ་བཙུན་ཡབ་ཡུམ་བསྒོམས་པ་ལས། །དཔྱིད་དང་ཐིག་ལེ་ཕན་ཚུན་སྙོམས་ཞུགས་ནས། །རྫོགས་པའི་རིམ་པ་མཆོག་རྣམས་སྐྱེ་བ་ཡི། །དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཤོག །ཅེས་གསུངས་པ་ལྟར་རོ། །གཉིས་པ་རྫོགས་རིམ་གྱི་སྐོར་ལ་བཞི། ལུགས་འདིའི་རིམ་ལྔ་འཇོག་ཚུལ། ཕྱག་རྒྱའི་རྣམ་བཞག །དགའ་བཞི་འདྲེན་ཚུལ། བདེ་སྟོང་སྦྱོར་ཚུལ་ལོ། །དང་པོ་ལ་གཉིས། ལུགས་འདིའི་རྫོགས་རིམ་དང་། རིམ་པ་ལྔའི་ཁྱད་པར་རོ། །དང་པོ་ནི། སྨོན་ལམ་ལས། སྤྲུལ་བའི་འཁོར་ལོའི་དབུས་སུ་སྤྲིན་སྒྲ་ལ། །སེམས་ནི་བརྟན་པས་ཉི་ཟླའི་འགྲོས་བཅོམ་སྟེ། །དྷཱུ་ཏཱིར་ཙཎྜ་ལི་ནི་འབར་བ་ཡིས། །སྟོང་ཕྲག་དོན་གཉིས་རྩ་རྣམས་རབ་གཡོས་པའི། །བྱང་ཆུབ་སེམས་རྒྱུན་འབབ་དང་འཇོག་པ་ལས། །ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །ཅེས་གསུངས་ཏེ། འདིས་ལཱུ་ཧི་པའི་ལུགས་ཀྱི་སྡུད་རིམ་གྱི་རྫོགས་རིམ་གྱི་སྔོན་དུ་ལྟེ་བའི་གནས་སུ་ཧཱུཾ་ཡིག་བསྒོམས་ནས་དགའ་བཞི་འདྲེན་དགོས་པར་བསྟན། དེ་ནས། འཇུག་དང་གནས་དང་ལྡང་བའི་རླུང་གིས་ནི། །ཞེས་སོགས་རྐང་པ་དྲུག་གིས་ཧཱུཾ་ཡིག་ལ་དམིགས་ནས་རྡོར་བཟླས་བྱས་པས་ལྟེ་བའི་གཏུམ་མོ་སྦར་ནས་སྤྱི་བོའི་ཧཾ་ཡིག་གི་མིང་ཅན་གྱི་བྱང་སེམས་དབུ་མར་ཞུ་བ་ལས་འོད་གསལ་སྐྱེ་བར་བསྟན། དེ་ནས། མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་བཞིན་དུ། །ཞེས་སོགས་རྐང་པ་དྲུག་གིས་ལུགས་འདིའི་རྗེས་གཞིག་གི་སྡུད་རིམ་བསྟན། དེ་ནས། བསམ་གྱིས་མི་ཁྱབ་འོད་གསལ་ཕྱག་རྒྱ་ཆེ། །ཞེས་སོགས་ཚིགས་བཅད་གཉིས་ཀྱི་མཉམ་བཞག་ཏུ་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་སྟོང་ཉིད་སྒོམ་པ་དང་། རྗེས་ཐོབ་ཏུ་སྣོད་བཅུད་ཐམས་ཅད་བདེ་སྟོང་གི་ཡེ་ཤེས་དེའི་རྣམ་རོལ་ཏུ་ལྟ་ཚུལ་བསྟན། དེ་ནས། རིམ་པ་དེ་ཡིས་དཔེ་ཡི་ལྷན་སྐྱེས་ལས། །ཞེས་སོགས་རྐང་པ་བཞིས་ཆུ་ལས་ཉ་འཕར་བ་ལྟར་དཔེའི་འོད་གསལ་ལས་སྒྱུ་ལུས་སུ་ལྡང་ཚུལ་བསྟན། དེ་ནས། སྒྱུ་མའི་ལུས་མཛེས་ཡང་ཡང་འོད་གསལ་དུ། །ཞེས་སོགས་རྐང་པ་བཞིས་སྒྱུ་ལུས་དེ་ཉིད་འོད་གསལ་དུ་འཇུག་ཚུལ་དང་། འོད་གསལ་དུ་ཞུགས་པ་ལས་ལུགས་ལྡོག་ཏུ་ཟུང་འཇུག་གི་སྐུ་འགྲུབ་པའི་རིམ་པ་བསྟན་ཏེ། འདི་ལའང་སྤངས་པ་ཟུང་འཇུག་དང་རྟོགས་པ་ཟུང་འཇུག་གཉིས་ཡོད་པ་འདུས་པ་དང་འདྲའོ། །དེ་ནས། དཔའ་བར་འགྲོ་བའི་ཏིང་འཛིན་དེ་ཉིད་ནི། །ཞེས་སོགས་རྐང་པ་བཞིས་སློབ་པའི་ཟུང་འཇུག་པས་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཉིད་བསྒོམས་པའི་སྟོབས་ཀྱིས་སྒྲིབ་པ་སྤངས་ནས་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་འགྲུབ་པའི་ཚུལ་བསྟན་ཏེ་མཚོན་ཙམ་མོ། །གཉིས་པ་ལུགས་འདིའི་རྫོགས་རིམ་རིམ་པ་ལྔར་འཇོག་ཚུལ་ནི། གོང་དུ་བཤད་པ་དེ་རྣམས་ཀྱི་དོན་བསྡུས་ཏེ་རྗེས་རྫོགས་རིམ་དངོས་གྲུབ་སྙེ་མ་ལས། ལུགས་འདིའི་རྫོགས་རིམ་གྱི་རྗེས་གཞིག་གི་སྡུད་རིམ་ལ་ནུས་པ་ཐོན་པའི་མཚམས་ནས་ལུས་དབེན་གྱི་སྐོར་ཅི་རིགས་འབྱུང་ལ། རྡོ་རྗེའི་བཟླས་པ་ནི་ཤིན་ཏུ་གསལ། དེ་གཉིས་ཀྱིས་རླུང་ལ་ནུས་པ་ཐོན་ནས་ལྟེ་བའི་དབུ་མའི་མདུད་པ་ལེགས་པར་གྲོལ་བའི་དབུས་སུ་རླུང་བསྡུས་ཏེ་ཐིམ་པར་མི་ནུས་ཚུན་ཆད་ནི་རྡོར་བཟླས་ཀྱི་རིམ་པར་འདུ་ཞིང་། རྩ་མདུད་ལེགས་པར་གྲོལ་ནས་སྒྱུ་ལུས་དངོས་སུ་བསྐྱེད་མི་ནུས་ཚུན་ཆད་ནི་སེམས་དབེན་དུ་བསྡུའོ། །རྒྱུ་ལུས་དངོས་སུ་བསྐྱེད་པ་ནས་དེ་ལ་བྱང་བའི་བར་ནི་བདག་བྱིན་རླབས་ཀྱི་རིམ་པའོ། །དེ་ནས་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་དང་དེའི་ཐབས་ཉེ་བའི་རྒྱུ་རྣམས་ནི་འོད་གསལ་དང་མངོན་པར་བྱང་ཆུབ་པའི་རིམ་པའོ་ཞེས་དང་། དོན་གྱི་འོད་གསལ་ལས་ལངས་པའི་མཚམས་སུ་ནི་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་ལ་ཞེས་གསུངས་པ་ལྟར་རོ། །འདིར་འོད་གསལ་ལས་ལངས་ཞེས་གསུངས་པ་ནི་རིམ་པ་བཞི་པའི་དོན་གྱི་འོད་གསལ་ལས་ཡིན་གྱི། དེའི་རྗེས་སུ་སློབ་པའི་རྟོགས་པ་ཟུང་འཇུག་གི་ཡ་གྱལ་དུ་གྱུར་པའི་དོན་གྱི་འོད་གསལ་ནི་ཡོད་ལ། སྤངས་པ་ཟུང་འཇུག་གི་རྐྱང་པའི་ཡ་གྱལ་ལ་དོན་གྱི་འོད་གསལ་མེད་ཀྱང་། ཉོན་སྒྲིབ་སྤངས་པའི་ཡེ་ཤེས་ནི་ཡོད་དེ་ད་དུང་དཔྱད་བྱའི་གནས་སུ་སྣང་ངོ་། །གཞན་ཡང་མཁའ་འགྲོ་རྒྱ་མཚོ་ལས། འདི་ལུགས་ཀྱི་རིམ་པ་ལྔ་བཤད་དེ་མ་དྲངས་སོ། །དྲིལ་བུའི་ཞབས་དང་ནག་པོ་སྤྱོད་པའི་ལུགས་ཀྱི་རིམ་ལྔ་ནི། རང་བྱིན་རླབས་ཀྱི་རིམ་པ། སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུ་འགེངས་པའི་རིམ་པ། ཛཱ་ལནྡྷ་རའི་རིམ་པ། བསམ་གྱིས་མི་ཁྱབ་པའི་རིམ་པ་སྟེ་སྔ་མ་དང་ཅུང་མི་འདྲ་ཞིག་ངོས་བཟུང་གཞན་དུ་ཤེས་པར་བྱའོ། །གཉིས་པ་ཕྱག་རྒྱ་བཞིའི་སྐོར་ལ། ཕྱག་རྒྱ་བཞི་ནི། གླང་པོ་ཅན་མ། དུང་ཅན་མ། རི་དྭགས་ཅན་མ༑ པདྨ་ཅན་ཏེ་བཞི་ཡིན་ལ། དེ་དག་ནི་གསང་གནས་ཀྱི་རྩའི་དབྱིབས་ཀྱི་སྒོ་ནས་མིང་དེ་ལྟར་དུ་བཏགས་པར་གསུངས་ཤིང་། དེ་རྣམས་ཀྱི་ཁྱད་པར་རྩ་འཚོལ་ལུགས། བསྟེན་ལུགས་རྣམས་ནི་འདུས་པའི་ཡིག་ཆུང་ཉེར་གཅིག་གི་བཅུ་བདུན་པའི་སྐབས་སུ་ལེ་ཚན་ལྔ་ལས་རྒྱས་པར་བཤད་ཅིང་། འདུས་པའི་མཐའ་གཅོད་ལེའུ་བཅུ་གསུམ་པའི་ནང་དུའང་རྒྱས་ཙམ་ཞིག་བཤད་པ་ཀྱེ་རྡོར་དང་གུར་ནས་གསུངས་པའི་དོན་ཏེ་དེ་དག་ཏུ་ཤེས་པར་བྱའོ། །ལུགས་འདིར་ལམ་མྱུར་དུ་བགྲོད་པ་ལ་གྲོགས་མཁའ་འགྲོ་མའི་ཕོ་ཉ་བསྟེན་དགོས་ཏེ། རྩ་རྒྱུད་ལེའུ་དང་པོ་ལས། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་པ། །མཆོག་དང་འབྲིང་དང་ཐ་མ་སྟེ། །ཞེས་པའི་སྐབས་སུ་ཕོ་ཉ་ལ་ལྷན་སྐྱེས་དང་ཞིང་སྐྱེས་དང་སྔགས་སྐྱེས་གསུམ་བཤད་ཅིང་། དེ་གསུམ་ཡང་རིམ་པ་བཞིན་དུ་མཆོག་དང་འབྲིང་དང་ཐ་མར་གསུངས་ལ། རྩ་རྒྱུད་ལེའུ་བཅོ་ལྔ་པ་སོགས་ལེའུ་དགུས་ཕོ་ཉའམ་མཁའ་འགྲོ་མའི་མཚན་ཉིད་དབྱེ་བ་བརྟག་ཐབས་ཀྱི་སྐོར་མང་དུ་བཤད་ཅིང་། རྩ་རྒྱུད་ལས། ཕྱག་རྒྱ་དང་བྲལ་གསང་སྔགས་ནི། །ལུས་ཅན་རྣམས་ལ་འགྲུབ་མི་འགྱུར། །ཞེས་ཕྱག་རྒྱ་ལ་མ་བསྟེན་པར་ལམ་ཁྱད་པར་ཅན་མྱུར་དུ་མི་འགྲུབ་པར་བཤད་ལ། ཡང་དེ་ཉིད་ལས། དེ་བཞིན་ཕོ་ཉ་ལེགས་འགྲོགས་པས། །སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ། །བཟླས་བརྗོད་བསམ་གཏན་མཆོད་མེད་པར། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །ཞེས་ཕོ་ཉ་ལ་བསྟེན་ན་ལམ་མྱུར་དུ་འགྲུབ་པ་དང་། དེ་བཞིན་དུ་ཧེ་རུ་ཀ་མངོན་འབྱུང་དང་། སམྦྷུ་ཊི་དང་། རྡོ་རྗེ་མཁའ་འགྲོ་དང་། མཁའ་འགྲོ་རྒྱ་མཚོ་སོགས་ནས་ཀྱང་བཤད་ལ། རྗེའི་དངོས་གྲུབ་སྙེ་མ་ལས་ཀྱང་། དེ་ལྟར་བྱ་ནུས་པ་ནས་ཕྱིའི་རྐྱེན་ཕོ་ཉ་མོ་མཚན་ཉིད་ཚང་བ་ལ་བསྟེན་ན་ལམ་ཆེས་མྱུར་བར་འགྱུར་གྱི། གཞན་དུ་མིན་པས་ཐབས་དེ་གཙོ་བོ་ཡིན་ཏེ། །ཞེས་གསུངས་སོ། །དེ་ཡང་ཡུལ་རྟེན་གཉིས་ཀ་མཚན་ཉིད་ཚང་བ་དགོས་ཤིང་མ་ཚང་ན་ཉེས་པ་ཆེ་སྟེ། ཧེ་རུ་ཀ་མངོན་འབྱུང་ལས། རྣལ་འབྱོར་མེད་པ་རྣལ་འབྱོར་ཆོས། །ཕྱག་རྒྱ་ལས་ནི་བགྲོད་གྱུར་དང་། །ཡེ་ཤེས་མེད་པར་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བར་ཐེ་ཚོམ་མེད། །ཞེས་གསུངས་པས་ད་ལྟའི་གང་ཟག་གིས་ལས་རྒྱལ་ལ་བསྟེན་དཀའོ། །ལུགས་འདི་ལའང་སྤྱོད་པ་གསུམ་ལ་སློབ་དགོས་པ་ནི་འདུས་པ་དང་འདྲའོ། །གསུམ་པ་དགའ་བཞི་འདྲེན་ཚུལ་ནི། རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གཏུམ་མོ་སྤར་ནས་བྱང་སེམས་ཞུ་བ་སྤྱི་བོ་ནས་མགྲིན་པར་སླེབས་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབས་པ་ན་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབས་པ་ན་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབས་པ་ན་ལྷན་སྐྱེས་སྐྱེ་བར་བཤད་དེ་ལུགས་འབྱུང་ངོ་། །ཡང་དེ་ཉིད་ལས། སྤྲུལ་པའི་འཁོར་ལོར་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས།། ལོངས་སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་དང་བདེ་བ་ཆེ། །ལུགས་ལྡོག་རིམ་པ་ཞེས་ནི་གསུངས། །ཞེས་སླར་བྱང་སེམས་ནོར་བུའི་རྩེ་ནས་ལྟེ་བར་སླེབས་པ་ན་དགའ་བ། ལྟེ་བ་ནས་སྙིང་གར་མཆོག་དགའ། སྙིང་ག་ནས་མགྲིན་པར་ཁྱད་དགའ། མགྲིན་པ་ནས་སྤྱི་བོར་སླེབས་པ་ན་ལྷན་སྐྱེས་སྐྱེ་བར་བཤད་པ་ནི་ལུགས་ལྡོག་གོ །ཡས་བབས་ཀྱི་དགའ་བཞི་ལས་མས་བརྟན་གྱི་དགའ་བཞི་ཁྱད་པར་དུ་འཕགས་ཤིང་། བཞི་ཀའང་ལྷན་སྐྱེས་སུ་བཤད་དོ། །དགའ་བཞི་དང་སྟོང་བཞི་དུས་མཉམ་ངོ་བོ་གཅིག་ཏུ་སྐྱེ་བ་ཡིན་ཏེ། ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་ཏེ་འོད་གསལ་བའོ། །ཞེས་གསུངས་ཤིང་། འོན་ཀྱང་དགའ་བ་ནི་མྱོང་ཚུལ་དང་སྟོང་པ་ནི་རླུང་ཐིམ་པའི་སྣང་བ་འཆར་ཚུལ་གྱི་སྒོ་ནས་འཇོག་གོ །དགའ་བ་བཞི་པོ་རེ་རེ་ལ་བཞི་བཞི་སྟེ་བཅུ་དྲུག་དང་གསུམ་གསུམ་སྟེ་བཅུ་གཉིས་སུ་འབྱེད་ཚུལ་ནི། །ཕྱག་ཆེན་ཐིག་ལེ་ལས། རི་བོང་མཚན་མའི་ཆ་འདི་རྣམས། །དགའ་བཞི་ཐིག་ལེ་བཅུ་དྲུག་སྟེ། །ཨཱ་ལིའི་ངོ་བོར་ཤེས་པར་བྱ། །འཁོར་ལོ་བཞི་རུ་རིམ་པ་ལས། །ཇི་སྐད་བཤད་རྣམས་དེ་ལྟ་ན འང་། །ཉི་མ་བཅུ་གཉིས་རྣམས་སུ་བཤད། །ཅེས་གསུངས་པ་ལྟར་བྱང་སེམས་དཀར་པོ་འབབ་པའི་བདེ་བའི་ལྡོག་ཆ་ནས་བཅུ་དྲུག་དང་། དམར་པོ་འབབ་པའི་བདེ་བའི་ལྡོག་ཆ་ནས་བཅུ་གཉིས་སུ་འབྱེད་པ་ཡིན་ཏེ། དང་པོ་ནི། སྤྱི་བོ་ནས་མགྲིན་པའི་བར་ཆ་མཉམ་བཞིར་ཕྱེ་བའི་གནས་བཞིར་རིམ་པ་བཞིན་བྱང་སེམས་སླེབས་པ་ན་དགའ་བའི་དགའ་བ། དགའ་བའི་མཆོག་དགའ། དགའ་བའི་ཁྱད་དགའ། དགའ་བའི་ལྷན་སྐྱེས་ཀྱི་དགའ་བ་མྱོང་བར་འཇོག་ལ། དེས་མཚོན་ནས་གཞན་གསུམ་ཡང་ཤེས་པར་བྱ་ཞིང་། བཅུ་གཉིས་སུ་འགྱུར་ཚུལ་གནས་བཞི་པོ་རེ་རེར་གསུམ་གསུམ་དུ་ཕྱེ་ནས་དམར་ཆ་འབབ་པའི་ལྡོག་པས་འཇོག་གོ །དགའ་བཞི་འདྲེན་པའི་ཚེ་བདེ་བ་ཆེ་ཆུང་འབྱུང་བར་གསུངས་པ་ནི། དེའི་སྐབས་སུ་བྱང་སེམས་འབབ་ལྡོག་ཆེ་ཆུང་གིས་བདེ་བ་ཡང་ཆེ་ཆུང་དུ་འགྱུར་ཞིང་། སྤྱིར་བྱང་སེམས་ཕྱིར་མ་འཕོས་པ་ལ་ནི་བདེ་བ་ཆེ་ཞིང་། ཕྱིར་འཕོས་ན་བདེ་བ་ཆུང་བར་དེ་ཉིད་རབ་གསལ་ལས་བཤད་པ་ལྟར་རོ། །བཞི་པ་ལ་གཉིས། བདེ་སྟོང་སྦྱོར་ཚུལ་དང་། སྤང་བྱ་སྤོང་ཚུལ་ལོ། །དང་པོ་ལ་བདེ་སྟོང་སྦྱོར་རྒྱུའི་བདེ་བ་ལ་སྤྱི་དོན་གྱི་བདེ་བ་རླུང་དབུ་མར་མ་ཞུགས་པའི་སྐབས་སུ་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་བདེ་བ་དང་། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་གཉིས་ལས་འདིར་ཕྱི་མའོ། །སྟོང་པ་ལ་ཕྲ་རགས་མང་ཡང་ཐལ་འགྱུར་བའི་འདོད་པ་ལྟར་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་ཉིད་ཕྲ་མོ་དེ་ཉིད་འདིར་བདེ་སྟོང་སྦྱོར་རྒྱུའི་སྟོང་པ་ཡིན་པས། སྟོང་པ་ལ་ཁྱད་པར་མེད་ཀྱང་། སྟོང་ཚུལ་མཚན་ཉིད་ཐེག་པ་ནས་ཕུལ་དུ་བྱུང་བ་ཡོད་ཅེས་གསུངས་པ་ནི། བླ་མེད་ཀྱི་སྐབས་སུ་སྡུད་རིམ་གྱི་སྒོ་ནས་སྟོང་པར་སྦྱངས་ནས་སྟོང་ཉིད་སྒོམ་པ་དེ་ཉིད། ཕར་ཕྱིན་ཐེག་པའི་སྟོང་ཉིད་སྒོམ་ཚུལ་ལས་ལྷག་པའི་ཐབས་མཁས་སུ་བཤད་པ་ལྟར་ཡིན་ལ། བདེ་སྟོང་སྦྱོར་ཚུལ་ནི། ཡིད་ཀྱི་ཤེས་པ་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་སྐྱེས་པ་དེས་ཡུལ་སྟོང་པ་ཉིད་ལེགས་པར་རྟོགས་པའི་སྒོ་ནས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་སྦྱོར་བ་ནི་འདིར་བདེ་སྟོང་སྦྱོར་བའི་ཚུལ་དང་། ལྷན་སྐྱེས་ཀྱི་བདེ་བ་དང་སྟོང་ཉིད་རྟོགས་པའི་བློ་གཉིས་གྲུབ་སྡེ་ངོ་བོ་དབྱེར་མེད་དུ་སྦྱོར་བ་ཡང་འདིར་བདེ་སྟོང་སྦྱོར་བའི་དོན་ཡིན་ལ། དེ་ཡང་དོན་གྱི་འོད་གསལ་གྱི་སྐབས་སུ་ཡུལ་དང་ཡུལ་ཅན་གཉིས་ཆུ་ལ་ཆུ་བཞག་བཞིན་དུ་རོ་གཅིག་སོང་བའི་བདེ་སྟོང་སྦྱོར་བ་ཡོད་ལ། དེའི་གོང་དུ་ནི་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཙམ་ཡིན་པས་རོ་མཉམ་དབྱེར་མེད་དུ་སོང་བ་མེད་ཀྱང་མོས་པ་ཡིད་བྱེད་དང་དོན་སྤྱིའི་ཚུལ་དུ་སྦྱོར་བ་ནི་ཡོད་དོ། །སྦྱོར་བའི་དུས་ནི་འདིར་ཡས་བབས་མས་བརྟན་གྱི་དགའ་བཞི་སྐྱེས་པའི་དུས་དང་། ཁྱད་པར་དུ་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱོར་བ་སྟེ། དེ་ཡང་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་དྷཱུ་ཏཱིའི་ནང་གི་གཏུམ་མོ་ཁྱད་པར་ཅན་འབར་བའི་དྲོད་ཀྱིས་བྱང་སེམས་ཞུ་བས་དྷཱུ་ཏཱིའི་ནང་དུ་རེག་བྱ་ཁྱད་པར་ཅན་ཞིག་སྐྱེ། རེག་བྱ་དེས་གཟུང་དོན་དང་དྷཱུ་ཏཱིའི་ནང་གི་ལུས་དབང་ཁྱད་པར་ཅན་གྱིས་བདག་རྐྱེན་བྱས་པ་ལས་དབང་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་བ་སྐྱེ། དེས་དེ་མ་ཐག་རྐྱེན་བྱས་པ་ལས་ཡིད་ཤེས་ཀྱི་འཁོར་གྱི་ཚོར་བ་བདེ་བ་སྐྱེ་ཞིང་བདེ་བ་དེ་ཉིད་སྟོང་ཉིད་རྟོགས་པའི་བདེ་སྟོང་གི་ཡེ་ཤེས་སུ་འགྱུར་བ་ཡིན་ཏེ་མཚོན་ཙམ་མོ། །གཉིས་པ་ཐེག་པ་འདིའི་དབང་དུ་བྱས་ནས། ལམ་ཐུན་མོང་བ་ནས་བཟུང་སྟེ་བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞི་འདྲེན་མི་ནུས་པ་དེ་སྲིད་དུ་ཚོགས་ལམ། དེ་ནུས་པ་ནས་རིམ་པ་གསུམ་པའི་སྒྱུ་ལུས་ཚུན་ཆད་སྦྱོར་ལམ། རིམ་པ་བཞི་པའི་དོན་གྱི་འོད་གསལ་མཐོང་ལམ། སློབ་པའི་ཟུང་འཇུག་པའི་ལས་རྣམས་སྒོམ་ལམ། མི་སློབ་པའི་ཟུང་འཇུག་པའི་རྒྱུད་ཀྱི་ལམ་ནི་མི་སློབ་ལམ་མོ། །དེ་ཡང་སྒྱུ་ལུས་མན་ཆད་དུ་བདེ་སྟོང་སྦྱོར་བའི་ཡེ་ཤེས་ཀྱིས་བདེན་འཛིན་ལ་ཉོན་སྒྲིབ་ཏུ་བྱས་པའི་ཀུན་བཏགས་དང་ལྷན་སྐྱེས་གཉིས་དང་། ཐ་མལ་གྱི་སྣང་ཞེན་རགས་པ་ཅི་རིགས་སྤངས། བཞི་པའི་དོན་གྱི་འོད་གསལ་གྱིས་བདེན་འཛིན་ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀའི་དངོས་གཉེན་བྱས་ཏེ་སྤངས་པ་དང་མཉམ་དུ་སློབ་པའི་ཟུང་འཇུག་ཐོབ་ཅིང་། དེའི་ཚེ་དགྲ་བཅོམ་པ་དང་སྒོམ་ལམ་པའི་གཞི་མཐུན་ཡིན་ནོ། །ལུགས་འདིར་མཐོང་ལམ་ནི་རིམ་པ་བཞི་པའི་དོན་གྱི་འོད་གསལ་ཙམ་ཡིན་གྱི། དེ་ཕྱིན་ཆད་སློབ་པའི་ཟུང་འཇུག་གི་ལམ་ཐམས་ཅད་སྒོམ་ལམ་ཡིན་པས། སློབ་པའི་ཟུང་འཇུག་པའི་ཡེ་ཤེས་ལ་སྐོར་དགུར་ཕྱེ་བའི་ལམ་གྱིས་རང་གི་ངོ་སྐལ་གྱི་སྤང་བྱ་ཤེས་སྒྲིབ་ཆུང་འབྲིང་ཆེ་གསུམ་པོ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བའི་དགུ་རིམ་གྱི་སྤོང་བའི་སྒོམ་ལམ་ས་དགུ་དང་སྦྱོར་ཚུལ་ཡོད་དོ། །དེར་མ་ཟད་གཞུང་འདི་ནས་གསུངས་པ་ལྟར་བ དེ་ཆེན་གྱི་ཡེ་ཤེས་རེ་རེ་སྐྱེས་པས་ཀྱང་རང་རང་གི་ངོ་སྐལ་གྱི་སྤང་བྱ་ཕྲ་རགས་རེ་སྤོང་བ་དང་། སྤངས་པའི་ལག་རྗེས་ཀྱི་རྟགས་ཀྱང་འབྱུང་བ་ཡོད་པར་མངོན་ནོ། །གསུམ་པ་ལ་གཉིས། འཇིགས་བྱེད་ལ་བསྟེན་དགོས་ཚུལ་དང་། གཞན་ལ་བསྟེན་དགོས་པའི་ཚུལ་ལོ། །དང་པོ་ལ་གསུམ། དངོས་དང་དེའི་དཔེ། དེ་ལ་དོགས་པ་གཅོད་པའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། ཚིག་དོན་བཤད་པའོ། །དང་པོ་ལ་གཉིས། གཞུང་གི་ཁྱད་པར་དང་། རིམ་གཉིས་ཀྱི་ཁྱད་པར་ཅུང་ཟད་བཤད་པའོ། །དང་པོ་ནི། འཇིགས་བྱེད་ཀྱི་རྒྱུད་རྒྱས་པ་ཤོ་ལོ་ཀ་འབུམ་ཡོད་པ་ནི་ཨུ་རྒྱན་གྱི་ཡུལ་ན་བཞུགས་པ་འཕགས་ཡུལ་དང་འདིར་མ་འགྱུར་ལ། རྒྱུད་དེ་ལས་ལཱ་ལི་ཏས་ཕྱུང་བའི་རྟོག་བདུན་ནི་ད་ལྟར་གྲགས་པ་འདི་ཉིད་དེ་འདི་ཡང་རྩ་རྒྱུད་ཡིན་ལ། བཤད་རྒྱུད་ནི་རྟོག་གསུམ་དུ་གྲགས་པ་འདིའོ། །རྩ་རྒྱུད་ཀྱི་དོན་གྱི་སྒྲུབ་ཐབ་ལ་དཔའ་བོ་གཅིག་པ་དང་རོ་ལངས་བརྒྱད་བསྐོར་དང་བཅུ་གསུམ་མ་དང་ཞེ་དགུ་མ་སོགས་ཡོད་དོ། །སྤྱིར་གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་ག་ཡང་འཇམ་དབྱངས་ཁྲོས་པ་ཡིན་ཀྱང་། ཁྱད་པར་དུ་འཇིགས་བྱེད་ལ་ནི་རྒྱུ་རྡོ་རྗེ་འཛིན་པ་དང་ཡེ་ཤེས་སེམས་དཔའ་གཉིས་འཇམ་དཔལ་དང་། འབྲས་བུ་རྡོ་རྗེ་འཛིན་པ་ལའང་འཇམ་དཔལ་གྱི་ཞལ་དངོས་སུ་ཡོད་པས་འདི་བསྟེན་ན་འཇམ་དཔལ་གྱིས་རྗེས་སུ་འཛིན་པ་མྱུར་རོ། །གཉིས་པ་ལ་གཉིས་ཀྱི་དང་པོ་བསྐྱེད་རིམ་ལ། སྐུ་གསུམ་ལམ་འཁྱེར་གྱི་དབང་དུ་བྱས་ན་འཆི་བ་ཆོས་སྐུའི་ལམ་ཁྱེར་ནི་ཚོགས་ཞིང་གི་འོག་ཏུ་སྟོང་ཉིད་སྒོམ་པ་དང་། བར་དོ་ལོངས་སྐུའི་ལམ་ཁྱེར་ནི་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་དང་། སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་ནི་འབྲས་བུ་རྡོ་རྗེ་འཛིན་པ་འཇིགས་བྱེད་དུ་བསྒོམས་ནས་ཡུམ་དང་སྦྱོར་བ་སྟེ། དེ་མན་དཀྱིལ་འཁོར་རྒྱ་མཆོག་དང་ལས་རྒྱལ་མཆོག་གོ །གཉིས་པ་རྫོགས་རིམ་ལ་རིམ་པ་ལྔ་སྟེ་དེ་ཡང་རྣལ་འབྱོར་བཞིར་བསྡུས་ནས་འཆད་ཅིང་། རྒྱས་པར་མཁས་གྲུབ་ཆོས་རྗེའི་བསྐྱེད་རིམ་ཆེན་མོའི་མཇུག་ཆོས་རྗེ་བློ་གྲོས་ཆོས་སྐྱོང་གིས་མཛད་པ་ལས་འབྱུང་བ་ལྟར་རོ། །འདིའི་རྒྱུད་རྒྱས་པ་མ་འགྱུར་བའི་སྟོབས་ཀྱིས་རྫོགས་རིམ་འཆད་པའི་རྒྱུད་ཀྱི་ཁུངས་རྒྱས་པ་མི་གསལ་ཡང་། རྟོག་བདུན་ལས་ཟུར་ཙམ་དང་། གཞན་འདིའི་རིམ་གཉིས་ཀྱི་སྐོར་ནི་གྲུབ་ཆེན་དཔལ་འཛིན་གྱིས་གཤེད་དམར་ལ་གསང་འདུས་འཇམ་རྡོར་གྱི་རྒྱས་བཀབ་ནས་འཆད་པ་ལྟར། འཇིགས་བྱེད་ལ་གསང་འདུས་མི་བསྐྱོད་པའི་རྒྱས་བཀབ་ཅིང་རྫོགས་རིམ་ལ་བདེ་དགྱེས་ནས་ཅུང་ཟད་རེ་བསྣན་པའི་མན་ངག་གིས་འཆད་ཅེས་གསུངས། རྫོགས་རིམ་རྣལ་འབྱོར་བཞི་ལས། དང་པོ་སྔགས་ཀྱི་རྣལ་འབྱོར་ནི། རྗེ་དགེ་འདུན་རྒྱ་མཚོའི་སྨོན་ལམ་ལས། སྤྲུལ་པའི་འཁོར་ལོར་འདོད་ལྷ་ཡབ་ཡུམ་ལ། །ཞེས་སོགས་ཀྱིས་བསྟན་པ་ལྟར་ལྟེ་བའི་སྡུད་རིམ་ལ་བརྟེན་ནས་དགའ་བཞི་འདྲེན་ཅིང་། སྙིང་གར་བུམ་པ་ཅན་དང་རྡོར་ཟླས་བྱེད་པའི་སྐོར་དང་། གཉིས་པ་དམ་ཚིག་གི་རྣལ་འབྱོར་ནི། སླར་ཡང་བྱིན་གྱིས་བརླབས་པ འི་རྣལ་འབྱོར་གྱིས། །ཞེས་སོགས་བསྟན་པ་ལྟར་རྗེས་གཞིག་གི་སྡུད་རིམ་དང་ཕྱག་རྒྱ་གཉིས་དང་སྦྱོར་བའི་སྟོབས་ཀྱིས་སེམས་དབེན་མཐར་ཐུག་བསྐྱེད་པ་དང་། གསུམ་པ་དབྱིབས་ཀྱི་རྣལ་འབྱོར་ནི། འཆི་རིམ་ཇི་བཞིན་རླུང་རྣམས་མ་ལུས་པ།། ཞེས་སོགས་ལྟར་ལུས་ཀྱི་རླུང་རྣམས་འཆི་རིམ་བཞིན་དུ་དྷཱུ་ཏཱིར་ཐིམ་པའི་སེམས་དབེན་མཐར་ཐུག་དེ་ལས་སྒྱུ་ལུས་ལྡང་བ་དང་། བཞི་པ་རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ལ་གཉིས་ལས། དང་པོ་ནི། དབང་པོའི་གཞུ་ལྟར་དྭངས་པའི་སྐུ་དེ་ཉིད། །ཅེས་སོགས་ལྟར་སྒྱུ་ལུས་དེ་ཉིད་འོད་གསལ་གྱིས་སྦྱོར་ཚུལ་དང་། གཉིས་པ་ནི། དོན་གྱི་ལྷན་ཅིག་སྐྱེས་པ་དེ་ཉིད་ལས། །ཞེས་སོགས་ལྟར་དོན་གྱི་འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་ཚུལ་དང་། ནམ་མཁའ་ཇི་སྲིད་སྐུ་ལྔའི་བདག་ཉིད་ཅན། །ཅེས་སོགས་ཀྱིས་སློབ་པའི་ཟུང་འཇུག་གི་རྒྱུན་གོམས་པ་ལས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་འགྲུབ་ཚུལ་བསྟན་པ་ལྟར་རོ། །རྣལ་འབྱོར་བཞིས་རིམ་པ་ལྔ་བསྡུས་པ་ཡིན་ཏེ། ལྟེ་བའི་སྡུད་རིམ་དང་བུམ་པ་ཅན་གྱི་སྐབས་སུ་ལུས་དབེན་ཅི་རིགས་འབྱུང་ཞིང་དེ་དང་རྡོར་བཟླས་གཉིས་སྔགས་ཀྱི་རྣལ་འབྱོར་ཏེ་རིམ་པ་དང་པོ། འཆི་རིམ་བཞིན་དུ་རླུང་ཐིམ་པའི་དཔེའི་འོད་གསལ་ནི་དམ་ཚིག་གི་རྣལ་འབྱོར་རམ་སེམས་དབེན་ཏེ་རིམ་པ་གཉིས་པ། དེ་ལས་སྒྱུ་ལུས་ལྡང་བའི་དབྱིབས་ཀྱི་རྣལ་འབྱོར་ནི་རིམ་པ་གསུམ་པ། རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ལ་གཉིས་ཀྱི་དང་པོ་ནི་དོན་གྱི་འོད་གསལ་ཏེ་རིམ་པ་བཞི་པ༑ གཉིས་པ་ནི་ཟུང་འཇུག་སྟེ་རིམ་པ་ལྔ་པ་ཞེས་མཚོན་ཙམ་མོ། །གཉིས་པ་ནི། གསང་བདེ་གཉིས་ཀྱི་ཞེས་པ་ནས། མང་དུ་གསུངས་སོ་ཞེས་པའི་བར་ཏེ། འདི་དག་གི་དོན་གོ་བདེ་བར་སྣང་བས་ཚིག་འགྲེལ་རྒྱས་པ་མི་དགོས་འདུག་ཅིང་ཅུང་ཟད་ཙམ་རེ་བསྣན་པའི་སྒོ་ནས་མཐར་ཆགས་སུ་བཀོད་ན། བདེ་མཆོག་གསང་འདུས་གཉིས་ཀྱི་བསྐྱེད་རྫོགས་ཀྱི་ལམ་འདི་ལྟ་བུ་རྒྱུད་ལ་སྐྱེ་བ་ལ་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྒྲུབ་པར་བྱེད་པའི་ཡི་དམ་ནི་རྡོ་རྗེ་འ ཇིག་བྱེད་ལ་བསྟེན་པར་བྱེད་དགོས་ཏེ། འདི་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྔ་ཡོད་ལ། དེ་གང་ཞེ་ན། གནད་གཅིག་ནི་ད་ལྟ་དུས་དང་སེམས་ཅན་ལྟ་བ་སོགས་སྙིགས་མ་ལྔ་ལས་ཀྱང་ཆེས་སྙིགས་མའི་དུས་སུ་སེམས་ཅན་རྣམས་ལ། ལེ་ལོ་ཆེ་བ། ཤེས་རབ་ཆུང་བ། དམ་ཚིག་མི་སྲུང་བ། སྡོམ་པ་དང་མི་ལྡན་པ། ལོག་ལྟ་ཆེ་བ། གསུང་རབ་ཀྱི་དོན་འབྱེད་པ་ལ་རྨོངས་པ། བླ་མ་དང་གྲོགས་ལ་མི་གུས་པ། སྙིང་རྗེ་ཆུང་བ། ངོ་ཚ་དང་ཁྲེལ་མེད་པ༑ ཆོས་སྤོང་ཞིང་ཁེངས་པ་ཆེ་བ། འཇིག་ལྟས་ང་རྒྱལ་ཞིང་ལྟ་ངན་གྱི་གཅོང་རོང་དུ་ལྷུང་བ། འདོད་ཡོན་གྱིས་མྱོས་པ། ཚེ་ཐུང་བ། བསོད་ནམས་དང་མི་ལྡན་པ༑ འབྱུང་པོ་དང་རོ་ལངས་དང་གཤིན་རྗེ་དང་མ་མོ་དང་བགེགས་དང་ལོག་འདྲེན་གྱིི་བར་ཆད་ཧ་ཅང་ཆེ་བའི་དུས་སུ། ལམ་ཉམས་སུ་ལེན་པའི་ཚེ་ཡི་དམ་འདི་ལྟ་བུ་དང་མི་ལྡན་ན་ཟབ་ལམ་མཐར་མི་ཕྱིན་པས། དེས་ན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་དང་ལྡན་ཞིང་ཐུན་བཞིའི་རྣལ་འབྱོར་ལ་གནས་ན་ནི་བགེགས་དེ་ལྟ་བུ་རྣམས་དང་བྲལ་ཞིང་། འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པར་འཇམ་དཔལ་རྩ་རྒྱུད་དང་། གསང་བ་སྤྱི་རྒྱུད་དང་། ཕྱག་ན་རྡོ་རྗེ་གཏུམ་ཆུང་གི་རྒྱུད་ལ་སོགས་པར་གསུངས་སོ། །གཉིས་པ་དེའི་དཔེ་ནི། དེའང་དཔེར་ན་ནས། གནད་ཆེའོ་ཞེས་པའི་བར་ཏེ། དེ་ལྟར་དགོས་པ་དེའང་དཔེར་ན། རྒྱ་མཚོའི་གླིང་ནས་ནོར་བུ་རིན་ཆེན་ལེན་པའི་ཚེ་ལམ་གྲུ་ལ་བརྟེན་ནས་འགྲོ་དགོས་མོད། དེར་འགྲོ་བ་ལ་དེད་དཔོན་ཐབས་ལ་མཁས་ཤིང་ཤེས་རབ་ཆེ་བ། ནོར་བུ་ལེན་པའི་ས་ལམ་གྱི་གནད་རྣམས་རྒྱུས་ཤེས་པ་སྔོན་དུ་སོང་བ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པ་ཞིག་བསྟེན་དགོས་ཏེ། གྲུར་ཞུགས་ནས་ལམ་ལ་ཆས་པའི་ཚེ་གྲོགས་གཞན་གྱིས་ཆུའི་འགྲོ་ཚུལ་འདི་ལྟ་བུ། འཁོར་ལུགས་འདི་ལྟ་བུ། ཁ་དོག་འདི་ལྟ་བུ། རྒྱང་རིང་ཐུང་འདི་ལྟ་བུ། སྔ་ཕྱི་འདི་ལྟ་བུ། རི་དང་རླུང་འདི་ལྟ་བུ་འདུག་པས་ཇི་ལྟར་བགྱི་ཞེས་དེད་དཔོན་དེ་ལ་བརྗོད་པ་ན། དེད་དཔོན་དེས་ཐབས་འདི་ལྟ་བུ་གྱིས་ཤིག་ཅེས་བསྟན་པའི་གདམས་པ་དང་མཐུན་པར་བགྱིས་པས། དེད་དཔོན་བསོད་ནམས་དང་ལྡན་པའི་སྟོབས་ཀྱིས་ནོར་བུ་མྱུར་དུ་བླངས་ནས་དབུལ་བ་སེལ་བ་སོགས་རང་གང་འདོད་ཀྱི་འབྲས་བུ་འགྲུབ་པ་བཞིན་དུ། ཡི་དམ་རྡོ་རྗེ་འཇིགས་བྱེེད་ཀྱི་རྣལ་འབྱོར་ལ་གནས་པས་ལམ་བདེ་གསང་གཉིས་ཀྱི་བསྐྱེད་རྫོགས་རྫོགས་པར་རྒྱུད་ལ་སྐྱེས་ནས་འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་མངོན་དུ་བཞེད་དེ་འགྲུབ་བོ་ཞེས་དཔེ་དང་བཅས་ནས་རྗེ་བཙུན་གསུངས་པས་གནད་ཆེའོ། །གསུམ་པ་དེའི་དོགས་གཅོད་ནི། འོ་ན་ཡི་དམ་རྡོ་རྗེ་འཇིགས་བྱེད་ནས། རྒྱས་པར་སྟོན་པའོ་ཞེས་པའི་བར་ཏེ། བདེ་གསང་གཉིས་ཀྱི་ལམ་ཉམས་སུ་ལེན་པ་ལ་འཇིགས་བྱེད་ལ་བསྟེན་དགོས་ན། འོ་ན་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་ནས་དེའི་ལམ་ལ་བདེ་གསང་གཉིས་ནས་བཤད་པའི་བསྐྱེད་རྫོགས་ཀྱི་གནད་མཐར་ཐུག་པ་མེད་པའམ། ཡོད་ན་ཇི་ལྟར་ཡིན་སྙམ་ན་ཞེས་དོགས་པ་བསླངས་ནས། དོགས་ལན་ལ་ནི་དམར་སེར་འོད་ཀྱི་ཕུང་པོའི་སྐུ་ཅན་འཇམ་དཔལ་གྱི་མཁྱེན་པའི་ཚ་ཟེར་གྱིས་ཁོ་བོ་བློ་བཟང་གྲགས་པའི་དཔལ་གྱི་བློ་གྲོས་ཡར་ངོའི་ཟླ་བ་བཞིན་དུ་རྒྱས་པར་བྱས་པས་ལན་དེ་ཉིད་བཤད་པར་བྱའོ་ཞེས་དམ་བཅས་ཏེ། དེ་ཡང་བདེ་གསང་། འཁོར་ཆེན། དུས་འཁོར། དགྱེས་རྡོར་རྣམས་ལ་རང་རང་གི་རྒྱུད་གང་དུ་གཏོགས་པའི་ཁྱད་ཆོས་རེ་ཡོད་མོད་ཀྱང་། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་འདི་ནི་ཕ་རྒྱུད་མ་རྒྱུད་གཉིས་ཀ་ནས་བཤད་ལ། ཕ་རྒྱུད་འཇིགས་བྱེད་རང་གི་རྩ་རྒྱུད་གཉིས་དང་། མ་རྒྱུད་ཀྱང་སཾ་བྷུ་ཊ་ནས་བཤད་དོ། །མཚན་ཙམ་ཟིན་པའི་དབང་དུ་བྱས་ན་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཞེས་དང་། མཚན་བརྗོད་དུ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཞེས་པས་འདིས་བསྟན་ཅིང་། བདེ་མཆོག་རྩ་རྒྱུད་ལས། གསང་པའམ་རྡོ་རྗེ་འཇིགས་བྱེད་ལས། ཞེས་པས་ཀྱང་འདིའི་རྩ་རྒྱུད་བསྟན་པར་བཤད་དོ། །དེས་ན་འཇིགས་བྱེད་འདི་ལ་ཕ་རྒྱུད་མ་རྒྱུད་གཉིས་ཀའི་གནད་མཐར་ཐུག་པ་ཡོད་དེ། འདིའི་ཕྱག་མཚན་འཆད་པའི་སྐབས་སུ་གནད་གཅིག་ལ་རྒྱུ་མ་དང་མེ་ཐབ་ཀྱིས་རིམ་པ་བཞིན་དུ་འདུས་པ་ནས་བཤད་པའི་སྒྱུ་ལུས་དང་འོད་གསལ་སྟོན་པའོ། །གནད་གཅིག་ལ་ཁ་ཊྭཱཾ་གས་བདེ་བ་འབར་འཛག་སྟོན་ལ། ཕ་རྒྱུད་རྐྱང་པ་ལ་ནི་ཕྱག་མཚན་དུ་ཁ་ཊྭཱཾ་ག་མི་འོངས་པས་དེས་ན་ཁ་ཊྭཱཾ་གས་ནི་བདེ་མཆོག་ནས་བཤད་པའི་བདེ་སྟོང་གི་རྣམ་བཞག་སྟོན་པ་སྟེ། འདི་ནི་བདེ་མཆོག་གི་སྐོར་ནས་བཤད་པའི་དགའ་བཞི་འདྲེན་ཚུལ་གྱི་གནད་ཡོད་པར་སྟོན་པའི་དོན་ནོ། །གནད་གཅིག་ལ་རྡོ་རྗེ་འཇིགས་བྱེད་རང་གི་ཁྱད་ཆོས་གནད་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པའི་མེ་ཐབ། སྡིགས་མཛུབ། སྐྱེས་བུ་གསལ་ཤིང་ལ་བསྐྱོན་པ་གསུམ་ཡིན་ལ། དེ་ཡང་མེ་ཐབ་ཀྱིས་ཤེས་རབ་གཞན་ལས་ཆེ་བར་མཚོན་ཞིང་། སྡིགས་མཛུབ་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་ཉོན་ཅིག་ཅེས་བཀའ་བསྒོས་པས། རྒྱུད་གཞན་ལ་མེད་པའི་ཁྱད་ཆོས་ཕ་རྒྱུད་མ་རྒྱུད་གཉིས་ཀའི་མཐར་ཐུག་པའི་ལམ་གྱི་གནད་ང་ལ་ཡོད་ཅེས་མཚོན་པ་དང་། འཇིག་རྟེན་ལས་འདས་པའི་ལྷ་ལའང་བསྡིགས་ན་འཇིག་རྟེན་གྱི་སྟེང་འོག་སོགས་ཕྱོགས་བཅུའི་གདོན་འཇོམས་པ་ལྟ་ཅི་སྨོས་པའོ། །སྐྱེས་བུ་གསལ་ཤིང་ལ་བསྐྱོན་པས་ནི་མི་དགེ་བ་བཅུ་དང་། ཆོས་སྤོང་བ་དང་། མཚམས་མེད་སོགས་བྱས་པའི་སྡིག་པོ་ཆེ་ཡང་བཙན་ཐབས་སུ་འཚང་རྒྱ་བར་སྟོན་པའོ། །དེ་ཡང་དུར་ཁྲོད་ཀྱི་གསལ་ཤིང་དང་འདི་མི་གཅིག་སྟེ། དུར་ཁྲོད་ཀྱི་གསལ་ཞིང་ལ་བཙུགས་པ་ནི་རོ་ཡིན་ལ། འདི་ནི་གང་ཟག་གོ །གནད་གཅིག་ནི་སྤྱིར་རྗེ་བཙུན་སངས་རྒྱས་ཀུན་གྱི་ཡབ་ཡིན་ཞིང་འཚང་རྒྱ་འགྱུར་གྱི་ཚེ་རྗེ་བཙུན་ལ་བརྟེན་ནས་འཚང་རྒྱ་བར་བྱེད་པ་དགོས་པ་ཧ་ཅང་ཆེ་བ་ཞིག་ཡིན་མོད། ཁྱད་པར་དུ་རྗེ་བཙུན་རིམ་གྱིས་དམར་ནག་འཇིགས་གསུམ་དུ་ཁྲོས་པའི་རྡོ་རྗེ་འཇིགས་བྱེད་ལ་ནི་རྒྱུ་དུས་དང་འབྲས་དུས་དང་ཡེ་ཤེས་སེམས་དཔའི་སྐབས་སུ་རྗེ་བཙུན་གྱི་ཞལ་དངོས་སུ་ཡོད་པ་ལས་རྗེ་བཙུན་གྱིས་རྫས་སུ་འཛིན་པས་འདིའི་སྒྲུབ་པ་པོ་ཤེས་རབ་སྔ་མ་དམར་ནག་གཉིས་ཀྱི་སྒྲུབ་པ་པོ་ལས་ལྷག་པར་ཆེ་བ་ཡིན་ནོ། །འདིའི་རྭ་གཉིས་ཀྱིས་ནི་གཞི་ཡུལ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་གནས་ཚུལ། ལམ་ཐབས་ཤེས་གཉིས་རྒྱུད་ལ་ཇི་ལྟར་བསྐྱེད་པ༑ དེས་སྒྲུབ་པའི་འབྲས་བུ་སྐུ་གཉིས་ཐོབ་ཚུལ་རྣམས་གཞན་ལ་མེད་པ་མཚོན་ཞིང་རྒྱས་པར་སྟོན་པའོ། །དེ་ཡང་མཚོན་ཙམ་བཤད་ན། སྒྲུབ་ཐབས་ཀྱི་དག་པའི་སྐབས་སུ་རྭ་གཉིས་ནི་བདེན་པ་གཉིས་ཞེས་པའི་བདེན་གཉིས་ལ། གཞི་དུས་ཀྱི་བདེན་པ་གཉིས་དང་། ལམ་དུས་ཀྱི་ཀུན་རྫོབ་སྒྱུ་ལུས་དང་དོན་དམ་འོད་གསལ། འབྲས་དུས་ཀྱི་ཆོས་གཟུགས་ཀྱི་སྐུ་གཉིས་སམ་བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་མཚོན་པ་དང་། ཕྱག་སོ་བཞི་དང་སྐུ་གསུང་ཐུགས་གསུམ་བསྣན་པའི་སོ་བདུན་གྱིས་ལམ་དྲན་ཉེ་སོགས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན། ཞབས་བཅུ་དྲུག་གིས་ཡུལ་སྟོང་པ་ཉིད་བཅུ་དྲུག་རྟོགས་པའི་ཡེ་ཤེས་བཅུ་དྲུག་མཚོན་ཞིང་། དེས་མི་སོགས་བཅུ་དྲུག་མནན་པས་ནི་དེ་དག་གིས་མཚོན་པའི་སྟོང་ཉིད་བཅུ་དྲུག་ལ་ཕྱིན་ཅི་ལོག་ཏུ་ཞེན་པའི་དངོས་འཛིན་བཅུ་དྲུག་ཟིལ་གྱིས་གནོན་པ་མཚོན་ནོ། །ཡང་མི་སོགས་བརྒྱད་ཀྱིས་རལ་གྲི་སོགས་དངོས་གྲུབ་བརྒྱད་དང་། བྱ་རྒོད་སོགས་བརྒྱད་ཀྱིས་སྐུའི་དབང་ཕྱུགས་སོགས་བརྒྱད་དག་པ་མཚོན་པ་སོགས་དག་པའི་སྐབས་སུ་བཤད་པ་ལྟར་གཞན་ནས་ཀྱང་མང་དུ་འབྱུང་ངོ་། །དེས་ན་འཇིགས་བྱེད་ཀྱི་རྣལ་འབྱོར་པས་འདིའི་རིམ་གཉིས་ལ་བདེ་གསང་གཉིས་ནས་བཤད་པའི་རིམ་གཉིས་ཀྱི་ལམ་འགའ་ཞིག་བསྣན་ཏེ། སྒོམ་པ་ཉིད་ཀྱིས་ཀྱང་ཚེ་འདིར་མཆོག་འགྲུབ་པར་ནུས་སོ། །གཉིས་པ་ལ་བཞི། ཆོས་སྐྱོང་དང་བླ་མ་དང་གྲོགས་ལ་བསྟེན་དགོས་པ་དང་ཚོགས་གསོག་སྒྲིབ་སྦྱོང་དགོས་ཚུལ་ལོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟ་བུའི་ནས། ཡིན་ལ་ཞེས་པའི་བར་ཏེ། གོང་དུ་བརྗོད་པ་དེ་ལྟ་བུའི་ལམ་སྒྲུབ་པའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པའི་ཆོས་སྐྱོང་ལ་མདོ་རྒྱུད་གཞན་ནས་གསུངས་པའི་བཀའ་སྡོད་ཁྱད་པར་ཅན་ཤིན་ཏུ་མང་ཞིང་འགངས་ཆེ་མོད། དེ་ལྟ་ནའང་གོང་དུ་བཤད་པ་ལྟར་མྱུར་བའི་དབང་དུ་བྱས་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་མཐུན་པ་ཞིག་ངེས་པར་དགོས་པ་ཡིན་ལ། དེ་ལ་ནི་འཆད་འགྱུར་གྱི་ཆོས་སྐྱོང་གསུམ་པོ་འདི་བསྟེན་དགོས་སོ། །གཉིས་པ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ཆོས་སྐྱོང་ངོ་། །དང་པོ་ནི། སྐྱེས་བུ་གསུམ་གྱི་ཁྱད་པར་གོང་དུ་བརྗོད་ཟིན་ཅིང་། དེ་ལ་སྐྱེས་བུ་ཆུང་ངུའི་ཞེས་པ་ནས། ལས་གཤིན་བསྟེན་པར་བྱའོ་ཞེས་པའི་བར་ཏེ། དེ་ལ་སྐྱེས་བུ་ཆུང་ངུའི་བསམ་པ་ནི། འཇིག་རྟེན་འདིར་ཡུན་རིང་དུ་མི་གནས་པས། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་པ་དང་། དེ་ལས་སྐྱོབ་པའི་སྐྱབས་འགྲོ་བསླབ་བྱ་དང་བཅས་པ་བསམ་ཞིང་རྒྱུད་ལ་སྐྱེ་དགོས་པས། དེ་ལྟ་བུའི་ལམ་འདི་རྒྱུད་ལ་བསྐྱེད་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟེན་དགོས་ཏེ། ཆོས་རྒྱལ་འདི་ནི་འཆི་བདག་གམ། དགེ་སྡིག་གི་དཔང་པོའམ། སྡིག་པ་ཅན་གྱི་ཆད་ལས་མཁན་ནམ། དགེ་བ་ཅན་གྱི་སྟངས་འཛིན་ཏེ་གྲོགས་བྱེད་པའམ། དཀར་ནག་གི་ལས་རྒྱུ་འབྲས་གསལ་བྱེད་ཀྱི་མེ་ལོང་སྟེ་ལས་དཀར་ནག་གཉིས་གང་བྱས་པ་དང་མཐུན་པའི་ཚར་གཅོད་རྗེས་འཛིན་བྱེད་པ། ལེགས་ཉེས་ཚུལ་བཞིན་དུ་སྤྱོད་པའམ་ཆོས་བཞིན་དུ་སྤྱོད་པས་ཆོས་རྒྱལ་ཞེས་བྱ་ཞིང་། ལས་དཀར་ནག་གི་རྗེས་སུ་འཇུག་པས་ན་ལས་ཀྱི་གཤིན་རྗེ་ཞེས་བྱའོ། །དེས་ན་སྐྱེས་བུ་ཆུང་ངུའི་ཆོས་སྐོར་འདི་རྣམས་ནི་ཐེག་པ་གསུམ་གྱི་ལམ་མམ་སྐྱེས་བུ་གསུམ་དང་ཐུན་མོང་བའི་ལམ་གསུམ་གའི་རྩ་བ་ཡིན་པས་འདི་རྒྱུད་ལ་བསྐྱེད་པའི་ཕྱིར་དུ་ལས་ཀྱི་གཤིན་རྗེ་ཆོས་སྐྱོང་དུ་བསྟེན་པར་བྱའོ། །འོ་ན་ཆོས་རྒྱལ་འདི་ནི་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་གང་ཡིན་ཞེ་ན། འདི་ནི་འདིའི་ལོ་རྒྱུས་ཀྱི་རྟོག་པ་ལྟར་ན། འཇམ་དཔལ་འཇིགས་བྱེད་ཀྱི་སྐུར་བཞེངས་ཏེ། ལྕ་མཁར་སྒོ་མེད་བཅུ་དྲུག་ཞབས་བཅུ་དྲུག་གིས་མནན་ནས་བཏུལ་བར་བཤད་པ་དང་། ཏཱ་ར་ནཱ་ཐའི་ཆོས་འབྱུང་དུ་དེ་མིན་གཞན་ཞིག་ཀྱང་བཤད་པ་ལྟར་ན་འཇིག་རྟེན་པ་ཡིན་པ་ལྟར་སྣང་ཡང་། དོན་ལ་ཆོས་རྒྱལ་ལ་ཕྱི་ནང་གསང་གསུམ་འབྱུང་བའི་རིགས་པ་དང་། པཎ་ཆེན་གོང་མའི་ཆོས་རྒྱལ་གྱི་བསྐང་གསོའི་བླ་མེད་ཀྱི་རྟེན་གྱི་སྐབས་སུ། རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །མ་རུངས་འདུལ་ཕྱིར་གཤིན་རྗེའི་སྐུར་བསྟན་ཡང་། །ཞེས་སོགས་གསུངས་པ་དང་། ཁ་ཅིག་འདི་འཇམ་དཔལ་གྱི་འཕྲིན་ལས་ཀྱི་སྤྲུལ་པར་བཞེད་པ་འདུག་པ་ལྟར་ཁོ་བོ་ཡང་དེ་ལྟར་དུ་བསམ་མོ། །གཉིས་པ་ནི། སྐྱེས་བུ་འབྲིང་ནས་བསླབ་པ་སྲུང་བའོ་ཞེས་པའི་བར་ཏེ། སྐྱེས་བུ་འབྲིང་གི་བསམ་པ་ནི། འཇིག་རྟེན་ཕྱི་མའི་བདེ་བའི་ཐབས་སུ་མ་ཟད། འཁོར་བ་མཐའ་དག་མེ་འོབས་སམ་མེ་དོང་ལྟ་བུར་མཐོང་ནས་དེ་དང་འབྲལ་འདོད་ཐར་པ་དོན་གཉེར་གྱི་བློ་ངེས་འབྱུང་ག ི་བམས་པ་ཅན་ཡིན་ལ། ཡང་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་མཐོང་ནས་དེ་ལ་ཡིད་སྐྱོ་ཞིང་ངེས་པར་འབྱུང་བའི་བསམ་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པའི་གཙོ་བོ་ཡིན་ཞིང་། སྔ་མ་དང་འདི་གཉིས་དོན་གཅིག་པས་སོ། །དེས་ན་ལམ་དེ་རྒྱུད་ལ་སྐྱེ་བའི་ཆེད་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཆོས་སྐྱོང་དུ་བསྟེན་དགོས་ཏེ། འདི་སྡེ་སྣོད་གསུམ་གྱི་ནང་ནས་འདུལ་བའི་སྡེ་སྣོད་ཀྱི་སྲུང་མའམ། བསླབ་པ་གསུམ་གྱི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་བསྲུང་བའོ། །འོ་ན། རྣམ་སྲས་འདི་འཇིག་རྟེན་ལས་འདས་མ་འདས་གང་ཡིན་སྙམ་ན། ལོ་རྒྱུས་འགའ་ཞིག་ལས་རྒྱལ་པོ་ཆེན་པོ་བཞི་ཀ་རྒྱུན་ཞུགས་བཤད་ལ། ལོ་རྒྱུས་གཞན་ཞིག་དང་འདིའི་བསྐང་གསོའི་གཞུང་ལས། ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད། །ཅེས་ས་བརྒྱད་པ་བར་གསུངས་ཤིང་། ཁ་ཅིག་འདི་ཕྱག་རྡོར་གྱི་སྤྲུལ་པར་བཞེད། འགའ་ཞིག་བསྐང་གསོའི་གཞུང་ལས། རིན་ཆེན་མང་སྤྲུལ་རྒྱལ་པོ་ཆེན་པོ་སྟེ། །ཞེས་གསུངས་པས་སངས་རྒྱས་རིན་ཆེན་མང་གི་སྤྲུལ་པའོ་ཞེས་གསུངས་ཏེ་བརྟག །གང་ལྟར་ཡང་འཇིག་རྟེན་ལས་འདས་པའི་འཕགས་ཆེན་ཞིག་འཇིག་རྟེན་སྐྱོང་བའི་ཚུལ་བཟུང་བའོ། །གསུམ་པ་ནི། སྐྱེས་བུ་ཆེན་པོའི་ནས་ཆོས་སྐྱོང་ཡིན་པས་སོ་ཞེས་པའི་བར་ཏེ། སྐྱེས་བུ་ཆེན་པོའི་བསམ་པ་ནི། རང་ཉིད་འཁོར་བ་ལས་ཐར་པ་ཙམ་གྱིས་མི་ཆོག་པར་མར་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་པ་ཡིན་ལ། དེ་རྒྱུད་ལ་སྐྱེ་བའི་ཕྱིར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་བ་མགོན་པོ་ཕྱག་དྲུག་པ་ཆོས་སྐྱོང་དུ་བསྟན་དགོས་ཏེ། འདི་ནི་སྙིང་རྗེ་ཅན་གྱི་ཆོས་སྐྱོང་ཡིན་པས་སོ། །དེའི་འཕྲོས་སམ་ཞར་བྱུང་ལྟ་བུར། ཤེས་རབ་བམ་ལྟ་བ་རྣམ་དག་རྒྱུ་ལ་བསྐྱེད་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟེན་དགོས་ཏེ། འདི་ནི་ཤེས་རབ་ཅན་གྱི་ཆོས་སྐྱོང་ཡིན་པའམ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བཀའ་སྡོད་ཡིན་པས་སོ་ཞེས་གསུངས་སོ། །མགོན་པོ་ཕྱག་དྲུག་པ་འདི་སྤྱན་རས་གཟིགས་ཀྱི་སྤྲུལ་པར་གྲགས་ཆེ་ཞིང་། འོན་ཀྱང་མགོན་པོའི་བསྐང་གསོའི་གཞུང་ལས། ས་བཅུའི་དབང་ཕྱུག་མགོན་པོ་ནི། །ཞེས་ས་བཅུ་པ་བར་བཤད་པ་ནི་སྤྱན་རས་གཟིགས་ས་བཅུ་པའི་བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ་དེའི་དབང་དུ་མཛད་ཀྱི། དངོས་པོའི་གནས་ཚོད་ལ་ནི་སྤྱན་རས་གཟིགས་སངས་རྒྱས་སུ་ངེས་པར་འདོད་དགོས་ཏེ། བླ་མེད་ལྟར་ན་རིགས་གསུམ་མགོན་པོའི་བསྐྱེད་རྫོགས་ལ་བརྟེན་ནས་ཚེ་གཅིག་ལ་འཚང་རྒྱ་ནུས་པར་བཤད་པས། ཁོ་རང་རྣམས་སངས་རྒྱས་མིན་ན་འདི་དག་གི་བསྐྱེད་རྫོགས་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བ་ཡང་ག་ལ་སྲིད། སངས་རྒྱས་ཡིན་པར་མ་ཟད་དང་པོའི་སངས་རྒྱས་ཡིན་པར་ལུང་རིགས་དུ་མས་སྒྲུབ་ནུས་ཏེ་མ་སྤྲོས་སོ། །མདོར་ན་འཕགས་པ་རིགས་གསུམ་མགོན་པོ་སངས་རྒྱས་མིན་ན། སངས་རྒྱས་མི་སྲིད་ཅེས་འདོད་དགོས་པར་སྣང་ངོ་། །གཉིས་པ་བླ་མ་ནི། དེ་ལྟ་བུའི་ནས། བསྟེན་པར་བྱའོ་ཞེས་པའི་བར་ཏེ། སྔར་བཤད་པ་དེ་ལྟ་བུའི་མདོ་སྔགས་ཀྱི་ལམ་ཡོངས་སུ་རྫོགས་པར་སྟོན་པའི་བླ་མ་ཡང་ཡོན་ཏན་ཕྱོགས་རེ་བ་རྙེད་པ་ཙམ་གྱིས་མི་ཆོག་གི །སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གསུམ་གྱི་བསྣོན་བྲི་ཤེས་པ་དང་། དེ་དག་རང་རང་གི་ཉེས་ལྟུང་དང་བྲལ་བ། འདུལ་བ་མངོན་པ་མདོ་སྡེའི་སྡེ་སྣོད་གསུམ་གྱི་ཚིག་དོན་ལ་མཁས་ཤིང་། དེའི་བརྗོད་བྱ་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་ཀྱི་བསླབ་པ་གསུམ་དང་ལྡན་པ། བྱ་སྤྱོད་ཡོ་ག་བླ་མེད་ཀྱི་རྒྱུད་སྡེ་བཞི་ལ་མཁས་ཤིང་བུམ་དབང་སོགས་དབང་བཞི་ཡོངས་སུ་རྫོགས་པས། རང་རྒྱུད་བསྐྱེད་རྫོགས་ཀྱིས་ལམ་སྐྱེ་བའི་སྣོད་རུང་དུ་བྱས་ནས་ལམ་ཟབ་མོ་གཉིས་ཉམས་སུ་ལེན་ཅིང་། མྱོང་བ་ཐོན་ནས་གཞན་ལ་བརྩེ་བས་འདོམས་པར་མཛད་པ་སྟེ། མདོར་ན་རྡོ་རྗེ་འཆང་གི་གོ་འཕང་མྱུར་བ་ལས་ཀྱང་ཆེས་མྱུར་བར་མངོན་དུ་བྱེད་པའི་ཟབ་ལམ་ཁྱད་པར་ཅན་ཕྱིན་ཅི་མ་ལོག་པར་ཡོངས་སུ་རྫོགས་པར་སྟོན་པའི་བླ་མ་ཞིག་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟེན་པར་བྱའོ། །གསུམ་པ་གྲོགས་ནི། ལམ་ཚུལ་བཞིན་དུ་ནས་མཐུན་པ་ཞིག་དགོས་སོ་ཞེས་པའི་བར་ཏེ། དེ་ལྟ་བུའི་ལམ་ཚུལ་བཞིན་དུ་སྒྲུབ་བའི་གྲོགས་ཀྱང་བླ་མ་དང་ཡོན་ཏན་ཆ་མཐུན་ཞིག་དགོས་ལ། གྲོགས་རང་གི་ཐུན་མོང་མ་ཡིན་པའི་གནད་ལ། ལས་འབྲས་ལ་དད་པ་དང་། རང་དང་ཆོས་རྒྱུ་མཚན་དུ་བྱས་ནས་ངོ་ཚ་ཤེས་ཤིང་། གཞན་གྱིས་ཁྲེལ་དོགས་ནས་ཁྲེལ་ཡོད་འཛིན་པ། འགྲན་སེམས་ཆེ་བ་ཞེས་པ་འདི་ཆུང་བ་ལ་བསྒྱུར་ན་གོ་བདེ་བ་ལྟར་སྣང་ཡང་ཡིག་ནོར་དུ་འཇོག་མ་ནུས་ཤིང་། གཞན་ལ་འགྲན་སེམས་ཆེ་བ་ལ་བྱས་ན་མི་ལེགས་པས། དམ་པ་གོང་མའི་མཛད་སྤྱོད་ཁྱད་པར་ཅན་དང་འགྲན་ཅིང་མཐུན་པར་སྒྲུབ་པ་བྱེད་པ་ལ་སྦྱར་ན་རུང་ངམ་སྙམ་དུ་སེམས་ཏེ་བརྟག །བཞི་པ་ཚོགས་གསོག་སྒྲིབ་སྦྱོང་ལ་གཉིས། ཚོགས་གསོག་དང་། སྒྲིབ་སྦྱོང་ངོ་། །དང་པོ་ནི། ཡོངས་སུ་རྫོགས་པའི་ནས་བཞུགས་པའོ་ཞེས་པའི་བར་ཏེ། གོང་དུ་བཤད་པའི་ཡོངས་སུ་རྫོགས་པའི་ལམ་དེ་ལྟ་བུ་སྔར་མ་ཐོབ་པ་ཐོབ་པར་བྱེད་པ་དང་། ཐོབ་ཟིན་བརྟན་པར་བྱེད་པ། བརྟན་པ་གོང་འཕེལ་དུ་བྱེད་པ་ལ་བླ་མ་ཡི་དམ་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་པ། ཚོགས་གསོག་ཅིང་སྒྲིབ་པ་སྦྱོང་བ། གཞུང་ཆེན་མོ་ལ་ལྟ་བ་གསུམ་སུམ་བསྒྲིལ་དུ་བྱེད་དགོས་ལ། ཚོགས་གསོག་པའི་ཚུལ། དེ་ལ་ཐོག་མར་ཚོགས་ཞིང་གསལ་འདེབས་དགོས་པས་དེ་ནི། རང་གི་སྤྱི་བོར་རམ་དེའི་ཐད་ཀྱི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲིའི་སྟེང་དུ་ངོ་བོ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་སོགས་རྩ་བརྒྱུད་ཀྱི་བླ་མ་རྣམས་འདུས་པའི་བདག་ཉིད་ཡིན་པ་ལ། རྣམ་པ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཕྱག་གཡས་པ་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང་། གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀ་ནས་འཛིན་པའི་འདབ་མ་སྙན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་ན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། མཚན་དཔེས་སྤྲས་ཤིང་དར་གྱི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན་མགུལ་རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་ཅིང་། བཅུ་དྲུག་ལོན་པའི་ན་ཚོད་ཅན། འཛུམ་སྒེག་ཞི་བའི་ཉམས་དང་ལྡན་པ། འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པའི་རྣམ་པ་ཅན་དུ་གསལ་གདབ་ལ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པ། དེའི་སྐུ་གསུང་ཐུགས་ཀྱི་ས་བོན་ནམ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དེ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་བསམས་ཏེ་བསྟིམས་ནས། ༀ་ཨཱརྱ་མཉྫུ་ཤྲཱི་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟ་དང་། རཱུ་པ་ནས། སྤཪྴའི་བར་དང་། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །ཞེས་སོགས་དང་། མཎྜལ་རྒྱས་པའམ། བདག་གཞན་ལུས་ངག་ཡིད་གསུམ་སོགས་དང་། ས་གཞི་སྤོས་ཀྱི་མས་མཎྜལ་འབུལ་ལ། མཚམས་སྤྲིན་མ་ལྟ་བུ་དང་། དམིགས་བརྩེ་མ་ཅི་འགྲུབ་དང་། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་དབྱེར་མི་ཕྱེད་པའི་ཞབས་ལ་གསོལ་བ་འདེབས་སོ། །ཞེས་ལན་མང་དུ་གདུང་ཤུགས་དྲག་པོས་གསོལ་བ་བཏབ་ནས། ཡང་དེའི་མཇུག་ཏུ་བདག་གི་རྒྱུད་ལ་ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་ཕྱིན་དྲུག་བསླབ་གསུམ་རིམ་གཉིས་ཀྱིས་བསྡུས་པའི་ལམ་གྱི་རིམ་པ་མཐའ་དག་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ། སྐྱེ་བར་གྱུར་ཅིག། ཞེས་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་གསོལ་འདེབས་སྨོན་ལམ་ཤུགས་དྲག་ལ་རྒྱུན་རིང་དུ་གསོལ་བ་བཏབ། དེ་ནས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ནས་གསོལ་བ་འདེབས་སོ། །བདག་ལ་དབང་བཞི་བསྐུར་བར་མཛད་དུ་གསོལ། །སྒྲིབ་བཞི་དག་པར་མཛད་དུ་གསོལ། །སྐུ་བཞི་ཐོབ་པར་མཛད་དུ་གསོལ། །ལན་གསུམ་དང་། ཞེས་གསོལ་བ་བཏབ་པས། བླ་མ་རྗེ་བཙུན་གྱི་གནས་གསུམ་གྱི་ཡི་གེ་གསུམ་ལས་བདུད་རྩི་འོད་ཟེར་དཀར་དམར་མཐིང་གསུམ་བཅས་རིམ་པར་བྱུང་ནས། རང་གི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་རིམ་པ་བཞིན་དུ་ཞུགས། སླར་ཡང་ཡི་གེ་ལས་བདུད་རྩི་འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཅར་བྱུང་ནས་རང་གི་གནས་གསུམ་དུ་ཅིག་ཅར་དུ་ཞུགས་ཤིང་ཐིམ་པས། སྒོ་གསུམ་སོ་སོ་དང་། ཐུན་མོང་བའི་སྒྲིབ་པ་ཐམས་ཅད་དག །བུམ་པའི་དབང་ལ་སོགས་པའི་དབང་བཞི་ཐོབ། སྤྲུལ་སྐུ་སོགས་སྐུ་བཞི་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པར་གྱུར། དེ་ནས་བླ་མ་དང་ཡི་དམ་གྱི་གསོལ་འདེབས་སྨོན་ལམ་གྱི་འབྲས་བུ་འགྲུབ་པར་ཞལ་གྱིས་བཞེས་པར་བསམས་ལ། མཐར། བླ་མ་ཡི་དམ་དབྱེར་མེད་བདག་ཉིད་ཀྱི། །སྤྱི་བོར་བྱོན་ནས་ཚངས་བུག་ནས་ཞུགས་ཏེ། །སྙིང་གར་ཐིག་ལེ་གའུ་ཁ་སྦྱར་དབུས། །བཞུགས་ནས་བྱིན་རླབས་རྗེས་སུ་བཟུང་བར་གྱུར། །ཅེས་དང་། སྐྱེ་བ་ཀུན་ཏུ་ཞེས་སོགས་བསྔོ་སྨོན་བྱའོ་ཞེས་པ་ནི་གཞུང་གི་ཚིག་འགྲེལ་དང་འཇུག་པ་གཅིག་ཏུ་བྱས་སོ། །གཉིས་པ་སྒྲིབ་སྦྱོང་ནི། སྒྲིབ་པ་སྦྱོང་བ་ལ་ནས། བླ་ན་མེད་པའོ་ཞེས་པའི་བར་ཏེ། སྒྲིབ་པ་སྦྱོང་བའི་ཐབས་ལ་ལྟུང་བཤགས་ཕྱག་དང་བཅས་པ་དང་། ཡི་གེ་བརྒྱ་བའི་སྒོམ་བཟླས་གྲགས་ཆེ་བ་དེ་ལྟ་བུ་དང་། ཡིག་ཆུང་ཉེར་གཅིག་ནས་འབྱུང་བའི་དམ་ཚིག་རྡོ་རྗེའི་བཟླས་པ་དང་། དེ་ནས་འབྱུང་བ་ལྟར་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་དང་། སོགས་ཀྱིས་ཟབ་མོའི་མདོ་རྒྱུད་དང་སངས་རྒྱས་བྱང་སེམས་ཀྱི་མཚན་བརྗོད་པ་སོགས་ཏེ་མདོར་ན་སྟོབས་བཞི་ཚང་བའི་སྒོ་ནས་སྦྱང་བ་གནད་ཆེ། དེ་ཡང་སྡིག་པའི་འབྲས་བུ་རྣམ་སྨིན་ཡིད་དུ་མི་འོངས་པ་མཐོང་ནས་སྡིག་པ་སྔར་བྱེད་ལ་འགྱོད་སེམས་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་བསམ་པའི་སྡོམ་སེམས་བརྟན་པར་བྱེད་པ་ནི་སྡིག་པ་སྦྱོང་ཐབས་བླ་ན་མེད་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས། གཞུང་ཆེན་མོ་རྣམས་ལ་ཐོས་བསམ་བྱེད་དགོས་པ་དང་། སྔར་བཤད་པ་རྣམས་ཀྱི་དོན་བསྡུ་བའོ། །དང་པོ་ནི། གཞུང་ཆེན་མོ་ནས་ངེས་པར་བརྟག་དགོས་པའི་བར་ཏེ། ཤེས་རབ་ཆེ་བ་དག་གིས་མདོ་སྔགས་ཀྱི་གཞུང་ཆེན་མོ་རྣམས་ལ་ལྟ་དགོས་ཤིང་། ལྟ་བ་ཡང་སྔགས་མཚན་ཉིད་ཀྱི་གསུང་རབ་བཀའ་དང་དེའི་དགོངས་འགྲེལ་དང་བཅས་པ་གང་ལ་ཡང་གཞུང་དེའི་དངོས་བསྟན་དང་ཤུགས་བསྟན་དང་བསྟན་བྱའི་གཙོ་བོ་དང་། གཞུང་དེའི་ཆེད་དུ་བྱ་བའི་གདུལ་བྱ་གང་ཡིན་དང་། གཞུང་དེ་དག་གོང་འོག་གི་འགྲེལ་ཚུལ་རྣམས་ཅི་ལྟར་ཡིན་ངེས་པར་བརྟག་དགོས་སོ། །གཉིས་པ་ནི། མདོར་ན་ཞེས་པ་ནས། གཏན་འདྲ་བ་མིན་ནོ་ཞེས་པའི་བར་ཏེ། མདོར་ན་ཐོག་མར་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་འབྲས་བུ་ཆོས་ལོངས་སྤྲུལ་པའི་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པའི་བར་གྱི་ལམ་ཐུན་མོང་བས་རྒྱུ་སྦྱངས་པ་སྔོན་དུ་བཏང་དགོས་ཤིང་། དེའང་སྐུ་གསུམ་གྱི་ལམ་ཐུན་མོང་བ་ནས་རིམ་གྱིས་ཁྲིད་ཚུལ། ཐུན་མོང་མ་ཡིན་པ་སྔགས་ལམ་ལ་འཇུག་པ་ལ་ཡང་དབང་རྣམ་པར་དག་པ་ཐོབ་པ། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་བ། རིམ་གཉིས་རྒྱུད་ལ་བསྐྱེད་ཚུལ་སོགས་གྲངས་ངེས་དང་གོ་རིམ་དང་ལམ་སོ་སོའི་ངོ་བོ་རྣམས་མྱོང་བ་ཐོན་པར་རྒྱུད་ལ་བསྐྱེད་ཅིང་གོ་བ་ཆགས་པར་བྱེད་པ་དང་། འདི་དག་ལ་མྱོང་བ་ཐོན་པ་ལྟ་ཞོག །འདི་དག་གི་དོན་ལ་རགས་པའི་བཤར་སྒོམ་ཙམ་རེ་བྱེད་པ་ལ་ཡང་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་གནད་ཚང་བ་ཡིན་པས། ས་ཆོད་དང་དགེ་སྦྱོར་ཕྲན་ཚེགས་བྱེད་ཚུལ་གཞན་དང་གཏན་འདྲ་བ་མིན་ཏེ། ཁྱད་དུ་འཕགས་པ་ཡིན་ནོ་ཞེས་པའོ། །ལམ་གྱི་ངོ་བོ་དང་གྲངས་དང་གོ་རིམ་ལ་རྒྱས་བསྡུས་ཀྱི་དབང་དང་མདོ་སྔགས་སྐབས་སྟོབས་ཀྱིས་མི་འདྲ་བ་ཡོད་ཀྱང་། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཐུན་མོང་བ་འདི་ནི་ཕར་ཕྱིན་ཐེག་པའི་ལམ་གྱི་རིམ་པའི་གྲངས་དང་གོ་རིམ་ཀྱང་ཡིན་པར་སྣང་ལ། གཞན་ཐེག་པ་གསུམ་གྱི་ལམ་ལྔའི་རིམ་པ་ཡང་རང་རང་གི་ལམ་གྱི་ངོ་བོ་དང་དྲང་ངེས་དང་གོ་རིམ་དུ་འགྱུར་ཞིང་། ཐེག་ཆེན་ལ་ནི་ཚོགས་སྦྱོར་དང་ས་བཅུ་ཡང་དེའི་ས་ལམ་གྱི་གོ་རིམ་ཡིན་ནོ། །བླ་མེད་ལ་ནི་དབང་གིས་རྒྱུད་སྣོད་རུང་དུ་བྱས་ཏེ། བསྐྱེད་རིམ་གྱིས་སྐུ་གསུམ་འགྲུབ་པའི་རྒྱུད་སྨིན་པར་བྱས་རྗེས་རྫོགས་རིམ་ལ་འཇུག་པ་དང་། རྫོགས་རིམ་གྱི་རིམ་པ་ལྔ་ཡང་དེའི་ལམ་གྱི་ངོ་བོ་དང་གོ་རིམ་དུ་འགྱུར་བར་སྣང་སྟེ་རགས་ཙམ་སྔར་བཤད་ཟིན་ཏོ། །གསུམ་པ་མཇུག་གི་དོན་ལ། གཞུང་འདི་བརྩམས་པའི་རྒྱུ་ནི་སྔར་བཤད་པ་ལྟར་གྱི་རྒྱུ་མཚན་དེས་ན། བླ་མ་རྗེ་བཙུན་རེད་མདའ་བ་ཞལ་སྔ་ནས་ཀྱིས་རྗེ་བཙུན་ལ་ཞུས་ལ། མྱོང་བ་ལ་བཀར་བའི་དགེ་སྦྱོར་བྱེད་ཚུལ་སྙིགས་དུས་ཀྱི་ཚེ་ཐུང་འདི་ལ་བོགས་ཆེ་བའི་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པ་ཞིག་ཞུས་ལ་བསྐུར་ཞིང་གསུངས་པའི་གསུང་ཤོག་ནན་ཅན་བསྐུར་བྱུང་བའི་དབང་གིས། བདག་རྗེ་བཙོང་ཁ་པས་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱི་ནང་གསང་བའི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་ནས་གསོལ་བ་དྲག་པོ་ཕུར་ཚུགས་སུ་བཏབ་པ་ལ་བརྟེན་ནས། ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཆེས་ཤིན་ཏུ་ནས་ཀྱང་མྱུར་བར་མངོན་དུ་བྱེད་པའི་ལམ་གྱི་གནས་ཐམས་ཅད་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པ་གཅིག་ཏུ་དྲིལ་ནས། ཉམས་སུ་ལེན་ཚུལ་འདི་བཞིན་གྱིས་ཞེས་གསུངས་པའི་རྗེ་བཙུན་གྱི་གསུང་ངག་ཡི་གེར་བཏབ་ནས་ཕུལ་བ་ལགས། ཉམས་ལེན་གྱི་གནད་འདི་ལྟ་བུ་ཆེས་ཆེར་ནས་ཀྱང་ཤིན་ཏུ་དཀོན་ཅིང་སྣོད་མིན་ལ་གསང་བ་མཐར་ཐུག་པར་འདུག་པས་གཞན་ལ་གཏན་ནས་མི་སྟོན་པར་ཞུ་ཞུ་ཞེས་གསུངས་པ་ནི་སྒྲོ་སྐུར་འབྱུང་བར་དོགས་པའོ། །ཕུལ་བ་འདི་ནི་རྗེ་བཙུན་གྱི་གསུང་གི་སྙིང་པོ་བསྡུས་པ་ཡིན་གྱི། འདི་དག་གི་དོན་རེ་རེ་བཞིན་རྗེ་བཙུན་གྱིས་ཞིབ་པར་གསུངས་པ་རྣམས་འདིར་འབྲི་བར་མ་ལང་བས་ནམ་ཉིད་ཞལ་མཇལ་དུས་སུ་ཞུ་བར་སྨོན་ལགས། ཞུ་ཡིག་གི་རྟེན་དུ་ཧང་ཁྲུང་ཇ་སེར་པོ་ཞོ་ལྔ་ཕུལ་བས་དགེ་ལེགས་སུ་གྱུར་ཅིག་ཅེས་པ་ནི་གསུང་ངོ་མའོ། །སྔོན་མ་དེའི་དབུ་ན་ཚིགས་བཅད་མེད་ཅིང་མཇུག་ཏུ་ཡོད་པ་དང་། འདིའི་དབུ་ན་ཚིགས་བཅད་ཡོད་ཅིང་མཇུག་ཏུ་མེད་པ་ལྟར་ན། འདི་དང་སྔོན་མ་དེ་གཉིས་འཇུག་པ་གཅིག་ཏུ་མཛད་པའི་ངེས་པ་མི་སྣང་ངོ་། །དེའི་མཇུག་ཏུ། རྗེ་བཙུན་རེད་མདའ་བའི་ཞུ་ཡིག་ལན་རྗེ་ཐམས་ཅད་མཁྱེན་པ་བཙོང་ཁ་པས་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཞུས་ནས་ཕུལ་བའི་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པར་དྲིལ་ནས་ཐུགས་ཉམས་སུ་བཞེས་ཚུལ་ལོ་ཞེས་པ་ནི་གཞན་གྱི་བཅུག་པ་སྟེ། གཞུང་འདིའི་མཚན་ཀྱང་ཡིན་ནོ། །སྨྲས་པ། རྒྱལ་བ་གཉིས་པ་རྗེ་བཙུན་བཙོང་ཁ་པའི། །ཐུགས་བཅུད་མན་ངག་ལེགས་བཤད་པད་བརྒྱའི་ཚལ། །བློ་གྲོས་ཉི་མའི་འོད་ཀྱིས་དེང་ཕྱེ་ནས། །དགོངས་དོན་སྙིང་པོ་ཟེའུ་འབྲུ་གསལ་བར་བྱས། །དམ་པའི་གསུང་གི་དཎྜིས་ཉེར་བསྐུལ་བས། །དབང་བྲལ་བློ་ཆུང་དུནྡུ་བྷི་ངོས་སུ། །གསང་ཆེན་ཆོས་ཀྱི་སྒྲ་ཆེན་བསྒྲགས་ཐལ་བས། །གང་ཐུགས་སྒྲ་འཛིན་ལྷན་ཅིག་ཚིམ་གྱུར་ཅིག །རྒྱ་མཚོས་ཆུ་ཕྲན་རྟག་འཐུང་ཡང་། །ངོམས་མེད་ཇི་བཞིན་ཆོས་ཀྱི་ཚུལ། །དོན་གཉེར་ཅན་དག་ལེགས་བཤད་ཀྱིས། །ཆོག་ཤེས་མི་མངའ་ངང་ཚུལ་ཉིད། །བློ་བཟང་རྒྱལ་བ་གཉིས་པ་ཡི། །གསུང་རབ་རྒྱ་མཚོར་གནས་བཅས་ཤིང་། །ལེགས་བཤད་རིན་ཆེན་གཙུག་བསྟེན་པའི། །མཁས་མཆོག་གདེངས་ཅན་དབང་མང་ཡང་། །རྗེ་བཙུན་ཉིད་དང་ལྷན་ཅིག་དྲི་བའི་གཞུང་། །ཟུང་གི་དགོངས་དོན་ལེགས་པར་འགྲེལ་བྱེད་པའི། །བགོ་སྐལ་བཀའ་བབས་སྐལ་བ་ཆེ་ལྡན་པ། །དེང་དུས་ཁོ་བོ་ཉིད་ལས་གཞན་ན་གང་། །རིམ་གཉིས་གཞུང་བརྒྱའི་དགོངས་དོན་ཕྱོགས་གཅིག་ཏུ། །སྡུད་འདོད་ཉུང་ངུའི་རྗོད་བྱེད་ཀྱིས་སྤྲས་པས། །མ་གསལ་ལོག་པར་བཤད་པའི་ཉེས་མཆིས་ན། །གཟུར་གནས་དམ་པ་རྣམས་ཀྱི་སྤྱན་སྔར་འཆགས། །གང་གང་ལེགས་པར་བཤད་ལས་ཐོབ་པའི་རྣམ་དཀར་ཇི་སྙེད་མཆིས་གྱུར་དེ། །མང་མང་རིམ་བརྒྱུད་ཚེ་རབས་ཀུན་ཏུ་འཇམ་པའི་དབྱངས་དང་རྗེ་བླ་མས། །ཡང་ཡང་ཞལ་བསྟན་འབྲལ་མེད་རྗེས་འཛིན་རྟག་ཏུ་དལ་རྟེན་རྙེད་པ་དང་། །ངེས་ངེས་བླ་མེད་རྫོགས་བྱང་དམ་པ་མྱུར་དུ་འགྲུབ་པའི་རྒྱུར་བསྔོའོ། །ཅེས་པ་འདི་ནི། རྒྱལ་དབང་བདུན་པའི་དངོས་སློབ་རིགས་པ་སྨྲ་བ་ཨང་དཀར་ཞབས་དྲུང་ཉི་མ་ཐང་མཁན་པོ་ཨང་སྨོན་དབྱངས་ཅན་གཞོན་ནུ་འཇིགས་མེད་གྲགས་པའི་དབྱངས་ཀྱི་སྡེ་ཞེས་བགྱི་བས་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་གསུང་ཤོག་དང་བཅས་ད་དུང་འདི་ལ་རྒྱས་འགྲེལ་ཞིག་གྱིས་ཞེས་ནན་ཏན་དུ་བསྐུལ་བའི་ངོ་བོར། །ཅོ་ནེའི་སློབ་དཔོན་པ་གཡོ་སའི་ཁྲི་ཟུར་དུ་འབོད་པ་རབ་འབྱམས་སྨྲ་བ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས། འདིའི་རྒྱས་འགྲེལ་ཇི་བཞིན་བྱེད་ཚོད་མ་ཞོག་ཀྱང་དེ་ཡིན་ཁུལ་དུ་རབ་བྱུང་བཅུ་གཉིས་པའི་རྔ་ཆེན་གྱི་ལོ་མཇུག །རང་ལོ་རེ་དགུ་ལ་ཉེ་བར་ཅོ་ནེ་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཡིག་སྡེ བ་དང་འདྲི་འདོན་ལ་བློ་གསལ་ཞིང་དད་སྟོབས་དང་ལྡན་པ་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ།། །།མངྒལཾ།། །།

གཙུག་ཏོར་གདུགས་དཀར་མོ་ཅན་གྱི་གཟུངས་ཀྱི་རྒྱས་འགྲེལ།

གཙུག་ཏོར་གདུགས་དཀར་མོ་ཅན་གྱི་གཟུངས་ཀྱི་རྒྱས་འགྲེལ་བཞུགས།

༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གསལ་རྫོགས་མཚན་དཔེའི་དཔལ་འབར་སྐུ་ནི་རབ་མཛེས་གསེར་གྱི་ལྷུན་པོ་བཞིན། །བརྒྱད་ཁྲི་བཞི་སྟོང་ཆོས་རྔའི་གསུང་ནི་ཚངས་དབྱངས་འབུམ་ཕྲག་སྒྲོག་པ་བཞིན། །ཆོས་ཀུན་ཐོགས་མེད་མངོན་གཟིགས་ཐུགས་ནི་ཉིན་བྱེད་བྱེ་བ་ཤར་བ་བཞིན། །ལྷ་མིའི་སྟོན་པ་གང་དེའི་ཞབས་སེན་སྤྱི་བོའི་པདྨོར་རྟག་རོལ་ཞིག །གང་གི་མཚན་མཆོག་གཙུག་ཏོར་ནོར་བུ་ལས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས་གྲགས་གང་། །དབུ་ཞལ་ཕྱག་སྟོང་བྱེ་བ་བརྒྱ་སྟོང་སྤྱན་ལྡན་པ། །མི་ཕྱེད་འབར་བའི་མཚན་རྟགས་ཅན་དེར་འདུད་ཀྱིས་སྐྱོངས། ༈ །དེ་ལ་འདིར་གདུགས་དཀར་པོ་ཅན་མཆོག་ཏུ་གྲུབ་པ་ཞེས་ཡོངས་སུ་གྲགས་པ་འདིའི་དགོངས་པ་འགྲེལ་པར་བྱེད་པ་ལ་གཉིས། སྤྱིར་བསྟན་པ་དང་། གཞུང་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཅོམ་ལྡན་འདས་ཀྱིས་མདོ་སྔགས་གཉིས་དང་། སྔགས་ལ་རྒྱུད་སྡེ་བཞི་གསུངས་པའི་ནང་ནས་བྱ་རྒྱུད་དུ་གཏོགས་པ་ལ། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་རིགས་གཉིས་ཀྱི་དང་པོ་འདས་པ་ལ་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་ལས། དང་པོ་ནི། དམ་ཚིག་གསུམ་བཀོད་པ་དང་། གཉིས་པ་ནི་དཔག་མེད་ཀྱི་རྒྱུད་དང་། གསུམ་པ་ནི་མི་འཁྲུགས་པའི་རྒྱུད་ལྟ་བུ་སྟེ། དེ་ཡང་རིགས་ཀྱི་གཙོ་བོའི་དབང་དུ་བྱས་ལ། རིགས་ཀྱི་བདག་པོའི་རྒྱུད་ཀྱི་མཚན་གཞི་ནི། འཇམ་དཔལ་རྩ་རྒྱུད་དང་། ཕྱག་སྟོང་སྤྱན་སྟོང་གི་རྒྱུད་དང་། ཕྱག་རྡོར་དང་རྣམ་འཇོམས་ཀྱི་རྒྱུད་ལྟ་བུའོ། །གཞན་ཡང་རིགས་ཀྱི་ཡུམ་དང་། རིགས་ཀྱི་གཙུག་ཏོར་སོགས་མང་དུ་ཡོད་ཅིང་། གཙུག་ཏོར་ལ་ཡང་གཙུག་ཏོར་དྲི་མེད། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་གདུགས་དཀར་སོགས་མང་ངོ་། །གདུགས་དཀར་ལ་ཡང་གཞན་གྱི་མི་ཐུབ་པ་དང་། ཕྱིར་ཟློག་མ་དང་། མཆོག་ཏུ་གྲུབ་པ་རྣམས་ལས་འདིར་ཕྱི་མ་ནི་གང་བཤད་པར་བྱ་བའི་ཆོས་སོ། །གཉིས་པ་གཞུང་དོན་བྱེ་བྲག་ཏུ་བཤད་པ་ལ་གསུམ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས། མཚན་གྱི་དོན་དང་། འགྱུར་གྱི་ཕྱག་གོ །དང་པོ་ལ་གཉིས། མཚན་བསྟན་པ་དང་། མཚན་བསྒྱུར་བའོ། །དང་པོ་ནི། རྒྱ་གར་སྐད་དུ་ནས་ནཱ་མ་དྷཱ་ར་ཎི་ཞེས་པའི་བར་ཏེ། འདི་ལ་རྒྱ་གར་ཞེས་པ་ནི་འཕགས་ཡུལ་ན་མཉན་ཡོད་ལ་སོགས་པ་གྲོང་ཁྱེར་ཆེན་པོ་དྲུག་ཡོད་པ་དེ་ལ་རྒྱ་གར་ཞེས་འདོད་རྒྱལ་དུ་བཏགས་པ་སྟེ། དཔེར་ན་བུམ་པ་དང་ཀ་བ་ཞེས་བཏགས་པ་བཞིན་ནོ། ཁ་ཅིག་རྒྱ་ནག་ལས་གར་བས་རྒྱ་གར་ཞེས་དང་། རྒྱ་དཀར་ནག་གཉིས་སུ་ཕྱེ་བའི་རྒྱ་དཀར་པོ་ཡིན་པས་རྒྱ་གར་ཞེས་བརྗོད་པའོ་ཞེས་ཟེར་བ་ནི་མཁས་པ་གཞན་གྱིས་བཀག་པ་ལྟར་རོ། །གཉིས་པ་ནི། རྒྱ་གར་དེ་ན་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས། ལེགས་སྦྱར་གྱི་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏོ་ཥྞཱི ཥ་ཞེས་སོགས་ཡིན་ཞིང་། བོད་ཀྱི་སྐད་དུ་བསྒྱུར་ན་འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ཞེས་པ་ནས། གཟུངས་ཞེས་བྱ་སྟེ། ཨརྱ་ནི་འཕགས་པ། ཏ་ཐཱ་ནི་དེ་བཞིན། ག་ཏ་ནི་གཤེགས་པ། ཨུ་ཥཱི་ཥ་ནི་གཙུག་ཏོར། སི་ཏཱ་ནི་དཀར་པོ། །ཏ་པ་ཏྲེ་ནི་གདུགས། ཨ་པ་རཱ་ཛི་ཏ་ནི་གཞན་གྱི་མི་ཐུབ་པའོ། །དེ་ཡང་པ་རཱ་ནི་གཞན། ཛི་ཏ་ནི་ཐུབ་པ་སྟེ། ཨ་འགག་ཚིག་ཏུ་མཛད་ནས་མི་ཐུབ་པའོ། །མ་ཧཱ་པྲ་ཏྱངྒཱི་ར་ནི་ཕྱིར་ཟློག་པ་ཆེན་མོ་སྟེ། པྲ་ཏི་ནི་ཕྱིར། ཨངྒི་ར་ནི་ཟློག་པའོ། །དེ་ཡང་ཏའི་སྲོག་གི་ཨི་ནི། ཨ་དང་འཕྲད་ནས་མཚམས་སྦྱོར་ལྔ་པ་ལས། དབྱངས་ལ་ཨི་ལའོ་ཞེས་འབྱུང་བ་ལྟར་ཨི་ཡར་བསྒྱུར་ནས་མཚམས་སྦྱར་བའོ། །པ་ར་མ་ནི་མཆོག་ཏུ། སིདྡྷ་ནི་གྲུབ་པ། ནཱ་མ་ནི་ཞེས་བྱ་བ། དྷཱ་ར་ཎི་ནི་གཟུངས་ཞེས་བྱ་བར་འགྱུར་བའི་ཕྱིར། གཉིས་པ་འགྱུར་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་པ་ནས། གཙུག་ཏོར་རྒྱལ་མོ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་ལོ་ཙཱ་བས་བཀོད་པའོ། །འདི་ལ་གཉིས་ལས་དང་པོ་ནི། འདི་དག་གི་དོ ན་བསྡུས་ཏེ་བཤད་ན། མ་རིག་བག་ཆགས་དང་བཅས་པའི་གཉིད་ལས་སངས་ཤིང་ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པས་སངས་རྒྱས་ཞེས་བྱ་སྟེ། ཇི་སྐད་དུ། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །ཞེས་གསུངས་པ་ལྟར་རོ། །སངས་རྒྱས་ཀྱི་བྱང་ཆུབ་རྣམ་མཁྱེན་དོན་དུ་གཉེར་ཞིང་སེམས་པས་ན་བྱང་ཆུབ་སེམས་དཔའ། སོ་སྐྱེའི་ས་ལས་འདས་ཤིང་འཕགས་པས་ན་འཕགས་པ། རྟེན་འབྲེལ་ཟབ་མོའི་ཆོས་སངས་རྒྱས་ལ་ཉན་ཅིང་ཐོས་པར་བྱེད་པས་ན་ཉན་ཐོས། རང་གཅིག་པུར་གནས་པ་ལ་དགའ་ཞིང་སྲིད་པ་མཐའ་མའི་ཚེ་གཞན་གྱི་གདམས་ངག་ལ་མ་ལྟོས་པར་རང་གི་བྱང་ཆུབ་མངོན་དུ་བྱེད་ཅིང་ཉོན་མོངས་པ་ལས་རྒྱལ་བར་བྱེད་པས་ན་རང་རྒྱལ་ཞེས་བྱ་སྟེ་དེ་ཐམས་ཅད་ལ་ཕྱག་འཚལ་བ་ནི་ཡིད་གུས་པས་འདུད་པའོ། །གཉིས་པ་ནི། བཅོམ་ལྡན་འདས་གཞན་གྱི་མི་ཐུབ་པ་གཙུག་ཏོར་རྒྱལ་མོ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་དོན་ནི་འཆད་པར་འགྱུར་རོ། །གཉིས་པ་གཞུང་གི་དོན་ལ་གསུམ། གླིང་གཞི་ཕུན་སུམ་ཚོགས་པ་དང་། ཆོས་ཕུན་སུམ་ཚོགས་པ་དང་། རྗེས་སུ་ཡི་རང་བའི་མཐུན་འགྱུར་རོ། །དང་པོ་ལ་བཞི། དུས་དང་། སྟོན་པ་དང་། གནས་དང་། འཁོར་རོ། །དང་པོ་ནི། འཆད་པར་འགྱུར་བའི་གཞུང་འདི་སྐད་སྡུད་པ་པོ་ཕྱག་རྡོར་བདག་གིས་ཐོས་སོ། །དེ་ནི་ཡང་ཡང་ཐོས་པ་མིན་གྱི། ཐོས་པའི་དུས་གཅིག་ན་ཞེས་པ་ནི་ལན་གཅིག་ཙམ་ཐོས་པ་སྟེ། དུས་གཅིག་གི་ཚེ་འདི་ཐོས་ཀྱི། དུས་གཞན་ལ་ནི་གཞན་ཐོས་སོ། །དེ་ཡང་དུས་གཅིག་ལ་ལན་གཅིག་ཙམ་ཐོས་པས་ཡིད་ལ་འཛིན་ནུས་པར་བསྟན་པས་རྙེད་དཀའ་བ་དང་ཤེས་རབ་ཆེ་བ་གོ་ལ། དུས་གཞན་ལ་གཞུང་གཞན་ཐོས་པ་དང་སྦྱར་ན་ཐོས་པ་མང་བར་གོའོ། །གཉིས་པ་སྟོན་པ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྟེ། སྒྲིབ་གཉིས་དང་བདུད་བཞི་བཅོམ་པའམ་སྤངས་པས་ན་བཅོམ་ཞེས་བྱ་ཞིང་། དེ་དག་བཅོམ་པའི་སྤངས་རྟོགས་རང་རྒྱུད་ལ་མངའ་བས་ན་ལྡན་ཞེས་བྱའོ། །ཡང་སྐལ་བ་དྲུག་དང་ལྡན་པས་ན་ལྡན་ཞེས་བྱ་སྟེ། ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་འབྱུང་བ་ལྟར་རོ། །བཅོམ་ལྡན་གྱི་སྐད་དོད་བྷ་ག་ཝན་ཞེས་པ་ནི་སྐལ་ལྡན་དང་བཅོམ་ལྡན་གཉིས་ཀ་ལ་འཇུག་ཅིང་། འདས་པའི་ཚིག་དངོས་སུ་མེད་ཀྱང་འདིར་དོན་གྱིས་ཐོབ་པས་ལོ་ཙཱ་བས་བསྣན་པའོ། །གསུམ་པ་གནས་ནི། སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཏེ། དེ་ནི་རི་རབ་ལྷུན་པོའི་རྩེ་མོ་ན་ཡོད་དེ། མཛོད་ལས། ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །ཞེས་གསུངས་པ་ལྟར་རོ། །སུམ་ཅུ་རྩ་གསུམ་ཞེས་པ་ནི་བརྒྱ་བྱིན་དང་འཁོར་ཉེ་དབང་སོ་གཉིས་དང་བཅས་པའི་སོ་གསུམ་གནས་པ་ལ་བྱེད་པ་ཡིན་ཏེ། ཉེ་དབང་སོ་གཉིས་ནི། ནོར་ལྷ་བརྒྱད། དྲག་པོ་བཅུ་གཅིག །ཉི་མ་བཅུ་གཉིས། ཐ་སྐར་གྱི་བུ་གཉིས་དང་བཅས་པ་ཡིན་ལ། འདི་རྣམས་ཀྱི་ངོས་འཛིན་ནི་ཚིག་གཏེར་འགྲེལ་པ་ལས་འབྱུང་བ་ལྟར་རོ། །ལྷུན་པོའི་རྩེའི་དབུས་ན་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་གྲུ་བཞི་ངོས་རེ་རེ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་རེ་ཡོད་ཅིང་། ལྟ་ན་སྡུག་གི་དབུས་ན་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཡོད་ལ། དེའི་ཕྱི་རོལ་ལྷོ་ནུབ་མཚམས་ན་ཆོས་བཟང་ལྷའི་འདུན་ས་ཞེས་པ་ཡོད་དེ། དེའི་ངོས་རེར་དཔག་ཚད་སུ མ་བརྒྱ་རེ་ཡོད་ཅིང་། ནང་དུ་བརྒྱ་བྱིན་གྱི་གསེར་ཁྲི་དང་། ཉེ་དབང་སོ་གཉིས་ཀྱི་ཁྲི་རྣམས་ཡོད་དོ། །དེ་ལྟ་བུའི་ལྷའི་གནས་ཆོས་བཟང་ལྷའི་འདུན་ས་དེ་ན་དབྱར་གནས་མཛད་པའི་ཚེ་འདི་གསུངས་སོ། །སུམ་ཅུ་རྩ་གསུམ་དུ་འབྱོན་པའི་རྒྱུ་མཚན་ནི། ཡུམ་སྒྱུ་འཕྲུལ་ཆེན་མོ་དུས་བྱས་ནས་ལྷར་སྐྱེས་པ་དེ་ཉིད་བདེན་པ་མཐོང་བ་ལ་འགོད་པའི་ཆེད་དུ་དེར་བྱོན་ནས་དབྱར་གནས་མཛད་དེ་ཆོས་བསྟན་ནས་ཡུམ་གྱི་སྐྱེ་བ་སོགས་ལྷ་མང་པོ་བདེན་པ་མཐོང་བ་ལ་བཀོད་དོ། །བཞི་པ་འཁོར་ནི། དགེ་སློང་གི་དགེ་འདུན་ཆེན་མོ་དང་ཞེས་པའི་དགེ་སློང་ལ་ཚུར་ཤོག་དང་གསོལ་བཞིའི་ལས་ཀྱི་བསྙེན་པར་རྫོགས་པ་སོགས་མང་ཡང་། འདིར་རྫུ་྄྄ འཕྲུལ་དང་ལྡན་པའི་དགེ་སློང་གི་དགེ་འདུན་མང་པོ་ལ་སྦྱར་བར་བྱ་སྟེ། བཅོམ་ལྡན་འདས་ལྷ་གནས་སུ་འབྱོན་པའི་དུས་སུ་འཁོར་དུ་དགེ་སློང་རྫུ་འཕྲུལ་ཐོབ་པ་དང་ལྷན་ཅིག་བྱོན་པར་བཤད་པའི་ཕྱིར་རོ། །དགེ་འདུན་ཡང་དགེ་སློང་བཞི་ཚོགས་ལ་དགེ་འདུན་ཞེས་པའི་ཐ་སྙད་དང་། འཕགས་པའི་གང་ཟག་སོ་སོ་བ་ལ་ཡང་དགེ་འདུན་ཞེས་པའི་ཐ་སྙད་མཛད་པ་གཉིས་སོ། །དགེ་འདུན་གྱི་སྒྲ་དོན་ནི། དགེ་བ་ཐར་པ་སྒྲུབ་པར་འདོད་པའི་འདུན་པ་ཅན་ཡིན་པའོ། །ཆེན་པོ་ཞེས་པ་ནི་སྤངས་རྟོགས་ཀྱི་ཡོན་ཏན་ཆེན་པོ་དང་ལྡན་པ་འཕགས་པའི་གང་ཟག་གི་དབང་དུ་མཛད་དོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ཞེས་པའི་བྱང་ཆུབ་སེམས་དཔའི་སྒྲ་དོན་གྱི་ཕྱོགས་གཅིག་གོང་དུ་བརྗོད་པ་ལྟར་ཡིན་ལ། དགེ་འདུན་དང་ཆེན་པོ་ནི་བཤད་མ་ཐག་པ་ལྟར་རོ། །ལྷའི་དབང་པོ་བརྒྱ་བྱིན་དང་ཞེས་པའི་སྒྲ་དོན་ནི། སྔོན་མཆོད་སྦྱིན་ཆེན་པོ་བརྒྱ་ཕྲག་གཅིག་བྱས་པས་བརྒྱ་བྱིན་གྱི་གོ་འཕང་ཐོབ་པར་བཤད་པ་ལྟར་ཏེ། དེ་རྣམས་དང་ཐབས་གཅིག་ཏུ་བཞུགས་པ་ནི་ལྷན་ཅིག་ཏུའོ། །དེ་དག་ནི་སྡུད་པ་པོས་མཐོང་བའི་དོན་བསྡུས་པའོ། །གཉིས་པ་ཆོས་ཕུན་སུམ་ཚོགས་པ་ལ་གཉིས། སྟོན་པས་གསང་སྔགས་ཀྱི་ཚིག་དབྱུང་བའི་ཕྱིར་ཏིང་ངེ་འཛིན་ལ་ཞུགས་པ་དང་། གསང་སྔགས་ཇི་ལྟར་གསུངས་པའི་ཚུལ་ལོ། །དང་པོ་ནི། དུས་དེའི་ཚེ་བཅོམ་ལྡན་འདས་སེངྒེའི་ཁྲི་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་རང་གི་གཙུག་ཏོར་ནས་འཆད་པ་ལྟར་གྱི་གསང་སྔགས་ཀྱི་ཚིག་རྣམས་དབྱུང་བར་བྱའོ་སྙམ་པའི་ཐུགས་རྩེ་གཅིག་པའི་གཙུག་ཏོར་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གཉིས་པ་ཇི་ལྟར་གསུངས་ཚུལ་ལ་གཉིས། གང་ནས་གསུངས་པའི་མཚམས་སྦྱར་བ་དང་། དེ་ནས་ཇི་ལྟར་གསུངས་པའི་ཚུལ་དངོས་སོ། །དང་པོ་ནི། དེ་ལྟར་སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་དབུས་ནས་གསང་སྔགས་ཀྱི་ཚིག་འཆད་འགྱུར་འདི་དག་ཕྱུང་ངོ་། །གསང་སྔགས་ཀྱི་དོན་ལ་རྒྱས་བཤད་མང་ཡང་། སྒྲ་དོན་ནི། སྣོད་མིན་ལ་གསང་ཞིང་སྦས་གྲུབ་པ་སྟེ། དེ་ལ་ལྷ་དང་ལམ་གྱི་རིམ་པ་གཉིས་དང་། རྗོད་བྱེད་ཚིག་གི་གསང་སྔགས་དང་། བརྗོད་བྱ་དོན་གྱི་གསང་སྔགས་ཀྱང་གཉིས་སོ། །གཟུངས་འདི་གཙུག་ཏོར་ནས་གསུངས་པ་གསལ་བར་བཤད་པ་ལྟར་ཡིན་ལ། དེར་མ་ཟད། སངས་རྒྱས་ཀྱི་མཛོད་སྤུ། མགྲིན་པ། ཐུགས་ཀ །ལྟེ་བ། གསང་གནས་སོགས་སྐུའི་ཆ་ཐམས་ཅད་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཆོས་སྟོན་ནུས་པར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་བཤད་ཅིང་། དེའི་དོན་བསྡུས་པ་ནི་བསྟོད་སྤྲིན་རྒྱ་མཚོ་ལས། སྤྱི་གཙུག་མཛོད་སྤུ་མགྲིན་པ་ལ་སོགས་ཁྱེད་སྐུའི་ཆ་ཤས་ཀུན་ནས་འབྱུང་བར་རབ་སྟོན་ཀྱང་། །དེ་དག་ཀུན་ལ་རྟོག་པ་ཉེར་ཞི་འདི་ནི་ནམ་མཁས་ཚངས་དབྱངས་སྒྲོག་ན་མཚོན་པར་ནུས། །ཞེས་འབྱུང་བ་ལྟར་རོ། །དེའི་རྒྱུ་མཚན་ཡང་སངས་རྒྱས་ཀྱི་སྐུའི་ཆ་དང་ཡེ་ཤེས་གཉིས་ངོ་བོ་གཅིག་ཡིན་པས་ཏེ། མཚན་བརྗོད་ལས། སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་སོགས་དང་། བདེ་མཆོག་རྩ་རྒྱུད་ལས། ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང་། །ཀུན་ཏུ་སྤྱན་དང་དབུ་དང་ཞལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གསུམ། གསང་སྔགས་འགྲུབ་པའི་ཆེད་དུ་ཕྱག་འོས་ལ་ཕྱག་བྱ་བ་དང་། སྔགས་ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབ་པ་དང་། དེ་ལ་སྒོམ་བཟླས་བྱ་བའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སོགས་ཏེ། སངས་རྒྱས་ཀྱི་སྒྲ་དོན་སྔར་ལྟར་དང་། ཡང་འཇུག་པ་ལས། དེ་ཉིད་རྒྱས་ལ་སངས་རྒྱས་བསྙད་ཇི་བཞིན། །ཞེས་འབྱུང་བ་ལྟར་དེ་ཁོ་ན་ཉིད་ལ་བློ་རྒྱས་པས་ན་སངས་རྒྱས་ཞེས་བྱའོ། །ཆོས་ཀྱི་སྐད་དོད་དྷརྨཱཿ ཞེས་པའི་དྷ་ར་འཛིན་པ་ལ་འཇུག་པས་དམ་པའི་ཆོས་འགོག་ལམ་གཉིས་ཀྱིས་གདུལ་བྱ་རྣམས་ཉེས་ལྟུང་དང་འཁོར་བ་དང་ངན་འགྲོ་ལས་འཛིན་པས་ན་ཆོས་སོ། །སྤྱིར་ཆོས་ཀྱི་སྒྲ་ནི་དོན་བཅུ་ལ་འཇུག་སྟེ། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱང་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་།། འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་གསུངས་པ་ལྟར་རོ། །དགེ་འདུན་ནི་གོང་དུ་བཤད་པ་ལྟར་ཡིན་ཡང་། གཞུང་ཁ་ཅིག་ཏུ་དགེ་འདུན་མཐུན་པ་དང་ཐར་པ་ལ་འདུན་པ་དང་བདུད་སོགས་ཀྱིས་དབྱེ་བར་མི་ནུས་ཤིང་མི་ཕྱེད་པས་ན་དགེ་འདུན་དུ་བརྗོད་ཅེས་བཤད། ཕྱག་འཚལ་བའི་དོན་ནི་བཤད་ཟིན་ལ། དེ་དག་གིས་སྐྱབས་གསུམ་ལ་ཕྱག་འཚལ་བ་སྤྱིར་བསྟན་ན། བྱེ་བྲག་ཏུ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཡང་དག་པར་ཡོངས་སུ་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ལ་ཕྱག་འཚལ་བ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕྱག་འཚལ་བ་ནི་མདོར་བསྟན་པའོ། །བྱེ་བ་ཕྲག་བདུན་ནི་བྱེ་བ་བདུན་ཏེ། དེ་ཡང་བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ་རྣམས་སྔ་མ་སྔ་མ་བཅུ་འགྱུར་ལ་ཕྱི་མ་ཕྱི་མའི་གྲངས་འབྱུང་ཞིང་། བྱེ་བ་བཅུ་ལ་ནི་དུང་འཕྱུར་གཅིག་གོ །བྱང་ཆུབ་སེམས་དཔའི་ནང་ནས་སྒོས་སུ་བྱམས་པ་ལ་སོགས་པའི་སོགས་ཀྱི་སྒྲས་འཇམ་དབྱངས། སྤྱན་རས་གཟིགས། ཕྱག་རྡོར་སོགས་རྒྱལ་སྲས་བརྒྱད་དང་། བྱང་ཆུབ་སེམས་དཔའ་གཞན་ཐམས་ཅད་ཀྱང་སྡུད་དོ། །བྱང་ཆུབ་སེམས་དཔའ་ནི་རང་དོན་བྱང་ཆུབ་ཆོས་སྐུ་དོན་དུ་གཉེར་བ་དང་། སེམས་དཔའ་ཆེན་པོ་ནི་གཞན་དོན་གཟུགས་སྐུ་དོན་དུ་གཉེར་བའི་སྒོ་ནས་བརྗོད་པའོ། །བྱམས་འཇམ་དབྱངས་སོགས་ཉེ་བའི་སྲས་ཆེན་བརྒྱད་ནི་མདོ་ཕྱོགས་དང་རྒྱུད་སྡེ་འོག་མ་གསུམ་གྱི་ལུགས་ལ་བྱང་ཆུབ་སེམས་དཔའི་ཚུལ་བཟུང་བ་ལ་དེའི་མིང་གིས་བརྗོད་པ་ལྟར་བྱང་ཆུབ་སེམས་དཔར་རེ་ཞིག་ཁས་ལེན་པ་ཡིན་གྱི། དངོས་པོའི་གནས་ཚོད་དང་བླ་མེད་ཀྱི་ལུགས་ལ་འདི་དག་སངས་རྒྱས་སུ་ངེས་པར་འདོད་དགོས་ཏེ་ལུང་དང་རིགས་པ་མང་ངོ་། །ཉན་ཐོས་ཀྱི་དགེ་འདུན་སོ་སོར་ཕྱེ་སྟེ་ཕྱག་འཚལ་བ་ནི། མི་རྟག་ཅིང་འཇིག་པའི་རྟེན་ཡིན་པས་ན་སྣོད་ཀྱི་འཇིག་རྟེན་འདི་ན་བཞུགས་པ་ཉོན་མོངས་པ་སྤངས་པའི་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་པ་འདིས་ཉན་རང་དགྲ་བཅོམ་པ་གཉིས་ཀ་བསྡུས་ནས་བསྟན་ཀྱང་གཙོ་བོ་ནི་ཉན་ཐོས་དགྲ་བཅོམ་པ་ལ་བྱ་སྟེ། གཞུང་གོང་འོག་གཉིས་ཀས་འབྲས་གནས་བཞི་སྟོན་པར་སྣང་བའི་ཕྱིར་རོ། །འདིས་དགྲ་བཅོམ་འབྲས་གནས་བསྟན་ནས་འབྲས་གནས་གཞན་གསུམ་ནི། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་ཞེས་པ་རྣམས་ཀྱིས་འཆད་དོ། །སྤྱིར་རྒྱུན་ཞུགས་ཞུགས་པ་དང་རྒྱུན་ཞུགས་འབྲས་གནས་གཉིས། ཕྱིར་འོང་ཞུགས་པ་དང་དེའི་འབྲས་གནས་གཉིས། ཕྱིར་མི་འོངས་ཞུགས་པ་དང་དེའི་འབྲས་གནས་གཉིས། དགྲ་བཅོམ་ཞུགས་པ་དང་དེའི་འབྲས་གནས་གཉིས་ཏེ་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་དོ། །ཞུགས་འབྲས་བཞིའི་སྐོར་ལ་མང་དུ་བཤད་པར་བྱ་བ་མ ཆིས་ཀྱང་། མཚོན་ཙམ་ནི། འཇིག་ལྟ། ཚུལ་ཞུགས་མཆོག་འཛིན། ཐེ་ཚོམ་ཉོན་མོངས་ཅན་ཀུན་བཏགས་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་རྒྱུན་ཞུགས་ཞུགས་པ་དང་། དེ་གསུམ་སྤངས་པའི་རྒྱུན་ཞུགས་འབྲས་གནས་གཉིས། འདོད་པའི་སས་བསྡུས་ཀྱི་སྒོམ་སྤངས་ཉོན་མོངས་ལ་ཆུང་འབྲིང་ཆེན་པོ་གསུམ་དང་དེ་རེ་རེ་ལ་ཡང་གསུམ་གསུམ་དུ་ཕྱེ་བའི་འདོད་ཉོན་དྲུག་པ་སྤོང་ཕྱིར་དུ་ཞུགས་པའི་ཕྱིར་འོང་ཞུགས་པ་དང་། དེ་དྲུག་པ་སྤངས་པའི་ཕྱིར་འོང་འབྲས་གནས་དང་། འདོད་ཉོན་དགུ་པ་སྤོང་ཕྱིར་དུ་ཞུགས་པའི་ཕྱིར་མི་འོངས་ཞུགས་པ་དང་། དེ་དགུ་པ་སྤངས་པའི་ཕྱིར་མི་འོངས་འབྲས་གནས་གཉིས། དགྲ་བཅོམ་ཞུགས་འབྲས་གཉིས་ནི། སྲིད་རྩེའི་ཉོན་མོངས་དགུ་པ་སྤོང་ཕྱིར་དུ་ཞུགས་པ་དང་སྤངས་པའི་སྒོ་ནས་འཇོག་གོ ། རྒྱུན་ཏུ་ཞུགས་པ་ཞེས་པ་ནི་ཐར་ལམ་གྱི་རྒྱུན་ལ་དང་པོར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ནི་དགྲ་བཅོམ་མ་ཐོབ་པའི་སྔོན་དུ་འདོད་པར་ལས་ཉོན་གྱིས་སྐྱེ་བ་ལན་གཅིག་ལེན་པའི་དོན་ཡིན་ལ། ཕྱིར་མི་འོངས་པ་ནི་ཚེ་དེ་ནས་བཟུང་སྟེ་དགྲ་བཅོམ་མ་ཐོབ་བར་དུ་འདོད་པར་ལས་ཉོན་གྱིས་སྐྱེ་བ་མི་ལེན་པའོ། །མངོན་པ་ཀུན་བཏུས་ལྟར་ན། རྒྱུན་ཞུགས་ཞུགས་པ་ལ་སྐྱེ་འཕགས་གཉིས་ཡོད་ཀྱང་། མཛོད་ཀྱི་ལུགས་ལ་དེ་ཐམས་ཅད་ཀྱང་ཉན་ཐོས་འཕགས་པའོ། །ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་ཞེས་པ་གཉིས་ཀྱིས་སྔ་མའི་དོན་བསྡུས་ནས་བསྟན་པ་སྟེ་ཡང་དག་པར་སོང་བ་རྣམས་ནི་འབྲས་བུ་ཐོབ་པའི་འབྲས་གནས་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་ནི་འབྲས་བུ་དེ་དག་ཐོབ་ཕྱིར་དུ་ཞུགས་པའོ། །ལྷའི་དྲང་སྲོང་རྣམས་ནི་ཨ་གསྟ་ལ་སོགས་པའོ། །དེ་ནས་རིགས་སྔགས་འཆང་གྲུབ་པ་ཞེས་པ་ནི་འཇིག་རྟེན་པའི་རིག་སྔགས་གྲུབ་པ་ཐམས་ཅད་དེ། ཐུན་མོང་བའི་དངོས་གྲུབ་ཐོབ་པ་རྣམས་སོ། །ཚངས་པ་ལ་སྟོང་གསུམ་གྱི་བདག་པོ་ཚངས་པ་དང་། སྟོང་སྤྱི་ཕུད་ཀྱི་བདག་པོ་ཚངས་པ་དང་ཕྱོགས་སྐྱོང་གི་ནང་ཚན་གྱི་ཚངས་པ་སྟེ་སྔ་མ་ནི་ཆེན་པོ་དང་ཕྱི་མ་གཉིས་ཆུང་བའོ། །དབང་པོ་ལ་ཆེ་ཆུང་གཉིས་ཏེ། ཆེ་བ་སུམ་ཅུ་རྩ་གསུམ་གྱི་བདག་པོ་ཡིན་ལ། ཆུང་བ་ནི་ཕྱོགས་སྐྱོང་གི་ནང་ཚན་ཤར་ཕྱོགས་སྐྱོང་བར་བཤད་དོ། །ལེགས་ལྡན་དྲག་པོ་ནི་དབང་ཕྱུག་ཆེན་པོ་ཡིན་ལ། དཀའ་ཐུབ་ཟློག་མ་ནི་ལྷ་མོ་ཨུ་མ་སྟེ། དེས་རང་གི་བདག་པོ་དབང་ཕྱུག་གི་དཀའ་ཐུབ་ཟློག་པར་བྱེད་པས་སོ། །དབང་ཕྱུག་ཆེན་པོ་ལ་བཞི་ཡོད་པ་བུ་སྟོན་རིན་པོ་ཆེས་བཤད་ཅིང་། ཆེ་ཆུང་གཉིས་ཡོད་པར་ཚིག་གཏེར་འགྲེལ་པ་ལས་བཤད་དེ། ཆེ་བ་ནི་གངས་ཏེ་སེ་དང་། ཆུང་བ་ནི་བྱང་ཤར་དབང་ལྡན་གྱི་བདག་པོ་སྟེ། འོན་ཀྱང་ངོ་བོ་གཅིག་ཡིན་པར་མངོན་ནོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ནི་ཁྱབ་འཇུག་སྟེ། འདི་གཟའ་ཁྱབ་འཇུག་མིན་གྱི་ལྷ་ཡིན་ཏེ་ལྷའི་གཙོ་བོ་ལ་ཚངས་པ་དབང་ཕྱུག་ཁྱབ་འཇུག་གསུམ་བཤད་པའི་ཕྱི་མ་དེའོ། །ཉེ་དབང་ནག་པོ་ནམ་མཁའ་ལྡིང་ལ་བཞོན་པ་ཡང་འདི་ཡིན་པར་བཤད། ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་ཞེེས་པའི་དོན་རྒྱ་ཆེན་རིགས་བཞི་དང་དགའ་རབ་དབང་ཕྱུག་དང་བཅས་པ་ལྔས་ཕྱག་བྱས་པར་སློབ་དཔོན་ཤུ་རཱངྒ་བཛྲས་འཆད། ཚངས་པ་དང་དབང་པོ་དང་དབང་ཕྱུག་དང་ཁྱབ་འཇུག་བཞི་ལ་མིང་གི་རྣམ་གྲངས་མང་པོ་ཞིག་མངོན་བརྗོད་ལས་འབྱུང་སྟེ། ཚངས་པའི་མིང་གི་རྣམ་གྲངས་ནི། ཚིག་གཏེར་ལས། ཚངས་པ་སྐྱེས་བདག་ལྷ་ལས་རྒན། །མེས་པོ་མཆོག་གནས་གསེར་གྱི་མངལ། །ཞེས་སོགས་བཅོ་བརྒྱད་དང་། དབང་པོའི་མིང་ནི། དབང་པོ་དང་ནི་མ་རུ་ཏ། །ཞེས་སོགས་སོ་བཞི་དང་། དབང་ཕྱུག་གི་མིང་ནི། བདེ་འབྱུང་དབང་ཕྱུག་ཕྱུག་བདག་དང་། །ཞེས་སོགས་ལྔ་བཅུའི་སྐོར་དང་། ཁྱབ་འཇུག་གི་མིང་ནི། ཁྱབ་འཇུག་མི་ཡི་ཐེག་པ་དང་། །ཞེས་སོགས་སོ་དགུ་བཤད་ཅིང་། འགྲེལ་པར་དེ་ལས་མང་བ་ཞིག་བཤད་དོ། །ལེགས་ལྡན་ནག་པོ་ཆེན་པོ་ལྷ་མ་ཡིན་གྱི་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་པོ་ནི་མགོན་པོ་བེང་སྟེ། དེ་ནི་དུར་ཁྲོད་ན་གནས་པར་མོས་ཤིང་ཚངས་མ་དང་དབང་མོ་ལ་སོགས་མ་མོའི་ཚོགས་ཀྱིས་ཕྱག་བྱས་པའོ། །གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་འདི་ལ་མགོན་པོ་ཕྱག་དྲུག་པ་དང་དབང་ཕྱུག་ཆེན་པོ་གཉིས་ཀྱང་སྣང་ངོ་། །གདུང་བདུན་གྱི་སྐབས་འདིར་འཆད་ཚུལ་གཉིས་མཐོང་སྟེ། རྒྱ་འགྲེལ་ཤུ་རཱངྒ་བཛྲ་གྱིས་མཛད་པ་ལས། སངས་རྒྱས་རྣམ་པར་གཟིགས་ནི་དེ་བཞིན་གཤེགས་པའི་རིགས་སམ་གདུང་། གཙུག་ཏོར་ཅན་པདྨའི་གདུང་། ཐམས་ཅད་སྐྱོབ་རྡོ་རྗེའི་གདུང་། འཁོར་བ་འཇིག་ནོར་བུའི་གདུང་། གསེར་ཐུབ་གླང་པོའི་གདུང་། འོད་སྲུང་གཞོན་ནུའི་གདུང་། ཤཱཀྱ་ཐུབ་ཀླུའི་གདུང་རིགས་སུ་བཤད་ལ། ནམ་མཁའ་རྒྱལ་མཚན་པས། དེ་བཞིན་གཤེགས་པའི་གདུང་ངམ་རིགས་ནི་འཇམ་དཔལ་དང་གྲྭ་ལྔ་མ ི་གཡོ་བ་སོགས་དང་། པདྨའི་གདུང་ནི་སྤྱན་རས་གཟིགས་དང་སྒྲོ ལ་མ་རྟ་མགྲིན་སོགས་དང་། རྡོ་རྗེའི་གདུང་ནི་ཕྱག་རྡོར་དང་བདུད་རྩི་འཁྱིལ་བ་སོགས་དང་། ནོར་བུའི་གདུང་ནི་རྣམ་སྲས་དང་ནོར་བུ་བཟང་པོ་སོགས་དང་། གླང་པོའི་གདུང་ནི་ལྔས་རྩེན་དང་འཕྲོག་མ་ལ་སོགས་པ་དང་། གཞོན་ནུའི་གདུང་ནི་སྨིན་དྲུག་གི་བུའི་རིགས་དང་། ཀླུའི་གདུང་ངམ་རིགས་ནི་ནོར་རྒྱལ་ལ་སོགས་པའོ་ཞེས་བཤད་དེ། དེ་གཉིས་ཀ་ལའང་བརྟག་པར་བྱ་བའི་གནས་སུ་སྣང་སྟེ་རེ་ཞིག་གང་རུང་ངོ་། །འོན་ཀྱང་འདི་ཐམས་ཅད་ཀྱི་ཐོག་མར་བཅོམ་ལྡན་འདས་ཞེས་འབྱུང་བས་ཕྱི་མ་ཅུང་བདེ་བར་མི་སེམས་ཡང་། དེ་རྣམས་ཀྱི་རིགས་ཙམ་ལ་ནི་འཇིག་རྟེན་ལས་འདས་མ་འདས་གཉིས་འབྱུང་བ་མི་འགལ་ལ། སྔ་མས་གདུང་ད་ལྟར་ཡིན་པའི་རྒྱུ་མཚན་ཞིག་བཤད་འདུག་པ་ནི་མ་ངེས་པའི་སྒྲུབ་བྱེད་དུ་སྣང་ངོ་། །དེ་ནས་བདེ་གཤེགས་བཅུ་ལ་ཕྱག་འཚལ་བ་ནི། བཅོམ་ལྡན་འདས་ནི་བཤད་ཟིན་ལ། དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་ཤིང་མངོན་དུ་མཛད་པའོ། །སློབ་དཔོན་ཤུ་རཱངྒ་བཛྲ་གྱིས་སངས་རྒྱས་བཅུའི་ནང་གི་སྨན་བླ་ལྷོ་ཕྱོགས་ན་བཞུགས་པར་བཤད་པ་ནི་གཞན་ནས་དེ་ཤར་ན་བཞུགས་པར་བཤད་པ་དང་མི་མཐུན་ལ། ཤཱཀ་ཐུབ་བྱང་ན་བཞུགས་པར་བཤད་པ་ལྟར་ན་འདི་བདག་ཅག་གི་སྟོན་པ་མིན་པར་སེམས་ཡང་བཤད་པ་དེ་ལ་ཡིད་བརྟན་དཀའ་བར་སྣང་ངོ་། །གཉིས་པ་སྔགས་ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབ་ཚུལ་ལ་ལྔ། དཀྱིལ་འཁོར་སྔགས་དང་བཅས་པ་བཤད་པ། མི་ཤིས་པ་སྦྱང་བ། སྙིང་པོ་དང་ཐམས་ཅད་འཇོམས་པའི་སྔགས་བརྗོད་ནས་བར་ཆད་སྲུང་ཞིང་སེལ་བ། ཉེ་སྙིང་ཕན་ཡོན་དང་བཅས་པ་བཤད་པ། སྔགས་ཆར་འབབ་བཅས་བཤད་པའོ། །དང་པོ་ལ་གཉིས། ཁྲོ་མོ་བཅུ་བདུན་གྱི་དཀྱིལ་འཁོར་སྔགས་བཅས་བཤད་པ་དང་། ལྷ་མོ་བཅུ་གཅིག་གི་དཀྱིལ་འཁོར་སྔགས་བཅས་བཤད་པའོ། །དང་པོ་ལ་གསུམ། ནུས་པའི་ཡོན་ཏན་བརྗོད་པ། དཀྱིལ་འཁོར་གྱི་ལྷ་གྲངས་བསྟན་པ། སྲུང་བའི་སྔགས་བཤད་པའོ། །དང་པོ་ནི། ཕྱག་ཡུལ་དེ་རྣམས་ལ་ཕྱག་བཙལ་ནས་ཞེས་མཚམས་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་མཚན་མཆོག་དབུའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་པ་ཕྱག་མཚན་གྱི་སྒོ་ནས་མཚན་བཏགས་ཤིང་། བདུད་དང་བགེགས་ལ་སོགས་གཞན་གྱིས་མི་ཐུབ་པ༑ དེ་ཐམས་ཅད་ཕྱིར་ཟློག་པ་ཆེན་མོ་འདི་ནི། ནུས་པའི་ཡོན་ཏན་གྱི་ཁྱད་པར་འབྱུང་པོའི་གདོན་ཐམས་ཅད་ཚར་གཅོད་པར་བྱེད་པ། ཕ་རོལ་གཞན་གྱི་རིག་སྔགས་ཀྱི་ནུས་པ་ཐམས་ཅད་གཅོད་པར་བྱེད་པ། དུས་མ་ཡིན་པར་འཆི་བར་འགྱུར་བའི་གནོད་པ་ལས་ཟློག་པར་བྱེད་པ། སེམས་ཅན་གསོད་པ་དང་། ལྕགས་སྒྲོག་སོགས་ཀྱིས་བཅིངས་པ་ཐམས་ཅད་ལས་དགྲོལ་བར་བྱེད་པ། གཞན་གྱིས་སྡང་བ་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་ཐམས་ཅད་ཟློག་པར་བྱེད་པ། གནོད་སྦྱིན་དང་སྲིན་པོའི་གདོན་དང་གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇིག་པ་སྟེ་ཞི་བར་བྱེད་པའོ། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི་བརྒྱད་ཁྲི་བཞི་སྟོང་ངོ་། །ད་ལྟ་གདོན་རིགས་སུམ་བརྒྱ་དྲུག་ཅུར་གྲགས་ཀྱང་མི་འགལ་ཞིང་རགས་པའི་སྡེ་ཚན་ནི་འོག་ཏུ་འཆད་དོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི། ཕྱོགས་བཞིར་བྱ་བ་བྱེད་པ་ལ་བཟང་བའི་དབང་དུ་མཛད་ནས། སྨིན་དྲུག་སྣར་མ་མགོ་ལག་ནབས་སོ་རྒྱལ་སྐག་སྟེ་ཤར་སྐར་བདུན་དང་། མཆུ་གྲེ་དབོ་མེ་བཞི་ནག་པ་ས་རི་ས་ག་སྟེ་ལྷོ་སྐར་བདུན་དང་། ལྷ་མཚམས་སྣྲོན་སྣུབས་ཆུ་སྟོད་ཆུ་སྨད་བྱེ་བཞིན་གྲོ་བཞིན་ཏེ་ནུབ་སྐར་བདུན་དང་། མོན་གྲེ་མོན་གྲུ་ཁྲུམས་སྟོད་ཁྲུམས་སྨད་ཐ་སྐར་བྲ་ཉེ་སྟེ་བྱང་སྐར་བདུན་བཅས་ཉེར་བརྒྱད་པོ་ཐམས་ཅད་དགའ་བར་བྱེད་པ། ཉི་མ་ཟླ་བ་མིག་དམར་ལྷག་པ་ཕུར་བུ་པ་སངས་སྤེན་པ་སྒྲ་གཅན་ཏེ་གཟའ་ཆེན་པོ་བརྒྱད་འཇིག་པའམ་འཇོམས་པར་བྱེད་པ། ཕས་རྒོལ་གྱི་དགྲ་ཐམས་ཅད་ཕྱིར་ཟློག་པར་བྱེད་པ༑ སེམས་ཅན་མ་རུངས་པ་དང་། སྡང་སེམས་ཅན་དང་། རྨི་ལམ་ངན་པ་གཏོང་བ་ཐམས་ཅད་འཇིག་པར་བྱེད་པ། དུག་དང་མཚོན་ཆའི་གནོད་པ་ཐམས་ཅད་དང་། མེ་དང་ཆུའི་གནོད་པ་ལས་ཟློག་པར་བྱེད་པ། ཕྱི་མའི་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་སྒྲོལ་བར་བྱེད་པའི་ཡོན་ཏན་དང་ལྡན་པའོ། །འདིར་རྒྱུ་སྐར་རྣམས་དགའ་བ་དང་། གཟའ་རྣམས་འཇིག་པར་བྱེད་པའི་ཁྱད་པར་ཅི་ཞེ་ན། རྒྱུ་སྐར་རྣམས་ལྷ་མོ་ཡིན་པ་ལ་དགོངས་པར་སེམས་སོ། །གཉིས་པ་ལྷ་གྲངས་བསྟན་པ་ནི། གཞལ་ཡས་ཁང་གི་ནང་དུ་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བ་དང་། རྩིབས་བརྒྱད་དང་གྲྭ་བཞི་དང་སྒོ་བཞིར་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་གསུམ་གསུམ། གདན་དབུས་མའི་སྟེང་དུ་ཁྲོ་མོ་གཞན་གྱིས་མི་ཐུབ་མ་དྲག་ཤུལ་ཆེན་མོ་སྐུ་མདོག་ནག་མོ་ཕྱག་གཡས་རྡོ་རྗེ། རྩིབས་བརྒྱད་ལ་ཤར་དུ་གཏུམ་པ་ཆེན་མོ་སྟོབས་ཆེན་མོ་དཀར་མོ་གཡས་འཁོར་ལོ། ལྷོར་འབར་བ་ཆེན་མོ་གཟི་བརྗིད་ཆེ་སེར་མོ་གཡས་རྡོ་རྗེ། ནུབ་ཏུ་དཀར་མོ་ཆེན་མོ་གཟི་བརྗིད་འབར་བའི་འཕྲེང་བ་ཅན་གོས་དཀར་མོའི་ངོ་བོ་དམར་མོ་གཡས་པདྨ། བྱང་དུ་འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན་ལྗང་ཁུ་གཡས་སྣ་ཚོགས་རྡོ་རྗེ། བྱང་ཤར་དུ་རྒྱལ་བའི་རྡོ་རྗེ་འཕྲེང་བ་ཅན་དུ་གྲགས་པ་སྔོན་མོ་གཡས་དབྱུག་པ། ཤར་ལྷོར་པདྨའི་མངོན་མཚན་སེར་མོ་གཡས་རྡོ་རྗེ་ལྕགས་ཀྱུའི་ཕྱག་མཚན་ཅན། ལྷོ་ནུབ་ཏུ་གཞན་གྱིས་མི་ཐུབ་མ་དམར་མོ་གཡས་རྡོ་རྗེའི་ཕྲེང་བ་ཅན། ནུབ་བྱང་དུ་རྡོ་རྗེ་མཆུ་ཅན་རྣམ་སྒེག་མ་ལྗང་ཁུ་གཡས་རལ་གྲི་དང་། ཕྱིའི་ཤར་ལྷོར་ཞི་བ་ལྷ་རྣམས་ཀྱིས་མཆོད་མ་དཀར་མོ་གཡས་སྤོས་སྣོད། ལྷོ་ནུབ་ཏུ་ཞི་བ་མ་སེར་མོ་གཡས་གསེར་གྱི་ཕྲེང་བ་ཅན། ནུབ་བྱང་དུ་དཀར་ཆེན་འབར་བ་གོས་དཀར་མོ་ཅན་དཀར་དམར་གཡས་མར་མེ། བྱང་ཤར་དུ་འཕགས་མ་སྒྲོལ་མ་སྟོབས་མོ་ཆེ་ལྗང་ཁུ་གཡས་དྲིའི་དུང་ཆོས་དང་། ཤར་སྒོར་རྡོ་རྗེ་ལུ་གུ་རྒྱུད་གཞན་མ་སྔོན་མོ་གཡས་རྡོ་རྗེ་ལུ་གུ་རྒྱུད། ལྷོ་སྒོར་རྡོ་རྗེ་གཞོན་ནུ་རིག་འཛིན་མ་སེར་མོ་གཡས་ཞགས་པ། ནུབ་སྒོར་ལག་ན་རྡོ་རྗེའི་རིགས་གསེར་གྱི་ཕྲེང་བ་ཅན་དམར་མོ་གཡས་ལྕགས་ཀྱུ། བྱང་སྒོར་རྡོ་རྗེ་རིན་ཆེན་མ་ལེབ་རྒན་རྩི་དམར་ལྗང་གཡས་དྲིལ་བུ་འཛིན་པ། བཅུ་བདུན་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། གཡས་རྣམས་ཀྱིས་ཕྱག་མཚན་འཕྱར་སྟབས་དང་། གཡོན་པ་རྣམས་ཀྱིས་ཐུགས་ཀར་སྡིགས་མཛུབ་མཛད་པ། སྤྱན་གསུམ་དང་ལྡན་ཅིང་མཆེ་བ་ཅུང་ཟད་གཙིགས་པ། ཁྲོ་མོའི་ཆ་ལུགས་ཅན་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པའོ། །ལྷ་མོ་དེ་ཐམས་ཅད་ཀྱང་རྣམ་པར་སྣང་མཛད་ཀྱི་རིགས་དང་དེའི་གཙུག་ཏོར་ལས་འཁྲུངས་པས་རྡོ་རྗེའི་གཙུག་ཏོར་གྱི་རིགས་སུ་གྲགས་སོ། །གསུམ་པ་ནི། ཕྱག་རྒྱ་སྟེ་ལྷའི་དཀྱིལ་འཁོར་དང་། དེ་རྣམས་ཀྱི་སྔགས་ཀྱི་ཚོགས་ནི་འཆད་འགྱུར་ལྟར་སྔགས་ཀྱི་ཚོགས་སམ། ཡང་ན་ཕྱག་རྒྱ་གཙོ་མོ་དང་སྔགས་ཀྱི་ཚོགས་འཁོར་གྱི་ལྷ་དེ་དག་ཐམས་ཅད་ཀྱིས། བདག་ཅག་འཁོར་དང་བཅས་པ་དང་སེམས་ཅན་ཐམས་ཅད་སྲུང་དུ་གསོལ་ཞེས་པ་ནི་གསོལ་འདེབས་པའོ། །སྔགས་དོན་ལ། ༀ་ནི་བཀྲ་ཤིས་པ་དང་མཆོག་སོགས་དོན་བདུན་ལ་འཇུག་ཅིང་སྔགས་ཀྱི་འགོ་འདྲེན་ནོ། །སརྦ་ཐཱ་ག་ཏོ་ཥྞཱིཥ་སི་ཏཱ་ཏ་པ་ཏྲེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཞེས་པ་སྟེ་སོ་སོར་ཕྱེ་ན་སྔར་བཤད་པ་ལྟར་རོ། །ཛམྦྷ་ན་ཀ་རཱི་ནི་རྨུགས་པར་བྱེད་པ་སྟེ་དེ་ཡང་ཛམྦྷ་ན་ནི་རྨུགས་པ། ཀ་རཱི་ནི་བྱེད་པའོ། །རྨུགས་པའི་དོན་ནི་སྔགས་ཀྱིས་སེམས་བླུན་པར་བྱེད་པའོ། །སྟམྦྷ་ན་ཀ་རཱི་ནི་དེས་ལུས་རེངས་པར་བྱེད་པ། མོ་ཧ་ན་ཀ་རཱི་ནི་དེས་ཡིད་རྨོངས་པར་བྱེད་པ༑ ལམྦྷ་ན་ཀ་རཱི་ནི་བསྐྲོད་པར་བྱེད་པ། བ་ཧ་ན་ཀ་རཱི་ནི་དབྱེ་བར་བྱེད་པ། པ་ར་པི་ཥ་བྷཀྵ་ཎ་ཀ་རི་ན ི་ཕ་རོལ་གྱི་རིག་པ་ཟ་བར་བྱེད་པ་སྟེ་པ་ར་ནི་ཕ་རོལ། བི་ཥ་ནི་རིག་པ། བྷཀྵ་ཎ་ནི་ཟ་བའོ། །སརྦ་དུཥྚ་ན་པྲ་དུཥྚཱ་ཎཾ་སྟམྦྷ་ན་ཀ་རཱི་ནི་གདུག་པ་དང་རབ་ཏུ་གདུག་པ་ཅན་ཐམས་ཅད་རེངས་པར་བྱེད་པ་སྟེ། སརྦ་ནི་ཐམས་ཅད། དུཥྚ་ན་གདུག་པ། པྲ་ནི་རབ་ཏུ། དུཥྚཱ་ཎཾ་ནི་གདུག་པ་ཅན། སྟམྦྷ་ན་ནི་རེངས་པ་སྟེ་ལུས་གཡོ་འགུལ་བྱེད་མི་ནུས་པའོ། །སརྦ་ཡཀྵ་རཀྵ་ས་གྲ་ཧཱ་ནཾ་བི་དྷྭཾ་ས་ན་ཀ་རི་ནི་གནོད་སྦྱིན་དང་སྲིན་པོའི་གདོན་ཐམས་ཅད་འཇིག་པར་བྱེད་པ་སྟེ། ཡཀྵ་གནོད་སྦྱིན། རཱ ཀྵ་ས་སྲིན་པོ། གྲྭ་ཧཱ་ནཾ་གདོན། བི་དྷྭཾ་ས་ནི་འཇིག་པའོ། །སརྦ་བ་ར་བིདྱཱ་ཙྪེ་ད་ན་ཀ་རཱི་ནི་གཞན་གྱི་རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ་སྟེ། པ་ར་ནི་གཞན་ནམ་ཕ་རོལ། བིདྱཱ་ནི་རིག་སྔགས། ཙྪེ་ད་ནི་གཅོད་པའོ། །ཙ་ཏུར་ཤཱི་ཏི་ནཱཾ་གྲ་ཧ་ས་ཧ་སྲ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ནི་གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇིག་པར་བྱེད་པ་སྟེ། ཙ་ཏུ་ར་ནི་བཞི། ཤི་ཏི་ནཾ་ན ི་བརྒྱད་ཅུ། གྲ་ཧ་ནི་གདོན། ས་ཧ་སྲ་ཎཱཾ་ནི་སྟོང་ཕྲག་གོ །ཨཥྚ་བིཾ་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་སཱ་ད་ན་ཀ་རཱི་ནི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ་སྟེ། ཨཥྚ་ནི་བརྒྱད། བིཾ་ཤ་ཏཱི་ནཱཾ་ནི་ཉི་ཤུ། ནཀྵ་ཏྲཱ་ཎཱཾ་ནི་རྒྱུ་སྐར། པྲ་སཱ་ད་ན་ནི་དགའ་བའོ། །ཨཥྚཱ་ནཾ་མ་ཧཱ་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རཱི་ནི་གཟའ་ཆེན་པོ་བརྒྱད་འཇིག་པར་བྱེད་པ་སྟེ། ཨཥྚཱ་བརྒྱད། མ་ཧཱ་ཆེན་པོ། གྲ་ཧཱ་ཎཱཾ་གདོན་དང་ཟ་བར་བྱེད་པ་ལ་འཇུག་ཀྱང་འདིར་གཟའ། བི་དྷྭཾ་ས་ན་ཀ་རཱིི་ནི་འཇིག་པར་བྱེད་པའོ། །ཧཱུཾ་ཧཱུཾ་ཧྲཱིཿཥྚོཾཿབཞི་ནི་རིམ་པ་བཞིན་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱེད་པའོ་སློབ་དཔོན་ཤུ་རཱངྒ་བཛྲས་འཆད་ཅིང་། ཁ་ཅིག་ལྷའི་ས་བོན་དུ་བཤད་དེ་བརྟག །སྔགས་དེ་དག་གང་གི་ཡིན་པ་ནི། རྒྱ་འགྲེལ་དེ་ལས་གཙོ་མོ་དང་། རྩིབས་ཀྱི་ལྷ་མོ་བརྒྱད་དང་། སྒོ་བཞིི་ལྷ་མོ་བཞི་སྟེ་བཅུ་གསུམ་གྱི་སྔགས་སུ་བྱས་ནས། གྲྭའི་ལྷ་མོ་བཞིའི་སྔགས་ནི་རྩིབས་མཚམས་ཀྱི་ལྷ་མོ་བཞི་དང་འདྲ་བས་ལོ གས་སུ་མ་བཤད་ཅེས་འཆད་ལ། རིམ་པ་བཞིན་དུ་འབྱུང་པོོའི་གདོན་དང་། དུས་མ་ཡིན་པར་འཆི་བ་དང་། རྒྱལ་པོའི་ཆད་པ་དང་། རྨི་ལམ་ངན་པ་དང་། གནོད་སྦྱིན་དང་སྲིན་པོའི་གདོན་དང་། གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་། རྒྱུ་སྐར་དང་གཟའི་གནོད་པ་དང་། དུག་དང་མཚོན་དང་མེ་ཆུའི་གནོད་པ་དང་ངན་འགྲོའི་འཇིགས་པ་ལས་སྒྲོལ་ཅིག་ཅེས་བསྐུལ་ཞིང་། ཡི་གེ་བཞིས་བདུད་བཞི་དང་ཉོན་མོངས་པ་བཞི་དང་སྒྲིབ་པ་བཞི་སྦྱོང་ཞིང་ཡེ་ཤེས་བཞི་དགུག་གཞུག་གི་འཕྲིན་ལས་བཞི་བྱེད་པར་བཤད་དོ། །རཀྵ་རཀྵ་མཱཾ་སརྦ་སཏྭ་ནཉྩ་ནི་བདག་དང་སེམས་ཅན་ཐམས་ཅད་ལ་སྲུངས་ཤིག་སྲུངས་ཤིག་ཅེས་པ་སྟེ། རཀྵ་རཀྵ་ནི་སྲུངས་ཤིག །མཱཾ་ནི་བདག །སརྦ་སཏྭ་ནཉྩ་ནི་སེམས་ཅན་ཐམས་ཅད་ལ་ཞེས་པའོ། །སཏྭ་ཥྩ་དང་། ནཉྩ་ཞེས་པ་ཞིག་འབྱུང་སྟེ་འགལ་བ་མི་སྣང་ལ། ཙ་ནི་དང་རམ། ཀྱང་ཞེས་པའི་དོན་དུ་སེམས་སོ། །གཉིས་པ་ལ་གསུམ། གཙོ་མོའི་སྐུའི་ཡོན་ཏན་བརྗོད་པའི་སྒོ་ནས་བདེ་ལེགས་སུ་བྱེད་པ་དང་། འཁོར་གྱི་ལྷ་གྲངས་བསྟན་པ་དང་། སྲུང་བའི་སྔགས་བཤད་པའོ། །དང་པོ་ནི། སྤྱིར་གདུགས་དཀར་ལ་ཞལ་གཅིག་ཕྱག་གཉིས་མ་དང་ཞལ་གསུམ་ཕྱག་དྲུག་མ་བརྒྱད་མ་གསུམ་ཡོད་ཀྱང་། འདིར་ཕྱག་སྟོང་ཅན་ཏེ། དེ་ཡང་བཅོམ་ལྡན་འདས་ཞེས་པ་ནས། ཕྱིར་ཟློག་པ་ཆེན་མོ་ནི་སྔར་ལྟར་ལ། དེ་ཡང་སྐུ་མདོག་དཀར་པོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། སྒེག་པ་དང་དཔའ་བའི་ཉམས་ལྡན་གྱི་རྩ་ཞལ་ཉིས་བརྒྱ་དཀར། འཇིགས་སུ་རུང་བ་དང་རྒོད་པའི་ཉམས་ཅན་གྱི་གཡས་ཞལ་ཉིས་བརྒྱ་སེར། གཤེ་བ་དང་རྔམས་པའི་ཉམས་ཅན་གྱི་རྒྱབ་ཞལ་ཉིས་བརྒྱ་དམར། སྙིང་རྗེ་དང་ཞི་བའི་ཉམས་ལྡན་གྱི་གཡོན་ཞལ་ཉིས་བརྒྱ་ལྗང་། ངོ་མཚར་བ་དང་དྲག་པོའི་ཉམས་ཅན་གྱི་སྟེང་ཞལ་ཉིས་བརྒྱ་སྔོ། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་པ། དབུ་རེ་རེ་ལ་ཁྲོ་བོའི་རྡོ་རྗེས་མཚན་པ། དབུའི་སྟེང་དུ་གདུང་བདུན་དང་བདེ་གཤེགས་བཅུ་སོགས་སངས་རྒྱས་བྱེ་བ་ཕྲག་བདུན་གྱི་ཅོད་པན་འཆང་བ། ཕྱག་གཡས་ཀྱི་དང་པོས་འཁོར་ལོ་དང་བཅས་པའི་སྐྱབས་སྦྱིན་དང་། གཡོན་གྱི་དང་པོས་གདུགས་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་པ། གཡས་གཡོན་གྱི་ལྷག་མ་དགུ་བཅུ་རྩ་བརྒྱད་ན་འཁོར་ལོ་དང་མདའ། དེའི་ལྷག་མ་གཡས་ཀྱི་བཞི་བརྒྱས་རྡོ་རྗེ་རིན་པོ་ཆེ་པདྨ་སྣ་ཚོགས་རྡོ་རྗེ་རྣམས་བརྒྱ་ཕྲག་རེ་དང་། གཡོན་གྱི་བཞི་བརྒྱས་གཞུ་རལ་གྲི་ཞགས་པ་ལྕགས་ཀྱུ་རྣམས་བརྒྱ་ཕྲག་རེ་འཛིན་ཅིང་། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཞབས་གཡས་ལྔ་བརྒྱ་བརྐྱངས་པས་རྒྱལ་པོའི་འཇིགས་པ་སོགས་འཇིགས་པ་ཆེན་པོ་ཐམས་ཅད་གནོན་པའི་ཚུལ་དང་། གཡོན་ལྔ་བརྒྱ་བསྐུམས་པས་མདངས་འཕྲོག་པ་ལ་སོགས་པའི་གདོན་རྣམས་འཇོམས་པར་མཛད་པ། སྐུའི་ཆ་ཐམས་ཅད་ན་ཟུར་གྱིས་ལྟ་བ་དང་། ཆེར་བགྲད་པ་དང་། གློག་ལྟར་འགྱུ་བ་དང་། དྲག་ཏུ་གཟིར་བ་ལ་སོགས་པའི་སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། གར་དགུའི་ཉམས་དང་ལྡན་པ། བ་སྤུའི་བུ་ག་ཐམས་ཅད་ནས་ཡེ་ཤེས་ཀྱི་རྡོ་རྗེའི་མེ་རབ་ཏུ་འཕྲོ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན། དེའི་འོད་ཀྱིས་ས་སྟེང་ས་འོག་ས་བླའི་ས་གསུམ་གྱི་དཀྱིལ་འཁོར་འགེངས་པར་མཛད་པའོ། །སྤྱན་བྱེ་བ་བརྒྱ་སྟོང་ནི། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་སྟེ་སྤྱན་སྟོང་ཕྲག་གསུམ་དང་། གཞན་སྐུའི་ཆ་ཐམས་ཅད་ན་ཡོད་པས་གྲངས་ཁྱོན་བསྡོམས་ན་བྱེ་བ་བརྒྱ་སྟོང་མངའ་བའོ། །དེ་ཉིད་ཁྲག་ཁྲིག་ཆེན་པོ་གཅིག་ཡིན་ཏེ། བྱེ་བ་བཅུ་ལ་དུང་འཕྱུར་གཅིག །བྱེ་བ་བརྒྱ་ལ་ཐེར་འབུམ་གཅིག །བྱེ་བ་སྟོང་ལ་ཐེར་འབུམ་ཆེན་པོ་གཅིག །བྱེ་བ་ཁྲི་ལ་ཁྲག་ཁྲིག་གཅིག །བྱེ་བ་འབུམ་ལ་ཁྲག་ཁྲིག་ཆེན་པོ་གཅིག་ཡོད་པའི་ཕྱིར། གཉིས་པ་ནི། འཁོར་གྱི་ལྷ་མོ་བཅུ་ནི། ཤར་རྩིབས་ལ་རྣམ་པར་བསྒྱིངས་མ་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་ཨུཏྤལ། ལྷོར་གསེར་འོད་ལྟ་བུའི་སྤྱན་མངའ་མ་སེར་མོ་འཁོར་ལོ་དང་པདྨ། ནུབ་ཏུ་དཀར་མོ་པདྨར་རྡོ་རྗེ་དང་པདྨའི་སྡོང་པོ། བྱང་དུ་རྡོ་རྗེ་འགྲོས་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་ཨུཏྤལ། འདིར་གོ་རིམ་མི་འདྲ་བ་ཞིག་ཀྱང་སྣང་། བྱང་ཤར་དུ་པདྨའི་སྤྱན་དམར་མོ་འཁོར་ལོ་དང་པདྨ། ཤར་ལྷོར་ཟླ་བའི་འོད་དཀར་མོ་རྡོ་རྗེ་དང་ཟླ་བ། ལྷོ་ནུབ་ཏུ་སངས་རྒྱས་དཔལ་དམར་མོ་པདྨ་དམར་པོའི་སྟེང་ན་རྡོ་རྗེ་དང་སྣང་མཐའ། དེ་བཞིན་དུ་ནུབ་བྱང་དུ་པདྨའི་སྤྱན་སེར་མོ་སྣ་ཚོགས་རྡོ་རྗེ་དང་ཨུཏྤལ། ཤར་ངོས་ཀྱི་སྟེང་ཕྱོགས་སུ་རྡོ་རྗེ་ཉི་མའི་འོད་དམར་མོ་རྡོ་རྗེ་དང་ཉི་མ། དེ་བཞིན་དུ་ནུབ་ངོས་ཀྱི་སྟེང་ཕྱོགས་སུ་ཟླ་བ་རྡོ་རྗེ་དཀར་མོ་གཡས་རྡོ་རྗེ་དང་གཡོན་ཟླ་བ་བསྣམས་པའོ། །དེ་ཐམས་ཅད་ཀྱང་རྒྱན་ཆ་ལུགས་རྫོགས་པ་ཟླ་བའི་གདན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །གསུམ་པ་ནི། རིག་པ་གཙོ་མོ་དང་ཕྱག་རྒྱའི་འཁོར་དང་གསང་སྔགས་ཀྱི་ཚིག་དེ་དག་གིས་བདག་དང་སེམས་ཅན་ཐམས་ཅད་ལ་སྲུང་དུ་གསོལ་ཞེས་གསོལ་ཏེ། ༀ་རི་ཥི་ག་ཎ་སོགས་གསུངས་ལ། ༀ་ནི་འགོ་འདྲེན། རྀ་ཥི་ནི་དྲང་སྲོང་། ག་ཎ་ནི་ཚོགས། པྲ་ཤཱསྟ་ནི་རབ་ཏུ་བསྟན་པ་སྟེ། པྲ་ནི་རབ། ཤཱསྟ་ནི་བསྟན་པའོ། །སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲཱུཾ། དེ་བཞིན་དུ་ཛམྦྷ་ན་ཀ་རཱི། སྟམྦྷ་ན། མ་ཧཱ་བིདྱཱ་སམྦྷཀྵ་ཎ་ནི་རིག་པ་ཆེན་མོ་ཟད་པར་བྱེད་པ། པ་ར་བིདྱཱ་སཾ་བྷཀྵ་ཎ་ནི་གཞན་གྱི་རིག་སྔགས་ཟད་པར་བྱེད་པ། སརྦ་དུཥྚཱ་ནཱཾ་སོགས་སྔར་བཞིན་ནོ། །ཧཱུཾ་དྲཱུཾ་ནི་ཧཱུཾ་གི་རྡོ་རྗེས་གཅད་པ་དང་། དྲཱུཾ་གིས་ཕུར་བུས་གདབ་པའོ་ཞེས་བཤད། ཧཱུཾ་ཧཱུཾ་ནི་བསྐུལ་བར་བྱེད་པ་དང་། ཕཊ་ཕཊ་ནི་དོན་དེ་གསལ་བར་བྱེད་པའོ། །རཀྵ་རཀྵ་ནི་སྲུངས་ཤིག་གཉིས་དང་། མཱཾ་ནི་བདག་ལ། སྭཱ ཧཱ་ནི་གཞི་ཚུགས་ཤིག་པའོ། །འདིའི་ཛམྦྷ་ན་ནི་རྣམ་པར་བསྒྱིངས་པ། སྟམྦྷ་ན་གསེར་འོད་ལྟ་བུ། མ་ཧཱ་བིདྱཱ་སམྦྷཀྵ་ཎ་རྡོ་རྗེ་དཀར་མོ། པ་ར་བིདྱཱ་རྡོ་རྗེ་འགྲོས། སརྦ་དུཥྚཱ་ནཾ་པདྨའི་སྤྱན། སརྦ་ཡཀྵ་རཀྵ་ཟླ་འོད། ཙ་ཏུར་ཤཱི་ཏཱི་སངས་རྒྱས་དཔལ། ཨཥྚཱ་བིཾ་ཤཱ་ཏཱི་སྤྱན། ཨཥྚཱ་ནཾ་མ་ཧཱ་གྲ་ཧ་ནི་ཉི་འོད་དང་ཟླ་བ་རྡོ་རྗེ་འཛིན་གཉིས་ཀྱིི་སྔགས་སོ། །གཉིས་པ་མི་ཤིས་པ་སྦྱང་བ་ལ་གསུམ། ལྷའི་ཡོན་ཏན་བརྗོད་ནས་འཇིགས་པ་དང་གདོན་ལས་བདེ་ལེགས་སུ་བྱ་བ། ཟ་བ་པོའི་གདོན་རྣམས་ལས་སྲུང་བར་བྱེད་པ། གཞན་གྱི་རིག་སྔགས་གཅད་ཅིང་ཕུར་བུས་གདབ་པའོ། །དང་པོ་ལ་གཉིས། འཇིགས་པ་དང་། གདོན་ལས་བདེ་ལེགས་སུ་བྱ་བའོ། །དང་པོ་ལ་གཉིས། ལྷའི་ཡོན་ཏན་བརྗོད་པ་དང་། འཇིགས་པ་རྣམས་སྨོས་པའོ། །དང་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ཞེས་པ་ནས། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་པོ་ཞེས་པའི་བར་ཏེ་དོན་ནི་སྔར་ལྟར་རོ། །གཉིས་པ་ནི། དེ་ལྟ་བུའི་བཅོམ་ལྡན་འདས་མ་དེས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད། སྡིག་སྤྱོད་ཀྱི་རྒྱལ་པོའི་འཇིགས་པ་དང་། དེ་བཞིན་དུ་རྐུན་པོ་དང་། མེ་ཆུ་དང་། དུག་རིགས་དང་། མཚོན་ཆའི་རིགས་དང་། ཕ་རོལ་གྱི་དགྲའི་དམག་ཚོགས་དང་། མུ་གེ་དང་། རང་ལ་གནོད་པར་བྱེད་པའི་དགྲ་དང་། ཐོགས་སམ་ལྕེ་འབབ་པ་དང་། ཚེ་མ་ཟད་པར་དུས་མིན་དུ་འཆི་བ་སྟེ་འདི་ལ་མེ་ཆུ་སོགས་ཀྱིས་འཆི་བ་སོགས་དགུ་དང་གཞན་ཡང་གྲངས་མེད་པ་ཞིག་ཡོད་པར་བཤད། ས་གཡོ་བ་ནི་ས་འགུལ་བ་སྟེ་འདི་ལ་ཆུ་རླུང་འཁྲུགས་པའི་རྐྱེན་དང་། ཀླུ་ཆེན་པོ་འགའ་ཞིག་རྒྱ་མཚོ་ནས་ཕྱིར་འབྱུང་བ་དང་། སངས་རྒྱས་བྱང་སེམས་ཀྱི་ཆོ་འཕྲུལ་དང་། འཁྲུགས་པ་ཆེན་པོ་ཡོང་བའི་སྔ་ལྟས་སུ་ས་འགུལ་འབྱུང་བར་བཤད་ཅིང་སྤྱི་མཐུན་གྱི་ལས་ཀྱི་མཐུས་གཡོ་བ་སོགས་མང་ངོ་། །སྐར་མདའ་ལྷུང་བ་ནི་འདོད་ལྷའི་གཞལ་མེད་ཁང་ལས་མེའི་རྣམ་པ་མཆེད་ཅིང་འབྱུང་བའོ། །རྒྱལ་པོའི་ཁྲིམས་ཀྱི་ཆད་པ་དང་། ལྷ་དང་ཀླུའི་འཇིགས་པ་དང་། གློག་ནི་ཆར་དྲག་པོ་འབབ་པའི་དུས་སུ་ཚ་རེག་གི་འོད་འཁྱུག་པ་སྟེ། གཞུང་ཁ་ཅིག་ཏུ་ཐོག་ལ་བཤད། ནམ་མཁའ་ལྡིང་ནི་ཁྱུང་སྟེ་འདི་ཕྱིའི་རྒྱ་མཚོ་དང་ཉེ་བ་ན་མང་དུ་ཡོད་པར་བཤད་ཅིང་། འཇིག་རྟེན་པའི་ཁྱུང་ཀུན་གྱི་རྒྱལ་པོ་ནི་ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་འཁྱིལ་བའོ། །གཅན་གཟན་ཁྲོ་བོ་ནི་གཅན་གཟན་མ་རུངས་པ་སྟག་སེང་ལ་སོགས་པའི་འཇིགས་པའོ། །གཉིས་པ་གདོན་སོ་སོར་སྨོས་ནས་དེ་དག་ལས་སྲུང་དུ་གསོལ་བ་ནི། དེ་ལ་ལྷ་ནི་ཚངས་པ་དང་བརྒྱ་བྱིན་དང་ཉི་ཟླ་ལ་སོགས་པའོ། །གདོན་ནི་དེ་དག་གི་འཁོར་གྱི་རིགས་རྣམས་ཀྱི་གནོད་པས་འཛིན་པ་སྟེ་གྲྭ་ཧཱ་ནི་འཛིན་པ་ལའང་འགྲོ་བས་སོ། །ཀླུ་ནི་ཀླུ་ཆེན་བརྒྱད་དང་དེའི་འཁོར་གྱི་རིགས་སོ། །དྲི་ཟ་ནི་རྒྱལ་པོ་ཡུལ་འཁོར་སྲུང་གི་འཁོར་ན་ཡོད་ཅིང་ལྷའི་པི་ཝང་མཁན་དང་ཟས་སུ་དྲི་ཟ་བ་ཞིག་གོ །མིའམ་ཅི་ནི་དུད་འགྲོའི་རིགས་མི་དང་བྱད་དབྱིབས་དྲ་བ་ཞིག་སྟེ། ཁ་ཅིག་འདི་ནི་ལུས་མི་ལ་རྟའི་གདོང་པ་ཅན་དུ་ཡོད་པར་བཤད། ལྟོ་འཕྱེ་ཆེན་པོ་ནི་ས་བདག་ལྟོ་འཕྱེ་ཆེན་པོ་ལྟ་བུ་སྟེ་སྦྲུལ་གྱི་གཟུགས་ཅན་དུ་བཤད། གནོད་སྦྱིན་ནི་བྱང་ཕྱོགས་ལྕང་ལོ་ཅན་ན་གནས་ཤིང་གཞན་ལ་གནོད་ཅིང་མཆོད་སྦྱིན་ལེན་པའོ། །སྲིན་པོ་ནི་གཙོ་བོར་ལྷོ་ནུབ་ན་གནས་ཤིང་མིའི་ཤ་ཁྲག་སོགས་ཟ་བ་ལ་དགའ་བ་འཇིགས་སུ་རུང་བའི་གཟུགས་ཅན་ནོ། །ཡི་དྭགས་ནི་བཀྲེེས་ཤིང་སྐོམ་ནས་བཟའ་བཏུང་ཡིད་ལ་བཏགས་པ་དང་དེ་མིན་པ་གཞན་ཡང་མང་ངོ་། །ཤ་ཟ་ནི་ལུས་ཤིན་ཏུ་ཕྲ་བ་ཞིག་སྟེ་མི་ཤ་རྗེན་པར་ཟ་བ་ལ་དགའ་བའོ། །འབྱུང་པོ་ནི་བྱང་ཤར་ན་གནས་ཤིང་རི་རབ་ཀྱི་སྟེང་སོགས་ནའང་ཡོད་དེ། ཆ་གསུམ་གྱི་གཞུང་ལས། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །ཞེས་སོགས་འབྱུང་བ་ལྟར་རྣམ་གྲངས་ཤིན་ཏུ་མང་ངོ་། །སྲུལ་པོ་ནི་ལུས་གོས་ཧྲུལ་བ་ཞིག་དང་། ཆ་གསུམ་ཊཱི ཀར། ལུས་སྲུལ་པོ་ནི་ལུས་དྲི་ང་བ་སོགས་དང་རེ་ལྡེ་གོན་པའི་ཡི་དྭགས་ཀྱི་བྱེ་བྲག་གོ་ཞེས་འབྱུང་བ་ལྟར་དང་། སྐེམ་བྱེད་ནི་གཞོན་ནུ་གདོང་དྲུག་སྟེ་དེས་ལྷ་མ་ཡིན་གྱི་སྟོབས་སྐེམ་པར་བྱེད་པའོ། །བརྗེད་བྱེད་ནི་གཞན་གྱི་དྲན་པ་ཉམས་ཤིང་རྒྱལ་བར་བྱེད་པ་ཞིག་དང་། སྨྱོ་བྱེད་ནི་གཞན་གྱི་ཡིད་དྲན་མེད་དུ་སྨྱོ་བར་བྱེད་པ་ཞིག་གོ །གྲིབ་གནོན་ནི་གྲིབ་མས་གཞན་གནོན་ཅིང་གནོད་པར་བྱེད་པའོ། །གནོད་པོ་ནི་གཞན་ཉལ་པ་ལ་བྲང་ནས་གནོད་ཅིང་གནོད་པར་བྱེད་པའོ། །མཁའ་འགྲོ་མ་ནི་རིག་སྔགས་གྲུབ་ནས་ནམ་མཁའ་སོགས་ལ་འགྲོ་བའོ། །ནམ་གྲུ་ནི་ལྷ་མོ་རེ་མ་ཏི་འཁོར་བཅས་དང་། གཤིན་རྗེ་ནི་ལྷོ་ཕྱོགས་ན་གནས་ཤིང་གཤིན་པོ་དང་ཡི་དྭགས་ཀྱི་རྗེར་གྱུར་པའོ། །བྱ་ནི་བྱིས་པའི་གདོན་བྱའི་གཟུགས་ཅན་ཞིག་དང་། མ་མོ་དགའ་བར་བྱེད་པ་ནི་མ་མོ་བརྒྱད་པོ་དགའ་བར་བྱེད་པའོ། །འདིར་ཁ་ཅིག་ཀུན་ཏུ་འགྲོ་བ་ནི་མ་དག་སྟེ། ཀུན་ཏུ་གྲེ་བ་དང་ཀུན་ཏུ་འཆའ་བའོ་ཞེས་དང་། ཚེར་མ་འདོན་པ་ཡང་མ་དག་སྟེ། ཚེར་མ་དོར་བའམ་འདོད་པའོ་ཞེས་ཟེར་ཏེ་བརྟག །གདོན་ཞེས་པ་ནི་ལེན་པའམ་འཛིན་པའི་དོན་ཏེ་གདོན་གྱི་སྐད་དོད་གྲ་ཧཱ་ནི་ཉེ་བར་ལེན་པ་དང་འཛིན་པ་གཉིས་ཀ་ལ་འཇུག་པའི་ཕྱིར་རོ། །སྔར་སྨོས་པའི་འཇིགས་པ་དང་གདོན་དེ་ལས་བདག་སྲུང་ཞིང་བདེ་ལེགས་སུ་གྱུར་ཅིག་ཅེས་སོ། །གཉིས་པ་ནི། ཟས་སུ་མདངས་ཟ་བ་སོགས་ཏེ། དེ་ཡང་འདིར་སློབ་དཔོན་ཤུ་རཱངྒ་བཛྲ་གྱི་རྒྱ་གཞུང་ལྟར་ན། ཟས་སུ་མདངས་ཟ་བ་ལྷ། མངལ་ཟ་བ་ཀླུ། ཁྲག་ཐུང་བ་ལྷ་མིན། ཞག་ཟ་བ་གནོད་སྦྱིན། ཤ་ཟ་བ་སྲིན་པོ། ཚིལ་ཟ་བ་ཡི་དྭགས། རྐང་ཟ་བ་ཤ་ཟ། བཙས་པ་ཟ་བ་འབྱུང་པོ། སྲོག་འཕྲོག་པ་གྲུལ་བུམ། སྐྱུགས་པ་ཟ་བ་སྲུལ་པོ། ཕྱི་ས་ཟ་བ་ལུས་སྲུལ་པོ། གཅིན་འཐུང་བ་སྐྱེམ་བྱེད། སྟོར་ཁུང་ནས་འབབ་པ་འཐུང་བ་བརྗེད་བྱེད། ལྷག་མ་ཟ་བ་སྨྱོ་བྱེད། སྣབས་ཟ་བ་གྲིབ་གནོན། ངར་སྣབས་ཟ་བ་གནོན་པོ། མི་གཙང་བ་ཟ་བ་མཁའ་འགྲོ་མ། གཏོར་མ་ཟ་བ་ནམ་གྲུ། ཕྲེང་བ་ཟ་བ་གཤིན་རྗེ། དྲི་ཟ་བ་བྱའི་གདོན། མེ་ཏོག་ཟ་བ་མ་མོ་དགའ་བར་བྱེད་པ། འབྲས་བུ་དང་ལོ་ཏོག་ཟ་བ་ཀུན་ཏུ་འགྲོ། སྦྱིན་སྲེག་ཟ་བ་ཚེར་མ་འདོན་པ་དང་སྦྱར་རོ། །ཙནྡ་གོ་མིའི་གཞུང་དུ་གྲགས་པའི་གཏོར་ཆོག་ཞིག་ལས། མངལ་ཟ་བ་བརྒྱ་བྱིན། ཁྲག་ཐུང་བ་མཁའ་འགྲོ་མ། ཞག་ཟ་བ་མ་མོ། ཤ་ཟ་བ་གཤིན་རྗེ། ཚིལ་ཟ་བ་གཟའ། རྐང་ཟ་བ་སྲིན་པོ། བཙས་པ་ཟ་བ་མཁའ་ལྡིང་། སྲོག་འཕྲོག་པ་ཡུལ་འཁོར་སྲུང་། སྐྱུགས་པ་ཟ་བ་མིག་མི་བཟང་། གཅིན་འཐུང་བ་མིང་པོ་དང་སྲིང་མོ། སྟོར་ཁུང་འཐུང་བ་ཆུ་ལྷ། ལྷག་མ་ཟ་བ་སྲིན་མོ། མཆིལ་མ་འཐུང་བ་ཀླུ། སྣབས་ཟ་བ་ས་བདག །ངར་སྣབས་ཟ་བ་མི འམ་ཅི། མི་གཙང་བ་ཟ་བ་འབྱུང་པོ། གཏོར་མ་ཟ་བ་གནོད་སྦྱིན། ཕྲེང་བ་ཟ་བ་ཚངས་པ། དྲི་ཟ་བ་ལྟོ་འཕྱེ། གདུག་པ་ཟ་བ་རྣམ་སྲས། མེ་ཏོག་ཟ་བ་ལྷ་ཆེན། འབྲས་བུ་ཟ་བ་འཕགས་སྐྱེས་པོ། ལོ་ཏོག་ཟ་བ་རླུང་ལྷ། སྦྱིན་སྲེག་ཟ་བ་མེ་ལྷ་སྟེ། དེ་དག་འཁོར་དང་བཅས་པར་བཤད་ཅིང་། མདངས་ཟ་བ་དང་། ཕྱི་ས་ཟ་བ་སེམས་འཕྲོག་པ་ལ་བཤད་པ་མི་སྣང་། བོད་ཀྱི་གདུགས་དཀར་གྱི་བཟློག་ཆེན་འགའ་ཞིག་ལས། ཕྲེང་བ་ཟ་བ་ཚངས་གདོན། དྲི་ཟ་བ་ཡུལ་འཁོར་སྲུང་། འབྲས་བུ་ཟ་བ་འཕགས་སྐྱེས་པོ། སྐྱུགས་པ་ཟ་བ་མིག་མི་བཟང་། གདུག་པ་ཟ་བ་རྣམ་ཐོས་སྲས། མངལ་ཟ་བ་རྒྱ་བྱིན། སྦྱིན་སྲེག་ཟ་མེ་ལྷ། ཤ་ཟ་གཤིན་རྗེ། རྐང་ཟ་སྲིན་པོ། མེ་ཏོག་ཟ་དབང་ཕྱུག །མཆིལ་འཐུང་ཀླུ། ལོ་ཏོག་ཟ་རླུང་ལྷ། གཏོར་མ་ཟ་གནོད་སྦྱིན། མི་གཙང་ཟ་འབྱུང་པོ། ཚིལ་ཟ་གཟའ། སྣབས་ཟ་ས་བདག །རྣག་ཟ་ལྷ་མིན། ངར་སྣབས་ཟ་མིའམ་ཅི། ཞག་ཟ་མ་མོ། ཁྲག་འཐུང་མཁའ་འགྲོ་མ། བཙས་ཟ་མཁའ་ལྡིང་། གཅིན་འཐུང་སྲིང་མོ་བཞི། ལྷག་མ་ཟ་བ་སྲིན་མོ། དྲི་ཟ་བ་ལྟོ་འཕྱེ་དང་སྦྱར་ཞིང་གོ་རིམ་སྔ་མ་དང་མི་འདྲ་ཡང་དོན་ཕལ་ཆེར་འདྲའོ། །འདི་དག་གི་སྒྲས་ཟིན་གྱི་དོན་ལྟར་ཟ་རྒྱུ་ལ། ཟས་སུ་མདངས་ཟ་བ་ནི་མདངས་ནི་གཟི་མདངས། མངལ་ནི་ཤ་མ་ལྟ་བུ། ཁྲག་ནི་ཁྲག་སྣ། ཞག་ནི་ཤ་ཚིལ་བཙོས་པའི་ཞག །ཤ་ནི་ཤ་རྗེན། ཚིལ་ནི་ཤ་ཚིལ། རྐང་མར་ནི་རུས་པའི་ནང་གི་རྐང་། བཙས་པ་ནི་སེམས་ཅན་བཙས་པའི་ཁྱད་པར་ཞིག་ལ་སྦྱར་དགོས་པ་ལྟར་སྣང་ཡང་། བུ་ར མ་དང་ཤིང་ཀུན་སྦྱར་བ་ལ་ཡང་བཤད། ཚེ་སྲོག་འཕྲོག་པ་སྟེ་གཅོད་པ། སྐྱུགས་པ་ནི་ཁ་ནས་སྐྱུགས་པའི་ཟས་ཆུ། ཕྱི་ས་ནི་དྲི་ཆེན། གཅིན་ནི་དྲི་ཆུ། སྟོར་ཁུང་ནི་དགོན་གྲོང་གི་ཆུ་འབབ་པའི་ཁུང་བུ། ཁའི་མཆིལ་མ། སྣའི་སྣབས། ཁ་ལུད་ཀྱི་ངར་སྣབས། ཁ་ཟས་མི་གཙང་བ། གླུད་ཀྱི་གཏོར་མ། བོ་ཏི་ཙི་སོགས་ཀྱི་ཕྲེང་བ། ཙནྡན་སོགས་ཀྱི་དྲི། སྦྱར་བའི་སྤོས། མར་གྱི་སྦྱིན་སྲེག །སྙིང་རླུང་སོགས་ཀྱིས་སེམས་འཁྲུགས་པ་དང་། མེ་ཏོག་སྣ་ཚོགས་དང་། ཤིང་ཏོག་གི་འབྲས་བུ་དང་། ལོ་ཏོག་སྣ་ཚོགས་སོ། །འདི་དག་གི་དོད་དུ་མི་འདྲ་བ་འགའ་ཞིག་བཤད་པ་ནི། མངལ་དང་སྲོག་འཕྲོག་པ་ཞེས་པ་ལ་མངར་གསུམ། སེམས་འཕྲོག་པ་ལ་རྒུན་ཆང་། སྐྱུགས་པ་ལ་སྨན་དང་སྦྲང་རྩི། ཕྱི་ས་ལ་ཙམ་པ། གཅིན་ལ་ཆང་། སྟོར་ཁུང་ནས་འབབ་པ་ལ་ཆུ་སྣ་སྣ་ཚོགས། མཆིལ་མ་ལ་སྦྲང་རྩི། སྣབས་ལ་བྱ་མོའི་སྒོ་ང་། ངར་སྣབས་ལ་བྱ་ཕོའི་སྒོ་ང་། མི་གཙང་བ་ལ་སྒོག་གཙོང་། གཏོར་མ་ལ་འཁུར་བ་རྣམས་བཤད་ཅིང་། མི་འདྲ་བ་གཞན་ཡང་ཡོད་ལ། ཕྲེང་བ་དང་དྲི་དང་བདུག་པ་དང་སྦྱིན་སྲེག་དང་མེ་ཏོག་དང་འབྲས་བུ་དང་ལོ་ཏོག་རྣམ་སྔར་དང་འདྲའོ། །དེ་དག་ནི་འདིར་རྣམ་གྲངས་ཤེས་པའི་ཆེད་ཙམ་དུ་བཀོད་དོ། །གསུམ་པ་ནི། གོང་དུ་བརྗོད་པའི་གདོན་དེ་དག་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། གཅད་པ་དང་། ཕུར་བུས་གདབ་པ་ནི། ཤུ་རཱངྒ་བཛྲས། གདོན་དེ་དག་ཐམས་ཅད་ཀྱི་གཟུགས་དང་རིག་སྔགས་རྣམས་ལིངྒ་ལ་མཚོན་གྱིས་བཏབ་ནས་གཅད་ཅིང་། ལིངྒ་ལ་ཕུར་བུས་བཏབ་ནས་མནན་པ་བྱའོ་ཞེས་བཤད་ལ། དོན་དུ་དེ་དག་གི་རིག་སྔགས་ཀྱི་ནུས་པས་རང་ལ་མི་ཚུགས་པར་མཛད་པ་ལ་དེ་གཅད་པ་དང་། རིག་སྔགས་ཀྱིས་བྱ་བ་སྒྲུབ་མི་ནུས་ཤིང་གཡོ་འགུལ་མེད་པར་མཛད་པ་ལ་ཕུར་བུས་གདབ་པར་བཞག་ཀྱང་ཆོག་སྙམ་མོ། །ལོ་ཙཱ་བློ་ལྡན་ཤེས་རབ་ཀྱི་འགྱུར་ལས། རིག་སྔགས་རིག་པའི་རལ་གྲིས་གཅད་དོ། །རྡོ་རྗེའི་ཕུར་བུས་གདབ་བོ་ཞེས་ཀྱང་འབྱུང་ངོ་། །གཅད་དོ་ཞེས་གས་འཕུལ་མཛད་པ་ནི་གཅད་པར་བྱ་བའི་དོན་ཡིན་གྱི། བཅད་ཟིན་པའི་དོན་མིན་པའོ། །ཀུན་ཏུ་རྒྱུ་ནི་ཕྱི་རོལ་པའི་རྣལ་འ བྱོར་པ་དང་དེའི་རིགས་ཞིག་སྟེ། མདོ་སྡེ་སོགས་ལས་ཤེས་སོ། །མཁའ་འགྲོ་དང་མཁའ་འགྲོ་མ་ནི་ཨུ་རྒྱན་ཡུལ་ན་མང་ཞིང་རིག་སྔགས་གྲུབ་པ་སྟེ་ཕྱི་ནང་གི་མཁའ་འགྲོ་ཕོ་མོ་གཉིས་སོ། །སྔར་བཤད་པའི་ཚངས་པ་དང་། ལྷ་དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་འཁོར་དང་ལྷན་ཅིག་པ་དང་། སྔར་གྱི་ལེགས་ལྡན་ནག་པོ་ཆེན་པོ་དང་། ཚངས་མ་དང་། དཔའ་མོ་དང་། ཁྱབ་འ ཇུག་མ་དང་། ཕག་མོ་དང་། གཞོན་ནུ་མ་སོགས་མ་མོ་རྣམས་དང་། མི་མགོའི་ཐོད་པའི་ཕྲེང་བས་བརྒྱན་པ་དང་། རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཀུན་གྲུབ་པ་སྟེ་མིང་པོ་གསུམ་དང་། དགའ་བ་མོ་དང་། གསོད་པ་མོ་དང་། གྲུབ་པ་མོ་དང་། ཞིབ་མོ་སྟེ་སྲིང་མོ་བཞི་སྟེ་མི་འདྲ་བ་ཞིག་ཀྱང་བཤད། དབང་ཕྱུག་གི་འཁོར་བྷྲིང་གི་རི་ཏི་དང་། དགའ་བྱེད་དབང་ཕྱུག་དང་། དེའི་བུ་ཚོགས་ཀྱི་བདག་པོ་འཁོར་དང་ལྷན་ཅིག་པ་སྟེ་འདི་དག་ནི་ལྷ་ཆེན་ཡིན་ནོ། །དགེ་སྦྱོང་གཅེར་བུ་ནི་ཕྱི་རོལ་པའི་དགེ་སྦྱོང་གོས་མེད་པར་རྒྱུ་བ་སྟེ་གཅེར་བུ་པའོ། །དགེ་སྦྱོང་མགོ་རེག་ནི་སྐྲ་རིང་པོར་བཞག་པའི་དགེ་སྦྱོང་ཞིག་ལ་བཤད་པ་དང་། རལ་པ་སྐྲ་བྲག་པའི་དགེ་སྦྱོང་ལ་བཤད་པ་གཉིས་སོ། །དགྲ་བཅོམ་པ་དང་། འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོངས་པ་དང་། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་དང་། ལག་ན་རྡོ་རྗེ་ནི་ཕྱག་ན་རྡོ་རྗེ་སྟེ་རྒྱུད་ཀྱི་སྐོར་ན་འདི་གཉིས་ཀྱི་དབང་དུ་མཛད་པའི་ལས་ཚོགས་མང་པོ་འབྱུང་བའི་ནང་ཚན་དྲག་པོའི་རིག་སྔགས་ལ་དགོངས་པ་གསལ་ལ། དེ་ཡང་འདི་རྣམས་ཀྱི་སྒོ་ནས་རང་གཞན་ལ་གནོད་པའི་རིག་སྔགས་ཀྱི་ནུས་པ་ཡང་གཅོད་ནུས་ན་གཞན་ལྟ་ཅི་སྨོས་ཞེས་གཟུངས་འདིའི་ཆེ་བ་བརྗོད་པའོ། ཁ་ཅིག་དེ་གཉིས་སྤྱན་རས་གཟིགས་དང་ཕྱག་རྡོར་དངོས་མིན་ཏེ། རྗེའི་ཞལ་ནས། གང་གི་སྒོ་ནས་མི་བསྲུན་སྐྱེ་བོ་ཡིས། །ཞེས་སོགས་གསུངས་ཞེས་ལུང་འདྲེན་པར་སྣང་ཡང་མ་ངེས་ཏེ། དེ་ལྟར་ཡིན་ན་དགྲ་བཅོམ་པ་དང་ཕྱིར་མི་འོངས་པ་ཡང་དེ་གཉིས་དངོས་མ་ཡིན་པར་ཐལ་བའི་ཕྱིར་ཏེ། དེ་དག་མི་བསྲུན་པའི་སྐྱེ་བོ་མ་ཡིན་པའི་ཕྱིར་རོ། །འདོད་ན་དེ་གཉིས་དངོས་མིན་པར་བཤད་པ་དང་འགལ་ལོ། །དེས་ན་མི་བསྲུན་སྐྱེ་བོ་ནི་ལྷ་དེ་དག་གི་སྔགས་སྦྱོར་ལ་བརྟེན་ནས་རང་གཞན་ལ་གནོད་པའི་སྦྱོར་བ་བྱེད་པ་ལ་དགོངས་ཀྱི། སྔགས་ཀྱི་ལྷ་དེ་དག་མི་བསྲུན་པ་ཡིན་མི་དགོས་ཏེ། དགོས་ན། གསང་བདེ་འཇིགས་གསུམ་ལ་སོགས་ཀྱི་རྒྱུད་ནས་ཕ་རོལ་ལ་དྲག་པོའི་ལས་སྦྱོར་མང་དུ་གསུངས་པས་ཡི་དམ་གྱི་ལྷ་དེ་རྣམས་ཀྱང་མི་བསྲུན་པ་ཉིད་དུ་ཐལ་བར་འགྱུར་རོ། །སྤྱིར་ཕོ་ཉ་ནི། བང་ཚན་དང་། བྲན་ནི་གཡོག་འཁོར་ཡིན་པར་བཤད་ཅིང་། རྣམ་གྲངས་མང་ལ། འདིར་རྒྱ་འགྲེལ་ལས་ཕོ་ཉ་ཕྱོགས་སྐྱོང་ལ་བཤད་ཅིང་། ཁ་ཅིག་ཕོ་ཉ་པདྨ་འཛིན། ཀུན་ཏུ་སྣང་བ། རྡོ་རྗེ་སྡེ་དཔོན། བྲན་དགའ་བའི་དཔལ། འབར་བའི་གཟི་བརྗིད། རྡོ་རྗེ་དགའ་བྱེད་རྣམས་ལ་བཤད། དེ་དག་ལ་ཕོ་མོ་གཉིས་སུ་དབྱེའོ། །ལྷ་མིའི་དྲང་སྲོང་གི་ཚོགས་དང་། ལྷའི་ཚོགས་དང་། མི་འཕྲོད་པ་ཟ་བ་ནི་ཟས་མི་མཐུན་པ་སྣ་ཚོགས་ཟ་བའི་བདག་པོ་སྟེ། དེ་རྣམས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ་ཞེས་པའོ། །འདི་དག་གི་སྐོར་ལ་བཤད་ཚུལ་མི་འདྲ་བ་འགའ་རེ་སྣང་ངོ་། །གསུམ་པ་ལ་གཉིས། སྙིང་པོ་དང་། ཐམས་ཅད་འཇོམས་པའི་སྔགས་སོ། །དང་པོ་ནི། ཤུ་རཱངྒ་བཛྲ་གྱིས་སྐབས་འདིར་གདུགས་དཀར་ཞལ་ལྔ་ཕྱག་བརྒྱད་མ་སྒོམ་པར་བཤད་ཅིང་། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་ཞེས་པ་ནས། ཕྱག་འཚལ་ལོ་ཞེས་པའི་བར་དང་། སྲུང་དུ་གསོལ་ཞེས་པའི་བར་ནི་སྔར་ལྟར་རོ། །སྔགས་ཀྱི་དོན་ནི། ༀ་ནི་འགོ་འདྲེན། ཨ་སི་ཏ་ནས་ཏ་པ་ཏྲེའི་བར་ལ་དོན་ཅུང་ཟད་མི་འདྲ་བ་གསུམ་སྟེ། མི་ཐུབ་པའི་ཉི་མའི་འོད ཟེར་འཕྲོ་བའི་གདུགས་དཀར་པོ་ཅན་ཞེས་དང་། ཤིན་ཏུ་ཚ་བའི་མེ་དང་ཉི་མའི་འོད་ཟེར་འཕྲོ་ཞིང་རྒྱས་པའི་ཆེད་དུ་སྐྱོབ་པ་དཀར་པོ་ཅན་ཞེས་དང་། ཉི་མའི་འོད་ཀྱིས་ཁ་ཕྱེ་བའི་གདུགས་དཀར་པོ་ཅན་ཞེས་པ་གསུམ་འབྱུང་ཞིང་། ཁོ་བོ་ལྟར་ན། ཨ་སི་ཏ་ནི་ཤིན་ཏུ་ཚ་བ། ཨ་ན་ལེ་ནི་མེ། ཨརྐ་ནི་ཉི་མ། པྲ་བྷཱ་ནི་འོད། སྥུ་ཊ་ན ི་འཕྲོ་བ། བི་ཀ་ནི་རྒྱས་པ། སི་ཏ་ནི་དཀར་པོ། ཏ་པ་ཏྲེ་ནི་གདུགས་སོ། །ཞེས་བྱའོ། །ༀ་ནི་དཔལ། ཛྭ་ལ་ཛྭ་ལ་ནི་འབར་བར་གྱིས་ཤིག་གཉིས། ཁཱ་ད་ཁཱ་ད་ནི་ཟོ་ཟོ། ཧ་ན་ཧ་ན་བསྣུན་བསྣུན། ད་ཧ་ད་ཧ་སྲེགས་སྲེགས། ད་ར་ནི་འཇོམས་ཤིག །བི་ད་ར་ནི་རབ་ཏུ་བཤིག་པའམ་རྣམ་པར་འཇོམས་ཤིག་པའོ། ཁ་ཅིག་དྷ་ར་དྷ་ར། བིདྷ་ར་བིདྷ་ར་ཞེས་བྱས་ནས་ཟུངས་དང་རབ་ཏུ་ཟུངས་ཤིག་ལ་བསྒྱུར་ཀྱང་སྔ་མ་ལེགས་སོ། །ཚིནྡ་ནི་ཆོད་ཅིག །བིནྡ་ནི་ཕུག་ཅིག་ཅེས་པའོ། །ཧཱུཾ་ཧཱུཾ་ནི་བསྐུལ་བ། ཕཊ་ཕཊ་ནི་གསལ་བ། སྭཱཧཱ་ནི་གཞི་ཚུགས་པའོ། །དེ་དག་དོན་དང་སྦྱར་ན། ཛྭ་ལ་ནི་རྡོ་རྗེ་འབར་བ། ཁཱ་ད་ནི་རལ་གྲིས་གཅོད་ཅིང་ཟ་བ། ཧ་ན་ནི་གཏུན་ཤིང་གིས་བསྣུན་པ༑ ད་ར་ནི་འཁོར་ལོ་འཆང་བའམ་དེས་འཇོམས་པ། བི་ད་ར་ནི་ལྕགས་ཀྱུས་འཛིན་པའམ་འཇོམས་པ། ཙྪིནྡ་ནི་དགྲ་སྟས་གཅོད་པ། བིནྡ་ནི་མདུང་གིས་ཕུག་པའོ་ཞེས་བཤད་དེ། དེ་དག་ནི་སྙིང་པོའོ། །གཉིས་པ་ནི། ཧེ་ཧེ་ཕཊ་ནི་ཀྱེ་ཀྱེ། ཧོ་ཧོ་ཕཊ་ནི་མཉེས་པར་བྱེད་པ་གཉིས། ཨ་མོ་གྷ་ཡ་ནི་དོན་ཡོད་པ། ཨ་པྲ་ཏི་ཧ་ཏཱ་ཡ་ནི་ཐོགས་པ་མེད་པ་སྟེ་ཨ་ནི་མེད་པ། པྲ་ཏི་ཧ་ཏ་ནི་ཐོགས་པའོ། ཁ་ཅིག་སོ་སོར་འབྲང་བ་ཞེས་བསྒྱུར་བ་ནི་དོན་མིན་ནོ། །བ་ར་དཱ་ཡ་ནི་མཆོག་ཏུ་སྦྱིན་མའམ་སྩོལ་མ། ཁ་ཅིག་དྷ་ར་ཞེས་བྱས་ནས་འཛིན་པར་བསྒྱུར་ཡང་སྔ་མ་བདེའོ། །པ་ར་པྲ་དཱ་ཡ་ནི་མཆོག་རབ་ཏུ་སྦྱིན་མ་སྟེ་བར་ནི་མཆོག །པྲ་ཏི་ནི་རབ། དཱ་ཡ་ནི་སྦྱིན་མའོ། ཁ་ཅིག་དྷ་རར་བྱས་ནས་འཛིན་པར་བསྒྱུར་ཡང་མི་བདེ། པྲ་ཏྱ་དྒིར་ཏཱ་ནི་ཕྱིར་ཟློག་པ། ཨ་སུ་ར་ནི་ལྷ་མ་ཡིན་ནམ་ཆང་མེད་དེ། དེ་ཡང་སུ་ར་ནི་ཆང་། ཨ་ནི་དགག་ཚིག་ཏུ་བྱས་ནས་ཆང་མེད་དེ་ལྷ་མ་ཡིན་དུ་བསྒྱུར་རོ། །བི་དྲྭཱ་བ་ཎ་ནི་རྣམ་པར་འཚེ་བ་སྟེ། བི་ནི་རྣམ་པར། དྲཱ་བ་ཎ་ནི་འཚེ་བ། ཀ་རཱ་ནི་བྱེད་པའོ། །བ་ར་བི་དྲྭཱ་བ་ཎ་སོགས་ནི་གཞན་གྱིས་རྣམ་པར་འཚེ་བར་བྱེད་པ་སྟེ། བ་ར་ནི་གཞན། བི་དྲཱ་པ་ཎ་སོགས་སྔར་ལྟར་རོ། །ཡ་རྣམས་ནི་རྣམ་དབྱེ་བཞི་པ་སྟེ་ལ་ཞེས་པའི་དོན་ཤུ་རཱངྒ་བཛྲ་གྱིས། ཧེ་ཧེ་ནས་འདིའི་བར་གྱི་རྣམ་པར་བསྒྱིངས་མ་ནས་ཟླ་བ་རྡོ་རྗེ་འ ཛིན་གྱི་བར་གྱི་ལྷ་མོ་རྣམས་གཙོ་མོའི་དབུ་ནས་མིག་གཡོན་པར་སྒོམ་པ་དང་། ཤར་སོགས་ལ་ཨིནྡྲ་ཡེ་ཕཊ་སོགས་ཀྱིས་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བརྒྱད་དང་། གཤིན་རྗེ་མ་བཞི་དང་། ཞིང་སྐྱོང་བསྐོར་བཤད་དོ། །དེ་ནས། སརྦ་དེ་བེ་བྷྱཿཕཊ། ལྷ་ཐམས་ཅད་ལ་ཞེས་པ་སྟེ། སརྦ་ནི་ཐམས་ཅད། དེ་བེ་ནི་ལྷ། བྷྱཿནི་ལ་སྟེ་ཆེད་དུ་ཞེས་པ་རྣམ་དབྱེ་བཞི་པ་ཡིན་ཏེ། ཀུན་རིག་ཆ་གསུམ་གྱི་ཊཱིཀྐར། པྲི་ཐི་ཝི་བྷྱཿནི་འོག་གི་ས་ལྷའི་ཆེད་དུ། ཨ་སུ་ར་བྷྱཿནི་ལྷ་མ་ཡིན་གྱི་ཆེད་དུ། ནཱ་གེ་བྷྱཿནི་ཀླུའི་ཆེད་དུ་ཞེས་པའོ་ཞེས་འབྱུང་བ་བཞིན་ནོ། །དེ་བཞིན་དུ་ནཱ་གེ་ཀླུ། རཀྵ་སེ་སྲིན་པོ། བྷཱུ་ཏེ་འབྱུང་པོ། པྲེ་ཏེ་ཡི་དྭགས། པི་ཤཱ་ཙེ་ཤ་ཟ། ཀུཥྨནྡེ་གྲུལ་བུམ། པཱུ་ཏ་ནི་སྲུལ་པོ། ཀ་ཊ་ནེ་པཱུ་ཏ་ནི་ལུས་སྲུལ་པོ། སྐནྡྷེ་སྐེམ་བྱེད། ཨུནྨཱ་དེ་སྨྱོ་བྱེད། ཙྪཱ་ཡེ་གྲིབ་གནོན། ཨ་པ་སྨཱ་རེ་བརྗེད་བྱེད། ཨོསྟཱ་ར་གེ་གནོན་པོ། ཌཱ་ཀི་ནི་མཁའ་འགྲོ །རེ་བ་ཏི་ནམ་གྲུ། ཡ་མ་ཡེ་གཤིན་རྗེ། ཤ་ཀུ་ནི་བྱ། མཱ་ཏྲི་ནནྡི་ཀེའམ། མཱ་ཏྲི་ག་ཎ་ནི་མ་མོའི་ཚོགས་ཏེ། མ་ཏྲི་མ་མོ། ག་ཎ་ཚོགས་སོ། །ཀམྦུ་ཀེ་མ་ནི་ཀུན་ཏུ་འགོ་བའམ་གྲེ་བ། ཨ་བ་ལཾ་བྷ་ཀེ་ནི་རེ་ལྡེ་འདོན་པ། ཀ་ཊ་ཊ་ནི་ཚེར་མ་འདོར་བའམ་འདོན་པ། གནྡྷ་རྦེ་ནི་དྲི་ཟ་མོ། ཨ་སུ་ར་ལྷ་མིན། ཀིནྣ་རེ་མིའམ་ཅི། ག་རུ་ཌེ་མཁའ་ལྡིང་། མ་ཧོ་ར་གེ་ལྟོ་འཕྱེ་ཆེན་པོ་སྟེ། དེའི་མ་ཧཱ་ཆེན་པོ། ཨུར་ལྟོ་བ། གེ་འཕྱེ་བ་སྟེ། མ་ཧོ་ན་ཧཱིའི་སྲོག་གི་ཨཱ་ཨུ་ལ་ཨོར་སོང་བའོ། །ཡཀྵ་གནོད་སྦྱིན། དུར་ལཾ་གི་ཏེ་སྒོམ་ཉེས་སམ་སྲིན་པོ། དུཥྤྲ་ཏེ་ལྟ་ཉེས་སམ་ཡི་དྭགས། ཛྭ་རེ་རིམས། བྷ་ཡེ་འཇིགས་པ། ཨུ་པ་དྲ་བེ་ཉེ་བར་འཚེ་བ་སྟེ་ཨུ་པ་ཉེ་བར། དྲ་བེ་འཚེ་བའོ། །ཨུ་པ་སརྒེ་ཉེ་བར་བསྒྱུར་བ་སྟེ། སྔ་མ་ལ་སྲུལ་པོ་དང་། འདི་ལ་ལུས་སྲུལ་པོར་བསྒྱུར་བའང་སྣང་སྟེ་བརྟག །ཀྲྀཏྱ་ཀརྨ་ཎི་བྱེད་ཀྱི་ལས། ཀ་ཁོ་རྡེ་བྱ་བ། ཀི་ར་ཎ་གཡང་བྱེད་པ། བཻ་ཏཱ་ཊ་རོ་ལངས་མའམ་རོ་ལངས་ཀྱི་རྩོད་པ། ཙཙྪེ་པྲ་ཤ་ཀ་སེམས་བསྒྱུར་བ། དུཥྩ་རྡི་ཏེ་སྐྱུགས་ཉེས། དུརྦྷུཀྟེ་བཟའ་ཉེས། ཏིརྠི་ཀེ་མུ་སྟེགས་བྱེད། ཤྲ་མ་ཎེ་དགེ་སྦྱོང་། པཱ་ཏ་ཀེ་མགོ་རེག་དང་ལྟུང་བྱེད་དུ་བསྒྱུར་བ་གཉིས། བིདྱཱ་དྷ་རེ་རིག་འཛིན་མ། ཛ་ཡ་ཀ་ར་རྒྱལ་བར་བྱེད་པ། མ་དྷུ་ཀ་ར་སྦྲང་རྩིར་བྱེད་པ། སརྦ་ཨརྠ་སཱ་དྷ་ཀེ་བྷྱོ་ནི་དོན་ཀུན་གྲུབ་པར་བྱེད་པ་རྣམས་ཏེ། སརྦ་ནི་ཀུན། ཨརྠ་ནི་དོན། སཱ་དྷ་ཀེ་བྷྱོ་ནི་གྲུབ་པར་བྱེད་པ་རྣམས་སོ།། བིདྱཱ་རིག་སྔགས། ཙརྱ་སྤྱོད་པ། ཙ་ཏུརྦྷྱོ་བྷ་གི་ནི་སྲིང་མོ་བཞི་སྟེ་ཙ་ཏུར་བཞི། བྷྱོ་བྷ་གི་ནི་སྲིང་མོ། བཛྲ་ཀུ་མ་རི་རྡོ་རྗེ་གཞོན་ནུ་མ། བཛྲ་ཀཱུ་ལནྡྷ་རི་རྡོ་རྗེ་རིག་འཛིན་མ་སྟེ། ཀུ་མ་རི་གཞོན་ནུ། ཀཱུ་ལ་རིག །དྷ་རི་འཛིན་པའོ། །བིདྱཱ་ཙཪྱེ་རིག་པ་སྤྱོད་པ། མ་ཧཱ་པྲ་ཏྱངྒི་རེ་ཕྱིར་ཟློག་པ་ཆེན་མོ། །འདི་ཡན་བྷྱཿཕཊ་སྦྱར་བ་ཞེ་དྲུག་གོ །བཛྲ་ཤ་ཀ་ལཱ་ཡ་རྡོ་རྗེ་ལུ་གུ་རྒྱུད། པྲ་ཏྱ ངྒི་ར་རཱ་ཛ་ཡ་ནི་ཕྱིར་ཟློག་པའི་རྒྱལ་པོ། མ་ཧཱ་ཀཱ་ལཱ་ལ་མ་ཏྲི་ག་ཎ་ན་མཿཀྲྀ་ཏཱ་ཡ་ནི་ནག་པོ་ཆེན་པོ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་སྟེ། མ་ཧཱ་ཀཱ་ལཱ་ནག་པོ་ཆེན། མ་ཏྲི་ག་ཎ་མ་མོའི་ཚོགས། ན་མཿཀྲྀ་ཏ་ནི་ཕྱག་བྱས་པ། ཡ་ནི་ལ་སྟེ་རྣམ་དབྱེ་བཞི་པའོ། །དེ་ནས་བྲཧྨ་ཎཱི་ཚངས་མ༑ བིཥྟུ་བི་ཡེ་ཁྱབ་འཇུག་མ། མ་ཧེ་ཤྭ་རེ་ཡེ་དབང་ཕྱུག་ཆེན་མོ་སྟེ། ཨུ་མ་ལ་གོ་དགོས་ཤིང་། ཨི་ཤྭ་རེ་དབང་ཕྱུག་གི་མིང་ཡིན་ལ། མ་ཧའི་སྲོག་གི་ཨཱ་དང་ཨི་ལས་ཨེར་སོང་ནས་མཚམས་སྦྱར་བས་མ་ཧེའོ། །རུ་ཏྲི་ཡེ་དྲག་མོ། མ་ཧཱ་ཀཱ་ལཱེ་ཡེ་ནག་མོ་ཆེན་མོ། ཙ་མུཎྜཱི་ཡེ་གཏུམ་མའི་རྒན་བྱེད་མ། ཀུ་མ་རི་ཡེ་གཞོན་ནུ་མ། ཝ་རཱ་ཧི་ཡེ་ཕག་མོ། ཨིནྡྲ་ཡེ་དབང་མོ། ཨགྣཱི་ཡེ་མེ་ལྷ་མོ། ཡ་མ་ཡེ་གཤིན་རྗེ་མོ། ནཻ་རྀ་ཏི་ཡེ་བདེན་བྲལ་མ། ཝ་རུ་ཎ་ཡེ་ཆུ་ལྷ་མོ། མ་རུ་ཏི་ཡེ་རླུང་ལྷ་མོ། སཽ་མ་ཡེ་ཟླ་བ་མོ། ཨི་ཤ་ནཱི་ཡེ་དབང་ལྡན་མ། ཀཱ་ལ་དནྜི་ཡེ་དུས་ཀྱི་དབྱུག་པ་སྟེ་ཀཱ་ལ་དུས། དཎྜི་དབྱུག །ཀཱ་ལ་རཱ་ཏྲི་ཡེ་དུས་མཚན་མ། ཡ་མ་དཎྜི་ཡེ་གཤིན་རྗེའི་དབྱུག་པ། ར་ཏྲི་ཡེ་ནི་དྲག་མོ། ཀ་པཱ་ལི་ཡེ་ཐོད་པ་ཅན་མ། ཨ་དྷི་མུཀྟི་ཤ་མ་ཤ་ན་བ་སི་ནི་ཡེ་ནི་དུར་ཁྲོད་ན་གནས་པར་མོས་པ་སྟེ། ཤྨ་ཤ་ན་ནི་དུར་ཁྲོད་ཀྱི་མིང་ངོ་། །འདི་དུར་ཁྲོད་ཀྱི་མངའ་བདག་མོར་བསྒྱུར་བའང་སྣང་ངོ་། །བནྡྷ་བནྡྷ། རཀྵ་རཀྵ་མཾ་ནི་འཆིང་འཆིང་། སྲུངས་སྲུངས་བདག་ལའོ། །ཥྚོཾ ཿནི་ལྷའི་ས་བོན་དུ་མངོན། གོང་གི་བྷྱཿཕཊ་ཡོད་པ་དེ་རྣམས་ནི་གཏོར་མ་སོགས་ཀྱིས་མཆོད་པ་དང་། བཛྲ་ཤཾ་ཀཱ་ལ་ཡ་མ་ན་ཆེད་བོད་པའམ་བསྐུལ་བའི་སྔགས་སུ་བཤད་དོ། །གཉིས་པ་ལ་བཞི། ངན་སེམས་ཅན་ལྔ་བྱམས་པ་དང་ལྡན་པས་སྲུང་དུ་གསོལ་བ། གདོན་སྣ་ཚོགས་ལས་སྲུང་དུ་གསོལ་བ། ནད་སྣ་ཚོགས་ལས་སྲུང་དུ་གསོལ་བ། གནོད་པ་སྣ་ཚོགས་ལས་སྲུང་དུ་གསོལ་བའོ། །དང་པོ་ནི། སེམས་ཅན་གང་སུ་དག་བདག་ལ་ཞེས་པ་ནས། སྟོན་བརྒྱ་མཐོང་བར་གྱུར་ཅིག་གི་བར་ཏེ། གདུག་པ་དང་དྲག་ཤུལ་དང་སྡིག་པ་དང་འཁྲུགས་པ་དང་སྡང་བ་རྣམས་ལ་གཉིས་རེ་འབྱུང་བའི་སྔ་མ་གདུག་སེམས་སོགས་དང་ལྡན་པའི་གང་ཟག་གི་ལུས་ངག་གི་བྱ་བ་དང་། ཕྱི་མ་ནི་དེ་དག་གི་བསམ་པའི་ཁྱད་པར་རོ། །འདི་ལྔའི་ཁྱད་པར་ད བྱེ་དཀའ་ཡང་། གདུག་སེམས་ནི་དངོས་སུ་གནོད་པར་མི་སེམས་ཀྱང་སེམས་དེ་མི་གཏོང་བའོ། །དྲག་ཤུལ་ནི་ལུས་ངག་གི་སྦྱོར་བ་རྩུབ་ཅིང་དྲག་པོ་བྱེད་པར་འདོད་པའོ། །སྡིག་སེམས་ནི་ལུས་སྲོག་ལ་དངོས་སུ་གནོད་པར་སེམས་པའོ། །འཁྲུགས་པ་ནི་དངོས་སུ་གནོད་པར་མི་སེམས་ཀྱང་སེམས་ཁོང་ནས་འཁྲུགས་པའོ། །སྡང་བ་ནི་དངོས་སམ་བརྒྱུད་ནས་ཞེ་སྡང་བ་སྟེ་གང་ཟག་གཅིག་ལ་ཐམས་ཅད་འབྱུང་བ་མི་འགལ་ལོ། །དེ་དག་ཐམས་ཅད་བྱམས་པའི་སེམས་དང་ལྡན་པར་གྱུར་ནས་བདག་དང་སེམས་ཅན་ཐམས་ཅད་ལ་སྲུང་དུ་གསོལ། ལོ་བརྒྱ་འཚོ་བ་ནི་ལོ་བརྒྱ་ཐུབ་པའོ། །སྟོན་བརྒྱ་མཐོང་བ་ནི་ལོ་བརྒྱ་ལ་སྟོན་གྱི་དུས་བ རྒྱ་ཡོད་ལ། སྟོན་དུས་སུ་འབྲས་བུ་སྨིན་པ་སོགས་ལོངས་སྤྱོད་འཛོམས་པའི་དུས་ཡིན་པས་བཟང་བ་ལ་དགོངས་སམ་སྙམ། གཉིས་པ་ནི། གནོད་སྦྱིན་དང་གདོན་གང་སུ་དག་ཞེས་སོགས་ཏེ། འདི་ལ་གཉིས་ཀྱི་དང་པོ་ཟས་ཀྱི་དབང་དུ་བྱས་ན། ཟས་སུ་མདངས་ཟ་བ་སོགས་ཉེར་བརྒྱད་དང་། ལྷའི་གདོན་ལ་སོགས་པ་ཉེར་བཞི་རྣམས་ལས་སྲུང་དུ་གསོལ་ལོ་ཞེས་པ་སྟེ། ཟས་སྐོར་སྔོན་མ་ལ་གཟི་བྱིན་འཕྲོག་པ་ཞེས་པ་མི་སྣང་བས་ཉེར་བདུན་དང་། འདིར་དེ་ཡོད་པས་ཉེར་བརྒྱད་དོ། །གདོན་གྱི་སྐོར་སྔ་མ་ལ་ཉེར་བརྒྱད་དང་། འདིར་རླུང་ལྷ་དང་ནམ་མཁའ་ལྡིང་དང་དྲི་ཟ་དང་མིའམ་ཅི་དང་གྲུབ་བུམ་དང་ལྟོ་འཕྱེ་ཆེན་པོ་དྲུག་མེད་ཀྱང་། ཀུསྨནྡེ་དང་རེ་ལྡེ་འདོན་པའི་གདོན་གཉིས་ཡོད་པས་ཉེར་བཞིའོ། །དེ་རྣམས་སྔ་མ་དང་གོ་རིམ་མི་འདྲ་ཡང་དོན་ནི་སྔར་བཤད་པ་ལྟར་རོ། །གསུམ་པ་ལ་གཉིས། རིམས་ནད་ཞི་བར་གསོལ་བ་དང་། ནད་སྣ་ཚོགས་ཞི་བར་གསོལ་བའོ། །དང་པོ་ནི། རིམས་ཉིན་གཅིག་པ་རྣམས་དང་ཞེས་སོགས་ཏེ། སྤྱིར་རིམས་ལ་རླུང་མཁྲིས་བད་ཀན་དང་གདོན་ལས་གྱུར་པའི་རིམས་ནད་མང་དུ་བཤད་ཅིང་། མ་མོ་མཁའ་འགྲོ་ཁྲོས་ན་རིམས་ནད་སྣ་ཚོགས་གཏོང་བར་བཤད། རིམས་གཅིག་པ་ཤའི་རྩ་བར་གནས་ཤིང་ཉིན་རེ་ལན་རེ་ལྡང་བ་དང་། ཉིན་གཉིས་པ་གསལ་བར་མ་བཤད་ཀྱང་ཉི་མ་གཉིས་ལ་འབྱུང་བའམ་གནས་པ་ཞིག་དང་། ཉིན་གསུམ་པ་ཚིལ་གྱི་རྩ་ལ་གནས་ཤིང་ཉི་མ་གསུམ་རེ་དང་། ཉིན་བཞི་པ་ཚིལ་དང་རྐང་དང་རུས་ལ་གནས་ཤིང་ཉི་མ་བཞི་རེ་དང་། ཉིན་བདུན་པ་ནི་རླུང་མཁྲིས་བད་ཀན་ལས་བྱུང་སྟེ་ཉི་མ་བདུན་དང་དེ་ལས་ལྷག་ཀྱང་གནས་སོ། །དེ་དག་ནི་རང་གནས་པའི་ཉི་མའི་གྲངས་ཀྱི་སྒོ་ནས་མིང་བཏགས་པར་སྣང་སྟེ་དེར་མ་ངེས་པར་སེམས་སོ། །རྟག་པའི་རིམས་ནི་གཙོ་བོར་ཁྲག་ལ་བརྟེན་ཅིང ཉིན་མཚན་དུ་ལན་གཉིས་རེ་ལྡང་བར་བཤད། །རིམས་མི་བཟད་པ་ནི་འདུས་པའི་ནད་ཀྱི་རིགས་དམོད་པ་ལས་བྱུང་ཞིང་ནད་ཚབས་ཆེ་བ་ཞིག་གོ །འབྱུང་པོའི་རིམས་ནི་གདོན་གྱིས་བསྐྱེད་པའི་རིམས་སོ། །རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་ལས་གྱུར་པའི་རིམས་ནི་དེ་དག་ལས་བྱུང་བའོ། །སྤྱིར་མིའི་ལུས་ལ་རླུང་མཁྲིས་བད་ཀན་འདུས་པ་བཞི་ཡོད་ཀྱང་འབྱུང་བ་ཆ་མཉམ་པའི་ཚེ་དེ་དག་གི་ནད་མི་ལྡང་ལ། འབྱུང་བ་ཕན་ཚུན་མི་འཕྲོད་པར་གྱུར་པ་ན་ནད་བསྐྱེད་དོ། །རླུང་མཁྲིས་སོགས་དེ་དག་ཚ་གྲང་གང་དུ་གཏོགས་པ་ནི། ཇི་སྐད་དུ། ཁྲག་དང་མཁྲིས་པ་ཚ་བར་འདུས། །རླུང་དང་བད་ཀན་གྲང་བར་འདུས། །ཞེས་འབྱུང་བ་ལྟར་དང་། དེ་དག་གི་ནད་ལྡང་བའི་དུས་ནི། གསེར་འོད་ལས། རླུང་ཁ་ཤས་ཆེའི་ནད་ནི་དབྱར་ནས་ལྡང་། །སྟོན་དུ་གྱུར་པ་ན་ནི་མཁྲིས་པ་གཡོ། །དགུན་གྱི་དུས་སུ་དེ་བཞིན་འདུས་པ་སྟེ། །བད་ཀན་ཤས་ཆེའི་ནད་ནི་དཔྱིད་ལྡང་ངོ་། །ཞེས་དང་། གསོ་ཚུལ་ཡང་། དེ་ཉིད་ལས། རླུང་གི་བདག་ཉིད་ལ་ནི་བཅུད་ཀྱིས་གསོ། །བཀྲུ་སྨན་གྱིས་ནི་མཁྲིས་པ་བསམ་པར་བྱ། །འདུས་པ་ལ་ནི་གསུམ་དང་ཐུན་ལྡན་པ། བད་ཀན་ཚིགས་སུ་བབས་ན་སྐྱུགས་སྨན་བཏང་། ཞེས་འབྱུང་བ་ལྟར་ཏེ། འདུས་པ་ནི་རླུང་མཁྲིས་བད་ཀན་གསུམ་ཚོགས་པ་ཞིག་སྟེ་མཚོན་ཙམ་མོ། །རིམས་ནད་ཐམས་ཅད་དང་ཞེས་པས་འགོ་བའི་རིམས་ནད་གཞན་ཀུན་བསྡུས་ནས་བསྟན་ཏོ། །གཉིས་པ་ནི། ཀླད་པ་ན་བ་ནི་ཀླད་གཟེར་ལྟ་བུའོ། །གཞོགས་ཕྱེད་ན་བ་ནི་རྩ་རྒྱུས་ལ་སྐྱོན་བྱུང་བ་སོགས་ཀྱིས་ལུས་ཀྱི་གཞོགས་གཡས་གཡོན་གང་རུང་ན་བའོ། །ཡི་ག་འཆུས་པ་ནི་དང་ཁ་འགགས་ནས་ཟས་མི་འགྲོ་བའོ། །མིག་ནད་དང་སྣ་ནད་དང་ཁ་ནད་དང་རྣ་བ་ན་བ་དང་སོ་རྣམས་ནི་རང་མིང་གིས་བརྗོད་པ་ལྟར་དང་། མགུལ་ནད་ནི་མགྲིན་པའི་ཕྱི་ནང་གི་ནད་དང་། ལྐོག་མའི་ལྷ་གོར་ཡང་མགྲིན་པའི་ཕྱོགས་ཀྱི་ནད་དོ། །སྙིང་ན་བ་ལ་གཉིས་བྱུང་བའི་སྔ་མ་སྙིང་དང་། ཕྱི་མ་སོ་རྙིལ་ན་བའོ། ཀླད་པ་ན་བ་ལའང་གཉིས་བྱུང་བའི་སྔ་མ་རིམས་ཀྱི་ཕྱོགས་དང་། ཕྱི་མ་སྤྱིར་བཤད་དམ་སྙམ་མོ། །རྩིབ་ལོགས་དང་རྒྱབ་དང་ལྟོ་བ་དང་རྐེད་པ་དང་བརླ་དང་རྗེ་ངར་དང་ལག་པ་དང་རྐང་མགོ་རྣམས་རང་མིང་གིས་བརྗོད་པ་བཞིན་དང་། བདེ་མཆོག་གི་སྐོར་ལས། འབྲས་བུ་གཉིས་ལ་ཆུ་སོར་བསྒྱུར་བ་ལྟར་ན། ཆུ་སོ་ནི་རླིག་འབྲས་སོ། ཁ་ཅིག་ཕོ་མོའི་མཚན་མར་བཤད། ཡན་ལག་ནི་ཡན་ལག་ལྔ་ཐུན་མོང་དུ་བརྗོད་པ་དང་། ཉིང་ལག་ནི་སོར་མོ་ལ་སོགས་པ་རྣམས་སོ། །བཞི་པ་ནི། གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་འདིས། རྒྱ་ཆེར་རོལ་པ་དང་འདུལ་བ་ནས་ཚིག་མི་འདྲ་བ་རེ་འབྱུང་ཡང་དོན་འདྲ་ཞིང་། མཛོད་ལས། སོར་མོ་ཉི་ཤུ་བཞི་ལ་ཁྲུ། ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་འབྱུང་བ་ལྟར། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་དང་། རྒྱང་གྲགས་བརྒྱད་ལོངས་པའི་ཚད་ལ་དཔག་ཚད་གཅིག་བྱའོ། །དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་དང་། མི་ཤི་བ་ལ་གདོན་ཞུགས་པའི་རོ་ལངས་དང་། མཁའ་འགྲོ་མ་དང་། གནོད་སྦྱིན་དང་། སྲིན་པོ་དང་། རིམས་དང་། ཤུ་བ་ནི་པགས་པའི་ནད་ཆུ་སེར་དང་རྣག་སོགས་འཛག་པའོ། །གཡའ་བ་ཡང་པགས་པའི་ནད་དོ། །འབྲུམ་བུ་ཕྲ་མོ་ནི་འབྲུམ་བུ་ཐོར་བུའོ། །མཚན་བར་རྡོལ་བ་ནི་མོ་མཚན་གྱི་ནང་དུ་བཤད། མཛེ་ནི་ཀླུ་ལས་བྱུང་བ་ཆུ་སེར་རྨ་དང་བཅས་པའོ། །ཕོལ་མིག་ནི་རྨའི་ཁྱད་པར་ཞི་བཅོས་མི་རུང་བ་ཞིག་གོ །བས་ལྡགས་ཀྱང་རྨ་ཞིག་གོ །མེ་དཔལ་ནི་པགས་ནད་མེ་ལྟར་ཚ་བའོ། །གཡན་པ་ནི་པགས་པའི་ནད་རྣག་ཁྲག་འཛག་པ་ཞིག་གོ །ལྷོགས་པ་ནི་གཉན་གྱི་རིགས་ལས་བྱུང་ཞིང་དེ་ལ་དཀར་ནག་ཁྲ་གསུམ་མོ། །སྐེམ་པ་ནི་སྐོམ་ནད། སྐྲག་པ་ནི་འཇིགས་པའི་རྣམ་གྲངས། ལུད་པ་ལུ་བ་ནི་གློ་བའི་ནད་ལས་བྱུང་བའོ། །དབུགས་མི་བདེ་བ་ནི་དེའི་རྐྱེན་གྱི་དབུགས་འབྱིན་དཀའ་བའོ། །མི་དྲན་པ་ནི་གདོན་སོགས་ཀྱི་དབང་གིས་དྲན་པ་ཉམས་པའོ། །དབྱིག་དུག་ནི་གསེར་དངུལ་སོགས་རིན་པོ་ཆེ་ལས་བྱུང་བའི་དུག་གོ །དུག་སྦྱར་མ་ནི་རྡོ་རྩི་སོགས་རྫས་གཞན་སྦྱར་བ་ལས་བྱུང་བའོ། །དུག་དངོས་ལ་ཀླུ་དང་སྤྲུལ་གྱི་དུག་དང་། བཙན་དུག །བོང་བ་ནག་པོ། ར་དུག །ཐང་ཁྲོམ་སོགས་མང་ངོ་། །གཞན་གྱི་བྱད་ཁ་དང་། མེ་དང་ཆུ་དང་། ཡམས་ནད་ཀྱི་མི་ངས་དང་། བདུད་དང་དགྲའི་གནོད་པ་དང་། གནོད་པའི་རིགས་གཞན་དང་། ཚེ་མ་ཟད་པར་དུ་མ་ཡིན་པར་འཆི་བ་དང་། སྦྲང་བུ་ཏྲེ་མ་བུ་ག་ནི་སྦྲང་བུའི་བྱེ་བྲག་ཞིག་དང་། ཏྲཻ་ལ་ཏ་ནི་འཁྱིལ་ཤིག་ཟ་བའོ་ཞེས་ཟེར། སྡིག་པ་ར་ཙ་དང་། སྦྲུལ་དང་། སྲེ་མོང་ནི་ནེའུ་སེར་པོ་སྲེ་མོང་ཞེས་འབྱུང་བ་དེའམ་སྙམ་སྟེ་དཔྱད། སེངྒེ་དང་སྟག་དང་དོམ་དང་དྲེད་ནི་ཡོངས་གྲགས་ལྟར་དང་། གཡག་རྒོད་ནི་ཁ་ཅིག་བཙན་གཡག་རི་ལ་ཡན་པར་བཏང་བ་ལ་ཟེར་ཡང་། འབྲོང་ངམ། རྒྱ་གར་ན་ནགས་ཀྱི་གཡག་ཞེས་པ་ཞིག་ཡོད་པར་བཤད་པས་དེ་གང་རུང་ངོ་། །ཆུ་སྲིན་ནི་རྒྱ་མཚོར་གནས་པ་སྟེ། དེ་ལ་སོགས་པའི་སྲོག་ཆགས་རྣམས་ཀྱི་གནོད་པ་ལས་སྲུང་དུ་གསོལ། དེ་དག་ཐམས་ཅད་ཀྱི་རིག་སྔགས་ཀྱི་ནུས་པ་བཅིང་བར་བགྱིའོ་ཞེས་པའི་དེ་དག་ཅེས་པ་དེ་གོང་དུ་བཤད་མ་ཐག་པའི་སྲོག་ཆགས་རྣམས་ལ་བྱས་ན་མི་བདེ་བས། དེའི་གོང་གི་གདོན་དེ་དག་ལ་སྦྱར་ན་ལེགས་སམ་སྙམ། གོང་དུ་བཤད་པ་དེ་རྣམས་ཀྱི་གཟི་བརྗིད་བཅིང་བར་བགྱིའོ། །དེ་ལས་གཞན་པ་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །མཚམས་བཅིང་བ་ནི་དེ་དག་གིས་གནོད་པའི་མཚམས་བཅད་པའོ། །བཞི་པ་ལ་གཉིས། ཉེ་སྙིང་བཤད་པ་དང་། དེའི་ཕན་ཡོན་བཤད་པའོ། །དང་པོ་ནི། ཏདྱ་ཐཱ་ནི་འདི་ལྟ་སྟེ་ཞེས་པའོ། །ༀ་ཨ་ན་ལེ་ནི་མེ་གཉིས་ས མ་འབར་བ་གཉིས། ཁ་ས་མེ་མཁའ་དང་མཉམ་པ་གཉིས། བཻ་ར་འཇིགས་པ་གཉིས། སཽ་མེ་ཟླ་བ། ཤཱནྟེ་ཞི་མ། དཱནྟེ་དུལ་མ། བི་ཥ་དེ་དྭངས་མ། བཱི་རི་དཔའ་མོ། །དེ་བི་བཛྲ་དྷ་རི་ལྷ་མོ་རྡོ་རྗེ་འཛིན་མ། བནྡྷ་ཆིངས་ཤིག །བཛྲ་པཱ་ཎི་ཕྱག་ན་རྡོ་རྗེ། ༀ་ཧཱུཾ་ཧཱུཾ་ཧཱུཾ་ཥྚོཾཿཕཊ་སྭཱཧཱའི་ཧཱུཾ་གསུམ་ནི་བསྐུལ་བ་ཆེ་འབྲིང་ཆུང་གསུམ། ཥྚོཾཿས་བོན་དུ་མངོན། བདག་ལ་སྲུངས་ཤིག་སྭཱཧཱ་ནི་མ་མ་རཀྵ་ཞེས་པ་བསྒྱུར་བའོ། །ༀ་བཛྲ་པཱ་ཎི་བནྡྷ་བནྡྷ་ནི་ཕྱག་ན་རྡོ་རྗེ་ཆིངས་ཆིངས། གང་གིས་འཆིང་ན་བཛྲ་པཱ་ཤེ་ན་སྟེ་རྡོ་རྗེ་ཞགས་པས་སོ། །གང་འཆིང་ན་མ་མ་སརྦ་དུཥྚཾ་བི་ན་ཡ་ཀཾ་སྟེ་བདག་གི་གདུག་པ་ཅན་ལོག་འདྲེན་ཐམས་ཅད་ཆིངས་ཤིག་པའོ། །མ་མ་བདག །སརྦ་དུཥྚཾ་གདུག་པ་ཅན་ཐམས་ཅད། བི་ན་ཡ་གཾའི་ན་ཡ་འདྲེན་པ། བི་དགག་ཚིག་སྟེ་དོན་དུ་མ་ལ་འཇུག་ཀྱང་འདིར་ལོག་པ་ལ་བསྒྱུར་ན་ལོག་འདྲེན་ནོ། །ཧཱུཾ་ཧཱུཾ་ཕཊ་ཕཊ་ནི་བསྐུལ་བ་དང་གསལ་བར་བྱེད་པའོ། །དེ་ནི་ཉེ་བའི་སྙིང་པོའོ། །གཉིས་པ་ལ་གསུམ། ལུས་ལ་བཅངས་པ་དང་། ཀློགས་ཤིང་བློས་བཟུང་བ་དང་། རྒྱལ་མཚན་བཙུགས་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ། ཚེ་འདིའི་ཕན་ཡོན། འདི་ཕྱི་གཉིས་ཀའི་ཕན་ཡོན། ཕྱི་མའི་ཕན་ཡོན་ནོ། །དང་པོ་ནི། སུས་དེ་བཞིན་གཤེགས་པའི་ཞེས་སོགས་ཏེ། གང་ཟག་སུ་ཞིག་གིས་གདུགས་དཀར་མོ་ཅན་གྱི་ཉེ་སྙིང་གི་སྲུང་བའི་འཁོར་ལོ་འདི། གྲོ་གའམ་རས་སམ་ཤིང་གི་ཤུན་པ་ལ་བྲིས་ཏེ་ཞེས་གསུངས་པའི་འབྲི་ཚུལ་ལ། ཤུ་རཱངྒ་བཛྲས་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བར་གཞན་གྱིས་མི་ཐུབ་མ། ཤར་དུ་གཏུམ་པ་ཆེན་མོ། ལྷོར་འབར་བ་ཆེན་མོ། ནུབ་ཏུ་དཀར་ཆེན་འབར་མ། བྱང་དུ་འཕགས་མ་སྒྲོལ་མ། བྱང་ཤར་དུ་རྒྱལ་བའི་རྡོ་རྗེ། ཤར་ལྷོར་པདྨའི་མངོན་མཚན། ལྷོ་ནུབ་ཏུ་འཕྲེང་བ་ཅན། ནུབ་བྱང་དུ་རྡོ་རྗེའི་མཆུ་ཅན་བྲི་བར་བཤད་ལ། ཡང་ཨ་ན་ལེ་ནས་བཻ་རའི་བར་བརྒྱད་དང་སྦྱར་བའི་ལྷ་མོ་བརྒྱད་དང་། དབུས་སུ་ཕྱག་རྡོར་འབྲི་བའི་འཁོར་ལོ་ཞིག་བཤད་ཅིང་། སློབ་དཔོན་ཙནྡྲ་གོ་མི་ནས་བརྒྱུད་པའི་གདུགས་དཀར་གྱི་འཁོར་ལོ་རྒྱས་བསྡུས་གཉིས་ཀྱང་ཡོད་དོ། །དེ་ལྟ་བུའི་འཁོར་ལོ་དེ་ཚུལ་བཞིན་དུ་བྲིས་ནས་བསྒྲུབས་ཏེ། གང་གི་ལུས་སམ་ཞེས་པ་ནི་སྤྱིར་བསྟན་པའོ། །མགུལ་ཏེ་མགྲིན་པར་བཏགས་སམ། གླེགས་བམ་ཀློག་པར་བྱེད་ན་གང་ཟག་དེ་ཇི་སྲིད་འཚོ་བ་སྟེ་མ་ཤིའི་བར་དུ་མཚོན་དང་དུག་དང་མེ་དང་ཆུ་དང་དབྱིག་དུག་དང་དུག་སྦྱར་མ་དང་བྱད་རྣམས་ཀྱིས་མི་ཚུགས་ཤིང་། དུས་མ་ཡིན་པར་འཆི་བས་ཚེའི་དུས་བྱས་པར་མི་འགྱུར་རོ། །གདོན་ཐམས་ཅད་དང་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་མི་དེ་ལ་དགའ་བར་འགྱུར་རོ། །གདོན་གྱི་དབྱེ་བ་ནི་སྔར་བཤད་པ་ལྟར་ཡིན་ལ། གཞན་ཡང་ཆ་གསུམ་གྱི་གཞུང་ལས། ཕྱོགས་སྐྱོང་གི་གཏོར་མའི་སྐབས་སུ། ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །ཞེས་སོགས་ཀྱིས་ཕྱོགས་སྐྱོང་བཅུའི་འཁོར་ཕལ་ཆེར་གདོན་གྱི་རིགས་སུ་བཤད་ཅིང་། སྡེ་བརྒྱད་དང་གདོན་གྱི་གཏོར་མའི་སྐབས་སུ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ཞེས་སོགས་དང་། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །ཞེས་སོགས་དང་། གདོན་རྣམས་རང་གི་གནས་སུ་དེངས། །ཞེས་པས་སྡེ་བརྒྱད་ཕལ་ཆེར་འབྱུང་པོ་དང་བགེགས་རྣམས་ཀྱང་གདོན་གྱི་རིགས་སུ་བྱས་ཤིང་། མན་ངག་རྒྱུད་ལས། ལྷ་དང་ལྷ་མིན་དྲི་ཟ་ཀླུ། །ཞེས་སོགས་ཀྱི་གདོན་ཆེན་བཅོ་བརྒྱད་བཤད་པ་ཡང་སྔ་མ་དང་འདྲ་ལ། བསྟོད་ཆེན་ལས། བྱིས་པའི་གདོན་ཆེན་བཅོ་ལྔ་ཡང་བཤད་དོ། །བགེགས་ཀྱི་རྒྱལ་པོ་དང་། ལོག་འདྲེན་ཏེ་བགེགས་ཀྱི་རིགས་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། ཁ་ཅིག་གེགས་ཞེས་བྱས་ནས་གནོད་བྱེད་དང་། ལོག་འདྲེན་ཚོགས་བདག་ལ་བཤད་ཀྱང་གཞུང་དུ་བགེགས་ཞེས་འབྱུང་བ་ལྟར་ན་སྔ་མ་བདེའོ། །འོན་ཀྱང་བི་ན་ཡ་ཀ་ནི་བགེགས་དང་ལོག་འདྲེན་གཉིས་ཀ་བསྒྱུར་དུ་ཡོད་ཅིང་། ཚོགས་བདག་ནི་བགེགས་ཀྱི་རྒྱལ་པོ་ཡིན་པས་མི་འགལ་ལོ། །གཉིས་པ་ནི། རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཁྲི་བཞི་སྟོང་ཡིན་ཞིང་། དེ་ལ་མཐའ་སྣང་ཆེན་པོ་བརྒྱད་དང་མཐའ་སྣང་བཞི་ཡོད་དེ། དེ་ཡང་བྱེ་བ་བཅུ་ལ་དུང་ཕྱུར་གཅིག །དུང་ཕྱུར་བཅུ་ལ་ཐེར་འབུམ་གཅིག །དེ་བཅུ་ལ་ཐེར་འབུམ་ཆེན་པོ། དེ་བཅུ་ལ་ཁྲག་ཁྲིག །དེ་བཅུ་ལ་ཁྲག་ཁྲིག་ཆེན་པོ། དེ་བཅུ་ལ་རབ་བཀྲམ། དེ་བཅུ་ལ་རབ་བཀྲམ་ཆེན་པོ། དེ་བཅུ་ལ་གཏམ། དེ་བཅུ་ལ་གཏམ་ཆེན། དེ་བཅུ་ལ་དཀྲིགས། དེ་བཅུ་ལ་དཀྲིགས་ཆེན་པོ། དེ་བཅུ་ལ་མི་འཁྲུགས། དེ་བཅུ་ལ་མི་འཁྲུགས་ཆེན་པོ། དེ་བཅུ་ལ་ཁྱད་འབྱིན། དེ་བཅུ་ལ་ཁྱད་འབྱིན་ཆེན་པོ། དེ་བཅུ་ལ་ལང་སྟེང་། དེ་བཅུ་ལ་ལང་སྟེང་ཆེན་པོ། དེ་བཅུ་ལ་དེར་འདྲེན། དེ་བཅུ་ལ་དེར་འདྲེན་ཆེན་པོ། དེ་བཅུ་ལ་མཐའ་སྣང་། དེ་བཅུ་ལ་མཐའ་སྣང་ཆེན་པོ་གཅིག་ཏུ་འགྱུར་རོ། །གཏམ་དང་དཀྲིགས་གཉིས་གཅིག་ཏུ་འདྲེན་པའི་ཚུལ་ཡོད་ཀྱང་། འདིར་སོ་སོར་བྱས་པའི་ལུགས་སོ། །རྡོ་རྗེའི་རིགས་ཀྱི་རྒྱལ་པོ་ནི་ཕྱག་རྡོར་ཡིན་ལ༑ དེའི་རིགས་རྡོ་རྗེའི་རིགས་ཡིན་ཞིང་། དེ་ལ་ཇི་སྐད་དུ། ལག་ན་རྡོ་རྗེ་མཐའ་ཡས་པ། །ཞེས་འབྱུང་བ་ལྟར་མང་ངོ་། །གྲུབ་པའི་རིགས་ཀྱི་ལྷ་མོ་ནི། ཇི་སྐད་དུ། ཤེད་དང་ཡིད་རྗེས་ཁྱབ་འཇུག་དང་། །ཞེས་པ་ནས། གྲུབ་པའི་ལྷ་ནི་བཅུ་གཉིས་གྲགས། །ཞེས་འབྱུང་བ་ལྟར་དང་གཞན་ཡང་མང་། རྡོ་རྗེའི་རིགས་སུ་མ་ཟད། གྲུབ་པའི་ལྷ་མོ་དེ་རྣམས་ཀྱིས་ཀྱང་གང་ཟག་དེ་ལ་རྟག་ཏུ་མི་མཐུན་པའི་ཕྱོགས་སྲུང་བ་དང་། དེ་ལས་སྐྱོབ་པ་དང་། སྦེད་པར་བྱེད་ཅིང་། ལྷ་མོ་དེ་རྣམས་ཀྱི་ཡིད་དུ་འོང་བ་དང་། དེར་མ་ཟད་དགའ་བར་ཡང་འགྱུར་རོ། །གསུམ་པ་ལ་ལྔ། སྐྱེ་བ་དྲན་པ། རྡོ་རྗེ་ཕོ་ཉ་མོས་སྐྱོང་བ། རིགས་ངན་དུ་མི་སྐྱེ་བ། བསོད་ནམས་རྒྱ་ཆེན་པོ་འགྲུབ་པ། སངས་རྒྱས་བྱང་སེམས་ཀྱིས་སྲུང་སྐྱོབ་བྱེད་པའོ། །དང་པོ་ན། འཆགས་བསྐལ། གནས་བསྐལ། འཇིག་བསྐལ། སྟོང་བསྐལ་བཞི་པོ་རེ་རེ་ལ་བར་གྱི་བསྐལ་བ་ཉི་ཤུ་རེ་ཡོད་པའི་བར་བསྐལ་བརྒྱད་ཅུ་ལོངས་པ་ལ་བསྐལ་བ་ཆེན་པོ་གཅིག་ཏུ་བྱས་པའི་བསྐལ་བ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྟེ། བརྒྱད་ཁྲི་བཞི་སྟོང་གི་བར་གྱི་སྔོན་གྱི་སྐྱེ་བ་དྲན་པར་འགྱུར་རོ། །གཉིས་པ་ནི། དེར་མ་ཟད། རྡོ་རྗེའི་རིགས་ཀྱི་ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་ཀྱང་རྟག་པར་ཡོངས་སུ་སྐྱོང་བར་འགྱུར་རོ། །གསུམ་པ་ནི། དུས་ནམ་དུ་ཡང་གནོད་སྦྱིན་དང་ཡི་དྭགས་དང་ཤ་ཟ་དང་སྲུལ་པོ་དང་ལུས་སྲུལ་པོ་ཉིད་དུ་སྐྱེ་བར་མི་འགྱུར་ཞིང་། མི་དབུལ་པོར་ཡང་སྐྱེ་བར་མི་འགྱུར་རོ། །བཞི་པ་ནི། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པ་སྟེ་མཉམ་པ་འཐོབ་པར་འགྱུར་རོ། །འདི་དག་ནི་བསྔགས་བརྗོད་ཡིན་གྱི་སྒྲ་ཇི་བཞིན་པ་མིན་ཏེ། སངས་རྒྱས་གཅིག་གི་བསོད་ནམས་དང་མཉམ་པ་ཐོབ་པའི་སེམས་ཅན་མི་སྲིད་དོ། །གངྒཱའི་ཀླུང་ནི་བླ་མ་ཁ་ཅིག་ཆུ་བོ་བཞིའི་ནང་ཚན་གྱི་གངྒཱའི་ཆུ་དང་། བྱེ་མ་ཡང་དེའི་ཆུའི་རྡུལ་གྱི་གྲངས་དང་བྱེ་མའི་ཕུང་པོ་ལ་བཞེད་པ་གཉིས་དང་། ཁ་ཅིག་ཆུ་བོ་གངྒཱ་མིན་གྱི་ཕྱིའི་རྒྱ་མཚོ་དང་དེའི་བྱེ་མའོ་ཞེས་གསུངས་ཏེ་གང་རུང་ངོ་། །ལྔ་པ་ནི། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པས་གནོད་པ་ལས་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་མཛད་ཅིང་དེ་དག་གི་ཐུགས་སུ་བྱོན་པ་སྟེ་ཐུགས་ལ་འགྲོ་བ་དང་། ཐུགས་དགྱེས་པར་ཡང་འགྱུར་རོ། །སྲུང་སྐྱོབ་སྦས་གསུམ་གྱི་དོན་འཆད་ཚུལ་ལ་ཅུང་ཟད་མི་འདྲ་བ་རེ་ཡོད་ཀྱང་། ཐོག་མར་ནད་དང་གདོན་སོགས་ཀྱིས་མི་ཚུགས་པར་མཛད་པ་ནི་སྲུང་བ་ཡིན་ལ། གལ་ཏེ་དེ་དག་གི་གནོད་པ་བྱུང་ན་དེ་ལས་ཐར་པའི་ཐབས་མཛད་པ་ནི་སྐྱོབ་པ་དང་། བསྲུང་བྱ་དེ་དག་གནོད་པའི་གདོན་སོགས་ཀྱིས་མི་མཐོང་བར་མཛད་པ་ནི་སྦེད་པའི་དོན་ཡིན་པར་གསལ་ལོ། །གཉིས་པ་ལ་གཉིས། བློ་ལ་བཅངས་པའི་ཕན་ཡོན་དང་། དེ་དང་ཀློག་པ་གཉིས་ཀའི་ཕན་ཡོན་བཤད་པའོ། །དང་པོ་ལ་གསུམ། སྐྱོན་བཞི་སྤངས་ནས་ཡོན་ཏན་བཞི་འབྱུང་བ། མཚམས་མེད་ལྔ་བྱང་བ། ལས་ཀྱི་སྒྲིབ་པ་བྱང་བའི་ཕན་ཡོན་ནོ། །དང་པོ་ནི། རིག་སྔགས་ཀྱི་རྒྱལ་མོ་འདི་གང་གི་བློ་ལ་འཆང་ན། མི་དགེ་བ་བཅུས་མཚོན་པའི་ཚངས་པར་མི་སྤྱོད་པའི་ལམ་ལ་ཞུགས་པ་ཡང་། དེ་དག་སྤོང་བའི་ཚངས་པར་སྤྱོད་པ་ཅན་དུ་འགྱུར་རོ། །དགྲ་གདོན་སོགས་སྔོན་ཐུབ་པ་མ་བྱས་པར་ཡང་ཐུབ་པར་བྱས་པར་འགྱུར་རོ། །སྒོ་གསུམ་མི་གཙང་བ་ཡང་གཙང་བར་འགྱུར་རོ། ཁ་ཟས་གཅོད་པའི་སྨྱུང་བ་མ་བྱས་པ་ཡང་སྨྱུང་བ་བྱས་པ་དང་འདྲ་བར་འགྱུར་རོ། །གཉིས་པ་ནི། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང་། སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་དང་། དགེ་འདུན་གྱི་དབྱེན་བྱེད་པ་སྟེ་སྔར་མཚམས་མེད་པ་ལྔ་བྱས་པའི་ལས་ཀྱི་སྒྲིབ་པ་ཡང་བྱང་བར་འགྱུར་རོ། །ངན་སེམས་ཀྱིས་ཁྲག་ཕྱུང་བ་ནི་ངན་སེམས་ཀྱིས་སངས་རྒྱས་དངོས་དཀྲོང་མི་ནུས་པ་ཤེས་བཞིན་དུ་དཀྲོང་བའི་སྦྱོར་བ་བྱེད་པ་དང་། དེའི་དོད་དུ་ད་ལྟ་སངས་རྒྱས་ཀྱི་སྐུ་བརྙན་ཁྱད་པར་ཅན་ངན་སེམས་ཀྱིས་བཤིག་པའོ། །དགེ་འདུན་གྱི་དབྱེན་ནི་དགེ་སློང་ཕན་ཚུན་བཞི་བཞི་སྟེ་བརྒྱ་ཡན་ཆད་ཀྱི་བར་དུ་ངན་སེམས་ཀྱིས་ཕྲ་བཅུག་ནས་ཕྱེ་བའོ། །གསུམ་པ་ནི། མདོར་ན་ཚེ་རབས་སྔོན་མར་བྱས་པའི་མི་དགེ་བའི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པ་ཟད་པར་འགྱུར་རོ། །ལས་སྒྲིབ་རྣམས་མངོན་འགྱུར་བ་ཅི་རིགས་ཟད་པ་དང་མགོ་མནོན་པ་ལ་དགོངས་ཀྱི། བག་ཆགས་མ་ལུས་པར་ཟད་པ་ནི་བདག་མེད་མངོན་སུམ་དུ་རྟོགས་ཤིང་གོམས་པར་བྱེད་པ་ལ་ལྟོས་སོ། །ཡང་ཞེས་པ་ནི་སྔོན་མ་དེ་ཙམ་དུ་ཟད་ཅེས་པའོ། །གཉིས་པ་ལ་གཉིས། རིགས་རྒྱུད་རྙེད་པར་འགྱུར་བ་དང་། ཕྱི་མ་བདེ་བ་ཅན་དུ་སྐྱེས་པའི་ཕན་ཡོན་ནོ། །དང་པོ་ནི། འདི་དང་ཕྱི་མའི་དོན་དུ་ཆོས་འདོད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས། རིག་སྔགས་ཀྱི་རྒྱལ་མོ་འདི་བློ་ལ་འཆང་ངམ་ངག་གིས་ཀློག་པར་བྱེད་ན༑ བུ་འདོད་པ་དེས་བུ་རྙེད་པར་འགྱུར་ཞིང་། ཚེ་དང་བསོད་ནམས་དང་སྟོབས་ཀྱང་རབ་ཏུ་རྙེད་པར་འགྱུར་རོ། །གཉིས་པ་ནི། ཚེ་འདི་ནས་ཤི་འཕོས་ཀྱང་ནུབ་ཕྱོགས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །གསུམ་པ་ནི། རྒྱལ་མཚན་འཛུགས་པ་ལ་ལྔ་སྟེ། གང་གི་ཆེད་དུ་འཛུགས་ན། མི་ནད་དང་། ཕྱུགས་ནད་དང་། ཡམས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་དང་། ནད་འགོ་བ་དང་། ཕན་ཚུན་འཁྲུགས་པ་དང་། ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་ཞི་བའི་ཆེད་དུའོ། །གང་འཛུགས་ན། རིག་སྔགས་ཀྱི་རྒྱལ་མོའི་གཟུགས་ཀྱི་འཁོར་ལོ་འདི་ཚུལ་བཞིན་དུ་བྲིས་ནས་བསྒྲུབས་ཏེ་བྱའོ། །ཇི་ལྟར་འཛུགས་ན། རྒྱལ་མཚན་གྱི་རྩེ་མོ་ལ་ཏོག་གི་ནང་དུ་འཇུག་པའམ་བཏགས་ཏེ་ལུས་ངག་གིས་ཕྱོགས་དང་བཀུར་སྟི་སོགས་རིམ་གྲོ་སྤྱི་དང་མཆོད་པ་ཆེན་པོ་བྱས་པའི་ཚུལ་གྱིས་སོ། །གནས་གང་དུ་འཛུགས་ན། གྲོང་ཁྱེར་ཐམས་ཅད་ཀྱི་སྒོའི་སྟེང་ངམ་སྒོ་མདུན་དང་། ཁྱིམ་གཅིག་གཉིས་ལ་སོགས་པའི་གྲོང་དང་། བཟོ་གནས་བཅོ་བརྒྱད་ཡོད་པའི་གྲོང་ཁྱེར་ཆེན་པོ་དང་། ཚོང་པའི་རིགས་མང་པོ་གནས་པའི་གྲོང་རྔལ་དང་། རྒྱལ་རིགས་སོགས་རིགས་བཞི་གནས་པའི་ལྗོངས་ཞེས་བཤད་པ་ལྟ་བུ་དང་། གྲོང་ལས་རྒྱང་གྲགས་གཅིག་འདས་པའི་དགོན་པའི་གནས་ཏེ། འམ་སོགས་ནི་འདམ་ཁ་ཅན་ཏེ་དེ་རྣམས་གང་རུང་གཟུགས་སོ། །བཙུགས་པའི་ཕན་ཡོན་ནི། རིག་སྔགས་ཀྱི་རྒྱ་ལ་མོའི་སྲུང་འཁོར་འདི་སྔར་བཞིན་རིམ་གྲོ་ཆེར་བྱས་ཏེ་བཙུགས་ན་ནི། བཙུག་མ་ཐག་ཏུ་གཡུལ་བཟློག་པའི་ཆེད་དུ་ཡིན་ན། གཡུལ་བཤམས་པ་དེ་ཞི་བར་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཡམས་ཀྱི་ནད་སོགས་དང་། ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ལྔ་པ་ཆར་འབེབས་བཤད་པ་ལ་གཉིས། སྔགས་བཤད་པ་དང་། ཆར་འབེབས་པའོ། །དང་པོ་ནི། ཏདྱ་ཐཱ། ༀ་ཥྚོཾ་བྷནྡྷ་བྷནྡྷ་ནི་ཆིངས་གཉིས། མ་མ་རཀྵ་རཀྵ་བདག་སྲུངས་ཤིག །བཛྲ་མ་མ་རཀྵ་རཀྵ་རྡོ་རྗེ་བདག་སྲུངས་ཤིག །བཛྲ་པཱ་ཎི་ཕྱག་ན་རྡོ་རྗེ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་ཨ་ན་ལེ་ཨ་བ་ལོ་ཀི་ཏེ་ཙུརྞཱ་ཏེ་ཛོ་ར་སི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མེ་གཙུག་ཏོར་ལྟ་བར་མི་མངོན་པའི་སྤྱི་གཙུག་གཟི་བརྗིད་ཀྱི་ཕུང་པོ་ཞེས་བསྒྱུར་བ་ཞིག་དང་། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་མེ་ལྟར་འབར་བ་དེས་གཟིགས་པ་ཕྱེ་མར་གྱི་མེའི་འོད་ཟེར་གྱིས་ཞེས་པ་གཉིས་སྣང་སྟེ། ཨ་ན་ལེ་ནི་མེ་དང་མེ་ལྟར་འབར་བ༑ ཨ་བ་ལོ་ཀི་ཏེ་ནི་ལྟ་བར་མི་མངོན་པ་དང་དེས་གཟིགས་པ། ཙུརྞཱ་ཏེ་ནི་སྤྱི་གཙུག་དང་ཕྱེ་མར་གྱིས། ཛོ་ར་སི་ནི་གཟི་བརྗིད་ཀྱི་ཕུང་པོ་དང་མེའི་འོད་ཟེར་ཞེས་བསྒྱུར་བའི་ཁྱད་པར་རོ། །ཛ་ལ་ནི་བར་བའམ་སྦོར་ཞིག །དྷ་ཀ་ནི་སྲེགས་ཤིག །ད་ར་ནི་ཆོམས་ཤིག །བི་ད་ར་ནི་རྣམ་པར་ཆོམས་ཤིག །ཙྪིནྡྷ་ནི་ཆོད་ཅིག །བྷིནྡྷ་ནི་ཆིངས་ཤིག །ཧཱུཾ་ཧཱུཾ་ཕཊ་ཕཊ་ནི་བསྐུལ་བ་དང་གསལ་བར་བྱེད་པ། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར། ཨ་ན་ལ་མེ། ཁ་ས་མེ་མཁའ་དང་མཉམ་པ། བཻ་ར་འཇིགས་པ། སཽ་མེ་ཟླ་བ། སརྦ་བུདྡྷ་ཨ་དྷི ཥྛ་ན་ཨ་དྷི་ཥྛ་ཏེ་ནི་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་རློབས་ཤིག །སརྦ་ཏ་ཏཱ་ག་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ན ི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གདུགས་དཀར་པོ་ཅན་ཞེས་པ་སྟེ། ནས་དང་བྱུང་བའི་སྐད་དོད་དངོས་སུ་མི་སྣང་ངོ་། །ཧཱུཾ་གཉིས་ནི་ཐུགས་ཀྱི་མཚོན་བྱེད་དང་། མ་མ་ཞེས་བདག་སྟེ་རང་ཉིད་སྲུང་བའི་དོན་ནོ། །ཨུཥྞཱིའི་ཨུ་ནི་ཏའི་སྲོག་གི་ཨ་དང་ཕྲད་སྟོབས་ཀྱིས་ན་རོར་སོང་བ་སྟེ། མཚམས་སྦྱོར་ལྔ་པ་ལས། ཨི་ཨུ་ལ་ཨོའོ་ཞེས་འབྱུང་བ་ལྟར་མཚམས་སྦྱར་བའོ། །སློབ་དཔོན་ཤུ་རཱངྒ་བཛྲ་གྱིས་སྲུང་འཁོར་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་སྔགས་འདི་བཟླས་ནས་ཆར་འབེབས་པ་ཞིག་བཤད་དོ། །གཉིས་པ་ནི། ཀླུའི་རྒྱལ་པོ་མཐའ་ཡས་དང་ཞེས་སོགས་ཏེ། ཆར་འབེབས་པའི་ཐབས་མང་དུ་ཡོད་པ་ལས། འདིར་སྲུང་འཁོར་དང་སྔགས་བཟླས་པའི་མཐུས། ཀླུའི་རྒྱལ་པོ་རྣམས་དགྱེས་ནས། ཀླུ་ཆེན་པོ་བརྒྱད་དང་། ཁྱད་པར་དུ་ཀླུའི་རྒྱལ་པོ་མཐའ་ཡས་དང་། དུང་སྐྱོང་དང་། ནག་པོ་ཆེན་པོ་སྟེ་རིགས་གསུམ་གྱི་ཀླུའི་རྒྱལ་པོ་རྣམས་ཀྱིས་དུས་དུས་སུ་ཆར་འབེབས་སོ། །དུས་དུས་སུ་སྤྲིན་སྡུད་པ་དང་། དུས་དུས་སུ་འབྲུག་སྒྲ་སྒྲོག་པར་བྱེད་པར་འགྱུར་རོ། །གསུམ་པ་ནི། དེ་ལྟར་ལས་གྲུབ་པ་ལ་སྔགས་བཟླ་བ་དང་། ལྷའི་རྣལ་འབྱོར་དགོས་ཤིང་དེ་ཡང་རང་རང་གི་སྐབས་སུ། བཤད་པའི་སྔགས་དང་། འདིར་སངས་རྒྱས་རྣལ་འབྱོར་དུ་བྱས་ལ། རིག་པའི་རྒྱལ་མོ་འདི་ལན་གསུམ་ལ་སོགས་པ་བཟླ་བར་བྱའོ། །སངས་རྒྱས་རྣལ་འབྱོར་ཁ་ཅིག་ཤཱཀྱ་ཐུབ་པའི་རྣལ་འབྱོར་དུ་བཤད་ཀྱང་། འདིའི་གཞུང་འདོན་པ་ལ་དེ་དང་། གཞན་སངས་རྒྱས་ཞེས་པ་གདུགས་དཀར་མོ་ཅན་གྱི་རྣལ་འབྱོར་སྒོམ་པ་ལ་བྱས་ན་ལེགས་སམ་སྙམ་མོ། །གསུམ་པ་མཇུག་ཏུ་ཡི་རང་བའི་མཐུན་འགྱུར་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཞེས་པ་ནས། མངོན་པར་བསྟོད་དོ་ཞེས་པའི་བར་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་དགའ་ནས་བསྔགས་པའོ། །གསུམ་པ་མཇུག་གི་དོན་ལ་གཉིས། གཞུང་རྫོགས་པ་དང་། བསྒྱུར་བྱང་བཤད་པའོ། །དང་པོ་ནི། འཕགས་པ་དེ་བཞིན་གཤེགས་པའི་ཞེས་པ་ནས། གཟུངས་རྫོགས་སོ་ཞེས་པའི་བར་རོ། །གཉིས་པ་ནི། བསྟན་པ་སྔར་དར་གྱི་དུས་བོད་ཀྱི་རྒྱལ་བློན་བྱང་ཆུབ་སེམས་པའི་སྐུའི་རིང་ལ་བསྒྱུར་བ་ལས། དུས་ཕྱིས་ཁ་ཆེའི་པཎྜི་ཏ་པཱ་ར་ཧེ་ཏ་ཏེ་གཞན་ཕན་བཟང་པོ་དང་། ལོ་ཙཱ་བ་ཟུ་དགའ་རྡོར་གྱིས་ཁ་ཆེའི་བདུད་རྩིའི་འབྱུང་གནས་ཀྱི་གཙུག་ལག་ཁང་གི་དཔེ་རྙིང་ལ་གཏུགས་ནས་དག་པར་བྱས་པའོ། །སྨྲས་པ། བདེ་གཤེགས་ཀུན་གྱི་མཁྱེན་བརྩེའི་ནུས་མཚོ་ལས། །ལེགས་འཁྲུངས་གཙུག་ཏོར་གདུགས་དཀར་ལྷུན་པོའི་དབང་། །གཟི་བྱིན་འཕྲིན་ལས་ཉི་འོད་སྟོང་འབར་བ། །གདུལ་བྱ་རྒྱ་མཚོའི་དཔལ་དང་མགོན་དུ་གྱུར། །གང་གི་གཟུགས་མཆོག་ཟབ་ཡང་མཆུ་གཏེར་ཆེར། །རྣམ་དཔྱོད་རི་རབ་བསྒྲིལ་བ་ལས་བྱུང་བའི། །དོན་བཟང་ཆ་ཤས་རྫོགས་པའི་འོད་དཀར་ཅན། །བློ་ལྡན་རྣམ་དཔྱོད་ཀུནྡ་རྒྱས་ཕྱིར་ཤར། །ཟབ་ཟབ་གཞུང་གི་དགོངས་དོན་པདྨོའི་ཚལ། །མཁས་མཁས་དམ་པ་རིམ་བརྒྱུད་མན་ངག་དང་། །གསལ་གསལ་རིགས་པའི་ཉི་འོད་ཀྱིས་ཕྱེ་སྟེ། །ལེགས་ལེགས་བཤད་མོད་ཉེས་པ ར་གྱུར་ན་བཤགས། །འདིར་འབད་ལས་བྱུང་རབ་དཀར་གངྒའི་རྒྱུན། །དུས་གསུམ་དགེ་ཚོགས་ཀླུང་དང་ལྷན་ཅིག་ཏུ། །དད་ལྡན་བློ་རྨོངས་དྲི་མ་འཁྲུད་པ་དང་། །ཀུན་མཁྱེན་རྒྱ་མཚོ་ཆེན་པོར་འཇུག་ཕྱིར་བསྔོ། །ཅེས་གཙུག་ཏོར་གདུགས་དཀར་མོ་ཅན་གྱི་གཟུངས་ཀྱི་རྒྱས་འགྲེལ་དགོང་དོན་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་འདི་ནི། མདོ་སྔགས་ཀྱི་གཞུང་ཆེ་ཕྲ་དུ་མ་དང་ནག་རྩིས་སྐོར་ལ་བློ་གྲོས་གསལ་བ་གཡོ་སའི་དགེ་སློང་གྲགས་པ་དཔལ་འབྱོར་གྱིས་ནན་ཆེར་བསྐུལ་བ་ལ་བརྟེན་ནས། ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་རང་ལོ་རེ་བརྒྱད་ཐོག །ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་པར་གྱི་ཡི་གེ་བ་ནི་ཁ་ཏོན་དགེ་སྦྱོར་ལ་བརྩེ་བ་ཆེ་ཞིང་དད་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་པ་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །སརྦ་མངྒལཾ།། །།

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་ཚིག་དོན་རབ་གསལ།

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་ཚིག་དོན་རབ་གསལ་བཞུགས་སོ། །

ན་མོ་བཛྲ་པཱ་ཎི་ཡེ། མ་ལུས་རྒྱལ་བའི་མཐུ་སྟོབས་ནུས་པའི་དཔུང་། །གཅིག་བསྡུས་རིག་སྔགས་འཆང་བ་ཀུན་གྱི་རྗེ། །བཅོམ་ལྡན་ཕྱག་ན་རྡོ་རྗེར་རབ་གྲགས་པ། །རྗེ་བཙུན་རྡོ་རྗེ་རྣམ་པར་འཇོམས་ལ་འ དུད། །གང་དེའི་རྒྱུད་ཀྱི་རྣམ་གྲངས་ཆེས་མང་ཡང་། །བྱ་རྒྱུད་ཚུལ་དུ་གསུངས་པའི་གཟུངས་སྔགས་མཆོག །ཡོངས་སུ་གྲགས་པའི་ཚིག་དོན་ཕྱོགས་ཙམ་ཞིག །དད་དང་རྣམ་དཔྱོད་ཉིད་ཀྱིས་གསལ་བར་བྱ། ༈ དེ་ཡང་རྡོ་རྗེ་རྣམ་པར་འཇོམས་པ་ཉིད་ངོ་བོ་རྗེ་བཙུན་གསང་བའི་བདག་པོ་ཡིན་ལ། སྤྱིར་གསང་བའི་བདག་པོ་ལ་ཕྱག་རྡོར་ཞི་བ། གསང་བདག་གཏུམ་པོ་ཁྱུང་ལྔ། ཨུ་ཙརྱ། འབྱུང་པོ་འདུལ་བྱེད། གོས་སྔོན་ཅན། འཁོར་ལོ་ཆེན་པོ་སོགས་མང་ཞིང་། ཐུགས་ཀྱི་སྤྲུལ་པ་ནི་རྡོ་རྗེ་རྣམ་འཇོམས་ཏེ། དེ་ལའང་སྐུ་མདོག་དང་ལྷའི་གྲངས་སོགས་མི་འདྲ་བ་མང་ངོ་། །འདིའི་རྒྱུད་ནི་བྱ་རྒྱུད་དུ་གཏོགས་པར་གསུངས་ཤིང་བྱ་རྒྱུད་ལ་དེ་བཞིན་གཤེགས་པའི་རིགས་པདྨའི་རིགས། རྡོ་རྗེའི་རིགས་དང་གསུམ་ལས་རྡོ་རྗེའི་རིགས་སོ། །རྡོ་རྗེའི་རིགས་ཀྱི་གཙོ་བོ་ནི་མི་འཁྲུགས་པ་དང་། རིགས་ཀྱི་འཁོར་ལོས་བསྒྱུར་བ་ནི་ཕྱག་རྡོར་དང་། དེའི་སྤྲུལ་པ་རིག་པ་མཆོག་དང་། རྣམ་འཇོམས་ལ་སོགས་པའོ། །རྣམ་འཇོམས་ཀྱི་རྒྱུད་འདི་གནས་གང་དུ་གསུངས་ཞེ་ན། མཁས་པ་ཁ་ཅིག་རྡོ་རྗེའི་ལྷུན་པོའི་ཟོམས་སུ་གསུངས། གང་གི་ཆེད་དུ་གསུངས་ན་སེམས་ཅན་གཞན་གྱི་དོན་དུ་ཡང་ཡིན་མོད། དངོས་སུ་ན་རྒྱལ་པོ་མ་སྐྱེས་དགྲ་ནད་ཀྱིས་ཟིན་པའི་དུས་སུ་ཕྱག་རྡོར་གྱིས་བཅོམ་ལྡན་འདས་ལ་ཞུས་ནས་གསུངས་སོ་ཞེས་བཤད་དེ། ཕྱི་མ་འདི་མཇུག་ཏུ་རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་འབྱུང་བ་དང་འབྲེལ་སྙམ་མོ། །འདི་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ལས་མཚན་བསྒྱུར་བ་ནི། གཞུང་འདིའི་མཚན་ལ། རྒྱ་གར་ལེགས་སྦྱར་གྱི་སྐད་དུ་ནི། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་ཞེས་བྱ་ཞིང་། དེ་ཉིད་བོད་ཀྱི་སྐད་དུ་བསྒྱུར་ན། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཞེས་བྱ་བར་འགྱུར་ཏེ། བཛྲ་ནི་རྡོ་རྗེ། བི་དཱ་ར་ཎ་ནི་རྣམ་པར་འཇོམས་པ། ནཱ་མ་ནི་ཞེས་བྱ་བ། དྷ་ར་ཎི་ནི་གཟུངས་ཞེས་པར་འགྱུར་བའི་ཕྱིར། བི་དཱ་རའི་བི་ནི་དགག་ཚིག་སྟེ། བྲལ་བ། ལོག་པ། རྣམ་པར་ཞེས་སོགས་མང་པོ་ཞིག་ལ་འཇུག་ཀྱང་། འདིར་ནི་རྣམ་པར་ཞེས་པའི་དོན་དུ་བསྒྱུར་རོ། །གཉིས་པ་མཚན་གྱི་དོན་ལ། རྡོ་རྗེ་ནི་འཆད་པ་ལྟར་ཏེ་དེས་མི་མཐུན་ཕྱོགས་ཐམས་ཅད་རྣམ་པར་འཇོམས་པའི་དོན་ནོ། །གཟུངས་ལ། སྤྱིར་རྗོད་བྱེད་ཚིག་གི་གཟུངས་དང་། བརྗོད་བྱ་དོན་གྱི་གཟུངས་གཉིས་ཏེ། འདིར་སྔ་མའི་དབང་དུ་བྱས་སོ། །བརྗོད་བྱ་དོན་གྱི་གཟུངས་ལ་བཞི་སྟེ། བཟོད་པའི་གཟུངས་དང་། གསང་སྔགས་ཀྱི་གཟུངས་དང་། ཚིག་དང་དོན་གྱི་གཟུངས་སོ། །དེའི་དང་པོ་ནི་སྟོང་ཉིད་ལ་མི་སྐྲག་པའི་ཏིང་ངེ་འཛིན་དང་ཤེས་རབ་སྐྱེས་པའོ། །གཉིས་པ་ནི། དེའི་སྟོབས་ཀྱིས་སྡིག་པ་དང་མི་མཐུན་ཕྱོགས་གཞན་ཞི་བར་བྱེད་པའི་གསང་སྔགས་རྩོམ་ནུས་པ་ནས་ཐོབ་པའི་གཟུངས་ཞིག་གོ །གསུམ་པ་དང་བཞི་པའི་གསུང་རབ་ཀྱི་ཚིག་མང་པོ་བསྐལ་བའི་བར་དུ་མི་བརྗེད་པ་དང་། དོན་དུ་མ་བསྐལ་བའི་བར་དུ་མི་བརྗེད་པར་འཛིན་ནུས་པའི་གཟུངས་ཏེ་ཏིང་ངེ་འ ཛིན་དང་ཤེས་རབ་ཀྱིས་བསྡུས་པའོ། །གཉིས་པ་འགྱུར་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་སླའོ། །གསུམ་པ་གཞུང་གི་དོན་ལ་བཞི། གཟུངས་སྔགས་འབྱུང་བའི་རྒྱུ། གཟུངས་ཀྱི་ཁྱད་ཆོས། གཟུངས་སྔགས་དངོས། གཟུངས་ཀྱི་ཆོ་གའི་རིམ་པའོ། །དང་པོ་ནི། འཆད་པའི་གཞུང་འདི་སྐད་སྡུད་པ་པོ་བདག་གིས་ཐོས་པ་ལ་དུས་གཅིག་གི་ཚེ་ན་ཞེས་པ་ནི་ཡང་ཡང་མ་ཐོས་ཀྱི། ལན་གཅིག་ཐོས་ཤིང་ལན་གཅིག་ཙམ་ཐོས་པས་ཀྱང་མི་བརྗེད་པར་བཟུངས་ཞེས་པ་སྟེ། འདིས་ཆོས་འདི་དཀོན་པ་དང་རང་ཉིད་ཤེས་རབ་ཆེ་བར་བསྟན་ཏོ། །དེའི་ཚེ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྡོ་རྗེ་ལ་བཞུགས་ཏེ་ཞེས་པ་ནི་དྲང་དོན་དུ་རྡོ་རྗེའི་གདན་ལ་བཞུགས་པ་དང་། ངེས་དོན་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཉིད་ཀྱི་མཐུས་ལག་ན་རྡོ་རྗེ་སྟེ་པ་ཎ་ཞེས་པ་ལག་པ་ལ་འཇུག་ཅིང་ཞེ་ས་དང་སྦྱར་ན། ཕྱག་ན་རྡོ་རྗེ་རང་ཉིད་ཀྱིས་རང་གི་ལུས་ཐམས་ཅད་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ནས། ཐུགས་གཉིས་སུ་མེད་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་སྙོམས་པར་ཞུགས་སོ། །ཞེས་པའི་ཚིག་སྔ་མས་ཕྱག་རྡོར་གྱི་རང་བཞིན་གྱི་ལུས་ནི། འབྱུང་བཞི་ལས་གྲུབ་པའི་ལུས་མ་ཡིན་པར་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་བསྟན་ཏོ། །སྤྱི་རྡོ་རྗེ་ལ་དྲང་ངེས་ཀྱི་རྡོ་རྗེ་གཉིས་ལས། དྲང་དོན་གྱི་རྡོ་རྗེ་ལ་རྩེ་གཅིག་པ་དང་། རྩེ་གསུམ་པ་དང་། རྩེ་ལྔ་པ་དང་། སྣ་ཚོགས་རྡོ་རྗེ་སོགས་མང་ཡང་། ཕྱག་རྡོར་གྱི་ཕྱག་མཚན་རྡོ་རྗེ་ལ་རྩེ་ལྔ་པ་གཙོ་ཆེ་ཞིང་། རྩེ་ལྔས་ཡེ་ཤེས་ལྔ་མཚོན་པ་སོགས་མང་ངོ་། །ངེས་དོན་གྱི་རྡོ་རྗེ་ལ་ཡུལ་སྟོང་པ་ཉིད་དང་ཡུལ་ཅན་དེ་རྟོགས་པའི་ཡེ་ཤེས་གཉིས་ཡོད་ཀྱང་། འདིར་ཡུལ་ཅན་ཡེ་ཤེས་ཀྱི་དབང་དུ་བྱས་ན་སྟོང་ཉིད་ཟབ་མོ་ལ་གཉིས་སྣང་ཕྲ་མོས་ཀྱང་བར་མ་ཆོད་པར་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་གྱུར་པའི་རྒྱལ་བའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི་ངེས་དོན་གྱི་རྡོ་རྗེ་ཡིན་ལ། དེ་ཉིད་ལ་མཚོན་བྱ་དོན་གྱི་རྡོ་རྗེ་དང་གསང་བའི་རྡོ་རྗེ་ཞེས་ཀྱང་བྱ་སྟེ། འོག་ཏུ་འཆད་པའི་ངེས་དོན་གྱི་རྡོ་རྗེ་རྣམས་ལ་དོན་འདི་དྲན་དགོས་སོ། །དེ་ལྟར་ཡང་རྒྱ་གཞུང་གཉིས་ལས། ཡེ་ཤེས་དེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པའི་ངོ་བོ་རྡོ་རྗེ་ལྟར་ཐོགས་པ་མེད་པས་རྩེ་གཅིག་ཏུ་མཉམ་པར་བཞག་པའི་གནས་སྐབས་ལ་བྱ་བར་མངོན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ངེས་དོན་གྱི་རྡོ་རྗེ་དེ་ཉིད་དྲང་དོན་ལྷ་སྐུའི་རྣམ་པར་ཤར་བ་སྟེ་དྲང་ངེས་གཉིས་སོ། །ལག་ན་རྡོ་རྗེ་ཞེས་པ་ནི་དྲང་དོན་དུ་ཕྱག་ན་རྡོ་རྗེ་རྩེ་ལྔ་པ་ལྟ་བུ་འཛིན་པའི་མིང་ཡིན་ལ། ངེས་དོན་དུ་ནི་བཤད་མ་ཐག་པའི་ངེས་དོན་གྱི་རྡོ་རྗེ་དེ་ཐུགས་རྒྱུད་ལ་འཛིན་པའི་དོན་ཏེ་ཐུགས་ལ་ཡོད་པ་ནི་ལག་ན་ཡོད་པ་དང་འདྲ་བའོ། །ལག་ན་རྡོ་རྗེ་ལ་ནི་སྤྱིར་མཚན་བརྗོད་ལས། ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །ཞེས་འབྱུང་བ་ལྟར་ལག་ན་རྡོ་རྗེའི་མིང་ཅན་དཔག་ཏུ་མེད་པ་ཡོད་ཀྱང་། ཕྱག་ན་རྡོ་རྗེ་ལ་ལག་ན་རྡོ་རྗེར་བཤད་པ་འདི་ལག་ན་རྡོ་རྗེ་ཐམས་ཅད་ཀྱི་རྒྱལ་པོའོ། །ཕྱག་ན་རྡོ་རྗེ་ནི་སངས་རྒྱས་ཐམས་ཅད་ཀྱིས་གདུག་པ་ཅན་ཀུན་འདུལ་བའི་ཕྱིར་དུ་དབང་བསྐུར་ཞིང་དྲག་པོའི་སྐུར་བསྟན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་བཟུང་ཡང་དོན་ལ་ནི་དང་པོའི་སངས་རྒྱས་ཡིན་ཏེ། སྤྱོད་རྒྱུད་ལས་ཕྱག་རྡོར་ལ་མཚན་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་བསྟོད་པའི་སྐབས་སུ། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་སོགས་དང་། དེའི་མཚན་བསྟོད་གཞན་དག་ཏུ་ཡང་། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་རྡོར་སེམས་སུ་བཤད་པའི་ཕྱིར་རོ། །དེས་ན་ཟངས་མཆུ་དམར་པོ་ལས་ཕྱག་རྡོར་གྱིས་ཀླུ་བ་སུ་ཏ་འདུལ་མ་ནུས་པར་བཤད་པ་ནི་ཕྱག་རྡོར་ལ་སྐུར་འདེབས་ཀྱི་ལེགས་བཤད་ཆེན་པོའོ། །གཉིས་པ་ལ་གསུམ། མཚམས་སྦྱར་བ་དང་། ཁྱད་ཆོས་ཆོས་མཚུངས་ཀྱི་སྒོ་ནས་བཤད་པ་དང་། འཕྲིན་ལས་ཀྱི་སྒོ་ནས་བཤད་པའོ། །དང་པོ་ནི། ཕྱག་ན་རྡོ་རྗེས་རང་གི་ལུས་བྱིན་གྱིས་བརླབས་ཏེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་ནས་ཏེ་དེ་མ་ཐག་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་རྡོ་རྗེ་ཁྲོ་བོ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་གསང་བ་ལས་བྱུང་བའི་རྡོ་རྗེའི་སྙིང་པོ་འཆད་པར་འགྱུར་བའི་གཟུངས་འདི་རབ་ཏུ་སྨྲས་ཏེ་ཞེས་སོ། །གཉིས་པ་ནི། རྒྱ་གཞུང་གཉིས་ལས། ཅིའི་ཕྱིར་འདི་ལ་རྡོ་རྗེ་ཞེས་བྱ་ཞེ་ན། ཕྱི་རོལ་གྱི་རྡོ་རྗེ་རིན་པོ་ཆེ་དང་ཆོས་མཐུན་པ་རྣམ་པ་བདུན་ཡོད་པའི་ཕྱིར་དཔེའི་སྒོ་ནས་དོན་ཉེ་བར་མཚོན་པ་ཡིན་ཏེ། ཞེས་གསུངས་ཏེ་ཕྱི་རོལ་གྱི་རྡོ་རྗེ་ནི་འདིར་ཕྱག་རྡོར་རང་གི་ཕྱག་ན་ཡོད་པའི་རྡོ་རྗེ་དེ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱི་ལག་གི་རྡོ་རྗེ་དང་རྡོ་རྗེ་ཕ་ལམ་ལྟ་བུ་སྟེ་རྡོ་རྗེ་དེ་དག་གི་ཕྱིའི་དངོས་པོ་བྲག་རི་སོགས་གང་ལ་བསྣུན་ནའང་ཐལ་བར་རློག་པ་དང་འབིགས་པར་བྱེད་ནུས་ཤིང་རྡོ་རྗེ་རང་ལ་ཚུར་ཕྱིའི་དངོས་པོ་གང་གིས་མི་ཚུགས་པའོ། །དེས་ན་ཕྱིའི་རྡོ་རྗེ་དེ་ལྟ་བུ་ལ་མི་ཆོད་པ་སོགས་ཁྱད་ཆོས་བདུན་ཡོད་པ་ལྟར། ངེས་དོན་གྱི་རྡོ་རྗེ་ཇི་སྐད་བཤད་པ་དེ་ལ་ཡང་། མི་མཐུན་ཕྱོགས་ཀྱི་མཚོན་གྱིས་མི་ཆོད་པ་དང་། མི་ཤིགས་ཅིང་གཞིག་པར་མི་ནུས་པ་དང་། མི་སླུ་བའི་བདེན་པ་དང་། མི་ཕྱེད་པའི་སྲ་བ་དང་། འགྱུར་མེད་ཀྱི་བརྟན་པ་དང་། བྱ་བའི་ལས་ཐམས་ཅད་ལ་ཐོགས་པ་མེད་པ་དང་། ཕ་རོལ་གྱི་ཕྱོགས་ལས་ཐམས་ཅད་དུ་རྒྱལ་ཞིང་མ་ཕམ་པར་བྱེད་ནུས་པ་སྟེ་ཁྱད་པར་བདུན་ཡོད་དོ། །གསུམ་པ་ནི། གདུག་པའི་བསམ་པ་ཅན་གྱི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་དང་། དེ་ལྟ་བུའི་སེམས་ཅན་ཐམས་ཅད་འཇིལ་བ་སྟེ་འཇོམས་པར་བྱེད་པ་དང་། སེམས་ཅན་དེ་དག་གིས་བྱས་པའི་རིག་སྔགས་ངན་པ་ཐམས་ཅད་གཅོད་པར་བྱེད་པ་དང་། རིག་སྔགས་ངན་པ་ཐམས་ཅད་གནོད་པར་བྱེད་པ་དང་། དེ་དག་གིས་བྱས་པའི་ལས་སྦྱོར་ངན་པ་ཐམས་ཅད་འཇོམས་པར་བྱེད་པ་དང་། ཕ་རོལ་གཞན་གྱིས་བསམ་སྦྱོར་ངན་པས་བྱས་པའི་ལས་ཐམས་ཅད་འཇིག་པར་བྱེད་པ་སྟེ་དེ་རྣམས་ནི་མིས་བྱས་པ་གཙོ་ཆེའོ། །མི་མ་ཡིན་གྱི་དབང་དུ་བྱས་ནས་ལྷའི་གདོན་ལ་སོགས་པ་གདོན་ཐམས་ཅད་བརླག་པར་བྱེད་པ་དང་། གདོན་དེ་རྣམས་ཀྱིས་ཟིན་པ་ལས་ཐར་པར་བྱེད་པ་དང་། འབྱུང་པོ་ཐམས་ཅད་དབང་གིས་འགུགས་པར་བྱེད་པ་དང་། འབྱུང་པོ་ཐམས་ཅད་དྲག་པོའི་ལས་ཀྱིས་ཚར་གཅོད་པར་བྱེད་པ་དང་། རང་གི་རིག་སྔགས་ཀྱི་ལས་ཐམས་ཅད་འགྲུབ་པར་བྱེད་དུ་འཇུག་པ་དང་། རང་གིས་སྔར་རིག་སྔགས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པ་དང་། གྲུབ་ཟིན་པ་རྣམས་བརྟན་ཅིང་ཆུད་མི་ཟ་བར་བྱེད་པ་དང་། སེམས་ཅན་ལ་ཆོས་ནོར་གྱི་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་གནོད་པའི་ཕྱོགས་བསྲུང་བ་དང་། ནད་གདོན་སོགས་ཞི་བ་དང་། ཚེ་དང་བསོད་ནམས་སོགས་རྒྱས་པ་དང་། དྲག་པོས་འདུལ་དགོས་པའི་སེམས་ཅན་འགའ་ཞིག་རེངས་པ་སྟེ་ཡན་ལག་ལྔ་ལྟ་བུ་གཡོ་འགུལ་བྱེད་མི་ནུས་པ་དང་། ཡིད་རྨོངས་ཤིང་མི་ཤེས་པའི་རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །གཞུང་འདི་དག་གིས་ཞི་རྒྱས་དབང་དྲག་གི་ལས་བཞི་བསྟན་ཞིང་། འདོད་པ་སྦྱིན་ཅིང་བསྲུང་བ་དང་ཞི་བ་དང་རྒྱས་པ་རྣམས་ཀྱིས་ཞི་རྒྱས་གཉིས་དང་། འགུགས་པར་བྱེད་པ་སོགས་འགའ་ཞིག་གིས་དབང་དང་། རེངས་པར་བྱེད་པ་སོགས་ཀྱིས་དྲག་པོའི་ལས་བསྟན་ཏེ། དེ་དག་གི་ལས་སྒྲུབ་ཚུལ་རྣམས་རྒྱ་གཞུང་ནས་འབྱུང་ཡང་མ་བཀོད་དོ། །འདིར་རྗོད་བྱེད་ཚིག་གི་གསང་སྔགས་ཀྱི་མཐུར་བཤད་ཀྱང་རྗོད་བྱེད་ཀྱི་གསང་སྔགས་རྣམས་ནི་ངེས་དོན་གྱི་གསང་སྔགས་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བས་ཕན་ཡོན་རྣམས་གཉིས་ཀ་ཐུན་མོང་བའོ། །གསུམ་པ་ལ་གཉིས། གཟུངས་བསྒྱུར་བ་དང་། གཟུངས་སྔགས་གཅོད་ཚུལ་ལྷ་སྒོམ་པ་དང་སྦྱར་ནས་བཤད་པའོ། །དང་པོ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། ན་མོ་ནི་ཕྱག་འཚལ་བ། རཏྣ་ནི་རིན་པོ་ཆེ་ཡིན་ཡང་དོན་འགྱུར་ལ་དཀོན་མཆོག །ཏྲ་ཡཱ་ནི་གསུམ། ཡ་ནི་ལ་ཞེས་པར་འགྱུར་རོ། །ན་མཿཙཎྜ་བཛྲ་པཱ་ཎ་ཡེ་ནི། ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། ཙཎྜ་ནི་གཏུམ་པོའོ། །མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ནི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྟེ། མ་ཧཱ་ནི་ཆེན་པོ། ཡཀྵ་ནི་གནོད་སྦྱིན། སེ་ནཱ་ནི་སྡེ། པ་ཏ་ཡེ་ནི་དཔོན་ནམ་བདག་པོའོ། །ཏདྱ་ཐཱ་ནི། འདི་ལྟ་སྟེ་ཞེས་པ་སྟེ། ཏད་ནི་འདི་དང་། ཡ་ཐཱ་ནི་ལྟ་སྟེ་ཞེས་པའོ། །ༀ་ནི་འགོ་འདྲེན་དང་། ཊུ་ཊ་ཊུ་ཊ་ནི་མཐར་མཛོད་གཉིས། ཏྲོ་ཊ་ཡ་ཏྲོ་ཊ་ཡ་ནི་སོལ་ཅིག་གཉིས། སྥུ་ཊ་སྥུ་ཊ་ནི་སྦོར་ཞིག་གཉིས། སྥོ་ཊ་ཡ་སྥོ་ཊ་ཡ་ནི་ཤིན་ཏུ་སྦོར་ཞིག་གཉིས། གྷུརྞ་གྷུརྞ་ནི་ཐར་པར་མཛོད་ཅིག་གཉིས། གྷུརྞཱ་པ་ཡ་གྷུརྞཱ་པ་ཡ་ནི་ཤིན་ཏུ་ཐར་པར་མཛོད་ཅིག་གཉིས། སརྦ་ས་ཏྭ་ནི་ནི་སེམས་ཅན་ཐམས་ཅད། བོ་དྷ་ཡ་བོ་དྷ་ཡ་ནི་བྱང་ཆུབ་གཉིས། སཾ་བྷོ་དྷ་ཡ་སཾ་བྷྱོ་དྷ་ཡ་ནི་ཡང་དག་པའི་བྱང་ཆུབ་གཉིས། བྷྲ་མ་བྷྲ་མ་ནི་ཚངས་པ་གཉིས། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ་ནི་ཡང་དག་པའི་ཚངས་པ་གཉིས། སརྦ་བྷཱུ་ཏ་ནི་འབྱུང་པོ་ཐམས་ཅད། འདིར་སརྦ་བུདྡྷ་བོ་དྷི་ནི་ཞེས་འབྱུང་བ་ལྟར་ན་སངས་རྒྱས་ཀྱི་བྱང་ཆུབ་ཅེས་པའོ། །ཀུ་ཊ་ཀུ་ཊ་ནི་དུམ་བུ་གཉིས། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ་ནི་ཡང་དག་པར་དུམ་བུ་གཉིས། སརྦ་ཤཱ་ཏྲཱུཾ་ནི་དགྲ་ཐམས་ཅད། གྷ་ཊ་གྷ་ཊ་ནི་ཕྱིན་པ་གཉིས། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ་ནི་ཡང་དག་པར་ཕྱིན་པའམ་ལེགས་པར་ཕྱིན་པ་གཉིས། སཾ་ནི་ཉེ་བསྒྱུར་ཏེ་ཀུན་ནས་དང་འདུ་བ་སོགས་དོན་མང་པོ་ཞིག་ལ་འཇུག་གོ །སརྦ་བིདྱཱཾ་བཛྲ་བཛྲ་ནི་ཐམས་ཅད་རིག་པའི་རྡོ་རྗེ་རྡོ་རྗེ་སྟེ་བིདྱཱཾ་ནི་རིག་པའོ། །བཛྲ་ནི་རྡོ་རྗེ་ཡིན་པ་འདྲ་བ། སྥོ་ཊ་སྦར་བ། ཀ་ཊ་གཅོད་པ། མ་ཊ་བཤིག་པ༑ མ་ཐ་གཏུབ་པ། ཨཊྚ་དྲོལ། ཧཱ་ས་བཞད། ནཱི་ལ་སྔོ། སུ་ནི་ལེགས་པའོ། །ཧེ་ཕུལླུ་ནི་རུ་ཕུལླུ་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུན་ཆོད་ཅིག །གྲྀཧྞ་ཀུལླུ་ནི་བཟུང་ལ་གཞོམ་པར་མཛོད་ཅིག །མི་ལི་ཙུལླུ་ནི་དག་ཅིང་གཞོམ་པར་མཛོད། ཀུ་རུ་ཀུལླུ་ནི་བྱེད་པར་མཛོད། བི་ཛཱ་ཡ་ནི་རྣམ་པར་རྒྱལ་བ་སྟེ་བི་རྣམ་པར། ཛཱ་ཡ་རྒྱལ་བའོ། །ཀཱི་ལི་ཀཱི་ལ་ཡ་ནི་ཕུར་བུས་ཕུར་བུ་ཐོབ། ཀ་ཊ་ཀ་ཊ་ནི་སྐྲོད་གཉིས། མ་ཊ་མ་ཊ་ནི་སྦྱར་གཉིས། ར་ཊ་ར་ཊ་ནི་མ་འཕེལ་གཉིས། མོ་ཊ་ན་ནི་བསྒྲལ་བ། པྲ་མོ་ཊ་ནི་ཕྱོགས་ལས་སྒྲོལ་བ། ཙ་ར་ནི་ཙ་ར་ནི་ཕུན་ཚོགས་སྦྱོར་གཉིས། ཧ་ར་ཧ་ར་ནི་འཕྲོག་ཅིག་གཉིས། ས་ར་ས་ར་ནི་དྲན་པ་གཉིས། མཱ་ར་ཡ་ནི་སོད་ཅིག། བི་དཱ་ར་ཎཱ་ནི་རྣམ་པར་འཇོམས་པའམ་འཛིན་པ། ཚིནྡ་ཚིནྡ་ནི་ཆོད་ཅིག་གཉིས། བྷིནྡ་བྷིནྡྷ་ནི་བཤིག་ཅིག་གཉིས། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་ནི་ཕུར་བུ་ཆེན་པོས། བནྡྷ་བནྡྷ་ནི་ཆིངས་ཤིག་གཉིས། ཀྲོ་དྷ་ནི་ཁྲོ་བོ། ཀཱི་ལི་ཀཱི་ལ་ཕུར་བུས། ཙུ་རུ་ཙུ་རུ་ནི་མཛོད་ཅིག་གཉིས། ཙཎྜ་ནི་གཏུམ་པོ། ཀཱི་ལི་ཀཱི་ལཱ་ཡ་ནི་ཕུར་བུས། ཏྲཱ་ས་ཡ་ཏྲཱ་ས་ཡ་ནི་སྐྲོད་ཅིག་གམ་སྐྲག་པར་གྱིས་གཉིས། ཀཱི་ལི་ཀཱི་ལ་ཡ་ནི་ཕུར་བུས། ཞེས་པ་སྟེ། ཀཱི་ལ་ཡ་བཞི་ནི་ཕུར་བུའི་ཁྲོ་བོ་བཞིའི་སྙིང་པོའོ། །ཧ་ར་ཧ་ར་ནི་འཕྲོག་པའམ་སྐྲོད་ཅིག་གཉིས། དྷ་ར་ནི་འཛིན་པ། པྲ་ཧ་ར་པྲ་ཧ་ར་ནི་རབ་ཏུ་འཕྲོག་པའམ་ཕྱོགས་སུ་སྐྲོད་ཅིག །པྲ་བྷཉྫ་ནི་རབ་ཏུ་འཇོམས་པའམ་ཕྱོགས་འཆང་། མ་ཏི་སྠི་ར་ནི་བློ་གནས་པའམ་བརྟན་པ། ཤུ་ཏི་སྠི་ར་ནི་ལེགས་པར་བརྟན་པ། པྲ་ཏི་སྠི་ར་ནི་སོ་སོར་བརྟན་པའམ་ཕྱོགས་སུ་བརྟན་པ། མ་ཧཱ་བཛྲ་ནི་རྡོ་རྗེ་ཆེན་པོ། ཨ་པྲ་ཏི་ཧ་ཏ་ནི་ཐོགས་པ་མེད་པའམ་རབ་ཏུ་བརྟན་པ། ཨ་མོ་གྷ་ནི་དོན་ཡོད་པ། ཨེ་ཧྱེ་ཧི་ནི་ཚུར་བྱོན་ནམ་ཚུར་ཤོག །ཤྲི་གྷྲཾ་ནི་དཔའ་བར་འགྲོ་བ། དྷ་ར་ཡ་ནི་འཛིན་པ༑ དྷ་ར་དྷ་ར་ནི་ཟུངས་ཤིག་གཉིས། དྷི་རི་དྷི་རི་ནི་འཛིན་པའམ་ཐོར་གཉིས། དྷུ་རུ་དྷུ་རུ་ན ི་འཛིན་དུ་ཆུག་གམ་མི་འཆོར་བ་གཉིས། སརྦ་བཛྲ་ཀཱུ་ལ་མ་ཝརྟཱ་ཡ་ནི་རྡོ་རྗེའི་རིགས་ཐམས་ཅད་ཀྱི་བྱིན་གྱིས་བསྐུར་བའམ་མཉེས་པར་མཛོད། ཨ་མུ་ཀ་མཱ་ར་ཡ་ཕཊ་ནི་ཆེ་གེ་མོའམ་དགྲ་ཐམས་ཅད་སོད་ཅིག །ན་མཿས་མནྟ་བཛྲ་ནཱཾ་ནི་ཕྱག་འཚལ་ལོ་ཀུན་ནས་རྡོ་རྗེ་ལ། སརྦ་བཛྲ་སོགས་སྔར་བཞིན། མ་ཧཱ་བྷ་ལེ་ནི་སྟོབས་པོ་ཆེ། ཀ་ཊ་བེ་ཏ་ཏ་ལེ་ནི་མཆེ་བ་ཐོབ་ཅིག །ཨ་ཙ་ལེ་ནི་མི་གཡོ་བར་གྱིས་ཤིག །མཎྜ་ལ་མ་ལེ་ནི་དཀྱིལ་འཁོར་སྲུངས་ཤིག །ཨ་ཏི་ནི་ཕུལ་བྱུང་དམ་རྫོགས་པ། མ་ཧཱ་བ་ལེ་ནི་སྟོབས་ཆེན་པོ། བེ་ག་ར་ཎ་ནི་རླུང་ཤུགས་འདྲ་བ། ཨ་ཛི་ཏེ་ནི་མ་ཕམ་པ། ཛྭཱ་ལ་ཛྭཱ་ལ་ནི་འབར་བ་འབར་བ། ཏི་ཊི་ཏི་ཊི་ནི་འབར་ཞིང་འབར་བ། ཏིང་ག་ལེ་ནི་སོ་སོར་འབར་བས། ད་ཧ་ད་ཧ་ནི་བསྲེག་གཉིས། ཏེ་ཛོ་ཝ་ཏི་ནི་གཟི་བརྗིད་ཅན། ཏི་ལི་ཏི་ལི་ནི་གཅོད་གཅོད། བནྡྷ་བནྡྷ་ནི་ཆིངས་ཆིངས། མ་ཧཱ་བ་ལེ་བཛྲ་ཨུངྐུ་ཤ་ནི་སྟོབས་པོ་ཆེ་རྡོ་རྗེ་ལྕགས་ཀྱུ། ཛྭཱ་ལ་ཡ་སྭཱཧཱ་ནི་འབར་བའི་གཞི་ཚུགས་ཤིག་ཅེས་པ་སྟེ་གཟུངས་རིང་ངོ་། །དེ་ནས་ན་མོ་རཏྣ་ཏྲ་ཡཱ་ཡ་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མཿཙཎྜ་བཛྲ་པཱ་ཎ་ཡེ་ནི་ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་ཞེས་པའོ། །ༀ་ཧ་ར་ཧ་ར་ནི་འཕྲོག་འཕྲོག །མ་ཐ་མ་ཐ་ནི་རྡེག་རྡེག །དྷཱུ་ན་དྷུ་ན་ནི་གཞིག་པའམ་འཇོམས་གཉིས། ད་ཧ་ད་ཧ་ནི་བསྲེག་བསྲེག །པ་ཙ་པ་ཙ་ནི་ཆོམས་ཆོམས་སམ་ཚོས་ཚོས། དྷ་ར་དྷ་ར་ནི་ཟུངས་ཤིག་གཉིས། དྷཱ་ར་ཡ་དྷཱ་ར་ཡ་ནི་འཛིན་དུ་ཆུག་གཉིས། དཱ་རུ་ཎ་དཱ་རུ་ཎ་ནི་དྲག་ཏུ་གཟུངས་གཉིས། ཚིནྡ་ཚིནྡ་ནི་གཅོད་གཅོད། བིནྡྷ་བིནྡྷ་ནི་ཁོས་ཤིག་གཉིས་ཏེ་གཟུངས་འབྲིང་པོའོ།། དེ་ནས་ནམཿཤྩཎྜ་བཛྲ་ཀྲོ་དྷ་ཡ་ནི་ཁྲོ་བོ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །ཧུ་ལུ་ཧུ་ལུ་ནི་ཞུགས་གཉིས་སམ་ཁུག་ཁུག །ཏིཥྛ་ཏིཥྛ་ནི་བརྟན་པའམ་གནས་པ་གཉིས། བནྡྷ་བནྡྷ་ནི་ཆིངས་ཤིག་གཉིས། ཧ་ན་ཧ་ན་ནི་བརྡེག་གཉིས་སམ་བསྣུན་བསྣུན། ཨ་མྲྀ་ཏེ་ནི་འཆི་བ་མེད་པ་སྟེ་དེ་ཡང་མ་ར་ནི་འཆི་བ་དང་། ཨ་དགག་ཚིག་གོང་དུ་བཞག་པས་འཆི་མེད་དུ་སོང་བའོ། །ཧཱུཾ་ནི་ས་བོན་དང་ཕཊ་ནི་དོན་དེར་བསྐུལ་བ་སྟེ། འདི་དག་ལ་བསྒྱུར་ཚུལ་ཅུང་ཟད་མི་འདྲ་བ་གཞན་ཡང་ཡོད་དོ། །༈ གཉིས་པ་ནི། རྣམ་འཇོམས་ལ་སྤྱིར་དཀྱིལ་འཁོར་མི་འདྲ་བ་དང་ལྷའི་གྲངས་མི་འདྲ་བ་དང་འགོད་ཚུལ་མི་འདྲ་བ་མང་དུ་སྣང་བ་ལས། གཅིག་ནི། དབུས་སུ་རྡོ་རྗེ་རྣམ་འཇོམས། ཤར་དུ་རྡོ་རྗེ་ཕུར་བུ། ལྷོར་རྡོ་རྗེ་བེ་ཅོན། ནུབ་ཏུ་རྡོ་རྗེ་ཐོ་བ། བྱང་དུ་རྡོ་རྗེ་ཁྲོ་བོ་ཆེན་པོ། བྱང་ཤར་དུ་འདོད་རྒྱལ། ཤར་ལྷོར་དབྱིག་སྔོན་ཅན། ལྷོ་ནུབ་ཏུ་མི་གཡོ་བ། ནུབ་བྱང་དུ་སྟོབས་པོ་ཆེ། སྟེང་དུ་ཧཱུཾ་མཛད། འོག་ཏུ་གནོད་མཛེས་ཏེ་ཁྲོ་བོ་བཅུ་དང་། ཤར་ལ་སོགས་པའི་སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་སྟེ་སྒོ་བ་བཞི་དང་བཅས་བཅོ་ལྔ་བསྒོམས་ནས་སྔགས་འབྲིང་བསྡུས་བཟླ་བའི་ཚུལ་གཅིག་དང་། ཡང་དཀྱིལ་འཁོར་གྱི་དབུས་སུ་པད་སྟེང་བུམ་པའི་ནང་དུ་རྣམ་འཇོམས་སྐུ་མདོག་དཀར་པོ་དང་། ཤར་ལ་སོགས་པ་བཞིར་བུམ་ནང་དུ་སྤྱན་མ་མཱ་མ་ཀི་གོས་དཀར་མོ་སྒྲོལ་མ་བཞི་དང་། དེའི་ཕྱིར་འཁོར་ལོ་ལ་ཕྱོགས་མཚམས་སུ་ཁམས་གསུམ་རྣམ་རྒྱལ། གཤིན་རྗེ་གཤེད། རྟ་མགྲིན། བདུད་རྩི་འཁྱིལ་བ་དང་། དབྱུག་སྔོན་ཅན། དོན་ཡོད་ཞགས་པ། ཁྲོ་གཉེར་ཅན། རྡོ་རྗེ་འཁོར་ལོ་སྟེ་བཅུ་གསུམ་སྒོམ་པ་དང་སྔགས་བཟླ་ཚུལ་མི་འདྲ་བ་ཞིག་བཤད་དེ་སྔགས་རིང་དུམ་བུར་བཅད་པ་ཞིག་གོ །དེ་ནི་སྐུའི་དཀྱིལ་འཁོར་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་གཉིས་ལ་ལྷ་དགོད་ཚུལ་དང་ལྷ་གྲངས་སྔ་མ་དང་མི་འདྲ་བ་ཞིག་བཤད། ཡང་དབུས་སུ་རྡོ་རྗེ་རྣམ་འཇོམས། ཕྱོགས་བཞིར་རྡོ་རྗེ་གཏུམ་པོ། རྡོ་རྗེ་ཕུར་བུ། རྡོ་རྗེ་བེ་ཅོན། རྡོ་རྗེ་ཐོ་བ་དང་། འཁོར་ལོའི་གོང་རས་ལ་སྒེག་སོགས་ལྷ་མོ་བཞི་དང་། གྲུ་ཆད་ལ་བདུག་པ་མ་སོགས་བཞི་དང་། ཁྱམས་སུ་ཕྱོགས་སྐྱོང་བཅུ་དང་། སྒོ་བཞིར་སྒོ་མ་བཞི་སྟེ་ལྷ་ཉེར་བདུན་བསྐྱེད་པ་དང་། ཡང་པདྨ་འདབ་མ་བཞི་པའི་དབུས་སུ་རྡོ་རྗེ་རྣམ་འཇོམས་སྐུ་མདོག་ནག་པོ་དང་། ཕྱོགས་ཀྱི་འདབ་མ་ལ་སྤྱན་སོགས་བཞི་སྟེ་ལྷ་ལྔ་བཀོད་ནས་སྔགས་བཟླ་ཚུལ་དང་གོ་རིམ་མི་འདྲ་བ་ཞིག་བཤད་དོ། །ཡང་དཀྱིལ་འཁོར་གྱི་དབུས་སུ་རྣམ་འཇོམས་སྐུ་མདོག་ནག་པོ་དྲག་པོ་དང་། ཕྱོགས་བཞིར་རྒྱ་འགྲམ་གྱི་སྟེང་དུ་ཁྲོ་བོ་བཞི་དང་། དེའི་ཕྱིར་རྩིབས་བཅུ་ལ་ཁྲོ་བོ་བཅུ་སྟེ་བཅོ་ལྔ་བཀོད་ནས་གཟུངས་རིང་བཟླ་བ་དང་། གཞན་ཡང་དཀྱིལ་འཁོར་དྲུག་བཤད་ཅིང་། ལྷའི་ངོ་བོ་དང་གྲངས་མི་འདྲ་བ་དང་སྔགས་བཟླ་ལུགས་ཀྱང་གཟུངས་རིང་ལ་དུམ་བུ་དུམ་བུར་བཅད་ནས་བཟླ་ཚུལ་ཞིག་བཤད་ཀྱང་མང་དུ་དོགས་ནས་བཞག །ད་ལྟ་ནི་གཙོ་རྐྱང་གི་ཁྲུས་ཆོག་གྲགས་ཆེ་ཡང་། རྒྱ་གཞུང་ལས་ནི་ཁྲུས་ཆོག་རྒྱས་པ་བྱ་ཚུལ་བཤད། རྣམ་འཇོམས་ཀྱི་དབང་དང་ཁྲུས་ཆོག་གཞན་འགའ་རེ་སྣང་སྟེ། རྣམ་འཇོམས་ལ་ཁྲོ་བོ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། དེ་བཞིན་དུ་ལྷ་མོ་བརྒྱད། དཔའ་བོ་གཅིག་པ། ཡབ་ཡུམ་གཉིས་མེད། ཁྲོ་བོ་བཞི། སྒ་ོམ་བཞི། རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་སོགས་མང་ངོ་། །༈ བཞི་པ་ལ་གསུམ། མདོར་བསྟན་པ། གཟུངས་ཀྱི་བསྔགས་པ། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གཟུངས་འདིའི་དཀྱིལ་འཁོར་གྱི་ཆོ་ག་དང་ཁྲུས་ཆོག་ཚུལ་བཞིན་དུ་བྱས་ན་སེམས་ཅན་དེའི་སྡིག་པ་ཐམས་ཅད་བྱང་བར་བྱས་ནས་དེ་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་མེད་པར་བྱེད་དོ། །གཉིས་པ་ནི། རྒྱུ་མཚན་དེས་ན་གཟུངས་ཀྱི་རྒྱུད་འདི་ནི་འདི་སྐོར་གྱི་རྒྱུད་གཞན་ཡོད་དོ་ཅོག་ཀུན་གྱི་རྩ་བ་ལྟ་བུ་སྟེ། བརྗོད་བྱའི་དོན་ལས་སྒྲུབ་པའི་དཔལ་ཀུན་གྱིས་ལེགས་པར་བརྒྱན་པའོ། །ཡང་ན་ཚིགས་བཅད་ཡོངས་རྫོགས་རྒྱུད་ཀྱི་ཁྱད་ཆོས་དང་སྦྱར་ནས་སྦྲེལ་ཀྱང་ཆོག །གསུམ་པ་ལ། གང་གི་ཆེད་དུ་ཁྲུས་ཆོག་བྱ་བ་ཀུན་སློང་ཕན་ཡོན་དང་བཅས་པ་དང་། ཁྲུས་ཆོག་བྱ་ཚུལ་དངོས་སོ། །དང་པོ་ལ། སློབ་དཔོན་ཡེ་ཤེས་རྡོ་རྗེའི་རྒྱ་གཞུང་སོགས་སུ་དབང་པོ་ཉམས་པ་གསོ་བ། ཚེ་ཟད་པ་དང་ཉམས་པ་གསོ་བའི་ཚུལ་སོགས་རྒྱས་པར་བཤད་ཀྱང་འདིར་དེ་རྣམས་བཞག་སྟེ་ཚིག་དོན་ཙམ་བརྗོད་ན། སེམས་ཅན་གང་དག་མིག་རྣ་བ་ལ་སོགས་པའི་དབང་པོ་ཉམས་པ་དང་། ཚེ་ཟད་པ་དང་ཚེ་མ་ཟད་ཀྱང་ཉམས་པ་དང་། ཕུན་སུམ་ཚོགས་པ་མ་ཡིན་པའི་མི་འདོད་པའི་ཉེས་པ་གང་ཞིག་ཆགས་པ་སྟེ་དེས་བཟུང་བ་དང་། རང་སྲུང་སྐྱོབ་བྱེད་པའི་ལྷ་རྣམས་མི་དགའ་བས་རྒྱབ་ཀྱིས་ཕྱོགས་པ་དང་། རང་གི་གྲོགས་མཛའ་ཞིང་སྙིང་དུ་སྡུག་པའི་སྐྱེ་བོས་ཀྱང་རང་ལ་སྡང་བ་དང་། བྲམ་ཟེ་དང་གདོལ་བ་ལ་སོགས་པའམ། ཡང་ན་རང་གི་བྲན་གཡོག་དང་གཉེན་ཉེ་དུའི་བཟའ་བ་དང་དེ་ལྟ་བུ་མིན་པ་སོགས་ཀྱིས་གཙེས་པ་སྟེ་གནོད་པ་དང་། དེ་དག་དང་ཕན་ཚུན་མཐུན་པར་མ་ཡིན་པའི་མི་མཐུན་པར་གྱུར་པ་དང་། རང་གི་སྒོ་ནོར་སོགས་འགྲིབ་པས་ཏེ་ཉམས་ནས་གནོད་པ་དང་། མྱ་ངན་བྱུང་བ་དང་ལུས་སེམས་ངལ་བ་དང་དེའི་རྐྱེན་གྱིས་གནོད་པ་དང་། འཇིགས་ཤིང་སྐྲག་པ་བྱུང་བ་དང་། ཡོ་བྱད་སོགས་འདོད་པས་ཕོངས་པ་དང་། གཟའ་དང་རྒྱུ་སྐར་དང་གཞན་གྱིས་བྱད་སྟེམས་སམ་བྱད་ཁ་ཕུར་ཁ་སོགས་བྱུང་བ་དང་། མི་བཟད་པའི་གདོན་གྱི་རིགས་རྣམས་ཀྱིས་ཉེན་པ་སྟེ་གཟིར་བ་དང་། དེར་མ་ཟད། མྱ་ངན་དང་ལུས་སེམས་ངལ་བའི་རྐྱེན་ལས་བྱུང་བ་ཡི་རྨི་ལམ་སྡིག་པ་སྟེ་ངན་པ་མཐོང་ན་ཡང་། གང་ཟག་དེས་ནི་རབ་བཀྲུས་གཙང་མ་ཡི་སྟེ་རང་ཉིད་ཁྲུས་བྱས་ཤིང་གོས་གཙང་མ་གྱོན་པའི་སྒོ་ནས་མདོ་སྡེའི་ཆོ་ག་དམ་པ་འདི་ཉིད་ཉན་པར་གྱིས་ལ་ཁྲུས་ཆོག་ཚུལ་བཞིན་དུ་བྱས་ན་གོང་གི་ཉེས་པ་དེ་ཐམས་ཅད་ཞི་བར་འགྱུར་རོ། །གཞན་ཡང་སྐྱེས་བུ་གང་དག་བསམ་པ་ཡིད་དགེ་ཞིང་སེམས་དང་བ་དང་ལྡན་པ་དེས་ལུས་ལ་གཙང་མའི་གོས་ཀྱིས་རབ་ཏུ་བརྒྱན་ཏེ། བརྗོད་བྱ་ཟབ་མོ་ཀུན་ཕལ་བ་གཞན་གྱི་ཡུལ་མིན་ཞིང་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་མདོ་སྡེ་འདི་ནི་ཉན་ཅིང་ཁྲུས་དང་དོན་ཉམས་སུ་ལེན་པར་བྱེད་ན། མདོ་སྡེའི་གཟུངས་འདི་ཡི་གཟི་བརྗིད་ཀྱི་མཐུས་སྲོག་ཆགས་བསྒྲུབ་བྱ་དེ་དག་ཐམས་ཅད་ཀྱི་མི་བཟད་པའི་ནད་རྣམས་དང་། དེ་ལས་བྱུང་བའི་སྡུག་བསྔལ་དེ་དག་ཐམས་ཅད་ཀྱང་ཞི་བར་འགྱུར་བར་བལྟ་ཞིང་། ཚེ་དང་བསོད་ནམས་སོགས་འཕེལ་བར་འགྱུར་བ་དང་། སྡིག་པ་ཀུན་ལས་རྣམ་པར་ཐར་པར་འགྱུར་རོ། །འོ་ན་འདི་སྔགས་ཕྱོགས་མིན་ནམ་ཅི་འདིར་མདོ་སྡེ་ཞེས་འབྱུང་བ་ཇི་ལྟར་ཡིན་སྙམ་ན། སྐྱོན་མེད་དེ། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་འབྱུང་བ་ལྟར་སྡེ་སྣོད་གསུམ་གྱི་ནང་གི་མདོ་སྡེའི་སྡེ་སྣོད་དུ་འདུས་པ་ལ་དགོངས་སོ། །གཉིས་པ་ནི། ཁྲུས་ཆོག་བྱེད་པ་ལ་བུམ་རྫས་དང་བཅས་པའི་བུམ་པ་སྟ་གོན་བྱ་དགོས་ཤིང་། བུམ་རྫས་ནི། སྤྱིར་འདི་ལུགས་ཀྱི་བུམ་རྫས་ཉེར་ལྔ་རྣམས་དང་། འདིར་དངོས་སུ་བསྟན་པའི་ནོར་བུ་དང་། གསེར་དངུལ་གྱི་རྒྱུ་མུ་ཏིག་སོགས་རིན་པོ་ཆེ་རྣམས་དང་ཙནྡན་དཀར་དམར་དང་བཅས་པ་དང་། ཤེལ་དང་རྡོ་རྗེ་མེ་ཏོག་དམར་པོ་སོགས་དང་བཅས་པའི་ཆུ་ཡིས་གསེར་རམ་སྟེ་གསེར་གྱི་བུམ་ནང་ཕྱེད་གཉིས་ཙམ་གང་བར་བླུགས་པའམ། དེ་མ་འབྱོར་ན་དངུལ་དང་ཟངས་དང་ར་གན་གྱི་བུམ་པ་དག་ཀྱང་རུང་ཞིང་། བུམ་པ་དེའི་མགུལ་བ་གཙང་མའི་གོས་དཀྲི་ཞིང་ནང་ཆུ་ཡིས་དགང་བར་བྱའོ། །བུམ་པའི་ནང་དུ་ལྷ་བསྐྱེད་དེ་ཡེ་ཤེས་པ་བསྟིམས་ནས་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་རྒྱས འབྲིང་བསྡུས་པ་དེ་དག་ཉི་ཤུ་རྩ་གཅིག་གམ། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད་སོགས་བཟླས་ནས་ནི། གོང་དུ་བརྗོད་པའི་རྒྱལ་པོ་དེ་སོགས་སེམས་ཅན་གཞན་ལའང་རྟག་ཏུ་ཁྲུས་གྱིས་ཤིག་ཅེས་པ་སྟེ་དེས་བྱབས་པ་དང་སྲུང་བ་ཡང་མཚོན་ནོ། །རྡོ་རྗེ་རྣམ་འཇོམས་བཟླས་ན་ནི་ཞེས་པ་འདིར་གོང་དུ་བླངས་པ་དོན་གྱི་རིམ་པའི་དབང་དུ་བྱས་པ་སྟེ། ལོགས་སུ་སྦྱོར་ན་ཡང་སྔགས་བཟླས་ཟིན་ནས་བྱབས་ཁྲུས་དངོས་གཞིའི་དུས་སུ་གཟུངས་དེ་དག་བརྗོད་པའི་སྒོ་ནས་བྱའོ་ཞེས་བྱས་ཀྱང་མི་འགལ་བར་སེམས། འདིར་ཡུངས་ཀར་བཤད་པ་ནི་བགེགས་སྐྲོད་པའི་ཆེད་ཡིན་ལ། དུར་བ་དང་ཀུ་ཤ་ནི་བུམ་པ་བརྒྱན་པ་དང་གདན་དང་སྲུང་བའི་ཆེད་དུ་ཡིན་པར་བཤད་དོ། །སྐབས་འདིའི་དངོས་བསྟན་ནི་ཁྲུས་ཆོག་གི་དབང་དུ་མཛད་ཀྱང་། རྒྱུད་འདི་བྱ་རྒྱུད་དུ་གཏོགས་པར་མ་ཟད། གཟུངས་རིང་དང་འབྲིང་བསྡུས་རྣམས་ནི་ལྷ་རྣམས་ཀྱི་སྔགས་ཡིན་ཞིང་། དེ་ལ་སྔགས་རིང་ནི་ལྷ་ཡོངས་རྫོགས་ཀྱི་དབང་དུ་མཛད་པ་དང་། འབྲིང་ནི་རྣམ་འཇོམས་ལ་ཁྲོ་བོ་བརྒྱད་དང་ཁྲོ་བོ་བཅུས་བསྐོར་བ་དང་། བསྡུས་པ་ནི་དེ་ལ་ཁྲོ་བོ་བཞིའམ། སྒོ་བ་བཞིས་བསྐོར་བའི་དཀྱིལ་འཁོར་གྱི་དབང་དུ་མཛད་པ་གཙོ་ཆེ་བར་མངོན། དཀྱིལ་འཁོར་གྱི་ཆོ་ག་ནི་བྱ་རྒྱུད་ཀྱི་ཆོ་ག་གཞན་གྱི་རིགས་འགྲོས་སྦྱོར་བ་དང་། དེ་ལ་ཡང་ལྷ་དྲུག་བསྐྱེད་དང་། ཆོ་ག་གསུམ་བསྐྱེད་སོགས་ཅི་རིགས་པ་སྣང་ངོ་། །བཞི་པ་མཇུག་ལ་གཉིས་ལས། དང་པོ་ནི། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་རྫོགས་སོ་ཞེས་པའོ། །གཉིས་པ་གང་གིས་བསྒྱུར་བ་ནི། རྒྱ་གར་གྱི་མཁན་པོ་ཤྲཱི་ལཀྵིཾ་ཀ་ར་སྟེ་དཔལ་ཕུན་ཚོགས་ཕྱེད་པ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བའོ། །དུས་ཕྱི་དབང་ལོ་ཙཱ་བ་བློ་གྲོས་བརྟན་པས་རྒྱ་དཔེ་དག་པ་དང་རྒྱ་འགྲེལ་བཟང་པོ་རྣམས་ཀྱི་འབྲུ་སྦྱོར་དང་མཐུན་པར་བཅོས་ཏེ་ཤིན་ཏུ་དག་པར་བགྱིས་པའོ།། །།རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་པ། །གསང་སྔགས་རིག་སྔགས་འཆང་བའི་རྒྱལ། །རྡོ་རྗེའི་རིགས་རྣམས་ཀུན་གྱི་རྗེ། །ཕྱག་ན་རྡོ་རྗེ་ཞེས་སུ་གྲགས། །མགོན་དེའི་ཐུགས་ཀྱི་སྤྲུལ་བ་ནི། །དཔལ་ལྡན་རྡོ་རྗེ་རྣམ་པར་འཇོམས། །གང་དེའི་གཟུངས་ཀྱི་ཚིག་འགྲེལ་ཙམ། །རྣམ་དཔྱོད་དད་པས་མདོར་བསྡུས་བཀོད། །དེ་ལས་བྱུང་བའི་དགེ་བའི་ཆབ། དུས་གསུམ་དགེ་བའི་ཆུ་ཀླུང་དང་། །ལྷན་ཅིག་ཀུན་མཁྱེན་རྒྱ་མཚོ་ཆེར། །ཞུགས་ནས་འགྲོ་བའི་དོན་བྱེད་ཤོག །ཅེས་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་མདོར་བསྡུས་པ་འདི་ཡང་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་བས་རྐྱེན་བྱས་ཏེ་ཤཱཀ་བཙུན་བཤད་གྲུབ་མིང་ཅན་རང་ཉིད་ཀྱིས་ཀྱང་དད་པས་ཀུན་ནས་བསླངས་ཏེ། གཞུང་འདིའི་ཚིག་འགྲེལ་ཡོངས་རྫོགས་མཐར་ཆགས་སུ་བཤད་པ་ཞིག་སྔར་མ་མཐོང་ཡང་། རྒྱ་གཞུང་དག་ན་ཐོར་བུ་ཐོར་བུ་བཤད་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ།། །།མངྒལཾ།། །།

རྡོར་གཅོད་ཀྱི་འགྲེལ་པ་ཐར་པར་བགྲོད་པའི་ལམ་བཟང་ཟབ་དོན་གསལ་བའི་ཉི་མ།

རྡོར་གཅོད་ཀྱི་འགྲེལ་པ་ཐར་པར་བགྲོད་པའི་ལམ་བཟང་ཟབ་དོན་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷོ་ཥཱ་ཡ། རབ་ཡངས་སྒྲིབ་བྲལ་ཆོས་སྐུའི་མཁའ་ལ་འཕགས། །སྟོང་ཉིད་ཟབ་མོའི་འབྲུག་སྒྲའི་དཔལ་གྱིས་མཛེས། །གདུལ་བྱའི་ཞིང་སར་དོན་གཉིས་ཆར་གྱི་རྒྱུན། །འབེབ་མཛད་ཐུབ་དབང་ཆུ་འཛིན་དབང་བོར་འདུད། བརྟན་པའི་འཁོར་ལོ་དགྲ་བཅོམ་རྣམ་རོལ་གྱིས། །ཟབ་དོན་འདྲི་ཞིང་ལན་ཀུན་ལྡོན་ལ་མཁས། །ཉོན་མོངས་མེད་པའི་མཆོག་ཏུ་ལུང་བསྟན་པ། །ཕགས་པ་རབ་འབྱོར་ཞབས་ལ་གུས་ཕྱག་འཚལ། །ཟབ་དོན་འགྲེལ་པར་རྒྱལ་བས་ལུང་བསྟན་པ། །ཀླུ་སྒྲུབ་འཕགས་པ་ལྷ་དང་ཟླ་བ་གྲགས། །བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་སོགས། །བཤེས་གཉེན་རིམ་པར་བྱོན་ལ་ཕྱག་འཚལ་ལོ། །༈ འདིར་རྡོར་གཅོད་དུ་གྲགས་པ་ཤེར་ཕྱིན་སུམ་བརྒྱ་པའི་འགྲེལ་པ་ཇི་ལྟར་འཚམ་པ་ཞིག་དད་པས་བཤད་པར་བྱ་སྟེ། གཞུང་འདིས་ནི་བདག་མེད་ཀྱི་དོན་འཆད་པ་གཙོ་བོར་མཛད་ཅིང་ཟློས་ཏེ་གསུངས་པ་མང་བ་དང་། འདི་ལ་རྒྱ་འགྲེལ་གཅིག་ལས་བོད་འགྲེལ་མི་སྣང་བས་ཇི་བཞིན་འཆད་དཀའ་བར་སྣང་ནའང་རང་བློས་ཇི་ལྟར་ནུས་པ་བཞིན་བཤད་པར་བྱའོ། །འདི་ལ་གསུམ། སྔོན་འགྲོ །དངོས་གཞི། མཇུག་གི་རིམ་པའོ། །དང་པོ་ལ་གསུམ། མཚན་བསྒྱུར་ཞིང་དོན་བཤད་པ། འགྱུར་གྱི་ཕྱག །གླེང་གཞིའོ། །དང་པོ་ནི། རྒྱ་གར་སྐད་དུ། ཨཱརྱ་བཛྲ་ཞེས་སོགས་ཏེ། དེ་བོད་སྐད་དུ་བསྒྱུར་ན། ཨཱརྱ་ནི་འཕགས་པ། བཛྲ་ནི་རྡོ་རྗེ། ཙྪེ་ད་ཀ་ནི་གཅོད་པ། པྲཛྙཱ་ནི་ཤེས་རབ། པཱ་ར་ནི་ཕ་རོལ་ཏུ། ཨི་ཏ་ནི་ཕྱིན་པ། ནཱ་མ་ནི་ཞེས་བྱ་བ། མ་ཧཱ་ནི་ཆེན་པོ། ཡ་ན་ནི་ཐེག་པ། སཱུ་ཏྲ་ནི་མདོ་ཞེས་པར་འགྱུར་རོ། །འདིར་པཱ་ར་མི་ཏ་ཞེས་འབྱུང་བ་ནི། པཱ་ར་དང་ཨི་ཏའི་བར་དུ་རྣམ་དབྱེ་གཉིས་པའི་ཨས་བྱིན་ནས་ཨི་ཕྱག་ཏེ་མ་ཨི་ལ་ཕྱིན་ནས་མཚམས་སྦྱར་བས་མི་ཏར་སོང་བའོ། །འདིའི་མཚན་དོན་བཤད་པ་ནི། བརྒྱ་བྱིན་གྱི་ལག་གི་རྡོ་རྗེ་དེ་ཕྱིའི་དངོས་པོ་གཞན་གྱིས་གཞིག་པར་མི་ནུས་ཤིང་། དེ་རི་བྲག་སོགས་ཀྱི་དངོས་པོ་གང་ལ་བསྣུན་ཀྱང་ཐལ་བར་བྱེད་ནུས་པ་ལྟར། གཞུང་འདིའི་བརྗོད་བྱ་དོན་གྱི་ཤེར་ཕྱིན་སྟོང་ཉིད་རྟོགས་པའི་ཡེ་ཤེས་དེ་ལ་མི་མཐུན་ཕྱོགས་ཀྱིས་མི་ཚུགས་ཤིང་། དེས་ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་རྩད་ནས་གཅོད་པའི་དོན་ནོ། །གཉིས་པ་འགྱུར་ཕྱག་གི་དོན་ནི་སླའོ། །གསུམ་པ་གླེང་གཞི་ནི། གཞུང་འདི་སྐད་ཅེས་སྡུད་པ་པོ་བདག་གིས་ཐོས་པ་ནི་དུས་གཅིག་གི་ཚེ་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློོང་གི་དགེ་འདུན་ཆེན་པོ་ཉན་ཐོས་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་མང་པོ་དག་དང་ཐབས་གཅིག་སྟེ་ལྷན་ཅིག་ཏུ་བཞུགས་སོ། །དེ་ཡང་རྒྱ་གར་ན་མཉན་ཡོད་སོགས་གྲོང་ཁྱེར་ཆེན་པོ་དྲུག་ཡོད་པ་ལས། མཉན་ཡོད་འདི་རྒྱལ་པོ་གསལ་རྒྱལ་གྱི་མངའ་འོག་ཏུ་གཏོགས་ཤིང་། དེར་རྒྱལ་བུ་རྒྱལ་བྱེད་ཅེས་བྱ་བའི་སྐྱེད་མོའི་ཚལ་ཕུན་སུམ་ཚོགས་པ་ས་གཞི་བཟང་བ་ཞིག་ཡོད་དོ། །བཅོམ་ལྡན་འདས་སངས་རྒྱས་ནས་ལོ་ཆ་ཤས་སོང་བའི་སྐབས་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་བཅས་རྒྱུན་དུ་བཞུགས་པའི་གནས་གཙུག་ལག་ཁང་ཆེན་པོ་བཟང་བ་ཞིག་འདེབས་པར་འདོད་ནས། རྒྱལ་བུ་རྒྱལ་བྱེད་ལ་ཚལ་དེ་གང་བའི་གསེར་སྲང་སྟོང་ཕྲག་དུ་མ་བྱིན་ནས་རྒྱལ་བྱེད་ཀྱི་ཚལ་དེ་ཉོས་སོ། །རྒྱལ་བྱེད་ཀྱིས་ཀྱང་སྒོ་ཁང་ཕྱོགས་ནས་ས་དུམ་བུ་ཞ ིག་བཅོམ་ལྡན་འདས་ལ་ཕུལ་ཏེ། ཚལ་དེར་མགོན་མེད་ཟས་སྦྱིན་གྱིས་ཤཱ་རིའི་བུ་ལ་བརྟེན་ནས་ལྷ་མིའི་བཟོ་བོས་ཀུན་དགའ་ར་བ་ཁྱད་པར་དུ་འཕགས་པ་ཞིག་བཞེངས་ཏེ་ཟིན་པ་ན་བཅོམ་ལྡན་འདས་ཀྱིས་རྒྱལ་བྱེད་ཀྱི་བསམ་པ་མཁྱེན་ནས། གཙུག་ལག་ཁང་གི་མིང་ཡང་དེ་བསྟུན་གྱིས་བཏགས་སོ། །མགོན་མེད་ཟས་སྦྱིན་འདིས་ཆུ་ནང་དང་ས་འོག་ན་ཡོད་པའི་རིན་པོ་ཆེའི་གཏེར་རྣམས་མཐོང་ཞིང་རང་དགར་བླངས་ནས་ལོངས་སྤྱོད་ནུས་པ་སྟོན་པའི་སྦྱིན་བདག་གི་ཆེད་དུ་བསམ་བཞིན་དུ་སྐྱེ་བ་བཟུང་བའི་སྐྱེས་ཆེན་དམ་པ་ཞིག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་དོན་དུ་སྔ་དྲོའི་དུས་སུ་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་ཞིང་ལྷུང་བཟེད་བསྣམས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཏེ་ཆེད་དུ་གཤེགས་སོ། །བསོད་སྙོམས་བླངས་ཏེ་མཇུག་ཏུ་སླར་བྱོན་ནས་ཞལ་ཟས་གསོལ་བའི་བྱ་བ་མཛད་དོ། །ཟས་ཕྱི་མ་ཕྱི་དྲོའི་བསོད་སྙོམས་ཟ་བ་སྤངས་ནས། ལྷུང་བཟེད་སོགས་བཞག་ནས་ཞབས་བཀྲུས་ཤིང་བསིལ་ཏེ། གདན་བཤམས་པ་ཉིད་ལ་དཀྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་པོར་སྲང་སྟེ། གཞུང་འདི་སྟོན་པར་འགྱུར་བ་མཁྱེན་པའི་དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །བཅོམ་ལྡན་འདས་བསོད་སྙོམས་ལ་འབྱོན་པ་ནི། རང་ཉིད་བསོད་སྙོམས་ཀྱི་ཟས་ཟ་དགོས་པའི་ཆེད་མིན་གྱི། གདུལ་བྱ་ལ་ཚོགས་གསོག་པ་དང་ཆོས་སྟོན་པ་སོགས་ཀྱི་ཆེད་དུའོ། །སངས་རྒྱས་ལ་ནི་བཀྲེས་སྐོམ་འབྱུང་མི་སྲིད་པར་གསེར་འོད་ལས་བཤད་ཅིང་། གསོལ་དགོས་ནའང་རང་ཉིད་ནམ་མཁའ་མཛོད་ཀྱི་ཡེ་ཤེས་ལ་དབང་བསྒྱུར་བས་ཡོ་བྱད་ཀྱིས་ཕོངས་པ་མི་སྲིད་ལ། ས་རྡོ་སོགས་གསེར་དངུལ་རིན་པོ་ཆེར་བསྒྱུར་ནུས་ཤིང་། དེ་དག་དང་ཟས་དམན་པ་དག་ཀྱང་རོ་བརྒྱ་ལྡན་པའི་ཟས་སུ་བསྒྱུར་བ་དང་། ཟས་ངན་པ་ཅི་འདྲ་བ་ཞིག་ཡིན་ཀྱང་སངས་རྒྱས་ཀྱི་ཞལ་དུ་བཞེས་པ་ན་རོ་ཕུན་སུམ་ཚོགས་པ་གཞན་གྱིས་མྱོང་བར་མི་འགྱུར་བ་ལྟ་བུའི་ཟས་སུ་འགྱུར་ཏེ། མངོན་རྟོགས་རྒྱན་ལས། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་། །ཞེས་གསུངས་པའི་དོན་ཡང་དེའོ། །སྔོན་སྟོན་པས་ཟླ་བ་གསུམ་དུ་རྟ་ཆས་ཀྱི་ནས་གསོལ་དགོས་པའི་ཚུལ་བསྟན་པའི་ཚེ། ཀུན་དགའ་བོའི་བསམ་པ་ལ་སྟོན་པ་རྒྱལ་པོའི་རིགས་སུ་སྐྱེས་ཀྱང་། ད་ལྟ་རྟ་ཆས་གསོལ་བའི་དུས་བྱུང་ངོ་སྙམ་དུ་ཡིད་སྐྱོ་བའི་ཚེ། སྟོན་པས་ཞལ་ནས་ནས་ཀྱི་འབྲུ་གཅིག་ཕྱུང་སྟེ་འདི་ཟོ་ཞིག་ཅེས་གསུངས་ནས་བྱིན་པས་ཀུན་དགའ་བོས་ཟོས་པ་ན་ཚིམ་སྟེ། དེ་ནས་ཉིན་ཞག་བདུན་དུ་ཟས་ཟ་དགོས་པའི་འདུ་ཤེས་མ་སྐྱེས་པས་ངོ་མཚར་དུ་གྱུར་པ་བཞིན་ནོ། །གསེར་འོད་ལས་སྟོན་པས་བསོད་སྙོམས་ལེན་པར་མཛད་ཅིང་གསོལ་བ་ལྟར་སྣང་ཡང་དོན་ལ་གསོལ་བ་མེད་ཅིང་། བཤང་གཅི་ཡང་མེད་པར་བཤད་ལ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་ནི་གསེར་གྱི་གར་བུ་ལྟ་བུ་སྟེ། སྐུ་ལ་ཁོང་སྟོང་དང་ཕོ་བ་ལོང་ཀ་རྒྱུ་མ་སོགས་ཀྱང་མེད་པར་བཤད་དེ་དོན་ལ་གནས་སོ། །དེ་ནས་དགེ་སློང་མང་པོ་ཡང་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་པ་སྟེ་ཕྱིན་ནས་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་སྟེ་ལྷན་ཅིག་ཏུ་འཁོད་དོ། །དེར་མ་ཟད། དེའི་ཚེ་གནས་བརྟན་རབ་འབྱོར་ཡང་ཁོར་དེ་ཉིད་དུ་འདུས་ནས་འདུག་གོ །༈ གཉིས་པ་དངོས་གཞི་གཞུང་དོན་བཤད་པ་ལ་གཉིས། ཐོག་མར་ཞུས་ཚུལ་དང་། དེའི་ལན་རྣམས་རིམ་པར་བཤད་པའོ། །དང་པོ་ནི། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་རང་གི་འདུག་པའི་སྟན་ལས་ལངས་ཏེ། བླ་གོས་ཏེ་སྟོད་གོས་ཕྲག་པ་གཡོན་པའི་ཕྱོགས་གཅིག་ཏུ་གཟར་ནས། རྐང་པ་གཡོན་པའི་མཐིལ་དང་། གཡས་པའི་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ཕྱོགས་གཡས་དེར་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་ནས་ཚིག་སྣ་བསྡུས་ཏེ་བརྗོད་ན། བཅོམ་ལྡན་འདས་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་ཀྱི་སྒོ་ནས་འདི་ཕྱི་རྣམས་ལ་ཕན་གདགས་པའི་དམ་པ་མཆོག་ཇི་སྙེད་པ་ཅིག་མཛད་ནས་ཕན་གདགས་པ་དང་། ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་གནས་དང་ཆོས་དང་བཀར་གདགས་པའི་ཡོངས་སུ་གཏད་པ་རྣམ་པ་གསུམ་གྱི་དམ་པ་ཇི་སྙེད་པས་ཡོངས་སུ་གཏད་པར་མཛད་ན། བཅོམ་ལྡན་འདས་ངོ་མཚར་ཆེ་སོགས་ཞེས་གསོལ་ཏོ། །དེ་ལ་གནས་ནི་དགེ་བའི་བཤེས་གཉེན་ལ་གཏད་པ་དང་། ཆོས་ནི་དེས་ཕན་འདོགས་བྱེད་དུ་བཅུག་པ་དང་། བཀར་བཏགས་པ་ནི་བྱང་སེམས་ཁྱེད་རྣམས་ཀྱིས་སེམས་ཅན་ལ་ཕན་གདགས་པར་བྱའོ་ཞེས་གཏད་པ་སྟེ་སློབ་དཔོན་ཀཱ་མ་ཤཱིའི་དགོངས་པའོ། །ཞུས་ཚུལ་དངོས་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ས་གང་ལ་ཡང་དག་པར་ཞུགས་པས་ཇི་ལྟར་གནས་པར་བགྱི། ཇི་ལྟར་སྒྲུབ་པར་བགྱི། ཇི་ལྟར་སེམས་རབ་ཏུ་གཟུང་བར་བགྱི་ཞེས་དོན་ཚན་གསུམ་ཞུས་སོ། །གཉིས་པ་ལན་ལ་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་དེ་ལྟར་ཞུས་པ་ལ་ཐུགས་དགྱེས་ནས་ལེགས་སོ་དང་དེ་ཡིན་པའི་བདེན་ཁ་གནང་སྟེ། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པ་དང་། ཡོངས་སུ་གཏད་པར་ཞལ་གྱིས་བཞེས་སོ། །རྒྱུ་མཚན་དེའི་ཕྱིར་ན། ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་མི་བརྗེད་པར་ཟུངས་ཤིག་ཅེས་དང་། གོང་དུ་ཞུས་པའི་ཇི་ལྟར་གནས་པར་བྱ་བ་སོགས་གསུམ་ཁྱོད་ལ་བཤད་པར་བྱའོ་ཞེས་གསུངས། ལན་ལ་རབ་འབྱོར་གྱིས་བཅོམ་ལྡན་འདས་དེ་དེ་བཞིན་ནོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་གསུངས་པ་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་རབ་འ བྱོར་ལ་འཆད་པར་འགྱུར་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཉན་ཐོས་ཀྱི་ཚུལ་བཟུང་བ་ཙམ་མ་གཏོགས། དོན་ལ་འཇམ་དཔལ་གྱི་སྤྲུལ་པར་སྣང་ལ། སྟོན་པས་ཡུམ་གསུངས་པའི་ཚེ་རབ་འབྱོར་ཉིད་ཡུམ་གྱི་མདོ་ཐོག་མར་འཆད་པ་པོར་བསྐོས་ཏེ་དགོངས་གཞི་ཆེའོ། །གཞུང་གི་བསྡུས་དོན་ལ་སློབ་དཔོན་ཀཱ་མ་ཤཱི་ལས། སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་། གཟུགས་སྐུ་ཐོབ་པར་འདུན་པ་ནས། །སངས་རྒྱས་ཀྱིས་ཡོངས་སུ་བཙལ་བའི་བར་བཅོ་བརྒྱད་བཤད་ཅིང་། དེའི་དང་པོ་བཅུ་དྲུག་ནི་ཆོས་སྤྱོད་ཀྱི་ས་དང་། དེ་ནས་གཅིག་ནི་ལྷག་བསམ་དག་པའི་ས་དང་། བཅོ་བརྒྱད་པ་ནི་སངས་རྒྱས་ཀྱི་ས་དང་སྦྱར་ནས་འཆད་དོ། །འདིར་ཅུང་ཟད་བསྡུས་ནས་འཆད་པར་འདོད་པས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པས་ཐོག་མར་སེམས་བསྐྱེད་པའི་ཚེ་འདི་སྙམ་དུ་སེམས་པར་བྱ་སྟེ། བདག་གིས་ནི་སེམས་ཅན་གྱི་ཁམས་དཔག་ཏུ་མེད་ཅིང་གྲངས་མེད་པ་ཞིག་ཡོད་པ་ཇི་ཙམ་པ་དེ་རྣམས་སྐྱེ་གནས་ཀྱི་སྒོ་ནས་སེམས་ཅན་གྱི་རིགས་སུ་བསྡུ་བས་བསྡུས་པ་ན། སྒོ་ང་ལས་སྐྱེས་པའམ། དེ་བཞིན་དུ་མངལ་དང་། དྲོད་གཤེར་དང་། རྫུས་ཏེ་སྐྱེས་པ་བཞི་དང་། འདོད་ཁམས་དང་གཟུགས་ཁམས་ན་ཡོད་པའི་སེམས་ཅན་གཟུགས་ཅན་དང་། གཟུགས་མེད་ན་ཡོད་པའི་གཟུགས་ཅན་མ་ཡིན་པ་དང་། འབྲས་བུ་ཆེ་བ་དང་སྲིད་རྩེའི་སེམས་ཅན་ལས་གཞན་པའི་འདུ་ཤེས་ཅན་གྱི་སེམས་ཅན་དང་། འབྲས་བུ་ཆེ་བའི་ཕྱོགས་གཅིག་གི་སེམས་ཅན་རྣམས་འདུ་ཤེས་མེད་པ་དང་། སྲིད་རྩེར་སྐྱེས་པའི་སེམས་ཅན་རྣམས་འདུ་ཤེས་རགས་པ་མེད་ཅིང་ཕྲ་བ་མེད་པའང་མ་ཡིན་པ་སྟེ། མདོར་ན་སེམས་ཅན་གྱི་ཁམས་ཅི་ཙམ་དུ་སེམས་ཅན་ཞེས་མིང་གིས་གདགས་པས་བཏགས་པ་དེ་དག་ཐམས་ཅད་སྒྲིབ་གཉིས་དང་སྡུག་བསྔལ་གྱི་ཕུང་པོ་ལྷག་མ་མེད་པའི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དོན་བསྡུས་ན་སེམས་ཅན་དེ་ཐམས་ཅད་མི་གནས་པའི་མྱང་འདས་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ངོ་བོ་ཉིད་སྐུ་ཐོབ་པའི་ཆེད་དུ་སེམས་བསྐྱེད་པའོ། །སེམས་ཅན་ཀུན་སྡུག་བསྔལ་གསུམ་པོ་ཅི་རིགས་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་ནས་མྱང་འདས་མཐར་ཐུག་ལ་འགོད་འདོད་ཀྱི་སེམས་གསར་དུ་བསྐྱེད་པ་དང་། སྔར་བསྐྱེད་ཟིན་པ་ཞིག་ཡིན་ན་ནི་བསྐྱེད་པ་དེ་གསལ་བཏབ་སྟེ་གོང་འཕེལ་དུ་བྱེད་པའོ། །སྐྱེ་གནས་བཞི་ལས་སྒོང་སྐྱེས་ནི། མི་དང་ཀླུ་དང་བྱ་སོགས་ལ་ཡོད་ཅིང་། མངལ་སྐྱེས་ནི་མི་དང་དུད་འགྲོ་དང་ཡི་དྭགས་ལའང་ཡོད་དོ། །དྲོད་སྐྱེས་ལ་ཕྱིའི་དངོས་པོ་ལོ་ཏོག་སོགས་མང་ཡང་མི་ལ་རྒྱལ་པོ་སྤྱི་བོ་སྐྱེས་ལྟ་བུ་དང་དབྱར་དུས་སུ་སྐྱེས་པའི་འབུ་སྲིན་ཕལ་ཆེར་རོ། །བརྫུས་སྐྱེས་ནི་བསྐལ་བ་དང་པོའི་མི་རྣམས་དང་ལྷ་དང་དམྱལ་བ་བ་རྣམས་དང་བར་དོ་བ་དང་ལྷ་མིན་དུད་འགྲོ་ལའང་ཡོད་དོ། །མི་ལ་སྒོང་སྐྱེས་ནི་སྟོན་པའི་དུས་སུ་དགེ་བསྙེན་ས་ག་མ་ལས་སྒོ་ང་མང་པོ་དང་དེ་ལས་བུ་མང་པོ་ཞིག་བྱུང་བར་བཤད་པ་ལྟར་རོ། །གོང་གི་དེ་ནི་ཀུན་རྫོབ་པའི་སེམས་བསྐྱེད་ཚུལ་ཡིན་ལ། དེ་ལ་སྨོན་སེམས་དང་འཇུག་སེམས་གཉིས་ཏེ། གཙོ་བོར་ཚོགས་སྦྱོར་གྱི་གནས་སྐབས་ལ་དགོངས་པར་སེམས་སོ། །སེམས་བསྐྱེད་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་ལ་གཞན་སངས་རྒྱས་ལ་འགོད་འདོད་ཙམ་གྱིས་མི་ཆོག་གི །རང་ཡང་སངས་རྒྱས་ཐོབ་འདོད་ཞིག་ངེས་པར་དགོས་སོ། །དེའི་ཕྱིར་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་ཏེ། གཞན་དོན་ཕྱིར་ཞེས་པས་གཞན་མྱང་འདས་ལ་འགོད་འདོད་དང་། རྫོགས་པའི་བྱང་ཆུབ་འདོད་ཅེས་རང་རྫོགས་བྱང་ཐོབ་འདོད་ཞིག་དགོས་ཞེས་བཤད་དོ། །སེམས་བསྐྱེད་དེ་བདག་མེད་རྟོགས་པའི་ལྟ་བས་ཟིན་དགོས་པར་བསྟན་པའི་ཕྱིར་དེ་ལྟར་སེམས་ཅན་ཚད་མེད་པ་ཞིག་མི་གནས་པའི་མྱང་འདས་ལ་ཡོངས་སུ་འགོད་པར་འདོད་ཅིང་། བཀོད་དུ་ཟིན་ཀྱང་དོན་དམ་པར་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་མེད་དོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །འདིར་མྱ་ངན་ཞེས་འབྱུང་བ་ནི་མྱ་ངན་ནི་ལས་ཉོན་གཉིས་དང་སྡུག་བསྔལ་ཏེ་དེ་ལས་འདས་པ་ནི་ལས་ཉོན་དང་སྡུག་བསྔལ་ལས་ཐར་པའམ་འདས་པའི་མྱང་འདས་སོ། །དེས་ན་འདས་ཞེས་པ་ནི་མྱང་འདས་དང་དེ་ལ་འགོད་པའི་དོན་དུ་ཡང་འགྱུར་རོ། །གཞུང་འདིས་སོ་སྐྱེ་ལ་དོན་དམ་སེམས་བསྐྱེད་རྗེས་མཐུན་པ་ཞིག་བསྟན་ཅིང་། དོན་དམ་སེམས་བསྐྱེད་དངོས་ཀྱང་བསྟན་ཏེ་འཕགས་པ་ཁོ་ནར་ཡོད་དོ། །སློབ་དཔོན་ཀཱ་མ་ལ་ཤཱི་ལས། སྐབས་འདིར་ལྟ་བའི་སྐོར་མང་པོ་ཞིག་བཤད་ཅིང་། དེ་ཡང་འདིའི་གཞུང་འོག་མ་རྣམས་ནི་སྟོང་ཉིད་ཀྱི་ལྟ་བ་དང་སྦྱར་ནས་གསུངས་པའི་དོན་ཤེས་པ་ལ་དགོས་པའི་དབང་དུ་མཛད་པ་ཡིན་པས་གལ་ཆེ་ཡང་། འདིར་མང་དུ་འགྱུར་དོགས་ནས་བསྡུས་ཏེ་མཚོན་ཙམ་བརྗོད་ན། ཀུན་བྱང་གི་ཆོས་ཐམས་ཅད་ཀྱང་ཐ་སྙད་ཙམ་དུ་ཡོད་པར་འཇོག་གི །དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ནས་དཔྱད་མི་བཟོད་ཅིང་བཏགས་དོན་མི་རྙེད་དེ། དེ་ལ་དགག་བྱ་ངོས་ཟིན་ན་འགོག་སླ་བས་ཐོག་མར་དགག་བྱ་ཇི་ལྟ་བུ་ཡིན་བརྗོད་ན། དགག་བྱ་ལ་སྤྱིར་འདོད་ཚུལ་མང་ཡང་འདིར་དབུ་མ་ཐལ་འགྱུར་བའི་ལུགས་ལྟར་བཤད་པར་བྱའོ། །དེ་ཡང་མདོ་ལས། དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །ཞེས་དང་། བཞི་བརྒྱ་པའི་འགྲེལ་པ་ལས། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་ཞེས་སོགས་དང་། རྗེས་དགོངས་པ་རབ་གསལ་ལས། ཆོས་རྣམས་རྟོག་པའི་དབང་གིས་བཞག་པར་གསུངས་ཏེ། ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དང་རྟོག་པའི་དབང་གིས་བཞག་པར་གསུངས་པ་མང་ངོ་ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་རྟོག་པས་བཏགས་པའི་དཔེ་ནི། ཐག་པ་ཁྲ་བོ་ཡུལ་མི་གསལ་བ་ན་གནས་པའི་ཚེ་ཁ་ཅིག་ལ་འདི་སྦྲུལ་ལོ་སྙམ་པའི་བློ་འབྱུང་ངོ་། །དེའི་ཚེ་ཐག་པ་དེའི་ཚོགས་པ་དང་ཆ་ཤས་གང་ཡང་སྦྲུལ་དུ་མེད་ཀྱང་། དེ་ལ་སྦྲུལ་ལོ་སྙམ་པའི་སྦྲུལ་ནི་རྟོག་པས་བཏགས་པ་ཙམ་དུ་འཆར་རོ། །དེ་བཞིན་དུ་ཕུང་པོ་འདི་ལ་བརྟེན་ནས་ངའོ་སྙམ་དུ་འབྱུང་ཡང་། ཕུང་པོའི་ཚོགས་པ་དང་རྒྱུན་དང་ཆ་ཤས་གང་ཡང་ངའི་མཚན་གཞིར་འཇོག་རྒྱུ་མེད་ཅིང་། ཕུང་པོ་ལས་ངོ་བོ་ཐ་དད་པ་གཞན་ཞིག་ཀྱང་ངའི་མཚན་གཞིར་བཟུང་དུ་མེད་པས། ང་དེ་ནི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ཡིན་གྱི། རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དོ། །དེ་ལྟར་ཡང་འཕགས་པའི་རིན་ཆེན་འཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་པའི་སྐྱེས་བུ་གང་། །ཞེས་གསུངས་ཏེ། ས་མིན་ནས་རྣམ་ཤེས་མིན་ཞེས་པས་སྐྱེས་བུའི་ཁམས་དྲུག་གི་ཆ་ཤས་རེ་རེ་བ་དང་། ཀུན་མིན་ཞེས་པས་ཁམས་དྲུག་གི་ཚོགས་པ་སྐྱེས་བུའི་བདག་ཏུ་འཇོག་པ་བཀག་ཅིང་། རྐང་པ་ཕྱི་མས་ཁམས་རྣམས་ལས་ངོ་བོ་ཐ་དད་པའི་བདག་བཀག་གོ །འོ་ན་སྐྱེས་བུ་སྟེ་གང་ཟག་ཇི་ལྟར་འཇོག་པ་ཡང་དེ་ཉིད་ལས། སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །དེ་བཞིན་ཁམས་ནི་རེ་རེ་ཡང་། འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཞེས་གསུངས་ཏེ། རྒྱུ་མཚན་དེས་ན་སྐྱེས་བུ་ནི་རང་གི་ཁམས་དྲུག་འདུས་པའི་སྟེང་དུ་བཏགས་པ་ཙམ་མ་གཏོགས། ཡང་དག་པར་མ་གྲུབ་བོ། །དེ་ཇི་ལྟ་བ་བཞིན་དུ་ཁམས་རྣམས་ཀྱང་རང་རང་གི་ཆ་ཤས་འདུས་པ་ལ་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་ཡང་དག་པར་མ་གྲུབ་ཅེས་བསྟན་ཏོ། །དེ་བཞིན་དུ་ཕུང་སོགས་ཀྱི་ཆོས་ཐམས་ཅད་ཀྱང་རང་རང་གི་ཆ་ཤས་དང་ཚོགས་པ་ལ་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་རང་དབང་དུ་གྲུབ་པ་མེད་ཅེས་སྦྱོར་རོ། །རང་གི་གཟུགས་ཕུང་ནི་ཡན་ལག་ལྔ་སོགས་ལ་བརྟེན་ནས་བཏགས་པ་དང་། ཡན་ལག་རྣམས་ཀྱང་ཆ་ཅན་ཕུང་པོ་དང་རང་གི་ཕྱོགས་ཀྱི་ཆ་ལ་བརྟེན་ནས་བཏགས་པ་དང་། ཉིང་ལག་སོར་མོ་ལྟ་བུ་ཡང་རང་གི་ཆ་ཅན་དང་ཆ་ཤས་ལ་བརྟེན་ནས་བཏགས་པ་དང་། བུམ་པ་ནི་རང་གི་མཆུ་ཞབས་ལྟོ་བ་སོགས་ལ་བཏགས་པ་དང་། མཆུ་ཞབས་སོགས་ཀྱང་རང་གི་ཆ་ཤས་དང་ཆ་ཅན་བུམ་པ་ལ་བརྟེན་ནས་བཏགས་པ་སོགས་གཟུགས་ཅན་རྣམས་ལ་འགྲེ་ཞིང་། ཤེས་པ་རྣམས་ཀྱང་སྐད་ཅིག་སྔ་ཕྱི་དང་དམིགས་པ་སོགས་ལ་བརྟེན་ནས་དང་། འདུས་མ་བྱས་རྣམས་ཀྱང་རང་གི་གདགས་གཞི་སོ་སོ་ལ་བརྟེན་ནས་བཏགས་པ་སྟེ། རྒྱས་པར་གཞན་དུ་བཤད་ཟིན་ཏོ། །དེས་ན་བརྟེན་ནས་བྱུང་བ་དང་བརྟེན་ནས་བཏགས་པ་མ་ཡིན་པའི་ཆོས་མེད་པས། བརྟེན་ནས་བཏགས་པ་མ་ཡིན་པར་ཡོད་པ་དེ་བརྟག་པ་མཐའ་གཟུང་གི་དགག་བྱའི་ཚད་དོ། །དེ་ལྟར་ཡང་། རྩ་ཤེ་ལས། གང་ཕྱིར་བརྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པས། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །མདོར་ན་བདག་གམ་གང་ཟག་བཏགས་དོན་བཙལ་བའི་ཚེ་མི་རྙེད་ཀྱང་ཐ་སྙད་དུ་སྒྱུ་མ་དང་སྤྲུལ་པ་ལྟར་བྱ་བྱེད་འཐད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལའང་འདྲ་སྟེ། སྡུད་པ་ལས། བདག་ཅི་འདྲ་བར་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་དང་། ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་བྱར་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་སྦྱིན་སོགས་ཀྱི་ཆོས་རྣམས་ཀྱང་ཐ་སྙད་བཏགས་པ་ཙམ་དུ་ཡོད་པ་མ་གཏོགས། རང་བཞིན་གྱིས་སྟོང་པར་ཤེས་དགོས་པ་ལ་དགོངས་ནས་དངོས་པོ་ཅི་ལ་ཡང་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ་ཞེས་སོགས་གསུངས་སོ། །གནད་ཆེ་བ་འདི་ཤེས་དགོས་ཏེ། ཇི་སྲིད་བདེན་འཛིན་གྱིས་བཅིངས་པ་ལས་མ་གྲོལ་ཅིང་སྟོང་ཉིད་ཀྱི་དོན་མ་རྟོགས་པ་དེ་སྲིད་དུ་སངས་རྒྱས་ཀྱིས་དངོས་སུ་རྗེས་སུ་བཟུང་ཡང་ཐར་པ་ཐོབ་མི་ནུས་པའི་ཕྱིར་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་བསྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བརྩོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་གསུངས་ཤིང་། འཕགས་པ་ལྷས་ཀྱང་། དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་མེད་ཅེས་བཤད་པའི་ཕྱིར་དང་། གཞན་ཡང་མང་ངོ་། །གོང་གི་ཕྲོ་ནི། བདེན་པར་གྲུབ་པའི་སེམས་ཅན་གང་ཡང་མྱང་འདས་ཐོབ་པ་མེད་པར་སེམས་བསྐྱེད་དགོས་པའི་རྒྱུ་མཚན་ལ་དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཞེས་བོས་ནས་གལ་ཏེ་བྱང་ཆུབ་སེམས་དཔའ་གང་སེམས་ཅན་ལ་སེམས་ཅན་དུ་བདེན་པར་གྲུབ་པའི་འདུ་ཤེས་འཇུག་ན། བྱང་ཆུབ་སེམས་དཔའ་དེ་བདག་མེད་རྟོགས་པའི་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་གང་སེམས་ཅན་ལ་སེམས་ཅན་དུ་བདེན་པའི་འདུ་ཤེས་འཇུག་གམ། སྲོག་ཏུ་སྟེ་སྲོག་ལྡན་དུ་འདུ་ཤེས་འཇུག་གམ། གང་ཟག་ཏུ་བདེན་པའི་འདུ་ཤེས་བདེན་འཛིན་སྐྱེ་ཞིང་འཇུག་ན་ནི། དེ་བདེན་མེད་ཤེས་པའི་བྱང་སེམས་ཞེས་བྱར་མི་རུང་བའི་ཕྱིར་རོ། །འཇུག་པ་ལས། དོན་དམ་སེམས་བསྐྱེད་རྒྱུད་ལ་མ་སྐྱེས་ན་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བར་གསུངས་པ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་མ་མྱོང་ན་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་བའི་དོན་ཡིན་ལ། འདིར་ནི་ཚོགས་སྦྱོར་གཉིས་ན་བྱང་ཆུབ་སེམས་དཔའ་ཡོད་པས་དེའི་དབང་དུ་བྱས་ནས་བཤད་དོ། །སེམས་ཅན་ཞེས་པའི་སྒྲ་དོན་ནི་འཁོར་བར་ཀུན་ཏུ་གདུང་བའི་སེམས་པ་ཅན་དང་། སྲོག་ནི་ཚེ་འདིའི་རིས་མཐུན་སྐལ་མཉམ་རྫོགས་པའི་བར་གནས་པ་དང་། གང་ཟག་ནི་བག་ཆགས་དམན་པས་རྒྱུད་གང་ཞིང་འཁོར་བར་ཟག་པར་བྱེད་པའི་སྒོ་ནས་བརྗོད་ཅིང་། འདིར་བདག་ཅེས་མ་བྱུང་ཡང་འོག་ཏུ་འབྱུང་བས་བདག་ནི་ངའོ་སྙམ་པའི་ངར་འཛིན་སྐྱེ་བའི་གཞིའི་དོན་ཏེ། བསླབ་བཏུས་མཆན་འགྲེལ་ལས་བཤད་དོ། །དེ་དག་ནི་གང་ཟག་གི་མིང་གི་རྣམ་གྲངས་ཡིན་ཡང་། གང་ཟག་ཡིན་ན་གོང་གི་སྒྲ་དོན་དེ་ཚང་བས་མ་ཁྱབ་ཅིང་། སེམས་ཅན་དང་གང་ཟག་གཉིས་ལ་ཡང་ཁྱབ་ཆེ་ཆུང་ཡོད་དོ། །དེ་ལྟར་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ནི། སྦྱིན་པས་མཚོན་ནས་ཕར་ཕྱིན་གཞན་རྣམས་ལའང་སློབ་པར་སྟོན་པས་དང་པོ་སྦྱིན་པ་ནི། ཡང་རབ་འབྱོར་བྱང་ཆུབ་སེམས་དཔས་དངོས་པོ་ལ་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ་ཞེས་པའི་དངོས་པོ་ནི་སྦྱིན་བྱའི་དངོས་པོ་སྟེ་དེ་དང་སྦྱིན་པ་དང་གང་ལ་སྦྱིན་པའི་འཁོར་གསུམ་གྱི་དངོས་པོ་གསུམ་ལ་བདེན་ཞེན་གྱིས་མི་གནས་པར་སྦྱིན་པ་བྱེད་པའོ། །དེ་ནི་བྱམས་སྨོན་ལས། དངོས་པོ་ཀུན་ལ་མི་གནས་པར། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །ཅེས་དང་། གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པའི། །སྦྱིན་པ་ཞེས་གསུངས་པ་ལྟར་དང་། དབུ་མ་འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་བོས་སྟོང་། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། །གསུམ་པོ་དག་ལ་ཆགས་སྐྱེས་གྱུར་པ་དེ། །འཇིག་རྟེན་ལ་ཡི་ཕ་རོལ་ཕྱིན་ཅེས་བསྟན། །ཞེས་སྦྱིན་པའི་འཁོར་གསུམ་བདེན་མེད་དུ་མངོན་སུམ་དུ་རྟོག་པའི་ཤེས་རབ་ཟིན་པའི་སྦྱིན་པ་དེ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕར་ཕྱིན་དང་། དེས་མ་ཟིན་པའི་སྦྱིན་པ་འཇིག་རྟེན་པའི་ཕར་ཕྱིན་དུ་བཤད་དེ། སྔ་མ་འཕགས་པ་དང་ཕྱི་མ་སོ་སྐྱེ་ལ་ཡོད་པའོ། །ལམ་མ་ཞུགས་ན་སྦྱིན་པ་ཡོད་ཀྱང་སྦྱིན་པའི་ཕར་ཕྱིན་མེད་ཅིང་གཞན་ལྔ་ལའང་འདྲའོ། །སྦྱིན་པ་སྦྱིན་པ་ལ་བརྩོན་པ་ལྟ་བུ་ནི་ཇི་ལྟར་གནས་པར་བྱ་ཞེས་པའི་དོན་དང་། དེའི་འཁོར་གསུམ་ལ་བདེན་པར་མི་ཞེན་པ་ནི་ཇི་ལྟར་བསྒྲུབ་པར་བྱ་ཞེས་པའི་དོན་དང་། བདེན་མེད་དུ་རྟོགས་པའི་བློ་ལ་སེམས་རྩེ་གཅིག་ཏུ་བྱེད་པ་ན ི་སེམས་རབ་ཏུ་གཟུང་བར་བྱ་ཞེས་པའི་དོན་དུ་བཤད་དེ། ཕར་ཕྱིན་གཞན་ལའང་སྦྱར་བར་བྱའོ། །སྦྱིན་པའི་འཁོར་གསུམ་དུ་མ་ཟད་དངོས་པོ་གཞན་ཅི་ལ་ཡང་བདེན་པར་ཞེན་ཏེ་མི་གནས་པར་སྦྱིན་པ་བྱའོ། །ཅུང་ཟད་ཕྱེ་སྟེ་བཤད་པ་ནི་གཟུགས་ལ་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ལ་ཡང་བདེན་ཞེན་གྱིས་མི་གནས་པར་སྦྱིན་པ་བྱའོ་ཞེས་པ་སྟེ། གཟུགས་ནི་ཕྱི་རོལ་གྱི་གཟུགས་མིག་ཤེས་ཀྱི་ཡུལ་རྣམས་དང་། སྒྲ་ནི་རྣ་བའི་ཡུལ། དྲི་ནི་སྣའི་ཡུལ། རོ་ནི་ལྕེའི་ཡུལ། རེག་བྱ་ནི་ལུས་ཀྱི་ཡུལ། ཆོས་ནི་ཡིད་ཀྱི་ཡུལ་ཏེ། ཇི་ལྟ་ཇི་སྙེད་པའི་ཆོས་ཐམས་ཅད་དོ། །རབ་འབྱོར་ཆོས་ཐམས་ཅད་ཐ་སྙད་བཏགས་པ་ཙམ་དུ་ཡོད་པ་མ་གཏོགས། རང་བཞིན་གྱི་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཕྱིར་རང་བཞིན་གྱི་གྲུབ་པར་འཛིན་པ་ནི་ཕྱིན་ཅི་ལོག་ཏུ་ཞེན་པ་ཡིན་པས། ཅི་ནས་ཀྱང་རང་བཞིན་གྱི་གྲུབ་པར་ཞེན་པའི་མཚན་མར་འཛིན་པའི་འདུ་ཤེས་ལ་བྱང་ཆུབ་སེམས་དཔས་གནས་པར་མི་བྱའོ། །མཚན་མར་འཛིན་པ་ནི་བདེན་འཛིན་གྱི་མིང་གི་རྣམ་གྲངས་ཏེ། བདེན་འཛིན་གྱིས་བཅིངས་ན་སྐྱོན་ཆེ་བའི་དཔེ་འོག་ཏུ་འཆད་དོ། །བདེན་འཛིན་གྱིས་བཅིངས་པའི་སྦྱིན་སོགས་ལས་བསོད་ནམས་ཆེན་པོ་འབྱུང་མོད། བདེན་འཛིན་གྱིས་བཅིངས་པ་དང་བྲལ་བའི་སྒོ་ནས་སྦྱིན་སོགས་བསྒྲུབས་ན་བསོད་ནམས་ལྷག་པར་ཆེ་བར་ངེས་ཞེས་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་མི་གནས་པར་སྦྱིན་པ་སྦྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཆེ་བའི་མཐའ་ཚད་ནི་གཞན་གྱིས་གཟུང་བར་སླ་བ་མིན་ཏེ་དཀའ་བའི་ཕྱིར་རོ། །དེའི་དཔེ་སྟོན་པ་ནི། ཤར་ལ་སོགས་པ་ཕྱོགས་བཅུའི་ནམ་མཁའི་ཚད་གཟུང་བ་སླ་བ་མ་ཡིན་པ་ལྟ་བུ་སྟེ། རབ་འབྱོར་དེ་བཞིན་དུ་ཞེས་སོགས་ཀྱིས་དཔེ་བསྟན་པའི་དོན་བསྡུས་སོ། །སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ལས་སངས་རྒྱས་ཀྱི་གཟུགས་སྐུ་འགྲུབ་པར་འགྱུར་ཞིང་། གཟུགས་ཀྱི་སྐུ་ནི་མཚན་དཔེས་བརྒྱན་པའོ། །རབ་འབྱོར་འདི་ཅི་སྙམ་དུ་སེམས་ཞེས་པ་ནི། རབ་འབྱོར་ཁྱོད་ཀྱིས་དོན་འདི་ལ་ཇི་ལྟར་ཡིན་སྙམ་དུ་སེམས་པ་སྟེ་བསམ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་རྣམ་པ་གཉིས་ནི་མཚན་དཔེ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་མོད། འོན་ཀྱང་མཚན་དཔེ་ཕུན་སུམ་ཚོགས་པ་ཡོད་པ་དེ་ཙམ་གྱིས་དེ་བཞིན་གཤེགས་པར་ལྟ་བ་སྟེ་འདོད་པར་བྱ་བ་ཡིན་སྙམ་མམ་ཞེས་དྲིས་པ་ན། རབ་འབྱོར་གྱིས་བཅོམ་ལྡན་འདས་དེ་ནི་དེ་ལྟར་བལྟ་བ་མ་ལགས་སོ་ཞེས་གསོལ་ཏེ། ཅུང་ཟད་དབྱེ་བ་ནི་མཚན་དཔེ་ཕུན་སུམ་ཚོགས་པ་ཡོད་པ་དེ་ཙམ་གྱིས་དེ་བཞིན་གཤེགས་པར་བལྟ་བར་མི་བགྱིད་དེ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་གཟུགས་ཀྱི་སྐུའི་མཚན་དཔེ་ཕུན་སུམ་ཚོགས་པ་གང་གསུངས་པ་དེ་ཉིིད་ཀུན་རྫོབ་ཏུ་སྒྱུ་མ་ལྟར་ཡོད་པར་གསུངས་ཀྱི། དོན་དམ་པར་མཚན་དཔེ་ཕུན་སུམ་ཚོགས་པ་མ་མཆིས་པའི་ལན་དུའོ་ཞེས་གསོལ་ཏེ། །གཟུགས་སྐུའི་མཚན་དཔེ་རྣམས་ནི་རི་མོས་བྲིས་པའི་གཟུགས་བརྙན་ལྟར་རྐྱེན་ཚོགས་པ་ལས་བྱུང་བའི་ཀུན་རྫོབ་བརྫུན་པའི་གནས་ཚུལ་ཡིན་གྱི། བདེན་པའི་རང་བཞིན་མིན་ནོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་ཅི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་ཙམ་དུ་བརྫུན་ནོ་ཞེས་གསུངས། །འོ་ན་མི་བརྫུན་པ་གང་ཞེ་ན། ཇི་ཙམ་དུ་མཚན་དཔེ་ཕུན་སུམ་ཚོགས་པ་རྣམས་བདེན་པར་མེད་པ་དེ་ཙམ་ནི་མི་བརྫུན་ཞིང་བདེན་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ལ་བདེན་པར་གྲུབ་པའི་མཚན་དང་མཚན་མ་མེད་པར་བལྟ་བར་བྱའོ། །འདིས་གཟུགས་སྐུ་ལ་མཐའ་གཉིས་སེལ་ཏེ། །གཟུགས་སྐུ་དང་དེའི་མཚན་དཔེ་རྣམས་ཀུན་རྫོབ་བརྫུན་པའི་སྟོང་ཚུལ་དུ་ཡོད་པས་སྐུར་འདེབས་སེལ་ཞིང་། བདེན་གྲུབ་ཀྱི་མཚན་དང་མཚན་མ་མེད་པར་བསྟན་པས་སྒྲོ་འདོགས་ཀྱི་མཐའ་སེལ་བའི་ཕྱིར་རོ། །དེ འི་སྔ་མས་གཟུགས་སྐུ་དང་ཕྱི་མས་ཆོས་ཀྱི་སྐུ་བསྟན་ཏེ་ངོ་བོ་ཉིད་སྐུ་གཙོ་ཆེའོ། །དེ་ལྟ་བུའི་ཆོས་གཟུགས་ཀྱི་སྐུ་བཤད་པའི་མདོ་འདི་ལ་ཡིད་ཆེས་ཤིང་མོས་པའི་སེམས་ཅན་མ་འོངས་པ་འབྱུང་ངམ་ཞེས་པ་ནི། རབ་འབྱོར་གྱིས་བཅོམ་ལྡན་འདས་མ་མོངས་པའི་དུས་ལྔ་བརྒྱའི་མཐའ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན་སོགས་ཏེ། ལན་དུ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཁྱོད་དེ་སྐད་མ་ཟེར་ཅིག་ཅེས་པ་ནི་ཁྱོད་མ་འོངས་པ་ན་དེ་ལྟ་བུའི་གང་ཟག་འབྱུང་མི་འབྱུང་ལ་དོགས་པ་མ་ཟ་ནས་མ་འདྲི་ཤིག་ཅེས་པའི་དོན་ནོ། །རབ་འབྱོར་མ་འོངས་པའི་དུས་སུ་དམ་པའི་ཆོས་འཇིག་པར་འགྱུར་བའི་ཚེ་ན་ཡང་། བྱང་ཆུབ་སེམས་དཔའ་ཆེན་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའི་ཡོན་ཏན་དང་ལྡན་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་དང་ལྡན་པ་དག་ངེས་པར་འབྱུང་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ཀྱང་སྔོན་སངས་རྒྱས་གཅིག་ཙམ་ལ་བསྙེན་བཀུར་ཞིང་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་གྱི། སངས་རྒྱས་འབུམ་ཕྲག་དུ་མ་ལ་བསྙེེན་བཀུར་ཞིང་དགེ་རྩ་བསྐྱེད་པ་ཡིན་པར་ངས་མཁྱེན་ཏོ་ཞེས་པའོ། །ཀཱ་ཤཱིས་ལྔ་བརྒྱ་མཐའ་མ་ཞེས་བྱ་བ་ལ་བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས་ཞེས་བཤད་པའི་ལྔ་བརྒྱ་ཕྲག་ལྔ་ནི་ལོ་ཉིས་སྟོང་ལྔ་བརྒྱའི་བར་དུ་བསྟན་པ་གནས་ཞེས་པའོ། །བསྟན་པའི་གནས་ཚད་ལ་མདོ་དང་དགོངས་འགྲེལ་དག་ལས་བཤད་ཚུལ་མི་འདྲ་བ་མང་སྟེ། ཐུབ་པའི་བསྟན་པ་ལོ་སྟོང་དང་ཉིས་སྟོང་དང་ཉིས་སྟོང་ལྔ་བརྒྱ་དང་ལྔ་སྟོང་དུ་གནས་པར་བཤད་པའང་ཡོད་དེ་དགོངས་པ་ནི་མི་འགལ་ལོ། །མི་འགལ་བའི་ཚུལ་ནི་འགའ་ཞིག་འབྲས་བུ་དང་སྒྲུབ་པའི་དུས་དང་འགའ་ཞིག་ནི་ལུང་གི་དུས་ལ་དགོངས་ཤིང་། ལ་ལ་ནི་འཕགས་ཡུལ་གྱི་དབང་དུ་མཛད་པར་མངོན་ནོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ནི་འཕགས་ཡུལ་གྱི་འཛམ་གླིང་རྒྱན་དྲུག་ལྟ་བུ་སོགས་དང་། བོད་དུ་ནི་ས་པཎ་དང་བུ་སྟོན་དང་རྗེ་ཡབ་སྲས་ལྟ་བུའོ། །དེའི་ཚེ་སེམས་ཅན་གང་དག་འདི་ལྟ་བུའི་མདོ་སྡེ་ཤེར་ཕྱིན་སྟོན་པའི་གཞུང་རྣམས་ལ་ཐོས་བསམ་གྱི་དད་པ་མང་པོ་ལྟ་ཅི་སེམས་དང་བ་གཅིག་ཙམ་ཞིག་རྙེད་ཅིང་བསྐྱེད་པར་འགྱུར་བའི་སེམས་ཅན་དེ་རྣམས་ནི། ད་ལྟ་ནས་དེ་བཞིན་གཤེགས་པས་མཁྱེན་ཅིང་གཟིགས་ཏེ་སེམས་ཅན་དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་ཅིང་སྡུད་པར་འགྱུར་རོ། །མཁྱེན་པ་ནི་བསམ་པ་དང་གཟིགས་པ་ནི་གཟུགས་ལ་སོགས་པའོ། །རྒྱུ་མཚན་དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ནི་བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ཏུ་བདེན་པར་འཛིན་པའི་འདུ་ཤེས་མངོན་འགྱུར་བ་འཇུག་པར་མི་འགྱུར་བའི་ཕྱིར་རོ། །བདག་དང་གང་ཟག་སོགས་ཀྱི་སྒྲ་དོན་ནི་གོང་དུ་བཤད་པ་ལྟར་ཏེ། ཀཱ་ཤཱིས་ནི་ངའོ་སྙམ་དུ་བདག་ཡོད་པར་འཛིན་པ་ནི་བདག་ཏུ་འདུ་ཤེས་པའོ། །བདག་གིར་ཡོད་པར་འཛིན་པ་ན ི་སེམས་ཅན་དུ་འདུ་ཤེས་པའོ། །བདག་དེ་ཉིད་ཀྱི་ཚེ་ཇི་སྲིད་གནས་ཀྱི་བར་ཡོངས་སུ་འཛིན་པ་ན ི་སྲོག་ཏུ་འདུ་ཤེས་པའོ། །ཡང་དང་ཡང་དུ་འགྲོ་བ་དག་ཏུ་འགྲོ་བར་འཛིན་པ་ནི་གང་ཟག་ཏུ་འཛིན་པའོ་ཞེས་བཤད་དོ། །བདག་གིར་འཛིན་པའི་དོན་སྔ་མ་དང་ཅུང་མི་འདྲའོ། །དེ་ལྟ་བུའི་འདུ་ཤེས་རགས་པ་མི་འཇུག་པ་ནི་བདག་མེད་རྟོགས་པའི་སྐབས་ལ་དགོངས་སོ། །དེ་རྣམས་བདག་ཏུ་སོགས་བདེན་ཞེན་གྱིས་མི་འཇུག་པར་མ་ཟད། གཟུགས་སོགས་ལ་ཐ་སྙད་དུ་ཆོས་སུ་བདེན་པར་འདུ་ཤེས་པ་དང་། ཆོས་སུ་མེད་པར་ཡང་བདེན་ཞེན་གྱི་འདུ་ཤེས་མི་འཇུག་སྟེ། དེ་དག་ནི་དེ་ལྟ་བུའི་འདུ་ཤེས་ཡོད་པ་དང་འདུ་ཤེས་མེད་པར་ཡང་འཇུག་པར་མི་འགྱུར་རོ། །རྣམ་པ་གཅིག་ཏུ་ནི་གཟུགས་ལ་སོགས་པ་ཀུན་རྫོབ་པའི་ཆོས་དང་། ཀུན་རྫོབ་པའི་ཆོས་རྣམས་བདེན་པར་མེད་པ་ལའང་བདེན་ཞེན་གྱི་འདུ་ཤེས་མི་འཇུག་པའི་དོན་དུ་བཤད་ཀྱང་རུང་སྟེ། འདུ་ཤེས་དེ་ལྟར་འཇུག་ན་སྐྱོན་དུ་འགྱུར་བ་ནི། ཆོས་སུ་འདུ་ཤེས་འཇུག་ན་ཡང་སོགས་དང་། ཆོས་བདག་མེད་པར་འདུ་ཤེས་འཇུག་ན་ཡང་ཞེས་སོགས་དང་འབྲེལ་ལོ། །ཡང་ཆོས་ཀྱང་ལོག་པར་གཟུང་བར་མི་བྱ་སྟེ། ཆོས་མ་ཡིན་པ་ཡང་མི་བཟུང་བའི་ཕྱིར་རོ་ཞེས་པའི་ཆོས་ནི་ལུང་གི་དམ་པའི་ཆོས་བདེན་ཞེན་གྱིས་ལོག་པར་མི་བཟུང་བ་དང་། ཆོས་མ་ཡིན་པ་ནི་དམ་པའི་ཆོས་མ་ཡིན་པ་མུ་སྟེགས་ཀྱི་གཞུང་སོགས་མི་བཟུང་བར་བཤད་པ་ལྟར་ན་དཔྱད་དགོས་པར་སྣང་ངོ་། །རྒྱུ་མཚན་དེ་བས་ན་དེ་བཞིན་གཤེགས་པས་ཚུལ་དེ་ལ་དགོངས་ནས་ལུང་གི་ཆོས་ཀྱི་རྣམ་གྲངས་འདི་གྲུ་གཟིངས་ལྟ་བུ་སྟེ་གྲུ་གཟིངས་ནི་ཆུའི་ཕ་རོལ་ཏུ་ཕྱིན་པ་ན་མི་དགོས་པར་ཤེས་པ་ལྟ་བུ་མཐར་ཕྱིན་པའི་འཕགས་པ་རྣམས་ཀྱིས་ནི། འབྲས་བུ་ཐོབ་བྱེད་ཀྱི་ཐབས་ལུང་གི་ཚོགས་ལྟ་བུའི་ཆོས་རྣམས་ཀྱང་འབྲས་བུ་ཐོབ་པའི་ཚེ་འདོར་ཞིང་སྤང་བར་བྱ་ན། དམ་པའི་ཆོས་མ་ཡིན་པ་རྣམས་འདོར་བ་གཞིར་བཅས་ཏེ་ལྟ་ཅི་སྨོས་སོ་ཞེས་གསུངས་སོ། །དེ་ནི་འབྲས་བུ་ཐོབ་པའི་ཚེ་དགོས་པ་གྲུབ་ཟིན་པས་ལུང་དེ་ལྟ་བུ་རང་དོན་དུ་དགོས་པ་མེད་པ་དང་། དེ་ལ་རག་མ་ལས་པའི་དོན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དེ་བཞིན་གཤེགས་པས་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་སངས་རྒྱས་པའི་ཆོས་དང་གསུངས་པའི་ཆོས་དེ་གང་ཡང་ཡོད་ཅིང་བསྟན་ནམ་སྙམ་དུ་སེམས་སམ་ཞེས་གསུངས་པ་ན། རབ་འབྱོར་གྱིས་ལན་དུ་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་སྟེ་གོ་ཞིང་ཤེས་པ་ལྟར་ན། དོན་དམ་པར་སངས་རྒྱས་པ་དང་བསྟན་པའི་ཆོས་གང་ཡང་མ་མཆིས་སོ། །རྒྱུ་མཚན་ནི་དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་ཐ་སྙད་དུ་རང་གིས་མངོན་དུ་བྱས་ཤིང་། མངོན་པར་རྫོགས་པར་སངས་རྒྱས་པའམ། ཐ་སྙད་དུ་ཆོས་བསྟན་པའོ་ཞེས་བཤད་ཀྱང་དོན་དམ་པར་སངས་རྒྱས་པ་དང་དེས་བསྟན་པའི་ཆོས་དེ་གང་ཡང་མེད་ཅིང་དེ་དག་གི་བདེན་སྟོང་ཆོས་ཉིད་དེ་འཕགས་པ འི་མཉམ་བཞག་གི་གཟིགས་ངོ་ན་ཡོད་པ་ལྟར་ཐ་སྙད་པའི་བློ་དོན་མཐུན་གྱིས་གཟུང་དུ་མ་མཆིས། ཚིག་གིས་སྤྲོས་མེད་ཀྱི་ཚུལ་དུ་བརྗོད་དུ་མ་མཆིས་ཏེ། དེ་དག་ནི་དོན་དམ་པར་ཆོས་ཀྱང་མ་ལགས། ཐ་སྙད་དུ་ཆོས་མ་མཆིས་པ་སྟེ་མེད་པ་ཡང་མ་ལགས་པའི་སླད་དུ་སྟེ་དེའི་ཕྱིར་རོ། །རྒྱུ་མཚན་དེ་ཅིའི་སླད་དུ་ཞེ་ན། འཕགས་པའི་གང་ཟག་རྣམས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་འདུས་མ་བྱས་ཀྱི་ཆོས་ཉིད་མངོན་སུམ་དུ་རྟོགས་མྱོང་བས་རབ་ཏུ་ཕྱེ་བ་སྟེ་བཞག་པའི་སླད་དུའོ་ཞེས་ཞུས་སོ། །འདི་དག་ནི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་གཟིགས་ངོར་སྤྲོས་པ་དང་བྲལ་བ་ལ་དགོངས་སོ། །དེ་བཞིན་གཤེགས་པ་རྣམས་ནི་ཐ་སྙད་དུ་སངས་རྒྱས་པར་འདོད་དགོས་མོད། དོན་དམ་པར་སངས་མ་རྒྱས་པ་ནི། གོང་དུ་བརྗོད་པ་ལྟར་དེ་བཞིན་གཤེགས་པ་ཡང་རང་གི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་མ་གཏོགས། རང་གི་ཟག་མེད་ཀྱི་ཕུང་པོ་རེ་རེ་བ་དང་ཚོགས་པ་དང་དེ་ལས་ངོ་བོ་ཐ་དད་པ་གང་ཡང་དེ་བཞིན་གཤེགས་པ་མིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་ཀྱི་རབ་བྱེད་ཉེར་གཉིས་པ་ལས། དེ་བཞིན་གཤེགས་པ་ཕུང་པོ་མིན། །ཕུང་པོ་ལས་གཞན་མ་ཡིན་ཏེ། །དེ་ལ་ཕུང་པོ་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡོད། །ཅེས་དང་། ཕུང་པོ་རྣམས་ལ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡང་མེད། །ཅེས་གསུངས་ཏེ། འདིར་གཞུང་གི་རྐང་པ་དང་པོ་གཉིས་སུ་བྱས་པ་ནི་གོ་བདེ་བའི་ཆེད་དོ། །དེ་ལྟར་ན་དེ་འཚང་རྒྱ་བ་དང་རྒྱས་པ་ཐ་སྙད་དུ་ཡོད་ཀྱང་རང་བཞིན་གྱིས་མེད་དེ་མཚོན་ཙམ་མོ། །དེས་ཆོས་བསྟན་པ་ཡང་རང་བཞིན་གྱི་མེད་ཚུལ་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དེ་བཞིན་གཤེགས་པས་ཐ་ན་ཡིག་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་བར་མི་འགྱུར་རོ། །ཞེས་པའི་དོན་རྩ་ཤེས་རབ་བྱེད་ཉེར་ལྔ་པ་ལས། སྤྲོས་པ་ཉེར་ཞི་ཞི་བ་དང་། །དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སངས་རྒྱས་རྣམས་ཀྱིས་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་པའི་འགྲེལ་པར་རྗེས། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཞི་བའི་ངོ་བོ་ལ་མཚན་མར་མི་གནས་པའི་ཚུལ་གྱིས་གནས་པ་དེའི་ཚེ། མཚན་མར་འཛིན་པའི་དམིགས་པ་ཐམས་ཅད་ཉེ་བར་ཞི་ཞིང་མི་དམིགས་པའི་ཕྱིར་དེའི་དབང་དུ་བྱས་ན་སངས་རྒྱས་རྣམས་ཀྱིས་ནི་ལྷ་ཡུལ་ལམ་མི་ཡུལ་གང་དུ་ཡང་ཀུན་ནས་ཉོན་མོངས་སམ་རྣམ་པར་བྱང་བའི་ཆོས་འགའ་ཡང་མ་བསྟན་ཏོ། །ཞེས་དང་། སངས་རྒྱས་ཀྱིས་སུ་ལའང་ཆོས་མ་བསྟན་ན་གསུང་རབ་ཀྱི་ཐ་སྙད་སྣ་ཚོགས་པ་འདི་དག་མངོན་པ་ཇི་ལྟར་འགྱུར་ཞེ་ན། སྟོན་པས་ཁོ་བོ་ཅག་ལ་ཆོས་བསྟན་ཏོ་ཞེས་པ་འདི་ནི་གདུལ་བྱ་མ་རིག་པའི་གཉིད་དང་ལྡན་པའི་རྨི་ལམ་རྨི་བཞིན་པ་རྣམས་ཀྱི་རང་གི་རྣམ་རྟོག་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་ཤིང་། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་ཀྱང་འབྱུང་སྟེ་རྟོགས་དཀའ་བའི་གནས་སོ། །འདིར་བཤད་པ་ལྟར་འོག་ནས་ཀྱང་སངས་རྒྱས་ཀྱིས་ཆོས་མ་བསྟན་ཞེས་གསུངས་པའི་དོན་ཡང་ཤེས་པར་བྱའོ། །མདོར་ན་ཆོས་ཀྱང་མ་ལགས་ཞེས་པས་རྟག་པའི་མཐའ་དང་། ཆོས་མ་མཆིས་པ་མ་ལགས་ཞེས་པས་ཆད་པའི་མཐའ་བཀག་པ་སྟེ། སྒྲོ་སྐུར་གྱི་མཐའ་གཉིས་སྤངས་ནས་འཕགས་པའི་གང་ཟག་རྣམས་ཞེས་སོགས་ཀྱིས་ཐ་སྙད་དུ་འཕགས་པའི་གང་ཟག་ཆེན་པོ་དག་གིས་འདུས་བྱས་ཀྱི་ཆོས་ཉིད་མངོན་དུ་རྟོགས་ཤིང་མྱང་འདས་མངོན་དུ་བྱས་པར་འཇོག་ཅེས་གསུངས་པའོ། །དེ་ལྟར་སངས་རྒྱས་པ་དང་ཆོས་བསྟན་པ་སོགས་ཆོས་ཐམས་ཅད་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་པས་སྦྱིན་པ་བྱིན་པ་ལས་བསོད་ནམས་ཆེན་པོ་འབྱུང་མོད། དེ་ལས་ཀྱང་ཆོས་འདི་ལ་ཐོས་བསམ་སྒོམ་པའི་ཉམས་ལེན་བྱས་པའི་བསོད་ནམས་ལྷག་པར་ཆེའོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་ཁྱོད་འདི་སྙམ་དུ་སེམས། རིགས་ཀྱི་བུ་དང་བུ་མོ་གང་ལ་ལ་ཞིག་གིས། ཇི་སྐད་དུ་མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་འབྱུང་བ་ལྟར། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གསེར་དང་དངུལ་དང་ཤེལ་དང་བཻཌཱུརྱ་དང་རྡོའི་སྙིང་པོ་དང་སྤུག་དང་མུ་ཏིག་དམར་པོ་སྟེ་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ། གཞན་ལ་སྦྱིན་པ་བྱིན་ན་བསོད་ནམས་ཀྱི་ཕུང་པོ་མང་དུ་བསྐྱེད་དམ་དྲིས་པས། ལན་དུ་རབ་འབྱོར་གྱིས་བསོད་ནམས་ཀྱི་ཕུང་པོ་མང་བར་ཞུས་ཤིང་བསོད་ནམས་ཀྱི་ཕུང་པོ་དེ་ཡང་རྨི་ལམ་དང་སྒྱུ་མ་ལྟ་བུར་ཐ་སྙད་ཙམ་དུ་ཡོད་པར་འཇོག་ལགས་ཀྱི། བསོད་ནམས་ཀྱི་ཕུང་པོ་དེ་ཉིད་དོན་དམ་པར་ཕུང་པོར་གྲུབ་པ་མ་མཆིས་ཤིང་། ཐ་སྙད་དུ་དེ་བཞིན་གཤེགས་པས་དེ་ལ་བསོད་ནམས་ཀྱི་ཕུང་པོ། །བསོད་ནམས་ཀྱི་ཕུང་པོ་ཞེས་ཐ་སྙད་མཛད་ཅིང་གསུངས་སོ་ཞེས་གསོལ། །འདིས་ནི་ལས་དཀར་ནག་སྔར་བྱས་པ་དང་ཕྱིས་བྱེད་པར་འགྱུར་བའི་འདས་པ་འགག་ཤིང་མ་འོངས་པ་ད་ལྟ་མ་བྱུང་བས་མེད་ཀྱང་། སྤྱིར་ཡོད་པར་འདོད་དགོས་ཤིང་དེ་ཉིད་བྱེད་པ་པོའི་སེམས་རྒྱུད་དང་འབྲེལ་བ་ལས་འབྲས་བུ་འབྱུང་བར་འདོད་དགོས་ཚུལ་ལ་སོགས་བསྟན་ཏེ་ཅུང་དཀའ་བའི་གནས་ཡིན་ནོ། །ཚིགས་སུ་བཅད་པ་ཞེས་འབྱུང་བ་ནི་འདི་བོད་སྐད་དུ་ཚིགས་བཅད་མ་ཡིན་ཀྱང་ལེགས་སྦྱར་གྱི་སྐད་ལ་ཚིགས་བཅད་དུ་བསྒྲིག་རྒྱུ་ཡོད་པ་ལ་དགོངས་པའོ། །བཟུང་བ་ནི་ཚིག་བློ་ལ་བཟུང་བ་དང་། གླེགས་བམ་ལག་ཏུ་ཡོད་པ་ལའང་བྱར་རུང་ཞིང་ཁ་ཏོན་བྱེད་པ་དང་། ཡང་དག་པར་འཆད་པ་ནི་ཚིག་བརྗོད་ཅིང་ལེགས་པར་འཆད་པ་དང་། སྟོན་པ་ནི་དོན་ལེགས་པར་སྟོན་པ་ལ་བཤད་ཅིང་དེ་ནི་གཙོ་ཆེ་བའི་དབང་དུ་མཛད་པའོ། །དེ་ལྟར་བཟུང་བ་སོགས་བྱས་ན་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆོས་གྲངས་མེད་ཅིང་དཔག་ཏུ་མེད་པ་ཞིག་བསྐྱེད་དོ། །རྒྱུ་མཚན་ནི། ཟང་ཟིང་གི་སྦྱིན་པ་བྱིན་པ་ལས་ཆོས་ཀྱི་སྦྱིན་པ་བྱིན་པ་ཕན་ཡོན་ལྷག་པར་ཆེ་ཞིང་། དེར་མ་ཟད། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ནི་གཞུང་འདིའི་བརྗོད་བྱའི་དོན་སྟོང་ཉིད་རྟོགས་པའི་ཤེར་ཕྱིན་འདི་ལས་ཐོབ་ཅིང་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་འདི་ཉམས་སུ་བླངས་པ་ལས་སྐྱེས་པའི་ཕྱིར་རོ། །ཐ་སྙད་དུ་དེ་ལྟར་ཡིན་ཀྱང་དོན་དམ་པར་ཐོབ་པར་བྱར་མེད་དེ། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྟོབས་བཅུ་ལ་སོགས་པ་དེ་དག་ཐ་སྙད་དུ་བཏགས་པ་ཙམ་མ་གཏོགས། དོན་དམ་པར་དེ་དག་མེད་པར་དེ་བཞིན་གཤེགས་པས་གསུངས་པ་དེའི་ཕྱིར་ཏེ། འོན་ཀྱང་ཀུན་རྫོབ་ཙམ་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་དེ་དང་དེར་ཐ་སྙད་གདགས་སོ་ཞེས་པའོ། །ཉན་ཐོས་འཕགས་པ་རྣམས་ཀྱིས་ཀྱང་འབྲས་བུ་གང་ཐོབ་པ་དེ་ཡང་བདག་མེད་རྟོགས་ནས་ཐོབ་པ་ཡིན་གྱི། དེ་མ་རྟོགས་པར་ཐོབ་པར་མི་ནུས་སོ་ཞེས་སྟོན་པ་ནི་རབ་འབྱོར་རྒྱུན་ཏུ་ཞུགས་པས་འདི་སྙམ་དུ་བདག་གི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ་སྙམ་དུ་བདེན་པར་ཞེན་ཅིང་སེམས་སྙམ་མམ་ཞེས་གསུངས་པ་ན། རབ་འབྱོར་གྱིས་དེ་ནི་མ་ལགས་སོ། །རྒྱུ་མཚན་ལ་རྒྱུན་ཏུ་ཞུགས་པ་དེ་ནི་དོན་དམ་པར་འཇུག་བྱ་གང་ལ་ཡང་ཞུགས་པ་མ་མཆིས་ཀྱང་། ཐ་སྙད་དུ་ཐར་པའི་ལམ་རྒྱུན་ལ་ཞུགས་པས་ན་རྒྱུན་ཏུ་ཞུགས་པ་ཞེས་བགྱིའོ། །དོན་དམ་པར་གང་ལ་ཡང་མ་ཞུགས་ཤིང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ལ་ཡང་དོན་དམ་པར་བཟུང་ནས་ཞུགས་པ་མ་ལགས་སོ། །རྗེས་འཇུག་པའི་ཊཱིཀ་ཆེན་དུ་སྐབས་འདི་དྲངས་ཏེ། རྒྱུན་ཞུགས་ཀྱིས་ཐོབ་མཁན་དང་ཐོབ་བྱའི་འབྲས་བུ་བདེན་བར་བཟུང་ནས། བདག་གིས་རྒྱུན་ཞུགས་ཐོབ་བོ་སྙམ་དུ་སེམས་ན། དེ་ཉིད་དེ་ཡི་བདག་ཏུ་འཛིན་པར་འགྱུར་རོ་ཞེས་པས་གང་ཟག་དང་འབྲས་བུ་བདེན་འཛིན་བདག་འཛིན་དུ་གསུངས་པའི་དང་པོ་ནི། གང་ཟག་གི་བདག་འཛིན་དང་། གཉིས་པ་ནི་ཆོས་ཀྱི་བདག་འཛིན་ནོ། །རྒྱུན་ཞུགས་ཀྱིས་བདེན་པར་བཟུང་ནས་བདག་གིས་འབྲས་བུ་ཐོབ་བོ་སྙམ་དུ་མི་འཛིན་པ་ནི། བདེན་འཛིན་གྱི་ཡུལ་སུན་ཕྱུང་བའི་དབང་དུ་མཛད་པ་ཡིན་གྱི། ལྷན་སྐྱེས་ཀྱི་འཛིན་པ་ཡང་མེད་པར་བསྟན་པ་ཡིན་ནོ། །དེས་ནི་ཕྱི་མ་རྣམས་ཀྱང་ཤེས་པར་བྱའོ་ཞེས་གསུངས་པ་ལྟར་རོ། །དོན་ནི་རྒྱུན་ཞུགས་སོགས་བཞིའི་བྲལ་བའི་འབྲས་བུ་འགོག་བདེན་ཐོབ་པ་ལ་སྟོང་ཉིད་ངེས་པར་རྟོགས་དགོས་པར་བསྟན་ཅིང་། དེ་ལ་བདེན་མེད་རྟོགས་ནས་བདེན་འཛིན་གྱི་ཞེན་ཡུལ་སུན་འབྱིན་དགོས་པར་བཤད་པའོ། །དེས་ན་བདེན་འཛིན་གྱི་ཞེན་ཡུལ་སུན་འབྱིན་མྱོང་མ་མྱོང་ནི་བདེན་མེད་རྟོགས་མྱོང་མ་མྱོང་བའི་སྒོ་ནས་འཇོག་སྟེ། ཇི་སྲིད་གཞི་གང་ལ་བདེན་པར་གྲུབ་བམ་མ་གྲུབ་སྙམ་དུ་དཔྱོད་པ་ཞུགས་པ་ན་བདེན་ཞེན་ལས་འདའ་མི་ནུས་པའི་བར་དེ་སྲིད་དུ་བདེན་འཛིན་གྱི་ཞེན་ཡུལ་སུན་འབྱིན་མི་ནུས་པས་བདེན་འཛིན་གྱིས་བཅིངས་པར་འཇོག་གོ །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོངས་པ་དང་དགྲ་བཅོམ་པ་གསུམ་ལ་སྦྱར་ནས་གསུངས་པ་ལྟར་ཏེ་དོན་ནི་སྔར་ལྟར་རོ། །རྒྱུན་ཞུགས་སོགས་བཞི་ལ་ཞུགས་པ་དང་འབྲས་གནས་ཟུང་རེ་ཡོད་པས་སོ་སོར་ཕྱེ་ན་གང་ཟག་ཡ་བརྒྱད་དང་། ཟུང་རེ་བསྡོམས་ན་སྐྱེས་བུ་ཟུང་བཞིར་འགྱུར་རོ། །འདིའི་བཞི་ལ་བཤད་པ་མང་དུ་ཡོད་ཀྱང་མཚོན་ཙམ་ནི་རྒྱུན་ཞུགས་དགེ་སྦྱོང་ཚུལ་གྱི་འབྲས་བུ་འགོག་བདེན་ནི་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་སྒོ་ནས་བཞག་པས། དེ་ལྟ་བུའི་འབྲས་བུ་དེ་ཐོབ་ནས་དེ་ལ་གནས་པ་ལ་ནི་རྒྱུན་ཞུགས་འབྲས་གནས་དང་། དེ་ཐོབ་ཕྱིར་དུ་འབད་ཅིང་ཞུགས་པ་ལ་དེའི་ཞུགས་པ་ཞེས་བྱ་ཞིང་། ཀུན་སྦྱོར་གསུམ་ནི། འཇིག་ལྟ་དང་ཚུལ་ཞུགས་མཆོག་འཛིན་དང་ཐེ་ཚོམ་ཉོན་མོངས་ཅན་ནོ། །འཇིག་ལྟ་ལ་ལྷན་སྐྱེས་ཡོད་ཀྱང་འདིར་ཀུན་བཏགས་སོ། །ཕྱིར་འོང་གི་འབྲས་བུ་ནི་འདོད་ཉོན་དྲུག་པ་སྤངས་པའི་ཆ་ནས་འཇོག་ཅིང་། །དེ་ལ་གནས་པ་ནི་དེའི་འབྲས་གནས་དང་། དེ་ཐོབ་ཕྱིར་དུ་བརྩོན་པས་འཇུག་པ་ནི་དེའི་ཞུགས་པའོ། །ཕྱི་མི་འོངས་ཀྱི་འབྲས་བུ་ནི་འདོད་ཉོན་དགུ་པ་སྤངས་པའི་ཆ་ནས་འཇོག་ཅིང་། དེ་ལ་གནས་པ་དང་དེའི་ཆེད་དུ་ཞུགས་པ་ནི་འབྲས་གནས་དང་ཞུགས་པའོ། །དགྲ་བཅོམ་པའི་འབྲས་བུ་ནི་སྲིད་རྩེའི་ཉོན་མོངས་དགུ་པ་སྤངས་པའི་ཆ་ནས་འཇོག་ཅིང་། འབྲས་བུ་དེ་ལ་གནས་པ་དང་དེ་ཐོབ་ཕྱིར་ཞུགས་པ་ནི་དགྲ་བཅོམ་འབྲས་གནས་དང་ཞུགས་པ་སྟེ་ཞིབ་ན་མང་དུ་བཤད་དགོས་པར་སྣང་ངོ་། །ལན་ཅིག་ཕྱིར་འོང་བའི་དོན་ནི་འདོད་ཁམས་སུ་ད་དུང་སྐྱེ་བ་ལན་གཅིག་ལེན་དགོས་པ་དང་། ཕྱི་མི་འོངས་པ་ནི་དེ་ལེན་མི་དགོས་པའོ། །གཞན་ཡང་ཕྱི་འོང་གི་འབྲས་བུ་ནི། ཀུན་སྦྱོར་གསུམ་དང་འདོད་པ་ལ་འདུན་པ་དང་གནོད་སེམས་ཏེ་ཐ་མའི་ཆ་མཐུན་ལྔ་སྤངས་པའི་སྒོ་ནས་འཇོག་པ་དང་། ཕྱི་མི་འོངས་ཀྱི་འབྲས་བུ་ནི་ཁམས་གོང་མ་གཉིས་ཀྱི་འདོད་ཆགས་དང་རྒོད་པ་དང་ང་རྒྱལ་དང་མ་རིག་པའི་ཕྱོགས་གཅིག་སྤངས་པའི་སྒོ་ནས་འཇོག་ཚུལ་ཡོད་ཅིང་། འདི་དག་རྣམས་ཉན་ཐོས་ཁོ་ན་སྟེ། འདིར་ཐལ་འགྱུར་བའི་ལུགས་སུ་ཐམས་ཅད་འཕགས་པ་ཡིན་ལ། ཀུན་བཏུས་ཀྱི་ལུགས་ལ་རྒྱུན་ཞུགས་ཞུགས་པ་ལ་སོ་སྐྱེ་ཡོད་ཀྱང་གཞན་ཐམས་ཅད་འཕགས་པའོ། །མདོར་ན་རྒྱུན་ཞུགས་སོགས་བཞི་པོ་དེས་ཐོབ་མཁན་དང་ཐོབ་བྱའི་འབྲས་བུ་ལ་བདེན་ཞེན་མི་བྱེད་ཅིང་། བདེན་འཛིན་ལྷན་སྐྱེས་ཡོད་སྲིད་ཀྱང་དེའི་ཞེན་ཡུལ་སུན་མ་ཕྱུང་བ་ནི་མེད་དེ། དེ་ཐམས་ཅད་ཀྱང་སྟོང་ཉིད་རྟོགས་པ་སྔོན་དུ་སོང་བའི་ཕྱིར་རོ། །དེ་ནས་རབ་འབྱོར་གྱིས་བདག་ཐ་སྙད་དུ་ཉོན་མོངས་སྤངས་པའི་དགྲ་བཅོམ་པ་ལགས་ཀྱང་། བདག་གིས་བདག་ནི་དགྲ་བཅོམ་པའོ་སྙམ་དུ་བདེན་པར་མི་འཛིན་ལགས་སོ་ཞེས་དང་། གལ་ཏེ་དེ་ལྟར་འཛིན་ན་ནི་བདག་ཀྱང་ཉོན་མོངས་ཅན་དུ་འགྱུར་བས་དགྲ་བཅོམ་པ་མ་ཡིན་པར་འགྱུར་རོ། །བདག་ནི་དགྲ་བཅོམ་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བདག་ལ་ཐ་སྙད་དུ་རིགས་ཀྱི་བུ་རབ་འབྱོར་ནི་ཉོན་མོངས་པ་མེད་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ལ། དོན་དམ་པར་ཅི་ལ་ཡང་མི་གནས་པས་ན་ཉོན་མོངས་པ་མེད་པར་གནས་པར་ཞེས་ལུང་མི་སྟོན་ཏེ། དོན་དམ་པར་གནས་བྱ་དང་གནས་བྱེད་དང་གནས་པ་པོ་གང་ཡང་མ་གྲུབ་པའི་ཕྱིར་རོ་ཞེས་བཤད་དེ། ཐལ་འགྱུར་བས་བདེན་འཛིན་ཉོན་མོངས་སུ་བཞེད་པ་དང་མཐུན་ནོ། །དོན་དམ་པར་ཐོབ་བྱ་དང་ཐོབ་བྱེད་དང་ཐོབ་མཁན་རྣམས་མེད་པར་མ་ཟད། དོན་དམ་པར་བླང་བར་བྱ་བའི་ཆོས་ཀྱང་མེད་ཅེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འ བྱོར་ལ་དེ་བཞིན་གཤེགས་པ་ངས་སྔོན་སངས་རྒྱས་མར་མེ་མཛད་ལས་དོན་དམ་པར་གང་བླངས་པའི་ཆོས་དེ་གང་ཡང་ཡོད་སྙམ་མམ་ཞེས་དྲིས་པ་ན། རབ་འབྱོར་གྱིས་དེ་མ་མཆིས་སོ་ཞེས་ལན་ཕུལ། འདིར་སྒོས་སུ་སངས་རྒྱས་མར་མེ་མཛད་ཀྱི་མཚན་ནས་སྨོས་པ་ནི། སྟོན་པས་སྔོན་གཞོན་ནུ་ཆོས་ཀྱི་སྤྲིན་དུ་གྱུར་པའི་ཚེ། སངས་རྒྱས་མར་མེ་མཛད་ཀྱིས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་ཅིང་། ས་བརྒྱད་པ་མངོན་དུ་མཛད་པ་ན་མར་མེ་མཛད་ཀྱིས་ཁྱོད་ལ་མ་འོངས་པའི་དུས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པའི་བཀའ་དྲིན་དྲན་པའི་ཆེད་དེ་འོག་ཏུ་བཤད་པར་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་པ་ནི། ཉོན་མོངས་སྤངས་ཤིང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་ཆོས་ཉིད་མཐའ་དག་མངོན་སུམ་དུ་རྟོགས་པའི་མི་རྟོག་ཡེ་ཤེས་ལ་གོམས་པ་དབང་བསྒྱུར་ཐོབ་པའི་ཕྱིར་མཉམ་བཞག་གི་གནས་སྐབས་སུ་མ་ཟད། རྗེས་ཐོབ་ཀྱི་སྐབས་སུ་ཡང་འདུས་བྱས་ཀྱི་ཆོས་ཐམས་ཅད་བདེན་སྟོང་སྒྱུ་མ་ལྟ་བུ་འབའ་ཞིག་ཏུ་སྣང་བར་འགྱུར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཆོས་ཐམས་ཅད་བདེན་མེད་དུ་མངོན་སུམ་དུ་གཟིགས་ཤིང་གང་ལུང་བསྟན་པ་དང་ཐོབ་པར་བྱ་བ་དང་འཚང་རྒྱ་བར་འགྱུར་བ་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པར་གཟིགས་པས། མར་མེ་མཛད་ལས་བདེན་གྲུབ་ཀྱི་ཆོས་གང་ཡང་བླངས་སྙམ་དུ་ཞེན་པ་མེད་དོ། །དེ་ཡང་ལུང་སྟོན་པའི་དུས་སུ་གང་དུ་ལུང་བསྟན་པའི་སངས་རྒྱས་དེ་མེད་ཅིང་། ལུང་བསྟན་པའི་དུས་ཀྱི་གང་ཟག་དེ་ལུང་བསྟན་ནས་སངས་རྒྱས་པའི་ཚེ་ཡང་མེད་ཀྱང་། ཐ་སྙད་དུ་འཚང་རྒྱ་བར་ལུང་བསྟན་པ་དང་སངས་རྒྱས་པའི་བར་གྱི་གང་ཟག་རྣམས་རྒྱུད་གཅིག་ཡིན་ཞིང་། དུས་སྔ་ཕྱིའི་ང་རྣམས་སོ་སོར་མ་ཕྱེ་བར་སྔ་ཕྱིའི་ང་ཀུན་ལ་རྗེས་སུ་འགྲོ་བའི་ང་སྤྱི་ཞིག་ཡོད་པས་དེ་ལ་དགོངས་ནས་ཁྱོད་མ་འོངས་པ་ན་སངས་རྒྱས་དེར་འགྱུར་རོ་ཞེས་ལུང་བསྟན་པའོ། །དཔེར་ན་སྐྱེ་བ་སྔ་ཕྱི་རྣམས་དང་ཚེ་སྟོད་སྨད་ཀྱི་ང་རྣམས་ད་ལྟའི་དུས་ཀྱི་ང་འདི་མིན་ཡང་དེ་དག་གིས་བྱས་པ་ལ་ངས་བྱས་སོ་ཞེས་དང་། དེ་དག་གིས་བྱེད་པ་ཡང་ངས་བྱེད་པར་འགྱུར་རོ་ཞེས་ཐ་སྙད་འདོགས་ནུས་པ་བཞིན་ནོ། །དེ་བཞིན་དུ་ངས་ཁང་པ་དང་ཞྭ་གོས་ལྷམ་སོགས་འདི་དང་འདི་བྱའོ་ཞེས་བརྗོད་པའི་དུས་སུ་ཁང་པ་སོགས་མེད་ཀྱང་མ་འོངས་པ་ན་འབྱུང་འགྱུར་ལ་བསམས་ཏེ་བརྗོད་པ་ལྟ་བུ་སྟེ། ཐ་སྙད་ཙམ་དུ་འབྱུང་ཡང་རང་བཞིན་གྱིས་སྐྱེ་བ་མེད་དོ། །རང་བཞིན་གྱིས་སྐྱེ་ན་ནི་ཁང་པ་སོགས་བྱའོ་སྙམ་པའི་དུས་ནའང་ཁང་པ་སོགས་ཡོད་ཅེས་འདོད་དགོས་ཀྱང་དེ་མེད་དོ། །དེ་ལྟ་བུ་ལ་དགོངས་ནས། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་ཤིང་། སྔར་བཤད་པའི་བདེན་མེད་སྒྲུབ་པའི་རིགས་པ་རྣམས་ཀྱང་འདིར་ཡང་སྦྱར་རོ། །རྒྱུ་ལས་འབྲས་བུ་རྣམས་སྐྱེ་ཡང་རང་བཞིན་གྱིས་མི་སྐྱེ་བའི་ཚུལ་དེ་བཞིན་ལེགས་པར་ཤེས་ན་དབུ་མའི་ལུགས་ཀྱི་རང་བཞིན་གྱི་སྟོང་པ་ལ་བྱ་བྱེད་འཐད་ཚུལ་ཤེས་ཤིང་། སྣང་སྟོང་ཟུང་འཇུག་གི་དབུ་མའི་ལམ་ཡང་རྙེད་པར་འགྱུར་རོ། །དེ་ལྟར་འཚང་རྒྱ་བ་ལ་གང་དུ་འཚང་རྒྱ་བའི་ཞིང་དག་པ་སྒྲུབ་དགོས་པར་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་བདག་གིས་ཞིང་བཀོད་པ་རྣམས་བདེན་ཞེན་གྱིས་དོན་དམ་པར་བསྒྲུབ་པར་བྱའོ་སྙམ་ཞིང་ཟེར་ན། ཚིག་དེ་ནི་མི་བདེན་པར་སྨྲ་བའོ། །དེའི་རྒྱུ་མཚན་ནི། འཚང་རྒྱ་བའི་གནས་ཀྱི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་རྣམས་ནི་རྒྱུ་རྐྱེན་དུ་མ་ཚོགས་ནས་བྱུང་བ་སྒྱུ་མ་ལྟ་བུའི་བཀོད་པ་ཡིན་གྱི། དོན་དམ་པར་བཀོད་པ་དེ་དག་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། འོན་ཀྱང་མ་བརྟག་མ་དཔྱད་པའི་བློ་ངོ་ན་ཡོད་པས་ཐ་སྙད་དུ་ཞིང་གི་བཀོད་པ་རྣམས་ཞེས་བྱའོ། །སངས་རྒྱས་ཀྱི་ཞིང་དུ་མ་ཟད། སྣོད་བཅུད་ཀྱི་བཀོད་པ་ཐམས་ཅད་ཀྱང་ཆ་ཤས་དུ་མ་ཚོགས་པ་ལ་བཏགས་པ་སྟེ། ཁང་པ་ལ་སོགས་པ་བཞིན་ནོ། །དེ་དག་ཐམས་ཅད་ཀྱང་རིགས་པས་རྡུལ་ཕྲ་རབ་ཀྱི་བར་བཤིག་ན་ཅི་ཡང་མ་ཡིན་པའི་བར་འགྱུར་ཏེ་མཚོན་ཙམ་མོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཞིང་གི་བཀོད་པ་བསྒྲུབ་པར་བྱ་བ་ན་འདི་ལྟར་བདེན་ཞེན་གྱིས་མི་གནས་པར་སེམས་བསྐྱེད་པར་བྱའོ། །དོན་དམ་པར་ཅི་ལ་ཡང་མི་གནས་ཤིང་གཟུགས་སྒྲ་སོགས་ཀྱི་ཆོས་གང་ལ་བདེན་ཞེན་གྱིས་མི་གནས་པར་སེམས་བསྐྱེད་པར་བྱའོ། །ཕྱིའི་ཞིང་གི་བཀོད་པ་ལྟ་བུར་མ་ཟད། བཅུད་ཀྱི་གང་ཟག་གི་ལུས་ཀྱི་བཀོད་པ་ཡང་རྐྱེན་ཚོགས་པ་ཙམ་ལས་དོན་དམ་པར་གྲུབ་པ་མེད་དོ་ཞེས་སྟོན་པ་ནི། རབ་འབྱོར་དཔེར་ན་སྐྱེས་བུ་ཞིག་ལུས་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ན་ལུས་དེ་ཆེ་བ་ཡིན་སྙམ་མམ་ཞེས་དྲིས་པ་ན། ལན་དུ་ལུས་དེ་ཆེ་བར་ཞུས་ཤིང་། ལུས་དེ་ཉིད་ཆ་དུ་མ་ཚོགས་པའི་ཕུང་པོ་ཐ་སྙད་ཙམ་དུ་ཡོད་ཀྱི། ཆ་ལ་མ་ལྟོས་པའི་དངོས་པོ་སྟེ་ངོ་བོར་མེད་པར་དེ་བཞིན་གཤེགས་པས་གསུངས་ཏེ། འཇིག་རྟེན་གྱི་ཐ་སྙད་དུ་ལུས་དེ་ལ་ཆེའོ་ཞེས་བྱའོ། །དེས་ན་དོན་དམ་པར་ལུས་སུ་གྲུབ་པ་མ་མཆིས་པའི་ཀུན་རྫོབ་པའི་ལུས་དེ་ལ་ལུས་ཞེས་བྱའོ། །ལུས་ཆེ་བས་མཚོན་ནས་གཟུགས་ཆེ་ཆུང་ཐམས་ཅད་ཀྱང་དེ་དང་འདྲ་བར་སྦྱར་རོ། །དེ་ལྟར་གསུངས་པ་ནི་སྣོད་བཅུད་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པར་སྒོམ་པའི་ཚུལ་བཤད་པའོ། །དེ་ལྟར་བསྒོམས་པའི་ཕན་ཡོན་སྟོན་པ་ལ་དཔེ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་གངྒཱའི་ཀླུང་ཡང་དེ་སྙེད་ཁོ་ནར་གྱུར་ན། དེ་དག་གི་བྱེ་མ་དེ་དག་གྲངས་མང་ངམ་ཞེས་དྲིས་པ་ན། ལན་ལ་གངྒཱའི་ཀླུང་དེ་དག་ཉིད་ཀྱང་མང་ན་དེ་དག་གི་བྱེ་མ་རྣམས་མང་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་བརྗོད་མི་དགོས་སོ་ཞེས་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་ཁྱོད་མོས་པ་སྟེ་འདོད་པ་བསྐྱེད་པ་དང་ཁྱོད་ཀྱིས་དོན་དེ་ཁོང་དུ་ཆུད་པར་བྱའོ། །གངྒཱའི་ཀླུང་དེ་དག་གི་བྱེ་མ་ཇི་སྙེད་པའི་གྲངས་ཀྱི་འཇིག་རྟེན་གྱི་ཁམས་རྣམས་སྐྱེས་པའམ་བུད་མེད་གང་གིས་གསེར་དངུལ་སོགས་སྔར་བཤད་པ་ལྟར་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་དེ་སྦྱིན་པ་བྱིན་ན་བསོད་ནམས་མང་ངམ་ཞེས་དྲིས་པའི་ལན་དུ་ཆེས་མང་བར་ཞུས་སོ། །གངྒཱའི་ཀླུང་ཞེས་པ་ནི་མ་དྲོས་མཚོ་ནས་འབབ་པའི་ཆུ་བོ་ག །ངྒཱ་ལ་བཞེད་པ་དང་། རྒྱ་མཚོ་ཆེན་པོ་ལ་བཞེད་པའི་ཚུལ་གཉིས་དང་། བྱེ་མ་ཡང་བྱེ་མ་ཡོངས་གྲགས་དང་། ཆུའི་ཐིགས་པའི་རྡུལ་ལ་བྱེད་པའི་ཚུལ་གཉིས་སྣང་ངོ་། །དཔེ་བཤད་པ་དེ་ལས་གཞུང་འདི་འདོན་ཅིང་ཉན་སེམས་བསྒོམས་པའི་ཕན་ཡོན་ལྷག་པར་ཆེའོ་ཞེས་པ་ནི། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་། ཐ་ན་ཞེས་པ་ནི་མ་མཐའོ། །གཞན་ནི་སྔར་ལྟར་རོ། །ཡང་རབ་འབྱོར་ཞེས་སོགས་ཀྱིས་རྣམ་གྲངས་སྟོན་ཏེ། འདོན་པ་སོགས་ལས་ཕན་ཡོན་དེ་ལྟར་འབྱུང་བར་མ་ཟད། གཞུང་འདི་ལེགས་པར་འདོན་པ་དང་འདིའི་དོན་སྟོན་ཅིང་ཉམས་སུ་ལེན་པའི་ས་ཕྱོགས་སམ་གནས་དེ་ནི་གཞན་གྱི་མཆོད་པའི་རྟེན་དུ་འགྱུར་བ་ཡིན་པས། དེ་ལྟ་ན་གཞུང་འདིའི་ཚིག་བློ་ལ་ལེན་ཅིང་འཛིན་པ་དང་། གླེགས་བམ་འཆང་བ་དང་། དེ་ཀློག་པ་དང་། དེའི་དོན་ཀུན་ཆུབ་པ་སྟེ་ཤེས་པ་དང་། དོན་ཚུལ་བཞིན་དུ་ཉམས་ལེན་གྱིས་ཡིད་ལ་བྱེད་པའི་གང་ཟག་དེ་ནི་ངོ་མཚར་རབ་དང་ལྡན་པར་འགྱུར་པ་ལྟ་ཅི་སྨོས་ཏེ། ས་ཕྱོགས་དེ་ན་སྟོན་པ་སངས་རྒྱས་སམ་བླ་མ་སྐྱེས་བུ་དམ་པ་གང་ཡང་རུང་བ་གནས་སོ། །དེ་ནས་རབ་འབྱོར་གྱིས་གཞུང་འདིའི་མིང་ཅི་ལྟར་ལགས་ཞེས་ཞུས་པ་ན། ལན་དུ་བཅོམ་ལྡན་འདས་ཀྱིས་འདིའི་མིང་ལ་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ་འདིའི་མིང་དེ་ལྟར་ཟུངས་ཤིག་ཅེས་པ་ནི། བརྗོད་བྱ་དོན་གྱི་ཤེར་ཕྱིན་བརྗོད་བྱར་བྱས་ནས་སྟོན་པས་རྗོད་བྱེད་གཞུང་ལ་བརྗོད་བྱའི་མིང་གིས་བཏགས་པའོ། །འདིས་ཤེས་རབ་ཀྱི་ཕར་ཕྱིན་གྱི་མིང་གིས་མཚོན་ཏེ་ཕར་ཕྱིན་གཞན་ཡང་བསྟན་ཏོ། །དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གང་གསུངས་པ་དེ་ཉིད་དོན་དམ་པར་ཕ་རོལ་ཏུ་ཕྱིན་པར་གྲུབ་པ་མེད་ཅིང་། དེས་ན་ཐ་སྙད་དུ་ཤེས་རབ་ཀྱི་རོལ་ཏུ་ཕྱིན་པ་ཞེས་འདོགས་སོ། །དོན་དམ་པར་མེད་ཅིང་ཐ་སྙད་དུ་ཡོད་པར་བཤད་པ་འདི་འདྲ་ཐམས་ཅད་ཀྱིས་ཀྱང་མཐའ་གཉིས་སྤངས་པའི་བདེན་གཉིས་ཟུང་དུ་འཇུག་པའི་དབུ་མའི་ལམ་སྟོན་ཏེ། དེ་ཡང་རང་བཞིན་གྱིས་སྟོང་པ་དང་ཐ་སྙད་དུ་ཡོད་པ་གཉིས་དུས་གཅིག་ཏུ་གཞི་གཅིག་གི་སྟེང་དུ་འདུ་བར་སྟོན་པའོ། །ཕར་ཕྱིན་ཞེས་པའི་སྒྲ་དོན་ནི། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་བྱེད་པ་དང་ཕྱིན་ཟིན་པའི་དོན་ཏེ། སྔ་མ་ལྟར་ན་སློབ་ལམ་ན་ཡོད་ཅིང་། ཕྱི་མ་ནི་སངས་རྒྱས་ཀྱི་ས་ན་ཡོད་དེ་རྣམས་མཁྱེན་དང་དོན་གཅིག་གོ །ཤེར་ཕྱིན་ཀྱི་སྒྲས་བརྗོད་པ་ཙམ་ལ་ནི། རང་བཞིན་དང་གཞུང་དང་ལམ་དང་འབྲས་བུའི་ཤེར་ཕྱིན་ལྟ་བུ་མང་སྟེ་ཁྱད་པར་ཤེས་དགོས་ཀྱང་མ་བརྗོད་དོ། །མདོར་ན་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ་ཤེར་ཕྱིན་དུ་གསུངས་པའི་ཤེར་ཕྱིན་འདི་ནི་སྦྱིན་པའི་ཕར་ཕྱིན་སོགས་ཕར་ཕྱིན་དང་པོ་ལྔ་སངས་རྒྱས་ཀྱི་སར་ཁྲིད་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་ཏེ་འཆད་པར་འགྱུར་རོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གསུངས་པ་དེ་ཞེས་ཤེར་ཕྱིན་གསུངས་པར་བཤད་པ་ན། འོ་ན་དེ་བཞིན་གཤེགས་པས་དོན་དམ་པར་གསུངས་པའི་ཆོས་གཞན་ཡོད་དམ་སྙམ་པ་ན༑ དེ་མེད་ཅེས་སྟོན་པ་ནི་ཆོས་དེ་གང་ཡང་ཡོད་སྙམ་མམ་ཞེས་དྲིས་པའི་ཚེ། ལན་དུ་རབ་འབྱོར་གྱིས་དེ་བཞིན་གཤེགས་པས་གང་གསུངས་པའི་ཆོས་དེ་གང་ཡང་དོན་དམ་པར་མ་མཆིས་སོ་ཞེས་ལན་ཕུལ་ཏེ། སྔར་དེ་བཞིན་གཤེགས་པས་ཆོས་བསྟན་པ་མ་མཆིས་པར་གསུངས་པའི་དོན་བཤད་པ་དང་འདྲའོ། །དེ་ནས་ཡང་དེ་རྡུལ་ཕྲ་རབ་དང་རྡུལ་ཕྲ་རབ་བསགས་པའི་འཇིག་རྟེན་གྱི་ཁམས་དོན་དམ་པར་མ་གྲུབ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་ཇི་སྙེད་ཡོད་པ་དེ་མང་ངམ་ཞེས་དྲིས་པ་ན༑ ལན་དུ་དེ་མང་ངོ་ཞེས་ཞུས་ཤིང་། སའི་རྡུལ་ཕྲ་རབ་གང་ཡིན་པ་དེ་རྣམས་ནི་དོན་དམ་པར་རྡུལ་དུ་གྲུབ་པ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཏེ། དོན་དམ་པར་མེད་ཅིང་ཐ་སྙད་དུ་ཡོད་པ་དེས་ན་སའི་རྡུལ་ཞེས་བགྱིའོ། །དེས་ན་རྡུལ་ཕྲ་རབ་བསགས་པའི་འཇིག་རྟེན་གྱི་ཁམས་གང་ཡིན་པ་དེ་ཡང་དོན་དམ་པར་འཇིག་རྟེན་གྱི་ཁམས་སུ་གྲུབ་པ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ། དེས་ན་ཐ་སྙད་དུ་འཇིག་རྟེན་གྱི་ཁམས་ཞེས་བགྱིའོ། །དེ་དག་དོན་དམ་པར་གྲུབ་པ་མེད་པའི་རིགས་པ་ཕྱོགས་ཙམ་ནི། རྡུལ་ཕྲ་རབ་བསགས་པའི་འཇིག་རྟེན་གྱི་ཁམས་རྣམས་ཀྱང་རྡུལ་ཕྲ་རབ་འདུས་པའི་སྟེང་དུ་བཏགས་པ་ཙམ་ཡིན་གྱི། རྡུལ་ཕྲ་རབ་རེ་རེ་བ་དང་ཚོགས་པ་དང་དེ་ལས་དོན་གཞན་ན་འཇིག་རྟེན་གྱི་ཁམས་ཞེས་པ་ཞིག་ལོགས་སུ་མེད་དེ། དཔེར་ན་བུམ་པའི་མཆུ་ཞབས་ལྟོ་བ་སོགས་ཚོགས་པ་ལ་བུམ་པར་བཏགས་པ་བཞིན་ནོ། །རྡུལ་ཕྲ་རབ་གཅིག་ལ་ཕྱོགས་བཞི་དང་སྟེང་འོག་གི་ཕྱོགས་དྲུག་ཡོད་དམ་མེད། ཡོད་ན་དེ་རང་གི་ཕྱོགས་ཀྱི་ཆ་དྲུག་ལས་ཆེ་བར་འགྱུར་བའི་ཕྱིར་ཕྲ་རབ་ཀྱི་དོན་མེད་ལ། དེའི་ཕྱོགས་དྲུག་མེད་ན་ནི་གོ་ས་མནོན་པའི་ནུས་པ་མེད་པའི་ཕྱིར་ན་རྡུལ་གཟུགས་ཅན་མ་ཡིན་པར་ཐལ་ཞིང་དངོས་མེད་དུའང་འགྱུར་རོ། །དེས་ན་རྡུལ་ཕྲ་རབ་གཅིག་ནི་ཡན་གར་དུ་གནས་མི་ནུས་པས་གཞན་དང་ཚོགས་ཤིང་འདུས་པ་ལ་ལྟོས་དགོས་པས་རྡུལ་ཕྲ་རབ་རང་དབང་གིས་མ་གྲུབ་ཅིང་། དེ་མ་གྲུབ་པས་དེ་བསགས་པའི་རྡུལ་རགས་པའང་རང་དབང་གིས་མ་གྲུབ་ཅེས་བྱའོ། །མདོར་ན་རྡུལ་ཕྲ་རབ་ནི་གཅིག་གི་རང་བཞིན་དུ་བདེན་པར་མེད་ཅིང་། འཇིག་རྟེན་གྱི་ཁམས་ནི་དུ་མ་ཚོགས་པའི་རང་བཞིན་དུ་བདེན་པར་མ་གྲུབ་ཅེས་སྟོང་ཉིད་སྒོམ་པར་བཤད་པའོ། །སློབ་དཔོན་ཀ་མ་ཤཱི་ལས་འདིའི་སྐབས་ཀྱི་འཇིག་རྟེན་གྱི་ཁམས་ནི་སེམས་ཅན་གྱི་འཇིག་རྟེན་ལ་དགོངས་པར་བཤད་དེ། །སེམས་ཅན་གནས་པའི་གཞི་མ་དག་པའི་འཇིག་རྟེན་གྱི་ཁམས་སོ། །དེ་ནས་འཇིག་རྟེན་གྱི་ཁམས་སུ་མ་ཟད། སངས་རྒྱས་ཀྱི་གཟུགས་སྐུ་དང་དེའི་མཚན་དཔེ་ཡང་དོན་དམ་པར་མ་གྲུབ་ཅེས་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་སྐྱེས་བུ་ཆེན་པོ་དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་ཚོགས་པའི་སྐུ་ཙམ་ཞིག་དེ་བཞིན་གཤེགས་པར་བལྟ་བ་སྟེ་གཟུང་བར་བྱ་སྙམ་མམ་ཞེས་དྲིས་པ་ན། རབ་འབྱོར་གྱིས་དེ་མ་ལགས་ཏེ། རྒྱུ་མཚན་ནི་སྐྱེས་བུ་ཆེན་པོ་སངས་རྒྱས་ཀྱི་མཚན་སོ་གཉིས་པོ་གང་དག་དེ་བཞིན་གཤེགས་པས་ཐ་སྙད་དུ་ཡོད་པར་གསུངས་པ་དེ་དག་ནི་དོན་དམ་པར་མཚན་མ་མཆིས་པར་གསུངས་པའི་སླད་དུ་སྟེ་ཞེས་སྒྲོ་འདོགས་རྟག་མཐའ་བཀག་ཅིང་། དེས་ན་ཐ་སྙད་དུ་དེ་དག་ལ་སྐྱེས་བུ་ཆེན་པོའི་མཚན་རྣམས་ཞེས་བྱའོ་ཞེས་པས་སྐུར་འདེབས་ཆད་མཐའ་བཀག་པ་འདི་ལྟ་བུ་གཞན་ལ་ཡང་འདྲའོ། །མཚན་བསྟན་པའི་ཤུགས་ལ་དཔེ་བྱད་བརྒྱད་ཅུ་ཡང་བསྟན་ཏེ། དཔེ་བྱད་རྣམས་ནི་མཚན་གྱི་འཁོར་ཡིན་པའི་ཕྱིར་རོ། །མཚན་སོ་གཉིས་ནི་མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦས་ཞབས། །ཞེས་སོགས་དང་། དཔེ་བྱད་བརྒྱད་ཅུ་ནི། ཐུབ་པའི་སེན་མོ་ཟངས་མདོག་དང་། །ཞེས་སོགས་ཀྱིས་བསྟན་པ་ལྟར་རོ། །སངས་རྒྱས་ཀྱི་གཟུགས་སྐུ་གཉིས་ལ་མཚན་དཔེ་གསལ་རྫོགས་ཡོད་པར་མཐོང་བ་ན་བདེན་ཞེན་གྱིས་སངས་རྒྱས་ནི་མཚན་དཔེ་འདི་ཙམ་གྱི་སྒོ་ནས་འཇོག་གམ་སྙམ་ན། དེ་ནི་མ་ཡིན་ཏེ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་རྣམ་པ་གཉིས་ལ་ནི་ཆོས་ཀྱི་སྐུ་མངོན་དུ་བྱས་པའི་སྒོ་ནས་དེ་བཞིན་གཤེགས་པ་ཞེས་བརྗོད་ཀྱི། མཚན་དཔེ་དང་ལྡན་པའི་སྐུ་ཐོབ་པ་ཙམ་གྱི་སྒོ་ནས་བཞག་པ་མ་ཡིན་པའི་ཕྱིར་ཏེ། བརྒྱད་སྟོང་པ་ལས། གཟུགས་ཀྱི་སྐུ་བརྙེས་པས་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་ཡི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པས་ནི་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་གསུངས་པ་ལྟར་རོ། །སྐུ་མཚན་དཔེས་བརྒྱན་པའི་གཟུགས་སྐུ་མཐོང་ནས་དེ་ལ་བདེན་ཞེན་གྱིས་ཕྱག་འཚལ་བ་སོགས་ལེགས་པའི་ལམ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པ་ཡིན་མོད། གང་དག་ང་ལ་གཟུགས་སུ་མཐོང་། །ཞེས་སོགས་ཀྱི་སྐབས་སུ་འཆད་པ་ལྟར་བདེན་འཛིན་གྱིས་བཅིངས་པའི་སྐྱོན་ཅན་ཡིན་ཏེ། མངོན་རྟོག་རྒྱན་ལས་ཀྱང་། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པའི་སྐབས་སུ་ཚུལ་དེ་ལྟ་བུ་ལ་བདེན་ཞེན་གྱི་ཆགས་པའི་སྐྱོན་ཡོད་པར་བཤད་པའི་ཕྱིར་རོ། །སྐབས་འདིར་བདེན་འཛིན་ནི་མ་རིག་པར་འདོད་དགོས་པས། མ་རིག་པས་ཀུན་ནས་བསླངས་ཏེ་དགེ་བའི་ལས་བསགས་ནས་འཁོར་བས་བསྡུས་པའི་མངོན་མཐོ་དང་། མི་དགེ་བའི་ལས་བསགས་ན་ནི་ངན་འགྲོའི་ལུས་འགྲུབ་པར་གཞུང་དུ་མ་ལས་བཤད་དོ། །གཞུང་འདི་ལ་བརྟེན་ནས་དེ་ལྟར་དག་མ་དག་གི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཤེས་ཤིང་བསྒོམས་ན་ཕན་ཡོན་ཆེའོ་ཞེས་སྙོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་གང་ཟག་གང་གིས་རང་གི་ལུས་ཀྱི་སྦྱིན་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བཏང་བ་ལས་ཀྱང་། ཆོས་ཀྱི་རྣམ་གྲགས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བཟུང་ཞིང་གཞན་དག་ལ་སྟོན་ཅིང་བསྒོམས་ན་བསོད་ནམས་ལྷག་པར་ཆེའོ་ཞེས་གསུངས་སོ། །འདི་ནི་འཕགས་པ་ལྷས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བ་ཡང་མི་འགྱུར། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་། སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་གསུངས་པ་ལྟ་བུའི་ཕན་ཡོན་འབྱུང་བ་ལ་ཡང་དགོངས་མོད། ཕྱིས་འབྱུང་གི་གདུལ་བྱ་བློ་དམན་དང་བ་དང་ལྡན་པ་རྣམས་ཕན་ཡོན་ལ་སྤྲོ་བ་སྐྱེས་ནས་གཞུང་ལ་ཐོས་བསམ་གྱིས་འཇུག་པའི་ཆེད་བསྔགས་བརྗོད་ཀྱི་ཚུལ་དུ། ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་གཟུང་ཞིང་བརྗོད་ན་ཕན་ཡོན་རྒྱ་ཆེན་པོ་དེ་ལྟ་བུ་འབྱུང་བར་གསུངས་ཤིང་དགོངས་གཞི་དངོས་ནི་དེ་ལྟར་བསྟན་པའི་དོན་གྱི་ཤེར་ཕྱིན་ལས་དེ་ལྟ་བུའི་ཕན་ཡོན་རྫོགས་པར་ཐོབ་པར་འགྱུར་པ་ལ་དགོངས་ཀྱི། གཞུང་བཀླག་པ་ཙམ་ལས་དེ་ལྟ་བུའི་ཕན་ཡོན་གྱི་ཕྱོགས་གཅིག་ལས་རྫོགས་པར་མིན་ནོ། །ཚུལ་འདི་ནི་དེ་ལྟ་བུའི་སྐབས་གཞན་ལའང་ཤེས་དགོས་སོ། །དེ་ལྟར་གསུངས་པ་ན་རབ་འབྱོར་གྱིས་ཆོས་ཟབ་མོ་འདི་ཐོས་ནས་ངོ་མཚར་སྐྱེས་པའི་ཤུགས་སྟོབས་ཀྱིས་སྤྱན་ལས་མཆི་མ་ཕྱུང་སྟེ། རབ་འབྱོར་དེས་མཆི་མ་ཕྱིས་ནས་བཅོམ་ལྡན་འདས་ལ་ཤེར་ཕྱིན་གྱི་ཆོས་འདི་དེ་བཞིན་གཤེགས་པ་ཇི་སྙེད་བྱོན་ཅིང་བཞུགས་པ་ཐམས་ཅད་ཀྱིས་གསུངས་པ་ནི་ངོ་མཚར་ཆེའོ། །རབ་འབྱོར་བདག་གིས་ནི་རང་ལ་འཕགས་པའི་ཡེ་ཤེས་སྐྱེས་ཚུན་ཆད་ནས་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་ཤིང་། དེར་མ་ཟད་སྔོན་ནམ་ཡང་འདི་མ་ཐོས་སོ་ཞེས་པ་ནི་རབ་འབྱོར་གྱིས་སྔོན་འདི་ལྟ་བུ་མ་ཐོས་པ་མ་ཡིན་གྱི། ཤེར་ཕྱིན་གྱི་ཆོས་ཟབ་མོ་འདི་ལྟ་བུ་གཞན་གྱིས་ཐོས་པར་དཀའ་བར་བསྟན་པའོ། །ངོ་མཚར་ཆེ་ཚུལ་ནི། མདོ་སྡེ་འདི་བཤད་པའི་ཚིག་དང་དོན་ལ་སེམས་ཅན་གང་དག་བདེན་ཞེན་མེད་པ་ཡང་དག་པའི་འདུ་ཤེས་སྐྱེད་པར་འགྱུར་བའི་སེམས་ཅན་དེ་དག་ནི། ཐར་པའི་བག་ཆགས་འཇོག་ཅིང་སངས་རྒྱས་ཐོབ་པའི་རྒྱུ་ཆེན་པོ་བཟུང་བས་ན་ངོ་མཚར་ཆེན་པོ་རབ་དང་ལྡན་པར་འགྱུར་རོ། །ཡང་དག་པའི་འདུ་ཤེས་ཞེས་བཤད་པ་གང་ཡིན་པ་དེ་ནི་བདེན་པར་ཞེན་པའི་འདུ་ཤེས་མ་མཆིས་པའི་སླད་དུ་སྟེ། དེས་ན་བདེན་ཞེན་མེད་ཅིང་བདེན་མེད་རྟོགས་པའི་འདུ་ཤེས་དེ་ལ་ཡང་དག་པའི་འདུ་ཤེས་ཞེས་དེ་བཞིན་གཤེགས་པས་གསུངས་སོ། །བཅོམ་ལྡན་འདས་བདག་ཆོས་འདི་བཤད་པའི་དོན་ལ་དད་པས་རྟོག་ཅིང་ཤེས་ནས་མོས་པ་སྐྱེས་པ་འདི་ནི། བདག་ལ་ངོ་མཚར་ཆེན་པོ་བྱུང་བ་མ་ལགས་ཀྱི། སླད་མའི་དུས་སུ་སེམས་ཅན་གང་དག་སྟོང་ཉིད་ཀྱི་དོན་ལ་མོས་ཤིང་ཆོས་འདི་ལེན་པ་སོགས་བྱེད་པ་དེ་དག་ནི་ངོ་མཚར་ཆེན་པོ་རབ་དང་ལྡན་པར་འགྱུར་ལགས་སོ། །ཚུལ་འདི་ངོ་མཚར་ཆེ་སྟེ། མགོན་པོ་ཀླུ་སྒྲུབ་ཞབས་ཀྱིས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་པ་ལྟར་རོ། །གཞན་གྱི་དོན་སྔར་བཤད་ཟིན་ཅིང་། འདྲི་བ་ལ་ནི་ད་འདྲི་འབྱུང་བ་ལྟར་ན་དོན་གཞན་ལ་འདྲི་བ་དང་། བ་འབྲི་འབྱུང་བ་ལྟར་ན་ཡི་གེར་འབྲི་བ་དང་སྦྱོར་ཏེ། འོན་ཀྱང་དབུ་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཞེས་འབྱུང་བ་ལྟར་ན་ཕྱི་མའོ། །གཞུང་འདི་དག་གིས་ནི་ཇི་ལྟར་གནས་པ་དང་སྒྲུབ་པ་དང་གཟུང་བར་བྱ་བའི་ཚུལ་བསྟན་ཏོ། །མ་འོངས་པའི་དུས་ན་གཞུང་འདི་ལྟ་བུ་ལ་ཐོས་བསམ་བསྒོམས་པས་འཇུག་པའི་སེམས་ཅན་དེ་དག་ལ་ནི། གང་ཟག་གི་བདག་ཏུ་འདུ་ཤེས་རགས་པ་འཇུག་པར་མི་འགྱུར་ཞིང་། དེ་བཞིན་དུ་སེམས་ཅན་དང་སྲོག་དང་གང་ཟག་ཏུ་བདེན་ཞེན་གྱི་འདུ་ཤེས་ཅི་རིགས་འཇུག་པ་སྟེ་སྐྱེ་བར་མི་འགྱུར་རོ། །རྒྱུ་མཚན་ནི་དེ་ལྟ་བུའི་བདག་ཏུ་འདུ་ཤེས་པ་སོགས་ནི་ཞེན་ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་པས། དེ་ཉིད་ཡང་དག་པའི་འདུ་ཤེས་ཐམས་ཅད་དང་བྲལ་བའི་ཕྱིར་རམ། འདུ་ཤེས་དག་དོན་དམ་པར་འདུ་ཤེས་སུ་གྲུབ་པ་དང་བྲལ་བའི་ཕྱིར་ཞེས་པའོ་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དེ་དེ་བཞིན་ནོ་ཞེས་པ་དང་། རྒྱུ་མཚན་ནི། མ་འོངས་པ་ན་སེམས་ཅན་གང་དག་མདོ་སྡེ་འདི་བཤད་པའི་ཚིག་དོན་ཐོས་པ་ན། དེ་ལྟར་ཐམས་ཅད་བདེན་པར་མེད་ན་ལས་འབྲས་སོགས་བྱ་བྱེད་མི་འཐད་ཅིང་མེད་པར་འགྱུར་རོ་སྙམ་དུ་ཡིད་མི་སྐྲག་ཅིང་མི་དངང་ལ། ཤིན་ཏུ་དངང་བར་མི་འགྱུར་ཞིང་ཡིད་ཆེས་ཏེ་མོས་པ་དེ་དག་ནི་ངོ་མཚར་རབ་དང་ལྡན་པར་འགྱུར་རོ། །བདེན་པར་གྲུབ་ན་བསྒྱུར་དུ་མི་རུང་བས་ལས་འབྲས་ལ་སོགས་པའི་བྱ་བྱེད་ཐམས་ཅད་བཞག་ཏུ་མི་རུང་ཞིང་མི་འཐད་ལ། བདེན་པར་མེད་པའམ་རང་བཞིན་གྱིས་མ་གྲུབ་པ་ལ་བྱ་བྱེད་ཐམས་ཅད་དང་མྱང་འདས་སོགས་འཐད་པའི་ཚུལ་ནི། རྗེས་རྟེན་འབྲེལ་བསྟོད་པ་ལས། རང་བཞིན་ལྡོག་པ་མེད་པའི་ཕྱིར། །ཆོས་རྣམས་རང་བཞིན་འགའ་ཡོད་ན། །མྱ་ངན་འདས་པ་མི་རུང་ཞིང་། །སྤྲོས་ཀུན་ལྡོག་པ་མེད་པར་གསུངས། །ཞེས་དང་། རང་བཞིན་གྱིས་ནི་སྟོང་པ་དང་། །བྱ་བྱེད་འཐད་པས་མི་འགལ་ཞིང་། །དེ་ལས་ལྡོག་པར་མཐོང་བ་ན། །སྟོང་ལ་བྱ་བ་མི་རུང་ཞིང་། །ཞེས་གསུངས་པ་ལྟར་རོ། །ངོ་མཚར་ཆེ་བའི་རྒྱུ་མཚན་ནི། ཆོས་ཀུན་རང་བཞིན་གྱིས་མ་གྲུབ་པར་སྟོན་པའི་གཞུང་ཕ་རོལ་ཏུ་ཕྱིན་པ་དམ་པ་མཆོག་འདི་ནི་ད་ལྟ་དེ་བཞིན་གཤེགས་པ་ངས་གསུངས་ཏེ། སྔོན་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ཀྱིས་གསུངས་པའི་ཕྱིར་རོ། །དེ་ནི་གོང་དུ་རྒྱུ་འབྲས་ཀྱི་ཆོས་རྣམས་རང་བཞིན་གྱིས་མེད་པར་བཤད་པ་ལ་ཡིད་ཆེས་པའི་གནས་སུ་འཛིན་པའི་ཆེད་དུ་གསུངས་པའོ། །རྒྱུ་མཚན་དེས་ན་ཕ་རོལ་ཏུ་ཕྱིན་པ་དམ་པ་ཞེས་བྱའོ། །དེ་ནས་བཟོད་པའི་ཕར་ཕྱིན་སྒོས་སུ་འཆད་པ་ནི། རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་གང་གསུངས་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་དོན་དམ་པར་མེད་པས་གང་གིས་བཟོད་པ་དང་ཇི་ལྟར་རམ་གང་བཟོད་པ་དང་། གང་ལ་བཟོད་པའི་འཁོར་གསུམ་ལ་བདེན་ཞེན་གྱིས་གཟུང་བར་བྱར་མི་རུང་སྟེ། རྒྱུ་མཚན་ནི་རབ་འབྱོར་སྔོན་གྱི་དུས་གང་གི་ཚེ་ཀ་ལིངྐའི་རྒྱལ་པོས་ང་ཁོ་རང་གི་བུད་མེད་དང་འབྲེལ་ལམ་སྙམ་པའི་དོགས་ངན་བྱུང་སྟེ་རལ་གྲིས་ངའི་ཡན་ལག་དང་ཉིང་ལག་སོར་མོ་རྣམས་བཅད་པར་གྱུར་པ་དེའི་ཚེ། ངས་བཟོད་པའི་འཁོར་གསུམ་བདེན་མེད་དུ་ཤེས་ནས་བཟོད་པ་བསྒོམས་པས། ཐ་སྙད་པའི་ང་ལ་དམིགས་ནས་ངའོ་སྙམ་དུ་བདག་ཏུ་བདེན་པར་ཞེན་པའི་འདུ་ཤེས་ནས་གང་ཟག་ཏུ་བདེན་པར་ཞེན་པའི་འདུ་ཤེས་ཀྱང་མ་བྱུང་ཞིང་། དེའི་ཚེ་ང་ལ་དེ་ལྟ་བུའི་བདེན་ཞེན་གྱི་འདུ་ཤེས་ཅི་ཡང་མེད་ལ། ཐ་སྙད་དུ་འདུ་ཤེས་གཞན་མེད་པར་གྱུར་པ་ཡང་མ་ཡིན་ཏེ། བཟོད་དོ་སྙམ་པའི་སྡུག་བསྔལ་དང་ལེན་དང་གནོད་པ་ལ་ཇི་མི་སྙམ་པ་དང་། བདེན་མེད་དུ་རྟོགས་པའི་ཆོས་ལ་ངེས་སེམས་ཀྱི་འདུ་ཤེས་རྣམས་ཡོད་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །རྒྱུ་མཚན་ནི་གལ་ཏེ་དུས་དེའི་ཚེ་ང་ལ་ངའོ་སྙམ་དུ་དོན་དམ་པར་བདག་ཏུ་འདུ་ཤེས་པ་སོགས་ཡོད་ན་ནི་དེའི་ཚེ་གཞན་ལ་གནོད་སེམས་ཀྱི་འདུ་ཤེས་ཀྱང་འབྱུང་བར་འགྱུར་ན་དེ་མ་བྱུང་བའི་ཕྱིར་རོ་ཞེས་སོ། །དེར་མ་ཟད། ངས་མངོན་པར་ཤེས་ཤིང་མཁྱེན་ཏེ། ང་སྔོན་ཚེ་རབས་ལྔ་བརྒྱར་བཟོད་པ་སྨྲ་བ་ཞེས་བྱ་བའི་དྲང་སྲོང་དུ་གྱུར་པའི་དུས་སུ་རྐྱེན་དེ་ལྟ་བུ་ལ་བརྟེན་ནས་གཞན་གྱིས་ངའི་ཡན་ལག་སོགས་བཅད་པ་ན་བདག་ཏུ་འདུ་ཤེས་སོགས་མ་བྱུང་ངོ་། །གལ་ཏེ་ཡན་ལག་བཅད་པའི་དུས་ཀྱི་ང་དེ་སྟོན་པ་མིན་ཞིང་། སྟོན་པ་ཡང་དེའི་དུས་ཀྱི་ང་དེ་མིན་པས། སྟོན་པས་ངའི་ཡན་ལག་རྣམས་གསུངས་པ་དེ་ཇི་ལྟར་འཐད་སྙམ་ན། བདེན་མོད། འདིའི་ལན་ཞིབ་ཏུ་བཤད་ན་མང་དུ་འགྱུར་བས། བསྡུས་ན་དེ་ནི་རྒྱུད་གཅིག་པ་ལ་དགོངས་ཤིང་སྐྱོན་མེད་ཚུལ་གོང་དུ་ཅུང་ཟད་བཤད་ཅིང་འཆད་པར་བྱའོ། །ངའོ་སྙམ་པའི་བདག་ཏུ་ཞེན་པ་ཡོད་ན་གནོད་སེམས་སོགས་འབྱུང་བ་ནི། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལ་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་བས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་བཤད་པ་བཞིན་ནོ། །དེ་ལྟ་བུའི་བཟོད་པའི་སྟོབས་ཀྱིས་ང་སངས་རྒྱས་པས་རྒྱུ་མཚན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟ་བུའི་བདག་ཏུ་འདུ་ཤེས་པ་རྣམ་པར་སྤངས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་གོང་འཕེལ་དུ་བྱའོ། །བཟོད་པའི་འཁོར་གསུམ་ལ་བདེན་ཞེན་གྱིས་མི་གནས་པར་མ་ཟད། གཟུགས་སྒྲ་སོགས་ལ་ཡང་དེ་ལྟར་མི་གནས་ཤིང་། ཀུན་རྫོབ་པའི་ཆོས་གང་ཅི་ལ་ཡང་བདེན་ཞེན་གྱིས་མི་གནས་པ་དང་། ཀུན་རྫོབ་པའི་ཆོས་བདེན་པར་མེད་པའི་དོན་དམ་པ་ལ་ཡང་བདེན་ཞེན་གྱིས་གནས་པར་མི་བྱའོ། །རྒྱུ་མཚན་ནི་གཟུགས་སྒྲ་སོགས་ལ་ཞེན་ཅིང་གནས་པའི་ཡུལ་གཟུགས་སོགས་གང་ཡིན་པ་དེ་ཉིད་དོན་དམ་པར་མི་གནས་པ་སྟེ་མ་གྲུབ་པའི་ཕྱིར་རོ་ཞེས་སོ། །དེ་བས་ན་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་ཅི་ལ་ཡང་དོན་དམ་པར་མི་གནས་པར་སྦྱིན་པ་སྦྱིན་པར་བྱའོ་ཞེས་གསུངས་ཏེ། དེས་མཚོན་ནས་ཚུལ་ཁྲིམས་སོགས་གཞན་ལའང་སྦྱོར་བར་དགོངས་སོ། །བྱང་ཆུབ་སེམས་དཔས་ནི་བདེན་ཞེན་མེད་པའི་ཚུལ་འདི་ལྟར་སྦྱིན་པ་ཡོངས་སུ་གཏོང་བ་དང་ཚུལ་ཁྲིམས་སྲུང་སོགས་བྱའོ། །སེམས་ཅན་དུ་བདེན་པར་འདུ་ཤེས་པ་དེ་ཉིད་ཀྱང་དོན་དམ་པར་འདུ་ཤེས་མེད་པ་དང་། ཐ་སྙད་དུ་སེམས་ཅན་གང་དག་ཅེས་གསུངས་པའི་སེམས་ཅན་དེ་དག་ཉིད་ཀྱང་སེམས་ཅན་དུ་རང་བཞིན་གྱིས་མེད་པའོ། །རྒྱུ་མཚན་ནི་རབ་འབྱོར་དེ་བཞིན་གཤེགས་པས་དེ་ལྟར་ཆོས་རྣམས་བདེན་སྟོང་དུ་བཤད་པ་ནི་རྫུན་དུ་གསུངས་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཕྱིན་ཅི་མ་ལོག་པར་ཡང་དག་པར་གསུངས་པ་དང་། རྣམ་པ་གཞན་དུ་མི་འགྱུར་བའི་བདེན་པར་གསུངས་པ་དང་། ཆོས་རྣམས་ཀྱི་གནས་ཚུལ་ཇི་ལྟ་བ་དེ་བཞིན་ཉིད་དུ་གསུངས་པ་པོ་སྟེ། ལོག་པར་གསུངས་པ་པོ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་གཤེགས་པས་ཐོབ་བྱའི་ཆོས་གང་ཡང་སངས་རྒྱས་པའམ་བསྟན་པ་དེ་རྣམས་ལ་བདེན་པ་དོན་དམ་པའི་ཆོས་རྣམས་བདེན་པར་གྲུབ་པ་ཡང་མེད་ཅིང་། རྫུན་པ་ཀུན་རྫོབ་པའི་ཆོས་རྣམས་ཀྱང་བདེན་པར་གྲུབ་པ་མེད་དོ་ཞེས་སོ། །ཀ་མ་ལ་ཤཱི་ལས་ནི། ཀུན་རྫོབ་རྣམས་དོན་དམ་དཔྱོད་པའི་རིག་ཤེས་ཀྱི་ངོ་བོར་མེད་པས་མི་བདེན་ཅིང་རྫུན་པ་ལ་བཤད་པ་ལྟར་སྣང་སྟེ། གཞུང་འདིས་མཐའ་གཉིས་སེལ་བའང་ཡིན་ནོ། །བདེན་མེད་རྟོགས་མ་རྟོགས་པའི་དབང་གིས་སྦྱིན་སོགས་ཀྱི་བྱེད་ལས་ལ་ཁྱད་པར་ཡོད་ཅེས་སྟོན་པ་ནི། འདི་ལྟ་སྟེ་དཔེར་ན། མིག་དང་ལྡན་པའི་མི་ཞིག་མུན་པ་ཆེན་པོར་ཞུགས་ནས་ཡུལ་གཟུགས་ཀྱི་དངོས་པོ་ཅི་ཡང་གསལ་བར་མི་མཐོང་བ་དེ་བཞིན་དུ། བྱང་སེམས་གང་བདེན་མེད་ལ་བློ་ཁ་མ་ཕྱོགས་ཤིང་བདེན་འཛིན་གྱིས་བཅིངས་པའི་མངོན་ཞེན་གྱི་ལྟ་བའི་གཡང་དུ་ལྷུང་ནས་སྦྱིན་པ་གཏོང་བའི་བྱང་སེམས་རྣམས་ནི་དཔེ་དེ་དང་འདྲ་བའི་བྱང་ཆུབ་སེམས་དཔར་བལྟ་བར་བྱའོ། །ཡང་འདི་ལྟ་སྟེ། ནམ་ལངས་ཏེ་ཉི་མ་ཤར་ནས་མིག་དང་ལྡན་པའི་མིས་ཡུལ་གཟུགས་བཟང་ངན་རྣམ་པ་སྣ་ཚོགས་མཐོང་བ་དེ་བཞིན་དུ། བྱང་སེམས་གང་བདེན་འཛིན་གྱིས་བཅིངས་པའི་དངོས་པོར་མ་ལྷུང་བས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་དཔེ་དེ་དང་འདྲ་བར་བལྟ་བར་བྱའོ་ཞེས་བདེན་འཛིན་གྱིས་བཅིངས་པའི་སྦྱིན་པ་ནི་མི་མུན་པར་ཞུགས་ནས་གཟུགས་མི་མཐོང་བ་དང་འདྲ་ཞིང་། བདེན་མེད་རྟོགས་པའི་སྦྱིན་པ་ནི་མིག་ལྡན་གྱིས་གཟུགས་མཐོང་བ་དང་འདྲ་བར་བཤད་ཅིང་། གཞན་ཡང་བདེན་མེད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པའི་སྦྱིན་སོགས་ལྔ་ནི་དམུས་ལོང་ལྟ་བུ་དང་། བདེན་མེད་རྟོགས་པའི་ཤེས་རབ་ཀྱི་ཕར་ཕྱིན་ནི་ལོང་ཁྲིད་མིག་ལྡན་དང་འདྲ་སྟེེ། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པའི་མཇུག་ཏུ། ཕར་ཕྱིན་དང་པོ་ལྔ་པོ་དེ་བདེན་མེད་རྟོགས་པའི་ཤེར་ཕྱིན་གྱིས་མ་ཟིན་ན་མིག་མེད་ལྟ་བུ་དང་སངས་རྒྱས་ཀྱི་སར་བགྲོད་མི་ནུས་ཤིང་། ཟིན་ན་མིག་ལྡན་ལྟ་བུ་དང་དེར་བགྲོད་ནུས་སོ་ཞེས་སྔོན་མ་དང་སྦྲེལ་ནས་སྟོན་པ་ནི། གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་ན། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་ཐོབ་བོ། །ཞེས་གསུངས་སོ། །དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་ལས་ཀྱང་། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡིས། །ཡུལ་དུ་ཁྲིད་པ་དེ་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ད་ལྟ་དང་མ་འོངས་པའི་དུས་སུ་གཞུང་འདི་འཛིན་འཆང་སོགས་བྱེད་པའི་གང་ཟག་གང་འབྱུང་བ་ནི་དེ་བཞིན་གཤེགས་པས་ད་ལྟ་ནས་མཁྱེན་ཅིང་གཟིགས་ཏེ། སེམས་ཅན་དེ་དག་ཐམས་ཅད་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་པར་འགྱུར་རོ་ཞེས་པ་ནི། སངས་རྒྱས་ཀྱིས་སེམས་ཅན་དེ་དག་ལ་ཐུགས་ཀྱིས་དགོངས་ཤིང་བསོད་ནམས་ཆེའོ་ཞེས་སྤྲོ་བ་བསྐྱེད་པའོ། །གཞན་ཡང་གང་གིས་སྔ་དྲོ་དང་ཕྱི་དྲོའི་དུས་རྣམས་དང་བསྐལ་བ་མང་པོར་ལུས་ཀྱི་སྦྱིན་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་མཚན་པའི་ལུས་གཏོང་ཞིང་། བཏང་བའི་ཕན་ཡོན་ལས་གང་གིས་གཞུང་འདི་རྫོགས་པར་ཐོས་ཤིང་མོས་ནས་བློས་མི་སྤོང་ན། དེའི་བསོད་ནམས་ཀྱི་ཕུང་པོ་སྔ་མ་ལས་ཀྱང་ཆེ་ན་གང་གཞུང་འདི་ཡི་གེར་འབྲི་བ་སོགས་བྱས་ན་བསོད་ནམས་དེ་ལས་ཆེ་བ་ལྟ་ཅི་སྨོས་ཞེས་གསུངས། དེ་ཡང་ལེན་པ་ནས་རབ་ཏུ་སྟོན་པའི་བར་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བསོད་ནམས་ཏེ་ཕན་ཡོན་ཆེ་བར་འགྱུར་རོ། །བསྔགས་པ་ནི་ཆོས་ཀྱི་རྣམ་གྲངས་འདིའི་དོན་ཟབ་པ་དང་རྟོགས་དཀའ་བའི་ཕྱིར་བསམ་གྱིས་མི་ཁྱབ་ཅིང་འདི་དང་མཉམ་པའི་མཚུངས་པ་གཞན་མེད་དེ། འདི་ལ་ཐོས་བསམ་བསྒོམས་པ་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཡང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཉིད་དུ་རིག་པ་སྟེ་ཤེས་པར་བྱའོ། །ཆོས་འདི་ནི་ཐེག་པ་དམན་པ་ལ་མོས་པ་རྣམས་ཀྱི་ཆེད་དུ་གཙོ་བོར་མ་ཡིན་གྱི། ཐེག་པ་མཆོག་དང་ཐེག་པ་ཕུལ་དུ་ཕྱིན་པ་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པའི་སེམས་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པས་གསུངས་སོ། །ཐེག་པ་མཆོག་དང་ཐེག་པ་ཕུལ་དུ་ཕྱིན་པ་གཉིས་ཀ་ཐེག་པ་ཆེན་པོའི་མིང་གི་རྣམ་གྲངས་སོ། །དེ་ལྟ་བུའི་ཐེག་པ་ཆེན་པོའི་སེམས་ཅན་གང་དག་ཆོས་འདི་ལེན་པ་དང་འཛིན་པ་སོགས་བྱེད་པ་དེ་དག་ནི། དེ་བཞིན་གཤེགས་པས་ད་ལྟ་ནས་མཁྱེན་ཅིང་གཟིགས་ཏེ་སེམས་ཅན་དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་། བློས་བསམ་གྱིས་མི་ཁྱབ་པ་དང་། དེ་དང་མཚུངས་པ་མེད་པ་དང་། མཐའ་གཞལ་དུ་མེད་པ་དང་། ཚད་མེད་པ་དང་ལྡན་པར་འགྱུར་ཏེ་སེམས་ཅན་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ངའི་བྱང་ཆུབ་ཀྱི་གོ་འཕང་ཕྲག་པ་ལ་ཐོགས་པ་ལྟར་མྱུར་དུ་ཐོབ་པར་འགྱུར་རོ། །རྒྱུ་མཚན་ནི། ཆོས་དམན་པ་ལ་མོས་པ་རྣམས་ཀྱིས་ནི་ཆོས་ཀྱི་རྣམས་གྲངས་ཟབ་མོ་འདི་ལ་ཐོས་བསམ་སྒོམ་པའི་ཚུལ་གྱིས་མཉན་པར་བྱར་མི་ནུས་ཏེ། གང་ཟག་གི་བདག་ཏུ་ལྟ་བ་དང་སེམས་ཅན་དང་སྲོག་དང་གང་ཟག་ཏུ་བདེན་ཞེན་གྱིས་ལྟ་ཞིང་། འདོད་པའི་གང་ཟག་ཕྱི་རོལ་པ་ལྟ་བུ་རྣམས་ཀྱིས་གཞུང་འདིའི་ཚིག་དོན་མཉན་པ་དང་བླང་བ་སོགས་བྱེད་མི་ནུས་ཏེ། དེ་བྱེད་པའི་གནས་སམ་གོ་སྐབས་མེད་པའི་ཕྱིར་ཏེ། དེ་ལྟ་བུའི་སེམས་ཅན་རྣམས་ཀྱིས་བདག་མེད་པའི་དོན་མི་འདོད་པའི་ཕྱིར་རོ། །ཡང་ས་ཕྱོགས་གང་ན་མདོ་སྡེ་འདི་སྟོན་པའི་ས་ཕྱོགས་དེ་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱི་སེམས་ཅན་རྣམས་ཀྱིས་མཆོད་པ་དང་ཕྱག་བྱ་བ་དང་བསྐོར་བར་བྱ་བ འི་འོས་སུ་འགྱུར་ཏེ། །ས་ཕྱོགས་དེ་མཆོད་རྟེན་ལྟ་བུར་འགྱུར་རོ། །འདི་ནི་མངོན་རྟོགས་རྒྱན་ལས། བྱང་ཆུབ་དག་ནི་རྟེན་མཆོད་ཉིད། །ཞེས་པའི་རྩ་བའི་མདོ་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་འགྲེལ་པ་རྣམས་ལས་ནི་བྱང་སེམས་སྒོམ་ལམ་པ་གང་དུ་བཞུགས་པའི་གནས་དེ་གཞན་གྱིས་བཀུར་བའི་གནས་མཆོད་རྟེན་ལྟ་བུར་གསུངས་པ་དང་འདྲ་ལ། གཙོ་བོ་ནི་གཞུང་འདིའི་བརྗོད་བྱ་དོན་གྱི་ཤེར་ཕྱིན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་གང་ཟག་བཞུགས་པའི་གནས་ལ་དགོངས་སོ། །གོང་དུ་འདི་ལྟ་བུ་ཞིག་སོང་ཡང་གཞི་སོ་སོའི་དབང་དུ་མཛད་པའོ། །སྔ་མ་ལས་གཞན་ཡང་རབ་འབྱོར་རིགས་ཀྱི་བུའམ་བུ་མོ་གང་མདོ་སྡེ་འདི་འཛིན་འཆང་སོགས་བྱེད་ཅིང་དོན་ཉམས་སུ་ལེན་པའི་སེམས་ཅན་དེ་དག་ནི་ནད་སྣ་ཚོགས་དང་འཐབ་རྩོད་མཚང་འདྲུ་དང་བཅིང་རྡེག་སོགས་ཀྱིས་མནར་བ་དང་ཤིན་ཏུ་མནར་བའི་སྡུག་བསྔལ་མྱོང་བར་འགྱུར་བ་ཡོད་སྲིད་ཀྱང་། སྐྱོན་ཆེན་པོ་མ་ཡིན་ཏེ། རྒྱུ་མཚན་དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་གིས་ནི་ཚེ་རབས་འདི་དང་སྔ་མའི་དུས་སུ་མི་དགེ་བའི་ལས་ཆེན་པོ་ངན་སོང་གསུམ་དུ་སྐྱེ་བར་འགྱུར་བའི་ལས་གང་དག་བྱས་པ་དེ་དག་ཐམས་ཅད་ཀྱི་འབྲས་བུ་ནི་ཚེ་འདི་ཉིད་ཀྱི་ཐོག་མ་སྨིན་ཏེ་སྡུག་བསྔལ་གྱིས་མནར་བ་དེའི་སྟོབས་ཀྱིས་ཚེ་རབས་སྔ་མའི་མི་དགེ་བའི་ལས་དེ་དག་ཐམས་ཅད་འབྱང་བ་སྟེ་དག་པར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །ཤེར་ཕྱིན་ལ་བརྩོན་པའི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་ནི་སྡིག་ལས་རྣམས་ཀྱི་རྩ་བ་བདག་འཛིན་བཅོམ་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པ་ཡང་ཐོབ་པར་འགྱུར་ཞེས་བཤད་ན། ངན་འགྲོར་སྐྱེ་བའི་ལས་རྣམ་འཇོམས་པ་ལྟ་ཅི་སྨོས་སོ། །ཚུལ་དེ་ལྟར་རྟོག་གེ་འབར་བ་སོགས་ནས་བཤད་ཅིང་། ཐར་པ་ཆེན་པོ་ལས་ཀྱང་། ངན་འགྲོར་སྐྱེ་བའི་སྡིག་ཡོད་ཀྱང་། །མགོ་བོ་ན་བ་ཙམ་གྱིས་འབྱང་། །ཞེས་གསུངས་སོ། །དཔེར་ན་ས་བོན་བཏབ་ཀྱང་ཆུ་ལུད་དྲོད་གཤེར་སོགས་གཏན་མེད་ན་མྱུ་གུ་མི་སྐྱེ་བ་ལྟར་བདག་འཛིན་སྤོང་ནུས་ན་ནི། བསགས་པའི་ལས་ཅི་ཡོད་ཀྱང་གྲོགས་ཉོན་མོངས་མེད་པས་རྣམ་སྨིན་འབྱིན་མི་ནུས་ཏེ། རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །རབ་འབྱོར་ངས་མངོན་པར་ཤེས་ཤིང་མཁྱེན་ཏེ། སྔོན་འདས་པའི་བསྐལ་བ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་དང་། སངས་རྒྱས་མར་མེ་མཛད་ཀྱི་སྔ་རོལ་གྱི་ཡང་ཆེས་སྔ་རོལ་གྱི་དུས་ན༑ སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་དག་བྱུང་བ་དེ་དག་ངས་མཆོད་ཅིང་བསྙེན་བཀུར་བ་སོགས་ཀྱིས་ཐུགས་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ཤིང་ཐུགས་སུན་ཕྱུང་པ་མ་བྱས་ཏེ། ངས་དེ་ལྟར་བྱས་པའི་བསོད་ནམས་དང་། ཕྱི་མའི་དུས་ལྔ་བརྒྱའི་མཐའ་མ་ལ་མདོ་སྡེ་འདི་འབྲི་བ་སོགས་བྱེད་པའི་བསོད་ནམས་གང་ཡིན་པ་གཉིས་ལས། བསོད་ནམས་ཀྱི་ཕུང་པོ་ཕྱི་མ་འདི་ཆེ་སྟེ་བསོད་ནམས་ཀྱི་ཕུང་པོ་སྔོན་མས་འདི་ལ་ཆ་བརྒྱར་བགོས་པའི་བརྒྱའི་ཆ་སྟེ་ཆ་གཅིག་ཙམ་གྱི་བར་ཉེ་བར་མི་ཕོད་མི་འགྲོ་ཞིང་། དེ་བཞིན་དུ་སྟོང་གི་ཆ་དང་འབུམ་གྱི་ཆ་དང་གྲངས་དང་ཚད་དང་བགྲང་བ་དང་དཔེ་དང་ཟླ་དང་རྒྱུར་ཡང་འགྲན་པར་མི་བཟོད་པ་སྟེ་མི་ནུས་སོ། །དེ་དག་ཀུན་ནི་དཔེ་མཚོན་པ་ཡིན་ཡང་། ཆ་ནི་ཆ་ཤས་ཆེ་ཆུང་དང་གྲངས་མང་ཉུང་མི་འདྲ་ཞིང་དཔེ་མི་འདྲ་བ་དང་དོ་ཟླ་མི་མཉམ་པ་དང་རྒྱུ་མཚན་མི་འདྲ་བ་དང་། བགྲང་བ་ནི་མཚུངས་པར་བགྲང་དུ་མི་རུང་བའོ། །གལ་ཏེ་དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་རབ་ཏུ་བསྐྱེད་ཅིང་འཛིན་པར་འགྱུར་བའི་བསོད་ནམས་ཀྱི་ཕུང་པོ་འདི་ལྟ་བུའོ་ཞེས་ལེགས་པར་ཕྱེ་ཞིང་བརྗོད་ན། བློ་དམན་པའི་སེམས་ཅན་རྣམས་ཡིད་མི་ཆེས་ཤིང་ཡིད་མྱོས་མྱོས་པོར་ཏེ་རྨོངས་ནས་སེམས་རབ་ཏུ་འཁྲུགས་པར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་གཞུང་ཉུང་ཡང་དོན་རྒྱ་ཆེ་བས་བསམ་གྱིས་མི་ཁྱབ་ཅིང་། འདིའི་དོན་ཉམས་སུ་བླངས་པའི་རྣམ་པར་སྨིན་པའི་འབྲས་བུ་ཡང་བསམ་གྱིས་མི་ཁྱབ་བོ། །རྣམ་པར་སྨིན་པའི་འབྲས་བུ་ཞེས་པའི་རྣམ་སྨིན་གྱི་འབྲས་བུ་ཁོ་ན་ལ་མི་བཟུང་གི །རྒྱུ་མཐུན་དང་བདག་འབྲས་དང་བྲལ་འབྲས་སོགས་ཀྱང་སྡུད་དོ། །འདི་ལྟ་བུ་ཞིག་གོང་དུ་ཡང་བྱུང་མོད། སྐབས་དོན་ཐ་དད་ལ་དགོངས་ནས་གསུངས་སོ། །ཡང་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པས་ཇི་ལྟར་གནས་པར་བགྱི་ཞེས་སོགས་ཞུས་སོ། །སྔར་འདི་ལྟ་བུ་ཞིག་སོང་ཡང་ཚོགས་ལམ་དང་མོས་སྤྱོད་ཀྱི་སའི་དབང་དུ་མཛད་ལ། འདིར་ནི་མཐོང་ལམ་ཐོབ་པ་ལ་ཉེ་བ་དང་དེ་ཐོབ་པའི་སྐབས་ནས་དེ་ལྟར་བྱེད་པ་ལ་དགོངས་ནས་གསུངས་ཏེ་དོན་ནི་སྔར་བཤད་ཟིན་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའི་ཆོས་དེ་གང་ཡང་བདེན་པར་གྲུབ་པ་མེད་དོ་ཞེས་མཇུག་བསྡུས་སོ། །ཡང་རབ་འབྱོར་དེ་བཞིན་གཤེགས་པ་ངས་སྔོན་སངས་རྒྱས་མར་མེ་མཛད་ལས་ཆོས་གང་དོན་དམ་པར་བླངས་ནས་སངས་རྒྱས་པའི་ཆོས་དེ་གང་དག་ཡོད་སྙམ་མམ་ཞེས་དྲིས་པ་ན། ལན་དུ་རབ་འབྱོར་གྱིས་དེ་མ་མཆིས་སོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ་ཞེས་ཚིག་དང་། དེ་དེ་བཞིན་ནོ་ཞེས་དོན་ལ་བདེན་ཁ་གནང་སྟེ། དེ་ལྟ་བུའི་ཆོས་གང་ཡང་མེད་དོ། །གལ་ཏེ་དེ་འདྲ་བའི་ཆོས་འགའ་ཞིག་ཡོད་པར་གྱུར་ན་ནི། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་འདི་ཙམ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་མི་སྟོན་པ་ཞིག་ན༑ མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གང་ཡང་བདེན་པར་གྲུབ་པ་མེད་པའི་ཕྱིར་ན། དེའི་ཚེ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་དེ་ལྟར་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ཡང་གང་གིས་གང་ཞིག་གང་དུ་ལུང་བསྟན་པའི་ཆོས་རྣམས་ནི་ཐ་སྙད་བཏགས་ཡོད་མིང་རྐྱང་ཙམ་ཡིན་གྱི། དོན་དམ་པར་གྲུབ་པ་མེད་པའི་ཚུལ་གོང་དུ་བརྗོད་ཟིན་ཏོ། །སངས་རྒྱས་མར་མེ་མཛད་བྱོན་ནས་བསྐལ་བ་གྲངས་མེད་གཅིག་དང་དགུ་བཅུ་རྩ་གཅིག་ཡིན་པར་མདོ་ལས་བཤད་ཅིང་། འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་གྱི་མཆན་བུ་ལས་ཀྱང་རྗེས། མར་མེ་མཛད་ནི་བསྐལ་ཆེན་གྲངས་མེད་གཅིག་དང་དགུ་བཅུ་རྩ་གཅིག་གི་གོང་རོལ་ཏུ་བྱུང་སྟེ་ཞེས་གསུངས་སོ། །དེའི་ཚེ་སྟོན་པ་བྲམ་ཟེའི་ཁྱེའུ་ཆོས་ཀྱི་སྤྲིན་དུ་གྱུར་པའི་དུས་སུ་ལུས་ལ་སངས་རྒྱས་དེ་ཉིད་ཀྱིས་ཞབས་བཞག་སྟེ་བྱིན་གྱིས་བརླབས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་ནས་འཚང་རྒྱ་བར་ལུང་བསྟན་ཏེ། སྤྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལ་ཆུང་འབྲིང་ཆེན་པོ་གསུམ་སྟེ། ཆུང་ངུ་སྦྱོར་ལམ་བཟོད་པ་དང་། འབྲིང་མཐོང་ལམ་དང་། ཆེན་པོ་དགྲ་བཅོམ་ཐོབ་པ་ནས་འབྱུང་ཞིང་། ཐེག་ཆེན་གྱི་དབང་དུ་བྱས་ན་ས་བརྒྱད་པ་ནས་ཐོབ་བོ། །བཟོད་པ་དེ་གསུམ་གང་རུང་ཐོབ་པ་ལ་འདུས་བྱས་ཀྱི་ཆོས་རྣམས་རང་བཞིན་གྱིས་སྐྱེ་བ་མེད་པར་རྟོགས་དགོས་པའི་ཕྱིར་སྟོང་ཉིད་ངེས་པར་རྟོགས་དགོས་ལ། འབྲིང་དང་ཆེན་པོ་ལ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་དགོས་ཤིང་། ཆེན་པོ་ལ་ནི་ཉོན་མོངས་ཡང་སྤངས་དགོས་སོ། །དེས་ན་འཚང་རྒྱ་བར་དངོས་ལུང་སྟོན་པ་ལ་སྟོང་ཉིད་རྟོགས་པ་སྔོན་དུ་སོང་བ་ཞིག་ངེས་པར་དགོས་པས། བདེན་འཛིན་གྱིས་བཅིངས་པའི་བྱང་སེམས་ལ་དངོས་ལུང་སྟོན་པར་མི་མཛད་དེ། ཐོབ་བྱ་ཐོབ་བྱེད་ཀྱིས་ཆོས་ལ་བདེན་པར་ཞེན་ནས་བདེན་འཛིན་གྱིས་བཅིངས་པ་རྣམས་ནི་དངོས་ལུང་བསྟན་པའི་སྣོད་དུ་མི་རུང་བའི་ཕྱིར་ཏེ། བདེན་གྲུབ་ཀྱི་ཆོས་བསྒྱུར་དུ་མི་ནུས་པ ས་ཐོབ་བྱེད་སོགས་གང་ཡང་འཇོག་ཏུ་མི་རུང་བར་སྔར་བཤད་ཟིན་པའི་ཕྱིར་རོ། །ལུང་སྟོན་པའི་རྒྱུ་མཚན་ལ་དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཞེས་བརྗོད་པ་དེ་ནི་ཆོས་ཐམས་ཅད་བདེན་པས་སྟོང་པ་ཡང་དག་པའི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་ཡེ་ཤེས་ཀྱི་ཚིག་བླ་དྭགས་ཏེ་དེའི་སྒོ་ནས་བརྗོད་པའི་ཕྱིར་རོ། །བསྡུ་ན་དེ་བཞིན་གཤེགས་པ་ཞེས་པའི་དོན་ནི་སྒྲིབ་གཉིས་སྤངས་པའི་དེ་བཞིན་ཉིད་མངོན་དུ་བྱས་ཤིང་ཁོང་དུ་ཆུད་པ་སྟེ། ཐུགས་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཤེགས་པའམ་མཁྱེན་པའི་དོན་ནོ། །སེམས་ཅན་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་དོན་དམ་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཟེར་ན་ཚིག་དེ་ལོག་པར་སྨྲ་བ་ཉིད་ཡིན་ནོ། །རྒྱུ་མཚན་ནི་དོན་དམ་པར་སངས་རྒྱས་པའི་ཆོས་དེ་གང་ཡང་མེད་པའི་ཕྱིར་རོ། །འདི་ལྟ་བུ་ཞིག་གོང་དུ་སོང་ཡང་སྐབས་སོ་སོ་དང་སྦྱར་བ་སྟེ། ཚིག་ལ་ཟློས་པ་ཡོད་ཀྱང་དོན་ལ་ཟློས་སྐྱོན་མེད་ཅིང་། འདིའི་དོན་ལེགས་པར་ཤེས་པ་ནི་རྩ་བ་རང་བཞིན་མེད་པའི་དོན་ཤེས་པ་ལ་ཐུག་གོ །དེ་བཞིན་གཤེགས་པས་ཆོས་གང་སངས་རྒྱས་པའམ་བསྟན་པ་དེ་ལ་རང་བཞིན་གྱིས་གྲུབ་པའི་དོན་དམ་པའི་ཆོས་བདེན་པ་ཡང་མེད་ཅིང་། དེར་གྲུབ་པའི་ཀུན་རྫོབ་པའི་ཆོས་རྫུན་པ་ཡང་མེད་དོ།། འདི་ལ་འཆད་ཚུལ་མི་འདྲ་བ་གཞན་ཞིག་ཀྱང་སྣང་ངོ་། །རྒྱུ་མཚན་དེ་བས་ན་བདེན་གཉིས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ཁྱད་པར་མེད་པར་རང་བཞིན་གྱིས་སྟོང་པ་དེ་བཞིན་གཤེགས་པས་ཁོང་དུ་ཆུད་ཅིང་མངོན་དུ་མཛད་ཅིང་། དེའི་དབང་དུ་བྱས་ན་ཆོས་ཐམས་ཅད་བདེན་པས་སྟོང་པའི་དེ་བཞིན་ཉིད་ནི་སངས་རྒྱས་ཀྱི་ཆོས་སྐུ་དང་འདྲ་བས་ཆོས་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་ཞེས་བྱའོ། །འདི་ནི་མངོན་རྟོགས་རྒྱན་ལས། དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་དང་། རིན་པོ་ཆེ་མཐའ་ཞེས་བྱ་བའི་མདོ་ལས། འཇམ་དཔལ་གྱིས་ཤཱ་རིའི་བུ་ཁྱོད་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཁྱུ་མཆོག་དང་མཉམ་པར་མོས་སམ་ཞེས་དྲིས་པ་ན། ལན་དུ་འཇམ་དཔལ་འདི་ལྟར་བཅོམ་ལྡན་འདས་ཀྱིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ལྟར་མོས་སོ་ཞེས་འབྱུང་བ་དང་འདྲའོ། །སངས་རྒྱས་དང་གཟུགས་སོགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་མེད་པ་ཡིན་ཏེ་དེའི་ཕྱིར་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སོ་ཞེས་གསུངས་པའི་དོན་ཡང་དེ་བཞིན་ནོ། །དེ་ལ་དཔེ་སྟོན་པ་ནི། སྐྱེས་བུ་ཞིག་མིའི་ལུས་དང་ལྡན་ཞིང་ལུས་ཆེན་པོར་གྱུར་པ་བཞིན་ནོ་ཞེས་གསུངས། སློབ་དཔོན་ཀ་མ་ལ་ཤཱི་ལས་འདིའི་དོན་ལ་ལུས་དང་ལྡན་པ་ནི་བྱང་སེམས་ཀྱི་ལུས་དང་ལུས་ཆེན་པོ་སངས་རྒྱས་ཀྱི་སྐུ་ལ་སྦྱར་བ་ལྟར་སྣང་ལ། འདི་ལྟར་བཤད་པར་བྱ་སྟེ། སྐྱེས་བུ་ལུས་ཆུང་ངུ་ཞིག་རིམ་གྱིས་སྐྱེས་ནས་ཆེར་སོང་བའི་ལུས་ནི་སྔ་མ་ལ་ལྟོས་ཏེ་ལུས་ཆེན་པོ་ཞེས་ཐ་སྙད་བྱེད་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་སེམས་བདེན་པས་སྟོང་པའི་ཆོས་ཉིད་དེ་ལ་སྒྲིབ་པ་རིམ་གྱིས་སྦྱངས་ཏེ་མཐར་སྒྲིབ་པ་མཐའ་དག་ཟད་ནས་སངས་རྒྱས་ཀྱི་ཆོས་སྐུར་གྱུར་པ་ནི་དཔེ་དེའི་དོན་ནོ་ཞེས་བྱས་ན་དགོངས་པར་འགྲོའམ་སྙམ་མོ། །དེ་ནས་རབ་འབྱོར་གྱིས་དེ་ལྟ་བུའི་དཔེའི་ལུས་དེ་དོན་དམ་པར་ལུས་སུ་མ་གྲུབ་ཀྱང་། ཐ་སྙད་དུ་དེ་ལྟར་འཇོག་གོ་ཞེས་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ་ཞེས་སོགས་གནང་ངོ་། །ཡང་། བྱང་ཆུབ་སེམས་དཔས་ཐ་སྙད་སྒྱུ་མ་ལྟ་བུའི་ཚུལ་གྱིས་སེམས་ཅན་དཔག་ཏུ་མེད་པ་མི་གནས་པའི་མྱང་འདས་ལ་འགོད་པར་སེམས་བསྐྱེད་དགོས་ཀྱང་། དོན་དམ་པར་སེམས་ཅན་གང་ཡང་དེ་ལ་འགོད་པ་མེད་ཅེས་སྟོན་པ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྙམ་དུ། བདེན་ཞེན་གྱིས་བདག་གིས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའོ་ཟེར་ན། དེ་བདག་མེད་ཀྱི་དོན་ཤེས་པའི་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །རྒྱུ་མཚན་ནི་དོན་དམ་པར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་གང་ཡང་ཡོད་སྙམ་མམ་ཞེས་དྲིས་པ་ན། ལན་དུ་རབ་འབྱོར་དེ་ལྟ་བུ་ཡོད་པ་མ་ལགས་ཞེས་གསོལ། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དེ་མེད་པའི་རྒྱུ་མཚན་དེ་བས་ན་དེ་བཞིན་གཤེགས་པ་ཀུན་བྱང་གི་ཆོས་ཐམས་ཅད་གང་ཟག་གི་བདག་ཏུ་གྲུབ་པའི་སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པའོ་ཞེས་གསུངས་སོ། །བསྡུས་ན་བདག་ནི་ཐོབ་པར་བྱེད་པའོ། །འདི་ནི་ཐོབ་པར་བྱ་བའི་ཆོས་སོ་སྙམ་དུ་བདེན་ཞེན་གྱིས་འཇུག་ན་མེད་པ་ལ་ཡོད་པར་རློམ་པ་མངོན་པའི་ང་རྒྱལ་ཅན་དུ་བཤད་པས་མི་རུང་ཞེས་པ་སྟེ་བདེན་པར་གྲུབ་ན་བསྒྱུར་དུ་མི་རུང་བའི་ཕྱིར་ཆོས་གང་ལའང་ཐོབ་བྱ་ཐོབ་བྱེད་སོགས་བཞག་ཏུ་མི་རུང་ངོ་ཞེས་གོང་དུ་བཤད་ཟིན་ཏོ། །འདི་དག་གིས་ནི་ཇི་ལྟར་བསྒྲུབ་པར་བྱ་ཞེས་པའི་དོན་བདག་མེད་སྒོམ་ཚུལ་བསྟན་ཏོ། །དེ་ནས་སེམས་ཅན་མྱང་འདས་ལ་འགོད་པ་ལ་བདེན་ཞེན་མི་བྱེད་པར་མ་ཟད། སངས་རྒྱས་ཀྱི་ཞིང་བཟུང་བ་ཡང་ཐ་སྙད་དུ་བྱེད་ཀྱང་བདེན་ཞེན་གྱིས་མི་བྱའོ་ཞེས་སྟོན་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྙམ་དུ། བདག་གིས་གང་དུ་འཚང་རྒྱ་བའི་གནས་ཀྱི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་རྣམ་པར་དོན་དམ་པར་བསྒྲུབ་པར་བྱའོ་ཞེས་ཞེན་ཅིང་ཚིག་གིས་ཟེར་ན། དེ་ཡང་དེ་བཞིན་དུ་བརྗོད་ཅིང་ཞེན་པར་བྱར་མི་རུང་ངོ་། །རྒྱུ་མཚན་ལ་ཞིང་གི་བཀོད་པ་དེ་དག་ནི། ཀུན་རྫོབ་ཏུ་ཚོགས་ཤིང་འདུས་པ་སྒྱུ་མ་ལྟར་ཡོད་པ་ལས་གཞན་བདེན་པར་གྲུབ་པའི་བཀོད་པ་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། དེས་ན་ཐ་སྙད་དུ་ཞིང་བཀོད་པ་རྣམས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གང་ཞིག་འདི་སྙམ་དུ་གཟུགས་སོགས་ཀྱི་ཆོས་རྣམས་ནི། གང་ཟག་གི་བདག་མེད་པ་དང་། ཆོས་ཀྱི་བདག་མེད་པའོ་སྙམ་དུ་མོས་ཤིང་རྟོགས་པ་དེ་ནི། དེ་བཞིན་གཤེགས་པས་བདག་མེད་རྟོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ། །འདིས་ཀྱང་བདག་མེད་གཉིས་སྒོམ་དགོས་པར་བཤད་དོ། །འོ་ན་དེ་བཞིན་གཤེགས་པ་ལ་བདག་མེད་ཀྱི་དོན་གཟིགས་པའི་མཁྱེན་པ་ཇི་ལྟར་ཡོད་སྙམ་ན། དེ་བཞིན་གཤེགས་པ་ལ་སྤྱན་ལྔ་ཁྱད་པར་ཅན་ཡོད་དོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དེ་བཞིན་གཤེགས་པ་ལ་ཤའི་སྤྱན་དང་། ལྷ་དང་། ཤེས་རབ་དང་། ཆོས་དང་། སངས་རྒྱས་སྤྱན་མངའམ་ཞེས་དྲིས་པ་ན། ལན་དུ་རབ་འབྱོར་གྱིས་དེ་བཞིན་གཤེགས་པ་ལ་དེ་དག་མངའོ་ཞེས་གསོལ་ཏོ། །སྤྱིར་སྤྱན་ལྔས་ཡུལ་མཐོང་ཚུལ་ལ་རྒྱ་ཆེ་ཆུང་ཡོད་ཀྱང་འདིར་སངས་རྒྱས་དང་སྦྱར་ན། ཤའི་སྤྱན་གྱིས་ནི་འཇིག་རྟེན་ཁམས་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་གཟིགས་ཤིང་། ལྷའི་སྤྱན་གྱིས་སེམས་ཅན་རྣམས་ཀྱི་སྐྱེ་འཆིའི་རིམ་པ་སོགས་དང་། ཤེས་རབ་ཀྱི་སྤྱན་གྱིས་བདག་མེད་ཕྲ་རགས་ཐམས་ཅད་དང་། ཆོས་ཀྱི་སྤྱན་གྱིས་ཀུན་རྫོབ་པའི་རབ་དབྱེ་ཐམས་ཅད་དང་། སངས་རྒྱས་ཀྱི་སྤྱན་གྱིས་ནི་བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་གཟིགས་པའོ། །དེ་ལ་ཤའི་སྤྱན་དང་ལྷའི་སྤྱན་ནི་མིག་གི་དབང་པོའམ་དེ་ལ་བརྟེན་པའི་དབང་ཤེས་ཡིན་ལ། གཞན་གསུམ་ནི་ཡིད་ཤེས་སོ། །འོན་ཀྱང་དེ་དག་ནི་རང་གི་ཡུལ་སོ་སོ་བའི་དབང་དུ་བྱས་པ་སྟེ། སངས་རྒྱས་ཀྱིས་མིག་ཤེས་སོགས་དབང་ཤེས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་གཟིགས་པས་རྣམ་མཁྱེན་དངོས་དང་ཁྱད་པར་མེད་པར་བཤད་ཅིང་། མདོ་ལས། སངས་རྒྱས་ཀྱི་གཙུག་ཏོར་གྱིས་ཀྱང་གཟིགས་སོ་ཞེས་སོགས་དང་། མཚན་བརྗོད་དུ། སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་པའི་སྐབས་སུ་སངས་རྒྱས་ཀྱི་སྐུའི་ཆ་ཐམས་ཅད་ཀྱིས་ཤེས་བྱ་མཁྱེན་པར་བཤད་པ་ལྟར་རོ། །དེ་ཡང་སངས་རྒྱས་ཀྱི་སྐུ་དང་དབང་ཤེས་ནི་ཡིད་ཤེས་དང་ངོ་བོ་གཅིག་པའི་ཚུལ་གྱིས་འཇུག་པ་ལ་དགོངས་པར་སེམས་ལ། བདེ་མཆོག་རྩ་རྒྱུད་ལེའུ་ལྔ་བཅུ་པ་ལས་ཀྱང་། ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང་། །ཀུན་ཏུ་སྤྱན་དང་དབུ་དང་ཞལ། །ཞེས་པའི་སྐབས་སུ་ཡང་དེ་བཞིན་དུ་འབྱུང་ངོ་། །དེ་བཞིན་གཤེགས་པ་ལ་སྤྱན་དེ་ལྟ་བུ་མངའ་བས་ཆོས་ཐམས་ཅད་གཟིགས་ཤིང་། སེམས་ཅན་རྣམས་ཀྱི་སེམས་རྒྱུད་ཀྱང་གཟིགས་སོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་དཔེར་ན་གངྒཱའི་ཀླུང་གི་བྱེ་མའི་གྲངས་མང་པོ་ཇི་སྙེད་ཡོད་པ་དེ་ཙམ་དུ། གངྒཱའི་ཀླུང་ཡང་གྲངས་དེ་སྙེད་ཁོ་ནར་གྱུར་ན་འཇིག་རྟེན་གྱི་ཁམས་དེ་དག་མང་ངམ་ཞེས་དྲིས་པ་ན། ལན་དུ་རབ་འབྱོར་གྱིས་མང་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ན་ཡོད་པའི་སེམས་ཅན་དེ་དག་གི་བསམ་པ་སྣ་ཚོགས་པ་མི་འདྲ་བ་ཐ་དད་པའི་སེམས་ཀྱི་རྒྱུན་དང་རྣམ་པ་ངས་རབ་ཏུ་ཤེས་སོ། །དེ་ལྟར་ཡིན་ཀྱང་སེམས་ཅན་གྱི་སེམས་ཀྱི་རྒྱུན་ནི་དོན་དམ་པར་རྒྱུན་ཞེས་བྱ་བར་གྲུབ་པ་མེད་པར་ངས་བཤད་དེ། དོན་དམ་པར་མེད་པ་དེས་ན་ཐ་སྙད་དུ་སེམས་ཀྱི་རྒྱུན་ཞེས་བྱ་བར་བརྗོད་དོ། །འདིས་སྤྱན་ལྔ་དང་སྤྱན་ལྔའི་ཡུལ་རྣམས་ཀྱང་ཐ་སྙད་ཙམ་དུ་འཇོག་གི །དོན་དམ་པར་མ་གྲུབ་ཅེས་བསྟན་ཏོ། །འདས་པའི་སེམས་རྣམས་ནི་འདས་ཟིན་པའི་ཕྱིར་དོན་དམ་པར་དམིགས་སུ་མེད། མ་འོངས་པའི་སེམས་རྣམས་ཀྱང་ད་ལྟ་མ་སྐྱེས་ཤིང་མ་བྱུང་བའི་ཕྱིར་དོན་དམ་པར་མེད། ད་ལྟར་བྱུང་བའི་སེམས་རྣམས་ཀྱང་རང་དབང་གིས་མེད་པའི་ཕྱིར་དོན་དམ་པར་མེད་དོ། །སེམས་ཞེས་པ་ནི་གཙོ་སེམས་ཙམ་མ་ཡིན་གྱི། སེམས་དང་སེམས་བྱུང་ཐམས་ཅད་སྡུད་པའོ། །སེམས་བྱུང་རྣམས་ལས་ཚོ ར་བ་རྣམས་ནི་བདེན་པར་འཛིན་པའི་གཞི་ཆེ་སྟེ། ཚོར་བ་བདེ་སྡུག་དྲག་པོ་བྱུང་བ་ན་བདག་ཏུ་འཛིན་པའི་བློ་ཡང་ཤུགས་དྲག་སྐྱེ་བའི་ཕྱིར་རོ། །དེས་ན་ཚོར་བ་བདེན་པར་མ་གྲུབ་པར་སྟོན་པའི་རིགས་པ་མང་ཡང་རྩ་བ་ནི། ཞི་བ་ལྷས། གང་ཚེ་ཚོར་བོ་འགའ་མེད་ན། །ཚོར་བ་འགའ་ཡང་ཡོད་མིན་ཏེ། །ཞེས་གསུངས་པ་འདི་ལྟ་བུ་ཡིན་ལ། དེ་ནི་ཚོར་བ་མྱོང་བ་པོའི་བདག་ནི་རང་བཞིན་གྱིས་མེད་ན་དེ་ལ་སྐྱེ་བའི་ཚོར་བ་རང་བཞིན་གྱིས་ག་ལ་ཡོད་དེ། ཁྱད་གཞི་མེད་པའི་ཁྱད་ཆོས་མི་སྲིད་པའི་ཕྱིར། ཚོར་བ་བདེ་སྡུག་ནི་ལུས་ཡིད་དང་འཕྲོད་མི་འཕྲོད་པའི་ངོ་བོར་སྐྱེས་ནས་མྱོང་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་ནི་མིན་ཏེ། ལུས་ཡིད་གང་རུང་མེད་ན་ཚོར་བ་ཡང་མེད་ཅིང་། ལུས་ཡོད་ཀྱང་ཡིད་མེད་ནའང་ཚོར་བ་མི་མྱོང་བའི་ཕྱིར་ཏེ། རོ་དང་ས་རྡོ་སོགས་བཤིག་ཀྱང་ཚོར་བ་བདེ་སྡུག་མི་འབྱུང་བ་བཞིན་ནོ། །མདོར་ན་ཚོར་བ་ལ་སོགས་པའི་ཤེས་པ་ཀུན་ཀྱང་དམིགས་པ་ལ་བརྟེན་ནས་མར་མེའི་འོད་བཞིན་དུ་ཐ་སྙད་ཙམ་དུ་སྐྱེའི། དེ་ལྟ་བུ་ལ་མ་བརྟེན་པར་རང་དབང་གིས་མི་སྐྱེ་བས་རང་བཞིན་གྱིས་མ་གྲུབ་བོ། །རང་བཞིན་གྱིས་གྲུབ་པ། བདེན་པར་གྲུབ་པ། དོན་དམ་པར་གྲུབ་པ། རང་གི་ངོ་བོས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་དབང་གིས་གྲུབ་པ། ཡང་དག་པར་གྲུབ་པ། ལྟོས་མེད་དུ་གྲུབ་པ་རྣམས་ནི་དོན་གཅིག་མིང་གི་རྣམ་གྲངས་ཙམ་མོ། །འདིས་སེམས་ཇི་ལྟར་གཟུང་བར་བྱ་བའི་ཚུལ་བསྟན་ཏོ། །གལ་ཏེ་སེམས་ཀྱི་རྒྱུན་རང་བཞིན་གྱིས་མེད་ན། སེམས་ལ་བརྟེན་ནས་སྦྱིན་པ་བཏང་བ་སོགས་ལས་འབྲས་བུ་མི་འབྱུང་ངམ་སྙམ་པ་ལ་སེམས་ཀྱི་རྒྱུན་སོགས་རང་བཞིན་གྱིས་མེད་ཀྱང་ཐ་སྙད་དུ་སེམས་ལ་བརྟེན་ནས་འབྲས་བུ་འབྱིན་ནོ་ཞེས་སྟོན་པ་ནི། བཅོམ་ལྡན་འདས་ཀྱི་རབ་འབྱོར་ལ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གསེར་དང་དངུལ་སོགས་སྔར་བཤད་པའི་རིན་པོ་ཆེ་སྣ་བདུན་གྱི་གང་བར་བྱས་ཏེ་གཞན་ལ་སྦྱིན་པ་བྱིན་ན། དེ་ལ་བསོད་ནམས་མང་དུ་བསྐྱེད་དམ་ཞེས་དྲིས་པ་ན། ལན་དུ་དེ་མང་ངོ་ཞེས་གསོལ་ནས། རབ་འབྱོར་ལ་དེ་དེ་བཞིན་ནོ་ཞེས་སོགས་བདེན་ཁ་བྱིན་ནོ། །བསོད་ནམས་ཀྱི་ཕུང་པོ་དེ་དག་ནི་ཐ་སྙད་དུ་སྒྱུ་མ་ལྟར་ཚོགས་པ་ལས་བྱུང་བ་ཡིན་གྱི། དེ་ལྟ་བུ་ལ་མ་ལྟོས་པར་གལ་ཏེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་ན་བསོད་ནམས་ཀྱི་ཕུང་པོ་ཞེས་དེ་བཞིན་གཤེགས་པས་མི་གསུང་ངོ་། །རྒྱུ་མཚན་ནི་བསོད་ནམས་ཀྱི་ཕུང་པོ་ཞེས་པའི་ཕུང་པོའི་དོན་ནི་ཚོགས་པའི་དོན་ཡིན་ལ། རང་དབང་གིས་གྲུབ་ན་ཚོགས་པ་ལ་མ་ལྟོས་པ ར་གྲུབ་པ ར་འགྱུར་རོ་ཞེས་དགོངས་སོ། །གལ་ཏེ་བསོད་ནམས་ཀྱི་ཕུང་པོ་བདེན་པར་མེད་ན་དེ་ལས་འཁྲུངས་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡང་མེད་པར་འགྱུར་རོ་སྙམ་ན་དེ་མི་འགྱུར་ཞེས་སྟོན་པ་ནི། གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པ་འདི་ལ་དོན་དམ་པར་དེ་བཞིན་གཤེགས་པར་བལྟ་བ་སྟེ་བཟུང་ཞིང་འདོད་པར་བྱ་སྙམ་མམ་ཞེས་དྲིས་པ་ན། ལན་དུ་དེ་ནི་མ་ལགས་ཏེ། དེ་ལ་དེ་ལྟར་བལྟ་བར་མི་བགྱི་ལགས་སོ་ཞེས་གསོལ། རྒྱུ་མཚན་ནི་གཟུགས་ཀྱི་སྐུ་ཡང་རྒྱུ་རྐྱེན་ཚོགས་པ་ལས་གྲུབ་ཀྱི། དོན་དམ་པར་གྲུབ་པ་མ་མཆིས་པ་བསོད་ནམས་ཀྱི་ཕུང་པོ་དང་འདྲ་སྟེ། ཐ་སྙད་དུ་གཟུགས་ཀྱི་སྐུར་གྲུབ་པ་ཞེས་བརྗོད་དོ། །གལ་ཏེ་གཟུགས་ཀྱི་སྐུ་ཞིག་ཡོད་ན་དེའི་མཚན་དཔེ་རྣམས་བདེན་གྲུབ་ཏུ་ཡོད་སྙམ་ན་དེ་མེད་ཅེས་སྟོན་པ་ནི། མཚན་དཔེ་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་བར་བྱ་སྙམ་མམ་ཞེས་དྲིས་པའི་ལན་དུ་དེ་ལྟར་བལྟ་བར་མི་བྱའོ། །དེ་བཞིན་གཤེགས་པའི་སྐུ་ལ་མཚན་དཔེ་ཕུན་སུམ་ཚོགས་པ་བདེན་གྲུབ་ཏུ་ཡོད་པའི་སྒོ་ནས་དེ་བཞིན་གཤེགས་པར་བདེན་ཞེན་གྱིས་མི་བལྟ་སྟེ། མཚན་དཔེ་ཕུན་སུམ་ཚོགས་པ་དེ་དག་ནི་ཚོགས་ཤིང་འདུས་པའི་དངོས་པོ་སྒྱུ་མ་ལྟར་གྲུབ་པས་དོན་དམ་པར་མཚན་དཔེ་ཕུན་སུམ་ཚོགས་པར་གྲུབ་པ་མ་མཆིས་ཀྱང་། ཐ་སྙད་དུ་དེ་སྐད་ཅེས་བརྗོད་དོ། །འདི་ལྟ་བུ་ཞིག་སྔར་ཡང་བྱུང་མོད། དེ་ནི་མོས་སྤྱོད་ཀྱིས་ནས་ཉམས་སུ་ལེན་པའི་དབང་དུ་མཛད་ཅིང་། འདིར་ནི་ལྷག་བསམ་དག་པ་འཕགས་པའི་ས་ནས་ཉམས་སུ་ལེན་པའི་དབང་དུ་མཛད་ཅེས་ཀ་མ་ཤཱི་ལས་གསུངས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་མེད་ཅེས་གསུངས་པའི་དོན་ཡང་གོང་དུ་བཤད་པ་ལྟར་རོ། །གལ་ཏེ་དེ་བཞིན་གཤེགས་པས་དོན་དམ་པར་ཆོས་བསྟན་ཏོ་ཞེས་བདེན་ཞེན་གྱིས་དམ་བཅའ་ཞིང་ཟེར་ན། དེ་ནི་མེད་པ་ལ་ཡོད་པར་ཞེན་ཅིང་ལོག་པར་རྟོག་པའི་བདེན་འཛིན་གྱིས་ཟིན་པའམ་བཅིངས་པ་ཡིན་པས། དེ་བཞིན་གཤེགས་པ་ང་ལ་སྐུར་བ་བཏབ་པར་འགྱུར་རོ། །རྒྱུ་མཚན་ནི་ཆོས་དང་ཆོས་བསྟན་པ་ཞེས་བྱ་བ་ནི་ཐ་སྙད་ཙམ་མ་གཏོགས་གང་ཡང་དོན་དམ་པར་མ་གྲུབ་པའི་ཕྱིར་རོ་ཞེས་པའི་དོན་ནི་སྔར་བཤད་ཟིན་ཅིང་། འདིར་ལུང་གིས་བརྗོད་ན། མདོ་ལས། མིང་ནི་གང་དང་གང་གིས་ནི། །ཆོས་རྣམས་གང་དང་གང་བརྗོད་པ། །དེ་དང་དེ་ནི་ཡོད་མ་ཡིན། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་དང་། རིན་པོ་ཆེ་མཐའི་མདོ་ལས་ཀྱང་། འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་འདི་ན་གང་དང་གང་གིས་གང་དང་གང་བརྗོད་པའི་ཆོས་དེ་དང་དེ་ལ། ཆོས་དེ་དང་དེ་མ་མཆིས་ལགས་སོ། །གང་མ་མཆིས་པ་དེ་ནི་སྟོང་པ་ལགས་སོ། །ཞེས་དང་། རྣམ་འགྲེལ་ལས་ཀྱང་། སྒྲ་རྣམས་ཀྱི་ནི་བརྡར་བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །ཅེས་གསུངས་པ་ལྟར་རོ། །འདི་དག་གི་དོན་རྒྱ་ཆེ་ཡང་མཚོན་ཙམ་ནི། བུམ་སོགས་ཀྱི་ཆོས་རྣམས་ལ་ནི་དེ་དང་དེའོ་ཞེས་བརྗོད་པའི་ཚེ་སྒྲས་ནི་དངོས་སུ་དོན་སྤྱི་བརྗོད་ཀྱི། བུམ་སོགས་རང་མཚན་རྣམས་ནི་སྒྲའི་དངོས་ཀྱི་བརྗོད་བྱར་རང་དབང་དུ་མེད་པས། དེ་དག་ནི་རང་རང་གི་མིང་གི་ཐ་སྙད་འཇུག་པའི་གཞིར་རང་དབང་གིས་མ་གྲུབ་ཅིང་། སྒྲ་དེ་དང་དེའི་བརྗོད་བྱའི་རང་ལྡོག་རྣམས་ནི་བདེན་པར་མ་གྲུབ་ཅེས་སྟོན་པའོ། །དེར་གྲུབ་ན་ནི་གནོད་བྱེད་ཅི་ཡོད་ཅེ་ན། ཡོད་དེ། འཕགས་པ་ཐོགས་མེད་ཀྱིས་ཐེག་བསྡུས་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། །མེད་པའི་ཕྱིར་དང་མ་འདྲེས་ཕྱིར། །དེ་ཡི་བདག་ཉིད་བདག་མེད་དང་། །བདག་འདྲེས་འགལ་བས་འགྲུབ་པར་འགྱུར། །ཞེས་གསུངས་པའི་དོན་བསྡུས་ཏེ་བརྗོད་ན། སྒྲ་རྣམས་ནི་དོན་དེ་དང་དེ་ལ་ཐ་སྙད་ཀྱི་དབང་གིས་འཇུག་གི །དངོས་པོའི་དབང་གིས་མི་འཇུག་སྟེ། བུམ་སོགས་ཀྱི་ཆོས་གང་ལ་ཡང་དེའི་མིང་མ་བཏགས་པའི་སྔ་རོལ་དུ་བུམ་སོགས་ཀྱི་འདུ་ཤེས་མི་སྐྱེ་བ་དང་། དོན་གཅིག་ལ་ཡང་མིང་སྣ་ཚོགས་ཀྱིས་བརྗོད་ཆོག་པ་དང་། དོན་དུ་མ་ལ་ཡང་མིང་གཅིག་གིས་བརྗོད་ཆོག་པའི་ཕྱིར། དངོས་པོའི་དབང་གིས་འཇུག་ན་ནི། མིང་མ་བཏགས་པའི་སྔོན་དུ་ཡང་དེའོ་སྙམ་པའི་འདུ་ཤེས་འབྱུང་བར་ཐལ་བ་དང་། དོན་གཅིག་ཏུ་མར་ཐལ་ཞིང་དོན་དུ་མ་ཡང་གཅིག་ཏུ་འགྱུར་ལ། བུམ་སོགས་མེད་པའི་གཞིར་ཡང་དེ་དག་གི་མིང་ནས་བརྗོད་པ་ཡོད་པའི་ཕྱིར་དེ་ན་བུམ་སོགས་ཀྱང་ཡོད་པར་འགྱུར་བས་སེམས་ཅན་འགའ་ཡང་བུམ་སོགས་ཀུན་གྱིས་མི་ཕོངས་པར་ཐལ་བར་འགྱུར་བ་སོགས་མང་ངོ་། །དེ་ནས་རབ་འབྱོར་གྱིས་མ་འོངས་པ་ན་སེམས་ཅན་གང་དག་འདི་ལྟ་བུའི་ཆོས་ཟབ་མོ་བཤད་པ་འདི་ཐོས་ན་ཡིད་ཆེས་པར་འགྱུར་རམ་ཞེས་ཞུས་པ་འདི་ལྟ་བུ་ཞིག་གོང་དུ་ཡང་སོང་མོད། གཞི་དང་དགོས་པ་ཐ་དད་པའི་དབང་གིས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེའི་ལན་སོང་ཟིན་པ་ལ་དགོངས་ནས། སེམས་ཅན་དེ་དག་ནི་སེམས་ཅན་དུ་དོན་དམ་པར་གྲུབ་པ་ཡང་མ་ཡིན། ཐ་སྙད་དུ་སེམས་ཅན་མེད་པ་ཡང་མ་ཡིན་ནོ། །རྒྱུ་མཚན་ནི་སེམས་ཅན་རྣམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་དོན་དམ་པར་སེམས་ཅན་མེད་པར་གསུངས་པའི་ཕྱིར་ཏེ། ཀུན་རྫོབ་ཏུ་སེམས་ཅན་རྣམས་ཞེས་བྱའོ། །ཀུན་རྫོབ་ཏུ་སེམས་ཅན་འཇོག་ཚུལ་ནི། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་འབྱུང་བ་ལྟར་རོ། །སྔོན་བཞིན་དུ་སངས་རྒྱས་པའི་ཆོས་དེ་གང་ཡང་ཡོད་སྙམ་མམ་ཞེས་དྲིས་པའི་ལན་དུ་དེ་མེད་ཚུལ་ཞུས་པ་ན། དེ་དེ་བཞིན་ནོ་ཞེས་སོགས་གནང་སྟེ། དེ་ལ་དོན་དམ་པར་སངས་རྒྱས་པའི་ཆོས་ཅུང་ཟད་ཀྱང་དམིགས་སུ་མེད་དེ། ཐ་སྙད་དུ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའོ་ཞེས་བརྗོད་དོ། །གོང་དུ་འདི་ལྟ་བུ་ཞིག་སོང་བ་ནི་སློབ་ལམ་གྱི་དབང་དུ་མཛད་ཅིང་། འདི་ནི་སངས་རྒྱས་ཀྱིས་ཇི་ལྟ་བ་བཞིན་གཟིགས་པའི་རིག་ངོར་མེད་པ་ལ་དགོངས་སོ་ཞེས་ཀ་ཤཱིས་བཤད་དོ། །ཡང་རབ་འབྱོར་ཆོས་གང་ཡིན་པ་དེ་ཐམས་ཅད་ནི་བདེན་པར་མ་གྲུབ་པར་མཚུངས་ཤིང་མཉམ་པ་སྟེ། དེ་ལྟ་བུའི་མཉམ་པ་དེའི་དབང་དུ་བྱས་པ་ལ་མི་མཉམ་པའི་ཆོས་གང་ཡང་མེད་པས་སོ། །མཉམ་པ་དེ་ཡང་སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་གི་བདག་མེད་པར་མཉམ་པ་སྟེ། དོན་དམ་པར་ཆོས་སུ་གྲུབ་པ་མེད་ཀྱང་ཐ་སྙད་དུ་སྦྱིན་སོགས་དགེ་བའི་ཆོས་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་སངས་རྒྱས་ཤིང་། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་དགེ་བའི་ཆོས་རྣམས་ལའང་སངས་རྒྱས་ཞེས་བྱའོ། །སེམས་ཅན་མེད་པ་སོགས་གསུམ་གྱིས་སྒྲོ་འདོགས་ཀྱི་མཐའ་བཀག་ཅིང་། དགེ་བའི་ཆོས་དེ་དག་ཅེས་སོགས་ཀྱིས་སྐུར་འདེབས་ཀྱི་མཐའ་བཀག་པའི་སྒོ་ནས་མཐའ་གཉིས་བསལ་ཏེ། དོན་དམ་པར་ཆོས་རྣམས་མ་གྲུབ་ནའང་ཐ་སྙད་དུ་སེམས་ཅན་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རིའི་རྒྱལ་པོ་རི་རབ་ཇི་སྙེད་པ་དེ་ལྟ་བུའི་ཚད་ཀྱི་གསེར་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་གྱི་ཕུང་པོ་རྣམས་བསྡུས་ཏེ་སྦྱིན་པ་བྱིན་པ་བས་ཀྱང་། གང་ཟག་གང་གིས་གཞུང་འདི་ཡོངས་རྫོགས་ལྟ་ཅི། འབྲས་བུ་སངས་རྒྱས་ཐོབ་པ འི་ཆེད་དུ་དམིགས་ནས། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་དང་། དེའི་དོན་ལེགས་པར་བཟུང་ནས་གཞན་དག་ལ་ཡང་བསྟན་ན། སྔ་མ་སྦྱིན་པའི་བསོད་ནམས་དེས་ཕྱི་མ་འདི་ལ་ཆ་བརྒྱར་བགོས་པའི་གཅིག་གི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་མི་བཟོད་དོ་ཞེས་པའི་དོན་ནི་སྔར་བཤད་པ་ལྟར་རོ།། དེ་ལྟ་བུའི་སྦྱིན་པའི་བསོད་ནམས་ལས་ཀྱང་ཤེར་ཕྱིན་འདི་ལ་ཐོས་བསམ་བྱས་པའི་ཕན་ཡོན་ཆེ་བར་བཤད་པའི་དགོངས་པ་ནི་སྟོང་ཉིད་མ་རྟོགས་པའི་སྦྱིན་འབྲས་ཆེ་ཡང་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་པར་འགྱུར་གྱི། ཤེར་ཕྱིན་ལ་ཐོས་བསམ་སོགས་བྱས་ན་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་བ་ལ་དགོངས་པ་སྟེ། འོན་ཀྱང་འདི་ནི་སྒོམ་ལམ་གྱི་སྐབས་ལ་དགོངས་སམ་སྙམ་མོ། །དེ་བཞིན་གཤེགས་པ་ལ་སེམས་ཅན་དུ་བདེན་ཞེན་མེད་ཅེས་སྟོན་པ་ནི། རབ་འབྱོར་དེ་བཞིན་གཤེགས་པས་རྗེས་ཐོབ་ནའང་འདི་སྙམ་དུ་ངས་གདུལ་བྱའི་སེམས་ཅན་རྣམས་བདེན་འཛིན་གྱིས་བཅིངས་པ་ལས་དོན་དམ་པར་བཀྲོལ་བར་བྱའོ་ཞེས་ཐུགས་ལ་དགོངས་པ་ཡོད་དམ་སྙམ་ན། རབ་འབྱོར་ཁྱོད་དེ་ལྟར་མི་བལྟའོ། །རྒྱུ་མཚན་ནི་དེ་བཞིན་གཤེགས་པས་དོན་དམ་པར་སེམས་ཅན་གང་བདེན་འཛིན་གྱིས་བཅིངས་པ་ལས་བཀྲོལ་ཏེ་ཐར་པར་བྱས་པའི་སེམས་ཅན་དེ་དག་གང་ཡང་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་བུའི་བློ་ཞིག་དེ་བཞིན་གཤེགས་པ་ལ་ཡོད་ན་ནི། དེ་ཉིད་དེ་བཞིན་གཤེགས་པའི་བདག་དང་སེམས་ཅན་དང་གང་ཟག་དང་སྲོག་ཏུ་བདེན་པར་འཛིན་པའི་སྐྱོན་དུ་འགྱུར་ན༑ དེ་ནི་མི་རིགས་ཏེ། དེ་བཞིན་གཤེགས་པ་ལ་བདག་ཏུ་འཛིན་ཅིང་ཞེན་པ་སོགས་མེད་པའི་ཕྱིར་ཏེ། དེས་བདག་ཏུ་འཛིན་པའི་མངོན་ཞེན་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པས་ཐ་སྙད་དུ་བདེན་འཛིན་གྱིས་བཅིངས་པའི་སེམས་ཅན་བཀྲོལ་བ་ཡོད་ཀྱང་། དོན་དམ་པར་བཅིངས་པ་ལས་བཀྲོལ་བ་མེད་དེ། དོན་དམ་པར་ཡོད་ན་བསྒྱུར་དུ་མེད་པས་བཀྲོལ་དུ་ཡང་མི་རུང་ཞིང་མི་ནུས་པའི་ཕྱིར་རོ། །རབ་འབྱོར་བདག་ཏུ་འཛིན་པའི་བདག་འཛིན་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་དེ་སྤངས་ཤིང་རང་ལ་དེ་ལྟ་བུའི་བདེན་ཞེན་མེད་པར་གསུངས་ཏེ། དེ་ལྟ་ནའང་བདེན་མེད་མི་ཤེས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཆོས་ཀུན་ལ་བདག་ཏུ་ཞེན་ཅིང་བཟུང་ངོ་། །འདིར་དེ་ཁོ་ན་ཉིད་ཀྱི་དོན་མི་ཤེས་པའི་སོ་སྐྱེ་ལ་བྱིས་པའི་མིང་གིས་བཏགས་པ་སྟེ། འཕགས་པས་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པས་བྱིས་པ་ཞེས་མི་བྱ་བར་མཁས་པ་ཞེས་བྱ་ལ། དེ་ལྟ་བུའི་སོ་སྐྱེ་རྣམས་ཀྱིས་དེ་ལྟར་མི་ཤེས་པའི་ཕྱིར་བྱིས་པ་དང་འདྲ་བས་དེའི་མིང་གིས་བརྗོད་པའི་ཕྱིར་རོ། །དེ་འཛིན་པ་མེད་ཅེས་པའི་དོན་ནི་བདག་འཛིན་གྱིས་བཟུང་བའི་དོན་ལྟར་མེད་ཅེས་བཤད་ཀྱང་རུང་བར་སེམས། བྱིས་པ་ཞེས་དམིགས་བསལ་མཛད་པ་ནི། བདག་མེད་ཀྱི་དོན་ལ་མཁས་ཤིང་ཤེས་པའི་སོ་སྐྱེ་རྣམས་ལ་བྱིས་པ་ཞེས་མི་བྱ་བའི་ཆེད་དོ། །རབ་འབྱོར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཞེས་བྱ་བ་ནི་དེ་དག་དོན་དམ་པར་སྐྱེ་བོ་ཉིད་དུ་གྲུབ་པ་མེད་པར་དེ་བཞིན་གཤེགས་པས་གསུངས་ཏེ། ཐ་སྙད་དུ་མིང་གིས་དེ་སྐད་ཅེས་བརྗོད་དོ། །སོ་སོའི་སྐྱེ་བོའི་སྒྲ་དོན་ནི། ལས་སྟོབས་ཀྱིས་འགྲོ་བ་སོ་སོ་ཐ་དད་པ་རྣམས་སུ་སྐྱེ་བས་ན་དེ་ལྟར་དུ་བཤད་དོ། །ཡང་རབ་འབྱོར་ལ་མཚན་དཔེ་ཕུན་སུམ་ཚོགས་པ་ཡོད་པ་ཙམ་གྱིས་དེ་བཞིན་གཤེགས་པར་བལྟ་ཞིང་འདོད་པར་བྱ་སྙམ་མམ་ཞེས་དྲིས། འམ་དང་མམ་གཉིས་ནི་འགྱུར་ཁྱད་ཙམ་ཡིན་ཅིང་དོན་ལ་ཁྱད་མེད་དོ། །ལན་དུ་དེ་ནི་མ་ལགས་སོ་ཞེས་སོགས་ཞུས། གོང་དུ་ཡང་འདི་ལྟ་བུ་ཞིག་བྱུང་ཀྱང་ཆོས་ཀྱི་སྐུ་གཙོ་བོར་སྟོན་པའི་ཆེད་དུ་མིན་ལ། འདིར་ནི་ཆོས་ཀྱི་སྐུ་སྟོན་པའི་ཆེད་དུ་སླར་དྲིས་སོ། །བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ་ཞེས་སོགས་གནང་སྟེ། མཚན་དཔེ་ཡོད་ཙམ་གྱི་སྐུ་ལ་དེ་བཞིན་གཤེགས་པར་བལྟ་བར་མི་བྱའོ། །རབ་འབྱོར་གལ་ཏེ་དེ་ལྟར་བལྟ་བར་བྱེད་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལའང་མཚན་དཔེ་ཡོད་པས་དེ་ཉིད་དེ་བཞིན་གཤེགས་པར་འདོད་དགོས་པར་ཐལ་བར་འགྱུར་ན། དེ་མི་འདོད་པའི་ཕྱིར་ན་མཚན་ཕུན་སུམ་ཚོགས་པ་མངའ་བ་ཙམ་གྱིས་ནི་དེ་བཞིན་གཤེགས་པར་བལྟ་ཞིང་འདོད་པར་མི་བྱའོ། །ཞེས་གསུངས་པ་དང་། དེ་ནས་རབ་འབྱོར་གྱིས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཤེས་པ་ལྟར་ན་དེ་ལྟར་མི་བལྟའོ་ཞེས་ཞུས་སོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་མཚན་སོ་གཉིས་ཡོད་ཀྱང་དེ་ཙམ་མི་གསལ་ཞིང་མ་རྫོགས་ལ། སངས་རྒྱས་ཀྱི་མཚན་དཔེ་རྣམས་ནི་གསལ་ཞིང་རྫོགས་པ་ཡིན་ཏེ། ཇི་སྐད་དུ། འཁོར་ལོས་སྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་འདོད་མོད་ཀྱི། །ཞེས་དང་། ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་ལ་རྫོགས་པས་འཕགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེས་ནི་གཟུགས་སྐུ་བསྟན་ནས་ཆོས་སྐུ་སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་བསྩལ་པ་ནི། གང་དག་ང་ལ་གཟུགས་སུ་མཐོང་། །ཞེས་སོགས་གསུངས་ཏེ། འདིའི་དོན་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པར་རྗེ་ཉིད་ཀྱིས་ལུང་དེ་དྲངས་ནས། དོན་འདི་ལྟར་བཤད་དེ། ཚིག་དེ་དག་གིས་ནི་གཟུགས་སྒྲ་ལ་སོགས་པའི་སྤྲོས་པའི་ཆོས་སུ་བདེན་པར་འཛིན་པས་ནི། སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ལ་ལོག་པར་ཞུགས་ཤིང་སྤོང་བ་ཡིན་པས། དེས་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་མི་མཐོང་བས་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ནི་ཆོས་ཉིད་དུ་བལྟ་བར་བྱ་བ་དང་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་དེ་ནི་སྔར་ལྟར་བཟུང་བའི་ཚུལ་གྱིས་ཤེས་པར་བྱ་བ་མ་ཡིན་ཏེ། ཚུལ་དེས་ཤེས་པར་མི་ནུས་པའི་ཕྱིར་རོ་ཞེས་བསྟན་ཏེ་སྤྲོས་པས་བློ་མིག་ཉམས་པས་དེ་བཞིན་གཤེགས་པའི་དེ་ཉ ིད་མི་མཐོང་བའི་ཤེས་བྱེད་ཡིན་པའི་ཕྱིར་དང་ཞེས་གསུངས་པ་ལྟར་རོ།། ཚིག་དོན་ནི། སེམས་ཅན་གང་དག་དེ་བཞིན་གཤེགས་པ་ངའི་མཚན་དཔེ་སོགས་མཐོང་ན་ང་ལ་གཟུགས་སུ་བདེན་ཞེན་གྱིས་ལྟ་ཞིག་མཐོང་བ་སྟེ་འཛིན་པ་དང་། སེམས་ཅན་གང་དག་ང་ལ་ངའི་མིང་སོགས་ཐོས་ཤིང་སྒྲར་བརྗོད་པའི་སྒོ་ནས་བདེན་པར་ཤེས་པ་སྟེ་ཞེན་ནས་འཛིན་པ་སོགས་མདོར་ན། དེ་བཞིན་གཤེགས་པ་ལ་མིང་དང་གཟུགས་ཀྱི་སྐུར་བདེན་པར་ཞེན་པའི་བདེན་འཛིན་གྱིས་བཅིངས་པ་དེ་དག་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལྟ་བ་ལ་ལོག་པར་ཞུགས་པ་སྟེ། སྐྱེ་བོ་དེ་དག་གིས་དེ་བཞིན་གཤེགས་པ་ངའི་ཆོས་ཀྱི་སྐུ་སྟོང་པ་ཉིད་མི་མཐོང་ངོ་།། མི་མཐོང་བའི་རྒྱུ་མཚན་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ངོ་བོ་ཉིད་ཀྱི་སྐུ་དེ་ནི་ཆོས་ཉིད་ཀྱི་སྐུར་ལྟ་དགོས་ཤིང་། འདྲེན་པ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཆོས་ཉིད་དོན་དམ་བདེན་པ་དེ་ནི། བདེན་འཛིན་གྱིས་བཅིངས་པའི་བློ་ཤེས་པར་བྱ་བ་མ་ཡིན་ཏེ། ཆོས་ཀྱི་སྐུ་དེ་ནི་བློ་དེས་རྣམ་པར་ཤེས་མི་ནུས་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཆོས་སྐུ་སྟོང་པ་ཉིད་ཤེས་པ་ལ་སྟོང་ཉིད་རྟོགས་དགོས་པའི་ཕྱིར་རོ། །དེས་མཚོན་ཏེ་ཆོས་གང་ལ་ཡང་བདེན་ཞེན་ཡོད་ན་ཆོས་དེའི་ཆོས་ཉིད་མི་མཐོང་བ་ནི་འདྲའོ། །གཟུགས་སོགས་ཀུན་རྫོབ་པའི་ཆོས་གང་ཡིན་ཡང་མངོན་སུམ་དུ་རྟོགས་པ་དེའི་ཚེ་སྤྲོས་བཅས་ཀྱི་རྣམ་པར་ཤར་བའི་ཚུལ་གྱིས་རྟོགས་དགོས་ལ། དེ་དག་གི་ཆོས་ཉིད་དོན་དམ་པའི་ཆོས་གང་མངོན་སུམ་དུ་རྟོགས་པ་དེའི་ཚེ་སྤྲོས་པ་རྣམ་པར་བཅད་པའི་ཚུལ་གྱིས་རྟོགས་དགོས་ཏེ། བདེན་གཉིས་སོ་སོའི་མཐོང་ཚུལ་གྱི་ཁྱད་པར་འདི་ནི་རྟོགས་པར་དཀའ་བའི་གནས་སོ། །དེར་མ་ཟད། ཆོས་གང་ཡིན་ཡང་དེ་བདེན་མེད་དུ་མངོན་སུམ་དུ་མ་རྟོགས་ཀྱང་། དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་དེའི་སྣང་ངོར་སྤྲོས་པ་འཆར་ཡང་ངེས་ངོར་སྤྲོས་པ་གཅོད་དགོས་སོ། །དེའི་དོན་བསྡུ་བ་ནི། དེ་ལྟར་ཆོས་སྐུའི་དབང་དུ་བྱས་ན་མཚན་དཔེ་ཕུན་སུམ་ཚོགས་པ་ཙམ་གྱིས་དེ་བཞིན་གཤེགས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པ་མེད་དོ། །དེ་ལ་ཆད་ལྟ་འགོག་པ་ནི། རབ་འབྱོར་ཁྱོད་འདི་སྙམ་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་གཟུགས་སོགས་ཀྱི་ཆོས་གང་ལ་ལ་ཞིག་དོན་དམ་པར་མ་གྲུབ་པར་རྟོགས་པ་ན། ཆོས་དེ་རིགས་པས་རྣམ་པར་བཤིག་པའམ། མེད་པར་བྱས་ཏེ་ཆད་པར་བཏགས་པའོ་སྙམ་དུ་སེམས་ཤིང་འཛིན་ན། དེ་ལྟར་བལྟ་ཞིང་འདོད་པར་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཆོས་གང་ཡང་རྣམ་པར་བཤིག་པའམ་ཆད་པར་བཏགས་པ་མེད་དེ། དེ་ལྟར་རྟོགས་པ་དེའི་ཚེ་ཆོས་དེ་བདེན་མེད་དུ་རྟོགས་པ་ཡིན་གྱི། ཆོས་དེ་མེད་པར་རྟོགས་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་རྟོགས་པའི་བློའི་ངེས་ངོ་ན་ཀུན་རྫོབ་པའི་ཆོས་དེ་དག་མེད་ཀྱང་བློ་དེས་དེ་དག་མེད་པར་རྟོགས་པ་མ་ཡིན་ཏེ། བློ་དེའི་དོན་མེད་ཀྱང་སྤྱིར་ཡོད་པའི་ཕྱིར་ཏེ། དཔེར་ན་བདེན་འཛིན་གྱིས་བཅིངས་པའི་བློ་ངོ་ན་བདེན་སྟོང་དུ་སྣང་བའི་བུམ་སོགས་མེད་ཀྱང་སྤྱིར་དེ་ཡོད་པ་བཞིན་ནོ། །ཡང་གང་ཟག་གང་གིས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ་སྦྱིན་པ་བྱིན་པའི་བསོད་ནམས་ལས། བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཀྱི་རྣམ་གྲངས་ཤེར་ཕྱིན་གྱི་གཞུང་འདི་ལ་བརྟེན་ནས་བདག་མེད་པའི་དོན་མངོན་སུམ་དུ་རྟོགས་ཤིང་། དོན་དམ་པར་སྐྱེ་བ་མེད་པ་སྟེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆེན་པོ་ཐོབ་ན། གང་ཟག་དེ་ཉིད་ཀྱིས་བཟོད་པ་ཐོབ་པའི་གཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆེས་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་པར་འགྱུར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་པའི་དོན་སྔར་བཤད་ཟིན་ཏོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསོད་ནམས་ཀྱི་ཕུང་པོ་བདེན་ཞེན་གྱིས་ཡོངས་སུ་གཟུང་བར་མི་བྱའོ་ཞེས་གསུངས་པ་ན། རབ་འབྱོར་གྱིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་གཟུང་བར་མི་བགྱི་ལགས་སམ་ཞེས་ཐ་སྙད་དུ་བསོད་ནམས་མི་བཟུང་ངམ་སྙམ་པའི་དོགས་པ་བྱུང་བ་ལྟར་བཅོས་ནས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་ཐ་སྙད་དུ་བསོད་ནམས་ཡོངས་སུ་གཟུང་བར་བྱ་དགོས་མོད་ཀྱི། བསོད་ནམས་ལ་བདེན་ཞེན་གྱིས་ལྟ་བའི་ལོག་པར་མི་བཟུང་སྟེ། དེས་ན་ཐ་སྙད་དུ་བསོད་ནམས་ཡོངས་སུ་གཟུང་བ་ཞེས་བྱའོ་ཞེས་གསུངས་ཏེ། འདིའི་གཟུང་བར་མི་བྱའོ་ཞེས་པས་བསོད་ནམས་ཀྱི་ཕུང་པོ་ལ་བདེན་གྲུབ་ཏུ་ཞེན་པའི་རྟག་ལྟ་དང་། ཡོངས་སུ་བཟུང་མོད་ཀྱིས་ཞེས་ཆད་པར་ལྟ་བ་སེལ་ལོ། །ཡང་རབ་འབྱོར་ལ་སེམས་ཅན་གང་ལ་ལ་ཞིག་བདེན་ཞེན་གྱིས་འདི་སྙམ་དུ། དེ་བཞིན་གཤེགས་པ་ནི་ཕར་གཞན་དུ་བཞུད་པ་སྟེ་འགྲོ་བའམ། ཚུར་བྱོན་ཏམ། ཡར་བཞེངས་སམ། སྟན་ལ་བཞུགས་སམ། གཉིད་དུ་མནལ་བར་མཛད་དམ་ཞེས་ཟེར་ཞིང་འདྲི་ན། འདྲི་བ་པོ་དེས་དེ་བཞིན་གཤེགས་པ་ངས་རང་ཉིད་འབྱོན་བཞུད་སོགས་དོན་དམ་པར་མེད་པར་བཤད་པའི་དོན་མི་ཤེས་སོ། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་ནི་དོན་དམ་པ་ཕྱོགས་གར་ཡང་ཕར་མ་བཞུད། ཕྱོགས་གང་ནས་ཀྱང་ཚུར་མ་བྱོན་པའི་ཕྱིར་ཏེ། རྒྱུ་མཚན་དེ་བས་ན་ཐ་སྙད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་བཞིན་གཤེགས་པ་ཞེས་པའི་སྒྲ་དོན་ནི། མདོ་ལས། དེ་བཞིན་གཤེགས་པས་སྟོང་པ་ཉིད་རབ་ཏུ་གཟིགས། རབ་ཏུ་མཁྱེན། ལེགས་པར་མངོན་དུ་བྱས་པ་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ་ཞེས་གསུངས་པ་ལྟར། སྟོང་ཉིད་མངོན་སུམ་དུ་གཟིགས་པའི་སྒོ་ནས་ཡིན་ལ། ཐ་སྙད་དུ་འབྱོན་བཞུད་སོགས་ཡོད་ཀྱང་། ཆོས་སྐུ་སྟོང་པ་ཉིད་ཀྱི་དབང་དུ་བྱས་ན་ནི། འབྱོན་བཞུད་སོགས་དོན་དམ་པར་མེད་དེ། འཕགས་པ་བརྒྱད་སྟོང་པའི་རྟག་ཏུ་ངུས་ཆོས་འཕགས་བསྟེན་པའི་སྐོར་ནས་དེ་བཞིན་གཤེགས་པ་འབྱོན་བཞུད་སོགས་ཇི་ལྟར་ཡིན། རྟག་ཏུ་ངུས་ཆོས་འཕགས་ལ་དྲིས་པའི་ཚུལ་རྣམས་ནི། རྗེས་རྟག་ཏུ་ངུའི་རྟོག་བརྗོད་དུ་རྒྱས་པར་བཤད་པ་རྣམས་བཀོད་ན་མང་དུ་དོགས་པས་མདོར་བསྡུས་ཞིག་བརྗོད་ན། སོས་ཀའི་དུས་སུ་རི་ཐང་མཚམས་སུ་བྱེ་མའམ་གད་པ་སྐྱ་བོ་སོགས་དང་ཉེ་བ་ན་སྨིག་རྒྱུ་སྔོ་ཁྲེགས་ཁྲེགས་འགྲོ་བ་མཐོང་མོད། སྨིག་རྒྱུའི་ཆུ་དེ་དང་པོར་གང་ནས་ཀྱང་ཚུར་མ་འོངས་ཤིང་། མཐར་ཕྱོགས་གང་དུ་ཡང་དངོས་སུ་འགྲོ་བར་མི་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་འབྱོན་བཞུད་སོགས་ཀྱང་དེ་ལྟ་བུ་དང་། དེ་བཞིན་དུ་སྒྱུ་མ་མཁན་གྱིས་རྡེའུ་ཤིང་བུ་སོགས་མི་དང་དུད་འགྲོ་སོགས་གང་ཟག་ཏུ་སྤྲུལ་པ་དང་། ཡང་རྨི་ལམ་དུ་སངས་རྒྱས་སམ་སེམས་ཅན་གྱི་གཟུགས་སྣ་ཚོགས་འཆར་བ་དང་། པི་ཝང་ལས་སྒྲ་འབྱུང་བ་རྣམས་ནི་དང་པོ་གང་ནས་ཀྱང་ངོ་བོ་ཉིད་ཀྱིས་མ་བྱུང་། མཐར་གང་དུ་ཡང་ངོ་བོ་ཉིད་ཀྱིས་འགྲོ་བ་མེད་པའི་དཔེ་དེ་བཞིན་དུ་དེ་བཞིན་གཤེགས་པ་འབྱོན་བཞུད་སོགས་ཀྱང་དེ་དང་མཚུངས་པར་བཤད་དོ། །གཞན་ཡང་། བགྲེས་མོས་ཞུས་པ་ལས། དེ་བཞིན་གཤེགས་པ་ཙམ་དུ་མ་ཟད། སྐྱེ་བ་གང་ནས་ཀྱང་མ་འོངས། གང་དུ་ཡང་མི་འགྲོ །ཞེས་སོགས་ཆོས་གཞན་ལའང་སྦྱར་ནས་གསུངས་པའི་མཇུག་ཏུ་དཔེ་དང་སྦྱོར་བ་ནི། རྔ་བརྡུང་བ་ལས་སྒྲ་འབྱུང་མོད། སྒྲ་དེ་དང་པོར་རྔའི་ཤིང་དང་ལྤགས་པ་དང་བརྡུང་མཁན་གྱི་ལག་པ་དང་དབྱུག་གུ་སོགས་ལ་ངོ་བོ་ཉིད་ཀྱིས་མི་གནས་ཤིང་མི་འབྱུང་ལ་མཐར་གང་དུ་ཡང་མི་འགྲོ་མོད། རྐྱེན་ཚོགས་ན་ཐ་སྙད་དུ་སྐྱེ་འགག་བྱེད་པར་བཤད་པ་བཞིན་འདོད་དགོས་ཏེ། དེ་ཉིད་ལས། སུས་རྔ་སྒྲའི་ཚུལ་རབ་ཏུ་ཤེས་པ་དེས་ནི་སྟོང་པ་ཉིད་རབ་ཏུ་ཤེས་སོ། །ཞེས་ཀྱང་གསུངས་སོ། །གཞན་ཡང་ཇི་སྐད་དུ། འཇམ་དཔལ་རང་བཞིན་ཆོས་རྣམས་ཀུན་གྱི་དངོས། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །ཞེས་གསུངས་པས། ཆོས་སྐུ་སྟོང་པ་ཉིད་དེ་ནི་ནམ་མཁའ་ལྟ་བུ་སྟེ་དོན་དམ་པར་འདི་ན་གནས་ཞེས་བསྟན་དུ་མེད་ཅིང་། ནམ་མཁའ་ནི་གཞན་དུ་འགྲོ་འོང་མི་བྱེད་པ་ལྟར་ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་ཡང་འདི་ནས་ཕར་འགྲོ་ཞིང་དེ་ནས་ཚུར་འོང་བ་ཡང་མེད་དོ་ཞེས་པ་སྟེ་མཚོན་ཙམ་མོ། །ཡང་རབ་འབྱོར་ལ་སེམས་ཅན་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སའི་རྡུལ་ཇི་སྙེད་ཡོད་པ་དེ་ཐམས་ཅད་དཔེར་ན། རྡུལ་ཕྲ་རབ་ཀྱི་ཚོགས་བཞིན་དུ་ཤིན་ཏུ་ཆུང་བའི་གཟུགས་སུ་ཕྱེ་མར་བྱས་ན། ཕྱེ་མར་བྱས་པའི་ཚོགས་དེ་དག་མང་ངམ་ཞེས་དྲིས་པ་ན། ལན་དུ་དེ་མང་ངོ་ཞེས་ཞུས་ཤིང་། གལ་ཏེ་རྡུལ་གྱི་ཚོགས་ཤིག་དོན་དམ་པར་མཆིས་པར་གྱུར་ན་ནི། བཅོམ་ལྡན་འདས་ཀྱིས་ཐ་སྙད་དུ་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བཀའ་མི་སྩོལ་ཏེ། དེ་རྣམས་དོན་དམ་པར་ཡོད་ན་དེར་ཡོད་ཅེས་གསུངས་དགོས་པའི་ཕྱིར་རོ། །དེ་རྣམས་དོན་དམ་པར་མེད་པའི་རང་བཞིན་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་གང་གསུངས་པ་དེ་ནི། དེ་རྣམས་དོན་དམ་པར་ཚོགས་སུ་གྲུབ་པ་མ་མཆིས་པར་དེ་བཞིན་གཤེགས་པས་མཁྱེན་ནས་གསུངས་པའི་སླད་དུ་སྟེ། དེས་ན་ཐ་སྙད་དུ་རྡུལ་ཕྲ་རབ་ཀྱི་ཚོགས་ཞེས་བགྱིའོ། །གཟུགས་ཐམས་ཅད་ཀྱི་ཆུང་མཐའ་ནི་རྡུལ་ཕྲ་རབ་ཡིན་ཞིང་དེ་ལས་ཆུང་བའི་རྡུལ་མེད་ལ། དེ་ནི་ཆ་མེད་དུ་འདོད་པ་ཡོད་ཀྱང་དེ་ལ་རིགས་པས་གནོད་པས་ཆ་བཅས་སུ་ཁས་ལེན་དགོས་ཤིང་། ཆ་བཅས་ཀྱང་འདི་ལ་ཕྱོགས་བཞི་དང་སྟེང་འོག་ཏུ་རྡུལ་དྲུག་གིས་བསྐོར་ནས་གནས་པས་འགྲུབ་ལ། མེད་ན་དེ་ལ་རིགས་པའི་གནོད་བྱེད་སྟོན་ཚུལ་མཚོན་ཙམ་སྔར་བཤད་ཟིན་ཏོ། །རྡུལ་ཕྲ་རབ་ནས་རགས་པ་བརྩམ་ཚུལ་ནི། རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག ། དེ་བདུན་ལ་རྡུལ་ཕྲ་མོ་གཅིག །དེ་བདུན་ལ་ལྕགས་རྡུལ་གཅིག །དེ་བདུན་ལ་ཆུ་རྡུལ་གཅིག །དེ་བདུན་ལ་རི་བོང་གི་རྡུལ་གཅིག །དེ་བདུན་ལ་ལུག་རྡུལ་གཅིག ། དེ་བདུན་ལ་གླང་རྡུལ་གཅིག །དེ་བདུན་ལ་ཉི་ཟེར་རྡུལ་གཅིག །དེ་བདུན་ལ་སྲོ་མའི་རྡུལ་གཅིག །དེ་བདུན་ལ་ཤིག་རྡུལ་གཅིག །དེ་བདུན་ལ་སོར་གཅིག ། སོར་ཉེར་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་འདོམ་གང་། འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག །རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཡོད་དེ་གཞན་ཡང་མཚོན་ནོ། །རྡུལ་ཕྲ་རབ་རང་བཞིན་གྱིས་མ་གྲུབ་པར་བཤད་ནས་དེ་བསགས་པའི་རགས་པ་ཡང་རང་བཞིན་གྱིས་གྲུབ་པ་མེད་དོ་ཞེས་སྟོན་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡང་དོན་དམ་པར་ཁམས་སུ་གྲུབ་པ་མེད་པར་དེ་བཞིན་གཤེགས་པས་གསུངས་ཏེ། དེས་ན་ཐ་སྙད་ཙམ་དུ་མིང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །འདིས་སྣོད་བཅུད་གཉིས་ཀ་མཚོན་ནོ། །གལ་ཏེ་དོན་དམ་པར་སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཁམས་དེ་ལྟ་བུ་ཞིག་མཆིས་པར་གྱུར་ན་ནི། དེ་ཉིད་ཚོགས་ཤིང་འདུས་པ་ལ་མ་ལྟོས་པར་རགས་པ་རིལ་པོ་གཅིག་ཏུ་གྲུབ་ཅིང་འཛིན་དགོས་པར་འགྱུར་བའི་སླད་དུ་སྟེ། དེ་ལྟར་གྲུབ་ན་དེ་བཞིན་གཤེགས་པས་ཀྱང་གཟིགས་དགོས་པར་འགྱུར་རོ། །དེ་བཞིན་གཤེགས་པས་དེ་ལྟ་བུའི་སྣོད་བཅུད་ཀྱི་འཇིག་རྟེན་རྣམས་ཚོགས་ཤིང་མ་འདུས་པའི་རིལ་པོ་རགས་པ་ཆ་མེད་གཅིག་ཏུ་གྲུབ་པར་མ་གཟིགས་པས། འཇིག་རྟེན་ན་རིལ་བོར་རགས་པ་ལིང་པོ་ཆ་མེད་གཅིག་ཏུ་གྲུབ་པར་འཛིན་པ་གང་གསུངས་པའི་འཛིན་པ་དེ་ཡང་དོན་དམ་པར་འཛིན་པར་གྲུབ་པར་མ་མཆིས་སོ་ཞེས་པའི་སྔ་མ་གཟུང་བྱ་དང་། འདིས་འཛིན་པ་ཡང་དོན་དམ་པར་འགྲུབ་པར་སྟོན་པར་བཤད་དོ། །ཕྱི་མ་འདིས་བཅུད་ཀྱི་འཇིག་རྟེན་སྟོན་པའི་དབང་དུ་བྱས་ན་བཅུད་ཀྱི་སེམས་ཅན་རྣམས་ཀྱི་ལུས་ནི་རྡུལ་ཕྲ་རབ་བསགས་པ་ལས་བྱུང་བའི་རགས་པ་ཡིན་ཏེ། དེ་རྡུལ་ཕྲ་མོ་ཚོགས་ཤིང་འདུས་པ་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་རགས་པ་རིལ་པོ་ཆ་མེད་གཅིག་ཏུ་འཛིན་པ་འགོག་པ་ཡིན་ནོ། །ཕྲ་རབ་བསགས་པའི་རགས་པ་རྣམས་ནི་ཚོགས་ཤིང་འདུས་པའི་རྫུན་པ་ཡིན་པར་ངེས་སླ་ཡང་། རྡུལ་ཕྲ་རབ་ནི་རྫུན་པར་ཅུང་ངེས་དཀའ་བའི་དབང་གིས་དེ་ཆ་མེད་དང་རྟག་པ་དང་དོན་དམ་བདེན་པར་འདོད་པ་ཡང་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་རིལ་བོར་འཛིན་པ་དེ་ཉིད་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་ཅིང་དོན་དམ་པར་མེད་ལ། གཟུང་བྱའི་ཆོས་དེ་ནི་དོན་དམ་པར་བརྗོད་དུ་མེད་པ་ཡིན་ན་ཡང་། བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་དེ་དོན་དམ་པར་བརྗོད་དུ་ཡོད་པར་ཞེན་ནས་བཟུང་ངོ་། །འདི་དག་གིས་ཟབ་པ་དང་རྒྱ་ཆེ་བ་ཕྱོགས་གཉིས་ཀ་བཤད་དོ། །འོན་ཀྱང་དོན་དམ་པར་བརྗོད་དུ་མེད་ཚུལ་ལེགས་པར་ཤེས་པ་ལ་རྗོད་བྱེད་སྒྲ་རྣམས་ནི་རང་ཡུལ་ལ་དངོས་པོའི་དབང་གིས་མི་འཇུག་ཅིང་། འདོད་པའི་དབང་དང་ཐ་སྙད་ཀྱི་དབང་གིས་འཇུག་ཚུལ་འདི་ལེགས་པར་ཤེས་དགོས་པར་སྣང་ངོ་།། དེ་ནས་རབ་འབྱོར་སེམས་ཅན་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་གང་ཟག་གི་བདག་ཏུ་ལྟ་བ་དང་། སེམས་ཅན་དང་སྲོག་དང་གང་ཟག་ཏུ་ལྟ་བར་རང་ལུགས་ལ་གསུངས་སོ་ཞེས་ཟེར་ན། དེ་ཡང་དག་པ་སྟེ་ལེགས་པར་སྨྲ་བས་སྨྲ་བ་ཡིན་ནམ་ཞེས་དྲིས་པ་ན། ལན་དུ་རབ་འབྱོར་གྱིས་དེ་མ་ལགས་སོ། །རྒྱུ་མཚན་དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་གཞན་གྱིས་བདག་ཏུ་ལྟ་བ་སོགས་སུ་གང་གསུངས་པ་དེ་ནི། བདག་ཏུ་ལྟ་བ་སོགས་རྣམ་པར་བཤིག་པ་དང་། ལྟ་བ་དེ་དག་གི་ཞེན་ཡུལ་མེད་པ་དང་ལྟ་བ་དེ་ཡང་དོན་དམ་པར་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་པའི་སླད་དུ་སྟེ། དེས་ན་ཐ་སྙད་དུ་བདག་ཏུ་ལྟ་བ་སོགས་ཞེས་བགྱིའོ། །དེ་ནས་མཇུག་སྡུད་པར་བཞེད་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས། ཇི་སྐད་བཤད་པ་འདི་ལྟར་ཆོས་ཐམས་ཅད་ལ་སྦྱར་ནས་ཤེས་པ་དང་བལྟ་བ་དང་མོས་པར་བྱ་ཞེས་པའི་ཤེས་པ་ནི་ཐོས་པའི་ཤེས་རབ། ལྟ་བ་ནི་བསམ་པའི་ཤེས་རབ། མོས་པ་ནི་བསྒོམས་པའི་ཤེས་རབ་བསྐྱེད་པར་བྱ་ཞེས་པའོ། །ཅི་ནས་ཀྱང་ཆོས་སུ་འདུ་ཤེས་ཞེས་པ་ནི་ཆོས་གང་ལ་ཡང་བདེན་པར་གྲུབ་སྙམ་པའི་འདུ་ཤེས་བདེན་འཛིན་མི་སྐྱེ་ཞིང་། བདེན་པའི་འདུ་ཤེས་ལ་མི་གནས་པར་བྱའོ། །རྒྱུ་མཚན་དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་སུ་འདུ་ཤེས་ཞེས་བྱ་བ་ནི། འདུ་ཤེས་པའི་ཡུལ་དང་འདུ་ཤེས་པ་ཉིད་ཀྱང་དོན་དམ་པར་འདུ་ཤེས་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། དེས་ན་ཐ་སྙད་དུ་ཆོས་སུ་འདུ་ཤེས་ཞེས་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན་དང་། དེ་ཅིའི་སླད་དུ་ཞེ་ན་གཉིས་ཀྱི་ཕྱིར་དང་སླད་དུ་ནི་གཏན་ཚིགས་སམ། རྒྱུ་མཚན་ཡིན་ཞིང་སྐད་དོད་ཨ་ཐ་ཞེས་པར་འདྲ་ཡང་། སྔ་མ་ནི་སྟོན་པའི་གསུངས་ཏེ་ཞེ་ས་མེད་ལ། ཕྱི་མ་རབ་འབྱོར་གྱི་གསུང་ནི་ཞེ་སར་བསྒྱུར་བའོ། །དེ་ལྟར་བདེན་མེད་ཡང་དང་ཡང་དུ་བཤད་ནས་བདེན་འཛིན་ནན་ཏན་དུ་མཛད་ནས་བཀག་གོ །འགོག་ཚུལ་ནི། བདེན་འཛིན་གྱིས་བཟུང་བ་ལྟར་དེའི་ཞེན་ཡུལ་ལ་རིགས་པའི་གནོད་བྱེད་བསྟན་ནས་འགོག་པ་ཡིན་གྱི། ཚེར་མ་འདོན་པ་ལྟར་མིན་ཏེ། འཕགས་པ་ལྷས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། རྣམ་འགྲེལ་ལས། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་གསུངས་པ་ལྟར་རོ། །འགོག་པའི་རྒྱུ་མཚན་ནི། བདེན་འཛིན་མ་རིག་པ་ཡིན་པས་དེའི་དབང་གིས་འཁོར་བར་འཁོར་བ་དང་། བདེན་འཛིན་སྤོང་བ་ལ་བདེན་མེད་རྟོགས་དགོས་ཤིང་དེ་རྟོགས་ནས་བསྒོམས་སྟོབས་ཀྱིས་འཁོར་བ་ལས་གྲོལ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཡང་ཐོབ་པར་འགྱུར་སྙམ་དུ་དགོངས་པའི་ཕྱིར་ཏེ། མདོ་སྡུད་པ་ལས། འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །བདག་དང་བདག་གི་ཆོས་གཉིས་ཡང་དག་མིན་སྟོང་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར། །དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མིན་རྟོག་སྐྱེ་ཞིང་འཇིག །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས།། ཞེས་དང་། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང་། །མ་རིག་འཁྲུལ་འཁོར་དེ་ནི་ཟད་མེད་འཕེལ་བ་མེད། །ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །རྐྱེན་རྣམས་ཚོགས་ནས་ཡེ་ཤེས་འཁྲུལ་འཁོར་རབ་ཏུ་འབྱུང་། །ཤེས་རབ་ཕ་རོལ་ཕྱིན་ལ་ཟད་མེད་འཕེལ་བ་མེད། །ཅེས་གསུངས་པའི་ཕྱིར་རོ། །མདོར་ན། བདག་མེད་རྟོགས་པའི་ཤེས་རབ་ནི་ཐར་པ་ཐོབ་བྱེད་ཀྱི་རྒྱུ་ཀུན་གྱིི་གཙོ་བོ་ཡིན་ཏེ། དེ་མེད་ན་འཁོར་བ་ལས་གྲོལ་བའི་ཐར་པ་ཐོབ་མི་སྲིད་པའི་ཕྱིར་ཏེ། ཏིང་འཛིན་རྒྱལ་པོ་ལས། གལ་ཏེ་བདག་མེད་ཆོས་ལ་སོ་སོར་རྟོག །སོ་སོར་དེར་བརྟག་གང་ཞིག་སྒོམ་བྱེད་པ། །ཐར་པ་མྱ་ངན་འདས་ཐོས་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་གསུངས་པ་ལྟ་བུ་གཞན་ཡང་ཁུངས་མང་ཡང་ཤིན་ཏུ་གལ་ཆེའོ། །དེ་ལྟར་གལ་ཆེ་བ་ལ་དགོངས་ཏེ་ཕན་ཡོན་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དང་གསེར་དངུལ་མུ་ཏིག་སོགས་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ་སྦྱིན་པ་བྱིན་པ་བས་ཀྱང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྫོགས་པར་ལྟ་ཞོག །ཐ་ན་ཟབ་མོ་སྟོན་པའི་ཚིག་རྐང་པ་བཞི་པའི་ཚིགས་སུ་བཅད་པ་ཙམ་བྲིས་ནས་བློ་ལ་འཛིན་ཏམ། གླེགས་བམ་ཀློག་གམ། གླེགས་བམ་ཡོངས་རྫོགས་ལག་ཏུ་འཆང་ངམ། དེའི་ཚིག་དོན་རྣམས་ཀུན་ཆུབ་པ་སྟེ་ཤེས་པར་བྱེད་དམ། རང་གིས་ཚིག་དོན་ཤེས་པ་ལྟར་སེམས་ཅན་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ན། གང་ཟག་དེ་ཉིད་དེ་ལྟ་བུ་བྱས་པའི་གཞི་དེ་ལས་བསོད་ནམས་ཏེ་དོན་ལ་ཕན་ཡོན་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ། །བསོད་ནམས་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་མཚོན་ཞིང་། སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ལས་ནི་གཙོ་བོར་བསོད་ནམས་ཀྱི་ཚོགས་གསོག་ལ། བསམ་གཏན་ཤེས་རབ་གཉིས་ཀྱིས་ནི་གཙོ་བོར་ཡེ་ཤེས་ཀྱི་ཚོགས་གསོག་ཅིང་། བརྩོན་འགྲུས་ལས་ནི་དེ་གཉིས་ཀ་འབྱུང་ངོ་། །དེས་ན་ཤེར་ཕྱིན་ལ་ཐོས་བསམ་སོགས་བྱེད་པ་ནི་ཡེ་ཤེས་གྱི་ཚོགས་གསོག་པ་གཙོ་ཆེའོ། །འོ་ན་གཞུང་འདིར་ཕན་ཡོན་འཆད་པའི་སྐབས་རྣམས་སུ་བསོད་ནམས་ཀྱི་ཕུང་པོ་ཞེས་པ་མང་དུ་འབྱུང་བ་ཇི་ལྟར་ཡིན་ཞེ་ན། དེ་ནི་ཚོགས་གཉིས་ཀྱི་ཟླས་ཕྱེ་བའི་བསོད་ནམས་ཀྱི་ཚོགས་ཙམ་ལ་དགོངས་པ་མ་ཡིན་གྱི། ཕན་ཡོན་ལ་བསོད་ནམས་ཀྱི་མིང་གིས་བརྗོད་པའོ། །གཞུང་འདི་སྟོན་ཚུལ་ཇི་ལྟར་བྱ་བ་ནི། ཇི་ལྟར་ཡང་དག་པར་རབ་ཏུ་སྟོན་ཅེ་ན། དེ་ཡང་བརྗོད་ཅིང་སྟོན་པ་དང་གོ་བ་རྣམས་ནི་ཐ་སྙད་ཙམ་དུ་འཇོག་ཅིང་། དོན་དམ་པར་བརྗོད་བྱ་རྗོད་བྱེད་སོགས་མེད་པས་དོན་ཇི་ལྟར་ཡང་དག་པར་རམ་དོན་དམ་པར་རམ་རབ་ཏུ་མི་སྟོན་ཀྱང་ཐ་སྙད་དུ་སྟོན་པ་དེ་བཞིན་དུ། འདིར་ཡང་ཐ་སྙད་ཙམ་དུ་ཚིག་དང་དོན་ཕྱིན་ཅི་མ་ལོག་པར་ཡང་དག་པར་རབ་ཏུ་སྟོན་ཏེ། རྒྱུ་མཚན་དེས་ན། ཡང་དག་པར་རབ་ཏུ་སྟོན་པ་ཞེས་བྱའོ། །འདི་ལེགས་པར་ཤེས་པ་ནི། རྗོད་བྱེད་ཀྱི་སྒྲ་རྣམས་ནི་རང་ཡུལ་ལ་བརྡ་དང་ཐ་སྙད་ཀྱི་དབང་གིས་འཇུག་ཅིང་། དངོས་པོའི་དབང་གིས་མི་འཇུག་པའི་ཚུལ་ལེགས་པར་ཤེས་དགོས་ཏེ་གོང་དུ་མཚོན་ཙམ་ཞིག་བཤད་ཀྱང་། འདིར་ཡང་དངོས་པོའི་དབང་གིས་མི་འཇུག་པའི་རྒྱུ་མཚན་ནི་དོན་གཅིག་ལའང་མིང་སྣ་ཚོགས་ཀྱིས་བརྗོད་ཆོག་པ་ལྟ་བུ་སྟེ། དཔེར་ན་རྟ་ལྟ་བུ་གཅིག་ལ་ཡང་རྒྱ་གར་རྒྱ་ནག་བོད་སོག་པོ་སོགས་ཀྱིས་རང་རང་གི་ཡུལ་སྐད་སྣ་ཚོགས་ཀྱི་མིང་གིས་བརྗོད་པ་བཞིན་དང་། ཤེར་ཕྱིན་བྱམས་པས་ཞུས་པ་ལས་གཟུགས་སོགས་ཀྱི་ཆོས་ཐམས་ཅད་ལ་ཡང་མིང་གློ་བུར་དུ་བཏགས་པར་གསུངས་པས་མིང་འཇུག་པ་ནི་བརྡའི་དབང་ཡིན་གྱི། དངོས་པོའི་དབང་གིས་མིན་ནོ། །དེས་ན་མིང་ལ་བརྟེན་ནས་དོན་གོ་བ་ཡང་བརྡ་སྦྱར་དགོས་པའི་དབང་གིས་ཡིན་གྱི། བརྡ་མ་སྦྱར་ན་དོན་གོ་མི་ནུས་ཏེ། དཔེར་ན་བྱིས་པ་ཆུང་ངུ་བརྡ་མི་ཤེས་པ་ལ་མིང་དེ་དང་དེ་བརྗོད་ཀྱང་སྒྲ་ཙམ་ཞིག་ཐོས་པར་འགྱུར་ཞིང་། དོན་དེ་དང་དེ་མི་གོ་བ་ལྟར་རོ། །དེ་བཞིན་དུ་གཞན་ཀུན་གྱིས་ཀྱང་དོན་དེ་གོ་བ་ནི་བརྡའི་དབང་གིས་ཡིན་གྱི། བརྡ་མེད་ན་བྱིས་པ་ཆུང་ངུ་ལྟར་སྒྲ་ཙམ་ཞིག་ཐོས་པར་འགྱུར་གྱི་དོན་གོ་བར་མི་འགྱུར་རོ། །ཆོས་རྣམས་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་མི་བཟོད་ཅིང་། འཕགས་པའི་མཉམ་བཞག་གི་གཟིགས་ངོར་གཉིས་སྣང་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བས་དེའི་ངོར་སྤྲོས་བཅས་ཀྱི་ཚུལ་དུ་བརྗོད་མི་ནུས་པ་ནི་སྔ་མ་ལས་ཀྱང་ཟབ་སྟེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་པ་ལྟར་རོ། །དེ་ནས་འདུས་བྱས་ཀྱི་ཆོས་རྣམས་རང་བཞིན་མེད་ཅིང་མི་རྟག་པར་བསྟན་ནས་མཇུག་བསྡུ་བ་ནི། སྐར་མ་རབ་རིབ་མར་མེ་དང་། །ཞེས་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་སོགས་ལ་མཚོན་ན། དཔེར་ཇི་ལྟར་ན། སྐར་མ་རྣམས་ནི་མཚན་མོར་སྣང་ཞིང་། ཉིན་མོར་མི་སྣང་བ་དེ་བཞིན་དུ་ཕུང་སོགས་ཀྱི་འདུས་བྱས་རྣམས་ནི་མ་རིག་པའི་མུན་པ་ཡོད་ན་དོན་དམ་པར་སྣང་གི །བདེན་མེད་རྟོགས་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བ་ན་དོན་དམ་པར་མི་སྣང་བས་སྐར་མ་བཞིན་དུ་བལྟའོ། །རྡུལ་སོགས་རབ་རིབ་ཀྱིས་མིག་བསྒྲིབས་པའི་ཚེ་དོན་ཇི་ལྟ་བ་བཞིན་དུ་མི་སྣང་བར་གཞན་དུ་མཐོང་བ་ལྟར་མ་རིག་པའི་རབ་རིབ་ཀྱིས་བློ་མིག་བསྒྲིབས་པའི་ངོར་འདུས་བྱས་རྣམས་ཀྱང་དོན་གཞན་དུ་སྣང་ངོ་། །མར་མེ་ནི་སྡོང་བུ་ལ་བརྟེན་ནས་མྱུར་དུ་སྐྱེ་ཞིང་འཇིག་པ་དེ་བཞིན་དུ་འདུས་བྱས་རྣམས་ནི་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་མྱུར་དུ་སྐྱེ་འཇིག་བྱེད་དོ། །སྒྱུ་མ་ནི་དོན་གཞན་དུ་སྣང་བ་ལྟར་འདུས་བྱས་རྣམས་ནི་བློ་འཁྲུལ་བའི་ངོར་བདེན་པར་སྣང་ངོ་། །ཟིལ་བ་ནི་མྱུར་དུ་འཇིག་པ་ལྟར་འདུས་བྱས་རྣམས་ནི་རང་གི་དུས་གཉིས་པར་མི་སྡོད་པར་མྱུར་དུ་འཇིག་གོ །ཆུ་བུར་ནི་ཆུ་འ ཁྲུགས་པ་སོགས་ལས་གློ་བུར་དུ་འབྱུང་ཞིང་འཇིག་པ་ལྟར་འདུས་བྱས་རྣམས་ནི་རྐྱེན་ཚོགས་ན་གློ་བུར་དུ་འབྱུང་ཞིང་འཇིག་གོ །རྨི་ལམ་ནི་གཉིད་ཀྱིས་བསླད་པའི་ཚེ་འཁྲུལ་སྣང་ཡིན་པ་ལྟར་འདུས་བྱས་རྣམས་ནི་མ་རིག་པས་བསླད་པའི་ངོར་བདེན་སྣང་དུ་འཆར་རོ། །གློག་ནི་མྱུར་དུ་འབྱུང་ཞིང་འཇིག་པ་ལྟར་འདུས་བྱས་རྣམས་ནི་རྐྱེན་ཚོགས་ན་མྱུར་དུ་འབྱུང་ཞིང་འཇུག་གོ །སྤྲིན་ནི་ཀླུ་སོགས་ཀྱི་བསམ་པའི་དབང་གིས་མཁའ་ལ་སྐྱེ་ཞིང་འཇིག་པ་ལྟར་འདུས་བྱས་རྣམས་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་དབང་གིས་སྐྱེ་འཇིག་བྱེད་པར་འགྱུར་ཞེས་པའི་དཔེ་རྣམས་ཀྱིས་ཀྱང་འདུས་བྱས་ཐམས་ཅད་བདེན་མེད་དུ་བཤད་དོ། །དེ་དག་ནི་འདུས་བྱས་རྣམས་ལ་ཐུན་མོང་དུ་སྦྱར་ནས་བཤད་པ་སྟེ། མདོ་ལས་ནི། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་བསྩལ་ཏོ། །ཞེས་བཤད་ཅེས་མགོན་པོ་ཀླུ་སྒྲུབ་གསུང་ངོ་། །སློབ་དཔོན་ཀཱ་མ་ལ་ཤཱི་ལས་ནི་ཕྱི་མ་གསུམ་དུས་གསུམ་དང་སྦྱར་ནས་སྔ་མ་ལས་མི་འདྲ་བར་བཤད་ཀྱང་མི་འགལ་ལོ། །མདོར་ན་འདུས་བྱས་ཐམས་ཅད་ཀྱང་གོང་དུ་བཤད་པའི་དཔེ་དགུ་པོ་དེ་ལྟར་མི་རྟག་པ་དང་རང་བཞིན་མེད་པར་བལྟ་བོ་ཞེས་སོ། །འདིས་ཀྱང་གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་ཀ་བསྟན་པར་བཟུང་ངོ་། །༈ གསུམ་པ་མཇུག་གི་རིམ་པ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། དེ་ལ་གནས་བརྟན་རབ་འབྱོར་དང་། དེ་ལས་གཞན་པའི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མའི་འཁོར་རྣམ་པ་བཞི་པོ་དང་། གཞན་ཡང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་གྱི་སེམས་ཅན་རྣམས་ཡི་རང་ཞིང་དགའ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་སོ། །འདིའི་མཇུག་ཏུ་རྡོ་རྗེ་གཅོད་པའི་སྙིང་པོའི་སྔགས་ཞེས་པ་ཞིག་འབྱུང་བ་འདི་མདོ་རྒྱུད་ན་ཡོད་པར་མ་མཐོང་བས། གཞན་ཞིག་གིས་བྱས་ནས་བཅུག་པར་ངེས་སོ། །དེར་མ་ཟད་སྙིང་པོ་འདི་ལན་གཅིག་བརྗོད་པས་རྡོར་གཅོད་ཚར་ཁྲི་དགུ་སྟོང་བཀླག་པ་དང་མཉམ་མོ་ཞེས་པ་ནི་བསྔགས་བརྗོད་ཧ་ཅང་ཐལ་བ་སྟེ། འོན་ཀྱང་ཏོན་མི་མཆོག་པ་ནི་མིན་ནོ། །དེ་ལྟར་གསུང་རབ་འདི་ལ་སོགས་པ་གཞུང་མང་པོའི་དགོངས་འགྲེལ་འབད་པས་བྱས་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་དང་། །དམ་ཆོས་འཛིན་པའི་བསོད་ནམས་གང་། །སྟོང་པ་ཉིད་ལ་མོས་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་སྟོང་པ་ཉིད་ཀྱི་དོན་འཆད་ཅིང་མོས་པ་ལས་ཕན་ཡོན་ཆེན་པོ་འབྱུང་བར་གསུངས་པ་དང་། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་བསྟན་གཉིས་སུ་འདུ། །ལེགས་པར་བཤད་དང་དེ་ཡི་དགོངས་འགྲེལ་པ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ཡང་། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་ལྟར་ཐུབ་པའི་བསྟན་པ་ལ་ཕན་ཅུང་ཟད་རེ་ཨེ་ཐོགས་བསམས་ནས་ཡིན་གྱི་གཞན་མིན་ནོ། །སྟོན་པས་ཤེར་ཕྱིན་བྱང་ཕྱོགས་ནས་བྱང་ཕྱོགས་ཀྱི་རྒྱུད་དུ་དར་བར་འགྱུར་ཞེས་ལུང་བསྟན་འདུག་པ་བཞིན། བྱང་ཕྱོགས་འདིར་རྗེ་ཉིད་ཀྱིས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ལྟར་ཤེར་ཕྱིན་གྱི་སྙིང་པོ་ལྟ་བ་རྣམ་པར་དག་པ་གསལ་བར་མཛད་པའི་སྲོལ་དུ་ཞུགས་ནས། ཁོ་བོས་ཀྱང་རྗེའི་དགོངས་པ་འགྲེལ་པའི་ལྟ་བའི་རྣམ་བཞག་དུ་མ་བྱས་པ་རྣམས་ཕྱོགས་མང་པོར་དར་ཞིང་། ཁྱད་པར་དུ་རྩ་འཇུག་གཉིས་ཀྱི་འགྲེལ་པ་དང་། ཤེར་སྙིང་དང་ཟབ་མོའི་གཞུང་འདིའི་དགོངས་པ་བློས་ཅི་ནུས་སུ་བཀྲལ་བ་འདི་དག་ཀྱང་། རྒྱལ་བས་ལུང་དེ་ལྟར་བསྟན་པའི་ཕྱོགས་སུ་འགྲོའམ་སྙམ་ནས་ཡིན་པས། དེའི་ཕྱིར་ཚུལ་འདི་ལ་འབད་པ་ནི་དོན་མཆིས་པ་ཡིན་ནོ།། །།༈ སྨྲས་པ། སྔོན་བསགས་ལེགས་སྤྱད་མང་ཐོས་རླུང་ཤུགས་ཀྱིས། །ལུང་དང་རིགས་པའི་གཤོག་སྒྲོ་རབ་བསྐྱོད་དེ། །ཟབ་དོན་མཁའ་ལ་བགྲོད་པའི་གཉིས་སྐྱེས་ཁྱོད། །དོན་མིན་འཁྲུལ་བའི་གཡང་སར་མ་ལྷུང་ངམ། །གལ་ཏེ་ཚུལ་འདིར་ཉེས་བཤད་ཆ་མཆིས་ན། །ཐུབ་དབང་ཉིད་དྲུང་བཤགས་ཤིང་བཟོད་གསོལ་གྱི། །བརྩེ་བའི་ཐུགས་ཀྱིས་ནོངས་པའི་དྲི་སྦྱངས་ནས། །བྱང་ཆུབ་བར་དུ་རྗེས་སུ་འཛིན་གྱུར་ཅིག །ཆེས་ཟབ་ཟབ་མོའི་མདོ་དོན་བཀྲལ་བའི་དགེས། །གཞུང་མང་མང་དུ་ཐོས་པའི་བློ་ལྡན་བདག །སྐྱེ་ཀུན་ཀུན་མཁྱེན་ལམ་སྒྲུབ་རྟེན་རྙེད་ཚོགས། །རབ་རྫོགས་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག ། ཅེས་རྡོར་གཅོད་ཀྱི་འགྲེལ་པ་ཐར་པར་བགྲོད་པའི་ལམ་བཟང་ཟབ་དོན་སྣང་བའི་ཉི་མ་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་ལོ་བཅུ་ཕྲག་བདུན་པ་རབ་བྱུང་བཅུ་གཉིས་པའི་ཤིང་བྱི་ལོར་དད་པས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །ལྕགས་འབྲུག་ལོར་ས་ཟླའི་ནང་དགེ་སློང་བློ་བཟང་ཆོས་འབྱོར་གྱི་ཞལ་མཇལ། །མངྒལཾ།། །།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་གནད་དོན་གསལ་བར་བྱེད་པའི་ཉི་མ།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་གནད་དོན་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་བ་བཞུགས།

ན་མོ་ཨཱརྱ་མཻ་ཏྲི་ཡེ། ཚོགས་གཉིས་ས་ཆེན་ཁྱོན་ལས་ལེགས་འཁྲུངས་མཚན་དཔེའི་མེ་ཏོག་རྣམ་པར་བཀྲ། །མཁྱེན་བརྩེའི་ཡལ་གས་ལྷ་ཡི་ལམ་འགེངས་སྐུ་གསུམ་འབྲས་བུའི་ཁུར་གྱིས་བརྗིད། །གཞན་ཕན་འཕྲིན་ལས་དྲི་བསུང་རབ་འཕྲོ་ཕན་བདེའི་གྲིབ་བསིལ་འབྱུང་བའི་གནས། །ཐུབ་དབང་དཔག་བསམ་ལྗོོན་པ་ཆེ་དེར་དུས་རྣམས་ཀུན་དུ་ཕྱག་བགྱིའོ། །གྲངས་མེད་བྱང་སེམས་རྒྱུ་སྐར་འཁོར་ཚོགས་དབུས། །ཉ་རྒྱས་ཟླ་ལྟར་ཆེས་འཕགས་སྤྱོད་ཀུན་དང་། །སྨོན་ལམ་མཛད་མཆོག་ཡོངས་ཀྱི་མཐར་སོན་པ། །རྒྱལ་སྲས་ཀུན་བཟང་འཇམ་པའི་དབྱངས་ལ་འདུད། །རླབས་ཆེན་སྨོན་ལམ་གངྒཱའི་ཀླུང་རྣམས་ཀྱང་། །རྒྱ་མཚོ་ཆེ་ལ་ཆུ་བོ་ཇི་བཞིན་དུ། །ཀུན་ནས་འདུས་ཕྱིར་སྨོན་ལམ་རྒྱལ་པོ་ཞེས། །ཡོངས་གྲགས་འདི་ཡི་དགོངས་དོན་ཅུང་ཟད་དབྱེ། །འདི་ལ་གསུམ། འདི་གང་གིས་མཛད་པ། མཛད་པ་པོའི་ཆེ་བ། གཞུང་གི་དོན་བཤད་པའོ། །དང་པོ་ནི། འདི་གང་གིས་གསུངས་སྙམ་ན། འདི་སངས་རྒྱས་ཕལ་པོ་ཆེའི་མདོའི་ཆ་ཤས་སྡོང་པོ་བཀོད་པའི་མདོ་ལས་འབྱུང་བ་ནི། གཞོན་ནུ་ནོར་བཟང་གིས་ཐོག་མ་འཇམ་དབྱངས་ནས་མཐའ་མ་ཀུན་ཏུ་བཟང་པོའི་བར་བཤེས་གཉེན་བརྒྱ་བསྟེན་པ་དེ་རྣམས་ཀྱིས་ཆོས་སྣ་ཚོགས་བསྟན་ཅིང་། བྱམས་པས་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དང་། ཀུན་ཏུ་བཟང་པོས་ནོར་བཟང་ལ་སྨོན་ལམ་འདི་གསུངས་སོ། །འོ་ན་འདི་བཀའ་མིན་ནམ་ཅི་ཞེ་ན། བཀའ་ཡིན་ཏེ། རྗེས་སུ་གནང་བའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀས་བསྡུས་པའི་ཕྱིར་རོ། །གཉིས་པ་ནི་ཀུན་ཏུ་བཟང་པོ་ནི་དངོས་པོ་ལ་སངས་རྒྱས་ཡིན་ཀྱང་། ཕྱོགས་བཅུ་དང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོའི་ཚུལ་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཡིན་ཏེ། གཞུང་འདི་ལས། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །ཞེས་འབྱུང་བ་ལྟར་དང་། མདོ་གཞན་དང་། ཁྱད་པར་དུ་དཀོན་མཆོག་ཏ་ལ་ནས་འཇམ་དབྱངས་ཀྱིས་སྟོན་པ་དཔང་དུ་བཞག་སྟེ་ཀུན་ཏུ་བཟང་པོ་ལ་བསྔགས་བརྗོད་ཆེན་པོ་མཛད་པ་དང་། རྣམ་སྣང་གངས་ཅན་མཚོའི་སྲས་ཀྱི་ཐུ་བོ་གཉིས་ནི་ཀུན་ཏུ་བཟང་པོ་དང་འཇམ་དབྱངས་ཡིན་པར་བཤད་པའི་ཕྱིར་རོ། །གསུམ་པ་ལ་གསུམ། མཚན་བཤད་པ། གཞུང་དོན་བཤད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས། མཚན་དང་དེའི་དོན་བཤད་པ་དང་། འགྱུར་ཕྱག་བཤད་པའོ། །དང་པོ་ནི། རྒྱ་གར་ཏེ་འཕགས་ཡུལ་ལེགས་སྦྱར་གྱི་སྐད་དུ་བསྟན་བཅོས་འདིའི་མཚན་ལ། ཨཱརྱ་བྷ་དྲ་ཙརྱ་པྲ་ཎི་དྷཱ་ན་རཱ་ཛ་ཞེས་བྱ་ཞིང་། དེ་ཉིད་བོད་སྐད་དུ་བསྒྱུར་ན། ཨཱརྱ་ནི་འཕགས་པ། བྷ་དྲ་ནི་བཟང་པོ། ཙརྱ་ནི་སྤྱོད་པ། པྲ་ནི་དྷཱ་ན་ནི་སྨོན་ལམ། རཱ་ཛ་ནི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །མཚན་གྱི་དོན་ནི། ཅིའི་ཕྱིར་མཚན་ལ་དེ་སྐད་དུ་བརྗོད་ཅེ་ན། དེ་ལྟར་བརྗོད་པའི་རྒྱུ་མཚན་ཡོད་དེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་རང་གི་སྤྱོད་པས་མཚོན་པའི་སྤྱོད་པ་མཆོག་ཏུ་གྱུར་པ་རྣམས་སྨོན་པའི་ཡུལ་དུ་བྱས་ནས་སྨོན་ལམ་འདེབས་པས་ན། བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱ་ལ། སྨོན་ལམ་གཞན་དག་ལས་མཆོག་དང་གཙོ་བོར་གྱུར་པའི་ཕྱིར་རྒྱལ་པོ་ཞེས་བརྗོད་པའི་ཕྱིར་རོ། །གཞུང་འདིའི་རྒྱ་འགྲེལ་དག་ལས། བཟང་པོ་སྤྱོད་པ་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱི་དང་། དགེ་བ་ལ་བཤད་པ་ཅི་རིགས་སུ་སྣང་ཡང་མི་འགལ་ཞིང་། དེ་ལ་བཟང་པོ་ཡང་ཡིན་སྤྱོད་པ་ཡང་ཡིན་པས་ན་བཟང་པོ་སྤྱོད་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན་པས་ན་བཟང་པོའི་སྤྱོད་པ་ཞེས་བྱ་བའི་ཚུལ་གཉིས་ཏེ། མདོར་ན་རྒྱལ་སྲས་ཀྱི་སྤྱོད་པ་ཕྱིན་དྲུག་སོགས་སྤྱོད་པ་ཁྱད་པར་ཅན་མཐའ་དག་ལ་བཟང་པོའི་སྤྱོད་པ་ཞེས་བྱའོ། །གཉིས་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ་ལོ་ཙཱ་བས་བཀོད་པའོ། །དེ་ཡང་སོ་སྐྱེའི་ས་ལས་འདས་ཤིང་འཕགས་པས་ན་འཕགས་པ། ཉེས་པའི་རྩུབ་རེག་དང་བྲལ་བས་ན་འཇམ། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པས་ན་དཔལ། ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ལྟར་གནས་པས་ན་གཞོན་ནུར་གྱུར་པ་སྟེ་དེ་ལ་ཕྱག་འཚལ་བ་ནི་ན་མཿ ཞེས་པའི་དོན་བློ་གཞོལ་ཅིང་འདུད་པའོ། །གཉིས་པ་གཞུང་གི་དོན་བཤད་པ་ལ་གསུམ། སྔོན་འགྲོ་ཡན་ལག་བདུན་པ། དངོས་གཞི་སྨོན་ལམ། མཇུག་གི་རིམ་པ་བཤད་པའོ། །དང་པོ་ལ་གཉིས། བཤད་པ་དངོས་དང་། དེ་དག་གི་དོན་བསྡུ་བའོ། །དང་པོ་ལ་བདུན། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་བཤགས་པ༑ དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ། དགེ་བ་རྣམས་རྫོགས་བྱང་དུ་བསྔོ་བའོ། །དང་པོ་ལ་གཉིས། སྒོ་གསུམ་ཐུན་མོང་དུ་ཕྱག་འཚལ་བ་དང་། སོ་སོར་ཕྱག་འཚལ་བའོ། །དང་པོ་ནི། ཇི་སྙེད་སུ་དག་ཅེས་སོགས་རྐང་པ་བཞི་སྟེ། དོན་ནི། ཕྱག་བགྱིའོ་ཞེས་དྲང་ངོ་། །ཡུལ་གང་ལ་ན། གྲངས་ཇི་སྙེད་པ་དེ་སྙེད་དེ་གྲངས་ཀྱི་སྒོ་ནས་བགྲང་བའི་ཚད་ལས་འདས་ཤིང་། སངས་རྒྱས་སུ་དག་ཅེས་མིང་གི་སྒོ་ནས་བརྗོད་པའི་ཚད་ལས་འདས་པ་གང་དག་ཤར་ལ་སོགས་པའི་ཕྱོགས་བཅུ་དང་། འདས་མ་འོངས་ད་ལྟའི་དུས་གསུམ་དུ་གཤེགས་པ་དང་འབྱོན་པའི་སངས་རྒྱས་བཅོམ་ལྡན་འདས་མིའི་ཚུལ་གྱིས་བཞུགས་ཤིང་། དཔེར་ན་སེངྒེ་རི་དྭགས་ཀྱི་ཚོགས་ལ་འཇིགས་པ་མེད་པ་ལྟར་ཕས་ཀྱི་རྒོལ་བ་དང་ཚོགས་ཀྱི་ནང་དུ་མི་འཇིགས་པ་བཞིས་འཇིགས་པ་མི་མངའ་བའི་ཕྱིར་མིའི་སེངྒེ་ཀུན་ལའོ། །བརྗོད་འདོད་ཀྱིས་ཕྱོགས་རེ་ལའང་ཀུན་ཞེས་བརྗོད་པ་ཡོད་ཀྱང་དེ་ལྟ་བུ་མ་ཡིན་པར་ཅུང་ཟད་ཀྱང་མ་ལུས་པར་གོ་བའི་ཆེད་དུ་མ་ལུས་པ་དང་དེ་དག་ཐམས་ཅད་ཅེས་ཁྱད་པར་སྦྱར་བའོ། །ཚུལ་ཇི་ལྟར་ཕྱག་འཚལ་ན། སྨོན་ལམ་འདེབས་པ་པོ་བདག་གིས་ལུས་དང་ངག་དང་ཡིད་གསུམ་མ་དད་པའི་རྙོག་པ་དང་བྲལ་བའི་དད་པའི་སྒོ་ནས་སོ། །དེ་ཡང་སངས་རྒྱས་གཅིག་ལ་ཕྱག་འཚལ་ནའང་བསོད་ནམས་དཔག་ཏུ་མེད་པ་འབྱུང་ན། སངས་རྒྱས་གྲངས་མེད་ལ་དམིགས་ནས་ཕྱག་བྱས་ན་བསོད་ནམས་ཆེ་བ་ལྟ་ཅི་སྨོས་ཞེས། སློབ་དཔོན་ཡེ་ཤེས་སྡེས་འགྲེལ་པར་བཤད་པ་ལྟར་ལམ་རིམ་ལས་ཀྱང་གསུངས་སོ། །གཉིས་པ་སྒོ་གསུམ་སོ་སོར་ཕྱག་འཚལ་བ་ལ་གསུམ་གྱི་དང་པོ་ལུས་ཀྱི་ཕྱག་ནི། བཟང་པོ་སྤྱོད་པའི་སོགས་རྐང་པ་བཞི་སྟེ། ཕྱག་འཚལ་ལོ་ཞེས་དྲང་ངོ་། །ཡུལ་གང་ལ་ན། སྡིག་པའི་ཆོས་ཀུན་དང་བདུད་བཞི་ལས་རྒྱལ་བའི་རྒྱལ་བ་ཀུན་ལའོ། །ཚུལ་ཇི་ལྟར་ན། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་བསམ་པའི་སྟོབས་དག་གི་སྒོ་ནས་རྒྱལ་བ་ཐམས་ཅད་ཡིད་ཀྱིས་རང་གི་མདུན་ནམ་རང་གནས་སུ་མངོན་སུམ་དུ་བཞུགས་པར་མོས་ཏེ། སངས་རྒྱས་ཀྱི་ཞིང་མ་ལུས་པ་དག་གི་རྡུལ་གྱི་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་ལུས་སྤྲུལ་ནས་རབ་ཏུ་གུས་པས་བཏུད་པ་ཡིས་སོ། །སློབ་དཔོན་ཡེ་ཤེས་སྡེས་ལུས་གཅིག་གིས་ཕྱག་བྱས་པའང་བསོད་ནམས་ཆེ་ན་ལུས་དེ་ཙམ་གྱིས་ཕྱག་བྱས་པ་ནི་བསོད་ནམས་ཤིན་ཏུ་ཆེའོ་ཞེས་བཤད་པ་ལྟར་ལམ་རིམ་ལས་ཀྱང་གསུངས་སོ། །གཉིས་པ་ཡིད་ཀྱི་ཕྱག་ནི། རྡུལ་གཅིག་སྟེང་ན་སོགས་རྐང་པ་བཞི་སྟེ། རྡུལ་ཕྲ་རབ་གཅིག་སྟེ་རེ་རེའི་སྟེང་ནའང་འཇིག་རྟེན་ཁམས་ཀྱི་རྡུལ་ཇི་སྙེད་པའི་གྲངས་དང་མཉམ་པའི་གཙོ་བོ་སངས་རྒྱས་རྣམས་ནི་འཁོར་སངས་རྒྱས་ཀྱི་སྲས་བྱང་སེམས་རྣམས་ཀྱིས་བསྐོར་བའི་དབུས་ན་བཞུགས་པ་དག་ཏུ་མོས་པར་བྱ་ཞིང་། ཚུལ་དེ་ལྟར་ཡུལ་དང་ཕྱོགས་གཅིག་ཙམ་མ་ཡིན་པར་ཕྱོགས་བྲལ་སྟོང་པའི་ཆོས་ཀྱི་དབྱིངས་ལྟ་བུའི་ནམ་མཁའི་ཁམས་མ་ལུས་པ་ཐམས་ཅད་ཀྱང་རྒྱལ་བ་སྲས་དང་བཅས་པ་དག་གིས་གང་བར་མོས་ནས་ཡིད་ཀྱིས་འདུད་དོ། །གསུམ་པ་ངག་གི་ཕྱག་ནི། དེ་དག་བསྔགས་པ་སོགས་རྐང་པ་བཞི་སྟེ། བདག་གིས་བསྟོད་དོ་ཞེས་དྲང་ངོ་། །གང་ལ་ན། སྤངས་རྟོགས་མཐར་ཕྱིན་པའི་གནས་སུ་སོན་པའི་བདེ་བར་གཤེགས་པ་ཐམས་ཅད་དོ། །ཚུལ་ཇི་ལྟར་ན། བདེ་བར་གཤེགས་པ་དེ་དག་གི་ཡོན་ཏན་གྱི་བསྔགས་པ་བསྐལ་བའི་བར་དུ་བརྗོད་ཀྱང་རྫོགས་པར་མི་འགྱུར་བས་མི་ཟད་པ་རྒྱ་མཚོ་ཆེན་པོའི་ཆུ་ལྟར་མང་བ་རྣམས་ནི། དབྱངས་ཀྱི་ཡན་ལག་རྒྱ་མཚོ་ལྟར་མང་བའི་སྒྲ་ཀུན་གྱིས་རྒྱལ་བ་དེ་རྣམས་ཀུན་གྱི་སྤངས་རྟོགས་ཀྱི་ཡོན་ཏན་བརྗོད་ཅིང་གོ་བར་བྱས་པའི་སྒོ་ནས་སོ། །འདིར་རྒྱ་མཚོ་ནི་མང་ཚིག་ཡིན་པ ས་རྒྱ་མཚོ་ཁོ་ན་ལ་བཤད་མི་དགོས་ཀྱང་མཚོན་པའོ། །དབྱངས་ཀྱི་ཡན་ལག་ཅེས་པའི་དོན་ལ་མི་མཐུན་པ་གཉིས་སྣང་སྟེ། ཀླུ་སྒྲུབ། ཕྱོགས་གླང་། དབྱིག་གཉེན། རྒྱན་བཟང་པོ་རྣམས་ཀྱི་འགྲེལ་པར་གསུང་དབྱངས་ཡན་ལག་ལྔ་དང་དྲུག་ཅུ་ལ་སྦྱར་ནས་བཤད་ལ། ཤཱཀྱ་བཤེས་གཉེན་གྱི་འགྲེལ་པ་དང་། འགྲེལ་པ་གཞན་ཞིག་ལས་ནི། དབྱངས་ཀྱི་ཡན་ལག་ནི་དབྱངས་འགྲུབ་པའི་རྒྱུ་སྟེ་ལྕེ་དང་རྐན་ལ་སོགས་པའོ་ཞེས་འབྱུང་ངོ་། །ལམ་རིམ་ཆེན་མོ་ལས་ཕྱི་མའི་རྗེས་སུ་འབྲང་ནས་འདིར་དབྱངས་ནི་བསྟོད་པ་ཡིན་ལ་དེའི་ཡན་ལག་ནི་རྒྱུ་སྟེ་ལྕེའོ་ཞེས་བཤད་དེ་འདི་འཐད་པ་ལྟར་སྣང་ཡང་། ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་འགྲེལ་པ་དེ་དེ་ཉིད་ཀྱིས་མཛད་པ་ཡིན་ན་དེ་ལས་བཤད་པ་བཞིན་འདོད་དགོས་ཤིང་དེས་མཛད་མ་མཛད་དཔྱད་གཞིར་སྣང་སྟེ། གསུང་དབྱངས་ཡན་ལག་ལྔ་དང་དྲུག་ཅུ་ནི་སངས་རྒྱས་ཀྱི་གསུང་གི་དབང་དུ་མཛད་པ་ཡིན་པས། འདིར་སྨོན་ལམ་འདེབས་པ་པོས་དེར་མོས་ཀྱང་འབྲེལ་ཆུང་སྙམ་སྟེ་དཔྱད་པར་བྱའོ། །ཡན་ལག་ལྔ་ནི་རྣམ་བཤད་རིགས་པ་ལ། འབྲུག་སྒྲ་ལྟར་ཟབ་པ་དང་། སྙན་ཅིང་འཇེབས་ལ་རྣ་བར་སྙན་པ་དང་། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང་། རྣམ་པར་གསལ་ཞིང་རྣམ་པར་རིག་པར་བྱེད་པ་དང་། མཉན་པར་འོས་ཤིང་མི་མཐུན་པ་མེད་དེ་ཞེས་བཤད་ཅིང་། ཡན་ལག་དྲུག་ཅུའི་སྐོར་ཡང་དེ་ཉིད་ལས་འབྱུང་ངོ་། །གཉིས་པ་མཆོད་པ་འབུལ་བ་ལ་གཉིས། བླ་ན་ཡོད་པའི་མཆོད་པ་དང་། བླ་ན་མེད་པའི་མཆོད་པའོ། །དང་པོ་ནི། མེ་ཏོག་དམ་པ་སོགས་ཚིགས་བཅད་གཉིས་ཏེ། ཡུལ་གང་ལ་ན་མཆོད་ན་དངོས་སུ་བཞུགས་པ་དང་ཡིད་ཀྱིས་མོས་པའི་རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱིའོ། །དངོས་པོ་གང་མཆོད་ན་ལྷ་དང་མིའི་ཡུལ་སོགས་ན་ཡོད་པའི་མེ་ཏོག་གསིལ་མ་དམ་པ་སྟེ་མཆོག་རྣམས་དང་། མེ་ཏོག་སྣ་ཚོགས་སྤེལ་ཏེ་བརྒྱུས་པའི་འཕྲེང་བ་དམ་པ་དང་། སིལ་སྙན་དང་པི་ཝང་དང་དུང་དང་གླིང་བུ་ལ་སོགས་པའི་རོལ་མོའི་བྱེ་བྲག་སྣ་ཚོགས་པ་རྣམས་དང་། བྱུག་པར་བྱ་བ་ཙནྡན་དང་སྤོས་དྲི་ཞིམ་པོ་སྣ་ཚོགས་སྦྱར་བའི་ལྡེ་གུ་དང་གོས་དང་རིན་པོ་ཆེ་ལས་བྱས་པའི་གདུགས་མཆོག་དང་། ནོར་བུའི་འོད་དང་འོད་གསལ་བའི་མར་མེ་མཆོག་རྣམས་དང་། བསྲེག་པར་བྱ་བའི་དྲི་ཞིམ་པོའི་བདུག་སྤོས་དམ་པ་ཡིས་སོ། །ཡང་གོང་དུ་བརྗོད་པ་ལྟར་ཡུལ་རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱིའོ། །གང་མཆོད་ན། ལྷ་མིའི་གོས་མཆོག་ཏུ་གྱུར་པའི་ན་བཟའ་དམ་པ་རྣམས་དང་། སྐུ་ལ་བྱུག་རྒྱུའི་རྫས་ཙནྡན་དང་ག་བུར་ལ་སོགས་པའི་དྲིས་བསྒོས་པའི་དྲི་ཆུ་མཆོག་དང་། སྤོས་དྲི་ཞིམ་པོ་སྣ་ཚོགས་པ་ཕྱེ་མར་བྱས་པའི་ཕུར་མ་ག །ཏོར་ཞིང་བདུག་ཏུ་རུང་བ་ཐུམ་པོར་བྱས་པའམ་ཐུམ་པོར་མ་བྱས་པའི་ཙནྡ་དང་གུར་གུམ་ལ་སོགས་པ་དང་། ཚོན་ཕྱེ་སྣ་ཚོགས་སྤེལ་བའི་རིམ་བརྒྱ་དང་རྔམས་རི་རབ་དང་མཉམ་པ་ལྟར་སྤུངས་པ་དང་། རྒྱ་འགྲེལ་ཁ་ཅིག་ལྟར་ན། བརྩེགས་པ་དང་མ་བརྩེགས་པའི་ཁང་བཟང་ལ་སོགས་པ་དང་ལྷ་མིའི་མཆོད་རྫས་ཀྱི་བཀོད་པ་ཁྱད་པར་དུ་འཕགས་པའི་མཆོག་ཀུན་གྱིས་སོ། །རྒྱ་འགྲེལ་དག་ལས་བཀོད་པའི་དོན་ནི་ཚོགས་པ་དང་མང་པོའི་སྒྲའི་རྣམ་གྲངས་སུ་བཤད་ལ། ལམ་རིམ་ཆེན་མོ་ལས། བཀོད་པ་ནི་གོང་མ་ཀུན་གྱི་མཐར་སྦྱོར་བ་སྟེ་ཕལ་ཆེ་བ་དང་སྤྲས་པ་དང་སྣ་ཚོགས་པ་ལ་བྱའོ་ཞེས་གསུངས་ཏེ་དོན་འདྲའོ། །གཉིས་པ་བླ་ན་མེད་པའི་མཆོད་པ་ནི། མཆོད་པ་གང་རྣམས་སོགས་རྐང་པ་བཞི་སྟེ། ཡུལ་གང་ལ་ན། རྒྱལ་བ་ཀུན་ལ་ཕྱག་འཚལ་ཞིང་མཆོད་པར་བགྱིའོ། །དངོས་པོ་གང་རྣམས་མཆོད་ན། ཀུན་ཏུ་བཟང་པོ་དང་འཇམ་དཔལ་གཞོན་ནུར་གྱུར་པ་སོགས་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་རྣམས་ཀྱིས་ནི་ཏིང་ངེ་འཛིན་གྱི་མཐུས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ལྟ་བུའི་སྣོད་བཅུད་ཀྱི་རྒྱན་བཀོད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་སྣོད་བཅུད་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་ལྟ་བུ་གྱ་ནོམ་པ་མཛེས་ཤིང་ཡིད་དུ་འོང་བ་ལ་སོགས་པ་སྤྲུལ་པའི་སྒོ་ནས་སོ་སྐྱེའི་ཡུལ་ལས་འདས་པའི་མཆོད་པའི་ཚོགས་ཀྱིས་སངས་རྒྱས་རྣམས་ལ་མཆོད་པ་ལྟ་བུའི་མཆོད་པ་བླ་ན་མེད་པ་རྒྱ་ཆེ་བ་དེ་དག་ཀུན་ནི། ཚུལ་ཇི་ལྟར་ན། སངས་རྒྱ་གཅིག་ཙམ་མ་ཡིན་པར་རྒྱལ་བ་ཐམས་ཅད་ལ་ཡང་མོས་ཤིང་ཀུན་ཏུ་བཟང་པོ་ལ་སོགས་པའི་སྤྱོད་པ་དང་མཚུངས་པར་སྤྱོད་པར་འདོད་ཀྱི་དད་པའི་སྟོབས་དག་གི་སྒོ་ནས་སོ། །གསུམ་པ་བཤགས་པ་ནི། འདོད་ཆགས་ཞེ་སྡང་སོགས་རྐང་པ་བཞི་སྟེ། གང་ལ་བཤགས་པ་ནི་རྒྱལ་བ་རྣམས་དང་། གང་བཤགས་པ་ནི་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་དུ་སོང་ཞིང་། དུག་གསུམ་པོ་དེས་ཀུན་ནས་བསླངས་ཏེ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་མི་ཚངས་པར་སྤྱོད་པ་སོགས་ལུས་ཀྱིས་བྱས་པའི་ལས་དང་། བརྫུན་དུ་སྨྲ་བ་དང་ཕྲ་མ་དང་ཚིག་རྩུབ་དང་ངག་ཀྱལ་སོགས་ངག་གི་ལས་དང་། དེ་བཞིན་དུ་བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་སོགས་ཡིད་ཀྱིས་ཀྱང་བསགས་པའི་སྡིག་པ་བདག་གིས་བགྱིས་པ་དང་གཞན་ལ་བགྱིད་དུ་བསྩལ་བ་ལ་སོགས་པ་ཅི་མཆིས་པ་དེ་དག་ཐམས་ཅད་བདག་གིས་འགྱོད་པའི་སེམས་ཀྱིས་སོ་སོར་བཤགས་ཤིང་སྡོམ་པར་བགྱིའོ། །བཞི་པ་རྗེས་སུ་ཡི་རང་ནི། ཕྱོགས་བཅུའི་རྒྱལ་བ་སོགས་རྐང་པ་བཞི་སྟེ། དེ་ལ་རྗེས་སུ་ཡི་རང་ཞེས་དྲང་ངོ་། །གང་ལ་ན། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་རྒྱལ་རྣམས་དང་། ཉན་ཐོས་སློབ་པ་དགྲ་བཅོམ་མ་ཐོབ་པ་དང་། མི་སློབ་པ་དགྲ་བཅོམ་པ་དེ་དག་ཀུན་གྱི་བསོད་ནམས་དང་། དེར་མ་ཟད། འགྲོ་བ་སེམས་ཅན་གཞན་ཀུན་གྱིས་བསྐྲུན་པའི་བསོད་ནམས་ཀྱི་ཕུང་པོ་ཆེ་ཆུང་ཅི་མཆིས་པ་གང་ལ་ཡང་བདག་ཡི་རང་ཞིང་དགའ་བ་སྒོམ་པར་བགྱིའོ། །འགྲོ་བའི་སྒྲ་དོན་ནི། ཤཱཀྱ་བཤེས་གཉེན་གྱི་འགྲེལ་པ་ལས། འགྲོ་བ་ཞེས་བྱ་བའི་སྒྲ་ནི་མ་ལུས་པ་ལ་བསྙེག་པའི་ཕྱིར་སློབ་པ་ལ་སོགས་པའི་བསོད་ནམས་ཀྱི་ནང་དུ་འདུ་བར་འགྲུབ་ན། ཅིའི་ཕྱིར་ལོག་ཤིག་ཏུ་སྨོས་ཤེ་ན། དེ་ནི་མ་ཡིན་ཏེ། འགྲོ་བས་ན་འགྲོ་བ་སྟེ་སྲིད་པ་དང་བཅས་པ་འཁོར་བར་འགྲོའོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་འབྱུང་བ་ལྟར་རོ། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། གང་རྣམས་ཕྱོགས་བཅུའི་སོགས་རྐང་པ་བཞི་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །གང་ལ་བསྐུལ་ན། སངས་རྒྱས་བཅོམ་ལྡན་འདས་གང་བཞུགས་པ་རྣམས་དང་ཕྱོགས་བཅུ་ན་གདུལ་བྱ་སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་སེལ་བར་བྱེད་པའི་འཇིག་རྟེན་གྱི་སྒྲོན་མ་གང་དག་བྱང་ཆུབ་ཏུ་སྔ་ཕྱིི་རིམ་པར་སངས་རྒྱས་ནས་ཤེས་བྱ་ཐམས་ཅད་མ་ཆགས་ཤིང་ཐོགས་པ་མེད་པར་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་མཐར་ཐུག་བརྙེས་པའི་མགོན་པོ་དེ་དག་ཐམས་ཅད་ལའོ། །གང་གིས་ན་བདག་གིས་སོ། །གང་ན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་དམ་པ་བླ་ན་མེད་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུའོ། །དེ་ནི་སྔོན་སྟོན་པ་སངས་རྒྱས་ནས་ཆོས་མི་གསུངས་པ་ལྟར་བསྟན་པ་ན་ཚངས་པ་དང་བརྒྱ་བྱིན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ལྟར་བྱེད་པའོ། །དྲུག་པ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་ནི། མྱ་ངན་འདའ་སྟོན་སོགས་རྐང་པ་བཞི་སྟེ། མྱ་ངན་ལས་མི་འདའ་བར་གསོལ་བར་བགྱིའོ་ཞེས་དྲང་ངོ་། །གང་ལ་ན། རྒྱལ་བ་ཀུན་དང་ཁྱད་པར་དུ་འཇིག་རྟེན་གྱི་སྣང་ངོར་མྱ་ངན་ལས་འདས་པའི་ཚུལ་སྟོན་པར་གང་གིས་བཞེད་པའི་རྒྱལ་བ་དེ་དག་ལའོ། །དགོས་པ་ཅིའི་ཆེད་དུ་ན། འགྲོ་བ་སེམས་ཅན་ཀུན་ལ་གནས་སྐབས་བདེ་བ་མངོན་མཐོ་དང་མཐར་ཐུག་ཕན་པ་ངེས་ལེགས་མཆོག་ལ་འགོད་པར་བྱ་བའི་ཕྱིར་དུའོ། །དུས་ཇི་སྲིད་དུ་ཞེ་ན། བསྐལ་བ་གཅིག་ཙམ་ལྟ་བུ་མ་ཡིན་པར་བསྐལ་བ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་དག་གི་རྡུལ་ཇི་སྙེད་ཡོད་པའི་གྲངས་དང་མཚུངས་པར་བཞུགས་པར་ཡང་ངོ་། །གང་གིས་ན་བདག་གིས་གསོལ་ལོ། །ཚུལ་ཇི་ལྟར་ན། བསམ་པ་ཐག་པ་ནས་ལག་པ་ཐལ་མོ་རབ་ཏུ་སྦྱར་བའི་སྒོ་ནས་སོ། །བདུན་པ་ཡན་ལག་སྔོན་མ་དྲུག་བྱས་པའི་དགེ་བ་བསྔོ་བ་ནི། ཕྱག་འཚལ་བ་དང་ཞེས་སོགས་རྐང་པ་བཞི་སྟེ། དེ་ལྟར་ཕྱག་འཚལ་བ་དང་། མཆོད་ཅིང་སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་ཡི་དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ་ཐམས་ཅད་དུས་གསུམ་དུ་བསགས་པའི་དགེ་བ་ལྷན་ཅིག་བདག་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་ཏེ་ཆེད་དུ་བསྔོ་བར་བགྱིའོ་ཞེས་སོ། །གཉིས་པ་དོན་བསྡུ་བ་ནི། ལམ་རིམ་ཆེན་མོ་ལས། དེ་ལྟ་ན་ཕྱག་དང་མཆོད་པ་དང་བསྐུལ་བ་དང་གསོལ་བ་གདབ་པ་དང་ཡི་རང་བ་ལྔ་ནི་མཐུན་རྐྱེན་ཚོགས་གསོག་པ་ཡིན་ལ། བཤགས་པ་ནི་འགལ་རྐྱེན་སྒྲིབ་པ་སྦྱོང་བ་དང་། ཡི་རང་གི་ཕྱོགས་གཅིག་རང་གི་དགེ་བ་བྱས་པ་ལ་དགའ་བ་སྒོམ་པ་ནི་རང་གི་དགེ་བ་སྤེལ་བར་ཡང་འགྱུར་རོ། །བསྔོ་བས་ནི་བསགས་པ་དང་སྦྱངས་པ་དང་སྤེལ་བའི་དགེ་བ་རྣམས་ཉུང་ངུའང་ཆེས་མང་བར་སྤེལ་བ་དང་། གནས་སྐབས་སུ་འབྲས་བུ་ཕྱུང་ཏེ་ཟད་པར་འགྱུར་བ་རྣམས་ཀྱང་ནམ་ཡང་མི་ཟད་པར་བྱེད་པ་སྟེ། བསྡུས་ན་བསགས་པ་དང་སྦྱངས་པ་དང་སྤེལ་ཞིང་མི་ཟད་པར་བྱེད་པ་གསུམ་དུ་འདུའོ་ཞེས་གསུངས་པ་ལྟར་རོ། །ཡང་ལམ་རིམ་ལས། དེ་ལྟར་ཚིག་དེ་དག་གི་དོན་གོ་བར་བྱས་ལ་ཡིད་གཞན་དུ་མ་ཡེངས་པར་དལ་བུས་ཇི་སྐད་བསྟན་པ་བཞིན་དུ་བྱས་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཛིན་ཏོ་ཞེས་བཤད་པ་ནི་གལ་ཆེ་སྟེ་སྐབས་གཞན་དུའང་དེ་ལྟར་རོ། །༈ གཉིས་པ་དངོས་གཞི་སྨོན་ལམ་གྱི་ཁྱད་པར་རྒྱས་པར་བཤད་པ་ལ་གཉིས། སྨོན་ལམ་གྱི་དབྱེ་བ་དངོས་དང་། སྨོན་ལམ་ཅི་ཙམ་དུ་འདེབས་ཚད་བཤད་པའོ། །དང་པོ་ལ་བཅུ་དྲུག་སྟེ། བསམ་པའི་སྒོ་ནས་སྨོན་པ་དང་། དེ་བཞིན་དུ་སྦྱར་ཏེ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་སྒོ་ནས་དང་། མ་གོས་པའི་སྦྱོར་བའི་སྒོ་ནས་དང་། སེམས་ཅན་ལ་ཕན་པ་དང་བདེ་བའི་སྒོ་ནས་དང་། གོ་ཆའི་སྒོ་ནས་དང་། སྐལ་བ་མཉམ་པའི་གྲོགས་དང་འཕྲད་པའི་སྒོ་ནས་དང་། དགེ་བའི་བཤེས་གཉེན་མཉེས་པར་བྱེད་པའི་སྒོ་ནས་དང་། སངས་རྒྱས་མངོན་དུ་གྱུར་པ་ལ་མཆོད་པའི་སྒོ་ནས་དང་། དམ་ཆོས་འཛིན་པའི་སྒོ་ནས་དང་། མི་ཟད་པའི་མཛོད་ཀྱི་སྒོ་ནས་དང་། འཇུག་པ་དུ་མའི་སྒོ་ནས་དང་། སྟོབས་ཀྱི་སྒོ་ནས་དང་། སྒྲུབ་པའི་སྒོ་ནས་དང་། ལས་ཀྱི་སྒོ་ནས་དང་། རྗེས་སུ་སློབ་པའི་སྒོ་ནས་དང་། བསྡུ་བའི་སྒོ་ནས་སྨོན་པའོ། །དང་པོ་ལ་བཞི། བྱོན་ཟིན་གྱི་སངས་རྒྱས་ལ་མཆོད་པ་དང་། མ་བྱོན་པའི་སངས་རྒྱས་ཀྱི་དགོངས་པ་རྫོགས་པའི་ཆེད་དང་། སངས་རྒྱས་ཀྱི་ཞིང་སྦྱོང་བའི་ཆེད་དང་། སེམས་ཅན་ཐམས་ཅད་ཕན་བདེ་ལ་འགོད་པའི་ཆེད་དུ་སྨོན་པའོ། །དང་པོ་ནི། འདས་པའི་སངས་རྒྱས་སོགས་རྐང་པ་གཉིས་ཏེ། དེ་ལྟར་ཡན་ལག་བདུན་པ་བྱས་པའི་དགེ་བས་བདག་གིས་ནི་སྐྱེ་བ་འདི་དང་གཞན་དུའང་འདས་པའི་དུས་སུ་བྱོན་ཟིན་ཅིང་གདུལ་བྱའི་སྣང་ངོར་སྐུ་གཤེགས་པའི་ཚུལ་བསྟན་པའི་སངས་རྒྱས་རྣམས་དང་ཤར་ནས་འོག་གི་བར་ཕྱོགས་བཅུའི་འཇིག་རྟེན་དག་ན་སེམས་ཅན་གྱི་དོན་དུ་ད་ལྟ་གང་བཞུགས་པ་ཐམས་ཅད་མཆོད་པའི་ཚོགས་རྣམས་ཀྱིས་མཆོད་པར་བྱེད་པར་གྱུར་ཅིག་ཅེས་སོ། །གཉིས་པ་ནི། གང་ཡང་མ་བྱོན་སོགས་རྐང་པ་གཉིས་ཏེ། འཚང་རྒྱ་འགྱུར་གང་ཡང་སངས་རྒྱས་ཀྱི་སར་ད་དུང་མ་བྱོན་ཅིང་འབྱོན་པར་བཞེད་པ་དེ་དག་ཡུན་རིང་དུ་མི་ཐོགས་པར་རབ་ཏུ་མྱུར་བར་ཐུགས་དགོངས་ཀྱི་བསམ་པ་ཡོངས་སུ་རྫོགས་པའི་ཚུལ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་རིམ་པའམ་རྣམ་པར་སངས་རྒྱས་པར་སྤྱོན་པ་སྟེ་བྱོན་ཞིག་པའོ། །གསུམ་པ་ནི། ཕྱོགས་བཅུ་ག་ལའི་སོགས་རྐང་པ་གཉིས་ཏེ། ཕྱོགས་རེ་རེ་ཙམ་མ་ཡིན་པར་ཕྱོགས་བཅུ་ག་ལ་པའི་མ་དག་པའི་ཞིང་རྣམས་ནི་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བདེ་བ་ཅན་དང་མངོན་དགའི་ཞིང་ལྟར་སྣོད་བཅུད་ཀྱི་སྐྱོན་དང་བྲལ་བའི་སྒོ་ནས་རྒྱ་ཆེར་ཡོངས་སུ་དག་པར་གྱུར་ཅིག་ཅེས་པ་ནི་སྣོད་དག་པར་སྨོན་ཅིང་། ཞིང་དེ་ཐམས་ཅད་དུའང་བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་དུ་གཤེགས་པའི་རྒྱལ་བ་དང་། སངས་རྒྱས་ཀྱི་ཆོས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་གང་བར་ཤོག་ཅིག་ཅེས་པ་ནི་བཅུད་དག་པར་སྨོན་པའོ། །བཞི་པ་ནི། ཕྱོགས་བཅུའི་སེམས་ཅན་སོགས་རྐང་པ་བཞི་སྟེ། འདི་ལ་མི་འདོད་པ་ཞི་བ་དང་། འདོད་དོན་འགྲུབ་པའི་ཆེད་དུ་སྨོན་པ་གཉིས་ཀྱི་དང་པོ་ནི། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་ཡོད་པ་དེ་དག་རྟག་ཏུ་ནད་མེད་ཅིང་མངོན་མཐོའི་བདེ་བ་ཁྱད་པར་ཅན་དང་ལྡན་པར་གྱུར་ཅིག་ཅེས་སོ། །གཉིས་པ་ནི། འགྲོ་བ་སེམས་ཅན་དེ་དག་ཀུན་གྱི་ཆོས་ཀྱི་ཆེད་དུ་འབད་པའི་དགོས་དོན་རྣམས་ནི་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིང་། དེའི་ཆེད་དུ་སྨོན་པའི་རེ་བ་ཅི་ཡོད་པའང་ལེགས་པར་འགྲུབ་པར་ཤོག་ཅེས་སོ། །འདིར་མཐུན་པར་གྱུར་ཅིང་ཞེས་པ་ནི་སྡེབ་སྦྱོར་གྱི་དབང་དུ་བྱས་ཀྱི། གྱུར་ཅིག་ཅེས་འབྱུང་བ་ལྟར་བྱས་ཀྱང་དོན་མི་འགལ་ལོ། །ས་བཅད་གཉིས་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་སྨོན་པ་ལ་གཉིས། མཐུན་རྐྱེན་དང་ལྡན་པ་དང་། འགལ་རྐྱེན་དང་བྲལ་བར་སྨོན་པའོ། །དང་པོ་ནི། བྱང་ཆུབ་སྤྱོད་པ་སོགས་ཚིགས་བཅད་ཕྱེད་དང་བཞི་སྟེ། འདི་ལའང་སྐྱེ་བ་དྲན་ཅིང་རབ་ཏུ་འབྱུང་བ་དང་། སྤྱོད་པ་རྫོགས་ཤིང་ཚུལ་ཁྲིམས་དག་པ་དང་། འགྲོ་བ་རང་རང་གི་སྐད་ཀྱིས་ཆོས་སྟོན་པ་དང་། ཕར་ཕྱིན་ལ་བརྩོན་ཞིང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་སྨོན་པ་རྣམས་ལས། དང་པོ་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་རྒྱལ་སྲས་ཀྱི་སྤྱོད་པ་ཁྱད་པར་ཅན་དག་ནི་བདག་གིས་སྤྱོད་པར་བྱེད་ཅིང་། སྤྱོད་པ་བྱེད་པའི་རྟེན་འགྲོ་བ་གང་དུ་སྐྱེས་པ་དེ་དག་ཀུན་ཏུ་སྐྱེ་བ་དྲན་པར་གྱུར་ཅིག །དེ་ལྟ་བུའི་ཚེ་རབས་ཀུན་ཏུ་འཆི་འཕོ་བ་དང་སྐྱེ་བའི་གནས་སྐབས་ཀྱི་སྐྱེ་བ་ཐམས་ཅད་དུ་རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་བྱེད་པར་ཤོག་ཅེས་སོ། །གཉིས་པ་ནི། དེ་ལྟར་རབ་ཏུ་བྱུང་ནས་རྒྱལ་བ་ཀུན་གྱིས་ཇི་ལྟར་སློབ་པའི་རྗེས་སུ་སྟེ་དེ་དག་མཐུན་པར་སློབ་པར་གྱུར་ཏེ། བཟང་པོ་སྟེ་དགེ་བའི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང་། ཚུལ་ཁྲིམས་ཀྱི་སྤྱོད་པ་ཉེས་ལྟུང་གི་དྲི་མ་མེད་པ་དང་། དམན་པའི་བྱང་ཆུབ་དོན་གཉེར་གྱི་བསམ་པ་དང་བྲལ་བའི་ས་ཡོངས་སུ་དག་པ་དེ་ལྟ་བུའི་སྒོ་ནས་རྟག་ཏུ་མ་ཉམས་ཤིང་སྐྱོན་མེད་པར་རྟག་ཏུ་སྤྱོད་པར་ཤོག་ཅིག་ཅེས་སོ། །རྒྱ་འགྲེལ་འགའ་ཞིག་ལས་ཉེས་པ་མི་སྤྱོད་པས་མ་ཉམས་པ་དང་། དུས་གསུམ་གྱི་ཡུལ་ལ་ཞེན་པའི་སྲེད་པ་དང་། དུག་གསུམ་གྱིས་ཀུན་ནས་བསླངས་པའི་སྲེད་པ་མེད་པས་སྐྱོན་མེད་ཅེས་བཤད་དེ་མི་འགལ་ལོ། །གསུམ་པ་ནི། ལྷ་ལ་སོགས་པ་འགྲོ་བ་སྣ་ཚོགས་པ་རྣམས་ལ་དེ་དག་གི་སྐད་དང་འདྲ་བར། ལྷའི་སྐད་དང་། ཀླུའི་སྐད་དང་། གནོད་སྦྱིན་གྱི་སྐད་དང་། གྲུལ་བུམ་དག་གི་སྐད་དང་། མི་ཡི་སྐད་རྣམས་དང་། དེ་བཞིན་དུ་ལྷ་མིན། སྲིན་པོ། ཡི་དྭགས། དུད་འགྲོ་སོགས་འགྲོ་བ་ཀུན་གྱི་སྒྲ་སྐད་ཅི་ཙམ་ཡོད་པ་དང་མཐུན་པར་སེམས་ཅན་དེ་ཐམས་ཅད་ཀྱི་སྐད་དུ་བདག་གིས་དམ་པའི་ཆོས་བསྟན་ནས་སོ་སོའི་འདོད་པ་རྫོགས་པར་བྱེད་པར་གྱུར་ཅིག །དེ་ཡང་སོ་སོ་ཡང་དག་པ་རིག་པ་བཞི་རྫོགས་པར་ཐོབ་ན་ནི་སྐད་རིགས་ཐམས་ཅད་ལ་འཇུག་ནུས་ཀྱང་། མདོ་ལས། གསུང་དབྱངས་གཅིག་གིས་སོ་སོའི་ལན་ཀྱང་འདེབས། །ཞེས་དང་། གསུང་གཅིག་ཉིད་ཀྱིས་གསུང་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་གོ །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་ལེགས་སྦྱར་ལྟ་བུའི་སྐད་གཅིག་གིས་བཤད་པའི་ཚེ། སངས་རྒྱས་ཀྱི་སྨོན་ལམ་དང་བྱིན་རླབས་ཀྱིས་སྐད་གཅིག་པོ་དེ་འགྲོ་བ་སྐད་མི་འདྲ་བ་རྣམས་ཀྱི་རང་རང་གི་སྐད་ལྟར་གོ་བར་འགྱུར་བ་ཡོད་དོ། །བཞི་པ་ནི། ཚེ་ར བས་ཐམས་ཅད་དུ་རང་རྒྱུད་དེས་པ་སྟེ་དུལ་ཞིང་འཇམ་པའི་སྒོ་ནས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རབ་ཏུ་བརྩོན་པར་བྱས་ཏེ། སྔར་སེམས་ཅན་གྱི་དོན་དུ་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་ནི་ནམ་ཡང་བརྗེད་པར་མ་གྱུར་ཅིག་ཅེས་སོ། །དེས་ཤིང་ཞེས་པའི་དོན་རྒྱུད་དུལ་བའམ་འཇམ་པའི་དོན་ཡིན་ཏེ། ཀླུ་སྒྲུབ་ཀྱི་འགྲེལ་པར། དེས་པ་ནི་རྒྱུད་འཇམ་པའོ། །ཞེས་དང་། ཕྱོགས་གླང་གིས་ཀྱང་། དེས་པ་ནི་སེམས་ཀྱི་རྒྱུད་མཉེན་པའོ། །ཞེས་གསུངས་པ་ལྟར་གཞན་ལས་ཀྱང་བཤད་དོ། །གཞུང་བཞི་པོ་དེ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་མི་ཉམས་པའི་རྒྱུ་བཞི་བཤད་ཅེས་འགྲེལ་པ་རྣམས་ལས་སོ། །གཉིས་པ་ནི། སྡིག་པ་གང་རྣམས་སོགས་རྐང་པ་གཉིས་ཏེ། དེ་ལྟར་བྱང་ཆུབ་ཀྱི་སེམས་མི་བརྗེད་ཅིང་འཕེལ་བ་ལ་བར་དུ་གཅོད་པའི་སྒོ་གསུམ་གྱི་སྡིག་པ་གང་ཞིག་མཆིས་པ་རྣམས་ས་ལམ་གྱི་རྟོགས་པ་སྐྱེ་བ་ལ་སྒྲིབ་བྱེད་ཀྱི་སྒྲིབ་པར་གྱུར་པའི་ཚོགས་དེ་དག་ཐམས་ཅད་མ་ལུས་པ་ཡོངས་སུ་བྱང་བར་ཤོགས་བཅད་གསུམ་པ་མ་གོས་པའི་སྦྱོོར་བའི་སྨོན་ལམ་ནི། ལས་དང་ཉོན་མོངས་སོགས་རྐང་པ་བཞི་སྟེ། བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་པའི་ཚེ། སྒོ་གསུམ་གྱི་མི་དགེ་བའི་ལས་རྣམས་དང་། ཆགས་སོགས་ཉོན་མོངས་པ་དང་། ཆོས་ལ་བར་དུ་གཅོད་པའི་བདུད་ཀྱི་ལས་ཡུམ་གྱི་མདོ་ལས་བཤད་པ་དེ་ལྟ་བུ་རྣམས་ལས་གྲོལ་ཞིང་། དེ་ཡང་ཕྱོགས་གཅིག་ཙམ་མ་ཡིན་པར་གང་དུ་འབྱུང་བའི་འཇིག་རྟེན་འགྲོ་བའི་གནས་རྣམས་སུ་ཡང་ལས་ཉོན་དང་བདུད་ལས་རྣམས་ཀྱིས་མ་གོས་པར་སྤྱོད་པ ར་གྱུར་ཅིག །དཔེ་ཇི་ལྟར་སྤྱད་ན་པདྨ་ཆུ་ནང་དུ་སྐྱེས་ཀྱང་ཆུ་འདམ་གྱིས་མ་གོས་པ་དེ་བཞིན་དུ་དང་། ཉི་མ་དང་ཟླ་བའི་དཀྱིལ་འཁོར་ནམ་མཁའ་ལ་ཐོག་པ་མེད་པར་རྒྱུ་བ་ལྟར་སྐྱོན་དེ་དག་གིས་མ་གོས་པར་སྤྱད་པར་བགྱིའོ། །དཔེ་སྔ་མས་འཁོར་བའི་གནས་སུ་སྐྱེས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པ་དང་། དཔེ་ཕྱི་མས་འཁོར་བའི་ཡོན་ཏན་ལ་མི་ཆགས་པ འི་ཚུལ་བསྟན་ཏེ། བྱང་ཆུབ་སེམས་དཔས་འཁོར་བའི་སེམས་ཅན་གྱི་དོན་མཛད་པའི་ཁྱད་ཆོས་སོ། །ས་བཅད་བཞི་པ་སེམས་ཅན་བདེ་ཞིང་ཕན་པའི་སྨོན་ལམ་ནི། ཞིང་གི་ཁྱོན་དང་སོགས་རྐང་པ་བཞི་སྟེ། སངས་རྒྱས་ཀྱི་ཞིང་དག་གི་རྒྱ་ཁྱོན་དང་ཕྱོགས་བཅུ་རྣམས་ཀྱི་ཁྱོན་ཅི་ཙམ་ཡོད་པར་གནས་པའི་འགྲོ་བའི་ངན་སོང་གི་སྡུག་བསྔལ་སོགས་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། མངོན་མཐོ་ལྷ་མིའི་བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། འགྲོ་བ་ཐམས་ཅད་ལ་ནི་ངེས་ལེགས་ཀྱི་གོ་འཕང་ལ་འགོད་པའི་ཕན་པར་སྤྱན་པར་བྱའོ། །ས་བཅད་ལྔ་པ་གོ་ཆའི་སྨོན་ལམ་ནི། བྱང་ཆུབ་སྤྱོད་པ་སོགས་རྐང་པ་བཞི་སྟེ། སྔོན་དུ་རང་རྒྱུད་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བའི་ཕྱིན་དྲུག་སོགས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། གཞན་སྨིན་པའི་ཆེད་དུ་ག །དུལ་བྱའི་སེམས་ཅན་གཞན་དག་གི་ཁམས་དང་བསམ་པ་ཤེས་ཏེ་ཐབས་གང་གིས་འདུལ་བར་འགྱུར་བའི་རང་གི་སྤྱོད་པ་དེ་དག་གི་སྤྱོད་པ་དང་མཐུན་པར་འཇུག་འདོད་ཀྱི་གོ་ཆ་གྱོན་ནོ། །འདིར་དེ་དག་གི་སྤྱོད་པ་རང་གི་སྤྱོད་པ་དང་མཐུན་པར་འཇུག་ཅེས་བཤད་པ་ལྟར་ཡང་རུང་ངོ་། །དེ་ལྟ་བུའི་གོ་ཆ་བགོས་ཏེ་གདུལ་བྱ་རྣམས་ལ་བཟང་པོ་དགེ་བའི་སྤྱོད་པ་དག་ནི་རབ་ཏུ་སྟོན་པར་བྱེད་ཅིང་། ཚུལ་དེ་ལྟ་བུས་མ་འོངས་བསྐལ་བ་ཀུན་ཏུ་སྐྱོ་ངལ་མེད་པར་སྤྱོད་པར་གྱུར་ཅིག་ཅེས་སོ། །གཞུང་སྔ་ཕྱི་དེ་དག་གིས་གོ་ཆ་རྣམ་པ་ལྔ་བཤད་ཀྱང་། བསྡུས་ན་སྤྱོད་པ་རྫོགས་པ་དང་། སེམས་ཅན་གྱི་སྤྱོད་པ་དང་མཐུན་པར་འཇུག་པ་དང་། དམ་པའི་ཆོས་བཟང་པོ་སྟོན་པ་གསུམ་དུ་འདུ་བར་བཤད་དོ། །ས་བཅད་དྲུག་པ་སྐལ་མཉམ་གྱི་གྲོགས་དང་འཕྲད་པའི་སྨོན་ལམ་ནི། བདག་གི་སྤྱོད་དང་སོགས་ཚིགས་བཅད་གཅིག་སྟེ། སྔ་མ་དེར་མ་ཟད། སྐྱེ་བ་ཀུན་ཏུ་བདག་གི་སྤྱོད་པ་བཟང་པོ་དང་མཚུངས་པར་གང་གིས་སྤྱོད་པའི་གྲོགས་བཟང་པོ་དེ་དག་དང་ཡང་ན ི་རྟག་ཏུ་འགྲོགས་པར་ཤོག་ཅིག་ཅེས་སོ། །འདི་ལ་ཡང་གི་སྒྲ་ཡོད་མེད་གཉིས་སྣང་ངོ་། །འགྲོགས་ན་ཅི་ཞིག་བྱ་བ་ནི། རང་དང་གྲོགས་རྣམས་ཕན་ཚུན་ལུས་དང་ངག་རྣམས་དང་ནི་སེམས་ཏེ་ཡིད་ཀྱིས་ཀྱང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་དག་དང་སྨོན་ལམ་ཕྱོགས་གཅིག་ཏུ་མཐུན་པར་འཇུག་ཅིག་སྤྱད་པར་ཤོག་ཅིག་ཅེས་སོ། །ས་བཅད་བདུན་པ་དགེ་བའི་བཤེས་གཉེན་དང་འཕྲད་པའི་སྨོན་ལམ་ནི། བདག་ལ་ཕན་པ་སོགས་རྐང་པ་བཞི་སྟེ། སྔ་མ་དེར་མ་ཟད། བདག་དང་འཕྲལ་དང་ཡུན་དུ་ཕན་པར་འདོད་པའི་གྲོགས་པོ་དགེ་བའི་བཤེས་གཉེན་གང་བྱང་ཆུབ་ཀྱི་སྤྱོད་པ་བཟང་པོ་རབ་ཏུ་སྟོན་པར་བགྱི་པ་དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག་ཅིག་ཅེས་སོ། །འཕྲད་ནས་ཀྱང་བཤེས་གཉེན་དེ་དག་གི་ཡིད་ཐུགས་ནི་བདག་གིས་དུས་ནམ་ཡང་མི་དབྱུང་བ་སྟེ་སུན་འབྱིན་པར་མི་བྱེད་པར་ཤོག་ཅིག་ཅེས་སོ། །རྒྱ་འགྲེལ་དག་ལས་ནི་དེ་ལྟར་དུ་བཤད་ལ། ཁ་ཅིག་གྲོགས་ཞེས་པ་དགེ་བའི་བཤེས་ལ་མ་སྦྱར་བར་དེའི་གྲོགས་ལ་སྦྱར་བ་ལྟར་སྣང་ཡང་དོན་མིན་ནོ། །ས་བཅད་བརྒྱད་པ་སངས་རྒྱས་མངོན་དུ་གྱུར་པ་ལ་མཆོད་པར་སྨོན་པ་ནི། སངས་རྒྱས་སྲས་ཀྱི་སོགས་རྐང་པ་བཞི་སྟེ། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བའི་མགོན་པོ་རྒྱལ་བ་རྣམས་ནི་ལྐོག་གྱུར་མིན་པར་མངོན་སུམ་དུ་དུས་རྟག་ཏུ་བདག་གིས་བལྟ་ཞིང་། དེར་མ་ཟད་ཚུལ་དེ་ལྟ་བུས་མ་འོངས་བསྐལ་བ་ཀུན་ཏུ་ཡིད་སྐྱོ་བ་མེད་པར་རྒྱལ་བ་དེ་དག་ལ་ཡང་མཆོད་པ་སྣ་ཚོགས་ཀྱིས་མཆོད་པ་རྒྱ་ཆེར་བགྱི་བར་སྨོན་ནོ། །ས་བཅད་དགུ་པ་དམ་པའི་ཆོས་འཛིན་པར་སྨོན་པ་ནི། རྒྱལ་བ་རྣམས་ཀྱི་སོགས་རྐང་པ་བཞི་སྟེ། རྒྱལ་བ་རྣམས་ཀྱི་ལུང་རྟོགས་ཀྱི་དམ་པའི་ཆོས་ཐམས་ཅད་དང་དེ་དག་གིས་གསུངས་པའི་ལུང་གི་དམ་ཆོས་རྣམས་ནི་མི་བརྗེད་པའི་གཟུངས་ཀྱི་སྒོ་ནས་འཛིན་པར་བྱེད་ཅིང་། བྱང་ཆུབ་ཀྱི་སྤྱོད་པའི་ཁྱད་པར་རྣམས་འགྲོ་བ་གཞན་དག་ལ་འཆད་པའི་སྒོ་ནས་ཀུན་ཏུ་སྣང་བ་སྟེ་རྒྱས་པར་བྱེད་པ་དང་། དེར་མ་ཟད། ཀུན་ཏུ་བཟང་པོའི་སྤྱོད་པ་རྣམས་རྣམ་པར་སྦྱོང་བ་ཡང་སྟེ་དེའི་སྐྱོན་སྤྱོང་བའི་ཚུལ་གྱིས་དག་པར་བྱེད་པར་ཤོག་ཅིག །དེ་ཡང་དུས་ཐུང་ངུ་ཙམ་མ་ཡིན་པར་མ་འོངས་བསྐལ་བ་ཀུན་ཏུ་ཡིད་མི་སྐྱོ་བར་སྤྱད་པར་བགྱི་བར་སྨོན་ནོ། །དམ་པའི་ཆོས་འཛིན་པའི་སྨོན་ལམ་འདི་རྒྱ་ཆེ་སྟེ། རྗེའི་རྟོགས་བརྗོད་ལས། རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་ཞེས་བཤད་ཅིང་། གང་ལས་གསུངས་པ་ཡང་ལྷ་མོ་དཔལ་འཕྲེང་གི་ཞུས་པའི་མདོ་ན་གསལ་ལོ། །ས་བཅད་བཅུ་པ་མི་ཟད་པའི་མཛོད་ཐོབ་པར་སྨོན་པ་ནི། སྲིད་པ་ཐམས་ཅད་སོགས་རྐང་པ་བཞི་སྟེ། སྲིད་པ་གཅིག་ཏུ་མ་ཟད་འདོད་པ་ལ་སོགས་པ་ཁམས་གསུམ་གྱི་སྲིད་པ་ཐམས་ཅད་དུ་ཡང་ལས་དང་སྨོན་ལམ་གྱི་དབང་གིས་འཁོར་ཞིང་སྐྱེ་བ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ནི་མི་ཟད་པ་སྟེ་དཔག་ཏུ་མེད་པ་རྙེད་ཅིང་། བྱང་ཆུབ་ཀྱི་སེམས་དང་གདུལ་བྱ་སྨིན་ཅིང་གྲོལ་བ་ལ་མཁས་པའི་ཐབས་དང་། ཇི་ལྟ་ཇི་སྙེད་ཀུན་རྣམ་པར་འབྱེད་པའི་ཤེས་རབ་ལྷག་མཐོང་གི་ཕྱོགས་ཀྱིས་བསྡུས་པ་དང་། ཇི་ལྟ་བ་དང་ཇི་སྙེད་པ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ཞི་གནས་ཀྱིས་བསྡུས་པ་དང་། རྣམ་པར་ཐར་པ་བརྒྱད་སོགས་དང་བཅས་པའི་ཡོན་ཏན་ཀུན་གྱི་མི་ཟད་པའི་མཛོད་དུ་གྱུར་ཅིག་ཅེས་སོ། །ས་བཅད་བཅུ་གཅིག་པ་འཇུག་པ་དུ་མའི་སྒོ་ནས་སྨོན་པ་ནི། སྐྲ་ཙམ་ཁྱོན་ལ་ཞེས་པ་ནས། ཀུན་གྱི་དྲུང་དུ་བདག་མཆིའོ་ཞེས་པའི་བར་ཚིགས་བཅད་བརྒྱད་དེ། འདི་ལ་བདུན། སངས་རྒྱས་ཀྱི་ཞིང་ལྟ་བ་ལ་འཇུག་པ། སངས་རྒྱས་ཀྱི་གསུང་ལ་འཇུག་པ། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འཇུག་པ། བསྐལ་བ་ཀུན་ཏུ་འཇུག་པ༑ རྒྱལ་བ་ཀུན་ལ་ལྟ་ཞིང་དེ་རྣམས་ཀྱིི་སྤྱོད་ཡུལ་ལ་འཇུག་པ། སངས་རྒྱས་ཀྱི་ཞིང་སྒྲུབ་པ་ལ་འཇུག་པ། སངས་རྒྱས་རྣམས་ཀྱི་དྲུང་དུ་འགྲོ་བ་ལ་འཇུག་པར་སྨོན་པའི་དང་པོ་ནི། རྡུལ་ཕྲ་རབ་གཅིག་གི་སྟེང་སྟེ་གོ་ས་ན་རྡུལ་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་དང་། ཞིང་དེར་གྲངས་མེད་ཅིང་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་རྣམས་ནི་སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའི་འཁོར་གྱི་དབུས་ན་བཞུགས་པ་ལ་མངོན་སུམ་དུ་བལྟ་ཞིང་། དེ་རྣམས་ཀྱི་དྲུང་དུ་བྱང་ཆུབ་ཀྱི་སྤྱད་པ་ཕྱིན་དྲུག་སོགས་སྤྱོད་ཅིང་གནས་པར་བགྱིའོ། །ཚུལ་དེ་ལྟ་བུ་ནི་ཕྱོགས་གཅིག་ཙམ་དུ་མིན་གྱི། དེ་ལྟར་དུ་ཤར་ལ་སོགས་པ་མ་ལུས་པ་ཐམས་ཅད་ཀྱི་ཕྱོགས་སུ་ཡང་སྐྲའི་རྩེ་མོ་ཙམ་གྱི་ཁྱོན་ལ་དུས་གསུམ་གྱི་ཚད་ཇི་སྙེད་ཀྱི་ཡུལ་དུ་སངས་རྒྱས་རྒྱ་མཚོ་ལྟར་མང་ཞིང་མི་ཟད་པ་དང་། སངས་རྒྱས་ཀྱི་ཞིང་རྣམས་ཀྱང་རྒྱ་མཚོའི་ཆུའི་ཕུང་པོ་ལྟར་མང་ཞིང་མི་ཟད་པ་དང་། བསྐལ་བ་རྒྱ་མཚོ་ལྟར་མི་ཟད་མང་ཞིང་མི་ཟད་པའི་བར་དུ་བྱང་ཆུབ་ཀྱི་སྤྱོད་པ་སྤྱོད་ཅིང་། སངས་རྒྱས་ཀྱི་ཞིང་དང་དེ་རྣམས་སུ་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་ལ་བལྟ་བའི་ཚུལ་ལ་རབ་ཏུ་འཇུག་པར་བགྱིའོ། །སངས་རྒྱས་རྒྱ་མཚོ་དང་ཞིང་རྣམས་རྒྱ་མཚོ་ཞེས་པའི་རྒྱ་མཚོ་ནི་མང་ཚིག་ཡིན་པས་རྒྱ་མཚོ་ཁོ་ན་ལ་མི་བཟུང་ཡང་རྒྱ་མཚོའི་ཆུ་དཔེར་མཚོན་པའོ། །འདིར་འགྲེལ་པ་རྣམས་སུ་རྡུལ་གཅིག་གི་སྟེང་དང་སྐྲའི་རྩེ་མོ་ཙམ་གྱི་ཁྱོན་ལ་སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་དེ་སྙེད་ཆུད་མི་ཆུད་ཀྱི་རྩོད་སྤོང་རེ་མཛད་ཀྱང་ཐམས་ཅད་དྲངས་ན་མང་དུ་འགྱུར་དོགས་པས་མཚོན་ཙམ་ནི། མདོ་ལས། བསམ་གཏན་དང་ལས་དང་ཀླུ་དང་སངས་རྒྱས་ཀྱི་མཐུ་སྟེ་བསམ་གྱིས་མི་ཁྱབ་པ་བཞི་དང་། ཆོས་ཉིད་དང་སྨོན་ལམ་དང་མོས་པའི་མཐུ་བསམ་གྱིས་མི་ཁྱབ་པའི་ཚུལ་ཡང་བཤད་པས། སོ་སྐྱེའི་བློ་ཡུལ་ན་རྡུལ་གཅིག་གི་སྟེང་ན་རྡུལ་ཇི་སྙེད་ཀྱི་སངས་རྒྱས་དང་དེའི་ཞིང་དེ་སྙེད་ཆུད་དཀའ་བ་བདེན་མོད། འཕགས་ཆེན་དབང་ཐོབ་པ་རྣམས་དང་། བསམ་གྱིས་མི་ཁྱབ་པའི་མཐུ་བཞི་ལ་སོགས་པའི་དབང་དུ་བྱས་ན་མི་འགལ་ཞིང་། འཇིག་རྟེན་ནའང་སྣོད་ཆུང་ངུའི་ཆུའི་ནང་དུ་ཉི་ཟླ་རྒྱུ་སྐར་དང་རིའི་གཟུགས་བརྙན་དག་ཀྱང་ཆུད་པར་མཐོང་བ་བཞིན་ནོ། །དེར་མ་ཟད། ཕལ་པོ་ཆེ་སོགས་ཀྱི་མདོ་ལས་ཀྱང་གསལ་ལ། དཔལ་ལྡན་ཟླ་བས་ས་བཅུ་པའི་མདོ་ནས་བཤད་པའི་དོན་འཆད་པ་ན། དབུ་མ་འཇུག་པ་ལས། ས་བཅུ་པའི་གནས་སྐབས་སུ་ཡང་། བ་སྤུའི་ཁུང་བུར་བྱང་སེམས་ཉན་རང་དང་། །ལྷན་ཅིག་རྫོགས་སངས་རྒྱས་སྐུ་གྲངས་འདས་དང་། །དེ་བཞིན་ལྷ་དང་ལྷ་མིན་མི་དག་ཀྱང་། །སྐད་ཅིག་རེ་རེ་ལ་ནི་སྟོན་པར་ནུས། །ཞེས་གསུངས་ཤིང་། སངས་རྒྱས་ཀྱི་ཡོན་ཏན་འཆད་པའི་སྐབས་སུ་ཡང་དེ་ཉིད་ལས། དག་པ་འདི་ནི་བཞེད་པ་འཇུག་པ་ཡིས། ། རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་དང་། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །ཞེས་དང་། དེ་བཞིན་དུ་བ་སྤུའི་ཁུང་བུ་གཅིག་ལའང་སངས་རྒྱས་བྱང་སེམས་ཉན་རང་སོགས་དང་སྔོན་གྱི་སྤྱོད་པའི་གནས་སྐབས་ཇི་སྙེད་བྱུང་བ་རྣམས་ཅི་འདྲ་བ་དེ་ལྟ་བུ་དུས་གཅིག་ཏུ་གསལ་བར་སྟོན་ནུས་པ་ཡིན་ཏེ། དེ་ཉིད་ལས། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །ཞེས་པ་ནས། ཐམས་ཅད་བ་སྤུའི་ཁུང་བུར་གཅིག་ཚེ་སྟོན། །ཞེས་གསུངས་པ་ལྟར་རོ། །འདི་ལྟ་བུ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ་རྣམས་ཀྱིས་ཀྱང་ནུས་ཤིང་། ཁྱད་པར་དུ་ཀུན་ཏུ་བཟང་པོ་ནི་ཚུལ་འདི་ལ་དབང་བ་རྣམས་ཀྱི་རྒྱལ་པོར་བཤད་དོ། །གཉིས་པ་ནི། སངས་རྒྱས་ཀྱི་གསུང་གཅིག་གི་ཡན་ལག་སྟེ་གསུང་གཅིག་ཉིད་ཀྱི་ཆ་ཤས་ཀྱང་གདུལ་བྱ་རྣམས་ཀྱིས་གོ་ཚུལ་ཐ་དད་པ་རྒྱ་མཚོ་ལྟར་མང་བའི་སྒྲ་སྐད་དུ་འགྱུར་བ་ཉིད་ཀྱི་ཚུལ་དེ་ལྟ་བུའི་སྒོ་ནས། རྒྱལ་བ་ཀུན་གྱི་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་འགྲོ་བ་ཀུན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་འབྱུང་བའི་སངས་རྒྱས་ཀྱི་གསུང་དབྱངས་ཀུན་ཐོགས་པ་མེད་པར་ཤེས་པ་ལ་དུས་རྟག་ཏུ་འཇུག་པར་བགྱིའོ། །འདིར་ཀླུ་སྒྲུབ་ཀྱི་འགྲེལ་པ་ལས། མོས་པ་སྣ་ཚོགས་ཅན་གྱི་ནི། །འཁོར་མང་རྣམས་ནི་གནས་པ་ལས། །གསུང་གཅིག་བཀའ་ནི་བསྩལ་པ་ན༑ ༑གསུང་རྣམས་དུ་མར་སོར་འགྱུར་ཞིང་། །ང་ཡི་ཆེད་དུ་ཡིན་ནོ་ཞེས། །སྐྱེ་བོ་ཀུན་གྱི་རྟོགས་འགྱུར་གང་། །འདི་ལས་ཆེས་རྨད་ཅི་ཡོད་དོ། །འདི་ལས་ཆེས་མཚར་ཅི་ཞིག་ཡོད། །ཅེས་དྲངས་པ་དང་། ཕྱོགས་གླང་གི་འགྲེལ་པར་ཡང་། འཁོར་བར་འཁོར་བ་མང་པོ་རྣམས། །དད་པའི་རྣམ་པ་སྣ་ཚོགས་ལ། །གསུང་གཅིག་ཏུ་ནི་བཤད་མོད་ཀྱི། །དུ་མའི་རྣམ་པར་གོ་བར་འགྱུར། །ཞེས་དྲངས་ཏེ། འགྲེལ་པ་གཞན་ལས་ཀྱང་ངོ་། །སངས་རྒྱས་ལ་གསུང་ཡན་ལག་དྲུག་ཅུ་དང་དྲུག་ཅུ་རྩ་བཞིར་ཡང་བཤད་ཅིང་། དེར་མ་ཟད་གསུང་དབྱངས་ཡན་ལག་རེ་རེ་ལའང་དྲུག་ཅུ་རྩ་བཞི་རེ་མ་ཚང་བ་མེད་པར་འབྱུང་སྟེ། བསྟོད་སྤྲིན་རྒྱ་མཚོ་ལས། དེ་ལྟར་བཞི་ཡིས་ལྷག་པའི་དྲུག་ཅུའི་དབྱངས། །གསུང་གཅིག་ཉིད་ལའང་མ་ཚང་མེད་པར་ནི། །ཇི་སྲིད་ནམ་མཁའི་མཐས་ཁྱབ་དེ་སྲིད་དུ། །སྐལ་ལྡན་རྣ་བའི་ལམ་དུ་བདེ་བ་སྟེ། །ཞེས་གསུངས་པ་ལྟར་ཏེ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོའི་དོན་ནོ། །གསུམ་པ་ནི། དེར་མ་ཟད། འདས་མ་འོངས་ད་ལྟའི་དུས་གསུམ་དུ་བྱོན་པ་དང་གཤེགས་པར་འགྱུར་བའི་རྒྱལ་བ་ཐམས་ཅད་དག་ལ་སེམས་ཅན་རྣམས་ཀྱི་ཆེད་དུ་ཆོས་ཀྱི་འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བར་མཛད་པ་ཡི་སངས་རྒྱས་དེ་དག་གི་ཡང་གསུང་དབྱངས་མི་ཟད་པར་འབྱུང་བ་ལ། སྐད་ཅིག་རེ་རེ་དང་ཡང་ཡང་ཉན་ནུས་པའི་བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག་པར་བགྱིའོ། །སྔ་མ་ནི་སངས་རྒྱས་གཅིག་གི་གསུང་གི་ཆ་ཤས་རྣམས་དང་། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཆ་ཤས་རྣམས་ལ་འཇུག་པར་སྨོན་པའོ། །བཞི་པ་ནི། དུས་གཅིག་ཏུ་འཇུག་ནུས་པ་དེར་མ་ཟད། མ་འོངས་པའི་བསྐལ་བ་ཐམས་ཅད་དུ་དེ་ལྟར་དུ་འཇུག་པར་འགྱུར་ཞིང་། དེ་ཡང་རིང་དུ་མི་ཐོགས་པར་དུས་སྐད་ཅིག་མ་གཅིག་གིས་མྱུར་དུ་ཐོས་པར་བདག་ཀྱང་འཇུག་པར་བགྱིའོ། །བསྐལ་བ་ལ་བར་གྱི་བསྐལ་བ་དང་བསྐལ་བ་ཆེན་པོ་གཉིས་ཡོད་ཅིང་། བར་བསྐལ་བརྒྱད་ཅུའི་ཡུན་བསྡོམས་པས་བསྐལ་བ་ཆེན་པོ་གཅིག་གོ །དེ་ལྟ་བུའི་མ་འོངས་པའི་བསྐལ་བར་མ་ཟད། གང་ཡང་དུས་གསུམ་གའི་ཚད་ཀྱི་བསྐལ་བ་དེ་དག་ཐམས་ཅད་སྐད་ཅིག་མ་གཅིག་གི་ཆ་ཤས་སུ་བསྒྱུར་བའི་སྟོབས་ཀྱིས་ནི་ཞུགས་པ་སྟེ་འཇུག་ནུས་པར་སྤྱད་པར་སྨོན་ནོ། །འདི་ནི་སྨོན་ལམ་ཡིན་ཀྱང་དབང་ཐོབ་པ་རྣམས་ཀྱིས་སྐད་ཅིག་བསྐལ་བར་བསྒྱུར་བ་དང་། བསྐལ་བ་ཡང་སྐད་ཅིག་ཏུ་བསྒྱུར་ནུས་པར་བཤད་དོ། །ལྔ་པ་ནི། དུས་གསུམ་དུ་སེམས་ཅན་གྱི་དོན་དུ་བྱོན་གཤེགས་མཛད་པའི་མི་ཡི་སེངྒེ་སངས་རྒྱས་བཅོམ་ལྡན་འདས་གང་ཡིན་པ་དེ་དག་ཐམས་ཅད་ལ། དུས་མྱུར་བར་སྐད་ཅིག་མ་གཅིག་ལ་བདག་གིས་མངོན་སུམ་དུ་བལྟ་ཞིང་། རྟག་ཏུ་སྟེ་རྒྱུན་དུ་སངས་རྒྱས་དེ་དག་གི་ནི་སྐུ་གསུང་ཐུགས་ཀྱིི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཚུལ་ལ། ཆོས་རྣམས་བདེན་སྟོང་སྒྱུ་མ་ལྟར་ཤེས་པར་གྱུར་པའི་ཏིང་ངེ་འཛིན་ཟབ་མོའི་རྣམ་པར་ཐར་པའི་སྟོབས་ཀྱིས་འཇུག་པར་བགྱིའོ། །སྒྱུ་མར་གྱུར་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འ ཛིན་ལ་བཤད་ཀྱང་རུང་ངོ་། །དྲུག་པ་ནི། གང་ཡང་དུས་གསུམ་པོ་དག་གི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བསྒོམས་པ་དང་མོས་པའི་སྟོབས་ཀྱིས་རྡུལ་ཕྲ་རབ་གཅིག་གི་སྟེང་ན་མངོན་པར་བསྒྲུབ་པར་བྱར་ནུས་པར་སྨོན་ལ། དེ་ཡང་ཡུལ་དུས་ཕྱོགས་གཅིག་ཙམ་མ་ཡིན་པར་ཚུལ་དེ་ལྟར་ཤར་ལ་སོགས་པའི་ཕྱོགས་རྣམས་མ་ལུས་པ་ཐམས་ཅད་དུ་ཡང་རྒྱལ་བ་དག་གི་ཞིང་རྣམས་ཀྱི་བཀོད་པ་སྒྲུབ་པ་ལ་འཇུག་པར་སྨོན་ནོ། །དེ་ལྟ་བུ་ནུས་མི་ནུས་ཀྱི་དོགས་གཅོད་ནི་གོང་གི་རྡུལ་གཅིག་སྟེང་ན་ཞེས་སོགས་ཀྱི་སྐབས་སུ་བཤད་པ་བཞིན་ཏེ་འགྲེལ་པ་དག་ལས་ཀྱང་དོགས་སེལ་ཏེ་མཛད་དོ། །བདུན་པ་ནི། གང་ཡང་མ་བྱོན་པའི་སངས་རྒྱས་འཇིག་རྟེན་གྱི་སྒྲོན་མེར་གྱུར་པ་དེ་དག་རྣམས་རིམ་པར་ཏེ་རིམ་གྱིས་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སྐུ་མྱ་ངན་ལས་འདས་པ་རབ་ཏུ་ཞི་བར་གཤེགས་པའི་མཐའ་སྟོན་པའི་ཚུལ་མཛད་པའི་མགོན་པོ་སངས་རྒྱས་ཀུན་གྱི་དྲུང་དུ་བདག་རྫུ་འཕྲུལ་གྱིས་མཆི་བ་སྟེ་འགྲོ་བར་སྨོན་ནོ། །འདི་དག་གིས་མཚོན་ནས་མཛད་པ་བཅུ་གཉིས་སྟོན་པའི་སྐབས་ཐམས་ཅད་དུ་འགྲོ་བར་སྨོན་པ་འགྲེལ་པ་རྣམས་ལས་བཤད་དོ། །ས་བཅད་བཅུ་གཉིས་པ་སྟོབས་ཀྱི་སྒོ་ནས་སྨོན་པ་ནི། ཀུན་ཏུ་མྱུར་བའི་སོགས་ཚིགས་བཅད་གཉིས་སོ། །འདི་ལ་བཅུ་སྟེ། མྱུར་བའི་སྟོབས་དང་། ཐེག་པའི་སྟོབས་དང་། ཡོན་ཏན་གྱི་སྟོབས་དང་། བྱམས་པའི་སྟོབས་དང་། བསོད་ནམས་ཀྱི་སྟོབས་དང་། ཡེ་ཤེས་ཀྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཐབས་ཀྱི་སྟོབས་དང་། བྱང་ཆུབ་ཀྱི་སྟོབས་རྣམས་ལས། དང་པོ་ནི། གང་འདོད་པའི་གནས་དེ་དང་དེར་ཐོགས་མེད་ཡུད་ཙམ་གྱིས་བགྲོད་ནུས་པའི་ཀུན་ཏུ་མྱུར་བའི་རྫུ་འཕྲུལ་གྱི་སྟོབས་རྣམས་དང་། གཉིས་པ་སེམས་ཅན་ཐམས་ཅད་ལ་ཀུན་ནས་ཕན་པའི་སྒོར་གྱུར་པའི་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡི་ཐེག་པ་ཆེན་པོའི་ལྷག་བསམ་གྱི་སྟོབས་རྣམས་དང་། གསུམ་པ་དུས་ཀུན་ཏུ་བཟང་པོའི་ཡོན་ཏན་ལ་སྤྱོོད་པའི་སྟོབས་རྣམས་དང་། བཞི་པ་དུས་ཀུན་ཏུ་སེམས་ཅན་ལ་ཕན་བདེའི་བསམ་པས་ཁྱབ་པའི་བྱམས་པ་དག་གི་སྟོབས་དང་། ལྔ་པ་དུས་སམ་ཚེ་རབས་ཀུན་ནས་བྱས་པའི་དགེ་བའི་བསོད་ནམས་ཀྱི་སྟོབས་རྣམས་དང་། དྲུག་པ་ཤེས་བྱ་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་མེད་པར་གྱུར་པའི་ཡེ་ཤེས་ཀྱི་སྟོབས་དང་། བདུན་པ་ཟབ་མོའི་དོན་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་སྟོབས་དང་། བརྒྱད་པ་སེམས་ཅན་གྱི་དོན་སྒྲུབ་པ་ལ་མཁས་པའམ་ཐབས་ཀྱི་སྟོབས་དང་དགུ་པ་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྟོབས་དག་གིས་ནི་བཅུ་པ་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་སྟོབས་རྣམས་ཡང་དག་པར་སྒྲུབ་པར་བྱེད་པར་སྨོན་ནོ། །ས་བཅད་བཅུ་གསུམ་པ་མི་མཐུན་ཕྱོགས་སེལ་ཞིང་སྒྲུབ་པའི་སྟོབས་ཀྱི་སྒོ་ནས་སྨོན་པ་ནི། ལས་ཀྱི་སྟོབས་རྣམས་སོགས་རྐང་པ་བཞི་སྟེ། འཁོར་བར་འཕེན་པའི་ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་པར་བྱེད་ཅིང་། སྒོ་གསུམ་གྱིས་བྱས་པའི་ཉོན་མོངས་པའི་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད་པ་དང་། བྱང་ཆུབ་ལ་བར་དུ་གཅོད་པའི་བདུད་ཀྱི་སྟོབས་རྣམས་ཀྱི་སྟོབས་མེད་པར་རབ་ཏུ་བྱེད་ཅིང་། དེ་ལྟ་བུའི་མི་མཐུན་ཕྱོགས་ཀྱི་སྟོབས་གསུམ་པོ་དེ་ཞི་བར་བྱས་པའི་སྒོ་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་ཕུན་སུམ་ཚོགས་པའི་སྟོབས་ནི་རྫོགས་པར་བགྱི་བར་སྨོན་ནོ། །སྐབས་འདིར་འགྲེལ་པ་རྣམས་ལས་ལས་ཀྱི་སྒྲིབ་པ་རྣམས་འདག་པའི་སྨོན་ལམ་བཏབ་པས་ལས་སྒྲིབ་འདག་པའི་ཚུལ་ལ་དོགས་གཅོད་འགའ་རེ་མཛད་པའི་ཚིག་རྣམས་དྲངས་ན་མང་བར་འགྱུར་བས་དོན་མདོར་བསྡུས་ན། ལས་སྒྲིབ་འདག་པའི་སྨོན་ལམ་བཏབ་པ་ཙམ་གྱིས་དེ་ཇི་ལྟར་འདག་པར་འགྱུར་ཞེ་ན། དེའི་ཚུལ་ནི། དེ་ལྟར་སྨོན་ལམ་འདེབས་པ་ནི་སྡིག་པའི་ལས་ལ་འགྱོད་སེམས་ཀྱིས་བཤགས་པ་བྱེད་པ་དང་འདྲ་བ་ཡིན་པས་སུན་འབྱིན་པའི་སྟོབས་ཡོད་ལ། དེ་ཡང་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ཀྱིས་ཟིན་ན་རྟེན་གྱི་སྟོབས་ཚང་ཞིང་། དེའི་ཚེ་སྡིག་པའི་ལས་སོགས་ཆོས་རྣམས་རང་བཞིན་གྱིས་སྟོང་ཞིང་སྒྱུ་མ་ལྟ་བུར་ཤེས་པ་ཡོད་ན་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཁྱད་པར་ཅན་ཡོད་པས་སྟོབས་གསུམ་དང་། ཉེས་པ་ལས་ལྡོག་འདོད་ཡོད་ན་སླར་ལྡོག་པའི་སྟོབས་འབྱུང་བས་སྟོབས་བཞི་ཚང་བར་འགྱུར་ཏེ། སྟོབས་བཞི་པོ་དེ་སྡིག་པའི་གཉེན་པོ་ཡོངས་སུ་རྫོགས་པ་ཡིན་པའི་ཕྱིར་ལས་སྒྲིབ་རྣམས་ཟད་པར་འགྱུར་རོ། །སྡིག་པའི་ལས་འདག་པའི་ཐབས་མང་ཡང་གཙོ་བོ་ནི་སྡིག་ལས་སོགས་ཆོས་ཀུན་གདོད་མ་ནས་རང་བཞིན་གྱིས་སྟོང་པ་སྒྱུ་མ་ལྟ་བུར་ཤེས་པ་འདི་ཉིད་ཡིན་ཏེ། དཀོན་བརྩེགས་ལས། འོད་སྲུང་གལ་ཏེ་སེམས་ཅན་ལ་ལ་ཞིག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཁ་ན་མ་ཐོ་བ་ཆེན་པོ་འདི་དག་དང་ལྡན་པར་གྱུར་ལ། དེ་ཡང་དེ་བཞིན་གཤེགས་པའི་ཆོས་བསྟན་པ་རྒྱུ་རྐྱེན་དུ་ལྡན་པ་ལ་འཇུག་སྟེ། འདི་ལ་གང་ཞིག་བྱེད་པའམ། གང་གིས་མྱོང་བར་བྱེད་པའི་ཕྱིར་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་ནི་འགའ་ཡང་མེད་དོ་སྙམ་ཞིང་། དེ་ལྟར་ཆོས་ཐམས་ཅད་བཅོས་བུ་ཉིད་དང་། མངོན་པར་འདུ་མ་བྱས་པ་ཉིད་དང་། ཀུན་ནས་ཉོན་མོངས་པ་མེད་པ་ཉིད་དང་། སྒྱུ་མའི་ཆོས་ཉིད་དང་། རང་བཞིན་གྱིས་འོད་གསལ་བ་ཉིད་ལ་འཇུག་ཅིང་། ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པ་ཉིད་ལ་མངོན་པར་དད་པར་བྱེད། ལྷག་པར་མོས་པར་བྱེད་ན་སེམས་ཅན་དེ་ངན་སོང་དུ་འགྲོ་བར་ང་མི་སྨྲའོ་ཞེས་གསུངས་པ་བཞིན་གཞུང་གཞན་དུ་མ་ལས་ཀྱང་བཤད་དོ། །ལུང་འདིའི་ཁ་ན་མ་ཐོ་བ་ཆེན་པོ་ཞེས་པས་མཚམས་མེད་ཀྱི་ལས་ལྔ་ལྟ་བུ་ཡང་ཚུལ་དེས་སྦྱོང་ནུས་པར་བསྟན་ཅིང་། ཁྱད་པར་དུ་གང་ཞིག་བྱེད་པའམ་ཞེས་པས་ལས་དང་། གང་གིས་མྱོང་བར་བྱེད་པའི་བདག་གམ་ཞེས་པས་ལས་བྱེད་པ་པོ་རང་བཞིན་གྱིས་སྟོང་པར་ཤེས་དགོས་པར་བསྟན་ཏེ་གལ་ཤིན་ཏུ་ཆེའོ། །དེའི་དོན་བསྡུས་ན་ལས་བྱེད་པའི་བདག་རང་བཞིན་གྱིས་སྟོང་སྟེ། བདག་ནི་ཕུང་པོའི་སྟེང་དུ་བཏགས་པ་ཙམ་མ་གཏོགས་རང་དབང་གིས་མ་གྲུབ་ལ། ལས་ཀྱང་འདས་པ་རྣམས་ཞི་གནས་ད་ལྟ་མེད། མ་འོངས་པ་རྣམས་ནི་ད་ལྟ་མ་སྐྱེས་ཤིང་མ་བྱུང་། ད་ལྟ་བ་རྣམས་ཀྱང་སྐད་ཅིག་གིས་འཇིག་པར་འགྱུར་པས་རྟག་པར་གནས་པར་མི་ནུས་ཤིང་། འབྲས་བུ་འབྱིན་པའི་བར་དུ་མི་སྡོད་ཀྱང་སྒྱུ་མ་ལྟ་བུའི་ཚུལ་གྱིས་འབྱིན་པའི་རྟག་ཆད་དང་བྲལ་བའི་ཚུལ་ཤེས་དགོས་ཏེ་མཚོན་ཙམ་མོ། །སྤྱིར་སྨོན་ལམ་འདེབས་པ་ཙམ་ནི་དོན་དེ་བཞིན་དུ་འགྲུབ་སྲིད་པའི་ངེས་པ་མེད་དེ། བྱང་ཆུབ་སེམས་དཔའ་གཅིག་གིས་ཀྱང་སེམས་ཅན་ཐམས་ཅད་བདག་ཁོ་ནས་སྡུག་བསྔལ་ལས་ཐར་པར་བྱས་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་ཤོག་ཅེས་པ་ལྟ་བུས་མཚོན་ནས་འདེབས་ཚུལ་མང་དུ་འབྱུང་ལ། དེ་ལྟ་བུའི་སྨོན་ལམ་དེ་འགྲུབ་མི་འགྲུབ་གང་ཡིན་ཀྱང་ཕན་ཡོན་ཤིན་ཏུ་ཆེའོ། །ས་བཅད་བཅུ་བཞི་པ་ལས་ཀྱི་སྒོ་ནས་སྨོན་པ་ནི། ཞིང་རྣམས་རྒྱ་མཚོ་སོགས་ཚིགས་བཅད་གཉིས་ཏེ། སངས་རྒྱས་ཀྱི་ཞིང་རྒྱ་མཚོ་རྣམས་ནི་གསེར་གྱི་ས་གཞི་ལ་རིན་ཆེན་ཨིནྡྲ་ནཱི་ལ་སོགས་ཀྱིས་སྤྲས་པའི་ཚུལ་དུ་རྣམ་པར་དག་པར་བྱེད་ཅིང་། སེམས་ཅན་རྒྱ་མཚོ་དག་ནི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་རྣམ་པར་གྲོལ་བར་བྱེད་པ་དང་། ལུང་རྟོགས་ཀྱིས་བསྡུས་པའི་དམ་པའི་ཆོས་རྣམས་རྒྱ་མཚོ་ནི་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་རབ་ཏུ་མཐོང་བར་བྱེད་ཅིང་། ཤེས་བྱའི་རབ་དབྱེ་ཇི་སྙེད་པ་རྣམས་ཁོང་དུ་ཆུད་པའི་ཡེ་ཤེས་རྒྱ་མཚོ་ནི་རབ་ཏུ་རྟོགས་པ་སྟེ་ཐོབ་པར་བྱེད་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་རྣམས་རྣམ་པར་དག་པར་བྱེད་ཅིང་། གཞན་ཕན་གྱི་སྨོན་ལམ་རྒྱ་མཚོ་རྣམས་ནི་རབ་ཏུ་རྫོགས་པར་བྱེད་པ་དང་། སངས་རྒྱས་རྒྱ་མཚོ་ལྟར་མང་བ་རྣམས་ནི་རབ་ཏུ་མཆོད་པར་བྱེད་ཅིང་། གོང་གི་དེ་ཐམས་ཅད་སྒྲུབ་པའི་ཆེད་དུ་བསྐལ་བ་རྒྱ་མཚོར་ཡིད་མི་སྐྱོ་བར་སྤྱད་པར་བགྱི་བར་སྨོན་ནོ། །རྒྱ་མཚོ་ཞེས་པ་རྣམས་ནི་ཤིན་ཏུ་མང་བར་མཚོན་པའོ། །ས་བཅད་བཅོ་ལྔ་པ་རྗེས་སུ་སློབ་པ་ཡོངས་སུ་ཕྱེ་བའི་སྒོ་ནས་སྨོན་པ་ནི། སངས་རྒྱས་རྒྱ་མཚོ་སོགས་ཚིགས་བཅད་བཞི་སྟེ། འདི་སངས་རྒྱས་ཀྱི་རྗེས་སུ་སློབ་པ་དང་། བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པར་སྨོན་པའོ། །དང་པོ་ནི། སངས་རྒྱས་གང་ཡང་དུས་གསུམ་དུ་བྱོན་གཤེགས་མཛད་པའི་རྒྱལ་བ་ཇི་སྙེད་ཡོད་པ་ཡི་བྱང་ཆུབ་ཀྱི་ཕྱིར་སྤྱོད་པའི་སྨོན་ལམ་མཐའ་ཡས་པའི་བྱེ་བྲག་སྟེ་ཁྱད་པར་ཇི་སྙེད་མཛད་པ་རྣམས་ཀྱི་དེ་ཀུན་མ་ལུས་པར་བདག་གིས་རྫོགས་པར་བགྱིའོ། །དུས་ནམ་གྱི་ཚེ་ཞེ་ན། བཟང་པོ་དགེ་བའི་སྤྱོད་པ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་སོ། །གཉིས་པ་ལ་གཉིས། ཀུན་ཏུ་བཟང་པོ་དང་། འཇམ་དཔལ་གྱི་རྗེས་སུ་སློབ་པར་སྨོན་པའོ། །དང་པོ་ནི། རྒྱལ་བ་ཀུན་གྱི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ནས་ཡོན་ཏན་གྱི་སྒོ་ནས་གཙོ་བོ་དང་མཆོག་ཏུ་སོན་པའི་ཕྱིར་བུ་ཐུ་བོར་གྱུར་པ་གང་གི་མིང་ནི་ཀུན་ཏུ་བཟང་པོ་ཞེས་བྱ་བར་ཕྱོགས་རྣམས་སུ་གྲགས་པའི་མཁས་པ་དེ་དང་མཚུངས་པར་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་བྱ་བའི་ཕྱིར་དུ་གོང་དུ་སྨོན་ལམ་བཏབ་པའི་དགེ་བས་མཚོན་པའི་དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ་བར་བགྱིའོ། །ཀུན་ཏུ་བཟང་པོ་དེས་ཇི་ལྟར་བསྔོས་སྙམ་ན། དེས་ནི་སྒོ་གསུམ་གྱི་སྐྱོན་ཐམས་ཅད་དང་བྲལ་བའི་སྒོ་ནས་སྐད་ཅིག་གཅིག་ལ་ལུས་གཅིག་གིས་ཀྱང་སངས་རྒྱས་ཀྱི་ཞིང་ཀུན་དང་། ལུས་གྲངས་མེད་པས་ཞིང་དུ་མ་ཅིག་ཅར་འགེང་བར་མཛད་པའི་ལུས་རྣམ་པར་དག་པ་དང་། གསུང་དབྱངས་གཅིག་གིས་ཀྱང་འགྲོ་བ་རྣམས་ཀྱི་སྐད་དང་མཐུན་པར་ཆོས་སྟོན་ནུས་པའི་ངག་རྣམ་པར་དག་པ་དང་། དེ་གཉིས་སུ་མ་ཟད། སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཡིད་ཀྱང་རྣམ་པར་དག་པར་གྱུར་ཅིང་། ཕྱིན་དྲུག་ལ་སོགས་པའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་ཀྱང་སྐྱོན་གྱིས་རྣམ་པར་དག་པ་དང་། རང་ཉིད་གང་དུ་འཚང་རྒྱ་བ་དང་འཚང་རྒྱ་བའི་ཚུལ་སྟོན་པའི་ཞིང་རྣམས་ཀྱང་བདེ་བ་ཅན་ནམ་མངོན་པར་དགའ་བ་དང་དེ་དག་ལས་ཀྱང་ཆེས་ལྷག་པའི་ཞིང་ཡོངས་སུ་དག་པར་འགྱུར་བར་བསྔོས་ཤིང་། དེ་ལྟ་བུའི་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྲགས་པའི་མཁས་པ་ཅི་འདྲ་བ་དེ་འདྲ་བར་བདག་ཀྱང་དེ་དང་མཚུངས་པར་ཤོག་ཅིག །འདིར་ཤཱཀྱ་བཤེས་གཉེན་གྱི་འགྲེལ་པར་བྱང་ཆུབ་སེམས་དཔའ་ལ་འདོད་ཆེན་པ་དང་འདོད་ཆེན་པ་མ་ཡིན་པ་གཉིས་ལས། འདོད་ཆེན་པ་ནི་རང་ཉིད་མྱུར་དུ་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་སྨོན་ལམ་འདེབས་པ་སྟེ་བྱམས་པ་ལྟ་བུ་དང་། འདོད་ཆེན་པ་མ་ཡིན་པ་ནི་ཚོགས་རྫོགས་ཀྱང་འཚང་མི་རྒྱ་བར་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་པའི་རྗེས་སུ་རང་ཉིད་འཚང་རྒྱ་བར་སྨོན་པ་ཀུན་ཏུ་བཟང་པོ་ལྟ་བུར་བཤད་པ་ནི། འཇམ་དཔལ་གྱི་ཞིང་གི་བཀོད་པའི་མདོ་ལས། བྱམས་པ་ནི་འདོད་ཆེན་པ་དང་འཇམ་དཔལ་འདོད་ཆེན་པ་མ་ཡིན་པའི་བྱང་སེམས་སུ་བཤད་པའི་རྗེས་སུ་འབྲང་བར་སྣང་ཡང་། དེ་ནི་ཐུན་མོང་བ་ཕར་ཕྱིན་ཐེག་པའི་ལུགས་ཏེ་རང་ལུགས་དངོས་པོའི་གནས་ཚོད་ལ་ནི་ཀུན་བཟང་འཇམ་དབྱངས་གཉིས་སངས་རྒྱས་ཟིན་ཀྱང་བྱང་ཆུབ་སེམས་དཔའི་ཚུལ་བཟུང་བ་ལ་འཆད་དགོས་པར་ཁོ་བོས་ལུང་རིགས་དུ་མས་བསྒྲུབ་ནུས་ཏེ་བཞག་གོ །མདོ་ལུགས་ལྟར་ནའང་མདོ་དེ་ཉིད་ལས་འཇམ་དཔལ་གྱིས་སྟོབས་བཅུ་རྫོགས་པར་བཤད་པ་སོགས་ལས་དོན་གྱིས་སངས་རྒྱས་པར་བསྟན་ཏེ་ཅུང་ཟད་ཙམ་སྦས་སོ། །གཉིས་པ་ནི། དུས་དང་སྒོ་ཀུན་ནས་དགེ་བའི་སྤྱོད་པ་བཟང་པོ་སྤྱད་པར་བྱ་བའི་ཕྱིར་དུ་འཕགས་པ་འཇམ་དཔལ་གྱི་ནི་སྨོན་ལམ་ཅི་འདྲ་བ་དེ་འདྲ་བ་སྤྱད་པར་བགྱིའོ། །དུས་ཇི་སྲིད་དུ་ན་མ་འོངས་བསྐལ་བ་ཀུན་ཏུ་ཡིད་མི་སྐྱོ་བའི་ཚུལ་གྱིས་སོ། །སྤྱོད་པ་ཕྱོགས་གཅིག་ཙམ་མམ་སྙམ་ན་མ་ཡིན་ཏེ། འཇམ་དཔལ་དེ་ཡི་མཛད་པའི་བྱ་བ་མ་ལུས་པ་ཐམས་ཅད་རྫོགས་པར་བགྱིའོ། །འདིར་ཁ་ཅིག་ལམ་གྱི་བྱ་བ་སྤྱིར་བཤད་ཀྱང་བརྟག །འཇམ་དཔལ་གྱི་སྨོན་ལམ་དེ་གང་ཞེ་ན། འཇམ་དཔལ་སྔོན་རྒྱལ་པོ་ནམ་མཁར་གྱུར་པའི་ཚེ། འཁོར་བ་མཐའ་མ་མེད་པ་ཡི། །སྔོན་གྱི་མཐའ་མ་ཇི་སྲིད་པ། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བགྱི། །ཞེས་སོགས་སྨོན་ལམ་རྒྱ་ཆེར་མཛད་པ་ལྟར་རོ། །ས་བཅད་བཅུ་དྲུག་པ་བསྡུ་བའི་སྒོ་ནས་སྨོན་པ་ནི། སྤྱོད་པ་དག་ནི་ཞེས་སོགས་རྐང་པ་བཞི་སྟེ། བདག་གིས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པའི་སྤྱོད་པ་དག་གི་མཐའ་ནི་འདི་ཙམ་མོ་ཞེས་ཚད་བཟུང་དུ་ཡོད་པར་མ་གྱུར་ཅིག །དེ་བཞིན་དུ་མངོན་ཤེས་རྫུ་འཕྲུལ་ཏིང་འཛིན་གཟུངས་སྤོབས་སོགས་ཀྱི་ཡོན་ཏན་རྣམས་ཀྱང་ཚད་བཟུང་དུ་མེད་པར་ཤོག་ཅིག །དེ་ལྟར་སྤྱོད་པ་དང་ཡོན་ཏན་ཚད་མེད་པ་ལ་གནས་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྫུ་འཕྲུལ་ལ་སོགས་པའི་རྣམ་པར་འཕྲུལ་པ་ཐམས་ཅད་འཚལ་བ་སྟེ་ཤེས་ཤིང་ཐོབ་པར་བགྱིའོ། །འདིར་འས་ཕུལ་བའི་ཁ་འཁྲུལ་དུ་བྲིས་པ་ནི་ཡིག་ནོར་རོ། །གཉིས་པ་སྨོན་ལམ་ཇི་ཙམ་དུ་འདེབས་པའི་ཚད་ནི། ནམ་མཁའི་མཐར་ཐུག་སོགས་རྐང་པ་བཞི་སྟེ། བཟང་པོ་སྤྱོད་པའི་སྨོན་ལམ་ཚད་ཇི་ཙམ་དུ་འདེབས་སྙམ་ན། ནམ་མཁའི་མཐར་ཐུག་པ་མེད་པར་གྱུར་པའི་ཚད་ཇི་ཙམ་པ་དེ་ལྟ་བུ་དང་། སེམས་ཅན་མ་ལུས་པའི་གྲངས་ཀྱི་མཐའ་མེད་པ་དེ་བཞིན་ཏེ་དང་། སེམས་ཅན་རྣམས་ཀྱིས་ཇི་ཙམ་བསགས་པའི་ལས་དཀར་ནག་དང་ཉོན་མོངས་པའི་མཐའ་མེད་པར་གྱུར་པ་དེ་བཞིན་དུ། བདག་གི་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མཐའ་ཡང་ཚད་མེད་པ་དེ་ཙམ་མོ་ཞེས་པ་སྟེ། གཞུང་འདིས་སྨོན་ལམ་འདིའི་ནང་དུ་ཐེག་པ་ཆེན་པོའི་སྤྱོད་པའི་སྨོན་ལམ་རླབས་པོ་ཆེ་ཇི་སྙེད་པ་ཐམས་ཅད་འདུས་པར་བསྟན་ཏོ། །གསུམ་པ་མཇུག་གི་རིམ་པ་གཞན་ནི། གང་ཡང་ཕྱོགས་བཅུའི་སོགས་མན་ཆད་དེ། འདི་ལ་གཉིས། སྨོན་ལམ་བཏབ་པའི་ཕན་ཡོན་དང་། བཏབ་པའི་དགེ་རྩ་བསྔོ་བའོ། །དང་པོ་ལ་གཉིས། ཕན་ཡོན་རྒྱས་པར་བཤད་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། ཚེ་འདིར་འབྱུང་བའི་ཕན་ཡོན་དང་། ཕྱི་མར་འབྱུང་བའི་ཕན་ཡོན་ནོ། །དང་པོ་ལ་བཞི། བསོད་ནམས་འཛིན་པ། ངན་སོང་དང་སྡིག་གྲོགས་སྤོང་ཞིང་དེ་བཞིན་གཤེགས་པ་མཐོང་བ། སྐལ་མཉམ་གྱི་སྐྱེས་བུ་དམ་པ་དང་ཕྲད་པ། ལས་སྒྲིབ་བྱང་བར་འགྱུར་བའི་ཕན་ཡོན་ནོ། །དང་པོ་ནི། སྐྱེས་བུ་གང་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མཐའ་ཡས་རྣམས་ནི་གསེར་དངུལ་སོགས་རིན་ཆེན་རྒྱན་གྱིས་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ་ཞིང་། དེར་མ་ཟད་ལྷ་དང་མིའི་བདེ་བའི་ཡོ་བྱད་བཟའ་བཏུང་བགོ་བ་ལ་སོགས་པའི་མཆོག་རྣམས་ཀྱང་། སངས་རྒྱས་ཀྱི་ཞིང་གི་རྡུལ་ཇི་སྙེད་པའི་གྲངས་དང་མཉམ་པའི་བསྐལ་བར་སངས་རྒྱས་རྣམས་ལ་ཕུལ་བར་བྱས་པའི་བསོད་ནམས་དེ་ལས་ཀྱང་། གང་ཟག་གཞན་གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས་དོན་དྲན་བཞིན་དུ་བྱང་ཆུབ་མཆོག་བླ་ན་མེད་པའི་བྱང་ཆུབ་དག་གི་རྗེས་སུ་རབ་ཏུ་མོས་ཤིང་སྨོན་ལམ་མང་དུ་འདེབས་པའམ། དེ་ལྟ་བུའི་ཚུལ་གྱིས་ལན་གཅིག་ཙམ་ཡང་དད་པར་བསྐྱེད་ཅིང་སྨོན་པའི་བསོད་ནམས་འདི་ནི་སྔ་མ་ལྟ་བུའི་བསོད་ནམས་གཞན་རྣམས་ཀྱི་དམ་པ་སྟེ་ལྷག་པ་དང་གཙོ་བོ་མཆོག་ཏུ་འགྱུར་རོ། །རྒྱུ་མཚན་ནི་སྨོན་ལམ་འདིའི་ནང་དུ་རྒྱལ་བ་སྲས་བཅས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་རྣམས་འབྱུང་ཞིང་། དོན་དེ་བཞིན་དུ་བསམ་པ་ཐག་པས་སྨོན་ལམ་འདེབས་ན། ཐེག་ཆེན་གྱི་རིགས་ཅན་དུ་ནི་ངེས་པར་འགྱུར་ལ། བྱང་ཆུབ་ཀྱི་སེམས་སྔར་མ་བསྐྱེད་པ་ཞིག་ཡིན་ནའང་མྱུར་དུ་སྐྱེ་བ་དང་། སྐྱེས་ཟིན་པ་ཞིག་ཡིན་ན་ནི་སེམས་དེ་བརྟན་པ་དང་གོང་འཕེལ་དུ་གྱུར་ནས་མྱུར་དུ་འཚང་རྒྱ་བར་འགྱུར་བ་རེ་དབང་གིས་སོ། །སྐབས་འདིར་སྨོན་ལམ་འདི་ལ་བསྔོ་བ་ཞེས་གསུངས་པ་ཇི་ལྟར་ཡིན་སྙམ་ན༑ དེ་ནི་བསྔོ་བ་དང་སྨོན་ལམ་མི་འགལ་བའི་དབང་དུ་མཛད་པ་ཡིན་ཏེ། དེ་ཡང་བསྔོ་རྒྱུའི་དགེ་བ་རྫོགས་བྱང་དུ་བསྒྱུར་བར་བྱེད་པའི་སྨོན་ལམ་རྣམས་ནི་བསྔོ་བ་ཡང་ཡིན་པའི་ཕྱིར་རོ། །དེ་ཡང་བསྔོ་རྒྱུ་ལ་ལྟོས་པ་མེད་པ་ནི་སྨོན་ལམ་ཡིན་ཡང་། བསྔོ་རྒྱུ་དང་ལྡན་པའི་སྨོན་ལམ་རྣམས་བསྔོ་བ་དང་སྨོན་ལམ་གཉིས་ཀ་ཡིན་ནོ། །སྨོན་ལམ་གྱི་ཐ་སྙད་དངོས་སུ་མ་བྱས་པར་དགེ་བ་རྣམས་རྫོགས་བྱང་དུ་བསྔོ་བ་ནི་བསྔོ་བ་གཙོ་བོ་ཡིན་ཞིང་། དེ་ལའང་ཡིད་ཀྱི་རེ་སྨོན་ཡོད་པས་སྨོན་ལམ་དུའང་འགྱུར་བར་སེམས། བསྔོ་བ་དང་སྨོན་ལམ་དངོས་ནི་བློའི་སྟེང་ནས་འཇོག་དགོས་པས་རྗོད་བྱེད་ཚིག་གི་བསྔོ་སྨོན་ནི་བསྔོ་སྨོན་བཏགས་པ་བ་ཡིན་ཏེ། དཔེར་ན་རྗོད་བྱེད་ཚིག་གི་སྐྱབས་འགྲོ་རྣམས་སྐྱབས་འགྲོ་བཏགས་པ་བར་འཇོག་པ་བཞིན་ནོ། །དེ་ལྟ་བུ་རྗོད་བྱེད་ལ་བརྗོད་བྱའི་མིང་གིས་བཏགས་པ་ནི་མང་ངོ་། །གཉིས་པ་ནི། ཐེག་པ་མཆོག་ལ་མོས་པའི་སྐྱེས་བུ་གང་གིས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་འདེབས་ཤིང་བཏབ་ན་གང་ཟག་དེས་ནི་ངན་སོང་གསུམ་པོ་ཐམས་ཅད་སྤང་བར་འགྱུར་ཞིང་། དེས་ནི་མི་དགེ་བའི་ཕྱོགས་དང་དམན་པའི་བྱང་ཆུབ་ཏུ་ཁྲིད་པར་བྱེད་པའི་གྲོགས་པོ་ངན་པ་ཡང་སྤངས་པར་གྱུར་པ་ཡིན་ལ། སངས་རྒྱས་སྣང་བ་མཐའ་ཡས་དེ་ཡང་དེས་ཞལ་མྱུར་དུ་མཐོང་བར་འགྱུར་རོ། །གསུམ་པ་ནི། སྨོན་ལམ་ཇི་སྐད་བཤད་པ་ལྟར་འདེབས་པར་བྱེད་པ་དེ་དག་གིས་ནི། རྙེད་པ་དོན་ཆེ་བ་རབ་ཏུ་རྙེད་པ་ཡིན་ཏེ། སྨོན་ལམ་ཁྱད་འཕགས་རིན་པོ་ཆེ་ལྟ་བུ་འདི་འདྲ་འདེབས་རྒྱུ་རྙེད་པའི་ཕྱིར། དགེ་བར་འཚོ་བ་ཞེས་བྱ་སྟེ། དགེ་བའི་ཆོས་ཀྱིས་འཚོ་བའི་ཕྱིར། འདིར་བདེ་བར་འཚོ་ཞེས་ཀྱང་འབྱུང་སྟེ་མི་འགལ་ལོ། །དེ་དག་མིའི་ཚེ་འདིར་ཡང་ལེགས་པར་འོང་ཞིང་སྐྱེས་པ་ཞེས་བྱ་སྟེ། མི་ཚེ་དོན་ལྡན་དུ་བྱེད་པའི་ཕྱིར་རོ། །དེ་རྣམས་སུ་མ་ཟད་དེ་དག་འཕགས་པ་ཀུན་ཏུ་བཟང་པོ་ཅི་འདྲ་བ་དེ་འདྲ་བར་ཡང་རིང་བོར་མི་ཐོགས་པར་དེ་བཞིན་དུ་འགྱུར་རོ། །བཞི་པ་ནི། གང་ཟག་གང་གིས་མི་ཤེས་པ་རྨོངས་པའི་དབང་གིས་ཕ་དང་མ་དང་དགྲ་བཅོམ་པ་བསད་པ་དང་དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་སྟེ་མཚམས་མེད་པ་ལྔ་པོ་དག་གི་སྡིག་པ་བྱས་པ་རྣམས་ནི་དེ་ཡིས་ནི་བཟང་པོ་སྤྱོད་པའི་སྨོན་ལམ་འདི་མོས་པ་ཆེན་པོ་དང་ལྡན་པས་བརྗོད་ན། མྱུར་དུ་ལས་དེ་རྣམས་མ་ལུས་པ་ཡོངས་སུ་བྱང་བར་འགྱུར་རོ། །འདིར་མཚམས་མེད་པའི་དོན་ལ་གཉིས་ཏེ། ཤི་མ་ཐག་སྐྱེ་བ་གཞན་གྱི་བར་མཚམས་མེད་པར་དམྱལ་བར་འགྲོ་བ་དང་། རྣམ་སྨིན་སྡུག་བསྔལ་མཚམས་འཛིན་མི་ནུས་པར་མྱོང་བར་འགྱུར་བའི་ཚུལ་གཉིས་འབྱུང་ངོ་། །འདིའི་དོགས་གཅོད་ནི་གོང་དུ་བརྗོད་པ་ལྟར་རོ། །གཉིས་པ་ལ་གཉིས། རྒྱུའི་སྐབས་ཀྱི་ཕན་ཡོན། འབྲས་བུའི་སྐབས་ཀྱི་ཕན་ཡོན་ནོ། །དང་པོ་ནི། སྨོན་ལམ་འདི་ལྟར་འདེབས་པ་དེ་ནི་མ་འོངས་པའི་སྐྱེ་བ་ཀུན་ཏུ་བླང་དོར་འབྱེད་པའི་ཤེས་རབ་ཀྱིས་བསྡུས་པའི་ཡེ་ཤེས་དང་ནི་གཟུགས་བཟང་བ་དང་། དེ་ཡང་མཚན་དཔེ་རྣམས་ཀྱིས་བརྒྱན་པ་དང་། ཕ་མེས་རིགས་མཐོ་ཞིང་རུས་བཙུན་པའི་རྒྱུད་དུ་སྐྱེ་བ་དང་། ཁ་དོག་གསེར་ལྟ་བུ་ལ་སོགས་པ་བཟང་པོ་རྣམས་དང་ལྡན་པར་འགྱུར་རོ། །གཉིས་པ་ནི། སྨོན་ལམ་འདི་འདེབས་པ་པོ་དེ་ནི་བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ་ཅིང་། དེར་མ་ཟད་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར་རོ། །བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་དུ་དེ་མྱུར་དུ་འགྲོ་ཞིང་། སོང་ནས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དུ་ཤིང་དྲུང་དེར་འདུག་སྟེ་བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ་ནས་འབྲས་བུ་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་སོགས་ཀྱི་མཛད་པ་རྣམས་སྟོན་པར་འགྱུར་རོ། །གཉིས་པ་ནི། སྨོན་ལམ་གྱི་ཕན་ཡོན་བསྡུས་ན། སེམས་ཅན་གང་ཡང་ཀུན་ཏུ་བཟང་པོའི་སྤྱོད་པས་མཚོན་ནས་སྤྱོད་པ་ཁྱད་པར་ཅན་རྣམས་ལ་སློབ་པར་སྨོན་པའི་སྨོན་ལམ་འདི་ནི་ཡིད་ལ་འཆང་བ་དང་ནི་དོན་གཞན་ལ་སྟོན་ཏམ། གླེགས་བམ་ངག་གིས་ཀློག་པར་བྱེད་ན་ཡང་དེ་ཡི་འབྲས་བུ་བསོད་ནམས་རྣམ་པར་སྨིན་པ་རྒྱ་ཆེ་བའི་མཐའ་ཚད་ནི་སངས་རྒྱས་ཁོ་ན་ཉིད་ཀྱིས་མངོན་སུམ་དུ་མཁྱེན་གྱི། གཞན་ཉན་རང་ཀུན་དང་སོ་སོ་སྐྱེ་བོ་རྣམས་ཀྱིས་ཇི་ལྟ་བ་བཞིན་ཤེས་པར་མི་ནུས་སོ། །དེ་ལྟ་བུའི་བསོད་ནམས་ཀྱི་ཕུང་པོའི་མཐུ་ལས་ནི་སྨོན་ལམ་འདེབས་པ་པོ་བླ་ན་མེད་པའི་བྱང་ཆུབ་མཆོག་ཐོབ་པར་འགྱུར་ངེས་པས་དེ་ལ་སོམ་ཉི་སྟེ་ཐེ་ཚོམ་མ་བྱེད་ཅིག་ཅེས་སོ། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན་ཞེས་པ་ནི་བྱང་ཆུབ་ཐོབ་པར་འགྱུར་བ་མཁྱེན་པ་དང་སྦྱར་ནས་བཤད་པའང་ཡོད་དོ། །གཉིས་པ་ལ་ལྔ། བྱང་སེམས་ཀྱིས་བསྔོ་བ་བཞིན་དུ་དང་། སངས་རྒྱས་ཀྱིས་བསྔོ་བ་བཞིན་དུ་དང་། འབྲས་བུ་མངོན་དུ་འགྱུར་བར་དང་། སངས་རྒྱས་ལས་དངོས་ལུང་བསྟན་པ་ཐོབ་ཕྱིར་དང་། ལུང་བསྟན་ཐོབ་ནས་སེམས་ཅན་གྱི་དོན་སྒྲུབ་པར་བསྔོ་བའོ། །དང་པོ་ནི། མཁྱེན་བརྩེ་གཉིས་ཀྱི་སྒོ་ནས་སེམས་ཅན་མཐའ་ཡས་པ འི་དོན་སྒྲུབ་པ་ལ་དཔའ་བའི་འཇམ་དཔལ་དཔའ་བོས་བསྔོ་བའི་ཚུལ་སོགས་ཆོས་ཀུན་ཇི་ལྟར་མཁྱེན་པ་དང་། འཕགས་པ་ཀུན་ཏུ་བཟང་པོ་དེ་ཡང་འཇམ་དཔལ་ཇི་ལྟ་བ་དེ་བཞིན་དུ་བསྔོ་བའི་ཆོ་ག་སོགས་ཆོས་ཀུན་ལ་མཁས་པ་ཡིན་ཏེ། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་དག་ཀུན་གྱི་རྗེས་སུ་བདག་སློབ་པར་འདོད་པའི་ཕྱིར་སྨོན་ལམ་བཏབ་པའི་དགེ་བ་འདི་དག་ཐམས་ཅད་དེ་ལྟར་རབ་ཏུ་བསྔོ་བར་བགྱིའོ། །གཞུང་ཁ་ཅིག་ཏུ་འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་ཞེས་འབྱུང་ཡང་དོན་འདྲའོ། །གཉིས་པ་ནི། དུས་གསུམ་གྱི་སེམས་ཅན་གྱི་དོན་ལ་གཤེགས་བྱོན་མཛད་པའི་རྒྱལ་བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བྱང་ཆུབ་ཆེན་པོའི་ཕྱིར་གང་བསྔོ་བ་དང་གང་གིས་བསྔོ་བ་དང་། གང་དུ་ཇི་ལྟར་བསྔོ་བའི་འཁོར་གསུམ་མི་དམིགས་པའི་བསྔོ་བ་གང་ལ་མཆོག་ཏུ་བསྔགས་པའི་བསྔོ་བའི་ཚུལ་དེ་ཉིད་ཀྱིས། བདག་གིས་བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པའི་དགེ་བའི་རྩ་བ་འདི་དག་ཀུན་ཀྱང་འཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ལྟ་བུ་འགྲུབ་པའི་ཕྱིར་རབ་ཏུ་བསྔོ་བར་བགྱིའོ། །བསླབ་བཏུས་ལས། འཇམ་དཔལ་དཔའ་བོ་སོགས་དང་། དུས་གསུམ་གཤེགས་པའི་རྒྱལ་བ་ཞེས་སོགས་ཀྱི་ཚིགས་བཅད་གཉིས་པོ་འདི་བསྔོ་བ་བླ་ན་མེད་པར་བཤད་པ་ལྟར་རྗེས་ཀྱང་གསུངས་སོ། །གསུམ་པ་ནི། བདག་ནི་ནམ་ཞིག་འཆི་བའི་དུས་བྱེད་པར་གྱུར་པའི་ཚེ་ན་སྨོན་ལམ་འདི་ལྟར་བཏབ་པའི་མཐུས་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དག་ནི་ཕྱི་བསལ་ཅིང་མེད་པར་བྱས་ཏེ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞལ་མངོན་སུམ་དུ་མཐོང་བར་གྱུར་ནས་བདེ་བ་ཅན་གྱི་ཞིང་དེར་ཐོགས་པ་མེད་པར་འགྲོ་ཞིང་། ཞིང་དེར་སོང་ནས་ནི་པདྨ་ལས་བརྫུས་ཏེ་སྐྱེས་པ་ན་སྨོན་ལམ་འདི་ལྟར་བཏབ་པའི་འབྲས་བུ་སྤྱོད་པ་ཁྱད་པར་ཅན་འདི་དག་ཐམས་ཅད་ཀྱང་མ་ལུས་པ་མངོན་དུ་འགྱུར་བར་ཤོག་ཅིག །དེའི་ཚེ་སྨོན་ལམ་གྱི་འབྲས་བུ་དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་ཞིང་རྫོགས་པར་བྱས་ནས་འཇིག་རྟེན་ཇི་སྲིད་སྟོངས་པའི་དེ་སྲིད་དུ་སེམས་ཅན་རྣམས་ལ་ཕན་པར་བགྱིད་པར་ཤོག་ཅིག །བཞི་པ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པའི་མཐུ་ལས། རྒྱལ་བ་འོད་དཔག་མེད་འཁོར་གྱི་དཀྱིལ་འཁོར་བཟང་པོའི་ཚོགས་ཀྱིས་བསྐོར་ཞིང་བཞུགས་པའི་ཡིད་དགའ་བའི་ཞིང་དེར་པདྨོ་དམ་པ་ཤིན་ཏུ་མཛེས་པ་ལས་བརྫུས་ཏེ་སྐྱེས་ནས། རྒྱལ་བ་སྣང་བ་མཐའ་ཡས་ཀྱིས་མངོན་སུམ་དུ་ཁྱོད་མ་འོངས་པ་ན་དུས་འདིའི་ཚེ་ཞིང་འདི་ཞེས་བྱ་བར་མིང་འདི་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པ་ཡང་བདག་གིས་འཁོར་གྱི་ཚོགས་ནང་དེར་ཐོབ་པར་ཤོག་ཅིག་ཅེས་སོ། །ལྔ་པ་ནི། བདེ་བ་ཅན་གྱི་ཞིང་དེར་ནི་སྨོན་ལམ་འདེབས་པ་པོ་བདག་གིས་བྱང་ཆུབ་ཏུ་ལུང་བསྟན་པ་དེ་ལྟར་རབ་ཏུ་ཐོབ་ནས་སྤྲུལ་པ་མཆོག་དམན་མང་པོ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་སྤྲུལ་པ་ཡི་སྒོ་ནས། གཞན་ལ་ཕན་འདོད་པའི་བློ་ཡི་སྟོབས་ཀྱིས་ཕྱོགས་གཅིག་ཙམ་མ་ཡིན་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་ཡང་། སེམས་ཅན་རྣམས་ལ་མངོན་མཐོ་ངེས་ལེགས་ལ་འགོད་པ་ལ་སོགས་པའི་འཕྲལ་ཡུན་གྱི་ཕན་པ་མང་པོ་སྒྲུབ་པར་བགྱིད་བར་ཤོག་ཅིག་ཅེས་སོ། །འདིར་བྱེ་བ་ཕྲག་བརྒྱ་ཞེས་པ་ནི་མང་ཚིག་ཡིན་པར་སྣང་བས་གྲངས་ངེས་བྱེད་དགོས་པ་མི་འདུག་ཀྱང་། བྱེད་ན་བྱེ་བ་བཅུ་ལ་དུང་འཕྱུར་གཅིག །བྱེ་བ་བརྒྱ་ལ་ཐེར་འབུམ་གཅིག་ཏུ་བཤད་པ་ལྟར་བྱའོ། །དེའི་ལྷག་མ། བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡི། །ཞེས་སོགས་ཚིགས་བཅད་གསུམ་ནི། མདོ་དང་། ཀླུ་སྒྲུབ་ཕྱོགས་གླང་། རྒྱན་བཟང་པོ། དབྱིག་གཉེན་གྱིས་མཛད་པར་གྲགས་པའི་འགྲེལ་པ་རྣམས་སུ་མི་འབྱུང་ལ། ཤཱཀྱ་བཤེས་གཉེན་གྱི་འགྲེལ་པར་ནི་ཚིགས་བཅད་དང་པོ་གཉིས་འབྱུང་ཡང་ཕྱི་མ་མི་འབྱུང་བས་མདོ་ཚིག་ཡིན་མིན་དཔྱད་དགོས་པར་སྣང་ཡང་། དོན་བསྡུས་ཏེ་བཤད་ན། བཟང་པོ་སྤྱོད་པའི་སྨོན་ལམ་གཏབ་པ་ཡི་དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པའི་དགེ་བ་དེའི་མཐུས་ནི། འགྲོ་བ་གཞན་གྱིས་བཏབ་པའི་སྨོན་ལམ་དགེ་བ་སྟེ་བཟང་པོ་རྣམས་ཀྱི་དོན་ཐམས་ཅད་སྐད་ཅིག་གཅིག་གིས་ཏེ་དུས་མྱུར་བར་འབྱོར་ཞིང་རྫོགས་པར་ཤོག །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་ཡི་མཐུ་ལས་བྱུང་བའི་བསོད་ནམས་དམ་པ་ཆེན་པོ་མཐའ་ཡས་པ་གང་ཞིག་ཐོབ་པ་དེས་ནི་འགྲོ་བ་གཞན་སྡུག་བསྔལ་གྱི་རྒྱ་མཚོ་ལྟ་བུའི་ཆུ་བོར་ལྷུང་ནས་བྱིང་བ་རྣམས་རྒྱལ་བ་འོད་དཔག་མེད་ཀྱི་གནས་རབ་ཏུ་ཐོབ་པ་སྟེ་དེའི་ཞིང་དུ་སྐྱེ་བར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་ནི་སྨོན་ལམ་གཞན་གྱི་མཆོག་གི་གཙོ་ཡིན་པས། འདིའི་སྒོ་ནས་མཐའ་ཡས་པའི་འགྲོ་བ་ཀུན་ལ་ཕན་པར་བྱེད་ཅིང་། ཀུན་ཏུ་བཟང་པོས་བརྒྱན་པ་དེས་གསུངས་པའི་གཞུང་གི་དོན་བཞིན་གྲུབ་སྟེ། ངན་སོང་གསུམ་པོའི་རྒྱུད་དེ་རིགས་རྣམས་ལ་མ་ལུས་སྟོངས་པར་ཤོག་ཅིག་ཅེས་སྨོན་པའོ། །ལོ་ཙཱ་བ་ཡེ་ཤེས་སྡེའི་འགྲེལ་པར་ནི་ཚིགས་བཅད་འདི་གསུམ་འབྱུང་སྟེ། འདི་དང་བཅས་ན་སྨོན་ལམ་འདི་ལ་ཤོ་ལོ་ཀ་དྲུག་ཅུ་རྩ་གསུམ་འབྱུང་ངོ་། །གསུམ་པ་བཤད་པ་མཐར་ཕྱིན་པའི་ཚུལ་ནི། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འཕགས་པ་ཀུན་ཏུ་བཟང་པོས་གཞོན་ནུ་ནོར་བཟང་ལ་གསུངས་པ་རྫོགས་སོ་ཞེས་པའོ། །འདི་ལ་འགྱུར་བྱང་མི་འབྱུང་བ་ནི་འདི་ཕལ་པོ་ཆེ་ནས་ལོགས་སུ་ཕྱུང་བའི་དབང་ཡིན་ལ། ཕལ་ཆེན་ནི་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་རོ། །ནོར་བཟང་ནི་ཀུན་མཁྱེན་མཚོ་སྣ་བའི་རྣམ་ཐར་ཟུར་འདེབས་ཞིག་ཏུ། ནོར་བཟང་དཔའ་བོ་ཤར་ཕྱོགས་སྐུ་འཁྲུངས་པ། །ཞེས་རྗེ་རིན་པོ་ཆེ་གཞོན་ནུ་ནོར་བཟང་གི་སྐྱེ་རྒྱུད་དུ་བཤད་དེ་འབྲེལ་ཆགས་སོ། །༈ སྨྲས་པ། ཇི་ལྟར་ཕྱོགས་ཀྱི་ཆུ་ཕྲན་ཆེས་མང་ཡང་། །ཐམས་ཅད་རྒྱ་མཚོར་གཞོལ་ཅིང་འབབ་པ་ལྟར། །རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ཀྱང་། །སྨོན་ལམ་ཆུ་གཏེར་ཆེ་འདིར་འབབ་ཅིང་འདུ། །གསུང་རབ་རྒྱ་མཚོར་མང་ཐོས་གྲུར་ཞུགས་ཏེ། །རྣམ་དཔྱོད་དར་འཕྱར་བརྩོན་པའི་རླུང་ཤུགས་ཀྱིས། །དོན་བཟང་རིན་ཆེན་གླིང་ཕྱིན་ཡིད་བཞིན་ནོར། །ལེགས་བཤད་རྒྱལ་མཚན་རྩེ་མོར་བཀོད་ཅིང་མཆོད། །གང་ཞིག་སྨོན་ལམ་ཀུན་གྱི་རྒྱལ་པོ་འདིའི། །བརྗོད་བྱའི་དོན་རྣམས་ཤེས་འདོད་དེ་དག་གིས། །འགྲེལ་བཤད་འདི་འདྲར་བསྟེན་ན་བདེ་བླག་ཏུ། །ཟབ་དོན་ཇི་བཞིན་ཤེས་ཀྱི་གཞན་དུ་མིན། །མཁའ་དབྱིངས་རྒྱུ་སྐར་རྒྱལ་དང་ཉིན་བྱེད་ཀྱིས། །མཛེས་པར་བྱེད་ཅིང་གཞན་མིན་ཇི་ལྟ་བར། །ཐུབ་བསྟན་པད་ཚལ་བཤེས་གཉེན་ཉི་མ་དང་། །ལེགས་བཤད་སྣང་བ་མཛེས་འགྱུར་གཞན་གྱིས་མིན། །བློ་གྲོས་རབ་གནས་ཞུས་པའི་མདོ་ལས་ནི། །བཀའ་བསྟན་ལེགས་པར་བཤད་དང་དགོངས་འགྲེལ་པ། །དེ་ཡི་དབང་གིས་ཐུབ་བསྟན་ཡུན་རིང་དུ། །གནས་པར་གསུངས་ཕྱིར་འདིར་འབད་དོན་མེད་མིན། །གང་འདིར་གང་གིས་འབད་ལས་བྱུང་བའི་དགེས། །མ་སོགས་མ་ལུས་བདག་གཞན་སྐྱེ་འགྲོའི་ཚོགས། །ཀུན་ཀྱང་ཀུན་ཏུ་བཟང་པོའི་རྗེས་ཞུགས་ཏེ། །མྱུར་བ་མྱུར་བར་སངས་རྒྱས་ཐོབ་གྱུར་ཅིག །ཅེས་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་འདི་ནི། །ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་ལོ་བདུན་ཅུའི་ཐོག་དད་པས་ཀུན་ནས་བསླངས་ཏེ་འགྲེལ་པ་སྔ་མ་རྣམས་ལ་དཔྱད་ཅིང་ཇི་ལྟར་འཚམ་པར་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ།། །།

བྱམས་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་དགའ་ལྡན་དུ་བགྲོད་པའི་ལམ་བཟང་།

བྱམས་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་དགའ་ལྡན་དུ་བགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཕུན་ཚོགས་ཚོགས་གཉིས་རྟ་བདུན་གྱིས་དྲངས་ཟབ་ཡངས་ཆོས་སྐུའི་མཁར་འཕགས་ཤིང་། །རབ་མཛེས་མཛེས་སྡུག་ལྟ་བས་མི་ངོམས་གཟུགས་སྐུའི་དཀྱིལ་འཁོར་རྣམ་པར་བཀྲ །མ་ལུས་ལུས་ཅན་འགྲོ་ལ་ཡོངས་ཁྱབ་འཕྲིན་ལས་སྣང་བའི་ཁོར་ཡུག་ཅན། །ལྷ་ཡི་ལྷ་མཆོག་ཐུབ་དབང་ཉི་མ་བདག་སོགས་སྐྱེ་འགྲོ་ཀུན་གྱི་སྐྱབས། །སྤང་རྟོགས་ས་འཛིན་དབང་པོའི་རྩེར་གནས་ཤིང་། །བྱམས་བརྩེ་ས་སྲུང་དཀར་པོའི་སྟེང་ན་འགྱིང་། །སྐལ་ལྡན་འཆི་མེད་ཚོགས་ལ་ཆོས་ཀྱི་བཀས། །མངའ་བསྒྱུར་རྒྱལ་ཚབ་མིག་སྟོང་ལྡན ལ་འདུད། །མགོན་དེས་སྔོན་ཚེ་ཐབས་ལམ་མཁས་པ་ཡིས། །མྱུར་དུ་བྱང་ཆུབ་ཐོབ་ཕྱིར་ཕྱིན་དྲུག་གི །རླབས་ཆེན་སྨོན་ལམ་མཛད་པའི་ཀུནྡའི་ཁ། །རྣམ་དཔྱོད་སོར་རྩེས་རྣམ་པར་དབྱེ་བར་བྱ། །འདི་ལ་གཉིས། གླིང་གཞི་ལུང་བསྟན་པ་དང་། གཞུང་དོན་བཤད་པ་དངོས་སོ། །དང་པོ་ལ། གཞུང་འདི་ནི་འཕགས་པ་དཀོན་མཆོག་བརྩེགས་པའི་ལེའུ་ཞེ་གཅིག་པ་བྱམས་པས་ཞུས་པ་ཞེས་བྱ་བ་བམ་པོ་གཅིག་པ་ལས་འབྱུང་སྟེ། འདི་ལ་ཡང་གླེང་བསླང་བའི་རྒྱུ་དང་། གླེང་བསླང་བ་དངོས་དང་། གླེང་བསླང་བའི་དོན་གསུམ་སྟེ། བསྡུས་ན་སྔོན་སངས་རྒྱས་བཅོམ་ལྡན་འདས་ཡུལ་ཝ་རྒན་ཆུ་སྲིན་བྱིས་པ་གསོད་པའི་རི་ལ་བཞུགས་པའི་ཚེ། བྱམས་པས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་ངན་འགྲོ་སྤོང་ཞིང་སྡིག་གྲོགས་ཀྱིས་དབང་དུ་མི་འགྲོ་བར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ཞེས་ཞུས་པ་ལ། སྟོན་པས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ། །ཞེས་སོགས་ཀྱིས་ཆོས་གཅིག་ནས་བཅུའི་བར་སྡེ་ཚན་བཅུ་གསུངས་པ་ན་བྱམས་པས་སྟོན་པ་ལ་ཕྱིན་དྲུག་གིས་སྒོ་ནས་བསྟོད་དོ། །དེ་ནས་ཀུན་དགའ་བོས་བྱམས་པ་ལ་བསྔགས་བརྗོད་བྱས་པས་སྟོན་པས་མཐུན་འགྱུར་མཛད་ནས། བྱམས་པ་འདིས་ང་ལ་ད་ལྟ་བསྟོད་པར་མ་ཟད། སྔོན་བསྐལ་བ་མང་པོ་འདས་པའི་ཚེ་སངས་རྒྱས་སྣང་བས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་བསྟོད་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཐོབ་ཅེས་གསུངས། དེ་ནས་ཀུན་དགའ་བོས། བྱམས་པས་དེ་དུས་བཟོད་པ་ཐོབ་ན་ད་དུང་འཚང་མི་རྒྱ་བའི་རྒྱུ་ཞུས་པས། སེམས་ཅན་སྨིན་པ་དང་སངས་རྒྱས་ཀྱི་ཞིང་དག་པ་འཛིན་པའི་ཆེད་ཡིན་པར་བཤད་ཅིང་། བྱམས་པས་འཕགས་ལམ་ཐོབ་ནས་བསྐལ་བ་བཞི་བཅུ་རྩ་གཉིས་ནས་ངས་སེམས་བསྐྱེད་ཅེས་གསུངས་ཏེ། དེའི་དབང་དུ་བྱས་ན་བསྐལ་བ་འདི་ནས་བསྐལ་བ་དགུ་ཅུ་རྩ་བཞི་ན་ང་འཚང་རྒྱ་དགོས་རྒྱུ་ཡིན་པ་ལས། ངས་བརྩོན་འགྲུས་དྲག་པོ་བྱས་ནས་མྱུར་དུ་སངས་རྒྱས་སོ་གསུང་། དེ་ནས་མྱུར་དུ་འཚང་རྒྱ་བའི་ཆོས་ཚན་བཅུ་གཉིས་གསུངས་པའི་དང་པོ་ནི། ངས་སྔོན་ནོར་བུ་དང་ཆུང་མ་དང་མགོ་དང་མིག་དང་རྒྱལ་སྲིད་དང་ལོངས་སྤྱོ་དང་ཁྲག་དང་རྐང་རུས་དང་ཡན་ལག་ཐམས་ཅད་སྦྱིན་པ་བྱིན་པའི་དཀའ་སྤྱད་མང་དུ་མཛད་ཅིང་། བྱམས་པས་དཀའ་སྤྱད་དེ་ལྟ་བུ་མེད་པར་ཐེག་པ་བདེ་བ་དང་ལམ་བདེ་བ་དང་འཇུག་པ་བདེ་བས་བྱང་ཆུབ་སྒྲུབ་ཅེས་གསུངས་སོ། །དེ་ནས་ཀུན་དགའ་བོས། བྱམས་པས་དཀའ་སྤྱད་དྲག་པོ་མེད་པར་ཐབས་བདེ་བས་ལམ་བགྲོད་པའི་ཐབས་མཁས་དེ་ཅི་ལྟ་བུ་ལགས་ཞེས་ཞུས་པས། དེའི་ལན་དུ་སྟོན་པས་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཞེས་སོགས་གསུངས་ནས་འཇུག་ཏུ། ཐབས་མཁས་པས་ཐེག་པ་བདེ་བ་དང་། ལམ་བ དེ་བ་དང་། འཇུག་པ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་སྒྲུབ་པའི་ཐབས་མཁས་པ་ནི་དེ་ཡིན་ནོ་ཞེས་གསུངས་སོ། །དེ་ཡང་སྨོན་ལམ་དེ་ཚིག་གིས་བརྗོད་པ་ཙམ་མ་ཡིན་པར་དོན་དེ་ལྟར་ཉམས་སུ་བླངས་ནས་འཚང་རྒྱ་བར་བསྟན་པའོ། །ཚུལ་དེ་བྱམས་པའི་ཐབས་མཁས་པ་ཙམ་ལ་དགོངས་པ་མ་ཡིན་གྱི། ཡན་ལག་བདུན་དང་ཕྱིན་དྲུག་གི་ལམ་ནི་རྗེས་འཇུག་རྣམས་ལའང་ཚོགས་གསོག་པ་དང་ཐབས་མཁས་པའི་ལམ་དུ་གོ་བར་མཛད་པའོ། །གཉིས་པ་གཞུང་དོན་བཤད་པ་དངོས་ལ་ལྔ། མཚན་བཤད་པ། འགྱུར་ཕྱག་བཤད་པ། སྨོན་ལམ་བཏབ་ཚུལ། གཞུང་དོན་རྣམས་སོ་སོར་བཤད་པ། མཇུག་བསྡུ་བའི་རིམ་པའོ། །དང་པོ་ནི། རྒྱ་གར་སང་སྐྲྀ་ཏའི་སྐད་དུ། སྨོན་ལམ་འདིའི་མཚན་ལ། ཨཱརྱ་མཻ་ཏྲི་པྲ་ཎི་དྷ་ན་རཱ་ཛ་ཞེས་འབྱུང་ཞིང་། དེ་ཉིད་བོད་སྐད་དུ་བསྒྱུར་ན་འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་པར་འགྱུར་ཏེ། ཨཱརྱ་ནི་འཕགས་པ། མཻ་ཏྲི་ནི་བྱམས་པ། པྲ་ནི་དྷ་ན་ནི་སྨོན་ལམ། རཱ་ཛ་ནི་རྒྱལ་པོ་ཞེས་པའོ། །གཉིས་པ་འགྱུར་ཕྱག་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ལོ་ཙཱ་བས་བཀོད་པ་སྟེ་གོ་སླའོ། །གསུམ་པ་སྨོན་ལམ་བཏབ་ཚུལ་ནི། དཀོན་བརྩེགས་ཀྱི་མདོ་ལས། ཀུན་དགའ་བོ་ཇི་ལྟར་ཞེས་པ་ནས། འདི་སྐད་ཅེས་སྨོན་ལམ་བཏབ་བོ་ཞེས་པའི་བར་སྔར་དྲངས་པ་ལྟར་རོ། །བཞི་པ་གཞུང་དོན་རྣམས་སོ་སོར་བཤད་པ་ལ་གཉིས། སྔོན་དུ་ཚོགས་གསོག་པའི་ཆེད་དུ་ཡན་ལག་བདུན་པ་བྱ་བ་དང་། དེ་ཉིད་བྱང་ཆུབ་ཆེན་པོའི་རྒྱུར་སྒྱུར་བྱེད་ཀྱི་སྨོན་ལམ་གདབ་པའོ། །དང་པོ་ནི། ཡན་ལག་བདུན་པ་འཆད་པའི་གཞུང་འདི་རྣམས་ལ་བཟང་སྤྱོད་ནས་འབྱུང་བ་ལྟར་གོ་རིམ་དངོས་སུ་མི་གསལ་ཡང་། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་འཁོར་བསྐོར་བ་དང་། བཞུགས་སུ་གསོལ་བ་ལྔ་ནི་དངོས་སུ་གསལ་ཞིང་། མཆོད་པ་ནི། སངས་རྒྱས་མཆོད་པ་གང་བྱུང་བ། །ཞེས་པ་ཙམ་ལས་མཆོད་ཚུལ་ནི་དངོས་སུ་མི་འབྱུང་ལ། བསྔོ་བ་ཡང་བསྔོའོ་ཞེས་དངོས་སུ་མ་བྱུང་ཀྱང་། སྨོན་ལམ་རྣམས་ཀྱང་བསྔོ་བར་གཏོགས་ཤིང་། དེ་གཉིས་ཀ་ནི་བདག་ལས་རྣམ་པ་གསུམ་གང་གིས། བསོད་ནམས་ཚོགས་ནི་བསྐྱེད་པ་དེ། །བདག་གི་ཀུན་མཁྱེན་ས་བོན་ཏེ། །བདག་ལ་བྱང་ཆུབ་མི་ཟད་ཤོག །ཅེས་པའི་རྐང་པ་གཉིས་ཀྱིས་སྒོ་གསུམ་གྱི་མཆོད་པའི་བསོད་ནམས་བསྟན་པའི་སྒོ་ནས་མཆོད་པ་དང་། ཕྱི་མ་གཉིས་ཀྱིས་བསོད་ནམས་དེ་ཀུན་མཁྱེན་གྱི་ས་བོན་དུ་བྱས་ནས་བྱང་ཆུབ་ཆེན་པོའི་རྒྱུར་སྨིན་པའི་ཚུལ་གྱིས་བསྔོས་སོ། །དེ་ལྟར་ཡན་ལག་བདུན་གྱི་དང་པོ་ཕྱག་འཚལ་བ་ལ་གཉིས། སངས་རྒྱས་བྱང་སེམས་ཉན་རང་རྣམས་དང་། བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་བའོ། །དང་པོ་ནི། སངས་རྒྱས་ཀུན་ལ་སོགས་ཚིགས་བཅད་གཅིག་སྟེ། དང་པོ་ནི། ཕྱག་འཚལ་ལོ། །ཡུལ་གང་ལ་ན། སངས་རྒྱས་ཀུན་ལའོ། །སངས་རྒྱས་ལ་ནི་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་དང་། ཆོས་སྐུ་ལའང་ཡེ་ཤེས་ཆོས་སྐུ་དང་། སྤངས་པ་ཆོས་སྐུ་གཉིས། སྤྲུལ་སྐུ་ལ་བསྡུས་ན་མཆོག་གི་སྤྲུལ་སྐུ་དང་། དེ་ལས་གཞན་པའི་སྤྲུལ་པའི་སྐུ་གཉིས་སོ། །དེ་དག་གི་ཁྱད་པར་རྒྱས་པར་བཤད་ན་མང་དུ་དོགས་པས་བཞག་ལ། སངས་རྒྱས་ཀྱི་སྒྲ་དོན་ནི། དེའི་སྐད་དོད་བུདྡྷ་ཞེས་པ་དེ། སྒྲའི་གཞུང་ལས། བུདྡྷ་ཁོང་དུ་ཆུད་པ་ལའོ་ཞེས་དང་། རྟོགས་པ་ལའོ་ཞེས་འབྱུང་བ་ལྟར། དཔལ་ལྡན་ཟླ་བས་འཇུག་པ་ལས། དེ་ཉིད་རྒྱས་ལ་སངས་རྒྱས་བསྙད་ཇི་བཞིན། །ཞེས་གསུངས་པ་ལྟར། ཆོས་རྣམས་ཀྱི་སྟོང་པའི་དེ་ཁོ་ན་ཉིད་ཇི་བཞིན་ཁོང་དུ་ཆུད་པའམ། རྟོགས་ཤིང་མངོན་དུ་གྱུར་པའི་སྒོ་ནས་སངས་རྒྱས་ཞེས་བཤད་པ་དང་། ཡང་། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་རྣམས་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སད་ཇི་བཞིན་ནོ། །ཞེས་བཤད་པ་ལྟར་ཚུལ་གཉིས་སོ། །ཕྱག་འཚལ་ཚུལ་ནི་བཟང་སྤྱོད་ནས་འབྱུང་བ་ལྟར་སྒོ་གསུམ་གྱིས་རབ་ཏུ་དང་བས་ཕྱག་འཚལ་བ་དང་། དེ་ཡང་སངས་རྒྱས་གཅིག་ཙམ་མ་ཡིན་པར་སངས་རྒྱས་དཔག་ཏུ་མེད་པ་དམིགས་ཡུལ་དུ་བྱས་ནས་ཕྱག་འཚལ་བའོ། །སངས་རྒྱས་རྣམས་སུ་མ་ཟད། དྲང་སྲོང་ལྷའི་མིག་སྟེ་སྤྱན་དང་ལྡན་པ་ཡི་བྱང་ཆུབ་སེམས་དཔའ་རྣམས་དང་། ཡང་དེར་མ་ཟད། ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ་ཞེས་དང་། རང་རྒྱལ་རྣམས་ལའང་དོན་གྱིས་ཕྱག་འཚལ་བ་སྡུད་དོ། །འོ་ན། འདིར་ཉན་ཐོས་དངོས་སུ་སྨོས་ནས་རང་རྒྱལ་དངོས་སུ་མི་སྨོས་པ་ཅི་ཞེ་ན། ཉན་ཐོས་སྟོན་པའི་འཁོར་གྱི་གཙོ་བོ་ཡིན་ཞིང་མང་ལ། རང་རྒྱལ་སྟོན་པའི་འཁོར་དུ་ཆེར་མི་འབྱུང་ཞིང་ཉུང་བས་སོ། །དྲང་སྲོང་གི་སྒྲ་དོན་ནི། ཡིད་དྲང་པོར་སྲོང་བ་དང་ལམ་དྲང་པོར་སྒྲུབ་པའི་དོན་དུ་བཤད་ཅིང་། དྲང་སྲོང་གི་སྐད་དོད་རི་ཥི་ནི་འབྱོར་པ་དང་གསོ་ཞིང་སྦྱོང་བ་དང་། དེས་བརྗོོད་ཆ་བྱད་འཆང་བ་སྟེ། སྔ་མ་ལྟར་ན་ནུས་མཐུའི་འབྱོར་པ་དང་ལྡན་ཅིང་། ནད་དང་སྡུག་བསྔལ་སོགས་གསོ་ཞིང་སྦྱོང་བར་བྱེད་པ་དང་། ཕྱི་མ་ལྟར་ན་བདེན་པར་སྨྲ་བ་དང་བདེན་པར་སེམས་ཤིང་། དགེ་སྦྱོང་དང་བྲམ་ཟེའི་ཆ་བྱད་འཛིན་པའི་དོན་ཅན་དུ་བཤད་པ་ལྟར་རོ། །འདིར་བྱང་ཆུབ་སེམས་དཔའ་ལྷའི་མིག་དང་ལྡན་པ་ལ་དྲང་སྲོང་ཞེས་བརྗོད་པ་ཡིན་ལ། སྤྱིར་དྲང་སྲོང་ལ་ཕྱི་ནང་གི་དྲང་སྲོང་གཉིས་དང་། ཁྱད་པར་དུ་ལྷའི་དྲང་སྲོང་མང་པོ་ཞིག་བཤད་ལ། སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །ཞེས་གསུངས་པ་ལྟར་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དྲང་སྲོང་ཆེན་པོར་འཇོག་དགོས་ཤིང་། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཞེས་པའི་སྐབས་སུ་རང་རྒྱལ་ལ་དྲང་སྲོང་དུ་བཤད་ཅིང་། ཁ་ཅིག་དྲང་སྲོང་དང་ཐུབ་པ་མིང་གི་རྣམ་གྲངས་སུ་བཤད་པས། ཉན་རང་འཕགས་པ་ཀུན་ཀྱང་དྲང་སྲོང་དུ་འཇོག་ནུས་སོ། །འདིར་བྱང་སེམས་ལྷའི་མིག་དང་ལྡན་པ་དངོས་སུ་སྨོས་པ་ནི། ལྷའི་མིག་དང་ལྡན་པའི་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ནི། སྨོན་ལམ་འདེབས་པའི་དཔང་པོར་འོས་པའི་དབང་གིས་ཡིན་པར་བཤད་དེ། ཐོག་མཐའ་བར་དགེར། དྲང་སྲོང་མཐུ་ཡིས་བདེན་ཚིག་འགྲུབ་གྱུར་ཅིག །ཅེས་འབྱུང་བ་དང་མཐུན་ནོ། །ལྷའི་མིག་གམ་སྤྱན་ནི་ཇི་ལྟ་བུ་ཞིག་ཅེ་ན། དེ་ནི་སེམས་རྟེན་བསམ་གཏན་ལྟ་བུ་ལ་བརྟེན་ནས་རང་ཡུལ་གྱི་གཟུགས་ཕྲ་རགས་རྣམས་མཐོང་བའི་མིག་དབང་གཟུགས་ཅན་པ་ཞིག་ཡིན་ལ། མཐོང་ཚུལ་ལ་རྒྱ་ཆེ་ཆུང་འབྱུང་སྟེ། དཔག་ཚད་གཅིག་ནས་བརྒྱ་དང་སྟོང་གསུམ་ཚུན་ཆད་དང་། སངས་རྒྱས་ཀྱི་ལྷའི་སྤྱན་གྱིས་ནི་འཇིག་རྟེན་ཁམས་ཀྱི་གཟུགས་ཕྲ་རགས་ཐམས་ཅད་ཀྱང་མངོན་སུམ་དུ་གཟིགས་སོ། །བྱང་ཆུབ་སེམས་དཔའ་ཞེས་པའི་དོན་ནི། རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བར་བྱེད་པ་སྟེ། སྐད་དོད་བོ་དྷི་སཏྭ་ཞེས་པ་དྲང་པོར་བསྒྱུར་ན་བྱང་ཆུབ་སེམས་པ་ཞེས་པ་ཙམ་ལས་དཔའ་བའི་དོན་དངོས་སུ་མེད་ཀྱང་དོན་གྱིས་ཐོབ་པའི་དབང་དུ་མཛད་ནས་སེམས་དཔར་བསྒྱུར་བ་ཡིན་ལ། དེ་ཡང་རང་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དང་རང་དོན་ཆོས་སྐུ་དོན་དུ་གཉེར་བས་ན་སེམས་དཔའ་དང་། གཞན་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དང་གཞན་དོན་གཟུགས་སྐུ་དོན་དུ་གཉེར་བའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ་ཆེན་པོ་ལ་བཤད་ཚུལ་གཞན་ཡང་ཡོད་དོ། །ཉན་ཐོས་ཀྱི་སྐད་དོད་ཤྲ་བ་ཀའམ་སྲ་བ་ཀ་ནི་ཐོས་སྒྲོག་ལ་འཇུག་པས། མཆོག་གི་སྤྲུལ་པའི་སྐུ་ལ་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ཉན་ཅིང་ཐོས་པར་བྱས་ནས་གཞན་ལ་སྒྲོག་པར་བྱེད་པས་ན་དེ་སྐད་ཅེས་བྱ་སྟེ། དམ་ཆོས་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །ཞེས་སོགས་གསུངས་པ་བཞིན་ནོ། །གཞུང་འདིས་སངས་རྒྱས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་གཉིས་ལ་ཕྱག་འཚལ་བ་དངོས་སུ་བསྟན་པའི་ཤུགས་ཀྱིས་ཆོས་དཀོན་མཆོག་ལའང་ཕྱག་འཚལ་བ་ཡིན་ཏེ། དེ་དག་གི་རྒྱུད་ཀྱིི་སྤངས་རྟོགས་ཀྱི་ཡོན་ཏན་ལ་ཕྱག་བྱེད་པའང་དོན་གྱིས་ཐོབ་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་ཉན་རང་ལ་ཕྱག་བྱེད་པར་མི་རིགས་སོ་སྙམ་ན། སྐྱོན་མེད་དེ། ཉན་རང་གི་བྱང་ཆུབ་དོན་དུ་གཉེར་བའི་བསམ་པས་ཕྱག་བྱར་མི་རུང་ཡང་། ཉན་ཐོས་ཆེན་པོ་དག་ལས་ཐེག་ཆེན་ཀྱི་ཆོས་ཉན་པ་དང་། ཆོས་མཐུན་སྒྲུབ་པ་དང་། ཚོགས་གསོག་པ་སོགས་ཀྱི་ཡུལ་དུ་ཉན་རང་ལའང་བྱང་སེམས་ཀྱིས་ཕྱག་བྱར་རུང་བའི་སྐབས་ཡོད་ཅིང་། དེ་བཞིན་དུ་འབྲས་བུའི་སྐྱབས་འགྲོའི་དབང་དུ་བྱས་ན་ཕྱག་བྱར་མི་རུང་ཡང་། རྒྱུའི་སྐྱབས་འགྲོའི་དབང་དུ་བྱས་ན་རིགས་ཅན་གསུམ་གས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ཕྱག་བྱར་རུང་བའི་ཕྱིར་རོ། །གཉིས་པ་ནི། ངན་འགྲོའི་ལམ་ནི་སོགས་ཚིགས་བཅད་གཅིག་སྟེ། ངན་སོང་གསུམ་དུ་འགྲོ་བའི་ལམ་མི་དགེ་བ་བཅུ་ལ་སོགས་པ་རྣམས་ནི་བཟློག་པ་སྟེ་སྤོང་བར་བགྱིད་ཅིང་། མངོན་མཐོའི་གོ་འཕང་མཐོ་རིས་ལྷ་དང་མིར་སྐྱེ་ཞིང་བགྲོད་པའི་ལམ་དགེ་བ་བཅུ་ལ་སོགས་པ་ནི་རབ་ཏུ་སྟོན་ལ། རྒ་ཤི་མེད་པ་སངས་རྒྱས་ཀྱི་སར་འདྲེན་པར་བགྱིད་པའི་ཡོན་ཏན་དང་ལྡན་པའི་ཐབས། བྱང་ཆུབ་ཀྱི་སེམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་ལ་དངོས་བཏགས་མ་ཕྱེ་བར་དབྱེ་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ཕྱི་མ་ནི་སྟོང་ཉིང་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་ཡིད་ཀྱི་རྣམ་ཤེས་ཞིག་ཡིན་ལ། སྔ་མ་ནི་ཐེག་ཆེན་སེམས་བསྐྱེད་དང་དོན་གཅིག་ཅིང་། ངོ་བོ་ནི། རྗེ་བཙུན་བྱམས་པས་མངོན་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་ཏེ། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་ཤིང་གྲོགས་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་དུ་གྱུར་པའི་ཐེག་ཆེན་གཙོ་བོ་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་ཞིག་ལ་འཇོག་ཅིང་། དབྱེ་ན་སྨོན་སེམས་དང་འཇུག་སེམས་གཉིས་སོ། །དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་ནི་སྡིག་པ་ཐམས་ཅད་རྩ་བ་ནས་སྤྱོང་ནུས་ཤིང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་ངན་སོང་གི་རྒྱུ་སྡིག་སྒྲིབ་ཀུན་སྤྱོང་ནུས་པ་ཡིན་ཏེ། བྱམས་པས་ཞུས་པ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། ངན་སོང་ཐམས་ཅད་ཡོངས་སུ་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །གཅིག་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་ཏེ། ཞེས་དང་། སྤྱོད་འཇུག་ལས་ཀྱང་། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་གསུངས་ཤིང་། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་རྒྱས་པར་ནི་བྱམས་པས་ནོར་བཟང་ལ་བཤད་པ་ལྟར་ཏེ། འདི་ལས་ལྷག་དེའི་ཕན་ཡོན་རྒྱས་པར་བཤད་པ་གཞན་མ་མཐོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྒ་ཤི་མེད་པའི་གནས་ཐོབ་པའི་ཚུལ་ནི། རྒྱུད་བླ་མ་ལས། འཕགས་པས་ན་དང་རྒ་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་དང་། སྐྱེ་བ་མེད་ཅིང་འཆི་བ་མེད། །གནོད་མེད་རྒ་བ་མེད་པ་སྟེ། །དེ་ནི་རྟག་དང་བརྟན་ཕྱིར་དང་། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །ཞེས་གསུངས་པ་ལྟར་རོ། །འདིར་བྱང་ཆུབ་ཀྱི་སེམས་ལ་སྒོས་སུ་ཕྱག་འཚལ་བའི་རྒྱུ་མཚན་ཅི་ཞེ་ན། ཡོད་དེ། སངས་རྒྱས་ཀྱི་གོ་འཕང་ནས་བཟུང་ཐེག་ཆེན་གྱི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ནི་བྱང་ཆུབ་ཀྱི་སེམས་ལ་ཐུག་ཅིང་རག་ལས་པ་ལ་དགོངས་པའི་ཕྱིར་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཡོན་ཏན་ཆེ་ཆུང་ཐམས་ཅད་ཀྱང་ཐེག་ཆེན་གྱི་ཡོན་ཏན་དུ་འཇོག་ནུས་ཀྱི། དེས་མ་ཟིན་པའི་ཡོན་ཏན་ཆེན་པོ་ཇི་ལྟ་བུ་ཞིག་ཡིན་ཡང་ཐེག་ཆེན་གྱི་ཡོན་ཏན་དུ་འཇོག་ཏུ་མི་རུང་བའི་ཕྱིར་ཏེ། ཐེག་ཆེན་དུ་ཞུགས་མ་ཞུགས་ནི་སེམས་དེ་བསྐྱེད་མ་བསྐྱེད་ལ་རག་ལས་པའི་ཕྱིར་རོ། །དེར་མ་ཟད། འོག་ཏུ་འབྱུང་བའི་སྨོན་ལམ་རྣམས་ཀྱང་ཐེག་ཆེན་གྱི་སྨོན་ལམ་དུ་འགྱུར་བའི་ཆེད་དོ། །ཕྱག་གི་སྒྲ་དོན་ནི། ཎ་མ་འདུད་པ་ལའོ་ཞེས་པའི་བྱིངས་ལས་འདུད་པའི་དོན་ཏེ། དེ་ལའང་ལུས་ངག་ཡིད་གསུམ་གྱི་འདུད་པ་ཡོད་དོ། །འདུད་ཚིག་ཀྱང་ན་མཿཞེས་པ་བློ་གཞོལ་ཅིང་མཆོད་པའང་འདུད་པའི་དོན་ནོ། །གཉིས་པ་བཤགས་པ་ནི། སེམས་ཀྱི་དབང་དུ་སོགས་ཚིགས་བཅད་གཅིག་སྟེ། སེམས་ཉོན་མོངས་པ་དང་འདྲེས་པའི་དབང་དུ་གྱུར་པ་སྟེ་སོང་བ་ན། བདག་གིས་སྒོ་གསུམ་གྱི་སྡིག་པ་མི་དགེ་བའི་ལས་བཅུ་ལ་སོགས་པ་ཅི་བགྱིས་པ་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པ་དང་། དེའི་རྟེན་གྱི་སྤྱན་སྔར་ཏེ་དྲུང་དུ་མཆིས་ཤིང་ཕྱིན་ནས་སུ་བདག་གི་སྡིག་པའི་ལས་དེ་དག་ཐམས་ཅད་བཤགས་པར་བགྱིའོ། །ཚུལ་ཇི་ལྟར་བཤགས་ན། གཉེན་པོ་སྟོབས་བཞིའི་སྒོ་ནས་ཏེ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི་རྟེན་གྱི་སྟོབས་དང་། སྡིག་ལས་ལ་འགྱོད་སེམས་བྱེད་པ་སུན་འབྱིན་པའི་སྟོབས་དང་། སྟོང་ཉིད་སྒོམ་པར་བྱེད་པ་སོགས་གཉེན་པོ་ཀུན་ཏུ་སྦྱོད་པའི་སྟོབས་དང་། ཕྱིན་ཆད་མི་བྱེད་པ་སླར་ལྡོག་པའི་སྟོབས་ཏེ། སྟོབས་བཞི་ཚང་བའི་སྒོ་ནས་སོ། །སྟོབས་བཞིའི་ཆ་རེ་རེས་ཀྱང་སྡིག་པ་དུ་མ་སྦྱོང་ནུས་མོད། །བཞི་ཀ་ཚང་བ་ནི་ལྷག་པར་སྟོབས་ཆེའོ། །གསུམ་པ་བསྔོ་བ་ནི། བདག་ལས་རྣམ་པ་སོགས་ཚིགས་བཅད་གཅིག་སྟེ། འདིར་བདག་ལ་ཞེས་པ་ཞིག་འབྱུང་ཡང་། བདག་ལས་ཞེས་པ་གཞུང་གཉིས་ནས་འབྱུང་བས་དེ་དང་བསྟུན་ན། བདག་གི་ལས་དགེ་བ་སྔར་བྱས་པ་རྣམས་བསྡུས་ན༑ ལུས་ངག་ཡིད་རྣམ་པ་གསུམ་གང་གི་སྒོ་ནས་མཆོད་པ་འབུལ་བས་མཚོན་ཏེ་བསོད་ནམས་ཀྱི་ཚོགས་ནི་བསྐྱེད་ཅིང་བསགས་པའི་དགེ་བ་གང་མཆིས་པ་དེ་རྣམས་ནི། བདག་གི་ཐོབ་བྱའི་འབྲས་བུ་ཀུན་མཁྱེན་སངས་རྒྱས་ཀྱི་ས་བོན་ཡིན་ཏེ། རྒྱུ་ས་བོན་དེ་ལས་བདག་གི་ཐོབ་བྱའི་འབྲས་བུ་བྱང་ཆུབ་ཡོན་ཏན་རྒྱ་མཚོ་ལྟར་མི་ཟད་པ་དེ་མྱུར་དུ་ཐོབ་པར་ཤོག་ཅིག །རྐང་པ་སྔ་ཕྱི་གཉིས་སུ་བདག་ལ་ཞེས་འབྱུང་བ་ལྟར་ན། བདག་ལ་མཆིས་པའི་སྒོ་གསུམ་གྱི་ལས་རྣམ་པ་གསུམ་ཞེས་དང་། བདག་ལ་བྱང་ཆུབ་མི་ཟད་པ་འབྱུང་བར་ཤོག་ཅེས་སྦྱར་ཀྱང་རུང་ངོ་། །ཀུན་མཁྱེན་ཞེས་པ་ནི་རྣམ་མཁྱེན་ཁོ་ནར་མི་བཟུང་གི་རྣམ་མཁྱེན་རྟེན་དང་བཅས་པ་ལ་བྱ་ཞིང་། ས་བོན་ཡང་ཉེར་ལེན་གྱི་རྒྱུ་ཙམ་མ་ཡིན་པར་ཐོབ་བྱེད་ཀྱི་རྒྱུ་ལ་བྱ་དགོས་ཏེ། འདིས་ཆོས་གཟུགས་ཀྱི་སྐུ་གཉིས་འགྲུབ་པའི་རྒྱུ་བསྟན་པར་འདོད་དགོས་པའི་ཕྱིར་རོ། །བཞི་པ་མཆོད་པ་དང་བཅས་པའི་ཡི་རང་བ་ལ། དངོས་དང་། དོན་བསྡུ་བ་གཉིས་ལས། དང་པོ་ནི། ཕྱོགས་བཅུ་དག་གིས་སོགས་ཚིགས་བཅད་གཅིག་སྟེ། རང་གཞན་རྣམས་ཀྱིས་ཕྱོགས་བཅུ་དག་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་བྱོན་པ་དང་བཞུགས་པའི་སངས་རྒྱས་རྣམས་ལ་མཆོད་པའི་ཚོགས་ཀྱིས་མཆོད་པ་ལས་དགེ་བ་གང་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་སངས་རྒྱས་ཀྱིས་མཁྱེན་པ་དང་གཟིགས་ནས་རྗེས་སུ་ཡི་རང་བ་མཛད་པ་དེ་དག་ལ་བདག་ནི་རྗེས་སུ་ཡི་རང་ངོ་། ཁ་ཅིག །མཆོད་པ་གང་བྱུང་བ་ཞེས་པའི་དོན་མཆོད་པའི་དགེ་བ་ལ་མ་སྦྱར་བར་མཆོད་པའི་ཡོ་བྱད་ལ་སྦྱར་བ་ནི་དོན་མིན་ནམ་སྙམ་སྟེ། གང་བྱུང་བ་ཞེས་པས་མཆོད་པ་ལས་བྱུང་བའི་དགེ་བ་བསྟན་སྣང་བའི་ཕྱིར་དང་། འདིར་རྗེས་སུ་ཡི་རང་བ་ཡང་མཆོད་རྫས་ཙམ་མ་ཡིན་པར་མཆོད་པའི་བསོད་ནམས་ཀྱི་ཕུང་པོ་ལ་རྗེས་སུ་ཡི་རང་བ་ཡིན་པའི་ཕྱིར་ཏེ། བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ་ཞེས་པ་དང་། འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །ཞེས་སོགས་དང་། འདིའི་དོན་བསྡུ་བའི་སྐབས་སུ། བསོད་ནམས་ཀུན་ལ་ཡི་རང་ངོ་། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་དེའི་དོན་བསྡུ་བ་ནི། སྡིག་པ་ཐམས་ཅད་སོགས་ཚིགས་བཅད་གཅིག་སྟེ། བསྡུས་ན། སྡིག་པའི་ཚོགས་ཐམས་ཅད་ནི་བཤགས་པར་བགྱི་ཞིང་། དགེ་བའི་བསོད་ནམས་བསགས་པ་ཀུན་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དེ་ལྟར་བགྱི་བའི་དགེ་བས་བདག་ནི་ཀུན་མཁྱེན་གྱི་ཡེ་ཤེས་མཆོག་མྱུར་དུ་ཐོབ་པར་ཤོག་ཅིག །འདིས་ཀྱང་བཤགས་པ། ཡི་རང་བ། ཕྱག་འཚལ་བ། བསྔོ་བ་གསུམ་བསྡུས་ནས་བསྟན་ཏོ། །ལྔ་པ་བསྐུལ་བ་ལ་བྱང་སེམས་ལ་འཚང་རྒྱ་བར་བསྐུལ་བ་དང་། སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་གཉིས་ཀྱི་དང་པོ་ནི། ཕྱོགས་བཅུ་དག་གི་སོགས་ཚིགས་བཅད་གཅིག་སྟེ། ཤར་ལ་སོགས་པའི་ཕྱོགས་བཅུ་དག་གི་ཕྱོགས་རྣམས་སུ་ནི་ས་བཅུ་པ་སོགས་ལ་གནས་པ་ཡི་བྱང་ཆུབ་སེམས་དཔའ་རྣམས་ནི་མྱུར་དུ་བྱང་ཆུབ་མཆོག་སངས་རྒྱས་སུ་འཚང་རྒྱ་བར་བགྱིད་པར་བསྐུལ་མ་འདེབས་སོ། །ས་བཅུ་ཞེས་པ་ས་བཅུ་པོ་ལ་གནས་པའི་བྱང་སེམས་སུ་བཞེད་པ་ནི་ཅུང་མི་འཐད་དེ། འདིས་ནི་མྱུར་དུ་འཚང་རྒྱ་ནུས་པ་ཞིག་ལ་བསྐུལ་བ་ཡིན་པས་དེ་ནི་ས་བཅུ་པ་ལ་གནས་པའི་བྱང་སེམས་སུ་བཤད་པ་སྐབས་སུ་བབས་པའི་ཕྱིར་རོ། །གཉིས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། དེའི་འབྲས་བུ་ལ་སྨོན་པ་གཉིས་ཀྱི་དང་པོ་ནི། བྱང་ཆུབ་དམ་པར་སོགས་ཚིགས་སུ་བཅད་པ་གཅིག་སྟེ། དེ་ལྟ་བུའི་བྱང་སེམས་རྣམས་ནི་འཚང་རྒྱ་བའི་ཚེ་བདུད་ཀྱི་རྒྱལ་པོ་སྡེ་དཔུང་དང་བཅས་པའི་བདུད་རྣམས་བཏུལ་ནས་བྱང་ཆུབ་ཀྱི་ཤིང་དྲུང་དམ་པར་སངས་རྒྱས་ཤིང་། སངས་རྒྱས་ནས་ཀྱང་སྲོག་ཆགས་སེམས་ཅན་ཀུན་ལ་སྨན་པ་སྟེ་ཕན་པའི་སླད་དུ་ཆོས་ཀྱི་འཁོར་ལོ་རྣམས་བསྐོར་བར་གྱུར་ཅིག །བྱང་ཆུབ་དམ་པར་ཞེས་པ་སངས་རྒྱས་ཀྱི་བྱང་ཆུབ་དམ་པར་ཞེས་བྱས་ཀྱང་མི་འགལ་བར་སེམས་ཡང་འདིར་འཚང་རྒྱ་བའི་གནས་བསྟན་པ་དང་སྦྱར་རོ། །བདུད་བཏུལ་བ་གོང་དུ་བླངས་པ་ནི་ཚང་རྒྱ་བའི་སྔོན་དུ་བདུད་བཏུལ་ནས་དེའི་འོག་ཏུ་སངས་རྒྱས་པ་དང་སྦྱར་བ་སྟེ། སྔོན་བདག་ཅག་གི་སྟོན་པས་བྱང་ཆུབ་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ་ནས་ཐོ་རངས་ལ་སངས་རྒྱས་པར་བཤད་པ་དང་བསྟུན་པའོ། །གཉིས་པ་ནི། ཆོས་རྔ་ཆེན་པོ་སོགས་རྐང་པ་གཉིས་ཏེ། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་ཀྱི་རྔ་ཆེན་པོའི་སྒྲ་སྟེ་ཆོས་བསྟན་པ་དེ་ཡི་ནི་མཐུས་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་པར་བགྱིད་པར་ཤོག །འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ལྷའི་རྔ་བོ་ཆེའི་སྒྲ་དང་ཆོས་མཚུངས་སྦྱར་ཞིང་། སྡུག་བསྔལ་ལས་ཐར་པར་བགྱིད་པ་ནི་གནས་སྐབས་དང་སྦྱར་ན་ངན་འགྲོའི་སྡུག་བསྔལ་ལས་ཐར་པར་བྱས་ནས་མངོན་མཐོའི་བདེ་བ་ལ་འགོད་པ་དང་། མཐར་ཐུག་དང་སྦྱར་ན་སྡུག་བསྔལ་ཐམས་ཅད་ལས་ཐར་པའི་སངས་རྒྱས་ལ་འགོད་པའོ། །སངས་རྒྱས་ཀྱིས་ཆོས་སྟོན་པ་ལ་ཆོས་ཀྱི་རྔ་བརྡུང་བ། ཆོས་ཀྱི་དུང་འབུད་པ༑ ཆོས་ཀྱི་རྒྱལ་མཚན་བསྒྲེང་བ་ཞེས་བཤད་པས་ལྷའི་རྔ་ཁོ་ན་དང་སྦྱར་དགོས་པ་ཡིན་ཡང་སྦྱོར་ན། རྒྱུད་བླ་མ་ལས། ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། །སྔོན་གྱི་དཀར་པོའི་མཐུ་ཡིས་ནི། །འབད་དང་གནས་དང་ཡིད་གཟུགས་དང་། །རྣམ་པར་རྟོག་པ་མེད་བཞིན་དུ། །མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡིས་བག་མེད་པའི། །ལྷ་རྣམས་ཐམས་ཅད་ཡང་དང་ཡང་། །ཆོས་ཀྱི་རྔས་ནི་བསྐུལ་བྱེད་ལྟར། །ཞེས་སོགས་དཔེ་དོན་མཛད་ནས་གསུངས་པ་ལྟར་ཡིན་ལ། །རྔ་བོ་ཆེ་དེ་ལས་བརྡུང་མཁན་མེད་པར་ཆོས་ཀྱི་སྡོམ་བཞི་སྟོན་པ་འབྱུང་སྟེ་སུམ་ཅུ་རྩ་གསུམ་ན་ཡོད་པར་བཤད་དོ། །དྲུག་པ་མི་འདའ་བར་གསོལ་བ་གདབ་པ་ལ། དངོས་དང་། འཕྲིན་ལས་གང་མཛད་པ་གཉིས་ཀྱི་དང་པོ་ནི། བསྐལ་བ་བྱེ་བ་སོགས་རྐང་བ་གཉིས་ཏེ། སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྐལ་བ་བྱེ་བ་བསམ་ཡས་སུ་དམ་པའི་ཆོས་སྟོན་པར་མཛད་ཅིང་མྱ་ངན་ལས་མི་འདའ་བར་བཞུགས་པར་གྱུར་ཅིག །འདིར་བྱེ་བ་ཞེས་པ་བྱེ་བའི་གྲངས་ཚད་ཙམ་ལ་མི་བྱེད་ཀྱི། བསྐལ་བ་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པའི་བར་བཞུགས་པར་གསོལ་བའི་མང་ཚིག་གོ །གཉིས་པ་ལ། ལས་ཉོན་གྱི་འཆིང་ལས་དགྲོལ་བ་དང་། དྲི་བཅས་ཀྱི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱིས་མི་སྨོད་ཅིང་བྱམས་པའི་ཐུགས་ཀྱིས་འཁོར་བ་ལས་ཐར་པར་མཛད་པ་གཉིས་ཀྱི་དང་པོ་ནི། འདོད་པའི་འདམ་སོགས་ཚིགས་བཅད་གཅིག་སྟེ། ཚུལ་དེ་ལྟར་བཞུགས་ནས་ཇི་ལྟར་མཛད་པ་ནི། འདོད་པའི་ཡོན་ཏན་ལྔ་པོ་ཅི་རིགས་ལ་ཆགས་ཤིང་ཞེན་པའི་སྲེད་པ་ནི་བརྒལ་བར་དཀའ་བའི་ཕྱིར་འདམ་དང་ཆོས་མཚུངས་པའི་ནང་དུ་བྱིང་བ་སྟེ་ལྷུང་ནས་བཟུང་བར་གྱུར་ཅིང་། འདོད་ཡོན་ལ་སྲེད་པའི་སྲད་བུ་ཞགས་སྐུད་དང་འདྲ་བས་རྒྱུད་ལྷོད་པོ་མ་ཡིན་པར་དམ་དུ་བཅིངས་པ་སོགས་འཆི ང་བ་ཀུན་གྱིས་བཅིངས་པའི་སེམས་ཅན་དག་ལ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཟིགས་སུ་གསོལ་ལོ། །འདོད་པའི་ཡོན་ཏན་ལྔ་ལ་ཆགས་པའི་སྲེད་པ་ནི་འདོད་པའི་ཁམས་ན་ཡོད་ཀྱི། ཁམས་གོང་མ་གཉིས་ན་མེད་ལ་ཁམས་གོང་ན་སྲིད་པའི་སྲེད་པ་ཡོད་ཅིང་དེ་ཡང་སྙོམས་འཇུག་ལ་སྲེད་པ་ཁ་ནང་དུ་བལྟ་བ་ཞིག་ཡིན་ཏེ། མཛོད་ལས། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། ཁ་ན་ནང་དུ་བལྟས་ཕྱིར་དེ། །ཞེས་གསུངས་པ་ལྟར་རོ། །མཁས་པ་ཁ་ཅིག་འདོད་པ་དང་སྲེད་པའི་སྲད་བུ་ནི་ཁམས་གསུམ་གྱི་སྲེད་པ་དང་སྦྱར་ལ། ཁ་ཅིག་དེ་ཁམས་གོང་མའི་སྲེད་པ་ཁོ་ན་དང་སྦྱོར་བར་མཛད་དོ། །འཆིང་བ་ལ་གཙོ་བོ་གསུམ་སྟེ། དུག་གསུམ་གྱི་འཆིང་བའོ། །འདོད་ཆགས་ཀྱིས་ནི་ཁམས་གསུམ་དང་སྡུག་བསྔལ་གསུམ་དང་འགྱུར་བའི་སྡུག་བསྔལ་ལ་གཙོ་བོར་འཆིང་། ཞེ་སྡང་གིས་ངན་སོང་གསུམ་དང་སྡུག་བསྔལ་གྱི་སྡུག་བསྔལ་ལ་གཙོ་བོར་འཆིང་། གཏི་མུག་གིས་ཁམས་གསུམ་དང་སྡུག་བསྔལ་གསུམ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་གཙོ་བོར་འཆིང་བར་བྱེད་དོ། །འོན་ཀྱང་འཁོར་བར་འཆིང་བྱེད་ཀུན་གྱི་གཙོ་བོ་ནི་སྲེད་པ་ཡིན་པར་ཤིང་རྟ་ཆེན་པོ་དག་གིས་ལུང་རིགས་དུ་མས་བསྒྲུབས་སྣང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ལ་རྐང་གཉིས་རྣམས་ཀྱི་མཆོག་ཅེས་སྙད་མཛད་པ་ནི། སྤྱིར་སེམས་ཅན་ལ་རྐང་མེད་དང་རྐང་གཅིག་དང་རྐང་གཉིས་དང་རྐང་མང་སོགས་ཡོད་ཀྱང་། ལྷ་དང་མི་རྣམས་རྐང་གཉིས་པ་གཙོ་ཆེ་བས་དེ་རྣམས་ཀྱི་མཆོག་ཅེས་བཤད་དོ། །གཉིས་པ་ནི། སེམས་ཀྱི་དྲི་མར་གྱུར་སོགས་ཚིགས་བཅད་གཅིག་སྟེ། སེམས་ཀྱི་དྲི་མ་སྟེ་སེམས་དང་འབྲེལ་བའི་དྲི་མས་སྐྱོན་དུ་གྱུར་བའི་སེམས་ཅན་དམན་པ་ལ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྨོད་པར་མི་མཛད་དེ། སེམས་ཅན་དེ་དག་གིས་སྤྱོད་པ་ངན་པ་བྱེད་པ་ཀུན་སེམས་ཅན་དེ་རྣམས་ཀྱི་སེམས་ཉོན་མོངས་པའི་དབང་དུ་སོང་ནས་བྱེད་པས། སེམས་ཅན་དེ་དག་ལ་རང་དབང་མ་བྱུང་བའི་ཕྱིར་རོ། །གལ་ཏེ་སེམས་དང་སེམས་ཀྱི་དྲི་མ་གཉིས་གཅིག་ཏུ་འདྲེས་ནས་ཡོད་དམ། ཐ་དད་དུ་ཡོད་སྙམ་ན། འདི་ལ་ལན་ཞིབ་ཏུ་བཤད་དགོས་ཀྱང་མང་དུ་དོགས་པས་བསྡུས་ན། སེམས་དང་དེའི་དྲི་མ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅིང་སེམས་ཆུ་དང་བ་ལྟ་བུ་ལ་དྲི་མ་རྣམས་ཆུ་རྙོག་པ་ལྟར་གློ་བུར་དུ་བྱུང་ཞིང་འབྲལ་རུང་ཡིན་ཏེ། མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་རྙོག་པ་ལས་དང་བ་ནི། །ཞེས་པ་ནས། སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུང་བྱས། །ཞེས་གསུངས་པ་ལྟར་རོ། །སྤྱིར་དྲི་མ་ལ་ཕྱིའི་དྲི་མ་དང་། ནང་གི་དྲི་མ་གཉིས་ལས། འདིར་ནང་གི་དྲི་མ་སྟེ། དེ་ལ་ཉོན་མོངས་པ་དང་ཉོན་མོངས་པའི་བག་ཆགས་གཉིས་ཀྱི་དང་པོ་ནི། རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་། ཕྱི་མ་ཉོན་མོངས་པའི་ས་བོན་དང་དེ་མིན་པ་གཉིས་སོ། །སངས་རྒྱས་ཀྱི་དྲི་བཅས་དམན་པའི་སེམས་ཅན་ལ་མི་སྨོད་པར་མ་ཟད། སེམས་ཅན་རྣམས་ལ་བདེ་བ་ལ་འགོད་པར་བཞེད་པའི་བྱམས་པའི་ཐུགས་དང་ལྡན་པའི་ཕྱིར་སེམས་ཅན་དེ་དག་ཐམས་ཅད་སྲིད་པ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་མཛད་པར་ཤོག་ཅིག་ཅེས་སྨོན་ནོ། །འདི་ཡན་ཆད་ནི་ཡན་ལག་བདུན་པའི་ཕྱོགས་སུ་གཏོགས་ཤིང་། ཡན་ལག་བདུན་པོ་བསྡུས་ན། ཚོགས་བསགས་པ་དང་། ཉེས་པ་སྦྱོང་བའི་ཡན་ལག་གཉིས་སུ་འདུ་ལ། ཅུང་ཟད་ཕྱེ་ན་ཕྱག་དང་མཆོད་པ་དང་བསྐུལ་བ་དང་གསོལ་བ་དང་ཡི་རང་བ་རྣམས་ནི་མཐུན་རྐྱེན་ཚོགས་གསོག་པའི་ཡན་ལག་དང་། བཤགས་པ་ནི་འགལ་རྐྱེན་སྒྲིབ་པ་སྦྱོང་བ་དང་། གཞན་གྱི་དགེ་བ་ལ་ཡི་རང་བ་ནི་དགེ་བ་ཐོབ་མཉམ་དུ་འགྱུར་ཞིང་། རང་གི་དགེ་བ་ལ་དགའ་བ་སྒོམ་པ་ནི་དགེ་བ་གོང་འཕེལ་དུ་འགྱུར་ལ། བསྔོ་བས་ནི་བསགས་སྦྱང་གི་དགེ་བ་རྣམས་ཉུང་ངུ་མང་པོར་སྤེལ་བ་དང་། འབྲས་བུ་ཕྱུང་ནས་ཟད་པར་འགྱུར་བ་རྣམས་མི་ཟད་པར་བྱེད་པའི་ཐབས་ཏེ། དེ་ལྟར་ན་བསགས་པ་དང་སྦྱང་བ་དང་སྤེལ་ཞིང་མི་ཟད་པར་བྱེད་གསུམ་དུ་འདུའོ། །བསྔོ་རྒྱུ་དང་བཅས་པའི་སྨོན་ལམ་རྣམས་ནི་བསྔོ་བ་ཡང་ཡིན་པས་གོང་འོག་གི་སྨོན་ལམ་རྣམས་ནི་བསྔོ་བར་ཡང་འགྱུར་རོ། །གཉིས་པ་ཡན་ལག་བདུན་པའི་བསོད་ནམས་དེ་རྣམས་བྱང་ཆུབ་ཆེན་པོའི་རྒྱུར་བསྒྱུར་བའི་སྨོན་ལམ་ལ་ལྔ། དུས་གསུམ་གྱི་སངས་རྒྱས་ཀྱི་རྗེས་སུ་སློབ་ཅིང་བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་པར་སྨོན་པ། སྤྱོད་པ་ཕྱིན་དྲུག་རྫོགས་ནས་རིགས་དྲུག་གི་དོན་བྱེད་པར་སྨོན་པ། མངོན་ཤེས་དང་བྱང་ཆུབ་ཐོབ་པར་སྨོན་པ། ཟབ་མོའི་ཆོས་རྟོགས་པར་སྨོན་པ། ཕྱིན་དྲུག་གི་སྤྱོད་པ་རྒྱས་པར་འཆད་ཅིང་སྨོན་པའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་སོགས་རྐང་པ་བཞི་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟ་གང་ཞིག་ཞུགས་པ་དང་། གང་དག་སྔོན་བྱོན་ནས་འདས་པ་དང་། ད་དུང་མ་བྱོན་པ་འབྱོན་འགྱུར་གྱི་སངས་རྒྱས་དེ་དག་གི་སྤྱོད་པའི་རྗེས་སུ་བདག་སློབ་ཅིང་། བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་གྱུར་ཅིག །སྤྱད་པ་ནི་བྱ་བ་དང་སྤྱོད་པ་ནི་བྱེད་པ་དང་སྦྱར་བའོ། །གལ་ཏེ་སྔོན་བྱོན་པ་རྣམས་འདས་ཟིན་ནས་ད་ལྟ་མེད་ཅིང་། མ་བྱོན་པ་རྣམས་ནི་མ་བྱུང་བས་ད་ལྟ་མེད་པས་དེ་དག་གི་རྗེས་སུ་ཇི་ལྟར་སློབ་སྙམ་ན༑ ཕྱི་མ་འདི་ལ་དོགས་པ་དེ་ལྟར་འབྱུང་བ་ནི་བདེན་ཡང་སྐྱོན་མེད་དེ། སྔོན་བྱོན་ནས་འདས་པའི་ཚུལ་བསྟན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྔར་འདས་པའི་དུས་ཞིག་བྱུང་ནས་འདས་ཟིན་ཞེས་ཐ་སྙད་དུ་བརྗོད་པ་ཡིན་གྱི། སྔོན་འདས་ཟིན་ནས་ད་ལྟ་མེད་ཅེས་བྱར་རུང་ཡང་། སྤྱིར་སྔོན་བྱོན་ཟིན་པའི་སངས་རྒྱས་ཙམ་དུ་མ་ཟད། འདས་ཟིན་གྱི་ཆོས་ཐམས་ཅད་ཀྱང་ཡོད་པར་འདོད་དགོས་ཏེ། དཔེར་ན་ཁ་སང་གི་ཉིན་ཞག་དང་ཟླ་བ་དང་ལོ་སོགས་དང་དེ་དུས་ཀྱི་མི་རྣམས་དེ་རིང་གི་དུས་སུ་མེད་ཀྱང་སྤྱིར་ཡོད་པར་འདོད་དགོས་པ་བཞིན་ནོ། །དེ་བཞིན་དུ་སྐྱེ་བ་སྔ་ཕྱི་དང་སྔར་བསགས་པའི་ལས་དགེ་སྡིག་རྣམས་ཀྱང་ད་ལྟ་འདིར་ཡོད་ཅེས་དངོས་སུ་བསྟན་དུ་མེད་ཀྱང་ཐ་སྙད་དུ་ཡོད་པར་འདོད་དགོས་ཏེ། ཀུན་རྫོབ་ཀྱི་ཆོས་རྟེན་འབྲེལ་སྒྱུ་མ་ལྟ་བུའི་གནས་ཚུལ་ལོ། །དེ་བཞིན་དུ་མ་འོངས་པ་ན་འབྱོན་འགྱུར་གྱི་སངས་རྒྱས་སོགས་འབྱུང་གྱུར་རྣམས་དང་སང་ཕན་ཆད་ཀྱི་ཉིན་ཞག་དང་ཟླ་བ་དང་ལོ་དང་སྐྱེ་བ་སོགས་དང་། བྱེད་འགྱུར་གྱི་བྱ་བ་དང་ཐོབ་འགྱུར་གྱི་སངས་རྒྱས་སོགས་ཐམས་ཅད་ཀྱང་ད་ལྟ་མ་གྲུབ་ཀྱང་། སྤྱིར་ཐ་སྙད་དུ་གྲུབ་པར་འདོད་དགོས་ཏེ་ཚུལ་འདི་ལྟར་བློ་ངོར་མི་བདེ་བ་མེད་པར་ལེགས་པར་འཇོག་ཚུལ་ཤེས་པ་ལ་ནི་དབུ་ཚད་ཀྱི་རིགས་པ་རྣམས་དང་། ཁྱད་པར་དུ་མགོན་པོ་ཀླུ་སྒྲུབ་དང་། དཔལ་ལྡན་ཟླ་བའི་ལུགས་རྗེ་ཉིད་ཀྱིས་བཤད་པ་ལྟར་ཤེས་དགོས་སོ། །ད་ལྟ་མེད་ཀྱང་མ་འོངས་པ་ན་འབྱུང་ངེས་རྣམས་སྤྱིར་ཡོད་ཅེས་འདོད་དགོས་ཀྱི། ད་ལྟ་མེད་པར་མཚུངས་ཀྱང་རི་བོང་གི་རྭ་ལྟར་ཡུལ་དུས་གང་ལ་ལྟོས་ནས་གཏན་ནས་འབྱུང་མི་སྲིད་པ་རྣམས་ནི་སྤྱིར་ཡོད་ཅེས་བྱར་མི་རུང་སྟེ། དེ་དག་ནི་རྟོགས་ལྡན་དག་ལ་དཔྱོད་པའི་སྒོ་ཙམ་བསྟན་པའོ། །དེས་ན་འདས་པ་དང་མ་འོངས་པའི་སངས་རྒྱས་འབྱོན་འགྱུར་དེ་དག་གི་མཛད་པ་ལྟར་སློབ་པ་ནི་དེ་དག་གི་རྗེས་སུ་སློབ་པའོ། །གཉིས་པ་ནི། ཕ་རོལ་ཕྱིན་དྲུག་སོགས་རྐང་པ་གཉིས་ཏེ། དེ་ལྟར་སྤྱད་པ་སྤྱོད་པའི་ཚུལ་གྱིས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ནས་སངས་རྒྱས་ཏེ་འགྲོ་དྲུག་གི་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་ཐར་པར་བགྱིད་ཅིང་སངས་རྒྱས་ཀྱི་ས་ལ་འགོད་པར་ཤོག། གསུམ་པ་ནི། མངོན་ཤེས་དྲུག་སོགས་རྐང་པ་གཉིས་ཏེ། སྤྲུལ་བསྒྱུར་སྣ་ཚོགས་སྟོན་པའི་རྫུ་འཕྲུལ་གྱི་མངོན་ཤེས་དང་། འཇིག་རྟེན་ཁམས་ཀྱི་སྒྲ་ཕྲ་རགས་རྣམས་ཐོས་པའི་ལྷའི་རྣ་བའི་མངོན་ཤེས་དང་། གཞན་གྱི་སེམས་དང་དབང་པོའི་རིམ་པ་ལེགས་པར་ཤེས་པའི་གཞན་སེམས་ཤེས་པའི་མངོན་ཤེས་དང་། རང་གཞན་ཚེ་སྔོན་མ་གང་དུ་སྐྱེས་པ་ཤེས་པའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང་། རང་གཞན་འཆི་འཕོ་བ་དང་གང་དུ་སྐྱེ་བར་ཤེས་པའི་ལྷའི་མིག་གི་མངོན་ཤེས་སམ་འཆི་འཕོ་སྐྱེ་བ་ཤེས་པའི་མངོན་ཤེས་དང་། རང་གི་གཞལ་བྱ་ཉོན་མོངས་སྤངས་པའི་མྱང་འདས་མངོན་སུམ་ཤེས་པའི་ཟག་པ་ཟད་པ་ཤེས་པའི་མངོན་ཤེས་ཏེ། མངོན་ཤེས་དྲུག་པོ་དེ་མངོན་དུ་བགྱིས་ནས་བླ་ན་མེད་པའི་བྱང་ཆུབ་ལ་རེག་པ་སྟེ་ཐོབ་པར་གྱུར་ཅིག་ཅེས་སོ། །བཞི་པ་ཟབ་མོའི་ཆོས་ཤེས་པ་ལ་སྨོན་པའི་ཚུལ་ལ་གཉིས། ཆོས་ཀྱི་བདག་མེད་རྟོགས་པ་དང་གང་ཟག་གི་བདག་མེད་རྟོགས་པ་ལ་སྨོན་པའོ། །དང་པོ་ནི། མ་སྐྱེས་པ་དང་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཕུང་སོགས་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི། ཇི་སྐད་དུ་རྗེས། གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །གསུངས་པ་འདི་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟ་བུ་སྟེ། དེ་ཡང་། མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ཞེས་གསུངས་པའི་དོན་ནོ། །དེ་ནི་ཕུང་སོགས་འདུས་བྱས་ཀྱི་ཆོས་རྣམས་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་ཞིང་དེ་ལ་སྒྲ་རྟོག་གིས་དེ་དང་དེའོ་ཞེས་བཏགས་པ་ཙམ་མ་གཏོགས། དེ་ལྟ་བུ་ལ་མ་ལྟོས་པར་དབང་དུ་མ་བྱུང་ཞེས་པ་སྟེ། དེ་ཡང་བཞི་བརྒྱ་པ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་འདུས་བྱས་རྣམས་ཐ་སྙད་ཙམ་མ་གཏོགས་རང་དབང་ངམ་རང་བཞིན་གྱིས་མ་སྐྱེས་ཤིང་རང་བཞིན་གྱིས་མི་འབྱུང་ཞེས་པ་སྟེ་དུས་དང་སྦྱར་ན་འདས་པའི་དངོས་པོ་རང་བཞིན་གྱིས་མ་སྐྱེས་པ་དང་། མ་འོངས་པའི་དངོས་པོ་རྣམས་རང་བཞིན་གྱིས་མི་འབྱུང་ཞེས་པ་སྟེ། འདིས་ཤུགས་ལ་རང་བཞིན་གྱིས་མི་གནས་ཤིང་། དེའི་ཕྱིར་རང་བཞིན་གྱིས་མི་འགག་ཅེས་བསྟན་པའང་ཐོས་སོ། །འདི་དག་ནི་གོང་གི་དེར་མ་ཟད། ལུང་དང་རིགས་པ་དུ་མས་སྒྲུབ་ཏུ་ཡོད་ཀྱང་མང་བར་དོགས་ནས་བཞག་སྟེ། མཚོན་ཙམ་ནི་དངོས་པོ་རྣམས་རང་གི་རྒྱུའི་དུས་སུ་ཡོད་བཞིན་དུ་མི་སྐྱེ་སྟེ། ཡོད་ན་གྲུབ་ཟིན་པས་སླར་སྐྱེ་མ་དགོས་པའི་ཕྱིར། སླར་སྐྱེ་ན་ནི་ཡང་ཡང་སྐྱེ་དགོས་པས་སྐྱེ་བ་ཐུག་པ་མེད་པར་འགྱུར་རོ། །རང་གི་རྒྱུའི་དུས་སུ་མེད་བཞིན་དུ་སྐྱེ་ཡང་རི་བོང་གི་རྭ་ལྟར་རྒྱུན་ཡང་མེད་པའི་ཚུལ་གྱིས་མི་སྐྱེ་སྟེ། དེ་ལྟར་སྐྱེ་ན་ནམ་མཁའི་མེ་ཏོག་དང་མོ་གཤམ་གྱི་བུ་བཞིན་དུ་གཏན་ནས་མི་སྐྱེ་བའམ། རྒྱུ་མེད་དུ་སྐྱེ་བར་ཐལ་བར་འགྱུར་རོ། །དེས་ན་ཡོད་མེད་གཉིས་ཀ་ལས་ཀྱང་སྐྱེ་བ་མེད་དོ། །དེ་ལྟར་ཇོ་བོའི་ལམ་སྒྲོན་ལས། ཡོད་པ་ཡོད་ཕྱིར་སྐྱེ་མ་ཡིན། །མེད་པའང་ནམ་མཁའི་མེ་ཏོག་བཞིན། །ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར། །གཉིས་ཀ་ལས་ཀྱང་འབྱུང་མ་ཡིན། །ཞེས་གསུངས་པ་ལྟར་རོ། །རང་བཞིན་མ་མཆིས་ཞེས་སོགས་ཀྱི་དོན་ཏཱ་ར་ནཱ་ཐས། རང་བཞིན་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་ཡང་བདེན་པར་མེད་ལ། གནས་ཏེ་སྣོད་ཀྱི་འཇིག་རྟེན་ཡང་གནས་ཚུལ་ལ་མ་གྲུབ་པ་དང་། རྣམ་རིག་སྟེ་སེམས་དང་སེམས་བྱུང་དང་། དེ་དག་རང་རང་གི་རྣམ་པ་དང་བཅས་པ་ཡང་ངོ་བོས་གྲུབ་པ་མེད་པ་དང་། དངོས་པོ་སྟེ་ཕྱི་རོལ་གྱི་དོན་ཡང་རང་བཞིན་གྱིས་མ་གྲུབ་པ་ཞེས་བཤད་ཅིང་། ཞ་ལུ་ཡེ་ཤེས་རྒྱ་མཚོས། རང་བཞིན་མ་མཆིས་ཞེས་པའང་རང་དབང་དུ་ཡོད་ན་ལྟོས་མེད་དུ་ཡོད་ཅིང་དེ་ཡོད་ན་རང་བཞིན་ཡོད་པར་འགྱུར་ན་དེ་ཡོད་པ་མ་ཡིན་ཏེ། །ཞེས་དང་། གནས་མ་མཆིས་ཞེས་པའི་དོན་ཡང་ཞེས་པ་ནས། གནས་ནི་མིག་སོགས་དྲུག །དམིགས་པ་ནི་གཟུགས་སོགས་དྲུག །རྩ་བ་ནི་ཀུན་གཞིའི་བག་ཆགས། གནས་པ་ནི་རྣམ་ཤེས་ཞེས་དང་། དེའི་གནས་མ་མཆིས་ཞེས་པའི་དོན་འདི་ལས་ནི་རྣམ་རིག་མ་མཆིས་དངོས་མ་མཆིས་ཞེས་པའི་དོན་ཡང་ཤེས་པར་བྱར་ཡོད་དེ་ཞེས་བཤད་དེ། དེ་ནི་རིགས་པ་དྲུག་ཅུ་པ་ལས། གནས་མེད་དམིགས་པ་ཡོད་མ་ཡིན། །རྩ་བ་མེད་ཅིང་ཞེས་གསུངས་པའི་དོན་དུ་བཞེད་ཅིང་། རྣམ་རིག་ཅེས་པ་ཡང་གནས་དམིགས་པ་རྩ་བ་གནས་པ་བཞི་པོ་དེ་རང་བཞིན་གྱིས་མེད་པའི་དོན་དུ་བཤད་ནས། ཡང་འདིར་ཕྱི་གཟུང་བའི་རྣམ་རིག་དང་། ནང་འཛིན་པའི་རྣམ་རིག་ཅེས་བྱ་བ་བརྟག་བཟོད་དུ་མི་འདོད་པས་རྣམ་རིག་མ་མཆིས་ཞེས་བྱ་སྟེ་ཞེས་དང་། གཉིས་ཀས་མ་མཆིས་པའི་དོན་ནི་མེད་པ་དང་སྟོང་པའི་ཞེ་སར་བཤད་དོ། །གཉིས་ཀའི་བཤད་ཚུལ་ཅུང་ཟད་མི་འདྲ་ཞིང་། འདིར་བརྗོད་ན་རང་བཞིན་ཞེས་པ་ལ་གཉིས་ཡོད་དེ། ཐ་སྙད་པའི་རང་བཞིན་དང་། དོན་དམ་པའི་རང་བཞིན་ནོ། །ཐ་སྙད་པའི་རང་བཞིན་ནི་མཚོན་ན། མེའི་རང་བཞིན་ཚ། ཆུའི་རང་བཞིན་གཤེར་སོགས་དང་། མི་རྒྱུ་བཟང་ངན་ལ་དེའི་རང་བཞིན་བཟང་ངན་ཞེས་བརྗོད་པ་ལྟ་བུ་ཡིན་ལ། དོན་དམ་པའི་རང་བཞིན་ལ་འགྱུར་མེད་བདེན་པའི་རང་བཞིན་ནི་ཆོས་རྣམས་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་དང་མྱང་འདས་ལྟ་བུ་ལ་བྱ་སྟེ། མདོ་ལས། སྟོང་ཉིད་ལ་རང་བཞིན་ཞེས་མང་དུ་གསུངས་པ་ལྟར་འཕགས་པ་ཡབ་སྲས་དང་རྗེས་ཀྱང་དབུ་མའི་འགྲེལ་པར་བཤད་དོ། །དགག་བྱ་བདེན་པར་གྲུབ་པ་ཞིག་བྱུང་ན་དེ་ལའང་རང་བཞིན་ཞེས་བརྗོད་དགོས་ཏེ། བདེན་པར་གྲུབ་ན་རྒྱུ་རྐྱེན་ལ་ལྟོས་མེད་དུ་རང་བཞིན་གྱིས་ཡོད་དགོས་པའི་ཕྱིར་རོ། །དེས་ན་རང་བཞིན་མ་མཆིས་ཞེས་པ་ཕུང་སོགས་ཀྱི་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་མ་མཆིས་ཞེས་བཤད་ཀྱང་རུང་བར་སེམས་ལ༑ གནས་མ་མཆིས་ཞེས་པའང་རང་བཞིན་གྱིས་གནས་པ་མ་མཆིས་པའི་དོན་དུའང་འགྱུར་རོ། །རྣམ་རིག་ནི་སྤྱིར་ཕྱི་ནང་གི་དངོས་པོ་འདི་ཐམས་ཅད་ལ་རྣམ་པར་རིག་པ་ཞེས་བཤད་ཅིང་། ཕྱིའི་རྣམ་པར་རིག་པ་གཟུགས་སྒྲ་སོགས་དང་། ནང་གི་རྣམ་པར་རིག་པ་ནི་སེམས་དང་སེམས་བྱུང་རྣམས་སོ། །དེ་ལྟ་བུའི་རྣམ་པར་རིག་པའི་ཆོས་རྣམས་ནི་རང་བཞིན་གྱིས་མ་མཆིས་ཞེས་བྱ་སྟེ། དེ་ལྟ་བུའི་སྟོང་པའི་ཆོས་ནི་རྟོགས་པར་ཤོག་ཅིག་ཅེས་སོ། །རྣམ་པ་གཅིག་ཏུ་ན་རྣམ་རིག་མ་མཆིས་པ་ནི་སེམས་ཙམ་པ་ལ་རྣམ་རིག་པ་ཞེས་འབྱུང་བ་ལྟར་ན་ཡུལ་ཅན་རྣམ་ཤེས་འཁོར་བཅས་དང་། དངོས་པོ་ཞེས་པ་དེའི་ཡུལ་གྱི་དངོས་པོ་ཕྱི་རོལ་གྱི་དོན་རང་བཞིན་གྱིས་མེད་ཅེས་སྦྱར་ཡང་རུང་ངོ་། །འདིར་དངོས་པོ་ཞེས་པ་འདུས་བྱས་ཀྱི་དངོས་པོ་ཁོ་ནར་མི་གཟུང་སྟེ། དངོས་པོའི་སྐད་དོད་བྷ་བ་སྟུ་དང་། བྷ་བ་ནི་དངོས་པོ་དང་གཞི་དང་རང་བཞིན་དང་ཡོད་པ་ལའང་འཇུག་པའི་ཕྱིར་རོ། །གཉིས་པ་གང་ཟག་གི་བདག་མེད་རྟོགས་དགོས་པ་ནི། སངས་རྒྱས་དྲང་སྲོང་སོགས་ཚིགས་བཅད་གཅིག་སྟེ། དྲང་སྲོང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཟག་གི་བདག་མེད་པའི་ཚུལ་མངོན་དུ་ཇི་ལྟར་གཟིགས་པ་དེ་ལྟར། བདག་གིས་ཀྱང་སེམས་ཅན་དང་། སྲོག་དང་། གང་ཟག་དང་། གསོ་བ་དང་། བདག་རྣམས་རང་བཞིན་གྱིས་མ་མཆིས་པའི་ཆོས་ཀྱི་དོན་ཟབ་མོ་མངོན་སུམ་དུ་རྟོགས་པར་ཤོག་ཅིག །འདིར་སེམས་ཅན་དང་སྲོག་གང་ཟག་གསོ་བ་རྣམས་ནི་བདག་གི་རྣམ་གྲངས་ཏེ། དེ་ཡང་སེམས་ཅན་གྱི་སྒྲ་དོན་ནི། འཁོར་བར་ཀུན་དུ་གདུང་བའི་སེམས་པ་ཅན་དང་། སྲོག་ནི་རིས་མཐུན་སྐལ་མཉམ་རྫོགས་པའི་བར་གནས་པ་དང་། གང་ཟག་ནི་བག་ཆགས་དམན་པས་རྒྱུད་གང་ཞིང་འཁོར་བར་ཟག་པར་བྱེད་པ་དང་། བདག་ནི་ངའོ་སྙམ་པའི་ངར་འཛིན་གྱི་གཞིར་གྱུར་པའི་དོན་དུ་བསླབ་བཏུས་མཆན་འགྲེལ་ལས་བཤད་ལ། གཞན་ཞིག་ཏུ་གསོ་བ་ནི་ཕ་མ་དང་ཟས་ཀྱིས་རང་གསོ་བ་དང་རང་གིས་ནི་གཞན་གསོ་བ་ལྟ་བུའི་སྒོ་ནས་བརྗོད་ཅེས་བཤད་དོ། །འོན་ཀྱང་དེ་དག་གི་སྒྲ་འཇུག་ཏུ་ཡོད་ན་བཤད་དུ་ཡོད་མི་དགོས་ཏེ། སངས་རྒྱས་འཕགས་པ་རྣམས་གང་ཟག་ཡིན་ཀྱང་དེ་ལྟ་བུའི་སྒྲ་བཤད་དུ་མེད་པ་བཞིན་ནོ། །དེ་ལྟར་ན་སྲོག་ཅེས་པ་སྲོག་ལྡན་དང་། གསོ་བ་ནི་གསོ་བ་པོ་ལ་བྱ་དགོས་སོ། །དེས་ན་བདག་ལ་ནི་ཐ་སྙད་པའི་བདག་དང་གང་ཟག་དང་ང་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་པས་ཡོད་ལ། དགག་བྱ་རང་བཞིན་གྱིས་གྲུབ་པ་ལ་བདག་ཅེས་པའི་ཐ་སྙད་མཛད་པ་ཡོད་དེ། བཞི་བརྒྱ་པ་ལས། དེས་ན་བདག་ནི་ཡོད་མ་ཡིན། །ཞེས་གསུངས་པའི་འགྲེལ་པར་དཔལ་ལྡན་ཟླ་བས། བདག་ཅེས་བྱ་བ་ནི་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པ་ནི་ངོ་བོའི་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །ཞེས་གསུངས་པ་ལྟར་རོ། །ཏཱ་ར་ནཱ་ཐས་ནི་འདིར་བདག་ཅེས་པ་ཕྱི་རོལ་བའི་འདོད་པ་ལྟར་མཚན་ཉིད་ལྔ་ལྡན་གྱི་བདག་ལ་བྱས་ནས། མ་མཆིས་ཞེས་པས་དེ་ལྟ་བུའི་བདག་མེད་ཅེས་རིགས་པས་སྒྲུབ་པར་མཛད་སྣང་སྟེ་ཕྱོགས་གཅིག་གོ །གང་ཟག་གི་བདག་མེད་གཏན་ལ་འབེབ་པའི་རིགས་པའི་རྣམ་གྲངས་མང་ཡང་། འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིན་ཆེན་འཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ནི་སྐྱེས་བུ་གང་། །སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཞེས་གསུངས་པའི་དོན་བསྡུས་ན། སྐྱེས་བུ་གང་ཟག་གམ་བདག་ནི་ཡང་དག་པའམ་བདེན་པར་མ་གྲུབ་སྟེ། དེ་ཕུང་པོ་འདུས་ཤིང་ཚོགས་པའི་སྟེང་དུ་བཏགས་པ་ཙམ་མ་གཏོགས། རང་གི་ལུས་ཀྱི་སའི་ཁམས་ཤ་རུས་སོགས་དེ་མིན། ཆུའི་ཁམས་ཁྲག་དང་ཆུ་སེར་སོགས་དེ་མིན། མེའི་ཁམས་ལུས་ཀྱི་ཕྱི་ནང་གི་དྲོད་རྣམས་དེ་མིན། རླུང་གི་ཁམས་རྩ་རྒྱུས་ཀྱི་རླུང་དང་དབུགས་རྣམས་དེ་མིན། ནམ་མཁའི་ཁམས་ལུས་ཀྱི་བུ་གའི་ཁོང་སྟོང་རྣམས་དེ་མིན། རྣམ་པར་ཤེས་པ་དྲུག་འཁོར་དང་བཅས་པ་རྣམས་དེ་མིན། ཀུན་འདུས་པ་ཙམ་ཡང་མིན་ཞིང་། དེ་ལས་ངོ་བོ་ཐ་དད་དོན་གཞན་ན་ལོགས་སུ་ཡན་གར་བའི་སྐྱེས་བུ་གང་ཞིག་ཡོད་དེ་མེད་པའི་ཕྱིར་ཞེས་པའོ། །དབུ་མ་རྩ་བ་ཤེས་རབ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་གསུངས་ཏེ། བདག་གམ་གང་ཟག་ཅེས་པ་ཇི་ལྟ་བུ་ཞིག །ཅི་དེ་ཕུང་པོ་ལྔ་པོ་འདི་ཉིད་ལ་བརྗོད་དམ། དེ་རྣམས་ལས་དོན་གཞན་དུ་ཡོད། དང་པོ་ལྟར་ན་མི་འཐད་དེ། ཕུང་པོ་འདི་ཉིད་སྐྱེ་བ་མི་ལེན་པ་ལྟར་བདག་ཀྱང་སྐྱེ་བ་མི་ལེན་པར་འགྱུར་བ་དང་། ཕུང་པོ་ལྔ་ཡོད་པ་ལྟར་བདག་ཀྱང་མང་པོ་ཉིད་དུ་འགྱུར་བའི་ཕྱིར། དང་པོ་གྲུབ་སྟེ། ཕུང་པོ་ལྔ་པོ་དང་བཅས་བཞིན་དུ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་མ་མཐོང་བའི་ཕྱིར། གཉིས་པ་གྲུབ་སྟེ། འཇུག་པ་ལས། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེར། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །ཞེས་གསུངས་པའི་ཕྱིར། གང་ཟག་གཅིག་ལ་དུས་གཅིག་ཏུ་བདག་མང་པོ་ཡོད་པ་མིན་ཏེ། ཀུན་གྱིས་བདག་གཅིག་ཏུ་འཛིན་པ་མཐོང་བའི་ཕྱིར་རོ། །རྩ་རྟགས་གཉིས་པ་བདག་དེ་ཕུང་པོ་ལྔ་ལས་དོན་གཞན་དུ་ཡོད་ན་མི་འཐད་དེ། ཕུང་པོ་འདི་མཐོང་ནས་བདག་མཐོང་བར་འཇོག་གི །ཕུང་པོ་འདི་ལ་མ་ལྟོས་པར་ལོགས་སུ་བདག་ཡན་གར་བ་སུས་ཀྱང་མ་མཐོང་བའི་ཕྱིར་དང་། གལ་ཏེ་ལོགས་སུ་ཡོད་ན་ལས་མ་བྱས་པ་དང་འཕྲད་པ་དང་བྱས་པ་ཆུད་ཟ་བ་སོགས་ཀྱི་སྐྱོན་དུ་མ་ཡོད་པའི་ཕྱིར་ཞེས་པ་ནི་མཚོན་པ་ཙམ་མོ། །བདག་མེད་གཉིས་ཀྱི་དོན་སྒོམ་པ་ནི་ཉམས་ལེན་གྱི་གཙོ་བོ་ཡིན་ཏེ། འཇུག་པ་ལས། བདག་མེད་འདི་ནི་འགྲོ་བ་རྣམས་སྒྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམས་གཉིས་གསུངས། །ཞེས་བཤད་པའི་ཕྱིར། །འདིས་དགག་བྱའི་བདག་དེ་གང་ཟག་གི་སྟེང་དུ་བཀག་པ་གང་ཟག་གི་བདག་མེད་དང་། ཕུང་པོ་སོགས་ཆོས་གཞན་གྱི་སྟེང་དུ་བཀག་པ་ཆོས་ཀྱི་བདག་མེད་དུ་གསུངས་སོ། །ང་དང་བདག་ནི་ཐ་སྙད་དུ་ཕུང་པོ་ལྔའམ་གཟུགས་སེམས་ཚོགས་པའི་སྟེང་དུ་འདོགས་པ་ཡིན་ལ། དེ་ནི་མ་བརྟག་མ་དཔྱད་པར་ཕུང་པོ་སྤྱི་ཙམ་གྱི་སྟེང་དུ་བཏགས་པ་ཙམ་གྱི་ང་སྟེ། །ངའོ་སྙམ་པའི་བློ་ལྷན་སྐྱེས་ཀྱིས་ནི་དེ་ལ་དམིགས་ནས་ངའོ་སྙམ་དུ་སེམས་པ་ཙམ་ནི་ཐ་སྙད་པའི་ང་འཛིན་ཚུལ་ཡིན་པས་སྤང་བྱ་མིན་ཡང་། བློ་ལྷན་སྐྱེས་དེས་དྲངས་པའི་ངའོ་སྙམ་དུ་ང་རང་ངོས་ནས་གྲུབ་པར་འཛིན་པ་ནི་ངར་འཛིན་པའི་བདག་འཛིན་དང་། ང་ཡིའོ་སྙམ་དུ་རང་ངོས་ནས་གྲུབ་པར་འཛིན་པ་ནི་ང་ཡི་བར་འཛིན་པའི་བདག་འཛིན་དུ་འགྱུར་རོ། །གཉིས་པ་ཕྱིན་དྲུག་རྒྱས་པར་བཤད་པའི་སྒོ་ནས་སྨོན་པ་ལ་གཉིས། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཕྱིན་དྲུག་གི་རྣམ་བཞག་མང་དུ་གསུངས་པའི་དགོངས་པ་རྒྱལ་ཚབ་བྱམས་པས་མདོ་སྡེའི་རྒྱན་ལས་ཕྱིན་དྲུག་ཏུ་གྲངས་ངེས་ཚུལ་བཤད་པ་འདི་གནད་ཤིན་ཏུ་ཆེ་བར་རྗེ་ཉིད་ཀྱིས་ལམ་རིམ་དུ་རྒྱས་པར་གསུངས་པ་ལྟར་ཤེས་དགོས་ལ། འདིར་བསྡུས་པ་ཞིག་བརྗོད་ན་གྲངས་ངེས་པའི་ཚུལ་ལ་དྲུག་སྟེ། མངོན་མཐོ་དང་། དོན་གཉིས་སྒྲུབ་པ་དང་། གཞན་དོན་རྫོགས་པ་དང་། ཐེག་ཆེན་སྡུད་པ་དང་། ལམ་གྱི་རྣམ་པ་ཐམས་ཅད་དང་། བསླབ་གསུམ་ལ་ལྟོས་པའི་གྲངས་ངེས་སོ། །དང་པོ་ནི། མདོ་སྡེའི་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང་། །རྟག་ཏུ་ཉོན་མོངས་དབང་དུ་མི་འགྲོ་དང་། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་སོ། །གཉིས་པ་ནི། སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་གཞིར་བཅས་པས། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །ཅེས་སོ། །གསུམ་པ་ནི། མི་ཕོངས་པ་དང་རྣམ་པར་མི་འཚེ་དང་། རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང་། དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ཏེ་རང་གི་དོན་ཡིན་ནོ། །ཞེས་སོ། །བཞི་པ་ནི། ལོངས་སྤྱོད་མངོན་པར་མི་དགའ་དང་། །རབ་གུས་གཉིས་ལ་མི་སྐྱོ་དང་། །རྣལ་འབྱོར་རྣམ་པར་མི་རྟོག་པ། །ཐེག་ཆེན་མཐའ་ནི་འདིར་ཟད་དོ། །ཞེས་སོ། །ལྔ་པ་ནི། ཡུལ་རྣམས་ལ་ནི་མ་ཆགས་ལམ། །དེ་ཐོབ་རྣམ་གཡེང་སྡོམ་པ་བཞིན། །སེམས་ཅན་མི་གཏོང་འཕེལ་བ་དང་། །སྒྲིབ་པ་རྣམ་པར་སྦྱོང་བའི་གནས། །ཞེས་སོ། །དྲུག་པ་ནི། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །མཐའ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་པ་ལྟར་རོ། །སྔ་མ་རྣམས་ཀྱི་དོན་བཤད་པ་རེ་ཞིག་བཞག་སྟེ། ཕྱི་མ་འདིའི་དང་པོ་གསུམ་ཞེས་པ་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པས་བསྡུས། མཐའ་མ་བསམ་གཏན་དང་ཤེས་རབ་གཉིས་ནི་ཏིང་ངེ་འཛིན་གྱི་བསླབ་པ་དང་ཤེས་རབ་ཀྱི་བསླབ་པ་སྟེ་བསླབ་པ་གསུམ་ཀྱང་ཕྱིན་དྲུག་ཏུ་འདུ་བ་དང་། གཅིག་བརྩོན་འགྲུས་ནི་བསླབ་པ་གསུམ་གི་གྲོགས་སུ་འགྱུར་ཞེས་པའོ། །རྒྱལ་བས་མདོ་སྡེ་རྣམས་ལས་སྤྱོད་པའི་རབ་དབྱེ་ན་མཐའ་ཡས་པ་ཞིག་གསུངས་ཀྱང་ཐམས་ཅད་རིགས་བསྡུས་ན་ཕྱིན་དྲུག་ཏུ་འདུ་བའི་ཚུལ་ལ་ངེས་པ་རྙེད་དགོས་སོ། །ཕྱིན་དྲུག་གི་བྱེད་པས་ནི། མདོ་སྡེའི་རྒྱན་ལས། སྦྱིན་པས་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་དང་། དེ་བཞིན་དུ། ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང་། །ཞེས་བསྒྱུར་ཞིང་རྐང་པ་ཕྱི་མ་གསུམ་ཤེས་རབ་ཀྱི་བར་འདྲ་བར་གསུངས་སོ། །དེ་དག་གི་མི་མཐུན་ཕྱོགས་ནི་སེར་སྣ་ནས་ཤེས་རབ་འཆལ་བའི་བར་དྲུག་གོ །མི་རྟོག་ཡེ་ཤེས་ནི་དེ་རྣམས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའོ། །འདོད་པ་རྫོགས་པ་ནི། རེ་བ་སྐོང་བ་དང་དགེ་བ་ལ་སྦྱོར་བ་དང་གནོད་པ་བཟོད་པ་དང་གྲོགས་བྱེད་པ་དང་སྤྲུལ་སྒྱུར་བྱེད་པ་དང་ཐེ་ཚོམ་གཅོད་པའོ། །སེམས་ཅན་སྨིན་པར་བྱེད་པ་ནི་སྦྱིན་པས་སྡུད་པ་ནས་ཤེས་རབ་ཀྱིས་ཐེག་ཆེན་གྱི་ཆོས་དང་ལམ་ལ་འགོད་པའི་བར་རོ། །དེ་ལྟར་ཆོས་བཞིའམ་གསུམ་མོ། །སྦྱིན་པ་ལ་ཟང་ཟིང་དང་ཆོས་དང་མི་འཇིགས་པའི་སྦྱིན་པ་གསུམ་མོ། །ཚུལ་ཁྲིམས་ལ་ཉེས་སྤྱོད་སྡོམ་པ་དང་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ། བཟོད་པ་ལ་སྡུག་བསྔལ་དང་ལེན་དང་ཆོས་ལ་ངེས་སེམས་དང་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་གསུམ། བརྩོན་འགྲུས་ལ་རྟག་སྦྱོར་དང་གུས་སྦྱོར་དང་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་གསུམ། བསམ་གཏན་ལ་མཐོང་ཆོས་ལ་བདེར་གནས་དང་ཡོན་ཏན་མངོན་པར་སྒྲུབ་པ་དང་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་གསུམ། ཤེས་རབ་ལ་ཀུན་རྫོབ་ཤེས་པ་དང་དོན་དམ་ཤེས་པ་དང་སེམས་ཅན་དོན་བྱེད་ཀྱི་ཤེས་རབ་གསུམ་མོ། །གོ་རིམ་ནི། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་གསུངས་ཏེ། དེ་ཡང་དྲུག་པོ་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་ལ་སྐྱེ་བ་དང་། སྔ་མ་སྔ་མ་དམན་ཅིང་ཕྱི་མ་ཕྱི་མ་མཆོག་དང་། སྔ་མ་སྔ་མ་རགས་ཤིང་ཕྱི་མ་ཕྱི་མ་ཕྲ་བའི་གོ་རིམ་མོ། །སྒྲ་དོན་ནམ་ངེས་ཚིག་ནི། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་པ་ལྟར་ཏེ། སྦྱིན་པའི་སྐད་དོད་དཱ་ན་ཞེས་པའི་དཱ་རི་དྲ་ནི་འགྲོ་བ་ཕོངས་པ་དང་ངན་པ་ལ་འཇུག་ཅིག་འདིར་དབུལ་བར་བསྒྱུར་རོ། །ན་ནི་དགག་ཚིག་སྟེ་དབུལ་བ་མེད་པའམ་འདོར་བར་བྱེད་པ་ནི་དཱ་ན་ཞེས་པའི་དོན་ནོ། །ཚུལ་ཁྲིམས་ཀྱི་སྐད་དོད་ཤཱི་ལ་ནི་བསིལ་བ་ཐོབ་པ་སྟེ་ཉོན་མོངས་པའི་གདུང་བ་མེད་པར་བྱེད་པའོ། །བཟོད་པའི་སྐད་དོད་ཀྵནྟི་ནི་བཟོད་པ་སྟེ་གང་ལ་བཟོད་ན་ཁྲོ་བ་བཟོད་པའོ། །བརྩོན་འགྲུས་ཀྱི་སྐད་དོད་བཱིརྱ་ནི་རྣམ་པར་གནོད་པ་དང་མཆོག་གི་དོན་ཏེ་སྙིང་སྟོབས་ཆེ་བའོ། །བསམ་གཏན་གྱི་སྐད་དོད་དྷྱཱ་ནཿ ནི་ཡིད་ནང་དུ་འཛིན་པ་སྟེ་རྩེ་གཅིག་ཏུ་བྱེད་པའོ། །ཤེས་རབ་ཀྱི་སྐད་དོད་པྲཛྙཱའི་ཛྙཱ་ནི་ཤེས་པ་དང་ཡེ་ཤེས་ཡང་འཇུག་ཀྱང་ཉེ་བསྒྱུར་པྲ་གོང་དུ་བཞག་པས་ཤེས་རབ་སྟེ་ཡུལ་དམ་པ་ཤེས་པའོ། །ཕྱིན་དྲུག་གི་ཕན་ཡོན་བསྡུས་ན། རིན་ཆེན་འཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སོ་སོར་བཤད་པ་ལ་དྲུག །སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བོ། །དང་པོ་ལ་གསུམ། དངོས་དང་། དེ་ལྟར་གཏོང་བར་སྨོན་པ་དང་། སྦྱིན་པའི་ཕར་ཕྱིན་རྫོགས་པར་སྨོན་པའོ། །དང་པོ་ནི། བདག་འཛིན་བདག་གི་སོགས་རྐང་པ་བཞི་སྟེ། བདག་ནི་སྦྱིན་པ་གཏོང་བ་པོའི་སྙམ་དུ་བདག་ཏུ་ཞེན་ཅིང་འཛིན་པ་དང་། གང་གི་ཆེད་དུ་བཏང་བྱ་འདི་ནི་བདག་གིའོ་སྙམ་དུ་བདག་གི་བར་འཛིན་པ་ཡི་འཁོར་གསུམ་གྱིས་ཕྱི་ནང་གི་དངོས་པོ་ཀུན་ལ་བདེན་ཞེན་གྱིས་མི་གནས་པར། གཏོང་ཡུལ་སེམས་ཅན་ཀུན་ལ་སྨན་པ་སྟེ་ཕན་པའི་སླད་དུ་སྦྱིན་བྱའི་རྫས་ལ་ཆགས་པའི་སེར་སྣ་མ་མཆིས་པར་སྦྱིན་པ་གཏོང་བར་ཤོག །གཉིས་པ་ནི། དེ་ལྟར་གཏོང་བའི་ཚེ་སྦྱིན་བྱས་བསྡུས་པའི་དངོས་པོ་ཐམས་ཅད་ཀྱང་བདེན་པར་གྲུབ་པའི་དངོས་པོར་མ་མཆིས་པར་ཤེས་ཤིང་། བདག་གི་གཏོང་རྒྱུའི་ལོངས་སྤྱོད་ཀྱི་དངོས་པོ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་ཤོག །གསུམ་པ་ནི། དངོས་པོ་ཐམས་ཅད་སོགས་རྐང་པ་གཉིས་ཏེ། དེའི་ཚེ་གཏོང་བ་པོ་དང་བཏང་བྱའི་རྫས་དང་གང་ལ་གཏོང་བའི་འཁོར་གསུམ་གྱི་དངོས་པོ་ཐམས་ཅད་ལ་བདེན་ཞེན་རྣམ་པར་འཇིག་པའི་སྒོ་ནས་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་ཤོག་ཅིག །ཁ་ཅིག །དངོས་པོ་ཐམས་ཅད་རྣམ་པར་འཇིག་ཅེས་པའི་དོན་ནི། དངོས་པོ་ཐམས་ཅད་ངེས་པར་འཇིག་ཅིང་འབྲལ་བ་ལ་བཤད་ཅིང་སྦྱིན་བྱའི་དངོས་པོ་ཐམས་ཅད་བཏང་ནས་འཇིག་ཅིང་ཟད་པར་བྱས་པ་ལ་ཡང་བཤད་དུ་རུང་བ་ལྟར་སྣང་སྟེ་ཚུལ་གཅིག་གོ །མདོར་ན་གཞུང་སྔ་ཕྱི་དེ་དག་གིས་སྦྱིན་པའི་འཁོར་གསུམ་བདེན་མེད་དུ་རྟོགས་པའི་སྒོ་ནས་སྦྱིན་པ་གཏོང་བར་སྨོན་པ་སྟེ། གང་གིས་སྦྱིན་པ་གང་ལ་སྦྱིན། །ཞེས་སོགས་འབྱུང་བ་ལྟར་རོ། །སྦྱིན་པ་དངོས་ནི་གཏོང་བའི་སེམས་པ་ཞིག་ལ་འཇོག་ཅིང་། དེ་སྦྱིན་པའི་ཕར་ཕྱིན་དུ་འགྱུར་བ་ལ་སེམས་བསྐྱེད་བསྔོ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ་ལས་དང་པོ་གཉིས་ཀྱིས་ཟིན་པ་དགོས་ལ། གཞུང་ཆེ་བ་འགའ་ཞིག་ཏུ་དེ་གང་རུང་གིས་ཟིན་ན་སྦྱིན་པའི་ཕར་ཕྱིན་དུ་འགྱུར་བ་ལྟ་བུར་གསུངས་པ་ནི་སེམས་བསྐྱེད་པ་གཞིར་བཅས་པ་ལ་དགོངས་ཏེ། ཕར་ཕྱིན་དྲུག་པོ་ནི་ཐེག་ཆེན་པའི་རྒྱུད་ཀྱི་ཆོས་སུ་གསུངས་པའི་ཕྱིར་རོ། །འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོར་སྟོང་། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། །གསུམ་པོ་དག་ལ་ཆགས་སྐྱེས་གྱུར་པ་དེ།། འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བསྟན། །ཞེས་གསུངས་པ་འདིས་འཇིག་རྟེན་པའི་སྦྱིན་པའི་ཕར་ཕྱིན་དང་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕར་ཕྱིན་གཉིས་བསྟན་ཏེ་སྔ་མ་སོ་སྐྱེའི་རྒྱུད་ཀྱི་སྦྱིན་པ་དང་། ཕྱི་མ་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་སྦྱིན་པའི་ཕར་ཕྱིན་ནོ། །དེས་ན་འདིས་སྦྱིན་པའི་འཁོར་གསུམ་བདེ ན་སྟོང་དུ་ཤེས་ན་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་དུ་འགྱུར་བར་བཤད་པ་ནི་མངོན་སུམ་དུ་རྟོགས་པའི་དབང་དུ་མཛད་པའོ། །དེ་གསུམ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་སྦྱིན་པ་ལའང་སྦྱིན་པའི་ཕར་ཕྱིན་དུ་འགྱུར་བར་མ་ངེས་ཏེ། ཉན་རང་འཕགས་པ་ལ་རང་རྒྱུད་ཀྱི་སྦྱིན་པའི་འཁོར་གསུམ་བདེན་སྟོང་དུ་མངོན་སུམ་དུ་ཤེས་པ་ཡོད་པའི་ཕྱིར། རྗེས་འཇུག་ཊཱིཀྐ་ཆེན་མོ་ལས། དེ་ཡང་ཤེས་རབ་ཀྱིས་མ་ཟིན་ཀྱང་བྱང་ཆུབ་ཆེན་པོར་བསྔོས་པས་ཟིན་པས་ཕ་རོལ་ཏུ་འགྲོ་བར་ངེས་པ་ལ་བཞག་པའི་ཕྱིར་སྦྱིན་པའི་ཕར་ཕྱིན་གྱི་མིང་རྙེད་པར་འགྱུར་རོ་ཞེས་གསལ་བར་བཤད་པ་འདི་ཡང་སེམས་བསྐྱེད་སྔོན་དུ་བཏང་བ་ལ་དགོངས་སོ། །སྦྱིན་པ་ལ་བཤད་པ་འདི་བཞིན་ཕར་ཕྱིན་ལྷག་མ་ལྔ་ལའང་ཅི་ལྟར་རིགས་པར་སྦྱོར་བར་བཤད་དེ། དེ་ཉིད་ལས། སྦྱིན་པ་ལ་བཤད་པ་དེས་ཚུལ་ཁྲིམས་སོགས་ལ་ཡང་སེམས་བསྐྱེད་དང་བསྔོ་བ་དང་ཤེས་རབ་ཀྱིས་ཟིན་པ་སོ་སོ་དང་གཉིས་ཀ་རིགས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཕར་ཕྱིན་ཞེས་པའི་སྒྲ་དོན་ནི། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་བྱེད་པ་དང་། ཕྱིན་ཟིན་པ་གང་རུང་དང་སྦྱར་དགོས་པས་ཕྱིན་ཟིན་པ་ནི་སངས་རྒྱས་ཀྱི་ས་ན་ཡོད་དེ། འཇུག་འགྲེལ་ལས། ཕ་རོལ་ནི་གང་ལ་འཁོར་བའི་རྒྱ་མཚོའི་ཕར་འགྲམ་ན་ངོགས་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པ་མངའ་བའི་རང་བཞིན་ནི་སངས་རྒྱས་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནི། ཁྲིམས་ཀྱི་ཚུལ་ཁྲིམས་སོགས་རྐང་པ་བཞི་སྟེ། ཡང་དག་པར་བླངས་པ་དང་མ་བླངས་པའི་ཁྲིམས་ཀྱི་ཚུལ་ཁྲིམས་ལ་ཉེས་ལྟུང་གི་སྐྱོན་བྱུང་བ་མེད་ཅིང་། ཚུལ་ཁྲིམས་རྣམ་པར་དག་པ་དང་། ཚུལ་ཁྲིམས་ཀྱི་འཁོར་གསུམ་ལ་བདེན་ཞེན་གྱི་རློམ་སེམས་མེད་པར་བྱས་པའི་ཚུལ་ཁྲིམས་བསྲུངས་སྟོབས་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག །བླངས་པའི་ཚུལ་ཁྲིམས་ནི་སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་བླངས་པ་རྣམས་དང་། མ་བླངས་པ་ནི་སྡོམ་པ་དངོས་སུ་མ་བླངས་ཀྱང་མི་དགེ་བ་བཅུ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཅི་རིགས་སྤོང་བའི་ཚུལ་ཁྲིམས་ཏེ་བསྟན་པ་ལ་ཞུགས་མ་ཞུགས་གཉིས་ཀ་ལ་ཡོད་དོ། །ཉེས་ལྟུང་ཕྲ་མོ་བྱུང་བ་ཡང་ཚུལ་ཁྲིམས་ཀྱི་སྐྱོན་ཡིན་མོད། ཚུལ་འཆལ་གྱི་ཉེས་སྐྱོན་ནི་ཕམ་པ་བྱུང་བ་ལྟ་བུ་ལ་འཇོག་གི །ཉེས་ལྟུང་ཕྲ་མོ་བྱུང་བ་ཙམ་ལ་ཚུལ་འཆལ་དུ་འཇོག་མི་རུང་ངོ་། །འཁོར་གསུམ་ཡང་འཇུག་པ་ལས། གང་གིས་གང་ཞིག་གང་ལ་སྤོང་བྱེད་པ། །ཞེས་འབྱུང་བ་ལྟར། གང་གིས་སྤོང་ཞིང་སྲུང་བ་དང་གང་སྤོང་ཞིང་སྲུང་བ་དང་གང་གི་ཆེད་དུ་སྤོང་ཞིང་སྲུང་བའོ། །ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལའང་འདས་མ་འདས་གཉིས་ཏེ་སྔར་བཞིན་ནོ། །གསུམ་པ་བཟོད་པའི་ཕར་ཕྱིན་ནི། སའམ་ཡང་ན་ཆུ་སོགས་རྐང་པ་བཞི་སྟེ། ཏཱ་ར་ནཱ་ཐས། སའམ་ཞེས་པ་ནི་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། མེའམ་ཞེས་པ་ནི་སྡུག་བསྔལ་དང་ལེན་གྱི་བཟོད་པ་སྟེ། དེ་ནི་ལས་ཀུན་རྫོབ་ལ་དམིགས་པ་ནི་ཆུ་དང་འདྲ་བ་དང་། དོན་དམ་ལ་དམིགས་པ་ནི་རླུང་དང་འདྲ་བར་འཆད་ཅིང་། ཁ་ཅིག་བཟོད་པ་དེ་ནི་གཞན་གྱི་གནོད་པ་དང་དཀའ་སྤྱད་ཀྱི་སྡུག་བསྔལ་གྱིས་མི་འ ཁྲུགས་པ་ས་དང་ཆུ་དང་མེ་དང་རླུང་ལྟ་བུ་དང་། བཟོད་པའི་སེམས་མཚན་འཛིན་གྱི་མཐའ་གང་ལའང་མི་གནས་པ་ནམ་མཁའ་ལྟ་བུར་གྱུར་ཏེ་ཞེས་འཆད་ལ། འོན་ཀྱང་ཕྱིའི་ས་ཆུ་མེ་རླུང་ནི་འབྱུང་བའི་ཁམས་བཞི་པོ་དེ་རྣམས་ལ་གཞན་གྱིས་གནོད་པ་བྱས་ཀྱང་འཁུར་དུ་བཟོད་ཅིང་དེ་རྣམས་ནི་གཞན་གང་ལའང་ཁྲོ་ཆགས་མེད་པ་ལྟར་བཟོད་པ་ཡང་གནོད་པ་འཁུར་དུ་བཟོད་ཅིང་སེམས་ཅན་གང་ལའང་ཁྲོ་བའི་ཚུལ་གྱིས་མི་གནས་ཤིང་ཞེས་བཤད་ན་བདེ་བར་སེམས་སོ། །འདིར་མི་གནས་པའི་དོན་ནམ་མཁའ་དང་སྦྱོར་ཚུལ་དངོས་སུ་མི་གསལ་ཞིང་། སྦྱོར་ན་འབྱུང་བ་བཞི་པོ་དང་སྦྱོར་དགོས་ཏེ། རླུང་གི་ཁམས་ལྟར་མི་གནས་ཤིང་ཞེས་པ་ནི་དེའི་སྔོན་མ་ས་ཆུ་མེ་གསུམ་དང་སྦྱོར་རིགས་པའི་ཕྱིར་རོ། །དེ་ལྟ་བུའི་བཟོད་པ་བསྒོམས་ཏེ་ཁྲོ་བ་མ་མཆིས་པའི་ཚུལ་གྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག །འདིས་གཙོ་བོར་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་བཤད་དོ། །བཞི་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ནི། བརྩོན་འགྲུས་བརྩམས་པའི་སོགས་རྐང་པ་བཞི་སྟེ། བརྩོན་འགྲུས་ལ་བརྩམས་པའི་བརྩོན་འགྲུས་ནི་སྦྱོར་བའི་དུས་སུ་རྒྱུན་ཏུ་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱིས་འཇུག་པ་ཡིན་ལ། དེ་ཡང་གནོད་པས་མི་གཡོ་བས་བརྟན་པ་གོ་ཆའི་བརྩོན་འགྲུས་དང་། དགེ་བའི་བྱ་བ་ལ་སྤྲོ་བའི་གུས་སྦྱོར་གྱི་བརྩོན་འགྲུས་དང་། བརྩོན་པ་ལྷོད་པའི་ལེ་ལོ་མ་མཆིས་ཤིང་། སླར་མི་ལྡོག་པའི་བརྩོན་འགྲུས་ལ་སྟོབས་དང་ལྡན་པའི་ལུས་དང་སེམས་ཀྱིས་འབད་པའི་སྒོ་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག །ལྔ་པ་བསམ་གཏན་གྱི་ཕར་ཕྱིན་ནི། སྒྱུ་མ་ལྟ་བུའི་སོགས་རྐང་པ་བཞི་སྟེ། བསམ་གཏན་ལ་སྤྱིར་སོ་སྐྱེའི་ས་ན་ཞི་གནས་སོགས་ཡོད་ཀྱང་། འདིར་ལམ་མཐོན་པོའི་བསམ་གཏན་གྱི་གཙོ་བོ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ཏིང་འཛིན་གསུམ་སྨོན་ནས་དེ་གསུམ་གྱི་སྒོ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག་ཅིག་ཅེས་པ་སྟེ། ཏིང་ངེ་འཛིན་འདི་གསུམ་གའང་ས་བཅུ་པ་ནས་ཐོབ་པར་བཤད་དོ། །ཏིང་ངེ་ཛིན་སྔ་མ་གཉིས་ནི་ཀུན་རྫོབ་ལ་དམིགས་པ་རྗེས་ཐོབ་དང་། ཕྱི་མ་ནི་དོན་ལ་དམིགས་པ་མཉམ་བཞག་གིས་བསྡུས་པ་ཞིག་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས་ཏིང་ངེ་འཛིན་དེ་ཐོབ་པའི་གང་ཟག་གིས་ཆོས་ཐམས་ཅད་སྒྱུ་མ་ལྟར་ཁོང་དུ་ཆུད་དེ་དབང་བསྒྱུར་བས་སྤྲུལ་པ་ཅི་འདོད་དུ་སྤྲུལ་པ་ལ་དབང་འབྱོར་ཞིང་འདོད་རྒུར་བསྒྱུར་བའི་ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་ལ་བཤད་ཅིང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཀྱང་སྔ་མ་དང་འདྲ་བ་ལས། ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་ན་གང་དང་གང་གི་གཟུགས་ཀྱིས་འདུལ་ཞིང་མཐོང་བར་འདོད་པ་དེ་དང་དེའི་ངོ་བོར་གཟུགས་དེ་དང་དེར་སྣང་བར་འགྱུར་བ་སྟེ། སངས་རྒྱས་སམ་ལྷའི་གཟུགས་ཀྱིས་འདུལ་ཞིང་མཐོང་བར་འདོད་པའི་ངོ་བོར་སངས་རྒྱས་དང་ལྷའི་གཟུགས་ནས། དེ་བཞིན་དུ་བདུད་དང་དུད་འགྲོའི་བར་གྱི་སེམས་ཅན་གྱི་གཟུགས་ཀྱི་སྒོ་ནས་འདུལ་བའི་ངོ་བོར་དེ་དང་དེར་སྣང་བར་འགྱུར་བའི་ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་གོ །སྔགས་ཀྱི་སྐབས་སུ་བདེ་མཆོག་སྨོན་ལམ་ལས། དཔའ་བར་འགྲོ་བའི་ཏིང་འཛིན་དེ་ཉིད་ནི། ཞེས་པའི་དོན་ཟུང་འཇུག་གི་ཏིང་ངེ་འཛིན་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཅེས་པའང་དགོངས་གཞི་ཟུང་འཇུག་གི་སྐུ་ཐོབ་པས་དེ་ལྟ་བུ་ནུས་པ་ལ་དགོངས་པར་གསུངས་ཤིང་། ས་བཅུ་པ་ནས་རྗེས་ཐོབ་ཏུ་སངས་རྒྱས་ཀྱི་མཛད་པ་དང་འདྲ་བར་མཛད་ནུས་པ་ཡང་ཏིང་ངེ་འཛིན་འདི་ཐོབ་པའི་དབང་ཡིན་པར་བཤད་དོ་། ཁ་ཅིག་ཏིང་ངེ་འཛིན་འདི་གཉིས་ས་བརྒྱད་པ་ན་ཡོད་ཅེས་འདོད་དེ། རྗེས་མཐུན་པ་དེ་ན་ཡོད་ཀྱང་དངོས་ནི། མདོ་ཉིད་ནས་ས་བཅུ་པ་ནས་ཐོབ་པར་གསུངས་སོ། །དཔའ་བར་འགྲོ་བའི་དོན་ནི། དཔའ་བོ་གཡུལ་དུ་ཆས་པ་ན་དཔུང་ཚོགས་ཡན་ལག་བཞི་དང་བཅས་ཏེ་འགྲོ་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་འགྲོ་བ་ན་དེ་ལྟ་བུ་དང་རིན་ཆེན་སྣ་བདུན་ཡང་རྗེས་སུ་འགྲོ་བ་དེ་བཞིན་དུ། ཏིང་ངེ་འཛིན་འདི་ཐོབ་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་རྗེས་སུ་འབྲང་བར་དཔལ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་བཤད་པ་ལྟར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་འཚང་རྒྱ་བའམ་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་བསྡུས་པའི་ཏིང་ངེ་འཛིན་ཏེ། ཕྱག་རྡོར་དང་བརྒྱ་བྱིན་གྱི་ལག་གི་རྡོ་རྗེ་དེ་ཉིད་སྲ་ཞིང་བརྟན་པ་དང་མི་ཆོད་པ་དང་གཞན་གྱིས་གཞིག་པར་མི་ནུས་ཤིང་། རྡོ་རྗེ་དེ་རི་བྲག་སོགས་གང་ལ་བསྣུན་ན་དེ་ཉིད་ཕྱེེ་མར་ཕྱེད་ནུས་པ་ལྟར། རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ཡང་མི་མཐུན་ཕྱོགས་རྣམས་ཀྱིས་མི་བཤིག་མི་ཚུགས་ཤིང་། དེས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཐོགས་མེད་དུ་འཇོམས་ནུས་པའི་ཕྱིར་དེ་སྐད་ཅེས་བྱའོ། །དྲུག་པ་ཤེས་རབ་ཀྱི་ཕར་ཕྱིན་ནི། རྣམ་པར་ཐར་པའི་སྒོ་སོགས་རྐང་པ་བཞི་སྟེ། རྣམ་པར་ཐར་པའི་སྒོ་གསུམ་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་ཀྱང་། འདིར་ཕྱི་མ་ལྟར་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་བདེན་པས་སྟོང་པར་མངོན་སུམ་དུ་རྟོགས་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྒྱུ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། འབྲས་བུ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་སྟེ་དེ་ལྟ་བུའི་རྣམ་པར་ཐར་པའི་སྒོ་གསུམ་མོ། །ཡང་གཞི་ལམ་འབྲས་གསུམ་དང་དུས་གསུམ་གྱི་ཆོས་དང་སྦྱར་ནས་བཤད་པའང་ཡོད། འདིར་ནི་ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོགས་པ་རྣམ་ཐར་སྒོ་གསུམ་དང་སྦྱར་ནས་གསུངས་པ་དང་འབྲེལ་ལོ། །དུས་གསུམ་ནི་འདས་མ་འོངས་ད་ལྟའི་དུས་གསུམ་པོ་རང་བཞིན་གྱིས་སྟོང་པའི་མཉམ་པ་ཉིད་དུ་ཤེས་པ་སྟེ། མངོན་རྟོགས་རྒྱན་ལས། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་པ་བཞིན་ནོ། །རིག་པ་གསུམ་ནི་རང་གཞན་གྱི་ཚེ་རབས་སྔོན་མའི་བྱུང་ཚུལ་ཤེས་པ་སྔོན་གནས་རྗེས་སུ་དྲན་པའི་རིག་པ་དང་། རང་གཞན་འཆི་འཕོ་བ་དང་གང་དུ་སྐྱེ་བ་ཤེས་པ་འཆི་འཕོ་སྐྱེ་བ་ཤེས་པའི་རིག་པ་དང་། ཟག་པ་ཟད་བྱེད་ཀྱི་ཐབས་དང་དེ་ཟད་པའི་མྱང་འདས་ཤེས་པ་ཟག་པ་ཟད་པའི་རིག་པ་སྟེ། མྱང་འདས་ཟག་ཟད་རིག་པ་ནི་དེ་མངོན་དུ་བྱས་ཤིང་ཤེས་པའོ། །དེ་དག་གི་མིང་གི་རྣམ་གྲངས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ཟག་ཟད་རིག་ཅེས་བྱ་སྟེ་དོན་འདྲའོ། །དེ་ལྟ་བུའི་རིག་པ་གསུམ་པོ་མངོན་སུམ་དུ་བགྱིས་པ་སྟེ་ཐོབ་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་ཤོག་ཅིག་ཅེས་སོ། །གསུམ་པ་མཇུག་གི་རིམ་པ་ལ་གཉིས། དངོས་དང་། སྔོན་བྱམས་པས་དེ་ལྟར་བཏབ་པའི་སྨོན་ལམ་འགྲུབ་པའི་ཚུལ་ལོ། །དང་པོ་ནི། སངས་རྒྱས་ཀུན་གྱི་སོགས་རྐང་པ་བཞི་སྟེ། འདིའི་དོན་ལ་ཏཱ་ར་ནཱ་ཐས་ནི། སངས་རྒྱས་ཀུན་གྱིས་བསྔགས་ཤིང་བསྟོད་པའི་ཆོས་སྐུ་དང་། འོད་འབར་བའི་ལོངས་སྐུ་དང་། གཟི་བརྗིད་འབར་བའི་སྤྲུལ་སྐུ་དང་། ཞེས་བཤད་ཅིང་། ཞ་ལུ་ཡེ་ཤེས་རྒྱ་མཚོས་ནི་དེ་དང་མི་འདྲ་བར་བསྔགས་འོད་གཟི་བརྗིད་འབར་བ་གསུམ་པོ་སྨོན་ལམ་ཉིད་ཀྱི་བསྔགས་པ་དང་སྦྱར་ནས་བཤད་དོ། ཁོ་བོ་ལྟར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པའི་དུས་ཀྱི་སྐྱེ་བ་རྣམས་སུ་བདག་ཉིད་སངས་རྒྱས་ཀུན་གྱིས་བསྔགས་པ་དང་། འོད་དང་གཟི་བརྗིད་འབར་བའི་ལུས་རྟེན་ཁྱད་པར་ཅན་ཐོབ་པ་དང་། དེའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་མཐུ་དང་བརྩོན་འགྲུས་ཀྱི་སྟོབས་ཆེན་པོས་བདག་དང་གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་བྱས་ན་དགོངས་པར་འགྲོ་སྙམ་དུ་སེམས་སོ། །གཉིས་པ་ནི། དེ་ལྟར་སྤྱད་པ་སྤྱོད་སོགས་རྐང་པ་བཞི་སྟེ། གོང་དུ་བཤད་པ་དེ་ལྟར་ཕྱིན་དྲུག་གི་སྤྱད་པ་རྣམས་སྤྱོད་པར་བྱེད་ཅིང་། དེའི་སྒོ་ནས་བྱམས་པ་ཞེས་མཚན་གྱི་གྲགས་པ་དང་ལྡན་པ་དེ་ཡིས་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཅུ་པའི་བར་ལ་རབ་ཏུ་གནས་ཤིང་བགྲོད་དེ་ད་ལྟ་ནི་ས་བཅུ་པ་ལ་གནས་པ་ཐོབ་པར་གྱུར་ཏོ་ཞེས་སོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ཀྱང་བཅུ་མ་རྫོགས་སམ་སྙམ་ན། བཅུ་ཡང་རྫོགས་ཏེ། ཐབས་ཀྱི་ཕར་ཕྱིན་ནི། སྦྱིན་སོགས་བཞིར་འདུས་ཤིང་། སྟོབས་ནི་བསམ་གཏན་དང་། ཡེ་ཤེས་ཀྱི་ཕར་ཕྱིན་ནི་ཤེས་རབ་ཀྱི་ཕར་ཕྱིན་ཀྱི་གྲོགས་སུ་འབྲེལ་ཏེ་མདོ་སྡེའི་དགོངས་འགྲེལ་གྱི་དགོངས་པའོ། །བྱམས་པ་ཞེས་པའི་མཚན་ནི་སྔོན་རྗེ་བཙུན་དགེ་སློང་བློ་གྲོས་བརྟན་པ་ཞེས་བྱ་བར་གྱུར་པའི་དུས་སུ་བྱམས་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ཅན་དཔག་ཏུ་མེད་པ་བྱམས་པ་ལ་བཀོད་པས། དེ་ནས་བཟུང་སྟེ་རྟག་ཏུ་བྱམས་པ་ཞེས་པའི་མཚན་ཆགས་སོ། །ད་ལྟ་ས་བཅུ་པ་ལ་གནས་པའི་བྱང་སེམས་སུ་བཤད་པ་ནི་དེའི་ཚུལ་བཟུང་བ་ཙམ་ལ་དགོངས་ཀྱི། དངོས་པོའི་གནས་ཚོད་ངེས་དོན་ལ་ནི་རྗེ་བཙུན་བྱམས་མགོན་སངས་རྒྱས་ཡིན་པར་གཞུང་གཞན་ལ་བརྟེན་པའི་རིགས་པ་དུ་མས་འགྲུབ་ལ། རྗེས་སྔགས་རིམ་ཆེན་མོ་ལས་སངས་རྒྱས་སུ་བཤད་ཅིང་། རྒྱལ་ཚབ་ཀྱིས་རྒྱུད་བླ་དར་ཊཱིཀ་ཏུ་ནི། གདུལ་བྱ་ཐུན་མོང་བ་ཁ་ཅིག་རྗེས་སུ་བཟུང་བའི་ཕྱིར་དུ་དེ་སྐད་གསུངས་པ་ཡིན་གྱི། ངེས་པའི་དོན་དུ་བཅོམ་ལྡན་འདས་བྱམས་པ་ཉིད་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་སངས་རྒྱས་ཟིན་པའི་ཕྱིར་ཞེས་གསུངས་པ་ལྟར་རོ། །སྨོན་ལམ་འདི་ལ་འཕགས་ཡུལ་གྱི་འགྲེལ་པ་མི་སྣང་ཞིང་། དེ་ལྟར་བཤད་པ་རྣམས་ནི་བོད་འགྲེལ་སྔོན་མ་གཉིས་ལ་ཡང་བརྟེན་ནས་ཡིན་མོད། དེ་དག་ཚིག་འ གྲེལ་མཐར་ཆགས་སུ་རྫོགས་པར་མི་སྣང་ཞིང་། འཆད་ཚུལ་ཡང་རང་གི་བློ་དང་མཐུན་མི་མཐུན་ཅི་རིགས་སུ་འདུག་པས་འདིར་རང་སྟོབས་གཙོ་བོར་བྱས་ནས་བཤད་དོ། །ད་ནི་སྨོན་ལམ་གྱི་མཇུག་ཏུ་བྱམས་པས་དམ་བཅས་པའི་གཟུངས་དང་སྨོན་ལམ་ཚིགས་བཅད་གསུམ་ཙམ་འདོན་པའི་སྲོལ་འདུག་པས་དེ་དག་གི་དོན་ཅུང་ཟད་བརྗོད་པ་ལ་གསུམ། གཟུངས་བོད་སྐད་དུ་བསྒྱུར་བཏོན་པའི་ཕན་ཡོན་བཤད་པ། སྨོན་ལམ་གྱི་དོན་བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་པྲ་ཏི་ཛྙཱ་ན་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་བྱམས་པས་དམ་བཅས་པའི་གཟུངས་ཞེས་པ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ནས། ༀ་མུ་ནི་མུ་ནི་སྨ་ར་སྭཱཧཱ། ཉེ་བའི་སྙིང་པོའོ་ཞེས་པའི་བར་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་ནས། ན་མོ་ནི་ཕྱག་འཚལ་ལོ། བྷ་ག་ཝ་ཏེ་ནི་བཅོམ་ལྡན་འདས། ཤཱཀྱ་མུ་ན་ཡེ་ནི་ཤཱཀྱ་ཐུབ་པ་ལ། ཏ་ཐཱ་ག་ཏཱ་ཡ་ནི་དེ་བཞིན་གཤེགས་པ། ཨ་ཧ་ཏེ་ནི་དགྲ་བཅོམ་པ། ས་མྱཀ་སཾ་ནི་ཡང་དག་པར་རྫོགས་པ། བུདྡྷ་ཡ་ནི་སངས་རྒྱས་ལ་སྟེ། སྡེབ་སྦྱོར་གྱིས་བསྒྱུར་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་པའོ། །ཏདྱ་ཐཱ་ནི་འདི་ལྟ་སྟེ། ༀ་ནི་འགོ་འདྲེན། ཨ་ཛི་ཏེ་ཨ་ཛི་ཏེ་ནི་མི་ཕམ་པ་མི་ཕམ་པ། ཨ་པ་ར་ཛི་ཏེ་ནི་གཞན་གྱིས་མི་ཐུབ་པའམ་མི་ཕམ་པ་སྟེ། པ་ར་ནི་གཞན། ཛི་ཏེ་ནི་ཐུབ་པ། ཨ་ནི་དགག་ཚིག་སྟེ་མི་ཞེས་པའི་དོན་ནོ། །ཡང་ཨ་ཛི་ཏ་ནི་མི་ཕམ་པ་སྟེ་ཨ་ནི་དགག་ཚིག་དང་ཛི་ཏ་སྐབས་ཐོབ་ཀྱིས་རྒྱལ་བྱེད་དང་། ཐུབ་པ། ཕམ་པ་སྟེ་འདིར་ཕྱི་མ་གཉིས་ལ་བྱས་ནས་ཨ་གོང་དུ་བཞག་པས་མི་ཐུབ། མི་ཕམ་ཞེས་པར་བསྒྱུར་རོ། །ཛ་ཡ་ནི་རྒྱལ་བ༑ ཧ་ར་ཧ་ར་ནི་འཕྲོག་འཕྲོག །མཻ་ཏྲི་ནི་བྱམས་པ། ཨ་བ་ལོ་ཀི་ཏེ་ནི་ཀུན་ནས་གཟིགས་པའམ་སྤྱན་རས་གཟིགས། ཀ་ར་ཀ་ར་ནི་མཛད་མཛད་དམ་བྱེད་བྱེད། མ་ཧཱ་ས་མ་ནི་དམ་ཚིག་ཆེན་པོ། སིདྡྷི་ནི་དངོས་གྲུབ། བྷ་ར་བྷ་ར་ནི་རྒྱས་རྒྱས། མ་ཧཱ་བོདྷི་ནི་བྱང་ཆུབ་ཆེན་པོ། །མཎྜ་ནི་སྙིང་པོའམ་དཀྱིལ། བི་ཛེ་ནི་ས་བོན། སྨ་ར་སྨ་ར་ནི་དྲན་པ་དྲན་པ། ཨསྨ་ཀཾ་ནི་བདག་ཅག །ས་མ་ཡ་ནི་དམ་ཚིག་གམ་མཉམ་པ༑ བོ་དྷི་བོ་དྷི་ནི་བྱང་ཆུབ་བྱང་ཆུབ། མ་ཧཱ་བོ་དྷི་ནི་བྱང་ཆུབ་ཆེན་པོ། སྭཱཧཱ་ནི་གཞི་ཚུགས་སམ་ལེགས་པ་སྦྱིན་ཞེས་པའོ། །དེ་ཡན་ཆད་རྩ་བའི་སྔགས་སོ། །དེ་ནས། ༀ་མོ་ཧི་མོ་ཧི་མ་ཧཱ་མོ་ཧི་སྭཱཧཱ། ཞེས་པ་སྙིང་པོ་དང་། ༀ་མུ་ནི་མུ་ནི་སྨ་ར་སྭཱཧཱ་ནི་ཉེ་བའི་སྙིང་པོ་སྟེ། འདི་ཉིད་རྒྱུད་ནས་འབྱུང་བ་ལྟར་ཡིན་ལ། འགའ་ཞིག་ཏུ་དེ་དག་གི་འཕྲོ་ན་སྔགས་མི་འདྲ་བ་གཞན་ཞིག་འབྱུང་བ་དེ་རྒྱུད་ན་མི་འདུག་པས་གཞན་གྱིས་བཅུག་པ་མངོན་ལ། མ་བཏོན་ཀྱང་ཆད་ལྷག་མེད་ཅིང་བརྗོད་ཀྱང་མི་འགལ་ལོ། །གཉིས་པ་ཕན་ཡོན་ནི། གང་གཟུངས་འདི་ཉན་པ་དང་སོགས་ཀྱི་དོན་བསྡུས་ན། བྱམས་མགོན་ཡིད་ལ་བྱེད་ཅིང་མོད་པས་གཟུངས་འདི་འདོན་པ་སོགས་བྱེད་ན། བྱམས་པ་མ་འོངས་པ་ན་སངས་རྒྱས་པའི་དུས་སུ་གང་ཟག་དེ་གང་ན་འདུག་ཀྱང་ངེས་པར་བཙལ་ཏེ་བྱང་ཆུབ་ཏུ་ལུང་སྟོན་པ་དང་། བྱ་རི་དྭགས་སོགས་དུད་འགྲོའི་རྣ་བར་བསྒྲགས་ན་དེ་དག་ཀྱང་ལུང་སྟོན་པ་ཐོབ་པ་དང་། དད་ཅིང་བརྗོད་ན་ངན་འགྲོར་མི་སྐྱེ་བ་དང་། མངལ་དུ་མི་སྐྱེ་ཞིང་ལྷར་རྫུས་ཏེ་སྐྱེ་བ་དང་། མངལ་དུ་སྐྱེས་ཀྱང་རྒྱལ་པོའི་རིགས་སུ་སྐྱེ་ཞིང་དགེ་བ་བཅུ་དང་ལྡན་པ་དང་། ལོངས་སྤྱོད་ཅན་དུ་འགྱུར་བ་དང་། མདོར་ན་བྱམས་པ་ཉིད་ཀྱིས་སེམས་ཅན་དེ་མི་བརྗེད་པར་རྗེས་སུ་འཛིན་ཅིང་སངས་རྒྱས་པའི་ཚེ་ལུང་སྟོན་པར་དམ་བཅས་སོ། །གཉིས་པ་ནི། འདི་ཡི་དགེ་བས་སོགས་ཚིགས་བཅད་གསུམ་སྟེ། དང་པོ་ནི་སྨོན་ལམ་དང་གཟུངས་བཏོན་པ་འདི་ཡི་དགེ་བས་བདག་གཞན་འགྲོ་བ་ཀུན་ཀྱང་། འདི་ནས་ཤི་འཕོས་གྱུར་པའི་མོད་དེ་ཉིད་ལ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་དགའ་ལྡན་ལྷའི་ཡུལ་དུ་བྱམས་པའི་བཞུགས་གནས་ཆོས་ཀྱི་མཐོ་བའི་ཁང་བཟང་དེར་སྐྱེས་ནས། མི་ཕམ་ཆོས་རྗེ་བྱམས་པའི་སྲས་ཀྱི་ཐུ་བོར་གྱུར་པར་ཤོག །གཉིས་པ་ནི། ས་བཅུ་པའི་དབང་ཕྱུག་རྒྱལ་ཚབ་མི་ཕམ་པ་མ་འོངས་པ་ན་འཛམ་བུའི་གླིང་དུ་སྟོབས་བཅུ་མངའ་སངས་རྒྱས་ཀྱི་གོ་འཕང་གསར་དུ་བརྙེས་པའི་ཚུལ་བསྟན་པའི་ཚེ། གསུང་གི་བདུད་རྩི་དམ་ཆོས་འདུས་པའི་ཐོག་མར་རབ་ཏུ་མྱངས་ནས་དོན་ཉམས་སུ་བླངས་ཏེ་འབྲས་བུ་མངོན་དུ་བྱས་ནས་རྒྱལ་བའི་མཛད་པ་མ་ལུས་པ་སྒྲུབ་ཅིང་དེ་མཐར་ཕྱིན་པར་ཤོག །གསུམ་པ་ནི། ཚེ་འདི་ནས་ཤི་འཕོས་གྱུར་མ་ཐག་སྐྱེ་བ་གཞན་གྱི་བར་མ་ཆོད་པར་དགའ་ལྡན་དུ་སྐྱེས་ནས་བྱམས་པའི་བཞུགས་གནས་ཡིད་དགའ་ཆོས་འཛིན་ཞེས་བྱ་བར་མྱུར་དུ་བྱམས་མགོན་མཆོད་ཅིང་བསྙེན་བཀུར་བ་སོགས་ཀྱི་སྒོ་ནས་ཐུགས་མཉེས་པར་བྱས་ནས་བྱམས་པས་བདག་ལ་མ་འོངས་པ་ན་ཁྱོད་དུས་འདིའི་ཚེ་མིང་འདི་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ་ཞེས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་ཤོག་ཅིག་ཅེས་སོ། །སྨྲས་པ། སྐྱེ་ཀུན་བྱམས་མགོན་ཉིད་ལ་རེ་ལྟོས་ཀྱིས། །སྐུ་བཞེངས་དགོངས་བཀྲལ་མཆོད་བསྟོད་གསོལ་སྨོན་ལ། །རྟག་བརྩོན་འདིར་འབད་ཀུན་ཀྱང་དེ་ཉིད་ཀྱི། །དྲུང་སྐྱེ་རྗེས་སུ་འཛིན་པའི་རྒྱུར་འགྱུར་སྙམ། །རྒྱལ་གསུང་བྱམས་པའི་སྨོན་ལམ་རྒྱ་མཚོ་ཆེར། །ཞུགས་ནས་དོན་བཟང་ནོར་བུ་ལེན་འདོད་ཀྱང་། །འཁྲུལ་བའི་རླབས་ཀྱིས་གཞན་དུ་ཁྱེར་བ་ཡི། །ཉེས་གང་ཐུབ་དབང་བྱམས་མགོན་ཉིད་ལ་བཤགས། །ལེགས་པར་བཤད་པའི་དགེ་བའི་རླུང་ཤུགས་ཀྱིས། །ཤི་འཕོས་བྱམས་པའི་དྲུང་དུ་བགྲོད་པ་དང་། །དེ་ཉིད་མ་འོངས་མངོན་པར་སངས་རྒྱས་ཚེ། །འཁོར་གྱི་མཆོག་གྱུར་ལུང་བསྟན་ཐོབ་གྱུར་ཅིག །དེ་ཚེ་དེ་ཡི་དམ་ཆོས་མ་ལུས་པ། །ལེགས་པར་འཛིན་ཅིང་བསྟན་པ་རབ་སྤེལ་བས། །བྱམས་མགོན་དགྱེས་ནས་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་རྗེས་བཟུང་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་བྱམས་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་དགའ་ལྡན་དུ་བགྲོད་པའི་ལམ་བཟང་ཞེས་བྱ་བ་འདི་ནི། ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་ལོ་བཅུ་ཕྲག་བདུན་པའི་ཐོག་ཅོ་ནེའི་དགོན་ཉིད་དུ་དད་པས་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །འདིས་ཀྱང་རྗེ་ཉིད་ཀྱི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག། །། མངྒལཾ།། །།

ཆ་གསུམ་གྱི་འགྲེལ་པ་བགེགས་གཏོར་གཏོང་ཚུལ་དང་བཅས་པ།

ཆ་གསུམ་གྱི་འགྲེལ་པ་བགེགས་གཏོར་གཏོང་ཚུལ་དང་བཅས་པ་བཞུགས།

༈ རབ་འབྱམས་རྒྱལ་བའི་མཐུ་སྟོབས་ནུས་པའི་དཔུང་། །གཅིག་བསྡུས་རིག་སྔགས་འཆང་བ་ཀུན་གྱི་དཔལ། །སྣང་སྲིད་དྲེགས་པ་སྡེ་བརྒྱད་ཡོངས་ཀྱི་རྗེ། །བཅོམ་ལྡན་རྡོ་རྗེ་འཛིན་པའི་ཞབས་ལ་འདུད། །གང་ཞིག་བསྟེན་ན་མི་མཐུན་ཕྱོགས་ཞི་ཞིང་། །མཐུན་རྐྱེན་འདོད་དོན་འགྲུབ་པའི་ཐབས་ཀྱི་ཆ། །ཕྱོགས་སྐྱོང་གདོན་ལ་མཆོད་ཅིང་འཕྲིན་བཅོལ་བའི། །ཆ་གསུམ་གཞུང་གི་བཤད་པ་ཅུང་ཟད་བྲི། །འདི་ལ་གསུམ། སྔོན་འགྲོ་སྤྱིར་བཤད་པ། །འགྲེལ་པ་ཉིད་བཤད་པ། །འཕྲོས་བཤད་པའོ། །དང་པོ་ནི། སྤྱིར་སངས་རྒྱས་ཀྱིས་གདུལ་བྱའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པའི་ཐབས་ཀྱི་རིམ་པ་མང་དུ་གསུངས་ཤིང་། དེའི་ནང་ནས་འཇིག་རྟེན་ལས་འདས་མ་འདས་ཀྱི་ལྷ་དང་གདོན་གྱི་རིགས་ལ་མཆོད་པའི་ཚུལ་མང་དུ་བཤད་ལ། ཁྱད་པར་དུ་སྔགས་ཕྱོགས་དུ་མ་དང་བརྒྱ་རྩའི་ཆོ་ག་སོགས་ནས་ཕྱོགས་སྐྱོང་དང་གདོན་གྱི་རིགས་ལ་གཏོར་མ་སྦྱིན་པའི་ཚུལ་མང་དུ་འབྱུང་ཞིང་། དེ་དག་གི་གནད་བསྡུས་པ་ནི་ད་ལྟ་ཆ་གསུམ་དུ་གྲགས་པ་འདིའོ། །ལྷག་ཏུ་འཕྲལ་གྱི་འགལ་རྐྱེན་ཟློག་པ་ལ་ཕྱོགས་སྐྱོང་རྣམས་ལ་མཆོད་ཅིང་བསྐུལ་བ་ནི་གལ་ཆེ་བར་སེམས་ཏེ། གསང་བདེ་འཇིགས་གསུམ་དང་ཀུན་ཚེ་སོགས་རྒྱུད་སྡེ་བཞིའི་མངོན་དཀྱིལ་གྱི་སྐབས་སུ་ནི་འདི་རྣམས་ལ་གཏོར་མ་ཕུལ་ཏེ་འཕྲིན་ལས་བཅོལ་བའི་ཚུལ་ཆོ་ག་དུ་མ་ལས་བཤད་པའི་ཕྱིར་རོ། །དེས་ན་དཀྱིལ་འཁོར་སྒྲུབ་པའི་སྐབས་ཙམ་དུ་མ་ཟད། གང་ཟག་གཞན་ནད་གདོན་གྱིས་ཟིན་པ་ལ་ཡང་ཕྱོགས་སྐྱོང་རྣམས་ལ་མཆོད་ཅིང་འཕྲིན་ལས་བཅོལ་ན་ཕན་ཁྱད་ཆེ་ཞིང་ཕྱག་ལེན་དུའང་སྣང་ལ། གདོན་བགེགས་ཀྱི་རིགས་ལ་གཏོར་མ་སྦྱིན་ཞིང་འཕྲིན་ལས་བཅོལ་བའང་ཕན་པའི་རྐྱེན་དུ་འགྱུར་རོ། །ཆ་གསུམ་ལ་ནི་རྒྱས་བསྡུས་གསུམ་སྣང་ཡང་ད་ལྟའི་ཕྱག་ལེན་འདི་ནི་འབྲིང་པོའི་དབང་དུ་མཛད་པར་སེམས་ལ། ཀུན་རིག་ཊཱིཀ་ཆེན་ལས་ནི་འདི་བསྡུས་པ་ཡིན་པར་བཤད་དེ། འབྲིང་གི་བསྡུས་པ་ཙམ་ཡིན་གྱི། བསྡུས་པ་དངོས་མིན་ནོ། །ཆ་གསུམ་ཞེས་པ་ནི་གཏོར་མ་གསུམ་གྱི་དབང་དུ་བྱས་ལ། དེ་ཡང་ཕྱོགས་སྐྱོང་དང་གདོན་དང་བགེགས་ཀྱི་གཏོར་མ་གསུམ་སྟེ། རྡོ་རྗེེ་འབྱུང་བ་ལས། གཏོར་མ་དང་པོ་གཉིས་ལས་མ་གསུངས་ཀྱང་། ཇོ་བོ་ཤྲདྡྷ ས་བགེགས་གཏོར་དང་གསུམ་བྱ་བར་གསུངས་ལ༑ སྦྱོང་རྒྱུད་ལས་ནི། གནོད་སྦྱིན་སྲིན་པོའི་ཁ་ཟས་སུ། །གཏོར་མ་རྣམ་པ་སྣ་ཚོགས་བཞག །ཅེས་དང་། དེ་ནས་འབྱུང་པོ་ཀུན་གྱི་གཏོར་མ་བྱ། །སེམས་ཅན་བཀྲེས་ཤིང་སྐོམ་ལ་བཏུང་བ་དང་། །ཕྱོགས་ན་གནས་པ་རྣམས་ལ་རྣམ་པར་བརྟག །དེ་ཡི་གཏོར་མ་ཇི་ལྟར་མཐུན་པར་བྱ། །ཞེས་གསུངས་པའི་དོན་འཆད་པ་ན༑ ༑ཊཱིཀ་ཆེན་ལས། གནོད་སྦྱིན་སྲིན་པོ་ཞེས་སོགས་ཀྱིས་བགེགས་དང་། ཕྱོགས་ན་གནས་པ་ཞེས་སོགས་ཀྱིས་ཕྱོོགས་སྐྱོང་དང་། འབྱུང་པོ་ཀུན་ལ་ཞེས་སོགས་ཀྱིས་གདོན་དང་། སེམས་ཅན་བཀྲེས་ཤིང་ཞེས་སོགས་ཀྱིས་ཡི་དྭགས་ཀྱི་གཏོར་མ་སྟེ་བཞི་བྱ་བར་བཤད་དོ། །འབུལ་བའི་སྔགས་ནི་ཨ་ཀཱ་རོའམ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་གང་རུང་སྟེ། རང་རང་གི་སྔགས་རྒྱས་བསྡུས་ཅི་རིགས་ཀྱི་མཐར་སྦྱར་ནས་འབུལ་ཞིང་། ཕྱོགས་སྐྱོང་གི་མཚན་སྔགས་རྒྱས་པ་ནི། ༀ་རུ་ཏྲ་ཡེ་ཞེས་སོགས་ཡིན་ལ། བསྡུས་པ་ནི། ༀ་ད་ཤ་དིཀ་ཞེས་སོགས་སོ། །འབུལ་བའི་གནས་ནི་དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་སྒྲུབ་ཁང་གི་ཕྱི་རོལ་ཏུ་བྱ་བ་ཡིན་ཡང་། དེ་ཇི་ལྟ་བ་བཞིན་བྱ་དཀའ་བས་གནས་གང་ཡང་རུང་བར་སྟེགས་ཀྱི་ཁར་ཆུ་གཉིས་ཉེར་སྤྱོད་རྣམས་དང་། གཏོར་མ་བཞི་པ་རྒྱན་དང་བཅས་པ་བཤགས་པར་བཤད་ཅིང་། གཏོར་མའི་རྒྱུ་ནི་ཊཱིཀ་ཆེན་ལས། འབྲས་ཡོས། ཏིལ། འབྲས་ཆན། མེ་ཏོག །ཆུ། སྲན་ཆན། སྣུམ་ཁུར། དཀར་གསུམ། མངར་གསུམ་ལ་སོགས་པ་རྣམས་དང་། ཁྱད་པར་བགེགས་གཏོར་ཤ་ཆང་ལ་ཕུག་དང་བཅས་པའོ་ཞེས་གསུངས་ཤིང་། འདིར་ཚིག་ཟིན་ལ་ཟན་མ་བགྲངས་ཀྱང་སོགས་སྒྲས་བཤད་ཅིང་། ད་ལྟ་གཏོར་མ་ཀུན་ཟན་ལས་བྱ་བ་བཞིན་ཏེ་རུང་ངོ་། །ལྷ་གང་གི་སྒོ་ནས་བྱ་བ་ནི། བརྒྱ་རྩ་ལྟ་བུ་ལ་སྤྱན་རས་གཟིགས་ཀྱི་སྒོ་ནས་བྱེད་པ་ལྟར་དེས་ཀྱང་རུང་མོད། དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་དེ་དཀྱིལ་འཁོར་གཙོ་བོའི་ང་རྒྱལ་གྱིས་ཀྱང་ཆོག་ཅིང་། སློབ་དཔོན་ཀུན་སྙིང་གིས་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་བྱ་བར་བཤད་པ་ལྟར་འདུལ་འཛིན་ཆེན་པོས་ཀྱང་ཊཱིཀ་ཆེན་ལས་དེ་བཞིན་དུ་བྱ་བར་གསུངས་སོ། །ད་ལྟ་ཕྱག་ལེན་ལ་ནི་བགེགས་གཏོར་གྱི་སྔོན་དུ་ཧཱུཾ་མཛད་དུ་བསྒྱུར་ཏེ་དེ་ཡང་རུང་ངོ་། །ནད་པ་སོགས་ཀྱི་ཆེད་དུ་གློ་བུར་གྱི་ཆ་གསུམ་བྱེད་ན་ནི། རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་དུ་བསྐྱེད་ནས་ཁྲོ་བོ་སྤྱན་འདྲེན་མཆོད་བསྟོད་རྒྱས་བསྡུས་གང་རུང་བྱས་ཏེ། གཏོར་མ་བྱིན་གྱིས་བརླབས་ནས་འབུལ་ཚུལ་གཞུང་ལྟར་བྱས་པའི་མཐར། དཀྱིལ་འཁོར་ཆེན་པོའི་ཞེས་སོགས་སམ། བདེན་སྟོབས་བརྗོད་པ་ཙམ་བྱས་ཏེ། གཏོར་མ་ཕྱིར་སྐུལ་ནས་ཤེར་སྙིང་གི་ཟློག་པ་བྱ་སྟེ་ཅུང་ཟད་ཅིག་འོག་ཏུ་བཤད་པར་བྱའོ། །བསྡུས་པ་ལ་ནི་ཁྲོ་བོ་སྤྱན་འདྲེན་གྱི་སྐོར་བཞག་ཀྱང་ཆོག་གོ །གཉིས་པ་འགྲེལ་པ་ཉིད་བཤད་པ་ལ་གསུམ། གཏོར་མ་བྱིན་རླབས་བྱ་བ། འབུལ་ཚུལ་སོ་སོར་བཤད་པ། ཕུལ་ནས་གཤེགས་གསོལ་བྱ་ཚུལ་ལོ། །དང་པོ་ནི། འདུལ་འཛིན་པའི་ཀུན་རིག་གི་ཆ་གསུམ་ལས། གཏོར་མ་ཆ་གསུམ། ཡི་དྭགས་ཀྱི་གཏོར་མ། ཉེར་སྤྱོད་དང་བཅས་པ་བཤམས་ལ། བསངས། གཟི་བྱིན་བསྐྱེད་ནས་མཆོད་པ་རྣམས་སྔར་ལྟར་བྱིན་གྱིས་བརླབས་ཞེས་འབྱུང་བ་ཙམ་ལས་གཏོར་མ་བསྐྱེད་ཚུལ་མི་སྣང་བ་ལྟར། ད་ལྟ་ཕྱག་ལེན་དུའང་གཏོར་མ་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ་དང་བསྐྱེད་པར་མི་མཛད་ཅིང་། བསྐྱེད་ཀྱང་མི་འགལ་ཞིང་ལེགས་པས་བསྐྱེད་ན། ཀུན་རིག་གི་སྔོན་འགྲོའི་སྐབས་བཞིན་ནམ་བརྒྱ་རྩའི་གཏོར་མ་བྱིན་རླབས་ལྟར་བྱ། བསངས་པ་ནི་ཀུན་རིག་ལ་བཛྲ་ཡཀྵ་དང་། སྤྱི་འགྲོ་ལ་བཛྲ་ཨ་མྲྀ་ཏས་བསངས། བྱིན་གྱིས་བརླབས་པ་ན ི་འདིར་སྔགས་དྲུག་དང་ཕྱག་རྒྱ་དྲུག་གི་སྒོ་ནས་ཡིན་ལ། དང་པོ་ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་ནི་གཡས་པའི་མཐེ་བོས་མཐེའུ་ཆུང་མནན་ཏེ་སོར་མོ་ལྷག་མ་གསུམ་སོ་སོར་བསྒྲེང་བ་དང་། དེའི་སྔགས་དོན་ལ། ༀ་སྭ་བྷཱ་ཝ་ནི་རང་བཞིན། བི་ཤུདྡྷེའི་བི་ནི་རྣམས་པར། ཤུདྡྷེ་ནི་དག་པ། དྷརྨཿཏེ་ནི་ཆོས་ཉིད། བཛྲ་སིདྡྷི་ནི་རྡོ་རྗེའི་དངོས་གྲུབ། ཐོག་མའི་ༀ་ནི་སྔགས་ཀྱི་འགོ་འདྲེན་དང་། མཇུག་གི་ཧཱུཾ་ནི་ཐུགས་ཀྱི་ས་བོན་ཏེ་བྱིན་གྱིས་རློབས་བྱེད་དོ། །བསྡུས་ན་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་རྡོ་རྗེའི་དངོས་གྲུབ་ཅེས་པ་སྟེ་འདིས་སྦྱོང་བའོ། །གཉིས་པ་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་ནི་ཐལ་མོ་བཀན་ལ་སྙིམ་པའི་ཚུལ་དུ་བྱས་པ་དཔྲལ་བར་བཞག་ཅིང་། དེའི་སྔགས་དོན་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་ནི་ཕྱག་འཚལ་ལོ་དེ་བཞིན་གཤེགས་པ་ཐམས་ཅད་ལ། བི་ཤྭ་ནི་སྣ་ཚོགས། མུ་ཁེ་བྷྱ་ནི་སྒོ་ནས། སརྦ་ཏཏ་ནི་རྣམ་པ་ཐམས་ཅད་དུ། ཁཾ་ནི་ནམ་མཁའ། ཨུཏྒ་ཏེ་ནི་འཕགས་པ། སྥ་ར་ཎ་ནི་འཕྲོ་བའམ་ཁྱབ་པ། ཧི་མཾ་ནི་འདི། ག་ག་ན་ནི་ནམ་མཁའ། ཁཾ་ནི་དབྱིངས་སུ། སྭཱཧཱ་ནི་གཞི་ཚུགས་སམ། ལེགས་པ་སྦྱིན་ཞེས་པ་སྟེ་འདིས་མང་བོར་སྤེལ་བའོ། །གསུམ་པ་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ནི་ལག་པའི་སོར་མོ་བསྣོལ་ལ་གུང་མོ་གཉིས་རྩེ་མོ་སྦྱར་ནས་བཅག་སྟེ་དཔྲལ་བར་བཅིངས་ཤིང་བསྟིམ་ལ། སྔགས་ནི་ༀ་ཨ་མྲྀ་ཏེའི་མ་རི་ཏ་ནི་འཆི་བ་དང་། ཨ་དགག་ཚིག་ཡིན་པས་ཐད་འགྱུར་ལ་འཆི་མེད་དུ་འགྱུར་བ་ཡིན་ནའང་། དོན་འགྱུར་ལ་བདུད་རྩིར་བསྒྱུར་བའོ། །ཧཱུཾ་ཕཊ་ནི་དེར་བསྐུལ་ཞིང་གསལ་བར་བྱེད་པ་སྟེ། འདིས་བདུད་རྩིར་སྒྱུར་བར་བྱེད་དོ། །བཞི་པ་འདོད་དོན་འབྱུང་བའི་ཕྱག་རྒྱ་ནི། གཡོན་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག་ཅིང་། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། སྔགས་ལ་ༀ་ཨ་ཀཱ་རོ་ནི་ཨ་ཞེས་བྱ་བའོ། །མུ་ཁཾ་ནི་སྒོའོ། །སརྦ་དྷརྨཱཿཎཾ་ནི་ཆོས་ཐམས་ཅད་དོ། །ཨརྱ་ནུཏྤན་ན་ཏྭ་ཏ་ནི་མ་སྐྱེས་པའི་ཕྱིར་ཞེས་པ་སྟེ། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པའོ། །འདིས་སོ་སོའི་འ དོད་པ་སྒྲུབ་པར་བྱེད་དོ། །ལྔ་པ་རྒྱ་ཆེན་ཤུགས་ལྡན་གྱི་ཕྱག་རྒྱ་ལ། །གཡས་པ་ཁྲོ་བོའི་ཁུ་ཚུར་བཅིངས་ཏེ་བསྒྲེངས་ནས་རྫས་ལ་གཏད་ཅིང་སེ་གོལ་གདབ། སྔགས་ནི། ན་མཿ། སརྦ་ཏ་ཐཱ་ག་ཏ་ནི་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ། ཨ་ཝ་ལོ་ཀི་ཏེ་ནི་ཀུན་ནས་གཟིགས་པ། སམྦྷ་ར་སམྦྷ་ར་ནི་ཡང་དག་པར་རམ་ཀུན་ནས་རྒྱས་པ་རྒྱས་པའོ། །འདིས་སོ་སོར་ཐོབ་པར་བྱེད་དོ། །དྲུག་པ་དབང་བསྒྱུར་འཁོར་ལོའི་ཕྱག་རྒྱ་ནི་གཡས་པ་མི་འཇིགས་པའི་ཕྱག་རྒྱ་དང་། སྔགས་ལ་རུ་རུ་ནི་ལྷ་ལ་བོད་པའི་སྔགས་དང་སྥུ་རུ་ནི་གསལ་བར་བྱེད་པ། ཛྭ་ལ་ནི་གཟི་བརྗིད་འབར་བ། ཏིཥྛ་ནི་གནས་པ། སིདྡྷ་ལོཙྪ་ནི་ཐོགས་མེད་དུ་གྲུབ་པའི་སྤྱན་ཞེས་བཤད་ཅིང་། དེའི་སིདྡྷ་ནི་གྲུབ་པ། ལོཙྪ་ནི་སྤྱན་ཞེས་པ་སྟེ་ཐོགས་མེད་ཀྱི་སྐད་དོད་དངོས་སུ་མི་གསལ་ལོ། །སརྦ་ཨརྠ་ནི་དོན་ཐམས་ཅད། སཱ་དྷཱ་ནི་ཞེས་པ་གྲུབ་པ་དང་འགྲུབ་པ་གང་རུང་དུ་འགྱུར་ཞིང་། སྭཱཧཱ་ནི་སྔར་ལྟར་རོ། །འདིས་མཉམ་པོར་ཐོབ་པར་འགྱུར་རོ། །སྔགས་དང་ཕྱག་རྒྱ་འདི་རྣམས་ལ་ཅུང་ཟད་མི་འདྲ་བ་རེ་ཡང་འབྱུང་ངོ་། །དེ་ནས་བདེན་པའི་བྱིན་བརླབ་བྱ་བ་ནི། སྒྲུབ་པ་པོ་བདག་གི་བསམ་པ་རྣམ་པར་དག་པའི་སྟོབས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་རླབས་ཀྱི་སྟོབས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་རྣམས་ཀྱིས། བདག་ཅག་གི་འདོད་པའི་དོན་རྣམས་གང་དག་ཡིད་ལ་བསམ་པ་ཀུན་ནམ། དེ་དག་ཐམས་ཅད་ཅི་ལྟར་རིགས་པར་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག །ཅི་ལྟར་རིགས་པ་ནི་ཐམས་ཅད་མིན་ནའང་སྐབས་ཀྱི་འདོད་དོན་གྱི་གཙོ་བོ་རྣམས་དང་། ཐོགས་པ་མེད་པ་ནི་བར་ཆད་མེད་པར་མྱུར་དུ་དང་། འབྱུང་གྱུར་ནི་འགྲུབ་པར་ཤོག་ཅེས་པའོ། །གཉིས་པ་འབུལ་ཚུལ་སོ་སོར་བཤད་པ་ལ་གསུམ་ལས། དང་པོ་ཕྱོགས་སྐྱོང་སྤྱན་དྲངས་ནས་འབུལ་བ་ལ་སྤྱན་འདྲེན་ནི། སྤོས་ཐོགས་ཏེ་པུས་མོ་འཛུགས་པའམ། མིན་ཡང་རུང་སྟེ། མགོན་པོ་ཕྱོགས་སྐྱོང་ཀུན་འདིར་གཤེགས་ཤིང་གདན་ལ་བཞུགས་སུ་གསོལ། འོན་ཀྱང་ད་ལྟའི་དུས་ནི་སེམས་ཅན་སྙིགས་མ། ཚེ་སྙིགས་མ། ཉོན་མོངས་སྙིགས་མ། དུས་སྙིགས་མ། ལྟ་བ་སྙིགས་མ་ལྔ་བ དོ་བའི་དུས་སྐབས་འདིར་ནི་གཤེགས་ཤིང་བཞུགས་པའི་གནས་ངན་ན་ཡང་། མགོན་པོ་ཁྱེད་རྣམས་ཀྱིས་སྔོན་རྒྱལ་བ་ཤཱཀྱ་ཐུབ་པའི་སྤྱན་སྔར་དེའི་བསྟན་པ་དང་སེམས་ཅན་རྣམས་སྲུང་ཞིང་སྐྱོབ་པར་ཁས་བླངས་པའི་དོན་སྒྲུབ་པ་དང་། དེར་མ་ཟད། བདག་ཅག་རྣམས་ལའང་ཕན་གདགས་པའི་ཕྱིར་དུ་གནས་འདི་ཉིད་དུ་གཤེགས་སུ་གསོལ། ཞེས་མདོར་བསྟན་ནས། མགོན་པོ་ཕྱོགས་སྐྱོང་དེ་དག་ནི་འཇིག་རྟེན་སྐྱོང་ལ་དབང་བསྒྱུར་བས་དབང་དང་ལྡན་པ་དང་། སྙིང་རྗེ་ཆེ་ཞིང་ཐབས་ལ་མཁས་པ་དང་། ཐུགས་དམ་ཚིག་ལ་གནས་པ་དང་། དཀྱེལ་པོ་ཆེ་ནི་བློ་ཁོང་ཡངས་པ་ལ་བཤད་དེ་ཐུགས་དགོངས་རྒྱ་ཆེ་བའོ། །དེ་གང་ཞེ་ན། སྟེང་གི་ཚངས་པ་དང་། ཤར་གྱི་བརྒྱ་བྱིན་ལ་སོགས་པ་ལྷ་དང་། ཤར་ལྷོའི་མེ་ལྷ་དྲང་སྲོང་རྣམས་དང་། ཡི་དྭགས་ཀྱི་རིགས་སུ་གཏོགས་པ་ལྷོ་ཕྱོགས་ཀྱི་གཤིན་རྗེ་དང་། ལྷོ་ནུབ་ཀྱི་སྲིན་པོ་དང་། ནུབ་ཕྱོགས་ཀྱི་ཀླུ་དང་། རིགས་འཛིན་ནུབ་བྱང་གི་རླུང་ལྷ་དང་། བྱང་གི་གནོད་སྦྱིན་རྒྱལ་པོ་དང་། བྱང་ཤར་འབྱུང་པོའི་གདོན་གྱི་བདག་པོ་དབང་ཕྱུག་ཏེ། ཕྱོགས་སྐྱོང་གི་འཁོར་དེ་དག་རང་རང་སོ་སོའི་དབང་པོ་སྟེ་གཙོ་བོའི་སྐུར་སྟོན་པ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ་བ་སྟེ། ཇི་སྙེད་མཆིས་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་སླད་དུ་གནས་འདིར་སྤྱན་འདྲེན་ན། འགྲོ་བའི་དོན་གྱི་ཕྱིར་དུ་ཁྱེད་རྣམས་ལ་མཆོད་པར་བྱེད་ཀྱིས་གཤེགས་སུ་གསོལ་ལོ། །ཨེ་ཧྱེ་ཧི་ནི་ཚུར་སྤྱོན་ཚུར་སྤྱོན། ད་ཤ་དིཀ་ནི་ཕྱོགས་བཅུའི། ལོ་ཀ་པཱ་ལ་ནི་འཇིག་རྟེན་སྐྱོང་བ། ས་པཱ་རི་ཝ་ར་ནི་འཁོར་དང་བཅས་པ། ས་མ་ཡ་ནི་དམ་ཚིག་ཅན་ནོ། །རུ་ཏྲ་ཡེ་ནི་དྲག་པོ་སྟེ་དབང་ལྡན་ནམ་དབང་ཕྱུག །ཤ་ཏ་ས་ཧ་སྲ་ཨ ཀྵི་ནི་མིག་བརྒྱ་སྟོང་པ་ལ་སྟེ། ཤ་ཏ་བརྒྱ། ས་ཧ་སྲ་སྟོང་། ཨ ཀྵི་ནི་མིག་གོ །ཨགྣེ་ནི་མེ་སྟེ་མེ་ལྷ། ཡ་མ་ཡེ་ནི་གཤིན་རྗེ་ལ། ཝ་རུ་ཎ་ཡེ་ནི་ཆུ་བདག་ལ། བ་ཡ་བཻ་ནི་རླུང་སྟེ་རླུང་ལྷ་ལ། ཀུ་བེ་ར་ནི་ལུས་ངན་སྟེ་གནོད་སྦྱིན་ལ། ཨུརྡྷཾ་ནི་སྟེང་གི པྲཧྨ་ན་ཡ་ནི་ཚངས་པ་ལ། སུརྱ་ནི་ཉི་མ། གྲ་ཧ་ནི་གཟའ། ཨ་དྷི་པ་ཏ་ཡེ་ནི་ལྷག་པའི་བདག་པོ་ལ། ཙནྡྲ་ནི་ཟླ་བ། ནཀྵ་ཏྲ་ནི་རྒྱུ་སྐར། ཨ་དྷི་བ་ཏ་ཡེ་ནི་དེའི་བདག་པོ་ལ། ཨརྡྷྭ་ནི་འོག་གི ། པྲྀ་ཐི་ཝི་བྷྱཿནི་སའི་ལྷ་མོ་ལའམ་དེའི་ཆེད་དུ། ཨ་སུ་ར་བྷྱཿནི་ལྷ་མ་ཡིན་གྱི་ཆེད་དུ་སྟེ། དེ་ཡང་སུ་ར་ཆང་ཡིན་ཀྱང་ཨ་དགག་ཚིག་ཏུ་བཞག་པས་ཆང་མེད་དུ་འགྱུར་ཡང་། དོན་ཐོབ་ཀྱིས་ལྷ་མ་ཡིན་དུ་འགྱུར་རོ། །ནཱ་གེ་བྷྱཿནི་ཀླུའི་ཆེད་དུ་ཞེས་པའོ། །ས་པཱ་རི་ཝ་ར་ནི་འཁོར་བཅས། པྲ་ཝ་ར་སད་ག་རཾ་ནི་བསྙེན་བཀུར་བ། ཨརྒྷཾ་པྲ་ཏཱི་ཙྪ་ནི་མཆོད་ཡོན་སོ་སོར་བཞེས་ཞེས་སོ། །ཀ་མ་ལ་ཡེ་སྟྭཾ་ནི་པདྨ་ལ་ཁྱོད་ཅེས་པ་སྟེ་གདན་འབུལ་བའོ། །དེ་ནས། ༀ་རུ་ཏྲ་ཡེ་ཞེས་སོགས་དང་མཆོད་སྔགས་ཀྱི་དོན་སྔར་ལྟར་ལ། པཱདྱཾ་ནས་ཤཔྟའི་བར་ནི་ཞབས་བསིལ་ནས་རོལ་མོའི་བར་གྱི་མིང་ངོ་། །དེ་ནས་བསྟོད་ཕྱག་ནི། དབང་པོ་རྡོ་རྗེ་འཆང་བའི་ལྷ་ནི་ལྷའི་དབང་པོ་བརྒྱ་བྱིན་ཏེ་ཕྱག་མཚན་རྡོ་རྗེ་འཛིན་པའོ། །དེ་ནི་སུམ་ཅུ་རྩ་གསུམ་མན་ཆད་ཀྱི་ལྷ་རྣམས་ཀྱི་རྒྱལ་པོ་སྟེ། ལྷའི་གདོན་དངོས་སམ་དེའི་རིགས་གཏོགས་ཀྱི་བདག་པོའོ། །དེས་གཙོ་བྱས་པའི་ཤར་ཕྱོགས་ཀྱི་ལྷའི་གདོན་གྱི་ཚོགས་དང་བཅས་པ་ལ་མཆོད་པས་མཆོད་ཅིང་ཡོན་ཏན་གྱི་སྒོ་ནས་བསྟོད་དེ། དེར་མ་ཟད་གུས་འདུད་ཀྱིས་ཕྱག་ཀྱང་འཚལ་བར་བྱའོ། །ལྷའི་དབང་པོ་བརྒྱ་བྱིན་དངོས་ནི་རི་རབ་ཀྱི་སྟེང་གི་དབུས་ན་ཡོད་ཀྱང་དེའི་སྤྲུལ་པ་གཅིག་ནི་རི་རབ་ཀྱི་ཤར་ཕྱོགས་སྐྱོང་བའི་ཚུལ་དུ་དེ་ན་ཡོད་པར་བཤད་ལ། བརྒྱ་བྱིན་ནི་ལྷ་དང་ལྷའི་གདོན་གྱི་རྒྱལ་པོ་ཡིན་ཡང་ལྷ་གདོན་མིན་ལ་དེའི་འཁོར་གྱི་ལྷ་ལ་གདོན་ཡིན་མིན་གཉིས་སུ་དབྱེ་དགོས་སོ། །དེ་བཞིན་དུ་ཕྱོགས་སྐྱོང་གི་འཁོར་གཞན་ལའང་འདྲའོ། །མེ་སྟེ་སྲེག་བྱ་ཟ་བའི་ལྷ་ནི་མེ་ལྷའི་གཙོ་བའོ། །དེ་ཉིད་མེ་ལྷའི་དྲང་སྲོང་གཞན་རྣམས་ཀྱི་རྒྱལ་པོ་སྟེ། མེ་ལྷའི་རིགས་ཀྱི་གདོན་རྣམས་ཀྱི་བདག་པོའོ། །དེ་དག་གཙོ་ཆེར་རི་རབ་ཀྱི་ཤར་ལྷོ་ན་གནས་པ་སྟེ་ལྷག་མ་ནི་སྔར་ལྟར་རོ། །གཤིན་རྗེ་ལག་ན་བེ་ཅོན་ཏེ་དབྱུག་པ་འཆང་བ་དེ་ཉིད་མ་མོ་ཀུན་གྱི་རྒྱལ་པོ་སྟེ། གཤིན་རྗེའི་གདོན་གྱི་རིགས་ཀུན་གྱི་བདག་པོ་སྟེ། དེ་ལ་སོགས་པ་ལྷོ་ཕྱོགས་གདོན་གྱི་ཚོགས་དང་བཅས་པ་དང་། བདེན་དང་བྲལ་བ་ལེགས་ལྡན་ལྷ་ནི་སྲིན་པོའི་རིགས་རྣམས་ཀྱི་རྒྱལ་པོ་སྟེ་དེའི་གདོན་གྱི་བདག་པོའོ། །དེ་སོགས་ལྷོ་ནུབ་གདོན་གྱི་ཚོགས་དང་བཅས་པ་དང་། ཞགས་པ་ཐོགས་པ་ཆུ་ཡི་ལྷ་ནི་ཀླུའི་རྒྱལ་པོ་སྟེ། ཀླུའི་རིགས་ཀྱི་གདོན་གྱི་བདག་པོའོ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ་རིག་འཛིན་རྒྱལ་པོ་ནི་རླུང་ལྷ་རྣམས་ཀྱི་གཙོ་བོའོ། །དེ་ནི་རླུང་ལྷའི་རིགས་ཀྱི་གདོན་གྱི་བདག་པོའོ། །གནོད་སྦྱིན་ལག་ན་དབྱུག་པ་ཐོགས་པའི་རྣམ་ཐོས་སྲས་ནི་ནོར་སྦྱིན་ཏེ། ནོར་ལྷའི་རིགས་ཀྱི་གདོན་རྣམས་ཀྱི་བདག་པོའོ། །དབང་དང་ལྡན་པ་འདྲེན་པའི་ལྷ་དབང་ཕྱུག་ནི་འབྱུང་པོ་ཀུན་གྱི་རྒྱལ་པོ་སྟེ། འབྱུང་པོའི་གདོན་གྱི་རིགས་རྣམས་ཀྱི་བདག་པོའོ། །སྟེང་གི་གདོན་གྱི་གཙོ་བོ་ཚངས་པ་ཆེན་པོ་དང་། དེའི་ཕྱོགས་གཏོགས་ཉི་མ་དང་ཟླ་བ་དང་གཟའི་རྒྱལ་པོ་སྒྲ་གཅན་དང་། མིག་དམར་ལ་སོགས་གཟའ་གཞན་རྒྱུ་སྐར་གྱི་ཚོགས་དང་བཅས་པ་དང་། འོག་གི་ཀླུ་སྟེ་ས་ཡི་ལྷ་ནི་ཀླུ་ཆེན་བརྒྱད་དང་སའི་ལྷ་མོ་བརྟན་མ་དང་། ས་འཛིན་ལག་པ་ཆེན་པོ་དང་དམ་ཚིག་ཤེས་ཤིང་དེ་ལ་གནས་པའི་ས་བདག་གི་རིགས་ཀྱི་ཚོགས་དང་བཅས་པ་ལ་མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ་ལོ། །ཚངས་པ་ལ་སྟོང་གསུམ་གྱི་བདག་པོ་ཚངས་པ་དང་། ཕྱོགས་སྐྱོང་བཅུའི་ནང་ཚན་གྱི་ཚངས་པ་གཉིས་བཤད་ཅིང་། སྔ་མ་ཆེ་བ་དང་ཕྱི་མ་ཆུང་བ་སྟེ་ངོ་བོ་གཅིག་གོ །གཞན་ལས་ཕྱོགས་སྐྱོང་བཅོ་ལྔ་བཤད་ཀྱང་གཙོ་འཁོར་གྱི་དབང་དུ་བྱས་ན་བཅུར་འདུ་སྟེ། ཉེ་དབང་ནི་དབང་པོའི་འཁོར་དང་། ཚོགས་བདག་ནི་གནོད་སྦྱིན་གྱི་རྒྱལ་པོའི་འཁོར་དང་། ཐགས་བཟང་རིས་ནི་ལོག་ཕྱོགས་བར་འདུའོ། །ཕྱོགས་སྐྱོང་གི་གཙོ་བོ་དེ་དག་ནི་འཇིག་རྟེན་པ་ལྟར་བསྟན་ཡང་། དོན་ལ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན་ཏེ། དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། ཞེས་དང་། གཞུང་གཞན་གྱི་ལུང་རིགས་ཀྱིས་འགྲུབ་པའི་ཕྱིར་རོ། །གལ་ཏེ་འཇིག་རྟེན་པའི་ལྷ་ཀླུ་སོགས་ལ་རེ་ལྟོས་ཀྱིས་ཕྱག་འཚལ་བ་མི་རིགས་སོ་ཞེ་ན། ཐར་འདོད་རྣམས་ཀྱིས་འཇིག་རྟེན་པའི་ལྷ་འདྲེ་ལ་ཕྱི་མའི་སྐྱབས་མི་འཆོལ་ཡང་འཕྲལ་རྐྱེན་སེལ་བའི་ཆེད་དུ་རེ་ལྟོས་བྱེད་པ་མི་འགལ་ལོ། །དེ་ནས་དེ་དག་ལ་གཏོར་མ་འབུལ་བ་ནི། ༀ་རུ་ཏྲ་ཡེ་ཞེས་སོགས་དང་། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿཞེས་སོགས་ཀྱི་དོན་ནི་བཤད་ཟིན་ཏོ། །བསྔོ་ཞིང་འཕྲིན་ལས་བཅོལ་བ་ནི། ཤར་ཕྱོགས་རྡོ་རྗེ་ཅན་ཏེ་བརྒྱ་བྱིན་གྱི་ལྷ་ཚོགས་འཁོར་དང་བཅས་པ་ལ་གཏོར་མ་འབུལ་བ་འདི་དག་བཞེས་སུ་གསོལ་ལོ། །དེ་བཞིན་དུ་མེ་ལྷ་དང་། གཤིན་རྗེ་དང་། བདེན་བྲལ་གྱི་སྲིན་པོ་རྣམས་ཀྱི་བདག་པོ་དང་། ཆུ་བདག་ཆུ་ལྷའི་རྒྱལ་པོ་ཀླུ་དང་། རླུང་ལྷའི་བདག་པོ་དང་། ནོར་གྱི་བདག་པོ་གནོད་སྦྱིན་དང་། དབང་ལྡན་གྱི་ལྷ་དབང་ཕྱུག་སྟེ་འབྱུང་པོའི་བདག་པོ་དང་སྟེང་གི་ལྷ་ཉི་མ་དང་ཟླ་བ་དང་། འཇིག་རྟེན་གྱི་མེས་པོ་ཚངས་པ་ཆེན་པོ་དང་། ལྷ་རྣམས་ཀུན་དང་། ས་འོག་གི་ཀླུ་རྣམས་དང་། གསེར་གྱི་རི་བདུན་ལ་གནས་པའི་ལྷ་དང་། གསང་བ་གནོད་སྦྱིན་གྱི་ཚོགས་རྣམས་ལ་ནི། རང་རང་སོ་སོ་སོ་སོར་གཏོར་མ་འབུལ་བ་རྣམས་རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། རང་རང་སོ་སོའི་ཕྱོགས་སུ་ལེགས་པར་བཞུགས་ནས་སུ་རང་གི་བུ་སྨད་དང་། མཛའ་བཤེས་ཀྱི་གྲོགས་དང་། གཉེན་འདུན་གྱི་ཚོགས་དང་། རང་གི་ནང་མི་གཞན་དང་། དམག་སྡེ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་པ་ཐབས་གཅིག་སྟེ་ལྷན་ཅིག་ཏུ། མེ་ཏོག་དང་དྲི་དང་བྱུག་པ་དང་གཏོར་མར་བཅས་པ་འདི་རྣམས་བསྔོའོ། །བཏུང་ཞིང་ལེགས་པར་གསོལ་བ་སྟེ་བཞེས་ནས་ཀྱང་། བདག་གི་རེ་བའི་ལས་འ དིའི་འབྲས་བུ་མཆིས་པར་མཛོད་ཅིག །འཕྲིན་ལས་བསྡུས་པ་ལ་དེ་ཙམ་གྱིས་ཆོག་ཅིང་། ཅུང་ཟད་རྒྱས་པར་ན་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་འདི་བསྣམས་པ་སྟེ་བཞེས་ལ། རྣལ་འབྱོར་བ་བདག་ཅག་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ལ་ནད་མེད་པ་དང་། ཚེ་རིང་བ་དང་། དབང་ཕྱུག་དང་། དཔལ་ཕུན་སུམ་ཚོགས་པ་དང་། གྲགས་པ་དང་། སྐལ་བ་བཟང་པོ་དང་། ལོངས་སྤྱོད་རྒྱ་ཆེན་པོ་ཀུན་ཐོབ་ཅིང་། ཞི་བ་དང་། རྒྱས་པ་ལ་སོགས་པའི་ལས་རྣམས་ཀྱི་དངོས་གྲུབ་བདག་ཅག་ལ་སྩོལ་བ་དང་། དམ་ཚིག་ཅན་གྱི་རྣལ་འབྱོར་བདག་ཅག་ལ་སྲུང་བ་དང་། དངོས་གྲུབ་ཀུན་གྱི་འབྲས་བུ་འགྲུབ་པའི་སྟོངས་གྲོགས་མཛོད་ཅིག །གཞན་ཡང་། དུས་མ་ཡིན་པར་འཆི་བ་དང་། ནད་ཀྱི་རིགས་དང་། གདོན་དང་བགེགས་ཀྱི་རིགས་རྣམས་ནི་མེད་པར་མཛོད་ཅིག །རྨི་ལམ་ངན་པ་དང་། མཚན་པ་ངན་པ་དང་། བྱ་བྱེད་ངན་པ་རྣམས་ཀྱང་མེད་པར་མཛོད་ཅིག །འཇིག་རྟེན་འདི་ཀུན་བདེ་ཞིང་ལོ་ལེགས་པ་དང་། འབྲུ་རྣམས་འཕེལ་ཞིང་དགེ་ཕྱོགས་ཀྱི་ཆོས་འཕེལ་བ་དང་། མདོར་ན་བདེ་ལེགས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་དང་། ཡིད་ལ་བསམ་པའི་འདོད་དོན་ཐམས་ཅད་འགྲུབ་པར་ཤོག་ཅིག །ཅེས་འཕྲིན་ལས་བཅོལ་བར་བྱ་སྟེ་གོ་སླ་ཡང་མཚོན་ཙམ་ཞིག་བཀྲལ་བའོ། །གཉིས་པ་ལ་སྡེ་བརྒྱད་ཀྱི་རིགས་སུ་གཏོགས་གདོན་སྤྱན་འདྲེན་པ་ནི། ལྷའི་གདོན་དང་། ལྷ་མིན་གྱི་གདོན་དང་། དེ་བཞིན་དུ་གནོད་སྦྱིན་དང་། ལྟོ་འཕྱེ་སྟེ་ཀླུའི་རིགས་དང་། ལྷོའི་གྲུལ་བུམ་དང་། ནམ་མཁའ་ལྡིང་སྟེ་ཁྱུང་དང་། འདབ་བཟངས་ཏེ་བྱིས་གདོན་གྱི་ནང་ཚན་བྱ་དང་། ལུས་ལ་དྲི་ངན་དྲོ་བའི་ལུས་སྲུལ་པོ་དང་། དྲི་ཟ་དང་སྲིན་པོ་དང་། གདོན་གྱི་རིགས་རྣམས་ཞེས་པས་སྨྱོ་བྱེད་དང་བརྗེད་བྱེད་དང་སྐེམ་བྱེད་དང་གྲིབ་གནོན་དང་གནོད་པོ་ལ་ས་གདོན་གྱི་རིགས་གཞན་རྣམས་སྡུད་དོ། །གདོན་གང་དག་ས་གཞི་ལ་གནས་པའི་ཡི་དྭགས་རྫུ་འཕྲུལ་ཆེན་པོ་ལ་སོགས་པ་དང་། གདོན་སུ་ཡང་རུང་སྟེ་རང་གི་བུ་སྨད་དེ་མ་བུ་དང་བཅས་ཤིང་གཡོག་འཁོར་གྱི་ཚོགས་རྣམས་དང་བ ཅས་པ་ལ། བདག་གིས་པུས་མོ་གཡས་པ་ས་ལ་བཙུགས་ནས་ནི་ལག་པ་ཐལ་མོ་སྦྱར་ཏེ། ཁྱེད་རྣམས་ལ་མཆོད་པའི་ཆེད་དུ་འདིར་འབྱོན་པར་ཞུ་ཞེས་གསོལ་བ་འདེབས་ཀྱིས། གསོལ་བ་བཏབ་པའི་ཚིག་གསན་ནས་གནོད་པའི་བསམ་སྦྱོར་མེད་པར་ཕན་གདགས་པའི་སླད་དུ་གནས་འདིར་མྱུར་དུ་བྱོན་ཤིག་ཅེས་སོ། །སྔགས་ནི། ༀ་ཨེ་ཧྱེ་སོགས་ཏེ། ཨེ་ཧི་ཨེ་ཧི་གཉིས་མཚམས་སྦྱར་བས། ཨེ་ཧྱེ་ཧི་སྟེ་ཚུར་ཤོག་གམ་བྱོན་གཉིས། ལོ་ཀ་ཀཱ་ར་ཡ་ནི་འཇིག་རྟེན་བྱེད་པ། དེ་བ་ལྷ། ནཱ་ག་ཀླུ། གནྡྷ་རྦ་དྲི་ཟ། ཨ་སུ་ར་ལྷ་མིན། ག་རུ་ཌ་མཁའ་ལྡིང་། ཀིནྣ་ར་མིའམ་ཅི། མ་ཧོ་ར་ག་ལྟོ་འཕྱེ་ཆེན་པོ། མ་ནུ་ཥ་མི། ཨ་མ་ནུ་ཥ་མི་མ་ཡིན། ས་པཱ་རི་ཝ་ར་འཁོར་བཅས། ས་མ་ཡེ་དམ་ཚིག་ཅན་ནོ། །འདིར་མ་ནུ་ཥ་ཞེས་མི་བགྲང་བྱུང་ཡང་གདོན་ནམ་སྡེ་བརྒྱད་ལ་གཏོར་མ་འབུལ་བའི་སྐབས་སུ་མི་འདྲེན་པ་མི་འཐད་པ་ལྟར་སྣང་ཡང་། ལྷ་དང་ལྷ་མིན་ཞེས་སོགས་ཀྱི་སྤྱན་འདྲེན་འདི་དང་། འབྱུང་པོ་གང་དག་ཅེས་སོགས་ཀྱི་གཞུང་གཉིས་ཀ་རྒྱ་གཞུང་དག་དང་། ཁྱད་པར་དུ་དཔུང་བཟང་གིས་ཞུས་པའི་རྒྱུད་ལས་འབྱུང་བས་མ་དག་པར་འཇོག་མི་ནུས་སོ། །དེས་ན་འདི་ནི་གདོན་འཆད་པའི་ཞར་བྱུང་ཙམ་དུ་གསུངས་པར་བྱ་དགོས་སོ། །འདིར་སྡེ་བརྒྱད་ལ་གཏོར་མ་འབུལ་བར་བཤད་ཅིང་། འོག་ཏུ་གཤེགས་གསོལ་གྱི་སྐབས་སུ་ཡང་སྡེ་བརྒྱད་གཤེགས་པར་བསམ་ཞེས་འབྱུང་བས་སྡེ་བརྒྱད་འདྲེན་ཚུལ་ཇི་ལྟར་བྱ་སྙམ་ན། སྡེ་བརྒྱད་ཀྱི་གྲངས་འདྲེན་ཚུལ་མི་འདྲ་བ་གསུམ་མཐོང་ཡང་། གཞུང་འདིའི་ཚིག་ཟིན་གྱི་གོ་རིམ་དང་སྦྱར་ན། ལྷའི་སྡེ། ཀླུའི་སྡེ། གནོད་སྦྱིན་གྱི་སྡེ། དྲི་ཟའི་སྡེ། ལྷ་མིན་གྱི་སྡེ། ནམ་མཁའ་ལྡིིང་གི་སྡེ། མིའམ་ཅིའི་སྡེ། ལྟོ་འཕྱེ་ཆེན་པོའི་ལྡེ་སྟེ་བརྒྱད་དོ། །མཇུག་གི་མི་དང་མི་མ་ཡིན་ཞེས་པའི་མི་ནི་ཞར་བྱུང་དང་། མི་མ་ཡིན་ཞེས་པས་མི་མ་ཡིན་གྱི་གདོན་རིགས་ཀུན་སྡུད་པ་ལ་བྱས་ན་ལེགས་པར་སེམས་སོ། །སྤྱན་དྲངས་ནས་རང་རང་གི་མིང་བརྗོད་པ འི་མཐར་མཆོད་ཡོན་དང་གདན་འབུལ་བ་དང་། ཉེར་སྤྱོད་རོལ་མོ་དང་བཅས་པ་ཕུལ་ནས། མཚན་སྔགས་ཀྱི་མཐར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་ཞེས་སོགས་ལན་གསུམ་གྱིས་གཏོར་མ་འཕུལ་ཞིང་། སྔགས་ཀྱིི་དོན་ནི་གོང་དུ་བཤད་ཟིན་ཏོ། །དེ་ནས་འཕྲིན་ལས་བཅོལ་བ་ནི། གདོན་གྱི་རིགས་གྲངས་མེད་པས་རེ་རེ་ནས་མིང་གིས་སྨོས་སུ་མི་ལང་བས། གནས་ཀྱིི་སྒོ་ནས་བརྗོད་དེ་འཕྲིན་ལས་བཅོལ་བ་ནི། སྤྱིར་འབྱུང་པོ་ཞེས་པའི་སྒྲ་ནི་དོན་བདུན་ལ་འཇུག་པར་བཤད་ཀྱང་། འདིར་མི་མ་ཡིན་ཞེས་པའི་དོན་དུ་བྱ་སྟེ། འབྱུང་པོ་མི་མ་ཡིན་གདོན་གྱི་རིགས་གང་དག་རི་རབ་ཀྱི་སྟེང་སྤྱི་ན་གནས་པ་དང་། ལྟ་ན་སྡུག་གི་བྱང་ཕྱོགས་དགའ་བའི་ཚལ་དང་། ཆོས་བཟང་ལྷའི་འདུན་ས་སོགས་ལྷའི་གནས་རྣམས་དང་། ཤར་ནུབ་ཀྱི་རི་དང་། ཉི་མ་དང་ཟླ་བའི་གཞལ་མེད་ཁང་དང་། གཞུ་ཁྱིམ་ལ་སོགས་པའི་ཁྱིམ་བཅུ་གཉིས་རྣམས་དང་། གསེར་གྱི་རི་བདུན་ལ་སོགས་པ་རི་བོ་ཀུན་ལ་གང་དག་གནས་པ་དང་། ནོར་བུ་རིན་པོ་ཆེའི་གླིང་ན་ལྷག་པར་གང་དག་གནས་པ་དང་། གངྒཱ་དང་པཀྵུ་ལ་སོགས་པའི་ཆུ་བོ་ཆེན་པོ་དང་། ཆུ་བོའི་མདོ་ཆུ་རྣམས་འདུས་པའི་རྒྱ་མཚོ་རྣམས་དང་། མཚོ་ཕྲན་དང་། རྫིང་བུ་དང་། ལྟེང་ཀ་དང་། ཆུ་ངོགས་ཏེ་ཁྲོན་པ་དང་། གཡའ་ཆུ་དང་། སིལ་མ་ཅན་ཏེ་ཚ་ག །དུང་སེལ་ནུས་པའི་བསིལ་ཆུ་ན་གནས་པ་དང་། སྐྱེ་བོ་གནས་པའི་གྲོང་དང་། ཕྱུགས་གནས་པའི་ལྷས་དང་། མི་མེད་པའི་གྲོང་ཁྱེར་སྟོང་པ་དང་། ཁང་སྟོང་དང་། ལྷའི་ཁང་པ་དང་། གཙུག་ལག་ཁང་ཆེན་པོ་དང་། མཆོད་རྟེན་ཞིག་པའི་གནས་རྣམས་དང་། དཀའ་ཐུབ་པའི་གནས་དང་། གླང་པོ་ཆེའི་བྲེས་རྣམས་དང་། རྒྱལ་པོའི་དཀོར་མཛོད་ཀྱི་ཁང་པ་དག་ན་གང་དག་གནས་པ་དང་། ལམ་སྲང་སུམ་མདོ་དང་། བཞི་འདུས་པའི་བཞི་མདོ་དང་། གང་དག་ཤིང་རྟའི་འཁོར་ལོ་བཞི་དང་ལྡན་པས་བགྲོད་པར་བྱས་པའི་ལམ་པོ་ཆེེ་དང་། ཤིང་གཞན་གྱི་གྲིབ་མས་མི་ནོན་པ་གཅིག་པོོར་གྱུར་པའི་ཤིང་གཅིག་པ་དང་། དུར་ཁྲོད་ཆེན་པོ་དག་དང་། ནགས་ཚལ་ཆེན་པོ་དང་། སེངྒེ་དང་དྲེད་དང་སྟག་ལ་སོགས་པ་གཅན་གཟན་གྱི་གནས་དག་དང་། སྐྱེ་བོས་དབེན་པའི་འབྲོག་ཆེན་དགོན་པ་འཇིགས་སུ་རུང བར་གང་དག་གནས་པ་དང་། གང་དག་མཛེས་ཤིང་ཡིད་དུ་འོང་བའི་གླིང་མཆོག་དག་ན་གནས་པ་དང་། ལྷུན་པོའི་སྒྲས་བརྗོད་པ་རི་རབ་མནྡ་རའི་དུར་ཁྲོད་དག་ན་གནས་པ་རྣམས་ཏེ། དེ་རྣམས་རབ་ཏུ་ཡིད་དགའ་ཞིང་མགུ་བར་གྱུར་ནས། མེ་ཏོག་གི་ཕྲེང་བ་དང་། བདུག་སྤོས་དང་། བསྟོད་པ་དང་། གཏོར་མ་དང་། མར་མེ་དང་བཅས་པ་བདག་གིས་གུས་པས་འབུལ་ལགས་ན༑ འདི་དག་བཏུང་ཞིང་ལེགས་པར་གསོལ་ཞིང་བཞེས་ནས་ཀྱང་། བདག་གིས་སྒྲུབ་པའི་ལས་འདིའི་འབྲས་བུ་མཆིས་པར་མཛོད་ཅིག་ཅེས་པའོ། །གསུམ་པ་ལ་བགེགས་འགུག་པ་ནི། གོང་དུ་ཧཱུཾ་མཛད་ཀྱི་བསྐྱེད་ཆོག་མ་བྱས་ན་འདིར་སྐད་ཅིག་གིས་དེར་བསྒྱུར་ཏེ་འདོད་རྒྱལ་གྱི་ཕྱག་རྒྱ་བྱས་ནས། སངས་རྒྱས་ཀྱི་བདེན་པ་དང་ཞེས་སོགས་བརྗོད་པར་བྱས་ནས་བགེགས་ཀྱི་རིགས་གང་འགུག་འདོད་པ་རྣམས་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག །ༀ་ཊཀྐི་ཧཱུཾ་ཛཿཞེས་བརྗོད་པས་མདུན་དུ་བཀུག་པར་བསམ། ཊཀྐི་ནི་འདོད་པ་སྟེ། འདོད་རྒྱལ་གྱི་མཚན་ཟུར་དང་། ཧཱུཾ་ནི་དེའི་ས་བོན། ཛཿནི་འགུག་སྔགས་སོ། །ༀ་གུང་ཀ་རི་གུང་ཀ་རི་སྭཱཧཱ་ཞེས་པའི་གུང་གཉིས་ནི། སྲིན་པོའི་མིང་ངམ་ས་བོན་ཡིན་ལ། ཀ་ར་ནི་བྱེད་པ་ཞེས་སོ། །པི་ཙི་ནི་པི་ཙི་ནི་འཇམ་པོ་འཇམ་པོ་སྟེ་ཤ་ཟའི་མིང་དུ་བཤད་ཅིང་། གུང་གུང་ནི་འབྱུང་པོ་བགེགས་སྤྱིའི་མིང་ངོ་། །ས་པཱ་རི་ཝ་ར་སོགས་ནི་སྔར་བཤད་ཟིན་ཅིང་། མཆོད་ཡོན་དང་། གདོན་དང་། ཉེར་སྤྱོད་རོལ་མོ་དང་། སྔགས་ཀྱིས་གཏོར་མ་འབུལ་ཞིང་དོན་ནི་སྔར་ལྟར་རོ། །དེ་ནས་འཕྲིན་ལས་བཅོལ་ཏེ་གཤེགས་པར་ཞུ་པའོ། །གཞུང་འདི་རྒྱ་གཞུང་དུ་མ་ལས་འབྱུང་བས་དོན་ནི། བགེགས་ཀྱི་རིགས་གང་ཞིག་མཚན་མོ་རྒྱུ་བ་ཡི་འབྱུང་པོ་དང་། ཤ་ཟ་དང་། སྲིན་པོ་ཤ་རྗེན་ཟ་བ་དང་། དེ་སོགས་སེམས་ཅན་བགེགས་ཀྱི་རིགས་རྣམ་པ་སྣ་ཚོགས་དང་། ལྗོན་ཤིང་ཆེན་པོ་དང་། ཕྲན་བུ་ཤིང་གེལ་བ་ལ་སོགས་ན་གནས་པ་དེ་དང་དེ་ལ་གཏོར་མ་ནི། བཟའ་བའི་ཟས་ཤ་དང་ཆང་དང་ལ་ཕུག་དང་བཅས་པ་དང་། འབྲས་དང་ཤིང་ཏོག་གི་འབྲས་བུ་མང་པོ་དང་བཅས་པའི་མཆོད་པ་འདི་ཡིས་ཡིད་མགུ་བར་བྱོས་ལ། གནོད་པའི་བསམ་སྦྱོར་ངན་པ་ཞི་བ་དང་། བདག་ཅག་རྣམས་ལ་ཕན་པའི་ཡིད་ནི་དེ་རིང་ཕན་ཆད་བསྐྱེད་པར་གྱིས་ཤིག ། སྐྱེས་བུ་གང་ཞིག་ལུས་རྒྱན་གྱིས་བརྒྱན་པར་བྱས་ནས་ཡིད་ཆོས་ལ་སྤྱོད་ཅིང་། སེམས་དུལ་ཞིང་མི་མཐུན་ཕྱོགས་ལས་ཡང་དག་པར་སྡོམ་ལ་ཚངས་པར་སྤྱོད་ཅིང་། འབྱུང་པོ་སེམས་ཅན་ཀུན་ལ་གནོད་པའི་ཆད་པ་སྤངས་པ་གང་ཡིན་པ་སྟེ། དེ་ཉིད་རབ་ཏུ་བྱུང་ངམ་མ་བྱུང་གང་ཡིན་ཀྱང་དོན་གྱི་དགེ་སློང་དང་དགེ་སྦྱོང་དེ་ཡིན་ཞིང་། བྲམ་ཟེ་བཟང་པོ་ཡང་དེ་ཡིན་ནོ། །ད་ལྟའི་ཤ་རུས་བརྡོས་བཅས་ཀྱི་ལུས་འདི་ལྟ་བུ་དང་ལྡན་པའི་གང་ཟག་ལ་མཚོན་ཆས་མི་འཇིགས་ཤིང་མི་སྐྲག་པ་གང་ཡང་མེད་དེ། འཚོ་བའི་སྲོག་ལ་ཀུན་ཀྱང་མཚོན་ལ་འཛེམ་མོ། །དེའི་ཕྱིར་གནོད་བྱེད་ཁྱེད་ཅག་རང་གི་ལུས་སྲོག་ལ་གཅེས་འཛིན་གྱིས་གནོད་པ་ཀུན་ལ་འཛེམ་པར་བྱེད་པའི་དཔེ་ལོང་ལ། སེམས་ཅན་གཞན་གྱི་ལུས་སྲོག་ལ་གནོད་པ་མ་བྱེད་ཅིག་ཅེས་སོ། །ༀ་ཆེན་པོའམ་ཞེས་སོགས་ཏེ། བགེགས་བྱེེད་རྣམས་ཀྱིས་སེམས་ཅན་གྱི་རིགས་ལས་གང་ཟག་ཆེན་པོའམ་ཆུང་ངུ་གང་དག་གི་ལུས་ལ་མངོན་པར་གནོད་པར་གྱུར་པའི་ནད་དེ་ཉེ་བར་ཕྱུང་ནས་སུ་གདོན་དེ་ཁྱེད་རྣམས་རང་གི་གནས་སུ་དེངས་ཏེ་སོང་ཞིག །གཤེགས་གསོལ་དེས་ཀྱང་ཆོག་མོད། ཅུང་ཟད་སྤྲོས་པ་ནི། དེ་ལྟར་བདག་གིས་མི་ནུས་ཀྱི་སྒོ་ནས་ཁྱེད་རྣམས་ལ་མཆོད་པ་དང་བསྙེན་བཀུར་བྱས་པ་ཡི་སྟོབས་ཀྱིས་ཁྱེད་རྣམས་མི་གནོད་ཅིང་ཕན་པ་སྒྲུབ་པའི་དམ་ཚིག་ལ་གནས་ནས་སུ། ཕྱིན་ཆད་བདག་ཅག་གི་འདོད་པའི་རེ་བ་བསྐང་བར་མཛོད་ཅིག །རྟག་ཏུ་དེ་ལྟ་བུའི་དམ་ཚིག་ལ་གནས་ཤིང་འདིར་ནི་སྦྱིན་བདག་སོགས་ཆེ་གེ་མོ་འདི་ཞེས་བྱ་བ་ཞིག་གི་ནད་དེ་ཉེ་བར་སོལ་མཛོད་ལ། ད་གདོན་བགེགས་རྣམས་རང་གི་གནས་སུ་དེངས་ཏེ་སོང་ཞིག་ཅེས་སོ། །གསུམ་པ་ལ་ཐོག་མར་བགེགས་གཤེགས་པ་ནི། སརྦ་བིགྷྣཾ་གཙྪ་ནི་བགེགས་ཐམས་ཅད་སོང་ཞེས་པ་སྟེ། བགེགས་རྣམས་རང་གནས་སུ་གཤེགས་པར་གྱུར་པར་བསམ། དེ་ནས་སྔགས་བརྗོད། མཆོད་ཡོན་ཕུལ་བས་གཙྪ་ཞེས་དང་། སྡེ་བརྒྱད་རང་གནས་སུ་གཤེགས་པར་གྱུར་པར་བསམ། དེ་ནས་རང་རང་གི་མཚན་སྔགས་བརྗོད་ཅིང་། མཆོད་ཡོན་ཕུལ་ཏེ་གཙྪ་ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར་པར་བསམ། དེ་ནས། ན་མཿས་མནྟ་ཞེས་སོགས་ལན་གསུམ་གྱིས་ཡི་དྭགས་ལ་གཏོར་མ་སྦྱིན་པར་བྱའོ། །སྤྱན་འདྲེན་གྱི་རིམ་པའི་དབང་དུ་བྱས་ན་ཕྱོགས་སྐྱོང་སྔོན་དུ་གཤེགས་རིགས་ཀྱང་། འདིར་བགེགས་སྔོན་ལ་གཤེགས་པ་ནི་གཏོར་མ་ཕུལ་བའི་འཕྲོར་འཇུག་པ་བདེ་བ་དང་། ཡང་བགེགས་གནོད་སེམས་ཆེ་བས་སྔོན་དང་། དེ་ནས་གདོན་དང་། དེ་ནས་ཕྱོགས་སྐྱོང་གཤེགས་པའོ། །བགེགས་རྣམས་ནི་གདོན་གྱི་རིགས་ཡིན་ཀྱང་གདུག་སེམས་ཆེ་བ་འགའ་ཞིག་བྱེ་བྲག་ཏུ་བཀར་བར་སྣང་ངོ་། །འཁོད་པའི་རིམ་པ་ནི་ཕྱོགས་སྐྱོང་རྣམས་ནང་ངོས་དང་། གཞན་གཉིས་དེའི་ཕྱི་རོལ་ཏུ་རིམ་པར་གནས་པར་བསམ་པར་བྱ་སྟེ། སྟེང་འོག་ཏུ་བསྒོམས་ན་ཕྱོགས་སྐྱོང་རྣམས་སྟེང་དུ་བསམ་དགོས་ཤིང་། དཀྱིལ་འཁོར་སྒྲུབ་པའ་ིསྐབས་ཡིན་མིན་ལྟ་བུ་ལ་ཁྱད་པར་ཤེས་དགོས་སོ། །མཇུག་ཏུ་དཀྱིལ་འཁོར་ཆེན་པོ་ཞེས་སོགས་ཀྱིས་བཀའ་བགོས་ཀྱང་མི་རུང་བ་མི་སྣང་ཡང་། གཤེགས་ཟིན་པའི་མཇུག་ཏུ་བཀའ་བསྒོ་བ་ནི་ཅུང་མི་འབྲེལ་བས། མཚམས་གཅོད་དང་ཟློོག་པ་བྱས་ན་ལེགས་སོ། །གཉིས་པ་འཕྲོས་བཤད་པ་ནི། ནད་པ་ལྟ་བུའི་རིམ་གྲོ་ལ་ཆ་གསུམ་གཏོང་བར་བྱས་ན་ལེགས་པར་མ་ཟད། བགེགས་གཏོར་བཏང་ན་ཕན་ཁྱད་ཆེ་བས་ཅུང་ཟད་བརྗོད་ན། བགེགས་གཏོར་གསུམ་དང་། ཏིང་ལོ་ཆང་བུ་དང་བཅས་པ་སྟ་གོན་བྱ། ནད་པའི་ཆེད་དུ་གླུད་རྒྱན་ཅན་དང་། མདུན་དུ་གཏོར་མ་དང་། ཏིང་ལོ་ཆང་བུ་རིལ་བུ་མཐེབ་ཀྱུ་འབྲུ་དར་སོགས་ཅི་འགྲུབ་བྱས་ཏེ། རང་ཉིད་ཧཱུཾ་མཛད་དམ། འཇིགས་བྱེད། ཕྱག་རྡོར། རྟ་མགྲིན་ལྟ་བུ་ཡི་དམ་གྱི་ང་རྒྱལ་དང་ལྡན་པའི་སྒོ་ནས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛཿ ཧཱུཾ་ཡེ་ཤེས་བསྐལ་པ་ཞེས་སོགས་སྤྱན་འདྲེན་དང་། མཆོད་བསྟོད་སྤྱི་ལྟར་བྱས་ནས། བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཞེས་པའི་མཚམས་སུ། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་མམ་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར་པར་བསམས་ཏེ། ༀ་ཨ་ཀཱ་རོས་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གནོད་བྱེད་གདོན་བགེགས་ཀྱི་ཚོགས་རྣམས་མདུན་དུ་བཀུག་པར་གྱུར། ༀ་སརྦ་བིགྷྣཾ་སོགས་དང་། སུམྦྷ་ནི་སོགས་ལན་གསུམ་གྱིས་སྤྱི་ལྟར་བསྔོ། གླུད་མེད་ན། དཀྱིལ་འཁོར་ཆེན་པོ་སོགས་ཀྱིས་བགེགས་ལ་བཀའ་བསྒོོས་ཏེ། བདེན་སྟོབས་བརྗོད་ཅིང་། མི་འགྲོ་བ་རྣམས་ལ་དྲག་སྔགས་སུམྦྷ་ནི་བརྗོད་པ་དང་མཉམ་དུ་ཡུངས་ཀར་སོགས་ཀྱིས་བརྡེག་ཅིང་བསྐྲད་ནས། ཤེར་སྙིང་གི་ཟློག་པ་བྱའོ། །གླུད་ཡོད་ན། གཏོར་མ་བསྔོས་ཏེ་གཏོར་རོ་གླུད་ཀྱི་མཐར་རམ། དེ་དང་ཉེ་བར་བཞག་ནས། གླུད་རྫས་དང་བཅས་པ་བྱིན་གྱིས་བརླབ་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་གླུད་དབང་པོ་ཀུན་ཚང་ཞིང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་རྒྱན་ཆ་ལུགས་དང་བཅས་པ་དང་། ཡོ་བྱད་ཀྱི་གཏོར་རྫས་རྣམས་ལྷ་མིའི་ཡོ་བྱད་འདོད་རྒུ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུཾ། ༀ་ཨ་ཀཱ་རོ་དང་། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ ནས། ག་ག་ཎ་ཁཾ་སྭཱཧཱ། ཞེས་པ་ལན་གསུམ་གྱིས་བྱིན་བརླབ་བྱ། དེ་ནས་གླུད་བསྔོ་བའི་ཚུལ་ལ་རྒྱས་བསྡུས་མང་ཡང་མཚོན་ཙམ་བརྗོད་ན། ༈ ཀྱཻ། ང་ནི་ཁྲོ་རྒྱལ་ཆེན་པོ་སྟེ། །ང་ཡི་བཀའ་ལ་མི་ཉན་མེད། །གནོད་བྱེད་གདོན་གྱི་རིགས་རྣམས་ཀུན། །ང་ཡིས་བསྒོ་བའི་བཀའ་ལ་ཉོན། ཁྱད་པར་སྦྱིན་བདག་འཁོར་བཅས་ལ། །གནོད་ཅིང་འཚེ་བའི་གདོན་བགེགས་ལ། །གླུད་དང་གཏོར་མ་འདི་སྦྱིན་གྱིས། །ང་ཡི་བཀའ་ལ་ཉན་པར་གྱིས། །དེ་རིང་ཁྱེད་རྣམས་ཐམས་ཅད་ལ། །མཛེས་ཤིང་རྒྱན་ལྡན་གླུད་འདི་འབུལ། །མི་འདིའི་དོད་དུ་གླུད་འདི་ལོངས། །གླུད་འདི་ཕུང་ཁམས་སྐྱེ་མཆེད་ཚང་། །ཡོ་བྱད་མཁོ་རྒུ་ཐམས་ཅད་ལྡན། །འདི་ནི་མི་འདིའི་དོད་དུ་འོས། །མི་ལས་ལྷག་པའི་གླུད་ཆེན་འདི། །གཏོར་མ་མར་མེ་འབྲུ་སྣ་དང་། །རིན་ཆེན་དར་སྣ་ལ་སོགས་པ། །མཁོ་རྒུའི་ཡོ་བྱད་ཚོགས་དང་བཅས། །དེ་རིང་ཁྱེད་རྣམས་ཀུན་ལ་འབུལ། །གླུད་འདི་ལོངས་ལ་སྦྱིན་བདག་གི །ནད་དང་གནོད་པ་ཞི་བར་གྱིས། །སྔོན་ཆད་ཁྱེད་ལ་གནོད་གྱུར་པའི། །འཁོ ན་དང་ཞེ་འགྲས་ཡོད་ན་ཡང་། །མཛེས་ལྡན་གླུད་ཆེན་འདི་བཞེས་ལ། །བཟོད་བཞེས་འཁོན་འཛིན་མེད་པར་མཛོད། །བཟུང་བ་ཐོག་ལ་བཅིངས་པ་ཁྲོལ། །མནན་པ་འཁྱོག་ལ་བསྡོམས་པ་ལྷོད། །ནད་ཀྱི་གདུང་བ་ད་ཕྱུང་ཞིག །དཀོན་མཆོག་གསུམ་གྱི་བཀའ་མ་བཅག །ལས་འབྲས་བསླུ་བ་མེད་ལ་སོམས། །ཕན་པའི་འབྲས་བུ་བདེ་བ་དང་། །གནོད་པའི་འབྲས་བུ་སྡུག་བསྔལ་འབྱུང་། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་དག་ལ་ནི་གནོད་མ་བྱེད། །དེ་ཕྱིར་གནོད་བྱེད་གདོན་ཚོགས་ཀྱིས། །གླུད་དང་གཏོར་རྫས་འདི་བཞེས་ནས། །བསམ་སྦྱོར་ངན་པ་ཀུན་སྤོང་ལ། །རང་གི་གནས་སུ་འགྲོ་བར་མཛོད། །ཅེས་བརྗོད་ཅིང་། ཧཱུཾ། དཀྱིལ་འཁོར་ཆེན་པོའི་ས་གཞི་སོགས་ཀྱིས་བཀའ་བསྒོ་བ་དང་། བདེན་སྟོབས་བརྗོད་ཅིང་མི་འགྲོ་བ་རྣམས་དྲག་སྔགས་སོགས་ཀྱིས་བསྐྲད་དེ། གླུད་དང་གཏོར་མ་རྣམས་ཕྱིར་བསྐྱལ་ཞིང་། ཟློག་པ་དང་ཤིས་བརྗོད་དང་སྲུང་བ་བྱའོ། །ནད་གདོན་བགེགས་ཀྱིས་ཟིན་གྱུར་པའི། །འགྲོ་བ་འགའ་ལ་ཕན་པའི་ཆེད། །ཆ་གསུམ་གཏོང་བར་འདོད་པ་ལ། །དེ་ཡི་དམིགས་རིམ་གསལ་བ་དང་། །གདོན་བགེགས་རིགས་ལ་གཏོར་གླུད་བཅས། །བཤད་པའི་དགེ་དེས་འགྲོ་བ་ཀུན། །མི་མཐུན་ཕྱོགས་ལས་གྲོལ་གྱུར་ཅིག །ཅེས་པ་འདི་ཡང་། ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རེ་གཉིས་ལ་ཕན་འདོད་ཀྱི་བསམས་པས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ།། །། མངྒལཾ།། །།

ལྷོ་སྒོའི་ཆོ་གའི་རྒྱས་འགྲེལ་གཞན་ཕན་ཉི་འོད།

ལྷོ་སྒོའི་ཆོ་གའི་རྒྱས་འགྲེལ་གཞན་ཕན་ཉི་འོད་ཅེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། གང་གི་མཚན་བརྗོད་ཆོ་གའི་སྒོམ་བཟླས་མེས། །ངན་སོང་སྡུག་བསྔལ་མུན་ཆེན་རབ་བཅོས་སྟེ། །མངོན་མཐོ་ངེས་ལེགས་ལམ་བཟང་གསལ་མཛད་པ། །བཅོམ་ལྡན་ཐམས་ཅད་རིག་པར་གུས་ཕྱག་འཚལ། །རྒྱལ་ཀུན་གསང་སྔགས་རིག་སྔགས་ཐམས་ཅད་དང་། ཟས་གཙང་སྲས་ཀྱི་རྡོ་རྗེ་ཐེག་པའི་ལམ། །སྣ་ཚོགས་ཐབས་ཀྱིས་བཟུང་ནས་གདུལ་བྱ་ལ། །སྟོན་མཛད་རྡོ་རྗེ་འཛིན་རྒྱལ་དེ་ལ་འདུད། །ངན་སོང་སྦྱོང་བའི་རྒྱུད་ཀྱི་བརྗོད་བྱའི་དོན། །གདུལ་བྱའི་སྡིག་སྒྲིབ་སྦྱོང་བའི་ཐབས་ཀྱི་ཕུལ། །ལྷོ་སྒོའི་ཆོ་གར་གྲགས་པའི་འགྲེལ་བ་ཞིག །བློ་ལྡན་འགའ་ལ་ཕན་ཕྱིར་བཤད་པར་བྱ། །འདི་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་གདུལ་བྱའི་དོན་དུ་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་ནི་མདོ་སྔགས་ཀྱི་ཕྱོགས་གཉིས་སུ་འདུ་བ་ཡིན་ལ། སྔགས་ལ་ནི་རྒྱུད་སྡེ་བཞི་ཡོད་པའི་ནང་ནས་རྩ་རྒྱུད་དེ་ཉིད་བསྡུས་པ་དང་། དེ་ལས་འཕྲོས་པའི་སྤྱོང་རྒྱུད་འདི་ནི་རྣལ་འབྱོར་གྱི་རྒྱུད་དོ། །སྦྱོང་རྒྱུད་ཀྱིས་གཙོ་བོར་ངན་སོང་སྦྱོང་བའི་ཐབས་སྟོན་ཅིང་། དེ་ལས་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་དང་། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག་སྟེ་བཅུ་གཉིས་དང་། དེ་དག་སོ་སོའི་དབང་བསྐུར་བའི་ཚུལ་དང་། ཁྱད་པར་དུ་གཤིན་པོ་ལ་དབང་བསྐུར་བ་དང་། ལྷོ་སྒོར་གྲགས་པའི་ཆོ་ག་འདི་བཤད་དོ། །ལྷོ་སྒོར་འདོགས་པའི་རྒྱུ་མཚན་ནི། གཙུག་དགུའི་རྒྱུད་ལས། ལྷོ་ཡི་སྒོ་ཡི་ས་ཡི་ཆར། ཁྲུ་གང་བ་ལ་གྲུ་བཞི་པའི། །སྟེགས་བུ་ལེགས་པར་བརྩིགས་ནས་ནི། །མ་ལྷུང་བ་ཡི་ལྕི་བས་བྱུག །ཞེས་འབྱུང་བ་ལྟར་ཏེ། དེའི་དོན་འཆད་པ་ན་ཊཱིཀ་ཆེན་ལས། དཀྱིལ་འཁོར་གྱི་སྒོ་བཞིའི་ནང་ནས་ལྷོའི་སྒོར་སྟེགས་བུ་པད་ད ཀར་འཁོར་ལོ་དང་བཅས་པ་ལ་གནས་པའི་མིང་བྱང་སོགས་ཀྱི་རྟེན་བསྐྱེད་ནས་སྦྱང་བའི་རིམ་པ་ལ་སོགས་པ་བྱེད་པས། ལྷོ་སྒོའི་ཆོ་གར་འདོགས་པ་ཡིན་པར་སྔར་གྱི་ལུང་གིས་ཤེས་སོ་ཞེས་རང་ལུགས་བཤད་ནས། གཞན་གྱི་ལུགས་བརྗོད་པ་ལ། ཁ་ཅིག་ནི་ཚེ་ལས་འདས་པའི་སྲོག་འཕྲོག་པ་གཤིན་རྗེ་ཡིན་ཏེ། དེ་ལྷོ་ན་གནས་པས་དེ་ཚར་གཅོད་པའི་ཕྱིར་ལྷོ་ནས་འགུགས་པའི་མཚོན་བྱེད་དང་། རྒྱ་གར་ན་གྲོང་ཁྱེར་ཐམས་ཅད་ཀྱི་ལྷོ་སྒོ་ནས་རོ་འདོན་པ་དང་སྒོ་བསྟུན་ནས་ལྷོ་སྒོར་བཏགས་པ་ཡིན་ཟེར་རོ་ཞེས་གསུངས། འདི་ལ་སྦྱོང་བའམ་སྦྱོང་ང་ཞེས་ཀྱང་བྱ་སྟེ། བགེགས་སྦྱོང་བ། སྡིག་པ་སྦྱོང་བ། མི་ཤིས་པ་སྦྱོང་བའི་ཚུལ་གསུམ་འབྱུང་བའི་སྒོ་ནས་བཏགས་པ་སྟེ་འཆད་པར་འགྱུར་རོ། །རྒྱུད་དོན་གསལ་བ་རང་འགྲེལ་དང་བཅས་པ་ལས་གསོན་པོ་ལ་དབང་བསྐུར་ཚུལ་རྒྱས་པར་བཤད་ནས། གཤིན་པོ་ལ་དབང་བསྐུར་བའི་ཚེ་སྔར་བཞིན་བདག་འཇུག་བླངས་ཏེ། བཛྲ་དྷ་ར་སོགས་ཀྱིས་ང་རྒྱལ་བཟུང་ནས། བདག་མིང་འདི་ཞེས་བགྱི་བ་ཡི། །ཞེས་སོགས་ཀྱིས་གསོལ་བ་བཏབ་པའི་རྗེས་སུ་དཀྱིལ་འཁོར་གྱི་ལྷོ་སྒོའི་ཆར་སྟེགས་བུ་ཁྲུ་གང་གྲུ་བཞི་པ་བྱས་ཏེ། བ་བྱུང་དང་ཙནྡན་སོགས་ཀྱིས་བྱུག །ཁྲུས་བུམ་ལོགས་སུ་བྱེད་ན་མགུལ་ཆིངས་སྔོན་པོ་ཅན་བཅས་ལ་རྩ་རིག་སོགས་བཟླས་ལ་བཞག །སྟེགས་བུའི་སྟེང་དུ་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་བྲིས་པའི་སྟེང་དུ་ཁྲུས་བྱ་ཞིང་། ཡི་གེ་ལེགས་པར་བཏགས་པའི་རོའམ་གོས་སམ་མིང་བྱང་བཞག་ལ་ཞེས་གསུངས་ཏེ། གཤིན་པོ་ལ་དབང་བསྐུར་རྒྱས་པ་དང་། ལྷོ་སྒོའི་ཁྲུས་ལའང་དབང་གི་ཐ་སྙད་ཡོད་པས་གཉིས་ཀ་ཐུན་མོང་གི་བྱ་བའོ། །ད་ལྟ་ནི་གསོན་པོ་ལ་དབང་བསྐུར་བའི་ཚུལ་ཙམ་ཞིག་སྣང་ཡང་། གཤིན་པོ་ལ་དབང་བསྐུར་བའི་ཚུལ་རྒྱས་པར་བྱེད་སྲོལ་མི་སྣང་ཞིང་མ་དར་རོ། །ཚུལ་མཐུན་མ་བྱུང་ཕྱིན་ཚེ་འདས་ལ་དབང་བསྐུར་བའི་ཚུལ་བཞག་ཀྱང་ཆོག་མོད། ཚེ་འདས་ལ་གཟུངས་ཁྲུས་དང་དབང་བསྐུར་ལེགས་པོ་བྱས་ན་ཕན་ཡོན་ཆེ་ཚུལ་སྦྱོང་རྒྱུད་སོགས་ལས་བཤད་དེ། སྦྱོང་རྒྱུད་ལས། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཆུ་མཆོག་གིས་ནི་བཀྲུས་ནས་ནི། །བཟླས་པའི་དྲི་ཡིས་བྱུག་པར་བྱ། །གོས་དང་རྒྱན་གྱིས་བཀླུབས་ནས་ཀྱང་། །སྔགས་ཀྱིས་བཏབ་པའི་འདུག་པས་བདུག །མེ་ཏོག་ཕྲེང་ལ་སོགས་པས་མཆོད། །གཙུག་ཕུད་དཔུང་པ་དེ་བཞིན་དུ། །སྔགས་བྲིིས་པས་ནི་གདགས་པར་བྱ། །ཞེས་སོགས་དང་། དེ་ནས་ངན་སོང་སྦྱོང་བའི་ཕྱིར། །སྟན་དང་བཅས་ཏེ་དེ་དབུས་སུ། །བཞག་པ་ཉིད་དུ་བྱ་བ་ཡིན། །ཞེས་དང་། གཙུག་དགུ་ལས་ཀྱང་རྒྱས་པར་བཤད་ལ། དབང་བསྐུར་བའི་ཕན་ཡོན་ནི། རྡོ་རྗེ་གུར་གྱི་རྒྱུད་ལས། རྡུལ་ཚོན་དཀྱིལ་འཁོར་བྲིས་ནས་ནི། །གཤིན་ལ་གསོན་བཞིན་དབང་བསྐུར་ན། །ངན་སོང་གསུམ་དུ་སྐྱེས་ན་ཡང་། །དེ་ཉིད་ཀྱིས་ནི་ཐར་པར་འགྱུར། །ཞེས་དང་། སྦྱོང་རྒྱུད་ལས། གང་ཡང་རུང་བ་ཤི་བའི་ལུས་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན༑ སེམས་ཅན་དམྱལ་བར་སྐྱེས་ན་ཡང་སྐྱེས་མ་ཐག་ཏུ་རྣམ་པར་ཐར་ནས་ལྷའི་རིགས་སུ་སྐྱེ་བར་འགྱུར་རོ། །ལྷའི་རིགས་དེར་སྐྱེས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་བཀུར་བ་ལ་སོགས་པ་ཡང་བྱེད་དོ། །ཕྱིར་མི་ལྡོག་པས་རྒྱུད་ངེས་པ་ཅན་དུ་ཡང་འགྱུར་རོ། །ཞེས་པ་ནས། ལྷའི་དབང་བོ་མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་པ་དང་བདེ་བ་ཐམས་ཅད་མྱོང་བར་འགྱུར་རོ། །ཞེས་དང་། དབང་བསྐུར་བ་ནི་རབ་ཏུ་བརྟག །དེ་ནས་སྡིག་པ་ཀུན་སྦྱངས་ཏེ། །དམྱལ་བ་ལ་སོགས་སྡུག་བསྔལ་ལས། །དེ་ནི་མྱུར་དུ་རྣམ་པར་ཐར། །སྡིག་ལས་རྣམ་གྲོལ་བདག་ཉིད་དེ། །དག་པར་གྱུར་པའི་ལྷ་རྣམས་ཀྱི། །རིགས་སུ་སྐྱེ་བར་གྱུར་ནས་ཀྱང་། །དེ་ནི་རྟག་ཏུ་སངས་རྒྱས་དང་། །ཆོས་བགྲོ་བ་ནི་ཐོབ་པར་འགྱུར། །ཕྱིར་མི་ལྡོག་པའི་ས་ལ་གནས། །རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར། །དེ་ཡི་གཟུགས་བརྙན་བྲིས་པའམ། །གུར་གུམ་གྱིས་ནི་མིང་ཡང་རུང་། །ངན་སོང་གསུམ་གྱི་འཇིགས་ཆེན་ལས། །སེམས་ཅན་རྣམས་ནི་གྲོལ་བྱའི་ཕྱིར། །སྔགས་མཁན་གཞན་ལ་ཕན་བརྩོན་ཞིང་། །སྙིང་རྗེ་ཅན་གྱིས་དབང་བསྐུར་རོ། །ཞེས་དང་། ཀྱེ་ལྷའི་བུ་རྣམས། ངན་སོང་དུ་སྐྱེས་ཟིན་པ་དེ་དག་གི་མིང་ལ་ཡང་དབང་བསྐུར་ཞིང་གཟུགས་བརྙན་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཅེས་པ་ནས། ཞག་བདུན་དུ་དཀྱིལ་འཁོར་དུ་བཅུ་སྟེ་དབང་བསྐུར་ན་གདོན་མི་ཟ་བར་ཞག་བདུན་གྱིས་ངན་སོང་གི་སྒྲིབ་པ་ལས་རྣམ་པར་ཐར་པར་འགྱུར་རོ། །ཞེས་དང་། དུས་འཁོར་གྱི་སྐོར་ལས་ཀྱང་། རྡུལ་ཚོན་དཀྱིལ་འཁོར་བྲིས་བྱས་ལ། །གཤིན་ལ་གསོན་བཞིན་དབང་བསྐུར་ན། །ངན་སོང་གནས་སུ་སྐྱེས་ན་ཡང་། །དེ་ཉིད་གྲོལ་བར་ཐེ་ཚོམ་མེད། །འོན་ཏེ་མིང་ངམ་གཟུགས་བརྙན་ལ༑ ༑དེ་ལྟར་རབ་ཏུ་གནས་བྱས་ཏེ། །མཆོད་རྟེན་ནང་དུ་གཞུག་བྱས་ན། །དེ་ཡི་བསོད་ནམས་བསམ་མི་ཁྱབ། །ཅེས་དང་། སྦྱོང་རྒྱུད་ལས། ཤི་བའི་རོའམ་གཟུགས་བརྙན་ནམ། །མིང་ལ་སོགས་པ་ཡང་བྲིས་ནས། །ཞེས་གསུངས་སོ། །ཕྱི་མ་འདི་དག་གིས་གཟུངས་སྔགས་ཀྱི་མཇུག་ཏུ་གཤིན་པོའི་མིང་སྤེལ་ཚིག་དང་བཅས་པ་བྲིས་ནས་རབ་གནས་བྱས་ཏེ། །མཆོད་རྟེན་ནམ་སཙྪའི་ནང་དུ་བཅུག་ན་ཕན་ཡོན་ཆེ་བ་དང་། གཤིན་གྱི་གཟུགས་བརྙན་གྱི་སྙིང་ཁར་སྔགས་སྤེལ་ཚིག་དང་བཅས་པ་བྲིས་ཏེ་བཅུག་ན་ཡང་ལེགས་པར་བཤད་དོ། །གཉིས་པ་ནི། འདིར་ལྷོ་སྒོའི་ཆོ་གའི་དབང་དུ་བྱས་ན་གཉིས་ཏེ། གཤིན་པོ་ལ་བྱ་ཚུལ་དང་། ཚེ་ལྡན་ལ་བྱ་ཚུལ་ལོ། །དང་པོ་ལ་གསུམ། སྔོན་འགྲོ་དང་། དངོས་གཞི་དང་། མཇུག་གི་རིམ་པའོ། །དང་པོ་ལ་བཞི། རྟེན་བསྐྱེད་པ། དེ་ལ་རྣམ་ཤེས་དགུག་གཞུག་བྱ་བ། སྡིག་སོགས་དགུག་དྲལ། །གནས་བྱིན་བ རླབ་བྱ་བའི་ཚུལ་ལོ། །དང་པོ་ལ་རྟེན་ནི་གོང་དུ་བཤད་པ་ལྟར་ཡིན་ཡང་། དེ་ལ་མིག་བྱང་རྒྱས་པ་ནི་ཚེ་འདས་ཀྱི་གཟུགས་བྲིས་པའི་གནས་རྣམས་སུ་རིགས་དྲུག་གི་ས་བོན་དང་། ངན་སོང་ལས་ཐར་པའི་སྔགས་མཐར་སྤེལ་ཚིག་བྲིས་པ་དང་། འབྲིང་པོ་ལ་དེའི་སྙིང་ཁར་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་དང་། བསྡུས་པ་ནི་ད་ལྟའི་ཕྱག་ལེན་ལྟར་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཙམ་སྟེ་གསུམ་སྣང་ངོ་། །མིང་ཡིག་དང་པོ་འབྲི་བ་ལ་ཡང་གཉིས་ཡོད་དེ། དཔེར་ན་རྒྱ་མཚོའི་རྒྱ་དང་དེའི་ར་ཙམ་འབྲི་བ་ལྟ་བུ་སྟེ་མི་འགལ་ཞིང་། རྒྱ་སྐད་ཀྱི་བྱམས་པའི་མིང་ཡིག་དང་པོ་ལ་མཻ་ཾདང་། ཉན་རང་གི་མིང་ཡིག་དང་པོ་ལ་ཤྲཾ་དང་སྲཾ་བྲིས་པ་སོགས་ཀྱང་ཡོད་དོ། །སྤྱིར་ལྷོ་སྒོ་བྱ་བའི་སྔོན་དུ་དཀྱིལ་འཁོར་གང་ཡིན་པ་དེའི་བདག་བསྐྱེད། བུམ་བསྐྱེད། མདུན་བསྐྱེད་ཀྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་སོགས་བྱ་དགོས་ལ། དབང་བསྐུར་ན་ནི་བདག་འཇུག་ཀྱང་སྔོན་དུ་གཏོང་དགོས་སོ། །ལྷག་ཏུ་གཤིན་པོའི་དོན་དུ་བྱ་ན་མདུན་བསྐྱེད་དགོས་ཏེ། ལྷོ་སྒོའི་ཆོ་ག་ལས། ངན་འགྲོ་བ་ཐམས་ཅད་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཀུག་པར་བསམས་ལ་ཞེས་པའི་དཀྱིལ་འཁོར་ནི་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་བྱ་དགོས་པའི་ཕྱིར་རོ། །གློ་བུར་དུ་དམིགས་བསལ་གྱིས་ཅིས་ཀྱང་བྱེད་དགོས་པ་བྱུང་ན། བདག་བསྐྱེད་དང་བུམ་བསྐྱེད་གཉིས་ཀ་དགོས་ཤིང་། མཐའང་བདག་བསྐྱེད་ཀྱི་མཇུག་ཏུ་ཁྲུས་བུམ་ཙམ་ཞིག་ངེས་པར་བྱ་དགོས་ཏེ། མ་བྱས་ན་བསླུས་པར་འགྱུར་ལ་དེའི་ཚེ་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཞེས་པ་ཡང་བདག་བསྐྱེད་ལ་མ་སྦྱར་ན་མི་འབྲེལ་བར་འགྱུར་བས་དེ་ལ་བསམ་པའམ། ཡང་ན་ངན་འགྲོ་བ་ཐམས་ཅད་མདུན་དུ་བཀུག་པར་གྱུར་ཅེས་བྱའོ། །རྟེན་མདུན་དུ་བཞག་པ་ལ། ལས་བུམ་ཡོད་ན་དེའི་ཆུ་དང་མེད་ཀྱང་ལས་སྔགས་བརྗོད་ཅིང་བསངས་ལ། ༀ་ཤཱུ ནྱ་ཏ་སོགས་བརྗོད་དེ་རྟེན་དེའི་སྣང་བ་རང་ག་བ་མི་དམིགས་པའི་སྟོང་བ་ཉིད་ཀྱི་རང་བཞིན་དུ་གྱུར་པར་བསམ། ༀ་ནི་ཨ་ཨུ་མ་གསུམ་འདུས་པ་ལས་བྱུང་ཞིང་སྐུ་གསུང་ཐུགས་མཚོན་པ་དང་སྔགས་ཀྱི་འགོ་འདྲེན་ནོ། །ཤཱུནྱ་ཏ་ནི་སྟོང་པ་ཉིད། ཛྙཱ་ན་ནི་ཡེ་ཤེས། བཛྲ་ནི་རྡོ་རྗེ། སྭ་བྷ་ཝ་ནི་རང་བཞིན། ཨཱཏྨ་ཀ་ནི་བདག་ཉིད། ཨ་ཧཾ་ནི་ངའོ་སྟེ། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ཡེ་ཤེས་དབྱེར་མི་ཕྱེད་པའི་རང་བཞིན་གྱི་བདག་ཉིད་དེ་ངའོ་ཞེས་པ་སྟོང་ཉིད་ཀྱི་དོན་སྒོམ་པའོ། །སྟོང་པའི་ངང་ལས་ཚེ་འདས་ཀྱི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞིག་བྱུང་བ་དེ་ཡོངས་སུ་གྱུར་པ་ལས། ཚེ་འདས་དེ་ཉིད་གསོན་པའི་དུས་ལྟར་ཐ་མལ་བའི་ཆ་བྱད་ཅན་གཟུགས་དང་ཚོར་བ་ལ་སོགས་པའི་ཕུང་པོ་ལྔ་དང་། གཟུགས་ལ་སོགས་པ་དམིགས་པ་ཡུལ་གྱི་ཁམས་དྲུག་དང་། མིག་ལ་སོགས་པ་རྟེན་དབང་པོའི་ཁམས་དྲུག་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བརྟེན་པ་རྣམ་ཤེས་དྲུག་སྟེ་ཁམས་བཅོ་བརྒྱད་དང་། གཟུགས་སྒྲ་སོགས་ཡུལ་གྱི་སྐྱེ་མཆེད་དྲུག་དང་། མིག་རྣ་བ་ལ་སོགས་ལ་ཡུལ་ཅན་གྱི་སྐྱེ་མཆེད་དྲུག་སྟེ་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པར་གྱུར་པར་བསམ། ༈ གཉིས་པ་རྣམ་ཤེས་དགུག་གཞུག་ལ་གཉིས། ཕྱག་རྒྱ་དང་བདེན་བརྗོད་ཀྱིས་དགུག་པ་དང་། འོད་ཟེར་གྱིས་དགུག་ཅིང་གཞུག་པའོ། །དང་པོ་ནི། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་གཉིས་བརྐྱང་བ་ཅུང་ཟད་བཀུག་ནས་ལྕགས་ཀྱུ་ལྟར་བྱས། མཐེའུ་ཆུང་གཉིས་ཁབ་ལྟར་བརྐྱང་བ་ཚེ་འདས་ཀྱི་མགོར་འཇོག་པའམ་བཞག་པར་མོས་ནས། འགུགས་སྔགས་ༀ་བཛྲ་ས་ཏྭ་ཧཱུཾ་ཛྫཿཞེས་བརྗོད་ཅིང་། དོན་ནི་རྡོ་རྗེའི་སེམས་ཁུག་ཅིག་ཅེས་པ་སྟེ། གསང་འཇིགས་སོགས་གཞན་ལའང་འདི་ལྟར་བརྗོད་དགོས་ཀྱི། སྔགས་གཞན་དུ་བསྒྱུར་བ་མི་འཐད་དོ། །དེ་ཉིད་སྔོན་བྱུང་དང་སྦྱར་ན་སྔོན་རྩ་རྒྱུད་དེ་ཉིད་བསྡུས་པ་གསུངས་པའི་སྐབས་སུ། དྲག་པོ་དབང་ཕྱུག་ཆེན་པོས་བར་གཅོད་གཏོང་བའི་རྣམ་པ་བསྟན་པ་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དབང་ཕྱུག་ཞབས་འོག་ཏུ་མནན་ཏེ་བསད་པའི་ཚུལ་མཛད་པ་ལ། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཕྱག་རྡོར་ལ་ཁྱོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་བཀའ་ཉོན་ལ་དབང་ཕྱུག་འདི་རྐང་བའི་འོག་ནས་བཏང་བར་བྱོས་ཤིག་ཅེས་གསུངས་པས། ཕྱག་རྡོར་གྱིས་བཅོམ་ལྡན་འདས་ལ་བདག་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་རུངས་པ་ཐམས་ཅད་འདུལ་བའི་ཁྲོ་བོའི་རྒྱལ་པོར་དབང་བསྐུར་བས། བདག་གིས་འདི་བཀུམ་ལགས་ན་ནི་བདག་གིས་ཇི་ལྟར་བཏང་བར་བགྱི་ཞེས་ཞུས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་རྡོར་ལ་དབང་ཕྱུག་ཆེན་པོའི་སྲོག་གསོ་བའི་ཕྱིར་ཤི་བའི་རྣམ་ཤེས་འགུགས་པའི་སྙིང་པོ་ༀ་བཛྲ་ས་ཏྭ་ཧཱུཾ་ཛྫཿཞེས་པ་འདི་ཉིད་ཐུགས་ཀ་ནས་ཕྱུང་སྟེ་གནང་བས། ཕྱག་ན་རྡོ་རྗེས་དབང་ཕྱུག་ཆེན་པོའི་རོའི་མགོ་བོར་ཕྱག་རྒྱ་སྔར་བཤད་པ་དེ་བཞག་སྟེ། སྔགས་བརྗོད་པས་དབང་ཕྱུག་གི་རྣམ་ཤེས་བཀུག་ནས་ལུས་ལ་བཅུག་པས་གསོན་པོར་བསྒྱུར་བའི་སྔོན་བྱུང་གི་རྣམ་ཐར་རྗེས་འཇུག་གི་ཉམས་ལེན་དུ་སྦྱར་བའོ། །འདིར་དོགས་གཅོད་ལ། སྟོད་ལུགས་པ་ཁ་ཅིག་ན་རེ་ཆོ་ག་བྱས་པས་ཆོག་གི །རྣམ་ཤེས་འགུག་པ་མི་དགོས་ཤིང་བཀུག་ཀྱང་མི་ཁུགས་པའི་ཕྱིར། གལ་ཏེ་ཁུགས་ན་གསོན་པོར་བྱེད་ནུས་པར་འགྱུར་རོ་ཞེས་ཟེར་བ་མི་འཐད་དེ། རྣམ་ཤེས་ཁུགས་མི་ཁུགས་གང་ཡིན་ཡང་ཁུགས་པར་མོས་ཏེ་ཁྲུས་ཆོག་སོགས་བྱས་ན་ཕན་ཁྱད་ཆེའི། དེ་ལྟར་མ་བྱས་ན་དེ་ཙམ་མི་ཕན་པའི་ཕྱིར་རོ། །དཔེར་ན་དགྲ་བགེགས་ལ་མངོན་སྤྱོད་ཀྱི་ལས་བྱེད་པའི་ཚེ་དེའི་གཟུགས་བྱས་ཏེ་རྣམ་ཤེས་འགུག་པའི་དམིགས་པ་སྔོན་དུ་བཏང་ནས་དགྲ་བགེགས་དེར་བསྒོམས་ནས་མངོན་སྤྱོད་བྱས་ན་རྟེན་འབྲེལ་གྱིས་དེ་ལ་གནོད་པ་ཆེན་པོར་འགྱུར་བ་ཡིན་གྱི། རྣམ་ཤེས་དགུག་གཞུག་སོགས་མ་བྱས་པར་གཟུགས་བརྙན་ཙམ་ལ་མངོན་སྤྱོད་ཀྱི་ལས་བྱས་ཀྱང་གནོད་པ་མི་ཆེ་བ་བཞིན་ནོ། །གལ་ཏེ་རྣམ་ཤེས་དངོས་སུ་མི་ཁུགས་ན་ཆོ་ག་བྱས་པས་མི་ཕན་ནོ་སྙམ་ན། རང་ཉིད་ལྷར་བསྒོམས་པས་ཀྱང་ལྷར་དངོས་སུ་མི་འགྱུར་བའི་ཕྱིར་ལྷར་བསྒོམས་པ་དོན་མེད་དུ་ཐལ་ལོ། །དེ་བཞིན་དུ་ཡན་ལག་བདུན་པ་ལ་སོགས་པའི་སྐབས་སངས་རྒྱས་བྱང་སེམས་སོགས་སྤྱན་དྲངས་པས་དངོས་སུ་མ་བྱོན་ན་ཚོགས་གསོག་སྒྲིབ་སྦྱོང་སོགས་ཐམས་ཅད་དོན་མེད་པར་འགྱུར་རོ། །དེས་ན་དེའི་ཚེ་ཡང་དངོས་སུ་བྱོན་མ་བྱོན་གང་ཡིན་ཀྱང་དངོས་སུ་བྱོན་པར་མོས་པ་ཙམ་ལ་བརྟེན་ནས་ཚོགས་གསོག་སྒྲིབ་སྦྱོང་བྱེད་པའང་དོན་ཡོད་པའོ། །དེ་ལྟར་མ་ཡིན་ན་དེ་སྐད་སྨྲ་བ་ཁྱོད་ཀྱིས་ལས་འབྲས་ཐམས་ཅད་ལའང་སྐུར་བ་བཏབ་བར་འགྱུར་ཏེ། ཡིད་ཀྱིས་གཞན་ལ་ཕན་འདོད་དང་བླ་མ་དཀོན་མཆོག་ལ་དད་པས་སྐྱབས་སུ་འགྲོ་ཞིང་གསོལ་བ་འདེབས་པ་སོགས་ལས་ཕན་ཡོན་མི་འབྱུང་བར་ཐལ་བ་དང་། ཡིད་ཀྱིས་གཞན་ལ་གནོད་པའི་བསམ་སྦྱོར་ངན་པ་བྱས་པ་སོགས་ལ་སྡིག་པ་མེད་པར་འདོད་དགོས་པའི་སྐྱོན་ཆེན་པོར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་སྐྱེ་བ་གཞན་བླངས་ཟིན་པ་ཞིག་ཡིན་ན་རྣམ་ཤེས་དགུག་གཞུག་བྱ་མི་དགོས་སོ་སྙམ་ན། དེ་ཡང་བྱས་ཆོག་སྟེ། ཊཱིཀ་ཆེན་ལས། གལ་ཏེ་དེ་སྐྱེ་བ་གཞན་ཞིག་བླངས་ཟིན་པའི་སྟོབས་ཀྱིས་དེར་དངོས་སུ་འོང་བའི་སྐབས་མེད་པ་ཞིག་ཡིན་ནའང་རྣམ་ཤེས་དགུག་པའི་ཆོ་ག་བྱས་ན་ཕན་ཡོན་ཆེའོ། །དེ་ལྟ་མིན་ན་ཕན་ཆུང་སྟེ། དཔེར་ན་དགྲ་བོའི་མངོན་སྤྱོད་ཀྱི་ལས་ཞེས་སོགས་དཔེ་དོན་སྦྱར་ནས་གསུངས་པའི་ཕྱིར་རོ། །ཤི་ན་རྣམ་ཤེས་དང་ལུས་གཉིས་ལས་སྟོབས་ཀྱིས་འབྲེལ་བ་ཆད་པས་རྣམ་ཤེས་སླར་རང་ལུས་ལ་འཇུག་མི་ནུས་ཤིང་། ལུས་ལ་འཇུག་མི་འདོད་པར་ཡང་བཤད་པས་རྣམ་ཤེས་ལུས་ལ་ཞུགས་ཀྱང་གསོན་པོར་འགྱུར་མི་དགོས་ལ། སླར་རྣམ་ཤེས་ལུས་ལ་བཅུགས་ནས་གསོན་པོར་བསྒྱུར་དུ་ཡོད་པ་ནི་སྔར་དྲངས་པའི་དབང་ཕྱུག་གི་ལོ་རྒྱུས་དང་། དུས་འཁོར་གྱི་མཆོག་མི་འགྱུར་གྱི་སྐབས་ནས་ཤི་ལོག་གི་དཔེར་བརྗོད་དང་། གླིང་བཟའ་ཆོས་སྐྱིད་ཀྱི་ལོ་རྒྱུས་སོགས་ལས་ཀྱང་ཤེས་ལ། སྨན་བླའི་མདོ་ལས་ཀྱང་། མཛའ་བཤེས་དང་ཉེ་དུ་དང་སྣག་གི་གཉེན་མཚམས་ངུ་བ་རྣམས་ཀྱིས་ནི་བསྐོར། ཕྱོགས་རྣམས་ནི་མུན་པར་མཐོང་གཤིན་རྗེའི་མི་རྣམས་ཀྱིས་ནི་དྲངས་ཏེ། དེའི་ལུས་འདི་ན་ཉལ་ཡང་རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་མདུན་དུ་ཁྲིད་ཅིང་། མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སླད་བཞིན་འབྲང་བ་གང་ལགས་པ་དེས་ནི་དགེ་བའམ་མི་དགེ་བ་ཇི་ལྟར་བགྱི་བ་དེ་དག་ཐམས་ཅད་ལེགས་པར་ཡི་གེར་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ཕུལ་བ་དང་། ཞེས་པ་ནས། དེའི་རྣམ་པར་ཤེས་པ་སླར་ལོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱིས་འཚལ་བའི་གནས་དེར་མཆིས་ཏེ། ཡང་ན་ནི་གདུགས་བདུན་ཞེས་པ་ནས། གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་དྲན་པ་རྙེད་ལ། ཞེས་གསུངས་པ་ལྟར་ཏེ། འདིར་གདུགས་བདུན་ནས་བཞི་བཅུ་རྩ་དགུ་ཞེས་གསུངས་པའི་གདུགས་ནི་ཞག་བདུན་ནས་བཞི་བཅུ་ཞེ་དགུའི་མིང་ངོ་། །དེས་ན་བར་དོ་ན་ཡོད་པའི་ཚེ་ཆོ་ག་བྱེད་པའི་སར་རྨི་ལམ་རྨི་བ་བཞིན་དུ་འོངས་ནས་ཆོ་ག་ཉན་པ་ལ་འཇུག་པ་མི་འགལ་བར་སེམས་སོ། །བདེན་བརྗོད་ཀྱིས་འགུགས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བདེན་པ་དང་། དམ་པའི་ཆོས་ཀྱི་བདེན་པ་དང་། འཕགས་པའི་དགེ་འདུན་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་དང་ཞེས་སོགས་ཀྱི་དོན་ནི། ཊཱིཀ་ཆེན་ལས། དཀྱིལ་འཁོར་འདི་ཉིད་ཀྱི་ལྷའི་དབང་དུ་བྱས་ན་གཙོ་བོ་དང་ཤར་དང་ཤར་ལྷོ་པ་རྣམས་ནས་བྱང་དང་བྱང་ཤར་གྱི་བར་གྱི་ལྷ་རྣམས་དེ་བཞིན་གཤེགས་པའི་རིགས་ནས་ལས་ཀྱི་རིགས་ཀྱི་བར་ལྔ་དང་རིམ་པ་བཞིན་དུ་སྦྱོར་རོ་ཞེས་གསུངས་ཤིང་། དེ་བཞིན་གཤེགས་པ་ནི་རྣམ་སྣང་ཙམ་དང་། རྡོ་རྗེ་དང་རིན་པོ་ཆེ་དང་པད་མ་དང་ལས་ཀྱི་རིགས་བཞི་ནི་ཤར་དང་ཤར་ལྷོ་པ་ནས་བྱང་དང་བྱང་ཤར་གྱི་བར་འཇོག་པར་མཛད་དེ། དེ་ལྟ་ནའང་དེ་བཞིན་གཤེགས་པའི་རིགས་ཉུང་བར་སྣང་ངོ་། །ཡང་ཊཱིཀྐར་རྩ་རྒྱུད་དེ་ཉིད་བསྡུས་པ་ལས་གསུངས་པའི་རིགས་ལྔ་ནི་དེ་བཞིན་གཤེག་པ་དང་། དུམ་བུ་བཞིའི་ལྷ་རྣམས་དང་སྦྱར་བའི་རིགས་བཞི་འཇོག་ཚུལ་ཞིག་བཤད་དེ་སྔོན་མ་དང་མི་འདྲའོ། །འདིར་སྤྱི་འགྲོ་ལྟར་བྱས་ན་རྣམ་སྣང་དང་དེའི་རིགས་ཀྱི་ལྷ་ནི་དེ་བཞིན་གཤེགས་པའི་རིགས། མི་བསྐྱོད་པ་དང་དེའི་རིགས་ཀྱི་ལྷ་ནི་རྡོ་རྗེའི་རིགས། རིན་འབྱུང་དང་དེའི་རིགས་ཀྱི་ལྷ་ནི་རིན་པོ་ཆེའི་རིགས། འོད་དཔག་མེད་དང་དེའི་རིགས་ཀྱི་ལྷ་ནི་པདྨའི་རིགས། དོན་གྲུབ་དང་དེའི་རིགས་ཀྱིི་ལྷ་ནི་ལས་ཀྱི་རིགས་སུ་འཇོག་གོ །འོན་ཀྱང་དེ་བཞིན་གཤེགས་པ་ལྔ་ནི་རིགས་དེ་དག་གི་གཙོ་བོ་ཡིན་ལ། འཁོར་རྣམས་ནི་དེ་དང་དེའི་རིགས་ཏེ། རིགས་ལྔ་པོ་རེ་རེ་ལའང་རིགས་ཆུང་ལྔ་ལྔར་འབྱེད་པའི་སྐབས་ཀྱང་ཡོད་དོ། །སྙིང་པོ་དང་། ཕྱག་རྒྱ་དང་ཞེས་སོགས་ཀྱི་དོན་ནི། ཊཱིཀ་ཆེན་ལས། ལྷ་གཅིག་ལ་སྦྱར་ན་སྐུ་དང་ཐུགས་དང་གསུང་དང་འཕྲིན་ལས་རྣམས་ནི་སྙིང་པོ་དང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་རྣམས་སུ་རིམ་པ་བཞིན་སྦྱོར་བ་ཡིན་པ་འདྲའོ་ཞེས་གསུངས་ལ། སྤྱིར་བཤད་ན་སྔགས་ཀྱི་ལྷ་རྣམ་ལ་ནི་རང་གི་སྙིང་པོའི་སྔགས་དང་། དེའི་ཕྱག་རྒྱ་ཕྱག་མཚན་ལྟ་བུ་དང་། དེའི་གསང་སྔགས་དང་། རིག་སྔགས་རྣམས་ཡོད་ཅིང་དེ་ལ་ཡང་དྲང་ངེས་གཉིས་ཀྱི་དབྱེ་བ་ཡོད་པས་སོ་སོར་ཕྱེ་ན་ནི་ཤིན་ཏུ་མང་ངོ་། །དེ་ལྟ་བུ་དང་ལྡན་པའི་རྒྱུད་སྡེ་བཞི་འབྲེལ་གྱི་ལྷའི་ཁྱད་པར་ཇི་སྙེད་ཡོད་པ་ཐམས་ཅད་དང་ཞེས་པའོ། །འདིར་ཁ་ཅིག་ལྷའི་ཁྱད་པར་ཅན་ཞེས་འདོན་པ་ནི་མ་དག་པ་ཁོ་ན་སྟེ། གལ་ཏེ་ཁྱད་པར་ཅན་ཞེས་བྱ་ན། དེ་ལ་ལྷའི་ཞེས་པའི་རྣམ་དབྱེ་དྲུག་པ་དགོས་མེད་དུ་འགྱུར་བའི་ཕྱིར་ཏེ། གཞུང་དུ་ནི་ལྷའི་ཁྱད་པར་ཞེས་འབྱུང་གི་ལྷའི་ཁྱད་པར་ཅན་ཞེས་མི་འབྱུང་བའི་ཕྱིར་རོ། ཁྱད་པར་དུ་ཀུན་རིག་ལ་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་ཞེས་དང་། གཞན་ལ་ཡང་ལྷ་དེ་དང་དེ་འཁོར་དང་བཅས་པ་རྣམས་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། མིང་འདི་ཞེས་བགྱི་བའི་རྣམ་པར་ཤེས་པ་ཞེས་པ་ནི་ཡིད་ཀྱི་རྣམ་ཤེས་ཙམ་མིན་གྱི་དེ་དང་ལྡན་པའི་བར་དོའི་ཕྲ་བའི་ལུས་ཅན་དང་། དེ་ཉིད་འདོད་ཁམས་ལ་སོགས་པ་ཁམས་གསུམ་དང་། ལྷ་ལ་སོགས་པ་འགྲོ་བ་རིགས་དྲུག་དང་། མངལ་སྐྱེས་ལ་སོགས་པ་སྐྱེ་གནས་བཞིས་བསྡུས་པའི་འཇིག་རྟེན་གྱི་ཁམས་གང་ནས་སྐྱེ་བ་བཟུང་སྟེ་གནས་ཀྱང་། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་གནས་འདིར་མཆིས་པར་གྱུར་ཅིག་ཅེས་པ་ནི་དུས་མྱུར་བའི་མཚོན་བྱེད་ཡིན་གྱི། དེ་དག་གི་ཚད་ཁོ་ན་ངེས་བཟུང་དུ་མི་དགོས་སོ། །དེ་དག་གི་ཚད་ལ་དུས་མཐའི་སྐད་ཅིག་ནི་དུས་ཀྱི་ཐུང་མཐའ་ཡིན་པས་དེ་ལས་ཡུན་ཐུང་བ་མེད་ལ། དེའི་ཡུན་ནི་སེམས་ཀྱི་སྐད་ཅིག་མ་གཅིག་དང་། རྡུལ་ཕྲ་རབ་བླ་འོག་བསྒྱུར་བ་དང་། སེ་གོལ་གཅིག་ཏོགས་པའི་ཡུན་ལ་རེ་བཞིར་བགོས་པའི་ཆ་གཅིག་ལ་བཤད་པ་སྟེ་གསུམ་མོ། །དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུའི་ཡུན་ལ་ནི་དེའི་སྐད་ཅིག་མ་གཅིག་སྟེ་བྱ་རྫོགས་ཀྱི་སྐད་ཅིག་མའོ། །དེའི་སྐད་ཅིག་དྲུག་ཅུའི་ཡུན་ལ་ནི་ཐང་གཅིག་གོ །དེ་སུམ་ཅུའི་ཡུན་ལ་ནི་ཡུད་ཙམ་གཅིག་གོ །གཉིས་པ་ནི། རང་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཚེ་འདས་ཀྱི་རྣམ་པར་ཤེས་པ་དེ་ཉིད་ཁ་དོག་དམར་ཞིང་གསལ་བ་ཨ་ཐུང་གི་རྣམ་པར་བཀུག་ནས། རྟེན་གྱི་སྤྱི་གཙུག་ནས་ཞུགས་ཏེ་སྙིང་ཁར་ཐིམ་པར་བསམ། ཁ་ཅིག་ཛཿཧཱུཾ་བཾ་ཧོཿ ཞེས་པ་ལྟ་བུ་བརྗོད་པར་མཛད་དེ་མི་འགལ། ཨ་ཐུང་ཞེས་པ་དབྱངས་ཡིག་གི་དང་པོ་ཨ་ཐུང་རིང་ཆ་མེད་པའི་རྣམ་པར་འགུགས་པའི་དོན་ཡིན་གྱི། སྐབས་གཞན་ལས་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་དུ་བཤད་པ་ཡོད་ཀྱང་འདིའི་དོན་མིན་ནོ། །གསུམ་པ་སྡིག་སོགས་དགུག་དྲལ་ནི། ༀ་ཤོདྷ་ནེ་ཤོདྷ་ནེ་སརྦ་པཱ་པཾ་ཨཱ་ན་ཡ་ཧཱུཾ་ཞེས་བརྗོད་པས་ཚེ་འདས་ཀྱིི་སྡིག་སྒྲིབ་ཐམས་ཅད་ཀྱང་བཀུག་པར་བསམ། སྔགས་དོན་ནི། ཤོདྷ་ནེ་ཤོདྷ་ནེ་ནི་སྦྱོངས་ཤིག་སྦྱོངས་ཤིག །སརྦ་པཱ་པཾ་ནི་སྡིག་པ་ཐམས་ཅད། ཨཱ་ན་ཡ་ནི་ཁུག་ཅིག་ཅེས་པ་སྟེ། སྡིག་པ་ཐམས་ཅད་ཁུག་ལ་སྦྱོངས་ཤིག་ཅེས་པ་སྟེ། སྔགས་འདི་ནི་གཙུག་དགུ་ལས་གསུངས་སོ། །སྐབས་འདིར་ངེས་པར་དགོས་པ་མིན་ཡང་རྒྱས་པ་ལ་སྤྲོ་ན། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ནང་དུ་མཛུབ་མོ་ལྕགས་སྒྲོོག་ལྟར་བཅིངས་ལ་ལེགས་པར་གྱེན་དུ་འཕར་བ་ལྟུང་བ་སློང་བའི་ཕྱག་རྒྱ་བྱས་ལ། ༀ་སརྦ་ཨ་པཱ་ཡ་ཞེས་སོགས་བརྗོད་པས་ངན་འགྲོ་བ་ཐམས་ཅད་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བཀུག་པར་བསམ། སྔགས་དོན་ནི། སརྦ་ཨ་པཱ་ཡ་ནི་ངན་སོང་བ་ཐམས་ཅད། ཨཱ་ཀཪྵ་ཎ་ནི་འགུགས་པར་བྱེད་པ། བི་ཤོ་དྷ་ན་ནི་རྣམ་པར་སྦྱོངས་ཤིག །བཛྲ་ས་མ་ཡ་ནི་མི་ཕྱེད་པའི་རྡོ་རྗེ་སྟེ། རྡོ་རྗེ་དང་མཚུངས་ཤིང་མཉམ་པའི་སྔགས་དང་ཕྱག་རྒྱས་ངན་འགྲོ་བ་རྣམས་བཀུག་ནས་སྡིག་སྒྲིབ་སྦྱོངས་ཤིག་པའོ། །འགུགས་པ་འདི་ནི་སྔོན་དེ་ཉིད་བསྡུས་པ་གསུངས་པའི་ཚེ། ཕྱག་ན་རྡོ་རྗེས་སྔགས་འ དི་བརྗོད་དེ་ངན་འགྲོ་བ་རྣམས་བཀུག་ནས་རི་རབ་ཀྱི་རྩེ་མོའི་ཕྱི་རོལ་ཏུ་འཁོད་པར་མཛད་ཅིང་དེ་རྣམས་ལ་བོས་ནས་འདི་སྐད་ཅེས་གསུངས་སོ། །ཀྱེ་བཟོད་ལྡན་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བ་དང་། དམ་ཚིག་དང་སྡོམ་པ་དང་ངན་སོང་ཐམས་ཅད་ལས་ཐར་པའི་ཕྱག་རྒྱ་དང་སྙིང་པོ་འདི་ཟུངས་ཤིག་ཅེས་གསུངས་པ་དང་། དེ་ནས་ངན་སོང་བ་དེ་རྣམས་ཀྱིས་བཅོམ་ལྡན་འདས་བདག་ཅག་སྡུག་བསྔལ་གྱིས་གཟིར་བ་འདི་ལས་བསྐྱབ་ཏུ་གསོལ། བདག་ཅག་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཁྱོད་ལ་ཡང་སྐྱབས་སུ་མཆིའོ་ཞེས་པ་ལྟར་འདིར་ཡང་དེ་དང་མཐུན་པར་བསམ་པའོ། །དེ་ནས་རྡོ་རྗེ་བསྡམས་པ་ལས་གུང་མོ་བསྒྲེངས་ལ་མཐེ་བོང་གཉིས་དང་མཐེའུ་ཆུང་བསྲང་སྟེ་མཉེ་ཞིང་དྲལ་བ་སྡིག་པ་འཇོམས་པའི་ཕྱག་རྒྱ་དང་། ༀ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་ཞེས་སོགས་བརྗོད་པས་ངན་སོང་བ་དེ་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་བཅོམ་ཞིང་། དེ་རྣམས་དེ་ནས་ཤི་སྟེ་རྣམ་སྣང་གི་ཞབས་དྲུང་དུ་སྐྱེས་ཤིང་ལུས་རྟེན་རྒྱ་མཚོར་དོར་རོ་ཞེས་འབྱུང་བ་ཡང་སྔོན་བྱུང་དང་བསྟུན་པའོ། །སྔགས་དོན་ལ་བཛྲ་པཱ་ཎི་ནི་ཕྱག་ན་རྡོ་རྗེ་ཞེས་བོས་ནས། བི་སྥོ་ཊ་ཡ་ནི་རྣམ་པར་དྲོལ་ཅིག་པ་སྟེ། བི་ནི་རྣམ་པར། སྥོ་ཊ་ཡ་ནི་དྲོལ་ཅིག་པའོ། །གང་དྲོལ་ན་སརྦ་ཨ་པཱ་ཡ་ནི་ངན་སོང་ཐམས་ཅད་དོ། །བནྡྷ་ནཱ་ནི་འཆིང་བ་རྣམས་སོ། །པྲ་མོ་ཀྵ་ཡའི་པྲ་ནི་རབ་དང་། མོ་ཀྵ་ནི་ཐར་བའམ་གྲོལ་བ་སྟེ། ངན་སོང་གི་འཆིང་བ་རྣམས་རབ་ཏུ་གྲོལ་བར་གྱིས་ཤིག་ཅེས་པའོ། །སརྦ་ཨ་པཱ་ཡ་ག་ཏེ་བྷྱཿནི་ངན་སོང་གི་འགྲོ་བ་རྣམས་ཏེ། ག་ཏེ་ནི་འགྲོ་བའོ། །སརྦ་སཏྭ་ན་ནི་སེམས་ཅན་ཐམས་ཅད། ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གིས་དྲོལ་ཅིག་ཅེས་པའོ། །རྣམ་སྣང་གི་ཞབས་དྲུང་དུ་སྐྱེས་ཞེས་པ་ནི་འདུས་པ་ལ་མི་བསྐྱོད་པ་དང་། འཇིགས་བྱེད་ལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞབས་དྲུང་དུ་སྐྱེས་ཞེས་བསྒྱུར་དུ་རུང་ཞིང་། བ་ཚྭ་ཅན་གྱི་རྒྱ་མཚོ་ནི་ཕྱིའི་རྒྱ་མཚོ་དང་གླིང་བར་གྱི་རྒྱ་མཚོ་རྣམས་སོ། །དེ་ནས་ༀ་སརྦ་བདེ་ཞེས་སོགས་བརྗོད་ཅིང་སྙིང་ཁར་རྡོ་རྗེ་བསྡམས་པ་སྒྲ་དང་བཅས་པ་ལན་གསུམ་དྲལ་བས། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ། སྔགས་དོན་ལ། སརྦ་བིད་ནི་ཐམས་ཅད་རིག་པ་སྟེ་ཀུན་རིག་ཅེས་བོས་ནས། སརྦ་ཨ་པཱ་ཡ་ནི་ངན་སོང་ཐམས་ཅད། བི་ཤོདྷ་ན་ནི་སྦྱོངས་ཤིག་པ་དང་། བཛྲ་བནྡྷ་ཏྲཊ་ནི་རྡོ་རྗེས་འཆིང་བ་དྲོལ་ཅིག་ཅེས་པའོ། །འདིར་སརྦ་པཱ་པཾ་བི་ཤོ་དྷ་ན་ཞེས་པ་ཞིག་འབྱུང་སྟེ། དེ་ལྟར་ན་སྡིག་པ་ཐམས་ཅད་སྦྱོངས་ཞེས་པའོ། །བཞི་པ་གནས་བྱིན་བརླབ་བྱ་བ་ལ་ཐུན་མོང་བ་ནི། ༀ་སརྦ་བིད་ༀ་ཞེས་སོགས་རིགས་གསུམ་གྱི་སྔགས་ཀྱིས་གནས་གསུམ་བྱིན་གྱིས་བརླབས། སརྦ་བིད་ནི་ཀུན་རིག་གམ་ཐམས་ཅད་རིག་པ་ཞེས་པའི་དོན་ཡིན་པས། ཐམས་ཅད་རིག་པའམ་མཁྱེན་པ་ནི་ལྷ་གཞན་ལ་ཡང་འཇུག་ཀྱང་། དཀྱིལ་འཁོར་གཞན་ལ་ཚེ་འདས་ཀྱི་སྤྱི་བོར་ༀ་ཞེས་སོགས་བྱ་བར་བཤད་པ་ལྟར་ཡང་རུང་། ཐུན་མོང་མ་ཡིན་པའི་གནས་བྱིན་རླབས་ནི། སྦྱོང་རྒྱུད་ལས། སྙིང་ཁ་ལྐོག་མ་ཁ་ཕྱོགས་སུ། །དཔྲལ་བ་མཛོད་པུ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་རྐེད་པ་པུས་མོ་བོལ། །ལོང་བུ་སྣ་ཡི་རྩེ་མོ་དང་། །མིག་གཉིས་དང་ནི་གསང་བ་ཡི། །ཞེས་གསུངས་པ་ལྟར་གནས་ཉེར་གཉིས་སུ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེ་བོང་དང་གུང་མོ་དང་མཐེའུ་ཆུང་གྱེན་དུ་བསྒྲེང་སྟེ་ཁ་སྦྱར་ནས་མཛུབ་མོ་དང་མིང་མེད་སེམས་དཔའི་སྐྱིལ་ཀྲུང་བྱས་པ་གཏུགས་ཤིང་། ༀ་བཛྲ་ཨ་དྷི་ཏིཥྛ་ཛྙ་ན་ས་མ་ཡ་ཧཱུཾ་ཞེས་པས་བྱིན་གྱིས་བརླབ། སྔགས་དོན་ལ། ཨ་དྷི་ཏིཥྛ་ནི་བྱིན་གྱིས་རློབས་ཤིག །གང་གིས་ན་བཛྲ་ཛྙཱ་ན་སྟེ་རྡོ་རྗེ་ཡེ་ཤེས་ཀྱིས་སོ། །ཇི་ལྟར་ན་ས་མ་ཡ་སྟེ་དམ་ཚིག་ཅན་དུའོ་ཞེས་པའོ། །༈ གཉིས་པ་དངོས་གཞི་ལ་གཉིས། སྦྱང་བ་གསུམ་དང་། དེའི་ལྷག་མ་བཤད་པའོ། །དང་པོ་ལ་གསུམ། བགེགས་སྦྱང་བ། སྡིག་པ་སྦྱང་བ། མི་ཤིས་པ་སྦྱང་བའོ། །དང་པོ་ནི། འདིར་བགེག་སྦྱོང་བའི་རྒྱུ་མཚན་གང་ཡིན་ཞེ་ན། དེའི་ལན་དོགས་གཅོད་སྐོར་ཊཱིཀ་ཆེན་ལས་བཤད་པ་ལྟར་འདིར་བཀོད་ན་དེ་ཉིད་ལས། སྦྱོང་རྒྱུད་ཚེ་དཔག་མེད་ཀྱི་སྐབས་སུ། དེ་ནས་དེ་ཡི་སྡིག་བཅོམ་ལུས། །བགེགས་དང་བྲལ་ཏེ་ཅི་བདེ་བར། །མཐོ་རིས་འཇིག་རྟེན་མི་ཡི་ནང་། ཁམས་གསུམ་སོགས་ནི་ཅི་བདེར་སྤྱོད། །ཅེས་གསུངས་པས། སྡིག་པ་དྲལ་བའི་རྗེས་སུ་བགེག་དང་འབྲལ་དགོས་པར་བསྟན། དེ་ལ་མོ་མ་རྣམས་ན་རེ། ཚེ་ལས་འདས་པའི་བར་དོ་བ་དེ་བགེགས་ཀྱིས་བཟུང་ནས་ཡོད་ཅིང་། དེ་དང་མ་བྲལ་ན་ཚེ་ལས་འདས་པའི་ཆ་བྱད་དུ་དེའི་ཁོར་དུ་སྐྱེས་ནས་གཞན་ལ་གནོད་པ་ཡིན་ཟེར་བ་ནི་མི་བདེན་ཏེ། བར་དོ་བ་སྐྱེ་བ་ཕྱི་མ་སྐྱེས་འགྱུར་དེའི་གཟུགས་སུ་ཡོད་ཀྱི། སྐྱེ་བ་སྔ་མའི་གཟུགས་སུ་མེད་པའི་ཕྱིར་དང་། ཅིས་དེ་ཡི་དྭགས་སུ་སྐྱེས་ན་ཡང་ཡི་དྭགས་ཀྱི་གཟུགས་སུ་ཡོད་ཀྱི། སྐྱེ་བ་སྔོན་མའི་གཟུགས་སུ་མེད་པའི་ཕྱིར་རོ། །འོན་ཀྱང་དེ་ལྟར་སྣང་བ་ནི་གདོན་གྱི་རིགས་འགའ་ཞིག་ཚེ་ལས་འདས་པའི་ཆ་བྱད་བཟུང་སྟེ། དེའི་སྔོན་གྱི་རྒྱུ་མཚན་ཤེས་པར་བྱས་ནས་ཚེ་ལས་འདས་པའི་ཉེ་འབྲེལ་རྣམས་ཀྱི་རྨི་ལམ་དུ་འབྱུང་བ་དང་། གཞན་ལ་བབས་ནས་སྨྲ་བ་འབྱུང་བ་ཡོད་དེ། ངམ་ཏེར་ཀླུ་གོང་དང་གྲུབ་ཐོབ་ཉི་ཕུག་པའི་གཏམ་བརྒྱུད་བཞིན་ནོ། །དེ་སྐད་དུ་ཡང་ཚེ་འཕོས་པ་ཇི་ལྟར་འགྱུར་བ་བསྟན་པའི་མདོ་ལས། ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་ཚེ་འཕོས་པའི་ཚེ་ལས་དགེ་སྡིག་གང་སྤྱད་པ་བཞིན་མཐོ་རིས་དང་ངན་སོང་དག་ཏུ་སྐྱེ་བ་ལེན་ཏེ། རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་ཟེར་བ་ལྟར་མ་ལགས་སོ། །ཚེ་འཕོས་པ་འདིའི་ཆ་ལུགས་ལྟར་སྣང་བ་ནི་བར་སྣང་ཁམས་འདི་ན་དྲི་ཟའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་མཐར་ཐུག་པ་མེད་པ་ཡོད་དེ། དྲི་ཟ་འཆི་ཁ་མའི་སེམས་ལ་ཉེ་བར་འཇུག་ཅེས་བྱ་བའི་རིགས་ཡོད་དེ། དེས་དྲི་ཟའི་ཟས་བཙལ་བའི་ཕྱིར་ཚེ་འཕོས་པའི་ལུས་དང་གོས་དང་རྒྱན་དང་ཆ་ལུགས་ལྟ་བུ་དག་ཀྱང་སྤྲུལ་བར་བྱེད་དེ། ཚེ་འཕོས་པ་དེའི་ཆ་ལུགས་དང་གཏམ་བྱེད་ཅིང་སྤྲུལ་པ་སྟོན་པ་དག་ཀྱང་ཡོད་དོ། །རྒྱལ་པོ་ཆེན་པོ་འདི་ལས་གཞན་ཡང་ཡོད་དེ། དྲི་ཟ་ལས་མ་གཏོགས་པ་གཞན་ཡང་གནོད་སྦྱིན་དང་ཤ་ཟ་དང་འབྱུང་པོ་ལ་སོགས་པས་ཚེ་འཕོས་པའི་ཕའམ། བུའམ་སྤུན་ལ་སོགས་པ་བསླུ་བའི་ཕྱིར་མི་མ་ཡིན་པ་དེས་འཇིག་རྟེན་པའི་རྫུ་འཕྲུལ་གྱིས་ཚེ་འཕོས་པའི་གཏན་ཚིག་དང་། ས་མ ལ་དང་ལོ་རྒྱུས་དག་ཤེས་པར་བྱས་ནས་མི་མ་ཡིན་པ་དེའི་བྱིན་རླབས་ཀྱིས་ཕ་མ་ལ་སོགས་པ་མཐོང་བ་དང་། རྨི་ལམ་དུ་འབྱུང་བ་ཡང་ཡོད་དེ། ཀྱེ་རྒྱལ་པོ་ཆེན་པོ་འདི་ལས་གཞན་ཡང་ཡོད་དེ། ཕ་བུ་དང་སྤུན་ལ་སོགས་པ་ཡུན་རིང་པོར་ལྷན་ཅིག་པའི་བག་ཆགས་བརྟས་པས་མཐོང་བ་དང་རྨི་ལམ་དུ་སྣང་བ་ཡང་ཡོད་དེ། དཔེར་ན་མི་ཞིག་དེ་ལྟར་ཚེ་འཕོས་པའི་རང་གི་ཕ་མའམ། སྤུན་ཟླའམ། བྲན་ཁོལ་ལམ། སུ་ཡང་རུང་བ་དག་དང་འགྲོགས་པ་དང་། ལོངས་སྤྱོད་ཀྱི་བདེ་བའམ། དགྲ་རྐུན་དང་། འཐབ་རྩོད་ལ་སོགས་པའི་བདེ་བ་དང་སྡུག་བསྔལ་གང་ཡང་རུང་བ་དག་རྨིས་ན། མི་དེས་རྨིས་པ་བཞིན་དུ་གང་རྨིས་པའི་ཕ་མའམ། སྤུན་ཟླའམ། བྲལ་ཁོལ་ལམ། སུ་ཡང་རུང་བ་རྨི་ལམ་ན་སྣང་བ་དེས་ཚོར་བ་ཡོད་ན་ནི་རྨིས་པ་དེ་བདེན་པ་ཡིན་ན། དེས་རྨིས་པ་ལྟར་མེད་པས་བདེན་པར་ཇི་ལྟར་བཟུང་། ཀྱེ་རྒྱལ་པོ་ཆེན་པོ་ཚེ་མ་འཕོས་ཀྱང་གཅིག་གིས་རྨིས་པ་གཅིག་གིས་མི་ཚོར་ན་ཚེ་མ་འཕོས་པས་རྨོས་པ་དེ་ཚེ་འཕོས་པ་དེ་ཡིན་པ་ག་ལ་འགྱུར་ཏེ། དེ་བག་ཆགས་བརྟས་པ་ཡིན་ནོ་ཞེས་དང་། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ་དག་གིས་མཐོང་བ་དང་། ཕ་མ་ལ་སོགས་པ་རྨི་ལམ་དུ་རྨིས་ཏེ་ཚེ་འཕོས་པ་ལ་བསྡོས་པས། གཤིན་པོ་དེ་བཟའ་བཏུང་གིས་མགུའོ། །བཞོན་པ་ཞོན་ནོ། །གོས་གྱོན་ནོ། །རྒྱན་ཐོགས་སོ་ཞེས་སྨྲ་ཞིང་དེ་ལྟར་སྣང་བ་དེ་ཡང་བཟའ་བཏུང་གིས་མི་མགུའོ། །བཞོན་པ་མེད་དོ། །གོས་མི་གྱོན་ནོ། །རྒྱན་མི་འདོགས་སོ་ཞེས་སྨྲ་ཞིང་། དེ་ལྟར་སྣང་བ་དག་དྲི་ཟ་འཆི་ཁ་མའི་སེམས་ལ་ཉེ་བར་འཇུག་པ་དང་། མི་མ་ཡིན་པ་དག་གིས་དེ་ལྟར་སྣང་བ་དང་བྱེད་པ་ཡོད་དོ། །ཀྱེ་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སེམས་ཅན་འདི་དག་འདི་ནས་ཚེ་འཕོས་པ་ན་ཕ་མ འམ་སྤུན་ནམ་བུ་ལ་སོགས་པ་ལ་གཏམ་དུ་བྱས་པ་དང་། ཚིག་ཅི་སྨྲས་པ་དང་། གཟུགས་ཅི་འདྲ་བ་དང་། དེ་ཚེ་འཕོས་ནས་ཕྱིས་ཕ་མ་དང་སྤུན་ནམ་བུ་ལ་སོགས་པ་ལ་དེ་སྔོན་ཚེ་མ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་། གཟུགས་བྱད་སྟོན་ཏེ་དེ་ལྟ་བུ་མཐོང་བ་དང་སྟོན་པ་ཡོད་ཅེས་འཇིག་རྟེན་པ་དག་ཟེར་ན། དེ་ལགས་སམ་མ་ལགས་ཞེས་གསུངས་པ་ནི། ཀྱེེ་རྒྱལ་པོ་ཆེན་པོ་སྨྲ་བ་ནི་ལུས་ཡོད་པའི་ཁ་ལྕེ་ལ་བརྟེན་ནས་སྨྲ་བ་ལགས་ན། ཚེ་འཕོས་པའི་ལུས་ནི་འདིར་བཞག་ནས་སེམས་གཟུགས་མེད་པ་དེས་ཇི་ལྟར་སྨྲ། དེ་སྟེ་ཤི་བ་ལ་ལུས་ཡོད་དོ་ཞེས་ཟེར་ན་ནི་སྐྱེ་བ་བླངས་པ་ཡིན་ཏེ། དེ་ལ་ཕ་མ་དགོས་པས་གཤིན་གྱི་འཇིག་རྟེན་ན་ཡང་མེད་དོ། །ཀྱེ་རྒྱལ་པོ་ཆེན་པོ་དེ་ལྟ་བུའི་ཚེ་འཕོས་པའི་མཚན་མ་དང་དན་རྟགས་འཛིན་པ་དག་སྨྲ་བ་ནི། དྲི་ཟ་ཁྱབ་བྱེད་ཅེས་བྱ་བའི་རིགས་ཡོད་པས་བྱེད་དོ་ཞེས་དང་། འཆི་འཕོ་བ་ཐམས་ཅད་ཀྱི་སེམས་ལ་ཁྱབ་པར་བྱེད་པའི་རིགས་དྲི་ཟ་བི་ཙ་ན་ཞེས་བྱ་བ་དང་། གནོད་སྦྱིན་སྨྲ་འདོད་ཀྱི་རིགས་དང་། འབྱུང་པོ་ཝ་ར་ཧིན་ཏ་ཀུན་ཏུ་གཏོགས་འདོད་ཅེས་བྱ་བ་དག་གིས་བསྒྲུབས་ནས་མི་མ་ཡིན་པ་དེ་དག་གིས་ཤི་བ་དེས་སྔོན་ཇི་ལྟར་གཏམ་བྱས་པ་དང་། ཆ་ལུགས་ཀྱི་དན་རྟགས་དང་། འཇིག་རྟེན་པ་དག་བསླུ་བའི་ཕྱིར་སྨྲ་བ་དག་ཡིན་ནོ། །ཞེས་སོགས་མང་དུ་གསུངས་ཏེ། དེ་ལྟ་བུའི་བགེགས་འདི་ཕྱི་གཉིས་ཀ་ལ་གནོད་པ་རྣམས་སྦྱོང་པའོ། །འཆི་འཕོ་ཇི་ལྟར་གྱུར་པའི་མདོ་ནི་སྟོན་པའི་ཡབ་རྒྱལ་པོ་ཟས་གཙང་གིས་སྟོན་པ་ལ་ཞུས་པ་ཡིན་ཏེ། དེའི་དུས་སུ་རྒྱལ་པོའི་བློན་པོ་ཀུན་ལ་གཅེས་པ་ཤཱཀྱ་དགའ་སྐྱེས་ཞེས་བྱ་བ་ཤི་བའི་ཚེ། ཉེ་འབྲེལ་རྣམས་ཀྱིས་རིན་པོ་ཆེ་དང་ཟས་གོས་སྣ་ཚོགས་བསགས་ཏེ་དགའ་སྐྱེས་མཆོད་དོ་གསོལ་ལོ་ཞེས་བརྗོད་ཅིང་བསྔོ་བ་རྒྱལ་པོས་གཟིགས་ནས། དེ་ལྟར་ཟས་གོས་སོགས་གཤིན་པོའི་ཆེད་དུ་བསྔོས་པ་ལྟར་གཤིན་པོས་ལོངས་སྤྱོད་དམ་མི་སྤྱོད་ཅེས་སྟོན་པ་ལ་ཞུས་ཤིང་། ཤི་ཟིན་ནས་ལོར་སོང་ཡང་གཤིན་པོའི་གཟུགས་རྨི་ལམ་དང་དངོས་སུ་ཡང་མཐོང་ཞེས་འཇིག་རྟེན་པ་རྣམས་ཟེར་བ་ལྟར་བདེན་ནམ་མི་བདེན་ཞེས་ཞུས་པའི་ལན་དུ་གོང་དུ་དྲངས་པའི་མདོ་ཚན་རྣམས་གསུངས་སོ། །དེ་དག་ནི་གཞུང་འདིའི་གཤིན་པོའི་ལོ་རྒྱུས་གོང་དུ་གསུངས་པའི་ཕྱོགས་གཅིག་ཙམ་དྲངས་པ་ཡིན་ཞིང་། དེར་མ་ཟད། དེ་ལས་རྒྱལ་པོས་ཞུས་པའི་ལན་དུ་སྐྱེ་བ་ཕྱི་མ་ཡོད་པའི་དཔེ་བརྒྱད་ཀྱང་བཤད་དོ། །གཞན་ཡབ་སྲས་མཇལ་བའི་མདོ་ན་ཡབ་རྒྱལ་པོས་ཞུས་པའི་ལན་དུ་སྐྱེ་འཆི་ཇི་ལྟར་བྱེད་པ་དང་། ལས་ཀྱི་འབྲས་བུ་བསྐྱེད་ཚུལ་རྣམས་དཔེ་དོན་དུ་མ་དང་སྦྱར་ནས་བཤད་ལ། ཤི་ནས་སྐྱེ་བ་ལེན་ཚུལ་མདོ་སྔགས་ཀྱི་གཞུང་དུ་མ་ལས་གསུངས་ཀྱང་། ཁྱད་པར་དུ་བཟང་སྐྱོང་གིས་ཞུས་པའི་མདོ་ལས་དཔེ་དང་གཏན་ཚིགས་དུ་མའི་སྒོ་ནས་བཤད་དེ་འཕགས་པ་ཡབ་སྲས་ཀྱིས་ཀྱང་ཚད་མར་འཛིན་པས། རིགས་པའི་སྒོ་ནས་དབུ་མའི་ལུགས་ཀྱི་སྐྱེ་བ་ཕྱི་མ་དང་ལས་འབྲས་ཡོད་ཚུལ་ལེགས་པར་ཤེས་པ་ལ་དེ་ལྟར་ཤེས་དགོས་སོ། །བགེགས་སྦྱོང་བ་ལ་གྲུབ་ན་སདྷཱུ་པུ་ཏྲས་དྲག་པོའི་སྦྱིན་སྲེག་བཤད་ཀྱང་དེ་འགྲུབ་དཀའ་བས་བགེགས་གཏོར་བྱ་དགོས་ཤིང་། དེ་ལ་རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་དུ་བསྒྱུར་ནས། ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་སོགས་སྤྱན་འདྲེན་གྱི་སྔགས་བརྗོད་ཅིང་། དོན་ནི། རྡོ་རྗེ་ཁྲོ་རྒྱལ་ཆེན་པོ་འཁོར་དང་བཅས་པ་རྡོ་རྗེའི་དམ་ཚིག་གིས་སྤྱན་དྲངས་ཧཱུཾ་ཞེས་པའོ། ཁྲོ་བོ་སྤྱན་འདྲེན་དང་བསྟོད་པ་འདི་རྣམས་ནི་རྒྱ་བོད་ཀྱི་གཞུང་དུ་མ་ནས་འབྱུང་བས་དོན་བསྡུས་ནས་བཤད་པར་བྱ་སྟེ། ཁྲོ་བོ་དེ་རྣམས་ཀྱི་སྐུའི་འོད་ནི་ཡེ་ཤེས་ངོ་བོ་ཡིན་ལ་དེ་ནི་བསྐལ་བའི་མེ་འབར་བ་ལྟར་འབར་ཞིང་། དེའི་འོད་ཀྱིས་མ་རིག་པ་དང་འདོད་པའི་ཆགས་སོགས་མུན་པ་དང་འདྲ་བ་ཐམས་ཅད་སྲེག་པར་བྱེད་དོ། །འདིར་བསྐལ་བ་མེ་ལྟར་ཞེས་འབྱུང་ཡང་དོན་ནི་བསྐལ་བ་འཇིག་པའི་དུས་ཀྱི་མེ་དང་སྦྱར་བའོ། །ཞེ་སྡང་ངམ་དེ་འདྲ་བའི་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས་པར་བྱེད་ཅིང་། སྐུ་སྨད་དཔའ་བོ་ཆེན་པོར་མཚོན་བྱེད་ཀྱི་སྟག་གི་པགས་པའི་ཤ མ་ཐབས་ཅན་དང་། བགེགས་ལོག་འདྲེན་ཐམས་ཅད་དང་སྲིན་པོའི་མཐའ་སྟེ་ཚོགས་གནོན་ཅིང་། ཕ་རོལ་གྱི་དགྲ་རྣམས་འདུལ་བར་བྱེད་པའི་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་བཅུ་ལ་སོགས་པ་བཞུགས་སོ་སྟེ་བཞུགས་ཚད་ཐམས་ཅད་ལོག་འདྲེན་བགེགས་སོགས་འདུལ་བའི་སླད་དུ་སྤྱན་འདྲེན་ན། འགྲོ་བའི་དོན་དུ་ཁྱེད་རྣམས་མཆོད་པར་བྱེད་ཀྱིས་འདིར་གཤེགས་སུ་གསོལ། ཞེས་ཁྲོ་བོ་དཔག་ཏུ་མེད་པ་སྤྱན་དྲངས་པས་བྱོན་པར་བསམ། ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པཱ་རི་ཝ་ར་ནི་སྔར་བཞིན། ཨེ་ཧྱི་ཧི་ནི་ཚུར་བྱོན་ཚུར་བྱོན། པྲ་ཝ་ར་སད་ཀ་རཾ་ནི་རབ་མཆོག་ཏུ་བསྙེན་བཀུར་བ། ཨརྒྷཾ་པྲ་ཏཱི ཙྪ་སྭཱ ཧཱ་ནི་མཆོད་ཡོན་སོ་སོར་བཞེས་གཞི་ཚུགས་ཞེས་སོ། །ཀ་མ་ལ་ཡེ་སྟྭཾ་ནི་པདྨ་ལ་ཁྱོད་ཅེས་གདན་དབུལ། དེ་ནས་ཆུ་གཉིས་པུཥྤེ་སོགས་ཉེར་སྤྱོད་རོལ་མོ་དང་བཅས་པ་ཕུལ་ནས། །༈ ཧཱུཾཿ ཆོས་ཉིད་སྟོང་པ་ཞེས་སོགས་ཀྱིས་བསྟོད་དེ། །དོན་ནི་མཚོན་ཙམ་ལ༑ ཆོས་ཉིད་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས་གཟུགས་སྐུ་འཇིག་རྟེན་རྗེས་སུ་འཛིན་པའི་སྤྱོད་པའི་ཚུལ་སྟོན་པ་ཡང་མི་སྤོང་ཞིང་། གདུལ་བྱ་ཞི་དྲག་གི་ཐབས་དུ་མས་འདུལ་དགོས་པས། དྲག་པོས་འདུལ་བའི་ཆེད་དུ་ཐབས་ལ་མཁས་པས་ཁྲོ་བོ་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ་ཁྲོ་ཆེན་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་འཕྲོ་བའི་ཚོགས་ལ་ཕྱག་འཚལ་ལོ། །ཐུགས་རྒྱུད་ཡེ་ཤེས་ཁྲོ་བ་མེད་པ་ཞི་བའི་ངང་ལས་མ་གཡོས་ཀྱང་། སྐུའི་ཆ་ལུགས་ནི་ཞལ་གདངས་ཤིང་མཆེ་བ་གཙིགས་པ་ལ་སོགས་ཟ་བྱེད་རྔམ་པའི་སྟབས་ཅན་ལ། གསུང་གི་ང་རོ་ཧཱུཾ་དང་ཕཊ་སྒྲ་དྲག་པོ་འབྲུག་སྟོང་གི་སྒྲ་ལྟ་བུ་ལྡིར་བའི་སྒྲས། སྲིད་གསུམ་མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ཤེས་བྱ་ཐམས་ཅད་གཟིགས་པའི་ཚུལ་གྱིས་ལྷག་པའི་ཡེ་ཤེས་ཀྱི་རོལ་པ་སྤྲུལ་བསྒྱུར་སྣ་ཚོགས་སྟོན་པར་མཛད་ཅིང་། གདུག་པ་ཅན་རྣམས་ལ་བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་དུག་ཆེན་སྤྲུལ་ལྟ་བུའི་ཀླུ་རྣམས་རྩད་ནས་འཇོམས་པར་མཛད་པ་མཚོན་ཕྱིར། སྤྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །འདིར་ཉོན་མོངས་པ་རྣམས་དུག་ཆེན་དང་སྦྱར་ཡང་རུང་ངོ་། །བསྐལ་བ་འཇིག་པའི་དུས་ཀྱི་མེ་འབར་བ་ལྟ་བུའི་ཀློང་སྟེ་དབུས་དཀྱིལ་ན་ནི་དཔའ་བོའི་སྟང་སྟབས་ཏེ་འདུག་སྟངས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་ཤིང་། ཉི་མ་དང་ཟླ་བའི་འོད་འབར་བ་ལྟ་བུ་སྤྱན་གྱི་སྡང་མིག་གིས་ལྟ་བའི་འོད་ཀྱིས་བགེགས་ཀྱི་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །ཐུང་ཞིང་སྦོམ་ལ་ཁྲོས་པ་ལྟ་བུའི་གཏུམ་ཆེན་གྱི་སྐུ་ལ་དུས་ཀྱི་བསྐལ་བའི་མཐའི་མེ་ལྟར་གཟི་བརྗིད་འབར་ཞིང་། སྤྱན་གློོག་སྟོང་འགྱུ་བ་དང་འདྲ་བའི་ཞལ་ཁྲོ་གཉེར་དཔྲལ་བར་བསྡུས་ཤིང་མཆེ་བ་རྣོན་པོ་བཞི་གཙིགས་ཏེ་ཞལ་ནས་རྔམ་པའི་ང་རོ་འབྲུག་སྒྲ་སྟོང་དུས་གཅིག་ཏུ་སྒྲོགས་པ་བཞིན་སྒྲོགས་པ་ཁྲོ་རྒྱལ་བགེགས་ཚོགས་འདུལ་བ་ལ་ཕྱག་འཚལ་བསྟོད། དེ་ནི་བསྟོད་པ་རྒྱས་པ་ཡིན་ལ། བསྡུ་ན། ཧཱུཾཿ ཞལ་ནས་འཇིགས་པའི་སྒྲ་ཧཱུཾ་ཧཱུཾ་ཞེས་པའི་ཧཱུཾ་གི་སྒྲ་ཆེན་པོ་ངེས་པར་སྒྲོགས་ཤིང་། སྟོབས་དང་ནུས་པས་བགེགས་རྣམས་མ་ལུས་པ་འཇོམས་པར་མཛད་ཅིང་། ཐུགས་རྗེས་སྒྲུབ་པ་པོ་ལ་དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ་བགེགས་ཀྱི་དགྲ་ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། ཅེས་བརྗོད་ནས་གཏོར་མ་གསུམ་དང་ཏིང་ལོ་འཆང་བུ་བཅས་བཤམས་པའི་གཏོར་མ་གཞུང་ལྟར་བསངས་སྦྱངས་བསྐྱེད་དེ་བྱིན་གྱིས་བརླབས་པའི་སྔགས་ནི། ༀ་ཨ་ཀཱ་རོ་སོགས་ཏེ། ཨ་ཞེས་བྱ་བ་ནི་མི་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་སྟེ། ཨ་ཀཱ་རོ་ནི་ཨ་ཞེས་བྱ་བ། མུ་ཁཾ་ནི་སྒོའོ། །སརྦ་དྷརྨཿཎཾ་ནི་ཆོས་ཐམས་ཅད་ཀྱི། ཨཱ་དྱ་ནུཏྤནྣ་ཏྭ་ཏ་ནི་མ་སྐྱེས་པའི་ཕྱིར་ཞེས་པ་དང་། ༀ་ཨཱཿཧཱུཾ་ནི་སྐུ་གསུང་ཐུགས་ཀྱི་ས་བོན་ནོ། །བསྔོ་བའི་སྔགས་ནི། ༀ་སརྦ་བིགྷྣཾ་ཞེས་སོགས་ལན་གསུམ་བརྗོད་ཅིང་གཏོར་མ་གསུམ་གཡས་སུ་བསྐོར་བ་ལན་གསུམ་བྱ། སྔགས་དོན་ལ། ༀ་སརྦ་བིགྷྣཾ་ནི་བགེགས་ཐམས་ཅད། ན་མཿསརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བི་ཤྭ་ནི་སྣ་ཚོགས། མུ་ཁེ་བྷྱཿནི་སྒོ་ནས། སརྦ་ཐཱ་ནི་རྣམ་པ་ཐམས་ཅད་དུ། ཁཾ་ཨུཏྒ་ཏེ་ནི་ནམ་མཁའ་འཕགས་ཤིང་། སྥ་ར་ཎ་ནི་ཁྱབ་པའམ་འཕྲོ་བ། ཨི་མཾ་ནི་འདི། ག་ག་ན་ནི་ནམ་མཁའ། ཁཾ་ནི་དབྱིངས་སུ། གྲྀཧྞ་དཾ་ནི་ཟུངས་ཤིག །བ་ལིཾ་ཏེ་ནི་གཏོར་མ་འདིའོ། །ཕྱོགས་གཅིག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྒོ་སྣ་ཚོགས་ནས་ཕྱག་འཚལ་ལོ། །རྣམ་པ་ཐམས་ཅད་དུ་ནམ་མཁར་འཕགས་ཤིང་ཁྱབ་པའི་གཏོར་མ་འདི་ནམ་མཁའི་དབྱིངས་སུ་ཟུངས་ཤིག་ཅེས་དང་། སྭཱཧཱ་ནི་གཞི་ཚུགས་ཞེས་པའོ། །གཏོར་མ་བསྔོ་བ་ནི་ཞི་བས་སྦྱང་བའོ། །དེ་ནས་ཏིང་ལོ་ཆང་བུ་བཅས་གཡོན་དུ་བསྐོར་བ་ལན་གསུམ་དང་། སྔགས་ནི། ༀ་སུམྦྷ་ནི་ཞེས་སོགས་ལན་གསུམ་བརྗོད། སུམྦྷ་ནི་འདུལ་བ། ནི་སུམྦྷ་ནི་ངེས་པར་འདུལ་བ། གྲྀཧྞ་གྲྀཧྞཱ་ནི་ཟུགས་ཟུངས། གྲྀཧྞ་པཱ་ཡ་གཉིས་ནི་འཛིན་དུ་ཆུག་གཉིས། ཨ་ན་ཡ་ཧོཿནི་ཁུག་ཅིག་ཀྱེ། བྷ་ག་ཝཱ་ན་ནི་བཅོམ་ལྡན་འདས་ཏེ། ཧཱུཾ་རྣམས་དང་ཕཊ་ནི་དོན་དེར་བསྐུལ་བའོ། །འདི་ནི་ཞི་དྲག་བྱེད་མས་སྦྱང་བའོ། །དེ་ནས་བཀའ་བསྒོ་བ་ནི། ཧཱུཾ་དཀྱིལ་འཁོར་ཆེན་པོའི་ས་གཞི་སོགས་ཏེ། དོན་ལ་འདིར་དཀྱིལ་འཁོར་ཆེན་པོ་ཞེས་པ་ལྷའི་དཀྱིལ་འཁོར་ལ་བྱེད་པ་མིན་གྱི། སའི་དཀྱིལ་འཁོར་ཆེན་པོ་ལ་གནས་པའི་དོན་ཡིན་པར་སྣང་བས། ཁྲོ་བོ་ཆེན་པོ་དང་སྡིག་སྦྱོང་ཆེན་པོའི་ས་གཞི་ཞེས་སོགས་སུ་བསྒྱུར་མི་དགོས་ལ། ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག་ཅེས་པའི་ལྷ་ནི་ལྷ་ཆེན་དབང་ཕྱུག་ཆེན་པོ་ཉིད་ལ་བྱེད་དགོས་པ་སྔོན་བྱུང་གི་ལོ་རྒྱུས་ཀྱིས་ཤེས། ད་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་སྒོམ། །ཞེས་པ་འདི་གཞན་དུ་བསྒྱུར་ཆོག་སྟེ་དེ་ཡང་དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་དེ་བཞིན་དང་། གཞན་རབ་གནས་དང་སྦྱིན་སྲེག་ལྟ་བུ་ལ་རབ་གནས་ཆོ་ག་དང་སྦྱིན་སྲེག་ཆོ་ག་བྱ་ཞེས་དང་། གཞན་སྦྱིན་བདག་བར་ཆད་སེལ་ཞེས་དང་། ཚེ་འདས་སྡིག་སྒྲིབ་སྤྱོང་ཞེས་པ་ལྟ་བུ་སྐབས་སུ་བབས་པ་གང་ཡིན་པ་དེར་བསྒྱུར་རུང་ངོ་། །དེའི་ཕྱིར་གདོན་ཁྱེད་རྣམས་གནས་འདི་ནས་ཕྱོགས་གཞན་དུ་འགྲོ་བར་གྱིས་ཤིག །གལ་ཏེ་ང་ཡི་བཀའ་ལས་འདའ་ཞིང་མི་འགྲོ་ན། ཁྲོ་བོ་ཡེ་ཤེས་ཅན་གྱི་རྡོ་རྗེ་མེ་རབ་ཏུ་འབར་བ་ཡིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་ཞིང་། གནོད་པར་སེམས་པའི་བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ་བ་སྟེ་ཐེ་ཚོམ་མེད་དོ། །དེ་ནས་སྔར་བཞིན་སངས་རྒྱས་ཀྱི་བདེན་པ་ཞེས་སོགས་དང་། ཁྱད་པར་དུ་ཚེ་འདས་ཆེ་གེ་མོ་འདི་ཞེས་བགྱི་བ་ལ། གསོན་པོའི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང་། ཚེ་འཕོས་ནས་གང་དུ་གནས་པའི་ལུས་སྲོག་དང་མཐོ་རིས་དང་ཐར་བ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་དང་། གོང་དུ་བཤད་པ་ལྟར་ཚེ་ལས་འདས་པའི་ཆ་བྱད་བཟུང་ནས་དེའི་ཉེ་འབྲེལ་དང་། འཇིག་རྟེན་པ་གཞན་རྣམས་བསླུ་ཞིང་གནོད་པར་བྱེད་པའི་གནོད་སྦྱིན་དང་ཤ་ཟ་དང་འབྱུང་པོ་ལ་སོགས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོང་ལ་ཕན་པར་འདོད་པ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོང་ཤིག །གལ་ཏེ་མི་འགྲོ་ན་ནི་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་ལུས་སྲེག་པར་བྱེད་ཅིང་རྣམ་པར་འཇོམས་ཤིང་བརླག་པར་འགྱུར་བར་གདོན་མི་ཟའོ་ཞེས་བརྗོད་ཅིང་། སུམྦྷ་ནིའི་སྔགས་བརྗོད་པ་དང་། གུ་གུལ་གྱིས་བདུག །ཡུང་ད ཀར་གྱིས་བྲབ་ཅིང་། རོལ་མོའི་སྒྲ་དྲག་ཏུ་བྱ་བ་ནི་དྲག་པོས་སྦྱང་བའོ། །དེའི་དང་པོ་གཏོར་མ་སྦྱིན་པ་ནི་རྫས་དང་ཏིང་ངེ་འཛིན་དང་སྔགས་གསུམ་ཞི་བ་ཡིན་ལ། གཉིས་པ་ཏིང་ལོ་བསྐོར་བ་ནི་རྫས་ཞི་བ། སྔགས་དྲག་པོ། ཏིང་ངེ་འཛིན་ཞི་དྲག་ཕྱེད་མ་ཡིན་ཞིང་། གསུམ་པ་ལ་རྫས་སྔགས་ཏིང་ངེ་འཛིན་གསུམ་ཀའང་དྲག་པོའོ། ཁྲོ་བོ་སྤྱན་དྲངས་ནས་དབང་བོར་གསོལ་བ་དང་བཀའ་བསྒོ་བ་སོགས་ཀྱང་ཞི་དྲག་འདྲེས་མའོ། །གཏིང་ངེ་འཛིན་ཞེས་པ་ནི་ཀུན་སློང་དང་དམིགས་པ་གཏོད་ཚུལ་གྱི་ཁྱད་པར་ཡིན་ཞིང་། གསུམ་པའི་རྫས་དྲག་པོ་ནི་ཡུངས་ཀར་ལྟ་བུ་ལ་བྱའོ། །བགེག་སྦྱོང་བའི་ཚུལ་སྦྱོང་རྒྱུད་ལས། དེ་ནས་གདོན་རྣམས་གཞོམ་པའི་ཕྱིར། །མངོན་སྤྱོད་ཀྱང་ནི་བརྩམས་བྱས་ཏེ། །ཞེས་དང་། དེ་ཡིས་ལུས་ཅན་སྡིག་སོགས་དང་། འགེགས་རྣམས་གཞོམ་པར་བྱ་བའི་ཕྱིར། །གོས་ནག་བགོས་ཤིང་ཁྲོས་ནས་ཀྱང་། འཇིག་རྟེན་གསུམ་རྒྱལ་བདག་ཉིད་བསྒྱུར། །ཞེས་གསུངས་པ་ལྟར་རོ། །ཕྱག་རྡོར་དྲག་པོ་ལ་འཇིག་རྟེན་གསུམ་རྒྱལ་ཞེས་བརྗོད་པ་ནི། སྔོན་འཇིག་རྟེན་གསུམ་གྱི་བདག་པོ་དབང་ཕྱུག་དྲག་པོ་འཁོར་བཅས་ཁོང་གིས་བཏུལ་བས་ན་མིང་དེ་སྐད་ཅེས་བྱ་སྟེ། སྔོན་གྱི་ལོ་རྒྱུས་ལས་ཤེས་སོ། །༈ གཉིས་པ་སྡིག་པ་སྦྱོང་བ་ལ་གསུམ། སྦྱིན་སྲེག་གིས་སྦྱོང་བ། བྲབ་སྔགས་ཀྱིས་སྦྱོང་བ། ཁྲུས་ཀྱིས་སྦྱོང་བའོ། །དང་པོ་ནི། སྦྱོང་རྒྱུད་ལས་དེ་ཡི་མིང་ནས་སྨོས་ནས་ཀྱང་། སྔགས་པས་འབུལ་ཕྲག་བརྒྱ་འམ་ནི། །ཡང་ན་བརྒྱ་ཕྲག་སྟོང་དག་ཏུ། །སྦྱིན་སྲེག་བྱས་པར་གྱུར་ན་ནི། །དམྱལ་བ་ཆེན་པོར་གྱུར་པ་ཡི། །སྡིག་པ་དེ་ལས་ཐར་བར་འགྱུར། །ཞེས་གསུངས་པ་ལྟར་ཞི་བའི་སྦྱིན་སྲེག་ཚེ་འདས་དེའི་མིན་ནས་སྨོས་པའི་སྤེལ་ཚིག་དང་བཅས་གྲངས་དེ་ལྟ་བུ་བྱེད་པ་དང་། དབང་བསྐུར་ན་ལྷར་སྐྱེ་བར་གསུངས་སོ། །ད་ལྟར་མ་གྲུབ་ན་རྡོ་རྗེ་ཁྲོ་བོའི་རྒྱུད་ལས། བསྒྲུབ་བྱའི་རྐང་པ་དག་ལ་ནི། །གཞུ་ཡི་རྣམ་འདྲའི་དཀྱིལ་འཁོར་ཏེ། །ལྟེ་བར་ཡེ་ཤེས་ཡང་དག་དབང་། །དེ་ཡིས་སྙིང་ཁར་འབར་བ་ཡིས། །འོད་ཟེར་འབར་བ་ཀུན་ཏུ་འཁྲིགས། །བཾ་གྱུར་སྡིག་པ་མི་བཟད་པ། །སྣ་ཡི་སྒོ་ནས་ཕྱུང་ནས་ནི། །དེ་ལས་ཁྲོ་བོའི་གཟུགས་བསྒོམས་ཏེ། །ཀུན་ཏུ་ཟོས་པར་བསྒོམ་པར་བྱ། །ཞེས་དང་དེ་ཉིད་བསྡུས་པ་ལས། ཡམ་ཤིང་དམར་པོ་རྣམས་ཀྱི་མེ། །རབ་སྦར་རྡོ་རྗེ་ཁྲོ་བོ་ཡིས། །མཉམ་པར་གཞག་པས་སྙོམས་ཞུགས་ལ། །ཏིལ་བསྲེག་པས་ནི་སྡིག་བསྲེག་ཅིང་། །ཞེས་གསུངས་པ་ལྟར། སྦྱིན་སྲེག་བྱ་བའི་མེ་མདག་སོགས་སྟ་གོན་བྱས་ལ། བསངས་སྦྱངས་ཏེ་བསྐྱེད་ཚུལ་ལྷོ་སྒོའི་ཆོ་ག་ལས། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བའི་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ཞལ་གདངས་པར་སྐད་ཅིག་གིས་བསྐྱེད་ལ་ཞེས་འབྱུང་སྟེ་བསྡུས་པའི་ལུགས་ཡིན་ལ། འདིར་ཡེ་ཤེས་པ་དགུག་གཞུག་སོགས་མ་བྱུང་ཡང་ཕྱག་ལེན་ལ་མཛད་དེ་ལེགས། ཅུང་ཟད་རྒྱས་པ་ན ི་ཊཱིཀ་ཆེན་ལས། ཧཱུཾ་ལས་ཞི་བའི་ཐབ་ཁུང་དཀར་པོ་ཟླུམ་པོ་ཁ་ཁྱེར་ལ་རྡོ་རྗེའི་འཕྲེེང་བས་བསྐོར་བའི་ནང་དུ་ཛྭ་ལ་རཾ་ཞེས་ཡེ་ཤེས་ཀྱི་མེ་སྦར་བའི་དབུས་སུ། བཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་མཁའ་འགྲོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཐུགས་ཁར་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ། ཞབས་གཡོན་བརྐྱང་བ། ཞལ་གདངས་པར་བསྐྱེད་པའི་གནས་གསུམ་དུ་ༀ་ཨཱཿཧཱུཾ་གསུམ་བཀོད་དེ་བྱིན་གྱིས་བརླབ། ཡེ་ཤེས་པ་དགུག་གཞུག་སོགས་བྱས་ནས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། དེ་ནས་ཚེ་འདས་ཀྱི་རྐང་བ་གཉིས་སུ་རླུང་གི་དཀྱིལ་འཁོར། ལྟེ་བར་ཡེ་ཤེས་ཀྱི་མེ་འབར། སྙིང་ཁར་སྡིག་པའི་ས་བོན་པཾ་ནག་པོ་དེ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས་པར་བསམས་ལ། ལྟེ་བའི་ཡེ་ཤེས་ཀྱི་མེ་འབར་བའི་འོད་ཟེར་གྱིས་སྙིང་ཁའི་བཾ་དེད་ནས་སྣ་སྒོ་ནས་ཐོན་ཏེ་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་ལག་པའི་མཐིལ་ལམ། སྣོད་དུ་ཏིལ་ནག་པོ་ལ་སྡིག་པའི་གཟུགས་བྱས་པ་ལ་ཐིམ་པར་བསམས་ཏེ། མཛུབ་མོ་དང་མཐེ་བོའི་དབུས་སུ་ཧཱུཾ་བསམས་ལ་ཏེ་དེས་བཅད་ནས་ཁྲོ་བོའི་ཞལ་དུ་ཕུལ་བར་བསམ་ཞིང་། ༀ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་སྭཱཧཱ། ཞེས་བཟླས་ཤིང་ཏིལ་བསྲེགས་པས་སྡིག་པ་དག་པར་བསམས་ལ། ཁྲོ་བོ་ལ་མཆོད་བསྟོད་བྱས་ཏེ་གཤེགས་སུ་གསོལ་ལོ། །སྔགས་དོན་ནི། བཛྲ་ཌཱ ཀ་ནི་རྡོ་རྗེ་མཁའ་འགྲོ །ཁ་ཁ་ནི་ཟོ་ཟོ། ཁཱ་ཧི་ཁཱ་ཧི་ནི་ཟོ་ཞིག་ཟོ་ཞིག །སརྦ་པཱ་པཾ་ནི་སྡིག་པ་ཐམས་ཅད། ད་ཧ་ན་ནི་སྲེགས། བྷསྨིན་ཀུ་རུ་ནི་ཐལ་བར་མཛོད་ཅིག་ཅེས་པའོ། །ཞེས་གསུངས་པ་ལྟར་རོ། །དེའི་ཚེ་མེ་དང་མེ་ལྷ་གཉིས་ཡེ་ཤེས་ཀྱི་ངོ་བོར་མོས་ཤིང་། སྡིག་སྒྲིབ་རྣམས་སྡིག་པ་རྭ་ཅན་གྱི་རྣམ་པར་མོས་ནས་བསྲེག་པའི་རྟེན་འབྲེལ་གྱིས་སྦྱོང་བར་འགྱུར་བ་ཡིན་གྱི། སྡིག་སྒྲིབ་རྣམས་གཟུགས་ཅན་མིན་ཅིང་། མེ་ཐ་མལ་བས་ནི་དངོས་སུ་བསྲེག་མི་ནུས་སོ། །༈ གཉིས་པ་བྲབ་སྔགས་ཀྱི་སྒོ་ནས་སྦྱོང་བ་ནི། སྦྱོང་རྒྱུད་ལས། ཐལ་བ་ཡུངས་ཀར་བྱེ་མ་སོགས། །རང་གི་མིང་སྨོས་སྔགས་བཏབ་པས། །བཟླས་པ་བྱས་ཏེ་སོང་ནས་ཀྱང་། །རྒྱ་མཚོའི་འབབ་པའི་ཀླུང་དོར་ན། །དེ་ལྟར་ཡང་ནི་སྡིག་ཅན་ཡང་། །ངན་སོང་ལས་ནི་ཐར་འགྱུར་ན། །འཇིག་རྟེན་བསོད་ནམས་ལྡན་ཅི་སྨོས། །ཞེས་དང་། གཙུག་དགུ་ལས་ཀྱང་། དེ་ནས་ཕྱིར་བཟློག་བྱ་བ་ནི། ཡུངས་ཀར་གྱིས་ནི་བྱ་བ་སྟེ། །ཡུངས་དཀར་མེ་ཏོག་དང་ལྡན་པས། །གསང་སྔགས་བཟླས་ཤིང་བརྡེག་པར་བྱ། །དེ་ལ་བརྡེག་པའི་སྔགས་ནི་འདི་ཡིན་ཏེ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ཅེས་པ་ནས། སྔགས་འདིས་ཡང་དག་བརྡེགས་ན་ནི། །ངན་སོང་ཐམས་ཅད་འཇིག་པར་བྱེད། །ཅེས་གསུངས་པས། བྱེ་མའམ་ཡུངས་ཀར་སོགས་ལ་ཀཾ་ཀ་ནི་དང་། གཙུག་ཏོར་རྣམ་རྒྱལ་དང་། གཙུག་ཏོར་དྲི་མེད་དང་། པདྨ་ཨུཥྞི་ཥའི་གཟུངས་རྣམས་ལན་ཉེར་གཅིག་ལ་སོགས་པ་དང་། རྩ་རིག་དང་ལྷ་རྣམས་ཀྱི་སྔགས་ཀྱི་མཐར་མིང་སྤེལ་དང་བཅས་པ་མང་དུ་བཟླས་ལ། བྲབ་སྔགས་བཅྭོ་ལྔ་བརྗོད་ཅིང་ཡུངས་ཀར་སོགས་ཀྱིས་རུས་པ་ལ་སོགས་པའི་རྟེན་ལ་བྲབ་པར་བྱའོ། །ཀཾ་ཀ་ནིའི་ཕན་ཡོན་ནི། དེའི་ཆོ་ག་ལས། སའམ། ཏིལ་ལམ། ཡུངས་ཀར་རམ། ཆུ་གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ་རུས་པའམ་ཤི་བའི་ལུས་ལ་གཏོར་རམ་ཁྲུས་བྱས་ནས། དེའི་འོག་ཏུ་སྲེག་པའམ་འཆད་པའི་ནང་དུ་བཅུག་སྟེ་བཞག་ལ། རིག་སྔགས་ཀྱང་བྲིས་ཏེ་མགོ་ལ་བཏགས་ན་དེ་ངན་སོང་དུ་སྐྱེས་ན་ཡང་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པས། སྔགས་དོན་ལ། ཀཾ་ཀ་ནི་ཀཾ་ཀ་ནི་སྡིག་པ་རྣམས་སྡིག་པ་རྣམས། རོ་ཙ་ནི་རོ་ཙ་ནི་སྲེགས་པར་གྱིས་གཉིས་སམ་འགག་པར་གྱིས་གཉིས། ཏྲོ་ཊ་ནི་ཏྲོ་ཊ་ནི་ཆོད་ཅིག་ཆོད་ཅིག་གམ་ཆད་པར་གྱིས་གཉིས། ཏྲཱ་ས་ནི་ཏྲཱ་ས་ནི་སྐྲག་པར་གྱིས་སྐྲག་པར་གྱིས། པྲ་ཏི་ཧ་ན་པྲ་ཏི་ཧ་ན་ནི་སོ་སོར་བསྣུན་གཉིས་སམ་སོ་སོར་ཆོམས་གཉིས། སརྦ་ཀརྨཱཿབ་རཾ་པཱ་ར་ཎི་མེ་ནི་བདག་གི་ལས་གཅིག་ནས་གཅིག་ཏུ་བརྒྱུད་པའམ་ལས་ཐམས་ཅད་ཕ་རོལ་ནས་ཕ་རོལ་ཏུ་གྱིས། སརྦ་ས ཏྭ་ནཱཉྩ་སྭཱཧཱ་ནི་སེམས་ཅན་ཐམས་ཅད་ཀྱི་ཞེས་པའོ། །རྣམ་རྒྱལ་གྱི་གཟུངས་ནི་དེའི་རྟོག་པ་ལས། སེམས་ཅན་སྡིག་པ་བྱེད་པ་གང་དག་ཤི་བའི་དུས་བྱས་པ་དེ་དག་གི་དོན་དུ་གཟུགས་འདི་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བརྗོད་དེ། དེ་དག་གི་རུས་གོང་རྣམས་ཀྱི་སྟེང་དུ་གཏོར་ན་དེ་དག་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ཡི་དྭགས་སམ། གཞན་ངན་འགྲོ་རྣམས་སུ་སྐྱེས་པར་གྱུར་ཀྱང་རུང་སྟེ་དེ་དག་གཟུངས་འདིའི་མཐུས་ངན་གྲོ་དེ་དག་ལས་ཐར་པར་འགྱུར་རོ་ཞེས་གསུངས་ཤིང་། གཟུངས་ཀྱི་སྔགས་དོན་ཊཱིཀྐ་ལས་མ་བཤད་ཀྱང་། འདིར་བྲིས་ན༑ ༀ་ན་མོ་བྷ་ག་ཝ་ཏེ་ནི་བཅོམ་ལྡ་འདས། སརྦ་ཏྲཻ་ལོ་ཀྱ་ནི་ཁམས་གསུམ་ཀུན་ལས་སམ། འཇིག་རྟེན་གསུམ་ཐམས་ཅད་ལས་ཞེས་པ་སྟེ། སརྦ་ནི་ཀུན་ནམ་ཐམས་ཅད། ཏྲཻ་ནི་གསུམ། ལོ་ཀྱ་ནི་ཁམས་དང་འཇིག་རྟེན། པྲ་ཏི་བི་ཤིཥྚཱ་ཡ་ནི་སོ་སོར་འཕགས་པའམ་ཁྱད་པར་འཕགས་པའོ། །བུདྡྷ་ཡ་ཏེ་ན་མཿནི་སངས་རྒྱས་ཁྱོད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་ནི་འདི་ལྟ་སྟེ། ༀ་བྷྲུཾ་བྷྲུཾ་བྷྲུཾ་ནི་ལྷའི་ས་བོན། ཤོ་དྷ་ཡ་ཤོ་དྷ་ལ་ནི་སྦྱོངས་སྦྱོངས། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་ནི་རྣམ་པར་སྦྱོངས་རྣམ་པར་སྦྱོངས། ཨ་ས་མ་ནི་མཉམ་མེད། ས་མནྟ་ནི་ཀུན་ནས། ཨ་པ་བྷཱ་ས་ནི་སྣང་བའི་འོད་དམ་འོད་ཟེར། སྥ་ར་ཎ་ག་ཏི་ནི་འཕྲོ་བའི་གནས་སམ་འགྲོ་བ། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ་ནི་ནམ་མཁའི་རང་བཞིན་རྣམ་པར་དག་མ། ཨ་བྷི་ཥིཉྩ་ཏུ་མཾ་ནི་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། སརྦ་ཏ་ཐཱ་ག་ཏཱཿནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། སུ་ག་ཏ་ནི་བདེ་བར་གཤེགས་པ། བ་ར་བ་ཙ་ན་ནི་གསུང་རབ། ཨ་མྲྀ་ཏ་ནི་འཆི་མེད་དམ་བདུད་རྩི། ཨ་བྷི་ཥེ་ཀཻ་ར་མངོན་པར་དབང་བསྐུར་བ། མ་ཧཱ་མུ་དྲ་ཕྱག་རྒྱ་ཆེན་པོ། །མནྟྲ་གསང་སྔགས། པཱ་དཿཚིག །ཨཱ་ཧ་ར་ཨཱ་ཧ་ར་ཀུན་ནས་བསྡུས་གཉིས། མ་མ་བདག །ཨ་ཡུ་ཚེ། སནྡྷ་ར་ཎི་ཀུན་ནས་འཛིན་པ། ཤོ་དྷ་ཡ་ཤོ་དྷ་ཡ་སྦྱོངས་སྦྱོངས། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་རྣམ་པར་སྦྱོངས་གཉིས། ག་ག་ན་ནམ་མཁའ། སྭ་བྷཱ་ཝ་རང་བཞིན། བི་ཤུདྡྷེ་རྣམ་པར་དག་མ༑ ཨུཥྞི་ཥ་བི་ཛ་ཡ་གཙུག་ཏོར་རྣམ་རྒྱལ། པ་རི་ཤུདྡྷེ་ཡོངས་སུ་དག་པ། ས་ཧ་སྲ་སྟོང་ཕྲག །ར་སྨི་སཉྩོ་དི་ཏེ་འོད་ཟེར་ཀུན་ནས་འགྱེད་མ། སརྦ་ཏ་ཐཱ་ག་ཏ་སྔར་བཞིན། ཨ་བ་ལོ་ཀི་ནི་ཀུན་ནས་གཟིགས་མ། ཥཊ་དྲུག །པ་ར་མི་ཏ་ཕ་རོལ་ཏུ་ཕྱིན་པ། པ་རི་པཱུ་ར་ཎི་ཡོངས་སུ་རྫོགས་པ། ཏ་ཐཱ་དེ་བཞིན། ག་ཏ་གཤེགས་པ། མཱ་ཏེ་ཡུམ། ད་ཤ་བཅུ། བྷུ་མི་ས། པྲ་ཏི ཥྛི་ཏེ་རབ་ཏུ་གནས་མ། ཧྲི་ད་ཡ་སྙིང་པོ། ཨ་དྷིཥྛི་ན་ཨ་དྷིཥྛི་ཏེ་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་མ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ་ཕྱག་རྒྱ་ཕྱག་རྒྱ་ཕྱག་རྒྱ་ཆེན་པོ། བཛྲ་ཀཱ་ཡ་རྡོ་རྗེའི་སྐུ། སཾ་ཧ་ཏ་ན་བསྣན་པ༑ པ་རི་ཤུདྡྷེ་ཡོངས་སུ་དག་མ། སརྦ་ཀརྨཱཿཨ་པ་ར་ཎ་ལས་ཀྱི་སྒྲིབ་པ་ཐམས་ཅད། བི་ཤུདྡྷེ་རྣམ་པར་དག་མ། པྲ་ཏི་ནི་ཝརྟ་ཡ་སླར་ཆུད་མཛོད། མ་མ་ཨཱ་ཡུར་བདག་གི་ཚེའོ། བི་ཤུདྡྷེ་རྣམ་པར་དག་པ། ས་མ་ཡ་དམ་ཚིག །ཨ་དྷིཥྛ་ན་སོགས་སྔར་བཞིན། ༀ་མུ་ནི་མུ་ནི་ཐུབ་པ་ཐུབ་པ། མ་ཧཱ་མུ་ནི་ཐུབ་པ་ཆེན་པོ། བི་མུ་ནེ་རྣམ་པར་ཐུབ་པ། མ་ཧཱ་བི་མུ་ནི་རྣམ་ཐུབ་ཆེན་པོ། མ་ཏི་བློ་གྲོས། མ་ཧཱ་མ་ཏི་བློ་གྲོས་ཆེན་པོ། མ་མ་ཏི་མཁྱེན་པའི་བློ། སུ་མ་ཏི་བློ་བཟང་། ཏ་ཐཱ་ཏ་དེ་བཞིན་ཉིད། བྷཱུ་ཏ་ཀོ་ཊི་ཡང་དག་པའི་མཐའ། བ་རི་ཤུདྡྷེ་ཡོངས་སུ་དག་མ། བི་སྥུ་ཊ་རྣམ་པར་རྒྱས་པ། བུདྡྷེ་རྟོགས་མ། ཤུདྡྷེ་དག་མ། ཧེ་ཧེ་ཀྱེ་ཀྱེ། ཛ་ཡ་ཛ་ཡ་རྒྱལ་བ་རྒྱལ་བ། བི་ཛ་ཡ་བི་ཛ་ཡ་རྣམ་པར་རྒྱལ་བ་གཉིས། སྨ་ར་སྨ་ར་དྲན་པ་གཉིས། སྥ་ར་སྥ་ར་རྒྱས་པ་གཉིས། སྥ་ར་ཡ་སྥ་ར་ཡ་རྒྱས་པར་མཛོད་གཉིས། སརྦ་བུདྡྷ་སངས་རྒྱས་ཐམས་ཅད། ཨ་དྷིཥྛ་ན་སོགས་སྔར་བཞིན། ཤུདྡྷེ་དག་མ། བུདྡྷེ་སངས་རྒྱས་མ། བཛྲེ་རྡོ་རྗེ་མ། སུ་བཛྲེ་རྡོ་རྗེ་བཟང་མོ། བཛྲ་གརྦྷེ་རྡོ་རྗེ་སྙིང་པོ་མ། ཛ་ཡ་གརྦྷེ་རྒྱལ་བའི་སྙིང་པོ་མ། བི་ཛ་ཡ་གརྦྷེ་རྣམ་པར་རྒྱལ་བའི་སྙིང་པོ་མ། བཛྲ་ཛྭཱ་ལཱ་གརྦྷེ་རྡོ་རྗེ་འབར་བའི་སྙིང་པོ་མ། བཛྲོདྡྷ་བེ་རྡོ་རྗེ་འབྱུང་མ། བཛྲ་སཾ་བྷ་བེ་རྡོ་རྗེར་འབྱུང་མ། བཛྲེ་བཛྲེ་ནི་རྡོ་རྗེ་ཅན་མ་གཉིས། བཛྲམྦྷ་བ་ཏུ་རྡོ་རྗེར་མཛོད་ཅིག །མ་མ་ཤ་རཱི་ར་བདག་གི་ལུས་སམ་གདུང་། སརྦ་སཏྭཱ་྄ནཱཉྩ་སེམས་ཅན་ཐམས་ཅད་རྣམས་ཀྱི་ཡང་། ཀཱ་ཡ་ལུས། བ་རི་ཤུདྡྷིརྦྷ་བ་ཏུ་ཡོངས་སུ་དག་པར་མཛོད་དམ་གྱུར་ཅིག །མེས་དཱ་བདག་གི སརྦ་ག་ཏི་རྟོགས་པ་ཐམས་ཅད། པ་རི་ཤུདྡྷེཤྩ་ཡོངས་སུ་དག་པར་མཛོད། སརྦ་ཏ་ཐཱ་ག་ཏ་ཤྩ་དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། མཱཾ་བདག་ཅག །ས་མཱ་ཤྭཱ་དབུགས། ས་ཡནྟུ་དབྱུང་བར་མཛད་དུ་གསོལ། བུདྡྷྱ་བུདྡྷྱ་སངས་མའམ་རྟོགས་མ་གཉིས། སིདྡྷྱ་སིདྡྷྱ་གྲུབ་མ་གྲུབ་མ། བོ་དྷ་ཡ་བོ་དྷ་ཡ་རྟོགས་པར་མཛོད་གཉིས། བི་བྷོ་དྷ་ཡ་བི་བྷོ་དྷ་ཡ་རྣམ་པར་རྟོགས་མཛོད་གཉིས། མོ་ཙ་ཡ་མོ་ཙ་ཡ་གྲོལ་མཛོད་གཉིས། བི་མོ་ཙ་ཡ་བི་མོ་ཙ་ཡ་རྣམ་པར་གྲོལ་མཛོད་གཉིས། ཤོ་དྷ་ཡ་ཤོ་དྷ་ཡ་སྦྱོངས་སྦྱོངས། བི་ཤོ་དྷ་ཡ་བི་ཤོ་དྷ་ལ་རྣམ་པར་སྦྱོངས་གཉིས། ས་མནྟ་ཀུན་ནས། མོ་ཙ་ཡ་གྲོལ་བར་མཛོད། ས་མནྟ་ར་སྨི་ཀུན་ནས་འོད་ཟེར། པ་རི་ཤུདྡྷེ་ཡོངས་སུ་དག་མ། ཧྲྀ་ད་ཡ་སྙིང་པོ། ཨ་དྷི ཥྛ་ན་སྔར་བཞིན། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ་ནི་ཕྱག་རྒྱ་ཕྱག་རྒྱ་ཕྱག་རྒྱ་ཆེན་པོའོ། །མ་ཧཱ་མུ་དྲཱ་ནི་ཕྱག་རྒྱ་ཆེན་པོ། མནྟྲ་པཱ་དེཿནི་གསང་སྔགས་ཀྱི་ཚིག་རྣམས་ཀྱིས་སོ། །འདིར་བྷྲུཾ་ནི་གཙོ་མོའི་ས་བོན་ཏེ། གོང་དུ་གསུམ་བྱུང་བ་ནི་གཙོ་འཁོར་གསུམ་གྱི་ས་བོན་ཡིན་ནམ་སྙམ་མོ། །ཨ་མྲྀ་ཏ་ནི་འཆི་མེད། ཨ་ཡུརྡ་དེ་ནི་ཚེ་སྦྱིན་མ། སྭཱཧཱ་ནི་གཞི་ཚུགས་ཞེས་པའོ། །གཙུག་ཏོར་དྲི་མེད་ཀྱི་གཟུངས་ལ་རིང་ཐུང་གཉིས་ཡོད་ཀྱང་འདིར་ཐུང་བ་སྟེ། ཕན་ཡོན་ནི་བྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་དུར་ཁྲོད་དུ་གཏོར་ན་གང་གི་རུས་པ་ལ་ཕོག་པ་དེ་དག་སེམས་ཅན་དམྱལ་བ་གང་དག་ཏུ་སྐྱེས་པ་དེ་དེ་ནས་ཡོངས་སུ་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །གང་དག་མཐོ་རིས་སུ་སྐྱེས་པ་དེ་དག་གི་ལུས་ལ་མེ་ཏོག་གི་ཆར་འབབ་པར་འགྱུར་རོ་ཞེས་གསུངས་པས། སྔགས་དོན་ནི། ན་མཿསྟྲཻ་ཡ་དྷྭི་ཀ་རཱཾ་ནི་དུས་གསུམ་པ་རྣམས་ལ་ཕྱག་འཚལ་ལོ། །སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་མ། ཛྭ་ལ་ཛྭ་ལ་ནི་འབར་བ་འབར་བ། དྷརྨ་དྷ་ཏུ་གརྦྷེ་ནི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་མ། སཾ་བྷ་ར་ནི་རྒྱས་པར་མཛོད་ཅིག །མ་མ་ཨཱ་ཡུཿནི་བདག་གི་ཚེའོ། །སཾ་ཤོ་དྷ་ཡ་ནི་ཡང་དག་པར་སྦྱོངས། མ་མ་སརྦ་པཱ་པཾ་ནི་བདག་གི་སྡིག་པ་ཐམས་ཅད། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། ས་མནྟ་ནི་ཀུན་ནས། ཨུཥྞཱི་ཥ་བི་མ་ལེ་ནི་གཙུག་ཏོར་དྲི་མ་མེད་པ། བི་ཤུདྡྷེ་ནི་རྣམ་པར་དག་མའོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་དང་། ཨཾ་བཾ་སཾ་ཛཾཿཞེས་པ་རྣམས་ནི་ལྷའི་ས་བོན་ཡིན་སྙམ་ཡང་། གཙུག་ཏོར་དྲི་མེད་ལ་ནི་འཁོར་བཞི་གཙོ་བོ་དང་བཅས་པའི་ལྷ་ལྔ་སྣང་ངོ་། །པདྨོ་ཨུཥྞཱི་ཥའི་ཕན་ཡོན་ནི། དོན་ཞགས་ཀྱི་ཆོ་ག་ལས། སེམས་ཅན་གང་ལ་ལ་སེམས་ཅན་དམྱལ་བར་གཞོལ་བ་ཤི་བ་དང་། དགེ་སློང་གང་ལ་ལ་བསླབ་པའི་སྡོམ་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་རལ་བ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པར་མ་བྱས་པར་ཤི་བ་དེའི་དོན་དུ་བྱེ་མ་གཙང་མ་བླངས་ལ། ལན་བདུན་བཟླས་བརྗོད་བྱས་ནས་དུར་ཁྲོད་དམ། རོ་བསྲེགས་པའམ། འཆད་པ་དེར་བྱེ་མ་གཏོར་བར་བྱའོ། །གང་དང་གང་ན་སེམས་ཅན་གང་དག་གི་རུས་པ་ཡོད་པར་བྱེ་མ་གཏོར་མ་ཐག་ཏུ་དེ་དང་དེ་བྱེ་མ་བབས་པའི་སེམས་ཅན་དམྱལ་བའམ། ཡི་དྭགས་སམ། ཤ་ཟར་སྐྱེས་པའམ། གནོད་སྦྱིན་ནམ། སྲིན་པོའི་སྐྱེ་གནས་སུ་སྐྱེས་ན་དེ་དེའི་མོད་ལ་ཚེ་བརྗེས་ནས་ཐམས་ཅད་མཐོ་རིས་སུ་གཞོལ་བར་འགྱུར་ཞིང་། ནམ་ཡང་སེམས་ཅན་དམྱལ་བར་གཞོལ་བར་མི་འགྱུར་རོ། །ཞེས་སོགས་གསུངས་པས། སྔགས་དོན་ནི། པདྨ་གཙུག་ཏོར་དྲི་མེད་མ་ཞེས་པའོ། །གཟུངས་འདི་རྣམས་སྐབས་འདིར་བཟླ་བར་ཆོ་ག་རང་འགྲེལ་དང་བཅས་པ་ལས་བཤད་པ་ལྟར་ཡིན་ལ། སྡིག་སྦྱོང་གི་གཟུགས་སྔགས་ཁྱད་པར་ཅན་གཞན་ཡང་ཤིན་ཏུ་མང་ངོ་། །བྲབ་སྔགས་ཀྱི་དོན་ནི། སརྦ་པཱ་པཾ་ནི་སྡིག་པ་ཐམས་ཅད། ད་ཧ་ན་བཛྲ་ནི་བསྲེགས་པའི་རྡོ་རྗེ། སརྦ་པཱ་པཾ་བི་ཤོ་དྷ་ནི་བཛྲ་ནི་སྡིག་པ་ཐམས་ཅད་རྣམ་པར་སྦྱོང་བའི་རྡོ་རྗེ། སརྦ་ཀརྨཱཿཨ་ཝ་ར་ཎ་ནི་ལས་དང་སྒྲིབ་པ་ཐམས་ཅད། བྷསྨིན་ཀུ་རུ་ནི་ཐལ་བར་མཛོད་ཅིག །བྷྲུཾ་ནི་ས་བོན། བི་ནཱ་ཤ་ཡ་ནི་རྣམ་པར་འཇོམས་པ། ཨ་ཝ་ར་ཎ་བཛྲ་ནི་སྒྲིབ་པའི་རྡོ་རྗེ། དྲུཾ་ནི་ས་བོན། བི་ཤོ་དྷ་ཡ་ནི་རྣམ་པར་སྦྱོངས། ཨ་ཝ་ར་ཎ་རྣམས་ནི་སྒྲིབ་པ། ཛྭ་ལ་ཛྭ་ལ་ནི་འབར་བ་འབར་བ། དྷ་ཀ་དྷ་ཀ་ནི་ཆོད་ཆོད། ཧ་ན་ཧ་ན་ནི་བསྣུན་བསྣུན། སྲུཾ་ནི་ས་བོན། ས་ར་ས་ར་ནི་འཇོམས་གཉིས། པྲ་ས་ར་པྲ་ས་ར་ནི་རབ་ཏུ་འཇོམས་གཉིས། ཧཱུཾ་ནི་ས་བོན། ཧ་ར་ཧ་ར་ཕྲོགས་གཉིས། ཧཱུཾ་ས་བོན་དང་ཕཊ་སྥོ་ཊ་ཡ་ནི་ཁོས་ཤིག །བྷྲྀ་ཏ་བྷྲྀ་ཏ་ནི་དྲལ་བར་གྱིས་གཉིས། ཏྲ་ཊ་ཏྲ་ཊ་ནི་ཆོད་ཆོད། ཚིནྡ་ཚིནྡ་ནི་གཏུབས་གཉིས། ད་ཧ་ད་ཧ་ནི་བསྲེགས་གཉིས། གང་བསྲེག་ན། སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཏེ་དམྱལ་བར་འགྲོ་བའི་རྒྱུ་ཐམས་ཅད་དོ། །ན་ར་ཀ་ནི་དམྱལ་བ། ག་ཏི་ནི་འགྲོ་བའི། ཧེ་ཏུཾ་ནི་རྒྱུའོ། །པ་ཙ་པ་ཙ་ནི་ཚོས་ཚོས་ཏེ། སརྦ་པྲེ་ཏ་ནི་ཡི་དྭགས་སོ། །མ་ཐ་མ་ཐ་ནི་ཆོམས་ཆོམས་ཏེ། ཏིརྱ་ཀ་ནི་དུད་འགྲོའོ། །ཐམས་ཅད་ཀྱི་ཐོག་མའི་ༀ་ནི་སྔགས་ཀྱི་འགོ་འདྲེན་དང་། ཧཱུཾ་ཕཊ་ནི་དོན་དེར་བསྐུལ་བའི་ཚིག་གོ །སྤྱི་ༀ་ནི་དོན་བདུན་ལ་འཇུག་སྟེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཞེས་དང་། ཧཱུཾ་ཡང་དེ་ཉིད་ལས། ཡི་གེ་ཧཱུཾ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་ཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་པར་བྱེད། །གདུག་པ་དངངས་ཤིང་གཅོད་བྱེད་པའི། །ཧཱུཾ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་དང་། ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་དགྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་དང་། སྭཱཧཱ་ཞེས་ནི་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པ་བྱེད་པ་འཕྲོོག་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །གཉིས་པ་ཁྲུས་ཀྱི་སྦྱོང་བ་ནི། གཙུག་དགུ་ལས། རུས་པའམ་གོས་སམ་མིང་ལ་ནི། །རྡོ་རྗེའི་ཆུ་ཡིས་བཀྲུ་བར་བྱ། །སྡིག་པ་བཀྲུ་བའི་སྔགས་ཀྱིས་ནི། །སྲིད་གསུམ་དྲི་མ་བཀྲུ་བར་བྱ། །བཀྲུ་བའི་སྔགས་ནི་འདི་གསུངས་པ། །ༀ་ན་མོ་བྷ་ག་ཝ་ཏེ་ཅེས་སོགས་གསུངས་པས། ཁྲུས་བུམ་ལོགས་སུ་བསྒྲུབས་པ་ཡོད་ན་དེས་ཀྱང་རུང་བར་བཤད་ལ། མེད་ན་རྣམ་རྒྱལ་བུམ་པས་དཀྱིལ་འཁོར་གྱི་བྲིས་སྐུ་སོགས་ཀྱི་གཟུགས་བརྙན་མེ་ལོང་དུ་ཤར་བ་ལ། ཇི་ལྟར་བལྟམས་པ་སོགས་ཚིགས་བཅད་བརྗོད་ཅིང་། ཁྲུས་གསོལ་རྒྱས་བསྡུས་ཅི་རིགས་བྱ། བླ་མ་ཁ་ཅིག་རོའི་སྟེང་དུ་སྐུ་གཟུགས་བཞག་ནས་དེ་ལ་ཁྲུས་གསོལ་བ་ལྟར་སྣང་ཡང་རུང་བར་བཤད། འདིར་སྐུ་གཟུགས་ཀྱི་གཟུགས་བརྙན་མེ་ལོང་དུ་ཤར་བ་ལ་ཁྲུས་བྱས་པས་ཆོག་གི ཁ་ཅིག་ཁྲུས་ཁང་བསྐྱེད་པའི་ཁུལ་བྱས་ནས་སྤྱན་འདྲེན་མེད་པར་དེར་ཁྲུས་གསོལ་བ་ནི་དོན་མིན་ནོ། །མཐར་ཁྲུས་ཆུ་རྣམས་རྣམ་རྒྱལ་བུམ་པའི་ནང་དུ་བླུགས་ནས་ཁྲུས་བྱེད་པ་ལྟར་ཡང་རུང་ལ། ཊཱིཀ་ཆེན་ལས། ཁྲུས་གསོལ་བའི་ཆུ་དང་། རྣམ་རྒྱལ་བུམ་པའི་ཆུ་སོགས་བསྡུས་ནས་ལས་བུམ་དུ་བླུགས་ཏེ་རོ་ཡིན་ན་དངོས་སུ་བཀྲུ །མིང་བྱང་ཡིན་ན་ནུབ་གོང་མ་རྣམས་ལ་མེ་ལོང་ལ་གཟུགས་བརྙན་ཤར་བ་དང་། ནུབ་ཐ་མ་ལ་དངོས་སུ་བཀྲུ་ཞེས་གསུངས་ཏེ། དེ་ནི་མིང་བྱང་ཤོག་གུ་སོགས་ལ་བྲིས་ན་ཆུས་ཞིག་འགྲོ་བས་གནོད་པ་ལ་དགོངས་ཤིང་། ཆུས་བཤིག་མི་ནུས་ན་ནི་ནུབ་ཐོག་མ་རྣམས་ལ་ཡང་དངོས་སུ་བཀྲུའོ། །བཀྲུ་བའི་ཚེ་འདི་ནི་སྦྱིན་པའི་རང་བཞིན་ཆུ། །ཞེས་སོགས་ཕྱིན་དྲུག་དང་སྦྱར་བའི་ཚིགས་བཅད་རེ་རེའི་རྗེས་ལ་རྩ་རིག་བརྗོད་ཅིང་ཁྲུས་རེ་བྱས་པའི་མཐར། ཚེ་འདས་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཕྱིན་དྲུག་སོ་སོའི་མི་མཐུན་ཕྱོགས་སེར་སྣ། ཚུལ་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང་། ཤེས་རབ་འཆལ་བའི་དྲི་མ་རྣམས་དག་ནས་སྦྱིན་པ་ལ་སོགས་པའི་ཕྱིན་དྲུག་སོ་སོར་རྫོགས་ནས་འཚང་རྒྱ་བར་གྱུར་ཅིག་ཅེས་བརྗོད། རྒྱས་པ་ནི་དེ་ལྟར་ཡིན་པས་ལེགས་ལ། བསྡུ་ན་ཕྱིན་དྲུག་གི་ཚིགས་བཅད་རྣམས་རྫོགས་པའི་མཐར་རྩ་སྔགས་བརྗོད་ཅིང་ཁྲུས་བྱར་རུང་ངོ་། སྦྱིན་པའི་རང་བཞིན་ཆུ་སོགས་ནི་སྦྱིན་པའི་ཕར་ཕྱིན་སོགས་ནི་སེམས་རྒྱུད་ཀྱི་ཤེས་པ་ཞིག་ལ་འཇོག་ཀྱང་། བུམ་པའི་ཆུ་ནི་ལྷ་དང་སྔགས་ཀྱི་བྱིན་གྱིས་བརླབས་པས་སྦྱིན་དྲུག་གི་ངོ་བོར་མོས་དགོས་ཤིང་དེས་དེ་རྣམས་ཀྱི་མི་མཐུན་ཕྱོགས་འཇོམས་ནུས་པའི་དོན་ནོ། །ཆུ་བོ་དྲུག་གི་ཁྲུས་བྱས་པས་ཞེས་པ་ནི་ཕྱིན་དྲུག་གི་རང་བཞིན་ཅན་གྱི་ཆུ་ལ་ཆུ་བོ་དྲུག་ཅེས་བྱ་ལ། དེས་ཁྲུས་བྱས་པས་བག་ཆགས་རྣམ་དྲུག་སྦྱངས་ཤིང་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་ནས་ཤེས་རབ་འཆལ་བའི་བར་གྱི་བག་ཆགས་ངན་པ་དྲུག་སྦྱ ངས་ནས་དེའི་རྒྱུད་ལ་ཕྱིན་དྲུག་རྫོགས་པར་བསམ་པར་བཤད་ཀྱང་། གང་ལ་ཉེས་པ་མི་མངའ་བའི། ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཅེས་པའི་དོན་འདིར་སངས་རྒྱས་ལ་སྦྱར་ན་འབྲེལ་དཀའ་ཙམ་སྣང་ཡང་འདི་ལྟར་བྱ་སྟེ། ངེས་དོན་གྱི་ཕྱིན་དྲུག་གི་ཁྲུས་ཀྱིས་དེའི་མི་མཐུན་ཕྱོགས་སྦྱངས་ནས་སངས་རྒྱས་པ་གང་ལ་ཉེས་པ་མི་མངའ་ཞིང་ཁྲུས་ལེགས་པར་མཛད་པར་གྱུར་པ་ལ་ཕྱག་འཚལ་འདུད་ཅེས་བྱའོ། །དེ་བཞིན་དུ་ཕྱིན་དྲུག་གིས་བསྒོས་པའི་དྲི་ཆུ་དྲུག་གིས་ཁྲུས་བྱས་པས། དེའི་སྦྱང་བྱ་དྲི་མ་རྣམ་པ་དྲུག་སྦྱོང་བར་མཛད་ཅིང་། ཕར་ཕྱིན་དྲུག་གི་རྒྱ་ཆེན་ཡོན་ཏན་དྲུག་དང་ལྡན་པ་ཁྲུས་ལེགས་པར་མཛད་པར་གྱུར་པ་ཁྱེད་ལ་ཉེས་པ་མི་མངའོ་ཞེས་དང་། ཕྱིན་དྲུག་གི་མི་མཐུན་ཕྱོགས་དྲི་མ་རྣམ་པ་དྲུག་དག་པར་གྱུར་པ་ཡི་སྒོ་ནས་ཡོན་ཏན་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཐམས་ཅད་མཆོད་པའི་དོན་དུ་དད་པས་བདག་གིས་ཁྲུས་བགྱིའོ་ཞེས་པ་སྟེ། ཚིགས་བཅད་འདི་རྣམས་ནི་དཀོན་མཆོག་གི་རྟེན་ལ་ཁྲུས་བྱ་བའི་ཚེ་བརྗོད་ན་དོན་གོ་བདེ་ཞིང་ལེགས་ལ། ཚེ་འདས་ལྟ་བུ་ལ་ཁྲུས་བྱེད་པའི་ཚེ་མི་བདེ་བ་ལྟར་སྣང་མོད། ཆོ་ག་འདིའི་གཞུང་དང་གཞན་ལས་ཀྱང་འབྱུང་བས་མི་འཐད་པ་མིན་ཡང་གོ་རྒྱུ་ཞིག་ནི་དགོས་སོ། །དེས་ན་སེམས་ཅན་ལ་ཁྲུས་བྱ་པའི་ཚེ་སངས་རྒྱས་ལ་ཁྲུས་མཛད་པ་ནི་མི་འབྲེལ་བས། དོན་ནི་སངས་རྒྱས་རྣམས་ཀྱིས་ཕྱིན་དྲུག་ཉམས་སུ་བླངས་ནས་དེའི་མི་མཐུན་ཕྱོགས་སྦྱངས་ཏེ་སངས་རྒྱས་སོ་ཞེས་བསྟོད་ནས་དེ་ལྟར་ཁྱེད་ལ་ཡང་ཕྱིན་དྲུག་གིས་བསྒོམ་པའི་ཆུས་ཁྲུས་བྱས་པས་སྒྲིབ་པ་བྱང་ནས་འཚང་རྒྱ་བར་འགྱུར་རོ་ཞེས་གོ་བའི་དོན་དུ་སེམས་སོ། །དད་པས་ཚེ་འདས་ཁྲུས་བགྱིའོ་ཞེས་བསྒྱུར་བ་ནི་སངས་རྒྱས་ལ་དད་པས་ཚེ་འདས་ལ་ཁྲུས་བགྱིའོ་ཞེས་པ་ལྟར་སྣང་ཡང་ཅུང་མི་བདེ་བས། སངས་རྒྱས་ལ་དད་པའི་སྒོ་ནས་ཞེས་པའི་དོན་དུ་བྱའོ། །ཚེ་འདས་ལ་དད་པ་ནི་སྐབས་སུ་མ་བབ་ཅིང་། སངས་རྒྱས་ལ་དད་པས་སངས་རྒྱས་ལ་ཁྲུས་བགྱིའོ་ཞེས་པའི་དོན་ཡིན་ན། ཚེ་འདས་ལ་ཁྲུས་བྱེད་པའི་ཚེ་སངས་རྒྱས་ལ་ཁྲུས་བགྱིའོ་ཞེས་པ་ཅི་ལྟར་རིགས། རང་བློོ་དམན་པས་འདིའི་སྐོར་ལ་དོགས་པ་དེ་ལྟར་ཤར་ལ། གཞན་མ་ཐམས་ཅད་ནི་འདིའི་དོན་ལ་སོམ་ཉི་ཅི་ཡང་མི་སྣང་བས། དོན་གང་དུ་སོང་ཡང་སྐྱོན་ཅི་ཡོད་ཀྱང་དོགས་སློང་ཙམ་ཞིག་བྱས་པའོ། །མཐར་རྩ་རིག་བརྗོད་ཅིག་ཁྲུས་བྱས་ཏེ་སྤེལ་ཚིག་བྱའོ། །དེ་ནས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །ཞེས་པའི་དོན་ནི། དུག་ལ་ཕྱི་དང་ནང་གི་དུག་གཉིས་ལས་ཕྱིའི་དུག་ནི་ཐང་ཁྲོམ་དང་རེ་ལྕག་གི་རྩ་བ་དང་བོང་བ་ནག་པོ་དང་དབྱིག་དུག་སོགས་སེམས་ཅན་མ་ཡིན་པའི་དུག་དང་། ཀླུ་དང་སྤྲུལ་སྡིག་སོགས་སེམས་ཅན་གྱི་དུག་ཀྱང་མང་ལ། ནང་གི་དུག་ནི་ཉོན་མོངས་པ་གསུམ་གྱི་དུག་ལྟ་བུ་སྟེ་དུག་དང་འདྲ་བས་དེའི་མིང་གིས་བརྗོད་པའོ། །དེ་ཡང་འཇིག་རྟེན་སོ་སྐྱེའི་རྒྱུད་ཀྱི་ནང་གི་དུག་གིས་ནི་མཐོ་རིས་དང་ཐར་བའི་སྲོག་འཕྲོག་པར་བྱེད་ལ། ཕྱིའི་དུག་གིས་ནི་ཚེ་འདིའི་སྲོག་འཕྲོག་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་ནང་གི་དུག་དེ་དག་མི་མངའ་བས་སངས་རྒྱས་ཀྱི་བདེན་པས་ཁྱོད་ཀྱི་ཕྱི་ནང་གི་དུག་ཐམས་ཅད་བཅོམ་ནས་འཚང་རྒྱ་བར་གྱུར་ཅིག་ཅེས་པ་སྟེ། དེ་བཞིན་དུ་དམ་པའི་ཆོས་དང་འཕགས་པའི་དགེ་འདུན་ལ་ཡང་སྦྱར་ནས་རྩ་སྔགས་བརྗོད་ཅིང་ཁྲུས་བྱའོ། །དེ་ནས། ས་ནི་དུག་གི་མ་ཡིན་ཏེ། །ས་ནི་དུག་གི་ཕ་ཡང་ཡིན། །ཞེས་པའི་དོན་འབྱུང་བ་ལ་ཕྱི་ནང་གཉིས་ཡོད་པའི་འབྱུང་བ་བཞི་པོ་དེ་རྣམས་ནི་ཕྱི་ནང་གི་དུག་དེ་དག་བརྟེན་པ་དང་འབྱུང་བའི་གཞི་ཡིན་པས་དེ་དག་གི་ཕ་དང་མ་ལྟ་བུའོ། །འབྱུང་བ་བཞི་ནི་ཕྱི་ལ་ཡོངས་གྲགས་ཀྱི་ས་ཆུ་མེ་རླུང་གི་འབྱུང་བ་བཞི་དང་། ནང་དུ་གང་ཟག་གི་ལུས་ལའང་འབྱུང་བ་བཞི་སྟེ་ཤ་རུས་རྣམས་ས་དང་། ཁྲག་དང་ཆུ་སེར་རྣམས་ཆུ་དང་། དྲོད་མེ་དང་། དབུགས་དང་ལུས་ཀྱི་ནང་གི་རླུང་རྣམས་ནི་འབྱུང་བ་རླུང་གི་ཁམས་སོ། །འབྱུང་བ་བཞི་རེག་བྱའི་སྐྱེ་མཆེད་ཡིན་པས་མིག་གིས་མི་མཐོང་ཡང་། དེ་དག་གི་ཁ་དོག་མཐོང་བས་དེ་དག་མཐོང་ཞེས་བརྗོད་པར་བྱེད་དོ། །འབྱུང་བའི་ཁ་དོག་མིག་ཤེས་ཀྱིས་གཟུང་དུ་ཡོད་ཀྱང་འབྱུང་བ་དེའི་གཟུང་ཡུལ་མིན་ཏེ། དཔེར་ན་མིག་གིས་མེའི་ཁ་དོག་མཐོང་ཡང་དེའི་ཚ་བ་མི་མཐོང་བ་བཞིན་ནོ། །མཐར་བདེན་ཚིག་བརྗོད་པའི་མཐུས་ཕྱི་ནང་གི་དུག་དང་དེའི་ནུས་པ་རྣམས་འབྱུང་བ་བཞིའི་ནང་དུ་ཐིམ་པར་གྱུར་ཅིག་ཅེས་པའི་དོན་ནོ། །ས་ལ་གང་བའི་སྣོད་དུ་ཞེས་པའམ་སྲ་བའི་སྣོད་དུ་ཞེས་དང་། ཆུ་ལ་གཤེར་བ་དང་། མེ་ལ་ཚ་བ་དང་། རླུང་ལ་གཡོ་བའི་ནང་དུའམ་སྣོད་དུ་དུག་སོང་ཞིག་ཅེས་སྦྱར་བ་ལྟར་ཡང་རུང་ངོ་། །འདིར་འབྱུང་བཞི་དང་སྦྱར་ནས་སྦྱོང་བའི་དོན་ལ། ཁ་ཅིག་སའི་ཁམས་ལས་གཏི་མུག །ཆུ་ལས་ཞེ་སྡང་། མེ་ལས་འདོད་ཆགས། རླུང་ལས་ཕྲག་དོག་སྐྱེ་བས་དེའི་དབང་དུ་བྱས་སོ་ཞེས་ཟེར་ཡང་བརྟག་པའི་གནས་སོ། །སྐབས་འདིར་ནི་ཕྱི་ནང་གི་དུག་གཉིས་ལས་ནང་གི་དུག་དང་སྦྱར་བ་གཙོ་ཆེའོ། ཁྲུས་ཀྱི་སྐབས་སུ་རྩ་རིག་བརྗོད་དགོས་པས། དེའི་དོན་ནི། ༀ་ན་མོ་བྷ་ག་ཝ་ཏེ་ནི་ཕྱག་འཚལ་ལོ་བཅོམ་ལྡན་འདས། སརྦ་དུརྒ་ཏེ་ནི་ངན་སོང་ཐམས་ཅད། པ་རི་ཤོ་དྷ་ན་ནི་ཡོངས་སུ་སྦྱོང་བ། རཱ་ཛཱ་ཡ་ནི་རྒྱལ་པོ་ལ། ཏ་ཐཱ་ག་ཏཱ་ཡ་ནི་དེ་བཞིན་གཤེགས་པ། ཨརྷ་ཏེ་ནི་དགྲ་བཅོམ་པ། སཾ་མྱཀ་ནི་ཡང་དག་པར། སཾ་བུདྡྷ་ཡ་ནི་རྫོགས་པའི་སངས་རྒྱས། ཏ དྱ་ཐཱ་ནི་འདི་ལྟ་སྟེ། ཤོདྷ་ནི་ཤོདྷ་ནི་ནི་སྦྱོངས་སྦྱོངས། སརྦ་པཱ་པཾ་ནི་སྡིག་པ་ཐམས་ཅད། བི་ཤོ་དྷ་ནི་རྣམ་པར་སྦྱོངས། ཤུདྡྷེ་ནི་དག་པ། བི་ཤུདྡྷེ་ནི་རྣམ་པར་དག་པ། སརྦ་ཀརྨཿཨ་ཝ་ར་ཎ་ནི། ལས་ཀྱི་སྒྲིབ་པ་ཐམས་ཅད། བི་ཤོ་དྷ་ནི་རྣམ་པར་སྦྱོངས། སྭཱཧཱ་ནི་གཞི་ཚུགས་ཞེས་པའོ། །༈ གསུམ་པ་མི་ཤིས་པ་སྦྱོང་བ་ནི། གཙུག་དགུ་ལས། སླར་ཡང་བཀྲ་ཤིས་ཚིགས་བཅད་ཀྱིས། །དུས་གསུམ་དུ་ནི་ཁྲུས་བྱའོ། །ཞེས་གསུངས་པ་ལྟར་ཏེ། བཀྲ་ཤིས་ལ་མང་ཡང་འདིར་འདུལ་བ་ལུང་དང་། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ལས་གསུངས་པ་ལྟར་ཏེ། དེ་ཡང་མཚོན་ཙམ་བཤད་ན། སངས་རྒྱས་གང་ལ་སེར་སྣ་དང་ཡུལ་ལ་རྣམ་པར་སྲེད་པའི་ཆགས་སོགས་ཉོན་མོངས་པ་ཐམས་ཅད་རྣམས་པར་འཇོམས་པས་སྐྱོན་གྱི་དྲི་མ་མེད་པར་མཛད་ཅིང་། ཐུགས་རྒྱུད་ཞི་ཞིང་དུལ་བས་སེམས་ཅན་གཞན་ལ་གནོད་པ་མི་མངའ་བའི་ཡོན་ཏན་དང་ལྡན་པ་དེས། ཚེ་ལྡན་ནམ་ཚེ་འདས་ཁྱེད་ལ་བདེ་ལེགས་མཛད་པར་གྱུར་ཅིག །འདྲེན་པ་སངས་རྒྱས་གང་ཞིག་འགྲོ་བ་གདུལ་བྱ་རྣམས་ཐར་བའི་ལམ་དུ་འཛུད་པར་མཛད་ཅིང་། སེམས་ཅན་གྱི་བསམ་པ་དང་མཐུན་པའི་དམ་པའི་ཆོས་རྣམས་ཐམས་ཅད་སྟོན་པ་དེས། ཁྱོད་ལ་ཞེས་སོགས་དང་། སྟོན་པ་སངས་རྒྱས་ནི་འགྲོ་བ་སེམས་ཅན་རྣམས་ཀྱི་རྟེན་དུ་གྱུར་པ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་དུ་སངས་རྒྱས་གང་ཞིག་བདེ་བ་མཐར་ཐུག་པར་མངའ་མཛད་ཅིང་བརྙེས་པ་དེ་ཞེས་དང་། སེམས་ཅན་སྡུག་བསྔལ་ལས་སྐྱབས་པའི་སྐྱོབ་པ་སངས་རྒྱས་གང་ཞིག་ནི་བྱམས་པའི་ཐུགས་ཀྱིས་འགྲོ་བ་འདི་དག་ཀུན་ལ་བུ་གཅིག་བཞིན་དུ་དགོངས་ནས་རྟག་ཏུ་བསྐྱང་བར་མཛད་པ་དེས་ཞེས་དང་། སངས་རྒྱས་གང་ཞིག་འཁོར་བར་འགྲོ་བ་སྟེ་འཁོར་བའི་སེམས་ཅན་ཀུན་གྱིི་རྟེན་དུ་གྱུར་ཅིང་གླིང་དང་དཔུང་གཉེན་དུ་གྱུར་པ་དེས་ཞེས་དང་། སངས་རྒྱས་གང་ཞིག་ཐུགས་ཀྱིས་ཆོས་རྣམས་མངོན་སུམ་དུ་གཟིགས་པར་གྱུར་པ་དང་སྐྱོན་དང་བྲལ་བས་གཙང་ཞིང་། བདེན་པ་ཁོ་ན་གསུང་པས་བསླུ་བ་མི་མངའ་བས་གསུང་གཙང་ཞིང་གཙང་མར་མཛད་པ་དེས་ཞེས་དང་། བདུད་འདུལ་བ་ལ་མཁས་པའི་དཔའ་བོ་ཆེན་པོ་སངས་རྒྱས་ཤཱཀྱ་ཐུབ་གང་ཞིག་སྐྱེས་པ་སྟེ་སྐུ་བལྟམས་པའི་མཐུས། ཡབ་རྒྱལ་པོའི་དགོས་པའི་དོན་སྣ་ཚོགས་པ་ཐམས་ཅད་འབྱོར་བར་གྱུར་ཅིང་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་མཚན་གསོལ་བ་དང་། དེར་མ་ཟད། རབ་ཏུ་བྱུང་ནས་སངས་རྒྱས་པས་ཆོས་ཀྱང་གྲུབ་པ་དེས་ཞེས་དང་། སངས་རྒྱས་གང་ཞིག་སྐྱེས་པ་སྟེ་སྐུ་འཁྲུངས་པས་ས་གཞི་རྣམས་ནི་ནགས་ཚལ་དང་བཅས་པ་ལྡེམ་ལྡེམ་རབ་ཏུ་གཡོས་ཤིང་། སེམས་ཅན་ཐམས་ཅད་རབ་ཏུ་དགའ་བར་མཛད་པ་དེས་ཞེས་དང་། འཚང་རྒྱ་བའི་ཆེད་དུ་བྱང་ཆུབ་ཀྱི་ཤིང་གི་སྙིང་པོའི་དྲུང་དུ་གཤེགས་པ་དང་སངས་རྒྱས་པ་ན། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ་བ་དང་། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ་བ་སོགས་ས་དག་རྣམ་པ་དྲུག་ཏུ་འགུལ་ཞིང་གཡོས་པར་གྱུར་ཅིང་། བདུད་ཀྱི་ཚོགས་ཡིད་མི་བདེ་བར་གྱུར་པ་དེས་ཞེས་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ན་ཐོག་མར་ཝ་ར་ཎ་སིར་འཕགས་པའི་བདེན་པ་བཞི་ལས་བརྩམས་ཏེ་བདེན་བཞིའི་ཆོས་འཁོར་གསུངས་ཤིང་། དེའི་ཚེ་ཐུབ་པ་ཆེན་པོའི་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་གང་བྱུང་བ་དེས་ཞེས་དང་། ཡིད་འཕྲོག་པའི་ཆོ་འཕྲུལ་ཆེན་པོ་བསྟན་ནས་སྟོན་པ་གང་འདིས་མུ་སྟེགས་བྱེད་ཀྱི་སྟོན་པ་དྲུག་ལ་སོགས་པ་མུ་སྟེགས་ཐམས་ཅད་ཆོས་དང་མཐུན་པར་རམ། ཡང་ན་ཡིད་འཕྲོག་པའི་ཆོས་བསྟན་ནས་མུ་སྟེགས་ཐམས་ཅད་ཆོས་ཀྱིས་ཕམ་པར་མཛད་ཅིང་། འཁོར་གྱི་ཚོགས་ཀུན་དབང་དུ་མཛད་པ་དེས་ཞེས་དང་། དེ་ལྟ་བུའི་སངས་རྒྱས་དེས་ཁྱེད་ལ་བདེ་ལེགས་སུ་འགྱུར་བའི་ཤིས་པ་མཛད་པ་དང་། རྒྱ་བྱིན་དང་ཚངས་པ་དང་དེའི་འཁོར་གྱི་ལྷ་རྣམས་དང་། འབྱུང་པོ་སྟེ་འགྲོ་བ་ཡོངས་ཀྱི་བདེ་ལེགས་རྣམས་ནི་ཁྱེད་ལ་རྟག་ཏུ་སྦྱིན་པར་གྱུར་ཅིག །སངས་རྒྱས་ཀྱི་བསོད་ནམས་ཀྱི་མཐུ་དག་དང་ལྷ་རྣམས་ཀུན་གྱི་བསམ་པ་སྟེ་དགོངས་པའི་སྟོབས་ཀྱིས། ཁྱེད་ཀྱི་འདོད་པའི་དོན་གང་ཡིན་པའི་དོན་དེ་དེ་རིང་འགྲུབ་པར་གྱུར་ཅིག །ད་ལྟའི་རྐང་གཉིས་པའི་ལྷ་མི་ཁྱེད་ཅག་བདེ་ལེགས་སུ་གྱུར་ཅིག །རྐང་བཞི་པའི་དུད་འགྲོ་ཁྱེད་ཅག་ཀུན་ཀྱང་བདེ་ལེགས་སུ་གྱུར་ཅིག །དེར་མ་ཟད། ཕྱིར་འོང་སྟེ་སླད་ནས་འབྱུང་བ་དག་ཀྱང་བདེ་ལེགས་ཤོག །ཉིན་མོའི་དུས་སུ་བདེ་ལེགས་ཐོབ་ཅིང་མཚན་མོའི་དུས་སུ་བདེ་ལེགས་སུ་འགྱུར་བ་དང་། ཉི་མའི་གུང་ལ་བདེ་ལེགས་ཤིང་། ཁྱེད་ཅག་དུས་ཀུན་ཏུ་བདེ་ལེགས་སུ་གྱུར་ཅིང་ཁྱེད་ཅག་སྡིག་སྡུག་དང་ལྡན་པར་མ་གྱུར་ཅིག་ཅེས་བརྗོད་ཅིང་དྲིལ་བུ་བསིལ་ཅིང་མེ་ཏོག་གཏོར་ལ་ཆེ་གེ་མོ་ཞེས་བྱ་བ་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅ ད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག་ཅེས་བརྗོད་དོ། །༈ གཉིས་པ་དེའི་ལྷག་མ་ལ་གསུམ། སྐྱབས་སུ་འགྲོ་བ། ཟས་གཏད། ལམ་སྦྱངས་བསྟན་ནོ། །དང་པོ་ནི། ཚེ་འདས་དེ་ཉིད་བླ་མ་དང་དཀྱིལ་འཁོར་བའི་ལྷ་རྣམས་དང་རྒྱལ་སྲས་བརྒྱད་སོགས་ལ་སྐྱབས་སུ་འགྲོ་ཞིང་ཕྱག་བྱེད་པར་མོས་ནས། ཉེ་དུས་བྱང་བུ་འཛིན་པའམ་མིན་ཡང་རུང་སྟེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་དང་། དཀྱིལ་འཁོར་གྱི་ལྷའི་བསྟོད་པ་དང་། སྤྱོད་འཇུག་ལས་གསུངས་པའི་གཙོ་བོ་རྒྱལ་བ་འགྲོ་བའི་མགོན། ཞེས་བརྗོོད་པར་བྱ་སྟེ། དོན་མཚོན་ཙམ་ནི། ལྷ་མི་རྣམས་ཀྱི་གཙོ་བོ་རྒྱལ་བ་འགྲོ་བའི་མགོན་པོ་སྟོན་པ་ཤཱཀ་ཐུབ་སོགས་འགྲོ་བ་སྡུག་བསྔལ་ལས་སྐྱོབས་པའི་དོན་ལ་བརྩོན་པ་སྟོབས་བཅུ་མངའ་བའི་སྟོབས་ཆེན་འཁོར་བ་དང་ངན་སོང་གི་འཇིགས་པ་ཀུན་སེལ་བར་བྱེད་པ་རྣམས་ལ་དེ་རིང་ཉིད་དང་རེ་བལྟོས་ཀྱིས་སྐྱབས་སུ་མཆིའོ། །སངས་རྒྱས་དེ་ཡི་ཐུགས་སུ་ཆུད་པའི་ཆོས་སྤངས་རྟོགས་ཀྱི་ཡོན་ཏན་འཁོར་བའི་འཇིགས་པ་སེལ་བར་བྱེད་པ་དང་། དེར་མ་ཟད། བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་དེ་བཞིན་དུ་དེ་རིང་ཉིད་ནས་སྐྱབས་སུ་མཆིའོ་ཞེས་པ་དངོས་བསྟན་ཐེག་པ་ཆེན་པོའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །ཚེ་འདས་བདག་ནི་ད་ལྟ་ངན་སོང་གི་འཇིགས་པ་དང་། གཤིན་རྗེའི་འཇིགས་པས་རྣམ་པར་སྐྲག་ནས་འདུག་པས་འཕགས་པ་ཀུན་ཏུ་བཟང་པོ་ལ་བདག་ཉིད་ཀྱི་ལུས་འབུལ་ཞིང་། འཇམ་པའི་དབྱངས་ལ་བདག་ཉིད་ཀྱི་ལུས་འདི་ཉིད་དབུལ་བར་བགྱིའོ། །དེ་བཞིན་དུ་སེམས་ཅན་ཀུན་ལ་བརྩེ་བའི་ཐུགས་རྗེའི་སྤྱོད་པ་བཟང་པོ་མ་འཁྲུལ་པ་སྟེ་མ་ནོར་བར་མཛད་པའི་སྤྱན་རས་གཟིགས་མགོན་དེ་ལ་ཡང་། སྡུག་བསྔལ་གྱིས་ཉམ་ཐག་པའི་སྐད་ཆེན་པོའི་ང་རོ་དྲག་པོས་ཐུགས་རྗེས་ཟུངས་ཤིག་ཅེས་འོ་དོད་འབོད་པའི་སྡིག་ཅན་བདག་ལ་སྐྱོབ་ཏུ་གསོལ་ལོ། །དེ་བཞིན་དུ་འཕགས་པ་ནམ་མཁའི་སྙིང་པོ་དང་། སའི་སྙིང་པོ་དག་དང་། བྱམས་པ་དང་སྒྲིབ་སེལ་ཏེ་ཐུགས་རྗེ་ཆེན་པོ་ཐམས་ཅད་ལ་ནི་སྐྱབས་འཚོལ་ཞིང་སྙིང་ནས་སྔར་ལྟར་འོ་དོད་འབོད་དོ། །ཕྱག་རྡོར་གང་ཞིག་མཐོང་ནས་གཤིན་རྗེའི་ཕོ་ཉ་ལ་སོགས་པ་སྡང་བའི་གནོད་བྱེད་རྣམས་སྐྲག་ནས་ཕྱོགས་བཞིར་འབྲོས་ཤིང་འབྱེར་བར་བྱེད་པའི་རྡོ་རྗེ་ཅན་ཕྱག་རྡོར་ལ་སྐྱབས་སུ་མཆིའོ། །སྔོན་ཆད་མི་ཡུལ་ན་ཡོད་པའི་ཚེ་གསང་སྔགས་ལ་ཞུགས་ནས་དམ་ཚིག་དང་སྡོམ་པ་མ་བསྲུངས་པས་ཁྱོད་ཀྱི་བཀའ་ལས་འདས་པའི་རྣམ་སྨིན་ད་ནི་བར་དོར་འཇིགས་པ་ཆེན་པོ་མཐོང་ངོ་། །དེ་མཐོང་ནས་ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས་ཐུགས་རྗེ་ཆེན་པོ་ཁྱོད་ཀྱིས་འཇིགས་པ་འདི་མྱུར་དུ་བསལ་ཏུ་སྟེ་ཞི་བར་མཛད་དུ་གསོལ་ལོ་ཞེས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་སྟེ་གནད་ཆེ་ལ་། བསྩལ་ཏུ་གསོལ་ཞེས་ཟེར་བ་ལ་ཚིག་སྐྱོན་ཆེན་པོ་ཡོད་དོ། །སློབ་དཔོན་ཀུན་དགའ་སྙིང་པོས་བྱེ་མས་བྲབ་པ་ནས་ཁྲུས་ཀྱི་བར་ཕྱིར་བཟློག་གི་སྦྱང་བར་གསུངས་ཤིང་། ཁ་ཅིག་དང་ཆོ་གར་ནི་འདི་ཡན་ཕྱིར་བཟློག་གི་སྦྱང་བར་བཤད་དོ། །སྐབས་འདིར་ཊཱིཀ་ཆེན་ལས་འདི་ལྟར་བཤད་དེ། རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་གཞན་གྱི་སྒོ་ནས་གཤིན་པོའི་དོན་དུ་ཆོ་ག་བྱེད་པར་འདོད་ན་ཡང་། རྣམ་ཤེས་འགུགས་པ་སོགས་ཀྱི་བདེན་སྟོབས་བརྗོད་པའི་ཚེ་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་པའི་མཚན་དང་། རྩ་རིག་གི་གནས་སུ་རང་རང་གི་ཡིག་བརྒྱ་བརྗོད་ཅིང་ལྷོ་སྒོའི་ཆོ་ག་གཞན་ཐམས་ཅད་འདི་བཞིན་དུ་བྱས་ལ༑ བདག་མདུན་གྱི་དཀྱིལ་འཁོར་སྒྲུབ་པ་དང་། དབང་བསྐུར་བ་སོགས་རང་རང་གི་གཞུང་ལས་འབྱུང་བ་ལྟར་བྱའོ་ཞེས་གསུངས་སོ། །གཤིན་པོ་ལ་དབང་བསྐུར་ན་སྐབས་འདིར་མཎྜལ་ཕུལ་ཏེ། དགའ་ཆེན་ཁྱབ་བདག་ཅེས་སོགས་ནས། བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར་ཞེས་པའི་བར་གཞུང་ལྟར་བྱ་བར་བཤད་དོ། །ཚེ་འདས་ལ་དབང་བསྐུར་བའི་ཚེ་རྗེས་ཟློས་བྱེད་མཁན་དངོས་སུ་མེད་པས་རང་གིས་ཚེ་འདས་ཀྱིས་རྗེས་ཟློས་བྱེད་པའི་མོས་པ་ཙམ་བྱ་དགོས་སོ། །གཉིས་པ་ཟས་གཏད་ལ་གཉིས། རྟེན་བསྐྱེད་པ་དང་། ཟས་གཏད་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། ཕོ་ཡིན་ན་རྣམ་སྣང་དང་མོ་ཡིན་ན་སྤྱན་མ་ལྟར་བསྐྱེད་པའི་ལུགས་ཡོད་ཀྱང་འཇུག་པ་བདེ་བ་ནི། རྟེན་བསངས་སྦྱངས་བྱས་ཀྱང་མི་རུང་བ་མིན་ཞིང་། རྟེན་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པར་བསམས་ལ། ༀ་བཛྲ་སཏྭ་ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་ཅིང་། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད་ཅེས་འབྱུང་ལ། འོན་ཀྱང་། ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལ༑ ༑ཞེས་བྱས་ན་ལེགས་སོ། ཁ་ཅིག །ཚེ་འདས་རྡོ་རྗེ་སེམས་དཔའ་ལ། །ཞེས་བསྒྱུར་བ་ནི་དོན་མིན་ཏེ། ལྷར་བསྐྱེད་ཟིན་པས་ཚེ་འདས་ཞེས་བརྗོད་མི་དགོས་པའི་ཕྱིར་རོ། །ཟས་གཏད་མི་བྱེད་ན་འདིའི་མཇུག་ཏུ། དཀོན་མཆོག་རིན་ཆེན་ཞེས་སོགས་བྱའོ། །གཉིས་པ་ནི། ཟས་གཏད་མེད་ན་ཆད་ལྷག་ཏུ་མི་འགྱུར་ཡང་ཕྱག་ལེན་དུ་སྣང་བ་ལྟར་བྱས་པ་ལ་གཉིས། དོགས་དཔྱོད་དང་། ཟས་གཏད་བྱ་ཚུལ་དངོས་སོ། །དང་པོ་ནི། འདིར་ཊཱི ཀ་ཆེན་ལས། ཡུལ་ཁ་ཅིག་ན་འཇིག་རྟེན་པ་དག་ཟས་གཏད་བྱེད་ཟེར་ནས། ཉེ་འབྲེལ་རྣམས་ཀྱིས་ཟས་གོས་སོགས་གཏོད་ཅིང་ཚེ་འདས་དེས་ལོངས་སྤྱོད་པར་འདོད་དེ། ཚེ་ལས་འདས་པ་དེ་ལ་ལོངས་སྤྱོད་པ་དང་ཕན་པ་མེད་ཀྱང་། ཚེ་ལས་འདས་པ་དེ་ལ་ལོངས་སྤྱོད་པ་ལ་སོགས་པར་སྣང་བ་ནི་སྔར་བཤད་པའི་འབྱུང་པོ་ཝ་ར་ཧེན་ཏ་ལ་སོགས་པ་དེ་དག་གིས་བསླུས་པའི་ཕྱིར་སྟོན་པ་ཡིན་ནོ། །དེས་ན་ཚེ་འདས་ཀྱི་དོན་དུ་དགེ་བའི་ཡིས་ཀྱིས་སྦྱིན་པར་བཏང་ནས་དེའི་བསོད་ནམས་བསྔོས་ན་ཕན་པར་གསུངས་ཏེ། ཚེ་འཕོ་བ་ཇི་ལྟར་འགྱུར་ན་ལུང་བསྟན་པའི་མདོ་ལས། ཀྱེ་རྒྱལ་པོ་ཆེན་པོ་འདི་ནས་ཚེ་འཕོས་པ་ལ་ཕའམ་མའམ་སྤུན་ནམ་བུ་ལ་སོགས་པ་ཉེ་འབྲེལ་རྣམས་ཀྱིས་བཟའ་བ་དང་། བཏུང་བ་ཉུང་ངུ་ཉུང་ངུར་གཏད་པ་དང་བསྔོས་པ་ཡང་བསྐལ་བ་མང་པོར་ཟད་པར་མི་འགྱུར་བར་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ་ཞེས་གསུངས་པ་ནི། ཀྱེ་རྒྱལ་པོ་ཆེན་པོ་གླིང་བཞི་བ་ནས་སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ན། བཟའ་བ་དང་བཏུང་བ་ཉུང་ངུ་ཉུང་ངུས་དུས་ཐམས་ཅད་དང་བསྐལ་པ་མང་པོར་ཟ་བའི་སེམས་ཅན་གཟིགས་སམ། གསན་ནམ། ཀྱེ་རྒྱལ་པོ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཅི་བསམ་པའི་འདོད་པ་འབྱུང་བ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་ཡོད་པ་དེ་ཡང་སྔོན་བསྐལ་བ་མང་པོར་བསོད་ནམས་ཀྱི་ཚོགས་བསགས་པ་ལས་བྱུང་བ་ཡིན་ཏེ། གནམ་ནས་བབ་པའམ། གློ་བུར་དུ་བྱུང་བ་ནི་མ་ཡིན་ན་བཟའ་བ་དང་བཏུང་བ་ཉུང་ངུ་དེ་བསྐལ་བའི་བར་དུ་མི་ཟད་པ་དེ་རིགས་སམ། ཀྱེ་རྒྱལ་པོ་ཆེན་པོ་ཚེ་མ་འཕོས་པའི་ཕ་སྤད་དང་སྤུན་གཅིག་ལ་གཅིག་འབྲེལ་བར་འཛིན་པར་འདོད་པ་རྣམས་ད་ལྟ་མ་ཤི་བ་ལུས་དང་ལྡན་པ་ཡང་གཅིག་ཡུལ་གཞན་དུ་སོང་ན། དེ་ལ་ཕའམ་མའམ་བུའམ་སྤུན་གང་ཡང་རུང་བས་ཟས་སྐོམ་མང་པོ་སྦྱིན་ནོ། །གསོལ་ལོ་ཞེས་བསྔོས་པ་ཡང་ཡུལ་གཞན་དུ་སོང་བའི་རྨི་ལམ་དུ་ཡང་མི་འབྱུང་ན་དངོས་སུ་ཟ་ཞིང་འཐུང་བ་ལྟ་ག་ལ་ཡོད། ཚེ་འཕོས་ནས་ལུས་སྲོག་དང་བྲལ་བ་ལ་བསྔོས་ཤིང་གཏད་པ་ཟ་ཞིང་འཐུང་བ་ལྟ་ག་ལ་ཡོད་ཅེས་སོགས་དང་། ཡང་རྒྱལ་པོས་གསོལ་བ༑ བཅོམ་ལྡན་འདས་དེ་ལྟར་ལགས་ན་ཚེ་འཕོས་པ་ལ་འདི་ན་ཕན་འདོགས་པའི་བཟའ་བཏུང་དང་། བཞོན་པ་དང་། གོས་དང་རྒྱན་གཏད་པ་འདི་ལ་དོན་མ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀྱེེ་རྒྱལ་པོ་ཆེན་པོ་ཚེ་འཕོས་པ་དེས་ལས་གང་སྤྱད་པའི་རྣམ་པར་སྨིན་པས་འགྲོ་བ་རིས་ཐ་དད་པ་གང་དུ་སྐྱེ་བ་ལེན་པ་དེ་ལ་མི་དགེ་བ་དང་མ་འབྲལ་བའི་བསོད་ནམས་ཀྱི་ཚོགས་སུ་གྱུར་པའི་ལས་དགེ་བ་སྣ་ཚོགས་པ་བཏང་ན་མཐོ་རིས་དང་ཐར་བར་ཡར་སྐྱེ་ལ། གལ་ཏེ་སྐྱེ་བ་བླངས་བ་ཞིག་ལ་བསོད་ནམས་སུ་གྱུར་པའི་ལས་དགེ་བ་ཞིག་གིས་སྐྱེ་བ་བླངས་པ་དེས་ནོར་རྙེད་པ་དང་། ལོ་ལེགས་པ་དང་། འདོད་པའི་ལོངས་སྤྱོད་འཕེལ་བ་དང་། འགྲོ་བ་གཞན་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་བའི་ཕན་ཡོན་ཡོད་ཀྱི། ཚེ་འཕོས་པ་སྐྱེ་བ་མི་ལེན་པར་གཤིན་པོའི་འཇིག་རྟེན་ན་ཡོད་ནས་བཟའ་བཏུང་དང་། བཞོན་པ་དང་། གོས་དང་། རྒྱན་བདག་པོར་བྱེད་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ་ཞེས་བཤད་ཅིང་། དུས་འཁོར་སྐོར་ལས་ཀྱང་། ཉེ་དུ་འབྲེལ་བ་ཤུལ་ན་གནས་པ་ཡིས། །གཤིན་གྱི་དོན་དུ་དགེ་བ་གང་བྱས་པ༑ ༑རྣམ་པར་སྨིན་པ་མ་ཕྱིར་བེའུ་བཞིན། གང་དུ་གནས་པ་དེ་ཡི་རྗེས་སུ་འབྲང་། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་འཆི་འཕོ་ཇི་ལྟར་འགྱུར་བའི་ཚུལ་གོང་དུ་སྨོས་པ་དེ་ལྟར་བསྟན་པ་ན། ལྷས་བྱིན་ལ་སོགས་པའི་ཤཱཀྱ་འགས་མི་རེ་རེའི་ཁྱིམ་ནས་འབྲུ་སྣ་བསྡུས་ཏེ། དེ་མི་འདིའི་ཡིན་ཞེས་ཡི་གེ་བྲིས་ནས་ཐུམ་བུའི་ནང་དུ་བཅུག་པ་གླང་པོ་ཆེའི་ཁུར་ཆེན་པོར་ལོངས་པ་དང་། དེ་བཞིན་དུ་ནགས་ཀྱི་ཤིང་སྣ་སྣ་ཚོགས་བསྲེགས་པའི་ཐལ་བ་སོ་སོར་ཐུམ་བུ་མིང་ཡིག་དང་བཅས་པ་ལྐོག་ཏུ་བྱས་ཏེ་གླང་ཆེན་གྱི་ཁ་ལ་ལོགས་པ་སྟོན་པའི་དྲུང་དུ་ཁྱེར་ནས་འབྲུ་སྣ་འདི་རྣམས་ནི་མི་གང་དང་གང་གི་ཡིན་པ་དང་། ཐལ་བ་འདི་རྣམས་ཀྱང་ཤིང་གང་གིས་ཐལ་བ་ཡིན་པའི་ཕུང་པོའི་ཐུམ་པོ་རྣམས་ཁ་མ་ཕྱེ་བར་ཇི་ལྟ་བ་བཞིན་ལུང་སྟོན་ཞིག་དང་། ཁྱོད་ཀྱིས་འཆི་འཕོ་ཇི་ལྟར་འགྱུར་བར་གསུངས་པ་དེ་བདེན་པར་གཟུང་གི གཞན་དུ་ཐམས་ཅད་ཡིད་ཆེས་པར་མི་འགྱུར་རོ་ཞེས་ཞུས་ཏེ་ཕུལ་བས། སྟོན་པས་དེ་རྣམས་ཁ་མ་ཕྱེ་བར་རེ་རེ་ནས་འབྲུ་སྣ་འདི་ནི་ཤཱཀྱ་འདི་དང་འདིའིའོ། །འདི་ནི་ཤིང་འདི་དང་འདི་བསྲེགས་པའི་ཐལ་བའོ་ཞེས་ཐམས་ཅད་མཐའ་ཆགས་སུ་མ་ནོར་བར་ཇི་ལྟ་བ་བཞིན་གསུངས་པས། དེ་ནས་རྒྱལ་པོ་སོགས་ཡུལ་མི་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་འཆི་འཕོ་ཇི་ལྟར་གྱུར་བ་དེ་ཁོ་ན་ལྟར་རོ་ཞེས་ཁ་འཆམ་དུ་བདེན་པར་བཟུང་བར་བཤད་དོ། །ཡང་ཊཱིཀ་ཆེན་ལས། བདུན་ཚིགས་ཞེན་པ་ཞག་བདུན་ཕྲག་བདུན་གྱི་ཚིགས་དང་སྦྱོར་བ་ནི། ཚེ་འཕོས་ནས་སྐྱེ་བའི་རྐྱེན་རྙེད་ན་ནི་དེ་མ་ཐག་ཏུ་སྐྱེ་བ་ཡིན་ལ། མ་རྙེད་ན་བར་དོའི་ཚེ་ཚད་ཞག་བདུན་ཡིན་པས་བདུན་ནས་འཆི་འཕོ་ལ། སྐྱེ་བའི་རྐྱེན་མ་རྙེད་ན་ནི་བདུན་ཕྲག་བདུན་དུའང་ཤི་འཕོས་ཤིང་བར་དོར་གནས་ལ། དེ་ནས་ཅིག་ཀྱང་སྐྱེ་བ་ལེན་ཏེ་ཞེས་གསུངས་ཤིང་། སྡོམ་འབྱུང་ལས་ཀྱང་། ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་པར་གནས། །ཞེས་གསུངས་པའི་ཕྱིར་རོ། །ཡང་མཛོད་ལས། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་འགྲོ་བ་གང་གི་བར་དོ་གྲུབ་ཟིན་ན་འགྲོ་བ་གཞན་དུ་མི་ལྡོག་པར་བཤད་ཀྱང་། ཐེག་ཆེན་པའི་ལུགས་ལ་བར་དོ་འགྱུར་བ་ཡོད་དེ། ཊཱིཀ་ཆེན་ལས། ཞག་བདུན་ནས་འཆི་བའི་མཚམས་སུ་སྔར་དམྱལ་བའི་བར་དོ་ཡིན་པ་ལ་ཕྱིས་བདེ་འགྲོར་འགྱུར་བ་ཡོད་དེ། ས་སྡེ་ལས་ཞག་བདུན་གྱིས་ཤི་འཕོས་པ་དེ་ཡང་ན་དེ་ཉིད་དུ་མངོན་པར་འགྲུབ་པར་འགྱུར་རོ། །ཡང་ན་ནི་སྐལ་པ་མི་མཉམ་བ་གཞན་དུ་སྟེ། གལ་ཏེ་ལས་གཞན་གྱི་བྱ་བ་ཡོངས་སུ་འགྱུར་བ་ན་བར་དོའི་སྲིད་པའི་ས་བོན་ཡོངས་སུ་འགྱུར་བར་བྱེད་པའི་ཕྱིར་རོ་ཞེས་གསུངས་ཏེ། དེའི་དོན་སྡིག་ཅན་ཞིག་ལ་ངན་སོང་གི་བར་དོ་གྲུབ་ཟིན་ནས་དེར་སྐྱེ་རྒྱུ་ཡིན་པ་ལ། ཉེ་འབྲེལ་སོགས་ཀྱིས་དགེ་རྩ་བྱས་པའི་སྟོབས་ཀྱིས་ངན་སོང་གི་བར་དོ་འགྱུར་ནས་བདེ་འགྲོ་ལྷ་མིའི་བར་དོར་གྲུབ་སྟེ་བདེ་འགྲོར་སྐྱེའོ་ཞེས་པའོ། །ཡང་དེ་ཉིད་ལས། བར་མ་དོ་ལ་ཕན་གདགས་པའི་ཕྱིར་དུ་ཞག་བདུན་ཕྲག་བདུན་དུ་བྱེད་པ་ཡིན་གྱི། སྤྱིར་གྱིས་ངན་སོང་དུ་སྐྱེས་པ་སོགས་ལ་ཕན་གདགས་པའི་ཕྱིར་ཤི་ནས་ཞག་བདུན་ཕྲག་བདུན་འདས་ཀྱང་དབང་བསྐུར་བ་སོགས་བྱའོ། །སློབ་དཔོན་དབྱིག་གཉེན་གྱིས་འདོད་ཁམས་སུ་སྐྱེ་བའི་བར་དོའི་གཟུགས་བོང་གི་ཚད་བྱིས་པ་ལོ་ལྔའམ་དྲུག་ལོན་པ། ཚངས་རིས་ཀྱི་བར་དོ་བ་ལུས་དཔག་ཚད་ཕྱེད། འོག་མིན་གྱི་བར་དོ་བ་ལུས་དཔག་ཚད་ཁྲི་དྲུག་སྟོང་ཡོད་པར་བཤད་པས་གཟུགས་མེད་པ་མ་ཡིན་ཞིང་། གཟུགས་མེད་པར་བཤད་པ་ནི་ཐོགས་བཅས་ཀྱི་ལུས་མེད་པ་ལ་དགོངས་སོ་ཞེས་གསུངས། མཛོད་ལས། བར་དོ་བ་རྣམས་དབང་པོ་ཀུན་ཚང་བར་བཤད་པ་ནི་འགྲོ་བ་རང་རང་གི་དབང་པོ་ཚང་བ་ལ་དགོངས་ཤིང་། ལུས་ཤིན་ཏུ་ཕྲ་ཞིང་དང་བས་རྩིག་པ་སོགས་ལ་མི་ཐོགས་པར་འགྲོ་ནུས་པ་དང་། བར་དོ་བ་རྣམས་ནང་ཕན་ཚུན་དང་། ལྷའི་མིག་རྣམ་པར་དག་པས་མཐོང ཞིང་གཞན་གྱིས་མི་མཐོང་བ་དང་། ལས་སྟོབས་ཀྱིས་ཐོབ་པའི་རྫུ་འཕྲུལ་ཅུང་ཟད་དང་ལྡན་པར་བཤད་དོ། །མཛོད་ལས། བར་དོ་བས་དྲི་ཟ་བར་བཤད་པས་སྤྱིར་བར་དོ་བ་ལ་དྲི་བསུར་སྦྱིན་པ་ནི་མི་འཐད་པ་མིན་ལ། འདིར་ལྷར་བསྐྱེད་པ་ལ་ཟས་གཏད་བྱེད་པས་ཟས་གཏད་བྱས་ན་ནི་དོན་མེད་དུ་མི་འགྱུར་ཞིང་། དེ་ཡང་ཆོ་གའི་གཞུང་ལྟར་བསྐྱེད་ཅིང་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ་སྟེ། སྔགས་དོན་ལ། སརྦ་བིད་ནི་ཐམས་ཅད་རིག་པའམ་རིག་པ་ཐམས་ཅད། པཱུ་ར་པཱུ་ར་ནི་གང་བའམ་རྫོགས་པ་གཉིས། སཱུ་ར་སཱུ་ར་ནི་ངེས་པར་འཇུག་པའམ་མཛེས་པ་གཉིས། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ནི་ཀུན་ཏུ་འཕེལ་བའམ་འཇིགས་པ་མེད་པ་གཉིས། ཧོཿནི་མཉེས་པའམ་དགྱེས་པར་བྱེད་པའོ། །འབུལ་བའི་ཚིགས་བཅད་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་ཞེས་སོགས་སྔར་གྱི་འདོད་ཡོན་ལྔ་འབུལ་བའི་ཚིགས་བཅད་དེ་ཡིན་པར་བཤད་ཀྱང་། དེ་ལ་ཁ་བསྒྱུར་ཚུལ་མ་བཤད་ཅིང་། འོན་ཀྱང་། མོས་བློས་དཀྱིལ་འཁོར་ལྷ་ལ་ཞེས་པ་ནི། རྟེན་བསྐྱེད་ལྷ་ལ་ཞེས་དང་། མཆོད་གནས་ལྷ་ལ་ཞེས་དང་། རྡོར་སེམས་ལྷ་ལ་ཞེས་པ་ལྟ་བུར་བསྒྱུར་བ་མཐོང་ཡང་ཕྱི་མ་གཉིས་ལེགས་སོ། །བཞེས་ནས་བླ་མེད་བྱང་ཆུབ་བརྙེས་པར་མཛོད་ཅེས་པ་ནི། ཚེ་འདས་བྱང་ཆུབ་བརྙེས་ཞེས་པ་བསྒྱུར་བར་མཐོང་ཡང་། བླ་མེད་བྱང་ཆུབ་བརྙེས་གྱུར་ཅིག་ཅེས་བྱས་ན་བདེའོ། །གསུམ་པ་ལམ་བསྟན་སྦྱངས་གཉིས་ལས། དང་པོ་ལམ་བསྟན་པ་ནི། དཀོན་མཆོག་རིན་ཆེན་ཞེས་སོགས་ཏེ། དོན་མཚོན་ཙམ་ནི། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བཞུགས་པའི་དཀོན་མཆོག་རིན་པོ་ཆེ་དཔལ་གྱི་ཞིང་དུ་ནི་དཀོན་མཆོག་རིན་པོ་ཆེ་དེ་དག་གི་བསོད་ནམས་ལས་བྱུང་བའི་རིན་པོ་ཆེ་དང་། དཀོན་མཆོག་རིན་པོ་ཆེ་དེ་དག་གི་འོད་ཟེར་གྱིས་ཁྱབ་པའི་འོད་རིན་པོ་ཆེའི་ཕྲེང་བ་རྣམ་པར་དག་པ་དང་ལྡན་ནོ་ཞེས་པ་ནི་ཕྱིའི་དག་པའི་ཞིང་སྟོན་པ་ཡིན་ལ། ནང་གིས་ལམ་སྟོན་པ་ནི། ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་དང་། སྒོམ་ལམ་དང་། ས་བཅུ་པའི་ཁྱད་པར་གྱི་ལམ་དང་། ས་བཅུ་པའི་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་ལ་བརྟེན་ནས་སྡིག་པ་དང་སྒྲིབ་པ་ཀུན་སྦྱངས་ནས་འཕགས་པའི་ལམ་མི་སློབ་ལམ་དེར་འགྲོ་བར་ཤོག །ༀ་རཏྣེ་རཏྣེ་ནི་དཀོན་མཆོག་གམ་རིན་པོ་ཆེ་གཉིས། མ་ཧཱ་རཏྣ་ནི་རིན་པོ་ཆེ་ཆེན་པོ། །རཏྣ་སམྦྷ་ཝ་ནི་རིན་པོ་ཆེ་ཡང་དག་པར་འབྱུང་བ། རཏྣ་ཀི་རཏྣ་ནི་རིན་ཆེན་འོད་འཕྲོ་བ། རཏྣ་མ་ལ་བི་ཤུདྡྷེ་ནི་རིན་ཆེན་ཕྲེང་བ་རྣམ་པར་དག་པ་ཞེས་པ་སྟེ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ་ཞེས་པ་འདི་བསྒྱུར་བ་ལྟར་སྣང་ངོ་། །ཤོདྷ་ཡ་སརྦ་པཱ་བཾ་ནི་སྡིག་པ་ཐམས་ཅད་སྦྱོངས་ཤིང་ཅེས་པའོ། །གཉིས་པ་ལམ་སྦྱངས་པ་ནི། པདྨ་འདམ་གྱིས་མ་གོས་ཕྱོགས་ཏེ། སྤྱིར་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གྲོས་པ་ལྟར། འཇིག་རྟེན་སྲིད་པར་གནས་ཀྱང་སྲིད་པ་གསུམ་གྱི་ཉེས་པའི་དྲི་མས་མ་གོས་ཤིང་། སྲིད་པར་གནས་པའི་པདྨ་ལས་བྱུང་བ་དག་པའི་ཞིང་བདེ་བ་ཅན་དུ་སྐྱེ་བར་ཤོག་ཅིག་ཅེས་པའོ། །སྔ་མ་དང་དོན་ཅུང་ཟད་འདྲ་བ། པདྨེ་པདྨེ་ནི་པདྨ་ཅན་གཉིས། པདྨ་སཾམྦྷ་ཝ་ནི་པདྨ་ཡང་དག་པར་འབྱུང་བ། མ་ཧཱ་སུ་ཁ་ནི་བདེ་བ་ཆེན་པོ། བ་ཏི་གཙྪ ནྟུ་ནི་གནས་སུ་སོང་ཞིག་ཅེས་པ་སྟེ། པདྨ་ཡང་དག་པར་འབྱུང་བའི་བདེ་བ་ཆེན་པོའི་གནས་སུ་སོང་ཞིག་ཅེས་པའོ། །གསུམ་པ་མཇུག་ཏུ་དེ་ལྟར་ལམ་བསྟན་སྦྱངས་བྱས་ནས། ཚེ་འདས་ཀྱི་རྣམ་ཤེས་ལྷ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་པ་སྤྱི་གཙུག་ནས་ཐོན་ཏེ་བདེ་བ་ཅན་དུ་སོང་ནས་པདྨ་ལས་བརྫུས་ཏེ་སྐྱེས་པ་ན། བདེ་བ་ཅན་དེ་ན་གནས་པའི་བྱང་སེམས་རྙིང་བ་རྣམས་ཀྱིས་མཆོད་པར་བསམས་ལ། ཆུ་གཉིས་ཉེར་སྤྱོད་རོལ་མོའི་བར་གྱིས་མཆོད། གོང་དུ་ཚེ་འདས་བསྐྱེད་པའི་སྐབས་སུ་ཡེ་ཤེས་པ་དགུག་གཞུག་བྱས་ན་ལེགས་མོད། མ་བྱས་ཀྱང་ལྷ་བསྐྱེད་པ་དང་མཉམ་དུ་ཡེ་ཤེས་པ་གདོན་ནས་གྲུབ་པར་བསམ་དགོས་སོ། །དེ་ནས་ཚེ་འདས་དེས་ཀྱང་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཐོང་སྟེ་མཆོད་པར་བསམས་ལ་སྔར་བཞིན་མཆོད་པ་དང་། སངས་རྒྱས་ཀྱིས་ཆོས་བསྟན་པའང་ཐོས་པར་བསམ། དེ་ནས་ལྷ་རྣམས་ཀྱིས་ཚེ་འདས་བདེ་བ་ཅན་དུ་སྐྱེས་པ་དེ་ཉིད་ཆོ་ག་བྱེད་པ་པོའི་མཐུར་ཤེས་ནས་རང་ལ་མཆོད་པར་བསམས་ལ་སྔར་བཞིན་མི་མཆོད་ཅིང་། སངས་རྒྱས་བཅོམ་ལྡན་འདས་དང་འདྲ་བའི་སྟོན་པ་གཞན་མེད་ཅིང་། དམ་པའི་ཆོས་དང་འདྲ་བའི་དགེ་བ་གཞན་མེད་ལ། ཆོས་དེའི་ནང་སྔགས་ཀྱི་ཐབས་ལམ་ཁྱད་པར་ཅན་དང་འདྲ་བའི་འདྲེན་པ་གཞན་མེད་དོ་ཞེས་བསྔགས་པར་བསམ། དེ་ནས་ཚེ་འདས་ཀྱིས་རང་བདེ་བ་ཅན་དུ་སྐྱེས་པ་ནི། ཆོ་ག་བྱེད་པ་པོ་བདག་གིས་ཆོ་ག་བྱས་པའི་མཐུར་ཤེས་ནས་བདེ་བ་ཅན་ནས་སྐད་ཅིག་གིས་འོངས་ཏེ། ཨེ་མའོ་ངོ་མཚར་ཆེ་སྟེ་ཐུབ་དབང་ཤཱཀྱ་མགོན་པོ་ཡི་སངས་རྒྱས་ཀྱི་མཛད་པ་ཁྱད་པར་ཅན་འདི་ལྟ་བུ་བསྟན་པ་ནི་ཡ་མཚན་ཆེའོ། །རྒྱུ་མཚན་གང་གི་ཕྱིར་ན་ངན་སོང་དུ་ལྟུང་བའི་སེམས་ཅན་བདག་ལྟ་བུ་མྱུར་དུ་དེ་ལས་གྲོལ་ལོ། །དེ་བཞིན་གཤེགས་པའི་མདོ་སྔགས་ཀྱི་ཆོས་ནི་བསམ་གྱིས་མི་ཁྱབ་ཅིང་། གསང་སྔགས་ཀྱི་ཆོ་ག་བྱས་པའི་ཡོན་ཏན་ཏེ་ཕན་ཡོན་བསམ་གྱིས་མི་ཁྱབ་ལ། བྱང་ཆུབ་ཀྱི་གོ་འཕང་ཐོབ་ཅིང་བསྟེན་པ་རྣམས་ཀྱང་བསམ་གྱིས་མི་ཁྱབ་པ་དང་། ཚངས་པར་སྤྱོད་པའི་ཚུལ་ཁྲིམས་དྲི་མ་མེད་པའི་འབྲས་བུ་སྐྱེ་བ་ཁྱད་པར་ཅན་འཛིན་པ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་སོ། །ཚིག་ཕྱི་མ་འདི་ལ་འཆད་ཚུལ་གཞན་ཡང་ཡོད་དོ། །ཨེ་མ་ནི་ངོ་མཚར་ཆེ་བའོ། །སངས་རྒྱས་རྣམས་ཀྱི་སྔགས་ཀྱི་བྱིན་རླབས་ནི་ཡ་མཚན་ཆེ་སྟེ། རྒྱུ་མཚན་གང་གི་ཕྱིར་ན་སྡུག་བསྔལ་བར་མཚམས་མེད་པར་མྱོང་བར་འགྱུར་བའི་ངན་འགྲོའི་གནས་སུ་ལྷུང་བའི་སེམས་ཅན་བདག་ལྟ་བུ་ལྷའི་གནས་སུ་མྱུར་དུ་སྐྱེས་སོ་ཞེས་ཆེད་དུ་བརྗོད་པའི་སྒོ་ནས་བསྔགས་ཤིང་། རང་དང་དཀྱིལ་འཁོར་བའི་ལྷ་ལ་སྔར་བཞིན་མཆོད་དེ་སླར་ཡང་བདེ་བ་ཅན་དུ་སོང་བར་གྱུར་པར་བསམས་ལ། ༀ་སརྦ་བུདྡྷ་སོགས་བརྗོད། སརྦ་བུདྡྷ་ནི་སངས་རྒྱས་ཐམས་ཅད། ཀྵེ་ཏྲ་ནི་ཞིང་། གཙྪནྟུ་ནི་སོང་ཞིག་སྟེ་སངས་རྒྱས་ཐམས་ཅད་ཀྱི་ཞིང་དུ་སོང་ཞིག་ཅེས་པའོ། །སྐབས་འདིར་མཆོད་པ་བཞི་འབྱུང་ཡང་ད་ལྟ་ཕལ་ཆེར་དང་པོ་ཙམ་དང་། ལ་ལ་ཕྱི་མ་དང་བཅས་མཆོད་པ་གཉིས་ཙམ་མཛད་པ་མི་འགལ་ཏེ། རྒྱས་བསྡུས་ཀྱི་དབང་དུ་ཡིན་པ་དང་། གཞན་མ་བྱས་ཀྱང་ལྷག་ཆད་དུ་མི་འགྱུར་ཞིང་། གནད་ཀྱང་དེ་ཙམ་མི་ཆེ་བས་སྐབས་བསྟུན་གྱིས་བྱ་ལ། སྤྲོས་པ་ལ་དགའ་ན་ནི་བཞི་ཀ་རྒྱས་པར་བྱ་བར་བཤད། འདིའི་སྐབས་ཀྱི་ཆེད་བརྗོད་སོགས་བྱ་ཚུལ་ནི། སྦྱོང་རྒྱུད་ཀྱི་གླེང་གཞིའི་སྐབས་ལས་གསུངས་པ་དང་སྦྱར་རོ། །དེ་ནས་བསྔོ་སྨོན་ཅི་རིགས་བྱས་ལ་ཆོ་ག་བསྡུས་ཏེ། རོའམ་བྱང་བུ་གང་ཡིན་ཡང་གྲུབ་ན་མེ་ལ་གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། ཞེས་སོགས་བརྗོད་ཅིང་། ཡེ་ཤེས་ཀྱི་མེས་སྡིག་སྒྲིབ་དང་བཅས་བསྲེགས་པར་བསམས་ནས་བསྲེགས་ལས། ཕུང་པོ་ལྔ་རྣམ་པར་དག་པའི་རིགས་ལྔ་དང་སྐུ་གསུམ་གྱི་གོ་འཕང་ཐོབ་པར་བསམ་མོ། །མིང་བྱང་ལྟ་བུ་ནི་ནམ་བསྲེག་ཀྱང་འགལ་བ་མི་སྣང་ཡང་། ཤི་ནས་ཞག་ཏུ་མ་ལོན་པའི་ཕུང་པོ་བསྲེག་ཏུ་མི་རུང་སྟེ། རྣམ་ཤེས་ཕྱིར་མ་ཐོན་པར་བསྲེགས་ན་སྡིག་ཆེ་བའི་ཕྱིར་རོ། །འཕོ་བའི་དབང་གིས་མྱུར་དུ་ཐོན་སྲིད་ཀྱང་། དེ་མིན་ཞག་གསུམ་ནང་ཚུན་ཆད་མེར་མ་བསྲེགས་ན་ལེགས་ཤིང་། གང་ཟག་གི་རིགས་འགའ་ཞིག་གི་རྣམ་ཤེས་ནི་ལུས་ལ་ཞག་ལྔ་དང་། བདུན་དང་། དེ་ལས་རིང་བར་གནས་པ་ཡང་སྲིད་པས་ཤེས་དགོས་པ་ཡོད་དོ། །གཉིས་པ་ཚེ་ལྡན་ལ་ལྷོ་སྒོ་བྱ་ཚུལ་ཅུང་ཟད་བརྗོད་ན། བསྒྲུབ་བྱ་མདུན་དུ་འཁོད་པ་ལ་ཁ་ཅིག་གཤིན་པོ་ལ་བྱེད་པ་ལྟར་རྣམ་ཤེས་དགུག་གཞུག་སོགས་བྱེད་པ་དེ་མི་དགོས་སོ། །དེས་ན། རང་ཉིད་ཧཱུཾ་མཛད་དུ་བསྒྱུར་བ་ནས་བྱ་ལ། འཇིགས་བྱེད་ལ་ཧཱུཾ་མཛད་དུ་མ་བསྒྱུར་ཀྱང་ཆོག །བགེགས་གཏོར་སྐྱེལ་བའི་ཚེ་སྦྱིན་པའི་བདག་པོའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཀྱི་རིགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། གནོད་པའི་བསམ་སྦྱོར་ངན་པ་ཐམས་ཅད་སྤོང་ལ་ཕན་པ་བདེ་བའི་བསམ་པ་དང་། བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་སོགས་དཀྱུས་ལྟར་བརྗོད་པར་བྱའོ། །གཞན་ཡང་ཚེ་འདས་ཞེས་པ་སྦྱིན་པའི་བདག་པོ་ལྟ་བུར་བསྒྱུར་ཞིང་། བྲག་སྔགས་དང་ཁྲུས་ཀྱི་སྐབས་སུ་ནི། སྡིག་སྒྲིབ་འདག་པ་དང་འཚང་རྒྱ་བའི་སྤེལ་ཚིག་སྤྱི་ལྟར་ཡང་རུང་མོད། དགོས་པའི་དབང་གིས་ནད་གདོན་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་སྤེལ་ཚིག་སྦྱར་ན་ལེགས་ཀྱང་། མི་མཛད་མཁན་མང་བས་མཐའ་མ་བཀག །དེ་ནས་གཙོ་རྒྱལ་མའི་མཇུག་ཏུ་ཤིས་བརྗོད་མཛད་པ་ཡན་གྱིས་གྲུབ་པ་ནི་ཕྱག་ལེན་ནོ། །ལྷོ་སྒོའི་སྐབས་དང་ཆོ་གའི་མཇུག་ཏུ་ལྷག་ཆད་ཀྱི་ཉེས་པ་སྦྱོང་བའི་ཕྱིར་དུ་ཡིག་བརྒྱ་བརྗོད་དགོས་པར་བཤད་པས། དེའི་སྔགས་དོན་ལ། ༀ་གྱི་མཚོན་དོན་ནི་གོང་དུ་བརྗོད་ཟིན་ཅིང་། བཛྲ་ས་ཏྭ་ས་མ་ཡ་ནི་རྡོ་རྗེ་སེམས་དཔའི་དམ་ཚིག །མ་ནུ་པཱ་ལ་ཡ་ནི་རྗེས་སུ་སྐྱོངས་ཤིག །བཛྲ་ས་ཏྭ་ཏེ་ནོ་པ་ཏིཥྛ་ནི་རྡོ་རྗེ་སེམས་དཔའ་ཉིད་ཉེ་བར་གནས་སམ་བཞུགས་ཤིག །ཌིཌྡྷོ་བརྟན་པ། མེ་བདག །བྷ་བ་མཛོད་ཅིག་ཅེས་པ་སྟེ། བདག་ལ་བརྟན་པར་མཛོད་ཅིག་གམ་གྱུར་ཅིག་ཅེས་སོ། །སུ་ནི་ཤིན་ཏུ། ཏོ་ཥྱོ་ནི་དགྱེས་པ། མེ་བྷ་བ་ནི་བདག་ལ་མཛོད་ཅིག །སུ་པོ་ཥྱོོ་ནི་ཤིན་ཏུ་རྒྱས་པ། གཞན་སྔ་མ་བཞིན། ཨ་ནུ་ནི་རྗེས་སུ། རཀྟོ་ནི་ཆགས་པ། སརྦ་སིདྡྷི་ནི་དངོས་གྲུབ་ཐམས་ཅད། མེ་པྲ་ཡཙྪ་བདག་ལ་རབ་ཏུ་སྩོལ་ཅིག །སརྦ་ཀརྨཱཿསུ་ཙ་མེ་ནི་བདག་གི་ལས་ཐམས་ཅད་གཙང་བར་མཛོད་ཅིག །ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ནི་སེམས་ཀྱི་དཔལ་དུ་མཛོད་ཅིག་ཅེས་པ་སྟེ། ཙིཏྟཾ་ནི་སྙིང་ངམ་སེམས་ཀྱི། ཤྲཱི་ཡཾ་ནི་དཔལ་ལོ། །ཤྲི་ཡ་ཞེས་པ་ལྟར་ན་དགེ་ལེགས་སུ་མཛོད་ཅིག་ཅེས་པའོ། །ཧཱུཾ་ནི་ས་བོན་དང་། ཧ་བཞི་ནི་ཡེ་ཤེས་བཞི། ཧོཿནི་མཉེས་པར་བྱེད་པའོ། །བྷ་ག་ཝ་ན་ནི་བཅོམ་ལྡན་འདས། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། བཛྲ་མ་མེ་ནི་རྡོ་རྗེས་བདག །མུཉྩ་ནི་གྲོལ་བར་མཛོད་ཅིག་གམ་མ་འདོར་ཅིག །བཛྲི་བྷ་ཝ་ནི་རྡོ་རྗེ་ཅན་དུ་གྱུར་ཅིག་གམ་མཛོད་ཅིག །མ་ཧཱ་ས་མ་ཡ་ས ཏྭ་ནི་དམ་ཚིག་ཆེན་པོའི་སེམས་དཔའ་ཞེས་པའོ། །འདི་ཆོ་ག་བཞིན་དུ་མང་དུ་བཟླས་པའི་ཕན་ཡོན་ནི། དེ་ཉིད་བསྡུས་པ་ལས། འདིས་ནི་མཚམས་མེད་པ་བྱས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང་། དམ་པའི་ཆོས་ལ་སྨད་པ་དང་། ཉེས་པ་ཐམས་ཅད་བྱས་པའང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་བརྟན་པར་འགྱུར་ནས་ཚེ་འདི་ཉིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་དམ། །ཞེས་པ་ནས། དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་བར་འ ཐོབ་བོ་ཞེས་གསུངས། འོ་ན་རྡོ་རྗེ་སེམས་དཔའ་དེ་གང་ལ་བྱ་ཞེ་ན། སྤྱི་དཀྱིལ་འཁོར་སོ་སོའི་སྐབས་སུ་གཙོ་བོ་ཉིད་རྡོ་རྗེ་སེམས་དཔར་སྒོམ་པ་མང་ཡང་། ཀུན་རིག་གི་སྐབས་འདིར་ནི་སྟོན་པའམ། ཕྱག་ན་རྡོ་རྗེ་ཉིད་རྡོ་རྗེ་སེམས་དཔར་གྱུར་ཏེ། ཕྱག་རྡོར་གྱི་མཚན་བརྒྱ་རྩ་བརྒྱད་པ་དང་། མཚན་བསྟོད་ཀྱི་སྐབས་དག་ལས་ཀྱང་། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །ཞེས་འབྱུང་བ་ལྟར་རོ། །གལ་ཏེ་ཕྱག་རྡོར་བྱང་སེམས་ཡིན་པས་རྡོར་སེམས་སུ་ཇི་ལྟར་འགྱུར་ཞེ་ན། སྐྱོན་མེད་དེ། བྱང་སེམས་ཀྱི་ཚུལ་བཟུང་ཡང་ངེས་དོན་དུ་སངས་རྒྱས་སུ་འདོད་དགོས་པའི་ཕྱིར་ཏེ། སྦྱོང་རྒྱུད་ཀྱི་མཇུག་གི་ཕྱག་རྡོར་གྱི་མཚན་བསྟོད་ལས། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ཞེས་གསུངས་པའི་ཕྱིར་རོ། །རྒྱལ་བས་གདུལ་བྱའི་དོན་དུ་ཆོས་ཚུལ་མང་། །གསུངས་པའི་ནང་ནས་ངན་སོང་སྦྱོང་བའི་ཐབས། །བཅོམ་ལྡན་ཐམས་ཅད་རིག་པའི་རྒྱུད་རྒྱལ་ལས། །མཆོག་ཏུ་གྱུར་པ་གཞན་ནི་ཡོད་མ་ཡིན། །དེ་ཡི་དགོངས་དོན་བློ་བཟང་རྒྱལ་བའི་སྲས། །རྡོ་རྗེ་འཛིན་གྱིས་རྗེས་བཟུང་སེམས་དཔའ་ཆེ། །འདུལ་བ་འཛིན་པར་གྲགས་པའི་ལེགས་བཤད་ཀྱི། །དགོངས་དོན་ལྷོ་སྒོའི་ཊཱིཀྐ་འདི་ཉིད་བྱས། །ཚུལ་འདིར་སྒོ་གསུམ་འབད་པའི་འོ་མཚོ་ལས། །རྣམ་དཀར་བདུད་རྩིའི་ཀཱ་ལ་ཤ་ཐོབ་དེས། །ངན་འགྲོའི་རྒྱུ་ཚོགས་དྲི་མ་ཀུན་བཀྲུས་ནས། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་ཀུན་རིག་གི་ལྷོ་སྒོའི་རྒྱས་འགྲེལ་གཞན་ཕན་ཉི་འོད་ཅེས་བྱ་བ་འདི་ནི། སྐྱ་ལུང་སྔགས་རམ་པ་རྒྱལ་མཚན་བཀྲ་ཤིས་ཀྱིས་བསྐུལ་བ་ལྟར། ཤཱཀྱའི་བཙུན་པ་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་ལོ་བཅུ་ཕྲག་བདུན་པའི་ཐོག་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ།། །། མངྒལཾ།།