cover

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

པོད་བཅུ་བདུན་པ།

ཅོ་ནེ་གྲགས་པ་བཤད་སྒྲུབ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གདུགས་དཀར་གྱི་གདོན་ཟློག་གེགས་སེལ

གདུགས་དཀར་གྱི་གདོན་ཟློག་གེགས་སེལ་ཞེས་བྱ་བ་བཞུགས།

ན་མོ་ཤཱཀྱ་མུ་ན་ཡེ། བདེ་གཤེགས་གཙུག་ཏོར་ལས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་བགེགས་ཚོགས། །ཚར་གཅོད་རྒྱལ་བ་ཀུན་གྱི་ཡུམ། །གཙུག་ཏོར་གདུགས་དཀར་ཞབས་ལ་འདུད། །དེ་ལ་གདུགས་དཀར་གྱི་སྒོ་ནས་གཞན་གྱི་འགའ་རྐྱེན་སེལ་བའི་ཐབས་ཅུང་ཟད་ཅིག་བཤད་པར་བྱ་སྟེ། དེ་ཡང་འདིའི་བཟློག་ཆེན་བྱ་ཚུལ་ཞིག་ནི་ལོགས་སུ་འཆད་པར་འགྱུར་ལ། འདིར་གཞུང་འགའ་ཞིག་ནས་བྱད་བཟློག་ཅེས་གྲགས་པའི་ཆོ་ག་ཞིག་འབྱུང་ཞིང་། དེ་ལ་ཡང་མི་འདྲ་བ་འགའ་རེ་སྣང་བ་ལས། གདོན་ཟློོག་གི་བསྐོར་དགོས་པས་ཁ་བསྐང་ནས་འཇུག་པ་བདེ་ཁུལ་དུ་བྱས་ནས་འགའ་ཞིག་ལ་ཕན་འདོད་ཀྱི་བསམ་པས་བརྗོད་པར་བྱའོ། །བཅའ་ཐབས་ནི། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ། །དབུས་སུ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ། དེའི་ཕྱི་རོལ་ཏུ་པད་འདབ་གྱི་དབྱིབས་ལྟ་བུའི་འཁོར་ལོ་རྩིབས་བཅུ་དྲུག་པ། དབུས་ཀྱི་ལྟེ་བར་ཞལ་ཡོངས་རྫོགས་ཀྱི་སྐུ་དཀར་བ། །ཞལ་གཅིག་ཕྱག་གཉིས་མ་གཡས་སྐྱབས་སྦྱིན་དང་གཡོན་གདུགས་དཀར་འཛིན་པ་བཀོད་ཀྱང་མི་འགལ་ཡང་། མ་གྲུབ་ན་དབུས་ནས་བཟུང་སྟེ་ལྷ་རྣམས་ཀྱི་གནས་ཐམས་ཅད་དུ་ཐིག་ལེ་དང་། དེའི་སྟེང་དུ་ཚོམས་བུ་ལྷ་གྲངས་དང་མཉམ་པ་བཀོད་ན་ལེགས་ཤིང་། གཙོ་མོའི་གནས་སུ་ཙ་ཀ་ལི་སོགས་ཀྱི་སྐུ་ཡོད་ན་དེའི་སྟེང་དུ་དར་རམ་ཤོག་རས་དཀར་པོའི་གདུགས་བྱ། གནས་ཀྱི་མདོག་ནི་ཤར་ཕྱོོགས་བཞིའི་རིམ་པ་བཞིན་དཀར་སེར་དམར་ལྗང་ཁུར་བྱའོ། །དེ་ལྟར་བྱས་པ་དེ་ཉིད་མདུན་དུ་སྟེགས་ཀྱི་ཁར་བཞག་སྟེ། མཐར་དར་རམ་རས་ཤོག་སོགས་ཀྱིས་བསྐོར་ནས་རྒྱན་གྱི་བརྒྱན། །མདུན་དུ་མཆོད་པ་ཆུ་གཉིས་ཉེར་སྤྱོད་ལྔ་དང་འདོད་ཡོན་དང་བཅས་པ་དང་། གཙོ་མོའི་ཟླུམ་གཏོར་གྱི་མཐར་གཏོར་ཆུང་ཉེར་གཉིས་སམ་ཅི་འགྲུབ་དང་། གཞི་བདག་གི་གཏོར་མ་ཡང་བྱའོ། །དེ་ནས་བདག་མདུན་གཉིས་ལས། བདག་བསྐྱེད་ལ་ལྷ་གཞན་ལ་བརྟེན་པ་ཡང་རུང་མོད། འདིར་གདུགས་དཀར་ཉིད་ཀྱི་བདག་བསྐྱེད་བྱ་སྟེ། དེ་ལ་ཡང་ཕྱག་སྟོང་མ་དང་། ཞལ་གསུམ་ཕྱག་བརྒྱད་མ་དང་། ཞལ་གསུམ་ཕྱག་དྲུག་མ་དང་། ཞལ་གཅིག་ཕྱག་གཉིས་རྣམས་ལས། འདིར་ཕྱག་སྟོང་མའི་དབང་དུ་བྱ་སྟེ། དེ་ལ་ཡང་བསྐྱེད་ཚུལ་ལྷ་དྲུག་བསྐྱེད་དང་། ཆོ་ག་གསུམ་བསྐྱེད་དང་། སྐད་ཅིག་དཀྲོང་བསྐྱེད་རྣམས་ལས་གང་བྱས་ཀྱང་མི་རུང་བ་མི་སྣང་ཡང་། འདིའི་རྒྱ་གཞུང་རྣམས་ནས་ཆོ་ག་གསུམ་བསྐྱེད་བྱས་པ་མང་དུ་སྣང་བ་ལྟར་བྱ་སྟེ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སོགས་བྱས་ནས། ༀ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་ལས་གདུགས་དཀར་པོའི་ཏོག་ལ་ༀ་ཡིག་གིས་མཚན་པ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་གདུགས་དཀར་པོ་ཅན། དབུ་སྟོང་དང་ཕྱག་སྟོང་མངའ་བ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། མི་ཕྱེད་འབར་བའི་མཚན་རྟགས་ཅན། སྐུ་མདོག་དཀར་མོ་སྒེེག་ཅིང་དཔའ་བའི་ཉམས་ལྡན། རྩ་ཞལ་ཉིས་བརྒྱ་དཀར། གཡས་ཞལ་ཉིས་བརྒྱ་སེར། །རྒྱབ་ཞལ་ཉིས་བརྒྱ་དམར། །གཡོན་ཞལ་ཉིས་བརྒྱ་ལྗང་། སྟེང་ཞལ་ཉིས་བརྒྱ་སྔོ། ཞལ་རེ་རེ་ལ་ཡང་སྤྱན་གསུམ་གསུམ་ལྡན་ཞིང་། དབུ་རེ་རེ་ལ་ཁྲོ་བོའི་རྡོ་རྗེས་མཚན་པ། དབུའི་སྟེང་དུ་སངས་རྒྱས་བྱེ་བ་ཕྲག་བདུན་གྱི་ཅོད་པན་འཆང་བ། ཕྱག་གཡས་ཀྱི་དང་པོས་འཁོར་ལོ་དང་བཅས་པའི་སྐྱབས་སྤྱན། གཡོན་གྱི་དང་པོས་གདུགས་དཀར་པོའི་ཡུ་བ་ཐུགས་དཀར་འཛིན་ཅིང་། གཡས་གཡོན་གྱི་ལྷག་མ་དགུ་བཅུ་རྩ་དགུ་ན་འཁོར་ལོ་དང་མདའ། གཡས་ཀྱི་ལྷག་མ་བཞི་བརྒྱས་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་རྣམས་བརྒྱ་ཕྲག་རེ་རེ་འཛིན་ཅིང་། གཡོན་གྱི་ལྷག་མ་བཞི་བརྒྱས་མདའ་གཞུ་དང་རལ་གྲི་དང་ཞགས་པ་དང་ལྕགས་ཀྱུ་རྣམས་བརྒྱ་ཕྲག་རེ་རེ་འཛིན་པ། དར་གྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། ཞབས་གཡས་ལྔ་བརྒྱ་བརྐྱངས་པས་རྒྱལ་པོའི་ཆད་པ་ལ་སོགས་པའི་འཇིགས་པ་དང་། གཡོན་ལྔ་བརྒྱ་བསྐུམས་པས་མདངས་འཕྲོག་མ་ལ་སོགས་པའི་གདོན་ཐམས་ཅད་འཇོམས་པར་མཛད་པ། སྐུའི་ཆ་ཐམས་ཅད་ན་ཟུར་གྱིས་ལྟ་བ་དང་། ཆེར་བགྲད་པ་ལ་སོགས་པའི་སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། ཉམས་དགུ་དང་ལྡན་པ། སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་ཡེ་ཤེས་ཀྱི་རྡོ་རྗེའི་མེ་རབ་ཏུ་འབར་བས་ས་གསུམ་གྱི་དཀྱིལ་འཁོར་ཐམས་ཅད་འགེངས་པ། འཇིགས་པ་ཐམས་ཅད་ལས་སྐྱོབ་ནུས་པའི་བདག་ཉིད་ཅན་དུ་གྱུར། །དེའི་སྤྱི་བོར་ༀ་དཀར་པོ་ནས་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་གདུགས་དཀར་མོ་ཅན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཨེ་ཧྱེ་ཧི་བཛྲ་ས་མཱ་ཡ་ཛཿཛཿ ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། །ཁྱོད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ༀ་སརྦ་ནས་ཤྲཱི་ཡེ་ཧཱུཾ་ཞེས་གསུངས་ཤིང་སྐྱེ་བོ་ནས་དབང་བསྐུར་བས། ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག་ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རྣམ་སྣང་གིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡིན་ཞབས་བསིལ་ནས་ཤབྟ་ཨཱཿཧ྄ཱུཾ་གིས་རྒྱུད་སྡེ་འོག་མ་ལྟར་བྱིན་གྱིས་བརླབས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ་ནས་ཤཔྟའི་བར་གྱིས་མཆོད་ལ། རྒྱལ་ཀུན་མཐུ་སྟོབས་ནུས་པའི་དཔུང་། །གཅིག་བསྡུས་ལྷ་མོའི་སྐུར་ཤར་བ། །དྲན་པ་ཡིས་ཀྱང་གདོན་བགེགས་ཚོགས། །འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །རང་གི་ཐུགས་ཀའི་ༀ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་ཐམས་ཅད་ཞི་བར་བྱས། སླར་འདུས་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱཧཱ། ཞེས་པའི་ཉེ་སྙིང་དང་སྙིང་པོ་ཅི་འགྲུབ་བཟླས་ནས། ཡིག་བརྒྱ་བརྗོད་དེ། སླར་ཡང་མཆོད་བསྟོད་བྱེད་དམ་མིན་ཡང་རུང་ངོ་། །དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། སྒྲུབ་གཞི་བསངས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་བྷྲུཾ་ལས་གཞལ་ཡས་ཁང་གྲུ་བཞི་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་པདྨ་འདབ་མ་བརྒྱད་པ་འཁོར་ལོ་རྩིབས་བཅུ་དྲུག་པ་ཟླ་བའི་གདན་དང་བཅས་པ་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་གདུགས་དཀར་མོ་ཅན་རིག་སྔགས་ཀྱི་ལྷ་མོའི་ཚོགས་དང་བཅས་པ་སྤྱན་དྲངས། རྒྱལ་བའི་མཚན་མཆོག་གཙུག་ཏོར་ལས་འཁྲུངས་པའི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པའི་བཅོམ་ལྡན་འདས་མ་ཉིད། །རིག་སྔགས་ལྷ་མོའི་ཚོགས་བཅས་གཤེགས་སུ་གསོལ། །ཨེ་ཧྱེ་ཧི། ཨུཥྞཱི་ཥ་སི་ཏ་ཏ་པ་ཏྲེ་ས་པཱ་རི་ཝ་ར་བཛྲ་ས་མཱ་ཡ་ཛཿཛཿཛཿ ཕོ་བྲང་གི་ནང་དུ་རང་རང་གི་གདན་ལ་བཞུགས་པར་གྱུར། དབུས་ཀྱི་གདན་ལ་བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན། དབུ་སྟོང་དང་ཕྱག་སྟོང་མངའ་བ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ། ཞེས་པ་ནས། འཇིགས་པ་ཐམས་ཅད་ལས་སྐྱོབ་ནུས་པའི་བདག་ཉིད་ཅན་དུ་གྱུར། འཁོར་གྱི་ལྷ་རྣམས་ལ་སྐུ་མདོག་དང་ཕྱག་མཚན་མི་འདྲ་བ་གཞན་ཡོད་ཀྱང་འདིར། དེའི་ཤར་གྱི་འདབ་མ་ལ་གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ་གཡས་རྡོ་རྗེ། ལྷོར་གཏུམ་པ་ཆེན་མོ་སྟོབས་ཆེན་མོ་གཡས་ནོར་བུ། ནུབ་ཏུ་འབར་བ་ཆེན་མོ་གཟི་བརྗིད་ཆེ་གཡས་པདྨ། བྱང་དུ་དཀར་མོ་ཆེན་མོ་སྟོབས་ཆེན་མོ་གཡས་སྣ་ཚོགས་རྡོ་རྗེ། བཞི་ཀའི་གཡོན་པས་འཕྲེང་བ་འཛིན་ཅིང་། སྐུ་མདོག་དཀར་སེར་དམར་ལྗང་ཁུའོ། །མཚམས་སུ་བདུད་རྩིས་གང་བའི་བུམ་པ་བཞི། ཤར་གྱི་རྩིབས་དང་པོ་ལ་འབར་བའི་འཕྲེང་བ་གོས་དཀར་མ། གཉིས་པ་ལ་འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། གསུམ་པ་ལ་རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས་མ། །བཞི་པ་ལ་པདྨའི་མངོན་མཚན་རྡོ་རྗེའི་མཚན་མ་སྟེ་བཞི་ཀའང་གཡས་རྡོ་རྗེ་དང་གཡོན་འཕྲེང་བ་འཛིན་ཅིང་། ཐམས་ཅད་ཀྱང་སྐུ་མདོག་དཀར་པོའོ། །ལྷོའི་རྩིབས་དང་པོ་ལ་གཞན་གྱིས་མི་ཐུབ་འཕྲེང་བ་ཅན། །གཉིས་པ་ལ་རྡོ་རྗེ་མཁར་བསྣམས་འཇོམས་པ་མོ། །གསུམ་པ་ལ་ཞི་བ་ལྷ་རྣམས་ཀྱིས་མཆོད་མ། བཞི་པ་ལ་གཟུགས་བཞི་གཟི་བརྗིད་ཆེན་མོ་ཅན་རྣམས་གཡས་རིན་པོ་ཆེ་དང་གཡོན་ཨུཏྤ་ལ་འཛིན་ཅིང་། ཐམས་ཅད་ཀྱང་སྐུ་མདོག་སེར་པོའོ། །ནུབ་ཀྱི་རྩིབས་དང་པོ་ལ་འཕགས་མ་སྒྲོལ་མ་སྟོབས་མོ་ཆེ། གཉིས་པ་ལ་རྡོ་རྗེ་ལུ་གུ་རྒྱུད་གཞན་མ། གསུམ་པ་ལ་རྡོ་རྗེ་གཞོན་ནུ་རིག་འཛིན་མ། བཞི་པ་ལ་ལག་ན་རྡོ་རྗེ་རིགས་གསེར་འཕྲེང་རྣམས་གཡས་ཨུཏྤ་ལ་དམར་པོ་དང་གཡོན་འཕྲེང་བ་འཛིན་ཅིང་། ཐམས་ཅད་ཀྱང་སྐུ་མདོག་དམར་པོའོ། །བྱང་གི་རྩིབས་དང་པོ་ལ་ལེབ་རྒན་རྩི་དང་རིན་ཆེན་མ། གཉིས་པ་ལ་སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས་མ། གསུམ་པ་ལ་རྣམ་པར་བསྒྱིངས་མ་རྡོ་རྗེ་ཅན། བཞི་པ་ལ་གསེར་འོད་ལྟ་བུའི་སྤྱན་མངའ་མ་རྣམས་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་ཨུཏྤ་ལའི་འཕྲེང་བ་འཛིན་ཅིང་། ཐམས་ཅད་ཀྱང་སྐུ་མདོག་ལྗང་ཁུའོ། །དེའི་ཕྱི་རོལ་གྱི་ཕྱོགས་མཚམས་སུ། རྡོ་རྗེ་འགྲོས་དང་དཀར་མོ་དང་། པདྨའི་སྤྱན་དང་ཟླ་འོད་དང་། སངས་རྒྱས་དཔལ་དང་དེ་བཞིན་སྤྱན། རྡོ་རྗེ་ཉི་མའི་འོད་དང་ནི། དེ་བཞིན་ཟླ་བ་རྡོ་རྗེ་འཛིན་རྣམས་རང་རང་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་སྟེ། ཐམས་ཅད་ཀྱང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་ཟླ་གདན་ལ་བཞུགས་པའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་ཞགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོགས། བྱང་སྒོར་རྡོ་རྗེ་དྲིལ་བུ་མ་སྟེ། ཐམས་ཅད་ཀྱང་རང་རང་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ། དེ་རྣམས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། མཆོད་པ་བྱིན་བརླབ་ནི་གོང་དུའམ། འདིར་བྱེད་ན་སྔར་ལྟར་བསངས་སྦྱངས་བསྐྱེད་དེ་བྱིན་གྱིས་བརླབ། འོན་ཀྱང་འདིར་འདོད་ཡོན་ལྔ་སོགས་ཀྱང་བྱིན་བརླབ་བྱ། ༀ་སརྦ་བིད་པཱུ་ར་པཱུ་ར་ནས་ཧོཿ བཛྲ་སྥ་ར་ཎ་ཁཾ་སྭཱཧཱ། ཞེས་པ་ལན་གསུམ། ཕྱོགས་བཅུའི་མཆོད་ཚོགས་ཐམས་ཅད་དང་། །བདག་གིས་བཤམས་པའི་མཆོད་ཡོན་འདི། །བཅོམ་ལྡན་གདུགས་དཀར་ལྷ་ཚོགས་ལ། །འབུལ་ལོ་བཞེས་ལ་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་སི་ཏ་ཏ་པ་ཏྲེ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཞབས་བསིལ་སོགས་སྦྱར་ནས་ཤཔྟའི་བར་དང་། རཱུ་པ་ནས་སྤར་ཤའི་བར་གཟུགས་མཆོག་སོགས་སྦྱར་ནས་འབུལ། གཞན་ཡང་རིན་ཆེན་སྣ་བདུན་དང་། གླིང་བཞི་ཉི་ཟླ་རི་རབ་བཅས། །བཅོམ་ལྡན༴ འབུལ་ལོ༴ ༀ་སརྦ་ཏ་ཐཱ་ག་ཏ་ནས་ཝ་ར་མ་ཧཱ་སཔྟ་རཏྣ་མཎྜ་ལ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། ཞེས་མཆོད། དེ་ནས་བསྟོད་པ་ནི། རྒྱལ་བ་ཀུན་གྱི་མཚན་མཆོག་གཙུག་ཏོར་ནས། །ལེགས་པར་འཁྲུངས་པའི་རྨད་བྱུང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས། །ཡོངས་སུ་གྲགས་པའི་ཞབས་ལ་ཕྱག་འཚལ་བསྟོད། །སྤྲུལ་པའི་དབུ་དང་ཕྱག་ནི་སྟོང་ལྡན་ཅིང་། །བྱེ་བ་བརྒྱ་སྟོང་སྤྱན་མངའ་སྒེག་དཔའ་སོགས། །གར་དགུའི་ཉམས་ལྡན་མི་ཕྱེད་མཚན་རྟགས་ཅན། །བཅོམ་ལྡན་འདས་མ་ཁྱོད་ལ་གུས་པས་བསྟོད། །མ་ལུས་གདོན་བགེགས་འབྱུང་པོའི་ཚོགས་ཀུན་དང་། །ཕྱི་ནང་བར་ཆད་མི་མཐུན་ཕྱོགས་ཐམས་ཅད། །ཞི་མཛད་དྲག་ཤུལ་ཆེ་སོགས་རིག་སྔགས་ཀྱི། །ལྷ་མོའི་ཚོགས་ལ་གུས་པས་ཕྱག་འཚལ་བསྟོད། །ཅེས་པའམ། རྒྱས་པར་ན། རྒྱལ་བ་བྱེ་བ་བདུན་དང་འཕགས་པའི་འཁོར། །ཞེས་སོགས་ཀྱི་བསྟོད་པ་རྒྱས་པ་བརྗོད། དེ་ནས་བཟླས་པ་ནི། གཙོ་མོའི་ཐུགས་ཀའི་ༀ་ཡིག་གི་མཐར་ཞེས་པ་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར། ཏཱདྱ་ཐཱ། ༀ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུདྡྷ་ཨཱ་དྷིཥྛ་ན་ཨཱ་དྷིཥྛི་ཏེ་སྭཱཧཱ། སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱ ཧཱ། ཞེས་པ་ཅི་འགྲུབ་དང་། ༀ་སརྦ་ཏ་ཐཱ་ག་ཏ་མན་གང་མང་བཟླས་ལ་ཡིག་བརྒྱ་བརྗོད། དེ་ནས་ཟླུམ་གཏོར་བཟང་པོ་རྒྱན་ལྡན་བཤམས་པ་ལ་ཆབ་བྲན་ཏེ་བསངས། སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་བརླབས་བྱས་ལ། བཅོམ་ལྡན་འདས་མ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་ས་པཱ་རི་ཝ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་བསྔོས་ནས་གཞི་བདག་གཏོར་མ་ཡང་འབུལ་ཞིང་། ལེགས་ལྡན་སོགས་ལ་མཆོད་ཚུལ་ཞིག་འོག་ཏུ་བཤད་པར་བྱའོ། །དེ་ནས་བསྟོད་ཅིང་འཕྲིན་ལས་བཅོལ་བ་ནི། ཧཱུཾ། བཅོམ་ལྡན་མཐུ་རྩལ་ཐོགས་པ་མེད། བདུད་དང་གདོན་བགེགས་མ་ལུས་པ། །འདུལ་མཛད་གར་དགུའི་ཉམས་ལྡན་པ། །གདུགས་དཀར་ཅན་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་གཙུག་ཏོར་ལས་འཁྲུངས་ཤིང་། །སྤྲུལ་པའི་ཞལ་ཕྱག་སྟོང་ཕྲག་དང་། །སྤྱན་ནི་བྱེ་བ་བརྒྱ་སྟོང་ཅན། །གཙོ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །གང་གི་མཚན་བརྗོད་དྲན་པས་ཀྱང་། །གདོན་དང་བགེགས་ཀྱི་ཚོགས་རྣམས་ཀུན། །ཟློག་མཛད་མཐུ་རྩལ་སྟོབས་ལྡན་པའི། །རིགས་སྔགས་ལྷ་མོའི་ཚོགས་ལ་བསྟོད། །བྷྱོ། གཙོ་མོ་བཅོམ་ལྡན་གདུགས་དཀར་མོ། །གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །ལྷ་ཡི་གདོན་ཚོགས་ཟློག་ཏུ་གསོལ། །གཏུམ་པ་ཆེན་མོ་སྟོབས་ཆེན་མོ། །ཀླུ་ཡི་གདོན་ཚོགས་ཟློག༴ འབར་བ་ཆེན་མོ་གཟི་བརྗིད་ཅན། །ལྷ་མིན༴ འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རླུང་ལྷའི༴ འབར་བའི་འཕྲེང་བ་གོས་དཀར་མོ། །མཁའ་ལྡིང་༴ འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །དྲི་ཟའིི༴ རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས། །མི་འམ་ཅིའི་གདོན་ཟློག༴ པདྨའི་མངོན་མཚན་རྡོ་རྗེའི་མཚན། །ལྟོ་འཕྱེའི་གདོན་ཚོགས༴ གཞན་གྱིས་མི་ཐུབ་འཕྲེང་བ་ཅན། །གནོད་སྦྱིན༴ རྡོ་རྗེེ་མཁར་བསྣམས་འཇོམས་པ་མོ། །སྲིན་པོའི༴ ཞི་བའི་ལྷ་རྣམས་ཀྱིས་མཆོད་མ། ཡི་དྭགས༴ གཟུགས་བཞི་གཟི་བརྗིད་ཆེན་མོ་ཅན། །ཤ་ཟའི༴ །འཕགས་མ་སྒྲོལ་མ་སྟོབས་མོ་ཆེ། །འབྱུང་པོའི༴ རྡོ་རྗེ་ལུ་གུ་རྒྱུད་གཞན་མ། །གྲུལ་བུམ༴ རྡོ་རྗེ་གཞོན་ནུ་རིག་འཛིན་མ། །སྲུལ་པོའི༴ ལག་ན་རྡོ་རྗེའི་རིགས་གསེར་འཕྲེང་། །ལུས་སྲུལ་གདོན༴ ལེབ་རྒན་རྩི་དང་རིན་ཆེན་མ། །སྐེམ་བྱེད༴ སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །བརྗེད་བྱེད༴ རྣམ་པར་བསྒྱིངས་མ་རྡོ་རྗེ་ཅན། སྨྱོ་བྱེད༴ གསེར་འོད་ལྟ་བུའི་སྤྱན་མངའ་བ། །གྲིབ་གནོན༴ རྡོ་རྗེ་འགྲོས་དང་དཀར་མོ་ཅན། །གནོན་པོའི་གདོན༴ པདྨའི་སྤྱན་དང་ཟླ་འོད་མ། །ནམ་གྲུའི༴ སངས་རྒྱས་དཔལ་དང་དེ་བཞིན་སྤྱན། །རྡོ་རྗེ་ཉི་མའི་འོད་དང་ནི། །དེ་བཞིན་ཟླ་བ་རྡོ་རྗེ་འཛིན། །གདོན་རིགས་ཐམས་ཅད་བཟློག་ཏུ་གསོལ། །གོད་ཁ་བཟློག་པའི་ཆེད་ལྟ་བུ་ཡིན་ན། གོད་ཁ་གོད་འདྲེ་ངན་པ་དང་། །ལྷ་ཡི་གདོན་ཚོགས་བཟློག་ཏུ་གསོལ། །ཞེས་སྦྱར་ཞིང་། གཞན་ལ་ཡང་འགྲེའོ། །བྷྱོ། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་ཀྱིས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ༴ གློ་བུར་བརྒྱད་ཅུ་རྩ་གཅིག་ཟློག །ཡི་འབྲོག་སུམ་བརྒྱ་དྲུག་ཅུ་ཟློག །རྦོད་གཏོང་བྱད་ཁ་ཕུར་ཁ་ཟློག །རྨི་ལྟས་མཚན་མ་ངན་པ་ཟློག །དུས་མིན་འཆི་བ་ཐམས་ཅད་ཟློག །གོད་ཁ་གོད་འདྲེ་ཐམས་ཅད་ཟློག །ཟ་འདྲེ་ཕུང་འདྲེ་ཐམས་ཅད་ཟློག །མི་ཁ་བྲམ་མཆུ་ཐམས་ཅད་ཟློག །བྱུར་འདྲེ་ངན་པ་ཐམས་ཅད་ཟློག །ལོ་ཟླ་ཞག་སྐེག་ཐམས་ཅད་ཟློག ། མདོར་ན་མི་མཐུན་མི་ཤིས་པའི། །གནོད་པ་ཐམས་ཅད་ཞི་བ་དང་། ཚེ་རིང་ནད་མེད་ལོངས་སྤྱོད་སོགས། །ལེགས་ཚོགས་ཐམས་ཅད་རྒྱས་པར་མཛོད། །ཅེས་འཕྲིན་ལས་བཅོལ་བ་ལན་གཅིག་གམ་གསུམ་བྱ། དེ་ནས་ཡུངས་ཀར་དང་བྱེ་མ་སོགས་ལ། གདུག་དཀར་གྱི་སྔགས་དང་། རྟ་མགྲིན་ཕྱག་རྡོར་སོགས་ཀྱི་དྲག་སྔགས་བཏབ་ཏེ་བཞག །བགེགས་གཏོར་ཏིང་ལོ་འཆང་བུ་བཅས་བསངས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་མགྲོན་རྣམས་མཉེས་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་གནོད་བྱེད་གདོན་བགེགས་ལན་ཆགས་ཀྱི་མགྲོན་རིགས་ཐམས་ཅད་སྤྱན་དྲངས། ཨེ་ཧྱེེ་ཧི། པདྨ་ཀ་མ་ལ་ཡ་སྟཾ། ༀ་ཨ་ཀ་རོ་ནས་ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ་ལན་བདུན་རྣམ་གསུམ་གྱིས་བསྔོས་ནས། ཀྱེ། སྟེང་འོག་བར་གསུམ་དབྱེ་བ་ཡི། །གདོན་བགེག་འབྱུང་པོའི་ཚོགས་རྣམས་དང་། །ཟས་སུ་མངལ་ཟ་ཁྲག་འཐུང་སོགས། །གདོན་གྱི་རིགས་གྱུར་ཐམས་ཅད་དང་། །ལན་ཆགས་བུ་ལོན་གྱུར་པ་ཡི། །གནོད་བྱེད་ཀུན་དང་ཁྱད་པར་དུ། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ལ། །གནོད་པར་བྱེད་པའི་གདོན་བགེགས་ལ། །མར་མེ་འཆང་བུ་སོགས་བཅས་པའི། །འདོད་ཡོན་ལྔ་ལྡན་གཏོར་མ་འདི། །འབུལ་ལོ་བཞེས་ནས་བདག་ཅག་ལ། །ཕྱིན་ཆད་གནོད་པ་མི་བྱེད་པར། །རང་རང་སོ་སོའི་གནས་སུ་སོང་། །གལ་ཏེ་གནོད་སེམས་དང་བཅས་ཏེ། །མི་འགྲོ་གནས་འདིར་འདུག་བྱེད་ན། །གདུགས་དཀར་ལྷ་ཚོགས་ཐུགས་ཁྲོས་ནས། །སྐུ་ལས་སྤྲོས་པའི་ཁྲོ་བོ་དང་། །མི་བཟད་མཚོན་ཆའི་ཆར་ཕབ་སྟེ། །བརླག་པར་འགྱུར་བར་གདོན་མི་ཟ། །ཞེས་དང་། སུམྦྷ་ནིའི་སྔགས་བརྗོད་ཅིང་། ཡུངས་ཀར་སོགས་ཀྱིས་བྲབ་ལ། གུ་གུལ་གྱིས་བདུག་པར་བྱའོ། །དེ་ནས་བུམ་པའི་ནང་དུ་དྲི་བཟང་གི་ཆུ་བླུགས་ལ་བསངས་སྦྱངས། སྟོང་པའི་ངང་ལས་ཕཾ་ལས་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ༀ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་ཞི་ཁྲོ་ཐམས་ཅད་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པས་དེ་ལས་བདུད་རྩིའི་རྒྱུན་བབ་པས་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་པར་བསམས་ལ། གདུགས་དཀར་གྱི་སྔགས་གོང་དུ་བརྗོད་པ་དེ་དང་། རྣམ་འཇོམས་ཀྱི་སྔགས་དང་སྔགས་གཞན་ཅི་ལྟར་རིགས་པ་བཟླ་ཞིང་། ༀ་ཨཱཿཧཱུཾ། ལན་བདུན་གྱིས་བྱིན་གྱིས་བརླབས་ལ། བསྒྲུབ་བྱ་མདུན་དུ་འཁོད་པ་ལ་བུམ་ཆུ་བླུད་དེ་བཀྲུ་བ་དང་ལྷན་ཅིག་གདུགས་དཀར་དང་རྣམ་འཇོམས་ཀྱི་སྔགས་ཚར་རེ་སྔོན་དུ་བཏང་ནས། སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ནད་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སཱཧཱ། །དེ་བཞིན་དུ་གདོན་ཐམས་ཅད་དང་། རིམས་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། ཁོན་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ ཧཱ། བྱད་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། །གྲི བ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། ལྟས་ངན་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། །བཀྲ་མི་ཤིས་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། །རྨི་ལྟས་ངན་པ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། ཉེ་བར་འཚི་བ་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། བར་གཅོད་མི་མཐུན་པའི་ཕྱོས་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ། དེ་ནས་བདེན་བརྗོད་བྱས་ནས་ཁྲུས་ཆུ་ཕྱིར་འདོར། འདོད་ན་སྔགས་སྔ་མ་བརྗོད་ཅིང་། རྨ་བྱའི་སྒྲོས་བྱབས་ཏེ་སྔར་གྱི་ཚིག་ནད་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱཧཱ་ཞེས་སོགས་ལ་ཨ་པ་ན་ཡེ་སྭཱཧཱ་སྦྱར་བ་དང་། ནད་ཐམས་ཅད་ལས་རཀྵ་རཀྵ་ཡེ་སྭཱཧཱ། ཞེས་སྦྱར་ནས་སྲུང་བ་དང་། སངས་རྒྱས་རྣམས་ནི་ཞེས་སོགས་ཀྱི་བདེན་ཚིག་ཀྱང་བརྗོད་པར་བྱའོ། །བསྡུ་ན། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། ཞེས་སོགས་བརྗོད་པས་ཀྱང་འགྲུབ་བོ། །དེ་ནས་མཇུག་ཏུ། སླར་མཆོད་བསྟོད་དང་བཟོད་གསོལ་བཀྲ་ཤིས་བཅས་བྱའོ། །དངོས་གཞི་ནི་དེས་གྲུབ་ཅིང་། གནོད་པ་ཟློག་པ་ལ་ནི་ལེགས་ལྡན་མཆེད་གསུམ་དང་། འཇིག་རྟེན་པ་རྣམས་ལ་གཏོར་འབུལ་དང་བཅས་པའི་འཕྲིན་ལས་བཅོལ་བར་བྱས་ན་ཡང་ལེགས་པས། དེའི་ཚུལ་ནི། སྔར་གྱི་དཀྱིལ་འཁོར་བྲིས་པ་དེའི་སྒོའི་ཕྱི་རོལ་ནས་སོར་གསུམ་མམ་བཞི་ནས་གྲུ་བཞིའི་རྣམ་པ་བྱས་ལ། ཤར་སྒོའི་མདུན་འཐུད་དབུས་དང་གཡས་གཡོན་གསུམ་དུ་ཚོམ་བུ་དང་། ཕྱོགས་མཚམས་གཞན་རྣམས་སུ་གྲོ་ནས་སོགས་ཀྱི་མེ་ཏོག་བཀྲམ། ལེགས་ལྡན་རྣམས་ལ་གཏོར་མ་གསུམ་མ མ་གཅིག །འཇིག་རྟེན་པ་རྣམས་ལ་གཏོར་མ་བརྒྱད་དམ་ཐུན་མོང་དུ་གཅིག་དང་། མཆོད་པ་རྣམས་སྔར་བཞིན་བྱིན་གྱིས་བརླབས་ལ། མགྲོན་རྣམས་སྤྱན་འདྲེན་པ་ནི། སྔོན་མའི་གཏང་རག་སོགས་མ་བྱས་པའི་བར་དེར། རང་གདུགས་དཀར་མོ་ཅན་དུ་གསལ་བའི་ཐུགས་ཀའི་ༀ་ལས་འོད་ཟེར་འཕྲོས་སོ་སོའི་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མའི་བཀའ་སྲུང་ལེགས་ལྡན་མཆེད་གསུམ་དང་། རྒྱལ་ཆེན་བཞི་ཕྱོགས་སྐྱོང་བཅུ། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད། སྡེ་དཔོན་དགུ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་སྤྱན་དྲངས། ༀ་མ་ཧཱ་ཀཱ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨེ་ཧྱ་ཧི་བཛྲ་ས་མཱ་ཡ་ཛཿཛཿཛཿ །ཞེས་དང་རྒྱས་པར་ན། ཀྱཻ། རྒྱལ་ཡུམ་གཙུག་ཏོར་གདུགས་དཀར་མོའི། །བཀའ་སྒྲུབ་བསྟན་སྲུང་མཐུ་རྩལ་ཅན། །ལེགས་ལྡན་ནག་པོ་མཆེད་གསུམ་དང་། །རྒྱལ་ཆེན་ཕྱོགས་སྐྱོང་ལྷ་ཆེན་དང་། །ཀླུ་ཆེན་གཟའ་ཆེན་རྒྱུ་སྐར་དང་། །འཇིགས་བྱེད་ཆེན་པོ་དགུ་ལ་སོགས། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱང་། །མཆོད་སྦྱིན་གནས་འདིར་སྤྱན་འདྲེན་གྱིས། །བརྩེ་བས་དགོངས་ཏེ་གཤེགས་སུ་གསོལ། །ཤར་སྒོའི་ཕྱི་རོལ་ཏུ་ལེགས་ལྡན་མཆེར་གསུམ་དང་། གཞན་རྣམས་སོ་སོའི་གནས་སུ་བཞུགས་པར་གྱུར། ཀ་མ་ལ་ཡ་སྟྭཾ། ༀ་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། དེ་ནས་མཆོད་པ་ནི། ལྷ་མིའི་མཆོད་ཡོན་དམ་པ་དང་། བདག་གིས་འབུལ་བའི་མཆོད་ཡོན་འདི། །ལེགས་ལྡན་འཇིག་རྟེན་སྐྱོང་རྣམས་ལ། །འབུལ་འབྱིན་བཞེས་ནས་བདག་ཅག་དང་། །སྦྱིན་བདག་མི་ནོར་འཁོར་བཅས་ཀྱི། །འགལ་རྐྱེན་ཟློག་ལ་མཐུན་རྐྱེན་སྒྲུབས། །ༀ་ཤྲཱི་མ་ཧཱ་ཀཱ་ལ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་ཞབས་བསིལ་སོགས་སྦྱར་ནས་ཤཔྟའི་བར་དང་། གཟུགས་མཆོག་དང་རཱུ་པ་སོགས་སྦྱར་ནས་འདོད་ཡོན་ཀྱང་འབུལ། བསྟོད་པ་ནི། བཅོམ་ལྡན་འདས་མའི་བཀའ་སྒྲུབ་ཅིང་། །གདོན་བགེགས་འབྱུང་པོའི་ཚོགས་རྣམས་ཀུན། །ཚར་གཅོད་ལེགས་ལྡན་དྲག་པོ་སོགས། །ལེགས་ལྡན་མཆེད་གསུམ་ཉིད་ལ་བསྟོད། །ས་འོག་ས་སྟེང་ཐམས་ཅད་དུ། །རྫུ་འཕྲུལ་མཐུ་ཡིས་དབང་བསྒྱུར་ཞིང་། །ལེགས་ཉེས་སྣ་ཚོགས་སྟོན་བྱེད་པའི། །དཔལ་མགོན་རྣམས་ལ་ཕྱག་འཚལ་བསྟོད། །དེ་ནས་གཏོར་མ་བྱིན་གྱིས་བརླབས་ཏེ། །ལེགས་ལྡན་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་ཤྲཱི་མ་ཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་དང་། ཨརྒྷཾ་སོགས་ཀྱིས་མཆོད། སྲིན་པོའི་གཟུགས་ཀྱི་ཚུལ་བསྟན་ནས། །གདུག་པ་ཅན་ཀུན་འདུལ་མཛད་ཀྱང་། །བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། །གཏུམ་པོ་མཆེད་ལ་ཕྱག་འཚལ་བསྟོད། །དེ་ནས་འཇིག་རྟེན་པའི་གཏོར་མ་བྱིན་གྱིས་བརླབས་ཏེ། འཇིག་རྟེན་པ་རྣམས་ཀྱི་ལྗགས་ནས་གསོལ་བར་གྱུར། ༀ་མ་ཧཱ་ར་ཛྭ་དིཀྐ་པཱ་ལ་མ་ཧཱ་དེ་བ་ནཱ་ག་རཱ་ཛཱ་གྲྀ་ཧ་ནཀྵཾ་ཏྲ་བཻ་ར་ཝ་ས་པཱ་རི་ཝ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་དབུལ་ལ། ཕྱི་རོལ་ཁོར་ཡུག་ལ་གནས་པའི། །རྒྱལ་ཆེན་ལྷ་ཀླུ་གཟའ་སྐར་དང་། །འཇིག་བྱེད་ལ་སོགས་མཐུ་ལྡན་པའི། འཇིག་རྟེན་སྐྱོང་བ་རྣམས་ལ་བསྟོད། །དེ་ནས་འཕྲིན་ལས་བཅོལ་བ་ནི། ཀྱེ། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་ཀྱི། །ཞི་རྒྱས་དབང་དྲག་འཕྲིན་ལས་རྣམས། །ཚུལ་བཞིན་སྒྲུབ་མཛད་བསྟན་སྲུང་གཙོ། །ལེགས་ལྡན་མཆེད་གསུམ་འཁོར་བཅས་དང་། །སྲིད་པ་གསུམ་ན་གནས་པ་དང་། །རྒྱུ་བའི་དྲེགས་ལྡན་ཀུན་གྱི་རྗེ། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་ཆེན་བརྒྱ་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཚོགས། །འཇིགས་བྱེད་ཆེན་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ནས། །རྣལ་བྱོར་སྦྱིན་བདག་འཁོར་བཅས་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །གདོན་རིགས་སུམ་བརྒྱ་དྲུག་ཅུ་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །གདོན་ཆེན་ཕལ་པ་བཅུ་བཞི་ཟློག །བྱད་ཁ་ཕུར་ཁ་ཐམས་ཅད་ཟློག །རྨི་ལྟས་མཚན་མ་ངན་པ་ཟློག ། བསམ་ངན་སྦྱོར་རྩུབ་ཐམ་ཅད་ཟློག །གོད་ཁ་གོད་འདྲེ་ཐམས་ཅད་ཟློག །ཟ་འདྲེ་ཕུང་འདྲེ་ཐམས་ཅད་ཟློག །མི་ཁ་གྲམ་མཆུ་ཐམས་ཅད་ཟློག །གཟའ་དང་རྒྱུ་སྐར་གནོད་པ་ཟློག །བཙན་དང་རྒྱལ་པོའི་གནོད་པ་ཟློག །ཀླུ་དང་ས་བདག་གནོད་པ་ཟློག །བདུད་དང་འགོང་པོའི་གནོད་པ་ཟློག །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་རིང་ནད་མེད་ལོངས་སྤྱོད་སོགས། །ལེགས་ཚོགས་ཐམས་ཅད་རྒྱས་པ་དང་། །སྲུང་སྐྱོབ་བྱེད་པའི་འཕྲིན་ལས་མཛོད། །བསྡུ་ན་དེས་ཆོག་ཅིང་། དངོས་གྲུབ་ཞུ་ཚུལ་རྒྱས་པར་བྱེད་ན། ཀྱཻ། ལེགས་ལྡན་འཇིག་རྟེན་སྐྱོང་རྣམས་ཀྱིས། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ལུས་སྲོག་བརྟན་པའི་དངོས་གྲུབ་སྩོལ། །དབང་ཐང་དར་བའི་དངོས་གྲུབ་སྩོལ། །ཀླུང་རྟ་དར་བའི་དངོས་གྲུབ་སྩོལ། །དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །གསེར་དངུལ་རིན་ཆེན་དངོས་གྲུབ་སྩོལ། །དར་ཟབ་གོས་བཟང་དངོས་གྲུབ་སྩོལ། །མྱུར་མགྱོགས་རྟ་ཡི་དངོས་གྲུབ་སྩོལ། །འདོད་འཇོ་བཞོན་མའི་དངོས་གྲུབ་སྩོལ། །སྣ་ཚོགས་འབྲུ་ཡི་དངོས་གྲུབ་སྩོལ། །རོ་བརྒྱའི་ཟས་ཀྱི་དངོས་གྲུབ་སྩོལ། །སྨྲ་མཁས་གཏམ་གྱི་དངོས་གྲུབ་སྩོལ། །དཔའ་རྩ་མཐུ་ཡི་དངོས་གྲུབ་སྩོལ། །སྙན་གྲགས་རྒྱས་པའི་དངོས་གྲུབ་སྩོལ། །རིགས་བརྒྱུད་འཕེལ་བའི་དངོས་གྲུབ་སྩོལ། །ཕུན་ཚོགས་འཁོར་གྱི་དངོས་གྲུབ་སྩོལ། །བཀྲ་ཤིས་དཔལ་གྱི་དངོས་གྲུབ་སྩོལ། །དེ་ལ་སོགས་པ་སྲིད་གསུམ་ན། །ལེགས་པའི་དངོས་གྲུབ་ཅི་མཆིས་པ། །ཐམས་ཅད་རྣལ་འབྱོར་སྦྱིན་བདག་ལ། །ཐོགས་མེད་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པ་ལྟ་བུ་དང་གཞན་ཡང་བརྗོད་པར་བྱའོ། །ཟོར་འཕེན་འདོད་ནའང་འུག་སྒྲོ་ཅན་གྱི་སྐྱེར་མདའ་དང་ཁྲག་ཟོར་དུག་ཟོར་གཏོར་ཟོར་རྣམས་འཕེན་པར་བཤད་པ་ལྟར་བྱའོ། །ལོ་ཏོག་གི་རིམ་གྲོའི་དུས་སུ་ཟློག་པ་སོགས་ལ་དམིགས་བསལ་གྱི་སྤེལ་ཚིག་སྦྱོར་ཚུལ་ཤེས་དགོས་ལ། དེར་མ་ཟད་རིགས་བརྒྱུད་ཀྱི་དོན་དང་། བདེ་སྲུང་གི་ཆེད་དུ་བྱེད་ནའང་སྔར་ལྟར་འཕྲིན་ལས་བཅོལ་ན་ལེགས་སོ།། །།མཇུག་ཏུ་ཇི་ལྟར་བྱ་བ་ནི། མཆོད་པ་བྱིན་གྱིས་བརླབས་ནས། དང་པོ་གདུགས་དཀར་ལྷ་ཚོགས་ལ་ཚིགས་བཅད་སྔགས་དང་བཅས་པས་སམ་སྔགས་རྐྱང་གིས་མཆོད་ནས། བསྟོད་པ་རྒྱས་བསྡུས་ཅི་རིགས་བྱ། དེ་ནས་ལེགས་ལྡན་སོགས་ལ་ཡང་སྔར་ལྟར་རྒྱས་བསྡུས་གང་རུང་གིས་མཆོད་ཅིང་། བསྟོད་ལ། ཡིག་བརྒྱ་བརྗོད་དེ། མ་རྙེད་ཡོངས་སུ་མ་ཤེས་དང་། ཞེས་སོགས་ཀྱིས་བཟོད་གསོལ་དང་། བཅོམ་ལྡན་འདས་མ་འཁོར་དང་བཅས་རྣམས་ཀྱིས། །རྣལ་འབྱོར་སྦྱིན་བདག་འཁོར་དང་བཅས་པ་ལ། །དངོས་གྲུབ་སྩོལ་ཅིང་འཕྲིན་ལས་མཛད་པ་ལེགས། །ང་ནི་སོ་སོའི་རང་བཞིན་གནས་སུ་གཤེགས། བཛྲ་མུཿ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། བདེ་གཤེགས་ཐུགས་རྗེས་གཙུག་ཏོར་ལས་འཁྲུངས་ཤིང་། །ཞེས་པ་ནས། བདེ་མཆོག་གདུགས་དཀར་ཅན་གྱི་བཀྲ་ཤིས་ཤོག །ཞེས་དང་། བསྔོོ་སྨོན་བྱའོ། །ཞེས་པ་འདི་ཡང་ལ་མར་ནང་གི་སྔགས་བོན་དད་ལྡན་རྣམས་ཀྱིས་བསྐུལ་བ་ལྟར། ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་རྒྱ་བོད་ཀྱི་གཞུང་འགའ་ཞིག་དང་བསྟུན་ཏེ་གཞན་ལ་ཡང་ཕན་སྲིད་སྙམ་ནས་ཅོ་ནེའི་དགོན་ཉིད་དུ་སྦྱར་བ་སྟེ། དད་སྟོབས་ལྡན་པའི་སྔགས་འཆང་སྣ་ལམ་རྡོ་རྗེ་དབང་ཕྱུག་གིས་པར་དུ་སྒྲུབ་པའི་ཚེ། ཡི་གེ་པ་ནི་ཐོ་ལོའི་སྔགས་འཆང་ཚེ་དབང་མགོན་པོའོ། །མངྒལཾ།

བྱང་ཆུབ་ལམ་རིམ་ཆེན་མོའི་དོན་གྱི་སྙིང་པོ་བསྡུས་པ་རྗེའི་དགོངས་གསལ་དགྱེས་བྱེད་མཆོད་སྤྲིན།

བྱང་ཆུབ་ལམ་རིམ་ཆེན་མོའི་དོན་གྱི་སྙིང་པོ་བསྡུས་པ་རྗེའི་དགོངས་གསལ་དགྱེས་བྱེད་མཆོད་སྤྲིན་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ལྷ་མིའི་འདྲེན་མཆོག་མཉམ་མེད་ཟས་གཙང་སྲས། །བྱམས་བརྩེའི་བདག་ཉིད་རྗེ་བཙུན་མི་ཕམ་མགོན། །རྒྱལ་ཀུན་མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས། །སངས་རྒྱས་བྱང་སེམས་གསུམ་ལ་གུས་ཕྱག་འཚལ། །འཛམ་གླིང་རྒྱན་གྱུར་ཀླུ་སྒྲུབ་ཐོགས་མེད་དང་། །མཁས་མཆོག་དབྱིག་གཉེན་འཕགས་གྲོལ་གསེར་གླིང་པ། །ཇོ་བོ་ཡབ་སྲས་པོ་ཏོ་གླང་ཤར་སོགས། །བཀའ་གདམས་བརྒྱུད་པའི་བླ་མ་རྣམས་ལ་འདུད། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཉིད། །རྒྱལ་དང་ཤིང་རྟ་ཆེན་པོའི་བཞེད་པ་བཞིན། །གསལ་མཛད་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །ཡབ་སྲས་བརྒྱུད་པར་བཅས་ལ་གུས་པས་འདུད། །རྒྱལ་བ་གཉིས་པའི་གསུང་རབ་ཀུན་གྱི་གཙོ། །བྱང་ཆུབ་ལམ་གྱི་རིམ་པ་ཞེས་གྲགས་པའི། །ལེགས་བཤད་འདི་ལ་རང་སྐལ་བསྡུས་དོན་ཞིག །འཆད་ལ་ཡིད་ནི་ཀུན་ནས་སྤྲོ་བར་གྱུར། །དེ་ལ་འདིར་བྱང་ཆུབ་ལམ་རིམ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་འདིའི་ས་བཅད་དང་བསྟུན་པའི་བསྡུས་དོན་གྱི་དགོངས་འགྲེལ་ཇི་ལྟར་འཚམས་པ་ཞིག་བཤད་པར་བྱ་སྟེ། དེ་ཡང་། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །ཞེས་སོགས་ཀྱི་ཚིགས་བཅད་དང་པོས་སྟོན་པ་དང་། གཉིས་པས་བྱམས་འཇམ་དབྱངས་དང་། །གསུམ་པས་ཤིང་རྟ་ཆེན་པོ་གཉིས་དང་། བཞི་པས་ཇོ་བོ་ཆེན་པོ་དང་། ལྔ་པས་ལམ་རིམ་བརྒྱུད་པའི་བླ་མ་རྣམས་ལ་ཐུན་མོང་དུ་ཕྱག་བྱས་ཏེ། དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང་། །ཞེས་སོགས་ཚིགས་བཅད་གསུམ་གྱིས་ལམ་རིམ་རྩོམ་པའི་དགོས་པ་ཀུན་སློང་དང་བཅས་པའི་དམ་བཅའ་དང་ཉན་པར་བསྐུལ་བ་རྣམས་སྟོན་ནོ། །དེ་ནས་འདིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ་ཞེས་པ་ནས། སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་ནི་གང་བཤད་པར་བྱ་བའི་ཆོས་སོ་ཞེས་པའི་བར་གྱིས་བཤད་བྱའི་ཆོས་ངོས་བཟུང་ངོ་། །དེ་ལྟར་ན་བྱང་ཆུབ་ལས་གྱི་རིམ་པའི་ཁྲིད་ལ་བཞི་ཞེས་སོགས་ཀྱིས་མཛད་པ་པོའི་ཆེ་བ། ཆོས་གྱི་ཆེ་བ། ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ། སློབ་མ་ཇི་ལྟར་བཀྲི་བའི་རིམ་པ་རྣམས་འཆད་ཅིང་། དང་པོ་མཛད་པ་པོ་ནི། གདམས་ངག་འདི་སྤྱིིར་རྗེ་བཙུན་བྱམས་པས་མཛད་པའི་མངོན་རྟོགས་རྒྱན་གྱི་གདམས་ངག་ཡིད་ལ། ཁྱད་པར་དུ་འདིའི་གཞུང་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན་པས། དེ་མཛད་པ་པོ་ཡང་འདིའི་མཛད་པ་པོའོ། །ཞེས་པས་གདམས་ངག་འདི་མཛད་པ་པོ་དག་མདོར་བསྟན་གྱི་ཚུལ་དུ་ངོས་བཟུང་ངོ་། །འདི་ཅུང་གོ་མི་བདེ་བའི་རྐྱེན་གྱིས་བཤད་ཚུལ་མི་འདྲ་བ་སྣང་ཡང་དོན་ནི་འདི་ལྟར་ཡིན་པར་སེམས་ཏེ། གདམས་ངག་འདི་ཞེས་པ་ནི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གདམས་ངག་འདིའོ། །དེ་ནི་འབྱུང་ཁུངས་ཀྱི་དབང་དུ་བྱས་ན་སྤྱིར་རྗེ་བཙུན་བྱམས་པས་མཛད་པའི་མངོན་རྟོགས་རྒྱན་ལས་རིགས་ཅན་གསུམ་གྱི་ལམ་གྱི་རིམ་པ་རྒྱས་པར་བཤད་པ་དེ་ལ་བརྟེན་ནས་ཡིན་པས་རྒྱན་གྱི་གདམས་ངག་ཡིན་ལ། ཁྱད་པར་དུ་བདག་གིས་འཆད་པའི་ལམ་གྱི་རིམ་པ་འདིའི་ཁུངས་བྱ་རྒྱུའི་གཞུང་དངོས་ནི་ཇོ་བོས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན་པས་འདི་ཡང་མངོན་རྟོགས་རྒྱན་གྱི་གདམས་ངག་ཡིན་ཏེ། དེ་ཡང་མངོན་རྟོགས་རྒྱན་དེ་མཛད་པ་པོ་བྱམས་པ་ཡང་ལམ་སྒྲོན་གྱི་མན་ངག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདིའི་མཛད་པ་པོ་ཡིན་ནོ་ཞེས་པའོ། །དེ་ཡང་སློབ་དཔོན་ཆེན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་ཞེས་སོགས་ཀྱིས་མཛད་པ་པོ་ཇོ་བོའི་ཁྱད་ཆོས་འཆད་དེ། དེའི་ཆེ་བ་ལ་གསུམ། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་ཚུལ་ལོ། །དང་པོ་ནི་རྒྱ་གར་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་དང་བཙུན་མོ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་སྐོར་དང་། གཉིས་པ་ནི། རིགས་པའི་གནས་སྔ་ལ་སྦྱངས་ཤིང་བླ་མ་རཱ་ཧུ་ལ་གུཔྟ་ལ་དབང་རྫོགས་པར་ཞུས་ཏེ་དགུང་ལོ་ཉེར་དགུའི་བར་དུ་ཁྱིམ་པའི་རྟེན་ཅན་དུ་བཞུགས། ཉེར་དགུའི་མཇུག་ལ་བླ་མ་ཤྲཱི་ལ་རཀྵི་ཏའི་དྲུང་དུ་རབ་བྱུང་ཞུས་ཏེ་མཚན་ནི་དཔལ་མར་མེ་མཛད་ཅེས་བཏགས། བླ་མ་དྷརྨཱ་རཀྵི་ཏ་སོགས་ལས་ནང་རིག་པའི་སྡེ་སྣོད་ཐམས་ཅད་གསན་ནས་དོན་ཐུགས་སུ་ཆུད། གསེར་གླིང་པ་ལ་བསྟེན་ནས་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས། ཀླུ་སྒྲུབ་དང་ཐོགས་མེད་ནས་བརྒྱུད་པའི་གདམས་པ་མ་ལུས་པ་གསན་ཏེ་ཞི་ལྷག་གི་ཏིང་ངེ་འཛིན་དང་བསྐྱེད་རྫོགས་ཀྱི་རྟོགས་པ་བརྟན་པོ་བརྙེས་ཤིང་། སྒྲོལ་མ་ལ་སོགས་པ་ཡི་དམ་གྱི་ལྷ་མང་པོས་ཞལ་གཟིགས་སོ། །གསུམ་པ་བསྟན་པ་ལ་བྱ་བ་མཛད་པ་ལ་གཉིས། རྒྱ་གར་དུ་མཛད་ཚུལ་དང་། བོད་དུ་མཛད་ཚུལ་ལོ། །དང་པོ་ནི། རྡོ་རྗེའི་གདན་དུ་མུ་སྟེགས་ཀྱི་སྨྲ་བ་ངན་པ་ལན་གསུམ་དུ་ཆོས་ཀྱིས་ཕམ་པར་མཛད་ནས་བསྟན་པ་བཟུང་ཞིང་། རང་སྡེའི་སྡེ་བ་གོང་འོག་ཐམས་ཅད་ཀྱིས་བཀུར་ཏེ་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མ་བསལ་ནས་རྒྱལ་བའི་བསྟན་པ་རྒྱས་པར་མཛད་དོ། །གཉིས་པ་བོད་དུ་མཛད་ཚུལ་ལྷ་བླ་མ་ཁུ་དབོན་གྱིས་རྒྱ་བརྩོན་སེང་དང་ནག་ཚོ་ལོཙྪ་བ་གཉིས་རྒྱ་གར་དུ་བཏང་སྟེ་སྤྱན་དྲངས་ནས། བསྟན་པ་ལ་དག་ཐེར་མཛད་པར་གསོལ་བ་བཏབ་པ་ལ་བརྟེན་ནས་ལམ་སྒྲོན་འདི་བརྩམས་པ་སོགས་ཀྱི་སྒོ་ནས་བསྟན་པ་དར་བར་མཛད་དོ། །ཇོ་བོ་ལ་རྒྱ་གར་དང་བོད་ན་སློབ་མ་ཁྱད་པར་ཅན་མང་ཡང་གཙོ་བོ་ནི་སྒྲོལ་མས་ལུང་བསྟན་པའི་འབྲོམ་སྟོན་རིན་པོ་ཆེའོ། །སྐབས་འདིར་ནི་རྗེའི་ཆེ་བ་བརྗོད་པར་འོས་ཀྱང་གཞན་དུ་བརྗོད་ཟིན་ཅིང་མང་བར་དོགས་ནས་བཞག་གོ །གཉིས་པ་ཆོས་ཀྱི་ཆེ་བ་ནི། སྤྱིར་ཇོ་བོས་མཛད་པའི་གཞུང་མང་དུ་ཡོད་ཀྱང་རྩ་བ་ལྟ་བུ་ཡོངས་སུ་རྫོགས་པ་ནི་ལམ་སྒྲོན་ཡིན་ཏེ། ཞེས་པ་ནས། ལུགས་གཞན་ལས་ཁྱད་པར་དུ་འཕགས་པའོ་ཞེས་པའི་བར་གྱིས་ལམ་སྒྲོན་གྱི་བརྗོད་བྱའི་ཁྱད་ཆོས་བསྟན་ནས་གཞུང་དེའི་གདམས་ངག་གི་ཆེ་བ་ལ་བཞི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བའོ་ཞེས་ཆེ་བ་བཞི་བཤད་པའི་དོན་བསྡུས་ཏེ་བརྗོད་ན། དང་པོ་ནི། སངས་རྒྱས་ཀྱིས་གདུལ་བྱ་མཆོག་དམན་སྣ་ཚོགས་པའི་བློ་དང་བསྟུན་ནས་གསུང་རབ་བརྗོད་བྱ་མི་འདྲ་བ་དུ་མ་བསྟན་ཀྱང་། དེ་ཐམས་ཅད་གདུལ་བྱ་མངོན་མཐོ་དང་ངེས་ལེགས་ལ་འགོད་པའི་ཆེད་དང་། མཐར་སངས་རྒྱས་འཐོབ་པའི་ཐབས་སུ་གོ་བར་བྱ་སྟེ་དེ་ཡང་ཁ་ཅིག་ནི་ལམ་གྱི་གཙོ་བོ་དང་། ཁ་ཅིག་ནི་ལམ་གྱི་ཡན་ལག་ཅི་རིགས་སུ་འགྱུར་རོ། །འོ་ན་ཐེག་དམན་གྱི་སྡེ་སྣོད་རྣམས་སངས་རྒྱས་འཐོབ་པའི་ཐབས་སུ་ཇི་ལྟར་འགྱུར་ཞེ་ན། འགྱུར་ཏེ་ཐེག་དམན་གྱི་སྡེ་སྣོད་ལས་ནི་ཐེག་པ་ཆེ་ཆུང་གཉ ིས་ཀའི་ཐུན་མོང་བའི་ལམ་གྱི་རིམ་པ་མང་དུ་བཤད་པས་འཚང་རྒྱ་བའི་ཐབས་སུ་འགྱུར་ཞིང་། ཐུན་མོང་མ་ཡིན་པ་ཞི་བ་ཙམ་ཞིག་དོན་དུ་གཉེར་བ་སྟོན་པ་རྣམས་ནི་དེའི་གདུལ་བྱའི་རྒྱུད་སྨིན་པར་བྱས་ནས། མཐར་ཐེག་ཆེན་དུ་འཇུག་པའི་རྐྱེན་དུ་འགྱུར་བས་ཀྱང་འཚང་རྒྱ་བའི་ཐབས་སུ་འགྱུར་རོ། །དེའི་ཕྱིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱང་སངས་རྒྱས་སྒྲུབ་པའི་ཐབས་ཀྱི་གཙོ་བོ་དང་ཡན་ལག་ཅི་རིགས་སུ་འདུའོ། །དོན་བསྡུ་བ་ན་དེ་ལྟར་ན་གདམས་ངག་འདིས་མདོ་སྔགས་ཀྱི་གནད་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་བསྡུས་ནས་འཁྲིད་པས་ན་འདི་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང་ལྡན་ནོ་ཞེས་གསུངས་པ་ལྟར་རོ། །སྐབས་འདིའི་བསྟན་པ་ཞེས་པ་ནི་སངས་རྒྱས་ཀྱི་བསྟན་པ་ཞེས་པའི་དོན་མིན་གྱི། ཆོས་བསྟན་པ་ཞེས་པའི་དོན་ཡིན་པར་ཤེས་དགོས་སོ། །གཉིས་པ་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་ཚུལ་ནི། སྤྱིར་རྒྱལ་བའི་གསུང་རབ་རྣམས་དང་། མཁས་པ་མཆོག་རྣམས་ཀྱིས་མཛད་པའི་གཞུང་ཆེ་བ་རྣམས་ཀྱང་གདམས་ངག་ཡིན་མོད། ད་ལྟའི་གང་ཟག་གིས་རང་སྟོབས་ཀྱིས་དེ་རྣམས་གདམས་ངག་ཏུ་གོ་མི་ནུས་པས་གཞུང་འདི་ལྟ་བུ་ལ་བརྟེན་ནས་དེ་རྣམས་འཚང་རྒྱ་བའི་ཐབས་སམ་གདམས་ངག་ཏུ་འཆར་ཞིང་གོ་ནུས་པ་ཡིན་ཏེ། དོན་བསྡུར་གདམས་པ་འདིས་བཤེས་གཉེན་བསྟེན་ཚུལ་ནས་ཞི་གནས་དང་ལྷག་མཐོང་གི་བར་གསུང་དགོངས་འགྲེལ་དང་བཅས་པའི་ལམ་གྱི་གནད་ཐམས་ཅད་ཚང་བར་བསྡུས་ནས། དེ་དག་ཐམས་ཅད་ལ་འཇོག་སྒོམ་དགོས་པ་རྣམས་ལ་འཇོག་སྒོམ་དང་དཔྱད་སྒོམ་དགོས་པ་རྣམས་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་དེ་ཉམས་སུ་ལེན་པའི་རིམ་པར་དྲིལ་ནས་འཁྲིད་པས་ན་གསུངས་ཐམས་ཅད་གདམས་ངག་ཏུ་འཆར་རོ་ཞེས་གསུངས་པ་ལྟར་རོ། །གསུམ་པ་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་ཚུལ་ནི། གསུང་རབ་དགོངས་འགྲེལ་དང་བཅས་པ། ཐོས་བསམ་གྱིས་འཇུག་བྱའི་མཆོག་ཡིན་ཀྱང་། དེ་དག་ནས་འབྱུང་བའི་ཚིག་དོན་རྒྱ་ཆེ་ཞིང་འཐོར་བས་བདེ་བླག་ཏུ་འཇུག་མི་ནུས་ཤིང་ཞུགས་ཀྱང་ངེས་དཀའ་ལ། གཞུང་འདི་ལྟ་བུ་ལ་བརྟེན་ནས་དེ་རྣམས་ཀྱི་དོན་གྱི་གཙོ་བོའི་གནད་རྣམས་དགོངས་པ་ཇི་ལྟ་བ་བཞིན་ངེས་ནུས་པར་འགྱུར་རོ། །དེ་ཡང་དོན་བསྡུར་གདམས་པ་འདིས་བཀའ་དང་བསྟན་བཅོས་ཀྱི་གནད་ལ་ངེས་པ་བདེ་བླག་ཏུ་སྟེར་བར་འགྱུར་ཏེ་དེའི་ཚུལ་ནི་སྐབས་རྣམས་སུ་རྒྱས་པར་སྟོན་པར་འགྱུར་རོ་ཞེས་གསུངས་པ་ལྟར་རོ། །དེས་ན་བཀའ་བརྒྱུད་པའི་བླ་མ་འགའ་ཞིག་གིས་དབེན་པར་བསམ་གཏན་ཙམ་བསྒོམ་གྱི། ཐོས་བསམ་མང་པོ་མི་དགོས་སོ་ཞེས་གསུངས་པ་ནི་གཞུང་འདི་དག་གི་ཕྱོགས་སྔ་ཡིན་ནོ། །བཞི་པ་ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་ཚུལ་ནི། རྒྱལ་བའི་གསུང་རབ་རྣམས་འཚང་རྒྱ་བའི་ཐབས་ཀྱི་གདམས་པར་མ་གོ་བའི་རྐྱེན་གྱིས་འགའ་ཞིག་འཚང་རྒྱ་བའི་གེགས་སུ་བཟུང་ནས་སྐུར་བ་འདེབས་ཤིང་སྤངས་ན་ཆོས་སྤོང་བར་འགྱུར་བས་སྡིག་ཤིན་ཏུ་ཆེའོ། །དེ་ལས་སྔར་བཤད་པ་ལྟར་ངེས་པ་རྙེད་པ་ཙམ་གྱིས་ཉེས་སྤྱོད་དེ་དག་རང་འགགས་སུ་འགྲོ་སྟེ། བཀའ་དང་གཞུང་ཆེ་བ་གཞན་དག་ཀྱང་སངས་རྒྱས་སྒྲུབ་པའི་ཐབས་སུ་ཤེས་ནས་གུས་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་ལ་གསུམ། ཉན་པའི་ཚུལ། བཤད་པའི་ཚུལ། མཇུག་ཏུ་ཐུན་མོང་དུ་བྱ་བའོ། །དང་པོ་ལ་གསུམ། ཆོས་ཐོས་པའི་ཕན་ཡོན། ཆོས་དང་ཆོས་སྨྲ་བ་ལ་རིམ་གྲོ་བསྐྱེད་དེ་ཉན་པའི་ཚུལ་དངོས་སོ། །དང་པོ་ནི། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། ཞེས་སོགས་ཀྱིས་ཐོས་པ་དགོས་ཚུལ་དང་དེའི་ཕན་ཡོན་བཤད་པ་རྣམས་སོ། །གཉིས་པ་རིམ་གྲོ་བསྐྱེད་པ་ནི། སའི་སྙིང་པོའི་མདོ་ལས། གཅིག་ཏུ་དད་ཅིང་གུས་པས་ཆོས་མཉན་གྱི། །དེ་ལ་འཕྱ་ཞིང་སྐུར་པ་མི་བྱའོ། །ཆོས་སྨྲ་བ་ལ་མཆོད་པར་བྱ་བ་ནི། །སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་བསྐྱེད། །ཅེས་སོགས་ཀྱིས་ཆོས་སྨྲ་བ་ལ་མཆོད་ཅིང་བཀུར་སྟི་བྱེད་དགོས་པ་སྟོན་པ་ལྟར་རོ།། གསུམ་པ་ཉན་ཚུལ་དངོས་ལ་གཉིས། སྣོད་ཀྱི་སྐྱོན་གསུམ་སྤོང་བ་དང་། འདུ་ཤེས་དྲུག་བསྟན་པའོ། །དང་པོ་ནི། སྣོད་ཁ་སྦུབ་ལྟ་བུ་དང་། ནང་མི་གཙང་བ་ལྟ་བུ་དང་། ཞབས་རྡོལ་བ་ལྟ་བུའི་སྐྱོན་གསུམ་སྤོང་དགོས་ཏེ། དེ་ཡང་ཆོས་ལ་རྣ་བ་མི་གཏོད་པ་དང་། ཀུན་སློང་སྐྱོན་ཅན་དང་། ཚིག་དོན་ཡིད་ལ་མི་འཛིན་པར་བརྗེད་པ་རྣམས་སྤོང་དགོས་པའོ། །འདུ་ཤེས་དྲུག་བསྟེན་པ་ནི། རང་ལ་ནད་པ་ལྟ་བུ་དང་། ཆོས་སྨྲ་བ་ལ་སྨན་པ་ལྟ་བུ་དང་། ཆོས་ལ་སྨན་ལྟ་བུ་དང་། དོན་ཉམས་སུ་ལེན་པ་ལ་ནད་གསོ་བ་ལྟ་བུ་དང་། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང་། ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པའི་འདུ་ཤེས་རྣམས་བསྟེན་དགོས་པའོ། །དེ་ཡང་རང་ལས་ཉོན་དང་སྡུག་བསྔལ་གྱི་ནད་ཀྱིས་བཏབ་པ་དང་། སྨན་པའི་སྨན་གྱིས་ནད་སེལ་བ་ལྟར་ཆོས་སྨྲ་བ་སྨན་པ་ལྟ་བུས་སྨན་ལྟ་བུའི་ཆོས་བསྟན་ནས་ནད་དེ་དག་སེལ་བ་དང་། དེ་བཞིན་གཤེགས་པ་ནི་ཚད་མའི་སྐྱེས་བུ་བླང་དོར་མི་སླུ་བར་སྟོན་པ་ཡིན་པས་དེའི་གསུང་ལྟར་སྟོན་པའི་བཤེས་གཉེན་ཡང་སྐྱེས་བུ་དམ་པ་དང་། ཆོས་ལ་ཉན་བཤད་བྱས་པས་སྟོན་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་འགྱུར་བའི་འདུ་ཤེས་འཇོག་དགོས་པ་སྟེ། དེ་དག་ནི་ཆོས་ཉན་བཤད་བྱས་པ་དོན་ཡོད་པར་སྒྲུབ་པའོ། །གཉིས་པ་ཆོས་བཤད་པའི་ཚུལ་ལ་བཞི། ཆོས་བཤད་པའི་ཕན་ཡོན། སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པ། བསམ་སྦྱོར་ཇི་ལྟ་བུས་བཤད་པ། ཡུལ་གང་ལ་བཤད་པ་དང་མི་བཤད་པའི་ཁྱད་པར་རོ། །དང་པོ་ནི། རྙེད་བཀུར་གྲགས་འདོད་དང་། ཟང་ཟིང་ལ་མི་བལྟ་བར་ཆོས་བསྟན་པ་ལ་ཕན་ཡོན་བཅུ་ཡོད་པར་ལྷག་བསམ་བསྐུལ་བ་ལས་བཤད་ཅིང་གཞན་ཡང་མང་ངོ་། །གཉིས་པ་ནི། ཆོས་སྟོན་པ་པོས་ཆོས་དང་སྟོན་པའི་བཀའ་དྲིན་དྲན་ནས་བཀུར་ཞིང་གུས་པ་བསྐྱེད་པའོ། །གསུམ་པ་བསམ་སྦྱོར་ལ་བསམ་པ་ནི། །གོང་དུ་བཤད་པའི་འདུ་ཤེས་དྲུག་བསྟེན་ཅིང་གཙོ་བོར་སངས་རྒྱས་ཐོབ་པའི་ཆེད་དུ་བསམས་ནས་བྱ་བ་ཡིན་ལ། སྦྱོར་བ་ནི་གཙང་སྤྲ་དང་ལྡན་པས་ཡིད་དང་མཐུན་པའི་གནས་སུ་ཁྲི་སྟན་ལ་འཁོད་ནས་བདུད་ཚར་གཅོད་པའི་སྔགས་འདོན་པའམ་ཤེར་སྙིང་ཚར་གསུམ་མམ་གཅིག་བྱས་ནས་ང་རྒྱལ་སྤངས་ཏེ་ཕན་འདོད་ཀྱིས་བཞིན་མདངས་གསལ་བས་དཔེ་དང་གཏན་ཚིགས་དུ་མས་སྐབས་བསྟུན་གྱིས་བཤད་པར་བྱ་བའོ། །བཞི་པ་ནི། ཆོས་ཉན་པའི་སྣོད་དུ་མི་རུང་བ་སྤྱི་དང་། ཆོས་ཀྱི་ཆེད་དུ་མ་གསོལ་བ་དང་། མ་གུས་པ་དང་། འདུལ་བ་ནས་བཤད་པ་ལྟར་རྟ་གླང་སོགས་ཞོན་པ་དང་ལྷམ་གྱོན་པ་དང་མཚོན་ཐོགས་པ་སོགས་ལ་མི་བཤད་ཅིང་། ཉལ་བ་ལའང་བཤད་དུ་མི་རུང་ཡང་ནད་པ་ལྟ་བུ་ལ་རུང་བ་ནི་དམིགས་བསལ་ཏེ་དོན་གཉེར་ཆེ་ཞིང་དད་ཅིང་གུས་པ་ཆེ་བ་སོགས་ལ་བཤད་པར་བྱའོ། །གསུམ་པ་མཇུག་ཏུ་ནི། ཉན་བཤད་བྱས་པའི་དགེ་བ་རྣམས་རྫོགས་བྱང་དུ་བསྔོ་བར་བྱའོ། །བཞི་པ་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པ་དང་། བསྟེན་ནས་བློ་ཇི་ལྟར་སྦྱང་བའོ། །དང་པོ་ལ་གཉིས། ངེས་པ་བསྐྱེད་པའི་ཕྱིར་ཅུང་ཟད་སྤྲོས་ཏེ་བཤད་པ་དང་། སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ནི། ཇི་སྐད་དུ། མན་ངག་ཐམས་ཅད་བསྡུས་པའི་འགོ་ནི་བཤེས་གཉེན་དམ་པ་མི་བཏང་བ་ཡིན་ཞེས་འབྱུང་བ་ལྟར་ཐོག་མར་བཤེས་གཉེན་བསྟེན་དགོས་ཤིང་འདི་ལ་དྲུག ། བརྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། རྟེན་བྱེད་སློབ་མའི་མཚན་ཉིད། དེས་དེ་ཇི་ལྟར་བསྟེན་ཚུལ། བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། སྤྱིིར་མདོ་སྔགས་ཀྱི་གཞུང་རྣམས་ལས་མང་དུ་བཤད་ཀྱང་། སྐབས་འདིའི་དགེ་བའི་བཤེས་གཉེན་ནི། མདོ་སྡེའི་རྒྱན་ལས་བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་གསུངས་པ་ལྟར་ཆོས་བཅུ་ལྡན་ཞིག་བསྟེན་པར་བྱའོ། །དེའི་དོན་བསྡུ་ན་དུལ་བ་ཚུལ་ཁྲིམས་ཀྱི་བསླབ་པ། ཞི་བ་ཏིང་ངེ་འཛིན་གྱི་བསླབ་པ། ཉེ་བར་ཞི་བའི་ཤེས་རབ་ཀྱི་བསླབ་པ། ལུང་གི་ཡོན་ཏན་གྱིས་ཕྱུག་པ། དེ་ཁོ་ན་ཉ ིད་ཀྱི་དོན་མངོན་སུམ་དུ་རྟོགས་པའམ་ཐོས་བསམ་གྱིས་ཤེས་པ། སློབ་མ་ལས་ཡོན་ཏན་ལྷག་པ། ཇི་ལྟར་བཀྲི་བའི་ལམ་གྱི་རིམ་པ་སྨྲ་བ་ལ་མཁས་པ། བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པ། ཡང་ཡང་འཆད་པ་ལ་སྐྱོ་ངལ་མེད་པ། གཞན་དོན་ལ་བརྩོན་འགྲུས་མཛད་པ་སྟེ་བཅུ་དང་ལྡན་པའོ། །གཉིས་པ་བསྟེན་བྱེད་སློབ་མ་ནི། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད། །སྨྲ་བོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པ་པོ་ལའང་མིན། །ཞེས་གསུངས་པ་ལྟར་ཆོས་གསུམ་ལྡན་ཞིག་སྟེ། དེ་ནི་ཕྱོགས་ལྷུང་མེད་པའི་གཟུ་བོར་གནས་པ་བློ་གྲོས་དང་ལྡན་པ། ཆོས་དོན་དུ་གཉེར་བའི་ཉན་པ་པོ་སྣོད་དུ་རུང་བའོ། །དེ་གསུམ་མ་ཚང་ན་ཆོས་སྨྲ་བ་པོའི་ཡོན་ཏན་རྣམས་ཉན་པ་པོ་ལ་རྣམ་པ་གཞན་དུ་མི་འགྱུར་བ་སྟེ་ཡོན་ཏན་དུ་སྣང་བར་འགྱུར་ལ། དེར་མ་ཟད། སྨྲ་བ་པོ་ལ་ཡང་ཉན་པ་པོའི་ཡོན་ཏན་རྣམས་ཡོན་ཏན་དུ་སྣང་ཞིང་སྐྱོན་དུ་སྣང་བར་མི་འགྱུར་རོ། །དེའི་སྟེང་དུ་ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་ཡིད་གཏོད་པ་གཉིས་བསྣན་ཏེ་ལྔར་ཡང་རུང་ངོ་། །གསུམ་པ་དེས་དེ་ཇི་ལྟར་བསྟེན་ཚུལ་ལ་གཉིས། བསམ་པ་དང་སྦྱོར་བས་བསྟེན་པའོ། །དང་པོ་ལ་གསུམ། བསམ་པ་སྤྱིར་བསྟན་པ། རྩ་བ་དད་པ་སྦྱང་བ། བཀའ་དྲིན་དྲན་ཏེ་གུས་པའི་ཚུལ་ལོ། །དང་པོ་ནི། སྡོང་པོ་བཀོད་པ་ལས། སེམས་དགུས་བཤེས་གཉེན་བསྟེན་པར་བཤད་པའི་དོན་བསྡུ་ན། རང་ཉིད་བླ་མའི་དབང་དུ་གཏོང་བ་བུ་མཛངས་པ་ལྟ་བུའི་སེམས། དེ་སུས་ཀྱང་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས། བླ་མའི་བྱ་བ་འཁུར་བཟོད་པ་བ་ལྟ་བུའི་སེམས་དང་། སྡུག་བསྔལ་བྱུང་ཡང་མི་བསྒུལ་པ་ཁོར་ཡུག་ལྟ་བུའི་སེམས། ངན་ལས་ཀྱང་སྒྲུབ་པ་བྲན་ལྟ་བུའི་སེམས། ང་རྒྱལ་ཆུང་བ་ཕྱག་དར་པ་ལྟ་བུའི་སེམས། བླ་མའི་ཁུར་ཆེ་བ་རྣམས་འཛིན་པ་ཐེག་པ་ལྟ་བུའི་སེམས། བླ་མས་གཤེ་ཡང་མི་ཁྲོ་བ་ཁྱི་ལྟ་བུའི་སེམས། བླ་མའི་བྱ་བ་ལ་མི་སྐྱོ་བ་གྲུ་ལྟ་བུའི་སེམས་རྣམས་ཀྱིས་བསྟེན་པའོ། །གཉིས་པ་རྩ་བ་དད་པ་སྦྱང་བ་ནི། དཀོན་མཆོག་ཏ་ལ་ལས། དད་པ་སྔོན་དུ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། ཞེས་སོགས་དང་། ཆོས་བཅུ་པ་ལས། དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བསྟེན། །དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ཞེས་སོགས་ཀྱི་ལུང་དྲངས་ནས་སྒྲུབ་པ་ལྟར་ཡིན་ལ། དད་པ་ལ་སྤྱིར་དཀོན་མཆོག་གསུམ་དང་ལས་འབྲས་དང་བདེན་བཞིའི་བླང་དོར་ལ་དད་པ་སོགས་མང་ཡང་སྐབས་འདིར་ནི་བླ་མ་ལ་དད་པའོ། །དད་པའི་སྟོབས་ཀྱིས་བླ་མ་ལ་ཇི་ལྟར་བལྟ་བ་ནི། འདུས་པའི་རྩ་རྒྱུད་དང་། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་ལས་སངས་རྒྱས་དང་འདྲ་བའི་འདུ་ཤེས་འཇོག་པར་བཤད་ཅིང་། རྒྱུད་ཕྱི་མ་དེ་ལས། སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་ནི་ནམ་ལང་བཟུང་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་འཐོབ། །སྐྱོན་རྣམས་བཟུང་ན་དངོས་མི་འགྲུབ། །ཞེས་གསུངས་ཏེ། རང་གི་བླ་མ་ཡིན་ཕྱིར་ཡོན་ཏན་ཆེ་ཆུང་གང་ཡིན་ཀྱང་སྐྱོན་བརྟགས་ཤིང་བཟུང་ན་དངོས་གྲུབ་ཀྱི་གེགས་སུ་འགྱུར་བས་སྐྱོན་མཐོང་ཡང་དེའི་ངོས་ནས་སྨད་པ་གཏན་མི་བྱ་སྟེ་ཉེས་དམིགས་ཆེ་ལ། ཡོན་ཏན་ཆུང་ཡང་དེའི་ངོས་ནས་བསྟོད་ན་ཕན་ཡོན་ཆེན་པོར་འགྱུར་རོ། །གསུམ་པ་བཀའ་དྲིན་རྗེས་སུ་དྲན་པའི་དོན་བསྡུ་ན། དགེ་བའི་བཤེས་གཉེན་ནི་བདག་ངན་སོང་ལས་སྐྱོབ་པ། འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱེད་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལེགས་པར་སྟོན་པར་བྱེད་པ་སྟེ་མདོར་ན་ཉེས་པའི་སྐྱོན་འགོག་ཅིང་ཡོན་ཏན་ཐམས་ཅད་སྤེལ་བར་བྱེད་པའོ་སྙམ་དུ་བཀའ་དྲིན་ཡིད་ལ་དྲན་ཅིང་ཚིག་གིས་བརྗོད་པར་བྱའོ།། གཉེས་པ་སྦྱོར་བས་བསྟེན་ཚུལ་ལ་གསུམ་ལས། དང་པོ་ནི། བླ་མ་ལྔ་བཅུ་པ་ལས། འདིར་མང་སྨོས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤངས་ནས་ནི། །དེ་དང་དེ་ལ་འབད་དེ་ བརྟག །དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུང་པར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་དང་། དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །ཞེས་དང་། ཅུང་ཟད་ཡིད་འོང་གང་དང་གང་། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེར་ནི་བླ་མར་དབུལ། །ཞེས་གསུངས་པ་ལྟར་ཟང་ཟིང་གི་མཆོད་པ་བྱ་དགོས་སོ། །སློབ་མའི་ངོས་ནས་ཚོགས་གསོག་པའི་ཐབས་མཆོག་ཡིན་པ་དེ་ལྟར་དགོས་ཀྱང་བླ་མའི་ངོས་ནས་དེ་ལ་མ་བལྟོས་པ་ཞིག་དགོས་སོ། །གཉིས་པ་ནི། ཁྲུས་དང་སྐུ་མཉེ་དྲིལ་ཕྱིས་བསྙུན་གཡོག་དང་བསུ་སྐྱེལ་སོགས་བྱེད་པའོ། །གསུམ་པ་ནི། ཇི་ལྟར་གདམས་པའི་སྒྲུབ་པའི་མཆོད་པས་མཉེས་པར་བྱ་སྟེ་དེ་ནི་གཙོ་བོ་ཡིན་ནོ། །སྤྱིར་བླ་མའི་བཀའ་ཐམས་ཅད་སྒྲུབ་དགོས་ཀྱང་ཆོས་མིན་ཕྱོགས་ལ་བསྐུལ་ན་ནི་བཤད་སྦྱངས་བྱས་ཏེ་མི་འཇུག་གོ །བཞི་པ་བསྟེན་པའི་ཕན་ཡོན་ནི། སངས་རྒྱས་འགྲུབ་པ་དང་རྒྱལ་བ་རྣམས་དགྱེས་པ་དང་ཆོས་དང་བཤེས་གཉེན་གྱིས་མི་ཕོངས་པ་དང་ངན་སོང་དུ་མི་འགྲོ་བ་དང་ལས་སྒྲིབ་འདག་པ་དང་ཉོན་མོངས་པས་མི་ཐུབ་པ་དང་ལུང་རྟོགས་ཀྱི་ཡོན་ཏན་རྣམས་འཕེལ་ཞིང་ཚོགས་རྫོགས་ནས་མྱུར་དུ་འཚང་རྒྱ་བ་རྣམས་ཏེ་སྡོང་པོ་བཀོད་པ་ལས་བཤད་དོ། །སའི་སྙིང་པོའི་མདོ་ལས། བླ་མ་ལ་མཆོད་ན་སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་པའི་ཕན་ཡོན་ཀྱང་ཟིལ་གྱིས་གནོན་པར་བཤད་དེ་དོན་ཆེའོ། །ལྔ་པ་མ་བསྟེན་པའི་ཉེས་དམིགས་ནི། བླ་མར་བཀུར་ནས་མ་བསྟེན་ན་ཚེ་འདིར་ནད་དང་གདོན་དུ་མས་འཚེ་བ་དང་ཕྱི་མར་ངན་འགྲོར་ལྷུང་བ་དང་ཆོས་ཀྱིས་ཕོངས་པ་སོགས་འབྱུང་ངོ་། །བླ་མ་ལ་སྨད་ན་ནི་ཉེས་པ་ཤིན་ཏུ་ཆེ་སྟེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དེར་ནི་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ན་རྣམ་ཀུན་ཏུ། །དེ་ལ་ནམ་ཡང་བརྙས་མི་བྱ། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུག་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚེད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་གསུངས་པ་ལྟར་རོ། །རང་གི་བླ་མ་ལ་མ་དད་ན་ཡོན་ཏན་གསར་དུ་མི་སྐྱེ་ཞིང་སྐྱེས་པ་རྣམས་ཀྱང་ཉམས་པར་འགྱུར་བར་བཤད་ཅིང་། གཞན་ཡང་། སློབ་དཔོན་ལ་ནི་གང་བརྙེས་པ། དེས་ནི་སངས་རྒྱས་ཀུན་བརྙས་པས། །རྟག་ཏུ་སྡུག་བསྔལ་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུ་མང་ངོ་། །དྲུག་པ་དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་བླ་མའི་རྣལ་འབྱོར་ཞེས་ཡོངས་སུ་གྲགས་པའི་གདམས་པ་སྔར་བཤད་པ་ལྟར་གོ་དགོས་ཤིང་། སྙིང་ཐག་པ་ནས་ཆོས་ཞིག་བྱེད་ན་ནི་ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་ཚུལ་བཞིན་ཡུན་རིང་དུ་བསྟེན་པ་ལ་འབད་པར་བྱའོ། །དེའི་ཚེ་བླ་མ་བསྟེན་ཚུལ་མ་ལོག་པ་གལ་ཆེ་སྟེ་ལོག་ན་ཁེ་མི་ཐོན་པར་གྱོང་འབྱུང་ལ། བསྟེན་ཚུལ་ལེགས་ན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་འགྱུར་ཞེས་བཤད་པ་ལྟར་རོ། །གཉིས་པ་སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པ་ལ་གཉིས། སྐྱོང་ཚུལ་དངོས་དང་། དེ་ལ་ལོག་རྟོག་དགག་པའོ། །དང་པོ་ལ་གསུམ་ལས་ཐུན་གྱི་ངོ་བོ་ལ་སྔོན་དུ་ཇི་ལྟར་བྱ་བ་ལ། དང་པོ་སྦྱོར་པའི་ཆོས་ནི་དྲུག་སྟེ། གནས་ཁང་བྱི་དོར་བྱས། སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། མཆོད་པ་བཤམས། སྟན་ལ་སྐྱིལ་ཀྲུང་བྱས་ཏེ་སྐྱབས་འགྲོ་སེམས་བསྐྱེད་སོགས་རྒྱུད་དང་འདྲེས་ངེས་ཞིག་བྱ། ད་ལྟའི་ཕྱག་ལེན་ལ་ཚོགས་ཞིང་རྣམས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་བཞུགས་པར་བཤད་པ་ལྟར་ཡང་རུང་མོད། ལམ་རིམ་འདིའི་དངོས་བསྟན་ལྟར་ན་མདུན་གྱི་ནམ་མཁར་རྒྱ་ཆེན་སྤྱོད་པ་དང་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་དང་། གཞན་ཡང་སངས་རྒྱས་བྱང་སེམས་ཉན་རང་བཀའ་སྡོད་བཅས་དཔག་ཏུ་མེད་པ་བཞུགས་པར་བསམས་ཏེ། བཟང་སྤྱོད་ནས་འབྱུང་བ་ལྟར་ཡན་ལག་བདུན་པ་བྱ་བར་གསུངས་སོ། །ཡན་ལག་བདུན་གྱི་ཕྱག་དང་མཆོད་པ་དང་བསྐུལ་བ་དང་གསོལ་པ་གདབ་པ་དང་ཡི་རང་བ་དང་ལྔ་མཐུན་རྐྱེན་ཚོགས་གསོག་པའི་ལན་ལག་ཡིན་ལ། བཤགས་པ་ནི་འགལ་རྐྱེན་སྒྲིབ་པ་སྦྱོར་བའི་ཡན་ལག་དང་། བསྔོ་བ་ནི་དེ་དག་གི་དགེ་བ་མི་ཟད་པར་བྱེད་པའི་ཡན་ལག་གོ །དེ་ནས་མཎྜལ་འབུལ་ཞིང་འདིར་མི་གསལ་ཡང་གཞན་ནས་ལམ་རིམ་གསོལ་འདེབས་རྒྱས་བསྡུས་གང་རུང་བྱ་བར་བཤད་པ་ལྟར་ཡང་ལེགས་སོ། ཁྱད་པར་དུ་བཤེས་གཉེན་ལ་མ་གུས་པ་སོགས་ཕྱིན་ཅི་ལོག་གི་བློ་སྣ་ཐམས་ཅད་འགག་པ་དང་། གུས་པ་སོགས་ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་རྒྱུད་ལ་སྐྱེ་བའི་གསོལ་གདབ་དྲག་ཏུ་བྱའོ། །གཉིས་པ་ཐུན་གྱི་དངོས་གཞི་ལ་ཇི་ལྟར་བྱ་བ་ལ་གཉིས། སྤྱིའི་སྐྱོང་ཚུལ་དང་། སྐབས་འདིའི་སྐྱོང་ཚུལ་ལོ། །དང་པོ་ནི། ཐོག་མར་གང་བསྐྱང་བར་བྱ་བའི་དམིགས་པ་རྣམས་ཀྱི་གྲངས་དང་གོ་རིམ་ངེས་ངེས་བྱས་ཏེ། ཇི་ལྟར་ངེས་པར་བྱས་པ་དེ་ལས་གཞན་དུ་མི་གཏོང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་ཞིག་བཏང་ལ། ཇི་ལྟར་ངེས་པར་བྱས་པ་དེ་དྲན་ཤེས་དང་ལྡན་པས་བསྐྱང་བར་བྱ་སྟེ། གང་ཟིན་ཟིན་ནས་དམིགས་པ་བསྐྱངས་ན་གནད་དུ་འགྲོ་དཀའོ།། གཉིས་པ་སྐབས་འདིའི་སྐྱོང་ཚུལ་ནི། བླ་མ་བསྟེན་པའི་ཕན་ཡོན་དང་མ་བསྟེན་པའི་ཉེས་དམིགས་རྣམས་བསམ་ཞིང་། དེ་ནས་རང་ལ་བཀའ་དྲིན་ཆེ་བའི་ཚུལ་བསམས་ཏེ་སྙིང་ཐག་པ་ནས་གུས་པ་ཆེན་པོ་བསྐྱེད་པར་བྱའོ། །གསུམ་པ་མཇུག་ཏུ་བསྔོ་སྨོན་ཁྱད་པར་ཅན་རྣམས་བྱའོ། །དེ་ལྟར་ཐུན་བཞི་ལ་སོགས་པ་བྱ་སྟེ་ཧ་ཅང་དམ་དྲགས་པ་དང་ཧ་ཅང་ལྷོད་པ་གཉིས་ཀ་སྤངས་ཏེ་གྲིམ་ལྷོད་རན་པ་གནད་ཆེའོ། །གཞན་ཡང་ཐུན་མཚམས་སུ་ནི་སྤྱིར་མང་ཡང་སྐབས་འདིར་འདིའི་གཞུང་རྣམས་ལ་ལྟ་རྟོག་བྱེད་པ་གལ་ཆེ་སྟེ་བསྐྱེད་འབྱུང་ཞིང་ཚོགས་གསོག་སྒྲིབ་སྦྱོང་གི་སྐོར་ལ་འབད་པར་བཤད། སྐབས་འདིར་དབང་པོའི་སྒོ་སྡོམ་པ་དང་། ཤེས་བཞིན་དུ་སྤྱོོད་པ་དང་། ཟས་ཀྱི་ཚོད་རིག་པ་དང་། མི་ཉལ་བ་དང་། ཉལ་བའི་ཚེ་ཇི་ལྟར་བྱ་བ་དང་ལྔ་བཤད་པའི་དོན་རྒྱས་པར་བཤད་ན་མང་དུ་འགྱུར་བས་བསྡུ་ན་གང་སྡོམ་པ་ནི་མིག་ནས་ཡིད་ཀྱི་བར་དབང་པོ་དྲུག་གོ །དེ་གང་གིས་སྡོམ་པའི་ཐབས་ནི་དབང་པོའི་སྒོ་སྡོམ་པའི་ཆོས་རྣམས་ཤེས་ཤིང་མི་བརྗེད་པར་དྲན་པར་བྱེད་ཅིང་སྐྱོང་བའོ། །གང་ལས་སྡོམ་པ་ནི་ཟག་བཅས་ཀྱི་ཡུལ་ཡིད་དུ་མི་འོང་ལས་སྡོམ་པའོ། །ཇི་ལྟར་བསྡམ་པ་ལ་ཡུལ་དང་དབང་པོ་ལ་བརྟེན་ནས་སྐྱེས་པའི་རྣམ་ཤེས་དྲུག་གི་མསྔུག་ཏུ་ཡིད་ཀྱི་ཤེས་པ་ཡུལ་གཟུགས་སྒྲ་སོགས་ཡིད་དུ་འོང་མི་འོང་པ་དྲུག་ལ་ཆགས་སྡང་སྐྱེ་བར་འགྱུར་བ་འབད་པས་འགོག་པའོ། །དེ་ཡང་གང་ལ་བལྟ་བ་དང་ཉན་པ་སོགས་བྱས་ན་ཉོངས་མོངས་སྐྱེ་བར་འགྱུར་བའི་ཡུལ་དེ་རྣམས་ལ་དབང་པོ་མི་གཏོང་བར་འགོག་པའི་དོན་ནོ། །དེའི་ཚེ་བལྟ་བྱ་མིན་པའི་ཡུལ་ལ་ཞེན་པས་ལྟ་བ་དང་ཡིད་ལ་བྱེད་པའི་མཚན་མར་འཛིན་པ་དང་། ཆགས་སྡང་སྐྱེ་བའི་ཡུལ་ཡིད་ཀྱིས་འཛིན་པ་དང་ཐོས་ནས་དེ་དག་ལ་ཞེན་པས་རྟོག་པའི་མངོན་རྟགས་སུ་འཛིན་པ་སྤོང་ངོ་། །ཤེས་བཞིན་དུ་སྦྱོད་པ་ལ་གཉིས་ཏེ་གང་ལ་སྤྱོད་པའི་གཞི་དང་། དེ་ལ་སྤྱོད་པའི་ཤེས་བཞིན་ནོ། །དང་པོ་ལ་གཉིས་ཏེ་རྒྱུ་བའི་ལས་ལྔ་དང་སྤྱོད་བའི་ལས་ལྔའོ། །དེ་དག་མིང་ཙམ་གྱིས་བརྗོད་པར་བྱ་སྟེ། དང་པོ་ནི། གྲོང་སོགས་སུ་འགྲོ་བའི་ལུས་ཀྱི་ལས་དང་། མིག་གིས་ཡུལ་ལ་ལྟ་བའི་ལས་དང་། ཡན་ལག་དང་ཉིང་ལག་བརྐྱང་བསྐུམ་གྱི་ལས་དང་། ཆོས་གོས་དང་ལྷུང་བཟེད་བཅང་བའི་ལས་དང་། བསོད་སྙོམས་ཟ་འཐུང་གི་ལས་སོ། །གཉིས་པ་ལ་ལྔའི་དང་པོ་ལུས་ཀྱི་འགྲོ་འདུག་གི་ལས་དང་། ངག་གི་སྨྲ་བརྗོད་ཀྱི་ལས་དང་། ཡིད་ཀྱི་བསམ་པའི་ལས་དང་། ངལ་གསོ་བའི་ལས་དང་། ཉིན་མཚན་དུ་ཉལ་མི་ཉལ་བའི་ལས་ཏེ་བཅུ་པོ་དེ་རྣམས་སོ། །གཉིས་པ་ནི། བཅུ་པོ་དེ་ལ་ཤེས་བཞིན་དུ་སྤྱོད་པ་ནི་ཤེས་བཞིན་ནོ། །དེ་ལ་བཞི་སྟེ་དང་པོ་ནི་སྔར་གྱི་བཞི་བཅུ་པོ་གང་ལ་རྣམ་པ་གང་གིས་ཇི་ལྟར་རྟོག་པའོ། །གཉིས་པ་ནི། ཕྱོགས་གང་དང་གང་དུ་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བ་དེ་ལྟར་རྟོག་པའོ། །གསུམ་པ་ནི། དུས་གང་གི་ཚེ་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་དུས་དེའི་ཚེ་དེ་ལྟར་རྟོག་པའོ། །བཞི་པ་ནི། ལས་གང་ལ་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་ལས་དེ་ལ་དེ་ལྟར་རྟོག་པའོ། །མདོར་ན་དེ་དག་ལ་དྲན་ཤེས་བསྟེན་པར་བྱའོ། །གསུམ་པ་ཟས་ཀྱི་ཚོད་རིག་པ་ལ་བཞི་སྟེ། ཧ་ཅང་ཉུང་བ་དང་། ཧ་ཅང་མང་བ་མ་ཡིན་པ་དང་། ཟས་འཇུ་བ་དང་འཕྲོོད་པའོ། །འདིར་ཟས་སྤྱད་པ་ལས་བྱུང་བའི་ཉེས་དམིགས་དང་། ཞུ་བ་ལས་བྱུང་བའི་ཉེས་དམིགས་གཉ ིས་དང་། ཟས་ཚོལ་བ་ལས་བྱུང་བའི་ཉེས་དམིགས་ལྔ་གསུངས་པ་རྣམས་ཀྱང་ཤེས་པར་བྱའོ། །བཞི་པ་ཉིན་མོ་ཧྲིལ་པོར་མི་ཉལ་བར་དགེ་སྦྱོར་ལ་འཇུག་པའོ། །ལྔ་པ་ནི། མཚན་མོ་ནམ་གྱི་ཐུན་པར་ལ་ཉལ་ཞིང་ཐུན་སྟོད་སྨད་ལ་མི་ཉལ་བར་དགེ་སྦྱོར་ལ་བརྩོན་པ་དང་། ཉལ་བའི་ཚེ་སངས་རྒྱས་ཀྱིས་གནང་བའི་ཉལ་ཚུལ་གློ་གཡས་པ་ཕབ་སྟེ་དྲན་ཤེས་དང་ལྡན་པར་ཉལ་བའོ། །གཉིས་པ་སྐྱོང་ཚུལ་དེ་ལ་ལོག་རྟོག་དགག་པ་ནི། ཁ་ཅིག་ལམ་སྒོམ་པའི་ཚེ་འཇོག་སྒོམ་ཁོ་ན་བྱ་སྟེ། རྟོག་པ་རྣམས་ནི་མཚན་འཛིན་ཡིན་པས་དཔྱད་ནས་བསྒོམ་པར་བྱར་མི་རུང་ངོ་ཟེར། དེ་ནི་ཤིན་ཏུ་མི་འཐད་དེ། སྒོམ་པ་ལ་དཔྱད་ནས་སྒོམ་པ་དང་འཇོག་སྒོམ་གཉིས་ཡོད་པའི་ཕྱིར་ཏེ། འདི་ལྟར་དད་པ་དང་དལ་འབྱོར་རྙེད་དཀའ་བ་དང་ཚད་མེད་བཞི་དང་སྐྱབས་འགྲོ་དང་སེམས་བསྐྱེད་དང་ལས་འབྲས་དང་མི་རྟག་པ་དང་སྡུག་བསྔལ་སྒོམ་པ་ལྟ་བུ་རྣམས་ལ་དཔྱད་ནས་སྒོམ་པ་གཙོ་ཆེ་ཞིང་། སེམས་གནས་དངོས་གཞིའི་སྐབས་ལྟ་བུ་ལ་འཇོག་སྒོམ་གཙོ་ཆེ་བའི་ཕྱིར་རོ། །རྟོག་པ་གང་ཡིན་མཚན་འཛིན་དུ་འདོད་པ་ནི་གཞུང་ཆེན་པོ་རྣམས་ལ་མ་སྦྱངས་ཤིང་དོན་མི་ཤེས་པའི་བླུན་གཏམ་མོ། །མདོར་ན་ཐོག་མར་ཐོས་བསམ་གྱིས་དཔྱད་ནས་བསྐྱང་བའི་དཔྱད་སྒོམ་བྱས་ནས་མཐར་འཇོག་སྒོམ་བྱེད་དགོས་པ་མང་དུ་འབྱུང་བས། འདིར་མཚོན་ཙམ་སྟེ་བདག་གིས་སྐབས་འདིའི་ལམ་རིམ་གྱི་དགོངས་པར་བསམས་ནས་གཞན་དུ་བཤད་ཟིན་ཏོ། །གཉིས་པ་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལ་གཉིས། དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་དུ་བསྐུལ་བ་དང་། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལོ། །དང་པོ་ལ་གསུམ། དལ་འབྱོར་ངོས་བཟུང་བ་དང་། དེ་དོན་ཆེ་བར་བསམ་པ་དང་། རྙེད་དཀའ་བར་བསམ་པའོ། །དང་པོ་ལ་གཉིས། དལ་བ་དང་། འབྱོར་བའོ། དང་པོ་ནི། བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་ཁོབ་ཏུ། །ཀླ་ཀློར་སྐྱེ་བ་ལེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ངན་སོང་གསུམ་དང་། ལྷ་ཚེ་རིང་པོ་དང་། མཐའ་ཁོབ་ཏུ་སྐྱེས་པ་དང་། དབང་པོ་མ་ཚང་བ་དང་། །ལོག་ལྟ་ཅན་དང་། སངས་རྒྱས་མ་བྱོན་པའི་ཡུལ་དུ་སྐྱེས་པ་བརྒྱད་དོ། །དེ་རྣམས་ནི་ཆོས་སྒྲུབ་པའི་རྟེན་དུ་མི་ཁོམ་པའམ་མི་རུང་བས་དེ་སྐད་ཅེས་བྱའོ། །དེ་ནི་གཙོ་ཆེ་བའི་དབང་དུ་བྱས་ཀྱི། གཞན་ལྷ་ཚེ་རིང་པོ་དང་། ངན་སོང་དང་། དབང་པོ་མ་ཚང་བ་ལྟ་བུར་སྐྱེས་པའི་ནང་ན་ཆོས་ལ་དད་པ་དང་། དེ་དག་ཏུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཡང་ཡོད་པར་བཤད་པས་ཁྱད་པར་ཤེས་དགོས་སོ། །ལྷ་ཚེ་རིང་པོ་ནི་ཚངས་ཆེན་དང་། འདུ་ཤེས་མེད་པའི་ལྷ་དང་། གཟུགས་མེད་གྱི་ལྷ་འགའ་དང་། རྟག་ཏུ་གཡེང་བའི་འདོད་པའི་ལྷ་རྣམས་སོ། །དབང་པོ་མ་ཚང་བ་ནི་ཐོག་མ་ཉིད་ནས་དབང་པོ་མ་ཚང་བ་ལྟ་བུ་ལ་དགོངས་ཀྱི། །ཕྱིས་རྐྱེན་གྱིས་དབང་པོ་མ་ཚང་བར་སོང་བ་ལ་ངེས་པ་མེད་དོ། །གཉིས་པ་འབྱོར་པ་ལ་གཉིས་ལས། རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་འབྱུང་བ་ལྟར་སྤྱིར་མི་ཡིན་པ། ཡུལ་དབུས་སུ་སྐྱེས་པ་ནི་འཁོར་རྣམ་བཞི་ཡོད་པའི་ཡུལ་དུ་སྐྱེས་པའོ། །དབང་པོ་ཚང་བ་ནི་གླེན་ལྐུགས་སུ་མ་སོང་ཞིང་ཡན་ལག་དང་ཉིང་ལག་རྣམས་ཚང་བའོ། །ལས་མཐའ་མ་ལོག་པ་ནི་མཚམས་མེད་ལྟ་བུ་མ་བྱས་པའོ། །གནས་ལ་དད་པ་ནི་སྡེ་སྣོད་གསུམ་ལ་དད་པའོ། །ལྔ་པོ་དེ་རང་རྒྱུད་ཀྱིས་བསྡུས་པས་རང་འབྱོར་ཞེས་བྱའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པ་ལྟར། སངས་རྒྱས་དངོས་སུ་བྱོན་པའི་གནས་འཕགས་ཡུལ་ལྟ་བུ་དང་། སངས་རྒྱས་སམ་ཉན་ཐོས་ཀྱིས་དམ་ཆོས་སྟོན་པ་དང་། ལུང་རྟོགས་ཀྱི་བསྟན་པ་གནས་པ་དང་། ཆོས་གནས་པའི་རྗེས་སུ་འཇུག་ཅིང་སྒྲུབ་པ་དང་། རང་ལ་སྦྱིན་བདག་ལྟ་བུས་དད་པ་དང་བརྩེ་བས་ཆོས་ཀྱི་མཐུན་རྐྱེན་སྟེར་བ་སྟེ་ལྔའོ། །དེ་རྣམས་ནི་གཞན་རྒྱུད་ལ་ཡོད་ཅིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པ་གཞན་འབྱོར་རོ། །ཕྱོགས་འདི་ནི་ས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་མིན་ཡང་ཆོས་ཚིགས་ཀྱིས་ཕྱེ་བའི་དབུས་ཡིན་པས་མི་འགལ་ཞིང་། ཐུན་མོང་བའི་སྣང་ངོར་སངས་རྒྱས་དངོས་སུ་མ་བྱོན་ཡང་སངས་རྒྱས་ཀྱི་གདུང་འཚོབ་མང་དུ་བྱོན་པས་སངས་རྒྱས་མ་བྱོན་པའི་གནས་ཡིན་པའི་སྐྱོན་མེད་དོ། །གཉིས་པ་དལ་འབྱོར་དོན་ཆེ་ཚུལ་བསམ་པ་ནི། བསྡུས་དོན་ལས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །ཅེས་གསུངས་པ་ལྟར་ཏེ། རྟེན་འདི་ལ་དོན་ཆེན་པོ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་ཏུ་ཡོད་པས་ཡིད་བཞིན་གྱི་ནོར་བུ་ལས་ལྷག་སྟེ། ལྷག་ཚུལ་ནི་ཡིད་བཞིན་གྱི་ནོར་བུས་ལས་གནས་སྐབས་ཀྱི་དགོས་འདོད་འབྱུང་ཡང་། མཐར་ཐུག་གི་དོན་མི་འབྱུང་ལ། དལ་འབྱོར་གྱི་རྟེན་འདི་ལ་དེ་བསྒྲུབས་ན་འབྱུང་བས་སོ། །དེ་ལྟ་བུའི་རྟེན་རྙེད་ནས་དོན་མེད་དུ་མི་བཏང་སྟེ། སློབ་དཔོན་དཔའ་བོས། ཡིད་བཞིན་ནོར་བུ་ལས་ལྷག་པའི། །ཡོན་ཏན་ཀུན་གྱི་མི་རྣམས་ནི། །སུ་ཞིག་འདིར་དེ་འབྲས་མེད་བྱེད། །ཅེས་དང་། སྤྱོོད་འཇུག་ལས། འདི་འདྲའི་དལ་རྟེན་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པ་གཞན་མེད་དོ། །ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་ལྟར་དོན་ཆེ་བ་ལ་སྙིང་པོ་ལེན་འདོད་བསྐྱེད་པར་བྱའོ། །གསུམ་པ་རྙེད་དཀའ་བ་བསམ་པ་ནི། ངན་འགྲོ་ནས་ངན་འགྲོར་སྐྱེ་བ་དང་། བདེ་འགྲོ་ནས་ངན་འགྲོར་སྐྱེ་བ་ས་ཆེན་པོའི་རྡུལ་ལྟར་མང་ལ། དེ་གཉིས་ནས་བདེ་འགྲོར་སྐྱེ་བ་ནི་ཐུབ་པའི་ཕྱག་སེན་གྱི་རྩེ་མོས་བླངས་པའི་རྡུལ་ལྟར་ཉུང་བར་བཤད་དོ། །གལ་ཏེ་བདེ་འགྲོ་ནས་ངན་འགྲོར་སྐྱེ་བ་དེ་ཙམ་མི་མང་སྙམ་ན། བཞི་བརྒྱ་པ་ལས། ཕལ་མོ་ཆེ་ཡི་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོའི་སྐྱེ་བོ་ཀུན་། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ །ཞེས་གསུངས་པ་ལྟར་བདེ་འགྲོ་མིར་སྐྱེས་ཀྱང་སྡིག་པའི་ལས་བྱེད་པ་ཤིན་ཏུ་མང་བས་ངན་འགྲོར་སྐྱེ་བ་མང་ངོ་། །རྙེད་དཀའ་བ་དེ་ཡང་གསུམ་དུ་བསྡུས་ན་ངོ་བོའི་སྒོ་ནས་དང་། རྒྱུའི་སྒོ་ནས་དང་། དཔེའི་སྒོ་ནས་རྙེད་དཀའ་བའི་ཚུལ་ལོ། །དང་པོ་ནི་བདེ་འགྲོ་ལས་ངན་འགྲོ་མང་སྟེ། ངན་འགྲོ་གཞན་གཉིས་ཀུན་གྱིས་མ་མཐོང་ཡང་། དུས་འགྲོ་བྱིངས་ན་གནས་པ་ནི་རྒྱ་མཚོའི་ནང་ན་ཆང་གི་སྦང་མ་ལྟར་ཚོགས་ཤིང་འདུས་ལ། ས་སྟེང་ན་དུད་འགྲོའི་རིགས་ནི་མི་ལ་བལྟོས་ནས་ཤིང་ཏུ་མང་སྟེ། དབྱར་དུས་ཀྱི་འབུ་སྲིན་གྲངས་མེད་པ་ལྟ་བུའོ། །རྒྱུའི་སྒོ་ནས་རྙེད་དཀའ་ཚུལ་ནི། སྤྱིར་བདེ་འགྲོར་སྐྱེ་བ་རྣམས་ནི་དགེ་བའི་ལས་ཀྱིས་ཡིན་པས་དགེ་བ་ཞིག་ངེས་པར་སྒྲུབ་དགོས་ལ། དེ་ཡང་ཚུལ་ཁྲིམས་སོགས་དགེ་བ་སྣ་གཅིག་བྱེད་པ་ལ་ངེས་པར་བལྟོས་སོ། །ཁྱད་པར་དུ་དལ་འབྱོར་གྱི་རྟེན་འཐོབ་པའི་རྒྱུར་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་ཞིག་དགོས་ན་དེ་ལྟ་བུ་དཀོན་པས་བདེ་འགྲོའི་རྟེན་རྙེད་དཀའ་བར་བསམ་མོ། །དཔེའི་སྒོ་ནས་ཀྱང་རྙེད་དཀའ་ཚུལ་ནི། དེ་ལ་དཔེ་གཞན་ཡོད་ཀྱང་འདིར་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་རིན་ཐང་ཆེ་བ་རྙེད་དཀའ་ཞིང་རྩྭ་ཤིང་དང་ཟོང་ཕལ་བ་རྙེད་སླ་བ་ལྟར། ལུས་ཁྱད་པར་ཅན་འཐོབ་དཀའ་ཞིང་ལུས་དམན་པ་རྙེད་སླ་བར་བསམ་པར་བྱའོ། །གཉིས་པ་སྙིང་པོ་ཇི་ལྟར་ལེན་ཚུལ་ལ་གཉིས། ལམ་སྤྱིའི་རྣམ་གཞག་ལ་ངེས་པ་བསྐྱེད་པ་དང་། །སྙིང་པོ་ལེན་ཚུལ་དངོས་སོ། །དང་པོ་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གཞུང་དུ་གསུང་རབ་ཐམས་ཅད་འདུ་ཚུལ་དང་། སྐྱེས་བུ་གསུང་གྱི་སྒོ་ནས་རིམ་པར་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། སངས་རྒྱས་ཀྱིས་ཆོས་གསུངས་པ་ཐམས་ཅད་སེམས་ཅན་རྣམས་མངོན་མཐོ་དང་ངེས་ལེགས་ལ་འགོད་པའི་ཆེད་ཡིན་ཞིང་། མངོན་མཐོ་བསྒྲུབ་པ་ལས་བརྩམས་ཏེ་ཇི་སྙེད་གསུངས་པ་ཐམས་ཅད་ནི་སྐྱེས་བུ་ཆུང་ངུ་དངོས་སམ་དེ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་ལ། ངེས་ལེགས་ལ་གཉིས་ཏེ་འཁོར་བ་ལས་གྲོལ་བ་ཙམ་གྱི་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་གཉིས་ཀྱི་དང་པོ་ཉན་རང་གི་ཐེག་པ་ལས་བརྩམས་ཏེ་ཇི་སྙེད་གསུངས་པ་རྣམས་ནི་སྐྱེས་བུ་འབྲིང་དངོས་སམ་དེ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་ཞིང་། སངས་རྒྱས་ཐོབ་པའི་ཆེད་དུ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཆོས་སྐོར་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུའོ། །སྐྱེས་བུ་གསུམ་ཡང་ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལས་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་ཏེ་འདིས་འཇིག་རྟེན་ཕྱི་མའི་བདེ་བ་ཙམ་གཙོ་བོར་དོན་དུ་གཉེར་བ་དེ་སྐྱེས་བུ་ཆུང་ངུ་དང་། དེའི་སྟེང་དུ་སྲིད་པ་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས་དང་དེ་དང་དོན་དུ་གཙོ་བོར་དོན་དུ་གཉེར་བ་ཞིག་སྐྱེས་བུ་འབྲིང་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་ནས་ཕྱིན་དྲུག་དང་རིམ་གཉིས་ལ་སློབ་པ་ཞིག་སྐྱེས་བུ་ཆེན་པོར་བཤད་པ་ལྟར་རོ། །སྤྱིར་སྐྱེས་བུ་ཆུང་ངུ་ལ་ནི་ཕལ་བ་གཞན་ཡོད་ཀྱང་འདིར་སྐྱེས་བུ་ཆུང་ངུ་དངོས་ནི་སྔ་མ་ལ་བལྟོས་ཏེ་ཁྱད་པར་ཅན་ནོ། །འདི་ལ་ལམ་མ་ཞུགས་ཀྱིས་ཁྱབ་སྟེ། མངོན་མཐོ་ཙམ་དོན་དུ་གཉེར་བ་ཡིན་གྱི། ཐར་པ་དོན་དུ་གཉེར་བ་མ་ཡིན་པའི་ཕྱིར་རོ། །སྐྱེས་བུ་འབྲིང་དང་ཆེན་པོ་ལ་ནི་ཁ་ཅིག་ལམ་ཞུགས་ཀྱིས་ཁྱབ་པར་བཞེད་ཀྱང་། ལམ་མ་ཞུགས་ནའང་ཡོད་པར་སེམས་ཏེ། འཁོར་བ་ལས་ཐར་འདོད་དང་སངས་རྒྱས་གཙོ་བོར་དོན་དུ་གཉེར་བའི་རིགས་ཅན་གཉིས་དེ་ན་ཡོད་པའི་ཕྱིར་རོ། །གལ་ཏེ་འབྲིང་དང་ཆེན་པོའི་ལམ་ཞེས་ཐ་སྙད་བྱེད་པའི་ཕྱིར་ལམ་ཞུགས་སོ་སྙམ་ན། དེ་ལྟ་ན་སྐྱེས་བུ་ཆུང་ངུའི་ལམ་ཞེས་པའི་ཐ་སྙད་ཡོད་པས་དེ་ཡང་ལམ་ཞུགས་སུ་ཐལ་ཞིང་། བདེ་འགྲོ་དང་ངན་འགྲོའི་ལམ་གཉིས་ཀྱང་ལམ་དུ་ཐལ་བར་འགྱུར་ན་དེ་ནི་འདོད་པར་དཀའོ། །གཉིས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་འཁྲིད་པའི་རྒྱུ་མཚན་ལ་གཉིས། དེའི་སྒོ་ནས་འཁྲིད་པའི་དོན་དང་། འཁྲིད་པའི་རྒྱུ་མཚན་དངོས་སོ། །དང་པོ་ནི། དེ་ལྟར་སྐྱེས་བུ་གསུམ་དུ་བཤད་ཀྱང་ལམ་གཞན་གཉིས་སྐྱེས་བུ་ཆེན་པོའི་ལམ་གྱི་ཡན་ལག་ཏུ་འདུ་བས་དེའི་ཆ་ཤས་ཡིན་ལ། འོང་ཀྱང་སྐྱེས་བུ་ཆུང་ངུ་དང་འབྲིང་གི་ལམ་དངོས་ལ་འཁྲིད་པ་མིན་གྱི། དེ་གཉིས་དང་ཐུན་མོང་བའི་ལམ་འགའ་ཞིག་སྐྱེས་བུ་ཆེན་པོའི་ལམ་ལ་འཁྲིད་པའི་སྔོན་འགྲོར་འཁྱེར་བ་ཡིན་ནོ། །གཉིས་པ་དེ་ལྟར་འཁྲིད་པའི་རྒྱུ་མཚན་ལ་གཉིས། དངོས་དང་། དགོས་པའོ། །དང་པོ་ནི། བྱང་ཆུབ་ཀྱི་སེམས་ནི་ཐེག་ཆེན་ལམ་གྱི་འཇུག་སྒོ་ཡིན་པས། བྱང་ཆུབ་ཀྱི་སེམས་སྐྱེ་བའི་སྔོན་དུ་དེའི་རྒྱུད་སྦྱོང་དགོས་ཤིང་། དེ་ཡང་སྐྱེས་བུ་ཆུང་ངུའི་སྐབས་སུ་ངན་སོང་གི་སྡུག་བསྔལ་བསམ་པ་དང་། སྐྱེས་བུ་འབྲིང་གི་སྐབས་སུ་བདེ་འགྲོའི་སྡུག་བསྔལ་བསམས་པ་ལ་བརྟེན་ནས་རྒྱུད་སྨིན་ཏེ། སྐྱེས་བུ་ཆེན་པོའི་སྐབས་སུ་ཡང་དེ་ལྟར་བསམས་པ་ན་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུ་བྱམས་སྙིང་རྗེ་གཉིས་སྐྱེ་བའི་རྒྱུ་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར་རོ། །དེས་ན་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་ལ་སྦྱོང་བ་ནི། བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཐབས་དམ་པ་ཡིན་པར་ཤེས་པར་བྱའོ། །དེར་མ་ཟད། དེ་གཉིས་ཀྱི་སྐབས་སུ་སྐྱབས་འགྲོ་དང་ལས་འབྲས་དང་བསགས་སྦྱང་བྱེད་པ་རྣམས་ཀྱང་སེམས་དེ་སྐྱེ་བའི་རྒྱུར་འགྲོ་ཞིང་། དེའི་སྟེང་དུ་གོ་རིམ་གྱི་དབང་དུ་བྱས་ནས་ཐོག་མར་སྨོན་སེམས་ཆོ་གས་བཟུང་སྟེ། དེའི་བསླབ་བྱ་རྣམས་དང་། ཕྱིན་དྲུག་སོགས་སྤྱོད་པ་ལ་སློབ་འདོད་བསྐྱེད། དེ་ནས་འཇུག་སེམས་ཆོ་གས་བླངས་ཏེ་བསླབ་བྱ་ལ་ཅི་ནུས་སུ་སློབ་ཅིང་བྱང་སེམས་ཀྱི་སྡོམ་པའི་རྩ་ལྟུང་སྲུང་། བསླབ་བྱ་ཕྱིན་དྲུག་དང་བསླབ་གསུམ་སྤྱི་དང་ཞི་ལྷག་ལ་སློབ་པའི་རིམ་པ་རྣམས་འཆད་པར་འགྱུར་རོ། །དེ་ནས་སྔགས་ལམ་ལ་འཇུག་པར་བྱ་སྟེ། འདི་ཉིད་ལས། དེ་ལྟར་ལམ་ཐུན་མོང་བ་རྣམས་ཀྱིས་རྒྱུད་སྦྱངས་ནས་ནི་ངེས་པར་གསང་སྔགས་ལ་འཇུག་དགོས་ཏེ། དེ་ལ་ཞུགས་ན་མྱུར་དུ་ཚོགས་རྫོགས་པར་འགྱུར་བའི་ཕྱིར་རོ་ཞེས་གསུངས་སོ། །གཉིས་པ་དགོས་པ་ནི། གལ་ཏེ་སྐྱེས་བུ་ཆུང་འབྲིང་གི་ཆོས་སྐོར་རྣམས་སྐྱེས་བུ་ཆེན་པོའི་ལམ་གྱི་ཡན་ལག་ཡིན་ན་སྐྱེས་བུ་ཆེན་པོའི་ལམ་རིམ་གྱི་ཐ་སྙད་བྱས་པས་ཆོག་གི ཆུང་འབྲིང་དང་ཐུན་མོང་བའི་ལམ་རིམ་གྱི་ཐ་སྙད་བྱ་ཅི་དགོས་ཞེ་ན། དེ་ལ་དགོས་པ་གཉིས་ཡོད་དེ། ཆུང་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་མ་སྦྱང་བར་སྐྱེས་བུ་ཆེན་པོར་རློམ་པ་འགོག་པ་དང་། བློ་རབ་འབྲིང་ཐ་མ་གསུམ་ལ་ཕན་ཁྱད་ཆེ་བའི་ཕྱིར་རོ། །ཕན་ཁྱད་ཆེ་ལུགས་ནི། འོག་མ་གཉིས་ལ་མ་འཁྲིད་པར་དང་པོ་ཉིད་ནས་ཆེན་པོ་ལ་འཁྲིད་ན་ཆེན་པོའི་ལམ་ཇི་བཞིན་མི་སྐྱེ་ལ། འོག་མ་ནས་རིམ་གྱིས་འཁྲིད་ན་ལམ་འོག་མ་སྐྱེ་བར་མ་ཟད་གོང་མ་ལ་ཡང་མཚན་ཉིད་ཚང་བ་སྐྱེ་ཞིང་། གཞན་དུ་ན་འོག་མ་དོར་བས་གོང་མ་མི་སྐྱེ་སྟེ་གང་ཡང་མེད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་སྙིང་པོ་ལེན་ཚུལ་དངོས་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དང་། འབྲིང་དང་ཐུན་མོང་བའི་ལམ་དང་། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ། །དང་པོ་ལ་གསུམ། ཆུང་ངུའི་བསམ་པ་སྦྱང་བ་དངོས། བསམ་པ་དེ་སྐྱེས་པའི་ཚད། དེ་ལ་ལོག་རྟོག་བསལ་པའོ། །དང་པོ་ལ་གཉིས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང་། ཕྱི་མར་བདེ་ཐབས་བསྐྱེད་པའོ། །དང་པོ་ལ་གཉིས། འཇིག་རྟེན་འདིར་ཡུན་རིང་དུ་མི་གནས་པས་འཆི་བ་རྗེས་སུ་དྲན་པ་དང་། ཕྱི་མར་ཇི་ལྟར་འགྱུར་བའི་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པའོ། །དང་པོ་ལ་བཞི། འཆི་བ་དྲན་པ། དེ་བསྒོམས་པའི་ཕན་ཡོན། བློ་དེ་ཇི་ལྟར་བསྐྱེད་པ། འཆི་བ་དྲན་ཚུལ་དངོས་སོ། །དང་པོ་ནི། རྟག་འཛིན་ཕྱིན་ཅི་ལོག་གིས་རྟག་པར་བཟུང་ནས་ཆོས་དོན་གཉེར་ལ་འཇུག་ཏུ་མི་སྟེར་བས། དེའི་གཉེན་པོར་མི་རྟག་པ་བསྒོམ་དགོས་ཤིང་། དེ་ལ་ཕྲ་རགས་གཉིས་ལས་རགས་པའི་མི་རྟག་པ་འཆི་བ་ལ་མི་འཆི་སྙམ་པ་འདིས་གནོད་དོ། །སྤྱིིར་འཆི་བ་ཞིག་འོང་སྙམ་པ་ཀུན་ལ་ཡོད་ཀྱང་ཉི་མ་རེ་རེ་བཞིན་དེ་རིང་མི་འཆི། དེ་རིང་ཡང་མི་འཆི་སྙམ་པ་ནི་འཆི་ཀ་ཚུན་ཆད་ལ་འབྱུང་ཞིང་། དེའི་གཉེན་པོ་ཡིད་ལ་མི་བྱེད་པར་ཚེ་འདིར་འདི་དང་འདི་ལྟ་བུ་དགོས་སོ་སྙམ་སྟེ་ཚེ་འདི་ཙམ་གྱི་ཆེད་དུ་གཙོ་བོར་འབད་དོ། །བློ་དེས་ཕྱི་མའི་མངོན་མཐོ་དང་ངེས་ལེགས་སྒྲུབ་པ་ལ་བློ་འཇུག་ཏུ་མི་སྟེར་བས་དོན་ཆེན་པོ་ལས་ཉམས་པར་འགྱུར་བའི་ཕྱིར་དེའི་གཉེན་པོར་མི་རྟག་པ་བསྒོམ་པར་བྱའོ། །གཉིས་པ་བསྒོམས་པའི་ཕན་ཡོན་ནི། དེ་ལྟར་བསྒོམས་ནས་བློ་དེ་ཉིད་ཀྱིས་བསྐུལ་ཏེ་ཕྱི་མའི་མངོན་མཐོ་དང་ངེས་ལེགས་སྒྲུབ་པ་ལ་འཇུག་པར་འགྱུར་བས་དོན་ཆེན་པོ་རྙེད་ཅིང་། ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཚུགས་པར་འགྱུར་རོ། །གསུམ་པ་འཆི་བ་རྗེས་སུ་དྲན་པ་ཇི་ལྟ་བུ་ཞིག་བསྐྱེད་པ་ནི། གཉེན་ལྟ་བུ་འཆི་བ་ལ་སྐྲག་པ་ནི་ལམ་ལ་མ་སྦྱངས་པ་དག་ལའང་འོང་བས་དེ་འདིར་བསྐྱེད་པ་མིན་ཞིང་། ལས་ཉོན་གྱི་དབང་གིས་སྐྱེས་པའི་མཐར་འཆི་ལ་ཤི་ནས་ལས་ཀྱི་གཞན་དབང་ཅན་ཡིན་པས། ངན་སོང་དུ་འགྲོ་ཞིང་འཁོར་བའི་གནས་སུ་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བས་དེ་ལ་སྐྲག་པ་ཡིན་ནོ། །སྐྲག་པ་ཙམ་གྱིས་མི་ཆོག་པས་མི་སྐྲག་པའི་ཐབས་ཞིག་བྱ་དགོས་ཤིང་། དེ་ཡང་ལུས་ལོངས་སྤྱོད་སོགས་དང་ངེས་པར་འབྲལ་བར་འགྱུར་བའི་ཕྱིར་མི་རྟག་པའོ་སྙམ་དུ་ཡང་ཡང་བསམ་པ་གནད་ཆེ་སྟེ། དེ་ལྟར་བསྒོམས་ན་དེ་དག་ལ་སྲེད་ཞེན་དྲག་པོ་ལྡོག་པར་འགྱུར་ཞིང་། ཕྱི་མའི་དོན་སྒྲུབ་པ་ལ་འཇུག་པས་འཆི་བ་ལ་མི་སྐྲག་པ་ཡིན་ནོ། །བཞི་པ་འཆི་བ་རྗེས་སུ་དྲན་པ་ཇི་ལྟར་བསྒོམ་པ་ནི། རྩ་བ་གསུམ། རྒྱུ་མཚན་དགུ། ཐག་བཅད་པ་རྣམ་པ་གསུམ་གྱིས་བསྒོམ་པར་བྱའོ། །དང་པོ་ལ་གསུམ། ངེས་པར་འཆི་བ། ནམ་འཆི་ཆ་མེད་པ། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པའོ། །དང་པོ་ལ་རྒྱུ་མཚན་གསུམ་ལས། དང་པོ་ནི། ལུས་ཇི་འདྲ་ཞིག་བླངས་ཀྱང་འཆི་ཞིང་ཡུལ་གང་དུ་བསྡད་ཀྱང་འཆི་བ་དང་། དུས་གསུམ་གྱི་སེམས་ཅན་རྣམས་འཆི་བས་འཇོམས་པ་ལ་ཁྱད་པར་མེད་པ་དང་བྲོས་པས་མི་ཐར་ཞིང་སྨན་དང་སྔགས་ལ་སོགས་པས་བཟློག་ཏུ་མེད་པའོ། །གཉིས་པ་ནི། ཚེ་ལ་བསྣོན་མ་མེད་ཅིང་འབྲིད་བྱེད་པར་མ་ཆད་དུ་ཡོད་པ་སྟེ། དེ་ཡང་ལོ་ཅི་ཙམ་ཐུབ་པའི་བར་ལ་ལོ་ཟླ་བ་ཞག་དང་སྔ་དྲོ་ཕྱི་དྲོ་སོགས་སོང་ནས་ཚེ་རིམ་གྱིས་འགྲིབ་ཅིང་། དེ་ལ་ནི་བསྣོན་མ་གསར་དུ་འོང་བ་མེད་དེ། དཔེར་ན། ཐག་གི་སྐུད་པ་རེ་རེ་ནས་རིམ་གྱིས་དྲངས་ནས་བཏགས་པས་གཏིང་ལ་གཏུགས་པ་ལྟར་འགྱུར་བ་དང་། བསད་བྱ་འཁྲིད་པའི་ཚེ་གོམ་པ་རེ་རེ་ནས་འཆི་བ་ལ་ཉེ་བ་དང་འབབ་ཆུ་དྲག་ཏུ་རིམ་གྱིས་འབབ་པ་ནི་སླར་མི་ལྡོག་པ་དང་། ཕྱུགས་རྫིས་ཕྱུགས་རྣམས་ཀྱང་རིམ་གྱིས་གནས་སུ་ཕྱིན་པར་བྱེད་པ་དང་། ཉི་མའི་གྲིབ་སོ་རིམ་གྱིས་འཕེལ་འགྲིབ་འཛད་པ་ལྟར་ཚེ་ཟད་ནས་འཆིའོ། །གསུམ་པ་ནི། གསོན་པའི་ཚེ་ཆོས་བྱ་ལོང་མེད་པར་འཆི་བ་དང་། བྱ་ལོང་ཡོད་ཀྱང་བྱེད་པའི་ཆ་རྐྱེན་མ་འཛོམས་པ་དང་། ནད་སོགས་ཀྱི་དབང་གིས་ཆོས་སྒྲུབ་པའི་མཐུ་མེད་པ་དང་། གཞན་གྱི་དབང་དུ་སོང་ནས་ཆོས་སྒྲུབ་མི་ནུས་པ་དང་། གཉིད་དང་བྱ་བ་གཞན་གྱིས་བྲེལ་བས་ལོང་མེད་པའི་ཚུལ་བསམས་ཏེ། ད་ལྟ་ཉིད་ནས་ཆོས་བྱ་དགོས་པར་ཐག་བཅད་དོ། །རྩ་བ་གཉིས་པ་ནས་འཆི་ངེས་མེད་བསམས་པ་ནི། དེ་རིང་ནས་ལོ་བརྒྱ་ཚུན་ལ་འཆི་བར་ངེས་ཀྱང་དེའི་བར་གྱི་ཉིན་ཞག་གང་ལ་འོང་བར་མ་ངེས་པས། དེ་རིང་རང་འཆི་བའི་ངེས་པ་མེད་སྙམ་པ་དང་། འཆི་བདག་ནམ་འོང་མི་ཤེས་པས། འོང་ན་འགྱོད་བཞིན་དུ་འཆི་དགོས་པ་དང་། སང་དང་འཇིག་རྟེན་ཕྱི་མ་གཉིས་སྔོན་དུ་གང་འོང་མི་ཤེས་པས་འཆི་གྲབ་བྱེད་དགོས་སོ། །འདི་ལ་རྒྱུ་མཚན་གསུམ་གྱི་དང་པོ་ནི། སྤྱིར་འཛམ་བུའི་གླིང་པའི་ཚེ་ལ་ངེས་པ་མེད་པ་ནི་སྔོན་ཚེ་ལོ་དཔག་མེད་ཐུབ་ཅིང་། མ་འོངས་པ་ན་ཚེ་ལོ་བཅུ་པ་ལ་ཐུག་པའི་བར་འབྱུང་བ་དང་། ཚེ་ཚད་རེ་བཤད་ཀྱང་དེ་ལྟར་ཐུབ་པའི་ངེས་པ་མེད་པ་དང་། ལོ་ཟླ་དང་ཞག་སྔ་མ་ལ་ཡོད་ཀྱང་ཕྱི་མ་ལ་མེད་པ་དང་། སྔ་དྲོ་ཡོད་ཀྱང་ཕྱི་དྲོ་མེད་པ་དང་། ལ་ལ་མངལ་དང་བཙས་མ་ཐག་པ་དང་། བྱིས་པ་དང་། དར་ལ་བབ་པ་དང་། རྒས་ནས་འཆི་བའི་དུས་ངེས་པ་མེད་པར་བསམ་པ་སོགས་སོ། །རྒྱུ་མཚན་གཉིས་པ་འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བར་བསམ་པ་ལ། ལུས་སྲོག་ལ་གནོད་པ་མང་སྟེ་མི་དང་མི་མ་ཡིན་གྱི་གནོད་པའི་རིགས་དང་། གཅན་གཟན་སོགས་ཀྱི་གནོད་པ་དང་། གཡང་དུ་ལྷུང་བ་དང་། མེ་ཆུ་སོགས་ཕྱིའི་འབྱུང་བའི་གནོད་པ་དང་། ནང་འབྱུང་བ་འཁྲུགས་པའི་ནད་དང་། གསོན་རྐྱེན་དུ་བྱས་པའི་བཟའ་བཏུང་མ་འཕྲོད་པ་དང་། གནས་ཁང་རྡིབ་པའི་སོགས་འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བར་བསམ་པས་སོ། །རྒྱུ་མཚན་གསུམ་པ་ལུས་ཉམས་ཆུང་བས་འཇིག་པར་སླ་སྟེ། མཚོན་དང་རྡོ་ཤིང་སོགས་དང་ཚེར་མ་ལྟ་བུ་ཕྲན་ཚེགས་ཀྱི་གནོད་པས་ལུས་སྲོག་འཇིག་པར་འགྱུར་བ་དང་། མ་འོངས་པ་ན་རི་དང་རྒྱ་མཚོ་ས་གཞི་དང་བཅས་པའི་སྣོད་བཅུད་ཐམས་ཅད་འཇིག་པར་འགྱུར་ན་གཞན་ལྟ་ཅི་སྨོས་པར་བསམས་ལ་ཆོས་བྱ་བར་ཐག་བཅད་བྱའོ། །རྩ་བ་གསུམ་པ་འཆི་བའི་ཚེ་ཆོས་མ་གཏོགས་གཞན་གྱིས་མི་ཕན་པའི་ཚུལ་བསམ་པ་ལ་རྒྱུ་མཚན་གསུམ་ལས་དང་པོ་ནི། འཆི་བའི་ཚེ་ལས་དཀར་ནག་གཉ ིས་མ་གཏོགས་གཉེན་བཤེས་དང་གྲོགས་ཉེ་དུ་འཁོར་སོགས་རྗེས་སུ་མི་འབྲང་བས་མི་ཕན་པ་དང་། གཉིས་པ་ནི། ནོར་ལོངས་སྤྱོད་སོགས་རྡུལ་ཕྲན་ཙམ་ཡང་འཁྱེར་མི་ཐུབ་པས་མི་ཕན་པ་དང་། གསུམ་པ་ནི་རང་གི་ལུས་ཀྱང་འཇོག་དགོས་པས་མི་ཕན་པའི་ཚུལ་བསམས་ནས་ད་ལྟ་ཉིད་ནས་ཕྱི་མ་ལ་ཕན་པའི་ཆོས་བྱ་བར་ཐག་གཅོད་བྱའོ། །དེ་ལྟར་མི་རྟག་པའི་ཚུལ་བསམ་པའི་སྐབས་སུ་ལུང་མང་དུ་གསུངས་ཀྱང་། མཚོན་ཙམ་ནི། ཚོམས་ལས། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་དང་། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན། །ཞེས་དང་། སྐྱེས་པ་བུད་མེད་མང་པོ་དང་། །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེངས་བྲོོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། དེ་བཞིན་ཁ་ཅིག་ཡོངས་རྒྱུགས་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྟུང་བ་བཞིན། །ཞེས་དང་། རིན་ཆེན་འཕྲེང་བ་ལས། འཆི་བདག་རྐྱེན་གྱི་ནང་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །ཞེས་དང་། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་ཅིག །ཅེས་དང་། བཤེས་སྤྲིངས་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པས་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམས་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་གསུངས་ཤིང་། མདོར་ན་མདོ་ལས་འདུས་བྱས་ཐམས་ཅད་མི་རྟག་ཅེས་བཤད་པ་ལྟར་རོ། །ཤི་ནས་ལས་གཉིས་མ་གཏོགས་གཞན་ཕྱིར་མི་འབྲང་བ་ནི། ཀཱ་ནི་ཀའི་སྤྲིང་ཡིག་ལས། འཆི་བདག་གིས་ནི་དྲངས་པ་ན། །དགེ་དང་མི་དགེ་མ་གཏོགས་པར། །འགྲོ་བ་ཐམས་ཅད་ཕྱིར་ལོག་ནས། །འགའ་ཡང་ཁྱོད་ཀྱི་རྗེས་མི་འབྲང་། །ཞེས་དང་། ཡང་། ཤི་བའི་རྗེས་སུ་ལུས་དང་དྲི་མ་བཞིན། །དཀར་དང་ལས་འབྲས་ཕྱི་བཞིན་འབྲང་བ་ལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འཇིག་རྟེན་ཕྱི་མ་ཇི་ལྟར་འགྱུར་བའི་འགྲོ་བའི་སྡུག་བསྔལ་བསམ་པ་ནི། ཤི་ནས་འགྲོ་བ་གཉིས་གང་རུང་དུ་སྐྱེ་བར་ངེས་ཤིང་མི་དགེ་བའི་དབང་གིས་ངན་འགྲོར་སྐྱེས་ན་ཇི་ལྟར་འགྱུར་སྙམ་དུ་ཐོག་མར་དེའི་སྡུག་བསྔལ་བསམ་པར་བྱ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེ་རྒྱུ་རྣམ་སྤངས་བདེ་རྒྱུ་སྤྱད། །ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་བཅད་པར་བྱ། །ཞེས་གསུངས་པ་ལྟར་རོ། །འཁོར་བ་དང་ངན་སོང་གི་སྡུག་བསྔལ་དྲན་པ་ནི་གནད་ཆེ་སྟེ། རང་ཉིད་སྡུག་བསྔལ་གྱིས་གཟིར་བའི་ཚུལ་བསམས་ཏེ་ང་རྒྱལ་ཟློག་པ་དང་། སྡུག་བསྔལ་རྣམས་མི་དགེ་བའི་འབྲས་བུར་ཤེས་ནས་མི་དགེ་བ་སྤོང་བ་དང་། མི་དགེ་བ་སྤོང་བའི་དགེ་བས་བདེ་བ་སྟེར་བས་དགེ་བ་སྒྲུབ་པ་ལ་དགའ་བ་དང་། རང་ཉམས་ལ་དཔགས་ནས་གཞན་ལ་སྙིང་རྗེ་སྐྱེ་བ་དང་། ངན་སོང་གི་འཇིགས་པས་སྐྱབས་འགྲོ་རྣམ་དག་སྐྱེ་བ་དང་། འཁོར་བ་ལས་ཐར་འདོད་དང་ཐར་པ་དོན་གཉེར་གྱི་བློ་རྣམ་དག་སྐྱེ་བ་རྣམས་སོ། །དེ་ལྟར་ན་ངན་འགྲོའི་སྡུག་བསྔལ་བསམ་པ་ལ་གསུམ། དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ལ། དམྱལ་བ་ཆེན་པོ་དང་། ཉེ་འཁོར་བའི་དམྱལ་བ་དང་། གྲང་བའི་དམྱལ་བ་དང་། ཉེ་ཚེ་བའི་དམྱལ་བའོ། །འདི་རྣམས་རྒྱས་པར་བཤད་ན་མང་བས་བསྔུས་ཏེ་བརྗོད་ན། དང་པོ་ནི། འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཡང་སོས་ཡོད་ལ། དེ་ནས་དཔག་ཚད་བཞི་སྟོང་བཞི་སྟོང་གིས་ཆོད་པ་ན་དམྱལ་བ་གཞན་བདུན་ཡོད་པའི་དང་པོ་ཡང་སོས་ན། སེམས་ཅན་དེ་དག་འདུས་པ་ན་ལས་ཀྱི་དབང་གིས་བྱུང་བའི་མཚོན་གྱིས་ཕན་ཚུན་གཅིག་གིས་གཅིག་ལ་བསྣུན་ནས་གསོད་པར་བྱེད་དོ། །དེ་ནས་ས་ལ་འགྱེལ་བ་དང་ནམ་མཁའ་ལས་ཁྱོད་རྣམས་སོས་པར་གྱུར་ཅིག་ཅེས་སྒྲ་འབྱུང་ངོ་། །ཡང་ལངས་པ་ན་སྔར་ལྟར་མཚོན་བསྣུན་པར་བྱེད་པའི་ཚུལ་གྱིས་སྡུག་བསྔལ་དཔག་མེད་མྱོང་བར་འགྱུར་རོ། །ཐིག་ནག་ཏུ་དེར་སྐྱེས་པའི་སེམས་ཅན་རྣམས་དམྱལ་བའི་སྲུང་མས་བཟུང་ནས་ལུས་ལ་ཐིག་སྣ་ཚོགས་བཏབ་སྟེ་དེ་བཞིན་དུ་མཚོན་གྱིས་གཤག་པར་བྱེད་དོ། །བསྡུས་འཇོམས་ན་སེམས་ཅན་དེ་དག་ཚོགས་ཤིང་འདུས་པ་ན་དམྱལ་སྲུང་རྣམས་ཀྱིས་དེད་དེ། རི་ར་ལུག་སོགས་ཀྱི་གདོང་པ་ལྟ་བུའི་བར་དུ་འཚིར་ཞིང་དབང་པོའི་སྒོ་ནས་ཁྲག་གི་རྒྱུན་འབབ་པོ། །ཡང་ལྕགས་ཀྱི་འཁྲུལ་འཁོར་དུ་བཅུག་ནས་བཙིར་ཞིང་ལྕགས་ཀྱི་ས་གཞི་ལ་བརྡུང་གཅོད་བྱེད་དོ། །ངུ་འབོད་ནི། སེམས་ཅན་དེ་དག་ལྕགས་ཀྱི་ཁང་པར་བཅུག་སྟེ་མེ་འབར་བས་སྲེག་པར་བྱེད་ཅིང་ངུའོ། །ངུ་འབོད་ཆེན་པོ་ནི། ལྕགས་ཁང་ཉིས་རིམ་དུ་བཅུག་ནས་སྲེག་པར་བྱེད་དེ་ཆེར་དུའོ། །ཚ་བ་ན། སེམས་ཅན་དེ་དག་དམྱལ་སྲུང་རྣམས་ཀྱིས་བཟུང་ནས་ཚ་བའི་ལྕགས་ཟངས་ཆེན་པོའི་ནང་དུ་བཅུག་ནས་ཉ་བཞིན་དུ་སྲེག་པར་བྱེད་ཅིང་། ལྕགས་ཀྱི་གསལ་ཤིང་མེ་འབར་བ་འཕོངས་སུ་ཕུག་སྟེ་སྤྱི་བོར་འབྱིན་པ་དང་ཁ་སྣ་སོགས་ནས་མེ་ལྕེ་འབར་བ་དང་། ལྕགས་ཀྱི་ས་གཞི་ལ་གཞག་སྟེ་ཐོ་བ་མེ་འབར་བས་བརྡུང་ཞིང་དམྱལ་བར་བྱེད་དོ། །རབ་ཏུ་ཚ་བ་ན། ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ་འཕོངས་སུ་བཅུག་ནས་རྩེ་མོ་ཕྲག་པ་གཡས་གཡོན་དང་སྤྱི་བོ་ནས་འབྱིན་ཅིང་ཁ་སོགས་ནས་མེ་འབར་བར་བྱེད་པ་དང་། ལྕགས་གླེགས་ཚ་བས་ལུས་དཀྲི་བ་དང་འགྱུར་བྱེད་སྐོལ་བའི་ལྕགས་ཟངས་འབར་བའི་ནང་དུ་མགོ་མཇུག་བཟློག་ནས་བཅུག་སྟེ་མཚེད་པར་བྱེད་ཅིང་། ཀེང་རུས་འབའ་ཞིག་ཏུ་གྱུར་པ་ཕྱིར་ཕྱུང་ནས་ལྕགས་སྲེགས་ཀྱི་ས་གཞི་ལ་འགྲེམ་མོ། །དེ་ནས་སླར་ཤ་པགས་སྐྱེས་པ་དང་ཡང་ནང་དུ་འཇུག་གོ །མནར་མེད་ནི། ཕྱོགས་བཞིའི་ལྕགས་ཀྱི་ས་གཞི་འབར་བ་ལས་མེ་ལྕེ་འབར་བའི་ཤུགས་མཆེད་ཅིང་འོང་ནས། སེམས་ཅན་དེ་དག་གི་ཤ་པགས་རུས་གསུམ་རིམ་གྱིས་བཤིག་ནས་རྐང་ལ་ཐུག་པར་བྱེད་ཅིང་ལུས་ཐམས་ཅད་མར་མེ་བཞིན་དུ་འབར་རོ། །ཡང་ལྕགས་ཀྱི་ཞིབ་མའི་ནང་དུ་མེ་མདག་འབར་བར་འཁྲབ་ཏུ་འཇུག་ཅིང་། ལྕགས་ཀྱི་རིར་འཛེག་ཏུ་འཇུག་པ་དང་། ལྕེ་ལ་ལྕགས་ཀྱི་ཕུར་པ་འདེབས་པ་དང་། ཕུར་བ་བཏབ་སྟེ་ཀོ་བ་ལྟར་རྐྱང་བ་དང་ལྕགས་ཀྱི་ཐུ་ལུམ་འབར་བ་ཁར་འཇུག་ཅིང་། ཟངས་ཞུན་དམར་པོ་ཁ་ནང་དུ་བླུགས་པས་ཁོག་པ་འཚིགས་ནས་རོ་སྨན་ནས་འབྱུང་བར་བྱེད་དོ། །སྡུག་བསྔལ་དེ་ཡུན་ཅི་ཙམ་མྱོང་བ་ནི། མི་ལོ་ལྔ་བཅུ་ལ་རྒྱ་ཆེན་རིགས་བཞི་པའི་ལྷའི་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་ལྔ་བརྒྱ་ནི་རྒྱ་ཆེན་རིགས་བཞི་པའི་ཚེ་ཚད་ཡིན་ལ། དེ་ཐམས་ཅད་བསྡོམས་པ་ལ་ཞག་གཅིག་དང་དེ་སུམ་ཅུ་ལ་ཟླ་བ་དང་དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་ལྔ་བརྒྱ་ནི་དམྱལ་བ་ཡང་སོས་པའི་ཚེ་ཚད་དོ། །མི་ལོའི་དབང་དུ་བྱས་ན་མི་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉིས་སྟོང་ཐུབ་ཅིང་། ཐིག་ནག་སོགས་ནི་བརྒྱད་འགྱུར་གྱིས་རིང་ངོ་། །དེ་བཞིན་དུ་མི་ལོ་བརྒྱ་དང་ཉིས་བརྒྱ་དང་བཞི་བརྒྱ་དང་བརྒྱད་བརྒྱ་དང་སྟོང་དྲུག་བརྒྱ་རྣམས་ནི་རིམ་པ་བཞིན་དུ་སུམ་ཅུ་རྩ་གསུམ་པ་ནས་གཞན་འཕྲུལ་དབང་བྱེད་པའི་བར་གྱི་ལྷའི་ཞག་རེ་ཡིན་ལ། ཚེ་ཚད་ནི་ལྷའི་ལོ་སྟོང་དང་ཉིས་སྟོང་དང་བཞི་སྟོང་དང་བརྒྱད་སྟོང་དང་ཁྲི་དྲུག་སྟོང་རེ་ཐུབ་བོ། །དེ་དག་ནི་རིམ་པ་བཞིན་ཐིག་ནག་ནས་ཚ་བའི་བར་གྱི་ཞག་རེར་བྱས་པའི་རང་ལོ་སྟོང་ནས་ཁྲི་དྲུག་སྟོང་རེ་ཐུབ་ཅིང་། མནར་མེད་པའི་ཚེ་ཚད་ནི་བར་བསྐལ་གཅིག་གོ །ཉེ་འཁོར་བ་ནི་དམྱལ་བ་བརྒྱད་པོ་རེ་རེ་ལ་ཡང་ངོས་སུ་སྒོ་བཞི་རེ་ཡོད་ལ། དེ་དག་གི་ཕྱི་རོལ་ཏུ་ཡང་ལྕགས་ཀྱི་ར་བས་བསྐོར་ཞིང་ངོས་བཞིར་སྒོ་བཞི་རེ་ཡོད་ཅིང་། སྒོ་རེ་རེར་ཡང་མེ་མུར་གྱི་འོབས་དང་རོ་མྱགས་ཀྱི་འདམ་དང་སྤུ་གྲིའི་ལམ་དང་ཆུ་ཀླུང་རབ་མེད་བཞི་བཞི་ཡོད་དོ། །མེ་མུར་གྱི་འོབས་སུ་ལྷུང་ནས་ཤ་པགས་རུས་གསུམ་བཤིགས། །རོ་མྱགས་ཀྱི་འདམ་དུ་ལྷུང་ནས་མགོ་མན་བྱིངས་ཏེ་འདུག །སྤུ་གྲི་གཏམས་པས་རྐང་ལག་སོགས་གཅོད། ཆུ་བོ་རབ་མེད་དུ་ལྷུང་ནས་སྲན་མ་འཚེད་པ་བཞིན་དུ་འཚེད་དོ། །སྤུ་གྲི་གཏམས་པའི་འཕྲོ་ན་ལུས་གཅོད་འབིག་བྱེད་པའི་རལ་གྲིའི་ལོ་མའི་ནགས་ཚལ་དང་། ཤལ་མ་ལིའི་སྡོང་པོ་སོགས་མང་ངོ་། །གྲང་དམྱལ་བརྒྱད་ནི་ཚ་དམྱལ་བརྒྱད་ཀྱི་ཐད་སོ་དཔག་ཚད་ཁྲིའི་ཕ་རོལ་ན་ཡོད་ཅིང་། འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཆུ་བུར་ཅན་ཡོད་ལ། དེ་ནས་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་ཆོད་པ་ན་གཞན་བདུན་ཡོད་དོ། །དེ་ལ་ཆུ་བུར་ཅན་ནི། ལྷག་པ་ཆེན་པོ་བཏབ་པས་ལུས་ལ་ཆུ་བུར་ཆེན་པོ་བྱུང་བའོ། །ཆུ་བུར་བརྡོལ་བ་ནི་ལྷག་པར་གྲང་ནས་ཆུ་བུར་བརྡོལ་བའོ། །སོ་ཐམ་པ་ནི་གྲང་ནས་སོ་ཐམ་ཐམ་བྱེད་པའོ། །ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་ནི་གྲང་བས་ཁ་ནས་ཚིག་དེ་ལྟར་བརྗོད་པའོ། །ཨུད་པལ་ལྟར་གས་པ་ནི་ཁ་དོག་སྔོན་པོ་ཁ་ལྔའམ་དྲུག་ཏུ་གས་པའོ། །པདྨ་ལྟར་གས་པ་ནི་ཁ་དོག་དམར་པོ་ཁ་བཅུའམ་དེ་ལས་ལྷག་གས་པའོ། །པདྨ་ཆེན་པོ་ལྟ་བུ་ནི་དམར་ཞིང་ཁ་བརྒྱའམ་དེ་ལས་ལྷག་གས་པའོ། །དེ་དག་ནི་སའི་དངོས་གཞི་ནས་བཤད་པ་ལྟར་རོ། །དེ་དག་གི་ཚེ་ཚད་ནི་སའི་དངོས་གཞིར་ཚ་དམྱལ་བརྒྱད་ཀྱི་ཕྱེད་ཕྱེད་དུ་བཤད་ཅིང་། མཛོད་ལས། ཡུལ་མ་ག་དྷའི་ཏིལ་སྦྱང་ཁལ་བརྒྱད་ཅུ་པ་ཞིག་ཏིལ་གྱིས་གང་བའི་ནང་ནས་ལོ་བརྒྱ་བརྒྱ་ནས་ཏིལ་རེ་ཕྱུང་བས་ཐམས་ཅད་ཟད་པའི་ཚད་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། གཞན་རྣམས་ཉི་ཤུ་ཉི་ཤུས་འཕར་ཞིང་རིང་བར་བཤད་དོ། །ཉེ་ཚེ་བའི་དམྱལ་བ་ནི། ཚ་དམྱལ་དང་གྲང་དམྱལ་གྱི་འཁོར་ན་ཡོད་ཅིང་། མི་ཡུལ་ནའང་ཡོད་པར་བཤད་དོ། །དེ་དག་ཏུ་སྡུག་བསྔལ་མྱོང་བའི་ཡུན་ནི་སྤྱིར་གོང་གི་ཚེ་ཚད་བཤད་པ་ལྟར་ཡིན་ལ་བྱེ་བྲག་ཏུ་མྱོང་བའི་ལས་དེ་མ་ཟད་ཀྱི་བར་དང་། ལས་ཟད་ན་ནི་བར་སྐབས་སུ་ཡང་ཐར་པར་འགྱུར་རོ། །དེ་དག་ཏུ་སྐྱེ་བའི་རྒྱུ་ནི་མི་དགེ་བ་ཡིན་ཞིང་དེ་སྦྱོང་བའི་ཐབས་ལ་འབད་དགོས་ཏེ། བཤེས་སྤྲིངས་ལས། སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གིས། དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །ཞེས་གསུངས་པས་སོ། །དེ་རྣམས་ཀྱི་ནང་ནས་མནར་མེད་ཀྱི་སྡུག་བསྔལ་ཤིན་ཏུ་ཆེ་སྟེ། དེ་ཉིད་ལས། བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པ། །བདེ་བའི་བདག་པོ་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། དུད་འགྲོ་རྣམས་ལས་མཐུ་ཆེ་བས་ཆུང་བ་གསོད་པ་དང་ཆུང་བས་ཆེ་བའི་ལུས་འབུག་ཅིང་ཟ་བ་དང་། ལྷ་མིའི་ལོངས་སྤྱོད་པའི་ཡོ་བྱད་དུ་གྱུར་ཏེ་བཀོལ་ཞིང་རྡེག་པ་དང་གསོད་པར་བྱེད་དོ། །དུད་འགྲོའི་གནས་ཀྱི་རྩ་བ་ནི་རྒྱ་མཚོ་སྟེ་དེའི་ནང་དུ་དུད་འགྲོའི་རིགས་དཔག་ཏུ་མེད་ཅིང་། མིའི་ཡུལ་ན་ཡོད་པ་རྣམས་ནི་དུད་འགྲོ་ཁ་ཐོར་རོ། །གཅིག་གིས་གཅིག་ཟ་བ་ནི་སྟག་སེང་ལ་སོགས་པ་གཅན་གཟན་རྣམས་ཀྱིས་གཞན་གསོད་ཅིང་ཟ་བ་དང་། ཆུ་སྲིན་ཆེན་པོས་ཉ་ལ་སོགས་པའི་ཕུང་པོ་ཁྱུད་མི་དབྱེད་ཅིང་བྱ་རྒོད་ལ་སོགས་པས་གཞན་གསོད་ཅིང་ཟ་བའོ། །དེར་མ་ཟད། མིས་ཀྱང་ཤ་དང་ལྤགས་པ་སོགས་ཀྱི་ཆེད་དུ་གསོད་ཅིང་ཟ་བར་བྱེད་དོ། གཞན་ཁུར་འགེལ་བ་དང་ཞིང་རྨོ་བ་དང་སྤུ་འབྲེག་པ་སོགས་མང་ངོ་། །ཚེ་ཚད་ནི་ཀླུ་ལྟ་བུ་བསྐལ་པར་གནས་པ་ཡོད་ཅིང་གཞན་ལ་ངེས་པ་མེད་དོ། །གསུམ་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། སེར་སྣ་ཤས་ཆེ་བས་ཡི་དྭགས་སུ་སྐྱེ་ཞིང་བཀྲེས་ཤིང་སྐོམ་པ་དང་། པགས་པ་དང་ཤ་ཁྲག་བསྐམས་ནས་སྡོང་དུམ་མེས་འཚིག་པ་ལྟ་བུ་དང་། གདོང་སྐྲས་ཁེབས་ཤིང་ཁ་ཤིན་ཏུ་བསྐམས་པའོ། །འདི་ལ་ཕྱིའི་སྒྲིབ་པ་ཅན་ནི་ཆུའི་རིགས་མཐོང་སྟེ་བཏུང་བར་འདོད་དེ་སོང་བ་ན། རལ་གྲི་དང་མདུང་སོགས་ལག་ན་ཐོགས་པའི་སྐྱེས་བུས་ཆུ་དེ་འཐུང་དུ་མི་སྟེར་ཞིང་། ཆུ་ཡང་རྣག་དང་ཁྲག་ཏུ་མཐོང་ནས་འཐུང་མི་འདོད་པར་འགྱུར་རོ། །ནང་གི་སྒྲིབ་པ་ཅན་ནི་ལྦ་བ་ཅན་ཁ་ཁབ་མིག་ཙམ་དང་མགྲིན་པ་རྟ་རྔ་ཙམ་དང་བསུས་པ་ཤིན་ཏུ་ཆེ་བ་ཡུལ་ལྗོངས་ཙམ་སྟེ། ཟས་ཁར་མི་ཤོང་ཞིང་ཤོང་ཀྱང་མགྲིན་པར་མི་ཐར་ལ་ཐར་ཡང་བསུས་པ་མི་ཁེངས་ཤིང་ཁོང་པར་སླེབ་ཀྱང་འཚིག་ཅིང་འབར་རོ། །ཟས་སྐོམ་ཉིད་ལ་སྒྲིབ་པ་ཡོད་པ་ནི། རང་ཤ་བཅད་དེ་ཟ་བ་དང་མི་གཙང་བའི་རིགས་བཟའ་བཏུང་བྱེད་དགོས་ཤིང་གཙང་མ་ལ་ལོངས་སྤྱོད་པར་མི་ནུས་སོ། །ལས་ཀྱི་དབང་གིས་དགུན་ཉི་མ་གྲང་ཞིང་དཔྱིད་དུས་སུ་ཟླ་བའི་འོད་ཕོག་ན་ཚ་བར་འགྱུར་རོ། །དེ་དག་གི་རྩ་བའི་གནས་ནི་འཛམ་བུའི་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་ཅིང་གཞན་ནི་དེ་ལས་འཕྲོས་པའོ། །གཞུང་ཆེ་བ་དག་ལས་གཤིན་རྗེའི་རིགས་འདི་རྣམས་ཀྱང་ཡི་དྭགས་སུ་བསྡུས་ནས་བཤད་དོ། །ཚེ་ཚད་ནི་མི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་གསུངས་སོ། །ངན་འགྲོ་ན་སྡུག་བསྔལ་དེ་ལྟར་ཡོད་ཚུལ་བསམས་ཤིང་དེ་ལྟ་བུ་རང་གིས་མྱོང་བར་འགྱུར་ན་བཟོད་པར་དཀའོ་སྙམ་དུ་ཡང་ཡང་ཡིད་ལ་བཤར་བསྒོམ་བྱའོ། །དེ་ནས་དེ་དག་ཏུ་མི་སྐྱེ་བའི་ཐབས་སྐྱབས་སུ་འགྲོ་བ་དང་། མི་དགེ་བ་སྤོང་ཞིང་དགེ་བ་སྤྱི་དང་སྡིག་སྦྱོང་གི་སྐོར་སོགས་ཚོགས་གསོག་སྒྲིབ་སྦྱོང་ལ་རྒྱུན་དུ་འབད་པ་ནི་དགོས་སོ། །གཉིས་པ་འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟན་པ་ལ་གཉིས། བསྟན་པ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་སྦྱོང་བ་དང་། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །དང་པོ་ལ་བཞི། སྐྱབས་སུ་འགྲོ་བའི་རྒྱུ། སྐྱབས་སུ་འགྲོ་བའི་ཡུལ། སྐྱབས་སུ་སོང་བའི་ཚུལ། སྐྱབས་འགྲོའི་བསླབ་བྱའི་རིམ་པའོ། །དང་པོ་ནི། མྱུར་དུ་འཆི་བ་དང་ཤི་བའི་འོག་ཏུ་གང་དུ་སྐྱེ་བ་ལ་རང་དབང་མེད་ཀྱི། ལས་ཀྱི་གཞན་དབང་ཅན་ཡིན་པས་དེས་ཇི་ལྟར་འཕངས་པ་བཞིན་སྐྱེའོ། །དེ་ཡང་ངན་འགྲོར་སྐྱེ་བའི་རྒྱུ་མི་དགེ་བ་ནི་མང་དུ་བྱས་ཤིང་བྱེད་བཞིན་པ་ཡིན་ལ། དགེ་བ་ནི་ཕྲན་ཚེགས་ཙམ་རེ་མ་གཏོགས་མ་བྱས་ཤིང་། བྱས་པ་དག་ཀྱང་ཁོང་ཁྲོ་ལྟ་བུས་བཅོམ་པ་མང་ལ། མ་བཅོམ་ཡང་ཕྱི་མའི་དོན་དུ་མ་སོང་བར་ཚེ་འདི་ཙམ་གྱི་ཆེད་དུ་གྱུར་ཏོ། །དེས་ན་ངན་འགྲོར་འགྲོ་བ་གདོན་མི་ཟ་བས་དེ་ལས་སྐྱོབ་པའི་སྐྱབས་ནི་དཀོན་མཆོག་གསུམ་ཡིན་གྱི། འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་རྣམས་ཀྱང་མིན་ན་འགང་འགོང་གི་རིགས་གཞི་བདག་ལྟ་བུ་ལྟ་ཅི་སྨོས་པས་དེའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་སོ། །གཉིས་པ་སྐྱབས་སུ་འགྲོ་བའི་ཡུལ་ལ་གཉིས། ཡུལ་ངོས་བཟུང་བ་དང་། སྐྱབས་སུ་འོས་པའི་རྒྱུ་མཚན་ནོ། །དང་པོ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྐྱབས་སུ་འོས་པའི་རྒྱུ་མཚན་ལ་བཞི་ལས། སངས་རྒྱས་ནི་རང་ཉིད་འཇིགས་པ་མེད་པའི་གོ་འཕང་བརྙེས་པ་དང་། གདུལ་བྱ་འདུས་པའི་ཐབས་ལ་མཁས་པ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ་དང་། ཟང་ཟིང་གི་མཆོད་པ་ཙམ་གྱིས་མི་བརྙེས་ཤིང་སྒྲུབ་པའི་མཆོད་པས་མཉེས་པའོ། །དེས་ན་དེ་ཉིད་ཀྱིས་བསྟན་པའི་དམ་པའི་ཆོས་དང་དེ་སྒྲུབ་པའི་དགེ་འདུན་ཡང་སྐྱབས་སུ་འོས་སོ། །གསུམ་པ་སྐྱབས་སུ་སོང་པའི་ཚུལ་ལ་བཞི་སྟེ། ཡོན་ཏན་ཤེས་པ་དང་། ཁྱད་པར་ཤེས་པ་དང་། ཁས་བླངས་པ་དང་། གཞན་དུ་མི་སྨྲ་བའོ། །དང་པོ་སྐྱབས་ཀྱི་ཡོན་ཏན་དྲན་པ་སྟེ་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཡོན་ཏན་དྲན་པའོ། །དེ་དག་ཀྱང་བསྡུ་ན། སངས་རྒྱས་བཅོམ་ལྡན་འདས་ནི་སྐུ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་ཤིང་མཐོང་ན་མི་མཐུན་པ་མེད་པ་དང་། གསུང་ནི་ཡན་ལག་དྲུག་ཅུ་དང་ལྡན་ཞིང་འགྲོ་བ་རྣམས་ཀྱི་སྐད་དང་མཐུན་པར་འཇུག་པ་དང་། ཐུགས་ཤེས་བྱ་མཐའ་དག་སྐད་ཅིག་གཅིག་ལ་མངོན་སུམ་དུ་གཟིགས་ཤིང་། ཀུན་ལ་ཉེ་རིང་མེད་པའི་བརྩེ་བ་ཆེན་པོ་དང་ལྡན་པའོ། །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ནི་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པ་དང་རིས་སུ་ཆད་པ་མེད་པར་འཇུག་པའོ། །གདུལ་བྱའི་ངོས་ནས་བཀྲིར་རུང་ན་སངས་རྒྱས་ཀྱིས་མི་བཀྲི་བ་མེད་དེ། ཇི་སྐད་དུ། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་གསུངས་པ་ལྟར་རོ། །མདོར་ན་སྒོ་སྣ་ཚོགས་ནས་སངས་རྒྱས་ཀྱི་ཡོན་ཏན་དྲན་ནས་མོས་པ་བྱ་སྟེ་སངས་རྒྱས་དང་འཕྲད་པ་དང་། ཚོགས་རྫོགས་ཤིང་སྒྲིབ་པ་སྦྱོང་བ་དང་ལམ་རྒྱུད་ལ་སྐྱེ་བ་སོགས་ཕན་ཡོན་མང་ངོ་། །ཆོས་ཀྱི་ཡོན་ཏན་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་ཆོས་ལས་བྱུང་བས་ཆོས་ཀྱི་ཡོན་ཏན་ཡིན་ལ། ལམ་གྱི་བདེན་པས་སྐྱོན་འགོག་ཅིང་འགོག་པའི་བདེན་པ་ནི་སྐྱོན་ཞི་བ་དང་། ལུང་གི་ཆོས་ཀྱིས་རྟོགས་པའི་ཆོས་རྣམས་ལེགས་པར་སྟོན་པའོ་སྙམ་དུ་བསམ་པ་དང་། དགེ་འདུན་གྱི་གཙོ་བོ་ནི་འཕགས་པའི་དགེ་འདུན་རྣམས་ཡིན་ལ། དེ་དང་སོ་སྐྱེའི་དགེ་འདུན་གཞན་དག་ཀྱང་། ཆོས་སྨྲ་བ། ཆོས་སེམས་པ། ཆོས་ཀྱི་ཞིང་། ཆོས་འཛིན་པ། ཆོས་ལ་བརྟེན་པ། ཆོས་ལ་མཆོད་པ། ཆོས་ཀྱི་བྱ་བ་བྱེད་པ་སོགས་ཀྱི་སྒོ་ནས་ཡོན་ཏན་དྲན་པའོ། །གཉིས་པ་ཁྱད་པར་ཤེས་པ་ནི་དཀོན་མཆོག་གསུམ་ནང་ཕན་ཚུལ་གྱི་ཁྱད་པར་ཤེས་པ་སྟེ། རྒྱུད་བླ་མ་ལས་འབྱུང་བ་ལྟར་ཡིན་ལ། བསྡུ་བ་ལས་འབྱུང་བ་ནི། སངས་རྒྱས་ནི་མངོན་པར་རྫོགས་པ་བྱང་ཆུབ་པའི་མཚན་ཉིད་ཅན་ཆོས་ནི་དེའི་འབྲས་བུ་དང་། དགེ་འདུན་ནི་མན་ངག་གིས་ཡང་དག་པར་སྒྲུབ་པའི་མཚན་ཉིད་ཅན་ནོ། །འཕྲིན་ལས་ནི་ལུང་སྟོན་པ་དང་། ཉོན་མོངས་པ་དང་སྡུག་བསྔལ་སྤོང་བ་དང་། མངོན་པར་སྤྲོ་བ་ཅན་ནོ། །དེ་ལ་མོས་པ་ནི་བསྙེན་བཀུར་པ་དང་། མངོན་དུ་བྱ་བ་དང་། འགྲོགས་པ་ལ་གུས་པའོ། །སྒྲུབ་པ་ནི། མཆོད་པ་དང་རིམ་གྲོ་དང་། རྣལ་འབྱོར་གྱིས་གོམས་པར་བྱ་བ་དང་། ལོངས་སྤྱོད་ཐུན་མོང་གིས་སྒྲུབ་པའོ། །རྗེས་སུ་དྲན་པ་ནི་གསུམ་པོ་སོ་སོའི་ཡོན་ཏན་དྲན་པའོ། །བསོད་ནམས་འཕེལ་བ་ནི་ཆོས་དང་། ཟང་ཟིང་གི་དབང་དུ་བྱས་ཏེ་གཉིས་ཀྱི་དང་པོ་ནི། སངས་རྒྱས་དང་ཆོས་གཉིས་དང་། གཉིས་པ་ནི་དགེ་འདུན་གྱི་དབང་དུ་བྱས་པའོ། །གསུམ་པ་ཁས་བླངས་པ་ནི། སངས་རྒྱས་ལ་སྐྱབས་སྟོན་པའི་སྟོན་པ། དམ་པའི་ཆོས་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་སྒྲུབ་པའི་གྲོགས་སུ་བཟུང་བའི་སྒོ་ནས་སྐྱབས་སུ་འགྲོ་བའོ། །བཞི་པ་གཞན་དུ་མི་སྨྲ་བ་ནི། ཕྱི་ནང་གི་སྟོན་པ་དང་བསྟན་པའི་ཁྱད་པར་ཤེས་ནས་དཀོན་མཆོག་ལ་སྐྱབས་སུ་འཛིན་གྱི། དེ་དག་དང་མི་མཐུན་པའི་སྟོན་པ་སོགས་ལ་སྐྱབས་སུ་མི་འཛིན་ཏེ། སངས་རྒྱས་ནི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་ལ། གཞན་གྱི་སྟོན་པ་ནི་དེ་ལས་ལྡོག་པར་ཤེས་པའོ། །བསྟན་པ་ཡང་རྒྱལ་བའི་བསྟན་པ་ནི་ལམ་བདེ་ཞིང་འབྲས་བུ་བདེ་བ་དང་། ལས་ཉོན་དང་འཁོར་བ་འགོག་ཅིང་ཐར་འདོད་མི་སླུ་བས་གཅིག་ཏུ་དགེ་ལ། གཞན་གྱི་བསྟན་པ་ནིི་དེ་དག་ལས་ལྡོག་པར་ཤེས་པ་སྟེ། དེས་རྗེས་སུ་སློབ་པ་དག་གི་ཁྱད་པར་ཡང་ཤེས་སོ། །བཞི་པ་བསླབ་བྱ་ལ་གཉིས་ཏེ་བསྡུ་བ་ནས་འབྱུང་བ་དང་། མན་ངག་ལས་འབྱུང་བའོ། །དང་པོ་ལ་བཞི་ཚན་གཉིས་ལས་བསྡུ་ན། སངས་རྒྱས་ཀྱི་རྗེས་སུ་སློབ་པའི་སྐྱེས་བུ་དམ་པ་བསྟེན་པ་དང་། ལུང་དང་རྟོགས་པའི་དམ་ཆོས་ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་དང་། མྱང་འདས་དོན་དུ་གཉེར་བའི་གང་ཟག་རྣམས་གྲོགས་སུ་འཛིན་པ་བཞི་དང་། དབང་པོ་མི་རྒོད་པ་དང་། བསླབ་པའི་གཞི་བླང་བ་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་། དུས་གསུམ་དུ་དཀོན་མཆོག་མཆོད་པ་སྟེ་བཞིའོ། །གཉིས་པ་མན་ངག་ལས་འབྱུང་བ་ལ་གཉིས་ཏེ་སོ་སོ་དང་། ཐུན་མོང་བའོ། །དང་པོ་ལ་གཉིས། དགག་པ་དང་། སྒྲུབ་པའི་བསླབ་བྱའོ། །དང་པོ་ལ་གསུམ། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་རྣམས་ལ་སྐྱབས་སུ་མི་འགྲོ་བ་དང་། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང་བ་དང་། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དང་མི་འགྲོགས་པའོ། །དང་པོ་ནི་འཇིག་རྟེན་པའི་ལྷ་ལ་ཕུགས་ཀྱི་སྐྱབས་སུ་བཟུང་ནས་སྐྱབས་སུ་མི་འགྲོ་བ་ཡིན་གྱི། འཕྲལ་གྱི་མཐུན་རྐྱེན་སྒྲུབ་པའི་ཆེད་དུ་རེ་བལྟོས་བྱེད་པ་མི་འགལ་ཏེ། ནད་ཀྱིས་བཏབ་པས་སྨན་པ་ལ་རེ་བལྟོས་བྱེད་པ་བཞིན་ནོ། །གཉིས་པ་ནི། སེམས་ཅན་གང་ཡིན་ཡང་འཆི་བ་དང་རྡེག་པ་དང་མི་ཐེག་བཞིན་དུ་འགེལ་པ་སོགས་གནོད་པའི་རིགས་སྤོང་བའོ། །གསུམ་པ་ནི། དཀོན་མཆོག་ལ་ཡིད་མི་ཆེས་ཤིང་མི་གུས་པ་དག་དང་བློ་མཐུན་པར་མི་བྱེད་པའོ། །གཉིས་པ་སྒྲུབ་པའི་བསླབ་བྱ་ལ་གསུམ་ལས། སངས་རྒྱས་ཀྱི་སྐུ་གཟུགས་རྒྱུ་ངན་དང་བཟོ་མི་ལེགས་པ་ལ་དཔྱས་མི་འདོགས་ཤིང་འོ་བརྒྱལ་སར་མི་འཇོག་ཅིང་བརྙས་ཐབས་ཐམས་ཅད་སྤོང་བ་དང་། ཆོས་ཚིགས་བཅད་གཅིག་ཡན་ཆད་ལ་ཡང་མ་གུས་པ་སྤོང་ཞིང་། གླེགས་བམ་འོ་བརྒྱ ལ་སར་མི་འཇོག་པ་དང་ལྷམ་དང་སྦྲགས་ནས་འཁུར་བ་སོགས་གཏན་མི་བྱ་བ་དང་། དགེ་འདུན་དངོས་དང་རབ་བྱུང་གི་རྟགས་ཙམ་འཛིན་པ་ལ་མ་གུས་པར་མི་བྱ་བའོ། །གཉིས་པ་ཐུན་མོང་བའི་བསླབ་བྱ་ལ་མང་བ་ལས་དཀོན་མཆོག་གསུམ་གྱི་ཁྱད་པར་དང་དེའི་ཡོན་ཏན་རྗེས་སུ་དྲན་ནས་སྐྱབས་སུ་འགྲོ་བ་དང་། བཀའ་དྲིན་དྲན་ནས་མཆོད་པ་ལ་བརྩོན་པ་སྟེ། དེ་ལ་མཆོད་པ་དང་། བྱེད་པའི་བསམ་པའོ། །དང་པོ་ལ་བཅུ་སྟེ་བསྡུ་ན། སངས་རྒྱས་ཀྱི་སྐུ་ལ་མཆོད་པ། མཆོད་རྟེན་ལ་མཆོད་པ། དེ་དག་ལ་མངོན་སུམ་དུ་མཆོད་པ། མངོན་སུམ་མ་ཡིན་པའི་མཆོད་པ། རང་གི་ལག་གིས་མཆོད་པ། གཞན་ལ་མཆོད་དུ་འཇུག་པ། རྙེད་དང་བཀུར་སྟིའི་མཆོད་པ། རྒྱ་ཆེ་བའི་མཆོད་པ། ཉོན་མོངས་ཅན་མ་ཡིན་པའི་མཆོད་པ། སྒྲུབ་པའི་མཆོད་པའོ། །དེའི་སྔ་མ་དགུ་ནི་ཟང་ཟིང་གི་མཆོད་པ་གཙོ་ཆེ་ལ། སྒྲུབ་པའི་མཆོད་པ་ནི་ཚད་མེད་བཞི་དང་ཆོས་ཀྱི་སྡོམ་པ་བཞི་དང་སྐྱབས་འགྲོ་དང་ཕར་ཕྱིར་རྗེས་སུ་དྲན་པ་དང་སྟོང་ཉིད་ལ་སེམས་མི་རྟོག་པར་གནས་པ་དང་ཚུལ་ཁྲིམས་ལ་སྡོམ་སེམས་བྱེད་པ་དང་ཕྱིན་དྲུག་དང་བསྡུ་བཞི་ལ་བརྩོན་པ་རྣམས་ལ་བཤད་དོ། །ཟང་ཟིང་གི་མཆོད་པ་རང་ལ་མེད་ན་གཞན་གྱིས་མཆོད་པ་ཐམས་ཅད་ལ་ཡི་རང་བས་ཁྱབ་པར་བྱས་ན་ཚེགས་ཆུང་ངུས་ཚོགས་རྫོགས་པར་འགྱུར་ཞིང་། ཕྱོགས་བཅུ་ན་བདག་པོས་བཟུང་བ་དང་མ་བཟུང་བའི་མེ་ཏོག་ལ་སོགས་པའི་མཆོད་པ་ཐམས་ཅད་ཀྱང་འབུལ་བར་བྱས་ནའང་དེ་བཞིན་དུ་འགྱུར་རོ། །གཉ ིས་པ་བྱེད་པའི་བསམ་པ་ལ་དྲུག་སྟེ། ཡོན་ཏན་གྱི་ཞིང་གོང་ན་མེད་པའོ་སྙམ་པ་དང་། ཕན་འདོགས་པ་གོང་ན་མེད་པའོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་གོ །ཤིན་ཏུ་དཀོན་པའོ། །འཇིག་རྟེན་དུ་གཅིག་ཁོ་ན་འབྱུང་བའོ། །ཕུན་ཚོགས་ཐམས་ཅད་ཀྱི་གཞིའོ་སྙམ་དུ་བསམས་ཏེ་མཆོད་པའོ། །མདོར་ན་རྟེན་གཅིག་ལ་མཆོད་པའི་ཚེ་ཐམས་ཅད་ཀྱི་ཆོས་ཉིད་གཅིག་པར་བསམས་ཏེ་དུས་གསུམ་གྱི་སངས་རྒྱས་སྲས་བཅས་སོགས་མཆོད་ཡུལ་ཐམས་ཅད་ལ་མཆོད་པར་མོས་ན་ནི་ཕན་ཡོན་ལྷག་པར་ཆེའོ། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ལ་གཉིས་ཏེ། བསྡུ་བ་དང་། མན་ངག་ལས་འབྱུང་བའོ། །དང་པོ་ལ་བཞི་ཚན་གཉིས་ལས། བསྡུ་ན་བསོད་ནམས་རྒྱ་ཆེན་པོ་འཐོབ་པ་དང་། མཆོག་ཏུ་དགའ་བ་འཐོབ་པ། ཏིང་ངེ་འཛིན་འཐོབ་པ། ཤེས་རབ་ཀྱི་བསླབ་པ་འགྲུབ་པ་སྟེ་བཞི་དང་། བསྲུང་བ་ཆེན་པོ་དང་ལྡན་པ། སྒྲིབ་པ་འདག་པ། སྐྱེས་བུ་དམ་པའི་གྲངས་སུ་འགྲོ་བ། སྟོན་པ་དང་ཚངས་པར་མཚུངས་པར་སྤྱོད་པ་དང་ལྷ་རྣམས་དགའ་བ་སྟེ་བཞི་འབྱུང་ངོ་། །གཉིས་པ་མན་ངག་ལས་འབྱུང་བ་ནི། ནང་པ་སངས་རྒྱས་པར་ཆུད་པ། སྡོམ་པའི་རྟེན་བྱེད་པ་། སྒྲིབ་པ་མཛད་པ། ཚོགས་གསོག་པ། མི་མ་ཡིན་གྱིས་མི་ཚུགས་པ། བསམ་པ་འགྲུབ་པ། མྱུར་དུ་འཚང་རྒྱ་བའོ། །དཀོན་མཆོག་གསུམ་སྲོག་གི་ཕྱིར་ཡང་མི་གཏོང་ཞིང་བཞད་གད་ཙམ་གྱི་ཕྱིར་ཡང་གཏོང་བའི་ཚིག་གི་མ་སྨྲའོ། །དཀོན་མཆོག་ལ་ཡིད་མ་ཆེས་ན་ནི་སྐྱབས་འགྲོ་གཏོང་ལ། དཀོན་མཆོག་མཆོད་པ་སོགས་མི་བྱེད་ན་ནི་བསླབ་བྱ་དང་འགལ་ཞིང་། ལྷ་གཞན་དང་སྟོན་པ་གཞན་ལ་མཆོད་པ་སོགས་བྱེ་ནའང་བསླབ་བྱ་དང་འགལ་བར་འགྱུར་རོ། །དེས་ན་དཀོན་མཆོག་གསུམ་ལ་སྐྱབས་གནས་ཡང་དག་ཏུ་འཛིན་ཅིང་། ངན་འགྲོའི་འཇིགས་པ་སོགས་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་སྒོ་ནས་བློ་བཀལ་ཏེ་རེ་བལྟོས་འཆའ་བ་ནི་སྐྱབས་སུ་འགྲོ་བའི་ཚུལ་དངོས་སོ། །གསུམ་པ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་བསྐྱེད་པ་ལ་གསུམ། ལས་འབྲས་སྦྱིར་བསམ་པ་དང་། བྱེ་བྲག་ཏུ་བསམ་པ་དང་། བསམ་ནས་འཇུག་ལྡོག་བྱ་ཚུལ་ལོ། །དང་པོ་ལ་གཉིས། དངོས་དང་། སོ་སོར་ཕྱེ་སྟེ་བསམ་པའོ། །དང་པོ་ལ་བཞི། ལས་ངེས་པ་དང་། འཕེལ་ཆེ་བ་དང་། ལས་མ་བྱས་པ་དང་མི་ཕྲད་པ་དང་། ལས་བྱས་པ་ཆུད་མི་ཟ་བའོ། །དང་པོ་ནི། སྐྱེ་འཕགས་གང་ཡིན་ཀྱང་རྣམ་སྨིན་བདེ་བ་ཆེ་ཆུང་གང་བྱུང་ཡང་དགེ་བའི་འབྲས་བུ་དང་། སྡུག་བསྔལ་གང་བྱུང་ཡང་མི་དགེ་བའི་འབྲས་བུ་སྟེ། མི་དགེ་བ་ལས་བདེ་བ་དང་དགེ་བའི་ལས་ལས་རྣམ་སྨིན་སྡུག་བསྔལ་འབྱུང་བ་མེད་དོ། །དེ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བར། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་སོ། །བདེ་སྡུག་རྣམས་རྒྱུ་མེད་པ་ལས་མ་བྱུང་ཞིང་གཙོ་བོ་དང་དབང་ཕྱུག་སོགས་མི་མཐུན་པའི་རྒྱུ་ལས་མ་བྱུང་ལ། དགེ་མི་དགེ་ལས་སྤྱི་དང་བྱེ་བྲག་ལས་བྱུང་ངོ་། ལས་སོ་སོའི་འབྲས་བུ་བདེ་སྡུག་སོ་སོར་མ་འཆོལ་བ་ནི་གྲོ་ནས་སོགས་སོ་སོའི་འབྲས་བུ་མ་འཆོལ་བར་འབྱུང་བ་བཞིན་ཏེ། ཚུལ་དེ་ལྟ་བུས་ལས་འབྲས་མི་བསླུ་བ་ལ་ངེས་པ་རྙེད་པ་ནི་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་ཡང་དག་པའི་ལྟ་བ་ཡིན་ཞིང་ཕན་ཡོན་ཀྱང་ཆེ་སྟེ། མདོ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །མི་གང་སུ་ལ་ཡོད་གྱུར་པ། །དེ་ནི་བསྐལ་པ་སྟོང་རྣམས་སུ། །ངན་འགྲོ་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །ལས་འཕེལ་ཆེ་བ་ནི། ལས་དགེ་མི་དགེ་ཆུང་ངུ་ལས་ཀྱང་འབྲས་བུ་བདེ་སྡུག་ཤིན་ཏུ་ཆེན་པོ་འབྱུང་བའི་འཕེལ་ཀ་འདྲ་བ་ཕྱིའི་རྒྱུ་འབྲས་ལ་མེད་དོ། །ལས་མ་བྱས་པ་དང་མི་ཕྲད་པ་ནི། བདེ་སྡུག་མྱོང་བའི་རྒྱུ་ལས་མ་བྱས་ན་དེའི་འབྲས་བུ་གཏན་མི་མྱོང་ངོ་། །ལས་བྱས་པ་ཆུད་མི་ཟ་བ་ནི། འདུལ་བ་ལུང་ལས། ལུས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་སྨིན་པ་དག་ཏུ་འགྱུར། །ཞེས་གསུངས་ཏེ་བཤགས་པ་སོགས་ཀྱི་རྐྱེན་མེད་ན་འབྲས་བུ་ཆེ་ཆུང་གང་ཡིན་ཀྱང་དུས་ལ་བབ་པ་ན་འབྱུང་ངོ་། །གཉིས་པ་སོ་སོར་ཕྱེ་སྟེ་བསམ་པ་ལ་གཉིས། ལས་ལམ་བཅུ་གཙོ་བོར་བསྟན་པ་དང་། ལས་དང་འབྲས་བུ་བཤད་པའོ། །དང་པོ་ནི། སྤྱིར་དགེ་མི་དགེའི་ལས་ཀྱི་དབྱེ་བ་མང་ཡང་གནད་ཆེ་བ་རྣམས་བཅུར་བསྡུས་ནས་གསུངས་ཏེ། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུ་གསུངས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གསུམ། ནག་པོའི་ལས་འབྲས་དང་། དཀར་པོའི་ལས་འབྲས་དང་། ལས་ཀྱི་དབྱེ་བ་གཞན་བསྟན་པའོ། །དང་པོ་ལ་གསུམ། ལས་ལམ་དངོས་དང་། ལྕི་ཡང་དང་། དེ་དག་གི་འབྲས་བུའོ། །དང་པོ་ནི། བསྔུ་ན་གཞི་དང་། བསམ་པ་དང་སྦྱོར་བ་དང་མཐར་ཐུག་བཞི་སྟེ་དེ་ལ་སྲོག་གཅོད་ཀྱི་གཞི་ནི་སེམས་ཅན་ནོ། །བསམ་པ་ལ། གསུམ་ལས། འདུ་ཤེས་ནི་གཞི་སེམས་ཅན་ལྟ་བུ་ལ་སེམས་ཅན་དུ་འདུ་ཤེས་པ་དང་དེ་མིན་པར་འདུ་ཤེས་པ་དང་། སེམས་ཅན་མིན་པ་ལ་དེར་འདུར་ཤེས་པ་དང་དེ་ཡིན་པར་འདུ་ཤེས་པ་བཞི་སྟེ། འདུ་ཤེས་དང་པོ་དང་གསུམ་པ་ནི་འཁྲུལ་ཞིང་གཉིས་པ་དང་བཞི་པ་ནི་མ་འཁྲུལ་བའོ། །ནོར་ནས་བསད་པ་ལ་དངོས་གཞིའི་ལྟུང་བ་མེད་ཀྱང་གང་རུང་ཡང་གསོད་སྙམ་དུ་ཀུན་སློང་སྤྱི་ལ་ཞུགས་པ་ཡོད་ན་འདུ་ཤེས་འཁྲུལ་ཡང་དངོས་གཞིའི་ལྟུང་བ་སྐྱེད་དོ། །ཚུལ་འདི་ལྷག་མ་དགུ་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །ཉོན་མོངས་པ་ནི་དུག་གསུམ་གང་རུང་ངོ་། །རྒྱུའི་ཀུན་སློང་ནི་གསོད་པར་འདོད་པའོ། །སྦྱོར་བ་ལ་སྦྱོར་པ་པོ་ནི་རང་གཞན་གང་རུང་དང་སྦྱོར་བའི་ངོ་བོ་ནི་མཚོན་ནམ་དུག་གམ་སྔགས་ལ་སོགས་པ་གང་རུང་གིས་བྱས་པའོ། །མཐར་ཐུག་ནི་དེའི་རྐྱེན་གྱིས་རང་གི་སྔར་ཤི་བའོ། །གཉིས་པ་མ་བྱིན་པར་ལེན་པའི་གཞི་ནི་གཞན་གྱིས་བཟུང་བའི་རྫས་སོ། །བསམ་པ་ལ་གསུམ་ལས་འདུ་ཤེས་དང་ཉོན་མོངས་ནི་སྔར་ལྟར་རོ། །ཀུན་སློང་ནི་མ་བྱིན་པར་ལེན་པར་འདོད་པའོ། །སྦྱོར་བ་པོ་ནི་སྔར་ལྟར་ལ་སྦྱོར་བའི་ངོ་བོ་ནི་མཐུས་འཕྲོག་པ་དང་བརྐུ་བ་གང་བྱས་ཀྱང་འདྲའོ། །མཐར་ཐུག་ནི་ཐོབ་བློ་སྐྱེས་པའོ། །གསུམ་པ་ལོག་གཡེམ་གྱི་གཞི་ནི་བགྲོད་བྱ་མིན་པའི་བུད་མེད་དང་སྐྱེས་པའི་ཡན་ལག་མིན་པ་དང་གནས་མིན་པ་དང་དུས་མིན་པ་སྟེ་བཞིར་བཤད་ཅིང་། ཁྱད་པར་ཕྱེ་ན་མང་ཡང་བསྡུ་ན་བུད་མེད་དང་སྐྱེས་པ་སོགས་གང་ལ་བརྟེན་ནས་ས་བོན་འབྱིན་པའི་གཞིའོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི་འཁྲུལ་མ་འཁྲུལ་འདྲ་མི་འདྲ་གཉིས་སོ། །ཉོན་མོངས་ནི་སྔར་ལྟར་དང་། ཀུན་སློང་ནི་མི་ཚངས་པར་སྤྱོད་འདོད་པའོ། །སྦྱོར་བ་ནི་དེའི་ཆེད་དུ་འབད་པའོ། །མཐར་ཐུག་ནི་ས་བོན་བྱུང་བའོ། །བཞི་པ་བརྫུན་དུ་སྨྲ་བའི་གཞི་ནི། ཕ་རོལ་པོ་དོན་གོ་བའི་སེམས་ཅན་ནོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི། ཕན་འདོད་ཡིན་ན་མ་གཏོགས་མཐོང་བ་ལ་མ་མཐོང་བ་དང་མ་མཐོང་བ་ལ་མཐོང་ཞེས་འདུ་ཤེས་བསྒྱུར་བ་སོགས་སོ། །ཉོན་མོངས་པ་ནི་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་འདུ་ཤེས་བསྒྱུར་ཏེ་སྨྲ་བར་འདོད་པའོ། །སྦྱོར་བ་ནི་སྨྲ་བའམ་མི་སྨྲ་བས་དང་དུ་ལེན་པ་སོགས་སོ། །མཐར་ཐུག་ནི་ཕ་རོལ་པོས་དོན་དེ་གོ་བའོ། །ལྔ་པ་ཕྲ་མའི་གཞི་ནི་མཐུན་མི་མཐུན་པའི་སེམས་ཅན་ནོ། །བསམ་པ་ལ་གསུམ་ལས་འདུ་ཤེས་དང་ཉོན་མོངས་སྔར་ལྟར་རོ། །ཀུན་སློང་ནི། སེམས་ཅན་མཐུན་པ་དབྱེ་བ་དང་མི་མཐུན་པ་མི་འདུམ་པར་འདོད་པའོ། །སྦྱོར་བ་ནི་དབྱེ་བར་བྱེད་པའི་ཚིག་བརྗོད་པའོ། །མཐར་ཐུག་ནི་འབྱེད་པར་བྱེད་པའི་ཚིག་དོན་གོ་བའོ། །དྲུག་པ་ཚིག་རྩུབ་ཀྱི་གཞི་ནི་མནར་སེམས་སྐྱེ་བའི་ཡུལ་གྱི་སེམས་ཅན་ནོ། །བསམ་པ་ལ་འདུ་ཤེས་དང་ཉོན་མོངས་ནི་སྔར་བཞིན་ནོ། །ཀུན་སློང་ནི་ཚིག་རྩུབ་སྨྲ་བར་འདོད་པའོ། །སྦྱོར་བ་ནི་བདེན་མི་བདེན་གང་ཡང་རུང་བས་སྐྱོན་བརྗོད་ཀྱི་ཚིག་དོན་དྲག་པོ་སྨྲ་བའོ། །མཐར་ཐུག་ནི་དེ་ལྟར་སྨྲས་པའི་དོན་དེས་གོ་བའོ། །བདུན་པ་ངག་ཀྱལ་གྱི་གཞི་ནི་དགོས་པ་མེད་པའི་དོན་ནོ། །བསམ་པ་ལ་འདུ་ཤེས་ནི་བརྗོད་འདོད་པའི་དོན་དེ་ལ་དེར་འདུ་ཤེས་པས་བྱུང་རྒྱལ་དུ་སྨྲ་བའོ། །ཉོན་མོངས་སྔར་ལྟར་དང་། ཀུན་སློང་ནི་མ་འབྲེལ་ཞིང་གང་བྱུང་དུ་སྨྲ་བར་འདོད་པའོ། །སྦྱོར་བ་ནི་ངག་ཀྱལ་སྨྲ་བར་རྩོམ་པའོ། །མཐར་ཐུག་ནི་སྨྲས་ཟིན་པའོ། །འདི་གཞི་བདུན་དང་ལྡན་ཏེ་འཐབ་རྩོད་མཚང་འདྲུ་སོགས་དང་། བསྟན་བཅོས་ངན་པ་འདོན་པ་སོགས་དང་། སྨྲེ་ངག་སྣ་ཚོགས་འདོན་པ་དང་། རྩེ་དགོད་དང་དགའ་མགུར་སྤྱད་པ་སྨྲ་བ་དང་། འདུ་འཛིའི་གཏམ་དང་། ར་རོ་བ་དང་སྨྱོས་གཏམ་བྱེད་པ་དང་། ལོག་པའི་འཚེ་བས་སྨྲ་བའོ། །བརྒྱད་པ་བརྣབ་སེམས་ཀྱི་གཞི་ནི་གཞན་གྱི་ཡོ་བྱད་དོ། །བསམ་པ་ལ་འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ། །ཉོན་མོངས་ནི་སྔར་ལྟར་དང་། ཀུན་སློང་ནི་བདག་གིར་བྱ་བར་འདོད་པའོ། །སྦྱོར་བ་ནི་བསམ་དོན་དེ་ལ་རྩོལ་བར་བྱེད་པའོ། །མཐར་ཐུག་ནི་དེ་བདག་གིར་གྱུར་ན་སྙམ་པའོ། །འདི་ལ་ལྔ་ཚང་དགོས་ཏེ། རང་གི་ལོངས་སྤྱོད་ལ་ལྷག་པར་ཆགས་པའི་སེམས་དང་། གསོག་འདོད་ཆེ་བའི་སེམས་དང་། གཞན་ནོར་ལ་རྟོག་ཅིང་རོ་མྱང་འདོད་ཆེ་བའི་སེམས་དང་། གཞན་གྱི་ནོར་དེ་དང་དེ་བདག་གིར་གྱུར་ཅིག་སྙམ་པའི་འཁུ་སེམས་དང་། ངོ་ཚ་དང་ཉེས་དམིགས་ལ་མི་འཛེམ་པའི་སེམས་དང་ལྡན་པ་སྟེ་མདོར་བསྡུས་པའོ། །དགུ་པ་གནོད་སེམས་ཀྱི་གཞི་དང་འདུ་ཤེས་དང་ཉོན་མོངས་གསུམ་ནི་ཚིག་རྩུབ་ཇི་ལྟ་བ་བཞིན་ནོ། །ཀུན་སློང་ནི་བརྡེག་པ་སོགས་བྱ་བར་འདོད་པའོ། །སྦྱོར་བ་ནི་བསམ་པ་དེ་ལ་སྦྱོར་བ་བྱས་པའོ། །མཐར་ཐུག་ནི་བརྡེག་པར་བྱ་བ་སོགས་སུ་ཐག་བཅད་པའོ། །འདི་ལའང་ལྔ་ཚང་དགོས་ཀྱི་མ་ཚང་ན་མི་རྫོགས་ཏེ། ལྔ་ནི་བསྡུ་ན་གནོད་པར་བྱེད་པའི་རྒྱུ་བསམས་ཏེ་ཞེ་སྡང་གི་སེམས་དང་། དེ་ལ་མི་བཟོད་པའི་སེམས་དང་། ཡང་ཡང་དྲན་པའི་ཁོན་འཛིན་གྱི་སེམས་དང་། བསད་བརྡེག་སོགས་བྱས་ན་ཅི་མ་རུང་སྙམ་པའི་འཁུ་སེམས་དང་། ཉེས་དམིགས་ལས་འབྱུང་བ་མི་ཤེས་པས་ཟིལ་གྱིས་ནོན་པའི་སེམས་དང་ལྡན་པའོ། །སྦྱིར་གནོད་སེམས་ཙམ་ལ་ནི་ངེས་པ་མེད་དེ་ཡུལ་དེ་ལ་གནོད་འདོད་ཀྱི་བསམ་པ་ཇི་སྙེད་སེམས་པ་ཐམས་ཅད་གནོད་སེམས་སུ་འགྱུར་ཞིང་། འདི་ཤི་ན་སྙམ་པ་དང་ཆོས་དང་ལོངས་སྤྱོད་ཉམས་ན་སྙམ་པ་དང་། ངན་སོང་དུ་སྐྱེས་ན་སྙམ་པ་རྣམས་ཀྱང་གནོད་སེམས་སུ་འགྱུར་རོ། །བཅུ་པ་ལོག་ལྟའི་གཞི་ནི་ཡོད་པའི་དོན་ནོ། །བསམ་པ་ལ་འདུ་ཤེས་ནི་དོན་དེ་ལ་བདེན་པར་འདུ་ཤེས་པའོ། །ཉོན་མོངས་ནི་སྔར་བཞིན་དང་། ཀུན་སློང་ནི་སྐུར་བ་འདེབས་འདོད་པའོ། །སྦྱོར་བ་ནི་བསམ་དོན་དེ་ལ་སྦྱོར་བ་རྩོམ་པའོ། །དེ་ལ་བཞི་སྟེ་རྒྱུ་དང་འབྲས་བུ་དང་བྱེད་པ་དང་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པའོ། །དེ་བཞི་ནི་རིམ་པ་བཞིན་ལེགས་སྤྱད་དང་ཉེས་སྤྱད་མེད་དོ་ཞེས་དང་། དེ་གཉིས་ཀྱི་རྣམ་སྨིན་མེད་དོ་ཞེས་དང་། ས་བོན་འདེབས་པ་དང་འཛིན་པའི་ཕ་མ་མེད་དོ་ཞེས་དང་། ཡོད་པའི་དངོས་པོ་འཇིག་རྟེན་སྔ་ཕྱི་མེད་དོ་ཞེས་དང་། སེམས་ཅན་བརྫུས་སྐྱེས་མེད་དོ་ཞེས་དང་། དགྲ་བཅོམ་པ་སོགས་མེད་དོ་ཞེས་པ་ལྟ་བུའོ། །མཐར་ཐུག་ནི་སྐུར་པ་བཏབ་བའོ། །འདི་ལ་ཡང་སེམས་ལྔ་ཚང་དགོས་ཀྱི་མ་ཚང་ན་མི་རྫོགས་སོ། །ལྔ་ནི་བསྡུ་ན་ཤེས་བྱ་ལེགས་པར་མི་ཤེས་པའི་རྨོངས་སེམས་དང་། སྡིག་ལ་དགའ་བའི་དྲག་ཤུལ་གྱི་སེམས་དང་། ལོག་པར་ཞུགས་པའི་སེམས་དང་། སྦྱིན་སོགས་ཀྱི་སེམས་བསྐྱེད་ལ་སྐུར་འདེབས་ཀྱི་སེམས་དང་། ཉེས་དམིགས་མི་ཤེས་པའི་སེམས་སོ། །གཉིས་པ་ལྕི་ཡང་བསྟན་པ་ལ་གཉིས་ལས་དང་པོ་ལ་ལྔ་སྟེ་བསམ་པས་ལྕི་བ་དང་། སྦྱོར་བས་ལྕི་བ་དང་། གཉེན་པོ་མེད་པས་ལྕི་བ་དང་། ལོག་པར་ཞེན་པས་ལྕི་བ་དང་། གཞི་ལས་ལྕི་བའོ། །དང་པོ་ནི། དུག་གསུམ་དྲག་པོས་བྱེད་པའོ། །གཉིས་པ་ནི་སྲོག་གཅོད་པ་ལ་དགའ་བས་བྱས་པ་ལྟ་བུའོ། །གསུམ་པ་ནི། དགེ་ཕྱོགས་ལ་མི་འཇུག་པས་བྱེད་པའོ། །བཞི་པ་ནི་ཕྱུགས་ཀྱི་མཆོད་སྦྱིན་གཏོང་བ་ལྟ་བུའོ། །ལྔ་པ་ནི་ཕ་མ་དང་བླ་མ་ལྟ་བུ་དང་དུད་འགྲོ་ཡིན་ཡང་བོང་ཆེ་བ་གསོད་པ་ལྟ་བུའོ། །མི་དགེ་བ་གཞན་རྣམས་ལ་ཡང་གཞི་མ་གཏོགས་ཇི་ལྟར་རིགས་པར་སྦྱར་རོ། །གཞན་ཡང་མི་དགེ་བ་བཅུ་སོ་སོ་ལ་ལྕི་ཡང་གཉིས་གཉིས་ཡོད་ཀྱང་། སྤྱིིར་ལུས་ངག་གི་བདུན་སྔ་མ་སྔ་མ་ཕྱི་མ་ཕྱི་མ་ལས་ལྕི་ཞིང་། ཡིད་ཀྱི་གསུམ་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལྕི་བར་བཤད་དོ། །སའི་དངོས་གཞི་ལས་ནི་ལྕི་བར་ཚུལ་དྲུག་གསུངས་སོ། །གཉིས་པ་ལ་ལས་སྟོབས་ལྡན་བསྡུ་ན་བཞི་སྟེ། ཞིང་གི་སྒོ་ནས་སྟོབས་ཆེ་བ་དང་། རྟེན་གྱི་སྒོ་ནས་དང་། དངོས་པོའི་སྒོ་ནས་དང་། བསམ་པའི་སྒོ་ནས་སྟོབས་ཆེ་བའོ། །དང་པོ་ནི། དཀོན་མཆོག་དང་བླ་མ་དང་ཕ་མ་ལྟ་བུ་ལ་ཕན་གནོད་གང་བྱས་ཀྱང་སྟོབས་ཆེའོ། །གཉིས་པ་ནི། སྡིག་པ་ལ་འགྱོད་སེམས་དང་ལྡན་པས་བྱས་པ་ཡང་ལ། འགྱོད་སེམས་མེད་པར་དགའ་བར་བྱས་ན་ལྕེའོ། །གསུམ་པ་ནི། དངོས་པོ་གྱ་ནོམ་པ་དང་ཆོས་ཀྱི་སྦྱིན་པ་ནི་ཕན་ཡོན་ལྷག་པར་ཆེའོ། །བཞི་པ་སངས་རྒྱས་ཐོབ་འདོད་ཀྱིས་བསམ་པས་མཆོད་པ་ལྟ་བུ་བསོད་ནམས་ལྷག་པར་ཆེའོ། །གསུམ་པ་དེ་དག་གི་འབྲས་བུ་ལ་གསུམ་སྟེ། རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་དང་། བདག་པོའམ་དབང་གི་འབྲས་བུའོ། །དང་པོ་རྣམ་སྨིན་གྱི་འབྲས་བུ་ནི། ལས་ལམ་བཅུ་པོ་རེ་རེ་ལ་ཡང་གཞི་དུག་གསུམ་ཆུང་འབྲིང་ཆེན་པོ་གསུམ་ལ་བརྟེན་པས་གསུམ་གསུམ་མོ། །དེ་ལ་བཅུ་པོ་ཆེན་པོ་རེ་རེས་ཀྱང་དམྱལ་བ་དང་འབྲིང་གིས་ཡི་དྭགས་དང་ཆུང་ངུས་དུད་འགྲོར་སྐྱེ་བར་བཤད་དོ། །རྒྱུ་མཐུན་ནི་སྲོག་གཅོད་སོགས་བཅུའི་འབྲས་བུ་རིམ་པ་བཞིན་དུ་ཚེ་ཐུང་བ་དང་དབུལ་བ་དང་ཆུང་མ་བསྲུངས་པ་དང་སྐུར་བ་མང་བ་དང་མཛའ་དབྱེ་བ་དང་ཡིད་དུ་མི་འོང་བའི་སྒྲ་ཐོས་པ་དང་ཚིག་གཞན་གྱིས་མི་ཉན་པ་དང་ཆགས་སྡང་རྨོངས་གསུམ་ཆེ་བར་འགྱུར་རོ། །མིར་སྐྱེས་ཀྱང་སྲོག་གཅོད་ལ་དགའ་བ་སོགས་ནི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་སྟེ་གཞན་ཡང་མང་ངོ་། །བདག་པོའམ་དབང་གི་འབྲས་བུ་ནི་མི་དགེ་བ་བཅུའི་འབྲས་བུ་རིམ་པ་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བཟའ་བཏུང་འབྲས་བུ་སོགས་མཐུ་ཆུང་བ་དང་འབྲས་བུ་ཉུང་བ་དང་ཐན་སེར་ཆེ་བ་དང་འདམ་རྫབ་དང་ལྗིན་སོགས་མང་བ་དང་ཞིང་ལས་སོགས་མི་འཕེལ་བ་དང་། ས་ཕྱོགས་འབར་འབུར་དང་བགྲོད་དཀའ་བ་སོགས་དང་ཚེར་མ་དང་རྡོ་དང་གྱོ་མོ་མང་བ་དང་། ལྗོན་ཤིང་ལ་འབྲས་བུ་སོགས་མི་ཆགས་པ་དང་ཕུན་ཚོགས་རྣམས་རིམ་གྱིས་འགྲིབ་ཅིང་མི་འཕེལ་བ་དང་། གནོད་པ་དང་ནད་སྣ་ཚོགས་དང་སྟག་ལ་སོགས་པས་འཚེ་བ་དང་འབྱུང་ཁུང་བཟང་པོ་རྣམས་ནུབ་པར་འགྱུར་བ་སོགས་ཏེ་གཉིས་རེ་ཕྱོགས་གཅིག་ཏུ་མདོར་བསྡུས་པའོ། །གཉིས་པ་དཀར་པོའི་ལས་འབྲས་བསམ་པ་ལ་གཉིས་ཏེ། ལས་དང་འབྲས་བུའོ། །དང་པོ། མི་དགེ་བ་བཅུ་ལས་ལྡོག་པའི་དགེ་བ་བཅུ་སྒྲུབ་པའི་སྒོ་གསུམ་གྱི་ལས་སོ། །འདི་རྣམས་ལ་གཞི་དང་བསམ་པ་དང་སྦྱོར་བ་དང་མཐར་ཐུག་རྣམས་ཅི་རིགས་པར་སྦྱར་བར་བྱ་སྟེ། མཚོན་ན་སྲོག་གཅོད་སྤོང་བ་ལྟ་བུའི་གཞི་ནི་སེམས་ཅན་ནོ། །བསམ་པ་ནི་ཉེས་དམིགས་ཤེས་ནས་སྲོག་གཅོད་སོགས་སྤོང་འདོད་པའོ། །སྦྱོར་བ་ནི་སྲོག་གཅོད་སོགས་མི་བྱེད་ཅིང་བསྡམས་པའི་འདུ་བྱེད་དོ། །མཐར་ཐུག་ནི་ཡང་དག་པར་བསྡམས་པའི་སྒོ་གསུམ་གྱི་ལས་སོ། །གཉིས་པ་འབྲས་བུ་ལ་གསུམ་ལས་རྣམ་སྨིན་ནི། ལས་ཆུང་འབྲིང་ཆེན་པོས་མི་དང་འདོད་ལྷ་དང་ཁམས་གོང་མའི་ལྷ་སོགས་སུ་སྐྱེའོ། །རྒྱུ་མཐུན་དང་བདག་པོའི་འབྲས་བུ་གཉིས་ནི་མི་དགེ་བ་ལས་ལྡོག་སྟེ་སྦྱར་རོ། །གསུམ་པ་ལས་ཀྱི་དབྱེ་བ་གཞན་བསྟན་པ་ལ། འཕེན་རྫོགས་ཀྱི་དབྱེ་བ་ནི། འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་མི་དགེ་བས་རྫོགས་པ་ཡོད་དེ། མིར་སྐྱེས་ཀྱང་དབང་པོ་མ་ཚང་བ་དང་ཚེ་ཐུང་ཞིང་ནད་མང་བ་དང་དབུལ་ཞིང་ཕོངས་པ་ལྟ་བུའོ། །འཕེན་བྱེད་མི་དགེ་བས་འཕངས་ཀྱང་རྫོགས་བྱེད་དགེ་བས་རྫོགས་པ་ཡོད་དེ། དུད་འགྲོར་སྐྱེས་ཀྱང་བདེ་བར་གནས་པ་དང་ཀླུ་དང་ཡི་དྭགས་འགའ་ཞིག་ཀྱང་དཔལ་འབྱོར་དང་ལྡན་པ་ལྟ་བུའོ། །འཕེན་བྱེད་དགེ་བས་འཕངས་ཤིང་རྫོགས་བྱེད་ཀྱང་དགེ་བས་རྫོགས་པ་ནི་ལྷ་རྣམས་དང་། འཕེན་བྱེད་མི་དགེ་བས་འཕངས་ཤིང་རྫོགས་བྱེད་ཀྱང་མི་དགེ་བས་རྫོགས་པ་ནི་དམྱལ་བ་པ་ལྟ་བུའོ། །གཞན་ཡང་མྱོང་བར་ངེས་མ་ངེས་ཀྱི་ལས་ནི། བསམ་བཞིན་དུ་བྱས་པ་དང་བསགས་པའི་ལས་ནི་མྱོང་ངེས་ཀྱི་ལས་དང་། མ་བསམ་པ་དང་བསམས་ཀྱང་མ་བསགས་པའི་ལས་ནི་མྱོང་བར་མ་ངེས་པའི་ལས་སོ། །བྱས་པའི་ལས་ནི་ལུས་ངག་གིས་དངོས་སུ་བྱས་པའི་ལས་རྣམས་སོ། །བསགས་པའི་ལས་ནི་ཤེས་བཞིན་དུ་མ་ནོར་བར་རྒྱུན་ཆགས་སུ་བྱས་པ་ལྟ་བུ་སྟེ་རྣམ་པ་བཅུ་ཡོད་ལ། རྨི་ལམ་དུ་བྱས་པ་དང་མ་བསམ་པར་བྱས་པ་དང་ནོར་ནས་བྱས་པ་སོགས་བཅུ་ནི་མ་བསགས་པའི་ལས་སོ། །གཞན་ཡང་བསགས་ལ་མ་བྱས་པ་དང་། བྱས་ལ་མ་བསགས་པ་དང་། མ་བྱས་ཤིང་མ་བསགས་པ་གསུམ་དང་། མཐོང་ཆོས་ཚེ་འདི་ལ་མྱོང་བ་དང་། ཚེ་གཉིས་པ་ལ་མྱོང་བ་དང་། ཚེ་གསུམ་པ་ཕན་ལ་མྱོང་བའི་ལས་གསུམ་མོ། །སྨིན་ཚུལ་གོ་རིམ་གཙོ་ཆེ་བའི་དབང་དུ་བྱས་ན། གང་ལྕི་བ་དེ་ཐོག་མར་སྨིན། ལྕི་ཡང་མཉམ་ན་འཆི་བའི་ཚེ་གང་མངོན་དུ་གྱུར་པ་དེ་ཐོག་མར་སྨིན། དེ་ཡང་འདྲ་ན་གོམས་པ་ཤེས་ཆེ་བ་དེ་ཐོག་མར་དང་། དེ་ཡང་འདྲ་ན་ཐོག་མར་བྱས་པ་དེའི་འབྲས་བུ་སྔོན་ལ་སྨིན་པར་བཤད་དོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། རྣམ་མཁྱེན་བསྒྲུབ་པ་ལ་རྟེན་མཚན་ཉིད་ཚང་བ་ཞིག་དགོས་པས་འདི་ལ་གསུམ། །རྣམ་སྨིན་གྱི་ཡོན་ཏན། རྣམ་སྨིན་གྱི་འབྲས་བུ། རྣམ་སྨིན་གྱི་རྒྱུའོ། །འདི་དག་བསྡུ་ན་དང་པོ་ལ་བརྒྱད་དེ། ཚེ་ཕུན་སུམ་ཚོགས་པ་རིང་བ། ཁ་དོག་ཕུན་སུམ་ཚོགས་པ་གཟུགས་དང་ཁ་དོག་སོགས་བཟང་བ། རིགས་ཕུན་སུམ་ཚོགས་པ་བཀུར་བའི་རིགས་སུ་སྐྱེས་པ། དབང་ཕྱུག་ཕུན་སུམ་ཚོགས་པ་འཁོར་དང་ལོངས་སྤྱོད་ཆེ་བ། གཞན་གྱིས་ཡིད་རྟོན་པའི་ཚིག་བཙུན་པ། ཡོན་ཏན་གྱི་སྒོ་ནས་གྲགས་པ་དང་སྙན་པ་ཆེ་བ། ཕོ་ཉིད་དུ་སྐྱེས་པ། ནད་མེད་ཅིང་གནོད་པ་ཆུང་བའི་སྟོབས་དང་ལྡན་པའོ། །རྣམ་སྨིན་གྱི་འབྲས་བུ་ལ་བརྒྱད་དེ། རང་དགེ་བ་མང་པོ་བྱེད་པ། གདུལ་བྱ་དགའ་ནས་འདུ་བ། གཞན་བསྒོ་བ་ལས་མི་འདའ་བ། སྦྱིན་པས་བསྡུས་ཏེ་སྨིན་པར་བྱེད་པ། སྙན་པར་སྨྲ་བ་སོགས་ཀྱིས་སྡུད་ཅིང་སྨིན་པར་བྱེད་པ། གཞན་གྱིས་བྱས་པ་བཟོ་ཞིང་བསྒོ་བ་ལ་ཉན་པ། ཤེས་རབ་ཆེ་ཞིང་འཁོར་དུ་མི་འཇིགས་པ་སོགས་དང་། རང་གཞན་གྱི་དོན་ལ་མི་སྐྱོ་ཞིང་སྤྲོ་ཤུགས་ཆེ་བའོ། །རྣམ་སྨིན་གྱི་རྒྱུ་ལ་བརྒྱད་དེ། གཞན་ལ་མི་འཚེ་བའི་བསམ་པའི་རིགས་བསྟེན་པ། མར་མེ་སོགས་གྱི་སྣང་བ་དང་གོས་སྦྱིན་པ། ང་རྒྱལ་ཆུང་ཞིང་བླ་མ་སོགས་ལ་གུས་པ། སློང་བ་ལ་སྦྱིན་པ་སྟེར་བ། ངག་གི་མི་དགེ་བ་བཞི་སྤོང་བ། དཀོན་མཆོག་མཆོད་ཅིང་ཕྱི་མར་ཡོན་ཏན་འབྱུང་བའི་སྨོན་ལམ་འདེབས་པ། སྐྱེས་པའི་ཡོན་ཏན་ལ་དགའ་ཞིང་བུད་མེད་ཀྱི་དངོས་པོ་ལ་མི་དགའ་བ་དང་གཞན་གྱི་དབང་པོ་གཅོད་པ་ལས་ཐར་པར་བྱེད་པ། གཞན་གྱིས་མི་ནུས་པའི་གྲོགས་བྱེད་པའོ། །གསུམ་པ་འཇུག་ལྡོག་བྱ་བའི་ཚུལ་ལ་གཉིས། སྤྱིིར་བསྟན་པ་དང་། སྟོབས་བཞིའི་བཤགས་པའོ། །དང་པོ་ནི། ལས་གཉིས་ལས་འབྲས་བུ་བདེ་སྡུག་གཉིས་མི་ནོར་བར་འབྱུང་བར་བསམ་ཞིང་། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྒོམ་པ་དང་། ཁྱད་པར་དུ་མི་དགེ་བའི་ལས་འབྲས་བུ་ལ་སྡུག་བསྔལ་འབྱུང་བའི་ཚུལ་བསམས་པ་ནི་གནད་དུ་ཆེའོ། །གཉིས་པ་སྟོབས་བཞི་བྱ་ཚུལ་ལ་ལྟུང་བ་ཕྱིར་བཅོས་ནི། གྲུབ་ན་སྡོམ་པ་གསུམ་སོ་སོ་ནས་འབྱུང་བ་ལྟར་བྱ་ཞིང་། སྡིག་བཤགས་ནི་སྟོབས་བཞིས་བྱ་སྟེ། རྟེན་གྱི་སྟོབས་ནི་སྐྱབས་འགྲོ་སེམས་བསྐྱེད་དོ། །སུན་འབྱིན་པའི་སྟོབས་ནི་ཉེས་པ་རྣམས་མཐོལ་བཤགས་བྱེད་པའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་ཉེས་པའི་གཉེན་པོ་བསྐྱེད་པ་སྟེ་དེ་ལ་མདོ་སྡེ་ཟབ་མོ་འདོན་པ་དང་། སངས་རྒྱས་བྱང་སེམས་ཀྱི་མཚན་བརྗོད་པ་དང་། གཟུངས་སྔགས་བཟླ་བ་དང་སྟོང་ཉིད་སྒོམ་པར་བྱེད་པ་སོགས་མང་ངོ་། །སླར་ལྡོག་པའི་སྟོབས་ནི་ཉེས་པ་དེ་ལྟ་བུ་ཕྱིན་ཆད་མི་བྱེད་པར་དམ་བཅའ་བའོ། །དེ་ལྟར་རྒྱུན་ཏུ་བྱས་ན་ནི་སྡིག་པའི་ཚོགས་རྣམས་རིམ་གྱིས་དག་པར་འགྱུར་ཞིང་མྱོང་ངེས་ཀྱི་ལས་ཀྱང་འདག་པར་གསུངས་སོ། །འོན་ཀྱང་སྔོན་གྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ་ཞེས་གསུངས་པ་ཡང་ཤེས་དགོས་སོ། །གཉིས་པ་དེ་སྐྱེས་པའི་ཚད་ནི། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བཅོས་མིན་དུ་སྐྱེས་པའོ། །གསུམ་པ་དེ་ལ་ལོག་རྟོག་བསལ་པ་ནི། ཁ་ཅིག་ལུས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ནི་འཁོར་བ་ཡིན་པས་དེ་དོན་དུ་གཉེར་བ་མི་རིགས་སོ་སྙམ་ན། དེ་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་གཟུགས་སྐུ་དང་ཞིང་གི་འབྱོར་པ་རྣམས་ནི་འཁོར་བས་མ་བསྡུས་ཞིང་། གནས་སྐབས་སྐོམ་སེལ་བྱེད་ཆུའི་དོན་དུ་སྣོད་འཚོལ་བ་ལྟར། དམ་པའི་ཆོས་སྒྲུབ་པའི་ཆེད་དུ་གནས་སྐབས་ཀྱི་མངོན་མཐོའི་རྟེན་ཁྱད་པར་ཅན་ཐོབ་དགོས་པའི་ཕྱིར་རོ། །དེ་དག་ནི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་ཇོ་སྦྱོང་བའི་སྐོར་རོ། །དེ་ལྟར་བསམས་ཏེ་ངན་འགྲོ་ལས་ཐར་ནས་བདེ་འགྲོ་ཐོབ་ཀྱང་དེ་ཙམ་གྱིས་ཆོག་པར་མི་འཛིན་པར་ཐར་པ་དོན་གཉེར་གྱི་ཇོ་བསྐྱེད་དགོས་པས་སྐྱེས་བུ་འབྲིང་དང་ཐུན་མོང་པའི་ལམ་གྱི་རིམ་པ་ལ་ཇོ་སྦྱང་བ་ལ་བཞི། བསམ་པ་སྦྱང་བ། དེ་སྐྱེས་པའི་ཚད། དེ་ལ་ལོག་རྟོག་བསལ་བ། ཐར་ལམ་གྱི་རང་བཞིན་བཤད་པའོ། །དང་པོ་ལ་གཉིས། ཐར་པ་དོན་གཉེར་གྱི་བློ་ངོས་བཟུང་བ་དང་། དེ་བསྐྱེད་པའི་ཐབས་སོ། །དང་པོ་ནི། ལས་དང་ཉོན་མོངས་པའི་འཆིང་བ་ལས་གྲོལ་བའི་འགོག་པ་ནི་ཐར་པ་ཡིན་ལ། དེ་ཐོབ་པར་འདོད་པའི་བློ་ནི་ཐར་པ་དོན་གཉེར་གྱི་བློའོ། །གཉིས་པ་བསྐྱེད་པའི་ཐབས་ནི། ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་ཉེས་དམིགས་མཐོང་ནས་དེ་ལ་སྐྱོ་བ་བསྐྱེད་དགོས་ཏེ། གཞན་དུ་ན་ཞི་བ་དོན་གཉེར་གྱི་བློ་ཇི་ལྟར་བ་བཞིན་མི་སྐྱེ་བའི་ཕྱིར་ཏེ། བཞི་བརྒྱ་པ་ལས། གང་ལ་འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་འདི་ལ་གཉིས། སྡུག་ཀུན་གཉིས་ཀྱི་སྒོ་ནས་བསམ་པ་དང་། ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་བསམ་པའོ། །དང་པོ་ལ་གཉིས། སྡུག་བདེན་འཁོར་བའི་ཉེས་དམིགས་དང་། ཀུན་འབྱུང་འཁོར་བའི་འཇུག་རིམ་མོ། དང་པོ་ལ་གཉིས། སྡུག་བདེན་ཐོག་མར་གསུངས་པའི་དགོས་པ་དང་། སྡུག་བསྔལ་བསྒོམ་ཚུལ་དངོས་སོ། །དང་པོ་ནི། སྡུག་བདེན་དང་པོར་གསུངས་པའི་དགོས་པ་གང་ཞེ་ན། ཡོད་དེ། ཐོག་མར་རང་ལྟ་བུ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བར་མཐོང་བ་ལ་སྡུག་བསྔལ་ངོས་ཟིན་དགོས་ཤིང་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་དགོས། ཤེས་ན་སྡུག་བསྔལ་ལས་ཐར་འདོད་སྐྱེ་ཞིང་། དེའི་ཚེ་སྡུག་བསྔལ་ཟློག་དགོས་པར་མཐོང་སྟེ་དེའི་རྒྱུ་མ་ཟློག་ན་འབྲས་བུ་སྡུག་བསྔལ་མི་ལྡོག་པར་ཤེས་ནས། དེའི་རྒྱུ་ཇི་ལྟ་བུ་ཞིག་སྙམ་ན་ཀུན་འབྱུང་བདེན་པ་རྒྱུར་ཤེས་པའི་འབྱུང་བས་སྡུག་བདེན་སྔོན་དང་། དེའི་འོག་ཏུ་ཀུན་འབྱུང་བདེན་པ་བསྟན་ཏེ་གོ་རིམ་མོ། །ཀུན་འབྱུང་ནི་ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་གཉིས་ཏེ། དེ་གཉིས་ཟློག་ནུས་པར་མཐོང་བ་ན་འབྲས་བུ་སྡུག་བསྔལ་འགགས་པའི་འགོག་པ་ཐོབ་ནུས་སུ་གོ་ནུས་པས་ཀུན་འབྱུང་གི་འོག་ཏུ་འགོག་བདེན་བསྟེན་ནོ། །དེ་ནས་དེ་ཐོབ་བྱེད་ཀྱི་ཐབས་སུ་ལམ་བདེན་བསྟེན་དགོས་པར་ཤེས་པར་འགྱུར་པས་ལམ་བདེན་ཐ་མར་བསྟན་ཏེ། དཔེར་ན་ཐོག་མར་ནད་ཤེས་ཤིང་ནད་དེ་གང་ལས་བྱུང་བ་དང་ནད་དེ་ཞི་བའི་བདེ་བ་ཐོབ་པའི་ཆེད་དུ་སྨན་བསྟེན་པ་འབྱུང་བ་བཞིན་ནོ། །དེ་ལྟར་བྱམས་པའི་རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྡུག་བདེན་བསམ་པ་ལ་གཉིས། འཁོར་བ་སྤྱིའི་སྡུག་བསྔལ་དང་། སོ་སོའི་སྡུག་བསྔལ་བསམ་པའོ། །དང་པོ་ལ་གསུམ་སྟེ་སྡུག་བསྔལ་བརྒྱད་དང་དྲུག་དང་གསུམ་མོ། །དང་པོ་སྡུག་བསྔལ་བརྒྱད་ནི། སྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ་བཞི་དང་། མི་སྡུག་པ་དང་འཕྲད་པ། སྡུག་པ་དང་བྲལ་བ། འདོད་པ་བཙལ་ཀྱང་མ་རྙེད་པ། ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་གྱི་རང་བཞིན་དུ་བསམ་པ་བཞི་སྟེ་བརྒྱད་དོ། །དང་པོ་ལ་ལྔ་སྟེ། སྐྱེ་བ་སྡུག་བསྔལ་དང་ལྡན་པ་ནི། མངལ་དང་སྒོ་ང་ལས་སྐྱེ་བའི་ཚེ་སྡུག་བསྔལ་དྲག་པོ་དང་བཅས་ཏེ་སྐྱེ་བའོ། །གནས་ངན་ལེན་གྱི་སྡུག་བསྔལ་ནི། ཉོན་མོངས་པའི་ཕྱོགས་དང་མཐུན་པའི་ལས་སུ་མི་རུང་བ་སོགས་གནས་ངན་ལེན་དང་བཅས་པའོ། །སྡུག་བསྔལ་གྱི་གནས་སུ་གྱུར་པ་ནི། སྐྱེ་བ་ཡོད་ན་ན་རྒ་འཆི་བ་སོགས་ཀྱི་སྡུག་བསྔལ་ཀུན་འབྱུང་བའོ། །ཉོན་མོངས་ཀྱི་གནས་སུ་གྱུར་པ་ནི། སྐྱེས་ནས་ཡུལ་སྣ་ཚོགས་ལ་བརྟེན་ནས་ཉོན་མོངས་པ་སྣ་ཚོགས་བསྐྱེད་པའོ། མི་འདོད་བཞིན་དུ་འབྲལ་བ་ནི། སྐྱེས་པ་ལ་བརྟེན་ནས་མི་འདོད་བཞིན་དུ་ལུས་སྲོག་དང་བྲལ་ཏེ་འཆི་བའོ། །རྒ་བའི་སྡུག་བསྔལ་ལ་ཡང་ལྔ་སྟེ། རྒ་བས་གཟུགས་རིམ་གྱིས་ཡོངས་སུ་ཉམས་པ་དང་། མཐུ་སྟོབས་ཡོངས་སུ་ཉམས་པ་དང་། དབང་པོ་ཡོངས་སུ་ཉམས་པ་དང་། ལོངས་སྤྱོད་ཡོངས་སུ་ཉམས་པ་དང་། ཚེ་རིམ་གྱིས་ཡོངས་སུ་ཉམས་པར་འགྱུར་བའོ། །ན་བའི་སྡུག་བསྔལ་ལ་ལྔ་སྟེ། ལུས་ཀྱི་རང་བཞིན་འགྱུར་ཞིང་ཉམས་པ་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་ལ་ཤས་ཆེར་གནས་པ་དང་། ལོངས་སྤྱོད་གྱི་ཟས་ཆུ་མི་འཕྲོད་ཅིང་ཡི་གར་མི་འོང་བ་དང་། མི་འདོད་བཞིན་དུ་སྤྱད་དགོས་པ་དང་། སྲོག་དབང་དང་འབྲལ་བར་འགྱུར་བའོ། །འཆི་བའི་སྔུག་བསྔལ་ལ་ཡང་ལྔ་སྟེ། ལོངས་སྤྱོད་ཕུན་ཚོགས་དང་འབྲལ་བ། གཉེན་སོགས་རྩ་འཇིངས་སྡུག་པ་དང་འབྲལ་བ། འཁོར་གཡོག་དང་འབྲལ་བ། ལུས་དང་འབྲལ་བ། འཆི་བའི་ཚེ་སྡུག་བསྔལ་དང་ཡིད་མི་བདེ་བ་དྲག་པོ་མྱོང་བའོ། །མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ལ་ཡང་ལྔ་སྟེ། དགྲ་སྡང་བ་དང་ཕྲད་པ། དེས་གནོད་པ། གཏམ་ངན་གྱིས་འཇིགས་པ། ཉམ་ང་བཞིན་དུ་འཆི་བས་འཇིགས་པ། ངན་འགྲོར་སོང་དོགས་པའི་འཇིགས་པ་རྣམས་སོ། །སྡུག་པ་དང་བྲལ་བའི་སྡུག་བསྔལ་ལ་ཡང་ལྔ་སྟེ། ཕངས་པའི་གཉེན་སོགས་དང་འབྲལ་བ་དང་། དེའི་ཆེད་དུ་སྨྲེ་ངག་འདོན་པ་ད ང་། ལུས་ལ་གནོད་པ་དང་། ཡིད་ལ་གདུང་བ་དང་། ལོངས་སྤྱོད་འཇིག་པའོ། །འདོད་པ་བཙལ་ཀྱང་མ་རྙེད་པའི་སྡུག་བསྔལ་ལ་ཡང་ལྔ་སྟེ། དེ་དག་ནི་སྡུག་པ་དང་བྲལ་བ་དང་འདྲ་ལ། དེའི་ངོ་བོ་ནི་སོ་ནམ་དང་ཚོང་སོགས་གང་བསྒྲུབས་པའི་འདོད་པའི་དོན་དེ་མ་འགྲུབ་པའི་སྡུག་བསྔལ་ལོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའི་དོན་ལ་ཡང་ལྔ་སྟེ། མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད་དང་། མངོན་པར་གྲུབ་པའི་སྡུག་བསྔལ་གྱི་སྣོད་དང་། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་པའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྣོད་དུ་གྱུར་པའོ། །དེ་ཡང་ཕུང་པོ་འདི་ལ་བརྟེན་ནས་ཕྱི་མའི་སྡུག་བསྔལ་རྣམས་འདྲེན་པ་དང་། ན་འཆི་སོགས་ཀྱི་རྟེན་དུ་གྱུར་པ་དང་། དེ་གཉིས་ཀྱི་གནས་ངན་ལེན་རྗེས་སུ་འབྲེལ་བ་གཉིས་དང་། ཉེར་ལེན་གྱི་ཕུང་པོ་གྲུབ་ཙམ་ནས་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་སྐྱེས་པ་ལྔའོ། །གཉིས་པ་སྡུག་བསྔལ་དྲུག་བསམ་པ་ལ་དྲུག་ནི། ངེས་པ་མེད་པ་དང་། ངོམས་མི་ཤེས་པ་དང་། འདོར་བ་དང་། ཉིང་མཚམས་སྦྱོར་བ་དང་། མཐོ་དམན་དུ་འགྱུར་བ་དང་། གྲོགས་མེད་པའི་ཉེས་པའོ། །དེ་དག་ཀྱང་རིམ་པ་བཞིན་དུ་འཁོར་བར་འཁོར་བའི་ཚེ་དགྲ་གཉེན་འགྱུར་ནས་ངེས་པ་མེད་པ་ནི། ཕྱི་མར་ཚེ་འདིའི་ཕ་བུ་དང་མ་བུ་མོ་དང་གཉེན་དགྲ་དང་དགྲ་གཉེན་དང་མ་ཆུང་མ་དང་ཆུང་མ་མར་འགྱུར་བ་སོགས་དང་། འཁོར་བའི་ཕུན་ཚོགས་འདི་མ་མྱོང་བྱ་བ་མེད་ཅིང་མི་གཙང་བ་དང་ས་ལུད་ཟོས་པ་སོགས་མང་བ་དང་། འགྲོ་བ་རྣམས་སུ་སྐྱེས་ནས་ཤི་བའི་རུས་པ་རྣམས་བསགས་ན་རི་རབ་ལྟ་བུར་འགྱུར་ཞིང་། སྐྱེ་བ་དང་མ་བརྒྱུད་པའི་མཐའ་མེད་པ་དང་། ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ནས་སླར་བྲན་གྱི་ཡང་བྲན་དུ་འགྱུར་ཞིང་མཐོ་རིས་དང་ངན་སོང་དུ་སྤེལ་མར་སྐྱེ་བ་དང་། ཤི་ནས་འཇིག་རྟེན་ཕ་རོལ་ཏུ་ལས་གཉིས་མ་གཏོགས་གྲོགས་གཞན་འཁྲིད་ས་མེད་པ་རྣམས་སོ། །གསུམ་པ་སྡུག་བསྔལ་གསུམ་བསྒོམ་པ་ལ། སྡུག་བསྔལ་གྱི་སྡུག་བསྔལ་ནི། མཚོན་དང་ནད་སོགས་ལ་བརྟེན་ནས་ལུས་སེམས་ཀྱི་སྟེང་ཚོར་བ་སྡུག་བསྔལ་དྲག་པོ་བྱུང་བ་ལྟ་བུའོ། །འགྱུར་བའི་སྡུག་བསྔལ་ནི། བསྡད་ན་བདེ་བ་ལྟར་སྣང་ཡང་བསྡད་དྲགས་ན་སྡུག་བསྔལ་བ་དང་ལངས་ཏེ་སོང་བས་བདེ་བ་ལྟར་སྣང་ཡང་སོང་དྲགས་ན་སྡུག་བསྔལ་བ་དང་། ཟོས་འཐུང་བྱས་ན་བདེ་བ་ལྟར་སྣང་ཡང་ཧ་ཅང་མང་ན་སྡུག་བསྔལ་བ་དང་། ཚ་བའི་ཚེ་གྲང་ན་བདེ་བ་ལྟར་སྣང་ཡང་གྲང་ཆེ་ན་སྡུག་བསྔལ་དུ་འགྱུར་བ་སོགས་སོ། །འདུ་བྱེད་ཀྱི་སྡུག་བསྔལ་ནི་སྡུག་བསྔལ་ཐམས་ཅད་ལ་ཁྱབ་ཅིང་སྡུག་བསྔལ་གཞན་གཉིས་ཀྱི་གཞི་ཡིན་པ་ཉེར་ལེན་གྱི་ཕུང་པོ་འདི་གྲུབ་ཙམ་ནས་སྡུག་བདེན་གྱི་རང་བཞིན་དུ་གྱུར་པ་སྟེ། མདོར་ན་དེ་ལྟ་བུའི་སྡུག་བསྔལ་རྣམས་བསམས་ཏེ་འཁོར་བ་ལ་ཡིད་འབྱུང་བསྐྱེད་པར་བྱའོ། །འདི་དག་གི་སྐབས་སུ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཞེས་འབྱུང་བ་ནི་གཟུགས་ཚོར་ལ་སོགས་པའི་ཕུང་པོ་ལྔ་སྟེ་ཉེ་བར་ལེན་པ་ནི་ལས་ཉོན་གཉིས་ཡིན་པས་དེ་ལས་བྱུང་བའི་ཕུང་པོ་ལྔ་ལ་ཉེར་ལེན་གྱི་ཕུང་པོ་ཞེས་བརྗོད་དེ། དཔེར་ན་རྩྭ་ལས་བྱུང་བའི་རྩྭའི་མེ་ཞེས་བརྗོད་པ་བཞིན་ནོ། །གཉིས་པ་སོ་སོའི་སྡུག་བསྔལ་བསམ་པ་ལ་དྲུག་ལས་ངན་སོང་གསུམ་གྱི་སྡུག་བསྔལ་ནི་བཤད་ཟིན་ཅིང་། མིའི་སྡུག་བསྔལ་གོང་ལྟར་རྣམ་གྲངས་མང་ཡང་བསྡུ་ན་བཀྲེས་ཤིང་སྐོམ་པ་དང་ཚ་གྲང་གི་རེག་པ་དང་ཚོལ་འགྲོ་དང་ངལ་བའི་སྡུག་བསྔལ་སོགས་དང་། སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་ནི་སྔར་ལྟར་རོ། །ལྷ་མ་ཡིན་གྱི་སྡུག་བསྔལ་ནི། དེ་དག་ཕྲག་དོག་གིས་དབང་དུ་གྱུར་ཏེ་ལྷ་རྣམས་ཀྱི་དཔལ་འབྱོར་མཐོང་ནས་མི་བཟོད་པ་སྐྱེ་ཞིང་། དེ་ལ་བརྟེན་ནས་ལྷ་དང་འཐབ་པ་ན་ལུས་གཅད་དྲལ་སོགས་ཀྱི་སྡུག་བསྔལ་དུ་མ་མྱོང་བར་འགྱུར་རོ། །ལྷའི་སྡུག་བསྔལ་བསམ་པ་ལ་གཉིས་ལས། འདོད་ལྷ་ལ་སྡུག་བསྔལ་གསུམ་སྟེ། འཆི་འཕོ་ལྟུང་བའི་སྡུག་བསྔལ་དང་། སྤ་སྐོང་པའི་སྡུག་བསྔལ་དང་། བཅད་དྲལ་གསོད་པ་དང་སྤྱུག་པའི་སྡུག་བསྔལ་ལོ། །དང་པོ་ནི། འདོད་ལྷ་རྣམས་འཆི་བའི་ཚེ་འཆི་ལྟས་ལྔ་མཐོང་ནས་ཆེས་སྡུག་བསྔལ་བར་འགྱུར་རོ། །འཆི་ལྟས་ལྔ་ནི། ལུས་ཀྱི་མདོག་མི་སྡུག་པ་དང་། སྟན་ལ་མི་དགའ་བ་དང་། རྒྱན་གྱི་མེ་ཏོག་རྙིང་པ་དང་། གོས་ལ་དྲི་མ་ཆགས་པ་དང་། ལུས་པ་རྔུལ་འབྱུང་བ་རྣམས་སོ། །འོག་ཏུ་ལྟུང་བའི་སྡུག་བསྔལ་ནི། ཤི་ནས་དགེ་བའི་ལས་ཟད་ན་ནི་དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ། །སྤ་སྐོང་བ་ནི། བསོད་ནམས་ཆུང་བའི་ལྷ་རྣམས་ཀྱིས་བསོད་ནམས་ཆེ་བའི་ལྷའི་ལོངས་སྤྱོད་ཀྱི་དཔལ་འབྱོར་རྒྱ་ཆེན་པོ་མཐོང་ནས་སྤ་ཞུམ་ཞིང་སྡུག་བསྔལ་སུ་འགྱུར་རོ། །བཅད་གཏུབ་སོགས་ཀྱི་སྡུག་བསྔལ་ནི་ལྷ་མིན་དང་འཐབ་པ་ན་ལུས་བཅད་གཏུབ་དང་གསོད་པའི་སྡུག་བསྔལ་འབྱུང་ངོ་། །དེ་ཡང་མགོ་བཅད་ན་འཆི་ལ་ཡན་ལག་བཅད་ནའང་ཕྱིར་སྐྱེའོ། །ལྷ་སྤྱུག་པ་ནི་ལྷ་སྟོབས་དང་ལྡན་པ་འཁྲུགས་ན་སྟོབས་ཆུང་བ་རྣམས་སྐྲོད་པར་བྱེད་པའོ། ཁམས་གོང་མའི་ལྷ་ལ་སྡུག་བསྔལ་དེ་དག་མེད་ཀྱང་སྒྲིབ་པ་དང་བཅས་པས་འཆི་བ་དང་། གནས་པ་ལ་དབང་མེད་པར་འཆི་བའི་སྡུག་བསྔལ་དང་ལྡན་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་ནི་ཁམས་གསུམ་ན་ཡོད་དོ། །དེ་ལྟར་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་བསམས་ནས་འཁོར་བ་ལས་ཡིད་འབྱུང་བར་བྱའོ། །འདིར་འཁོར་པ་པོ་གང་ཡིན་པ་དེ་རྒྱུ་རྐྱེན་གང་གིས་འཁོར་བ། གནས་གང་དུ་འཁོར་བ། ཚུལ་ཇི་ལྟར་འཁོར་བ། དེ་ལྟར་འཁོར་བའི་སྡུག་བསྔལ་རྣམས་ཀྱི་ཁྱད་པར་ཕྱེད་དགོས་སོ། །གཉིས་པ་ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་ལ་གསུམ། ཉོན་མོངས་སྐྱེ་ཚུལ། ལས་གསོག་ཚུལ། འཆི་འཕོ་དང་ཉིང་འཚམས་སྦྱོར་ཚུལ་ལོ། །དང་པོ་ནི། འཁོར་བ་འགྲུབ་བྱེད་ལ་ལས་ཉོན་གཉིས་ཡོད་ཀྱང་ཉོན་མོངས་གཙོ་བོ་ཡིན་ཏེ། ཉོན་མོངས་མེད་ན་སྔར་བསགས་ཀྱི་ལས་མང་དུ་ཡོད་ཀྱང་རླན་དང་ས་སོགས་མེད་ན་ས་བོན་ལས་མྱུ་གུ་མི་འབྱུང་བ་ལྟར། ལྷན་ཅིག་བྱེད་རྐྱེན་ཉོན་མོངས་མེད་པའི་ལས་ཀྱིས་སྡུག་བསྔལ་གྱི་མྱུ་གུ་མི་འགྲུབ་ཅིང་། ཉོན་མོངས་ཡོད་ན་ནི་ལས་སྔར་བསགས་པ་མེད་ཀྱང་གསར་དུ་བསགས་པས་སྡུག་བསྔལ་གྱི་ཕུང་པོ་ཕྱི་མ་འགྲུབ་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཉོན་མོངས་ཤེས་ནས་དེའི་གཉེན་པོ་བསྟེན་པ་གལ་ཆེ་བས་འདི་ལ་བཞི། ཉོན་མོངས་ངོས་བཟུང་བ། སྐྱེ་པའི་རིམ་པ། ཉོན་མོངས་ཀྱི་རྒྱུ། ཉོན་མོངས་པའི་ཉེས་དམིགས་སོ། །དང་པོ་ནི། སེམས་རྒྱུད་མ་ཞི་བར་བྱེད་པ་དང་དེའི་རིགས་སུ་གནས་པ་སྟེ་སྤྱིིའི་མཚན་ཉིད་དོ། །སོ་སོའི་མཚན་ཉིད་ལ་ཉོན་མོངས་བཅུ་ལས་འདོད་ཆགས་ནི་ཕྱིའམ་ནང་གི་ཡུལ་ཡིད་དུ་འོང་བ་ལ་དམིགས་ན་རྗེས་སུ་ཆགས་པའི་སེམས་བྱུང་སྟེ། རས་ལ་སྣུམ་ཞུགས་པ་བཞིན་དུ་དམིགས་པ་ལ་ཞེན་ཅིང་བྲལ་དཀའ་བའོ། ཁོང་ཁྲོ་ནི་སེམས་ཅན་དང་སྡུག་བསྔལ་དང་མཚོན་དང་ཚེར་མ་སོགས་སྡུག་བསྔལ་བསྐྱེད་པའི་གནས་ལ་དམིགས་ནས་མནར་སེམས་བྱེད་པ་སྟེ་ཡུལ་དེ་ལ་ཞེ་སྡང་བའོ། །ང་རྒྱལ་ནི་འཇིག་ལྟ་ལ་བརྟེན་ཏེ་ཕྱི་ནང་གི་མཐོ་དམའ་དང་བཟང་ངན་ལ་དམིགས་ནས་སེམས་ཁེངས་པ་སྟེ་མཐོ་བའི་རྣམ་པ་ཅན་ནོ། །མ་རིག་པ་ནི་དཀོན་མཆོག་དང་བདེན་བཞི་དང་ལས་འབྲས་ལ་རྨོངས་པའི་ཉོན་མོངས་ཅན་ནོ། །ཐེ་ཚོམ་ནི། བདེན་བཞི་དང་དཀོན་མཆོག་དང་ལས་འབྲས་ལ་དམིགས་ནས་ཡོད་དམ་མེད་བདེན་ནམ་མི་བདེན་སྙམ་པའོ། །འཇིག་ལྟ་ནི། ཉེ་བར་ལེན་པའི་ཕུང་པོ་ལ་དམིགས་ནས་ང་དང་ངའི་ཞེས་བདག་དང་བདག་གིར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །མཐར་ལྟ་ནི་འཇིག་ལྟས་བཟུང་བའི་བདག་དེ་ལ་དམིགས་ནས་རྟག་པ་ཐེར་ཟུག་དང་འདི་ནས་ཕྱི་མར་ཉིང་འཚམས་སྦྱོར་བར་མེད་པའི་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །ལྟ་བ་མཆོག་འཛིན་ནི་འཇིག་ལྟ་ལོག་ལྟ་མཐར་ལྟ་གསུམ་གང་རུང་དང་དེ་དག་ལས་བྱུང་བའི་ཕུང་པོ་ལ་དམིགས་ནས་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི། ཚུལ་ཁྲིམས་ངན་དང་ལུས་ངག་གི་བརྟུལ་ཞུགས་དང་དེ་ལས་བྱུང་བའི་ཕུང་པོ་ལ་དམིགས་ནས་དག་གྲོལ་དུ་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །ལོག་ལྟ་ནི ཚེ་སྔ་ཕྱི་དང་ལས་འབྲས་སོགས་མེད་པར་ལྟ་བ་དང་དབང་ཕྱུག་དང་གཙོ་བོ་སོགས་རྒྱུར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ། །གཉིས་པ་སྐྱེ་བའི་རིམ་པ་ནི། མ་རིག་པའམ་འཇིག་ལྟ་ཉོན་མོངས་ཀྱི་རྩ་བ་སྟེ་དེ་ལ་བརྟེན་ནས་ཉོན་མོངས་གཞན་རྣམས་སྐྱེ་བར་འགྱུར་ཏེ། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་པས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་མ་རིག་པའམ་འཇིག་ལྟས་བདག་ཏུ་ཞེན་པ་ལ་བརྟེན་ནས། ཆགས་སྡང་སོགས་སྐྱེ་ཞིང་ལྟ་ངན་རྣམས་ཀྱང་འབྱུང་བར་གསུངས་སོ། །གསུམ་པ་ཉོན་མོངས་སྐྱེ་བའི་རྒྱུ་ནི་དྲུག་སྟེ། རྟེན་ནི་ཉོན་མོངས་པའི་བག་ལ་ཉལ། དམིགས་པ་ནི་ཉོན་མོངས་སྐྱེ་བར་འགྱུར་བའི་ཡུལ། འདུ་འཛི་ནི་གྲོགས་ངན་ལ་བརྟེན་པ། བཤད་པ་ནི་ལོག་ཆོས་ཉན་པ། གོམས་པ་ནི་སྔོན་ཉོན་མོངས་པ་ལ་འདྲིས་པའི་རྐྱེན། ཡིད་བྱེད་ནི་སྡུག་མི་སྡུག་དང་རྟག་མི་རྟག་སོགས་སུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །བཞི་པ་ཉེས་དམིགས་ནི་ཉོན་མོངས་པས་ཚེ་འདི་དང་ཕྱི་མ་ལ་གནོད་པའི་རྒྱུ་ཐམས་ཅད་བྱེད་དེ། མདོ་སྡེའི་རྒྱན་ལས། ཉོན་མོངས་རྣམས་ཀྱིས་བདག་འཛོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཞེས་སོགས་གསུངས་ཤིང་ཁུངས་གཞན་ཡང་མང་དུ་འབྱུང་ངོ་། །གཉིས་པ་ལས་གསོག་ཚུལ་ལ་གཉིས། བསག་བྱའི་ལས་ངོས་བཟུང་བ་དང་། དེས་ཇི་ལྟར་གསོག་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ་སེམས་པའི་ལས་དང་། བསམ་པའི་ལས་སོ། །དང་པོ་ནི། རང་དང་མཚུངས་ལྡན་གྱི་སེམས་ཡུལ་རྣམས་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་བྱུང་ཡིད་ཀྱི་ལས་སོ། །གཉིས་པ་ནི། དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ཏེ། མཛོད་ལས། ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་པ་ལྟར་རོ། །བྱེ་བྲག་སྨྲ་བས་ལས་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་སུ་བྱས་ནས་གཉིས་ཀ་གཟུགས་ཅན་དུ་འདོད་ཅིང་། སློབ་དཔོན་དབྱིག་གཉེན་གྱིས་དེ་བཀག་ནས་ལུག་ངག་གི་རིག་བྱེད་དང་མཉམ་དུ་འཇུག་པའི་སེམས་པ་ལ་བཞེད་དོ། །སྤྱིིར་ལས་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་ལ། འདིར་དགེ་བའི་ལས་ལ་ཟག་བཅས་ཟག་མེད་གཉིས་དང་ཡང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ་ཏེ། །དང་པོ་ནི། འདོད་པའི་སས་བསྡུས་པའི་དགེ་བའི་ལས་དང་། གཉིས་པ་ནི། མི་དགེ་བ་དང་། གསུམ་པ་ནི། ཁམས་གོང་མའི་སས་བསྡུས་པའི་དགེ་བ་ཟག་བཅས་ཀྱི་ལས་སོ། །ཟག་མེད་ཀྱི་ལས་ནི་ཁམས་གསུམ་གྱིས་མ་བསྡུས་པའི་འཕགས་རྒྱུད་ཀྱི་ལས་ཞིག་གོ །གཉིས་པ་ལས་གསོག་ཚུལ་ནི། སྦྱིར་སྐྱེ་འཕགས་གཉིས་ཀས་ཟག་བཅས་ཀྱི་དགེ་བའི་ལས་གསོག་པ་ཡོད་ལ། མི་དགེ་བའི་ལས་ནི་སོ་སྐྱེ་དང་རྒྱུན་ཞུགས་དང་ཕྱིར་འོང་གིས་གསོག་པ་ཡོད་ཀྱང་བདེ་འགྲོ་དང་ངན་འགྲོར་འཕེན་བྱེད་ཀྱི་ལས་ནི་འཕགས་པས་མི་གསོག་གོ །དེ་ཡང་ཇི་སྲིད་དུ་གང་ཟག་གི་བདག་ཏུ་འཛིན་པའི་དབང་དུ་འགྲོ་བ་དེ་སྲིད་དུ་འཁོར་བར་འཕེན་བྱེད་ཀྱི་ལས་གསོག་ལ། བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་ཁ་ཅིག་འཁོར་བར་སྐྱེ་བ་སྲིད་ཀྱང་འཕེན་བྱེད་ཀྱི་ལས་གསར་དུ་མི་གསོག་གོ །དེས་ན་འཕེན་བྱེད་ཀྱི་ལས་གསོག་པ་ཐམས་ཅད་ནི་སོ་སྐྱེའོ། །སོ་སྐྱེའི་རྒྱུད་ཀྱི་སྦྱིན་སོགས་ཀྱི་དགེ་བ་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་དང་བདག་མེད་རྟོགས་པའི་ཤེས་རབ་དང་བསྔོ་བ་ཁྱད་པར་ཅན་གྱིས་ཟིན་ན་མ་གཏོགས་མ་ཟིན་པའི་དགེ་མི་དགེའི་ལས་ཐམས་ཅད་ཀྱང་འཁོར་བའི་རྒྱུར་འགྱུར་བར་གསུངས་ཏེ་ཤེས་དགོས་སོ། །གསུམ་པ་འཆི་འཕོ་བ་དང་ཉིང་འཚམས་སྦྱོར་བ་ལ་ལྔ། འཆི་བའི་རྐྱེན། འཆི་བའི་སེམས། དྲོད་སྡུད་ཚུལ། བར་དོ་འགྲུབ་ལུགས། སྐྱེ་སྲིད་དུ་སྐྱེ་བ་ལེན་ཚུལ་ལོ། །དང་པོ་ལ་ཚེ་ཟད་ནས་འཆི་བ་དང་། བསོད་ནམས་ཟད་ནས་འཆི་བ་དང་། ཡ་ང་བ་མ་སྤངས་པར་འཆི་བ་གསུམ་དང་། དུས་ཀྱིས་འཆི་བ་དང་། དུས་མིན་དུ་འཆི་བ་གཉིས་དང་། དུས་མིན་དུ་འཆི་བ་ལ་ནི་རྣམ་གྲངས་ཤིན་ཏུ་མང་པོ་ཞིག་ཡོད་དོ། །གཉིས་པ་འཆི་སེམས་ལ་གསུམ་ལས། དགེ་སེམས་དང་བཅས་ནས་འཆི་བ་དང་། སྡིག་སེམས་དང་ལྡན་པས་འཆི་བ་དང་། ལུང་མ་བསྟན་གྱི་སེམས་ཀྱིས་འཆི་བའོ། །འོན་ཀྱང་ཕྱི་དབུགས་ཆད་པ་ན་ལུང་མ་བསྟན་གྱི་སེམས་སུ་འགྱུར་གྱི་དགེ་སྡིག་གཉིས་མི་དྲན་ནོ། །གསུམ་པ་དྲོད་བ སྡུ་ཚུལ་ནི་དགེ་བ་བྱེད་པ་རྣམས་ནི་དྲོད་སྨད་ནས་སྡུད་ཅིང་མི་དགེ་བ་བྱད་ཆེ་བ་རྣམས་ཀྱི་དྲོད་སྟོད་ནས་སྡུད་དོ། །གང་ལྟར་ནའང་མཐར་སྙིང་གར་བསྡུད་ཅིང་དེ་ནས་རྣམ་ཤེས་འཕོ་བར་འགྱུར་རོ། །བཞི་པ་བར་དོ་འགྲུབ་ལུགས་ནི་རྣམ་ཤེས་སྙིང་ག་ནས་སྤྱི་གཙུག་དང་སྨིན་འཚམས་མིག་རྣ་བ་སྣ་ཁ་ལྟེ་བ་ཆུ་ལམ་བཤང་ལམ་སྟེ་སྒོ་དགུ་པོ་གང་རུང་ནས་ཕྱིར་འཐོན་པ་དང་བར་དོ་འགྲུབ་པར་འགྱུར་རོ། །བར་དོའི་བཤད་པ་མང་བས་གཞན་རྣམས་ནི་བཞག་ཅིང་སྐྱེ་བའི་རྐྱེན་རྙེད་ན་ནི་བདུན་ཕྲག་དང་པོ་ལ་སྐྱེ་སྲིད་དུ་འགྲོ་ལ། མ་རྙེད་ན་བདུན་ཕྲག་བདུན་ཚུན་ཆད་དུ་བར་དོར་གནས་སྲིད་ཀྱི། དེ་ཕན་ཆད་དུ་མི་གནས་ཏེ་སྐྱེ་བའི་རྐྱེན་ངེས་པར་རྙེད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ལོར་སོང་ཡང་ཚེ་འདས་ཀྱི་བྱད་གཟུགས་ཁ་ཅིག་ལ་སྣང་བ་ནི་མི་མ་ཡིན་གྱི་འཕྲུལ་ལོ། །ལྔ་པ་སྐྱེ་སྲིད་དུ་འགྲོ་ཚུལ་ནི། མངལ་དུ་སྐྱེ་ན་རང་དང་རིགས་མཐུན་པའི་སེམས་ཅན་མཐོང་ནས་རྩེ་བ་སོགས་བྱ་འདོད་ནས་སོང་བ་ན་སྐྱེ་གནས་སུ་འགྲོ་སྟེ། དེའི་ཚེ་ཕ་མ་གཉིས་ཉལ་པོ་བྱེད་པ་སྒྱུ་མ་བཞིན་དུ་མཐོང་བ་ན་ཆགས་སྡང་སྐྱེས་ནས་ཉིང་འཚམས་སྦྱོར་བར་འགྱུར་ཏེ་རྒྱས་པར་ནི་མངལ་དུ་འཇུག་པའི་མདོ་ན་གསལ་དེར་ཤེས་པར་བྱའོ། །དྲོད་གཤེར་ལས་སྐྱེ་ན་དྲི་འདོད་པ་དང་། བརྫུས་ཏེ་སྐྱེ་ན་གནས་འདོད་ཅིང་། ཚ་དམྱལ་དུ་སྐྱེ་ན་དྲོ་བ་དང་། གྲང་དམྱལ་དུ་སྐྱེ་ན་བསིལ་བ་འདོད་ནས་དེར་སྐྱེ་ཞིང་། སྒོ་ང་ལས་སྐྱེ་བ་ནི་མངལ་སྐྱེས་དང་འདྲ་བར་བཤད་དོ། །གཉིས་པ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་བསམ་པ་ལ་བཞི། ཡན་ལག་གི་དབྱེ་བ། དེའི་བསྡུ་བ། ཚེ་དུ་ལ་རྫོགས་པ། དོན་བསྡུ་བའོ། །དང་པོ་ལ་བཅུ་གཉིས་ལས་དང་པོ་ནི་མ་རིག་པ་སྟེ་དེ་ལ་ལས་འབྲས་ལ་རྨོངས་པ་དང་ཡང་དག་པའི་དོན་ལ་རྨོངས་པ་གཉིས་ལས་འདིར་ཕྱི་མའོ། །ལས་འབྲས་ལ་རྨོངས་པས་ནི་ངན་འགྲོར་འགྲོ་བའི་ལས་གསོག་ལ། དེ་ཁོ་ན་ཉིད་ལ་རྨོངས་པས་ནི་འགྲོ་བ་གཉ ིས་ཀར་འགྲོ་བའི་ལས་གསོག་གོ །འདུ་བྱེད་ནི་ལས་ཡིན་ལ་དེ་ལ་ནི་འགྲོ་བ་གཉིས་སུ་འཕེན་བྱེད་ཀྱི་ལས་གཉིས་སོ། །བདེ་འགྲོར་འཕེན་བྱེད་ལ་འདོད་པ་དང་ཁམས་གོང་མར་འཕེན་བྱེད་གཉིས་སོ། །རྣམ་པར་ཤེས་པ་ལ་སྤྱིར་དྲུག་ཡོད་ཀྱང་འདིར་ཡིད་ཀྱི་རྣམ་ཤེས་སོ། །དེ་ཡང་ལས་གཉིས་ཀྱི་བག་ཆགས་བསྒོ་བའི་གཞི་ནི་རྒྱུ་དུས་ཀྱི་རྣམ་ཤེས་ཡིན་ལ། བསྒོས་ནས་ཕྱི་མར་ཉིང་འཚམས་སྦྱར་བའི་རྣམ་ཤེས་ནི་འབྲས་དུས་ཀྱི་རྣམ་ཤེས་ཏེ་དེ་གཉིས་བསྡོམས་པ་ལ་རྣམ་པར་ཤེས་པ་ཞེས་བྱའོ། །དེའི་ཚེ་མི་དགེ་བའི་ལས་ཀྱི་བག་ཆགས་བསྒོ་ཆེ་ན་ངན་འགྲོ་དང་དགེ་བའི་ལས་ཀྱི་བག་ཆགས་བསྒོས་ན་བདེ་འགྲོར་སྐྱེ་བར་འགྱུར་ལ། མི་གཡོ་བའི་ལས་ཀྱི་བག་ཆགས་བསྒོས་ན་ནི་ཁམས་གོང་མར་སྐྱེའོ། །མིང་གཟུགས་ལ་མིང་ནི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་དེ་བཞི་ལ་མིང་གི་ཐ་སྙད་མཛད་ཅིང་། གཟུགས་ནི་དེའི་སྐབས་ཀྱི་མེར་མེར་པོ་ལ་སོགས་པའོ། །སྐྱེ་མཆེད་དྲུག་ནི་མིང་གཟུགས་དེ་རིམ་གྱིས་འཕེལ་ནས་མིག་རྣ་བ་སོགས་ཀྱི་སྐྱེ་མཆེད་རྣམས་འགྲུབ་སྟེ། ལུས་དང་ཡིད་ཀྱི་སྐྱེ་མཆེད་ནི་མེར་མེར་པོའི་དུས་སུ་ཡོད་དོ། །བརྫུས་ཏེ་སྐྱེ་ན་ནི་དབང་པོ་རྣམས་ཅིག་ཅར་འགྲུབ་པས་དེ་ལྟ་བུའི་རིམ་པ་མེད་ལ། སྒོང་སྐྱེས་དང་དྲོད་སྐྱེས་ལ་ནི་ཕལ་ཆེར་མངལ་སྐྱེས་དང་འདྲའོ། །རེག་པ་ནི་ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་འདུས་ནས་ཡུལ་གསུམ་ཡོངས་སུ་གཅོད་པའོ། །ཚོར་བ་ནི་རེག་པས་གཅད་པ་ལྟར་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཅི་རིགས་མྱོང་བའོ། །སྲེད་པ་ནི་ཚོར་བ་བདེ་བ་ལ་མི་འབྲལ་བ་དང་སྡུག་བསྔལ་ལ་འབྲལ་བར་ཞེན་པའོ། །ལེན་པ་ལ་བཞི་སྟེ་འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཞུགས་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །སྲིད་པ་ནི་སྔར་གྱི་འདུ་བྱེད་ཀྱི་ལས་རྣམ་ཤེས་ལ་བསྒོས་ནས་སྲེད་ལེན་གཉིས་ཀྱིས་གསོས་བཏབ་ཏེ་ཡང་སྲིད་ཕྱི་མ་འདྲེན་པ་ལ་མཐུ་ཅན་དུ་གྱུར་པའི་ལས་སྟེ། སྲིད་པ་ཞེས་པ་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ། །སྐྱེ་བ་ནི་སྐྱེ་གནས་བཞིར་དང་པོར་ཉིང་འཚམས་སྦྱར་བའོ། །རྒ་ཤིའི་རྒ་བ་ནི་ཕུང་པོ་སྨིན་ཅིང་གཞན་དུ་འགྱུར་བ་ཡིན་ལ། །ཤི་བ་ནི་ཕུང་པོའི་རིས་མཐུན་དོར་བ་སྟེ་དེ་གཉིས་གཅིག་ཏུ་བསྡུས་ནས་རྒ་ཤི་ཞེས་བྱའོ། །གཉིས་པ་བསྡུ་བ་ནི། འཕེན་པའི་ཡན་ལག་དང་འཕངས་པའི་ཡན་ལག་དང་འགྲུབ་པའི་ཡན་ལག་དང་གྲུབ་པའི་ཡན་ལག་གོ །དང་པོ་ནི། མ་རིག་པ་དང་འདུ་བྱེད་དང་རྣམ་ཤེས་གསུམ་མོ། །གཉིས་པ་ནི་མིང་གཟུགས་སྐྱེ་མཆེད་རེག་ཚོར་ཏེ་བཞིའོ། །གསུམ་པ་ནི་སྲིད་ལེན་སྲིད་པ་གསུམ་མོ། །བཞི་པ་ནི་སྐྱེ་བ་དང་རྒ་ཤི་གཉིས་སོ། །བཞི་ལས་གང་འཕངས་ན་འབྲས་དུས་ཀྱི་རྣམ་ཤེས་ནས་ཚོར་བའི་བར་ཕྱེད་དང་ལྔའོ། །གང་གིས་འཕངས་ན་མ་རིག་པ་ལ་བརྟེན་པའི་འདུ་བྱེད་ཀྱིས་སོ། །ཇི་ལྟར་འཕངས་ན་རྒྱུ་དུས་ཀྱི་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པའི་ཚུལ་གྱིས་སོ། །འཕངས་པའི་དོན་ནི་འགྲུབ་བྱེད་ཀྱིས་འབྲས་བུ་དེ་དག་འགྲུབ་རུང་དུ་བྱས་པའོ། །འགྲུབ་བྱེད་དང་གྲུབ་པ་ལ་གསུམ་སྟེ། གང་གིས་འགྲུབ་པར་བྱེད་ན་སྲེད་པའི་རྐྱེན་ཅན་གྱིས་ལེན་པའོ། །གང་འགྲུབ་པར་བྱེད་ན་སྐྱེ་བ་དང་རྒ་ཤིའོ། །ཇི་ལྟར་འགྲུབ་པར་བྱེད་ན་འདུ་བྱེད་ཀྱིས་རྣམ་ཤེས་ལ་བསྒོས་པའི་ལས་ཀྱི་བག་ཆགས་དེ་ནུས་པ་མཐུ་ཅན་དུ་བྱས་པའི་ཚུལ་གྱིས་སོ། །དེ་ལྟར་ན་འདིར་འགྱུར་དེ་མ་རིག་པའི་དབང་གིས་ལས་བསགས་ཏེ་ལས་ཀྱི་བག་ཆགས་རྣམ་ཤེས་ལ་བསྒོས་ནས་བདེ་འགྲོ་དང་ངན་འགྲོ་གང་འགྲུབ་རུང་དུ་བྱས་པ་དེ། སྲེད་ལེན་གཉིས་ཀྱིས་གསོས་བཏབ་ནས་ནུས་པ་མཐུ་ཅན་དུ་གྱུར་ཏེ་ཉིང་འཚམས་སྦྱར་ནས་སྐྱེ་སོགས་འགྲུབ་པར་འགྱུར་བའོ། །འོན་ཀྱང་མདོ་ལས་གོ་རིམ་འདི་དང་མི་འདྲ་བར་བཤད་པ་ནི་རྟེན་འབྲེལ་ཚར་གཞན་གྱི་དབང་དུ་མཛད་པའོ། །གསུམ་པ་ཚེ་དུས་རྫོགས་ཚུལ་ནི། ཚེ་གཉིས་དང་གསུམ་ལའང་རྫོགས་པ་ཡོད་ཅིང་འཕེན་བྱེད་དང་འཕངས་པའི་འབྲས་བུའི་བར་དུ་བསྐལ་པ་བགྲང་བ་ལས་འདས་པས་ཆོད་པའང་སྲིད་དོ། །མྱུར་ན་མ་རིག་པ་དང་འདུ་བྱེད་དང་རྒྱུ་དུས་ཀྱི་རྣམ་ཤེས་ཏེ་ཕྱེད་དང་གསུམ་དང་སྲེད་ལེན་སྲིད་པ་གསུམ་ཚེ་དེ་ལ་རྫོགས་ལ། དེའི་ལྷག་མ་རྣམས་ཚེ་གཉིས་པ་ལ་རྫོགས་པར་འགྱུར་རོ། །ཡུན་རིང་ཡང་ཚེ་གསུམ་པ་ལས་མི་འགྱང་སྟེ་འགྲུབ་བྱེད་དང་གྲུབ་པ་གཉིས་དང་འཕེན་བྱེད་གསུམ་ལ་ཚེ་རིང་དགོས་པས་ཚེ་གསུམ་སྟེ། འཕངས་པའི་ཡན་ལག་རྣམས་གྲུབ་པའི་ཡན་ལག་ཏུ་འདུས་བའི་ཕྱིར་དང་། འཕེན་འགྲུབ་ཀྱི་བར་དུ་བསྐལ་པ་དུ་མས་ཆོད་པ་ནི་རྟེན་འབྲེལ་གཞན་གྱི་ཚེ་ཡིན་གྱི། རྟེན་འབྲེལ་ཚར་གཅིག་གི་དབང་དུ་བྱས་པ་དེའི་ཚེ་མ་ཡིན་པའི་ཕྱིར་རོ། །བཞི་པ་དོན་བསྡུ་བ་ནི། སྔར་བཤད་པ་ལྟར་ཀུན་འབྱུང་ལས་ཉོན་གྱི་དབང་གིས་འཁོར་བ་འགྲུབ་ཚུལ་དང་། ཁྱད་པར་དུ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁོར་ཚུལ་ལེགས་པར་ཤེས་ཏེ་གོམས་པར་བྱེད་པ་ནི་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་འབྱུང་བར་ལྟ་བའི་ལོག་ལྟ་ཐམས་ཅད་སེལ་ཞིང་། རྒྱལ་བའི་གསུང་གི་གཅེས་མཛོད་ཀྱི་དོན་རིག་ནས་འཁོར་བ་ལ་སྐྱོ་ཤེས་བསྐྱེད་པ་དང་། གོམས་པར་བྱས་ན་འཕགས་པའི་གོ་འཕང་ཐོབ་པར་བྱེད་པའི་ཐབས་དམ་པའོ། །གཉིས་པ་ངེས་འབྱུང་གི་བསམ་པ་དེ་སྐྱེས་པའི་ཚད་ནི། དེ་ལྟར་སྡུག་ཀུན་གཉིས་དང་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བའི་མཚན་ཉིད་ཞིབ་ཏུ་ཤེས་ཏེ། འཁོར་བ་ལས་ཐར་འདོད་དང་ཞི་བ་ལ་ཐོབ་བློ་སྐྱེས་ཙམ་ནས་ངེས་འབྱུང་ཁྱད་པར་ཅན་སྐྱེས་པར་འཇོག་གོ སྐྱེས་པ་ཙམ་གྱིས་མི་ཆོག་གི་ཡིད་ལ་རིང་དུ་གོམས་པར་བྱས་ཏེ་བཙོན་ར་ནས་ཐར་བར་འདོད་པ་ལྟ་བུའི་འཁོར་བ་ལས་ཐར་འདོད་ཀྱི་བློ་བསྐྱེད་དེ་གོམས་པ་བརྟན་པར་བྱ་དགོས་སོ། །གསུམ་པ་དེ་ལ་ལོག་རྟོག་སེལ་ཚུལ་ནི། ཁ་ཅིག་འདི་སྙམ་དུ་འཁོར་བ་ལ་སྐྱོ་ཤས་དྲག་པོ་བསྐྱེད་པ་ནི་ཉན་རང་ལ་མཛེས་ཀྱི། བྱང་ཆུབ་སེམས་དཔའ་ནི་འཁོར་བར་སྐྱེ་བ་ལེན་དགོས་པས་དེ་ལ་སྐྱོ་བ་བསྐྱེད་མི་དགོས་སོ་སྙམ་ན། དེ་ནི་མི་འཐད་དེ། བྱང་ཆུབ་སེམས་དཔའ་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འཁོར་བའི་གནས་སུ་སྐྱེ་བ་འཛིན་དགོས་ཀྱང་། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པ་ངེས་པར་འགོག་དགོས་པའི་ཕྱིར་ཏེ། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་དགོས་པ་བྱུང་ན་གཞན་དོན་ཁྱད་པར་ཅན་ལྟ་ཅི། རང་དོན་ཡང་ལེགས་པར་མི་ནུབ་པའི་ཕྱིར་རོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་འཁོར་བར་སྐྱེ་བ་ལེན་པ་ལ་སྐྱོན་དུ་བལྟས་ནས་འགོག་པ་ཡིན་ནོ། །འཁོར་བ་ལ་ཡོན་ཏན་དུ་བལྟས་ན་ནི་འཁོར་བ་དོན་དུ་གཉེར་བར་འགྱུར་དགོས་ན་དེ་ནི་ཤིན་ཏུ་མི་རིགས་ཏེ། དེ་ལྟར་ན་ཐར་བ་དོན་དུ་གཉེར་བ་ནི་འཁོར་བ་དོན་དུ་གཉེར་བའོ་ཞེས་འདོད་དགོས་ན་དེ་ནི་ཕྱིན་ཅི་ལོག་ཏུ་སྨྲ་བར་འགྱུར་བའི་ཕྱིར་རོ། །བཞི་པ་ཐར་བར་བགྲོད་པའི་ལམ་གྱི་རང་བཞིན་བཤད་པ་ལ་གཉིས། རྟེན་ཇི་ལྟ་བུས་འཁོར་བ་བཟློག་པ་དང་། ལམ་ཇི་ལྟ་བུས་བཟློག་པའོ། །དང་པོ་ནི། གོང་དུ་བརྗོད་པ་ལྟར་དལ་འབྱོར་ཚང་བའི་རྟེན་ཐོབ་པའི་དུས་སུ་བཟློག་པར་བྱ་དགོས་སོ། །དེ་ཡང་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་གཉིས་ལས་རབ་བྱུང་གི་རྟེན་ནི་མཆོག་ཏུ་གྱུར་པའོ། །གཉིས་པ་ནི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་སྟེ། དེའི་གྲངས་ངེས་ལ་གསུམ་ལས། སེམས་འདུལ་བ་ལ་སེམས་གཡེང་བར་མི་བྱེད་པ་ནི་ཚུལ་ཁྲིམས་དང་། སེམས་མཉམ་པར་འཇོག་པ་ནི་ཏིང་ངེ་འཛིན་དང་། སེམས་རྣམ་པར་གྲོལ་བར་བྱེད་པ་ནི་ཤེས་རབ་ཀྱི་བསླབ་པའོ། །འབྲས་བུ་ལ་ཚུལ་ཁྲིམས་ཀྱི་འབྲས་བུ་ནི་བདེ་འགྲོ་ཡིན་ལ། ཏིང་ངེ་འཛིན་གྱི་འབྲས་བུ་ནི་ཁམས་གོང་མ་གཉིས་སུ་སྐྱེ་བ་དང་། ཤེས་རབ་ཀྱི་བསླབ་པའི་འབྲས་བུ་ནི་ཐར་བའོ། །སྤང་བྱ་ལ་བལྟོས་ནས་རིམ་པ་ལྟར་ཉོན་མོངས་སུན་འབྱིན་པ་དང་མགོ་གནོད་པ་དང་རྩད་ནས་གཅོད་པའོ། །གོ་རིམ་ནི་ཚུམ་ཁྲིམས་ལ་བརྟེན་ནས་སེམས་མཉམ་པར་འཇོག་པ་དང་། དེ་ལ་བརྟེན་ནས་སེམས་ཀྱིས་ཡང་དག་པའི་དོན་མཐོང་བ་གསུམ་མོ། །བསླབ་གསུམ་གྱི་རང་བཞིན་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཡན་ལག་དྲུག་སྟེ། ཚུམ་ཁྲིམས་དང་ལྡན་པ་དང་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང་ཆོ་ག་དང་སྤྱོད་ཡུལ་ཕུན་ཚོགས་དང་ལྡན་པ་གཉིས་དང་ཁ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བ་དང་བསླབ་བའི་གཞི་ཡང་དག་པར་བླངས་པའོ། །ཏིང་ངེ་འཛིན་ལ་ནི་སེམས་ཀྱི་གནས་བསམ་གཏན་བཞི་ལ་གནས་པར་བྱེད་པ་དང་། ཤེས་རབ་ཀྱི་བསླབ་པ་ལ་ནི་མི་རྟག་ལ་སོགས་བཅུ་དྲུག་ཤེས་ནས་གོམས་པར་བྱེད་དགོས་པའོ། །བཅུ་དྲུག་ནི་སྡུག་བསྔལ་བདེན་པ་ལ་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་པའི་རྣམ་པ་བཞི་དང་། ཀུན་འབྱུང་བདེན་པ་ལ་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་གྱི་རྣམ་པ་བཞི་དང་། འགོག་བདེན་ལ་འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་གི་རྣམ་པ་བཞི་དང་། ལམ་བདེན་ལ་ལམ་སྒྲུབ་པ་རིག་པ་ངེས་འབྱིན་གྱི་རྣམ་པ་བཞི་སྟེ་བཅུ་དྲུག་གོ །དེ་རྣམས་ལེགས་པར་ཤེས་པའི་ཤེས་རབ་ནི་ཤེས་རབ་ཀྱི་བསླབ་པའོ། །དེ་ཡང་ཐོག་མར་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གོམས་པར་བྱས་པས་ཏིང་ངེ་འཛིན་གྱི་བསླབ་པ་ལ་སློབ་ཅིང་དེ་ནས་ཤེས་རབ་ཀྱི་བསླབ་པ་ལ་འཇུག་དགོས་ཏེ་འཆད་པར་འགྱུར་རོ། །དེ་དག་ནི་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་སྐོར་རོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་ལ་གསུམ་ཐེག་ཆེན་ལམ་གྱི་འཇུག་སྒོ་ཐེག་ཆེན་སེམས་བསྐྱེད་དུ་བསྟན་པ་དང་། སེམས་དེ་ཇི་ལྟར་བསྐྱེད་པ་དང་། སྤྱོད་པ་ལ་སློབ་པའི་ཚུལ་ལོ། །དང་པོ་ནི། རྒྱལ་བས་ཐེག་ཆེན་ལ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཉིས་བཤད་ཅིང་དེ་གཉིས་གང་དུ་འཇུག་ཀྱང་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ། དེ་རྒྱུད་ལ་སྐྱེས་པ་ན་ཡོན་ཏན་གཞན་གང་ཡང་མ་སྐྱེས་ཀྱང་ཐེག་ཆེན་པར་འཇོག་པ་ཡིན་ལ། དེ་དང་བྲལ་བའམ་དེ་གཏན་མ་སྐྱེས་ན་ནི་ཡོན་ཏན་གཞན་ཅི་ཡོད་ཀྱང་ཐེག་ཆེན་པར་འཇོག་མི་ནུས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་རྒྱུད་ལ་ནམ་སྐྱེས་བ་ན་རྒྱལ་བའི་སྲས་ཞེས་བརྗོད་པ་ཐོབ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། འཁོར་བའི་བཙོན་རར་བསྡོམས་པའི་ཉམ་ཐག་རྣམས། །བདེར་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །ཞེས་དང་། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ལམ་དངོས་ལ་ཞུགས་པའི་དབང་དུ་མཛད་ཀྱི། ཐེག་པ་ཆེན་པོ་གཉིས་ཀྱི་རིགས་ཅན་དུ་འགྱུར་བ་ནི་ལམ་དུ་ཞུགས་མ་ཞུགས་པ་ནའང་ཡོད་དོ། །དེ་ལ་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་ཐེག་པ་གསུམ་གྱི་བྱང་ཆུབ་ཀྱི་ཐུན་མོང་བའི་རྒྱུ་ཡིན་ལ། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ཏེ། དཔེར་ན་ཆུ་ལུད་དྲོད་གཤེར་ནི་འབྲས་བུ་ནས་ཀྱི་རྒྱུ་ཐུན་མོང་བ་དང་། ནས་ཀྱི་ས་བོན་ནི་དེའི་རྒྱུ་ཐུན་མོང་མ་ཡིན་པ་ལྟ་བུ་དང་། མ་ནི་བུའི་རྒྱུ་ཐུན་མོང་བ་དང་ཕ་ནི་བུའི་རིགས་ངེས་པའི་རྒྱུ་ཐུན་མོང་མ་ཡིན་པ་བཞིན་ནོ། །སྟོང་ཉིད་རྟོགས་པའི་ཤེས་རབ་ཐེག་པ་གསུམ་གྱི་བྱང་ཆུབ་ཀྱི་ཐུན་མོང་བའི་རྒྱུར་འགྱུར་ཚུལ་ནི། དེ་རིགས་ཅན་གསུམ་གང་གི་བསམ་པས་ཟིན་ན་ནི་དེ་དང་དེའི་བྱང་ཆུབ་ཐོབ་པའི་རྒྱུར་འགྱུར་ཞིང་། ཐེག་ཆེན་སེམས་བསྐྱེད་ནི་ཉན་རང་གི་རིགས་ཅན་ལ་མེད་པས་ཐེག་ཆེན་གྱི་ཁྱད་ཆོས་སུ་གྱུར་པ་ཡིན་ནོ། །གཉིས་པ་སེམས་དེ་བསྐྱེད་པའི་ཚུལ་ལ་བཞི་ལས། རྒྱུ་གང་ལ་བརྟེན་ནས་སྐྱེ་བ་དང་། སེམས་སྦྱོང་བའི་རིམ་པ་དང་། དེ་སྐྱེས་པའི་ཚད་དང་། ཆོ་གས་བཟུང་བའི་ཚུལ་ལོ། །དང་པོ་ལ་གསུམ། རྐྱེན་བཞི་དང་། རྒྱུ་བཞི་དང་། སྟོབས་བཞི་ལ་བརྟེན་ནས་སྐྱེ་བའོ། །དང་པོ་རྐྱེན་བཞི་ནི། སངས་རྒྱས་བྱང་སེམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་མཐོང་བ་དང་ཐོས་པའི་རྐྱེན་གྱིས་བསྐྱེད་པ་དང་། ཐེག་ཆེན་གྱི་སྡེ་སྣོད་ཉན་ནས་མོས་ཏེ་བསྐྱེད་པ་དང་། སྙིགས་དུས་སུ་བསྟན་པ་ནུབ་ཏུ་ཉེ་བ་ན་བདག་གིས་ནི་ཕན་ཡོན་ཆེ་བའི་སེམས་དེ་བསྐྱེད་པར་བྱ་སྙམ་པ་དང་། དུས་དེ་ལྟ་བུར་སེམས་དེ་བསྐྱེད་པ་རྙེད་དཀའོ་སྙམ་སྟེ་བསྐྱེད་པའོ། །གཉིས་པ་རྒྱུ་བཞིན་ནི། རིགས་ཕུན་སུམ་ཚོགས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཟིན་པ་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་། འཁོར་བའི་དཀའ་སྤྱད་ལ་མི་སྐྱོ་བ་བཞི་སྟེ་དེ་ལ་བརྟེན་ནས་སྐྱེ་བའོ། །སྟོབས་བཞི་ནི་རང་དབང་གིས་སངས་རྒྱས་འདོད་པ་རང་གི་སྟོབས་དང་། གཞན་གྱི་དབང་གིས་དེ་འདོད་པ་གཞན་སྟོབས་དང་། སྔོན་གོམས་པའི་དབང་གིས་ད་ལྟ་སངས་རྒྱས་བྱང་སེམས་ཀྱི་བསྔགས་པ་ཐོག་པ་ཙམ་གྱིས་སྐྱེ་བ་རྒྱུའི་སྟོབས་དང་། ཆོས་ཉན་པ་ལ་སོགས་པའི་དགེ་བ་ལ་རིང་དུ་གོམས་པའི་སྟོབས་བཞི་ལ་བརྟེན་ནས་སྐྱེ་བའོ། །འོན་ཀྱང་སངས་རྒྱས་ཐོབ་འདོད་དང་བྱམས་སྙིང་རྗེ་གཉིས་ནི་སྐྱེ་བའི་རྒྱུའི་གཙོ་བོ་ཡིན་ནོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་དྲན་ནས་བསྐྱེད་དགོས་ཤིང་། ཕན་ཡོན་ནི་སྡོང་པོ་བཀོད་པའི་མདོ་ལས་རྒྱ་ཆེར་བཤད་ཅིང་། དཔལ་བྱིན་གྱིས་ཞུས་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོགས་གསུངས་པ་ལྟ་བུ་སྟེ་གཞན་ཡང་ཁུངས་མང་ངོ་། གཉིས་པ་སེམས་དེ་སྦྱང་བའི་རིམ་པ་ལ་ཇོ་བོ་ནས་བརྒྱུད་པ་དང་ཞི་བ་ལྷ་ནས་བརྒྱུད་པ་གཉིས་ལས། དང་པོའི་ལུགས་ནི་རྒྱུ་འབྲས་བདུན་སྟེ་རྫོགས་པའི་སངས་རྒྱས་སེམས་བསྐྱེད་ལས་བྱུང་། འབྲས་བུ་དེ་རྒྱུ་ལྷག་བསམ་ལས་དང་དེ་སྙིང་རྗེ་དང་དེ་བྱམས་པ་དང་དེ་དྲིན་གཟོ་བ་དང་དེ་དྲིན་དྲན་པ་དང་དེ་མར་དྲན་པ་ལས་འབྱུང་སྟེ་རྒྱུ་འབྲས་བདུན་ནོ། །འདི་ལ་གཉིས། རིམ་པ་ལ་ངེས་པ་བསྐྱེད་པ་དང་། རིམ་ཅན་དུ་སྦྱང་བ་དངོས་སོ། །དང་པོ་ལ་གཉིས། ཐེག་ཆེན་ལམ་གྱི་རྩ་བ་སྙིང་རྗེར་བསྟན་པ་དང་། རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་འབྲས་སུ་འགྱུར་ཚུལ་ལོ། །དང་པོ་ལ་སྙིང་རྗེ་ཆེན་པོ་ནི་ཐོག་ཐ་བར་གསུམ་དུ་གལ་ཆེ་སྟེ། ཐོག་མར་སེམས་ཅན་རྗེས་སུ་འཛིན་པར་འདོད་ཅིང་དེའི་ཁུར་འཁྱེར་བ་ལ་ནི་སྙིང་རྗེ་ངེས་པར་དགོས་པའི་ཕྱིར་ཏེ། སྙིང་རྗེ་ཡོད་ན་བྱང་ཆུབ་ཀྱི་སེམས་སྐྱེ་ཞིང་གཞན་རྗེས་སུ་འཛིན་པའི་ཁུར་འཁྱེར་བར་སྤྲོོ་ལ། སྙིང་རྗེ་དམན་ན་གཞན་དོན་བྱེད་པ་ལ་མི་སྦྲོ་བས་བྱང་ཆུབ་ཀྱི་སེམས་ཀྱང་མི་སྐྱེ་བའི་ཕྱིར། བར་དུ་གལ་ཆེ་སྟེ་སེམས་ཅན་གྱི་དོན་དུ་རྒྱལ་སྲས་ཀྱི་སྐྱོད་པ་མཐའ་ཡས་པ་ལ་སློབ་པར་བྱེད་འདོད་འབྱུང་བ་ལ་སྙིང་རྗེ་དགོས་པའི་ཕྱིར་ཏེ། སྙིང་རྗེ་མེད་ན་སེམས་ཅན་སྡུག་བསྔལ་ལས་སྐྱོབ་འདོད་མི་འབྱུང་བས་སྤྱོད་པ་ཁྱད་པར་ཅན་ལ་སློབ་འདོད་མི་འབྱུང་ལ། དེ་ཡོད་ན་ལྡོག་སྟེ་འབྱུང་བའི་ཕྱིར། ཐ་མར་གལ་ཆེ་སྟེ། སངས་རྒྱས་ནས་ཀྱང་ཐུགས་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་གཞན་དོན་རྣམས་མཛད་པར་འགྱུར་བ་ཡིན་གྱི། དེ་མེད་ན་གཞན་དོན་ཡལ་བར་འདོར་བའི་ཉན་རང་ལྟར་འགྱུར་བའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་ནི་ཐོག་ཐ་བར་གསུམ་དུ་གལ་ཆེ་བ་དཔལ་ལྡན་ཟླ་བས་བཤད་ཅིང་། སྙིང་རྗེའི་ཕན་ཡོན་དང་བསྔགས་པ་ནི་བློ་གྲོས་མི་ཟད་པས་བསྟན་པའི་མདོ་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས་རྒྱས་པར་གསུངས་པ་ལྟར་རོ། །གཉིས་པ་ནི། སེམས་ཅན་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་བརྟན་པོ་ཞིག་སྐྱེ་བ་ལ་སེམས་ཅན་དེ་ཡིད་འོང་གི་རྣམ་པ་ཅན་དུ་བསམ་དགོས་ཤིང་། དེ་ཡང་ཐོག་མར་མར་བསྒོམ་པ་དང་དེའི་དྲིན་དྲན་པ་དང་དྲིན་གཟོ་བ་གསུམ་ནི་ཡིད་འོང་དུ་སྒྲུབ་བྱེད་ཡིན་ལ། དེ་ལས་བྱམས་པ་དང་དེ་སྙིང་རྗེ་ཁྱད་པར་ཅན་སྐྱེ་བར་འགྱུར་རོ། །སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་ལྷག་བསམ་བཅུག་པ་ནི་བྱམས་སྙིང་རྗེ་ཙམ་ཞིག་ནི་ཉན་རང་ལ་ཡང་ཡོད་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་འདོད་དང་བདེ་བ་ལ་འགོད་འདོད་ཀྱི་ཁུར་འཁྱེར་བ་ནི་ཉན་རང་ལ་མེད་པས་འདིར་དེ་ལྟ་བུའི་བྱམས་སྙིང་རྗེ་དང་ལྡན་པའི་ལྷག་བསམ་བསྐྱེད་པ་ཡིན་ནོ། །གཉིས་པ་རིམ་ཅན་དུ་སྦྱང་བ་ལ་གསུམ། །གཞན་དོན་དོན་གཉེར་དང་། བྱང་ཆུབ་དོན་གཉེར་གྱི་བློ་སྦྱང་བ་དང་། སྦྱངས་པའི་འབྲས་བུ་སེམས་བསྐྱེད་ངོས་བཟུང་བའོ། །དང་པོ་ལ་གཉིས། བློ་དེ་སྐྱེ་བའི་གཞི་དང་། བློ་དེ་བསྐྱེད་ཚུལ་ལོ། །དང་པོ་ལ་གཉིས། སེམས་ཅན་ལ་སེམས་སྙོམས་པར་བསྒྲུབ་པ་དང་། སེམས་ཅན་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པའོ། །དང་པོ་ནི། སེམས་ཅན་ལ་ཆགས་སྡང་གིས་རིས་སུ་གཅོད་པ་བཀག་ནས་ཕྱོགས་རིས་མེད་པའི་བཏང་སྙོམས་བསྒོམ་པར་བྱ་སྟེ། ཆགས་སྡང་གིས་མི་འདོད་པ་དུ་མ་བསྐྱེད་པས་ཆགས་སྡང་བྱ་བར་མི་རིགས་པའི་ཕྱིར་ཏེ། སེམས་ཅན་རྣམས་དགྲ་གཉེན་ཡིན་ན་ཡིན་མཉམ་དང་མིན་ན་མིན་སྙམ་དུ་མཚུངས་པའི་ཕྱིར་ཏེ། སེམས་ཅན་ལས་སྔོན་རང་གི་དགྲ་གཉེན་དུ་མ་གྱུར་པ་མེད་པའི་ཕྱིར་རོ། །ཚུལ་དེ་ལྟར་བསམས་ན་ཆགས་སྡང་གཉིས་ཀ་ལྡོག་པར་འགྱུར་རོ། །བཏང་སྙོམས་བསྒོམས་པས་ཆགས་སྡང་གི་རང་རོང་རྣམས་ཞི་བར་འགྱུར་ཞིང་ཞིང་ས་ལེགས་པར་དུལ་བ་ལྟར་ཡིད་དུ་འོང་བའི་ཆུ་ཡིས་རྒྱུད་བརླན་ཏེ་སྙིང་རྗེ་ཆེན་པོ་བདེ་བླགས་ཏུ་སྐྱེ་བར་བཤད་པས་གནད་ཆེའོ། །འདི་ལ་གསུམ། མར་བསྒོམ་པ་ནི་འཁོར་བ་ཐོགས་མ་མེད་པ་ནས་ལུས་འདི་མ་བླངས་བྱ་བ་ནི་ཅི་ཡང་མེད་པས་མ་ལ་སོགས་པའི་གཉེན་དུ་མ་གྱུར་པའང་མེད་དོ། །དྲིན་དྲན་པ་ནི་མར་གྱུར་ནས་ཕན་སྣ་ཚོགས་བཏགས་ཤིང་གནོད་པ་དུ་མ་ལས་སྐྱོབ་པས་དྲིན་ཤིན་ཏུ་ཆེ་སྟེ་རྒྱས་པར་ནི་འདིར་མི་བརྗོད་དེ་ལམ་རིམ་སོགས་ནས་ཤེས་པར་བྱའོ། །དེ་ནི་ཐོག་མར་ཚེ་འདིའི་མ་དང་དེ་ནས་ཕ་དང་གཉེན་དང་འཛའ་བོ་དང་བར་མ་དང་དགྲ་རྣམས་ལའང་རིམ་གྱིས་སྦྱར་ནས་བསམ་པར་བྱའོ། །དྲིན་དུ་གཟོ་བ་ནི་དེ་ལྟ་བུའི་མ་རྣམས་ནི་སྐྱེ་ཤི་འཕོས་ནས་ངོ་མ་ཤེས་པས་མར་གྱུར་པས་ཕན་བཏགས་ཚུལ་མ་ངེས་པ་མ་གཏོགས། ངེས་ན་ཕན་བཏགས་པའི་ལན་དུ་དྲིན་གཟོ་དགོས་ཏེ། ཕན་བཏགས་པའི་ལན་དུ་དྲིན་མི་གཟོ་ན་ནི་མ་རབས་སུ་འགྱུར་བའི་ཕྱིར་རོ། །དེའི་ལན་དུ་དྲིན་གཟོ་དགོས་པས་གཟོ་ཚུལ་ནི། འཁོར་བའི་ཕུན་ཚོགས་ཀྱིས་ཕན་འདོགས་དགོས་ཀྱང་། དེ་མི་གཙོ་སྟེ་འཁོར་བའི་ཕུན་ཚོགས་ཀྱིས་མ་བསླུས་པ་མེད་པའི་ཕྱིར་རོ། །དེས་ན་ཞི་བ་མྱང་འདས་ཀྱི་བདེ་བ་ལ་འགོད་པར་བྱའོ་སྙམ་པའི་བྱམས་པ་དང་། སྡུག་བསྔལ་ཐམས་ཅད་ལས་སྐྱོོབ་པར་བྱའོ་སྙམ་པའི་སྙིང་རྗེས་ཕན་འདོགས་དགོས་སོ། །དེ་ལྟ་བུའི་དོན་རྫོགས་པར་བྱེད་པ་ནི་ད་ལྟ་མི་ནུས་པས་འཚང་རྒྱ་དགོས་ཀྱང་། དེའི་ཚེ་མར་གྱུར་པའི་སེམས་ཅན་རྣམས་ནི་ངན་སོང་དང་འཁོར་བར་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བས་ན་སྡུག་བསྔལ་དེ་ལས་སྐྱོབ་ཅིང་ཐར་བར་བྱེད་པ་ནི་བུ་བདག་ལ་རེ་དགོས་པས་བདག་གིས་ཀྱང་དོན་དེ་བསྒྲུབ་དགོས་ཏེ། དེ་བདག་གིས་མི་བསྒྲུབ་ན་སུས་བསྒྲུབ་སྙམ་དུ་དྲིན་གཟོ་བའི་བསམ་པ་སྦྱང་བར་བྱའོ། །གཉིས་པ་བློ་དེ་བསྐྱེད་པའི་ཚུལ་དངོས་ལ་གསུམ་ལས། དང་པོ་ནི། བྱམས་པ་བསྒོམ་པར་བྱ་སྟེ་དེའི་དམིགས་པ་ནི་བདེ་བ་འདོད་པའི་སེམས་ཅན་ནོ། །རྣམ་པ་ནི་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་དང་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པ་དང་བདེ་བ་དང་ལྡན་པར་བྱའོ་སྙམ་པའོ། །ཕན་ཡོན་ནི། ཏིང་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ནི། །མཆོད་པ་རྣམ་པ་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པ། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། ཅེས་དང་། རིན་ཆེན་ཕྲེང་བ་ལས། རྫིའུ་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་སྦྱིན་པས་ཀྱང་། བྱམས་པ་ཡུད་ཙམ་ཐང་གཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད། །ཞེས་པ་ནས། གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་པོ། །ཞེས་གསུངས་པ་ལྟར་རོ། །བསྒོམ་ཚུལ་ནི་སེམས་ཅན་སྡུག་བསྔལ་གྱིས་མནར་ཚུལ་བསམས་ན་སྙིང་རྗེ་སྐྱེ་བ་ལྟར་སེམས་ཅན་བདེ་བས་ཕོངས་ལུགས་ཡང་ཡང་བསམས་ན་ནི་བྱམས་པ་སྐྱེའོ། །སྔོན་ལ་བདེ་བ་དང་ལྡན་འདོད་དང་དེ་ནས་བདེ་བ་ལ་འགོད་འདོད་རིམ་ཅན་དུ་བྱ་ཞིང་། གོ་རིམ་ནི་ཐོག་མར་གཉེན་ནས་བསྒོམ་པ་སོགས་སྙིང་རྗེ་དང་འདྲའོ། །གཉ ིས་པ་སྙིང་རྗེའི་དམིགས་པ་ནི་སྡུག་བསྔལ་ཅན་གྱི་སེམས་ཅན་དང་། རྣམ་པ་ནི་སྡུག་བསྔལ་དང་བྲལ་ན་སྙམ་པ་དང་བྲལ་བར་གྱུར་ཅིག་སྙམ་པ་དང་བྲལ་བར་བྱའོ་སྙམ་པའོ། །དེ་ལ་སོ་སོར་མ་ཕྱེ་བར་བསྒོམས་ན་སྐྱེ་བ་འབྱུང་ཡང་སོ་སོར་ཕྱེ་སྟེ་བསྒོམས་ན་ནི་རྣམ་དག་སྐྱེ་ཞིང་བརྟན་པར་འགྱུར་རོ། །བསྒོམ་ཚུལ་ནི་སེམས་ཅན་རྣམས་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་ཚུལ་སྔར་བཤད་པ་ལྟར་བསམ་པའོ། །འདི་ནི་ཐོག་མར་རང་སྟེང་དུ་བསམ་པར་བྱས་ན་ནི་གནད་དུ་འགྲོ་ལ། གཞན་དུ་ན་དེ་ཙམ་གནད་དུ་མི་འགྲོའོ། །སྙིང་རྗེ་ཆེན་པོ་སྐྱེས་པའི་ཚད་ནི། མས་བུ་སྡུག་བསྔལ་གྱིས་གཟིར་བ་ལས་ཐར་འདོད་སྐྱེ་བའི་ཚོད་ཙམ་དུ་སྐྱེ་དགོས་པར་བཤད་ཀྱང་། དེའི་ཚེ་མ་ལ་སྡུག་བསྔལ་འབྱུང་བ་ལྟར་སྙིང་རྗེ་སྒོམ་པ་པོ་ལ་གདུང་བ་ངེས་པར་སྐྱེ་མི་དགོས་ཏེ་དགོས་ན་སངས་རྒྱས་ལའང་སྡུག་བསྔལ་འབྱུང་བར་ཐལ་བའི་ཕྱིར་རོ། །དེས་ན་མས་བུ་སྡུག་བསྔལ་ལས་ཐར་ན་སྙམ་པ་དེ་ཚིག་ཙམ་མ་ཡིན་པར་སྙིང་ཐག་པ་ནས་ཡིན་པ་དེ་བཞིན་དུ་སྙིང་རྗེ་དེ་ཡང་ཚིག་ཙམ་མམ་བཅོས་མ་ཙམ་མ་ཡིན་པར་སྙིང་ཐག་པ་ནས་སྐྱེ་དགོས་པའི་དོན་ཏེ། བྱམས་པ་ཆེན་པོ་སྐྱེས་པའི་ཚད་ཀྱང་དེས་ཤེས་པར་བྱའོ། །གསུམ་པ་ལྷག་བསམ་ནི། བྱམས་པ་དང་སྙིང་རྗེ་སྦྱོང་བའི་སྐབས་སུ་ཅུང་སོང་ཡང་འདིར་ནི་དམིགས་ཀྱིས་བསལ་ཏེ་བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་གཟིར་བའི་སེམས་ཅན་འདི་དག་བདེ་བ་དང་ལྡན་པ་དང་སྡུག་བསྔལ་ལས་ཐར་བར་བདག་གིས་བྱའོ་སྙམ་པ་སྟེ་ཐ་ན་ཚིག་ཙམ་གྱིས་ཀྱང་སྦྱང་བར་བྱའོ། །གཉིས་པ་བྱང་ཆུབ་དོན་དུ་གཉེར་བའི་བློ་སྦྱང་བ་ནི། གཞན་དོན་ལ་བྱང་ཆུབ་དགོས་པར་མཐོང་ནས་དེ་ཐོབ་འདོད་བསྐྱེད་པ་ཡང་ཡིན་མོད་འདིར་དེ་ཙམ་མིན་པས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་དྲན་ནས་བདག་གིས་དེ་ཐོབ་འདོད་བསྐྱེད་པ་སྟེ་གཞན་དོན་ལ་བྱང་ཆུབ་ཐོབ་དགོས་བར་མ་ཟད། རང་དོན་དུའང་རྫོགས་བྱང་ཐོབ་དགོས་པ་ལ་ངེས་པ་དྲང་བར་བྱའོ། །གསུམ་པ་སྦྱངས་པའི་འབྲས་བུ་སེམས་བསྐྱེད་ངོས་བཟུང་བ་ནི། སྤྱིའི་མཚན་ཉིད་ནི་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། ཅེས་གསུངས་པ་ལྟར། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་ཤིང་རང་གི་གྲོགས་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་པར་ལྡན་པའི་ཐེག་ཆེན་གྱི་གཙོ་བོ་སེམས་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་ཞིག་སྟེ། དབྱེ་ན་ནི་སྨོན་སེམས་དང་འཇུག་སེམས་གཉིས་སོ། །དེ་གཉིས་ཀྱི་ཁྱད་པར་ལ་བཞེད་ཚུལ་མི་མཐུན་པ་འགའ་རེ་ཡོད་ཀྱང་། དཔེར་ན་གྲོང་ཁྱེར་དུ་འགྲོ་བ་ལ་སྔོན་དུ་དེར་འགྲོ་འདོད་ཀྱི་བསམ་པ་སྐྱེས་པ་ལྟ་བུ་དང་། གྲོང་ཁྱེར་དུ་འགྲོ་བའི་དུས་ཀྱི་གོམ་པ་འདེགས་འཇོག་གི་བྱ་བས་ཟིན་པའི་སྐབས་ཀྱི་བསམ་པ་བཞིན་དུ། ཐོག་མར་སངས་རྒྱས་སུ་གྱུར་ཅིག་སྙམ་ནས་བསྐྱེད་པའི་ཐེག་ཆེན་སེམས་བསྐྱེད་ནི་སྨོན་པ་སེམས་བསྐྱེད་དང་། དེ་ནས་འཇུག་སྡོམ་བཟུང་བ་ནས་སེམས་དེ་འཇུག་པ་སེམས་བསྐྱེད་དུ་འགྱུར་ཏེ། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པར་ལྟར། །དེ་བཞིན་མཁས་ནས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་དང་། སྒོམ་རིམ་དང་པོ་ལས། དེ་ལ་འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི་སྨོན་པའི་སེམས་སོ། །གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་ཞུགས་པའི་སེམས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཞི་བ་ལྷའི་གཞུང་ལྟར་སྦྱར་བ་ལ་གསུམ་སྟེ། །བདག་གཞན་བརྗེ་མ་བརྗེའི་ཕན་ཡོན་དང་ཉེས་དམིགས་དང་། བདག་གཞན་བརྗེ་བའི་བསམ་པ་གོམས་ན་བསྐྱེད་ནུས་པ་དང་། བསྒོམ་ཚུལ་དངོས་བཤད་པའོ། །དང་པོ་ནི། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་ཅི་དགོས་ཏེ། །བྱིས་པ་རང་དོན་བྱེད་པ་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །བདག་བདེ་གཞན་གྱི་སྡུག་བསྔལ་དང་། །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས་པ་ལྟར་བསམ་པར་བྱའོ། །གཉིས་པ་བློ་དེ་གོམས་ནས་བསྐྱེད་ནུས་ཏེ། དཔེར་ན། སྔར་རང་དང་མི་མཛའ་བ་ཆེན་པོ་འཇིགས་པ་ཞིག་ཡིན་ཡང་ཕྱིས་དེ་དང་མཐུན་པར་བྱས་པ་ན་མཛའ་བ་ཆེན་པོར་འགྱུར་བ་དང་། སྔར་རང་ལ་གཅེས་ཤིང་མཛའ་བ་ཞིག་ཀྱང་རྐྱེན་གཞན་གྱིས་མི་མཛའ་བར་འགྱུར་སྲིད་ཅིང་བློས་ཀྱང་དེ་ལྟར་འཛིན་པ་བཞིན་དུ། བདག་ལ་གཞན་དང་གཞན་ལ་བདག་བཞིན་དུ་བལྟ་བ་ནི་ཡང་ཡང་གོམས་ན་སྐྱེ་བར་འགྱུར་ཏེ། དེ་ཉིད་ལས། འདི་ལྟར་གོམས་པའི་མཐུ་ཡིས་ནི། །གང་གི་མི་ཐོས་འཇིགས་པ་ཡང་། །དེ་ཉིད་མེད་ན་དགར་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །གཞན་གྱི་ལུས་བདག་གི་ལུས་མིན་པས་རང་གི་ཡིན་པའི་བློ་འདྲ་བ་ཇི་ལྟར་བྱ་སྙམ་ན། དེ་ནི་སྤྱོད་འཇུག་ལས་གསུངས་པའི་དོན་བསྡུ་ན་རང་གི་ལུས་འདི་ནི་རང་ལས་གཞན་ཕ་མའི་ས་བོན་ལས་གྲུབ་པ་ཡིན་ཡང་། དེ་ལ་གོམས་པའི་དབང་གིས་ངར་འཛིན་སྐྱེ་བ་ལྟར་གཞན་གྱི་ལུས་ལའང་རང་གི་ལུས་བཞིན་གཅེས་འཛིན་གོམས་པར་བྱས་ན་ནི་སྐྱེའོ། །གསུམ་པ་བསྒོམ་ཚུལ་དངོས་ནི། འདིར་བདག་ཉིད་གཞན་དང་གཞན་བདག་ཉིད་དུ་བསྒོམ་པ་མིན་གྱི། རང་གཅེས་འཛིན་དང་གཞན་གཅེས་འཛིན་གྱི་བློ་གཉིས་གོ་ས་བརྗེ་བ་སྟེ་དེ་ཡང་གཞན་ལ་རང་ལྟར་གཅེས་པར་འཛིན་ཅིང་། རང་ལ་གཞན་ལྟར་ཡལ་བར་འདོར་བའི་བློ་བསྐྱེད་པའོ། །དེའི་དོན་ནི་རང་སྡུག་བསྔལ་ཡང་བཟོད་དེ། སེམས་ཅན་སྡུག་བསྔལ་བར་མ་གྱུར་ཅིག་སྙམ་པའོ། །དེའི་ཕྱིར་ཡང་གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་། རང་གི་བདེ་དགེ་གཞན་ལ་གཏོང་བ་ལ་བློ་སྦྱོང་བ་ཡིན་ནོ། །བདག་གཞན་གཉིས་ཀྱང་བལྟོས་ནས་འཇོག་གི་ངོ་བོ་ཉིད་ཀྱིས་མིན་ཏེ། དཔེར་ན་ཕར་རི་དང་ཚུར་རིའི་བློ་ལྟ་བུ་དང་རང་ལ་དབང་བའི་བུད་མེད་དང་། དངོས་པོ་རྣམས་གཞན་གྱི་ལག་ཏུ་སོང་བ་ན་གཞན་གྱི་ཡིན་པའི་འདུ་ཤེས་སྐྱེ་བ་ཡིན་ནོ། །དེ་ལྟར་ཡང་བསླབ་བཏུས་ལས། བདག་དང་གཞན་ཉིད་བལྟོས་པ་སྟེ། ཕ་རོལ་ཚུ་རོལ་ཇི་བཞིན་བརྫུན། །ཞེས་གསུངས་པ་ལྟར་རོ། །འདིར་གཏོང་ལེན་གཉིས་ཀྱི་ཚེ་རླུང་ལ་བསྐྱོན་པའི་འཕྲུལ་འདེགས་ཞིག་མཛད་པའི་ལག་ལེན་སྣང་བ་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་མཛད་པ་ཡིན་གྱི། གཞུང་གི་དངོས་བསྟན་ལ་མི་འབྱུང་བས་མ་བྱས་ཀྱང་ཆད་ལྷག་ཏུ་མི་འགྱུར་རོ། །གང་ལྟར་ཡང་རང་གི་ལུས་ལོངས་སྤྱོད་དགེ་རྩ་རྣམས་གཞན་ལ་གཏོང་བའི་བློ་དང་། གཞན་གྱི་སྡུག་བསྔལ་ཐམས་ཅད་རང་ལ་ལེན་པའི་དམིགས་རྣམ་ལ་གོམས་པར་བྱ་དགོས་སོ། །བདག་གཞན་བརྗེ་བའི་བློ་སྦྱོང་བ་འདི་བྱམས་སྙིང་རྗེ་གཉིས་སྦྱོང་ཚུལ་ཡིན་ཏེ་བདེ་དགེ་གཞན་ལ་གཏོང་བ་ནི་བྱམས་པ་དང་། སྡུག་བསྔལ་རང་གིས་ལེན་པ་ནི་སྙིང་རྗེ་སྦྱོང་བ་ཡིན་པའི་ཕྱིར་རོ། །མདོར་ན་བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྒྱུའི་གཙོ་བོ་མེད་དུ་མི་རུང་བ་ནི་བྱམས་སྙིང་རྗེ་གཉིས་ཡིན་ལ། དེ་སྐྱེ་བའི་དམིགས་པ་ནི་སེམས་ཅན་ཡིན་པས་སེམས་ཅན་ལ་ཕན་བདེ་སྒྲུབ་འདོད་ངེས་པར་ཤེས་ཤིང་། སྒྲུབ་ཚུལ་མང་ཡང་སྐབས་འདིར་བྱམས་སྙིང་རྗེ་གཉིས་ཀྱི་སྒོ་ནས་སྡུག་བསྔལ་སེལ་བ་དང་བདེ་བ་སྦྱིན་པའི་སྒོ་ནས་བྱ་བ་ཡིན་ཏེ། དེ་ལྟར་གོམས་པ་ལས་ལྷག་བསམ་དང་བྱང་ཆུབ་ཀྱི་སེམས་བདེ་བླག་ཏུ་སྐྱེ་བར་འགྱུར་རོ། །གསུམ་པ་སེམས་དེ་སྐྱེས་པའི་ཚད་ནི་བྱམས་སྙིང་རྗེ་གཉིས་སྐྱེས་པའི་ཚད་བཤད་པའི་སྐབས་སུ་འདིས་ནི་བྱང་ཆུབ་ཀྱི་སེམས་སྐྱེས་པའི་ཚད་ཀྱང་ཤེས་པར་བྱའོ་ཞེས་གསུངས་ཏེ་དེ་ཙམ་དུ་མི་གསལ་ཡང་། བྱམས་སྙིང་རྗེ་ལྷག་བསམ་གསུམ་ལ་བཅོས་མིན་གྱི་མྱོང་བ་ཐོན་པའི་མཇུག་ཏུ་མཚན་ཉིད་བཤད་པ་ལྟ་བུའི་སེམས་བསྐྱེད་དངོས་སུ་སྐྱེ་བར་འགྱུར་རོ། །བཞི་པ་སྨོན་སེམས་ཆོ་གས་བཟུང་བའི་སྐོར་མང་བས་བསྡུ་ན་མ་ཐོས་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་སྲུང་བ། ཉམས་ན་ཕྱིར་བཅོས་པ་གསུམ། དང་པོ་ལ་གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་རྟེན། ཇི་ལྟར་བླང་བའི་ཆོ་ག་དང་གསུམ། དང་པོ་ནི། བྱང་སེམས་ཀྱི་སྡོམ་པ་དང་ལྡན་པའི་བླ་མའི་དྲུང་དུ་ལེན། གཉིས་པ་ནི། སེམས་བསྐྱེད་སྐྱེ་བའི་རྟེན་དུ་རུང་བས་ལེན། གསུམ་པ་ཆོ་ག་ལ་སྦྱོར་དངོས་མཇུག་གསུམ་གྱི་དང་པོ་སྦྱོར་བ་ལ་སྐྱབས་སུ་འགྲོ་བ་དང་ཚོགས་བསག་པ་དང་། བསམ་པ་སྦྱོང་བ་ལ་གསུམ། དང་པོ་ལ་རྟེན་དང་མཆོད་རྫས་བཤམས་པ། གསོལ་བ་དང་སྐྱབས་སུ་འགྲོ་བ། བསླབ་བྱ་བརྗོད་པ་གསུམ་ནི་ལམ་རིམ་ལྟར་རོ། །གཉིས་པ་ཚོགས་བསག་པ་ནི་བླ་མ་དང་རྟེན་གྱི་དྲུང་དུ་ཡན་ལག་བདུན་པ་བྱའོ། །བསམ་པ་སྦྱང་བ་ནི། བྱམས་པ་དང་སྙིང་རྗེའི་དམིགས་རྣམ་གསལ་གདབ་པའོ། །གསུམ་པ་དངོས་གཞིའི་ཆོ་ག་ནི་བླ་མའི་དྲུང་དུ་འཁོད་བ་ལ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ཞེས་སོགས་ལྟར་ལན་གསུམ་བྱའོ། །གསུམ་པ་མཇུག་ཏུ་སྨོན་སེམས་ཀྱི་བསླབ་བྱ་རྣམས་བརྗོད་པར་བྱའོ། །གཉིས་པ་མི་ཉམས་པར་བསྲུང་བ་ལ་བསླབ་བྱ་བརྗོད་དགོས་ཤིང་། དེ་ལ་ཚེ་འདིར་མི་ཉམས་པ་དང་། སྐྱེ་བ་གཞན་དུ་མི་ཉམས་པའི་བསླབ་བྱའོ། །དང་པོ་ལ་བཞི་སྟེ། སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ། སེམས་བསྐྱེད་གོང་དུ་འཕེལ་བའི་ཆེད་དུ་ཉིན་མཚན་དུ་ལན་དྲུག་ཏུ་བསྐྱེད་པ། སེམས་ཅན་བློས་མི་སྤང་བ། ཚོགས་གཉིས་བསག་པ་ལ་བསླབ་པའོ། །དང་པོ་ནི། སྔར་ཕྱོགས་ཙམ་བཤད་ཅིང་གཞན་ཡང་མང་ངོ་། །གཉིས་པ་ནི་ཆོ་ག་རྒྱས་པ་མ་གྲུབ་ན་ནི་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་གསུམ་བརྗོད་ཅིང་བཟུང་ངོ་། །གསུམ་པ་སེམས་ཅན་བློས་མི་སྤང་བ་ནི། སེམས་ཅན་རྣམས་བློས་ནམ་ཡང་མི་འདོར་བ་སྟེ་སེམས་ཅན་གཅིག་གིས་རང་ལ་མི་འཐད་པའི་ལོག་བསྒྲུབ་བྱས་པ་ཡིན་ནའང་། རེ་ཞིག་ལྟ་བུ་དམིགས་བསལ་མ་གཏོགས་ད་ནས་འདིའི་དོན་གཏན་ནས་མི་བྱའོ་སྙམ་དུ་མི་བསམ་སྟེ་བསམས་ན་སེམས་ཅན་བློས་སྤངས་པས་སེམས་བསྐྱེད་ཉམས་ཤིང་གཏོང་པར་ཡང་འགྱུར་རོ། །བཞི་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་བསླབ་པའོ། །གཉིས་པ་སྐྱེ་བ་གཞན་དུ་ཉམས་པར་བསྲུང་བ་ལ་གཉིས། ནག་པོའི་ཆོས་བཞི་སྤོང་བ་དང་། དཀར་པོའི་ཆོས་བཞི་བསྒྲུབ་པའོ། །དང་པོ་ལ་བཞི་ལས། དང་པོ་བླ་མ་དང་མཁན་སློབ་ལྟ་བུ་ལ་བརྫུན་གྱིས་དབུ་སྐོར་ནས་བསླུ་བའོ། །གཉིས་པ་ནི། གཞན་འགྱོད་དུ་མི་རུང་བའི་གནས་ལ་འགྱོད་དུ་བཅུག་པའོ། །གསུམ་པ་ནི་བྱང་སེམས་ཀྱི་སྐྱོན་བརྗོད་དེ་བསྔགས་པ་མ་ཡིན་པ་སྨྲ་བའོ། །བཞི་པ་ནི། སེམས་ཅན་ལ་གཡོ་སྒྱུ་སྣ་ཚོགས་བྱེད་པའོ། །གཉ ིས་པ་དཀར་ཆོས་བཞི་ལས། དང་པོའི་ཡུལ་ནི་སེམས་ཅན་རྣམས་སོ། །བྱ་བ་ནི་ཤེས་བཞིན་དུ་གནོད་སེམས་ཀྱིས་བརྫུན་མི་སྨྲ་བའོ། །གཉིས་པ་ནི། སེམས་ཅན་ལ་གཡོ་སྒྱུ་མི་བྱེད་པ་སྟེ་འདི་ནི་ནག་ཆོས་བཞི་པའི་གཉེན་པོ་ཡང་ཡིན་ནོ། །གསུམ་པ་ནི། སེམས་ཅན་ཐམས་ཅད་ལ་བཇགས་པ་སྟོན་པ་དང་འདྲ་བའི་འདུ་ཤེས་བསྐྱེད་ཅིང་བཇགས་པ་བརྗོད་པའོ། །དཀར་ཆོས་བཞི་པོ་འདིར་རིམ་པ་ལྟར་ནག་ཆོས་བཞིའི་གཉེན་པར་བཤད་པའོ། །གསུམ་པ་ཉམས་ན་ཕྱིར་བཅོས་པ་ནི། སེམས་ཅན་ཇོས་སྤངས་པ་ལྟ་བུས་སེམས་བསྐྱེད་ཉམས་ན་བཤགས་སྡོམ་བྱ་ཞིང་སླར་ཇ་མ་སློབ་དཔོན་གྱི་དྲུང་དུ་ལེན་པར་བྱའོ། །འདི་དག་ནི་སྨོན་སེམས་ཆོ་གས་ལེན་པའི་སྐོར་ཡིན་ལ། འསྔུག་སེམས་ཆོ་གས་ལེན་ཚུལ་རྒྱས་པ་ནི། རྗེས་བྱང་སའི་ཚུལ་ཁྲིམས་ཀྱི་ལེའུའི་རྣམ་བཤད་དུ་གསུངས་པ་ལྟར་ཡིན་ཞིང་། བསྡུས་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཡོངས་རྫོགས་དང་། ཇི་ལྟར་ཇོན་གྱི་བདེ་གཤེགས་ཀྱིས། །ཞེས་སོགས་གསུངས་པ་ལྟར་ཡིན་ཏེ་གཞན་ཡང་མང་ངོ་། །གསུམ་པ་སྤྱོད་པ་ལ་སློབ་ཚུལ་ལ་གསུམ། སློབ་དགོས་པའི་རྒྱུ་མཚན་ཐབས། ཤེས་རེ་རེ་ཙམ་གྱིས་མི་ཆོག་པ། སློབ་པའི་རིམ་པ་བཤད་པའོ། །དང་པོ་ནི། དེ་ལྟར་སེམས་བསྐྱེད་ནས་སྤྱོད་པ་ལ་བསློབ་དགོས་ཏེ་སྦྱོད་པ་ལ་མ་བསླབ་པར་སེམས་བསྐྱེད་པ་ཙམ་གྱིས་འཚང་རྒྱ་བ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། སངས་རྒྱས་སྒྲུབ་པའི་ཚུལ་ལ་ཐབས་ཤེས་ཚང་ལ་མ་ནོར་བ་ཞིག་དགོས་ཏེ། མ་ཚང་ཞིང་ནོར་ན་ནི་འབྲས་བུ་སངས་རྒྱས་འགྲུབ་པ་མི་སྲིད་པའི་ཕྱིར་ཏེ། དཔེར་ན། འབྲས་བུ་ནས་ཀྱི་མྱུ་གུ་རྫོགས་པར་འབྱུང་བ་ལ་རྒྱུ་རྐྱེན་གཉིས་ཀ་ཚོགས་དགོས་ཤིང་མ་ཚང་ན་མི་འབྱུང་བ་བཞིན་ནོ། །དེ་བཞིན་དུ་སངས་རྒྱས་བསྒྲུབ་པའི་རྒྱུ་ལ་ནི་ཐབས་ཤེས་གཉིས་ཀ་དགོས་ཏེ། དེ་གཉིས་གང་རུང་རེ་རེ་བས་མི་ཆོག་པའི་ཕྱིར་ཏེ། དཔེར་ན། བུ་བསྐྱེད་པ་ལ་ཕ་མ་གཉིས་དགོས་ཤིང་རེ་རེ་བ་ཙམ་གྱིས་མི་ཆོག་པ་བཞིན་ནོ། །འདིར་ཐབས་ཤེས་གཉ ིས་ཇི་ལྟ་བུ་ཞིག་ལ་འཇོག་པའི་ཚུལ་ཡོད་དེ། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཕར་ཕྱིན་དང་པོ་ལྔ་ནི་ཐབས་ཡིན་ལ། ཕར་ཕྱིན་ཐ་མ་ནི་ཤེས་རབ་ཡིན་པའི་ཕྱིར་རོ། །སངས་རྒྱས་བསྒྲུབ་པ་ལ་ཐབས་ཤེས་དེ་གཉིས་ཀ་ཚང་དགོས་ཏེ། སངས་རྒྱས་ཀྱི་གོ་འཕང་ནི་ཚོགས་གཉིས་ཀྱིས་ཐོབ་དགོས་ཤིང་དེ་ལ་ཐབས་ཀྱིས་གཟུགས་སྐུ་དང་ཤེས་རབ་ཀྱིས་ཆོས་སྐུ་བསྒྲུབ་དགོས་པའི་ཕྱིར་ཏེ། བསོད་ནམས་ཀྱི་ཚོགས་ཀྱིས་གཟུགས་སྐུ་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུ་བསྒྲུབ་དགོས་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བ་ལས། གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། རྒྱལ་པོ་བསོད་ནམས་ཚོགས་ལས་འཁྲུངས། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པའི་ཕྱིར། གསུམ་པ་བསླབ་བྱ་ལ་སློབ་པའི་རིམ་པ་ཉིད་བཤད་པ་ལ་གཉིས། ཐེག་པ་ཆེན་པོ་སྤྱི་དང་། རྡོ་རྗེའི་ཐེག་པ་ལ་སློབ་པའི་ཚུལ་ལོ། །དང་པོ་ལ་གསུམ། བསླབ་པ་ལ་སློབ་འདོད་སྦྱང་བ་དང་། སྡོམ་པ་བཟུང་བ་དང་། བཟུང་ནས་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། བསླབ་བྱ་ལ་སློབ་པའི་ཕན་ཡོན་རྣམས་ཤེས་ནས་སློབ་འདོད་སྦྱང་དགོས་ཤིང་། དེའི་སྔོན་དུ་བསླབ་བྱ་རྣམས་ཉན་ནས་ཤེས་དགོས་ཏེ། དེ་ལ་མང་ཡང་གཞུང་འདི་དང་། བྱང་སའི་ཚུལ་ཁྲིམས་ཀྱི་ལེའུ་ནས་བཤད་པ་དེ་དག་ཉན་ཅིང་ཤེས་དགོས་པའི་ཕྱིར། གཉིས་པ་བཟུང་བ་ནི། ཚུལ་ཁྲིམས་ཀྱི་ལེའུའི་རྣམ་བཤད་ནས་འབྱུང་བའི་ཆོ་ག་ལྟར་ལེན་དགོས་སོ། །གསུམ་པ་ལ་གསུམ། གང་ལ་བསླབ་པའི་གཞི་དང་། དེར་བསླབ་པ་གཞན་འདུ་ཚུལ་དང་། དེ་ལ་ཇི་ལྟར་བསླབ་པའི་རིམ་པའོ། །དང་པོ་ནི། སྦྱིར་བསླབ་པའི་དབྱེ་བ་མཐའ་ཡས་ཀྱང་རིགས་བསྡུ་ན་ཕྱིན་དྲུག་སྟེ་བསླབ་པའི་གཞིའི་སྡོམ་པ་ཆེན་པོའོ། །གཉིས་པ་ལ་གཉིས། གྲངས་ངེས་དང་། གོ་རིམ་མོ། དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཕྱིན་དྲུག་གི་རྣམ་གཞག་གསུངས་པའི་དགོངས་དོན་རྒྱལ་ཚབ་བྱམས་པས་དགོངས་པ་བཞིན་བཀྲལ་བ་འདི་ལ་དྲུག ། མངོན་མཐོ་ལ་བལྟོས་པའི་གྲངས་ངེས། དོན་གཉིས་སྒྲུབ་པ་ལ་ལྟོས་པའི་གྲངས་ངེས། གཞན་དོན་སྒྲུབ་པ་ལ་བལྟོས་པའི་གྲངས་ངེས། །ཐེག་ཆེན་སྡུད་པ་ལ་བལྟོས་པའི་གྲངས་ངེས། བསླབ་གསུམ་ལ་བལྟོས་པའི་གྲངས་ངེས། སངས་རྒྱས་ཀྱི་ཆོས་འགྲུབ་པའི་གཞིའི་གནས་ཀྱི་གྲངས་ངེས་སོ། །དང་པོ་ནི། ལམ་སྒྲུབ་པའི་མངོན་མཐོའི་རྟེན་ཁྱད་པར་ཅན་ཐོབ་པའི་ཚེ་ཕྱིན་དྲུག་ལ་འབད་དགོས་ཏེ། རྟེན་དམན་པའི་ཐོག་ལམ་བསྒྲུབ་པའི་ས་ཆོད་ཆུང་བར་འགྱུར་ཞིང་། རྟེན་ཁྱད་པར་ཅན་ལ་ཕྱིན་དྲུག་སོགས་ཀྱི་སྤྱོད་པ་བསྒྲུབས་ན་ས་ཆོད་ཆེ་བའི་ཕྱིར་རོ། །གཉིས་པ་ནི། རང་གཞན་གྱི་དོན་སྒྲུབ་པར་བྱེད་པ་ལ་ཕྱིན་དྲུག་དགོས་ཏེ། ཐོག་མར་ཟང་ཟིང་གི་སྦྱིན་པས་གཞན་ལ་ཕན་འདོགས་དགོས་ཤིང་། དེ་ལ་གནོད་པ་སྤོང་བའི་ཚུལ་ཁྲིམས་དང་། གནོད་ལན་མི་འཇལ་བའི་བཟོད་པ་དང་། དགེ་ཕྱོགས་ལ་སྤྲོ་བའི་བརྩོན་འགྲུས་དང་། དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་པའི་བསམ་གཏན་དང་། སེམས་རྣམ་པར་གྲོལ་བར་འགྱུར་བའི་ཤེས་རབ་དགོས་པའི་ཕྱིར། གསུམ་པ་གཞན་དོན་རྫོགས་པར་བསྒྲུབ་པ་ལ་ཕྱིན་དྲུག་དགོས་ཏེ། དེ་ཡང་ཐོག་མར་ཟང་ཟིང་གིས་ཕོངས་པ་སེལ་ཞིང་གནོད་བྱེད་ལ་བཟོད་པ་དང་བརྩོན་འགྲུས་བརྩམས་པ་དང་བསམ་གཏན་ལ་བརྟེན་པའི་རྫུ་འཕྲུལ་གྱིས་གཞན་འདུན་པར་བྱས་ཏེ་ཤེས་རབ་ཀྱིས་ཐེ་ཚོམ་བཅད་ནས་གྲོལ་བར་བྱེད་དགོས་ཤིང་། དེས་ནི་རང་གཞན་གཉིས་ཀའི་དོན་སྒྲུབ་པར་འགྱུར་རོ། །བཞི་པའི་གྲངས་ངེས་ནི། ཐེག་ཆེན་ཐམས་ཅད་སྡུས་པ་ལ་ཡང་ཕྱིན་དྲུག་དགོས་ཏེ། ལོངས་སྤྱོད་ལ་མི་ཟད་པ་དང་བསླབ་པ་ལེན་པ་དང་སྡུག་བསྔལ་དང་ལེན་བྱེད་པ་དང་དགེ་ཕྱོགས་ལ་བརྩོན་པ་དང་། ཞི་ལྷག་གི་རྣལ་འབྱོར་བསྒྲུབ་དགོས་པའི་ཕྱིར་རོ། །ལྔ་པའི་གྲངས་ངེས་ནི། བསླབ་གསུམ་རྫོགས་པ་ལ་ཕྱིན་དྲུག་དགོས་ཏེ། ལོངས་སྤྱོད་ལ་མི་བལྟ་བའི་སྦྱིན་པ་ཡོད་ན་དེ་ལ་བརྟེན་པའི་ཚུལ་ཁྲིམས་དང་མི་གཤེ་བའི་བཟོད་པ་རྣམས་འབྱུང་སྟེ་ཚུལ་ཁྲིམས་ཀྱི་འཁོར་ཡིན་ལ། བསམ་གཏན་ནི་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ནི་ཤེས་རབ་ཀྱི་བསླབ་པ་སྟེ། བསླབ་པ་གསུམ་ལ་འབད་པ་ནི་བརྩོན་འགྲུས་ཡིན་པའི་ཕྱིར་རོ། །དྲུག་པའི་གྲངས་ངེས་ནི། སངས་རྒྱས་ཀྱི་ཆོས་རྣམས་འགྲུབ་པའི་གཞིའི་གནས་ལ་ཡང་ཕྱིན་དྲུག་དགོས་ཏེ། ཕར་ཕྱིར་དང་པོ་བཞིས་བསམ་གཏན་གྱི་ཕར་ཕྱིན་འགྲུབ་ཅིང་། ལྷག་མཐོང་གིས་དེ་ཁོ་ན་ཉིད་རྟོགས་ནས་གྲོལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་དྲུག་ཀ་ལའང་ཕྱིན་དྲུག་དགོས་ཤིང་འབྱུང་ངོ་། །གཉིས་པ་གོ་རིམ་ལ་གསུམ་ལས་སྐྱེ་བའི་རིམ་པ་ནི་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་སྐྱེ་ཞིང་། དམན་མཆོག་ནི་སྔ་མ་སྔ་མ་དམན་ལ་ཕྱི་མ་ཕྱི་མ་མཆོག་དང་། ཕྲ་རགས་ནི་སྔ་མ་རགས་ཤིང་ཕྱི་མ་ཕྲ་སྟེ། མདོ་སྡེའི་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་གསུངས་སོ། །གསུམ་པ་དེ་ལ་སློབ་པའི་རིམ་པ་ལ་གཉིས། སྤྱོད་པ་སྤྱི་ལ་སློབ་ཚུལ་དང་། ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་སློབ་ཚུལ་ལོ། །དང་པོ་ལ་གཉིས། རང་རྒྱུད་སྨིན་བྱེད་ཕྱིན་དྲུག་དང་། གཞན་རྒྱུད་སྨིན་བྱེད་བསྡུ་བཞི་ལ་བསླབ་ཚུལ་ལོ། །དང་པོ་ལ་སྦྱིན་པ་ནས་ཤེས་རབ་ཀྱི་བར་དྲུག་གོ །དང་པོ་སྦྱིན་པ་ལ་བཞི། སྦྱིན་པའི་ངོ་བོ། དེ་བསྐྱེད་པའི་ཐབས། སྦྱིན་པའི་རབ་དབྱེ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། གཏོང་བའི་སེམས་དང་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་སོ། །གཉིས་པ་ནི། བདོག་པའི་དངོས་པོ་ཐམས་ཅད་གཞན་ལ་གཏོང་བའི་བསམ་པ་སྙིང་ཐག་པ་ནས་བསྐྱེད་སྟེ། དེ་ལས་འཛིན་པའི་ཉེས་དམིགས་དང་བཏང་བའི་ཕན་ཡོན་བསམ་དགོས་ཤིང་། དངོས་པོ་རྣམས་མཛད་པའི་མཐའ་ཅན་ཡིན་པའི་ཕྱིར་འདི་བཏང་པ་ལས་སྙིང་པོ་ལེན་སྙམ་དུ་ཡང་ཡང་གོམས་པར་བྱའོ། དངོས་པོ་དངོས་སུ་གཏོང་མི་གཏོང་གང་ཡིན་ཡང་གཞན་ལ་གཏོང་བའི་བསམ་པ་སྦྱོང་བ་དང་། དགེ་རྩ་ཆེ་ཆུང་གང་ཡིན་ཀྱང་སེམས་ཅན་ཐམས་ཅད་དང་ཁྱད་པར་མེད་པར་གནས་སྐབས་དང་མཐར་ཐུག་ལ་ཕན་པར་བསམས་ནས་བསྔོས་ན་སེམས་ཅན་རེ་རེ་ལ་བརྟེན་པའི་བསོད་ནམས་མང་པོ་འཐོབ་སྟེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་པའི་ཕྱིར་རོ། །ད་ལྟ་ནི་ལུས་དངོས་སུ་གཏོང་མི་ནུས་ཀྱང་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་གཞན་ལ་གཏོང་བའི་བསམ་པ་ཡང་ཡང་སྦྱོང་དགོས་ཤིང་སྦྱངས་ན་ཕན་ཡོན་ཀྱང་ཆེ་བར་བཤད་དོ། །གསུམ་པར་རབ་དབྱེ་བ་གསུམ། རྟེན་ཐམས་ཅད་ཀྱིས་ཇི་ལྟར་བྱ་བ་དང་། རྟེན་སོ་སོ་ལ་བལྟོས་པའི་རབ་དབྱེ་དང་། སྦྱིན་པ་རང་གི་ངོ་བོའི་དབྱེ་བའོ། །དང་པོ་ནི། དམ་པ་དྲུག་ལྡན་དང་ཕར་ཕྱིན་དྲུག་ལྡན་དུ་བྱ་སྟེ། དང་པོ་ནི་རྟེན་དམ་པ་དང་། དངོས་པོ་དམ་པ་དང་། ཆེད་དུ་བྱ་བ་དམ་པ་དང་། ཐབས་མཁས་དམ་པ་དང་། བསྔོ་བ་དམ་པ་དང་། རྣམ་པར་དག་པ་དམ་པའོ། དང་པོ་ནི། སེམས་བསྐྱེད་ཀྱིས་ཀུན་ནས་བསླངས་ཏེ་བྱེད་པའོ། །གཉིས་པ་ནི། སྦྱིན་བྱའི་དངོས་པོ་ཕུན་སུམ་ཚོགས་པའོ། །གསུམ་པ་ནི། སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུའོ། །བཞི་པ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའོ། །ལྔ་པ་ནི། རྫོགས་བྱང་དུ་བསྔོ་བའོ། །དྲུག་པ་ནི། སྒྲིབ་གཉིས་སྤོང་བར་བྱེད་པའོ། །གཉིས་པ་ཕར་ཕྱིན་དྲུག་ལྡན་ནི་འོག་ནས་ཐུན་མོང་དུ་འཆད་པར་འགྱུར་རོ། །གཉིས་པ་ནི། སྤྱིིར་ཟང་ཟིང་གི་སྦྱིན་པ་ནི་ཁྱིམ་པས་བྱ་དགོས་ཤིང་། ཆོས་ཀྱི་སྦྱིན་པ་ནི་རང་བྱུང་གིས་བྱ་དགོས་པར་གསུངས་ཀྱང་། དགེ་སྦྱོར་ལ་མི་གནོད་ན་ནི་རབ་བྱུང་གིས་ཀྱང་ཟང་ཟིང་གི་སྦྱིན་པ་བྱ་དགོས་སོ། །གསུམ་པ་སྦྱིན་པའི་ངོ་བོ་ལ་གསུམ་སྟེ། ཆོས་དང་། མི་འཇིགས་པ་དང་། ཟང་ཟིང་གི་སྦྱིན་པའོ། །དང་པོ་ནི། དམ་པའི་ཆོས་ལེགས་པར་སྟོན་པ་དང་རིག་གནས་གཞན་སྟོན་ཅིང་བསླབ་པའི་གཞི་འཛིན་དུ་འཇུག་པའོ། །གཉིས་པ་ནི། རྒྱལ་པོ་དང་ཆོས་རྐུན་དང་སེདྒེ་དང་སྟག་སོགས་ཀྱི་འཇིགས་པ་དང་མེ་ཆུ་སོགས་ཀྱི་འཇིགས་པ་ལས་སྐྱོབ་པའོ། །གསུམ་པ་ལ་གཉིས་ལས། ཟང་ཟིང་དངོས་སུ་གཏོང་བའི་སྦྱིན་པ་དང་། བསམ་པ་ཙམ་གྱི་སྦྱིན་པའོ། །དང་པོ་ལ་གསུམ། ཟང་ཟིང་གཏོང་བའི་ཚུལ། མི་ནུས་ན་ཇི་ལྟར་བྱ་བ། སྦྱིན་པའི་གེགས་ཀྱི་གཉེན་པོ་བསྟེན་པའོ། །དང་པོ་ལ་བཞི། གང་ལ་གཏོང་བའི་གཞི། གཏོང་བའི་བསམ་པ། ཇི་ལྟར་གཏོང་བའི་སྦྱོར་བ། གཏོང་རྒྱུའི་དངོས་པོའོ། །དང་པོ་ནི། དགྲ་གཉེན་བར་མ་ཐམས་ཅད་དང་ཡོན་ཏན་ལྡན་མི་ལྡན་དང་འབྱོར་མི་འབྱོར་གཉིས་དང་ཁྱད་པར་དུ་ཕོངས་པའི་སེམས་ཅན་ནོ། །གཉིས་པ་ལ་སྤྱིི་དང་བྱེ་བྲག་གཉིས་ལས། དང་པོ་ནི། སངས་རྒྱས་ཐོབ་པའི་ཆེད་དུ་བསམ་པ་དགོས་པ་ལ་དམིགས་པ་དང་། རང་གི་རྫས་ལ་གཞན་གྱི་རྫས་ལྟར་བསམ་པ་དངོས་པོ་ལ་དམིགས་པ་དང་། གཏོང་བའི་ཡུལ་འདི་རྣམས་བདག་གི་སྦྱིན་པ་རྫོགས་པར་བྱེད་པའོ་སྙམ་པ་ཞིང་ལ་དམིགས་པ་སྟེ་གསུམ་མོ། །གཉིས་པ་བསམ་པ་བྱེ་བྲག་པ་ནི། གནོད་བྱེད་ལ་བྱམས་པ་དང་སྡུག་བསྔལ་བ་ལ་སྙིང་རྗེ་དང་ཡོན་ཏན་ཅན་ལ་གུས་པའི་བསམ་པས་སྦྱིན་པའོ། །དམན་པ་ལྟ་བུ་ལ་སྦྱིན་པ་སྟེར་བའི་ཚེ་བརྩེ་བ་ལྡན་པའི་སྒོ་ནས་བྱིན་ན་ཕན་ཡོན་ཆེ་ཞིང་། སྦྱིན་ཡུལ་ལ་གནོད་པའི་སྦྱིན་པ་ནི་ཕན་ཡོན་ཆུང་བར་བཤད་དོ། །གཞན་ཡང་ལྟ་ངན་མེད་པ་དང་། ཁེངས་པ་མེད་པ་དང་། སྙན་གྲགས་ལ་མི་རེ་བ་དང་། ཞུམ་པ་མེད་པ་དང་། ཕྱོགས་རིས་མེད་པ་དང་། ལན་ལ་མི་རེ་བ་དང་། ལོངས་སྤྱོད་ཀྱི་རྣམ་སྨིན་ལ་མི་བལྟ་བའི་བསམ་པ་དང་ལྡན་དགོས་སོ། །གསུམ་པ་སྦྱོར་བ་ལ་གཉིས་ལས། ཇི་ལྟ་བུས་མི་གཏོང་བ་ནི་སྟེར་ཡང་མྱུར་པོར་མི་སྟེར་བ་དང་སྡུག་བསྔལ་བར་བྱས་ནས་སྟེར་བ་དང་མི་འོས་པའི་ལས་བྱེད་དུ་བཅུག་ནས་སྟེར་བ་དང་དྲིན་བགྲང་གིན་སྟེར་བ་སོགས་མདོར་ན་ཆོས་ཚུལ་དང་མི་མཐུན་པའི་རིགས་ཀྱིས་སྟེར་བ་མི་བྱེད་དོ། །ཇི་ལྟ་བུས་གཏོང་བ་ནི་བཞིན་མདངས་འཛུམ་པ་རང་རང་གི་ལག་གིས་དང་གཞན་ལ་མི་གནོད་ཅིང་དགའ་བར་འགྱུར་བའི་སྦྱོར་བས་སྟེར་བའོ། །འབྲས་བུ་ནི། ཕྱི་མ་ལ་ལོངས་སྤྱོད་ཆེ་བར་འགྱུར་བ་དང་བསོད་ནམས་ཀྱི་ཚོགས་རྫོགས་པར་འགྱུར་བ་སོགས་མང་ངོ་། །བཞི་པ་དངོས་པོ་ལ་གཉིས། དངོས་པོ་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དངོས་པོ་དེ་བྱིན་ན་འཕྲལ་ཕུགས་གཉིས་ཀའམ་གང་རུང་ལ་ཕན་ན་ལེགས་ཤིང་སྦྱིན་ལ་འཕྲལ་དུ་ཕན་ཡང་ཕུགས་སུ་གནོད་ན་མི་སྦྱིན་ནོ། །གཉིས་པ་ཕྱི་ནང་གི་དངོས་པོ་གཏོང་མི་གཏོང་གཉིས་ལས། དང་པོ་ལ་ནང་གི་དངོས་པོ་མི་གཏོང་བའི་ཚུལ་ཤེས་ན་གཏོང་བ་ཡང་ཤེས་པར་འགྱུར་བས་འདི་ལ་གསུམ་ལས། དུས་ཀྱི་སྒོ་ནས་མི་གཏོང་བ་དང་། དགོས་པའི་སྒོ་ནས་མི་གཏོང་བ་དང་། སློང་བ་པོའི་སྒོ་ནས་མི་གཏོང་བའོ། །དང་པོ་ནི། བྱང་སེམས་ཀྱིས་དུས་ལ་བབས་ན་ལུས་ལ་སོགས་པ་ཐམས་ཅད་གཏོང་དགོས་མོད། སྙིང་རྗེ་ཆེན་པོའི་བསམ་པ་མ་རྒྱས་ཀྱི་བར་ལུས་ལྟ་བུ་བཏོང་པར་མི་བྱའོ། །གཉིས་པ་ནི། ལུས་གཏོང་ཡང་དགོས་པ་ཆུང་ངུའི་ཕྱིར་མི་གཏོང་ངོ་། །གསུམ་པ་ནི། མི་མིན་བདུད་རིགས་སོགས་ཀྱིས་ཐོ་འཚམ་པས་སློང་བ་ལ་མི་སྦྱིན་ནོ། །དེ་ལྟ་བུའི་དགག་བྱ་མེད་ན་ལུས་ལྟ་བུའང་སྦྱིན་པར་བྱའོ། །གཉིས་པ་ཕྱིའི་དངོས་པོ་གཏོང་མི་གཏོང་བཤད་པ་ལ་གཉིས་ལས། ཕྱིའི་དངོས་པོ་མི་གཏོང་བ་དང་། གཏོང་བའི་ཚུལ་ལོ། །དང་པོ་ལ་ལྔ་སྟེ། དུས་ཀྱི་སྒོ་ནས་དང་། ཡུལ་གྱི་སྒོ་ནས་དང་། རྟེན་གྱི་སྒོ་ནས་དང་། དངོས་པའི་སྒོ་ནས་དང་། དགོས་པའི་སྒོ་ནས་སྦྱིན་དུ་མི་རུང་བའི་ཚུལ་ལོ། །དང་པོ་ནི། དཔེར་ན། ཕྱི་དྲོའི་དུས་སུ་རབ་བྱུང་བསྙེན་རྫོགས་ལྟ་བུ་ལ་ཕྱི་དྲོའི་ཁ་ཟས་མི་སྟེར་བ་ལྟ་བུའོ། །གཉིས་པ་ནི། སྡོམ་བརྩོན་ལ་ཆང་དང་སྒོག་བཙོང་མི་ཤ་དང་མི་གཙང་བས་བསྒོས་པའི་ཟས་སྐོམ་དང་མི་འཕྲོད་པའི་རིགས་མི་སྟེར་བའོ། །གསུམ་པ་ནི། གླགས་འཚོལ་བ་དང་ཚོང་བར་འདོད་པ་ལ་གླེགས་བམ་ཡང་མི་སྦྱིན་པ་སོགས་མང་ངོ་། །བཞི་པ་ནི། གཞན་ལ་ཚེ་འདི་དང་ཕྱི་མར་གནོད་པའི་རྐྱེན་དུ་འགྱུར་བར་ཤེས་སམ་དོགས་ན་དུག་དང་མཚོན་ལ་སོགས་པ་མི་སྦྱིན་ནོ། །ལྔ་པ་ནི། གཞན་ལ་འདི་ཕྱི་གང་རུང་དུ་གནོད་པར་འགྱུར་བ་གང་ཡིན་ཀྱང་མི་སྦྱིན་ནོ། །གཉིས་པ་གཏོང་བའི་ཚུལ་ནི་བཞིན་མདངས་འཛུམ་པ་སོགས་ཀྱི་སྒོ་ནས་སྔར་བཤད་པའི་དགག་བྱ་དེ་ལྟ་བུ་མེད་པ་དང་བསྟུན་ནས་སྦྱིན་ཞིང་། དུས་གཅིག་ཏུ་སློང་བ་པོ་དུ་མ་བྱུང་བའི་ཚེ་ཀུན་ལ་འདང་བ་མེད་ན་སྔར་འོང་བ་ལ་སྦྱིན་ལ། ཟང་ཟིང་ཡིན་ན་དབུལ་འབྱོར་གཉིས་ལས་དབུལ་པ་ལ་སྦྱིན་པ་དང་གཞན་ལ་ཐབས་ཀྱིས་གོ་བར་བྱའོ། །གླེགས་བམ་ཡིན་ན་དད་ཅིང་རྣམ་དཔྱོད་དང་ཤེས་འདོད་ཆེ་བ་ལྟ་བུ་ལ་སྦྱིན་ནོ། །གཉིས་པ་གཏོང་མི་ནུས་ན་ཇི་ལྟར་བྱ་བ་ནི། དངོས་པོ་འདི་དག་གིས་བདག་འདོར་ཞིང་འཛད་པར་འགྱུར་བ་འདི་ལ་སེར་སྣ་ཀུན་ཏུ་བསྟེན་ན་ཉེས་དམིགས་ཆེའོ་སྙམ་དུ་བསམས་ཏེ་གཏོང་བ་ལ་བློ་ཁ་ཕྱོོགས་པར་བྱེད་ལ། གལ་ཏེ་མི་ནུས་ན་ནི་ཐབས་ཀྱིས་བཤད་སྦྱངས་བྱས་ནས་མི་སྟེར་ན་མ་གཏོགས། ཚིག་རྩུབ་པོས་བཟློག་ཏུ་མི་རུང་ངོ་། །སྦྱིན་ནུས་མི་ནུས་གང་ཡིད་ཀྱང་རང་གི་ཡོ་བྱད་ཐམས་ཅད་ནི་སངས་རྒྱས་བྱང་སེམས་སོགས་ལ་འབུལ་ཞིང་དེ་དག་གི་ཡིན་པའི་འདུ་ཤེས་བསྐྱེད་ན་ཕན་ཡོན་ཆེ་བ་དང་ཐབས་ལ་མཁས་པར་གསུངས་སོ། །གསུམ་པ་སྦྱིན་པའི་གེགས་ཀྱི་གཉེན་པོ་བསྟེན་པ་ལ་གེགས་ནི་བཞི་སྟེ། མ་གོམས་པ་དང་། རྒུད་པ་དང་། ཆགས་པ་དང་། འབྲས་བུ་མ་མཐོང་བའོ། །དང་པོའི་གཉེན་པོ་ནི་སྔོན་སྦྱིན་པ་ལ་མ་གོམས་པས་སྦྱིན་པ་གཏོང་མི་ནུས་པ་ཡིན་པས་ད་ལྟ་གོམས་པའི་ཆེད་དུ་སྦྱིན་པ་སྦྱིན་པའོ། །གཉིས་པའི་གཉེན་པོ་ནི་སྔོན་སྦྱིན་པ་མ་བཏང་བས་ད་ལྟ་དབུལ་བར་གྱུར་ལ་དེའི་ཕྱིར་ད་ལྟ་ཅུང་ཟད་ཡོད་པ་འདི་སྦྱིན་པར་བཏང་བར་བྱའོ་སྙམ་པའོ། །གསུམ་པའི་གཉེན་པོ་ནི་སྔོན་ནས་ད་བར་ཡོ་བྱད་ལ་ཆགས་པའི་རྐྱེན་གྱིས་སྡུག་བསྔལ་བར་གྱུར་པས་དེའི་ཕྱིར་ཆགས་པ་སྤངས་ཏེ་དངོས་པོ་དེ་སྦྱིན་པར་བྱེད་པའོ། །བཞི་པ་ནི་སྦྱིན་པ་བཏང་བ་ལ་འབྲས་བུ་ལོངས་སྤྱོད་དང་བྱང་ཆུབ་ཀྱང་འབྱུང་བར་བསམས་ཏེ་བཏང་བའི་དགེ་བ་རྫོགས་བྱང་དུ་བསྔོ་བའོ། །གཉིས་པ་བསམ་པ་ཙམ་གྱི་སྦྱིན་པ་ནི། བསམ་པ་ཐག་པ་ནས་སྦྱིན་བྱའི་དངོས་པོ་སྣ་ཚོགས་པ་དཔག་ཏུ་མེད་པ་རྟོག་པས་སྦྲུལ་ནས་སེམས་ཅན་རྣམས་ལ་སྦྱིན་པར་མོས་པའི་བསམ་པ་གོམས་པར་བྱེད་དོ། །བཞི་པ་དེ་དག་གི་དོན་བསྡུ་བ་ནི། སེམས་བསྐྱེད་པ་གཞིར་བྱས་ཏེ་ས་མཐོན་པོའི་སྦྱིན་པ་སྟེར་དཀའ་བ་རྣམས་སྨོན་ཡུལ་དུ་བྱེད་པ་དང་། སེར་སྣའི་གཉེན་པོ་བསྟེན་ཅིང་གཏོང་བའི་བློ་ཇེ་རྒྱས་སུ་འགྱུར་བའི་ཚུལ་ལ་འབད་ཅིང་བྱང་ཆུབ་ཏུ་སྨོན་པ་དང་བསྔོ་བ་དམ་པའོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་ལྔ། ཚུལ་ཁྲིམས་ཀྱི་ངོ་བོ། །དེ་ལ་འཇུག་པའི་ཐབས། ཚུལ་ཁྲིམས་ཀྱི་རབ་དབྱེ། བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དོན་བསྡུ་བའོ། །དང་པོ་ནི། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ཡིད་ཕྱིར་ཕྱོགས་པའི་སྤོང་སེམས་ནི་ཚུལ་ཁྲིམས་སོ། །གཉིས་པ་ནི། ཚུལ་ཁྲིམས་མ་བསྲུང་ན་ངན་འགྲོར་ལྟུང་བར་འགྱུར་བས་ཚུལ་ཁྲིམས་བསྲུང་པ་ལ་འབད་དགོས་ཤིང་། ཚུལ་ཁྲིམས་ཀྱི་ཕན་ཡོན་ལ་ནི་མངོན་མཐོ་ངེས་ལེགས་གཉིས་ཏེ་གཞན་དུ་ཤེས་པར་བྱའོ། །གསུམ་པ་རབ་དབྱེ་ལ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དང་པོ་ནི། ཀུན་སློང་དང་བཅས་པའི་དབང་དུ་བྱས་ན་མི་དགེ་བ་བཅུ་སྤོང་བའི་སྤོང་བ་བཅུ་ཡིན་ལ། རང་གི་ངོ་བོའི་སྒོ་ནས་ནི་ལུས་ངག་གི་བདུན་ནོ། །སྡོམ་པའི་དབང་དུ་བྱས་ན་ཁྱིམ་པ་དང་རབ་བྱུང་གི་སྡོམ་པ་དངོས་དང་དེ་དག་དང་ཐུན་མོང་པའི་སྤོང་སྡོམ་རྣམས་ནི་ཚུལ་ཁྲིམས་སོ། །གཉིས་པ་དགེ་བ་ཆོས་སྡུད་ནི། ཕྱིན་དྲུག་སོགས་ཀྱི་དགེ་བ་ལ་དམིགས་ནས་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་ཟིན་གནས་པ་དང་གོང་དུ་སྤེལ་བར་བྱེད་པའོ། །གསུམ་པ་སེམས་ཅན་དོན་བྱེད་ནི། དོན་བྱ་བ་བཅུ་གཅིག་གི་སྒོ་ནས་སེམས་ཅན་དེ་དང་དེའི་དོན་ཇི་ལྟར་རིགས་པར་སྒྲུབ་པར་བྱེད་པའོ། །དེ་དག་གི་རྣམ་གཞག་རྒྱས་པར་ནི་རྗེས་བྱང་སའི་ཚུལ་ཁྲིམས་ཀྱི་ལེའུའི་རྣམ་བཤད་དུ་རྒྱས་པར་བཤད་དེ་ངོ་མཚར་ཆེ་བར་སྣང་ངོ་། །བཞི་པ་ཇི་ལྟར་བསྒྲུབ་པ་ནི། དམ་པ་དྲུག་ལྡན་དང་ཕར་ཕྱིན་དྲུག་ལྡན་དུ་བསྒྲུབ་པར་བྱ་སྟེ་དམ་པ་དྲུག་ལྡན་ནི་སྔར་ལྟར་རོ། །ལྔ་པ་དོན་བསྡུ་བ་ནི། སྦྱིན་པའི་རྟེན་སེམས་བསྐྱེད་གཞིར་བཟུང་ནས་ཚུལ་ཁྲིམས་སོགས་ལ་འཇུག་ཅིང་སེམས་ཅན་ཀུན་ལ་གནོད་པ་ལས་ལྡོག་པ་དགོས་ལ། ས་མཐོན་པོའི་ཚུལ་ཁྲིམས་རྣམས་ཉམས་སུ་ལེན་པའི་སྨོན་ལམ་དང་ཁྱད་པར་དུ་མི་དགེ་པ་བཅུ་ལ་སོགས་པ་བཅས་རང་གི་ཁ་ན་མཐོ་བ་རྣམས་ལ་ཉིད་རེ་བཞིན་སྡོམ་སེམས་མང་དུ་བྱའོ། །གསུམ་པ་བཟོད་པའི་ཕར་ཕྱིན་ལ་ལྔ། ངོ་བོ་དང་། འཇུག་ཐབས་དང་། རབ་དབྱེ་དང་། བསྒྲུབ་ཚུལ་དང་། དོན་བསྡུ་བའོ། །དང་པོ་ནི་། གནོད་པ་ལ་ཇི་མི་སྙམ་པ་དང་སྡུག་བསྔལ་དང་དུ་ལེན་པ་དང་ཆོས་ལ་ངེས་པར་སེམས་པ་ལ་མོས་པ་ཤིན་ཏུ་བརྟན་པ་གང་རུང་ངོ་། །གཉིས་པ་ནི། བཟོད་པའི་ཕན་ཡོན་དང་མི་བཟོད་པའི་ཉེས་དམིགས་བསམས་པའི་སྒོ་ནས་བྱེད་པའོ། །དེ་ལ་ཕན་ཡོན་མང་དུ་ཡོད་ཀྱང་བསྡུ་ན་དགྲ་མི་མང་བ་དང་ཡིད་བདེ་བར་གནས་པ་དང་དགེ་རྩ་མི་འཇིག་པ་དང་གཟུགས་བཟང་བར་འགྱུར་བ་དང་། ལྷ་མིའི་གོ་འཕང་ཐོབ་ཅིང་སངས་རྒྱས་སུ་འགྱུར་བ་སོགས་སོ། །ཉེས་དམིགས་ནི་སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །ཞེས་དང་། ཁྱད་པར་དུ་བྱང་སེམས་སོགས་ཡུལ་མཆོག་ལ་ཁྲོས་ན་ཉེས་དམིགས་ཤིན་ཏུ་ཆེ་སྟེ། དེ་ཉིད་ལས། ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་ཤིང་། དབུ་མ་འཇུག་པ་ལས། མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྒྱུར་བར་བྱེད། །ཅེས་གསུངས་པ་ལྟ་བུ་མང་བས་ཉེས་པ་ཤིན་ཏུ་ཆེ་བའི་ཚུལ་བསམས་ཏེ་བཟོད་པ་སྒོ་དུ་མ་ནས་བསྒོམ་པར་བྱའོ། །གསུམ་པ་རབ་དབྱེ་ལ་གསུམ། གནོད་བྱེད་ལ་ཇི་མི་སྙམ་པ་དང་། སྡུག་བསྔལ་དང་ལེན་དང་། ཆོས་ལ་ངེས་སེམས་ཀྱི་བཟོད་པའོ། །དང་པོ་བསྐྱེད་པ་ལ་གཉིས། གནོད་པ་བྱས་པ་ལ་མི་བཟོད་པ་དགག་པ་དང་། གནོད་བྱེད་འབྱོར་རྒུད་ལ་དགའ་མི་དགའ་དགག་པའོ། །དང་པོ་ལ་གཉིས། བདེ་བའི་གེགས་དང་སྡུག་བསྔལ་བར་བྱས་པ་མི་བཟོད་པ་དགག་པ་དང་། བཀུར་སྟི་སོགས་ཀྱི་གེགས་བྱས་པ་སོགས་ལ་མི་བཟོད་པ་དགག་པའོ། །དང་པོ་ལ་གཉིས། ཁྲོ་མི་རིགས་པ་དང་། བརྩེ་རིགས་པར་བསྟན་པའོ། །དང་པོ་ལ་གསུམ། ཡུལ་དང་ཡུལ་ཅན་དང་རྟེན་ལ་བརྟགས་ནས་དགག་པའོ། །འདི་དག་རྒྱས་པར་བཤད་ན་མང་བར་འགྱུར་བས། མཚོན་ཙམ་ཞིག་བརྗོད་པར་བྱ་སྟེ། དང་པོ་ནི། གནོད་བྱེད་ཀྱི་ཡུལ་ལ་ཁྲོ་མི་རིགས་ཏེ། གནོད་བྱེད་ཀྱིས་གནོད་པ་བྱེད་པ་དེ་གནོད་བྱེད་ལ་རང་དབང་མེད་པའི་ཕྱིར་ཏེ། དེས་གནོད་པ་བྱེད་པ་དེ་ཉོན་མོངས་པའི་དབང་གིས་ཡིན་པས་རང་དབང་མེད་བར་སོང་བའི་ཕྱིར་ཏེ། དངོས་རྒྱུ་ལ་ཁྲོ་ན་ནི་དབྱུག་པ་སོགས་ལ་ཁྲོ་མི་དགོས་པ་དང་། དང་པོའི་རྒྱུ་ལ་ཁྲོ་ན་ཉོན་མོངས་ལ་ཁྲོ་དགོས་ཤིང་རང་གིས་སྔོན་བྱས་པའི་ལས་ལའང་ཁྲོ་རིགས་པའི་ཕྱིར་ཏེ། དེས་གནོད་པ་ཉོན་མོངས་དང་རང་གི་ལས་ཀྱིས་ཀྱང་བསྐྱེད་པའི་ཕྱིར་རོ་སྙམ་དུ་བསམ་མོ། །ཡུལ་ཅན་ལ་བརྟགས་ན་ཁྲོ་མི་རིགས་ཏེ། གནོད་བྱེད་ལ་ཁྲོ་བ་ནི་ཚོར་བ་སྡུག་བསྔལ་གྱི་རྒྱུ་ཡིན་པས་ད་ལྟ་སྡུག་བསྔལ་ཆུང་ངུ་དེ་ཙམ་ཡང་མི་བཟོད་ན་ངན་འགྲོའི་སྡུག་བསྔལ་ཆེན་པོ་ཇི་ལྟར་བཟོད་སྙམ་དུ་ཁྲོ་བ་དགག་དགོས་པའི་ཕྱིར་ཏེ། མི་འགོག་ན་ཕྱི་མ་ལ་ཁོང་ཁྲོའི་རྣམ་སྨིན་སྡུག་བསྔལ་ཆེས་བཟོད་པར་དཀའ་བ་འབྱུང་བའི་ཕྱིར་སྙམ་དུ་བསམ་མོ། །རྟེན་ལ་བརྟགས་ན་ཁྲོ་མི་རིགས་ཏེ། ལུས་འདི་སྡུག་བསྔལ་འབྱུང་བའི་གཞི་ཡིན་པའི་ཕྱིར་ཏེ། འདི་ཐོག་ལ་མི་འཕྲོད་པའི་རྐྱེན་ཅི་བྱུང་ཡང་སྡུག་བསྔལ་བསྐྱེད་པའི་ཕྱིར་སྙམ་དུ་བསམས་ཏེ་ལུས་ལ་སྐྱོན་དུ་བལྟའོ། །གཉིས་པ་བརྩེ་བར་བྱ་རིགས་པ་ནི། གནོད་བྱེད་ལ་མི་ཁྲོ་བར་མ་ཟད་བརྩེ་བར་བྱར་རིགས་ཏེ། སེམས་ཅན་ཐམས་ཅད་ལས་རང་གི་ཕ་མར་མ་གྱུར་པ་མེད་པས་དཔེར་ན་ཕ་མ་གདོན་གྱིས་ཟིན་ནས་རང་ལ་གནོད་པ་བྱས་བྱུང་ན་དེའི་གནོད་ལན་མི་བྱེད་པར་བརྩེ་བར་བྱ་བ་བཞིན་ཡིན་པའི་ཕྱིར་ཏེ། གནོད་བྱེད་ཀྱང་ཉོན་མོངས་པའི་གདོན་གྱིས་ཟིན་ནས་དབང་མེད་པའི་ཕྱིར་སྙམ་དུ་བསམ་པར་བྱའོ། །གཉིས་པ་ནི། བཀུར་སྟི་དང་བསྟོད་པ་སོགས་ཀྱི་གེགས་བྱས་པ་ལ་ཁྲོ་མི་རིགས་ཏེ། བཀུར་སྟི་དང་བསྟོད་པ་སོགས་ལ་ཆགས་ནས་ཁྲོ་བ་ནི་ངན་འགྲོར་ལྟུང་བའི་རྒྱུ་ཡིན་པའི་ཕྱིར། སྨོད་ཅིང་བརྙས་པ་སོགས་ལའང་ཁྲོ་མི་རིགས་ཏེ། དེ་དག་ལ་བརྩི་བ་མེད་པར་མི་དགའ་ཞིང་ཁྲོ་བའང་ངན་འགྲོའི་རྒྱུ་ཡིན་པའི་ཕྱིར་སྙམ་དུ་བསམ་མོ། །གཉིས་པ་ནི། དགྲ་འབྱོར་བ་ལ་མི་དགའ་ཞིང་རྒུད་པ་ལ་དགའ་མི་རིགས་ཏེ། སེམས་ཅན་གཞན་ལ་རང་གི་བསོད་ནམས་ཀྱི་མཐུས་བྱུང་བའི་འབྱོར་བ་ལ་མི་བཟོད་པའི་ཕྲག་དོག་ནི་རང་ཉིད་དམན་པར་སྐྱེ་བའི་རྒྱུ་ཡིན་ཕྱིར་དང་སེམས་ཅན་ཐབས་ཅད་ལ་གཏན་བདེ་སྦྱིན་པར་དམ་བཅས་པ་དང་དེའི་འབྱོར་བ་ལ་ཕྲག་དོག་བྱེད་པ་ཆེས་ཤིན་ཏུ་འགལ་པའི་ཕྱིར་རོ། དགྲ་ལ་སྡུག་བསྔལ་བྱུང་ན་དགའ་བ་གཏན་མི་རུང་སྟེ་དེ་ལ་དགའ་བས་རང་ལ་མི་ཕན་ཅིང་གནོད་པའི་ཕྱིར་ཏེ། བློ་དེ་ལྟ་བུས་སྙིང་རྗེ་ཉམས་ཤིང་ངན་འགྲོར་ལྟུང་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བུ་ནི་བསམ་པ་ངན་པ་ཆེན་པོ་ཡིན་པའི་ཕྱིར་སྙམ་དུ་བསམས་པ་ལ་ཁྲོ་བ་དགག་པར་བྱའོ། །གཉིས་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་ལ་གསུམ། རྒྱུ་མཚན་དང་། བསྐྱེད་པའི་ཐབས་དང་། གཞིའི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། སྡུག་བསྔལ་ཆེ་ཆུང་གང་བྱུང་ཡང་ལམ་དུ་འཁྱེར་ཤེས་དགོས་ཏེ། འཁྱེར་མི་ཤེས་ན་སེམས་ཁྲེལ་གྱི་སྡུག་བསྔལ་ལྷག་མ་བསྣན་ནས་སྡུག་བསྔལ་ཆེ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས། སྡུག་བསྔལ་ལ་གཅིག་ཏུ་མི་དགའ་བ་དགག་པ་དང་། སྡུག་བསྔལ་དེ་དང་དུ་བླང་བར་འོས་པའོ། །དང་པོ་ནི། སྡུག་བསྔལ་དེ་ལ་གཅིག་ཏུ་མི་དགའ་བ་བྱར་མི་རིགས་ཏེ། དེ་བཅོས་སུ་ཡོད་ན་ནི་འཆོས་པ་ལས་འཇུག་པར་རིགས་ཤིང་བཅོས་སུ་མེད་ན་ནི་མི་དགའ་བར་བྱས་ཀྱང་སྡུག་བསྔལ་བ་ལས་ཕན་པ་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ལ་གསུམ། སྡུག་བསྔལ་གྱི་ཡོན་ཏན་བསམ་པ་དང་། དེ་ལ་བཟོད་པའི་ཡོན་ཏན་བསམ་པ་དང་། གོམས་ན་མི་དཀའ་བའོ། །དང་པོ་ནི། སྡུག་བསྔལ་ལ་ཡོན་ཏན་ལྔ་ཡོད་དེ། སྡུག་བསྔལ་ཡོད་ན་ངེས་འབྱུང་སྐྱེ་བ་དང་། དྲེགས་པ་འཇིག་པ་དང་། སྡིག་ལ་འཛེམ་པ་དང་། དགེ་བ་བསྒྲུབ་པ་ལ་དགའ་བ་དང་། གཞན་ལ་སྙིང་རྗེ་སྐྱེ་བ་རྣམས་འབྱུང་བའི་ཡོན་ཏན་ཡོད་པའི་ཕྱིར། གཉིས་པ་ལ་གཉིས། དོན་ཆེ་བའི་ཕན་ཡོན་དང་། སྡུག་བསྔལ་གཞན་ཟློག་པའི་ཕན་ཡོན་ནོ། །དང་པོ་ནི། སྡུག་བསྔལ་ཅི་བྱུང་ཡང་དང་དུ་བླང་བར་རིགས་ཏེ། སྔོན་དགོས་པ་ཆུང་ངུ་དང་འདོད་པ་ཅུང་ཟད་རེའི་ཕྱིར་དུའང་སྡུག་བསྔལ་ཆེན་པོ་དང་རྒྱུན་རིང་བ་དང་མང་པོ་མྱོང་བར་གྱུར་ཀྱང་དོན་མེད་ཅིང་། ད་རེས་སྡུག་བསྔལ་འདི་སྔོན་ལས་ཀྱི་འབྲས་བུ་ངན་པ་འཛད་པའི་རྒྱུར་འགྱུར་བས་ངེས་པར་དང་དུ་བླང་འོས་པའི་ཕྱིར་རོ། །དེར་མ་ཟད། སེམས་ཅན་གཞན་ཀུན་གྱི་སྡུག་བསྔལ་རྣམས་ཀྱང་འདི་ཐོག་ཏུ་ལེན་རིགས་ཏེ་བླངས་ན་ནི་ཕན་ཡོན་དཔག་མེད་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། སྡུག་བསྔལ་འདི་མྱོང་བ་ལ་མི་འདོད་པ་མེད་ཅིང་དང་དུ་བླངས་ན་ཕྱི་མའི་སྡུག་བསྔལ་དཔག་མེད་ཀྱང་བཟློག་པར་འགྱུར་ཏེ། སྡུག་བསྔལ་ཆུང་ངུ་འདིས་སྤྱིར་འཁོར་བའི་སྡུག་བསྔལ་མང་པོ་དང་ངན་སོང་གི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་འགྱུར་རྣམས་དག་པར་འགྱུར་བའི་ཕྱིར་ རོ། །མདོར་ན་སངས་རྒྱས་ཐོབ་པའི་ཆེད་དུ་དམིགས་ནས་གནོད་པ་ལ་ཇི་མི་སྙམ་པ་དང་། སྡུག་བསྔལ་དང་ལེན་གྱི་བཟོད་པ་བསྒོམ་པར་བྱ་སྟེ། སྡུད་པ་ལས། སེམས་དམྱལ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་མང་། །འདོད་པའི་ཡོན་ཏན་རྒྱུ་ཡིས་དབང་མེད་གནོད་མྱོང་ན། །བྱང་ཆུབ་ཆེད་དུ་ཅི་ཕྱིར་དེ་བཟོད་མི་བྱ་སྙམ། །ཞེས་པ་ནས། འཇིག་རྟེན་སྡུག་བསྔལ་ཇི་སྙེད་བདག་གིས་བཟོད་སྙམ་པ། །བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཕྱིན་ལ་གནས། །ཞེས་གསུངས་པ་ལྟར་བསམ་མོ། །དེས་ན་སྡུག་བསྔལ་འདི་ནི་བདག་ལ་ཕན་འདོག་པའོ་སྙམ་དུ་བསམ་མོ། །གསུམ་པ་ནི། སྡུག་བསྔལ་དང་ལེན་འདི་གོམས་ན་མི་དཀའ་སྟེ། སྔོན་ནས་གོམས་པའི་དབང་གིས་སེམས་ཅན་ཀུན་གྱིས་ཀྱང་སྡུག་བསྔལ་ལ་བདེ་བར་འདུ་ཤེས་བྱེད་པ་ལྟར། སྡུག་བསྔལ་དང་ལེན་གོམས་ན་བདེ་བའི་འདུ་ཤེས་འབྱུང་བའི་ཕྱིར་རོ། །གསུམ་པ་གཞིའི་སྒོ་ནས་བཤད་པ་ལ་བརྒྱད་དེ། གནས་ལ་བརྟེན་པ་དང་། འཇིག་རྟེན་གྱི་ཆོས་དང་། སྤྱོད་ལམ་དང་། ཆོས་ཡོངས་སུ་འཛིན་པ་དང་། སློང་མོས་འཚོ་བ་དང་། མངོན་པར་བརྩོན་པས་དུབ་པ་དང་། གཞན་དོན་བྱེད་པ་དང་། འཕྲལ་གྱི་བྱ་བ་རྣམས་ཏེ་དེ་དག་ལ་བརྟེན་ནས་སྡུག་བསྔལ་བྱུང་བ་རྣམས་དང་དུ་ལེན་དགོས་པའི་ཕྱིར་རོ། །གསུམ་པ་ཆོས་ལ་ངེས་སེམས་ཀྱི་བཟོད་པ་བསྐྱེད་པ་ལ་མོས་པའི་ཡུལ་ལ་བརྒྱད་དེ། དང་བའི་ཡུལ་དཀོན་མཆོག་གསུམ་དང་། མངོན་དུ་བྱ་བའི་ཡུལ་བདག་མེད་པའི་དེ་ཁོ་ན་ཉིད་དང་། འདོད་པའི་ཡུལ་སངས་རྒྱས་བྱང་སེམས་སོགས་ཀྱི་མཐུ་ཆེན་པོ་དང་། བླང་དོར་གྱི་ཡུལ་ལེགས་ཉེས་རྒྱུ་འབྲས་དང་བཅས་པ་གཉིས་དང་། བསྒོམ་པའི་ཡུལ་ཐོབ་བྱའི་བྱང་ཆུབ་ཐོབ་བྱེད་དང་བཅས་པ་དང་། ཐོས་བསམ་གྱི་ཡུལ་གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་དང་། མོས་པའི་ཡུལ་ནི་ཡུལ་དེ་དག་ཇི་ལྟར་ཡིན་པ་ལ་ངེས་པ་རྙེད་པ་སྟེ་དེ་རྣམས་ལ་ཡང་ཡང་སེམས་པ་དགོས་པའི་ཕྱིར་རོ། །བཞི་པ་བསྒྲུབ་ཚུལ་ནི་དམ་པ་དྲུག་ལྡན་དང་ཕར་ཕྱིར་དྲུག་ལྡན་གྱིས་བྱའོ། །ལྔ་པ་དོན་བསྡུ་བ་ནི། སེམས་བསྐྱེད་གཞིར་བཟུང་སྟེ་ས་མཐོན་པོའི་བཟོད་པ་ཆེན་པོ་རྣམས་སྨོན་ཡུལ་དུ་བྱེད་ཅིང་། ལས་དང་པོ་པའི་བཟོད་པ་རྣམས་ལ་ནུས་པ་ཅི་ཐུབ་ཀྱིས་བསླབ་བར་བྱའོ། །བཞི་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་ལྔ། བརྩོན་འགྲུས་ཀྱི་ངོ་བོ། འཇུག་པའི་ཐབས། དབྱེ་བ། ཇི་ལྟར་བསྒྲུབ་པ། དོན་བསྡུ་བའོ། །དང་པོ་ནི། དགེ་བའི་དམིགས་པ་ལ་སེམས་མངོན་པར་སྤྲོ་བའོ། །གཉིས་པ་ནི། བརྩོན་འགྲུས་བརྩམས་པའི་ཕན་ཡོན་དང་མ་བརྩམས་པའི་ཉེས་དམིགས་སེམས་པ་སྟེ། དེ་ཡང་མདོར་བསྡུ་ན་བརྩོན་འགྲུས་བྱས་པའི་ཕན་ཡོན་ཡོད་དེ། སྤྱིར་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་བྱེད་ཅིང་འབྱུང་བ་ལ་བརྩོན་འགྲུས་དགོས་ཤིང་། ཁྱད་པར་དུ་ཕྱི་མའི་དོན་ཁྱད་པར་ཅན་འགྲུབ་པ་ལ་བརྩོན་འགྲུས་དགོས་པའི་ཕྱིར་ཏེ། དཔལ་ལྡན་ཟླ་བས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། །ཞེས་གསུངས་པས་མཚོན་ཏེ་མང་ལ། བརྩོན་འགྲུས་མེད་པའི་ལེ་ལོ་ཆེན་པོ་ཅན་ལ་ནི་དོན་གཉིས་གང་ཡང་འབྱུང་དཀའ་བའི་ཕྱིར་ཏེ། དྲན་པ་ཉེར་གཞག་ལས། གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་དབྱེ་བ་ལ་གཉིས། དབྱེ་བ་དངོས་དང་། བསྐྱེད་པའི་ཐབས་སོ། །དང་པོ་ལ་གསུམ་སྟེ། གོ་ཆ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་སོ། །དང་པོ་ནི། སེམས་ཅན་རེ་རེའི་སྡུག་བསྔལ་སེལ་བའི་ཕྱིར་དུའང་བསྐལ་པ་ཆེན་པོ་གྲང་མེད་པའི་བར་དམྱལ་བར་གནས་དགོས་ཀྱང་སངས་རྒྱས་ཐོབ་པའི་ཆེད་དུ་མི་སྐྱོ་ན་དུས་ཐུང་དང་སྡུག་བསྔལ་ཆུང་ངུས་ལྟ་ཅི་སྨོས་སྙམ་པ་ལྟ་བུའི་སེམས་ཀྱི་གོ་ཆ་ཆེན་པོ་བགོ་བ་སྟེ། དེ་ལྟ་བུའི་གོ་ཆ་དང་ལྡན་ན་མྱུར་དུ་འཚང་རྒྱ་བར་འགྱུར་བ་ཡིན་གྱི། སེམས་ཅན་གྱི་དོན་རྒྱ་ཆེན་པོ་དང་ཡུན་རིང་དུ་བསྒྲུབ་པ་ལ་ཞུམ་ཞིང་སྒྱིད་ལུག་སྟེ་མྱུར་དུ་འཚང་རྒྱ་བར་འདོད་ན་མྱུར་དུ་འཚང་མི་རྒྱ་བར་མ་ཟད་ཆེས་ཡུན་རིང་དུ་འགྱུར་བར་གསུངས་པའི་ཕྱིར་རོ། །གཉིས་པ་དགེ་བ་ཆོས་སྡུད་ནི། ཕྱིན་དྲུག་ཡང་དག་པར་འགྲུབ་པར་འགྱུར་བའི་ཕྱིར་བརྩོན་པའོ། །གསུམ་པ་སེམས་ཅན་དོན་བྱེད་ནི། དོན་བྱ་བ་བཅུ་གཅིག་ལ་ཇི་ལྟར་རིགས་པར་བརྩོན་པའོ། །གཉིས་པ་བརྩོན་འགྲུས་བསྐྱེད་པའི་ཐབས་ལ་བཞི། འགལ་རྐྱེན་མི་མཐུན་ཕྱོགས་སྤོང་བ་དང་། བརྩོན་འགྲུས་བྱེད་པ་ལྷུར་ལེན་པ་དང་། དེ་ལས་ལུས་སེམས་ལས་རུང་དུ་བྱ་ཚུལ་ལོ། །དང་པོ་ལ་གཉིས། ལམ་བསྒྲུབ་ནུས་པར་མཐོང་ཡང་མི་འཇུག་པ་དང་། དེ་བདག་འདྲ་བས་མི་ནུས་སོ་སྙམ་ནས་ཞུམ་སྟེ་མི་འཇུག་པའོ། །དང་པོ་ལ་གཉིས་ཏེ་དབྱེ་བ་དང་། སྤོང་ཐབས་སོ། །དང་པོ་ལ་གཉིས་ཏེ། ཕྱི་བཤོལ་གྱི་ལེ་ལོ་དང་། བྱ་བ་དམན་པ་ལ་ཆགས་པའི་ལེ་ལོའོ། །གཉིས་པ་དེ་སྤོང་བའི་ཐབས་ནི། འདི་ལ་གསུམ་སྟེ་ལུས་འདི་མྱུར་དུ་འཇིག་པ་དང་ཤི་ནས་ངན་འགྲོར་ལྟུང་བ་དང་སླར་རྟེན་བཟང་པོ་རྙེད་དཀའ་བར་བསམ་པའོ། །གཉིས་པ་སྤོང་ཚུལ་ནི་དོན་ཆུང་བའི་བྱ་བ་ལ་ཆགས་ནས་དོན་ཆེ་བའི་བྱ་བ་འདོར་བ་ནི་མི་རིགས་ཏེ། ཕྱི་མར་སྡུག་བསྔལ་བསྐྱེད་པའི་རྒྱུ་བྱ་བ་དམན་པ་ལ་ཆགས་ནས་བསམ་བཞིན་དུ་དེ་ལ་གཙོ་བོར་འབད་པ་ནི་རང་ཉིད་བསླུ་བ་ཡིན་པའི་ཕྱིར་སྙམ་དུ་བསམས་ལ་དགག་པར་བྱའོ། །གཉིས་པ་ནི། བྱ་དཀའ་བ་དེ་ལྟ་བུ་བདག་གིས་མི་ནུས་སོ་སྙམ་ནས་སྒྱིད་ལུག་པར་མི་བྱ་སྟེ་དེ་དགག་དགོས་པའི་ཕྱིར་འདི་ལ་གསུམ། ཐོབ་བྱ་དང་། ཐོབ་བྱེད་དང་། གནས་ལ་སྒྱིད་ལུག་པའོ། །དང་པོ་ནི། སངས་རྒྱས་ཐོབ་དཀའོ་སྙམ་ནས་ཞུམ་པར་མི་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་བྱས་ན་སྦྲང་བུ་ཡན་ཆད་ཀྱིས་ཀྱང་སངས་རྒྱས་ཐོབ་ནུས་པར་གསུངས་པས། བདག་ལ་བརྩོན་པ་མེད་པ་མ་གཏོགས་བརྩོན་འགྲུས་དང་ལྡན་ན་བདག་གིས་ཀྱང་སངས་རྒྱས་བསྒྲུབ་ནུས་སོ་སྙམ་དུ་སྤྲོ་བ་ཆེར་བསྐྱེད་ཅིང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་སྔོན་བདག་ཅག་ལྟ་བུ་ཡིན་པ་ཞིག་གིས་དེ་བསྒྲུབ་ནས་སངས་རྒྱས་པ་ཡིན་པས། བདག་གིས་ཀྱང་བསྒྲུབ་པ་ལ་བརྩོན་ན་བསྒྲུབ་ནུས་སོ་སྙམ་སྟེ་ཞུམ་པ་དགག་དགོས་པའི་ཕྱིར་རོ། །གཉིས་པ་ནི། སངས་རྒྱས་བསྒྲུབ་པའི་ཐབས་ལ་བྱ་དཀའ་བ་མང་པོ་དགོས་པས་བདག་གིས་དེ་ལྟ་བུ་མི་ནུས་སོ་སྙམ་དུ་ཞུམ་པར་བྱར་མི་རིགས་ཏེ། བྱ་དཀའ་བའི་གནས་རྣམས་ལ་ཡང་ཆུང་ངུ་ལ་རིམ་གྱིས་གོམས་ན་ཆེ་བ་རྣམས་ཀྱང་བྱ་ནུས་པར་འགྱུར་པའི་ཕྱིར་ཏེ། ཇི་སྐད་དུ། གོམས་ན་སླ་བར་མི་འགྱུར་པའི། །དངོས་དེ་འགའ་འང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། སངས་རྒྱས་བསྒྲུབ་པ་ནི་འཁོར་བར་གནས་ཏེ་སེམས་ཅན་གྱི་དོན་བྱས་ནས་བསྒྲུབ་དགོས་པས་འཁོར་བའི་སྡུག་བསྔལ་མི་བཟོད་དོ་སྙམ་ན་དེ་ཡང་མི་རུང་སྟེ། བྱང་སེམས་རྣམས་འཁོར་བའི་གནས་སུ་བཞུགས་ནས་སེམས་ཅན་གྱི་དོན་སྒྲུབ་པར་མཛད་ཀྱང་འཁོར་བ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་རྟོགས་པ་ལ་བརྟེན་ནས་ལུས་སེམས་ལ་སྡུག་བསྔལ་མེད་ཅིང་བདེ་དགའ་འབྱུང་བའི་ཕྱིར་ཏེ། ཇི་སྐད་དུ། གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་ལ་ཅི་སྟེ་སྐྱོ། ཞེས་དང་། འཕགས་པས་ན་དང་རྒ་བ་དང་། །འཆི་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་མཐུན་རྐྱེན་ལ་བཞི། མོས་པ་དང་། བརྟན་པ་དང་། དགའ་བའི་སྟོབས་དང་། དོར་བའི་སྟོབས་སོ། །དང་པོ་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་ངེས་པ་རྙེད་ནས་སྤང་བླང་བྱེད་པར་མོས་ནས་བརྩོན་པའོ། །གཉིས་པ་ནི། གང་བསྒྲུབ་པ་ལ་རྩོམ་པའི་བརྩོན་འགྲུས་དེ་སླར་མི་ལྡོག་པར་མཐར་ཕྱིན་པར་བྱེད་པའོ། །གསུམ་པ་ནི། དང་པོ་འཇུག་པའི་ཚེ་དགའ་བཞིན་དུ་འཇུག་ཅིང་ཞུགས་ནས་འཕྲོ་གཅོད་མི་འདོད་པ་དང་མི་ཁོམས་པར་སྤྲོ་བར་འཇུག་པའོ། །བཞི་པ་ནི། ཧ་ཅང་བརྩམས་དྲག་ན་ཡིད་སུན་ཅིང་ལུས་སེམས་དུབ་པར་གྱུར་ན་རེ་ཞིག་ངལ་འཚོ་བར་བྱ་སྟེ་གྲིམ་ལྷོད་གཉིས་ཀ་དང་བྲལ་བར་བྱས་ལ་བསྐྱང་བར་བྱའོ། །བཞི་པ་དེ་ལས་ལུས་སེམས་ལས་རུང་དུ་འགྱུར་ཚུལ་ནི། དེ་ལྟར་བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་དུ་བསྐྱངས་པས་གོམས་ན་ལུས་སེམས་དགེ་བ་ལ་བཀོལ་དུ་མི་རུང་པའི་འཚེར་སྣང་ཐམས་ཅད་བཟློག་ནས་དགེ་བ་ལ་སྤྲོ་ཤུགས་ངང་གིས་འབྱུང་བས་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །བཞི་པ་བསྒྲུབ་པའི་ཚེ་དམ་པ་དྲུག་ལྡན་དང་ཕར་ཕྱིར་དྲུག་ལྡན་གྱི་སྒོ་ནས་བྱའོ། །ལྔ་པ་དོན་བསྡུ་བ་ནི། སེམས་བསྐྱེད་པ་གཞིར་བྱས་ཏེ་བརྩོན་འགྲུས་ཆེན་པོ་བྱ་དཀའ་བ་རྣམས་སྨོན་པའི་ཡུལ་དུ་བྱས་ནས་སྦྱོང་ཞིང་། ལས་དང་པོ་པའི་སྐབས་སུ་བྱ་ནུས་པའི་བརྩོན་འགྲུས་རྣམས་ལ་རྩལ་ཅི་ཡོད་ཀྱི་སྒོ་ནས་འབད་ཅིང་བསྒྲུབ་པར་བྱའོ། །ལྔ་པ་བསམ་གཏན་གྱི་ཕར་ཕྱིན་ལ་ལྔ། བསམ་གཏན་གྱི་ངོ་བོ། །འཇུག་ཐབས། དབྱེ་བ། བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དོན་བསྡུ་བའོ། །དང་པོ་ནི། དམིགས་པ་ལས་གཞན་དུ་མི་གཡེང་བར་གནས་པའི་དགེ་སེམས་རྩེ་གཅིག་པའོ། །གཉིས་པ་ནི། བསམ་གཏན་བསྒོམས་པའི་ཕན་ཡོན་དང་མ་བསྒོམས་པའི་ཉེས་དམིགས་སེམས་པ་སྟེ་ཞི་གནས་ཀྱི་སྐབས་སུ་འཆད་དོ་། །གསུམ་པ་དབྱེ་བའི་སྒོ་གཞན་ཡོད་ཀྱང་བྱེད་ལས་ཀྱིས་དབྱེ་བ་གསུམ་སྟེ། ལུས་སེམས་བདེར་གནས་ཀྱི་བསམ་གཏན་དང་། ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་ནོ། །དང་པོ་ནི། ལུས་སེམས་ཀྱི་ཤིང་སྦྱངས་བསྐྱེད་པའི་བསམ་གཏན་ནོ། །གཉིས་པ་ནི། མངོན་ཤེས་རྫུ་འཕྲུལ་སོགས་བསྐྱེད་པ་དང་། གསུམ་པ་ནི། དོན་བྱ་བ་བཅུ་གཅིག་གི་སྒོ་ནས་དོན་བསྒྲུབ་པའི་བསམ་གཏན་ནོ། །བཞི་པ་བསྒྲུབ་པའི་ཚེ་དམ་པ་དྲུག་ལྡན་དང་ཕར་ཕྱིན་དྲུག་ལྡན་དུ་བྱས་ནས་བསྒྲུབ་པར་བྱའོ། །ལྔ་པ་དོན་བསྡུ་བ་ནི། སེམས་བསྐྱེད་གཞིར་བཟུང་བ་ནི་སེམས་ཅན་ཐམས་ཅད་ཟག་མེད་ཀྱི་བསམ་གཏན་ལ་འགོད་པའི་ཕྱིར་དུ་སྐུལ་བྱེད་ཡིན་པས་དེ་བརྟན་པར་བྱ་ཞིང་། ས་མཐོན་པོའི་བསམ་གཏན་རྣམས་སྨོན་ཡུལ་དུ་བྱས་ནས་སྐྱོང་བ་དང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་ཅི་ནུས་སུ་སློབ་པའི་བརྩོན་པ་མི་གཏོང་བར་བྱས་ཏེ་འབད་དགོས་སོ། །དྲུག་པ་ཤེས་རབ་ཀྱི་ཕར་ཕྱིན་ལ་བསླབ་པ་ལ་ལྔ། ཤེས་རབ་ཀྱི་ངོ་བོ། །དེ་བསྐྱེད་པའི་ཐབས། ཤེས་རབ་ཀྱི་དབྱེ་བ། བསྒྲུབ་པའི་ཚེ་ཇི་ལྟར་བྱ་བ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། བརྟགས་པའི་དངོས་པོ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློའོ། །གཉིས་པ་ནི། ཤེས་རབ་བསྐྱེད་པའི་ཕན་ཡོན་དང་མ་བསྐྱེད་པའི་ཉེས་དམིགས་སེམས་པ་སྟེ། ཕན་ཡོན་ནི་མགོན་པོ་ཀླུ་སྒྲུབ་ཀྱིས། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །ཞེས་དང་། སློབ་དཔོན་དཔའ་བོས། སྦྱིན་ལ་སོགས་པའི་བསོད་ནམས་འདི་དག་ནི། །ཤེས་རབ་མགོན་བཅས་ལྷག་པར་མཐུ་ལྡན་གྱུར། །ཞེས་པ་ལྟ་བུ་སྟེ་མང་ལ། མདོར་ན་བླང་དོར་གྱི་གནས་རྣམས་ལེགས་པར་འབྱེད་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པ་ཡང་ཤེས་རབ་ལ་རག་ལས་ཞིང་དེ་གཙོ་བོ་ཡིན་ལ། ཤེས་རབ་བཟང་པོ་མེད་ན་ལེགས་ཉེས་འབྱེད་མི་ནུས་པས་བླང་དོར་གང་ཡིན་མི་ཤེས་པའི་རྨོངས་པའི་དབང་དུ་གྱུར་ཏེ་ཉེས་སྐྱོན་ཐམས་ཅད་བསྐྱེད་པར་བྱེད་དོ། །ཤེས་རབ་བསྐྱེད་པའི་རྒྱུའི་གཙོ་བོ་ནི་ཐོས་པ་ཡིན་ཏེ། ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཞེས་དང་། བསྟེན་འོས་བླ་མ་རིམ་གྲོ་བསྙེན་བཀུར་ཏེ། །ཤེས་རབ་བསྒྲུབ་ཕྱིར་ཐོས་པ་བཙལ་བར་བྱ། །ཞེས་གསུངས་པ་ལྟར་རོ། །བསྒོམས་ནའང་ཐོས་པ་དགོས་ཏེ། སློབ་དཔོན་དཔའ་བོས། ཐོས་ཉུང་དམུས་ལོང་བསྒོམས་པའི་ཚུལ་མི་ཤེས། །དེ་མེད་དེ་གོ་ཅི་ཞིག་བསྒོམ་པར་བྱ། །དེ་བས་ཐོས་ལ་བརྩོན་བྱ་དེ་རྒྱུ་ལས། །བསམས་བཞིན་བསྒོམས་པས་ཤེས་རབ་ཡངས་པ་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ཤེས་རབ་ཀྱི་དབྱེ་བ་ལ་གསུམ་སྟེ། །དོན་དམ་རྟོགས་པ་དང་། ཀུན་རྫོབ་རྟོགས་པ་དང་། སེམས་ཅན་གྱི་དོན་བྱ་བ་ཤེས་པའི་ཤེས་རབ་བོ། །དང་པོ་ནི། བདག་མེད་པའི་དེ་ཁོ་ན་ཉིད་དོན་སྤྱིའི་སྒོ་ནས་རྟོགས་པ་དང་མངོན་སུམ་དུ་རྟོགས་པའོ། །གཉིས་པ་ནི། རིག་པའི་གནས་ལྔ་ལ་མཁས་པའི་ཤེས་རབ་སྟེ། མདོ་སྡེའི་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། སེམས་ཅན་གྱི་དོན་ལེགས་པར་བསྒྲུབ་ཤེས་པའི་ཤེས་རབ་བོ། །བཞི་པ་བསྒྲུབ་པའི་ཚེ་དམ་པ་དྲུག་ལྡན་དང་ཕར་ཕྱིར་དྲུག་ལྡན་དུ་བྱ་སྟེ་དམ་པ་དྲུག་ནི་གོང་དུ་བརྗོད་ཟིན་ལ། ཕར་ཕྱིན་དྲུག་ལྡན་དུ་བྱ་ཚུལ་ནི་ཕྱིན་དྲུག་རེ་རེ་ལ་དྲུག་དྲུག་འབྱུང་སྟེ། སྦྱིན་པའི་སྐབས་སུ་གཞན་ལ་གནོད་པ་སྤོང་བ་དང་ཉན་རང་གི་ཡིད་བྱེད་སྡོམ་པ་ཚུལ་ཁྲིམས་ཡིན་ལ། གཞན་གྱིས་གནོད་པ་ལ་བཟོད་ཅིང་ཆོས་ཟབ་མོ་ལ་བཟོད་པ། སྦྱིན་པའི་ཆེད་དུ་ལེགས་པར་འབད་པ་བརྩོན་འགྲུས། ཐེག་དམན་དང་མ་འདྲེས་པའི་སེམས་རྩེ་གཅིག་པས་དགེ་བ་རྫོགས་བྱང་དུ་བསྔོ་བ་བསམ་གཏན །སྦྱིན་བྱ་དང་སྦྱིན་པ་པོ་དང་ལེན་པ་པོའི་འཁོར་གསུམ་རྣམས་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་ཤེས་པ་ནི་ཤེས་རབ་བོ། །དེ་བཞིན་དུ་ཤེས་རབ་ཀྱི་བར་སྐབས་ཐོབ་ཀྱིས་སྦྱར་བ་བྱ་སྟེ། ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་ལ་གནས་ནས་གཞན་དེ་དག་ལ་འགོད་པ་ནི་དེ་དག་གི་སྦྱིན་པ་ཡིན་ལ། གཞན་རྣམས་སྦྱིན་པ་ལ་བཤད་པ་ལྟར་སྦྱར་ནས་ཤེས་པར་བྱའོ། །ལྔ་པ་དོན་བསྡུ་བ་ནི། སེམས་བསྐྱེད་གཞིར་བཟུར་སྟེ་ས་མཐོན་པོའི་ཤེས་རབ་ཀྱི་ཕར་ཕྱིན་རྣམས་ནི་སྨོན་ཡུལ་དུ་བྱ་ཞིང་། གཞན་ཤེས་རབ་གསུམ་བསྐྱེད་པ་དང་གནས་པ་དང་འཕེལ་བའི་ཐབས་ལ་འབད་པར་བྱའོ། །མདོར་ན་ཕྱིན་དྲུག་འདི་དཀར་ཆོས་ཐམས་ཅད་ཀྱི་རྒྱ་མཚོ་ཉམས་ལེན་གྱི་གནད་རྣམས་བསྡུས་པའི་སྡོམ་པ་ཆེན་པོ་ཡིན་པས་འབད་པས་བསྒྲུབ་པར་བྱའོ། །གཉིས་པ་གཞན་རྒྱུད་སྨིན་བྱེད་ཀྱི་བསྡུ་བཞི་ལ་ལྔ། བསྡུ་བཞིའི་ངོ་བོ། བཞིར་བཞག་བའི་རྒྱུ་མཚན། བསྡུ་བཞིའི་བྱེད་ལས། དེ་ལ་བརྟེན་དགོས་པ། ཅུང་ཟད་རྒྱས་པར་བཤད་པའོ། །དང་པོ་ལ་བཞི་ལས། སྦྱིན་པ་ནི་སྔར་དང་འདྲ་ལ། སྙན་པར་སྨྲ་པ་ནི་གདུལ་བྱ་ལ་ཕར་ཕྱིན་ལེགས་པར་སྟོན་པ་དང་། དོན་སྤྱོད་པ་ནི་བསྟན་པའི་དོན་བཞིན་དུ་སྤྱོད་དུ་འཇུག་པ་དང་། དོན་མཐུན་པ་ནི་གཞན་དོན་གང་ལ་སྦྱར་བ་དེ་ལ་རང་ཡང་གནས་ནས་སྤྱོད་པའོ། །གཉིས་པ་བཞིར་འཇོག་པའི་རྒྱུ་མཚན་ནི། གདུལ་བྱ་དགེ་བ་ལ་སྦྱོར་བའི་ཆེད་ཐོག་མར་ཟང་ཟིང་གི་སྦྱིིན་པས་བསྡུ་དགོས་ཤིང་། དེ་ནས་སྙན་པར་སྨྲ་བས་ཆོས་བཤད་ནས་ཐེ་ཚོམ་བཅོད། དོན་དེ་ལྟར་ཤེས་པར་བྱས་ཏེ་དགེ་བ་བསྒྲུབ་པ་ལ་འཇུག །རང་གིས་མ་བསྒྲུབས་ན་ཁྱེད་རང་དོན་འདི་མི་བསྒྲུབ་འདུག་ཅེས་ཟེར་འོང་བས་རང་གིས་ཀྱང་དོན་དེ་དང་དེ་ལེགས་པར་བསྒྲུབ་པ་ལ་འཇུག་པའི་སྒོ་ནས་བྱ་བའོ། །གསུམ་པ་བྱེད་ལས་ནི། སྦྱིན་པས་ཆོས་ཉན་པའི་སྣོད་དུ་རུང་བར་བྱེད། སྙན་པར་སྨྲ་བས་ནི་བསྟན་བྱའི་ཆོས་ལ་མོས་པར་བྱེད་དུ་འཇུག །དོན་སྤྱོད་པས་ནི་བསྟན་པ་ལྟར་སྒྲུབ་པར་བྱེད། དོན་མཐུན་པས་ནི་མི་ལྡོག་པར་སྒྲུབ་པར་བྱེད་པའོ། །བཞི་པ་ནི། བསྡུ་བཞི་ལ་བརྟེན་དགོས་ཏེ། འཁོར་བསྡུས་ནས་ཆོས་ལ་འཇུག་པའི་ཐབས་ཀྱི་མཆོག་ཡིན་པའི་ཕྱིར་ཏེ། མདོ་སྡེའི་རྒྱན་ལས། འཁོར་སྡུད་པ་དང་ལྡན་པ་རྣམས། །ཚུལ་འདི་ལ་ནི་ཡང་དག་བསྟེན། །ཀུན་གྱི་དོན་ཀུན་འགྲུབ་བྱེད་པའི། །ཐབས་བཟང་ཡིན་པར་རབ་ཏུ་བསྔགས། །ཞེས་གསུངས་པའི་ཕྱིར། སྦྱིན་པ་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་གཉིས་ཡོད་ཅིང་། སྙན་པར་སྨྲ་བ་ལ་གཉིས་ལས་འཇིག་རྟེན་གྱི་ཚུལ་དང་མཐུན་པའི་སྙན་སྨྲ་ནི་ཁྲོ་གཉེར་མེད་ཅིང་བཞིན་མདངས་འཛུམ་པའི་སྒོ་ནས་ཁམས་འདྲི་བ་སོགས་བྱེད་པ་དང་། ཆོས་ཀྱི་སྙན་སྨྲ་ནི་ཕན་པ་དང་བདེ་བའི་ཆོས་སྟོན་པའོ། །དོན་སྤྱོད་པ་ལ་གཉིས་ཏེ་སེམས་ཅན་མ་སྨིན་པ་སྨིན་པར་བྱེད་པ་དང་། སྨིན་པ་རྣམས་གྲོལ་བར་བྱེད་པའོ། །དོན་མཐུན་པ་ནི་ཕ་རོལ་པོ་གང་ལ་དགོད་པ་དེ་དང་མཚུངས་པའམ་དེ་ལས་ལྷག་པར་རང་གནས་པར་བྱེད་པ་སྟེ། མདོར་ན་གཙོ་བོར་གཞན་དོན་ལ་དམིགས་ནས་བྱེད་དགོས་སོ། །དེ་དག་ནི་སེམས་བསྐྱེད་ནས་སྤྱོད་པ་ཕྱིན་དྲུག་སོ་སོ་དང་བསྡུ་བཞི་ལ་སློབ་པའི་སྐོར་བསྡུས་པའོ། །གཉིས་པ་ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་པ་སྟེ་འདི་ལ་དྲུག །ཞི་ལྷག་གཉིས་བསྒོམས་པའི་ཕན་ཡོན། དེ་གཉིས་ཏིང་ངེ་འཛིན་ཀུན་གྱི་སྡུད་བྱེད་དུ་བསྟན་པ། དེ་གཉིས་ཀྱི་ངོ་བོ་ཞི་ལྷག་གཉིས་ལ་བསྒོམ་དགོས་པའི་རྒྱུ་མཚན། གོ་རིམ་ངེས་ཚུལ། སོ་སོའི་བསླབ་ཚུལ་ལོ། །དང་པོ་ནི་ཞི་ལྷག་གཉིས་བསྒོམས་པའི་འབྲས་བུའམ་ཕན་ཡོན་ཡོད་དེ། ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཞི་གནས་དང་ལྷག་མཐོང་དངོས་སམ་རྗེས་སུ་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར་ཏེ། མདོ་དགོངས་འགྲེལ་ལས། དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཞི་ལྷག་དངོས་ཀྱི་འབྲས་བུ་ཡིན་པའི་ངེས་པ་མེད་ཀྱང་། དམིགས་པ་རྩེ་གཅིག་པ་ཡན་ཆད་ཀྱི་ཏིང་ངེ་འཛིན་རྣམས་ཞི་གནས་ཀྱི་ཕྱོགས་སུ་འདུ་ཞིང་། ཇི་ལྟ་ཇི་སྙེད་པའི་དོན་སོ་སོར་འབྱེད་པའི་ཤེས་རབ་རྣམས་ལྷག་མཐོང་གི་ཕྱོགས་སུ་འདུ་བས་དེ་ལ་དགོངས་པའོ། །གཉིས་པ་ནི། ཞི་ལྷག་གཉིས་ཏིང་ངེ་འཛིན་ཀུན་གྱི་སྡུད་བྱེད་དུ་འགྱུར་ཏེ། དཔེར་ན་སྡོང་པོ་ལ་ཡལ་ག་དང་ལོ་མ་སོགས་དུ་མ་ཡོད་ཀྱང་། དེ་དག་གང་ལ་འདུས་ཤིང་གནས་པའི་གཞི་ནི་རྩ་བ་ཡིན་པ་ལྟར་ཐེག་པ་ཆེ་ཆུང་གི་ཏིང་ངེ་འཛིན་མཐའ་ཡས་པ་ཞིག་གསུངས་པ་ཐམས་ཅད་ཀྱང་གང་དུ་འདུ་བའི་གནད་དམ་པ་ནི་ཞི་ལྷག་གཉིས་ཡིན་པའི་ཕྱིར་ཏེ། དགོངས་འགྲེལ་ལས། ཏིང་ངེ་འཛིན་རྣམ་པ་དུ་མ་བསྟན་པ་གང་ཡིན་པ་དེ་ཐམས་ཅད་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ཞི་ལྷག་གི་ངོ་བོ་ལ་གཉིས་ལས་ཞི་གནས་ཀྱི་ངོ་བོ་ནི། དམིགས་རྟེན་གང་ཡང་རུང་བ་ལ་དམིགས་ནས་གཞན་དུ་མི་གཡེང་བར་དྲན་པ་རྒྱུད་ཆགས་སུ་བྱས་སྟོབས་ཀྱིས་ལུས་སེམས་ཤིན་ཏུ་སྦྱངས་པའི་དགའ་བདེ་སྐྱེས་པའི་ཏིང་ངེ་འཛིན་ནོ། །ལྷག་མཐོང་གི་ངོ་བོ་ནི། ཞི་གནས་དེ་ཉིད་ལ་གནས་པའི་ངང་ནས་དམིགས་པ་ལ་རྣམ་པར་དབྱོད་པའི་ཤེས་རབ་པོ། །བཞི་པ་ཞི་ལྷག་གཉིས་ཀ་བསྒོམ་པའི་རྒྱུ་མཚན་ཡོད་དེ། དཔེར་ན་མར་མེ་གསལ་བ་དང་རླུང་གིས་མི་བསྐྱོད་པ་གཉིས་ཚོགས་ན་གཟུགས་ཤིན་ཏུ་གསལ་བར་མཐོང་ལ། མི་གསལ་བའམ་རླུང་གིས་བསྐྱོད་ན་གཟུགས་གསལ་བར་མི་མཐོང་བ་དེ་བཞིན་དུ། དེ་ཁོ་ན་ཉིད་ཀྱི་དོན་ལྟ་བུ་ཕྱིན་ཅི་མ་ལོག་པར་ངེས་པའི་ཤེས་རབ་དང་སེམས་མི་གཡོ་བར་གནས་པ་གཉིས་དང་ལྡན་ན་ནི་དེ་ཁོ་ན་ཉིད་གསལ་བར་མཐོང་གི དེ་གཉིས་དང་མི་ལྡན་ན་ནི་དེ་ཁོ་ན་ཉིད་ཀྱིི་དོན་གསལ་བར་མི་མཐོང་བའི་ཕྱིར་རོ། །དེས་ན་གཉིས་ཀ་ཚོགས་པ་དགོས་སོ། །ཞི་ལྷག་གཉིས་མ་ཐོབ་གོང་དུའང་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བ་ཡོད་མོད་ཀྱང་། དེ་ནི་རླུང་གིས་བསྐྱོད་པའི་མར་མེ་བཞིན་དུ་སེམས་ཧ་ཅང་གཡོ་བས་བདག་མེད་པའི་དོན་སྤྱི་ཡང་ལེགས་པོར་མི་གསལ་ཤིང་། གང་གི་ཚེ་ཞི་གནས་འགྲུབ་པ་ན་གཡོ་བའི་སྐྱོན་དེ་བཟློག་ནས་དོན་སྤྱི་གསལ་བར་འགྱུར་ཞེས་བཤད་པ་ལྟར་རོ། །དེས་ན་ཞི་ལྷག་མ་ཐོབ་གོང་དུ་དེ་ཁོ་ན་ཉིད་ཀྱི་དོན་ལ་དཔྱོད་བྱེད་ཀྱི་རིགས་པས་ཅི་ཙམ་དཔྱད་ཀྱང་ཉོན་མོངས་པ་མངོན་འགྱུར་འགོ་མནོན་པ་དང་ཐར་པའི་བག་ཆགས་འཇོག་ནུས་པ་འོང་ཡང་ཉོན་མོངས་སྡོད་མི་ནུས་ཏེ། །ཉོན་མོངས་རྩད་ནས་འཇོམས་བྱེད་ཀྱི་གཉེན་པོ་རྫོགས་པ་ནི་ལྷག་མཐོང་ཡིན་ཞིང་དེ་ཡང་ཞི་གནས་ལ་བརྟེན་དགོས་པའི་ཕྱིར་རོ། །ལྔ་པ་གོ་རིམ་ནི། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །ཞེས་གསུངས་པ་ལྟར། སྔོན་དུ་ཞི་གནས་བསྒྲུབས་ཏེ་དེ་ནས་ལྷག་མཐོང་བསྒོམ་པ་ཡིན་ཏེ། ཞི་གནས་ལ་གནས་བཞིན་པའི་ངང་ནས་དམིགས་རྟེན་ལ་ཡང་ཡང་དཔྱད་པ་ལས་ལྷག་མཐོང་སྐྱེ་བ་ཡིན་གྱི་དེའི་སྔོན་དུ་འབྱུང་བ་མ་ཡིན་པའི་ཕྱིར་རོ། །དྲུག་པ་སོ་སོའི་བསླབ་ཚུལ་ལ་གསུམ། ཞི་གནས་དང་། ལྷག་མཐོང་དང་། དེ་གཉིས་ཟུང་འབྲེལ་ལ་བསླབ་ཚུལ་ལོ། །དང་པོ་ལ་གསུམ། ཞི་གནས་ཀྱི་ཚོགས། ཞི་གནས་བསྒོམ་ཚུལ། ཞི་གནས་གྲུབ་ཚད་དོ། །དང་པོ་ལ་དྲུག ། མཐུན་པའི་ཡུལ་ན་གནས་པ། འདོད་པ་ཆུང་བ། ཆོས་ཤེས་པ། བྱ་བ་མང་པོ་ཡོངས་སུ་སྤོང་བ། ཚུལ་ཁྲིམས་དག་པ། འདོད་པའི་རྣམ་རྟོག་སྤོང་བའོ། །དང་པོ་ནི། མདོ་སྡེའི་རྒྱན་ལས། བློ་ལྡན་གང་དུ་བསྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། ས་བཟང་བ་དང་གྲོགས་བཟང་དང་། རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཡོ་བྱད་བཟང་པོ་དང་མང་པོ་ལ་ལྷག་པར་མི་ཆགས་པ་དང་། གསུམ་པ་ནི། ཡོ་བྱད་ངན་ངོན་ཙམ་གྱིས་ཀྱང་ཆོག་ཤེས་པ་དང་། བཞི་པ་ནི། ཁེ་ཚོང་སོགས་དང་ཁྱིམ་པ་དང་རབ་ཏུ་བྱུང་རྣམས་དང་ཧ་ཅང་འདྲིས་ཆེ་བ་སོགས་ཀྱི་གཡེང་བ་སྤོང་བ་དང་། ལྔ་པ་ནི། སྡོམ་པ་གཉིས་ཀྱི་བཅས་རང་གི་ཁ་ན་མ་ཐོ་བ་རྣམས་སྲུང་བར་བྱེད་པ་དང་། དྲུག་པ་ནི། ཟག་བཅས་ཀྱི་དངོས་པོ་ཡིད་དུ་འོང་མི་འོང་ཐམས་ཅད་འཇིག་པའི་ཆོས་ཅན་ཡིན་པར་ཤེས་ནས་ལྷག་པར་མི་ཞེན་པའོ། །འདི་དྲུག་ནི་ཏིང་ངེ་འཛིན་སྐྱེ་བར་འགྱུར་པའི་རྒྱུ་རྐྱེན་ནམ་ཚོགས་པ་ཡིན་པས་གལ་ཆེའོ། །གཉིས་པ་ཞི་གནས་བསྒོམ་ཚུལ་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ནི། སྦྱོར་བའི་ཆོས་དྲུག་དང་སྐྱེས་བུ་གཉིས་ཀྱི་དམིགས་རྣམ་གྱིི་ངོ་བོ་རྣམས་ཀྱང་བསྐྱང་བར་བྱའོ། །གཉིས་པ་ལ་གཉིས། སྤྱོོད་ལམ་ཇི་འདྲ་བ་དང་། བསྒོམ་པའི་རིམ་པའོ། །དང་པོ་ལུས་ཀྱི་སྤྱོད་ལམ་ནི་སྟན་བདེ་བ་ལ་ལུས་ཀྱི་ཀུན་སྤྱོད་བརྒྱད་དང་ལྡན་པར་བྱ་སྟེ། དེ་ཡང་རྐང་པ་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ངམ་སྐྱིལ་ཀྲུང་ཕྱེད་པ་གང་རུང་དང་། མིག་ཧ་ཅང་མི་དབྱེ་མི་ཟུམ་པར་སྣ་རྩེར་གཏད་པ་དང་། ལུས་ཀྱི་སྤྱིི་ནི་དྲང་པོར་སྲོང་བ་དང་། ཕྲག་པ་གཉིས་ཐད་ཀར་མཉམ་པ་དང་། མགོ་བོ་ནི་མི་མཐོ་མི་དམའ་ཞིང་མི་ཡོ་བར་དྲང་བོ་དང་། སོ་མཆུ་ནི་རང་ལུགས་སུ་ཐ་མལ་པར་བཞག་པ་དང་། ལྕེ་ནི་ཡ་སོའི་དྲ྄ུང་དུ་དང་། དབུགས་ནི་དལ་བུས་རྒྱུ་བར་བྱའོ། །གཉིས་པ་བསྒོམ་པའི་རིམ་པ་བཤད་པ་ལ་གཉིས། ཏིང་ངེ་འཛིན་སྐྱོན་མེད་སྐྱེ་ཚུལ་དང་། སྐྱེ་བའི་རིམ་པའོ། །དང་པོ་ལ་གསུམ་། དམིགས་པ་ལ་གཏོད་པའི་སྔོན་དུ་ཇི་ལྟར་བྱ་བ་དང་། གཏོད་པའི་དུས་སུ་ཇི་ལྟར་བྱ་བ་དང་། གཏད་པའི་འོག་ཏུ་ཇི་ལྟར་བྱ་བའོ། །དང་པོ་ནི། ཐོག་མར་ལེ་ལོ་འགོག་ཅིང་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་དད་པ་ཡང་ཡང་བསྒོམ། དེ་ནས་ཏིང་ངེ་འཛིན་དེ་དོན་དུ་གཉེར་བའི་འདུན་པ་དྲག་པོ་བསྐྱེད་ཅིང་། དེ་ནས་ཏིང་ངེ་འཛིན་ལ་རྒྱུན་ལྡན་དུ་འཇུག་པའི་བརྩོན་འགྲུས་བྱས་ཏེ་ཤིན་སྦྱངས་ཀྱི་བདེ་བ་དང་ལྡན་པའི་ཞི་གནས་འགྲུབ་པ་ན་དགེ་སྦྱོང་གང་བྱེད་ཀྱང་སྐྱོ་ངལ་མི་འབྱུང་ངོ། །གཉིས་པ་ལ་གཉིས། དམིགས་པའི་གཞི་ངོས་བཟུང་བ་དང་། དེ་ལ་སེམས་ཇི་ལྟར་གཏོང་བའི་ཚུལ་ལོ། །དང་པོ་ལ་གཉིས། དམིགས་པ་སྤྱིིའི་རྣམ་གཞག་དང་། སྐབས་འདིའི་དམིགས་པའོ། །དང་པོ་ལ་གསུམ་། དམིགས་པ་དངོས་དང་། གང་ཟག་གང་གིས་གང་ལ་དམིགས་པ་དང་། དམིགས་པའི་རྣམ་གྲངས་སོ། །དང་པོ་ལ་བཞི་སྟེ། ཁྱབ་པའི་དམིགས་པ་དང་། སྤྱད་པ་རྣམ་སྦྱོང་གི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་རྣམ་སྦྱོང་གི་དམིགས་པའོ། །དང་པོའི་དམིགས་པ་ནི་ཕུང་སོགས་ཀྱི་ཆོས་ཐམས་ཅད་དོ། །གཉིས་པའི་དམིགས་པ་ནི་འདོད་ཆགས་ཅན་གྱིས་མི་སྡུག་པ་དང་ཞེ་སྡང་ཅན་གྱིས་བྱམས་པ་དང་གཏི་མུག་ཅན་གྱིས་རྟེན་འབྲེལ་དང་ཁམས་ཀྱི་རབ་དབྱེ་སོགས་ལ་དམིགས་ནས་བསྒོམ་པའོ། །གསུམ་པ་མཁས་པའི་དམིགས་པ་ནི་ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་གནས་དང་གནས་མ་ཡིན་པ་ལྔ་སྟེ། ཆོས་དེ་དག་ལ་བདག་བཀག་ནས་སྒོམ་པ་ཡིན་ལ། བཞི་པ་ནི། དེ་དག་དང་མི་རྟག་སོགས་བཅུ་དྲུག་ཉོན་མོངས་པ་སྦྱོང་པའི་ཆེད་དུ་དམིགས་ནས་བསྒོམ་པའོ། །གཉིས་པ་གང་ཟག་གང་གིས་གང་ལ་དམིགས་པ་བསྡུ་ན། ཆགས་སོགས་གང་ཤས་ཆེ་ན་དེ་དང་དེའི་གཉེན་པོ་ཐུན་མོང་མ་ཡིན་པ་རྣམས་བསྒོམ་པར་བྱ་བ་སྟེ། འདོད་ཆགས་ཆེ་ན་མི་སྡུག་པ་བསྒོམ་པ་ནས་ང་རྒྱལ་ཅན་གྱིས་ཁམས་ཀྱི་རབ་དབྱེ་ལ་དམིགས་ནས་བསྒོམ་པའོ། །གསུམ་པ་རྣམ་གྲངས་ནི། གང་ལ་སེམས་བཟུང་བའི་ཏིང་ངེ་འཛིན་ལ་ཤར་བའི་རྣམ་པ་དང་སྣང་བ་དང་གཟུགས་བརྙན་ནམ་དོན་སྤྱིའོ། །གཉིས་པ་སྐབས་འདིའི་དམིགས་པ་ནི། སྤྱིར་སྔར་སྨོས་པ་ལྟར་དམིགས་རྟེན་མང་པོ་ཞིག་ཡོད་ཀྱང་སྐབས་འདིར་ནི་དགོས་པ་དུ་མའི་ཆེད་དུ་སངས་རྒྱས་ཀྱི་སྐུ་གཟུགས་ལ་དམིགས་ནས་བསྒོམ་པར་བྱ་སྟེ། དེ་ཡང་ཏིང་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་སྔོན་དུ་སྟོན་པའི་བྲིས་འབུར་གྱི་སྐུ་བྱོན་ལེགས་པ་ཞིག་བཙལ་ཏེ་བལྟ་ཞིང་ཡིད་ཡུལ་དུ་འཆར་བ་ལ་གོམས་སུ་གཞུག །དེ་ནི་བྲིས་འབུར་གྱི་རྣམ་པ་ཙམ་དུ་མི་བསམ་པར་སངས་རྒྱས་དངོས་ཀྱི་སྐུའི་རྣམ་པ་ཅན་དུ་འཆར་བ་ལ་བསླབ་བོ། །སྐུའི་ཆ་ཕྲ་རགས་གཉིས་ལས་དང་པོ་རགས་པ་དང་ཕྱིས་ཕྲ་བ་ལ་དམིགས་རྟེན་བྱ་དགོས་ལ། དེའི་ཚེ་ཐོག་མར་དམིགས་པ་གཅིག་ཁོ་ན་ལ་དམིགས་རྟེན་བྱས་ནས་བསྒྲུབ་པར་བྱའི། །དམིགས་པ་མི་འདྲ་བ་མང་པོ་སྤོས་ན་ཏིང་ངེ་འཛིན་སྐྱེ་བའི་གེགས་སུ་འགྱུར་ཏེ། སློབ་དཔོན་དཔའ་བོས། དམིགས་པ་གཅིག་ལ་བརྟན་ཚུལ་དུ། །ཡིད་ཀྱི་བསམ་པ་བརྟེན་པར་བྱ། །དམིགས་པ་མང་པོ་བརྒྱུད་པ་ལས། །ཡིད་ནི་ཉོན་མོངས་འཁྲུགས་པར་འགྱུར། །ཞེས་གསུངས་སོ། །དམིགས་རྟེན་རྙེད་པའི་ཚད་ནི། དབུ་ནས་ཞབས་ཀྱི་བར་རིམ་པ་བཞིན་དུ་ལན་འགའ་རེ་གསལ་གདབ། དེའི་མཐར་སྐུའི་སྤྱི་ཡིད་ལ་བྱས་པ་ན་ཡིད་ངོར་ཡན་ལག་རགས་པ་རྣམས་ཆ་ཕྱེད་ཙམ་ཞིག་འཆར་ཐུབ་པ་བྱུང་ན་དེ་ཙམ་ཞིག་གིས་ཆོག་ཤེས་བྱས་ནས་སེམས་བཟུང་དགོས་ཏེ། ལྷག་པ་འདོད་ནས་གཞན་དང་གཞན་གསལ་བཏབ་ན་ཅུང་ཟད་གསལ་དུ་འགྲོ་སྲིད་ཀྱང་སེམས་གནས་པའི་གེགས་སུ་འགྱུར་བས་མི་བྱའོ། །དེ་ཡང་རྣམ་པ་ཤར་བའི་སྟེང་དུ་སེམས་བཟུང་དགོས་ཤིང་། དེའི་ཚེ་སྐུའི་སྤྱི་དང་ཆ་ཤས་གང་གསལ་བ་དེ་ལ་སེམས་བཟུང་སྟེ་མི་གསལ་བར་སོང་ན་ཡང་སྤྱི་ལ་བཟུང་ངོ་། །དེ་ལ་དབྱིབས་ཆེ་ཆུང་དང་ཁ་དོག་མི་འདྲ་བ་དང་གྲངས་མི་འདྲ་བ་དང་བཞུགས་སྟངས་མི་འདྲ་བ་ཤར་བྱུང་བ་རྣམས་ཀྱི་རྗེས་སུ་མི་འབྲང་བར་ཐོག་མར་གང་གསལ་བཏབ་པ་ལྟར་དམིགས་ནས་བྱའོ། །གཉིས་པ་དེ་ལ་སེམས་ཇི་ལྟར་གཏོད་པའི་ཚུལ་ལ་གསུམ། སྐྱོན་མེད་པའི་ལུགས་གཞག་པ་དང་། སྐྱོན་དང་བཅས་པའི་ལུགས་བསལ་བ་དང་། ཐུན་གྱི་ཚད་བསྟན་པའོ། །དང་པོ་ནི། འདིར་བསྒྲུབ་པར་བྱ་བའི་ཏིང་ངེ་འཛིན་ནི་ཁྱད་པར་གཉིས་དང་ལྡན་པ་ཞིག་ཡིན་ཏེ། སེམས་ཤིན་ཏུ་གསལ་བའི་གསལ་ཆའི་ངར་དང་ལྡན་པ་དང་། དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་མི་རྟོག་པའི་གནས་ཆ་དང་ལྡན་པའོ། །དེ་ལྟ་བུའི་གསལ་ཆའི་དལ་ཐོན་པ་ལ་ནི་བྱིང་བས་བར་དུ་གཅོད་ལ། རྩེ་གཅིག་པའི་མི་རྟོག་པ་ལ་ནི་རྒོད་པས་བར་དུ་གཅོད་པའི་ཕྱིར་བྱིང་རྒོད་གཉིས་ནི་ཏིང་ངེ་འཛིན་རྣམ་དག་འགྲུབ་པའི་གེགས་ཀྱི་གཙོ་བོར་འོང་བ་ཡིན་ནོ། །དེ་གཉིས་ཀྱི་ངོས་བཟུང་འོག་ཏུ་སྟོན་ལ་འདིར་ཞི་གནས་འགྲུབ་པའི་མཐུན་རྐྱེན་གྱི་ཏིང་ངེ་འཛིན་བསྐྱེད་ཚུལ་ནི། སེམས་རྩེ་ཅིག་གི་དམིགས་པ་ལ་གཡེང་བར་མི་བྱེད་པ་ཞིག་དང་། གཡེངས་མ་གཡེངས་ལྟ་བའི་ཤེས་པ་གཉིས་དགོས་པའི་དང་པོ་ནི་དྲན་པ་དང་གཉིས་པ་ནི་ཤེས་བཞིན་ཡིན་ནོ། །དྲན་པ་ཉམས་ན་དམིགས་པ་སྟོར་བ་ཡིན་པས་དྲན་པ་ནི་རྩ་བ་དང་ཤེས་བཞིན་ནི་ཡན་ལག་གོ །སྤྱིར་དྲན་པ་ནི་ཀུན་བཏུས་ལས། དྲན་པ་གང་ཞེ་ན་འདྲིས་པའི་དངོས་པོ་ཡེ་བརྗེད་པ་མེད་པ་སྟེ་རྣམ་པར་མི་གཡེང་བའི་ལས་ཅན་ནོ་ཞེས་གསུངས་པ་ལྟར་ཏེ། དོན་བསྡུ་ན་དམིགས་རྟེན་གང་ཤར་བ་དེ་ཉིད་མ་བརྗེད་པར་འཛིན་པ་ཞིག་གོ །ཤེས་བཞིན་ནི་དྲན་པས་བཟུང་བའི་དོན་བརྗེད་མ་བརྗེད་བྱ་ར་བྱེད་པ་སྟེ་བརྗེད་ནའང་སླར་དམིགས་པ་ལ་གཏོད་པར་བྱེད་པའོ། །དེ་ལྟར་ཡང་དབུ་མ་སྙིང་པོ་ལས། ཡིད་ཀྱི་གླང་པོ་ལོག་འགྲོ་བ། དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་དམ་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། །ཞེས་གསུངས་སོ། །གཉིས་པ་སྐྱོན་དང་བཅས་པའི་ལུགས་བསལ་ཚུལ་ནི་འདིར་མི་བརྗོད་དོ། །གསུམ་པ་ཐུན་གྱི་ཚད་བསྟན་པ་ནི། འོ་ན་དྲན་པས་དམིགས་པ་ལ་བཏགས་པ་དེ་ཡུན་ཅི་ཙམ་གྱི་བར་དུ་འཇོག་སྙམ་ན། འདི་ལ་སྔོན་གྱི་སློབ་དཔོན་ཁ་ཅིག་དང་པོ་ཡུན་ཐུང་ལ་གྲངས་མང་བར་བྱ་སྟེ་ཡུན་རིང་དྲགས་ན་སུན་ནས་བྱིང་རྒོད་སྐྱེ་བར་བཞེད་པ་ལྟར་རམ། ཆུ་ཚོད་གཅིག་དང་གཉིས་སོགས་ཅི་ཙམ་ནུས་པ་དེ་སྲིད་དུ་འཇོག་པའོ། །གསུམ་པ་དམིགས་པ་ལ་གཏད་པའི་འོག་ཏུ་ཇི་ལྟར་བྱ་བ་ལ་གཉིས། བྱིང་རྒོད་བྱུང་བའི་ཚེ་ཇི་ལྟར་བྱ་བ་དང་། བྱིང་རྒོད་དང་བྲལ་བའི་ཚེ་ཇི་ལྟར་བྱ་བའོ། །དང་པོ་ལ་གཉིས། བྱིང་རྒོད་ངོས་མི་ཟིན་པའི་གཉེན་པོ་བསྟེན་པ་དང་། ངོས་ཟིན་ཀྱང་དེ་སྤོང་བའི་ཕྱིར་དུ་མི་རྩོལ་བའི་གཉེན་པོ་བསྟེན་པའོ། །དང་པོ་ལ་གཉིས། བྱིང་རྒོད་ངོས་བཟུང་བ་དང་། དེ་རྟོགས་པའི་ཤེས་བཞིན་བསྐྱེད་ཐབས་སོ། །དང་པོ་རྒོད་པ་ནི། ཡུལ་སྡུག་པ་ལ་དམིགས་ཏེ་སེམས་རྣམ་པར་མ་ཞི་ཞིང་ཕྱིར་འཕྲོ་བ་འདོད་ཆགས་ཀྱི་ཆར་གཏོགས་ཡུལ་ལ་སྲེད་པའི་རྣམ་པས་འཇུག་པའི་སེམས་བྱུང་ངོ་། །དེ་ལྟར་ཡིན་གྱི་ཉོན་མོངས་གཞན་དང་ཡུལ་གཞན་གྱི་དབང་གིས་སེམས་ཕྱིར་གཡེངས་ཤིང་འཕྲོ་བ་ནི་འདིའི་རྒོད་པ་མིན་ནོ། །བྱིང་བ་ནི། གང་ལ་དམིགས་པའི་འཛིན་སྟངས་ལྷོད་ནས་དམིགས་པ་ཤིན་ཏུ་གསལ་བ་མེད་པའི་སེམས་བྱུང་ངོ་། །དེ་ལྟར་ཡིན་གྱི་གསལ་དྭངས་གང་ཡང་མེད་པའི་སེམས་རྨུགས་པ་ནི་བྱིང་བ་མིན་ནོ། །གཉིས་པ་བྱིང་རྒོད་རྟོགས་པའི་ཤེས་བཞིན་བསྐྱེད་པའི་ཐབས་ནི། དྲན་པ་རྒྱུན་ལྡན་དུ་བསྐྱེད་ནུས་ན་དམིགས་པ་བརྗེད་ནས་གཡེངས་ཏེ་འགྲོ་བ་དགག་ནུས་པས། བྱིང་རྒོད་སྐྱེས་པ་ཡང་ལྡོག་པར་འགྱུར་ཞིང་བྱིང་རྒོད་ཀྱང་རིག་པར་སླ་ལ། སྔར་ལྟར་དྲན་པ་བསྟེན་བཞིན་པའི་ངང་ནས་དེ་ལས་གཞན་དུ་འཕྲོ་མི་འཕྲོ་ལ་བྱ་ར་ཐུ་རེ་ནས་བྱས་ནས་སེམས་འཛིན་པ་ནི་ཤེས་བཞིན་སྐྱོང་བའི་གནད་དམ་པའོ། །གཉིས་པ་མི་རྩོལ་པའི་གཉེན་པོ་བསྟེན་པ་ནི། བྱིང་རྒོད་གཉིས་བྱུང་མ་ཐག་འགོག་པའི་རྩོལ་བ་མི་བསྟེན་པ་ནི་སྐྱོན་ཤིན་ཏུ་ཆེ་བས། དེའི་གཉེན་པོར་འདུ་བྱེད་པའི་རྩོལ་བ་བསྒོམ་པར་བྱའོ། །འདི་ལ་གཉིས། རྩོལ་བའི་སེམས་པ་ངོས་བཟུང་ཞིང་བྱིང་རྒོད་འགོག་ཚུལ་དང་། བྱིང་རྒོད་སྐྱེ་བའི་རྒྱུ་ངོས་བཟུང་བའོ། །དང་པོ་ནི། སེམས་དགེ་མི་དགེ་ལུང་མ་བསྟན་གང་རུང་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་བྱུང་ནི་རྩོལ་བའམ་སེམས་པ་ཡིན་ཏེ། བྱིང་རྒོད་བྱུང་ན་སྤོང་བ་ལ་མངོན་པར་འདུ་བྱེད་པའི་སེམས་པ་དེ་དགོས་སོ། །སྤོང་ཚུལ་ལ་སེམས་བྱིང་བ་ནི་སེམས་ནང་དུ་བསྡུས་དྲག་ནས་དམིགས་པའི་འཛིན་སྟངས་ཤོར་བ་ཡིན་པས། དེའི་གཉེན་པོར་སངས་རྒྱས་ཀྱི་སྐུ་གཟུགས་ལྟ་བུ་དགའ་བའི་ཡུལ་ཡིད་ལ་བྱ་བའམ་ཉི་འོད་ལ་སོགས་པའི་སྣང་བ་ཡིད་ལ་བསམ་ཞིང་དམིགས་པའི་འཛིན་སྟངས་དམ་པར་བྱས་ལ་བསྐྱང་ངོ་། །དེ་ཡང་ཕན་ཡོན་དང་ཡོན་ཏན་མཐོང་ནས་སེམས་གཟེངས་སྟོད་པ་ནི་བྱིང་བ་ལྡོག་པར་བྱེད་པའི་ཐབས་དམ་པའོ། །གཉིས་པ་བྱིང་རྒོད་སྐྱེ་བའི་རྒྱུ་ལ་མང་སྟེ་འདོད་ཡོན་ལ་རྟོག་པ་དང་རྨུགས་པ་དང་གཉིད་དང་སེམས་མུན་པའི་རྣམ་པ་ཅན་ལ་སོགས་པའོ། །ཁྱད་པར་དུ་རྒོད་པ་ནི་འདོད་ཡོན་ལ་སེམས་པ་འདོད་ཆགས་ཀྱི་ཆར་གཏོགས་པས་དེའི་གཉེན་པོར་མི་སྡུག་པ་དང་མི་རྟག་ལ་སོགས་ཡིད་འབྱུང་བའི་བློ་བསྐྱེད་དགོས་ཤིང་། བྱིང་བ་ནི་སེམས་བསྡུས་དྲག་པ་དང་བཟའ་བཏུང་མང་བ་དང་ཉིད་རྨུགས་སོགས་ཀྱི་རྒྱུ་ལས་བྱུང་བ་སྟེ་དེ་རྣམས་འགོག་པའི་ཐབས་སུ་སེམས་གཟེངས་བསྟོད་ཅིང་དཀོན་མཆོག་གི་ཡོན་ཏན་དྲན་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསྒོམ་པ་དང་དལ་འབྱོར་རྙེད་དཀའ་བ་སོགས་བསམ་པར་བྱའོ། །གཉིས་པ་བྱིང་རྒོད་དང་བྲལ་བའི་དུས་སུ་ནི། བྱིང་རྒོད་དང་བྲལ་ཏེ་སེམས་དམིགས་པ་ལ་མཉམ་པ་ཉིད་དུ་འཇུག་པའི་ཚེ་འདུ་བྱེད་པའམ་རྩོལ་བ་ཏིང་ངེ་འཛིན་གྱི་སྐྱོན་ཡིན་པས། དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱ་སྟེ། ཧ་ཅང་རྩོལ་ལྷོད་གཉིས་ཀ་སྤངས་ཏེ་སེམས་དམིགས་པ་ལ་མཉམ་པ་ཉ ིད་དུ་གནས་ཤིང་རྣལ་དུ་འབབ་པ་དང་རང་གི་རང་གིས་འཇུག་པ་ལ་གོམས་པར་བྱའོ། །ཞི་གནས་བསྒོམ་པའི་ཚེ་ཉེས་པ་ལྔ་སྤོང་ཞིང་འདུ་བྱེད་བརྒྱད་བསྟེན་དགོས་ཏེ། དབུ་མཐའ་ལས། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། བསྟེན་པའི་རྒྱུ་ལས་བྱུང་པའོ། །ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗོད་པར་མ་གྱུར་དང་། །བྱིང་དང་རྒོད་པ་རྟོགས་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་པ་ལྟར་ཏེ། ལེ་ལོ་དང་གདམས་ངག་བརྗེད་པ་དང་། བྱིང་རྒོད་དང་། འདུ་བྱེད་དང་། འདུ་མི་བྱེད་དེ་ཉེས་པ་ལྔ་དང་། དད་པ་དང་འདུན་པ་དང་རྩོལ་བ་དང་ཤིན་ཏུ་སྦྱངས་པ་དང་དྲན་པ་དང་བྱིང་རྒོད་རྟོགས་པའི་ཤེས་བཞིན་དང་འདུ་བྱེད་སེམས་དང་བཏང་སྙོམས་རྣམས་ནི་འདུ་བྱེད་བརྒྱད་དོ། །གཉིས་པ་དེ་ལ་བརྟེན་ནས་སེམས་གནས་སྐྱེ་བའི་རིམ་པ་ལ་གསུམ། སྐྱེ་བའི་རིམ་པ་དངོས་དང་། དེ་སྟོབས་དྲུག་གིས་འགྲུབ་ལུགས། དེ་ལ་ཡིད་བྱེད་བཞི་ཡོད་ཚུལ་ལོ། །དང་པོ་ལ་སེམས་གནས་དགུ་སྟེ། སེམས་འཇོག་པ་དང་། རྒྱུན་དུ་འཇོག་པ་དང་། བླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་དང་། དུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་བྱེད་པ་དང་། མཉམ་པར་འཇོག་པའོ། །དང་པོ་ནི། ཕྱི་རོལ་ཏུ་གཡེང་བ་ལས་སེམས་བསྡུས་ཏེ་ནང་དུ་དམིགས་པ་ལ་གཏོད་པ་དང་། གཉིས་པ་ནི། གཏད་པ་དེ་ཉིད་ལ་དམིགས་ནས་རྒྱུན་དུ་འཇོག་པ་དང་། གསུམ་པ་ནི། གཡེང་བར་གྱུར་ན་ཤེས་པར་བྱས་ནས་སླར་དམིགས་པ་ལ་གཏོད་པ་དང་། བཞི་པ་ནི། སེམས་གཡེང་བ་སྤངས་ནས་དམིགས་པ་ལ་གཏོད་ཅིང་གོང་འཕེལ་དུ་བྱེད་པ་དང་། ལྔ་པ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་སེམས་དགའ་བར་བྱེད་པ་དང་། དྲུག་པ་ནི། རྣམ་གཡེང་ལ་སྐྱོན་དུ་བལྟས་ཏེ་ཏིང་ངེ་འཛིན་ལ་མི་དགའ་བ་ཞི་བར་བྱེད་པ་དང་། བདུན་པ་ནི། ཆགས་རྨུགས་ཡིད་མི་བདེ་བ་དང་གཉིད་སོགས་བྱུང་བ་རྣམས་ཉེ་བར་ཞི་བར་བྱེད་པ་དང་། བརྒྱད་པ་ནི། འབད་མེད་དུ་འཇུག་པའི་ཕྱིར་དུ་བརྩོན་པར་བྱེད་པ་དང་། དགུ་པ་ནི། སེམས་མཉམ་པར་གྱུར་པ་ན་བཏང་སྙོམས་སུ་བྱེད་པ་རྣམས་ནི་སྔ་མ་ལས་ཕྱི་མ་སྐྱེ་བར་འགྱུར་བའོ། །གཉིས་པ་དེ་ལ་སྟོབས་དྲུག་གིས་འགྲུབ་ལུགས་ནི་དེ་ལ་དྲུག་སྟེ། ཐོས་པའི་སྟོབས་དང་། དེ་བཞིན་དུ་བསམ་པ་དང་དྲན་པ་དང་ཤེས་བཞིན་དང་བརྩོན་འགྲུས་དང་འདྲིས་པའི་སྟོབས་སོ། །དེ་དག་གིས་སེམས་གང་འགྲུབ་པ་ནི། ཐོས་པའི་སྟོབས་ཀྱིས་འཇོག་པའི་སེམས་འགྲུབ། བསམ་པས་རྒྱུན་ཏུ་འཇོག་པ་དང་། དྲན་པས་བླན་ཏེ་འཇོག་པ་དང་ཉེ་བར་འཇོག་པ་གཉིས་འགྲུབ། ཤེས་བཞིན་གྱིས་དུལ་བར་བྱེད་པ་དང་ཞི་བར་བྱེད་པ་གཉིས་འགྲུབ། བརྩོན་འགྲུས་ཀྱིས་རྣམ་པར་ཞི་བར་བྱེད་པ་དང་རྩེ་གཅིག་ཏུ་བྱེད་པ་གཉིས་འགྲུབ། འདྲིས་པའི་སྟོབས་ཀྱིས་མཉམ་པར་འཇོག་པའི་སེམས་འགྲུབ་བོ། །སེམས་གནས་དགུ་པའི་སྐབས་སུ་རྩོལ་བ་མ་བྱས་ཀྱང་སེམས་ཏིང་ངེ་འཛིན་ཏུ་ཧྲིལ་ཧྲིལ་འགྲོ་ཡང་། ད་དུང་ཞི་གནས་དངོས་གཞི་མ་ཐོབ་པ་ནི་འཆད་པར་འགྱུར་རོ། །གསུམ་པ་དེ་ལ་ཡིད་བྱེད་བཞི་ཡོད་དེ། བསྒྲིམས་ཏེ་འཇུག་པ་དང་ཆད་ཅིང་འཇུག་པ་དང་ཆད་མེད་དུ་འཇུག་པ་དང་ལྷུན་གྱིས་གྲུབ་པར་འཇུག་པའོ། །དེ་ལ་སེམས་གནས་དང་པོ་གཉིས་ཀྱི་ཚེ་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད་དང་། དེ་ནས་སེམས་གནས་ལྔའི་སྐབས་སུ་ཆད་ཅིང་འཇུག་པའི་ཡིད་བྱེད་དང་། བརྒྱད་པའི་སྐབས་སུ་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་དང་། སེམས་གནས་དགུ་བའི་སྐབས་སུ་རྩོལ་མེད་ལྷུན་གྱིས་གྲུབ་པའི་ཡིད་བྱེད་འཇུག་གོ །དེ་ལྟར་འགྲུབ་པ་དང་འཇུག་པའི་རྒྱུ་མཚན་སོགས་ནི་མང་བས་བཞག་གོ །གསུམ་པ་ཞི་གནས་འགྲུབ་པའི་ཚུལ་ལ་གསུམ། ཞི་གནས་གྲུབ་མ་གྲུབ་ཀྱི་མཚམས་དང་། ཞི་གནས་ལ་བརྟེན་ནས་ལམ་བགྲོད་ཚུལ་སྤྱིར་བསྟན་པ་དང་། ཁྱད་པར་དུ་འཇིག་རྟེན་པའི་ལམ་བགྲོད་ཚུལ་ལོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང་། དེའི་འཕྲོས་སོ། །དང་པོ་ནི། སེམས་གནས་དགུ་པ་འདི་ཐོབ་པ་ལ་ཤིན་སྦྱངས་ཐོབ་མ་ཐོབ་གཉིས་ཡོད་ཅིང་། ཤིན་སྦྱངས་མ་ཐོབ་ན་འདོད་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཞི་གནས་རྗེས་མཐུན་པ་ཡིན་གྱི་ཞི་གནས་དངོས་མིན་ནོ། །དེས་ན་ཞི་གནས་ཐོབ་པ་ལ་ཤིན་སྦྱངས་ཐོབ་དགོས་ཤིང་དེ་ལ་ལུས་སེམས་ཤིན་སྦྱངས་གཉིས་ཡོད་དེ། ཀུན་ལས་བཏུས་ལས། ཤིན་ཏུ་སྦྱངས་པ་གང་ཞེ་ན་ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་གཅོད་པའི་ཕྱིར་ལུས་དང་སེམས་ལས་སུ་རུང་བ་ཉིད་དེ་ཞེས་གསུངས་པ་ལྟར་རོ། །ལུས་དང་སེམས་ཀྱི་གནས་ངན་ལེན་ནི་ལུས་སེམས་དགེ་བའི་བྱ་བ་བསྒྲུབ་པ་ལ་ཇི་ལྟར་འདོད་པ་བཞིན་བཀོལ་དུ་མི་རུང་བ་ཡིན་ལ། ལུས་སེམས་ཤིན་སྦྱངས་གཉིས་ཀྱིས་ནི་གནས་ངན་ལེན་དེ་དང་བྲལ་ཏེ་དགེ་བ་ལ་ཤིན་ཏུ་བཀོལ་བའི་ལས་རུང་དུ་བྱེད་དོ། །དེ་ལ་ལུས་ཤིན་སྦྱངས་ནི་ལུས་ཀྱི་རེག་བྱ་ཁྱད་པར་ཅན་ཞིག་ཡིན་གྱི་ཤེས་པ་མིན་ནོ། །ཤིན་སྦྱངས་གཉིས་ཀྱི་ནང་ནས་སེམས་ཤིན་སྦྱངས་སྔོན་དང་ལུས་ཤིན་སྦྱངས་རྗེས་སུ་སྐྱེ་ཞིང་། སེམས་ཤིན་སྦྱངས་ཙམ་སྐྱེས་པའི་ཚེ་ཞི་གནས་མ་ཐོབ་ཅིང་། དེ་ནས་ལུས་ཤིན་སྦྱངས་ནས་སྐྱེས་པའི་རྗེས་དེ་ནས་ཞི་གནས་ཐོག་མར་ཐོབ་པར་འཇོག་གོ །དེ་ཡང་སྔར་གྱི་སེམས་གནས་དགུ་པའི་མཇུག་ཏུ་སེམས་ཤིན་སྦྱངས་ཐོབ་པ་ན་སེམས་ལས་སུ་མི་རུང་བ་ལོག་ནས་སེམས་ཤིན་ཏུ་བཀོལ་བདེ་བ་དང་། དེ་ནས་ལུས་ཤིན་སྦྱངས་ཐོབ་པ་ན་ལུས་ལས་སུ་མི་རུང་བ་ལོག་སྟེ་ལུས་ཤིན་ཏུ་བཀོལ་བདེ་བ་དང་ལྡན་པར་འགྱུར་རོ། །དེ་ཡང་རྫོགས་པའི་དབང་དུ་མཛད་ཀྱི་ཆ་ཕྲ་མོ་རེ་ནི་དེའི་སྔོན་ནས་ཀྱང་འབྱུང་ངོ་། །སེམས་ཤིན་སྦྱངས་སྔོན་དང་ལུས་ཤིན་སྦྱངས་རྗེས་སུ་སྐྱེ་བའི་རིམ་པ་ནི། །ཏིང་ངེ་འཛིན་གྱིས་ཡིད་ལ་དགའ་བ་ཁྱད་པར་ཅན་སྐྱེས་པ་ན་སེམས་ལས་སུ་རུང་བའི་ཤིན་སྦྱངས་སྐྱེས་པའི་མཐུས་ལུས་ལ་ལུས་ཤིན་སྦྱངས་སྐྱེ་བའི་རྒྱུར་འགྱུར་བའི་རླུང་རྒྱུ་བས་རླུང་དེ་ལུས་ཀྱི་ཆ་ལ་ཁྱབ་པར་བརྒྱུས་པའི་སྟོབས་ཀྱིས་ལུས་ཀྱི་གནས་ངན་ལེན་རང་བྲལ་བའི་ལུས་ཤིན་སྦྱངས་སྐྱེ་བར་འགྱུར་རོ། །ཤིན་སྦྱངས་སྐྱེ་བའི་སྔ་ལྟས་ནི་གང་ཟག་དེའི་ཀླད་པ་ལྕི་བམ་པ་སྙམ་བྱེད་པ་འབྱུང་སྟེ་མི་བདེ་བའི་ལྕི་བ་ནི་མིན་ནོ། །ཞི་གནས་དངོས་སུ་ཐོབ་པའི་དུས་ནི་ལུས་ཤིན་སྦྱངས་ཐོག་མར་ཐོབ་པའི་ཚེ་ལུས་ལ་བདེ་བའི་ཉམས་ཆེན་པོ་སྐྱེས་པ་ལ་བརྟེན་ནས་སེམས་ལ་ཡང་དགའ་བ དེའི་ཉམས་ཆེན་པོ་འབྱུང་ངོ་། །ཉམས་རགས་པ་དེས་སེམས་གཡོ་བས་སེམས་དགའ་ཡལ་ཡལ་འབྱུང་སྟེ་དེའི་ཚེ་ཞི་གནས་ཅུང་མ་ཐོབ་ཅིང་། དེ་ནས་དགའ་ཡལ་ཡལ་དེ་ལོག་ནས་སེམས་དམིགས་པ་ལ་མི་གཡོ་བར་ལྷན་ནེར་གནས་པ་བྱུང་བ་ན་ཞི་གནས་ཐོག་མར་ཐོབ་པ་ཡིན་ནོ། །གཉིས་པ་དེ་ལ་བརྟེན་ནས་ལམ་བགྲོད་ཚུལ་སྤྱིར་བསྟན་པ་ནི། སྤྱིར་ཞི་གནས་ཙམ་ནི་ཕྱི་རོལ་པ་ལ་ཡང་ཡོད་པས་ལམ་དངོས་ཡིན་པའི་ངེས་པ་མེད་ཀྱང་། ཐེག་པ་གསུམ་གྱི་འཕགས་པའི་མཉམ་གཞག་གི་ལམ་ཐམས་ཅད་ཞི་ལྷག་ཟུང་འབྲེལ་ལ་བརྟེན་ནས་ཐོབ་པ་ཡིན་པས། དེ་ལྟ་བུའི་ཞི་གནས་བསྐྱེད་ནས་ལྷག་མཐོང་བསྒོམས་ཏེ་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱིས་ལམ་བགྲོད་པ་ཡིན་ནོ། །དེ་ཡང་བདག་མེད་རྟོགས་པའི་ལྟ་བ་དང་འབྲེལ་དགོས་ཀྱི། བདག་མེད་རྟོགས་པའི་ལྟ་བ་དང་བྲལ་བའི་ཞི་ལྷག་ཟུང་འབྲེལ་ནི་ཕྱི་རོལ་པ་ལའང་ཡོད་ཀྱང་དེས་འདོད་པའི་ཉོན་མོངས་མངོན་འགྱུར་བ་ཙམ་མགོ་ནོན་སྲིད་ཀྱི། ཉོན་མོངས་ཀྱི་ས་བོན་གཏན་ནས་སྤོང་མི་ནུས་སོ། །གསུམ་པ་འཇིག་རྟེན་པའི་ལམ་བགྲོད་ཚུལ་ལ་གཉིས། ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་བགྲོད་བའི་སྔོན་དུ་ཞི་གནས་འཐོབ་དགོས་པ་དང་། ཞི་གནས་ལ་བརྟེན་ནས་འདོད་པ་ལ་ཆགས་བྲལ་བྱེད་པའི་ཚུལ་ལོ། །འདི་དག་ལ་མཚོན་ཙམ་ནི། དང་པོ་ནི། མཚན་ཉིད་སོ་སོར་རིག་པའི་སྒོ་ནས་ཞི་རགས་ཀྱི་རྣམས་ཅན་གྱི་ལམ་བསྒོམ་པས་ནི་སྔར་ཞི་གནས་དེ་ལྟ་བུ་ཞིག་ཐོབ་དགོས་ཏེ། མཚན་ཉིད་སོ་སོར་རིག་པ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ལྷག་མཐོང་གིས་བསྡུས་ཤིང་། དེ་ནི་ཞི་གནས་སྔོན་དུ་སོང་བ་ལ་བརྟེན་ནས་བསྒྲུབ་དགོས་པའི་ཕྱིར་རོ། །གཉིས་པ་ནི། སྔར་བཤད་པའི་ཞི་གནས་དེ་ལྟ་བུ་ཙམ་ཞིག་བསྒོམས་ཀྱང་ཉོན་མོངས་སྤོང་མི་ནུས་པས་དེ་ལ་བརྟེན་ནས་བདེན་པའི་རྣམ་པ་ཅན་དང་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་གཉིས་ཀྱི་སྒོ་ནས་འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱེད་དགོས་པའི་ཕྱིར་རོ། །འོན་ཀྱང་ཟག་མེད་བདེན་པའི་རྣམ་པ་ཅན་གྱི་ལམ་མ་བསྒོམ་ན་ནི་ཞི་རགས་ཀྱི་རྣམ་པ་ཅན་ཙམ་བསྒོམས་ཀྱང་གོང་སས་བསྡུས་པའི་ཉོན་མོངས་གཏན་ནས་སྤོང་མི་ནུས་ཏེ། ཞི་རགས་ཀྱི་རྣམ་པ་ཅན་ནི་ཕྱི་རོལ་པའི་རྣལ་འབྱོར་པས་ཀྱང་བསྒོམ་པར་བྱེད་པའི་ཕྱིར་རོ། །མདོར་ན་ཞི་གནས་ཙམ་གྱིས་མི་ཆོག་པས་ལྷག་མཐོང་བསྐྱེད་དགོས་ཤིང་། དེ་ཡང་བདག་མེད་རྟོགས་པའི་ལྷག་མཐོང་དགོས་ཏེ་འཆད་པར་འགྱུར་རོ། །གཉིས་པ་ལྷག་མཐོང་བསྒོམ་ཚུལ་འཆད་པ་ལ་བཞི། ལྷག་མཐོང་གི་ཚོགས་བསྟེན་པ་དང་། ལྷག་མཐོང་གི་རབ་དབྱེ་དང་། བསྒོམ་ཚུལ་དང་། གྲུབ་ཚད་དོ། །དང་པོ་ནི། ཤིང་རྟ་ཆེན་པོ་གཉིས་ནས་བརྒྱུད་པའི་གསུང་རབ་ཀྱི་དྲང་ངེས་ལ་མཁས་པའི་བཤེས་གཉེན་བསྟེན་ནས་གཞུང་ལུགས་ལ་ཉན་ཏེ་ཐོས་བསམ་གྱིས་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་བསྐྱེད་པ་ནི་རྒྱུ་ཚོགས་མེད་དུ་མི་རུང་བ་ཡིན་ནོ། །འདི་ལ་གསུམ། དྲང་ངེས་ཀྱི་གསུང་རབ་ངོས་བཟུང་བ་དང་། ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་ཚུལ་ཇི་ལྟར་བྱུང་བ་དང་། ལྟ་བ་གཏན་ལ་འབེབས་པའི་ཚུལ་ལོ། །དང་པོ་ནི། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་འདོད་པ་རྣམས་ཀྱིས་ནི་རྒྱལ་བའི་གསུང་རབ་ལ་བརྟེན་དགོས་ཤིང་། གསུང་རབ་ཀྱང་གདུལ་བྱའི་དབང་གིས་དོན་སྣ་ཚོགས་པ་ཡིན་པས་ངེས་པའི་དོན་གྱི་གསུང་རབ་ལ་བརྟེན་ནས་དེ་ཁོ་ན་ཉིད་རྟོགས་པར་བྱ་དགོས་སོ། །དེ་ལ་ཤིང་རྟ་ཆེན་པོ་གཉིས་ཀྱིས་ཕྱེ་བའི་དྲང་ངེས་ལ་མི་འདྲ་བ་ཡོད་ཀྱང་། འདིར་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་དྲང་ངེས་ཕྱེ་བའི་རྗེས་སུ་འབྲང་དགོས་ཏེ། ཀླུ་སྒྲུབ་ཀྱིས་མདོ་འདིར་དྲང་ངེས་ཕྱེ་བ་ལྟར་བཞེད་ཅིང་རྗེ་ཉིད་ཀྱང་འདིའི་རྗེས་སུ་འབྲང་བའི་ཕྱིར་རོ། །གཉིས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་ཚུལ་ཇི་ལྟར་བྱུང་བ་ནི། སློབ་དཔོན་འཕགས་པ་ལྷ་ནི་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པ་དང་ཞི་འཚོ་ལ་སོགས་པ་དབུ་མ་པ་ཆེན་པོ་རྣམས་ཀྱིས་འཕགས་པ་དང་འདྲ་བར་ཡིད་ཆེས་པའི་གནས་སུ་མཛད་ལ། སློབ་དཔོན་དེ་དག་ནི་འཕགས་པའི་རྗེས་སུ་འབྲང་བ་ཡིན་ཞིང་ཇོ་བོ་ཆེན་པོས་ཡང་ལུགས་དེ་གཙོ་བོར་མཛད་དོ། །བདག་ཅག་གི་ཕ་རྒན་རྗེ་རིན་པོ་ཆེ་ཉིད་ཀྱིས་རྗེ་བཙུན་འཇམ་དབྱངས་ཀྱི་དྲིན་ལ་བརྟེན་ནས་འཕགས་པའི་དགོངས་པ་ཐམས་ཅད་ཐུགས་སུ་ཆུད་ཅིང་། སློབ་དཔོན་ཟླ་བའི་ལུགས་ཉིད་གཞིར་བཞག་ནས་དགོངས་པ་འགྲེལ་བར་མཛད་དོ། །གསུམ་པ་ལྟ་བ་གཏན་ལ་འབེབས་པའི་ཚུལ་ལ་གཉིས། དེ་ཁོ་ན་ཉ ིད་ལ་འཇུག་པའི་རིམ་པ་དང་། གཏན་ལ་དབབ་ཚུལ་དངོས་སོ། །དང་པོ་ནི། ཆོས་རྣམས་གདོད་ནས་རང་བཞིན་གྱིས་གྲུབ་པས་སྟོང་པའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་དེ་མཐོང་བའི་སྒྲིབ་བྱེད་ཀྱི་གཙོ་བོ་ནི་ལྷན་སྐྱེས་ཀྱི་མ་རིག་པ་དང་འཇིག་ལྟ་སྟེ། དེ་གཉིས་ཀྱིས་ཇི་ལྟར་བཟུང་བའི་ཞེན་ཡུལ་མེད་པར་རྟོགས་ནས་བདག་མེད་པའི་དོན་རྟོགས་པར་འཇོག་གོ །དེ་ཡང་ཚིག་གསལ་ལས། བདག་ནི་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པ་ལྟར། བདག་ལ་རང་བཞིན་མེད་པར་རྟོགས་པའི་ཚེ་བདག་གི་ཕུང་པོ་ལའང་རང་བཞིན་མེད་པར་རྟོགས་པར་འགྱུར་རོ། །འོན་ཀྱང་གང་ཟག་རང་བཞིན་མེད་པར་རྟོགས་པའི་བློ་དེ་ཉིད་ཀྱིས་གཞན་ལ་བལྟོས་མེད་དུ་ཕུང་པོ་རང་བཞིན་མེད་པར་རྟོགས་པར་འགྱུར་བ་ཡིན་གྱི། གང་ཟག་དང་ཕུང་པོ་རང་བཞིན་མེད་པར་རྟོགས་པའི་བློ་གཉིས་གཅིག་མིན་ནོ། །གཉིས་པ་གཏན་ལ་དབབ་པ་དངོས་ལ་གསུམ། རིགས་པའི་དགག་བྱ་ངོས་བཟུང་བ་དང་། དེ་འགོག་པ་ཐལ་རང་གིས་བྱེད་པ་དང་། དེ་ལ་བརྟེན་ནས་ལྟ་བ་རྒྱུད་ལ་བསྐྱེད་པའི་ཚུལ་ལོ། །དང་པོ་ལ་གསུམ། དགག་བྱ་ངོས་ཟིན་དགོས་པའི་རྒྱུ་མཚན་དང་། ངོས་མ་ཟིན་པའི་གཞན་ལུགས་དང་། རང་ལུགས་ཀྱི་དགག་བྱ་ངོས་འཛིན་ཚུལ་ལོ། །དང་པོ་ནི། མི་འདི་མི་འདུག་སྙམ་པ་ལ་མེད་རྒྱུའི་མི་དེ་ཤེས་པ་སྔོན་དུ་འགྲོ་དགོས་པ་ལྟར། བདག་མེད་པ་དང་རང་བཞིན་མེད་པའི་དོན་ངེས་པ་ལའང་མེད་རྒྱུའི་བདག་དང་རང་བཞིན་དེ་ལེགས་པར་ངོས་ཟིན་དགོས་ཏེ། དགག་བྱའི་སྤྱི་ལེགས་པར་མ་ཤར་བར་དེ་བཀག་པའི་མེད་དགག་ལེགས་པར་ངེས་མི་ནུས་པའི་ཕྱིར་ཏེ། །སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དགག་བྱའི་ཁྱད་པར་མི་འདྲ་བ་མང་ཡང་མདོར་བསྡུས་པའི་རྩ་བ་ནས་བཀག་ན་དགག་བྱ་གཞན་ཐམས་ཅད་ལེགས་པར་འགྱུར་རོ། །དེ་ཡང་ཧ་ཅང་ཚོད་མ་ཟིན་པར་དགག་ཐལ་ཆེས་ན་ནི་རྟེན་འབྲེལ་ལ་གནོད་པས་ཆད་མཐར་ལྟུང་ལ། དགག་བྱའི་ལྷག་མ་ལུས་ན་དེའི་འཛིན་པས་གྲོལ་དུ་མི་སྟེར་བའི་ཕྱིར་དགག་བྱ་འགོག་ཚོད་ཟིན་དགོས་སོ། །གཉིས་པ་ངོས་མ་ཟིན་པའི་གཞན་ལུགས་འགོག་པ་ལ་གཉིས། དགག་བྱ་ང ོས་འཛིན་ཧ་ཅང་ཁྱབ་ཆེས་པ་དང་། ཁྱབ་ཆུང་བའོ། །དང་པོ་ལ་གཉིས། འདོད་པ་བརྗོད་པ་དང་། དེ་མི་འཐད་པར་བསྟན་པའོ། །དང་པོ་ནི། དབུ་མའི་དོན་སྨྲ་བ་ཁ་ཅིག་ན་རེ། སྐྱེ་བ་ལ་སོགས་པ་དེ་ཁོ་ན་ཉིད་དུ་གྲུབ་མ་གྲུབ་དཔྱོད་པའི་རིགས་པས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བཀག་པ་ཡིན་ཏེ། ཀུན་ལ་རིགས་པས་དཔྱད་ན་བརྟག་བཟོད་པ་རྡུལ་ཙམ་ཡང་མེད་པའི་ཕྱིར་དང་། ཡོད་མེད་སོགས་མུ་བཞི་པོ་ཐམས་ཅད་བཀག་ཅིང་དེར་མ་འདུས་པའི་ཆོས་མེད་པའི་ཕྱིར་རོ། །གཞན་ཡང་འཕགས་པའི་དེ་ཁོ་ན་ཉིད་གཟིགས་པའི་ཡེ་ཤེས་ཀྱིས་སྐྱེ་འགག་དང་བཅིངས་གྲོལ་སོགས་མེད་པར་གཟིགས་པའི་ཕྱིར་སྐྱེ་སོགས་མེད་དེ། ཡོད་ན་ནི་དེས་གཟིགས་དགོས་པའི་ཕྱིར་རོ། །གལ་ཏེ་སྐྱེ་སོགས་ཡོད་ན་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་དམ་མི་བཟོད། བཟོད་ན་ནི་བདེན་དངོས་སུ་འགྱུར་ལ། མི་བཟོད་ན་ནི་རིགས་པས་ཇི་ལྟར་མ་ཁེགས། དེ་བཞིན་དུ་སྐྱེ་སོགས་ཚད་མས་གྲུབ་བམ་མ་གྲུབ། གྲུབ་ན་འཕགས་པའི་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་སྐྱེ་སོགས་མེད་པར་གཟིགས་པ་དང་འགལ་ལ། ཐ་སྙད་པའི་མིག་ཤེས་ནི་ཚད་མ་མིན་པས་དེས་གྲུབ་པ་མི་འཐད་ཅིང་། ཚད་མས་མ་གྲུབ་ན་ནི་རིགས་པ་དང་འགལ་བས་ཡོད་པ་ཡང་མི་འཐད་དོ། །གལ་ཏེ་སྐྱེ་སོགས་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པར་འདོད་ན་ནི་མི་འཐད་དེ། འཇུག་པ་ལས། རིགས་དེས་ཐ་སྙད་དུ་ཡང་རིགས་མིན་ན། །ཞེས་གསུངས་པའི་ཕྱིར། གལ་ཏེ་མུ་གཞན་གསུམ་ལས་མི་སྐྱེ་ཡང་གཞན་ལས་སྐྱེ་དགོས་ན་དེ་ཡང་མི་འཐད་དེ། འཇུག་པ་ལས། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །ཅེས་གསུངས་པའི་ཕྱིར། དེ་ཕྱིར་སྐྱེ་བ་སོགས་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བར་སྤྱིར་དགག་གོ་ཞེས་ཟེར་རོ། །གཉིས་པ་དེ་མི་འཐད་པར་བསྟན་པ་ལ་གཉིས། ལུགས་དེས་དབུ་མའི་ཁྱད་ཆོས་བཀག་པར་བསྟན་པ་དང་། གནོད་བྱེད་བརྗོད་པ་རྣམས་ལྟར་སྣང་དུ་བསྟན་པའོ། །དང་པོ་ལ་གསུམ། དབུ་མའི་ཁྱད་ཆོས་ངོས་བཟུང་བ་དང་། དེས་དེ་ཇི་ལྟར་བཀག་ཚུལ་དང་། དེ་ལ་དབུ་མ་པས་ཇི་ལྟར་ལན་བཏབ་པའོ། །དང་པོ་ནི། རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་གསུངས་པ་ལྟར་འབྲས་བུའི་སྐབས་སུ་ཐོབ་བྱ་དམ་པ་ཆོས་གཟུགས་ཀྱི་སྐུ་གཉིས་ཡིན་ལ། དེ་ཐོབ་བྱེད་ཀྱི་རྒྱུར་ལམ་དུས་སུ་ཚོགས་གཉིས་ཟུང་འབྲེལ་དུ་གསོག་དགོས་ཤིང་། དེ་ཡང་གཞི་དུས་སུ་ཀུན་རྫོབ་པའི་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་བའི་རྒྱུ་འབྲས་ཀྱི་འབྲེལ་བ་ལ་ངེས་པ་སྙིང་ཐག་པ་ནས་འདྲོངས་པ་དང་། ཆོས་རྣམས་ལ་རང་གི་ངོ་བོས་གྲུབ་བའི་རང་བཞིན་རྡུལ་ཙམ་ཡང་མེད་པ་ལ་ངེས་པ་རྙེད་པ་ལ་བལྟོས་སོ། །དེ་ལྟ་བུའི་གཞི་དུས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལེགས་པར་ངེས་ན་རང་བཞིན་མེད་པ་ལ་སྐྱེ་འགག་དང་བཅིངས་གྲོལ་སོགས་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འཐད་ལྡན་དུ་འཇོག་ཤེས་ཀྱི། གཞན་དུ་ན་རིགས་པའི་དགག་བྱ་འགོག་ཚུལ་ལེགས་པར་མ་ཤེས་པའི་དབང་གིས་ཡོད་ན་རང་བཞིན་གྱིས་ཡོད་དགོས་པ་དང་། རང་བཞིན་གྱིས་མེད་ན་མེད་པའོ་སྙམ་པའི་ལོག་རྟོག་རྣམས་སྐྱེ་བར་འགྱུར་རོ། །གཉིས་པ་ལུགས་དེས་ཁྱད་ཆོས་དེ་ཇི་ལྟར་བཀག་ཚུལ་ནི། མགོན་པོ་ཀླུ་གྲུབ་ཀྱི་ལུགས་ལ་རང་བཞིན་གྱིས་གྲུབ་པས་སྟོང་པ་ལ་བྱ་བྱེད་ཐམས་ཅད་བཞག་ཆོག་པ་ལ། ཁྱེད་ཀྱི་ལུགས་དེས་རང་བཞིན་མེད་ན་མེད་པའོ་སྙམ་དུ་བཟུང་ནས་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བར་སྤྱིར་སྐྱེ་འགག་སོགས་འགོག་པ་འདིས་ཁྱད་ཆོས་དེ་བཀག་པ་ཡིན་ནོ། །གསུམ་པ་དེ་ལ་དབུ་མ་པས་ལན་ཇི་ལྟར་བཏབ་ལའི་ཚུལ་ལ་མང་བས་བསྡུ་ན་དངོས་སྨྲ་བ་རྣམས་ཀྱིིས། དངོས་པོ་རང་བཞིན་གྱིས་སྟོང་ན་བྱ་བྱེད་ཐམས་ཅད་མི་རུང་བར་བཟུང་ནས་རང་བཞིན་གྱིས་གྲུབ་པར་འདོད་ཅིང་རང་བཞིན་མེད་པར་སྨྲ་བ་ལ་རྒོལ་བ་ཡིན་ལ། དེ་ཡང་དངོས་པོ་རང་བཞིན་གྱིས་མེད་ན་མེད་དགོས་སོ་ཞེས་རྒོལ་བའི་ལན་དུ་མགོན་པོས་དབུ་མ་རྩ་བ་ཤེས་རབ་ལས། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་དང་། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་སོགས་ཀྱིས་རང་བཞིན་གྱིས་སྟོང་པའི་ཕྱོགས་ལ་བྱ་བྱེད་ཐམས་ཅད་འཐད་ཅིང་རུང་ལ། རང་བཞིན་གྱིས་མི་སྟོང་པའི་ཕྱོགས་ལ་ལས་འབྲས་ལ་སོགས་པའི་བྱ་བྱེད་ཐམས་ཅད་མི་འཐད་པའི་ཚུལ་བཤད་པའི་དོན་གཞུང་འདི་དང་དཔལ་ལྡན་ཟླ་བས་ཚིག་གསལ་དུ་རྒྱས་པར་བཤད་པ་ལྟར་རོ། །གཉིས་པ་འགོག་བྱེད་ཀྱི་རིགས་པ་རྣམས་ལྟར་སྣང་དུ་བསྟན་པ་ལ་བཞི། རིགས་པས་དཔྱད་བཟོད་མི་བཟོད་དང་། ཚད་མས་གྲུབ་མ་གྲུབ་དང་། མུ་བཞིའི་སྐྱེ་བ་ཡིན་མིན་དང་ཡོད་མེད་སོགས་ཀྱི་མུ་བཞི་འགོག་པ་གནོད་བྱེད་དུ་མི་རུང་བར་བསྟན་པའོ། །འདི་དག་རྒྱས་པར་བཤད་ན་མང་བས་བསྡུ་ན། དང་པོ་རིགས་པས་དཔྱད་བཟོད་མི་བཟོད་ཀྱི་བརྟག་པ་དེ་མི་འཐད་དེ། ཁྱོད་ཀྱིས་རིགས་པས་དཔྱད་བཟོད་མི་བཟོད་པ་དང་རིགས་པས་གནོད་པ་གཉིས་གཅིག་ཏུ་འཁྲུལ་པའི་ཕྱིར་ཏེ། ཀུན་རྫོབ་ཀྱི་སྐྱེ་འགག་སོགས་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་མི་བཟོད་ཀྱང་གནོད་པ་མ་ཡིན་པའི་ཕྱིར་ཏེ། དེ་དག་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་མི་རྙེད་ཀྱང་ཐ་སྙད་དཔྱོད་བྱེད་ཀྱི་རིགས་པའི་རྙེད་དོན་ཡིན་པའི་ཕྱིར་རོ། །གཉིས་པ་ཚད་མས་གྲུབ་མ་གྲུབ་ཀྱི་བརྟག་པ་དེ་ཡང་མི་འཐད་དེ། ཏིང་ངེ་འཛིན་རྒྱལ་པོ་དང་འཇུག་པ་ལས། མིག་ཤེས་སོགས་ཚད་མ་མིན་ཞེས་བཤད་པ་ནི་འཇིག་རྟེན་པའི་མིག་རྣ་བ་སོགས་ཀྱི་ཤེས་པ་རྣམས་ནི་དེ་ཁོ་ན་ཉིད་མཐོང་བའི་ཚད་མ་མིན་ཞེས་པའི་དོན་ཡིན་གྱི། གཟུགས་སྒྲ་སོགས་མཐོང་བའི་ཚད་མ་མིན་ཞེས་པའི་དོན་མིན་པའི་ཕྱིར་རོ། །གལ་ཏེ་འཇིག་རྟེན་པའི་མིག་ཤེས་སོགས་དེ་དག་གཟུགས་སྒྲ་སོགས་ལ་ཚད་མ་ཡིན་ན་དེ་ལ་འཁྲུལ་ལམ་མ་འཁྲུལ། འཁྲུལ་ན་ནི་དེ་ལ་ཚད་མ་ཡིན་པར་འགལ་ལ། མ་འཁྲུལ་ན་ཤེས་པ་དེ་རྣམས་ལ་གཟུགས་སྒྲ་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་དགོས་པས་དེ་ལའང་ཚད་མར་ཐལ་ལོ་སྙམ་ན་སྐྱོན་མེད་དེ། ཤེས་པ་དེ་རྣམས་རང་གི་སྣང་ཡུལ་རང་མཚན་ལ་འཁྲུལ་ཅིང་དེ་ལ་ཚད་མ་མིན་ཡང་སྤྱིར་ཚད་མར་མི་འགལ་བའི་ཕྱིར་རོ། །གསུམ་པ་མུ་བཞིའི་སྐྱེ་བ་ཡིན་མིན་གྱི་བརྟག་པ་དེའང་མི་འཐད་དེ། རང་བཞིན་གྱིས་སྐྱེ་ན་བདག་གཞན་སོགས་མུ་བཞི་པོ་གང་རུང་ལས་སྐྱེ་དགོས་ནའང་། རང་བཞིན་གྱིས་མི་སྐྱེ་བར་བརྟེན་ནས་སྐྱེ་བས་མུ་བཞི་གང་རུང་དུ་སྐྱེ་བ་འགོག་པ་ཡིན་པའི་ཕྱིར་རོ། །དེས་ན་བརྟེན་ནས་སྐྱེ་བ་ཉིད་ཀྱིས་མཐའ་བཞི་དང་བྲལ་བའི་ཚུལ་གྱིས་སྐྱེ་བར་གྲུབ་བོ། །བཞི་པ་ཡོད་མེད་སོགས་ཀྱི་མུ་བཞི་འགོག་པའི་ཚུལ་དེ་ཡང་མི་འཐད་དེ། དབུ་མའི་གཞུང་ནས་དངོས་པོ་ཡོད་པ་དང་མེད་པ་དང་གཉིས་ཀ་མ་ཡིན་པ་བཀག་པའི་དོན་ནི་དེ་དག་ལ་རང་བཞིན་འགོག་པ་ཡིན་གྱི། ཁྱེད་ལྟར་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། གཉིས་ཀ་ཡང་མ་ཡིན། གཉིས་ཀ་མིན་པ་ཡང་མ་ཡིན་ཞེས་པའི་དོན་མིན་པའི་ཕྱིན་ཏེ། དེ་ལྟར་སྨྲ་བ་ལ་ཁས་བླངས་དངོས་འགལ་དུ་འགྱུར་བའི་ཕྱིར་ཏེ། དེའི་ཚེ་གཉིས་ཀ་མིན་ཞེས་སྨྲས་མ་ཐག་གཉིས་ཀ་མིན་པ་མིན་ཞེས་གཉིས་ཀ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །འདི་དག་ལས་ཁ་ཅིག་ཁོ་བོ་ཅག་གིས་ཡོད་མེད་སོགས་གང་དུའང་ཁས་མི་ལེན་པས་ཁས་ལེན་དང་དམ་བཅའ་མེད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ཡང་མི་འཐད་དེ། དེ་ལྟར་ནའང་ཁས་ལེན་དང་དམ་བཅའ་ཡོད་པར་འགྱུར་བའི་ཕྱིར་ཏེ། ཁས་ལེན་དང་དམ་བཅའ་མེད་པར་ཁས་བླངས་ཤིང་དམ་བཅས་པ་དེ་ཉིད་ཁས་ལེན་དང་དམ་བཅའ་ཡིན་པའི་ཕྱིར་རོ། །རྗེས་འདི་དག་གི་སྐབས་སུ་དབུ་མའི་རང་ལུགས་འཇོག་ཚུལ་ལུང་དང་རིགས་པ་དུ་མས་བསྒྲུབས་པ་རྣམས་ནི་དེ་ཉིད་དུ་ཤེས་པར་བྱའོ། །གཉིས་པ་དགག་བྱ་ངོས་འཛིན་ཁྱབ་ཆུང་བ་ནི། ཁ་ཅིག་ན་རེ་དགག་བྱ་ནི་རང་བཞིན་ཡིན་ལ་དེ་ཡང་ཁྱད་པར་གསུམ་དང་ལྡན་པ་སྟེ་ངོ་བོ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་དང་གནས་སྐབས་གཞན་དུ་མི་འགྱུར་བ་དང་རྣམ་འཇོག་གཞན་ལ་མི་བལྟོས་པའོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། ཆོས་ཉིད་ལྟ་བུ་ལ་ཁྱད་པར་དེ་གསུམ་ཡོད་པས་དེ་དག་གི་སྟེང་དུ་བདེན་གྲུབ་མི་ཁེགས་པར་ཐལ་ཞིང་། འདུས་བྱས་ཀྱི་སྟེང་དུ་ཁྱད་པར་དེ་གསུམ་བཀག་པ་རང་བཞིན་གྱིས་སྟོང་པའི་དོན་ཡིན་ན་ནི་དངོས་སྨྲ་བ་རྣམས་ཀྱིས་ཀྱང་རང་བཞིན་མེད་པའི་དོན་ངེས་པར་འགྱུར་བ་དེའི་འདོད་པའང་མ་ཡིན་པའི་ཕྱིར་རོ། །རང་བཞིན་ཁྱད་པར་གསུམ་ལྡན་དེ་འདྲ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་ཞལ་གྱིས་བཞེས་པ་ཡིན་ཏེ། ཆོས་རྣམས་རང་བཞིན་གྱིས་སྟོང་པའི་དེ་བཞིན་ཉིད་དེ་རང་བཞིན་ཁྱད་པར་གསུམ་ལྡན་དུ་ལུང་རིགས་ཀྱིས་བསྒྲུབ་པའི་ཕྱིར་རོ། །གསུམ་པ་རང་ལུགས་ཀྱི་དགག་བྱ་ངོས་བཟུང་བ་ལ་གསུམ། དངོས་ཀྱི་དགག་བྱ་དང་། དེ་གཞན་ལ་སྦྱོར་མི་སྦྱོར་དང་། དོན་དམ་གྱི་ཁྱད་པར་སྦྱོར་མི་སྦྱོར་རོ། །དང་པོ་ནི། སྤྱིར་དགག་བྱ་ལ་ལམ་གྱི་དགག་བྱ་དང་རིགས་པའི་དགག་བྱ་གཉིས་ཡོད་པའི་དང་པོ་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་རྣམས་ཏེ་ཤེས་བྱ་ལ་ཡོད་པའོ། །གཉ ིས་པ་རིགས་པའི་དགག་བྱ་ལ་ཕྲ་རགས་གཉིས་ལས། རགས་པ་ནི་སྒྲ་རྟག་པ་དང་སྤྱིི་གཙོ་བོ་ལ་སོགས་ལྟ་བུའོ། །ཕྲ་བ་ལའང་དབུ་མ་པ་གཉིས་ཀྱི་ལུགས་ལ་མི་འདྲ་བ་ཡོད་ཀྱང་། ཕྱི་ནང་གི་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་འཛིན་པའི་ལྷན་སྐྱེས་ཀྱི་མ་རིག་པས་ཇི་ལྟར་བཟུང་བའི་ཞེན་ཡུལ་ནི་འདིར་དགག་བྱ་མཐར་ཐུག་ག །མ་རིག་པ་དེས་ཆོས་རྣམས་ཀྱི་སྟེང་དུ་རང་བཞིན་ཡོད་པར་སྒྲོ་འདོགས་ཤིང་སྒྲོ་འདོགས་ཚུལ་ནི་ཆོས་གང་ལའང་གཞན་ལ་རག་མ་ལས་པར་རང་གི་ངོ་བོས་ཡོད་པར་འཛིན་པ་ཞིག་སྟེ། དེས་ཇི་ལྟར་བཟུང་བའི་ཞེན་ཡུལ་དེ་ལ་བདག་གམ་རང་བཞིན་ཞེས་ཐ་སྙད་མཛད་དོ། །རང་བཞིན་དེ་གང་ཟག་གི་སྟེང་དུ་མེད་པ་ནི་གང་ཟག་གི་བདག་མེད་དང་མིག་རྣ་བ་སོགས་ཀྱི་སྟེང་དུ་མེད་པ་ནི་ཆོས་ཀྱི་བདག་མེད་དོ། །དགག་བྱའི་རང་བཞིན་ལ་ཕྲ་རགས་མེད་ཀྱང་ཁྱད་གཞིའི་གནད་ཀྱིས་གང་ཟག་གི་སྟེང་དུ་བདག་མེད་ངེས་སླ་ཞིང་མིག་རྣ་སོགས་ཆོས་ཀྱི་སྟེང་དུ་ངེས་དཀའ་སྟེ་ཁྱད་པར་རོ། །གཉིས་པ་དེ་གཞན་ལ་སྦྱོར་མི་སྦྱོར་ནི། རི་བོང་གི་རྭ་ལྟ་བུ་གཏད་མེད་པ་རྣམས་ནི་མེད་དེ་ཞེས་བརྗོད་པས་ཆོག་གི་ཁྱད་པར་དེ་སྦྱོར་མི་དགོས་ལ། ཡུལ་འགའ་ཞིག་ན་ཡོད་ཀྱང་ཡུལ་དེར་མེད་ན་ནི་དེར་མེད་ཅེས་བརྗོད་ཀྱི་ཁྱད་པར་དེ་སྦྱར་མི་དགོས་སོ། །གཞན་སྡེ་དང་དངོས་སྨྲ་བའི་ཐུན་མོང་མ་ཡིན་པའི་སྒྲོ་བཏགས་རྣམས་འགོག་པ་ན་དམིགས་བསལ་མ་གཏོགས་དགག་བྱའི་ཁྱད་པར་མ་སྦྱར་བར་འགོག་ཏུ་རུང་ངོ་། །དབུ་མ་པས་ཐ་སྙད་དུ་ཡོད་པར་འདོད་པ་ཇི་ལྟ་བ་ཞིག་ཡིན་ཀྱང་འགོག་པ་ན་དགག་བྱའི་ཁྱད་པར་སྦྱར་ནས་འགོག་དགོས་སོ། །དགག་བྱའི་རྣམ་གྲངས་ལ་བདེན་པར་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རང་གི་ངོ་བོས་གྲུབ་པ་དང་། དེ་ཁོ་ན་ཉིད་དུ་གྲུབ་པ་དང་། ཡང་དག་པར་གྲུབ་པ་དང་། དོན་དམ་པར་གྲུབ་པ་སོགས་ཏེ་དེ་དག་གང་རུང་ཞིག་སྦྱར་བ་བྱུང་ན་དེས་ཆོག་གོ །གསུམ་པ་དགག་བྱ་ལ་དོན་དམ་སྦྱོར་མི་སྦྱོར་ནི་དབུ་མ་གཉིས་ལ་ཁྱད་པར་མེད་ལ། འོན་ཀྱང་རང་རྒྱུད་པས་ནི་དོན་དམ་པར་གྲུབ་པ་དང་བདེན་པར་གྲུབ་པ་དང་ཡང་དག་པར་གྲུབ་པ་དང་དེ་ཁོ་ན་ཉིད་དུ་གྲུབ་པ་རྣམས་མི་འདོད་ཀྱང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་རང་བཞིན་གྱིས་གྲུབ་པ་བཞེད་དེ་ཁྱད་པར་རོ། །གཉ ིས་པར་དགག་བྱ་འགོག་པ་དེ་ཐལ་རང་གང་གིས་བྱེད་བཤད་པ་ལ་གཉིས། ཐལ་རང་གི་དོན་ངོས་བཟུང་བ་དང་། དེ་གཉིས་གང་གི་རྗེས་སུ་འབྲང་ནས་ལྟ་བ་རྒྱུད་ལ་བསྐྱེད་པའོ། །དང་པོ་ལ་གཉིས། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ལ་དེ་བརྗོད་པ་དང་དགག་པ་གཉིས་ཡོད་ཅིང་། རང་ལུགས་ཀྱི་སྐབས་སུ་རང་རྒྱུད་སུན་བྱུང་བ་དང་། རང་ལ་མི་མཚུངས་པ་གཉིས་དང་། དང་པོ་ལ་ཆོས་ཅན་གཞི་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་དང་། དེས་གཏན་ཚིགས་ཀྱང་མ་གྲུབ་པ་གཉིས་དང་། དང་པོ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་དང་། དགག་པ་ལ་ཡང་དོན་མི་འཐད་པ་དང་། དཔེ་མི་འཐད་པ་གཉིས་སོགས་ཡོད་ཀྱང་མང་བས་བཞག་གོ །གཉིས་པ་ལ་དེ་གཉིས་གང་གི་རྗེས་སུ་འབྲང་ནས་ལྟ་བ་རྒྱུད་ལ་བསྐྱེད་པ་ནི། དབུ་མ་པ་ལ་གཉིས་ཡོད་པ་ལས་གང་གི་རྗེས་སུ་འབྲང་སྙམ་ན། འདིར་ནི་ཐལ་འགྱུར་བའི་ལུགས་དཔལ་ལྡན་ཟླ་བས་གསལ་བར་མཛད་པའི་རྗེས་སུ་འཇུག་དགོས་པར་རྗེ་ཉིད་ཀྱིས་བཞེད་པ་ལྟར་རོ། །གསུམ་པ་དེ་ལ་བརྟེན་ནས་ལྟ་བ་རྒྱུད་ལ་བསྐྱེད་པའི་ཚུལ་ལ་གསུམ། གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་གཏན་ལ་དབབ་པ་དང་། ལྟ་བ་གོམས་པས་སྒྲིབ་པ་སྤོང་ཚུལ་ལོ། །དང་པོ་ལ་གསུམ། བདག་རང་བཞིན་མེད་པ་གཏན་ལ་དབབ་པ་དང་། དེས་བདག་གི་བ་རང་བཞིན་མེད་པར་འགྲུབ་པ་དང་། རིགས་པས་དེ་དག་གཞན་ལའང་སྦྱོར་ཚུལ་ལོ། །དང་པོ་ལ་གཉིས། དཔེ་དགོད་པ་དང་། དོན་ལ་སྦྱར་བའོ། །དང་པོ་ནི། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་སོ། །འདི་ལ་བཞི། ཤིང་རྟ་རང་བཞིན་མེད་པའི་བཏགས་ཡོད་དུ་བསྟན་པ། དེ་ལ་རྩོད་པ་སྤང་བ། མིང་གི་སྒོ་ནས་གྲུབ་ཚུལ། དེ་ལ་བརྟེན་ནས་ལྟ་བ་མྱུར་དུ་རྙེད་པའི་ཕན་ཡོན་ནོ། །དང་པོ་ནི། འཇུག་པ་ལས། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཅིང་། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་ཤིང་རྟ་དང་བདག་ཕུང་དཔེ་དོན་དུ་སྦྱར་ནས་གསུངས་སོ། །དེ་ཡང་ཤིང་རྟ་རང་བཞིན་གྱིས་གྲུབ་ན་གཅིག་དང་ཐ་དད་སོགས་རྣམ་པ་བདུན་དུ་བཙལ་ན་རྙེད་དགོས་པ་ལས་བདུན་པོ་དེ་དག་གང་དུ་ཡང་མ་གྲུབ་པས་རང་བཞིན་གྱིས་མེད་དོ། །འདི་དག་ཀྱང་བསྡུས་ཏེ་བརྗོད་ན་ཤིང་རྟ་དེ་རང་གི་ཡན་ལག་རྣམས་དང་རང་བཞིན་གཅིག་མིན་ཏེ། གཅིག་ན་ཡན་ལག་དུ་མ་ཡོད་པ་དེ་བཞིན་དུ་ཤིང་རྟ་ཡང་དུ་མར་འགྱུར་ཞིང་། ཡང་ན་ཤིང་རྟ་གཅིག་ཡིན་པ་ལྟར་ཡན་ལག་རྣམས་ཀྱང་གཅིག་ཏུ་འགྱུར་རོ། །ཤིང་རྟ་དེ་རང་གི་ཡན་ལག་རྣམས་དང་ངོ་བོ་ཉིད་ཀྱིས་སོ་སོ་བའང་མིན་ཏེ། ཡིན་ན་བུམ་པ་དང་ཀ་བ་ཐ་དད་ཡན་གར་དུ་མཐོང་བ་ལྟར་ཤིང་རྟ་དང་དེའི་ཡན་ལག་སོ་སོར་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར་རོ། །རྟེན་དང་བརྟེན་པའི་ཕྱོགས་གཉིས་ནི་མཁར་གཞོང་ལ་ཞོ་གནས་པ་ལྟར་ཤིང་རྟ་དེ་རང་གི་ཡན་ལག་རྣམས་ཀྱི་རྟེན་དུ་མེད་ཅིང་། རེ་ལྡེ་ལ་ལྷས་སྦྱིན་གནས་པ་ལྟར་ཤིང་རྟ་དེ་རང་གི་ཡན་ལག་རྣམས་ལ་བརྟེན་ནས་ངོ་བོ་ཉིད་ཀྱིས་མེད་དེ། ཡོད་ན་ཕན་ཚུན་མ་བལྟོས་པར་ཡོད་དགོས་པའི་ཕྱིར། ལྡན་པའི་ཕྱོགས་ཀྱང་མི་འཐད་དེ། འདི་ལྟར་ལྷས་སྦྱིན་ནོར་དང་ལྡན་པ་བཞིན་དུ་ངོ་བོ་ཐ་དད་པའི་ཚུལ་དུ་མི་ལྡན་ཅིང་། ལྷས་སྦྱིན་རྣ་བ་དང་ལྡན་པ་བཞིན་དུ་ངོ་བོ་གཅིག་པའི་ཚུལ་དུ་ངོ་བོ་ཉིད་ཀྱིས་མི་ལྡན་པའི་ཕྱིར་ཏེ། ངོ་བོ་ཐ་དད་པའི་ཚུལ་གྱིས་ལྡན་ན་ཡན་ལག་ལ་མ་བལྟོས་པར་ཤིང་རྟ་འཛིན་དགོས་ན་དེ་མི་འཛིན་པའི་ཕྱིར་དང་། སྤྱིར་ཐ་སྙད་དུ་ཤིང་རྟ་ཡན་ལག་རྣམས་དང་ངོ་བོ་གཅིག་ཏུ་ལྡན་པར་འདོད་ཀྱང་། འདིར་ནི་རང་བཞིན་གཅིག་པའི་ལྡན་ཚུལ་ཡིན་པ་འགོག་པའི་ཕྱིར་རོ། །ཕྱོགས་ལྷག་མ་གཉིས་ནི། ཤིང་རྟའི་ཡན་ལག་ཤིང་རྟ་མིན་ཡང་ཡན་ལག་ཚོགས་པ་ཙམ་ཤིང་རྟའོ་སྙམ་ན་དེ་ནི་མི་འཐད་དེ། དེ་ལྟ་ན་ཡན་ལག་རྣམས་ཕྲལ་ནས་གསིལ་བུར་གནས་པ་ལའང་ཤིང་རྟ་ཡོད་དགོས་ན་དེ་མ་མཐོང་བའི་ཕྱིར། དཔེར་ན་ཁང་པ་བཤིག་པའི་ཤིང་ཚོགས་པ་ཙམ་ལ་ནི་ཁང་པ་མེད་པ་བཞིན་ནོ། །གཞན་ཡང་ཤིང་རྟའི་ཡན་ལག་ཚོགས་པ་ཙམ་ཞིག་ཤིང་རྟ་མི་རིགས་ཏེ། ཡན་ལག་ཚོགས་པ་ནི་ཤིང་རྟའི་གདགས་གཞི་ཡིན་པས་གདགས་གཞི་བཏགས་ཆོས་སུ་མི་འཐད་པའི་ཕྱིར་རོ། །གལ་ཏེ་ཚོགས་པ་ཙམ་ཤིང་རྟར་མི་འདོད་ཀྱི་ཡན་ལག་བསྒྲིགས་པའི་དབྱེ་བས་ཁྱད་པར་བ་དེ་ཤིང་རྟར་འཇོག་གོ་སྙམ་ན། དེ་ཡང་མི་འཐད་དེ། བསྒྲིགས་མ་བསྒྲིགས་གང་གི་དབྱིབས་ཤིང་རྟར་མི་རིགས་པའི་ཕྱིར་ཏེ། ཤིང་རྟ་ནི་དབྱིབས་དང་ལྡན་པའི་དབྱིབས་ཅན་ཡིན་པས་དབྱིབས་ཅན་ནི་དབྱིབས་སུ་མི་འཐད་པའི་ཕྱིར་རོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ནི། དངོས་སྨྲ་བ་དག་ན་རེ། དེ་ལྟར་རྣམ་པ་བདུན་དུ་བཙལ་ནས་ཤིང་རྟ་མ་རྙེད་ན་ཤིང་རྟ་མེད་དགོས་ན་དེ་ཡང་མི་རུང་སྟེ། འཇིག་རྟེན་ན་ཤིང་རྟ་ལོངས་ཤིག་ཉོས་ཤིག་ཆོས་ཤིག་ཅེས་སོགས་ཀྱི་ཐ་སྙད་མཐོང་བའི་ཕྱིར་རོ་ཞེ་ན། སྐྱོན་དེ་མི་འཇུག་སྟེ། ཤིང་རྟ་ནི་རྣམ་པ་བདུན་གྱི་རིགས་པས་དཔྱད་ན་མི་རྙེད་ཀྱང་རིགས་པ་དེས་ཤིང་རྟ་མེད་པར་རྙེད་པ་མིན་པས་ཤིང་རྟ་ནི་ཐ་སྙད་དུ་ཡོད་པར་འདོད་པའི་ཕྱིར་ཏེ། འཇུག་པ་ལས། དེ་ནི་དེ་ཉིད་དུ་འམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདི། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་གསུངས་པའི་ཕྱིར། གལ་ཏེ་ཤིང་རྟའི་ཡན་ལག་རྣམས་ཤིང་རྟ་ལ་བལྟོས་སམ་མི་བལྟོས། བལྟོས་ན་ཤིང་བཤིགས་པའི་ཚེ་ཡང་ཤིང་རྟའི་ཡན་ལག་རྣམས་མཐོང་བས་ཇི་ལྟར་བྱ་སྙམ་ན། ལན་ནི་འདི་ལྟར་གསུངས་ཏེ་ཤིང་རྟ་ཞིག་པའི་ཡན་ལག་ལ་དེའི་ཡན་ལག་གོ་སྙམ་པ་ནི་སྔོན་ཤིང་རྟ་མཐོང་བའི་འབྲེལ་བའི་དབང་གིས་དེར་འཛིན་པ་ཡིན་གྱི། དེ་ཤིང་རྟ་དང་མ་འབྲེལ་བས་ཤིང་རྟའི་ཡན་ལག་མིན་ནོ། །རིགས་པ་འདིས་མི་དང་དུད་འགྲོ་ཤི་བའི་ཕུང་པོ་རྣམས་ནི་མི་དང་དུད་འགྲོའི་ཕུང་པོ་ཡིན་པའང་ཁེགས་སོ། །མི་བལྟོས་ན་ཤིན་ཏུ་མི་འཐད་དེ། ཡན་ལག་ཅན་དང་ཡན་ལག་དང་ཆ་དང་ཆ་ཅན་རྣམས་ཀྱང་ཕན་ཚུན་བལྟོས་པར་རིགས་པས་གྲུབ་པའི་ཕྱིར་རོ། །གསུམ་པ་མིང་གི་ཁྱད་པར་གྱི་སྒོ་ནས་གྲུབ་ཚུལ་ནི། ཐ་སྙད་དུ་ཤིང་རྟ་རང་གི་ཡན་ལག་རྣམས་ལ་བལྟོས་ཏེ་ཡན་ལག་ཅན་དང་ཆ་ཤས་ཅན་དང་ཚོགས་པ་ཅན་ལ་སོགས་པར་འཇོག་པ་ཡིན་ནོ། །བཞི་པ་དེ་ལ་བརྟེན་ནས་ལྟ་བ་མྱུར་དུ་རྙེད་པའི་ཕན་ཡོན་ནི། དེ་ལྟར་ཤིང་རྟ་ལ་རྣམ་པ་བདུན་གྱི་དཔྱོད་པ་དེ་ལ་བརྟེན་ནས་རང་བཞིན་མེད་པའི་དོན་གྱི་གཏིང་མྱུར་དུ་དཔོག་པར་འགྱུར་བར་གསུངས་ཤིང་མདོར་ན་ཤིང་རྟ་དང་སྦྱར་ནས་བཤད་པའི་ལྟ་བའི་རྣམ་གཞག་འདི་ལ་ཡོན་ཏན་གསུམ་ཡོད་དེ། སྒྲོ་འདོགས་ཀྱི་རྟག་ལྟ་དགག་སླ་བའི་ཡོན་ཏན་དང་། རྟེན་འབྲེལ་མི་འཐད་སྙམ་པའི་ཆད་ལྟ་དགག་སླ་བ་དང་། རང་བཞིན་མེད་པ་ལ་བྱ་བྱེད་འཐད་པར་རྟོགས་སླ་བའི་ཡོན་ཏན་རྣམས་འབྱུང་ངོ་། །གཉིས་པ་དོན་ལ་སྦྱར་བ་ལ་གཉིས། རང་བཞིན་མེད་ཚུལ་དོན་ལ་སྦྱར་བ་དང་། མིང་གི་སྒོ་ནས་གྲུབ་ཚུལ་དོན་ལ་སྦྱར་བའོ། །དང་པོ་ལ་བཞི། བདག་ཕུང་གཅིག་པ་དགག་པ་དང་། ཐ་དད་པའི་ཕྱོགས་དགག་པ་དང་། དེས་ལྷག་མ་རྣམས་ཀྱང་ཁེགས་ཚུལ་དང་། དེ་ལ་བརྟེན་ནས་གང་ཟག་སྒྱུ་མ་ལྟ་བུར་འཆར་ཚུལ་ལོ། །དང་པོ་ནི། སྤྱིར་ཆོས་ལ་གཅིག་དང་ཐ་དད་གཉིས་སུ་ཁ་ཚོན་ཆོད་ན་ནི་བྱེ་བྲག་རང་གི་ངོ་བོས་གྲུབ་པའི་གཅིག་དང་ཐ་དད་ལ་ཡང་ཁ་ཚོན་ཆོད་པར་འགྱུར་བས་བདག་ནི་ཕུང་པོ་དང་ངོ་བོས་གྲུབ་པའི་གཅིག་གམ་ཐ་དད་པ་ག །ང་ཡིན་སྙམ་དུ་དཔྱད་པར་བྱའོ། །འདི་ལ་ཐོག་མར་རང་བཞིན་ཀྱིས་གཅིག་ཡིན་པ་ལ་གནོད་བྱེད་བསྟན་པར་བྱ་སྟེ། འདི་ལ་གསུམ། བདག་ཁས་ལེན་པ་དོན་མེད་དུ་འགྱུར་བ་དང་། བདག་མང་པོར་འགྱུར་བ་དང་། སྐྱེ་འཇིག་ཅན་དུ་འགྱུར་བའོ། །དང་པོ་ནི། བདག་ཕུང་ནི་གཅིག་ཏུ་མི་རུང་སྟེ། གཅིག་ཡིན་ན་བདག་ཕུང་པོའི་རྣམ་གྲངས་ཙམ་དུ་འགྱུར་བའི་ཕྱིར་ཏེ། ཟླ་བ་ལ་རི་བོང་ཅན་དུ་བརྗོད་པ་ལྟར་འགྱུར་རོ། །དེ་ལྟར་འགྱུར་ན་ནི་མི་འཐད་དེ། བདག་དང་ཕུང་པོའི་ཐ་སྙད་སོ་སོར་བྱེད་པ་མཐོང་བའི་ཕྱིར་རོ། །གཉིས་པ་ནི། བདག་ཕུང་པོ་དང་རང་བཞིན་གཅིག་ཏུ་གྲུབ་ན་སྐྱོན་གཞན་ཡང་ཡོད་དེ། ཕུང་པོ་ཡང་དུ་མ་ཡོད་པ་ལྟར་བདག་ཀྱང་དུ་མ་ཡོད་པར་འགྱུར་ཞིང་། ཡང་ན་བདག་གཅིག་ཡིན་པ་ལྟར་ཕུང་པོ་རྣམས་ཀྱང་གཅིག་ཏུ་འགྱུར་རོ། །གསུམ་པ་ནི། བདག་སྐད་ཅིག་གིས་སྐྱེ་འཇིག་བྱེད་ན་སྐྱོན་ཅི་ཡོད་སྙམ་ན་སྐྱོན་གསུམ་ཡོད་དེ། སྐྱེ་བ་དྲན་པ་མི་འཐད་པ་དང་། ལས་བྱས་པ་ཆུད་ཟོས་པ་དང་། ལས་མ་བྱས་པ་དང་འཕྲད་པའི་སྐྱོན་ཡོད་པའི་ཕྱིར་ཏེ། དང་པོ་ནི། འདི་ལྟར་རང་གི་ངོ་བོས་གྲུབ་པའི་བདག་སྐད་ཅིག་གིས་སྐྱེ་འཇིག་བྱེད་ན་བདག་སྔ་ཕྱི་རྣམས་ནི་འབྲེལ་མེད་དུ་གྱུར་པས་ངའི་སྐྱེ་བ་སྔོན་མ་ནི་འདིའོ་ཞེས་མི་དྲན་པར་འགྱུར་པའི་ཕྱིར་ཏེ། ལྷས་བྱིན་གྱིས་རང་མཆོད་སྦྱིན་གྱི་སྐྱེ་བ་བླངས་པ་མི་དྲན་པ་བཞིན་ནོ། །གཉིས་པ་ལས་བྱས་པ་ཆུད་ཟ་བའི་ཉེས་པ་ཡོད་དེ། ལས་བྱེད་པ་པོ་དང་ལས་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་བཞིན་དུ་ཞིག་ན་ནི་སྔར་བསགས་པའི་ལས་ཀྱི་འབྲས་བུ་མྱོང་བ་མི་འགྱུར་བའི་ཕྱིར་ཏེ། གཉིས་ཀའང་འབྲེལ་མེད་དུ་སོ་སོར་ཞིག་པའི་ཕྱིར་རོ། །སྤྱིར་ལས་བྱེད་པ་པོ་དང་ལས་གཉིས་ཀའང་ཞིག་ཀྱང་འབྲས་བུ་འབྱིན་པ་མི་འགལ་ཞིང་། རང་བཞིན་གྱིས་གྲུབ་ན་བལྟོས་པར་མི་རུང་བས་ཞིག་ཟིན་ནས་ཕྱིས་འབྲས་བུ་བསྐྱེད་མི་ནུས་པའི་རིགས་པ་སྟེ་འོན་ཀྱང་རྟོགས་དཀའ་བའི་གནས་སོ། །གསུམ་པ་ལས་མ་བྱས་པ་དང་འཕྲད་པའི་ཉེས་པ་ཡོད་དེ། འདི་ཡང་རང་བཞིན་གྱིས་གྲུབ་པའི་གང་ཟག་ཞིག་གིས་ལས་བསགས་ནས་ཁོ་རང་ཞིག་ནས། ཕྱིས་རང་བཞིན་གྱིས་གྲུབ་པའི་གང་ཟག་གཞན་ཞིག་གིས་ལས་དེའི་འབྲས་བུ་མྱོང་བར་འདོད་པ་ཡིན་པས་གང་ཟག་གཞན་གྱིས་བསགས་པའི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་བའི་ཕྱིར་རོ། །འདི་ལ་སྔ་ཕྱི་གཉིས་རྒྱུད་གཅིག་ཡིན་པས་སྐྱོན་དེ་མེད་སྙམ་ན་མི་འཐད་དེ། རང་གི་མཚན་ཉིད་ཀྱིས་གྲུབ་ན་ནི་རྒྱུད་ཐ་ད ད་དུ་འགྱུར་དགོས་པས་རྒྱུད་གཅིག་པ་མི་རུང་བའི་ཕྱིར་ཏེ། འཇུག་པ་ལས། གང་དག་རང་མཚན་ཉིད་ཀྱིས་སོ་སོ་པ། །དེ་དག་རྒྱུད་གཅིག་གཏོགས་པ་རིགས་མ་ཡིན། །ཞེས་གསུངས་པ་ལྟར་རོ། །འདི་ཡང་རང་བཞིན་གྱིས་གྲུབ་པ་ལ་བལྟོས་འབྲེལ་མི་རུང་བའི་རིགས་པའོ། །མདོར་ན་བདག་ཕུང་གཉིས་གཅིག་ཡིན་པའི་ཕྱོགས་ལ་ལས་བྱ་བྱེད་ཐམས་ཅད་འཐད་པར་མི་འགྱུར་བའི་གནོད་བྱེད་ཀྱི་སྐོར་ཤིན་ཏུ་མང་སྟེ་བཞག་གོ །གཉིས་པ་ཐ་དད་པའི་ཕྱོགས་དགག་པ་ནི། སྦྱིར་བདག་ཕུང་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་པས་ཐ་དད་ཙམ་འགོག་པ་མིན་ཡང་རང་བཞིན་གྱིས་ཐ་དད་པའི་ཕྱོགས་འགོག་པ་སྟེ། དེ་ཡང་བདག་ཕུང་རང་བཞིན་གྱིས་ཐ་དད་ན། བདག་ནི་ཕུང་པོའི་མཚན་ཉིད་སྐྱེ་འཇིག་གནས་གསུམ་དང་མི་ལྡན་པར་འགྱུར་ཏེ་རྟ་དང་བ་ལང་བཞིན་ནོ། །བདག་ནི་ཕུང་པོའི་མཚན་ཉིད་སྐྱེ་འཇིག་སོགས་ལས་ལོགས་ཞིག་ཏུ་ངོ་བོ་ཐ་དད་དུ་ཡོད་པ་མིན་ཏེ། ཕུང་པོ་སྐྱེ་འཇིག་བྱེད་པ་ན་བདག་ཀྱང་སྐྱེ་འཇིག་བྱེད་པར་འཇོག་པའི་ཕྱིར་རོ། །གཞན་ཡང་ངོ་བོས་ཐ་དད་ན་ལུས་སེམས་གཉིས་སོ་སོར་ངོས་བཟུང་དུ་ཡོད་པ་ལྟར་བདག་ཕུང་གཉིས་ངོ་བོ་ཐ་དད་པའི་ཚུལ་གྱིས་བཟུང་དུ་ཡོད་དགོས་ན་དེ་ལྟར་བཟུང་དུ་མེད་དེ། རྩ་བ་ཤེས་རབ་ལས། བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །བཟུང་ཡོད་རིགས་ན་བཟུང་དུ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་ཤིང་རྟ་བཞིན་དུ་བདག་ཀྱང་ཕུང་པོ་ལ་བརྟེན་ནས་ཐ་སྙད་དུ་འཇོག་པ་ནི་མདོ་དང་འཇུག་པའི་ལུང་གིས་འགྲུབ་བོ། །བཞི་པ་དེ་ལ་བརྟེན་ནས་གང་ཟག་སྒྱུ་མ་ལྟ་བུར་འཆར་ཚུལ་ནི། །དཔེར་ན་སྒྱུ་མའི་རྟ་གླང་ནི་རྟ་གླང་དུ་སྣང་ཡང་དེར་མ་གྲུབ་པར་ངེས་ནུས་པ་ལྟར། གང་ཟག་སོགས་ཐ་སྙད་པའི་ཤེས་པ་ལ་བསྙོན་མེད་དུ་སྣང་བ་དང་། དེ་ཉིད་རང་བཞིན་གྱིས་སྟོང་པར་རིགས་ཤེས་ཀྱིས་ངེས་པ་ལ་བརྟེན་ནས་སྣང་ཡང་སྣང་བ་ལྟར་ངོ་བོས་མ་གྲུབ་པའི་སྒྱུ་མའམ་བརྫུན་སྣང་དུ་ངེས་པ་སྐྱེ་བར་འགྱུར་རོ། །འདི་ལ་སྣང་བ་ནི་རིགས་ཤེས་ཀྱིས་མི་འགྲུབ་ཅིང་རང་བཞིན་མེད་པ་ཐ་སྙད་པའི་ཚད་མས་མི་འགྲུབ་པས་རིགས་ཤེས་དང་ཐ་སྙད་པའི་ཚད་མ་གཉིས་ཀ་དགོས་པ་ཡིན་ནོ། །གཞན་ཡང་བདེན་པར་མ་གྲུབ་པར་ངོས་ཟིན་ཀྱང་ཐ་སྙད་པའི་བློ་ལ་བདེན་པར་སྣང་བ་འབྱུང་ཞིང་དེའི་ཚེ་འདི་ནི་སྒྱུ་མ་བཞིན་སྣང་བ་སྟེ་སྣང་བ་ལྟར་དུ་གྲུབ་པ་མེད་སྙམ་དུ་སེམས་པ་ནི་སྒྱུ་མ་ལྟ་བུའི་འཆར་ཚུལ་དུ་ཡང་འགྱུར་རོ། །གཟུགས་བརྙན་དང་སྒྱུ་མའི་རྟ་གླང་དང་རྨི་ལམ་གྱི་མི་སོགས་དེ་དག་ཏུ་སྣང་ཡང་དེར་མ་གྲུབ་པ་ནི་ཐ་སྙད་པའི་ཚད་མས་ངེས་ནུས་ཀྱང་། ཕུང་སོགས་བདེན་པར་སྣང་ཡང་བདེན་པར་མ་གྲུབ་པ་ནི་དབུ་མའི་གྲུབ་མཐའ་ལ་ཞུགས་པ་མིན་པ་གཞན་གྱིས་ངེས་མི་ནུས་ཏེ། སྔ་མ་རྒ་ཤིར་ཕྱི་མ་ཕྲ་བའི་དབང་གིས་ཡིན་པའི་ཕྱིར་རོ། །གསུམ་པ་རིགས་པ་དེ་རྣམས་ཆོས་གཞན་ལ་སྦྱོར་ཚུལ་ནི། ཇི་ལྟར་ཤིང་རྟ་དང་བདག་ཕུང་ལ་བཤད་པའི་རིགས་པ་དེ་བཞིན་དུ་བུམ་པ་དང་ཀ་བ་དང་སྣམ་བུ་སོགས་ཆོས་ཐམས་ཅད་ལ་སྦྱར་ནས་རང་བཞིན་གྱིས་གྲུབ་པ་འགོག་ཅིང་རང་བཞིན་མེད་པར་གཏན་ལ་དབབ་པར་བྱ་སྟེ། སྡུད་པ་ལས། བདག་ཅི་འདྲ་བར་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་གསུངས་པའི་ཕྱིར་། གཉིས་པ་ཆོས་ཀྱི་བདག་མེད་གཏན་ལ་དབབ་པ་ནི། གང་ཟག་ལས་གཞན་པའི་དངོས་པོ་ལ་ཆོས་ཞེས་བྱ་ཞིང་། དེ་རང་བཞིན་གྱིས་སྟོང་པར་གཏན་ལ་འབེབས་ཚུལ་མང་ཡང་། འཇུག་པར་ནི། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་སོགས་ཀྱི་དགོངས་པར་མཛད་ནས་མུ་བཞི་སྐྱེ་འགོག་གི་རིགས་པ་གསུངས་ཤིང་། དེ་ཡང་བདག་དང་གཞན་བདག་གཞན་གཉིས་ཀ་དང་གཉིས་ཀ་མིན་པའི་རྒྱུ་མེད་ཀྱི་མཐའ་བཞི་ལས་སྐྱེ་བ་འགོག་པ་སྟེ་འདི་ལ་བཞི་ལས། བདག་ལས་སྐྱེ་བ་ཐལ་འགྱུར་གྱིས་འགོག་པའི་དོན་བསྡུས་ཏེ་བརྗོད་ན། རྒྱུ་འབྲས་རང་བཞིན་གཅིག་པའི་སྐྱེ་བ་ནི་བདག་སྐྱེ་ཡིན་པས་དེ་འགོག་ཚུལ་ལ། མྱུ་གུ་ནི་རང་དང་རང་བཞིན་གཅིག་པའི་ས་བོན་གྱི་བདག་ཉིད་ལས་སྐྱེ་བ་མི་འཐད་དེ། སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཏེ། སྐྱེ་བ་ནི་གང་དུ་སྐྱེ་བ་དེའི་བདག་ཉིད་ཐོབ་པར་བྱ་བའི་ཕྱིར་ཡིན་ཞིང་། མྱུ་གུས་ནི་རང་གི་བདག་ཉིད་ཐོས་ཟིན་པས་སླར་སྐྱེ་མི་དགོས་པའི་ཕྱིར་རོ། །སྐྱེས་ཟིན་པའི་ས་བོན་སླར་སྐྱེ་ན་ནི་ཡང་ཡང་སྐྱེ་དགོས་པས་ཐུག་མེད་དུ་སྐྱེ་བར་འགྱུར་དགོས་ན་དེ་ནི་མི་རིགས་སོ། །གལ་ཏེ་བདག་ལས་མི་སྐྱེ་ཡང་གཞན་ལས་སྐྱེའོ་སྙམ་ན་དེ་ཡང་མི་འཐད་དེ། གཞན་ལས་སྐྱེ་བའི་བསམ་དོན་ནི་རང་བཞིན་ཐ་དད་པའི་ས་བོན་ལས་སྐྱེ་བར་འདོད་པ་ཡིན་ལ། རང་བཞིན་འབྲེལ་མེད་ཐ་དད་པའི་ས་བོན་ལས་སྐྱེ་བ་མེད་པའི་ཕྱིར་ཏེ། སྐྱེ་ན་མེ་ལྕེ་ལས་མུན་པ་སྐྱེ་བར་ཐལ་ཞིང་རྒྱུ་ཡིན་མིན་ཀུན་ལས་འབྲས་བུ་ཡིན་མིན་ཀུན་སྐྱེ་བར་འགྱུར་བའི་ཕྱིར་ཏེ། རང་གི་ངོ་བོས་གྲུབ་པ་ལ་རྒྱུ་འབྲས་སོ་སོར་ངེས་པ་མི་རུང་བའི་ཕྱིར་རོ། །གལ་ཏེ་བདག་གཞན་གཉིས་རེ་རེ་ལས་སྐྱེ་བ་མིན་གྱི་བདག་གཞན་གཉིས་ཀ་ཚོགས་པས་སྐྱེ་སྟེ། དཔེར་ན་རྫ་བུམ་ནི་འཇིམ་པ་ལས་སྐྱེ་བས་བདག་ལས་སྐྱེ་ལ། རྫ་མཁན་སོགས་ལས་སྐྱེ་བས་གཞན་ལས་སྐྱེའོ་སྙམ་ན། དེ་ཡང་མི་འཐད་དེ། སྔར་བདག་གཞན་རེ་རེ་ལས་སྐྱེ་བ་འགོག་པའི་རིགས་པ་དེ་ཉིད་ཀྱིས་ཁེགས་པའི་ཕྱིར། གལ་ཏེ་སྔ་མ་གསུམ་ལྟར་མིན་གྱི་རྒྱུ་མེད་ལས་སྐྱེ་བ་ཡིན་ཞིང་དེ་ཡང་ཚེར་མའི་རྣོ་བ་དང་སྲན་མའི་ཟླུམ་པ་དང་པདྨ་དང་རྨ་བྱའི་མདོངས་ཀྱི་ཁ་དོག་སོགས་གཞན་གྱིས་བྱས་པར་མ་མཐོང་བས་རྒྱུ་མེད་ངོ་བོ་ཉིད་ཀྱིས་སྐྱེའོ་སྙམ་ན། དེ་ནི་ཤིན་ཏུ་མི་འཐད་དེ། དེ་ལྟར་ན་འཇིག་རྟེན་དུ་འབྲས་བུ་སྣ་ཚོགས་འདོད་ནས་རྒྱུ་སྣ་ཚོགས་སྒྲུབ་པ་ལ་འབད་པ་ཐམས་ཅད་དོན་མེད་པར་འགྱུར་བའི་ཕྱིར་རོ། །ཚེར་མའི་རྣོ་བ་སོགས་ལ་རྒྱུ་མེད་པ་མིན་ཏེ། དེ་ནི། གང་ཡོད་ན་ནི་གང་འབྱུང་བ། །དེ་ནི་རྒྱུ་ཞེས་རབ་ཏུ་བརྗོད། །ཞེས་གསུངས་པ་ལྟར། ས་བོན་སྔ་མ་རྣམ་པར་འགྱུར་བ་ནི་འབྲས་བུ་ཕྱི་མའི་རྒྱུ་ཡིན་པའི་ཕྱིར་དང་། རྨ་བྱའི་མདོངས་སོགས་ཀྱང་རྒྱུ་ས་བོན་སྔོན་མ་འགྱུར་བ་དང་སེམས་ཅན་རང་གི་ཐུན་མོང་མ་ཡིན་པའི་ལས་ཀྱིས་བསྐྱེད་པ་ཡིན་ཕྱིར། གཞན་དུ་ན་བྱ་རོག་སོགས་ཐམས་ཅད་ལ་རྨ་བྱའི་མདོངས་ཡོད་པར་འགྱུར་རོ། །དེ་དག་ནི་སྐབས་འདིའི་དོན་བསྡུས་ཏེ་བཤད་པ་ཡིན་ལ་དེ་ལྟར་མཐའ་བཞིའི་སྐྱེ་བ་བཀག་པ་ལ་བརྟེན་ནས་དངོས་པོ་རྣམས་ལ་རང་བཞིན་གྱིས་སྐྱེ་བ་མེད་པར་ངེས་པར་འགྱུར་བ་ཡིན་ཏེ། འཇུག་པ་ལས། གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་དང་། །རྒྱུ་ལ་མ་བལྟོས་ཡོད་པ་མིན་པས་དངོས་རྣམས་རང་བཞིན་བྲལ། །ཞེས་གསུངས་པའི་ཕྱིར། ཡང་རྩ་ཤེ་ལས། རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །ཞེས་དང་། འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པ་ལྟར་རྟེན་འབྲེལ་གྱི་རྟགས་ལ་བརྟེན་ནས་སྐྱེ་སོགས་རང་བཞིན་མེད་པར་ངེས་ནུས་ན་ནི་ལེགས་པས་མྱུ་གུ་ལ་མཚོན་ན། མྱུ་གུ་ནི་རང་གིས་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དེ། རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན་ཞེས་གཞན་གྲགས་ཀྱི་རྗེས་དཔག་བྱའོ། །དེ་ཡང་བྱད་བཞིན་གྱི་གཟུགས་བརྙན་སྣང་བ་ལ་བྱིས་པ་ཆུང་ངུས་སྣང་ཚུལ་ལྟར་བདེན་པར་འཛིན་གྱི། བློ་ལ་སྣང་བའི་བརྫུན་སྣང་ཙམ་དུ་མི་འཛིན་ལ། བརྡ་བྱང་རྣམས་ཀྱིས་ནི་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པར་ཤེས་པས་བརྫུན་པའི་སྣང་བ་ཙམ་དུ་འཛིན་ནོ། །དེ་བཞིན་དུ་རང་གཞན་ལ་སྣང་བའི་ཆོས་འདི་རྣམས་ནི་བློ་ལ་སྣང་བའི་དབང་གིས་བཞག་པ་ཙམ་ཡིན་པ་ལ། དེ་ལྟར་མ་ངེས་པར་རང་གི་ངོ་བོའི་སྒོ་ནས་ཡུལ་སྟེང་དུ་རང་དབང་གིས་སྡོད་ཚུལ་ཡོད་པར་འཛིན་པ་ནི་རང་བཞིན་སྒྲོ་བཏགས་ཚུལ་ཡིན་ལ། དེ་ནི་རྟེན་འབྱུང་གི་རིགས་པས་འགོག་པ་ཡིན་ཏེ། བཞི་བརྒྱ་པ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟར་རང་དབང་གིས་གྲུབ་ན་རྒྱུ་རྐྱེན་ལ་རག་མ་ལས་པར་འབྱུང་དགོས་ན་རྒྱུ་རྐྱེན་གཞན་ལ་རག་ལས་པའི་ཕྱིར་རང་དབང་གིས་གྲུབ་པའི་བདག་མེད་དོ་སྙམ་དུ་བསྒོམ་པར་བྱ་སྟེ། མདོ་ལས། རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ལྟ་བ་དེ་དག་གོམས་པས་སྒྲིབ་པ་སྤོང་ཚུལ་ནི། དེ་ལྟར་བདག་མེད་པའི་དོན་རྟོགས་ཤིང་གོམས་པར་བྱས་པས་བདག་འཛིན་གྱི་མ་རིག་པ་ལྡོག་ལ། དེ་ལྡོག་པས་ལས་དང་སྲེད་པ་དང་ལེན་པ་དང་སྐྱེ་བ་སོགས་བཟློག་ནས་གྲོལ་བར་འགྱུར་ཏེ། རྩ་བ་ཤེས་རབ་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་དང་། ལས་དང་ཉོན་མོངས་ཟད་ལས་ཐར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྷག་མཐོང་གི་རབ་དབྱེ་ལ་རྣམ་པ་བཞི་དང་གསུམ་དང་དྲུག་གི་བསྒོམ་ཚུལ་གསུམ་སྟེ། དང་པོ་བཞི་ནི་རྣམ་པར་འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པ་དང་ཡོངས་སུ་རྟོག་པ་དང་ཡོངས་སུ་དཔྱོད་པའོ། །དེའི་དང་པོ་ནི་ཇི་ལྟ་བ་ལ་དམིགས་པ་དང་གཉིས་པ་ནི་ཇི་སྙེད་པ་ལ་དམིགས་པ་སྟེ། དེ་རེ་རེ་ལའང་རྟོག་དཔྱོད་གཉིས་རེ་འབྱེད་པའོ། །རྣམ་པ་གསུམ་ནི་མཚན་མ་ལས་བྱུང་བ་དང་ཡོངས་སུ་འཚོལ་བ་ལས་བྱུང་བ་དང་སོ་སོར་རྟོག་པ་ལས་བྱུང་བའོ། །རྣམ་པ་དྲུག་ནི་དོན་དང་དངོས་པོ་དང་མཚན་ཉིད་དང་ཕྱོགས་དང་དུས་དང་རིགས་པ་ཡོངས་སུ་འཚོལ་བའོ། །འདི་དག་ནི་མཚོན་ཙམ་ཞིག་བརྗོད་ན། དང་པོ་ནི་ཚིག་འདིའི་དོན་འདིའོ་ཞེས་ཚོལ་བའོ། །གཉིས་པ་ནི། འདི་ནི་ནང་དང་འདི་ནི་ཕྱིའི་དངོས་པོའོ་ཞེས་དང་། གསུམ་པ་ནི། འདི་ནི་རང་གི་མཚན་ཉིད་དོ་འདི་ནི་སྤྱིའི་མཚན་ཉ ིད་དོ་ཞེས་དང་། བཞི་པ་ནི། འདི་ནི་ལེགས་པའི་ཕྱོགས་དང་འདི་ནི་ཉེས་པའི་ཕྱོགས་སོ་ཞེས་དང་། ལྔ་པ་ནི། འདས་མ་འོངས་ད་ལྟའི་དུས་སུ་འདི་ལྟར་བྱུང་ཞིང་འབྱུང་བ་དང་འདི་ལྟར་ཡོད་དོ་ཞེས་དང་། དྲུག་པ་ནི། རིགས་པ་བཞི་སྟེ་བལྟོས་པའི་རིགས་པ་ནི་འབྲས་བུ་རྣམས་ནི་རྒྱུ་རྐྱེན་ལ་བལྟོས་པ་ཤེས་པ་དང་། བྱ་བ་བྱེད་པའི་རིགས་པ་ནི་མེས་བསྲེག་ཆུས་གཤེར་བར་བྱེད་པ་སོགས་ཤེས་པ་དང་། འཐད་པས་བསྒྲུབ་པའི་རིགས་པ་ནི་རྒྱུ་མཚན་ཡང་དག་གིས་ཚད་མ་དང་མི་འགལ་བར་བསྒྲུབ་ཤེས་པ་དང་། ཆོས་ཉིད་ཀྱི་རིགས་པ་ནི། མེ་ཚ་བ་དང་ཆུ་གཤེར་བ་དང་ས་སྲ་བ་དང་རླུང་གཡོ་བ་ལྟ་བུ་འཇིག་རྟེན་ལ་གྲགས་པའི་ཆོས་ཉིད་དང་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དྲན་པར་བྱེད་པའོ། །གསུམ་པ་ལྷག་མཐོང་བསྒོམ་ཚུལ་ལ་གཉིས། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ལ་བཞི་ཡོད་པའི་ཚུལ་རྒྱས་པར་བཤད་ན་མང་བས་བསྡུ་ན། དང་པོ་ནི། ཁ་ཅིག་ན་རེ། བདག་མེད་པའི་ལྟ་བ་མ་རྙེད་ཀྱང་སེམས་ཅི་ཡང་མི་རྟོག་པར་བཟུང་ན་ཡིན་ལུགས་ཀྱི་དོན་བསྒོམ་པར་འགྱུར་ཏེ། ཡིན་ལུགས་སྟོང་པ་ཉིད་དེ་འདི་ཡིན་འདི་མིན་གྱི་ངོས་བཟུང་བྲལ་བས་དེ་དང་མཐུན་པར་འགྱུར་རོ་ཞེས་ཟེར། དེ་ནི་མི་འཐད་དེ། ཁྱེད་ཀྱི་ལུགས་དེ་ནི་ལྟ་བ་མ་རྙེད་ཀྱང་ལྟ་བ་བསྒོམ་པར་འདོད་པ་ཡིན་པས་ལྟ་བ་མ་རྙེད་པའི་ཚོད་འཇོག་གིས་ལྟ་བ་བསྒོམ་པར་མི་འགྱུར་ཞིང་། ཅི་ཡང་མི་རྟོག་པ་ཙམ་གྱིས་ལྟ་བ་བསྒོམ་པར་འགྱུར་ན་ནི་བརྒྱལ་བ་དང་གཉིད་འཐུག་པོ་ལོག་པའི་བླུན་རྨོངས་ཐམས་ཅད་ཀྱིས་སྟོང་ཉིད་བསྒོམ་པར་འདོད་དགོས་པར་འགྱུར་ན་དེ་ནི་ག་ལ་རིགས། ཁྱེད་ལྟར་ན་རྒྱལ་བས་སྟོང་ཉིད་ཀྱི་དོན་འཚོལ་ཚུལ་རྒྱས་པར་བཤད་པ་འདི་དག་གིས་ཅི་ཞིག་བྱ་སྟེ། སྟོང་ཉིད་ཀྱི་དོན་ཤེས་མི་དགོས་པར་བླུན་པོ་ལྟར་སེམས་ནང་དུ་བསྡུས་ནས་ཅི་ལའང་མི་བསམ་པ་ནི་སྟོང་ཉིད་བསྒོམ་ཚུལ་དུ་འདོད་འདུག་པའི་ཕྱིར། མདོར་ན་ཁྱེད་ཀྱི་དེ་ཧྭ་ཤང་གི་ལུགས་དང་དབྱེ་བ་མེད་པས་མི་རིགས་པས་སོ། །འཕགས་པ་ལྷས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། རྣམ་འགྲེལ་ལས། འདི་ཡུལ་སུན་དབྱུང་མེད་པ་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་གསུངས་པ་ལྟར། བདག་མེད་པའི་དོན་རྟོགས་ནས་བདག་འཛིན་གྱི་ཞེན་ཡུལ་སུན་འབྱིན་པ་དགོས་ཀྱི། བདག་མེད་ཀྱི་དོན་མ་ངེས་པའི་ཡིད་ནང་དུ་གནས་པའི་ཙམ་འཇོག་ཙམ་གྱིས་བདག་འཛིན་གཏན་སྤོང་བར་མི་ནུས་སོ། །གཉིས་པ་ནི། ཁ་ཅིག །དེ་ལྟར་མི་འདོད་ཀྱང་བདག་མེད་པའི་ལྟ་བ་རྙེད་ཕྱིན་ཆད་གང་ཟག་དེས་མི་རྟོག་པར་བཞག་པ་ཐམས་ཅད་སྟོང་ཉིད་བསྒོམ་པར་འགྲོའོ་ཞེས་ཟེར། དེ་ཡང་མི་འཐད་དེ། དེ་ལྟར་ན་དེས་མི་རྟག་པར་བསྒོམ་པ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་ཀྱང་སྟོང་ཉིད་བསྒོམ་པར་ཐལ་བའི་ཕྱིར་རོ། །ལུགས་གསུམ་པ་ནི་སྔ་མ་གཉིས་ལྟར་མི་འདོད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་དཔྱད་པ་ཚར་གཅིག་བྱས་པའི་འོག་ཏུ་མི་རྟོག་པར་གང་བཞག་ཐམས་ཅད་སྟོང་ཉིད་བསྒོམ་པའོ་ཞེས་ཟེར། འདི་ཡང་ཅུང་མི་འཐད་དེ། གཉིད་ལོག་ཁར་ལྟ་བའི་དཔྱད་པ་བྱས་ཏེ་གཉིད་འཐུག་པོ་ལོགས་པའི་མི་རྟོག་པ་ལ་ནི་སྟོང་ཉིད་བསྒོམས་པ་འབྱུང་དཀའ་བའི་ཕྱིར་དང་། དཔྱད་པ་སྔོན་དུ་སོང་ཡང་བསྒོམ་པའི་ཚེ་དྲན་པ་བརྗོད་ན་ཡང་སྟོང་ཉིད་ཀྱི་དོན་བསྒོམ་པ་མི་འོང་བའི་ཕྱིར། ལུགས་བཞི་པ་ནི། སྔ་མ་གསུམ་ལྟར་མི་འདོད་ཀྱི་སྟོང་ཉིད་ལ་ངེས་པ་དྲངས་ཏེ་དེའི་དོན་ལ་སེམས་བཟུང་ནས་མི་དཔྱོད་པར་འཇོག་པ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྒོམ་པའོ་ཞེས་ཟེར། འདི་ཅུང་ལེགས་མོད་འོན་ཀྱང་ལྟ་ཐོག་ཏུ་འཇོག་བསྒོམ་ཁོ་ན་བྱེད་པར་འདོད་པར་སྣང་བས་དེ་ནི་མི་རིགས་ཏེ། ཚུལ་དེས་ཞི་གནས་འགྲུབ་སྲིད་ཀྱི་ལྷག་མཐོང་མི་འགྲུབ་པའི་ཕྱིར་ཏེ། ལྷག་མཐོང་ལ་དཔྱད་བསྒོམ་ངེས་པར་དགོས་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ལ་གསུམ། འཇོག་སྒོམ་དང་དཔྱད་སྒོམ་གཉིས་ཀ་དགོས་པའི་རྒྱུ་མཚན། དེ་ལ་རྩོད་པ་སྤོང་བ། སྐྱོང་ཚུལ་གྱི་གནད་བཤད་པའོ། །དང་པོ་ནི། ཞི་གནས་གྲུབ་ནས་ལྷག་མཐོང་བསྒོམ་པའི་ཚེ་དཔྱད་སྒོམ་དང་འཇོག་སྒོམ་སྤེལ་ནས་བྱེད་དགོས་ཀྱི། དཔྱད་སྒོམ་འབའ་ཞིག་བྱས་ན་སྔར་གྱི་ཞི་གནས་འཇིག་པར་འགྱུར་བས་མི་རུང་ཡང་། དཔྱད་སྒོམ་མང་དུ་བྱས་པས་ལྷག་མཐོང་འགྲུབ་པ་ན་ཞི་ལྷག་ཟུང་འབྲེལ་དུ་འགྱུར་ཞིང་། དེ་ཡང་བདག་མེད་པའི་དོན་རྟོགས་པའི་ལྷག་མཐོང་སྐྱེ་བའི་རྒྱུར་ནི་བདག་མེད་ལ་མཉམ་པར་བཞག་པའི་ཞི་གནས་པ་སྔོན་དུ་འགྲོ་དགོས་སོ། །གཉིས་པ་རྩོད་སྤོང་ནི། གལ་ཏེ་ལྷག་མཐོང་བསྐྱེད་པའི་ཚེ་སོ་སོར་དཔྱོད་དགོས་ན་ནི་དེ་ལས་མི་རྟོག་པའི་ཡེ་ཤེས་ཇི་ལྟར་སྐྱེ་སྟེ་རྒྱུ་འབྲས་གཉིས་མཐུན་དགོས་པའི་ཕྱིར་རོ་སྙམ་ན། བདེན་ཡང་མཐའ་གཅིག་ཏུ་མ་ངེས་ཏེ་སོ་སྐྱེ་ལ་རྣམ་པར་མི་རྟོག་ཡེ་ཤེས་ཟག་མེད་མེད་ཀྱང་ཟག་བཅས་ཀྱི་རྟོག་པའི་ཡེ་ཤེས་གོམས་པ་ལས་འ ཕགས་པའི་མི་རྟོག་པའི་ཡེ་ཤེས་ཟག་མེད་སྐྱེ་བའི་ཕྱིར་ཏེ། ཟག་མེད་ཀྱི་ཡེ་ཤེས་ནམ་སྐྱེས་པ་ན་རྒྱུ་ཟག་བཅས་ཀྱི་ཡེ་ཤེས་དེ་ཉིད་འགྱུར་ནས་ཟགས་མེད་དུ་འགྲོ་བའི་ཕྱིར་ཏེ། དཔེར་ན། རྩུབ་ཤིང་དང་རྩུབ་བརྟེན་གྱི་ཤིང་གཉིས་དྲུད་པ་ལས་མེ་བྱུང་སྟེ་ཤིང་གཉིས་བསྲེག་པའི་ཚུལ་དང་འདྲ་བར་བཤད་ཅིང་། གཞན་ཡང་ས་བོན་ལས་མྱུ་གུ་སྔོན་པོ་དང་བུད་ཤིང་ལས་མེ་དང་མེ་ལས་དུ་བ་དང་སྡོང་པོ་ལས་མེ་ཏོག་དང་བུད་མེད་ལས་སྐྱེས་པ་འབྱུང་བ་སོགས་རྒྱུ་འབྲས་མི་འདྲ་བ་དུ་མ་ཡོད་དོ། །གསུམ་པ་སྐྱོང་ཚུལ་གྱི་གནད་བསྡུས་པ་ནི། སྔར་བཤད་པ་ལྟར་ངེས་དོན་གྱི་ལྟ་བ་རྙེད་པ་དེས་བདག་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མང་དུ་དཔྱད་ནས་མཐར་དེའི་དོན་ལ་ངེས་པའི་ཤུགས་བསྐྱེད་དེ་མི་འཕྲོ་བར་འཛིན་པའི་འཇོག་སྒོམ་དང་དཔྱད་སྒོམ་སྤེལ་ནས་བྱའོ། །དཔྱད་སྒོམ་མང་བས་གནས་ཆ་ཆུང་ངུ་སོང་ན་འཇོག་སྒོམ་བྱས་ཏེ་གནས་ཆ་སོར་གཞུག་ཅིང་། མ་དཔྱད་ན་ནི་སྒྲོ་འདོགས་ལ་དེ་ཙམ་མི་གནོད་པས་དཔྱད་སྒོམ་མང་དུ་བྱས་ཏེ་ཞི་ལྷག་ཆ་མཉམ་པར་བསྒྲུབ་པོ། །བཞི་པ་ལྷག་མཐོང་གྲུབ་པའི་ཚད་ནི། དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསྒོམ་སྟོབས་ཀྱིས་སྔར་བཤད་པ་ལྟ་བུའི་ཤིན་སྦྱངས་ཀྱི་བདེ་བ་མ་སྐྱེས་ཚུན་ལྷག་མཐོང་རྗེས་མཐུན་པ་ཡིན་ལ། ཤིན་སྦྱངས་ནམ་སྐྱེས་པ་ནས་ལྷག་མཐོང་མཚན་ཉིད་པར་འགྱུར་རོ། །ཤིན་སྦྱངས་ཙམ་ནི་སྔར་ནས་ཀྱང་ཡོད་པས་དེ་ཙམ་མིན་གྱི། དཔྱད་སྒོམ་བྱས་པའི་སྟོབས་ཀྱིས་དྲངས་པའི་ཤིན་སྦྱངས་ཐོབ་པའོ། །གསུམ་པ་ཞི་ལྷག་ཟུང་དུ་འབྲེལ་བའི་ཚུལ་ནི། ཟུང་ནི་གཉིས་ཡིན་པས་ཞི་ལྷག་གཉིས་ཀ་ཐོབ་དགོས་ཤིང་། དེ་ཡང་ལྷག་མཐོང་ཐོབ་པ་ནས་བཟུང་སྟེ་ཟུང་འབྲེལ་དུ་འགྱུར་རོ། །འདི་ལ་ཡང་ཡིད་བྱེད་བཞི་འོང་བར་གསུངས་པས་ཡིད་བྱེད་བཞི་པ་སྔར་བཤད་པ་ལྟར་སྐྱེས་པའི་ཚེ་ན་ཟུང་འབྲེལ་དུ་འགྲོའོ། །ལམ་སྤྱིའི་དོན་བསྡུ་བ་ཅུང་ཟད་བརྗོད་ན། ཐོག་མར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ནས་དལ་འབྱོར་ལ་སྙིིང་པོ་ལེན་འདོད་བསྐྱེད་དེ་དལ་འབྱོར་གྱི་སྐོར་བསྒོམ། དེ་ནས་ཚེ་འདི་ཙམ་དོན་དུ་གཉེར་བའི་བློ་མ་ལོག་ན་འཇིག་རྟེན་ཕྱི་མ་ལ་དོན་གཉེར་དྲག་པོ་མི་འབྱུང་བས། ལུས་ཐོབ་པ་མི་རྟག་པ་དང་ཤི་ནས་ངན་འགྲོར་འཁྱམ་ཚུལ་བསམས་ལ་དེའི་འཇིགས་སྐྱོབ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་དེའི་བསླབ་བྱ་ལ་འབད། དེ་ནས་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་དེ་དགེ་མི་དགེ་བཅུ་ལ་འཇུག་ལྡོག་དང་བཤགས་པའི་སྐོར་བྱས་ཏེ་སྐྱེས་བུ་ཆུང་ངུའི་སྐོར་ལ་བློ་སྦྱོང་། དེ་ནས་འཁོར་བ་སྤྱིི་དང་བྱེ་བྲག་གི་ཉེས་དམིགས་བསམས་ནས་འཁོར་བ་སྤྱི་ལས་བློ་ཅི་ལྡོག་བྱ་ཞིང་། འཁོར་བའི་རྒྱུ་ལས་ཉོན་ངོས་བཟུང་སྟེ་སྤོང་འདོད་བསྐྱེད་ཅིང་འཁོར་བ་ལས་གྲོལ་ཐབས་བསླབ་གསུམ་དང་སོ་ཐར་ལ་འབད་དེ་སྐྱེས་བུ་འབྲིང་གི་ཆོས་སྐོར་བ་རྣམས་ལ་བློ་སྦྱོང་། དེ་ནས་རང་ཉིད་སྲིད་མཚོར་ལྷུང་ནས་སྡུག་བསྔལ་གྱིས་གཟིར་བ་ལྟར་མ་གྱུར་པའི་སེམས་ཅན་རྣམས་ཀྱང་དེ་འདྲ་བར་མཐོང་ནས། བྱམས་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་སྤྱོད་པ་ཕྱིན་དྲུག་དང་བསྡུ་བཞི་ལ་བསླབ་ཅིང་། ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་ནན་ཏན་དུ་བྱས་ནས་བསླབ་དགོས་སོ། །གཉིས་པ་ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་བསླབ་ཚུལ་ནི། དེ་ལྟར་ཐུན་མོང་བའི་ལམ་ལ་སྦྱངས་ནས་རྡོ་རྗེ་ཐེག་པ་ལ་འཇུག་པར་བྱ་སྟེ། ལམ་དེ་ནི་ཆོས་གཞན་ལས་དཀོན་པ་དང་ཚོགས་མྱུར་དུ་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་ཡང་དབང་གི་སྒོར་ཞུགས་ནས་བླ་མ་བསྟེན་ཏེ་དམ་ཚིག་སྲུང་བ་ལ་འབད་ཅིང་རང་གིས་གང་ཉམས་སུ་ལེན་པའི་རིམ་གཉིས་སོགས་ལ་འབད་པར་བྱའོ། །འདི་དག་གི་སྐོར་ནི་སྔགས་རིམ་ཆེན་མོ་སོགས་ལས་ཤེས་པར་བྱ་སྟེ་འདིར་ནི་མཚོན་ཙམ་ཞིག་སྨྲས་སོ། །དེ་ནས་མཇུག་ཏུ། ཐུབ་པའི་གསུང་རབ་རབ་འབྱམས་རྣམས་ལ་བལྟ་བའི་མིག་གཅིག་གཅིག་གིས་ཀྱང་། །ཞེས་སོགས་ཚིགས་བཅད་གཅིག་གིས་གཞུང་བརྩམས་པ་འདི་བླ་མ་དང་ལྷག་པའི་ལྷའི་དྲིན་ཡིན་པར་བཤད་ཅིང་། དེ་ནས་ཚིགས་བཅད་རྣམས་ཀྱིས་རིམ་པ་བཞིན་དུ་ལམ་རིམ་གྱི་བརྒྱུད་པའི་བླ་མ་དང་། ལམ་རིམ་གྱི་ཁྱད་ཆོས་དང་། ཇོ་བོས་ལམ་རིམ་སྤེལ་ཚུལ་དང་། ཕྱིས་ཅུང་ཟད་ཉམས་པ་ན་རྗེ་ཉིད་ཀྱིས་འདི་སླར་དར་བར་མཛད་ཚུལ་དང་། ནོངས་པའི་ཉེས་པ་འཆགས་ཤིང་དགེ་བ་བསྔོ་བ་དང་སྨོན་ལམ་ཁྱད་པར་ཅན་གདབ་པའི་སྐོར་རོ། །དེ་ནས་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ་མན་གྱིས་བསྐུལ་བ་པོ་གང་ཡིན་དང་སྔོན་གྱི་དམ་པ་གང་གི་གཞུང་ལ་བརྟེན་ནས་མཛད་པ་དང་། རང་གིས་བླ་མ་གང་གི་དྲིན་ལ་བརྟེན་ནས་གནས་གང་དུ་མཛད་པའི་ཚུལ་རྣམས་བཤད་དོ།། །།སྨྲས་པ། རྒྱལ་བ་ཀུན་འདུས་རྗེ་བཙུན་ཙོང་ཁ་པས། །རྒྱལ་བའི་གསུང་རབ་ཀུན་གྱི་གནད་བསྡུས་ཏེ། །རྒྱལ་སྲས་འཇུག་ངོགས་སྐྱེས་བུ་གསུམ་གྱི་ལམ། །རྒྱལ་བའི་དགོངས་པ་ཇི་བཞིན་བཤད་འདི་མཚར། །ཡབ་རྗེ་བླ་མའི་གསུང་ངག་ཉི་འོད་ཀྱིས། །གསུང་རབ་དགོངས་དོན་འདབ་བརྒྱ་འཛུམ་བྱས་ཚེ། །ཐར་འདོད་བུང་བའི་ཚོགས་རྣམས་ཕྱོགས་ཀུན་ནས། །འདུས་ཏེ་དགའ་བའི་དབྱངས་སྙན་སྒྲོགས་བཞིན་འཇུག །དེ་སླད་བླ་མའི་ལེགས་བཤད་རྟ་ལྗང་ཅན། །དངོས་སུ་བཞུགས་བཞིན་བླང་དོར་གནས་གང་ཡང་། །གསལ་བར་མི་ནུས་མེ་འཁྱེར་རྩོམ་པས་ཅི། །འོན་ཀྱང་དགོངས་པ་འགྲེལ་ལ་སྤྲོ་བས་བྱས། །ཚུལ་འདིར་འབད་པའི་ལེགས་བཤད་མཆོད་པའི་སྤྲིན། །རྗེ་བཙུན་བླ་མ་མཉེས་ཕྱིར་གུས་འབུལ་ཞིང་། །མ་བཤད་ལོག་པར་བཤད་པའི་ཉེས་པ་ཀུན། །བླ་མ་ཉིད་དང་མཁས་པའི་སྤྱན་སྔར་འཆགས། །དེ་ལས་ཐོབ་པའི་དགེ་ཚོགས་གདྒཱའི་རྒྱུན། །ཇི་སྙེད་མཆིས་ཀུན་དུས་གསུམ་བསགས་པ་ཡི། །དགེ་ལེགས་ཆུ་ཀླུང་གཞན་དང་ལྷན་ཅིག་ཏུ། །ཀུན་མཁྱེན་རྒྱ་མཚོ་ཆེན་པོར་འཇུག་ཕྱིར་བསྔོ། །ཞེས་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་དོན་གྱི་སྙིང་པོ་བསྡུས་པ་རྗེའི་དགོངས་པ་ཀུན་གསལ་དགྱེས་བྱེད་མཆོད་སྤྲིིན་ཞེས་བྱ་བ་འདི་ནི། སྔར་སྔགས་རིམ་ཆེན་མོའི་དོན་བསྡུས་ཞིག་བྲིས་པའི་དུས་སུ་འབྲི་བའི་འདུན་པ་ཤར་ཡང་། དཔེ་གཞན་མང་པོ་ཞིག་བརྩམས་ཏེ་པར་དུ་བརྐོ་བར་ཞུགས་པའི་རྐྱེན་གྱིས་མ་ཐུབ་པས་ད་བར་དུ་ལུས་ཀྱང་། ཕྱིས་ཅོ་ནེའི་ས་སྐྱོང་ཆེན་པོ་འཇམ་དབྱངས་ནོར་བུའི་སྐུ་ཞབས་ནས་འདི་ལྟ་བུ་ཞིག་གྱིས་དང་ཁོ་བོས་མཐུན་རྐྱེན་བྱའོ་ཞེས་གསུང་གིས་བསྐུལ་བ་ལ་བརྟེན་ནས། མདོ་སྔགས་ཀྱི་གཞུང་མང་དུ་ཐོས་ཤིང་ཁྱད་པར་དུ་རྗེའི་གསུང་ལ་རིགས་པའི་སྒོ་ནས་དད་པ་ཐོབ་པ་ཤཱ ཀྱའི་དགེ་སློང་ཁྲི་ཟུར་གྲགས་པ་བཤད་སྒྲུབ་ཅེས་བྱ་བས་རང་ལོ་དོན་གཉིས་པ་མེ་སྟག་ལོར་ཅོ་ནའི་དགོན་ཉིད་དུ་ལམ་རིམ་ཆེན་མོའི་དོན་གྱི་སྙིང་པོ་རྣམས་མཐར་ཆགས་སུ་བསྡུས་ནས་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །འདིའི་དགེ་བས་ཚེ་རབས་ཐམས་ཅད་དུ་རྗེ་ཉིད་ཀྱིས་འབྲལ་མེད་རྗེས་སུ་འཛིན་པར་གྱུར་ཅིག །མདྒ་ལཾ།། །།

མདོ་སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ།

མདོ་སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱ་ཆེན་ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་ཤིང་། །སྤངས་རྟོགས་བང་རིམ་མཐོན་པོས་མངོན་པར་མཛེས། །མཁྱེན་བརྩེ་ཉི་ཟླ་ཟུང་གི་ཁོར་ཡུག་ཅན། །ཐུབ་དབང་ས་འཛིན་དབང་པོར་གུས་ཕྱག་འཚལ། །སྟོན་པ་མཆོག་དེའི་ཉེ་བའི་ཐུགས་ཀྱི་སྲས། །རྒྱལ་ཚབ་དམ་པ་མི་ཕམ་འཇམ་དབྱངས་དང་། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་སོགས། །འཛམ་གླིང་རྒྱན་གྱུར་རྣམས་ལ་གུས་ཕྱག་འཚལ། །ཤེར་ཕྱིན་དར་ཞིང་རྒྱས་མཛད་སེདྒེ་བཟང་། །གངས་ཅན་བསྟན་པའི་བདག་པོ་ཙོང་ཁ་པ། །རིགས་པའི་དབང་ཕྱུག་རྒྱལ་ཚབ་བསྟན་དར་སོགས། །བཤེས་གཉེན་དམ་པའི་མཆོག་རྣམས་རྟག་ཏུ་བསྔགས། །རྒྱལ་བས་ཆོས་ཚུལ་ཇི་སྙེད་གསུངས་རྣམས་ལས། །རབ་དང་ཕུལ་བྱུང་རྒྱལ་ཡུམ་ཤེར་ཕྱིན་ཏེ། །དེ་ལས་ཤིན་ཏུ་བསྡུས་པ་སྡུད་པའི་དོན། །ཅུང་ཟད་དབྱེ་བར་འདོད་ཀྱིས་མཉན་པར་རིགས། །དེ་ལ་འདིར་འཕགས་པ་སྡུད་པའི་དོན་གྱི་སྙིང་པོ་རྣམས་བསྡུས་ནས་བཤད་པར་བྱ་སྟེ། རྒྱས་པར་སྤྲོས་ན་ནི་རྒྱས་འབྲིང་བསྡུས་གསུམ་དང་། མངོན་རྟོགས་རྒྱན་རྣམས་དང་རྒྱས་པར་སྦྱར་ཏེ་བཤད་དུ་ཡོད་ཀྱང་མང་དུ་དོགས་ཤིང་། འོན་ཀྱང་སྡུད་པ་འདི་བརྒྱད་སྟོང་པ་དང་དོན་སྟོན་ཚུལ་མཐུན་པས་དེ་གཙོ་བོར་བྱས་ནས་རྒྱན་བཅས་ཅུང་ཟད་རེ་སྦྱར་ནས། སློབ་དཔོན་སེདྒེ་བཟང་པོ་དང་སངས་རྒྱས་ཡེ་ཤེས་ཞབས་རྣམ་གཉིས་ཀྱི་འགྲེལ་པའི་རྗེས་སུ་འབྲང་སྟེ་འཆད་པར་བྱེད་དོ། །འདི་ལ་གསུམ། གཞུང་ལ་འཇུག་པ་དང་། གཞུང་དོན་དང་། མཇུག་གོ །དང་པོ་ལ་གསུམ། མཚན་དང་། འགྱུར་ཕྱག་དང་། མཚམས་སྦྱར་ཞིང་འཇུག་ཚུལ་ལོ། །དང་པོ་ནི། རྒྱ་གར་སྐད་དུ་ཞེས་སོགས་ཏེ། འདི་ལ་གཉིས་ཀྱི་དང་པོ་ནི། རྒྱ་སྐད་ལ་ཨཱཪྱ་ནས་གཱ་ཐཱ་ཞེས་པ་སྟེ། གཉིས་པ་དེ་ཉིད་བོད་སྐད་དུ་བསྒྱུར་ན། ཨཱཪྱ་ནི་འཕགས་པ། པྲཛྙ་ནི་ཤེས་རབ། པཱ་ར་མ་ནི་ཕ་རོལ་ཏུ། ཨི་ཏ་ནི་ཕྱིན་པ། སཉྩ་ཡ་ནི་སྡུད་པ། གཱ་ཐཱ་ནི་ཚིགས་སུ་བཅད་པའོ། །གཉིས་པ་ནི། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ་ཞེས་པ་ནི་ལོཙྪ་བས་བཀོད་པའོ། །གསུམ་པ་ནི། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་པ་ན། བཀའ་སྩལ་ཏོ་ཞེས་པ་སྟེ། །སྔར་རྒྱས་འབྲིང་བསྡུས་གསུམ་གསུངས་པ་དེ་ནས་སླར་ཡང་བཅོམ་ལྡན་འདས་ཀྱིིས་དགེ་སློང་ཕ་མ་གཉིས་དང་དགེ་བསྙེན་ཕ་མ་གཉིས་ཏེ་འཁོར་བཞི་པོ་དང་། དེས་མཚོན་ནས་བྱང་ཆུབ་སེམས་དཔའི་འཁོར་རྣམས་དང་བཅས་པ་དེ་དག་ཆོས་གཏམ་ཀྱིས་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར་དུ། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་འདི་སྟོན་པའི་ཐུགས་དགོངས་མཛད་ཅིང་། དེའི་ཚེ་ཚིག་ལྷུགས་སུ་མ་མཛད་པར་ཚིགས་སུ་བཅད་པ་འཆད་འགྱུར་འདི་དག་བཀའ་སྩལ་ཏོ། །གཉིས་པ་གཞུང་དོན་ལ་གཉིས། ཉན་པར་བསྐུལ་བ་དང་། གཞུང་དོན་དངོས་སོ། །དང་པོ་ནི། དགའ་དང་གུས་དང་ཞེས་པ་ནས། མཉན་པར་གྱིས་ཞེས་པ་སྟེ། དོན་ཉན་པར་འདོད་པས་དགའ་བ་དང་། དེ་ལ་ཡིད་ཆེས་ཀྱིས་གུས་པ་དང་། དོན་དུ་གཉེར་བའི་དད་པའི་མཆོག་རྣམས་ནི་བློ་ལ་ཉེ་བར་བཞག་པའོ། །དེ་གསུམ་ཀའང་དད་པའི་ཁྱད་པར་ཡིན་ཏེ། སློབ་དཔོན་གྱིས་འདིའི་འགྲེལ་པར། དད་པའི་བྱེ་བྲག་རྣམས་པ་གསུམ་མོ། །ཞེས་གསུངས་སོ། །གང་ཉན་ན་ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་གཉིས་བསལ་བ་སྟེ་སྤངས་པའི་སྒོ་ནས་དྲི་མའི་སྐྱོན་ཐམས་ཅད་ལས་འདས་པའི་སངས་རྒྱས་དོན་དུ་གཉེར་ཞིང་། འགྲོ་བའི་དོན་བྱེད་པ་ལ་མངོན་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དང་བྱམས་སྙིང་རྗེས་རྒྱུད་དུལ་བར་བྱས་པས་ན་དེས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གཞན་དོན་མཛད་པའི་དཔའ་བོ་རྣམས་སྤྱོད་པའི་ཤེར་ཕྱིན་དེ་ནི་གུས་པས་མཉན་པར་གྱིས་ཤིག །སྦས་དོན་ལ་ཤེར་ཕྱིན་གྱིས་མཚོན་པའི་རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་ཐོས་བསམ་བསྒོམ་གསུམ་གྱིས་ཉམས་སུ་ལོངས་ཞེས་བསྟན་ཏོ། །གཉིས་པ་གཞུང་དོན་དངོས་ལ་རྗོད་བྱེད་ཀྱི་ཚིག་ལ་སྐབས་བརྒྱད་དང་། བརྗོད་བྱའི་དོན་ལ་དངོས་པོ་བརྒྱད་ཡོད་ཅིང་ཕྱི་མ་ནི་མཁྱེན་པ་གསུམ་དང་། སྦྱོར་བ་བཞི་དང་། འབྲས་བུ་ཆོས་སྐུའོ། །འདི་དང་མངོན་རྟོགས་རྒྱན་གྱི་སྐབས་དང་པོས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་སྟོན་ཅིང་། ཆོས་བཅུའི་དང་པོ་ནི་སེམས་བསྐྱེད་ཡིན་ལ། ཐོག་མར་དཔེ་དོན་གཉིས་ཀྱི་སྒོ་ནས་སྟོན་པ་ནི། འཛམ་བུའི་གླིང་འདིར་ཆུ་ཀླུང་བླི་སྙེད་ཅིག་འབབ་ཅིང་། །ཞེས་སོགས་ཚིགས་བཅད་གཅིག་གིས་དཔེ་དང་། རྒྱལ་བའི་ཉན་ཐོས་པ་དག་ཞེས་པ་ནས། སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱིས་མཐུས་མ་ཡིན། །ཞེས་པས་དོན་དང་སྦྱར་རོ། །འདི་ལ་གཉིས། ཚིག་དོན་དང་འཕྲོས་དོན་ནོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ་འབྱོར་ཤེར་ཕྱིན་འཆད་པ་པོར་བསྐོས་པ་ན། ཤཱ་རིའི་བུའི་བསམ་པ་ལ་རབ་འབྱོར་གྱིས་ཤེར་ཕྱིན་འཆད་པ་ནི་རང་སྟོབས་ཀྱིས་ཡིན་ནམ། སངས་རྒྱས་ཀྱི་མཐུས་ཡིན་སྙམ་པ་ལ་སངས་རྒྱས་ཀྱིས་དེའི་བསམ་པ་མཁྱེན་ཏེ་དེ་ནི་རང་སྟོབས་ཙམ་མིན་གྱི། སངས་རྒྱས་ཀྱི་མཐུས་ཡིན་ཞེས་ཡུམ་གསུམ་ལས་རྒྱས་པར་གསུངས་པའི་དོན་འདིར་བསྡུས་པ་ཡིན་པས། དེ་དང་བསྟུན་ན་དཔེ་ཇི་ལྟར་ན། ཛམྦུའི་གླིང་འདིར་ཆུ་བོ་གངྒཱ་ལ་སོགས་ཆུ་ཀླུང་ཆེན་པོ་ཇི་སྙེད་ཅིག་འབབ་ཅིང་། མེ་ཏོག་འབྲས་བུ་དང་ལྡན་པ་དང་སྨན་གྱི་རིགས་དང་ནགས་ཚལ་སོགས་སྐྱེད་པར་བྱེད་པ་དེ་ནི། རྒྱ་མཚོ་མ་དྲོས་པ་ན་གནས་པའི་ཀླུ་དང་ཀླུའི་བདག་པོ་རྒྱལ་པོ་མ་དྲོས་པ་དེ་བརྟེན་ཅིང་གནས་པས་ཏེ། ཀླུའི་བདག་པོ་དེའི་མཐུ་དང་དཔལ་ཏེ་བསོད་ནམས་ལས་བྱུང་བ་ཡིན་ནོ། །རྒྱ་མཚོ་དེ་ནི་རྒྱ་གར་གྱི་བྱང་ངོས་དང་བོད་ཀྱི་ལྷོ་ངོས་གངས་ཏི་སེ་དང་སྤོས་ངད་ལྡང་བའི་ཡང་ལྷོ་ན་ཡོད་ཅིང་། མཆུ་ཞེང་གཉིས་ཀ་ལ་དཔག་ཚད་ལྔ་བཅུ་རེ་ཡོད་དོ། །བཤད་པ་ཞིག་ན་མཚོ་དེའི་འོག་ན་ཚ་དམྱལ་ཡོད་པའི་འོད་ཀྱིས་མ་དྲོས་པས་ན་མ་དྲོས་ཞེས་བཤད་ཅིང་། ངོས་བཞིའི་ཤར་ནས་གདྒཱ། ལྷོ་ནས་པ ཀྵུ། ནུབ་ནས་སིནྡྷུ། བྱང་ནས་སི་ཏ་སྟེ་ཆུ་ཀླུང་ཆེན་པོ་བཞི་འབབ་ཅིང་། དེ་བཞི་ལས་ཆུ་ཀླུང་གཞན་སྣ་ཚོགས་བྱུང་སྟེ་འཛམྦུའི་གླིང་ལ་ཕན་པའི་བྱ་བ་བྱེད་དོ། །ཀླུའི་རྒྱལ་པོ་མ་དྲོས་པ་དེ་ནི་ཐ་མ་པ་མིན་གྱི། འཕགས་པའི་སྤྲུལ་པ་ཀླུའི་གཟུགས་སུ་བསྟན་པའོ། །དཔེ་དེ་བཞིན་དུ་རྒྱལ་བའི་ཉན་ཐོས་རབ་འབྱོར་ལ་སོགས་པ་དག་ནི། ཆོས་ཇི་སྙེད་ཅིག་གཞན་ལ་སྟོན་ཅིང་འཆད་པ་དང་། རིགས་པ་དག་དང་ལྡན་ཅིང་མི་འགལ་བར་བརྗོད་པ་དང་། ཀུན་གྱི་མཆོག་དང་ཁྱད་པར་དུ་འཕགས་པའི་སངས་རྒྱས་དང་། མཐར་ཐུག་གི་བདེ་བ་དམ་པ་མྱང་འདས་སུ་བགྲོད་པར་བྱེད་པའི་ཐབས་ལ་ཐོས་སོགས་ཀྱི་ཤེས་རབ་བསྐྱེད་པ་དང་། དེའི་འབྲས་བུ་མྱང་འདས་ཐོབ་པ་དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་ལས་བྱུང་བ་ཡིན་ནོ། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན། རྒྱལ་བས་དམ་པའི་ཆོས་ཚུལ་གང་བསྟན་པ་དེ་ལ་ནི་མི་མཆོག་རྒྱལ་བའི་སློབ་མ་ཉན་ཐོས་སུ་གྱུར་པས། ཐོས་པའི་ཤེས་རབ་ཀྱིས་མངོན་པར་བསླབས་ཤིང་། བསམ་པའི་ཤེས་རབ་ཀྱིས་དོན་ཡིད་ལ་མངོན་སུམ་དུ་བྱས་ནས་བསླབས་པ་ཇི་ལྟ་བ་བཞིན་དུ་གཞན་ལ་སྟོན་པར་བྱེད་ལ། དེ་ནི་སངས་རྒྱས་ཀྱི་མཐུས་བྱེད་པ་ཡིན་གྱི། རང་ཙམ་གྱི་སྟོབས་ཀྱི་མཐུས་བྱེད་པ་མ་ཡིན་ནོ། །སྤྱིིར་ཉན་ཐོས་ཀྱིས་སངས་རྒྱས་ལས་ཐེག་ཆེན་གྱི་ཆོས་རྒྱ་ཆེན་པོ་ཉན་ནས་གཞན་ལ་དེ་བཞིན་དུ་སྟོན་པར་མཛད་པས་ཐོས་སྒྲོགས་པ་ཞེས་བཤད་ཀྱང་། དེ་དག་གིས་ཐེག་ཆེན་གྱི་མདོའི་དོན་རྫོགས་པར་ཉམས་སུ་ལེན་ནུས་པ་མིན་ནོ། །འོན་ཀྱང་རབ་འབྱོར་ནི་འཇམ་དབྱངས་ཀྱི་སྤྲུལ་པར་བཤད་པས་ཉན་ཐོས་དངོས་མིན་ཅིང་། སྟོན་པས་རབ་འབྱོར་ཤེར་ཕྱིན་འཆད་པ་པོར་བསྐོས་པ་ལ་དགོས་པ་ཆེའོ། །གཉིས་པ་ནི། འོག་ཏུ་ཤེས་རབ་ཕ་རོལ་ཕྱིན་ཞེས་མང་དུ་འབྱུང་བས་དེའི་དོན་འདིར་ཅུང་ཟད་བཤད་པ་བཞིན་གཞན་ལ་ཅི་རིགས་སུ་ཤེས་པར་བྱ་དགོས་ཤིང་། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ཚིག་སྡུད་དུ་མཛད་པ་ནི་ཤེར་ཕྱིན་ཞེས་པ་ཡིན་ལ། དེ་ལ་སྒྲས་བརྗོད་ཚུལ་གྱི་དབང་དུ་བྱས་ནས་ཡུམ་གྱི་མདོ་ལས་རྗོད་བྱེད་ཚིག་དང་བརྗོད་བྱ་དོན་གྱི་ཤེར་ཕྱིན་གཉིས་ཀ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་ཐ་སྙད་མཛད་ཅིང་། རྗོད་བྱེད་ཚིག་གི་ཤེར་ཕྱིན་ནི་ཡུམ་གྱི་མདོ་རྣམས་ཡིན་ལ། བརྗོད་བྱ་དོན་གྱི་ཤེར་ཕྱིན་ལ་ལམ་ཤེར་ཕྱིན། འབྲས་བུ་ཤེར་ཕྱིན་གཉིས་དང་། རང་བཞིན་གྱི་ཤེར་ཕྱིན་དང་གསུམ་མོ། །ལམ་ཤེས་ཕྱིན་ལ་དངོས་བཏགས་གཉིས་ལས་དངོས་ནི་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་རྣམས་ཡིན་ལ། རྗེས་སུ་མཐུན་ནམ་བཏགས་པ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ལའང་ཡོད་ཅིང་། སྦྱིན་སོགས་ཕར་ཕྱིན་གཞན་ཡང་ཡོད་དོ། །འབྲས་བུ་ཤེར་ཕྱིན་ནི་སངས་རྒྱས་ཀྱི་ཡེ་ཤེས་ཁོ་ན་ཡིན་ལ། རང་བཞིན་གྱི་ཤེར་ཕྱིན་ནི་སྟོང་ཉིད་དང་དོན་གཅིག་གོ །གཞུང་ཤེར་ཕྱིན་ནི་ལམ་འབྲས་ཀྱི་ཤེར་ཕྱིན་བརྗོད་བྱར་སྟོན་པས་དེའི་མིང་གིས་བཏགས་ལ། དེ་ཡང་འཁོར་བའི་རྒྱ་མཚོའི་ཕར་འགྲམ་དུ་ཤེས་རབ་ཀྱིས་ཕྱིན་ཟིན་པའི་དབང་དུ་མཛད་པ་ནི་འབྲས་བུ་ཤེར་ཕྱིན་དང་། ཕྱིན་པར་བྱེད་པ་ནི་ལམ་ཤེར་ཕྱིན་དང་། དེའི་དམིགས་ཡུལ་མཐར་ཐུག་ཡིན་པས་ན་རང་བཞིན་གྱི་ཤེར་ཕྱིན་དུ་བཞག་པ་ཡིན་ཏེ། ཁྱད་པར་ཕྱེད་པར་བྱའི། ཐམས་ཅད་གཅིག་ཏུ་འཁྲུལ་བར་མི་བྱའོ། །དེས་ན་ཤེར་ཕྱིན་གྱི་ཕན་ཡོན་སྟོན་པའི་སྐབས་སུ་རྗོད་བྱེད་ཀྱི་ཤེར་ཕྱིན་གྱི་དབང་དུ་མཛད་པ་ལྟར་མང་དུ་སྣང་ཡང་། དོན་ལ་ནི་ལམ་འབྲས་གཉིས་དང་ལམ་ཤེར་ཕྱིན་གྱི་ཕན་ཡོན་ལ་གཙོ་བོར་དགོངས་སོ། །གཞུང་དེ་དག་གིས་ནི་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུའི་དང་པོ་ཐེག་ཆེན་སེམས་བསྐྱེད་སྤྱིར་བསྟན་ཏེ་དབྱེ་བ་ཉེར་གཉིས་དངོས་སུ་མ་བཤད་ཀྱང་། ཟླ་སྟོབས་ཀྱིས་བསྡུས་ནས་བསྟན་པར་བྱ་དགོས་ཏེ། ཡུམ་རྒྱས་འབྲིང་གཉིས་ན་སེམས་བསྐྱེད་ཉེར་གཉིས་པོ་རེ་རེ་ལའང་མདོ་རེ་སྣང་ལ། བརྒྱད་སྟོང་པ་ལས་ནི་དབྱེ་བ་སྟོན་པ་ཟུར་དུ་མི་འབྱུང་ངོ་། །འདི་དག་མངོན་རྟོགས་རྒྱན་དང་སྦྱོར་ན། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་སོགས་དང་སྦྱོར་རོ། །ཡུམ་རྒྱས་འབྲིང་གཉིས་ན་སེམས་བསྐྱེད་མཚོན་བྱེད་ཀྱི་ཆོས་གཉིས་པ་གདམས་ངག་བཅུ་སྟོན་པའི་ཚིག་སོ་སོར་འབྱུང་ལ། བརྒྱད་སྟོང་པ་ལས་སོ་སོར་མི་འབྱུང་ཡང་ཐུན་མོང་དུ་སྤྱིར་གསུངས་ཤིང་། སྡུད་པ་འདིར་ཡང་གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང་། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྡུས་ནས་སྤྱིིར་བསྟན་ཏེ། དེ་ཡང་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གང་ལ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གི་དོན་ནི་དོན་དམ་པར་མི་དམིགས་ཤིང་། གང་སྤྱོད་པ་པོ་བྱང་ཆུབ་སེམས་དཔའ་ཡང་དོན་དམ་པར་མི་དམིགས་ལ། སྤྱོད་བྱེད་བྱང་ཆུབ་ཀྱི་སེམས་ཡང་དོན་དམ་པར་མི་དམིགས་ཏེ་རང་བཞིན་གྱིས་སྟོང་ངོ་ཞེས་བསྟན་པའི་ཚེ། དེ་སྐད་ཐོས་ནས་དེའི་དོན་མི་ཤེས་པའི་རྨོངས་པ་མེད་ཅིང་། ཡིད་མི་སྐྲག་པའི་བྱང་ཆུབ་སེམས་དཔའ་དེ་ནི་བདེ་བར་གཤེགས་པའི་ཤེས་རབ་ཀྱི་ཕར་ཕྱིན་ལ་སྤྱོད་པར་འཇོག་གོ ། འདིར་སྔར་བཤད་པའི་བྱང་ཆུབ་སེམས་དེ་ཉིད་སྟོང་ཉ ིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་བསྒོམ་དགོས་སོ་ཞེས་སྟོན་པ་སྟེ། སློབ་དཔོན་གྱིས་འདིས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་གདམས་ངག་སྟོན་པར་བཤད་དོ། །དེ་ནས་ཆོས་གསུམ་པ་སྦྱོར་ལམ་ནི་ཡུམ་རྒྱས་འབྲིང་གཉིས་ན་སྦྱོར་ལམ་དྲོད་སོགས་བཞི་པོ་རེ་རེ་ལའང་ཆུང་འབྲིང་ཆེན་པོ་གསུམ་གསུམ་དང་སྦྱར་བའི་མདོ་ཚན་སོ་སོར་ཡོད་ལ། བརྒྱད་སྟོང་པ་ནས་སོ་སོར་ཕྱེ་ཡང་ཅུང་ཟད་བསྡུས་ཏེ་གསུངས་ཤིང་། འདིར་ཡང་གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད། །ཅེས་སོགས་ཚིགས་བཅད་འགའ་ཞིག་གིས་དྲོད་སོགས་བཞི་སོ་སོར་ཕྱེ་བ་ཙམ་མཛད་དོ། །འདི་དག་གི་ཚིག་དོན་བསྡུས་ཏེ་བརྗོད་ན། སྦྱོར་ལམ་བཞི་པོ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བ་ཐམས་ཅད་ཀྱི་དམིགས་པ་ནི་བདེན་པ་བཞི་དང་དེའི་རྣམ་པ་བཅུ་དྲུག་རྣམས་ཡིན་ལ། རང་གི་རྣམ་པ་དངོས་ནི་ཐམས་ཅད་ཀྱང་བདེན་སྟོང་གི་རྣམ་པ་ཅན་ནོ། །ཐོག་མར་སྦྱོར་ལམ་དྲོད་ཀྱི་དམིགས་རྣམ་ནི། ཕུང་པོ་ལྔའི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་སེམས་པ་རྣམས་དོན་དམ་པར་མེད་ཅིང་། དེ་ལ་རྣམ་པར་ཤེས་པའི་གནས་དམིགས་པ་ནི་དོན་དམ་པར་རྡུལ་ཙམ་ཡང་ཡོད་པ་མིན་ལ། དྲོད་ལ་གནས་པ་དེ་དམིགས་པའི་ཆོས་ཀུན་ལ་བདེན་ཞེན་གྱིས་མི་གནས་ཏེ། དེ་ལྟར་གནས་པར་མེད་པར་སྤྱོད་ཅིང་བདེན་ཞེན་གྱིས་ཡོངས་སུ་བཟུང་བར་བྱེད་པ་མེད་ན་བདེ་བར་གཤེགས་པ་རྣམས་ཀྱི་བྱང་ཆུབ་སངས་རྒྱས་འཐོབ་པར་འགྱུར་རོ། །སྦྱོར་ལམ་རྩེ་མོའི་དམིགས་རྣམ་ནི། ཇི་ལྟར་ཏེ་དཔེར་ན་མུ་སྟེགས་ཀུན་ཏུ་རྒྱུ་བ་ཕྲེང་ཅན་དེས་བདག་ཏུ་ལྟ་ཞིང་རང་གི་ལམ་ཙམ་གྱིས་མི་གྲོལ་བར་ཤེས་པ་ཡི་སྒོ་ནས། ཕྱིས་བསྟན་པ་འདི་ལ་ཞུགས་ནས་རིགས་པས་ཕུང་པོ་ལྔ་རྣམ་པར་དཔྱད་ནས་བཤིག་ཅིང་དོན་དམ་པར་དམིགས་པ་མེད་པའི་ཕུང་པོ་རྣམས་པར་འཇིག་པ་སྟེ་མེད་པར་རྟོགས་པའི་བློ་འབྱུང་བ་ལྟར། སྦྱོར་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གཟུགས་སོགས་ཀྱི་ཆོས་ཀུན་དོན་དམ་པ་མི་དམིགས་པར་ཤེས་པ་ན། ཞི་བ་མྱ་ངན་ལས་འདས་པའི་མཐའ་ལ་མི་རིག་པ་སྟེ་མི་གནས་པ་དེའི་ཚེ་བྱང་སེམས་དེ་ནི་ཤེར་ཕྱིན་ལ་གནས་པའོ། །ཡང་འདི་ལྟར་གཟུགས་ཞེས་བྱ་བ་འདི་དང་ཤེས་རབ་འདི་ནི་ངོ་བོ་དོན་དམ་པ་གང་ཡིན། འདི་སུ་ཡི་ཡིན། རྒྱུ་གང་ལས་བྱུང་བ་ཡིན་ཞེས་པ་ལྟ་བུའི་རིགས་པ་ཡང་དག་གིས་ཕུང་སོགས་ཀྱི་ཆོས་འདི་ཐམས་ཅད་སྟོང་པའི་རང་བཞིན་དུ་རྟོག་ཅིང་དཔྱོད་དོ། །དེ་ལྟར་ཆོས་ཀུན་ལ་ཉེ་བར་བརྟགས་ནས་སྟོང་པར་མཐོང་བ་ན་སེམས་ཞུམ་པ་མེད་ཅིང་སྐྲག་པ་མེད་པའི་བྱང་ཆུབ་སེམས་དཔའ་དེ་ནི། རྫོགས་པའི་བྱང་ཆུབ་དང་ཉེ་བ་ཡིན་ཏེ་དེ་མྱུར་དུ་འཐོབ་པར་འགྱུར་བའི་ཕྱིར་རོ། །སྦྱོར་ལམ་བཟོད་པ་ནི། གལ་ཏེ་གཟུགས་སོགས་བདེན་པས་སྟོང་པའི་ཚུལ་དེ་མི་ཤེས་བཞིན་དུ། གཟུགས་སུ་བདེན་ཞེན་གྱི་འདུ་ཤེས་འབྱུང་ཞིང་ཚོར་བ་དང་འདུ་བྱེད་སེམས་པ་དང་རྣམ་ཤེས་ཀྱི་ཕུང་པོ་ལ་བདེན་ཞེན་གྱིས་སྤྱོད་པར་བྱེད་ན་མི་རུང་ཞིང་། ཕུང་པོ་འདི་རྣམས་བདེན་པས་སྟོང་སྙམ་དུ་ཡང་བདེན་ཞེན་གྱིས་རྟོག་ཅིང་དཔྱོད་ནའང་། བྱང་ཆུབ་སེམས་དཔའ་དེ་ནི་བདེན་འཛིན་གྱི་མཚན་མ་ལ་སྤྱོད་པ་ཡིན་པས། དོན་དམ་པར་སྐྱེ་བ་མེད་པའི་གནས་ལ་དད་པ་མིན་ནོ། །དེ་ནི་ཕུང་པོ་ལ་བདེན་ཞེན་མི་རུང་བར་མ་ཟད། ཕུང་པོ་བདེན་སྟོང་ལའང་བདེན་ཞེན་མི་རུང་བར་སྟོན་པའོ། །ཡང་བྱང་ཆུབ་སེམས་དཔའ་གང་ཞིང་གཟུགས་སོགས་ཕུང་པོ་ལྔ་ལ་བདེན་ཞེན་གྱིས་མི་རྟོག་མི་སྤྱོད་ཅིང་། དོན་དམ་པར་ནི་དམིགས་པ་ཅི་ལའང་གནས་པ་མེད་པར་སྤྱོད་པ་དེ་ནི་ཐ་སྙད་དུ་བདེན་སྟོང་ལ་སྤྱོད་ཅེས་བྱ་ཡང་། དེར་སྤྱོད་ཅེས་བྱ་བར་དོན་དམ་པར་མི་དམིགས་པར་སྤྱོད་ན་ཤེས་རབ་བརྟན་པ་ཡིན་ལ། དེ་ནི་དོན་དམ་པར་སྐྱེ་བ་མེད་པར་རྟོགས་པའི་བློ་དང་ལྡན་པའི་ཏིང་ངེ་འཛིན་ཞི་བ་མཆོག་ལ་རེག་པ་ཡིན་ནོ། །སྦྱོར་ལམ་ཆོས་མཆོག་ནི། བྱང་ཆུབ་སེམས་དཔའ་གང་ཞིག་ཕུང་སོགས་དོན་དམ་པར་མེད་པའི་དོན་ལ་དེ་ལྟར་རྩེ་གཅིག་ཏུ་གནས་པ་དེའི་ཚེ། འདིར་བདག་ནི་ཏིང་ངེ་འཛིན་ཞི་བ་ཆོས་མཆོག་ལ་གནས་པ་སྟེ། དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ། །ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པ་ན་བདག་ནི་མཉམ་པར་བཞག་ཅེའམ། དེ་ལས་ལངས་སོ་ཞེས་སྙམ་པའི་བདེན་ཞེན་གྱི་རློམ་སེམས་མེད་དོ། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཕུང་སོགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པར་ཡོངས་སུ་ཤེས་ནས་རྩེ་གཅིག་ཏུ་སྒོམ་པའི་ཕྱིར་རོ། །དེ་ལྟར་སྤྱོད་པ་དེ་ནི་བདེ་བར་གཤེགས་པ་རྣམས་ཀྱིས་གསུངས་པའི་ཆོས་མཆོག་གི་ཤེས་རབ་ལ་སྤྱོད་ཅིང་། དེས་ནི་བདེན་ཞེན་གྱིས་སྤྱོད་པ་མེད་པར་སྤྱོད་པ་ཡིན་པར་རབ་ཏུ་ཤེས་པའི་ཕྱིར་ན། ཆོས་གང་ལ་སྤྱོད་པ་དེ་ཡང་དོན་དམ་པར་དམིགས་པར་མི་འགྱུར་ཏེ། དོན་དམ་པར་གྲུབ་པའི་ཆོས་གང་ཡང་མེད་པའི་ཕྱིར་རོ། །དེས་ན་འདི་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །དེ་དག་གིས་སྦྱོར་ལམ་བཞིའི་དམིགས་པ་དང་རྣམ་པ་སོ་སོར་བསྟན་ནས་ཆུང་འབྲིང་ཆེན་པོའི་དབྱེ་བ་ཤུགས་ལ་འཕངས་སོ། །འདི་དག་ནི་མངོན་རྟོགས་རྒྱན་དང་སྦྱོར་ན་དམིགས་པ་དང་ནི་རྣམ་པ་དང་། ཞེས་སོགས་དང་སྦྱོར་དགོས་སོ། །དེ་ནས་སྦྱོར་ལམ་བཞིའི་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་བཞི་ནི། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། ཞེས་སོགས་ཚིགས་བཅད་གཉིས་ཀྱིས་སྟོན་ཏེ། དང་པོ་གཟུང་རྟོག་གཉིས་ལས་ཉོན་མོངས་གཟུང་རྟོག་ནི་ཉོན་མོངས་ཕྱོགས་ཀྱི་ཆོས་དང་། རྣམ་བྱང་གཟུང་རྟོག་ནི་རྣམ་བྱང་ཕྱོགས་ཀྱི་ཆོས་ལ་དམིགས་ནས་གཟུང་བྱར་བདེན་པར་འཛིན་པ་ཞིག་སྟེ། ཆོས་གང་ཞིག་སོ་སྐྱེ་ལ་བདེན་པར་སྣང་བ་ལྟར་ཡོད་པ་མ་ཡིན་པའི་དེ་ནི་བདེན་པར་མེད་ཅེས་བྱ་ལ། བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་གཟུང་བྱའི་ཆོས་དེ་རྣམས་ལ་བདེན་པར་བརྟགས་ཤིང་ཞེན་ནས། བདེན་པར་ཡོད་པ་དང་ཐ་སྙད་དུ་མེད་པར་གཟུང་ངོ་། །དེ་ལྟ་བུའི་ཡོད་པ་དང་མེད་པའི་མཐའ་གཉིས་པོ་ཡང་དོན་དམ་པར་མེད་པའི་ཆོས་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་གིས་ཚུལ་འདི་ལེགས་པར་ཤེས་ན་འཁོར་བ་ལས་འབྱུང་ཞིང་ཐར་རོ། །གཉིས་པ་འཛིན་རྟོག་གཉིས་ལས་རྫས་འཛིན་ནི་རྗེས་ཡོད་དང་། བཏགས་འཛིན་ནི་བཏགས་ཡོད་ཀྱི་ཆོས་ལ་དམིགས་ནས་འཛིན་བྱེད་དང་། འཛིན་པ་པོར་བདེན་པར་ཞེན་པ་སྟེ། བྱང་ཆུབ་སེམས་དཔའ་གང་ཕུང་པོ་ལྔ་པོ་འདི་དག་དང་། སྐྱེས་བུ་དང་དེའི་བློ་ལ་སོགས་པ་རྣམས་ནི་བདེན་པར་སྣང་ཡང་བདེན་པར་མ་གྲུབ་པ་སྒྱུ་མ་དང་འདྲ་བར་ཤེས་ཤིང་། སྐྱེས་བུ་སྒྱུ་མ་ལྟ་བུ་དང་ཕུང་པོ་ཡང་ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་པས་དེ་དག་གི་བདེན་སྟོང་དང་དེ་གཉ ིས་ངོ་བོ་ཐ་དད་པའི་གཞན་དང་གཞན་དུ་མི་བྱེད་དེ། དེ་གཉིས་ངོ་བོ་གཅིག་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ལ་འཛིན་པ་པོ་དང་འཛིན་བྱེད་དུ་ཞེན་པ་སྣ་ཚོགས་པའི་འདུ་ཤེས་དང་བྲལ་ཞིང་ཉེ་བར་ཞི་བ་ལ་སྤྱོད་པ་འདི་ནི། ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །འདི་དག་གིས་སྦྱོར་ལམ་དྲོད་སོགས་བཞིའི་སྤང་བྱའི་གཙོ་བོ་ཤེས་སྒྲིབ་ཀུན་བཏགས་མངོན་འགྱུར་བ་བཞི་སྟོན་ཅིང་། རྒྱས་འབྲིང་གཉིས་ན་རྟོག་པའི་དབྱེ་བ་བཅུ་དྲུག་ལ་མདོ་ཚན་རེ་ཡོད་ཀྱང་། བརྒྱད་སྟོང་པ་དང་འདིར་ནི་བསྡུས་ནས་བཤད་དོ། །འདི་དག་ནི་མངོན་རྟོགས་རྒྱན་ལས། གཞི་དང་དེ་ཡི་གཉེན་པོ་ཡིས། །ཞེས་སོགས་ཀྱིས་འཆད་དོ། །སྦྱོོར་ལམ་པའི་ཡོངས་འཛིན་ནི། དགེ་བའི་བཤེས་དང་ལྡན་ཞིང་ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏེ། ཕྱི་མ་ནི་ཐེག་པ་ཆེན་པོ འི་དགེ་བའི་བཤེས་གཉེན་དང་ལྡན་ཅིང་། ནང་དུ་ཞི་གནས་དང་ལྷག་མཐོང་དང་སྙིང་རྗེ་ཆེན་པོ་སོགས་དང་ལྡན་པར་གྱུར་པ་དེས་ནི། རྒྱལ་བ་རྣམས་ཀྱི་ཡུམ་ཤེར་ཕྱིན་ཐོས་ན་ཡིད་སྐྲག་པར་ཡོང་ཡེ་མི་འགྱུར་ལ། གཞན་གང་ཞིག་སྡིག་པའི་གྲོགས་དང་ལྡན་ཞིང་གཞན་གྱི་དབང་དུ་སོང་བའི་དྲིིང་འཇོག་པ་དེ་ནི། ཡུམ་འདི་ཉན་པའི་སྣོད་དུ་མི་རུང་སྟེ་དེ་ནི་སྟོང་པ་ཉིད་ཀྱི་ཆོས་ཐོས་ན་སྐྲག་པར་འགྱུར་བའི་ཕྱིར་རོ། །དེ་ནི། དཔེར་ན་རྫའི་སྣོད་སོ་མ་བཏང་བའི་ནང་དུ་ཆུ་འཆུ་ན་དེས་ཞིག་པར་འགྱུར་བ་བཞིན་ནོ། །ཡོངས་འཛིན་འདི་རྒྱས་འབྲིང་བསྡུས་པ་གསུམ་ན་རྒྱས་སོ། །འདི་མངོན་རྟོགས་རྒྱན་ལས། སེམས་མི་འགོད་པ་ཉིད་ལ་སོགས། །རྐང་པ་བཞིས་འཆད་དོ། །བཞི་པ་ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་དང་། སྒྲུབ་པའི་དམིགས་པ་གཉིས་ཀ་ཐུན་མོང་དུ་ཅི་ཕྱིར་འདི་ནི་ཞེས་སོགས་རྐང་པ་བཞིས་སྟོན་ཏེ། དང་པོ་འདི་ལ་རྒྱས་འབྲིང་གཉིས་ན་སྒྲུབ་པའི་རྟེན་བཅུ་གསུམ་སྟོན་པའི་མདོ་ཚན་བཅུ་གསུམ་ཡོད་ཀྱང་། བརྒྱད་སྟོང་དང་འདིར་ཡང་བསྡུས་ཏེ་སྟོན་པས། འདིའི་རྐང་པ་དང་པོ་གཉིས་ཀྱིས་རིགས་སྟོན་ཏེ། རྒྱུ་མཚན་ཅིའི་ཕྱིར་བྱང་སེམས་འདི་ལ་ནི་སེམས་དཔའ་ཞེས་བྱ་ཞེ་ན། སྒྲིབ་གཉིས་ཀྱི་ཆགས་པ་གཅོད་པར་བྱེད་ཅིང་། ཆོས་ཀུན་ལ་བདེན་ཞེན་གྱིས་ཆགས་པ་དེ་ཟད་པར་འདོད་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞིང་། དེའི་རྒྱུད་ཀྱི་སེམས་བདེན་སྟོང་ལ་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཞེས་བྱ་སྟེ། ཐེག་ཆེན་སྒྲུབ་པས་དེ་ལ་དམིགས་ནས་བསྒོམས་པས་གོང་འཕེལ་དུ་འགྱུར་བའི་ཕྱིར་རོ། །འདི་ནི་རྒྱན་ལས། རྟོག་པ་ཡི་ནི་ཆོས་དྲུག་དང་། ཞེས་སོགས་ཀྱིས་འཆད་དོ། །སྒྲུབ་པའི་དམིགས་པ་ནི། རྒྱས་འབྲིང་གཉིས་ན་དམིགས་པ་བཅུ་གཅིག་ལ་མདོ་ཚད་རེ་ཡོད་ལ། བརྒྱད་སྟོང་དང་འདིར་ཡང་། རྒྱལ་བ་རྣམས་ཀྱི་ཞེས་སོགས་རྐང་པ་ཕྱི་མ་གཉིས་ཀྱིས་བསྡུས་ནས་སྟོན་ཏེ། རྒྱུ་མཚན་སྔ་མ་དང་དེར་མ་ཟད། རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་པ་མེད་པར་གྱུར་པ་རྣམ་མཁྱེན་དོན་དུ་གཉེར་བ་ལ་རེག་པའི་རྒྱུ་མཚན་དེས་ན་གང་ཟག་འདི་ནི་བྱང་ཆུབ་སེམས་དཔའི་མིང་ཐོབ་པོ་ཞེས་བྱང་ཆུབ་སེམས་དཔའི་སྒྲ་དོན་བཤད་པའི་སྒོ་ནས་དམིགས་པ་རྣམས་འཕངས་སོ། །འདི་ནི་རྒྱན་ལས། དམིགས་པ་ཆོས་རྣམས་ཐམས་ཅད་དེ། ཞེས་སོགས་ཀྱིས་འཆད་དོ། །དྲུག་པ་ཆེད་དུ་བྱ་བ་ནི། ཡུམ་གསུམ་ཀ་ན་མདོ་ཚན་གསུམ་རེ་ཡོད་ལ། འདིར་ནི་ཅི་ཕྱིར་དོན་ཞེས་སོགས་རྐང་པ་བཞིས་བསྡུས་ནས་སྟོན་ཏེ། རྒྱུ་མཚན་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་དེ་ལ་ནི་སེམས་དཔའ་ཆེན་པོ་ཞེས་བྱ་ཞེ་ན། སེམས་ཅན་ཚོགས་རྣམས་མང་པོའི་གཙོ་བོ་མཆོག་ཏུ་གྱུར་པ་དང་། སེམས་ཅན་ཁམས་ཀྱི་ལྟ་ངན་སྣ་ཚོགས་རྣམས་བཅོད་པར་འདོད་པ་དེའི་ཕྱིར་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་པ་སྟེ་སྔ་མས་སེམས་ཆེན་པོ་དང་། ཕྱི་མས་སྤོང་བ་ཆེན་པོ་གཉིས་དངོས་སུ་བསྟན་ནས་རྟོགས་པ་ཆེན་པོ་ཤུགས་ཀྱིས་འཕངས་སོ། །འདི་ནི་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །ཞེས་སོགས་རྐང་པ་བཞིས་འཆད་དོ། །མདོར་ན་རང་དོན་དུ་བྱང་ཆུབ་དོན་དུ་གཉེར་བས་བྱང་ཆུབ་སེམས་དཔའ་དང་། གཞན་དོན་དུ་དེ་དོན་དུ་གཉེར་བས་སེམས་དཔའ་ཆེན་པོ་ཞེས་བྱ་བའོ། །བདུན་པ་གོ་སྒྲུབ་ནི། ཡུམ་རྒྱས་འབྲིང་གཉིས་ན་གོ་སྒྲུབ་སོ་དྲུག་སོ་སོར་སྟོན་པའི་མདོ་ཚིག་མང་ལ། བརྒྱད་སྟོང་པར་བསྡུས་ནས་བསྟན་ཅིང་། འདིར་ཡང་གཏོང་བ་ཆེ་དང་བློ་ཆེ་བ་དང་ཞེས་སོགས་རྐང་པ་གཉིས་ཀྱིས་བསྡུས་སོ། །དེ་ཡང་ཕྱིན་དྲུག་ལས་མཚོན་ཙམ་ནི། སྦྱིན་པ་གཏོང་བ་པོ་ཆེན་པོ་དང་། བློ་ཤེས་རབ་ཆེ་བ་དང་། མཐུ་ཆེ་བ་དང་། རྒྱལ་བ་རྣམས་ཀྱི་ཐེག་པ་ཆེན་པོའི་ལམ་མཆོག་ཕྱིན་དྲུག་ལ་ཞུགས་པ་ནི་གོ་ཆའི་སྒྲུབ་པ་ཞེས་བྱའོ། །འདི་ནི་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །ཞེས་སོགས་ཀྱིས་འཆད་དོ། །བརྒྱད་པ་འཇུག་སྒྲུབ་ནི། རྒྱས་འབྲིང་གཉིས་ན་རྒྱས་ཤིང་བརྒྱད་སྟོང་པར་མདོ་ཙམ་བསྟན་ལ། འདིར་ཡང་གོ་ཆ་ཆེན་པོ་བགོས་ཤིང་སོགས་རྐང་པ་གཉིས་ཀྱིས་འཇུག་སྒྲུབ་དགུ་པོ་བསྡུས་སོ། །དེ་ཡང་མི་མཐུན་ཕྱོགས་ཀྱིས་མི་ཚུགས་པའི་ཕྱིར་དུ་གོ་ཆའི་སྒྲུབ་པ་ཆེན་པོ་ཉམས་སུ་བླངས་ནས་གོ་ཆར་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བའི་སྒོ་ནས་ཐེག་ཆེན་དུ་འཇུག་པའི་རྒྱུ་མཚན་དེའི་ཕྱིར་ན་ཡང་སེམས་དཔའ་ཆེན་པོ་ཞེས་རབ་ཏུ་བརྗོད་དོ། །འདི་ནི་རྒྱན་ལས། བསམ་གཏན་གཟུགས་མེད་སོགས་ཀྱིས་འཆད་དོ། །དགུ་པ་ཚོགས་སྒྲུབ་ནི། རྒྱས་འབྲིང་གཉིས་ན་མདོ་ཚན་མང་པོ་ཞིག་གིས་སྟོན་ཅིང་། བརྒྱད་སྟོང་པར་ཚོགས་སྒྲུབ་བཅུ་བདུན་གྱི་ངོ་བོ་ཙམ་བཤད་ལ། འདིར་ནི་དཔེར་ན་སྒྱུ་མ་མཁན་གྱིས་སོགས་ཚིགས་བཅད་ལྔས་བསྡུས་སོ། །དེ་ཡང་དཔེར་ན་སྒྱུ་མ་མཁན་གྱིས་ལམ་གྱི་བཞི་མདོར་རྡེའུ་ཤིང་བུ་སོགས་རྟ་གླང་སོགས་སུ་སྤྲུལ་བྱས་ཏེ། སྐྱེ་བོ་ཕལ་ཆེར་མང་པོ་སྤྲུལ་ནས་དེ་དག་གཅིག་གིས་གཅིག་གི་མགོ་མང་པོ་བྱེ་བ་སོགས་ཀྱི་གྲངས་ལྟ་བུ་གཅོད་པར་བྱེད་པའི་སྒྱུ་བསྟན་ཀྱང་། དོན་ལ་ནི་སེམས་ཅན་གཅིག་ཀྱང་བསད་པ་མེད་ཅིང་དེའི་ཚེ་གསད་བྱ་དེ་དག་སྣང་བ་ལྟར་མ་གྲུབ་བཞིན་དུ་གསོད་པ་ལྟར་སྣང་ངོ་། །དཔེ་དེ་ཅི་འདྲ་བ་དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་འགྲོ་བ་འདི་ཀུན་བདེན་པར་སྣང་ཡང་སྣང་བ་ལྟར་མ་གྲུབ་པ་སྦྲུལ་པ་དང་འདྲ་བར་བར་ཏུ་ཤེས་ནས། ཉོན་མོངས་པ་སོགས་ཁ་ན་མ་ཐོ་བ་ལ་འཇིགས་པ་མེད་དོ། །གཟུགས་དང་འདུ་ཤེས་དང་ཚོར་བ་དང་སེམས་པ་འདུ་བྱེད་དག་དང་རྣམ་པར་ཤེས་པ་རྣམས་ནི་དོན་དམ་པར་བདེན་འཛིན་དང་ལས་ཉོན་གྱིས་མ་བཅིངས་ཤིང་མ་གྲོལ་ཏེ། དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་གཟུགས་སོགས་ཀྱི་ཆོས་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་སྟོང་པར་ཤེས་པའི་སྒོ་ནས་ཐ་སྙད་དུ་བྱང་ཆུབ་སྒྲུབ་པ་ལ་འཇུག་གོ །དེའི་ཚེ་ཅི་ཡང་མི་འདུག་གོ་སྙམ་དུ་ཞུམ་པའི་སེམས་མེད་པ་དགོས་ཏེ། དོན་དམ་པར་ཅི་ཡང་མེད་ཀྱང་ཐ་སྙད་ཙམ་དུ་ཡོད་པའི་ཕྱིར་རོ། དེ་ལྟར་ཤེས་པ་འདི་ནི་གང་ཟག་དམ་པ་རྣམས་ཀྱི་སྤྱོད་པའི་གོ་ཆ་མཆོག་གོ །རྒྱུ་མཚན་ཅིའི་ཕྱིར་སྒྲུབ་པ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ལམ་ཞེས་བྱ་ཞེ་ན། ལམ་དེ་ལ་བྱང་སེམས་གང་ཞོན་པ་སྟེ་གནས་ནས་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཟློ་བ་སྟེ་འགོད་པར་བྱེད་པའི་སྒོ་ནས་སོ། །དེ་ལྟ་བུའི་ཐེག་པ་འདི་ནི་རྒྱ་ཆེ་བ་ནམ་མཁའ་དང་འདྲ་ཞིང་བྱང་ཆུབ་སེམས་དཔའ་རྣམས་གནས་པའི་གཞལ་མེད་ཁང་ཆེན་ལྟ་བུ་དང་། གནས་སྐབས་དང་མཐར་ཐུག་གི་དགའ་བ་དང་སྐྱིད་པ་དང་བདེ་བ་རྣམས་མངོན་པར་ཐོས་པར་བྱེད་པའི་ཕྱིར་ཐེག་པའི་མཆོག་གོ །ཐེག་པ་འདི་ལ་བྱང་སེམས་གང་ཞིག་ཞོན་ནས་སངས་རྒྱས་ཀྱི་སར་འགྲོ་ཡང་ཤར་ལ་སོགས་པའི་ཕྱོགས་སུ་འགྲོ་བར་དམིགས་སུ་མེད་ཅིང་། མི་གནས་པའི་མྱ་ངན་ལས་འདས་པར་འགྲོ་བར་གསུངས་པ་དེ་ཡང་དོན་དམ་པར་དེར་འགྲོ་བར་མི་དམིགས་སོ། །དཔེར་ན་མེ་འབར་བ་ཤི་བ་ན་མེ་དེ་ནི་ཕྱོགས་གང་དུ་འགྲོ་རྒྱུ་མེད་པ་བཞིན་ནོ། །རྒྱུ་མཚན་དེས་ན་ཤེས་རབ་ཀྱི་སྟོབས་ཀྱིས་རང་རྒྱུད་ཀྱི་སྒྲིབ་པ་ལོག་ཅིང་སྤངས་པ་དེ་ལ་ནི་མྱ་ངན་ལས་འདས་པ་ཡིན་ཞེས་རབ་ཏུ་བརྗོད་དོ། །བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐའ་རྒྱུ་དང་ཕྱི་མའི་མཐའ་འབྲས་བུ་དང་། ད་ལྟར་བྱུང་བ་རང་གི་ངོ་བོ་གསུམ་ཀ་དོན་དམ་པར་མི་དམིགས་པར་ཤེས་པའི་ཕྱིར་དུས་གསུམ་གྱི་ཆོས་རྣམས་རང་བཞིན་གྱིས་དག་པ་སྟེ། རང་བཞིན་གྱིས་གང་དག་པ་དེ་ནི་འདུས་མ་བྱས་སྤྲོས་བྲལ་ཡིན་པའི་ཕྱིར་རྣམ་རྟོག་གི་སྤྲོས་པ་མེད་དོ། །དེ་ལྟར་ཤེས་ཤིང་གནས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ནོ། །རྒྱན་ལས་སའི་ཚོགས་ལོགས་སུ་རྒྱས་པར་བཤད་ཀྱང་དེ་དག་ནི་ཚོགས་ཀྱི་སྒྲུབ་པར་འདུས་པས་འདིར་གསལ་བར་མ་ཕྱེ་ཞིང་། དེ་བཞིན་དུ་གཉེན་པོའི་ཚོགས་སྒྲུབ་ཀྱང་ལོགས་སུ་མ་གསུངས་སོ། །འདི་ནི་རྒྱན་ལས། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞེས་སོགས་ཀྱིས་འཆད་དོ། །བཅུ་པ་ངེས་འབྱུང་སྒྲུབ་པ་ནི། རྒྱས་འབྲིང་བསྡུས་གསུམ་ན་མདོ་ཚན་མང་པོ་ཞིག་འབྱུང་ཡང་། འདིར་ངེས་འབྱུང་སྒྲུབ་པ་བརྒྱད་བསྡུས་ཏེ་སྟོན་པ་ནི། བྱང་ཆུབ་སེམས་མཁས་རིག་པ་ཞེས་པ་ནས་དང་པོའི་འཇུག་གི་བར་ཚིགས་བཅད་ལྔས་བསྡུས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་མཁས་ཤིང་དོན་རིག་པས་དག་ས་ཐོབ་པ་གང་གི་དུས་ཀྱི་ཚེ། དངོས་པོ་ཐམས་ཅད་རང་བཞིན་གྱིས་སྐྱེ་བ་མེད་པར་རྣམ་པར་ཤེས་ཤིང་བསམས་ཏེ་འདི་ལྟར་སྤྱོད་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་དུ་བདེན་པའི་འདུ་ཤེས་འབྱུང་བ་མེད་པ་འདི་ནི་ལམ་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་གལ་ཏེ་སེམས་ཅན་དུ་བདེན་པའི་འདུ་ཤེས་དང་དེའི་སྡུག་བསྔལ་ལ་བདེན་པའི་འདུ་ཤེས་སྐྱེད་ཅིང་། འགྲོ་བ་སེམས་ཅན་རྣམས་ཀྱི་དོན་བྱ་ཞིང་སྡུག་བསྔལ་སྤང་བར་བྱའོ་སྙམ་དུ་བདག་དང་སེམས་ཅན་དུ་བདེན་པར་ཡོངས་སུ་རྟོག་ན་བྱང་ཆུབ་སེམས་དཔའ་དེས་དེ་ལྟར་རྟོག་པ་འདི་ནི་ཤེར་ཕྱིན་མཆོག་ལ་སྤྱོད་པ་མ་ཡིན་ནོ། །དེས་ན་བདག་ནི་ཕུང་པོ་ལྔ་མིན་ཞིང་ཕུང་པོ་ཡང་བདག་མིན་ལ། དེ་ལས་ངོ་བོ་ཐ་དད་པའི་བདག་ཞིག་ལོགས་སུ་ཡོད་དམ་མེད་སྙམ་དུ་རིགས་པ་ཡང་དག་གིས་བཙལ་ན་ཡོད་པར་མི་རྙེད་ཀྱང་། མ་བརྟགས་མ་དཔྱད་པར་བདག་ཐ་སྙད་ཙམ་དུ་འཇོག་ཚུལ་ཤེས་པར་བྱ་ཞིང་། མདོར་ན་བདག་ནི་ཕུང་པོའི་ཆ་ཤས་ཚོགས་པ་ལ་བཏགས་པ་ཙམ་མ་གཏོགས་རང་གི་ངོ་བོས་མ་གྲུབ་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རང་གི་ཆ་ཤས་ལ་བརྟེན་ནས་བཏགས་པ་ཙམ་མ་གཏོགས་རང་དབང་དུ་མ་གྲུབ་སྟེ། བདག་ཅི་འདྲ་བ་དེ་འདྲ་བར་སེམས་ཅན་ཐམས་ཅད་ཤེས་ཤིང་སེམས་ཅན་ཐམས་ཅད་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་གི་ཆོས་གཞན་ཀུན་བདེན་པར་མེད་པའི་ཚུལ་ཤེས་ནས། དོན་དམ་པར་སྐྱེ་བ་མེད་པ་དང་ཐ་སྙད་དུ་སྐྱེ་བ་གཉིས་ཀ་ལ་བདེན་ཞེན་གྱིས་མི་རྟོག་པ་འདི་ནི་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཡིན་ནོ། །འཇིག་རྟེན་དག་ན་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་སོགས་ཆོས་རྣམས་ལ་མིང་གིས་ཇི་སྙེད་ཅིག་ཡོངས་སུ་བརྗོད་ཅིང་ཐ་སྙད་བྱས་པ་དེ་ཀུན་ལ་སྐྱེ་བ་དང་སྐྱེ་བ་ལས་ཡང་དག་འདས་པ་གཉིས་ཀའི་བདེན་ཞེན་སྤངས་ནས། ཡེ་ཤེས་ཀུན་ལས་མཐར་ཐུག་གི་ཡེ་ཤེས་འཆི་བ་མེད་པ་དང་སྐྱོན་ཀུན་སྤངས་པའི་དམ་པ་ཡོན་ཏན་གཞལ་དུ་མེད་པ་དེ་འཐོབ་པར་འགྱུར་བ་དེའི་ཕྱིར་འདི་ནི་ཤེར་ཕྱིན་ལ་སྤྱོད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་གང་ཞིག་ཐེ་ཚོམ་གྱི་དོགས་པ་མེད་པར་དེ་ལྟར་སྤྱོོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཅིང་། དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་ལ་གནས་པར་ཤེས་པར་བྱའོ། །ཚུལ་དེ་ལྟ་བུའི་སྒོ་ནས་ཆོས་རྣམས་དོན་དམ་པར་རང་བཞིན་མེད་པར་མངོན་སུམ་དུ་ཡོངས་སུ་ཤེས་པར་གྱུར་པ་འདི་ནི། ངེས་འབྱུང་སྒྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་ཡིན་ཞེས་བྱའོ། །འདི་ནི་རྒྱན་ལས། ཆེད་དུ་བྱ་དང་མཉམ་ཉིད་དང་། །ཞེས་སོགས་ཀྱིས་འཆད་དོ། །འདིར་བཤད་པའི་སྒྲུབ་པ་བཞིའི་དང་པོོ་གོ་སྒྲུབ་ནི་ཚོགས་ལམ་ནས་ས་བཅུ་པའི་བར་དང་། འཇུག་སྒྲུབ་ནི་སྦྱོར་ལམ་ནས་དེའི་བར་དང་། ཚོགས་སྒྲུབ་ནི་དེ་ལྟར་ཡིན་ལ། ངེས་འབྱུང་སྒྲུབ་པ་ནི་དག་པ་ས་གསུམ་ཁོ་ནར་ཡོད་དོ། །ཆོས་བཅུ་ནི་རྒྱན་ལས། སེམས་བསྐྱེད་པ་དང་གདམས་ངག་དང་། །ངེས་འབྱེད་ཡན་ལག་རྣམ་བཞི་དང་། །སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །དམིགས་པ་དག་དང་ཆེད་དག་དང་། །གོ་ཆ་འཇུག་པའི་བྱ་བ་དང་། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་གསུངས་པ་ལྟར་རོ། །དེ་རྣམས་ལ་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་སུ་བཤད་པ་ནི་ཡུལ་གྱིས་ཡུལ་ཅན་མཚོན་པ་ཡིན་ཏེ། ཆོས་བཅུ་པོ་རྣམ་མཁྱེན་དུ་བགྲོད་པའི་ཐབས་སུ་རྣམ་མཁྱེན་ཉིད་ཀྱིས་གཟིགས་ཚུལ་གྱི་སྒོ་ནས་བཞག་པའི་ཕྱིར་རོ། །འདི་དག་ནི་རྒྱས་པར་བཤད་ན་ཆེས་མང་བར་འགྱུར་བའི་ཕྱིར་འབྲིར་མ་ལང་པས་དེ་ཙམ་ཞིག་བཀོད་དོ། །འོན་ཀྱང་གཞུང་གི་གཅོད་མཚམས་ལ་སློབ་དཔོན་སེང་བཟང་དང་སངས་རྒྱས་ཡེ་ཤེས་ཞབས་གཉིས་ཅུང་ཟད་མི་འདྲ་བ་རེ་འབྱུང་ཡང་འདིར་སློབ་དཔོན་ཉིད་ཀྱི་བཞེད་པ་དང་མཐུན་པར་བྱས་སོ།། །།སྐབས་གཉིས་པས་ལམ་ཤེས་མཚོན་བྱེད་ཀྱི་ཆོས་རྣམས་སྟོན་ཏེ། དེ་ལ་བཅུ་གཅིག་ཡོད་ཀྱང་དང་པོ་ལམ་ཤེས་ཀྱི་ཡན་ལག་ནི་རྒྱས་འབྲིང་བསྡུས་པ་གསུམ་ཀ་ན་འབྱུང་ཡང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ནི་འདིར་ཟླ་སྟོབས་ཀྱིས་བསྡུས་ནས་དངོས་སུ་མི་འཆད་པར་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་རྒྱུ་ངེས་འབྱེད་ཆ་འཐུན་དང་བཅས་པ་འཆད་ཅིང་། དེ་ཡང་གང་ཞིག་གཟུགས་ལ་མི་གནས་ཚོར་ལ་མི་གནས་ཤིང་། །ཞེས་སོགས་ཀྱི་ཚིགས་བཅད་གསུམ་གསུངས་ཞེས་བཞེད་པར་སྣང་ཡང་། སློབ་དཔོན་སེང་བཟང་གིས་ཚིག་བཅད་དང་པོས་ལམ་ཤེས་ཀྱི་ཡན་ལག་བསྟན་པར་བཤད་པ་ལྟར་བྱ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་གང་ཞིག་གཟུགས་ལ་བདེན་ཞེན་གྱིས་མི་གནས་ཤིང་། དེ་བཞིན་དུ་གང་ཞིག་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་སེམས་པ་དང་རྣམ་ཤེས་ལ་བདེན་ཞེན་གྱིས་མི་གནས་སོ། །དེ་ལྟར་བདེན་ཞེན་གྱིས་མི་གནས་པར་བདེན་སྟོང་དུ་རྟོགས་པ་དེ་ནི་ཆོས་ཉིད་ལ་གནས་པ་སྟེ། འདི་ནི་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཡིན་ནོ། །འདིར་བདེན་ཞེན་གྱིས་མངོན་པའི་ང་རྒྱལ་བྱེད་པ་བཅོམ་པའི་སྒོ་ནས་རྟེན་སྟོན་པར་བཤད་དོ། །དེ་ལྟར་འདི་ནི་རྒྱན་ལས། ལྷ་རྣམས་རུང་བར་བྱ་བའི་ཕྱིར། །ཞེས་སོགས་ཀྱི་དོན་དུ་འཆད་དགོས་སོ། །རྒྱས་འབྲིང་གཉིས་ན་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་སྐོར་ལ་མདོ་ཚིག་མང་ལ། བརྒྱད་སྟོང་ན་བསྡུས་ཤིང་འདིར་ནི། རྟག་དང་མི་རྟག་སོགས་ཚིགས་བཅད་གཉིས་ཀྱིས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་རྒྱུ་ངེས་འབྱེད་ཆ་འཐུན་བཞི་དང་བཅས་པ་བསྡུས་ནས་སྟོན་ཏེ། དེ་ཡང་བདེན་བཞི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་དབང་དུ་མཛད་ནས། སྡུག་བསྔལ་བདེན་པས་མཚོན་ཏེ་རྟག་པ་དང་མི་རྟག་པ་དང་བདེ་བ་དང་སྡུག་བསྔལ་བ་དང་། སྡུག་མི་སྡུག་གཉིས་དང་། བདག་དང་བདག་མེད་པ་གཉིས་དང་། བདེན་པ་གཞན་གྱི་དེ་བཞིན་ཉིད་དང་དེ་བཞིན་དུ་དོན་གཞན་གྱིས་སྟོང་པ་དང་། འབྲས་བུ་འགོག་བདེན་ཐོབ་པ་དང་། དགྲ་བཅོམ་ཐོབ་པའི་ས་ལ་བདེན་ཞེན་གྱིས་མི་གནས་ཤིང་། རང་རྒྱལ་དང་དེ་བཞིན་དུ་སངས་རྒྱས་ཀྱི་ས་ལ་ཡང་བདེན་ཞེན་གྱིས་མི་གནས་སོ། །མཐུན་དཔེ་ཇི་ལྟར་ན་འདྲེན་པ་སངས་རྒྱས་ནི་འདུས་མ་བྱས་ཀྱི་ཁམས་དང་འདུས་བྱས་ཀྱི་ཁམས་ལ་ཡང་བདེན་ཞེན་གྱིས་མི་གནས་ཤིང་། གནས་པ་མེད་པའི་ཚུལ་གྱིས་སྤྱོོད་པར་མཛད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཡང་དམིགས་པའི་གནས་རྣམས་ལ་ནི་བདེན་ཞེན་གྱིས་གནས་པ་མེད་པའི་ཚུལ་གྱིས་གནས་པར་བྱེད་དོ། །དེ་ལྟ་བུའི་གནས་པ་མེད་པའི་ཚུལ་གྱིས་གནས་པ་གང་ཡིན་པ་འདི་ནི་རྒྱལ་བས་ལེགས་པར་གནས་པ་ཡིན་ཞེས་གསུངས་སོ། །འདིར་དངོས་སུ་བསྟན་པའི་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ནི་རྣམ་པ་བཅུ་དྲུག་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དང་དེའི་རྒྱུ་ངེས་འབྱེད་ཆ་འཐུན་བཞི་པོ་ཡང་དག་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་མོ། །འདི་ནི་རྒྱན་ལས། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་སྟོན་པའི་སྔོན་དུ་རང་རྒྱལ་གྱི་ལམ་དེ་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་དུ་འཕགས་ཚུལ་ཞིག་ཡུམ་གསུམ་དང་རྒྱན་ལས་ཀྱང་འབྱུང་མོད། འདིར་དེ་དངོས་སུ་མི་འཆད་པར་ཟླས་བསྡུས་ཏེ་སྟོན་ཅིང་། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་ཞེས་སོགས་ཚིགས་བཅད་ལྔས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་རྒྱུ་སྦྱོར་ལམ་བཞི་དང་བཅས་པ་སོ་སོར་མ་ཕྱེ་བར་འཆད་ལ། ཡུམ་གསུམ་དང་རྒྱན་ལས་ནི་སྦྱོར་ལམ་བཞི་སོ་སོར་ཕྱེ་ནས་འཆད་དོ། །དོན་གཉེར་ཅན་གང་དག་བདེ་བར་གཤེགས་པའི་ཉན་ཐོས་དང་དགྲ་བཅོམ་དུ་འགྱུར་བར་བྱ་སྙམ་པ་དང་། རང་སངས་རྒྱས་དང་དེ་བཞིན་དུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་སུ་འགྱུར་བར་འདོད་པ་དེ་དག་གིས་ནི། ཆོས་ལ་ངེས་སེམས་ཟབ་མོ་རྟོགས་པའི་བཟོད་པ་འདི་ལ་བརྟེན་དགོས་ཏེ། མ་བརྟེན་ན་འཁོར་བའི་རྒྱ་མཚོར་ལྷུང་ནས་དེ་ཐོབ་པར་མི་ནུས་པའི་ཕྱིར་ཏེ། དཔེར་ན་རྒྱ་མཚོའི་ནང་དུ་ལྷུང་བའི་སྐྱེས་བུས་རྒྱ་མཚོའི་ཕ་རོལ་དང་ཚུ་རོལ་གང་དུ་འགྲོ་བའི་འགྲོ་ངོགས་མི་ཤེས་ཤིང་མི་མཐོང་བ་བཞིན་ནོ། །སུ་ཞིག་ཆོས་ཇི་ལྟར་འཆད་པ་དང་། ཆོས་ཉན་པ་དང་། བཤད་བྱའི་ཆོས་གང་ཡིན་པ་དང་། ཉན་ཐོས་ཀྱི་འབྲས་བུ་བཞི་ཐོབ་པ་དང་། རྐྱེན་རྒྱལ་རང་སངས་རྒྱས་དང་། དེ་བཞིན་དུ་འཇིག་རྟེན་གྱི་མགོན་པོ་སངས་རྒྱས་ཀྱི་མྱང་འདས་སོགས་མཁས་པ་བློ་གསལ་བས་ཐོབ་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཐར་པ་གང་ཡིན་པ་དེ་ཀུན་ཀྱང་། ཐ་སྙད་དུ་བཏགས་ཤིང་ཀུན་རྫོབ་ཏུ་ཡོད་པར་འཇོག་གི་དོན་དམ་པར་མེད་ཅིང་བདེན་སྟོང་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པས་བསྟན་ཏོ། །སྐབས་འདིར་ཡུམ་གསུམ་ལས་ཀྱང་དེ་ལྟར་བཤད་ཅིང་དེ་ལ་དགོས་པ་ཡོད་དེ། བདེན་པར་གྲུབ་ན་བསྒྱུར་དུ་མི་རུང་བས་ཐོབ་བྱ་ཐོབ་བྱེད་སོགས་བྱ་བྱེད་ཐམས་ཅད་མི་རུང་བའི་ཕྱིར་རོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་སྟོང་སྒྱུ་མ་ལྟ་བུ་འདི་ཐོས་ན་གཞན་བློ་ཆུང་བ་དག་འདི་ཅི་ལྟ་བུ་ཞིག་སྙམ་སྟེ་སྐྲག་པར་འགྱུར་བ་འོང་ཡང་། གང་ཟག་བཞི་པོ་འདི་དག་ནི་ཚུལ་ཏེ་ལྟ་བུ་ཐོས་ན་ཡིད་མི་སྐྲག་སྟེ། བཞི་གང་ཞེ་ན། རྒྱལ་སྲས་བདེན་པ་བཞིའི་རྣམ་དབྱེ་ལ་མཁས་པ་དང་། བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ལམ་ཐོབ་པ་དང་། དགྲ་བཅོམ་པ་ཉོན་མོངས་པའི་དྲི་མ་བསམ་ཅིང་སོམ་ཉི་སྤངས་པ་གསུམ་དང་། བཞི་པ་ནི་སྟོང་ཉིད་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་མཁས་ཤིང་དོན་རིག་པ་གང་དེ་ལྟར་ཤེས་ཤིང་སྤྱོད་པ་ནི། ཉན་ཐོས་དགྲ་བཅོམ་པའི་ས་ལ་མི་སློབ་ཅིང་རྐྱེན་རྟོག་རང་རྒྱལ་གྱི་ས་ལ་མི་སློབ་པ་མིན་ཞེས་དོན་དུ་མི་གཉེར་ཏེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཆེད་དུ་སངས་རྒྱས་ཀྱི་ཆོས་ཀྱི་རྗེས་སུ་སློབ་ཅིང་དོན་དུ་གཉེར་བའོ། །བྱང་ཆུབ་སེམས་དཔའ་གང་ཞིག་སངས་རྒྱས་ཐོབ་པའི་ཆེད་དུ་སློབ་པར་བྱེད་ཅིང་དམན་པའི་བྱང་ཆུབ་ཀྱི་ཆེད་དུ་མི་སློབ་ལ། ཕྱི་མ་ལྟར་མི་སློབ་ཅིང་སྔ་མ་ལྟར་སློབ་པར་བྱེད་པ་ནི་སློབ་ཚུལ་ཕྱིན་ཅི་མ་ལོག་པའོ། །བྱང་སེམས་ཀྱིས་སྡུག་བདེན་གྱི་གཟུགས་སོགས་འཕེལ་ཞིང་རྒྱས་པ་དང་། ཡོངས་སུ་ཉམས་ཤིང་རྒུད་པ་དང་གཅེས་པར་ཡོངས་སུ་གཟུང་བའི་ཕྱིར་སློབ་པ་མ་ཡིན་ཏེ། དེར་མ་ཟད། ཆོས་གཞན་རྣམ་པ་སྣ་ཚོགས་པ་དག་ཀྱང་བདེན་ཞེན་གྱིས་ཡོངས་སུ་གཟུང་བའི་ཕྱིར་མི་སློབ་པར་སློབ་ཅིང་། དེ་ལྟར་སློབ་པར་བྱེད་ན་ཐམས་ཅད་མཁྱེན་པ་ཉིད་དོན་དུ་གཉེར་བའི་བློས་ཀྱང་ཡོངས་སུ་ཟིན་ལ། འཁོར་བ་ལས་ངེས་པར་འབྱུང་བ་གང་ཡིན་པ་འདི་ནི་ཡོན་ཏན་གོང་མ་དོན་གཉེར་ལ་དགའ་བའི་སློབ་ཚུལ་ཡིན་ནོ། །འདི་ནི་རྒྱན་ལས། བཏགས་པའི་ཆོས་ཉིད་མི་འགལ་བར། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཐེག་ཆེན་གྱི་མཐོང་ལམ་ནི། ཡུམ་གསུམ་ཀ་ན་མདོར་བསྟན་དང་རྒྱས་བཤད་ཀྱི་མདོ་ཚིག་མང་དུ་འབྱུང་ཞིང་། འདིར་ནི་གཟུགས་ནི་ཤེས་རབ་མ་ཡིན་གཟུགས་ལ་ཤེས་རབ་མེད། །ཅེས་སོགས་ཚིགས་བཅད་བཞིས་བསྡུས་སོ། །དེ་ཡང་གཟུགས་ལ་མཚོན་ན་གཟུགས་ནི་རང་ཉིད་བདེན་སྟོང་དུ་རྟོགས་པའི་ཤེས་རབ་དང་གཅིག་མ་ཡིན་ཞིང་། གཟུགས་ལ་ནི་ཤེས་རབ་དེ་ཉིད་མེད་དོ། །དེ་བཞིན་དུ་རྣམ་ཤེས་དང་འདུ་ཤེས་དང་ཚོར་བ་དང་སེམས་པ་འདུ་བྱེད་འདི་དག་ནི་ཤེས་རབ་དེ་མ་ཡིན་ལ། འདི་དག་ལ་ཡང་ཤེས་རབ་དེ་བརྟེན་པའི་ཚུལ་གྱིས་སོ་སོར་གནས་པ་མེད་དོ། །བདེན་བཞི་སོགས་ཀྱི་རང་བཞིན་བདེན་སྟོང་འདི་ནི་ནམ་མཁའི་ཁམས་དང་མཚུངས་པའི་དགག་བྱ་རྣམ་པར་བཅད་ཙམ་སྟེ་ངོ་བོ་ཐ་དད་དུ་མེད་དོ། །དེ་ཡང་དམིགས་པ་སྡུག་བདེན་རྣམས་ཀྱི་རང་བཞིན་བདེན་སྟོང་དེ་ནི་ཕ་མཐའ་མེད་པར་གནས་ཤིང་། སེམས་ཅན་འབྱུང་བའི་རྒྱུ་ཀུན་འབྱུང་གི་རང་བཞིན་གང་ཡིན་པ་དེ་ཡང་ཕ་མཐར་མེད་ལ། ནམ་མཁའི་ཁམས་ལྟ་བུའི་འགོག་བདེན་གྱི་རང་བཞིན་དེ་ཡང་ཕ་མཐའ་མེད་ཅིང་། འཇིག་རྟེན་མཁྱེན་པའི་ཤེས་རབ་ལམ་བདེན་གྱི་རང་བཞིན་དེ་ཡང་ཕ་མཐའ་མེད་དོ། །དེ་ནི་སློབ་དཔོན་ལྟར་བདེན་བཞི་དང་སྦྱར་ཡང་དེ་དང་མ་སྦྱར་བར་སྤྱིར་བཤད་དུའང་རུང་ངོ་། །གཟུགས་སོགས་ལ་དེ་དང་དེའི་འདུ་ཤེས་སྐྱེ་བ་ནི་ཚུ་རོལ་མཐོང་བའི་སོ་སྐྱེའི་དབང་དུ་མཛད་ནས་འདྲེན་པ་སངས་རྒྱས་ཀྱིས་ཐ་སྙད་ཙམ་དུ་ཡོངས་སུ་བསྒྲགས་པ་ཡིན་ལ། སྣ་ཚོགས་པའི་འདུ་ཤེས་དེ་རིགས་པས་རྣམ་པར་བཤིག་ཅིང་བཀག་ནས་བདེན་སྟོང་དུ་བསྒོམས་པས། ཉོན་མོངས་པ་སྤངས་པའི་སྤོང་བ་འགོག་བདེན་ཐོབ་ཅིང་འཁོར་བའི་ཕ་རོལ་ཏུ་འགྲོའོ། །བྱང་སེམས་གང་དག་བདེན་པའི་འདུ་ཤེས་མངོན་འགྱུར་བ་དང་བྲལ་བའི་ལམ་འདི་ནི་རྗེས་སུ་ཐོབ་པ་དེ་དག་སྤངས་རྟོགས་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་ནས་སྟོན་པའི་བཀའ་བཞིན་དུ་སྒྲུབ་པ་ལ་གནས་སོ། །གལ་ཏེ་སྟོན་པས་ཀྱང་ནི་གདྒཱའི་བྱེ་མ་སྙེད་ཀྱི་བསྐལ་པའི་བར་དུ་བཞུགས་ཏེ་སེམས་ཅན་ཞེས་པའི་སྒྲ་ཡོངས་སུ་བསྒྲགས་ཀྱང་། སེམས་ཅན་རྣམས་གཟོད་ནས་གདོད་མ་ནས་རང་བཞིན་གྱིས་དག་པས་དོན་དམ་པར་སེམས་ཅན་ཞིག་གསར་དུ་སྐྱེ་བར་ག་ལ་འགྱུར་སྙམ་དུ་ཤེས་པ་འདི་ནི་ཤེས་ཕྱིར་མཆོག་ལ་སྤྱོད་པ་ཡིན་ནོ། །སེམས་ཅན་བཟོད་ནས་དག་པ་ནི་སེམས་ཅན་རྣམས་དང་པོ་སྐྱེས་ཙམ་ནས་བདེན་པས་སྟོང་པ་ཡིན་གྱི། བདེན་སྟོང་དུ་གསར་བྱུང་མིན་ཅེས་པའོ། །དེ་དག་གིས་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་བསྡུས་ནས་བསྟན་ཏེ། །འདི་ནི་རྒྱན་ལས། བདེན་དང་བདེན་ལ་བཟོད་པ་དང་། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ནི། ཡུམ་གསུམ་ཀ་ན་རྒྱས་ཤིང་། འདིར་གང་ཚེ་ང་ནི་ཕ་རོལ་ཕྱིན་པའི་མཆོག་འདི་དང་། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་བསྡུས་སོ། །དེ་ཡང་དུས་གང་གི་ཚེ་སྒོམ་ལམ་སྒོམ་པ་པོ་ང་ནི་ཕ་རོལ་ཏུ་ཕྱིན་པའི་མཆོག་འདི་དང་མཐུན་པར་སྨྲ་ཞིང་སྤྱོད་པར་གྱུར་པ་དེའི་ཚེ། སྔོན་གྱི་སྐྱེས་མཆོག་སངས་རྒྱས་ཀྱིས་ཁྱོད་མ་འོངས་པའི་དུས་ན་སངས་རྒྱས་མིང་འདི་ཞེས་བྱ་བར་འགྱུར་རོ་ཞེས་ང་ལུང་བསྟན་པར་གྱུར་ཅེས་རྒྱལ་བས་དེ་སྐད་གསུངས་སོ། །ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་འཇིག་རྟེན་གྱི་མགོན་པོ་རྒྱལ་སྲས་སྦྱོད་པའི་གཞུང་དོན་འདི་ནི། བྱང་སེམས་གང་ཞིག་གུས་པར་བྱས་ཤིང་འཛིན་པ་དང་ཀུན་ཆུབ་པ་སོགས་བྱེད་པ་དེ་ལ་ནི། ཕྱིའི་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས་ཤིང་། བདུད་དངོས་དང་བདུད་རིགས་ཀྱི་ཕྱོགས་རྣམས་ཀྱིས་གླགས་ཀྱང་རྙེད་པར་མི་འགྱུར་རོ། །བྱེད་པ་བཅུ་གཅིག་པོ་འདི་ནི་རྒྱན་ལས། ཀུན་ནས་ཞི་དང་ཐམས་ཅད་ལ། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་མོས་པ་སྒོམ་ལམ་ནི། ཡུམ་གསུམ་ཀ་ན་དབྱེ་བ་གསུམ་དང་དགུ་དང་ཉེར་བདུན་སོ་སོར་སྟོན་པའི་མདོ་ཚན་ཡོད་ཅིང་། འདིར་ནི་ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །ཞེས་སོགས་ཚིགས་བཅད་མང་པོ་ཞིག་གིས་ཅུང་ཟད་སྤྲོས་ནས་འཆད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་སོགས་ལ་ལས་བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡི་རིང་བསྲེལ་སྙིང་པོ་ཅན་གྱི་མཆོད་རྟེན་ནི། གསེར་དངུལ་བྱི་རུ་མུ་ཏིག་སོགས་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་མེ་ཏོག་སོགས་ཀྱིས་རྟག་ཏུ་མཆོད་པར་བྱེད་ལ། དེ་ཡང་མཆོད་རྟེན་གཅིག་ཙམ་ཞིག་མ་ཡིན་པར་བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གི་གྲངས་ནི། གདྒཱའི་ཀླུང་གི་བྱེ་བ་སྙེད་ཀྱིས་བྱེ་བ་ཕྲག་སྟོང་གི་ཞིང་ཀུན་བཀང་སྟེ། དེ་ལྟར་ཡོངས་སུ་བརྟག་པ་སྟེ་དབྱེ་བ་ཡོངས་སུ་བཟུང་བའི་ཞིང་རྣམས་གྲངས་བྱེ་བ་མཐའ་ཡས་པ་ན། སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅན་ཀྱིས་ལས་གཞན་མི་བྱེད་པར་ལྷའི་མེ་ཏོག་དང་བདུག་སྤོས་རབ་མཆོག་དང་དྲིའི་བྱུགས་པས། སྔ་དྲོ་གུང་ཕྱི་དྲོའི་དུས་གསུམ་དུ་ལན་གཅིག་ཙམ་མ་ཡིན་པར་བསྐལ་བའམ། དེ་བས་ཀྱང་ལྷག་པར་མཆོད་རྟེན་དེ་རྣམས་ལ་གུས་པས་མཆོད་ན་བསོད་ནམས་ཆེ་མོད། དེ་ལས་ཀྱང་བྱང་སེམས་གང་ཞིག་ཤེར་ཕྱིན་གང་ལས་རྣམ་འདྲེན་སྟོབས་བཅུ་དང་ལྡན་པའི་སངས་རྒྱས་འབྱུང་བར་འགྱུར་བ། བདེ་བར་གཤེགས་པའི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ་ཚིག་དོན་ཡིད་ལ་འཆང་ཞིང་མེ་ཏོག་དང་བྱུག་པས་བསྟི་སྟང་བཀུར་སྟི་བྱེད་པར་གྱུར་ན། སྔར་བཤད་པ་ལྟ་བུའི་མཆོད་རྟེན་བྱས་ཤིང་མཆོད་པའི་བསོད་ནམས་ཀྱིས་ནི། བསོད་ནམས་འདིའི་ཆར་ཡང་མི་ཕོད་ན་མཉམ་པ་ག་ལ་འོང་ཞེས་པ་ནི་གཙོ་བོར་སྒོམ་ལམ་གྱི་ཤེར་ཕྱིན་ལ་དགོངས་སོ། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་རིག་སྔགས་ཆེན་པོ་ཡིན་ཏེ། སེམས་ཅན་གྱི་ཁམས་མང་པོའི་མྱ་ངན་དང་སྡུག་བསྔལ་དང་ཀུན་འབྱུང་གི་ཆོས་ཀུན་ཞི་བར་བྱེད་དོ། །སངས་རྒྱས་གང་དག་འདས་པ་དང་གང་དག་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་མགོན་པོ་རྣམས་ཀྱང་། རིག་སྔགས་ཤེར་ཕྱིན་འདི་ལ་བསླབས་ནས་སྡུག་བསྔལ་གྱི་ནད་ཞི་བར་མཛད་པའི་རྒྱལ་པོ་བླ་ན་མེད་པར་གྱུར་ཏོ། །བྱང་སེམས་གང་དག་གཞན་ལ་ཕན་པ་དང་སྙིང་བརྩེར་བཅས་པར་སྔར་སྤྱད་པ་དང་། ད་ལྟ་སྤྱོད་པ་དེ་དག་ཀུན་ཀྱང་རིག་སྔགས་ཤེར་ཕྱིན་འདི་ལ་བསླབས་ནས་མཁས་པ་དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་ལ་རེག་པར་འགྱུར་རོ། །འདུས་བྱས་ལམ་བདེན་ནམ་ཟག་བཅས་ཀྱི་བདེ་བ་དང་འདུས་མ་བྱས་ཟག་མེད་མྱང་འདས་ཀྱི་བདེ་བ་གང་ཡིན་པའི་བདེ་བ་དེ་ཀུན་ནི། ཤེར་ཕྱིན་འདི་ལས་བྱུང་བར་རིག་པར་བྱའོ། །དཔེར་ན་འཇིག་རྟེན་ན་གྲོ་ནས་སོགས་ས་བོན་སྣ་ཚོགས་བཏབ་ནས་དེ་དག་གི་འབྲས་བུ་ས་ལ་གནས་ཏེ་འབྱུང་བར་འགྱུར་བ་དེ་དག་ནི། རྒྱུ་རྐྱེེན་གྱི་ཚོགས་པ་ཚང་ཞིང་རྙེད་ནས་འབྲས་བུ་རྣམ་པ་མང་པོའི་གཟུགས་དག་རྣམ་པར་སྐྱེ་བར་འགྱུར་རོ། །དཔེ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་དང་བཅས་པའི་བྱང་ཆུབ་ཀྱི་ཡོན་ཏན་ཇི་སྙེད་དེ་དག་ཀུན་ཀྱང་ཤེར་ཕྱིན་འདི་ལས་གོང་འཕེལ་དུ་སྐྱེ་བར་འགྱུར་རོ། །དཔེ་གཞན་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཕྱོགས་སུ་འགྲོ་བའི་སྐབས་སུ། ལམ་གང་ནས་རྒྱལ་པོ་རྟག་ཏུ་འགྲོ་བའི་ལམ་དེ་ཉིད་ནས་ནི་འཁོར་ལོ་རིན་པོ་ཆེ་ལ་སོགས་པའི་རིན་ཆེན་བདུན་དང་། དམག་གི་དཔུང་ཚོགས་ཀུན་ཀྱང་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ལམ་གང་ནས་རྒྱལ་བའི་ཤེར་ཕྱིན་འདི་འགྲོ་བའི་ལམ་དེ་ཉིད་ནས་ནི། ཐེག་པ་ཆེན་པོའི་ཡོན་ཏན་གྱི་ཆོས་ཀུན་འགྲོ་བར་འགྱུར་རོ། །རྒྱལ་བས་མཁྱེན་བཞིན་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མོས་པ་སྒོམ་ལམ་གྱི་ཕན་ཡོན་ལས་བརྩམས་ཏེ་དྲིས་པའི་དྲི་བ་དེའི་ལན་བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་ཀྱིས་དྲིས་པའི་དྲི་བ་དེ་གཉིས་ཀྱི་ནང་ནས་གལ་ཏེ་གདྒཱའི་བྱེ་མ་སྙེད་ཀྱི་ཞིང་ཀུན་སངས་རྒྱས་ཀྱི་ཞིང་དུ་གྱུར་ལ། ཞིང་དེ་ཀུན་ཀྱང་རྒྱལ་བའི་རིང་བསྲེལ་གྱིས་བྱུར་བུར་གང་ཞིང་གཏམས་པར་གྱུར་ཀྱང་། དེ་དང་ཤེར་ཕྱིན་འདི་གཉིས་ཀྱི་ནང་ནས་གང་ལེན་འདོམས་སུ་བཅུག་ན་བདག་གིས་ནི་ཤེར་ཕྱིན་འདི་ཉིད་ལེན་པར་བྱེད་དོ། །རྒྱུ་མཚན་ཅི་སླད་ཅེ་ན་སྐུ་གདུང་རིང་བསྲེལ་དེ་རྣམས་ལ་བདག་མི་གུས་པ་མ་ལགས་མོད་ཀྱི། འོན་ཀྱང་སྐུ་གདུང་དེ་དག་ལ་མཆོད་པ་ནི་དེ་དག་ཤེར་ཕྱིན་གྱིས་ཡོངས་སུ་བསྒོས་པ་སྟེ་ཟིན་པའི་དབང་གིས་མཆོད་པར་བགྱིད་པ་ལགས་སོ། །དཔེར་ན་རྒྱལ་པོ་ལ་བརྟེན་པའི་མི་བློན་པོ་ལྟ་བུ་ནི་གཞན་གྱིས་བཀུར་བསྟི་དང་རིམ་གྲོ་བྱེད་པ་ཐོབ་པ་ལྟར། སངས་རྒྱས་ཀྱི་རིང་བསྲེལ་ལ་མཆོད་པ་ཐོབ་པ་དེ་ནི་ཤེར་ཕྱིན་གྱིས་ཟིན་ཅིང་དེ་ལ་བརྟེན་པའི་དབང་ངོ་། །ཡང་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་འབྱུང་བའི་ཡོན་ཏན་ཀུན་དང་ལྡན་པ་རིན་ཐང་གི་ཚད་གཞལ་དུ་མེད་པ་དེ་ནི། གབ་ཚེ་སྟེ་སྣོད་གང་དུ་སྩལ་བའམ་བཞག་པའི་སྣོད་དེ་ནི་ཕྱག་བགྱི་བར་འོས་ཤིང་། རིན་པོ་ཆེ་དེ་ཕྱུང་བར་གྱུར་ཀྱང་འཇོག་པའི་གབ་ཚེ་སྣོད་དེ་ལ་ནི་དགའ་བར་བགྱིད་དེ། སྣོད་ལ་དགའ་བ་འབྱུང་བའི་ཡོན་ཏན་དེ་དག་ནི་ནོར་བུ་རིན་པོ་ཆེ་དེ་ཡི་ལགས་སོ། །དཔེ་དེ་བཞིན་དུ་ཤེར་ཕྱིན་གྱིས་ཟིན་པའི་ཡོན་ཏན་ཕན་ཡོན་གྱིས་རྒྱལ་བ་མྱ་ངན་ལས་འདས་ཀྱང་རིང་བསྲེལ་ལ་མཆོད་པ་བརྙེས་སོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་ཞིག་རྒྱལ་བའི་ཡོན་ཏན་འཛིན་ཅིང་ཐོབ་པར་འདོད་པའམ་འཚལ་པ་དེས་ནི། ཤེར་ཕྱིན་འདི་ནི་འབྲི་འདོན་བསམ་བསྒོམ་གྱིས་བླང་བར་བྱ་སྟེ་དེ་ལྟར་བྱས་ན་བྱང་སེམས་འདི་ནི་གནོད་པ་ཐམས་ཅད་དང་། ལས་ཉོན་ཀུན་ལས་ཐར་པའི་མྱང་འདས་ཐོབ་པར་འགྱུར་ལགས་སོ། །དེ་དག་གིས་གཞན་དོན་མོས་པ་སྒོམ་ལམ་བསྟན་ནས་རང་དོན་དང་གཉིས་དོན་མོས་པ་སྒོམ་ལམ་ནི། སྦྱིན་པའི་སྐབས་དང་སྦྱིན་པའི་སྔོན་དུ་འགྲོ་བའི་ཟིན་བྱེད་ནི་ཤེས་རབ་སྟེ། ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་རྣམས་ལའང་དེ་བཞིན་དུ་སྦྱར་རོ། །ཤེར་ཕྱིན་འདི་ནི་སྦྱིན་སོགས་དགེ་བའི་ཆོས་གཞན་གོང་འཕེལ་དུ་བྱེད་པའི་གཞི་ཆུད་མི་གསོན་པའི་ཕྱིར་ཡོངས་སུ་འཛིན་པ་ཡིན་ནོ། །ཤེར་ཕྱིན་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་འགྱུར་བར་བྱེད་པའི་ཚུལ་གཅིག་ཏུ་སྟོན་པར་བྱེད་པའོ། །དཔེར་ན་འཛམ་བུའི་གླིང་འདི་ན་ཤིང་རྣམས་ནི་གྲངས་བྱེ་བ་སྟོང་ལ་སོགས་པ་དང་། དབྱིབས་དང་ཁ་དོག་རྣམ་པ་སྣ་ཚོགས་པ་རྣམ་པ་དུ་མ་གཟུགས་མང་བ་དེ་དག་གི་གྲིབ་མ་ལ་ཁྱད་པར་མེད་དེ། ཤིང་མི་འདྲ་ཡང་དེ་དག་གི་གྲིབ་མ་ལ་གྲིབ་མར་གྱུར་པ་ཞེས་བྱ་བའི་གྲངས་སུ་བརྗོད་པ་མ་གཏོགས་པར། གྲིབ་མ་ལ་ཤིང་ལྟར་དབྱིབས་དང་ཁ་དོག་སྣ་ཚོགས་མེད་ཅིང་བྱེ་བྲག་ཁྱད་པར་ཡོད་པ་མ་ཡིན་ནོ། །དཔེ་དེ་བཞིན་དུ་རྒྱལ་བའི་ཕར་ཕྱིན་དང་པོ་ལྔ་པོ་འདི་དག་ཀྱང་ངོ་བོ་དང་བྱེད་ལས་ཐ་དད་པ་ཡོད་ཀྱང་། ཤེར་ཕྱིན་འདིས་ཟིན་ན་ནི་ལྔ་པོ་དེས་ཀྱང་ཤེར་ཕྱིན་གྱི་མིང་ཉིད་འཐོབ་པར་འགྱུར་ཞིང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཕྱིར་དུ་ཡོངས་སུ་བསྔོས་པར་བྱས་ན། སངས་རྒྱས་ཀྱི་བྱང་ཆུབ་ཏུ་བགྲོད་པའི་ལམ་ཞེས་བྱ་བར་ཁྱད་པར་མེད་པར་ཕར་ཕྱིན་དྲུག་པོ་འདི་ཀུན་རོ་གཅིག་སྟེ་བྱེད་ལས་སམ་རང་བཞིན་གཅིག་པར་འགྱུར་རོ། །དེ་དག་གིས་མོས་པ་སྒོམ་ལམ་ཆུང་འབྲིང་ཆེན་པོ་དགུ་བསྟན་ནས། བཅོས་མའི་གཟུགས་བརྙན་སྤོང་བ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་གལ་ཏེ་བདེན་མེད་ཀྱི་དོན་རབ་ཏུ་མི་ཤེས་བཞིན་དུ། གཟུགས་ཚོར་སོགས་ཕུང་པོ་ལྔ་ནི་མི་རྟག་པའོ་ཞེས་བདེན་པར་བཅོས་ཏེ་ཡོངས་སུ་སྟོན་པར་བྱེད་ན། དེ་ནི་ཤེར་ཕྱིན་བཅོས་མ་སྟོན་པ་ལ་སྤྱོད་པ་སྟེ་ཕུང་པོ་ལྔ་བདེན་པས་སྟོང་པའི་ཕྱིར་རོ། །དེས་ན་མཁས་པས་ནི་ནམ་ཡང་བདེན་གྲུབ་ཏུ་བཟུང་ནས་ཕུང་སོགས་ཀྱི་ཆོས་རྣམས་མི་རྟག་ཅིང་འཇིག་པར་སྟོན་པར་མི་བྱེད་དེ། བདེན་པར་གྲུབ་ན་འཇིག་པར་མི་རུང་བའི་ཕྱིར་རོ། །འོ་ན་ཇི་ལྟར་བྱ་སྙམ་ན། བྱང་ཆུབ་སེམས་དཔའ་ཆོས་གང་ལ་མཉམ་པར་བཞག་པ་ན་གཟུགས་རང་བཞིན་གྱིས་དམིགས་པ་མིན་པ་སོགས་ཕུང་པོ་ལྔ་རང་བཞིན་གྱིས་མི་དམིགས་ལ། ཕུང་སོགས་ཀྱི་ཆོས་དོན་དམ་པར་རང་བཞིན་གྱིས་སྐྱེ་བ་མེད་པར་སྟོང་པའི་ཚུལ་དུ་རབ་ཏུ་ཤེས་ན། དེ་ལྟར་ཤེས་པ་འདི་ནི་ཤེར་ཕྱིན་ལ་སྤྱོད་པ་ཡིན་ནོ། །བསྡུ་ན་འདུས་བྱས་ཐམས་ཅད་ཐ་སྙད་དུ་སྐྱེ་ཡང་རྐྱེན་ལ་རག་ལས་པའི་ཕྱིར་རང་བཞིན་གྱིས་སྐྱེ་བས་སྟོང་ཞེས་པ་འདི་ནི་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པའོ། །དེ་ནས་མོས་པ་སྒོམ་ལམ་ལ་བསྟོད་པ་དང་བཀུར་བ་དང་བསྔགས་པ་གསུམ་པོ་རེ་རེ་ལ་དགུ་དགུར་ཕྱེ་ནས་འཆད་པ་ལ། དཔེར་ན་གང་ཟག་ལ་ལས་གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་རྣམས་ན་སེམས་ཅན་ཇི་སྙེད་འཁོད་པ་དེ་ཀུན་ཀྱང་། ཉོན་མོངས་བཏུལ་བའི་ཉན་རང་དགྲ་བཅོམ་པའི་གོ་འཕང་ལ་བཀོད་ན་བསོད་ནམས་ཤིན་ཏུ་ཆེ་ཡང་། དེ་ལས་གང་གིས་ཤེར་ཕྱིིན་འདི་ཡི་གེར་བྲིས་ཏེ་སེམས་ཅན་བྱང་ཆུབ་སེམས་དཔའ་མཆོག་ལ་གླེགས་བམ་སྦྱིན་པ་བྱིན་ན་དེ་ནི་བསོད་ནམས་ཁྱད་པར་དུ་འཕགས་སོ། །རྒྱུ་མཚན་ཅིའི་ཕྱིར་ཞེ་ན་སྨྲ་མཆོག་སངས་རྒྱས་དེ་དག་ནི་ཤེར་ཕྱིན་འདིར་བསླབས་ནས་སངས་རྒྱས་ཏེ། །ཆོས་རྣམས་མཐའ་དག་རང་བཞིན་གྱིས་སྟོང་པ་ཉིད་དུ་ཤེར་ཕྱིན་གྱི་གཞུང་འདིར་སྟོན་པར་བྱེད་ཅིང་། གདུལ་བྱས་དེ་ཐོས་པས་ཉན་ཐོས་དང་རང་རྒྱལ་དང་སངས་རྒྱས་ཀྱི་བྱང་ཆུབ་ལ་མྱུར་དུ་རེག་པ་སྟེ་ཐོབ་པར་འགྱུར་རོ། །ཡང་དཔེར་ན་འཇིག་རྟེན་ན་ས་བོན་བཏབ་ནས་མྱུ་གུ་སྔོན་པོ་འབྱུང་བ་མེད་པར་དེའི་སྡོང་པོ་འབྱུང་བ་ཡང་ཡོང་ཡེ་མེད་ཅིང་། དེ་མེད་ན་དེ་ལ་ཡལ་ག་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ག་ལ་འབྱུང་སྟེ། མི་འབྱུང་ངོ་། །དེ་བཞིན་དུ་མྱུ་གུ་ལྟ་བུའི་བྱང་ཆུབ་སེམས་དཔའ་འབྱུང་བ་མེད་ན་སྡོང་བུ་ལྟ་བུའི་རྒྱལ་བ་སངས་རྒྱས་འབྱུང་བ་འཇིག་རྟེན་དུ་ཡོང་ཡེ་མེད་ལ། དེ་མེད་ན་འབྲས་བུ་ལྟ་བུའི་བརྒྱ་བྱིན་དང་ཚངས་པ་དང་ཉན་ཐོས་སོགས་ཀྱང་འཇིག་རྟེན་དུ་ག་ལ་འབྱུང་སྟེ་མི་འབྱུང་ངོ་། །དེ་ནི་ལྷ་ཆེན་རྣམས་དང་ཉན་རང་འཇིག་རྟེན་དུ་འབྱུང་བ་རྣམས་ཀྱང་སངས་ཀྱི་མཐུ་ཡིན་པར་བསྟན་པའོ། །ཡང་ན་དཔེར་ན། དུས་གང་གི་ཚེ་ཉི་མའི་དཀྱིལ་འཁོར་འོད་ཀྱི་དྲ་བ་འགྱེད་ཅིང་ཤར་བ་དེའི་ཚེ་སེམས་ཅན་རྣམས་ཀྱིས་རང་རང་གི་ལས་བྱེད་པ་ལ་བརྩོན་པར་འགྱུར་བ་དེ་བཞིན་དུ། བླང་དོར་གྱི་གནས་གསལ་བར་བྱེད་ནུས་པའི་མཁས་པ་གཞན་བླང་དོར་ཤེས་པའི་ཕྱིར་འཇིག་རྟེན་དུ་བྱང་ཆུབ་སེམས་དཔའ་འབྱུང་ན། དེའི་ཡེ་ཤེས་ཀྱིས་ནི་བླང་དོར་བསྟན་ནས་སེམས་ཅན་བླང་དོར་ཤེས་པའི་ཡོན་ཏན་གྱི་ཆོས་དང་ལྡན་པར་འགྱུར་རོ། །ཡང་དཔེར་ན་མ་དྲོས་རྒྱ་མཚོ་ལ་ཀླུའི་བདག་པོ་མ་དྲོས་པ་མེད་ན། འཛམ་བུའི་གླིང་འདིར་ཆུ་ཀླུང་འབབ་པར་ག་ལ་འགྱུར་ཏེ་མི་འགྱུར་ཞིང་། ཆུ་ཀླུང་འབབ་པ་མེད་ན་མེ་ཏོག་དང་འབྲས་བུ་སོགས་འབྱུང་བར་མི་འགྱུར་ལ། དེར་མ་ཟད། རྒྱ་མཚོ་ལ་ཡང་རིན་པོ་ཆེའི་གཟུགས་མང་པོ་དག་ཀྱང་མེད་པར་འགྱུར་རོ། །དེ་དག་ནི་སྐབས་དང་པོར་བཤད་ཟིན་ཏོ། །འདི་ནི་རྒྱན་ལས། མོས་པ་རང་གི་དོན་དང་ནི། །ཞེས་སོགས་ཀྱིས་འཆད་དོ། །རྗེས་སུ་ཡི་རང་སྒོམ་ལམ་ནི་ཡུམ་གསུམ་ན་མདོ་ཚིག་མང་ཡང་། འདིར་ནི་འཇིག་རྟེན་འདི་ན་སོགས་ཚིགས་བཅད་གཉིས་ཙམ་གྱིས་བསྡུས་སོ། །དཔེར་ན། འཇིག་རྟེན་འདི་ན་འོད་ཀྱི་སྣང་བྱེད་མེ་སོགས་དང་། སྲོག་ཆགས་སེམས་ཅན་ཇི་སྙེད་ཡོད་པ་ཀུན་གྱི་ནི་གཟུགས་སྣང་བར་བྱ་བའི་ཕྱིར་དུ་རང་རང་གི་འོད་རྣམས་ཕྱུང་བ་བས། ཉི་མའི་དཀྱིལ་འཁོར་འོད་ཟེར་གཅིག་ཕྱུང་བ་ཆེས་མཆོག་ཏུ་གྱུར་པ་སྟེ། སྣང་བྱེད་ཀྱི་ཚོགས་གཞན་གྱི་འོད་རྣམས་ཀུན་གྱིས་ནི་ཉི་མའི་འོད་ཀྱི་ཆ་ཤས་ཙམ་དུ་ཡང་འགྲན་མི་ཕོད་དོ། །དཔེ་དེ་བཞིན་དུ་ཉན་ཐོས་དང་རང་རྒྱལ་གྱི་ཚོགས་རྣམས་ཀྱིས་ཇི་སྙེད་བགྱིས་པའི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་དང་ལྡན་པའི་བསོད་ནམས་ཀྱི་ཚོགས་བསྐྱེད་པའང་། བྱང་ཆུབ་སེམས་དཔའི་དགེ་བ་ལ་རྗེས་སུ་ཡི་རང་བའི་སེམས་གཅིག་གི་བསོད་ནམས་ལ་ནི་ཉན་ཐོས་ཚོགས་ཀྱི་བསོད་ནམས་ཕུང་པོས་ཆར་ཡང་མི་ཕོད་དོ། །འདི་ནི་རྒྱན་ལས། ཐབས་དང་མི་དམིགས་པ་དག་གིས། །ཞེས་སོགས་ཀྱིས་འཆད་དོ། །འདིར་རྒྱན་དང་གོ་རིམ་མི་འདྲ་བར་སྣང་ངོ་། །བསྔོ་བ་སྒོམ་ལམ་ནི། ཡུམ་གསུམ་ག་ན་མདོ་ཚིག་ཤིན་ཏུ་མང་ལ། འདིར་ནི། འདས་དུས་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་། ཞེས་སོགས་ཚིགས་བཅད་བརྒྱད་ཀྱིས་འཆད་དེ། བྱང་ཆུབ་སེམས་དཔའ་གང་ཞིག་འདས་པའི་དུས་ན་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང་བྱུང་བ་དང་། དེ་ལྟ་ཕྱོགས་བཅུའི་ཞིང་མང་མཐའ་ཡས་བྱེ་བ་སྟོང་ཕྲག་དག་ན་གང་བཞུགས་པ་དང་། དུས་གང་གི་ཚེ་ཡང་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་འཇིག་རྟེན་གྱི་མགོན་པོ་རྣམས་ཀྱིས། འགྲོ་བའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་དུ་ཆོས་སྟོན་པའི་དུས་དང་། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བསྐྱེད་པའི་དུས་ནས་བཟུང་སྟེ། སངས་རྒྱས་འདས་ཏེ་རྣམ་པར་འདྲེན་པ་དེ་རྣམས་ཀྱི་དམ་ཆོས་ཟད་ཅིང་ནུབ་པའི་དུས་དེའི་བར་དུ། རྒྱལ་བ་དེ་དག་གིས་བསོད་ནམས་གང་བསྐྲུན་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་དང་སངས་རྒྱས་ཀྱི་ཆོས་གཞན་གང་ཡིན་པ་དང་། གང་ཡང་སངས་རྒྱས་ཀྱི་སྲས་བྱང་སེམས་རྣམས་དང་ཉན་ཐོས་སློབ་པ་དང་མི་སློབ་པ་དགྲ་བཅོམ་པ་སོགས་ཀྱིས་བསྐྲུན་པའི་དགེ་བ་ཟག་བཅས་དང་ཟག་མེད་རྣམས་གཅིག་ཏུ་བསྡུས་ནས། བྱང་ཆུབ་སེམས་དཔའ་དགའ་བས་རྗེས་སུ་ཡི་རང་ཞིང་དེའི་དགེ་བ་རྣམས་འགྲོ་བའི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ནི་ཐམས་ཅད་བསྔོའོ། །དེ་ལྟར་ཡོངས་སུ་བསྔོ་བ་དེའི་ཚེ་གལ་ཏེ་གང་གིས་བསྔོ་བའི་སེམས་ལ་བདེན་པའི་འདུ་ཤེས་དང་། བསྔོ་བའི་ཡུལ་བྱང་ཆུབ་དང་། གང་གི་དོན་དུ་བསྔོ་བའི་སེམས་ཅན་རྣམས་ལ་བདེན་པའི་འདུ་ཤེས་འཇུག་པར་མི་བྱ་སྟེ། དེ་ལྟར་བསྔོ་བའི་འཁོར་གསུམ་ལ་བདེན་པའི་འདུ་ཤེས་འཇུག་ན་འདུ་ཤེས་དེའི་ཕྱིར་ན་བདེན་ཞེན་གྱི་ལྟ་བ་གནས་ཤིང་། སེམས་ནི་བསྔོ་བའི་འཁོར་གསུམ་ལ་བདེན་ཞེན་གྱིས་ཆགས་པའི་དམིགས་པ་ཡོད་པའི་སྐྱོན་གྱིས། ཡོངས་སུ་བསྔོས་པ་དེ་ནི་དམིགས་མེད་ཀྱི་བསྔོ་བར་ཆུད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་བྱ་ཞེ་ན་གལ་ཏེ་འདི་ལྟར་གང་བསྔོོ་རྒྱུའི་ཆོས་འདི་རྣམས་ནི་རང་བཞིན་གྱིས་འགགས་པ་སྟེ་མེད་ཅིང་ཟད་པ་དང་། གང་དུ་ཡོངས་སུ་བསྔོ་བ་སངས་རྒྱས་ཀྱི་བྱང་ཆུབ་དེ་ཡང་རང་བཞིན་གྱིས་ཟད་པ་དང་། ཇི་ལྟར་བསྔོ་བའི་ཆོས་ཀྱིས་ཐོབ་བྱའི་ཆོས་གང་ལ་ཐ་སྙད་ཙམ་མ་གཏོགས། ནམ་ཡང་རང་བཞིན་གྱིས་མི་བསྔོ་བའི་ཚུལ་ཤེས་པར་གྱུར་ན་དེ་ལྟར་རབ་ཏུ་ཤེས་པའི་སྟོང་པ་ཉིད་ཀྱི་ངང་ནས་བྱང་ཆུབ་ཏུ་བསྔོས་ན་ནི་ཡོངས་སུ་བསྔོས་པ་དམ་པ་ཡིན་ནོ། །གལ་ཏེ་བསྔོ་བའི་འཁོར་གསུམ་ལ་བདེན་པར་ཞེན་པའི་མཚན་མར་བྱེད་ན་དེ་ནི་བསྔོ་ཚུལ་རྣམ་དག་མིན་ལ། ཅི་སྟེ་བདེན་འཛིན་གྱིི་མཚན་མ་མེད་ན་བྱང་ཆུབ་ཏུ་བསྔོ་བ་ཡིན་ནོ། །ཇི་ལྟར་ཏེ་དཔེར་ན་དུག་དང་འདྲེས་པའི་ཁ་ཟས་བཟང་པོ་ཟ་བར་བྱས་ན་ཕན་གནོད་གཉིས་ཀ་འབྱུང་བ་དེ་དང་འདྲ་བར། དཀར་པོའི་ཆོས་བསྔོ་བའི་འཁོར་གསུམ་ལ་བདེན་ཞེན་གྱིས་དམིགས་པ་ལའང་དེ་དང་འདྲ་བའི་སྐྱོན་ཡོན་གཉིས་ཀ་འབྱུང་སྟེ། བསྔོ་བའི་ངོ་བོའི་སྒོ་ནས་འབྲས་བུ་ཡིད་དུ་འོང་བ་འབྱུང་ཡང་བདེན་ཞེན་གྱི་དབང་གིས་འཁོར་བར་བཅིངས་ནས་མི་གྲོལ་བར་རྒྱས་བས་གསུངས་པའི་ཕྱིར་རོ། །འོ་ན་ཇི་ལྟར་བྱ་སྙམ་ན། དེ་ལྟ་བས་ན་འདི་ལྟར་ཡོངས་སུ་བསྔོ་བ་ལ་བསླབ་པར་བྱ་སྟེ། དཔེ་ཇི་ལྟར་ན་དུས་གསུམ་གྱི་རྒྱལ་བ་དེ་དག་གིས་རང་གཞན་གྱི་དགེ་བ་དེ་དང་དེ་མཁྱེན་པའི་དགེ་བ་དེ་དག་གི་རྣམ་པ་གང་ཡིན་པ་དང་། འབྲས་བུ་འབྱུང་ཚུལ་གང་ཡིན་པ་དང་། རིགས་དང་མཚན་ཉིད་གང་ཡིན་པའི་ཚུལ་མངོན་སུམ་དུ་གཟིགས་ཤིང་དེ་ལ་རྗེས་སུ་ཡི་རང་བས་བསྔོ་བ་ཅི་ལྟར་མཛད་པ་དེ་ལྟ་དེ་ལྟར་རྗེས་སུ་ཡི་རང་ཞིང་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་ལྟར་བསོད་ནམས་དགེ་བ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བདེན་སྟོང་སྒྱུ་མ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱེད་ན་ནི། དུག་མེད་པའི་བསྔོ་ཚུལ་སངས་རྒྱས་ཀྱི་བཀའ་མི་སྤོང་བའི་བསྔོ་ཚུལ་ཡིན་ཏེ། རྒྱལ་བས་གསུངས་པ་བཞིན་དུ་སྨྲ་ཞིང་སྒྲུབ་པའི་ཕྱིར་རོ། །བསྔོ་བའི་སྐབས་འདིར་བྱམས་པས་བཤད་པ་མང་ངོ་། །བསྔོ་བ་བཅུ་གཉིས་པོ་འདི་ནི་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། ཞེས་སོགས་ཀྱིས་འཆད་དོ། །དེ་ཡན་གྱིས་ཟག་བཅས་སྒོམ་ལམ་གསུམ་བསྟན་ནས། དེ་ནས་ཟག་མེད་སྒོམ་ལམ་གཉིས་ཀྱི་དང་པོ་སྒྲུབ་པ་སྒོམ་ལམ་ནི། ཡུམ་གསུམ་ན་མདོ་ཚན་མང་ཡང་། འདིར་དམུས་ལོང་དམིགས་བུ་མེད་པ་ཞེས་སོགས་ཚིགས་བཅད་བཞིས་བསྡུས་སོ། །དེ་ཡང་དཔེར་ན་དམུས་ལོང་དམིགས་བུ་ལོང་འཁྲིད་མེད་པ་བྱེ་བ་ཁྲག་ཁྲིག་རྣམས་ནི། ཕྱོགས་ཀྱི་གྲོང་དང་གྲོང་ཁྱེར་གཞན་དུ་འགྲོ་བར་འདོད་ཀྱང་དེའི་ཚེ་འགྲོ་སའི་ལམ་ཡང་མི་ཤེས་ན། ཕྱོགས་ཀྱི་གྲོང་དང་གྲོང་ཁྱེར་དུ་འཇུག་ནུས་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །དཔེ་དེ་བཞིན་དུ་ཤེར་ཕྱིན་འདིས་ཟིན་པ་མེད་ན་མིག་ཤེར་ཕྱིན་མེད་པའི་སྦྱིན་སོགས་དང་པོ་ལྔ་པོ་འདི། སངས་རྒྱས་ཀྱི་བྱང་ཆུབ་ཏུ་འཁྲིད་མཁན་གྱི་དམིགས་བུ་མེད་པས་བྱང་ཆུབ་དེ་ལ་རེག་པ་སྟེ་ཐོབ་ནུས་པ་མ་ཡིན་ནོ། །དུས་གང་གི་ཚེ་ལྔ་པོ་དེ་ཤེར་ཕྱིན་གྱིས་ནི་རབ་ཏུ་ཟིན་པར་གྱུར་པ་དེའི་ཚེ། ཕར་ཕྱིན་དང་པོ་ལྔས་མིག་རྙེད་པར་གྱུར་ཅིང་ཕར་ཕྱིན་འདིའི་མིང་འཐོབ་པར་འགྱུར་རོ། །དེ་ནི་དཔེར་ན་ལྷ་མི་ལྟ་བུའི་གཟུགས་བརྙན་བྲིས་པའི་རི་མོའི་ལས་གཞན་ནི་ཡོངས་སུ་བྱས་ཟིན་ཀྱང་། དེའི་མིག་བྲིས་པ་མེད་ན་ཇི་སྲིད་མིག་མ་བྲིས་པའི་བར་དེ་སྲིད་དུ་གཟུགས་བརྙན་མི་རྫོགས་པས་ཡོན་རྔོན་པ་མི་འཐོབ་པ་བཞིན་ནོ། །དུས་གང་གི་ཚེ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་དང་། དཀར་ནག་དགེ་མི་དགེའི་ཆོས་ཐམས་ཅད་དོན་དམ་དཔྱོད་པའི་ཤེས་རབ་ཀྱིས་རྣམ་པར་བཤིག་ནས་དཔྱད་ཅིང་བཙལ་བ་ན་དོན་དམ་པར་གྲུབ་པ་རྡུལ་ཙམ་ཡང་མི་དམིགས་པར་མངོན་སུམ་དུ་རྟོགས་པ་དེའི་ཚེ། འཇིག་རྟེན་དག་ན་ཤེར་ཕྱིན་ཞེས་པའི་གྲངས་སུ་འགྲོ་སྟེ་དཔེར་ན་ནམ་མཁའ་ནི་དགག་བྱ་ཐོག་རེག་བཀག་ཙམ་གྱི་སྟོང་ཆ་ལ་འཇོག་ཅིང་། དེ་ཆོས་གཞན་གང་ལའང་ཅུང་ཟད་ཀྱང་མ་འདྲེས་པར་རང་དབང་གིས་ཐ་དད་དུ་སམ་གནས་པ་དེ་དང་འདྲའོ། །ཡང་གལ་ཏེ་བདག་ནི་རྒྱལ་བའི་ཤེར་ཕྱིན་ལ་སྤྱད་པར་བྱ་ཞིང་། སེམས་ཅན་སྡུག་བསྔལ་གྱིས་རེག་པས་གཟིར་བ་ཁྲག་ཁྲིག་མང་པོ་རྣམས་སྡུག་བསྔལ་ལས་དགྲོལ་བར་བྱའོ་སྙམ་དུ་སེམས་ཤིང་། སེམས་ཅན་དུ་བདེན་ཞེན་གྱི་འདུ་ཤེས་པས་ཡོངས་སུ་རྟོག་ཅིག་དཔྱོད་ན་བྱང་ཆུབ་སེམས་དཔའ་འདི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་སྤྱོད་པ་མ་ཡིན་ནོ། །འདི་ནི་རྒྱན་ལས། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཅེས་སོགས་ཀྱིས་འཆད་དོ། །རྣམ་དག་སྒོམ་ལམ་ནི། ཡུམ་གསུམ་གྱི་མདོ་ཚིག་མང་ཡང་། འདིར་བྱང་ཆུབ་སེམས་དཔའ་གང་ཞིག་སོགས་ཚིགས་བཅད་གསུམ་གྱིས་བསྡུས་སོ། །དེ་ཡང་བྱང་ཆུབ་སེམས་དཔའ་གང་ཞིག་སྔོན་ཤེར་ཕྱིན་ལ་སྤྱད་ཅིང་སྤྱོད་པའི་ཚེ་ཕར་ཕྱིན་འདིར་སྤྱད་པའི་མཁས་པ་དེ་དག་ནི། ད་ལྟ་ཤེར་ཕྱིན་འདི་ལ་སོམ་ཉི་མེད་ཅིང་འདི་ཐོས་མ་ཐག་ཏུ་སྟོན་པ་དང་འདྲ་བའི་འདུ་ཤེས་སྐྱེད་པར་འགྱུར་ཏེ། བྱང་སེམས་དེས་ནི་སངས་རྒྱས་ཀྱི་བྱང་ཆུབ་ཞི་བ་མྱུར་དུ་རྟོགས་པར་འགྱུར་རོ། །སྔོན་བྱང་ཆུབ་ཀྱི་སྤྱོད་པ་སྤྱོད་པའི་ཚེ་ན་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་ལ་བསྙེན་བཀུན་བྱས་ཀྱང་། ད་ལྟར་རྒྱལ་བའི་ཤེར་ཕྱིན་འདི་ལ་མ་དད་ན་དེའི་རྐྱེན་གྱིས་འདི་ཐོས་ནས་བློ་ཆུང་དེ་ཡིས་ཤེར་ཕྱིར་འདི་ནི་སྤོང་བར་བྱེད་དེ། འདི་སྤངས་ནས་སྐྱབས་མེད་པར་གྱུར་པའི་སེམས་ཅན་དེ་ནི་མནར་མེད་དུ་འགྲོ་བར་འགྱུར་རོ། །རྒྱུ་མཚན་དེ་ལྟ་བས་ན་གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་མཆོག་ལ་རེག་ཅིང་ཐོབ་པར་འདོད་ན་ནི་རྒྱལ་ཡུམ་ཤེར་ཕྱིན་འདི་ལ་དད་པར་གྱིས་ཤིག །དཔེར་ན་ཚོང་པ་རིན་པོ་ཆེའི་གླིང་དུ་སོང་ནས་ནི་རང་གི་ཟོང་དངོས་པོ་རྣམས་ཟད་ཅིང་། རིན་པོ་ཆེ་མ་ཐོབ་པར་ལག་པ་སྟོང་པར་སླར་ཡུལ་དུ་ལོག་པ་ལྟ་བུར་གྱུར་ན་ནི་མི་རུང་ངོ་། །འདི་རྣམས་ཀྱིས་རྣམ་དག་སྒོམ་ལམ་དང་འབྱུང་བའི་རྒྱུ་རྣམས་སྟོན་ཏེ། འདི་ནི་རྒྱན་ལས། སངས་རྒྱས་བསྟེན་དང་སྦྱིན་སོགས་དང་། ཞེས་སོགས་ཀྱིས་འཆད་དོ། །རྣམ་དག་སྒོམ་ལམ་གྱི་ངོ་བོ་ནི། རྒྱས་འབྲིང་གཉིས་ན་ཚིག་ཤིན་ཏུ་མང་ལ། བརྒྱད་སྟོང་དུ་ཅུང་ཟད་བསྡུས་ཤིང་། འདིར་ནི་གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ། ཞེས་སོགས་ཚིགས་བཅད་གཅིག་གིས་ཐམས་ཅད་བསྡུས་ནས་འཆད་དོ། །དེ་ཡང་གཟུགས་སོགས་ལ་དམིགས་པའི་དྲི་མ་རྣམ་པར་དག་པ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུའི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པའི་སྒོ་ནས་འཇོག་པ་ཡིན་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་རང་གི་ངོ་སྐལ་གྱི་དྲི་མ་དང་བྲལ་བ་ན། དེའི་ངོ་སྐལ་གྱི་སྤང་བྱའི་དྲི་མ་བདེན་འཛིན་གྱིས་ནི་གཟུགས་སོགས་དག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་པར་འགྱུར་བའི་ཕྱིར་རོ། །དེའི་དོན་ནི་གཟུགས་སོགས་ལ་དམིགས་པའི་དྲི་མ་གང་སྤངས་པ་ན་དེ་ཕྱིན་དྲི་མ་དེས་གཟུགས་སོགས་ལ་དམིགས་པ་མི་འབྱུང་བས་གཟུགས་སོགས་དྲི་མ་དེས་དག་པ་ཡིན་ཀྱང་། གཟུགས་སོགས་ཀྱིས་དྲི་མ་དེ་སྤངས་པ་ནི་མིན་ནོ། །དེས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དྲི་མས་རྣམ་པར་དག་པ་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་རང་གི་སྤང་བྱའི་དྲི་མས་རྣམ་པར་དག་པ་དང་།གཟུགས་སོགས་ལ་དམིགས་པའི་དྲི་མས་གཟུགས་སོགས་རྣམ་པར་དག་པའི་དག་པ་གསུམ་པོ་དེ་རིགས་གཅིག་པ་ཡིན་ཏེ། དཔེར་ན་ནམ་མཁའི་ཁམས་ཀྱི་ཕྱོགས་མཚམས་ལ་རིགས་ཐ་དད་པའི་ཁྱད་པར་མེད་པར་སྟོང་ཆ་དང་མཚུངས་པའི་ཕྱིར་ཏེ། སྟོང་ཆའི་རྣམ་དག་ལ་རིགས་མེད་འདྲ་བ་གཉིས་སུ་མེད་ཅིང་བློས་གཉིས་སུ་དབྱེ་བ་བྱར་མེད་པས་མི་འདྲ་བར་ཐ་དད་པར་གཅད་དུ་མེད་པའི་ཕྱིར་རོ། །འདི་ནི་རྒྱན་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཡུམ་གསུམ་དང་རྒྱན་ལས་ཀྱང་ལམ་གསུམ་གྱི་སྤངས་བའི་ཁྱད་པར་དང་ཤིན་ཏུ་རྣམ་དག་བརྩོད་སྤོང་ཞིག་བཤད་ཀྱང་འདིར་དངོས་སུ་མི་འབྱུང་ངོ་། །སྐབས་གསུམ་པར་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་འཆད་ཅིང་། དེ་ཡང་ཡུམ་གསུམ་ན་ལམ་ཤེས་གཉིས་སྟོན་པའི་མདོ་ཚིག་མང་ཡང་། འདིར་ནི་དཔའ་བོ་གང་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིས། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྡུས་སོ། །དོན་ནི། དཔའ་བོ་བྱང་ཆུབ་སེམས་དཔའ་འཕགས་པ་གང་ལ་སྤྱོད་པའི་ཤེར་ཕྱིན་སྲིད་ཞིའི་མཐའ་ལ་མི་གནས་པའི་ལམ་ཤེས་ཀྱི་སྟོབས་ཀྱིས། ལས་ཉོན་གྱིས་ཁམས་གསུམ་དུ་སྐྱེ་བ་ལེན་པའི་རྒྱུ་ལས་ཉོན་ལས་ཡང་དག་པར་འདས་ཤིང་སྤངས་པ་ཡིན་ལ། འོན་ཀྱང་ལས་ཉོན་ཙམ་སྤངས་པའི་རྣམ་པར་གྲོལ་བའི་ཞི་མཐའ་ལ་གནས་པའང་མིན་ཏེ། བྱང་སེམས་དེས་ཉོན་མོངས་པ་སྤངས་ཤིང་བསལ་བར་གྱུར་ཀྱང་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འདོད་གཟུགས་ཀྱི་གནས་སུ་སྐྱེ་བ་ལེན་པར་སྟོན་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ལས་ཉོན་གྱི་དབང་གིས་རྒ་བ་དང་ན་བ་དང་འཆི་བ་རྣམས་མེད་ཀྱང་འཆི་འཕོ་བྱེད་པའི་ཚུལ་ཡང་སྟོན་ཏེ། དེའི་རྐང་པ་དང་པོ་གཉིས་ཀྱིས་ཤེས་པས་སྲིད་ལ་མི་གནས་པའི་ལམ་ཤེས་དང་། ཕྱི་མ་གཉིས་ཀྱིས་རྙིང་རྗེའི་ཞི་ལ་མི་གནས་པའི་ལམ་ཤེས་སྟོན་ཏེ་གཞི་ཤེས་བའི་ཤེར་ཕྱིན་ཀྱང་ཡིན་ནོ། །འདི་ནི་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་འགྲོ་བ་འཁྲུལ་བ་སོགས་ཚིགས་བཅད་ཕྱེད་དང་གསུམ་གྱིས་སྐབས་འདིའི་ཡུམ་གསུམ་གྱི་དོན་བསྡུས་ནས་མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་གཉིས་འཆད་དེ། དེ་ཡང་འགྲོ་བ་འདི་དག་མིང་བརྗོད་པ་དང་གཟུགས་མཐོང་བ་སོགས་ལ་བརྟེན་ནས་གཟུགས་སོགས་བདེན་ཞེན་གྱིས་ཆགས་ཞིང་། དེ་ལྟར་ཆགས་པའི་དབང་གིས་ལས་བསགས་ནས་རླུང་གི་འཁོར་ལོ་ལྟ་བུའི་འཁོར་བའི་འཁོར་ལོར་འཁྱམས་སོ། །ཞེས་པའི་རྐང་པ་གཉིས་ཀྱིས་མི་མཐུན་ཕྱོགས་དང་། འབྲས་ཡུམ་ལ་རིང་བའི་གཞི་ཤེས་གཉིས་བསྡུས་ནས་བསྟན་ཅིང་། བྱང་ཆུབ་སེམས་དཔས་ནི་འགྲོ་བ་འཁྲུལ་པ་བདེན་འཛིན་གྱིས་བཅིངས་ཏེ་འཁོར་བ་དེ། དཔེར་ན་རི་དྭགས་རྒྱར་ཆུད་པ་དང་འདྲ་བར་ཤེས་ནས་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི། ནམ་མཁའ་ལ་བྱ་རྒྱུ་བ་བཞིན་དུ་འཁོར་བའི་གནས་སུ་རྒྱུ་ཡང་དེའི་སྐྱོན་གྱིས་མི་གོས་སོ། །སྤྱོད་པ་ཡོངས་སུ་དག་པའི་བྱང་སེམས་གང་ཞིག་གཟུགས་ལ་བདེན་ཞེན་གྱིས་མི་སྤྱོད་ཅིང་། དེ་བཞིན་དུ་ཕུང་པོ་གཞན་བཞི་ལ་ཡང་མི་སྤྱོད་ན། དེ་ལྟར་སྦྱོད་པ་པོ་བདེན་འཛིན་གྱི་ཆགས་པ་ཐམས་ཅད་ཡོངས་སུ་སྤོང་ཞིང་། ཞེན་ཆགས་དེ་ལས་རྣམ་པར་གྲོལ་ཏེ་བདེ་བར་གཤེགས་པ་རྣམས་ཀྱི་ཤེས་རབ་ལ་སྤྱོད་པ་ཡིན་ནོ། །དེ་ལྟར་སྤྱོད་པའི་བྱང་སེམས་མཁས་ཤིང་གསལ་བ་དེས་བདེན་འཛིན་གྱི་ཆགས་པ་བཅད་ནས་ཆགས་པ་མེད་པ་སངས་རྒྱས་ཀྱི་སར་འགྲོའོ་ཞེས་པས། གཉེན་པོའི་གཞི་ཤེས་དང་ཉེ་བའི་གཞི་ཤེས་གཉིས་བསྡུས་ནས་སྟོན་ཏོ། །འདི་དག་གིས་ནི་བྱང་སེམས་བསམ་བཞིན་དུ་འཁོར་བར་གནས་ཏེ་སེམས་ཅན་གྱི་དོན་བྱེད་པའི་ཁྱད་ཆོས་སྟོན་ཏོ། །འདི་ནི་རྒྱན་ལས། དེ་ནི་མཚན་མར་དམིགས་སྒོམ་པ། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཉི་མ་སྒྲ་གཅན་གཟའ་བྲལ་སོགས་རྐང་པ་བཞིས་ཡུམ་གསུམ་གྱི་དོན་བསྡུས་ཏེ་ཤེས་སྦྱོར་བ་དང་དེའི་མཉམ་ཉིད་ཀྱི་སྦྱོར་ལམ་གཉིས་སྟོན་ཏེ། དེ་ཡང་ཉི་མའི་དཀྱིལ་འཁོར་སྒྲིབ་བྱེད་སྒྲ་གཅན་གཟའ་དང་སྤྲིན་སོགས་དང་བྲལ་བའི་ཚེ་འོད་ལྷང་ངེར་ཤར་ནས་འདུག་སྟེ་མུན་པ་འཇོམས་པ་དང་། མེ་བཏང་ན་རྩྭ་དང་ཤིང་དང་ནགས་ཚལ་རྣམས་སྲེག་པར་བྱེད་པ་བཞིན་དུ། བདེན་བཞིའི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་དག་ཅིང་ཡོངས་སུ་དག་པར་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་གྱིས་ལྟ་བར་བྱེད་ན། སྦྱོར་ལམ་དེ་ལམ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་སྐྱེ་བར་འགྱུར་རོ། །འདི་ནི་རྒྱན་ལས། གཟུགས་སོགས་དེ་མི་རྟོགས་སོགས་དང་། ཞེས་སོགས་ཀྱིས་འཆད་དོ། །དེ་ནས་མཐོང་ལམ་ནི་ཡུམ་གསུམ་ན་ཚིག་མང་ཡང་། འདིར་ནི། བྱེད་པ་པོ་ཡང་མི་དམིགས་ཆོས་ཀུན་མི་དམིགས་ཏེ། །ཞེས་སོགས་རྐང་པ་གཉིས་ཀྱིས་མདོར་བསྡུས་ནས་སྟོན་ཏེ། དོན་ནི། དེ་ལྟར་གོམས་པས་ལམ་སྒོམ་པར་བྱེད་པ་པོ་དང་བསྒོམ་བྱའི་མི་རྟག་སོགས་བཅུ་དྲུག་གི་ཆོས་ཀུན་དོན་དམ་པར་མི་དམིགས་པར་གསར་དུ་མངོན་སུམ་དུ་རྟོགས་པ་འདི་ནི། མཐོང་བའི་ལམ་གྱི་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཡིན་ནོ། །འདི་ནི་རྒྱན་ལས། གཟུགས་ལ་སོགས་ལ་རློམ་མེད་པ། །ཞེས་སོགས་ཀྱིས་འཆད་དོ། །འདིའི་མཇུག་ཏུ་ཡུམ་གསུམ་དང་རྒྱན་ལས་མཁྱེན་གསུམ་སྟོན་པའི་མཇུག་སྡུད་ཞིག་བཤད་ཀྱང་འདིར་མི་འབྱུང་ངོ་། །དེ་ནས་སྐབས་བཞི་པས་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་འཆད་ཅིང་། འོན་ཀྱང་ཐོག་མའི་རྣམ་པ་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་ཡོད་པའི་རྣམ་པ་རྣམས་ནི་ཡུམ་གསུམ་ན་འཆད་པའི་མདོ་ཚིག་མང་ཡང་། འདིར་བསྡུས་ནས་དངོས་སུ་མི་སྟོན་པར་སྦྱོར་བ་སྒོམ་པའི་རྟེན་གྱི་གང་ཟག་ནས་འཆད་དེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ལྟར་ན། རྒྱལ་བ་ལ་ནི་ལྷ་རྒྱལ་བརྒྱ་བྱིན་གྱིས་ཞུས་པ། །ཞེས་སོགས་ཚིགས་བཅད་གཅིག་གིས་རྟེན་གྱི་གང་ཟག་དང་། གང་ཞིག་ཆོས་འདི་སྤྲུལ་དང་སོགས་ཚིགས་བཅད་དགུས་སྦྱོར་བ་རྣམས་འཆད་པའི་དང་པོ་ནི། །རྒྱས་པའི་དབང་པོ་ལ་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་ཞུས་པ་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པའི་ཚེ་ཇི་ལྟར་བརྩོན་ཞིང་སྤྱོད་ཅེས་ཞུས་པ་ན། ལན་དུ་གཟུགས་སོགས་ཕུང་པོ་ལྔ་དང་ཁམས་སོགས་ཀྱི་ཆོས་ལ་དོན་དམ་པར་རྡུལ་ཙམ་ཡང་མེད་པར་སྤྱོད་ཅིང་། བདེན་ཞེན་གྱིས་མི་རྟག་པ་སོགས་སུ་བརྩོན་ཞིང་སྦྱོར་བར་མི་བྱེད་དེ། ཕུང་པོར་མི་བརྩོན་པ་དེ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐོབ་པའི་ཕྱིར་ཡང་དག་པར་བརྩོན་པ་ཡིན་ནོ། །འདི་ནི་རྒྱན་ལས། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་སོགས་ཀྱིས་འཆད་དོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་གཟུགས་སོགས་ཀྱི་ཆོས་འདི་རྣམས་ནི་བདེན་པར་སྣང་ཡང་། བདེན་པར་མ་གྲུབ་པ་སྤྲུལ་པ་དང་སྒྱུ་མ་དང་འདྲ་བར་ཐོས་ནས། ཚིག་དོན་ལ་ཐེ་ཚོམ་དང་སོམ་ཉི་མེད་ཅིང་སློབ་པ་ལ་ལྷག་པར་ཕྱིར་ཞིང་སྦྱོར་བར་བྱེད་བའི་སེམས་ཅན་དེ་ནི། ཡུན་རིང་པོ་ནས་ཐེག་ཆེན་ལ་ཞུགས་པར་རིགས་པར་བྱ་སྟེ། དེ་ནི་ཚེ་སྔོན་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །དཔེར་ན་མི་མེད་པའི་དགོན་པའི་ལམ་ནི་གྲོང་ལས་དཔག་ཚད་མང་པོ་ན་ཡོད་པར་ཞུགས་ཏེ་སོང་བའི་མིས་ནི། གནག་རྫི་སྟེ་བ་ལང་རྫི་བོ་དང་མཚམས་སུ་ཡོད་པའི་ནགས་ཚལ་ཕུན་སུམ་ཚོགས་པ་རྣམས་མཐོང་ན། འདི་དག་ནི་ད་གྲོང་དང་གྲོང་ཁྱེར་དེ་དང་དེར་ཐག་ཉེ་བའི་རྟགས་ཡིན་ནོ་སྙམ་སྟེ། དགའ་བའི་དབུགས་ཕྱིན་པ་རྙེད་པར་གྱུར་ཅིང་ཆོམ་རྐུན་སོགས་འཇིགས་པ་མེད་པར་སེམས་སོ། །དཔེ་དེ་བཞིན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་འཚོལ་བའི་ཚེ་རྒྱལ་བ་རྣམས་ཀྱི་ཤེར་ཕྱིན་འདི་ནི། མཉན་པ་དང་སྒོམ་པར་བྱེད་པ་གང་ཐོབ་པ་དེ་ནི་ད་བདག་སངས་རྒྱས་ཀྱི་བྱང་ཆུབ་དང་ཉེའོ་སྙམ་པའི་དགའ་བས་དབུགས་ཕྱིན་པ་ཐོབ་པར་གྱུར་ཅིང་། དམན་ལམ་དུ་ལྟུང་བ་སོགས་ཀྱི་འཇིགས་པ་མེད་པར་འགྱུར་ཏེ། ཉན་ཐོས་དགྲ་བཅོམ་པ་དང་རྐྱེན་རྟོག་རང་རྒྱལ་གྱི་སར་ལྟུང་བ་མིན་ཅིང་དེ་ལས་གྲོལ་བའི་ཕྱིར་སྙམ་མོ། །ཡང་དཔེར་ན་མི་གང་ཞིག་རྒྱ་མཚོ་ཆེན་པོའི་ཆུ་ནི་ཇི་ལྟ་བུ་ཡིན་སྙམ་དུ་བལྟ་བའི་ཕྱིར་འགྲོ་བ་དེ་ཡིས་ནི། གལ་ཏེ་མདུན་ཕྱོགས་སུ་ཤིང་དང་ནགས་ཚལ་དང་རི་རྣམས་མཐོང་ན་རྒྱ་མཚོ་ནི་ད་དུང་ཐག་རིང་སྙམ་ལ། ཅི་སྟེ་རྟགས་དེ་དག་མ་མཐོང་ན་ད་རྒྱ་མཚོ་ཆེན་པོ་དང་ནི་ཉེ་བར་གྱུར་ཏོ་སྙམ་སྟེ་ཉེ་བ་དེ་ལ་སོམ་ཉི་མེད་དོ། །དཔེ་དེ་ལྟར་བྱང་ཆུབ་དམ་པའི་ཆེད་དུ་རབ་ཏུ་ཞུགས་ནས་རྒྱལ་བའི་ཤེར་ཕྱིན་འདི་ཉན་པར་བྱེད་པ་པོ་རིག་པར་བྱ་སྟེ། དེས་བདག་ནི་རྣམ་པར་འདྲེན་པ་སངས་རྒྱས་ཀྱིས་མངོན་སུམ་དུ་ལུང་བསྟན་པར་མ་གྱུར་ཀྱང་། སངས་རྒྱས་ཀྱི་བྱང་ཆུབ་ཆོས་ཀྱི་སྐུ་དེ་རིང་པོར་མི་ཐོགས་པར་བདག་གིས་རེག་པ་སྟེ་ཐོབ་པར་འགྱུར་པར་ཤེས་སོ། །ཡང་དཔེར་ན་དཔྱིད་དུས་བཟང་པོ་ལ་བཏབ་པ་དང་མ་བཏབ་པའི་སྡོང་པོ་དང་ལོ་མ་རྙིང་པ་རྣམས་ལྷགས་པར་གྱུར་ན། ཡལ་ག་ལས་རིང་པོར་མི་ཐོགས་པར་ལོ་མ་དང་འབྲས་བུ་དང་མེ་ཏོག་གསར་བ་རྣམས་བསྐྲུན་ཏོ། །དཔེ་དེ་བཞིན་དུ་ཤེར་ཕྱིན་འདི་སུ་ཡི་ལག་ཏུ་ཐོབ་པ་དེ་རིང་པོར་མི་ཐོགས་པར་འདྲེན་པ་རྣམས་ཀྱིས་བྱང་ཆུབ་ལོངས་སྤྱོད་རྫོགས་པའི་སྐུ་མྱུར་དུ་འཐོབ་པར་འགྱུར་རོ། །ཡང་དཔེར་ན་བུད་མེད་སྦྲུམ་མ་གང་ལྟོ་བ་ན་གནས་པའི་བུ་ཆེར་སོང་བའི་སྡུག་བསྔལ་གྱིས་ཉེན་པར་གྱུར་ན། དེ་ནི་མྱུར་དུ་དེའི་བུ་བཙའ་བའི་དུས་ལ་བབ་ཞེས་བྱ་སྟེ། དེ་བཞིན་དུ་བྱང་སེམས་གང་རྒྱལ་བའི་ཤེར་ཕྱིན་འདི་ལ་ཉན་སྒོམ་གྱིས་དགའ་བ་དང་དད་པའི་འདུན་པ་བསྐྱེད་པ་དེ་མྱུར་དུ་རྒྱལ་བའི་བྱང་ཆུབ་སྤྲུལ་བའི་སྐུར་རིག་པར་འགྱུར་རོ། །དེ་ལྟར་ཤེར་ཕྱིན་མཆོག་ལ་སྤྱོད་པའི་ཚེ་རྣལ་འབྱོར་པ་དེས་ནི། གཟུགས་སོགས་ཀྱི་ཆོས་རྣམས་ནི་འཕེལ་ཞིང་སྐྱེ་བ་དང་། ཡོངས་སུ་འཇིག་ཅིང་འགྲིབ་པ་དོན་དམ་པར་མི་མཐོང་ངོ་། །བྱང་སེམས་གང་ཞིག་དམ་པའི་ཆོས་དང་དམ་པའི་ཆོས་མ་ཡིན་པ་དང་ཆོས་ཀྱི་དབྱིངས་བདེན་སྟོང་ཀྱང་དོན་དམ་པར་ཡོད་པར་མི་མཐོང་ཞིང་། མྱ་ངན་ལས་འདས་པ་ཞི་མཐའ་ལ་མི་རེག་པ་དེ་ནི་ཤེར་ཕྱིན་ལ་གནས་སོ། །བྱང་སེམས་གང་ཞིག་ཤེར་ཕྱིན་འདིར་སྤྱོོད་པའི་ཚེ་ཆོས་གཞན་ཙམ་དུ་མ་ཟད། སངས་རྒྱས་ཀྱི་ཆོས་སྤངས་རྟོགས་རྣམས་ལ་བདེན་ཞེན་གྱིས་མི་རྟོག་སྟེ། སྟོབས་རྣམས་དང་རྫུ་འཕྲུལ་གྱི་རྐང་པ་དང་བྱང་ཆུབ་ཞི་བ་མྱང་འདས་ལའང་མི་རྟོག་གོ །དེ་ལྟར་བདེན་ཞེན་གྱིས་མི་རྟོག་པའི་རྟོག་བྲལ་ལ་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་སྤྱོད་པ་འདི་ནི་ཤེར་ཕྱིན་ལ་སྤྱོད་པ་ཡིན་ནོ། །འདི་དག་གིས་སྦྱོར་བ་ཉི་ཤུ་པོ་ཕལ་ཆེར་གསལ་པོར་བཤད་ཅིང་འགའ་ཞིག་ནི་མི་གསལ་ལོ། །འདི་ནི་རྒྱན་ལས། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་སྦྱོར་བའི་སྐྱོན་ཡོན་གཉིས་ནི་ཡུམ་གསུམ་ན་རྒྱས་ཤིང་། འདིར་ནི་སྐྱོན་སྔོན་དུ་བཏང་སྟེ་ཞུ་བ་ནི། སྨྲ་བའི་ཟླ་བ་སངས་རྒྱས་ལ་ནི་རབ་འབྱོར་ཞུས། ཞེས་སོགས་ཚིགས་བཅད་བཅུས་འཆད་དེ། དང་པོ་སྐྱོན་ནི། སྨྲ་བའི་ཟླ་བ་སངས་རྒྱས་ལ་ནི་གནས་བརྟན་རབ་འབྱོར་གྱིས་ཞུས་པ། ཡོན་ཏན་དགའ་བ་ཐོབ་པའི་བྱང་སེམས་རྣམས་ཀྱི་སྦྱོར་བའི་སྐྱོན་བར་དུ་གཅོད་པར་གང་ལགས། ལན་དུ་སྟོན་པས་བཀའ་སྩལ་པ་སྦྱོར་བའི་སྐྱོན་བར་དུ་གཅོད་པར་འགྱུར་ཚུལ་མང་སྟེ། དེ་ལས་རེ་ཞིག་འདིར་ཅུང་ཟད་ཙམ་ཞིག་བསྡུས་ཏེ་ཡོངས་སུ་བརྗོད་པར་བྱའོ། །རྒྱལ་བའི་ཤེར་ཕྱིན་འདི་ཡི་གེར་འདྲི་བ་དང་སྒོམ་པའི་ཚེ་མྱུར་དུ་འདྲི་སྒོམ་འདོད་མི་འདོད་སོགས་བློའི་སྤོབས་པ་མི་འདྲ་བ་ཐ་དད་པ་རྣམ་པ་སྣ་ཚོགས་པ་དུ་མ་འབྱུང་བར་འགྱུར་ཞིང་། རང་དང་འགྲོ་བ་གཞན་གྱི་དོན་གང་འདོད་པ་དེ་མ་བྱས་པར་གློག་མྱུར་དུ་འཇིག་པ་བཞིན་དུ། བློ་མི་བརྟན་པར་མྱུར་དུ་ཡང་ཡོངས་སུ་ཉམས་པར་འགྱུར་བ་འདི་ནི་བདུད་ཀྱི་ལས་ཏེ་སྐྱོན་ནོ། །ཡང་ཁ་ཅིག་ཤེར་ཕྱིན་འདི་བཤད་པའི་ཚེ་ན་སོམ་ཉི་ཐེ་ཚོམ་ཟ་བར་འགྱུར་ཏེ། འདི་སྙམ་དུ་འདྲེན་པས་ཤེར་ཕྱིན་འདིར་ནི་བདག་གི་མིང་དང་རིགས་དང་གནས་ས་དང་རུས་ཀྱང་ལོངས་སུ་མ་བརྗོད་ཅེས་ཟེར་ཞིང་། དེ་ནི་ཡུམ་འདི་ཉན་པར་མི་འགྱུར་བར་སློང་བར་འགྱུར་ཏེ་བདུད་ཀྱི་ལས་སོ། །ཡུམ་འདི་ལས་སངས་རྒྱས་ཐོབ་པའི་ཐབས་ལེགས་པར་བསྟན་པ་དེ་ལྟར་མི་ཤེས་པ་དེ་དག་གིས། སངས་རྒྱས་འབྱུང་བའི་རྩ་བ་འདི་བོར་ནས་ནི་རྨོངས་པ་མི་ཤེས་པའི་དབང་གིས་ཡལ་ག་དང་འདབ་མ་ལྟ་བུའི་ཉན་རང་གི་མདོ་སྡེ་ཙམ་འཚོལ་བར་འགྱུར་རོ། །དེ་ཡང་དཔེར་ན་གླང་པོ་ཆེ་རྙེད་ཀྱང་དེ་བོར་ནས་གླང་པོ་ཆེའི་རྗེས་ཙམ་ཞིག་ནི་འཚོལ་བ་ལྟར། ཤེར་ཕྱིན་འདི་ཐོབ་ནས་བོར་ཏེ་ཉན་རང་གི་ཐེག་པ་ཙམ་སྟོན་པའི་མདོ་འཚོལ་བ་ཡང་དེ་བཞིན་ནོ། །ཡང་དཔེར་ན་ལ་ལས་ཁ་ཟས་རོ་བརྒྱ་དང་ལྡན་པར་རྙེད་ལ། ཟས་མཆོག་གཞན་རྙེད་ཀྱང་བོར་ནས་ཁ་ཟས་ངན་པ་འཚོལ་བར་བྱེད་པ་ལྟར། བྱང་སེམས་གང་ཡུམ་འདི་རྙེད་ནས་བོར་ཏེ་ཉན་རང་དགྲ་བཅོམ་པའི་སའི་བྱང་ཆུབ་འཚོལ་ཞིང་དོན་དུ་གཉེར་བ་བྱེད་པ་ཡང་དེ་བཞིན་ནོ། །ཁ་ཅིག་རང་ལ་གཞན་གྱིས་བསྟི་སྟང་དང་བཀུར་སྟི་བྱེད་པར་འདོད་པར་འགྱུར་ཞིང་། རྙེད་པ་འདོད་པར་འགྱུར་བ་དང་དེ་དག་འོང་བའི་ཁྱིམ་དུ་འགྲོ་འདོད་པའི་ལྟ་བ་དང་བཅས་པའི་སེམས་ཀྱིས། ཁྱིམ་དེ་དག་གི་མི་དང་འདྲིས་ཆེན་བྱེད་པ་དང་ལྡན་ཞིང་། དགེ་བའི་ཆོས་བྱེད་པ་བཏང་བས་ནི་ཆོས་མིན་གྱི་བྱ་བ་སྤྱོད་པར་འགྱུར་པ་ལམ་བཟང་པོ་བོར་ཏེ་ངན་པའི་ལམ་གོལ་དུ་འགྲོ་བ་འདི་ནི་བདུད་ཀྱི་ལས་སོ། །སེམས་ཅན་གང་དག་ཤེར་ཕྱིན་སྟོན་པ་དེ་ཡི་ཚེ་འདུན་ཅིང་དད་པར་གྱུར་ནས། ཆོས་ཀྱི་དམ་པ་ཡུམ་འདི་ནི་ཉན་དུ་སོང་བ་ལས་ཆོས་ཉན་པ་པོ་དེ་དག་གིས་ནི་ཆོས་སྨྲ་བ་པོ་བྱ་བྱེད་མང་པོ་དང་ལྡན་པར་རིག་ནས། ཆོས་ཉན་པ་ལ་དགའ་བ་མེད་ཅིང་ཡིད་མི་བདེ་བར་གྱུར་ནས་འགྲོ་སྟེ། ཡུམ་འཆད་ཉན་བྱེད་པ་དེའི་ཚེ་ན་མི་མཐུན་པའི་བདུད་ཀྱི་ལས་འདི་ལྟ་བུ་འབྱུང་བར་འགྱུར་རོ། །ཡང་དེའི་ཚེ་ན་སེམས་ཅན་གང་དག་གིས་ཡུམ་འཆད་པ་པོའི་དགེ་སློང་མང་པོའི་སེམས་དཀྲུགས་ནས་ཤེར་ཕྱིན་འདི་འཛིན་པར་མི་འགྱུར་བའི་བར་དུ་གཅོད་པ་རྣམ་པ་མང་པོ་གཞན་ཡང་འབྱུང་བར་འགྱུར་རོ། །ཡང་དཔེར་ན་རིན་པོ་ཆེ་རིན་ཐང་མེད་པ་ཞིག་རྙེད་པར་གྱུར་པ་གང་དག་ཡིན་པ་དེ་དག་ནི་དཀོན་ལ། རྙེད་ཀྱང་རིན་པོ་ཆེ་དེ་རྐུ་འཕྲོག་འདོད་ནས་དུས་རྣམས་རྟག་ཏུ་འཚེ་བའང་མང་ངོ་། །དེ་བཞིན་དུ་རྒྱལ་བའི་ཡུམ་རིན་པོ་ཆེའི་ཆོས་ཀྱང་དཀོན་ལ། འདི་འདྲི་སྒོམ་བྱེད་པའི་མི་ལ་རྟག་ཏུ་འཚེ་བའམ་མང་ངོ་། །ཐེག་པ་ཆེན་པོ་ལ་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ་གང་ཞིག་དཀོན་པའི་རིན་པོ་ཆེའི་ཡུམ་འདི་འཚོལ་ཞིང་མ་རྙེད་པ་དེ་ལ། མི་རྙེད་པའི་ཕྱིར་དུ་བར་ཆད་བྱ་བའི་ཕྱིར་བདུད་ནི་སྤྲོ་བར་འགྱུར་རོ། །གཉིས་པ་ཡོན་ཏན་ནི། འོན་ཀྱང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཡུམ་འཚོལ་མཁན་དེ་དག་ཡོངས་སུ་འཛིན་པ་ལ་སྦྱོར་བར་མཛད་དེ། དཔེར་ན་བུ་མང་པོ་ཡོད་པའི་མ་ཞིག་ན་བར་གྱུར་པ་ལ་བུ་ནི་མང་པོ་ཡོད་པ་དེ་དག་ཀུན་ཡིད་མི་བདེ་ཞིང་། མ་དེ་ལ་ནད་སོས་པའི་ཆེད་རིམ་གྲོ་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀུན་ཀྱང་། རྒྱལ་བའི་ཡུམ་དུ་འགྱུར་པ་ཤེར་ཕྱིན་དམ་པ་འདི་དང་འཛིན་པ་ལ་དགོངས་པར་མཛད་དོ། །འདི་ནི་རྒྱན་ལས། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་སྦྱོར་བའི་མཚན་ཉིད་ནི། ཡུམ་གསུམ་ན་མདོ་ཚིག་ཤིན་ཏུ་མང་ཡང་། འདིར་ནི། གང་དག་འདས་དང་ཕྱོགས་བཅུའི་འཇིག་རྟེན་མགོན་གང་དང་། །ཞེས་སོགས་ཚིགས་བཅད་མང་པོ་ཞིག་གིས་ཅུང་ཟད་བསྡུས་ནས་འཆད་ཅིང་། མཚན་ཉིད་ལ་ཤེས་པ་དང་ཁྱད་པར་དང་བྱེད་པ་གསུམ་དང་ངོ་བོ་ཉིད་མཚན་དང་བཞིའོ། །དང་པོ་ཤེས་མཚན་ལ་གསུམ་ལས་དང་པོ་གཞི་ཤེས་སྦྱོར་བ་ནི། རྒྱལ་བ་གང་དག་འདས་པ་དང་ཕྱོགས་བཅུའི་འཇིག་རྟེན་གྱི་མགོན་པོ་གང་ད་ལྟ་བཞུགས་པ་དང་། མ་འོངས་པའི་དུས་ན་རྒྱལ་བ་གང་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཡུམ་འདི་ལས་འབྱུང་བས། ཡུམ་འདི་འཇིག་རྟེན་གྱི་སྟོན་པ་རྒྱལ་བ་རྣམས་ཀྱི་སྐྱེད་བྱེད་ཀྱི་ཡུམ་ཡིན་ལ། དེ་དག་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་དང་མཐུན་པའི་ཆོས་སྟོན་པར་བྱེད་དོ། །དེ་ཡང་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གཟིགས་པའི་སྒོ་ནས་དོན་མཛད་པ་ཡིན་ཏེ། འཇིག་རྟེན་སེམས་ཅན་གྱི་ཆོས་ཉིད་དེ་བཞིན་ཉིད་དང་། ཉན་རང་དགྲ་བཅོམ་པའི་དེ་བཞིན་ཉིད་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་རྣམས་ནི་རིགས་གཅིག་པ་ཉིད་ཡིན་ཏེ། དེ་ནི་བདེན་པའི་དངོས་པོ་དང་བྲལ་བའི་བདེན་སྟོང་སྟེ། རིགས་མི་འདྲ་བའི་ཁྱད་པར་ཡོད་པ་མིན་པའི་དེ་བཞིན་ཉིད་དོ། །དེ་སངས་རྒྱས་ཀྱིས་དེ་ལྟར་གཟིགས་པའི་ཤེར་ཕྱིན་བརྙེས་པའི་སྒོ་ནས་རང་གི་མཁྱེན་ཅིང་གཟིགས་པ་དེ་བཞིན་དུ་གཞན་ལ་སྟོན་ཏོ། །འདི་ནི་རྒྱན་ལས། དེ་བཞིན་གཤེགས་པ་འབྱུང་བ་དང་། ཞེས་སོགས་ཀྱིས་འཆད་དོ། །གཉིས་པ་ལམ་ཤེས་སྦྱོར་བ་ནི། མཁས་པ་འཇིག་རྟེན་གནས་སམ་ཞེས་སོགས་ཀྱིས་སྟོན་ཅིང་། མཁས་པ་སངས་རྒྱས་འཇིག་རྟེན་དུ་གནས་སམ། མྱ་ངན་ལས་འདས་ཀྱང་རུང་སྟེ་ཆོས་རྣམས་བདེན་པས་སྟོང་པའི་ཆོས་ཉིད་འགྱུར་པའི་སྐྱོན་མེད་པ་ཆོས་རྣམས་ཀྱི་སྟོང་པ་ཉིད་འདི་ནི་མི་འགྱུར་བར་རྟག་ཏུ་གནས་སོ། །བྱང་ཆུབ་སེམས་དཔས་ཀྱང་རང་ལམ་དང་སངས་རྒྱས་ནས་དེ་བཞིན་ཉིད་འདིར་རྗེས་སུ་རྟོགས་ཤིང་མངོན་དུ་བྱས་པ་ན་དེའི་ཕྱིར་དེ་བཞིན་གཤེགས་པ་དང་སངས་རྒྱས་ཞེས་མཚན་གསོལ་ཏེ། ཤེར་ཕྱིན་གྱི་དགའ་བའི་ཚལ་ལ་བརྟེན་པའི་སྟོབས་བཅུ་མངའ་བའི་རྣམ་འདྲེན་རྣམས་ཀྱི་སྤྱོོད་ཡུལ་ནི་ཤེར་ཕྱིན་འདི་ཡིན་ཏེ། འདི་བཤད་པ་ལ་བརྟེན་ནས་སེམས་ཅན་རྣམས་སྡུག་བསྔལ་དང་ངན་སོང་གསུམ་གྱི་གནས་ལས་ཡོངས་སུ་འདོན་པར་མཛད་ཀྱང་སངས་རྒྱས་དེ་དག་ནི་ནམ་ཡང་སེམས་ཅན་དུ་བདེན་པའི་འདུ་ཤེས་སྐྱེ་བར་འགྱུར་བ་མེད་དོ། །དེ་ཇི་ལྟར་སྟོན་ཞེ་ན། དཔེར་ན་སེངྒེ་ནི་རི་ཆེན་པོའི་སུལ་ཕྱོགས་གཅིག་ཏུ་གཞན་ལ་འཇིགས་པ་མེད་པར་གནས་ཤིང་རིགས་དྭགསཕྲ་མོ་མང་པོ་སྐྲག་པར་བྱེད་ཅིང་སྒྲ་སྒྲོགས་པ་ལྟར། མི་ཡི་སེངྒེ་སངས་རྒྱས་རྣམས་ཀྱང་ཤེར་ཕྱིན་ལ་བརྟེན་ནས་གནས་ཤིང་། བདག་ཏུ་ལྟ་བའི་མུ་སྟེགས་ཅན་མང་པོ་སྐྲག་པར་བྱེད་ཅིང་འཇིག་རྟེན་ལ་བདེན་སྟོང་གི་སྒྲ་ཆེན་པོ་ཡང་སྒྲོགས་སོ། །འདི་ནི་རྒྱན་ལས། སྟོང་པའི་མཚན་མ་མེད་བཅས་དང་། །ཞེས་སོགས་ཀྱིས་འཆད་དོ། །གསུམ་པ་རྣམས་མཁྱེན་སྦྱོར་བ་ནི། དཔེར་ན་ནམ་མཁར་གནས་པའི་ཞེས་སོགས་ཀྱིས་སྟོན་ཅིང་། དཔེར་ན་ནམ་མཁའ་ལ་གནས་པའི་ཉི་མའི་འོད་ཟེར་གྱིས་ནི་ས་འདིའི་རླན་བཤེར་རྣམས་སྐེམ་པར་བྱེད་ཅིང་། གཟུགས་ཀྱང་གསལ་བར་རབ་ཏུ་སྟོན་པར་བྱེད་དོ། །དེ་བཞིན་དུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་ཀྱང་ཤེར་ཕྱིན་འདི་ལ་བརྟེན་ནས་སྟོང་པའི་ཆོས་བསྟན་ཏེ་སྲིད་པ་སྟེ་འཁོར་བའི་རྒྱ་མཚོའི་ཆུ་ཀླུང་སྐེམ་པར་བྱེད་ཅིང་ཆོས་ཀྱང་རབ་ཏུ་སྟོན་པར་མཛད་དོ། །ཆོས་ཉིད་ཇི་ལྟར་མཐོང་ནས་སྟོན་ཅེ་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་གིས་དཔྱད་པའི་ཚེ་དང་། དོན་དམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་གི་ངོ་བོར་གཟུགས་རྣམས་མི་མཐོང་ཞིང་མེད་ལ། དེ་བཞིན་དུ་ཚོར་བ་དག་དང་འདུ་ཤེས་དང་འདུ་བྱེད་སེམས་པ་དང་རྣམ་པར་ཤེས་པ་དང་སེམས་དང་ཡིད་རྣམས་མཐོང་བ་མེད་དོ། །དེ་ལྟར་ཀུན་རྫོབ་ཀྱི་སྣང་བ་མཐོང་བ་མེད་པའི་སྟོང་པ་མཐོང་བ་འདི་ནི། དམ་པའི་ཆོས་སྟོང་ཉིད་མཐོང་བ་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན་ཏོ། །དེའི་དཔེ་ནི་འཇིག་རྟེན་ན་ནམ་མཁའ་མཐོང་ཞེས་སེམས་ཅན་རྣམས་ཀྱིས་ཚིག་གིས་རབ་ཏུ་བརྗོད་པར་བྱེད་མོད། ནམ་མཁའ་ཇི་ལྟར་མཐོང་བར་འཇོག་ཚུལ་ནི་དགག་བྱ་སྒྲིབ་ཐོགས་མེད་པར་མཐོང་བ་ན་དེ་མཐོང་བར་འཇོག་ཞེས་པའི་དོན་འདི་ཉིད་དུ་བརྟག་སྟེ་ཤེས་པར་གྱིས་ཤིག །དཔེ་དེ་ལྟར་དགག་བྱ་བདེན་གྲུབ་དང་ཀུན་རྫོབ་ཀྱི་སྤྲོས་པ་མ་མཐོང་བ་ན་དམ་པའི་ཆོས་སྟོང་ཉིད་མཐོང་བ་ཡང་དེ་བཞིན་གཤེགས་པས་བཤེད་པས་བསྟན་ཏེ། སྟོང་ཉིད་མཐོང་བའི་དཔེ་བཤད་པ་ལྟར་ཤེས་པར་བྱའི། དཔེ་གཞན་གྱིས་མཐོང་ཚུལ་དེ་ཇི་ལྟ་བ་བཞིན་མི་གོ་ཞིང་བསྙད་པར་ནུས་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གང་གིས་དེ་ལྟར་མཐོང་བ་དེ་ཡིས་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཀུན་མཐོང་བར་འགྱུར་བ་ཡིན་ནོ། །འདི་ནི་རྒྱན་ལས། དེ་བཞིན་ཉིད་ཀྱི་ཆོས་བསྟན་ནས། །ཞེས་སོགས་ཀྱིས་འཆད་དོ། །དེ་དག་གིས་ཤེས་པའི་མཚན་ཉིད་བཅུ་དྲུག་པ་ཕྲག་གསུམ་བསྟན་ནས། གཉིས་པ་ཁྱད་མཚན་བཅུ་དྲུག་ནི། རྒྱལ་པོ་གཏང་སྙོམས་འདུག་ཅིང་ཞེས་སོགས་ཀྱིས་སྟོན་ཅིང་། དཔེར་ན་རྒྱལ་པོ་བཏང་སྙོམས་ལ་འདུག་ཅིང་བློན་པོས་ལས་ཀུན་བྱེད་པ་ལྟར། སངས་རྒྱས་ཀྱི་མཛད་པ་དང་ཉན་ཐོས་ཀྱི་ཆོས་རྣམས་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཤེར་ཕྱིན་གྱིས་བྱེད་དོ། །ཡང་དཔེར་ན་རྒྱལ་པོ་ནི་གྲོང་དང་གྲོང་ཁྱེར་ཡུལ་འཁོར་རྣམས་སུ་མི་འགྲོ་བར་རང་གི་མངའ་འོག་ཏུ་གཏོགས་པའི་ཡུལ་གྱི་མིའི་འབྲུ་སོགས་དཔྱ་ཁྲལ་འདུ་བ་ཐམས་ཅད་སྡུད་པ་ལྟར། བྱང་ཆུབ་སེམས་དཔའི་ཆོས་ཉིད་དེ་ཕྱོགས་གང་དུའང་མི་འགྲོ་ཡང་རང་ལམ་དང་སངས་རྒྱས་ཀྱི་སའི་ཡོན་ཏན་གང་ཡིན་ཐམས་ཅད་ཀྱང་སྡུད་པར་འགྱུར་རོ། །ཡང་བྱང་སེམས་གང་ལ་བདེ་བར་གཤེགས་པ་དང་བྱང་ཆུབ་སེམས་དཔའ་མཆོག་རྣམས་ལ་དད་པ་བརྟན་པོ་ཡོད་ཅིང་། ཤེར་ཕྱིན་མཆོག་འདི་ལ་བསམ་ཞིང་བསྒོམ་པའི་སྦྱོར་བ་ལ་གནས་པ་དེ་ནི། ཉན་ཐོས་དང་རང་རྒྱལ་གྱི་ས་གཉིས་ལས་ཤིན་ཏུ་འདས་པར་བྱས་ནས་དེས་ཟིལ་གྱིས་མི་ནོན་པའི་རྒྱལ་བའི་བྱང་ཆུབ་མྱུར་དུ་འཐོབ་པར་འགྱུར་རོ། །དཔེར་ན་རྒྱ་མཚོ་ཆེན་པོར་འཇུག་པའི་གྲུ་ནི་རྒྱ་མཚོའི་ནང་དུ་ཆག་ཅིང་ཞིག་པར་གྱུར་ཏེ། དེའི་ནང་གི་མི་གང་དག་རྒྱ་མཚོར་ཤི་བའི་མི་ལ་སོགས་པའི་རོའམ་རྩྭའམ་ཤིང་ལྟ་བུ་ལ་ནི་མི་འཇུ་མི་འཛིན་པ་དེ་ནི། རྒྱ་མཚོའི་ཆུའི་དབུས་སུ་འཇིག་པར་འགྱུར་ཏེ་རྒྱ་མཚོའི་འགྲམ་ངོགས་སུ་ཕྱིན་པར་མི་འགྱུར་ལ། མི་གང་ཞིག་དེ་དག་འཛིན་པ་ནི་རྒྱ་མཚོའི་ཕ་རོལ་གྱི་འགྲམ་ངོགས་སུ་ཕྱིན་པར་འགྱུར་རོ། །དཔེ་དེ་ལྟར་ཆོས་ལ་དད་པ་དང་ལྡན་ཅིང་དང་པའི་གུས་པ་ཐོབ་པའི་མི་གང་ཞིག་ནི། ཤེར་ཕྱིན་ཡུམ་འདི་ལ་རྗེས་སུ་མི་འཇུག་པའི་མི་དེ་སྐྱེ་རྒ་ན་འཆི་དང་མྱ་ངན་སོགས་ཀྱི་རྦ་རླབས་འཁྲུགས་པའི་འཁོར་བའི་རྒྱ་མཚོ་དེར་ནི་རྟག་ཏུ་འཁོར་བར་འགྱུར་རོ། །དད་སོགས་དང་ལྡན་པའི་མི་གང་དེ་ཤེར་ཕྱིན་མཆོག་གིས་ཡོངས་སུ་ཟིན་པ་ན། དངོས་པོའི་རང་བཞིན་སྟོང་པ་ཉིད་ལ་མཁས་ཤིང་དོན་དམ་བདེན་པ་དེ་གཞན་ལ་སྟོན་པར་བྱེད་དོ། །དེ་དག་ནི་ཐབས་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོ་དང་སྦྱིན་སོགས་ཀྱི་ཡོན་ཏན་དང་། ཤེར་ཕྱིན་གྱིས་ཡོངས་སུ་ཟིན་ན་མཆོག་ཏུ་རྨད་དུ་བྱུང་བའི་བདེ་བར་གཤེགས་པའི་བྱང་ཆུབ་ལ་མྱུར་དུ་རེག་པར་འགྱུར་རོ། །ཡང་དཔེར་ན་མི་ལ་ལས་ནི་རྫ་བུམ་སོ་མ་བཏང་བའི་ནང་དུ་ཆུ་སྐྱེད་ན་ནི། རྫ་བུམ་དེ་ཉམ་ཆུང་པོའི་ཕྱིར་ན་མྱུར་དུ་ཞིག་ཅིང་འཇིག་པར་རིག་པར་བྱ་ལ། སོ་བཏང་བའི་བུམ་པར་ཆུ་སྐྱེད་པ་སྟེ་བླུགས་ཤིང་འཁྱེར་ན་གང་དུ་འགྲོ་བའི་ལམ་དུ་འཇིག་པར་འགྱུར་བའི་འཇིགས་པ་མེད་ཅིང་བདེ་བར་ཁྱིམ་དུ་ཕྱིན་པར་འགྱུར་རོ། །དཔེ་དེ་བཞིན་བྱང་ཆུབ་སེམས་དཔའ་ཁ་ཅིག་ཆོས་ལ་དད་པ་དང་དོན་གཉེར་མང་བར་གྱུར་ཀྱང་། ཤེར་ཕྱིན་ལས་རྣམ་པར་ཉམས་ན་ནི་མྱུར་དུ་འཁོར་བའི་རྒྱ་མཚོར་འཁོར་ཞིང་ཉན་རང་གི་སར་ལྷུང་ནས་མ་རུང་བར་འགྱུར་རོ། །དད་སོགས་དང་ལྡན་པའི་སྒོ་ནས་ཤེས་རབ་དེ་ནི་ཡོངས་སུ་ཟིན་པར་གྱུར་ན་ཉན་རང་གིས་གཉིས་ལས་ཤིན་ཏུ་འདས་ཏེ་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཐོབ་པར་འགྱུར་རོ། །ཡང་དཔེར་ན་བཅོས་ལེགས་པར་མ་བྱས་པའི་གྲུ་ནི་རྒྱ་མཚོར་ཞུགས་ན་རྒྱ་མཚོའི་ནང་དུ་ནོར་དང་བཅས་ཤིང་ཚོང་པར་བཅས་ཤིང་ཚོང་བར་བཅས་ཏེ་འཇིག་པར་འགྱུར་ལ། གྲུ་དེ་ལེགས་པར་བཅོས་ལེགས་བྱས་པ་དང་ལྡན་པར་གྱུར་ན་ནི་གྲུ་མི་འཇིག་པས། མི་ནོར་དང་བཅས་པར་རྒྱ་མཚོའི་ངོགས་སུ་ཕྱིན་པར་འགྱུར་རོ། །དཔེ་དེ་ལྟར་བྱང་སེམས་དེ་ཐབས་དད་པས་ཡོངས་སུ་བསྒོས་ཀྱང་། ཤེར་ཕྱིན་མེད་ན་འཁོར་མཚོ་དང་དམན་པའི་ལམ་དུ་ལྷུང་ནས་སངས་རྒྱས་ཀྱི་བྱང་ཆུབ་ལས་ནི་མྱུར་དུ་ཉམས་པར་འགྱུར་ལ། དད་པ་དེ་ཉིད་ཤེར་ཕྱིན་མཆོག་དང་ལྡན་ན་རྨ་རྨས་ཤིང་མ་ཉམས་པར་རྒྱལ་བའི་བྱང་ཆུབ་ལ་རེག་པར་འགྱུར་རོ། །ཡང་དཔེར་ན་ལོ་བརྒྱ་དང་ཉི་ཤུ་ལྟ་བུ་ལོན་ཏེ་རྒས་ཤིང་སྡུག་བསྔལ་བའི་མི་ནི་ལངས་ཀྱང་། བདག་ཉིད་འགྲོ་བར་ནུས་པ་མ་ཡིན་ཏེ་དེ་ནི་འགྲོ་བའི་སྐབས་སུ་གཡས་གཡོན་གཉིས་ནས་མི་གཞན་གྱིས་བརྟེན་པར་བྱས་ན་ནི། འགྱེལ་འགྲོ་བའི་འཇིགས་པ་མེད་ཅིང་བདེ་བླག་ཏུ་འགྲོ་བར་འགྱུར་རོ། །དེ་བཞིན་དུ་བྱང་སེམས་ཤེས་རབ་སྟོབས་ཆུང་བ་ནི་ཐེག་ཆེན་ལམ་དུ་རབ་ཏུ་ཞུགས་པར་གྱུར་ཀྱང་བར་དུ་ཉམས་པར་འགྱུར་ལ། བྱང་སེམས་དེ་ཉིད་དད་སོགས་ཀྱི་ཐབས་དང་ཤེར་ཕྱིན་མཆོག་གིས་ཡོངས་སུ་ཟིན་ན་བར་དུ་མི་ཉམས་པར་དེ་བཞིན་གཤེགས་ཀྱི་བྱང་ཆུབ་ལ་རེག་པར་འགྱུར་རོ། །འདི་དག་གི་སྐབས་སུ་ཤེས་རབ་དང་ཤེར་ཕྱིན་ཞེས་འབྱུང་བ་ནི་གཙོ་བོར་ལམ་ཤེར་ཕྱིན་ཏེ། བྱང་ཆུབ་སེམས་ཀྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཁྱད་པར་ཅན་རྣམས་སོ། །ཁྱད་མཚན་ཐོབ་པའི་རྒྱུ་ནི། བྱང་ཆུབ་སེམས་དཔའ་སོ་སྐྱེ་དང་པོའི་ལས་ཀྱི་སར་གནས་པ་གང་ཞིག་ལྷག་པའི་བསམ་པས། སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཐོབ་པའི་ཆེད་དུ་ཞུགས་པ་སློབ་མ་བཟང་པོ་བླ་མ་ལ་གུས་པ་དང་ལྡན་པ་དེ་དག་གིས་ནི། ཡོངས་འཛིན་བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ་སྟེ། རྒྱུ་མཚན་ཅིའི་ཕྱིར་ན་མཁས་པའི་ཡོན་ཏན་རྣམས་བླ་མ་དེ་ལས་འབྱུང་བའི་ཕྱིར་རོ། །བླ་མ་དགེ་བའི་བཤེས་གཉེན་དག་གིས་ཤེར་ཕྱིན་འདི་རྗེས་སུ་སྟོན་པས། སངས་རྒྱས་ཀྱི་ཆོས་རྣམས་ནི་བླ་མ་དགེ་བའི་བཤེས་གཉེན་ལ་བརྟེན་ཏོ་ཞེས་ཡོན་ཏན་ཀུན་གྱི་མཆོག་རྣམ་མཁྱེན་མངའ་བའི་རྒྱལ་བས་ནི་དེ་སྐད་གསུང་ངོ་། །བཤེས་གཉེན་དེས་སྦྱིན་པ་ནས་ཤེས་རབ་ཀྱི་བར་དྲུག་ནི་རང་བཞིན་གྱིས་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས། ཉན་རང་གི་བྱང་ཆུབ་ཏུ་མི་བསྔོ་བར་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་གྱིས་ལ། ཐོབ་བྱའི་སངས་རྒྱས་ཀྱི་བྱང་ཆུབ་ནི་བདེན་གྲུབ་ཀྱི་ཕུང་པོར་ཞེན་པའི་སྒོ་ནས་མཆོག་ཏུ་འཛིན་པར་མ་བྱེད་ཅེས། དང་པོའི་ལས་ཅན་དེ་ལ་དེ་སྐད་ཅེས་བསྟན་ཅིང་བཤད་པར་བྱའོ། །འདི་ནི་རྒྱན་ལས། བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཞེས་སོགས་ཀྱིས་འཆད་དོ། །དེ་དག་གིས་ཁྱད་མཚན་བསྟན་ནས་གསུམ་པ་བྱེད་པའི་མཚན་ཉིད་བཅུ་གཅིག་ནི། དེ་ལྟར་སྤྱོད་པ་ལེགས་འཚོ་སྨྲ་བའི་ཟླ་བ་རྣམས། །ཞེས་སོགས་ཀྱིས་སྟོན་ཏེ། གོང་དུ་བཤད་པ་དེ་ལྟར་སྤྱོད་པའི་སྒོ་ནས་ལེགས་པར་འཚོ་བའི་སྨྲ་བ་ཟླ་བ་བཤེས་གཉེན་རྣམས་ནི། འགྲོ་བའི་སྐྱབས་དང་དཔུང་གཉེན་དང་གནས་དང་རྟེན་དང་གླིང་དང་ཡོངས་འདྲེན་དང་དོན་འདོད་པ་དང་གསལ་བྱེད་ཀྱི་སྒྲོན་མ་དང་ཆོས་ཀྱི་མཆོག་སྨྲ་བ་དང་མི་འཁྲུགས་པ་ཡིན་ཏེ། རིམ་པ་བཞིན་དུ་སེམས་ཅན་གྱི་དོན་བྱེད་པ་དང་ཕན་པའི་གཞི་དང་སྡུག་བསྔལ་གྱི་རྒྱུ་སེལ་བ་དང་སངས་རྒྱས་ཀྱི་རྒྱུ་དང་། མཐའ་གཉིས་སྤངས་པ་དང་ལམ་བཟང་པོར་འཁྲིད་པ་དང་འདོད་དོན་སྒྲུབ་པ་དང་བླང་དོར་གསལ་བ་དང་ཆོས་ཀྱི་མཆོག་མྱང་འདས་སྨྲ་བ་དང་བདུད་སོགས་ཀྱིས་དཀྲུགས་པར་མི་ནུས་པའི་ཕྱིར་རོ། །གྲགས་པ་ཆེན་པོ་དང་ལྡན་པའི་བྱང་སེམས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་བྱ་དཀའ་བའི་གོ་ཆ་གྱོན་པ་ནི་བྱ་བ་སྒྲུབ་དཀའ་བ་ལ་ཡང་འཇུག་པར་བྱེད་པ་ཡིན་གྱི། རང་གི་ཕུང་པོ་ལྔ་དང་ཁམས་བཅྭོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་ལྟ་བུ་སྲུང་བའི་ཆེད་དུ་མིན་ནོ། །ཉན་རང་དང་སངས་རྒྱས་ཀྱི་ཐེག་པ་གསུམ་ལ་བདེན་ཞེན་གྱི་འདུ་ཤེས་དང་བྲལ་ཞིང་། བླང་དོར་གྱི་ཆོས་གང་ལ་ཡང་བདེན་ཞེན་གྱིས་ཡོངས་སུ་བཟུང་བ་མེད་དོ། །རང་གཞན་གྱི་དོན་ཕུན་ཚོགས་ལས་མི་ལྡོག་པ་དང་གཡོ་བ་མེད་ཅིང་། དོན་གཉིས་བྱེད་པ་དང་མི་འབྲལ་བའི་ཕྱིར་ཡིད་མི་འཁྲུགས་པའི་ཆོས་ཅན་ཡིན་ཏེ་དེ་དང་ལྡན་པའོ། །འདི་ནི་རྒྱན་ལས། ཕན་དང་བདེ་དང་སྐྱོབ་པ་དང་། །ཞེས་སོགས་ཀྱིས་འཆད་དོ། །བཞི་པ་ངོ་བོ་ཉིད་མཚན་བཅུ་དྲུག་ནི། དེ་དག་འདི་འདྲའི་ཆོས་དང་ཞེས་སོགས་ཀྱིས་སྟོན་ཏེ། བྱང་སེམས་དེ་དག་ནི་འདི་འདྲ་བའི་ཆོས་དང་ལྡན་ཞིང་བདེན་འཛིན་གྱི་སྤྲོས་པ་མེད་པ། ཆོས་འདི་ལྟ་བུ་ལ་ཐེ་ཚོམ་དང་སོམ་ཉི་དང་ཡིད་གཉིས་བྲལ་ཞིང་ཡང་དག་པའི་ཡེ་ཤེས་གྱི་དོན་དང་ལྡན་ནོ། །དེ་དག་ཤེར་ཕྱིན་འདི་ཐོས་ན་ཡིད་ཐེ་ཚོམ་གྱིས་མི་ནུས་པ་དང་། གཞན་གྱི་དྲིང་མི་འཇོག་པ་སྟེ་གང་ལ་མ་བལྟོས་པ་དང་རང་གིས་ལས་འོག་ཏུ་ཕྱིར་མི་ལྡོག་པར་རིག་པར་བྱའོ། །འདྲེན་པ་སངས་རྒྱས་རྣམས་ཀྱི་ཆོས་ཤེར་ཕྱིན་འདི་ཟབ་པས་དོན་མཐོང་བར་དཀའ་སྟེ། ཐེག་པ་འོག་མ་བ་སུས་ཀྱང་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་མེད་ཅིང་རང་ལམ་ནས་ཐོབ་པར་འགྱུར་ན་མེད་དོ། །རྒྱུ་མཚན་དེའི་ཕྱིར་གཞན་ལ་ཕན་པར་མཛད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་བརྙེས་མ་ཐག་ནས་ནི། གདུལ་བྱ་ཐམས་ཅད་ལ་ཆོས་ཟབ་མོ་འདི་སྟོན་པར་བཞེད་ཀྱང་གདུལ་བྱའི་སེམས་ཅན་རྣམས་ནི་ལྟ་བ་ངན་པ་གཞན་གྱི་དབང་དུ་སོང་བར་གཟིགས་ཏེ། དེ་སེམས་ཅན་གྱི་ཚོགས་འདི་རྣམས་ཀྱི་ནང་ནས་ཆོས་ཟབ་མོ་འདི་སུས་ཤེས་ཏེ་ཤེས་མཁན་དཀོན་ནོ་སྙམ་དུ་དགོངས་ནས། རེ་ཞིག་ཆོས་མི་གསུངས་ཤིང་བཏང་སྙོམས་སུ་ཐུགས་ཁྲལ་ཆུང་བར་མཛད་དོ། །དེའི་རྒྱུ་མཚན་ནི་གདུལ་བྱའི་སེམས་ཅན་རྣམས་ནི་ཡིད་བདེན་ཞེན་གྱིས་གནས་པ་ལ་དགའ་ཞིང་ཡུལ་འདོད་པའི་ཡོན་ཏན་རྣམས་འདོད་ཅིང་དོན་དུ་གཉེར་བ་དང་དེ་དག་འཛིན་པ་ལ་གནས་ཤིང་། མི་མཁས་པ་དང་བླུན་པ་དང་རྨོངས་པ་དང་མུན་པ་བཞིན་དུ་གྱུར་ཏེ་བདེན་སྟོང་གི་ཚུལ་མི་ཤེས་ལ། རྟོགས་བྱ་དང་ཐོབ་པར་བྱ་བའི་ཆོས་རྣམས་དོན་དམ་པར་གནས་པ་མེད་ཅིང་དེར་འཛིན་པ་བྱར་མེད་དོ། །རྒྱུ་མཚན་དེས་ན་འཇིག་རྟེན་པ་དག་དང་སངས་རྒྱས་གཉིས་བདེན་པར་ཡོད་མེད་ལ་རྩོད་པ་འབྱུང་བ་ཡིན་ཏེ། སངས་རྒྱས་ཀྱིས་ཆོས་རྣམས་བདེན་སྟོང་དུ་སྟོན་ཅིང་འཇིག་རྟེན་པས་བདེན་པར་ཞེན་ཅིང་འདོད་པའི་ཕྱིར་རོ། །དཔེར་ན་ནམ་མཁའི་ཁམས་དེ་ནི་ཤར་ལ་སོགས་པ་ཕྱོགས་བཅུ་ཇི་སྙེད་པ་དེ་རྣམས་ནའང་ཁྱབ་ཅིང་ཡོད་པས། དེའི་ཚེ་དེ་ནི་ཕྱོགས་བཅུ་དང་དེ་དག་ཏུ་ཡོད་པའི་ཆོས་རྣམས་དང་ངོ་བོ་གཅིག་ཏུ་སོང་ནས་ངོ་བོ་རིགས་མི་འདྲ་བའི་ཐ་དད་དུ་གྱུར་པ་མེད་དོ། །དེ་བཞིན་དུ་འདས་པ་དང་མ་བྱོན་པ་དང་ད་ལྟར་ཡོད་པའི་དུས་གསུམ་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། ཉན་རང་དགྲ་བཅོམ་པ་དང་ཆོས་ཀུན་གྱི་བདེན་སྟོང་དེ་བཞིན་ཉིད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྒྱལ་བའི་དེ་བཞིན་ཉིད་དང་ངོ་བོ་གཅིག་པའི་ཕྱིར་ན། ཆོས་ཀྱི་དེ་བཞིན་ཉིད་འདི་ཐམས་ཅད་ལ་རིགས་མི་འདྲ་བའི་བྱེ་བྲག་གི་ཁྱད་པར་མེད་དོ། །འདི་ནི་རྒྱན་ལས། ཉོན་མོངས་རྟགས་དང་མཚན་མ་དང་། ཞེས་སོགས་ཀྱིས་འཆད་དོ། །དེ་དག་གིས་ངོ་བོ་ཉིད་མཚན་ཉིད་བསྟན་ནས་ཐར་པ་ཆ་མཐུན་ནི། བདེ་གཤེགས་བྱང་ཆུབ་སོགས་ཀྱིས་སྟོན་ཏེ། བདེ་བར་གཤེགས་པ་དང་དེའི་བྱང་ཆུབ་དེ་བཞིན་ཉིད་གཉིས་ངོ་བོ་དབྱེར་མེད་ཐ་དད་པའི་ཆོས་དང་བྲལ་བར་གྱུར་པ་འདི་ནི། བྱང་སེམས་གང་ཞིག་བྱང་ཆུབ་ཐོབ་པར་འདོད་པ་དེས་སྦྱིན་སོགས་ཀྱི་ཐབས་དང་ལྡན་པའི་སྒོ་ནས་ཤེར་ཕྱིན་ལ་སྦྱོར་བར་བྱ་སྟེ། འདྲེན་པའི་ཤེར་ཕྱིན་མེད་ན་ཐབས་གཞན་ཙམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་བ་མ་ཡིན་ནོ། །དཔེར་ན་བྱ་ཞིག་ལུས་ཆེ་བ་དཔག་ཚད་བརྒྱ་རྩ་ལྔ་བཅུའི་བར་ཡོད་པར་གྱུར་ལ། དེའི་འདབ་གཤོག་རྣམས་ཟད་དེ་འཕུར་བའི་ཉམ་རྩལ་ཡོད་པ་མིན་ན། གལ་ཏེ་བྱ་དེས་སུམ་ཅུ་རྩ་གསུམ་གྱི་གནས་ནས་འཛམ་བུའི་གླིང་འདིར་བདག་ཉིད་མཆོངས་པར་གྱུར་ན། མཆོངས་ས་དེར་ནི་ཉམ་ཉེས་ཏེ་འཆི་བར་འགྱུར་རོ། །དཔེ་དེ་བཞིན་དུ་རྒྱལ་བ་རྣམས་ཀྱི་སྤྱོད་ཕར་ཕྱིར་དང་པོ་ལྔ་འདི་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་བསྒྲུབས་པར་བྱས་ཤིང་། སྨོན་ལམ་ཕྲན་ཚེགས་མཐའ་ཡས་པ་དང་རྒྱ་ཆེན་པོ་འཇིག་རྟེན་དུ་རྟག་པར་བསྟེན་ཀྱང་། ཐབས་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་མེད་ཅིང་ཤེར་ཕྱིན་འདི་དང་བྲལ་ན་ཉན་ཐོས་དང་རང་རྒྱལ་གྱི་ལམ་ཉིད་དུ་ལྟུང་བར་འགྱུར་རོ། །འདི་ནི་རྒྱན་ལས། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །སོགས་ཀྱིས་འཆད་དོ། །དེ་ནས་ངེས་འབྱེད་ཆ་མཐུན་ནི། སངས་རྒྱས་ཐེག་པ་འདི་ལ་སོགས་ཀྱིས་སྟོན་ཏེ། བྱང་སེམས་གང་ཞིག་སངས་རྒྱས་ཀྱི་ཐེག་པ་འདི་ལ་ངེས་པར་འབྱུང་ཞིང་ཐོབ་པར་འདོད་པ་གང་ཡིན་པ་དེས། འགྲོ་བ་ཀུན་ལ་སེམས་སྙོམས་པས་ཕ་མའི་འདུ་ཤེས་དང་། ཕན་པའི་སེམས་དང་བྱམས་པའི་ཡིད་ཀྱིས་རྒྱུད་བཏུལ་བར་བྱ་ཞིང་། ཁོང་ཁྲོ་བའི་ཐབ་མེད་ཅིང་སེམས་དྲང་ལ་ཚིག་འཇམ་པོར་སྨྲ་བར་བྱའོ། །འདི་ནི་རྒྱན་ལས། སངས་རྒྱས་སོགས་དམིགས་དད་པ་དང་། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཕྱིར་མི་ལྡོག་གི་རྟགས་འཆད་ཅིང་འདི་ལ་ཡུམ་གསུམ་ན་མདོ་ཚིག་ཤིན་ཏུ་མང་ལ། འདིར་བསྡུས་ཏེ་སྦྱོར་མཐོང་སྒོམ་གསུམ་གྱི་ཕྱིར་མི་ལྡོག་པའི་རྟགས་ནི། ཡོན་ཏན་རྒྱ་མཚོ་ཞེས་སོགས་རྐང་པ་བཞིས་ཞུས་ཤིང་པ། དེ་ཡང་། འཇིག་རྟེན་གྱི་མགོན་པོ་ལ་གནས་བརྟན་རབ་འབྱོར་གྱིས་ཡོངས་སུ་ཞུས་པ། ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བ་ཁྱོད་ཀྱིས་བྱང་སེམས་ཀྱི་རྟགས་ཉོན་མོངས་པ་མ་མཆིས་པ་ལ་སོགས་པའི་ལུས་ངག་གི་རྟགས་དང་། བྱང་སེམས་མཐུ་ཆེ་བ་དག་ཇི་ལྟར་རྫོགས་བྱང་ལས་སླར་ལྡོག་པར་མི་འགྱུར་པའི་ཚུལ་དེ་ལྟར། དེའི་ཡོན་ཏན་མང་ཡང་ཕྱོགས་ཙམ་ཞིག་རྒྱལ་བས་ལུང་བསྟན་དུ་ཐུན་མོང་དུ་ཞུས་སོ། །དེའི་ལན་དུ་སྦྱོར་མཐོང་སྒོམ་གསུམ་ལས་དང་པོ་སྦྱོར་ལམ་པའི་རྟགས་ནི། ཐ་དད་འདུ་ཤེས་བྲལ་ཞིང་ཞེས་སོགས་ཚིགས་བཅད་གསུམ་གྱིས་སྟོན་ཏེ། རང་གཞན་ཕྱོགས་རིས་སུ་ཐ་དད་པར་འཛིན་པའི་འདུ་ཤེས་དང་བྲལ་ཞིང་། འཐད་ཅིང་རིགས་པ་དང་ལྡན་པའི་ཚིག་སྨྲ་བ་དང་། ཕྱི་རོལ་པའི་དགེ་སྦྱོང་གཞན་དང་བྲམ་ཟེ་གཞན་ལ་རྟེན་པར་མི་བྱེད་ལ། བླང་དོར་ལ་མཁས་པས་དུས་རྣམས་ཐམས་ཅད་དུ། རྟག་ཏུ་ངན་སོང་གསུམ་པོར་མི་སྐྱེ་བའི་ཐབས་བསྒྲུབས་ནས་དེ་སྐྱེ་བ་སྤངས་སོ། །བྱང་སེམས་དེ་དག་ནི་དུས་རྟག་ཏུ་དགེ་བ་བཅུའི་ལས་ཀྱི་ལམ་ལ་མངོན་པར་བརྩོན་ནོ། །རང་དོན་དུ་ཟང་ཟིང་འདོད་པའི་བློ་མེད་པར་འགྲོ་བ་དག་ལ་དམ་པའི་ཆོས་ནི་རྗེས་སུ་སྟོན་པ་དང་། དམ་པའི་ཆོས་སྒྲུབ་པ་ལ་མཐའ་གཅིག་ཏུ་མི་འགྱུར་བར་དགའ་ཞིང་། འགྲོ་བ་གཞན་ལ་རྟག་ཏུ་ངག་ཚིག་འཇམ་པོ་དང་ལྡན་པ་དང་། འགྲོ་བ་དང་ཕན་ཚུན་འཆག་པ་དང་ཉལ་བ་དང་འདུག་པའི་སྤྱོད་ལམ་རྣམས་བཞིའི་ཚེ་ཤེས་བཞིན་རབ་ཏུ་བྱེད་པ་དང་ལྡན་ནོ། །མིག་གིས་གཉའ་ཤིང་གང་ཙམ་ཚུན་ལ་ལྟ་ཞིང་འགྲོ་བ་སྣ་ཚོགས་པ་མཐོང་ཡང་སེམས་ཉོན་མོངས་པས་འཁྲུལ་པ་མེད་དོ། །རང་ཉིད་མི་དགེ་བས་མ་གོས་པས་ཡིད་གཙང་བར་བྱས་ཏེ་ལུས་ལ་གཙང་མའི་གོས་འཆང་ཞིང་སྒོ་གསུམ་པོ་ཉེས་པའི་སྐྱོན་གྱིས་དབེན་ཞིང་དག་གོ །རང་གི་དོན་ཙམ་དུ་རྙེད་པ་འདོད་པ་མ་ཡིན་ཞིང་མིའི་ཁྱུ་མཆོག་རྟག་ཏུ་ཆོས་འདོད་པ་དང་། བདུད་ཀྱི་ཡུལ་ལས་འདས་ཤིང་གཞན་ལ་རག་མ་ལས་པའི་ཕྱིར་དེའི་དྲིང་མི་འཇོག་གོ །བསམ་གཏན་བཞི་ལ་སྒོམ་པར་འཇུག་པའི་བསམ་གཏན་བྱེད་ཀྱང་བསམ་གཏན་གྱི་བདེ་བ་དེར་ཆགས་ཤིང་མི་གནས་སོ། །དེ་དག་གིས་སྦྱོར་ལམ་པའི་རྟགས་ཉི་ཤུ་པོ་བསྡུས་ཏེ་བསྟན་ནས་མཐོང་ལམ་གྱི་རྟགས་བཅུ་དྲུག་པོ་བསྡུས་ནས། གྲགས་པ་འདོད་པ་མ་ཡིན་ཞེས་སོགས་ཚིགས་བཅད་གསུམ་གྱིས་འཆད་དོ། །མཐོང་ལམ་གྱི་རྟགས་ཐོབ་པའི་ཚེ་ཁེ་དང་གྲགས་པ་འདོད་པ་མ་ཡིན་ཞིང་ཁོང་ཁྲོ་བས་སེམས་ཀུན་ནས་དཀྲིས་པ་མེད་དོ། །གལ་ཏེ་ཁྱིམ་པར་གྱུར་ནའང་རྟག་ཏུ་ཁྱིམ་གྱི་དངོས་པོ་ཀུན་ལ་མ་ཆགས་ཤིང་། ལུས་སྲོག་གི་འཚོ་བའི་ཕྱིར་དུ་ནི་སྡིག་པའི་ལས་ཡ་ང་བས་ལོངས་སྤྱོད་ཚོལ་བར་མི་བྱེད་དོ། །སེམས་ཅན་གཞན་ལ་དྲག་ཤུལ་གྱི་ལས་མངོན་སྤྱོད་ཀྱི་སྔགས་སོགས་མི་བྱེད་ཅིང་།བུད་མེད་དབང་སྡུད་ཀྱི་སྦྱོར་སྔགས་ཚོལ་བར་མི་བྱེད་དོ། །སྤྲོས་པས་རབ་ཏུ་དབེན་པའི་ཤེར་ཕྱིན་མཆོག་ལ་བརྩོན་ཞིང་། གཞན་དག་འཐབ་པ་དང་རྩོད་པ་དང་བྲལ་ཞིང་བྱམས་པའི་སེམས་ཀྱང་བརྟན་པར་གཟུང་ངོ་། །ཀུན་མཁྱེན་གྱི་གོ་འཕང་འདོད་ཅིང་རྒྱལ་བའི་བསྟན་པ་ལ་རྟག་ཏུ་གཞོལ་པའི་སེམས་དང་ལྡན་པ་དང་། དེས་མཐའ་འཁོབ་ཀྱི་ཀླ་ཀློའི་སྐྱེ་བོའི་ཡུམ་གྱི་མཐའ་རྣམ་པར་སྤངས་སོ། །རང་གིས་ཕྱིར་མི་ལྡོག་པའི་ལམ་ལ་གནས་པ་ལ་ཐེ་ཚོམ་གྱི་དོགས་པ་མེད་ཅིང་ཡིད་རྟག་ཏུ་རི་རབ་དང་འདྲ་བར་བརྟན་ཅིང་མི་འགྱུར་རོ། །ཆོས་ཁྱད་པར་ཅན་བསྒྲུབ་པའི་ཕྱིར་དུ་རང་གི་སྲོག་ཀྱང་འདོར་ཞིང་ནང་གི་རྣལ་འབྱོར་ལ་རབ་ཏུ་བརྩོན་པ་འདི་དག་ནི་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཡིན་པར་ཤེས་པར་བྱའོ། །དེ་ནས་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ནི་ཟབ་མོ་རྣམ་པ་བརྒྱད་ཐུགས་སུ་ཆུད་པ་དང་སྦྱར་ནས། གཟུགས་དང་ཚོར་དང་འདུ་ཤེས་སེམས་པ་རྣམ་ཤེས་རྣམས། །ཞེས་སོགས་ཚིགས་བཅད་བཅུ་གསུམ་ཙམ་གྱིས་སྟོན་ཏེ། དེ་ཡང་གཟུགས་དང་ཚོར་བ་སོགས་ཕུང་པོ་ལྔས་མཚོན་པའི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ནི་ཟབ་སྟེ། རང་བཞིན་དེ་ནི་བདེན་གྲུབ་དང་ཀུན་རྫོབ་ཀྱི་སྤྲོས་པའི་མཚན་མ་མེད་ཅིང་རབ་ཏུ་ཞི་བའོ། །དཔེར་ན་འགའ་ཞིག་གིས་མདའ་འཕངས་ནས་རྒྱ་མཚོ་ཆེན་པོའི་གཏིང་མཐའ་ཐུག་པར་ཚོལ་བར་བྱས་ན། རྒྱ་མཚོའི་གཏིང་གི་མཐའ་ལ་ཐུག་མི་ནུས་པ་ལྟར། ཤེས་རབ་ཀྱིས་བརྟགས་ཤིང་དཔྱད་ནས་ཕུང་སོགས་དོན་དམ་པར་ཡོད་མེད་བཙལ་བའི་ཚེ། ཕུང་སོགས་དོན་དམ་པར་ཡོད་པའི་གཏིང་གི་མཐའ་མི་རྙེད་དོ། །བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟར་ཟབ་པར་གྱུར་ཅིང་རྟོགས་པའི་ཐེག་པ་ཆེན་པོ་དེ་ནི་དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་ནས་ཆགས་ཐོགས་མེད་ཅིང་། དམིགས་པ་གང་ལ་མཉམ་པར་བཞག་པའི་ཚེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སོགས་སྤྲོས་པ་ཀུན་ཡོད་པར་མིན་པར་དོན་དམ་པའི་ཆོས་འདི་མངོན་སུམ་དུ་རྟོགས་པར་གྱུར་ན། བྱང་སེམས་དེའི་བསོད་ནམས་ཆེན་པོ་ཡང་དག་པར་གྲུབ་ཅིང་ཐོབ་པས་དེ་ལས་ལྷག་ཅི་ཞིག་ཡོད་དེ་མེད་དོ། །ཡང་དཔེར་ན་འདོད་ཆགས་ཀྱི་ཆོས་ལ་སྤྱོད་པར་འདོད་པའི་སྐྱེས་བུ་ཞིག་གིས། བུད་མེད་གཅིག་ལ་ཁྱོད་འདིའི་དུས་སུ་གནས་འདིར་ཤོག་དང་ཁྱོད་དང་ངེད་གཉིས་འཕྲད་པར་བྱའོ་དུས་བཏབ་པ་ན། དེ་དང་མ་ཕྲད་བར་དུ་ཉིན་ཞག་གཅིག་ལའང་ཁོ་འདིར་འོང་ངམ་མི་འོང་སྙམ་པ་ལ་སོགས་པ་སེམས་ཀྱི་རྣམ་པར་རྟོག་པ་མང་པོ་སྤྱོད་པ་ཇི་སྙེད་ཅིག་འབྱུང་བའི་གྲངས་དེ་སྙེད་ཀྱི་བསྐལ་པར། ཚོགས་གཉིས་ལན་མང་དུ་བསགས་ནས་བྱང་སེམས་ཀྱིས་ནི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ། །བྱང་སེམས་གང་ཞིག་བསྐལ་པ་མང་པོ་བྱེ་བ་སྟོང་དུ་ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་རྣམས་ལ་སྦྱིན་པ་བྱེད་ཅིང་ཚུལ་ཁྲིམས་སྲུང་བ་སོགས་བྱེད་ཀྱང་། གང་གིས་ཤེར་ཕྱིན་མཆོག་དང་ལྡན་པའི་ཆོས་འདི་བརྗོད་བརྗོད་པའི་དགེ་བའི་ལེགས་ཚོགས་ལ། སྦྱིན་པ་དང་ཚུལ་ཁྲིམས་ཀྱི་བསོད་ནམས་དེས་ཆ་ཙམ་དུ་ཡང་མི་ཕོད། བྱང་སེམས་གང་ཞིག་མཉམ་གཞག་ཏུ་ཤེར་ཕྱིན་མཆོག་འདི་བསྒོམས་ཏེ་དེ་ལས་ལངས་པའི་རྗེས་ཐོབ་ཏུ། རང་དོན་ཡིད་བྱེད་སོགས་སྐྱོན་གྱིས་གོས་པ་མེད་པའི་ཤེར་ཕྱིན་གྱི་ཆོས་འདི་བརྗོད་ཅིང་གཞན་ལ་བསྟན་ཏེ། དེ་ལས་བྱུང་བའི་དགེ་བ་དེ་ཡང་འགྲོ་བ་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་རྒྱུར་སྔོ་བར་བྱེད་ན། དགེ་བ་དེ་དང་མཉམ་པ་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་ན་མེད་དོ། །དེ་ལྟ་བུའི་བསོད་ནམས་དགེ་བ་དེ་ཡང་དོན་དམ་པར་རང་བཞིན་གྱིས་སྟོང་ཞིང་རིགས་པས་བཙལ་ན་མི་རྙེད་པས་གསོག་དང་། དེ་བཞིན་དུ་ངོ་བོ་ཉིད་ཀྱིས་སྟོང་པ་དང་། སྣང་བ་ལྟར་མ་གྲུབ་པས་གསོ་བ་དང་། རྒྱུ་རྐྱེན་ལ་རག་ལས་པས་ཡ་མ་བརླ་དང་། སྒྱུ་མ་དང་ཆུ་ཤིང་དང་འདྲ་བའི་ཕྱིར་སྙིང་པོ་མེད་པའོ། །མདོར་ན་བསོད་ནམས་དེ་དག་བདེན་སྟོང་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟར་ཤེས་ནས་བསྔོ་དགོས་པའི་དོན་ནོ། །དེ་ལྟར་བདེ་གཤེགས་རྣམས་ཀྱི་ཤེར་ཕྱིན་འདི་ལ་ཡང་སྤྱད་ཅིང་ད་ལྟ་སྤྱོད་ན། སྤྱོད་པའི་ཚེ་བསོད་ནམས་དཔག་ཏུ་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། །སངས་རྒྱས་ཀྱིས་ཚིག་གིས་རབ་ཏུ་བཤད་དེ་དོན་དང་རབ་ཏུ་སྦྱར་ཞིང་ལེགས་པར་རབ་ཏུ་བསྟན་པའི་གཟུགས་སོགས་ཀྱི་ཆོས་འདི་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པར་ཚིག་གིས་བརྗོད་ཅིང་བཏགས་པ་ཙམ་དུ་ཟད་པར་ཤེས་ན་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་ཆོས་དེ་དག་གིས་མིང་གིས་བརྗོད་པར་བྱས་ཀྱང་། བདེན་པས་སྟོང་པའི་ཆོས་ཀྱི་དབྱིངས་ལ་དོན་དམ་པར་ཟད་པ་མེད་ཅིང་འཕེལ་བ་མེད་པར་ཤེས་སོ། །རྒྱལ་བ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་གང་ཡིན་དེ་རྣམས་ཀྱང་ངོ་བོ་ཉིད་ཀྱིས་མེད་ཅིང་མིང་གིས་ཐ་སྙད་དུ་བཏགས་པ་ཙམ་དུ་ནི་ཡོངས་སུ་བསྒྲགས་ཤིང་བཤད་དོ། །གང་ལས་བཤད་ན་ཡུམ་རྒྱས་འབྲིང་གཉིས་ལས་གཟུགས་ནི་མིང་ཙམ་མོ། །ཚོར་བ་ནི་མིང་ཙམ་མོ་ཞེས་གསུངས་པ་སོགས་ཀྱིས་སོ། །དེ་ལྟར་ཤེར་ཕྱིན་ལ་སྤྱོད་པའི་དགེ་རྩ་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་ཞིང་བདེན་ཞེན་གྱི་རློམ་སེམས་མེད་པའི་བྱང་སེམས་དེ་ནི། ཉན་རང་གི་ཐེག་པར་ལྟུང་བ་ལྟ་བུའི་ཉམས་པ་མེད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ལ་རེག་པར་འགྱུར་རོ། །བདེན་པར་མེད་ན་བྱང་ཆུབ་དེ་ཇི་ལྟར་ཐོབ་སྙམ་ན་དཔེར་ན་འབྲུ་མར་གྱི་མར་མེའི་སྙིང་པོ་སྲེག་པའི་ཚེ་མེ་ལྕེ་འབར་བ་སྙིང་པོ་དང་ཕྲད་པ་དང་པོ་ཙམ་གྱིས་སྙིང་པོ་དེ་ཚིག་པ་མིན་ཡང་། མེ་ལྕེ་དང་པོ་དེ་མེད་པར་ཡང་སྙིང་པོ་དེ་རྫོགས་པར་མི་ཚིག་ཅིང་སྙིང་པོ་དང་མེ་ལྕེ་ཕྲད་པའི་མེ་ལྕེ་ཐ་མ་ཙམ་གྱིས་ཀྱང་སྙིང་པོ་དེ་ཚིག་པ་མིན་ལ། མེ་ལྕེ་ཐ་མ་དེ་མེད་པར་སྙིང་པོ་དེ་ཚིག་པ་མིན་ཀྱང་སྔ་ཕྱི་རྒྱུན་འབྲེལ་ཞིང་བལྟོས་པའི་རྐྱེན་གྱིས་སྙིང་པོ་དེ་རྫོགས་པར་ཚིག་པ་ལྟར། བྱང་ཆུབ་ཀྱི་སེམས་གཉིས་ཀྱི་སྐད་ཅིག་དང་པོ་ཙམ་གྱིས་ནི་སངས་རྒྱས་ཀྱི་བྱང་ཆུབ་མཆོག་རེག་པ་སྟེ་ཐོབ་ནུས་པ་མ་ཡིན་ལ། དང་པོའི་སེམས་དེ་མེད་པར་ཡང་བྱང་ཆུབ་དེ་ལ་རེག་པར་ནུས་པ་མ་ཡིན་ཞིང་། སྐད་ཅིག་ཐ་མའི་སེམས་ཙམ་གྱིས་ཀྱང་བྱང་ཆུབ་ཞི་བ་དེ་ཐོབ་ནུས་པ་མིན་ལ། ཐ་མ་དེ་མེད་པར་ཡང་བྱང་ཆུབ་དེ་ཐོབ་ནུས་པ་མ་ཡིན་ཀྱང་རྒྱུན་འབྲེལ་ཞིང་བལྟོས་པའི་རྟེན་འབྲེལ་གྱིས་ནི་བྱང་ཆུབ་དེ་ཐོས་པར་འགྱུར་ རོ། །ཡང་དཔེར་ན་ས་བོན་ལས་ནི་མྱུ་གུ་དང་མེ་ཏོག་དང་འབྲས་བུ་རྣམས་འབྱུང་ངོ་། །ས་བོན་སོགས་སྔ་མ་དེ་ཡང་འགགས་ལ་ཕྱིས་འབྲས་བུ་ཤིང་སྟེ་སྡོང་བུ་ཡང་མེད་པ་དེ་མིན་པ་ལྟར། དེ་བཞིན་དུ་དང་པོའི་སེམས་ཀྱང་བྱང་ཆུབ་ཀྱི་རྒྱུ་ཡིན་ཏེ་སེམས་དེ་ཡང་འགགས་པ་ལ་ཕྱིས་དེའི་འབྲས་བུ་བྱང་ཆུབ་མེད་པ་དེ་མ་ཡིན་ནོ། །ཡང་དཔེར་ན་གྲོ་ནས་སོགས་ཀྱི་ས་བོན་རྙེད་པ་སྟེ་བཏབ་ནས་དེའི་འབྲས་བུ་འབྲུ་དང་འབྲས་ས་ལུ་ལ་སོགས་འབྱུང་ཡང་། ས་བོན་དེ་དག་གི་འབྲས་བུ་ནི་ས་བོན་དེ་དག་ལ་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཞིང་འབྱུང་རུང་དུ་མེད་པའང་མིན་ནོ། །དཔེ་དེ་བཞིན་དུ་རྒྱལ་བ་རྣམས་ཀྱི་བྱང་ཆུབ་འདི་རང་གི་རྒྱུ་རྣམས་ལ་ངོ་བོ་ཉིད་ཀྱིས་མེད་ཀྱང་འབྱུང་རུང་དུ་ཡོད་པའི་རྟེན་འབྲེལ་གྱིས་འབྱུང་བར་འགྱུར་ཏེ། དེའི་ཚེ་ངོ་བོ་ཉིད་ཀྱིས་མི་འབྱུང་གི་རྒྱུ་རྐྱེན་གྱི་དངོས་པོའི་རང་བཞིན་བྲལ་བའི་རྟེན་འབྲེལ་གྱིས་ཚོགས་པ་ལས་སྒྱུ་མ་བཞིན་དུ་འབྱུང་བར་འགྱུར་རོ། །ཡང་དཔེར་ན་ཆུ་ཡི་ཐིགས་པས་བུམ་པའི་ནང་ཐིགས་པ་དང་པོ་ནས་ཐ་མའི་བར་རིམ་གྱིས་ཉུང་ངུ་ཉུང་ངུ་བླུགས་ནས་མཐར་བུམ་པ་དེ་ཡོངས་སུ་འགེངས་པ་ལྟར། དེ་བཞིན་དུ་དང་པོའི་སེམས་ནས་བཟུང་སྟེ་སེམས་རིམ་གྱིས་བསྐྱེད་དེ་འཕེལ་བར་འགྱུར་བའི་སེམས་རྣམས་ཀྱང་བྱང་ཆུབ་མཆོག་གི་རྒྱུ་ཡིན་ཏེ། དེ་ལས་རིམ་གྱིས་དཀར་པོའི་ཡོན་ཏན་ཀུན་རྫོགས་པའི་སངས་རྒྱས་འགྲུབ་པར་འགྱུར་རོ། །སྦྱོར་མཐོང་སྒོམ་གསུམ་གྱི་རྟགས་འདི་དག་ནི་རྒྱན་ལས། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །ཞེས་སོགས་ཀྱིས་འཆད་དོ། །དཔེ་འདི་དག་ནི་སྐབས་འདིར་གནད་ཆེ་བར་མ་ཟད། གཞན་ལའང་སྦྱར་ཏེ་ཤེས་དགོས་པའི་གནད་ཆེ་བར་མཐོང་ནས་བདག་གིས་ནི་ལོགས་སུ་བཀོད་ཡོད་དོ། །དེ་ནས་སྲིད་ཞི་མཉམ་ཉིད་སྦྱོར་བ་ནི། སྟོང་པ་མཚན་མེད་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་སྟོན་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་རྟོགས་པའི་ཆོས་ཤེར་ཕྱིན་ལ་སྤྱོད་ཅིང་། སྙིང་རྗེས་ཞི་བའི་མཐའ་མྱ་ངན་ལས་འདས་པ་ལ་མི་རེག་པ་སྟེ་མངོན་དུ་མི་བྱེད་ཅིང་། ཤེས་རབ་ཀྱིས་སྲིད་པའི་མཐའ་ལ་བདེན་འཛིན་གྱི་མཚན་མར་མི་སྤྱོད་པར་གནས་ཏེ། དཔེར་ན་ཆུའི་མཉན་པ་མཁས་པ་རྒྱ་མཚོའི་ཆུའི་ཕ་རོལ་དང་ཚུ་རོལ་དུ་ཕར་འགྲོ་ཚུར་འགྲོ་བྱེད་ཀྱང་། ཆུའི་ཕ་རོལ་ཚུ་རོལ་གྱི་མཐའ་གཉིས་ལ་མི་གནས་ཤིང་རྒྱ་མཚོར་ཡང་རྟག་ཏུ་གནས་པ་མེད་པ་བཞིན་ནོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དོན་གྱིས་ལུང་བསྟན་ཡང་འདི་སྙམ་དུ་བདག་ནི། སྟོབས་བཅུ་ལྡན་པའི་སངས་རྒྱས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་ཏེ་ད་ནི་བྱང་ཆུབ་རེག་པ་སྟེ་ཐོབ་པར་འགྱུར་སྙམ་དུ་བདེན་ཞེན་གྱི་རློམ་སེམས་མེད་དོ། །ཆོས་འདི་ལ་བདེན་པར་གྲུབ་པ་ཅི་ཡང་མེད་ཅེས་བྱང་ཆུབ་ཐོབ་པ་ལ་སྐྲག་པ་མེད་པ་དེ་ལྟར་སྤྱོད་པ་དེ་ནི་བདེ་བར་གཤེགས་པའི་ཤེར་ཕྱིན་ལ་སྤྱོད་པ་ཡིན་ནོ། །འདི་ནི་རྒྱན་ལས། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཞིང་དག་སྦྱོར་བ་ནི། འཇིག་རྟེན་དགོན་པའི་ལམ་དང་ཞེས་སོགས་ཚིགས་བཅད་གཅིག་གིས་སྟོན་ཏེ། བྱང་ཆུབ་སེམས་དཔའ་འཇིག་རྟེན་ན་གྲོང་ལས་རྒྱང་གྲག་འདས་པའི་མི་མེད་ཀྱི་དགོན་པའི་ལམ་དང་། མུ་གེ་དང་ནད་སྣ་ཚོགས་དང་བཅས་པའི་སྐྱོན་མང་དུ་ཡོད་པར་མཐོང་ནས་དེ་དག་གིས་ཡིད་སྐྲག་པ་མེད་ཅིང་། དེ་ལྟ་བུའི་རྐྱེན་གྱིས་དེ་ནས་བདག་གིས་ནི་སྣོད་བཅུད་ཀྱི་ཉེས་སྐྱོན་འདི་ལྟ་བུ་སྦྱངས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྒྲུབ་པར་བྱའོ་སྙམ་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་གོ་ཆ་བརྟན་པོ་གྱོན་ཏེ། མ་དག་པའི་ཞིང་གི་སེམས་ཅན་མི་སྤོང་བར་ཕྱི་མའི་མུ་མཐའི་བར་དུ་རྟག་ཏུ་སེམས་ཅན་གྱི་དོན་ལ་རབ་ཏུ་བརྩོན་ཞིང་ཐབས་རབ་ཏུ་ཤེས་ནས། སེམས་ཅན་གྱི་དོན་ལ་ལོངས་སུ་སྤྱོད་པའི་ཡིད་ནི་རྡུལ་ཙམ་ཡང་སྐྱེད་པར་མི་བྱེད་དོ། །འདི་ནི་རྒྱན་ལས། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་ཐབས་མཁས་སྦྱོར་བ་ནི། བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་སྤྱོད་བྱེད་ལ། །ཞེས་པ་ནས་སྐབས་བཞི་པའི་མཇུག་རྫོགས་པའི་བར་གྱིས་སྟོན་ཏེ། སྦྱོར་བ་འདི་གསུམ་ནི་ཡུམ་གསུམ་ན་མདོ་ཚིག་ཤིན་ཏུ་མང་ལ་ཐབས་མཁས་སྦྱོར་བ་ནི་འདིར་ཡང་ཅུང་ཟད་རྒྱས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་གང་རྒྱལ་བའི་ཤེས་རབ་སྤྱོད་པར་བྱེད་ལ་གཟུགས་ལ་སོགས་པའི་ཕུང་པོ་འདི་དག་ནི་གདོད་མ་ནས་རང་བཞིན་གྱིས་སྟོང་ཞིང་སྐྱེ་བ་མེད་པར་ཤེས་ཏེ། དོན་དེ་ལ་མཉམ་པར་མ་གཞག་པའི་སེམས་ཅན་གྱི་ཁམས་ལ་སྙིང་རྗེ་ཆེན་པོ་འཇུག་ཅིང་། སྙིང་རྗེ་དེའི་དབང་གི་བར་སྐབས་དེར་ཡང་རང་ཉིད་སངས་རྒྱས་ཀྱི་ཆོས་ལས་ཡོངས་སུ་མི་ཉམས་སོ། །དཔེར་ན་སྐྱེས་བུ་མཁས་པ་ཡོན་ཏན་ཀུན་དང་ལྡན་ཞིང་སྟོབས་དང་ལྡན་པ་དང་གཞན་གྱིས་མི་ཐུབ་པ་དང་དེ་ལ་བརྩོན་འགྲུས་བྱས་ཤིང་། འཇིག་རྟེན་གྱི་རྒྱུ་རྩལ་གྱི་ཆོ་ག་སྣ་ཚོགས་ཤེས་ཤིང་མདའ་འཕེན་གྱི་འཕོང་དང་བཟོ་རིགས་ཀྱི་གནས་མང་པོའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིང་། སྒྱུ་མ་སྒྲུབ་ཤེས་པ་དང་འགྲོ་བའི་དོན་རབ་ཏུ་བྱེད་པར་འདོད་པ་ཞིག་གིས། རང་གི་ཕ་མ་ཆུང་མ་བུར་བཅས་པ་ཡོངས་སུ་བསྡུས་ནས་དགྲ་བྱེད་པ་མང་པོ་ཡོད་པའི་དབེན་གནས་དགོན་པའི་ལམ་དུ་ཕྱིན་པ་དང་། དགྲ་དེ་དག་བསྲུང་བའི་ཕྱིར་གང་ཟག་དེ་ཡིས་ནི་དཔའ་ཞིང་རྟུལ་ཕོད་པའི་སྐྱེས་བུ་གོ་མཚོན་ཐོགས་པ་མང་དུ་སྤྲུལ་ཏེ། རང་གི་ཕ་མ་སོགས་ཕར་བདེ་བར་སོང་ཞིང་སླར་ཡང་རང་གི་ཁྱིམ་དུ་བདེ་བར་འོང་བ་བྱེད་པ་ལྟར། དེ་བཞིན་དུ་ཤེར་ཕྱིན་འདི་ལ་སྤྱོད་པ་དེའི་ཚེ་བྱང་སེམས་མཁས་པ་དེ་ཡང་སེམས་ཅན་ཁམས་རྣམས་ཀུན་ཏུ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་བྱམས་པ་ཆེན་པོའི་སྟོབས་ཀྱིས། ལྷའི་བུའི་བདུད་ལ་སོགས་པ་བདུད་བཞི་དག་དང་ཉན་རང་གིས་གཉིས་ལས་ཀྱང་རབ་ཏུ་འདས་ནས། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་གནས་ཤིང་དུས་མ་ཡིན་པར་བྱང་ཆུབ་མྱང་འདས་ཞི་བའི་དབྱིངས་ལ་རྒྱུན་དུ་རིག་ཅིང་གནས་པར་མི་བྱེད་དོ། །ཡང་ནམ་མཁའ་ལ་རླུང་གི་དཀྱིལ་འཁོར་བརྟེན་ཅིང་འཆགས། དེ་ལ་ཆུ་དཀྱིལ་གྱི་ཕུང་པོ་བརྟེན་ཅིང་དེ་ལ་ནི་ས་ཆེན་པོའི་དཀྱིལ་འཁོར་འདི་བརྟེན་ནོ། །དེ་ལ་ནི་གླིང་བཞི་པའི་འགྲོ་བ་འདི་རྣམས་བརྟེན་ཅིང་གནས་ཏེ་སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ནི་དཔེ་དེ་དང་འདྲ་སྟེ། འདྲ་ཚུལ་འདིར་དངོས་སུ་མི་གསལ་ཡང་གཞན་ནས་སེམས་ཀྱི་ཆོས་ཉིད་ནམ་མཁའ་ལྟ་བུ་ལ། ཚུལ་མིན་ཡིད་བྱེད་རླུང་ལྟ་བུ་དང་ལས་ཉོན་ཆུ་ལྟ་བུ་དང་སྐྱེ་བའི་ཕུང་ཁམས་སྐྱེ་མཆེད་ས་ལྟ་བུ་དང་། དེ་ལས་སེམས་ཅན་གྱི་ཁམས་ཀྱི་ཐ་སྙད་འབྱུང་བ་དང་སྦྱར་རོ། །དེ་ཡང་འབྱུང་བ་གནས་པའི་རྩ་བ་ནམ་མཁའ་ཡིན་ཡང་ནམ་མཁའ་ནི་གཞི་གང་ལ་ཡང་བརྟེན་ནས་གནས་པ་མ་ཡིན་པར་གནས་པ་ཡིན་པའི་དཔེ་དོན་འདི་བསམ་པར་གྱིས་ཤིག །དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་ལྟ་བུའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་མཉམ་པར་བཞག་ཅིང་གནས་པ་ནི། འགྲོ་བ་ལ་སེམས་ཅན་གྱི་སྐལ་བ་དང་བསམ་པ་ཇི་འདྲ་བར་ཤེས་པའི་སྨོན་ལམ་གྱི་རྟེན་ཅན་གྱིས། མཛད་པའི་བྱ་བ་རྣམ་པ་སྣ་ཚོགས་པ་དུ་མ་སྟོན་པར་བྱེད་ཅིང་སྙིང་རྗེས་ཞི་བ་མྱ་ངན་ལས་འདས་པའི་དབྱིངས་མངོན་དུ་བྱེད་པ་ལ་མི་རེག་ཅིང་། གཞན་དོན་མི་བྱེད་པར་སྟོང་པ་ཉིད་ལ་རྟག་ཏུ་གནས་པ་མེད་དོ། །དུས་གང་གི་ཚེ་ན་བྱང་སེམས་མཁས་ཤིང་བློ་གསལ་བས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཞི་བའི་ཏིང་ངེ་འཛིན་དམ་པ་འདི་སྤྱོད་པའི་ཚེ། བར་སྐབས་དེར་ནི་རྒྱུ་བདེན་འཛིན་གྱི་མཚན་མ་རབ་ཏུ་སྒོམ་པར་མི་བྱེད་དེ། མཚན་མ་མེད་པར་གནས་ཤིང་སྨོན་པའི་འབྲས་བུ་ཞི་བ་ཉིད་ལ་རབ་ཏུ་ཞི་བར་སྤྱོད་དོ། །དཔེར་ན་བར་སྣང་ཁམས་སུ་འཕུར་བའི་བྱ་ལ་ནི་བར་སྣང་དེར་གནས་ཡོད་པ་མ་ཡིན་ཏེ། བར་སྣང་དེ་ན་གནས་པ་མ་ཡིན་ཞིང་ས་ལ་ཡང་ལྟུང་བར་མི་འགྱུར་རོ། །དཔེ་དེ་ལྟར་བྱང་སེམས་ཐབས་ཤེས་ཟུང་འབྲེལ་གྱིས་རྣམ་པར་ཐར་པའི་སྒོ་ལ་གནས་ཏེ་སྤྱོད་པ་དེ་ནི། དུས་མིན་པར་ཞི་བའི་དབྱིངས་མྱང་འདས་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའམ་མི་རེག་ཅིང་བདེན་འཛིན་གྱི་མཚན་མར་ཡང་སྤྱོད་པ་མ་ཡིན་ནོ། །ཡང་དཔེར་ན་མདའ་འཕེན་གྱི་འཕོང་ལེགས་པར་བསླབས་པའི་སྐྱེས་བུས་ནི་གནམ་དུ་མདའ་གྱེན་དུ་འཕངས་ཏེ། མདའ་གཞན་དག་ནི་མདའ་སྔོན་མ་དེའི་ཕྱི་བཞིན་རྒྱུད་མར་བརྒྱུད་དེ་འཕངས་པས་ལོང་བཏགས་ནས། སྔ་མའི་མདའ་དེ་ས་ལ་ལྟུང་བའི་སྐབས་མི་རྙེེད་པར་ནམ་མཁར་གནས་ཞིང་ས་ལ་མི་ལྟུང་ལ། མི་དེས་འདོད་ན་ནི་མདའ་དེ་ས་ལ་ལྟུང་བར་འགྱུར་རོ། །འོན་ཀྱང་ལོང་བཏགས་ཏེ་ཞེས་པ་འདིའི་དོན་ལ་ཁ་ཅིག་མདའ་ཕྱི་མས་སྔ་མའི་སྟོང་ལ་བཏགས་ཏེ་ཞེས་ཟེར་ཡང་ཁུངས་མ་མཐོང་ངོ་། །དེ་ལྟར་བྱང་སེམས་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཤེས་རབ་དང་ཐབས་དང་སྟོབས་དང་རྫུ་འཕྲུལ་གྱིས་ནི་རྣམ་པར་སྤྱོད་པ་དེ་དག་ནི། དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་པའི་བར་དེ་སྲིད་དུ་ཡང་དག་པའི་མཐའ་སྟོང་ཉིད་དམ་པ་མྱང་འདས་ནི་ཐོབ་ཅིང་མངོན་དུ་མི་བྱེད་དོ། །འདིས་དགེ་བའི་རྩ་བ་རྫོགས་ནས་དེ་མངོན་དུ་བྱེད་པར་ཤུགས་ཀྱིས་འཕངས་སོ། །ཡང་དཔེར་ན་དགེ་སློང་རྫུ་འཕྲུལ་གྱི་སྟོབས་མཆོག་དང་ལྡན་པ་ཞིག་ནི་ནམ་མཁར་གནས་ཏེ། དུས་ཅིག་ཅར་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དུ་མ་རྣམ་པར་འཕྲུལ་པ་འགྲོ་བ་དང་འཆགས་པ་དང་ཉལ་བ་དང་འདུག་པའི་སྤྱོད་ལམ་བཞི་སྟོན་ཀྱང་། དེ་ལྟར་སྟོན་པ་པོ་དེ་ནི་སྐྱོ་བ་མེད་ཅིང་དེ་ལ་ནི་ངལ་ཞིང་དུབ་པ་ཡང་མེད་དོ། །དཔེ་དེ་བཞིན་དུ་བྱང་སེམས་མཁས་པ་དག་པའི་ས་ཐོབ་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་ཤིང་། ཡེ་ཤེས་དང་རྫུ་འཕྲུལ་གྱི་ཕ་རོལ་ཏུ་སོན་པ་གྱུར་པ་ལ་ནི་འབད་རྩོལ་དང་ངལ་བ་སོགས་མེད་པར། འགྲོ་བ་དག་ལ་སྤྲུལ་པའི་བྱ་བ་རྣམ་པ་མཐའ་ཡས་པ་སྟོན་ཏེ། དེ་ཡང་དུས་ཐུང་ངུ་ཙམ་མིན་པར་བསྐལ་པ་བྱེ་བའི་བར་གཞན་དོན་ལ་ཡིད་སྐྱོ་བ་དང་ངལ་ཞིང་དུབ་པ་འགྱུར་བ་མེད་དོ། །ཡང་དཔེར་ན་མི་འགའ་ཞིག་ནི་གཡང་ས་ཆེན་པོའི་ཁར་འདུག་པར་བྱེད་ཅིང་། ལག་པ་གཉིས་ཀས་གདུགས་གཉིས་འཛིན་ཅིང་གཡང་གི་ནམ་མཁའ་ལ་མཆོང་བར་བྱེད་ཅིང་གཡང་ས་ཆེན་པོ་དེར་ལུས་བོར་ཡང་། རླུང་གི་ཤུགས་ཀྱིས་གདུགས་གཉིས་པ་བ ཏེགས་པའི་རྐྱེན་གྱིས་ལུས་གཡང་དུ་ལྟུང་བའི་ཉེས་པ་བསྐྱེད་པར་མི་འགྱུར་བར། ཇི་སྲིད་རང་འདོད་པའི་གནས་དེར་ནི་འགྲོ་བར་འགྱུར་རོ། །དེ་བཞིན་དུ་བྱང་སེམས་མཁས་པ་སྙིང་རྗེ་ཆེན་པོ་ལ་གནས་ཤིང་། ཐབས་དང་ཤེས་རབ་གཉིས་ཀྱི་གདུགས་ནི་ཡོངས་སུ་བཟུང་སྟེ་ཆོས་རྣམས་ཀྱི་ངོ་བོ་སྟོང་པ་ཉིད་དང་། རྒྱུ་མཚན་མ་མེད་པ་དང་འབྲས་བུ་སྨོན་པ་མེད་པར་རྟོག་ཅིང་དཔྱོད་ཀྱང་། མྱ་ངན་ལས་འདས་པ་ལ་དུས་མ་ཡིན་པར་རེག་པ་མེད་ལ་དོན་དམ་པའི་ཆོས་ཀྱང་མཐོང་ངོ་། །ཡང་དཔེར་ན་རིན་པོ་ཆེ་འདོད་པའི་མི་དེད་དཔོན་རིན་པོ་ཆེའི་གླིང་དུ་སོང་སྟེ་རིན་པོ་ཆེ་རྙེད་ནས་སླར་ཡང་རང་གི་ཁྱིམ་དུ་འོང་བར་འགྱུར་བ་ཡིན་མོད། སྐབས་དེར་ནི་དེད་དཔོན་རང་ཉིད་འབའ་ཞིག་སྐྱིད་ཅིང་བདེ་བར་འཚེ་བར་བྱེད་པར་འདོད་ཅིང་རང་གི་གཉེན་བཤེས་ཀྱི་ཚོགས་རྣམས་ཡིད་མི་བདེ་བར་འཇོག་པར་བྱེད་པ་མིན་པ་ལྟར། དེ་བཞིན་དུ་བྱང་སེམས་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཡིན་པའི་ཕྱིར་སྟོང་ཉིད་རིན་པོ་ཆེའི་གླིང་དུ་སོང་སྟེ་བསམ་གཏན་བཞི་དང་དབང་པོ་ལྔ་དང་སྟོབས་ལ་སོགས་པ་ཐོབ་པ་དེ་ནི། ཡང་དག་པའི་མཐའ་མྱང་འདས་ལ་རེག་པ་སྟེ་མངོན་དུ་བྱེད་པ་འབའ་ཞིག་ལ་མངོན་པར་དགའ་ཞིང་སེམས་ཅན་གྱི་སྡུག་བསྔལ་ཡིད་ལ་མི་དྲན་པར་འཇོག་པར་འགྱུར་བ་མ་ཡིན་ནོ། །འདིའི་དཔེའི་སྐབས་སུ་འབའ་ཞིག་བདེ་བར་འཚོ་བྱེད་ཅིང་ཞེས་དང་། དོན་གྱི་སྐབས་སུ་རེག་པ་འབའ་ཞིག་མངོན་དགའ་ཞིང་ཞེས་པ་གཉིས་ཚིག་ཕྱི་མ་དང་སྦྲེལ་དགོས་ཀྱི་ཚིག་ཟིན་ལྟར་མིན་ནོ། །ཡང་དཔེར་ན་རྒྱ་མཚོ་ནས་རིན་པོ་ཆེ་བླངས་ཏེ་ཁེ་དོན་དུ་གཉེར་བའི་ཚོང་པ་ནི་ཚོང་ཟོང་གི་རྒྱུས་རིན་ཐང་ཤེས་པར་བྱ་བའི་ཕྱིར་དུ་བར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྲོང་གང་ཡིན་པ་དེ་དང་དེར་འགྲོ་ཞིང་། དེ་དང་དེར་ཡང་རྒྱུན་ཏུ་མི་གནས་ལ་རིན་པོ་ཆེའི་གླིང་དུའང་རྒྱུན་དུ་མི་གནས་སོ། །ཁེ་ཚོང་རིག་པ་དེ་ནི་རང་གི་ཁྱིམ་དུ་ཡང་རྒྱུན་དུ་མི་གནས་ཤིང་ལམ་གྱི་བྱ་བ་ལ་མཁས་པར་འགྱུར་རོ། །དེ་བཞིན་དུ་བྱང་སེམས་བློ་གསལ་བ་དེ་ཉན་རང་རྣམས་ཀྱི་ཤེས་པ་དང་རྣམ་པར་གྲོལ་བའི་ཚུལ་ཀུན་ལ་མཁས་ཀྱང་། དེ་དག་ལ་མི་གནས་ཤིང་ད་དུང་སངས་རྒྱས་ཀྱི་ཡེ་ཤེས་ལ་གནས་པ་ཡང་མ་ཡིན་ལ། འདུས་མ་བྱས་ཡང་དག་པའི་མཐའ་ལ་ཞི་བ་དེས་ཐུགས་འཕྲོག་པའི་སྒོ་ནས་མི་གནས་པར་ཐེག་པ་གསུམ་གྱི་ལམ་གྱི་ཚུལ་ཤེས་པར་བྱེད་པ་ཡིན་ནོ། །དེ་ལྟ་ཡང་དག་མཐའ་མངོན་དུ་བྱེད་མི་བྱེད་བརྩི་བ་ནི་འདི་ཡིན་ནོ། །དུས་གང་གི་ཚེ་འགྲོ་བ་ཀུན་ལ་བྱམས་པའི་སེམས་རྗེས་སུ་འབྲེལ་བར་བྱས་ནས། ཏིང་ངེ་འཛིན་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སྤྱོད་པའི་བྱང་སེམས་མཁས་པས་ནི་ཐ་སྙད་དུ་སེམས་ཅན་གྱི་དོན་བྱ་ཡང་། རིགས་པས་དཔྱད་པའི་ཚེ་སེམས་ཅན་དེ་དག་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེའམ། འདུས་བྱས་ཡིན་པར་གདགས་ནུས་པ་དེ་ནི་གནས་མེད་དེ། དཔྱད་པའི་རིག་ཤེས་ཀྱི་ངོ་བོར་སེམས་ཅན་མི་རྙེད་པའི་ཕྱིར་རོ། །འོན་ཀྱང་དཔེར་ན་སྒྱུ་མ་མཁན་གྱི་རྡེའུ་ཤིང་ལྟ་བུ་མིའི་གཟུགས་སུ་སྤྲུལ་པའི་ལུས་ནི་ཐ་སྙད་དུ་མི་སྣང་བར་མ་ཡིན་ཞིང་སྣང་ངོ་། །སྣང་བ་དེ་ནི་མིང་གིས་ཀྱང་ནི་ཐ་སྙད་དུ་དེ་དང་དེར་གདགས་པར་ནུས་པ་ལྟར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམ་ཐར་སྒོ་གསུམ་ལ་སྤྱོད་པ་དེ་ནི་སྤྲོས་བྲལ་གྱི་སྤྱོད་ཚུལ་ཡིན་པས་གཞན་གྱིས་ཇི་ལྟ་བ་བཞིན་ངེས་དཀའ་ཡང་། དེ་ནི་མིང་གིས་ཀྱང་ནི་ཐ་སྙད་དུ་གདགས་པར་ནུས་པ་ཡིན་ནོ། །གལ་ཏེ་གཞན་གྱིས་རྒྱལ་བའི་སྲས་ཀྱི་སྤྱོད་པ་དང་དབང་པོ་སོགས་ཀྱི་ཆོས་ཡོངས་སུ་དྲིས་པ་ལ། ལན་དུ་ཆོས་གཞན་བསྟན་ནས་བྱང་ཆུབ་སེམས་དཔའི་ཆོས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཆོས་ཡོངས་སུ་མི་སྟོན་ཅིང་། ཕྱིར་མི་ལྡོག་པའི་སའི་ཆོས་ཁྱད་པར་ཅན་རྣམས་སྦས་ནས་མི་འཆད་པ་དེ་ནི། རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པ་ཡིན་པར་རིག་པ་སྟེ་ཤེས་པར་བྱའོ། །འདི་དག་གིས་ཐབས་མཁས་ཀྱི་སྦྱོར་བ་བཅུ་བསྟན་ཏེ། འདི་ནི་རྒྱན་ལས། ཡུལ་དང་སྦྱོར་བ་ཅན་འདི་ནི། །ཞེས་སོགས་ཀྱིས་འཆད་པར་མཛད་དོ།། །།དེ་ནས་སྐབས་ལྔ་པས་རྩེ་སྦྱོར་གྱི་རྟགས་རྣམས་འཆད་པ་ལ། ཡུམ་གསུམ་ན་མདོ་ཚིག་ཤིན་ཏུ་མང་ཡང་འདིར་དྲོད་རྩེ་སྦྱོར་གྱི་རྟགས་བཅུ་གཉིས་ནི། དགྲ་བཅོམ་ས་དང་རྐྱེན་གྱི་སངས་རྒྱས་ཡེ་ཤེས་དང་། །ཞེས་སོགས་ཚིགས་བཅད་བཅྭོ་བརྒྱད་ཀྱིས་སྟོན་ཏེ། ཉན་ཐོས་དགྲ་བཅོམ་པའི་ས་ལ་གནས་པ་དང་རྐྱེན་གྱི་རང་སངས་རྒྱས་ཀྱི་ཡེ་ཤེས་དང་ཁམས་གསུམ་གྱི་འདོད་པའི་ཡོན་ཏན་དག་ལ་ནི། དངོས་སུ་དོན་གཉེར་བྱེད་པ་ལྟ་ཅི་རྨི་ལམ་ན་ཡང་མི་འདོད་ཅིང་དངོས་དང་རྨི་ལམ་ཅི་རིགས་པར། །སངས་རྒྱས་རྣམས་མཐོང་ཞིང་འགྲོ་བ་མང་པོ་ལ་དམ་པའི་ཆོས་ཀྱང་སྟོན་པར་བྱེད་པའི་བྱང་སེམས་དེ་ནི། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་པར་རིག་པར་བྱའོ། །དེའི་རྨི་ལམ་ན་ནི་སེམས་ཅན་ངན་སོང་གསུམ་དུ་གནས་པ་མཐོང་སྟེ། སྙིང་རྗེ་ཆེན་པོས་སྐད་ཅིག་དེ་ཉིད་ལ་ངན་སོང་གི་རྒྱུན་གཅོད་པའི་སྨོན་ལམ་འདེབས་སོ། །སྨོན་ལམ་བཏབ་པའི་ཚེ་བདེན་པའི་བྱིན་གྱི་རླབས་ཀྱིས་ངན་སོང་གི་མེ་ཡི་ཕུང་པོ་ཞི་བར་འགྱུར་ཏེ། རྨི་ལྟས་དེ་ནི་བྱང་སེམས་དེ་ཉིད་ཕྱིར་མི་ལྡོག་པར་ལུང་བསྟན་པར་རིག་པར་བྱའོ། །མི་ཡི་འཇིག་རྟེན་ན་ཡང་སེམས་ཅན་གང་དག་འབྱུང་པོ་མི་མ་ཡིན་གྱི་གདོན་དང་འབྱུང་བ་འཁྲུགས་པའི་ནད་མང་བ་མཐོང་ནས། དེ་དག་ལ་ཕན་པ་དང་སྙིང་བརྩེར་ལྡན་པའི་སེམས་ཀྱིས་གདོན་དང་ནད་དེ་དག་ཞི་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལྟར་སྨོན་ལམ་བཏབ་པའི་བདེན་པའི་བྱིན་རླབས་ཀྱིས་གདོན་དང་ནད་དེ་དག་ཞི་བར་འགྱུར་བ་ཡོད་དོ། །འོན་ཀྱང་གདོན་དང་ནད་ཞི་བར་གྱུར་པ་དེ་ལ་བདེན་ཞེན་གྱིས་རློམ་སེམས་མེད་ཅིང་ང་རྒྱལ་སྐྱེ་བ་མེད་པ་དེ་ནི་ཕྱིར་མི་ལྡོག་པར་ལུང་བསྟན་པར་རིག་པར་བྱའོ། །ཅི་སྟེ་བྱང་སེམས་དེ་ནི་བདག་གི་སྨོན་ལམ་བཏབ་པའི་བདེན་པའི་བྱིན་རླབས་ནད་ཞི་བ་སོགས་སྣ་ཚོགས་པ་དག་འདི་ལྟ་བུ་འགྲུབ་ཅིང་འབྱོར་བས་ན། བདག་ནི་སངས་རྒྱས་ཀྱིས་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཡིན་སྙམ་དུ་བདེན་ཞེན་གྱིས་རློམ་སེམས་འབྱུང་བའམ། གལ་ཏེ་བྱང་སེམས་གཞན་གྱི་ལུང་བསྟན་ལ་སྨོད་པའི་རློམ་སེམས་མི་བྱ་སྟེ། དེ་ལྟ་བུའི་རློམ་སེམས་ལ་གནས་པ་དེ་ནི་བློ་ཆུང་བ་དང་བློ་དམན་པ་ཡིན་པར་ཤེས་པར་བྱའོ། །རང་གཞན་གྱི་མིང་བརྗོད་པའི་གཞི་ལས་བདུད་ནི་ཉེ་བར་འོངས་པར་གྱུར་ནས་འདི་སྐད་ཅེས་སྨྲས་ཏེ། མིང་འདི་ནི་སྔོན་ཁྱོད་ཀྱི་མིང་དང་འདི་ནི་ཁྱོད་ཀྱི་ཕ་དང་མ་དང་མེས་པོ་དང་ཡང་མེས་དང་བུ་དང་ཚ་བོ་ལ་སོགས་བདུན་རྒྱུད་གྱིི་བར་གྱི་མིང་ཡིན་ཞིང་། མ་འོངས་པའི་དུས་གང་གི་ཚེ་ཁྱོད་སངས་རྒྱས་སུ་འགྱུར་བའི་སངས་རྒྱས་ཀྱི་མིང་ནི་འདི་ཡིན་ལ། ད་ལྟ་དང་ཕྱིས་ཁྱོད་སྦྱངས་པའི་ཡོན་ཏན་དང་སྡོམ་པ་དང་རྣལ་འབྱོར་ལྡན་པ་ཅི་འདྲ་བ་འབྱུང་བར་འགྱུར་ལ། ཁྱོད་སྔོན་གྱི་ཚེ་ཡོན་ཏན་ཚུལ་ཡང་འདི་དང་འདྲའོ་ཞེས་བརྗོད་དེ། དེ་སྐད་བརྗོད་པ་གང་ཐོས་པ་ན་མིང་ལ་བརྟེན་པའི་ང་རྒྱལ་དང་བདེན་ཞེན་གྱིས་རློམ་སེམས་བྱེད་པའི་བྱང་སེམས་དེ་ནི། བདུད་ཀྱི་བྱིན་རླབས་ཀྱིས་སེམས་ཡོངས་སུ་བསླང་ཞིང་བློ་ཆུང་ངམ་བློ་དམན་དུ་རིག་པར་བྱའོ། །ལྗོན་ཤིང་སོགས་ཀྱིས་རབ་ཏུ་དབེན་པའི་གྲོང་དང་གྲོང་ཁྱེར་དང་རི་སུལ་དང་འབྲོག་དགོན་པ་དང་། མིས་དབེན་པའི་ནགས་ཁྲོད་རབ་ཏུ་སྟེན་པར་བྱེད་ཅིང་བདག་དབེན་པར་གནས་ཀྱིས། བྱང་སེམས་གཞན་དབེན་པར་མི་གནས་སོ་ཞེས་བདག་བསྟོད་ཅིང་གཞན་ལ་སྨོད་པའི་བྱང་སེམས་ནི། བདུད་ཀྱིས་ཡོངས་སུ་བསླང་ཞིང་བློ་ཆུང་བར་རིག་པར་བྱའོ། །འོ་ན་ཇི་ལྟར་གནས་ན་དབེན་པར་གནས་པ་ཡིན་ཞེ་ན། དུས་རྟག་ཏུ་གྲོང་དང་ཡུལ་འཁོར་དང་གྲོང་རྡལ་དུ་གནས་པར་བྱེད་ཅིང་། སེམས་ཅན་སྨིན་པར་བྱེད་པ་དང་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་ལ་བརྩོན་པ་མ་གཏོགས་པར་དེ་ནི་ཉན་རང་དགྲ་བཅོམ་གྱི་ཐེག་པ་འདོད་པ་གཞར་ཏེ་ནམ་ཡང་མི་སྐྱེད་ན། འདི་ནི་བདེ་བར་གཤེགས་པའི་སྲས་བྱང་ཆུབ་སེམས་དཔའི་དབེན་པར་གསུངས་ཏེ། བྱང་ཆུབ་སེམས་དཔའི་ནང་གི་དབེན་པའི་མཆོག་ནི་རང་དོན་ཡིད་བྱེད་ཀྱི་བསམ་པ་དང་ཉན་རང་གི་བྱང་ཆུབ་དོན་གཉེར་གྱི་བསམ་པ་སྡོམ་པ་ཉིད་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གང་ཞིག་ཕྱིའི་ལུས་ནི་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཆེན་པོའི་ས་སུལ་དུ་སྦྲུལ་གྱིས་གང་བའི་རི་དེར་རང་གཅིག་པུར་ལོ་མང་པོ་བྱེ་བའི་བར་དུ་གནས་པར་བྱེད་ཀྱང་། ནང་གི་སེམས་ཉན་རང་ཡིད་བྱེད་དང་བྲལ་བའི་དབེན་པ་བཤད་པ་འདི་མི་ཤེས་པའི་བྱང་སེམས་དེ། ལུས་དབེན་པར་གནས་པ་ཙམ་གྱིས་ལྷག་པའི་ང་རྒྱལ་རྙེད་ནས་ནང་གི་ཉན་རང་ཡིད་བྱེད་དང་འདྲེས་ནས་བྱང་སེམས་ཀྱི་དབེན་པར་གནས་པ་མ་ཡིན་གྱི་འདྲེས་པར་གནས་པ་ཡིན་ནོ། །དེས་ང་རྒྱལ་གྱིས་འདི་སྐད་དུ་ང་དབེན་པར་གནས་ཀྱི་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་ལ་བརྩོན་པ་བསམ་གཏན་དང་སྟོབས་དང་དབང་པོ་ལྔ་དང་རྣམ་ཐར་བརྒྱད་ཀྱི་ཏིང་ངེ་འཛིན་ཐོབ་པ་གྲོང་དུ་གནས་པ་དེ་ལ། བྱང་སེམས་འདི་ནི་དགོན་པའི་དབེན་པར་སྤྱོད་པ་མ་ཡིན་སྙམ་དུ་བརྙས་སྨོད་བྱེད་པ་དེ་ནི་བདུད་ཀྱི་སྤྱོད་ཡུལ་ལ་གནས་ཞེས་རྒྱལ་བས་གསུངས་སོ། །དེ་བས་ན་བྱང་སེམས་གང་ཞིག་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང་སྟེ་ཉན་རང་གི་ཐེག་པ་གཉིས་དོན་གཉེར་གྱི་སེམས་དང་བྲལ་ཞིང་། སངས་རྒྱས་ཀྱི་བྱང་ཆུབ་མཆོག་ལ་ཡིད་རྩེ་གཅིག་ཏུ་ངེས་ན་འདི་ནི་འགྲོ་དོན་ལ་ཞུགས་པའི་བྱང་སེམས་རྣམས་ཀྱི་ནང་གི་དབེན་པ་མཆོག་ཡིན་ཏེ། བྱང་སེམས་གང་ལ་དབེན་པ་འདི་མེད་པར་རིའི་སུལ་ཙམ་ལ་གནས་ཏེ་ང་རྒྱལ་གྱི་དྲོད་སྙམ་བྱེད་པ་དེ་ནི་བདག་ཉིད་ཉམས་པར་བྱེད་པའོ། །རྒྱུ་མཚན་དེ་ལྟ་བས་ན་སངས་རྒྱས་ཀྱི་བྱང་ཆུབ་དམ་པ་ཚོལ་བའི་བསམ་པ་ཤུགས་དྲག་པོ་དང་ལྡན་པའི་མཁས་པས་ང་རྒྱལ་ངེས་པར་བཅོམ་སྟེ། དཔེར་ན་ནད་པའི་ཚོགས་ཀྱིས་རང་གི་ནད་གསོ་བའི་ཕྱིར་དུ་སྨན་པ་བསྟེན་པ་ལྟར། བྱང་སེམས་ཀྱིས་གཡེལ་བ་མེད་པར་ཤེར་ཕྱིན་འདི་སྟོན་པའི་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་མཆོག་ལ་ཞུགས་པའི་བྱང་སེམས་དག་དང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟེན་པར་བྱ་སྟེ། ཕྱིན་དྲུག་དེ་དག་རྗེས་སུ་སྟོན་པར་བྱེད་པ་འདི་ནི་བསྒྲུབ་པའི་གནས་སམ་ས་ཡིན་ནོ། །དེ་ལྟར་ཕྱི་ནང་རྒྱུ་རྐྱེན་རྣམ་པ་གཉིས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་རྟོགས་པ་ཐོབ་པར་འགྱུར་རོ། །རྒྱལ་བ་སངས་རྒྱས་འདས་པ་དང་མ་བྱོན་པ་དང་ཕྱོགས་བཅུ་ན་ད་ལྟ་གང་བཞུགས་པ་ཀུན་གྱི་བགྲོད་པའི་ལམ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ཤེར་ཕྱིན་འདི་ཡིན་གྱི་འདི་དག་མེད་པའི་གཞན་མ་ཡིན་ནོ། །ཤེར་ཕྱིན་འདི་ནི་བྱང་ཆུབ་མཆོག་ལ་ཞུགས་ཤིང་དོན་དུ་གཉེར་བ་རྣམས་ཀྱི་ལམ་གསལ་བྱེད་དང་སྒྲོན་མ་དང་སྣང་བྱེད་དང་སྟོན་པ་མཆོག་ལྟ་བུ་ཡིན་ཞེས་བཤད་དོ། །ཇི་ལྟར་ཤེར་ཕྱིན་ཉིད་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་ཞིང་སྒྱུ་མ་ལྟ་བུ་ཡིན་པ་དེ་བཞིན་དུ་ཆོས་འདི་ཐམས་ཅད་ཀྱང་མཚན་ཉིད་དེ་དང་འདྲ་བར་ཤེས་ཤིང་། ཆོས་རྣམས་ནི་རང་གི་ངོ་བོས་གྲུབ་པས་སྟོང་ཞིང་བདེན་པའི་མཚན་མ་མེད་པར་རབ་ཏུ་ཤེས་ན་ཉིད་དེ་ལྟར་སྤྱོད་པ་དེ་ཤེར་ཕྱིན་ལ་སྤྱོོད་པ་ཡིན་ནོ། །སེམས་ཅན་སོ་སྐྱེ་རྣམས་ཀྱིས་ནི་བདེན་ཞེན་གྱིས་ཡུལ་ལ་ཡོངས་སུ་རྟོག་ཅིང་དཔྱོད་པས་ཁམས་ཀྱི་ཟས་སོགས་ལ་འདུན་ཅིང་ཆགས་པས་འདོད་པར་བྱེད་ཅིང་། ངའོ་སྙམ་དུ་བདག་དང་ང་ཡིའོ་སྙམ་དུ་བདག་གིར་འཛིན་པས་འཁོར་བར་ཆགས་པའི་ཡིད་དང་ལྡན་པ་རྣམས་ནི་རྟག་ཏུ་འཁོར་བར་འཁོར་རོ། །བདག་དང་བདག་གི་བའི་ཆོས་རྣམས་གཉིས་ནི་ཡང་དག་པར་གྲུབ་པ་མིན་པའི་ཕྱིར་རང་བཞིན་གྱིས་སྟོང་པ་ཡིན་ཏེ། དེ་ལྟ་ནའང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་བདེན་སྟོང་གི་ནམ་མཁའ་སྟོང་པ་ལ་ཕྱིན་ཅི་ལོག་གི་བློ་བདེན་ཞེན་གྱི་མདུད་པ་བོར་སྟེ་བཅོམ་ནས་འཆིང་བར་བྱེད་དོ། །ཡང་དཔེར་ན་སྔོན་གྱི་དུས་ཞིག་ཏུ་བྱི་བ་དུག་ཅན་གྱིས་སོ་བཏབ་པ་ན་དུག་ཞུགས་ཀྱང་དེ་མ་ཤེས་ལ། ཕྱིས་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ་ན་དེའི་ཚེ་དུག་དེ་ཁོང་དུ་སོང་བར་མེད་ཀྱང་དྲན་པ་བརྒྱལ་བར་འགྱུར་རོ། །དཔེ་དེ་བཞིན་དུ་བྱིས་པ་སོ་སྐྱེ་བདག་དང་བདག་གིས་བདེན་ཞེན་གྱིས་ཁས་ལེན་པའི་ཚེ་བདག་གོ་ཞེས་བདག་དེར་འདུ་ཤེས་པའི་ངར་འཛིན་གྱི་བློ་དང་ང་ཡིར་འཛིན་པའི་བློ་ཡང་བདག་མིན་པའི་རྟོག་པས་འཁོར་བར་སྐྱེ་ཞིང་འཇིག་པར་འགྱུར་ཏེ། ཇི་ལྟ་ཇི་ལྟར་བདག་དང་བདག་གིར་འཛིན་པ་དེ་ལྟ་དེ་ལྟར་ལས་བསགས་ནས་དེའི་དབང་གིས་ཀུན་ནས་ཉོན་མོངས་པའི་ཕྱོགས་འཁོར་བར་འཁོར་བར་བསྟན་ཅིང་། བདག་དང་བདག་གི་བའི་ཆོས་རྣམས་རང་བཞིན་གྱིས་མི་དམིགས་པར་རྟོགས་ནས་བསྒོམས་པས་རྣམ་པར་བྱང་བའི་ཐར་པ་འཐོབ་པར་འགྱུར་བར་གསུངས་སོ། །འདི་ནི་འཁོར་བར་འཁོར་ཚུལ་དང་གྲོལ་ཚུལ་ངེས་དོན་མཐར་ཐུག་པ་ཡིན་པར་ཤེས་པར་གྱིས་ཤིག །དེ་ལྟར་ཡིན་ཀྱང་ཚུལ་འདི་ལ་ནི་ཐ་སྙད་དུ་ཀུན་རྫོབ་སྒྱུ་མ་ཙམ་མ་གཏོགས། དོན་དམ་པར་སེམས་ཅན་གང་ཡང་ཀུན་ནས་ཉོན་མོངས་པར་འགྱུར་བ་མེད་ཅིང་རྣམ་པར་དག་པར་འགྱུར་བ་ཡང་མེད་དེ། གང་འཁོར་བ་དང་གྲོལ་བ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་དོན་དམ་པར་རང་བཞིན་གྱིས་གྲུབ་པས་སྟོང་པའི་ཕྱིར་རོ། །ཚུལ་དེ་བཞིན་དུ་བྱང་སེམས་ཀྱིས་རྟོགས་ན་ཤེར་ཕྱིན་རྟོགས་པ་སྟེ་ཐོབ་པ་ཡིན་ནོ། །དེས་དྲོད་རྩེ་སྦྱོར་གྱི་རྟགས་བཤད་ནས། གཉིས་པ་རྩེ་མོའི་རྩེ་སྦྱོར་གྱི་རྟགས་བཅུ་དྲུག་ནི། འཛམ་བུའི་གླིང་ན་སོགས་ཚིགས་བཅད་ཉེར་གཅིག་སྟེ། འཛམ་བུའི་གླིང་འདི་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་མ་ལུས་པ་དེ་དག་ཐམས་ཅད་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལོ་སྟོང་ཕྲག་བྱེ་བ་མང་པོའི་བར་དུ་སྦྱིན་པ་སྦྱིན་པར་བྱས་ལ། སྦྱིན་པ་དེའི་དགེ་བ་ཀུན་ཀྱང་འགྲོ་བའི་དོན་གྱི་ཕྱིར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བ་དེ་ནི་ཕན་ཡོན་ཆེ་ཡང་། བྱང་སེམས་གང་ཞིག་སྦྱོར་ལམ་རྩེ་མོའི་རང་བཞིན་གྱི་ཤེར་ཕྱིན་ལ་མངོན་པར་བརྩོན་པའི་རྣལ་འབྱོར་ལ། ཐ་ན་ཉི་མ་གཅིག་ཙམ་ཞིག་རྗེས་སུ་འཐུན་པའི་རྣལ་འབྱོར་བྱེད་ན། དེའི་ཕན་ཡོན་གྱི་བསོད་ནམས་དེ་ལ་བཤད་མ་ཐག་པའི་སྦྱིན་པའི་ཕུང་པོའི་བསོད་ནམས་ཀྱིས་ཆར་ཡང་མི་ཕོད་དོ། །རྒྱུ་མཚན་དེའི་ཕྱིར་གཡེལ་བ་མེད་པར་ཤེར་ཕྱིན་འདི་ལ་འཇུག་པར་བྱའོ། །ཤེར་ཕྱིན་མཆོག་འདི་ལ་སྤྱོད་པའི་རྣལ་འབྱོར་པས་ནི་སེམས་ཅན་ཀུན་ལ་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་ཅིང་སེམས་ཅན་དུ་བདེན་ཞེན་གྱི་འདུ་ཤེས་མེད་དོ། །དེ་ལྟར་བྱེད་པ་དེའི་ཚེ་བྱང་སེམས་མཁས་པ་དེ་འགྲོ་བ་ཀུན་གྱིས་བཀུར་འོས་དང་སྦྱིན་པའི་གནས་སུ་འགྱུར་ཏེ། རྟག་ཏུ་ཡུལ་འཁོར་གྲོང་སོགས་ཀྱི་བསོད་སྙོམས་ལ་སྤྱོད་ཀྱང་དོན་ཡོད་པར་ཡོངས་སུ་སྤྱོད་པའོ། །བྱང་སེམས་གང་ཞིག་འཁོར་བ་འདིར་ལས་ཉོན་གྱིས་ཡུན་རིང་པོ་ནས་བཅིངས་པ་སྟེ་འབྲེལ་བའི་ལྷ་མི་དང་། ངན་སོང་གསུམ་གྱི་སེམས་ཅན་རྣམས་དེ་ལས་དགྲོལ་བའི་ཕྱིར་དུ་ཐེག་པ་ཆེན་པོའི་ལམ་ཡངས་ཤིང་རྒྱ་ཆེ་བ་འཁོར་བའི་ཕ་རོལ་ཏུ་ཕྱིན་པར་བྱེད་པ་འདི། སེམས་ཅན་གྱི་ཁམས་ལ་སྟོན་པར་འདོད་པས་ཉིན་མཚན་ཀུན་ཏུ་ཤེར་ཕྱིན་ལ་བརྩོན་པར་བྱའོ། །དཔེར་ན་མི་ཞིག་གིས་སྔོན་ཆད་མ་རྙེད་པའི་རིན་ཆེན་མཆོག་ནི་དུས་གཞན་ཞིག་ན་རྙེད་པར་གྱུར་ཏེ་དགའ་ཞིང་ཡོད་པ་ལས། རྙེད་མ་ཐག་ཏུ་བག་མེད་པར་གྱུར་ཏེ་མ་བསྲུངས་བས་རིན་པོ་ཆེ་དེ་སྟོར་ན་ནི། དེ་སྟོར་བས་རིན་པོ་ཆེ་མངོན་པར་འདོད་ནས་རྟག་ཏུ་སྡུག་བསྔལ་བར་འགྱུར་རོ། །དེ་ལྟར་བྱང་ཆུབ་མཆོག་ལ་ཞུགས་པའི་ཚེ་རིན་པོ་ཆེ་ལྟ་བུའི་ཤེར་ཕྱིན་འདི་ལ་རྣལ་འབྱོར་འདོར་མི་བྱ་ཞིང་། དོར་ན་འཁོར་བར་སྡུག་བསྔལ་བར་འགྱུར་རོ། །དཔེར་ན་རིན་པོ་ཆེ་རྙེད་ནས་བླངས་ཏེ་རབ་ཏུ་བརྩོན་པས་དཀྲིས་ཤིང་བསྲུངས་པའི་སྒོ་ནས་མཆོད་ན། མི་དེ་མྱུར་དུ་འབྱོར་ལྡན་དུ་འགྲོ་བ་བཞིན་དུ་རྣལ་འབྱོར་པ་རང་ཉིད་ལམ་འདི་དང་མ་བྲལ་ན་མྱུར་དུ་ཞི་བ་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ། །དཔེར་ན་ཉི་མ་སྤྲིན་དང་བྲལ་བའི་འོད་ཟེར་གྱི་དྲ་བ་ཅན་ནི་མུན་ནག་འཐིབ་པོའི་མུན་པ་ཐམས་ཅད་འཇོམས་ཤིང་འཆར་བའི་འོད་ཀྱིས། སྲིན་བུ་མེ་ཁྱེར་དང་སྲོག་ཆགས་འབྱུང་པོ་འགྲོ་བ་གཞན་ཐམས་ཅད་སྐར་མའི་ཚོགས་དང་ཟླ་བའི་འོད་ཀུན་ཟིལ་གྱིས་གནོན་པར་བྱེད་དོ། །དཔེ་དེ་བཞིན་དུ་བྱང་སེམས་ཤེར་ཕྱིར་མཆོག་ལ་སྤྱོད་ཅིང་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་སྤྱོད་པའི་མཁས་པས་ནི། འཇིག་རྟེན་ལྟ་བའི་འཐིབ་པོ་ངན་པ་ཀུན་བཅོམ་ནས་འགྲོ་བ་གཞན་ཀུན་དང་ཉན་རང་དགྲ་བཅོམ་དང་བྱང་ཆུབ་སེམས་དཔའ་གཞན་མང་པོ་ཡང་ཟིལ་གྱིས་གནོན་པར་བྱེད་དོ། །དཔེར་ན་རྒྱལ་པོའི་བུ་ཞིག་མི་གཞན་ལ་རྒྱུ་ནོར་གཏོང་ཞིང་སྦྱིན་པས་ཕན་པའི་དོན་འདོད་པ་དེ་ནི། གཞན་ཀུན་གྱི་གཙོ་བོར་གྱུར་ཏེ་མངོན་པར་བསྟེན་ཏེ་འགྲོ་བའི་བྱ་དང་བཅས་པར་འོས་སོ། །རྒྱལ་པོའི་བུ་འདི་ནི་རྒྱལ་སར་མ་བསྐོས་ཀྱང་ད་ལྟ་ན་ཡང་སེམས་ཅན་མང་པོ་དགའ་བར་བྱེད་ནུས་ན། ནམ་ཞིག་རྒྱལ་པོའི་སྲིད་ཐབས་ཐོབ་ནས་རྒྱལ་སྲིད་ལ་གནས་པར་གྱུར་པའི་ཚེ་ན་གཞན་མང་པོ་དགའ་བར་བྱེད་ནུས་པ་སྨོས་ཅི་དགོས་སོ། །དཔེ་དེ་ལྟར་ཤེར་ཕྱིན་ལ་སྤྱོད་མཁས་པའི་བྱང་སེམས་ཡང་གཞན་ལ་ཆོས་ཀྱི་བདུད་རྩི་སྦྱིན་པར་བྱེད་ཅིང་ལྷ་དང་མི་རྣམས་ལ་ཕན་འདོགས་ཤིང་དགའ་བར་བྱེད་དོ། །བྱང་སེམས་འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་པོ་ལ་ཕན་པར་བརྩོན་ན་ཆོས་ཀྱི་རྒྱལ་པོ་སངས་རྒྱས་སུ་གནས་པར་གྱུར་ན་ཕན་འདོགས་པ་སྨོས་ཅི་དགོས་སོ། །བྱང་སེམས་ཀྱིས་གཞན་ལ་ཆོས་ཀྱིས་ཕན་འདོགས་པ་དེའི་ཚེ་ན་བདུད་སྡིག་ཅན་ནི་མ་དགའ་བས་སྙིང་ལ་སྡུག་བསྔལ་གྱི་ཟུག་རྔུ་ལྡན་པར་འགྱུར་ཞིང་། མྱ་ངན་བྱེད་ཅིང་ཉམ་ཐག་པའི་ཚིག་སྨྲ་བ་དང་སྡུག་བསྔལ་གྱིས་ཡིད་མི་བདེ་ཞིང་ལུས་ཉམ་ཆུང་བར་གྱུར་ཏེ། ཇི་ལྟར་བྱས་ན་བྱང་སེམས་འདིའི་ཡིད་ཆོས་ལ་ཐེ་ཚོམ་དང་སོམ་ཉི་ནེ་ནུར་དུ་འགྱུར་ཞེས་བསམས་ཤིང་། བྱང་སེམས་དེ་ལ་འཇིགས་པ་བསྟན་པའི་ཕྱིར་དུ་ཕྱོགས་རྣམས་མེས་སྲེག་པར་བྱེད་ཅིང་སྐར་མདའ་གཏོང་ངོ་། །འོན་ཀྱང་དུས་གང་གི་ཚེ་བྱང་སེམས་མཁས་པ་དེ་དག་བྱམས་སྙིང་རྗེའི་བསམ་ཤུགས་རབ་ཏུ་དྲག་པོ་དང་ལྡན་ཞིང་། ཉིན་མཚན་ཀུན་ཏུ་ཤེར་ཕྱིན་མཆོག་གི་དོན་ལ་ལྟ་ཞིང་སྒོམ་པ་དེའི་ཚེ། ལུས་དང་སེམས་དག་ནི་ནམ་མཁའ་ལ་འགྲོ་བའི་བྱ་ལྟར་སྟོང་པ་ཉིད་དུ་ཞུགས་ཤིང་རྒྱུ་བའི་བྱང་སེམས་ལ་ནི། ནག་པོའི་རྩ་ལག་བདུད་འཁོར་དང་བཅས་པ་རྣམས་ཀྱིས་གླགས་བཙལ་ཀྱང་གླགས་རྙེད་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །དུས་གང་གི་ཚེ་བྱང་སེམས་འགའ་ཞིག་འཐབ་པ་དང་རྩོད་པར་གྱུར་ཅིང་ཕན་ཚུན་མི་མཐུན་པར་ཁྲོས་པའི་སེམས་དང་ལྡན་པར་གྱུར་པ་དེའི་ཚེ། བདུད་འཁོར་བཅས་ནི་མཆོག་ཏུ་དགའ་ཞིང་ཉམས་བདེ་བར་འགྱུར་ཏེ། དེ་འདི་སྙམ་དུ་བྱང་སེམས་དེ་གཉིས་ཀ་རྒྱལ་བའི་ཡེ་ཤེས་ལས་རིང་དུ་འགྱུར་སྙམ་ཞིང་། དེ་གཉིས་ཀ་སངས་རྒྱས་ཐོབ་པ་ལ་རྒྱང་རིང་དུ་འགྱུར་ཞིང་ཤ་ཟ་དང་འདྲ་བར་འགྱུར་རོ་སྙམ་མོ། །འདི་གཉིས་ཀ་རང་གི་དམ་བཅས་པ་ལས་ཉམས་པར་བྱེད་པར་འགྱུར་ཞིང་། ཞེ་སྡང་ཆེ་ཞིང་བཟོད་པ་དང་བྲལ་བ་ལ་ནི་སངས་རྒྱས་ཀྱི་བྱང་ཆུབ་ག་ལ་ཡོད་སྙམ་ནས་དེའི་ཚེ་བདུད་རྣམས་ཕྱོགས་དང་བཅས་ཏེ་དགའ་བར་འགྱུར་རོ། །ལུང་བསྟན་མ་ཐོབ་པའི་བྱང་སེམས་སོ་སྐྱེ་གང་ཞིག་གིས་ལུང་བསྟན་ཐོབ་པའི་བྱང་སེམས་ལ་སེམས་ཁྲོས་ནས་རྩོད་པ་རྩོམ་པར་བྱེད་ན། ཐ་བ་ཁོང་ཁྲོའི་སྐྱོན་དང་ལྡན་པའི་སེམས་ཀྱི་སྐད་ཅིག་ཇི་སྙེད་པའི་གྲངས་དེ་སྙེད་གྱི་བསྐལ་པའི་བར་དུ་དམྱལ་བར་གནས་པ་དང་སླར་ཡང་གཞི་ནས་གོ་ཆ་བགོས་ཏེ་ལམ་ལ་སློབ་དགོས་སོ། །དེ་ནི་ཁོང་ཁྲོས་འཚང་མྱུར་དུ་རྒྱ་བའི་ནུས་པ་བཅོམ་ནས་རྒྱང་རིང་དུ་བྱས་པའོ། །བྱང་སེམས་དེས་འདི་སྙམ་དུ་སངས་རྒྱས་ཀྱིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་བྱང་ཆུབ་རེག་པ་སྟེ་ཐོབ་པར་གསུངས་པས། བཟོད་པ་དང་བྲལ་བ་ཁྲོ་བའི་སེམས་འདི་ནི་བཟང་བ་མིན་སྙམ་པའི་དྲན་པ་སྐྱེད་པར་བྱེད་ཅིང་། མ་བཟོད་པའི་ཉེས་པ་སོ་སོར་འཆགས་པར་བྱེད་ཅིང་ཕྱིས་ཀྱང་མི་བྱེད་པའི་སྡོམ་སེམས་བྱེད་ལ། ཁྲོ་བ་ལ་དགའ་བར་མི་བྱེད་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཤེར་ཕྱིན་འདིར་སློབ་པར་བྱེད་པ་ཡིན་ནོ། །སྤྱིར་དུག་གསུམ་གྱི་ནང་ནས་ཞེ་སྡང་ཉེས་དམིགས་ཆེ་ཞིང་ལྷག་པར་བླ་མ་དང་བྱང་སེམས་སོགས་ཡུལ་ཁྱད་པར་ཅན་ལ་ཁྲོས་པ་ནི་ཉེས་དམིགས་ཤིན་ཏུ་ཆེ་བས་བཟོད་པ་གལ་ཆེ་བའི་དོན་ནོ། །བྱང་སེམས་གང་ཞིག་མི་དམིགས་པར་ཤེར་ཕྱིན་ལ་སློབ་པའི་ཚེ་དོན་དམ་པར་བསླབ་པ་གང་ཡང་ཁས་མི་ལེན་ཏེ། སློབ་པར་བྱེད་པ་པོ་དང་བསླབ་པར་བྱ་བའི་ཆོས་རྣམས་ནི་དོན་དམ་པར་མི་དམིགས་ཤིང་། གང་ལ་བསླབ་པར་བྱ་བ་དང་བསླབ་པར་བྱ་བ་མ་ཡིན་པ་འདི་གཉིས་ཀ་ལ་ནི་བདེན་ཞེན་གྱིས་མི་རྟོག་པ་དེ་ལྟར་གང་སློབ་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཤེར་ཕྱིན་འདིར་སློབ་ཚུལ་ཡིན་ནོ། །བྱང་སེམས་གང་ཞིག་དེ་ལྟ་བུའི་བསླབ་པར་བྱ་ཚུལ་འདི་ཤེས་པ་དེ་ནི་དུས་གཞར་ཡང་སྟེ་ནམ་ཡང་བསླབ་པ་ཉམས་ཏེ་ཚུལ་ཁྲིམས་འཆལ་བར་མི་འགྱུར་ལ། བྱང་སེམས་དེ་ནི་སངས་རྒྱས་ཀྱི་ཆོས་ཆེན་པོ་བརྙེས་པར་བྱ་བའི་ཕྱིར་ཤེར་ཕྱིན། འདི་ལ་སློབ་ཅིང་། དེ་ནི་བསླབ་པ་ལ་ལྷག་པར་བསླབ་པར་བྱ་བ་ལ་མཁས་ཏེ་བདེན་ཞེན་གྱིས་དམིགས་པ་མེད་དོ། །མཁས་པ་ཡེ་ཤེས་ཀྱི་འོད་འཕྲོ་བར་བྱེད་པ་རྣམས་ཀྱིས་ཤེས་རབ་ལ་དེ་ལྟར་སློབ་པར་བྱེད་ཅིང་དེའི་མཐུས་དགེ་བའི་ཕྱོགས་མ་ཡིན་པ་མི་དགེ་བའི་སེམས་གཅིག་ཙམ་ཡང་སྐྱེད་པར་མི་བྱེད་དོ། །དེ་ནི་དཔེར་ན་ཉི་མ་ནམ་མཁའ་ལ་འགྲོ་བའི་འོད་ཟེར་གྱིས་ཟིལ་གྱིས་གནོན་པའི་མདུན་གྱི་བར་སྣང་ལ་ནི་མུན་པ་མི་གནས་པ་བཞིན་དུའོ། །ཤེར་ཕྱིན་ལ་ལེགས་པར་བསླབ་པར་བྱས་པ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་ཐམས་ཅད་ཀྱང་ཤེར་ཕྱིན་འདིར་ནི་བྱེད་ལས་ཀྱི་སྒོ་ནས་འདུས་པར་འགྱུར་ཞིང་། འཇིག་ཚོགས་ལ་ལྟ་བར་ནི་རྩ་བའི་དབང་དུ་བྱས་ན་ལྟ་བ་གཞན་རྣམས་ནི་དེ་ལས་བྱུང་བས། མདོ་སྡེ་ཚངས་པའི་དྲ་བ་ནས་འབྱུང་བའི་ལྟ་བ་དྲུག་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་འཇིག་ལྟའི་འཁོར་དུ་འདུས་པར་འགྱུར་བ་བཞིན་དང་། འཇིག་ལྟ་འགགས་ན་ལྟ་ངན་གཞན་འགག་པ་ནི། དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་གཞན་གང་དག་ཇི་སྙེད་ཡོད་པ་ཐམས་ཅད་འགགས་པ་འགྱུར་བ་བཞིན་ནོ། །དེ་ལྟར་ཤེར་ཕྱིན་ལ་སྤྱོད་པའི་བྱང་སེམས་མཁས་པ་མཆོག་རྣམས་ཀྱི་ཕར་ཕྱིན་གཞན་ཐམས་ཅད་ཀྱང་ཤེར་ཕྱིན་འདིར་བྱེད་ལས་ཀྱི་སྒོ་ནས་འདུས་པར་གསུངས་སོ། །གསུམ་པ་བཟོད་པ་རྩེ་སྦྱོར་ནི། བྱང་ཆུབ་སེམས་མཁས་སོགས་ཚིགས་བཅད་གཅིག་སྟེ། བྱང་སེམས་མཁས་པ་ནི་ཉན་ཐོས་གང་དག་དང་དེ་བཞིན་དུ་རང་རྒྱལ་གྱི་ཡོན་ཏན་ཀུན་ལ་ཤེས་མཐོང་གིས་ལྟ་བ་ལ་སློབ་པར་བྱེད་ཅིང་། ཉན་རང་གི་ཡོན་ཏན་དེ་དག་ལ་མི་གནས་པ་དང་ཐོབ་པའི་འདོད་པ་མི་སྐྱེད་དེ། ཉན་རང་གི་ཡོན་ཏན་འདི་དག་གིས་མངོན་དུ་བྱ་བ་མ་ཡིན་ཀྱང་བསླབ་བྱ་ཡིན་སྙམ་སྟེ་དེའི་ཕྱིར་སློབ་སྙམ་མོ། །བཞི་པ་ཆོས་མཆོག་རྩེ་སྦྱོར་ནི། མི་ལྡོག་བྱང་ཆུབ་སོགས་ཚིགས་བཅད་གཉིས་ཏེ། བྱང་སེམས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་རྣམས་ཀྱི་དགེ་བ་དང་སེམས་བསྐྱེད་པ་སོགས་ལ། སུ་ཞིག་བསམ་པ་ཐག་པས་རྗེས་སུ་ཡི་རང་བ་བྱས་ན་དེ་ལྟར་ཡི་རང་བའི་བསོད་ནམས་ནི་ཤིན་ཏུ་ཆེ་སྟེ། དཔེར་ན་སྟོང་གསུམ་འདི་ནི་རིའི་རྒྱལ་པོ་རི་རབ་ཇི་སྙེད་པ་ཐམས་ཅད་བསྡོམས་ནས་སྲང་ལ་གཞལ་བར་བྱས་ན། སྲང་ཚད་འདི་ཙམ་ཞིག་སྣང་ངོ་ཞེས་ཚད་གཟུང་དུ་རུང་གི་རྗེས་སུ་ཡི་རང་བའི་དགེ་བ་དེ་ནི་དེ་ལྟར་ཚད་གཟུང་བར་ནུས་པ་མིན་ཏེ་ཚད་མེད་དོ། །བྱང་སེམས་དེ་རྣམས་ཀྱི་དགེ་བ་ཀུན་ལ་རྗེས་སུ་ཡི་རང་ན་དགེ་བ་དོན་གཉེར་ཅན་རྣམས་དང་། གཞན་ལ་ཕན་འདོད་པའི་བྱང་སེམས་སོགས་སེམས་ཅན་ཇི་སྙེད་ཡོད་པ་ཀུན་གྱི་བསོད་ནམས་ཀྱི་ཕུང་པོ་ལ་ཡང་རྗེས་སུ་ཡི་རང་བར་བྱས་པར་འགྱུར་ཏེ་ཕན་ཡོན་ཤིན་ཏུ་ཆེའོ། །ཡུམ་གསུམ་ན་འདིར་སེམས་དང་པོ་བསྐྱེད་པ་དང་སྤྱོད་པ་ལ་ཞུགས་པ་དང་ཕྱིར་མི་ལྡོག་པ་དང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་རྣམས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བའི་ཕན་ཡོན་དུ་བཤད་དོ། །རྒྱུ་མཚན་དེའི་ཕྱིར་ན་བྱང་སེམས་དེ་དག་ནི་རིམ་གྱིས་རྒྱལ་བའི་ཡོན་ཏན་ཐོབ་ཅིང་སངས་རྒྱས་པར་གྱུར་ནས་སེམས་ཅན་གྱི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་འཇིག་རྟེན་དུ་ཆོས་ཀྱི་སྦྱིན་པ་བྱེད་པར་འགྱུར་རོ། །འདི་དག་ནི་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་མཐོང་ལམ་རྩེ་སྦྱོར་འཆད་པ་ལ་ཐོག་མར་མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་ནི། ཡུམ་གསུམ་ན་ཚིག་མང་ཡང་འདིར་ནི། བྱང་ཆུབ་སེམས་དཔའ་གང་ཞིག་མི་རྟོག་ཆོས་རྣམས་ཀུན། །ཞེས་སོགས་ཚིགས་བཅད་བཅུ་གཉིས་ཏེ། །བྱང་སེམས་གང་ཞིག་ཆོས་རྣམས་ལ་བདེན་ཞེན་གྱིས་མི་རྟོག་ཅིང་ཆོས་རྣམས་ཀུན་ནི་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་དང་། རྒྱུ་འབྲས་དོན་དམ་པར་མཚན་མ་མེད་པ་དང་སྤྲོས་པ་མེད་པ་ཡོངས་སུ་ཤེས་པ་དེ་ནི་ཤེར་ཕྱིན་ཡིན་ལ། ཤེས་རབ་ཀྱིས་གཟུང་འཛིན་བདེན་མེད་དུ་རྟོགས་ཏེ་གཟུང་འཛིན་གྱི་རྣམ་པར་རྟོག་པ་གཉིས་ཀྱི་སྒོ་ནས་བྱང་ཆུབ་ཚོལ་བར་མི་བྱེད་དེ། རྣམ་རྟོག་སྤངས་པའི་རྣལ་འབྱོར་བ་དེ་ཤེར་ཕྱིན་མཆོག་ལ་བརྩོན་པ་ཡིན་ནོ། །དཔེར་ན་ནམ་མཁའི་ཁམས་དེ་དང་དེ་ནི་ནམ་མཁའི་ཆ་ཤས་དེར་འགལ་བ་ཡོད་པ་མིན་ཏེ། དེ་གཉིས་ཀའང་དགག་བྱ་ཐོགས་རེག་བཀག་པའི་སྟོང་ཆ་ཡིན་པར་མཚུངས་པས་གང་གིས་ཀྱང་སྟོང་ཆ་དེ་མ་ཐོབ་བོ། །དེ་བཞིན་དུ་ཤེས་རབ་སྤྱོད་མཁས་བྱང་སེམས་ཡང་བདེན་སྟོང་ནམ་མཁའ་ལྟ་བུ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ཡིན་ཏེ། རང་གི་ངོ་སྐལ་གྱི་གཟུགས་འཛིན་གྱི་རྣམ་པར་རྟོག་པ་རྣམས་ཉེ་བར་ཞི་བར་སྤྱོད་ཅིང་སྤོང་བའི་ཕྱིར་རོ། །དཔེར་ན་སྐྱེ་བོ་མང་པོའི་དབུས་སུ་སྒྱུ་མའི་སྐྱེས་བུས་རྟ་གླང་སོགས་སྒྱུ་སྣ་ཚོགས་བྱས་ཏེ་སྒྱུ་དེ་དག་གིས་འདི་སྙམ་དུ། ལྟད་མོ་བ་འདི་རྣམས་ནི་མགུ་བར་བྱའོ་སྙམ་དུ་མི་སེམས་ཀྱང་མགུ་བ་དེ་ཡང་བྱེད་ཅིང་། རྡེའུ་དང་ཤིང་བུ་སོགས་ལ་མི་དང་རྟ་གླང་སོགས་རྫུ་འཕྲུལ་སྣ་ཚོགས་རབ་ཏུ་སྟོན་པར་བྱེད་པ་མཐོང་ཡང་། སྒྱུ་མའི་སྤྲུལ་པ་དེ་ལ་ནི་མི་རྟ་སོགས་ཀྱི་ལུས་དངོས་མེད་ཅིང་སེམས་མེད་ཀྱང་མེད་ལ། དེ་དག་ལ་ནི་མི་རྟ་སོགས་ཀྱི་མིང་དངོས་གནས་སུ་འཇུག་པ་མེད་ཅིང་ཕྱིས་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་སེམས་ཤེར་ཕྱིན་ལ་སྤྱོད་པ་མཉམ་གཞག་གི་ཚེ་འདི་སྙམ་དུ་བདག་གིས་བྱང་ཆུབ་རྟོགས་པ་སྟེ་ཐོབ་ནས་འགྲོ་བ་ཡོངས་སུ་དགྲོལ་བར་མི་སེམས་སོ། །བྱང་སེམས་ཀྱི་རྗེས་ཐོབ་ཏུ་ནི་ལྷ་མི་སོགས་ཀྱི་སྐྱེ་བ་སྣ་ཚོགས་དང་བྱ་བ་མང་པོ་དང་སྒྱུ་མ་ལྟ་བུར་སྟོན་ཀྱང་། དེ་ལ་བདེན་ཞེན་གྱིས་རྣམ་པར་མི་རྟོག་ཅིང་འབད་རྩོལ་རགས་པ་དང་བྲལ་བར་སྤྱོད་དོ། །དཔེར་ན་སངས་རྒྱས་ཀྱི་སྤྲུལ་པས་ཆོས་སྟོན་པ་སོགས་ཀྱིས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་བྱེད་ཀྱང་། དེ་ལྟར་བྱེད་པ་དེ་ལ་ང་རྒྱལ་དང་དྲེགས་པ་ཅུང་ཟད་ཀྱང་སྐྱེ་བར་མི་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ལ་སྤྱོད་མཁས་པའི་བྱང་སེམས་ཀྱིས་ཀྱང་སྤྲུལ་པ་སྒྱུ་མ་བཞིན་དུ་བྱ་བ་ཐམས་ཅད་སྟོན་ཀྱང་དྲེགས་པ་མི་སྐྱེའོ། །ཡང་དཔེར་ན་ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་འདྲ་བའི་བཟོ་བྱས་ནས་བྱས་པ་དེས་ཀྱང་མི་རྟོག་པར་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཤེས་རབ་ལ་སྤྱོད་མཁས་པའི་བྱང་སེམས་ཡང་འབད་རྩོལ་རགས་པའི་རྣམ་པར་རྟོག་པ་མེད་པར་ཡེ་ཤེས་ཀྱིས་བྱ་བ་ཐམས་ཅད་བྱེད་དོ། །དེ་ལྟར་སྤྱོད་མཁས་པའི་བྱང་སེམས་རྣམས་ལ་ལྷའི་ཚོགས་མང་པོ་དག་ཐལ་མོ་སྦྱར་བ་བཏུད་ནས་ཕྱག་ཀྱང་འཚལ་བར་བྱེད་དོ། །དེར་མ་ཟད། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཇི་སྙད་ཡོད་པ་ཀུན་གྱིས་ཀྱང་། བྱང་སེམས་དེའི་ཡོན་ཏན་བསྔགས་པའི་ཕྲེང་བ་ཡོངས་སུ་བརྗོད་པར་མཛད་དོ། །དཔེར་ན་གདྒཱའི་ཀླུང་གི་བྱེ་མའི་གྲངས་དང་མཉམ་པའི་ཞིང་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་ཀུན་ནི་ཡོངས་སུ་བརྟག་པ་གཟུང་སྟེ་ཐམས་ཅད་བདུད་དུ་གྱུར་ལ། བདུད་དེ་དག་གི་བ་སྤུའི་ཉག་མ་རེ་རེ་ལས་ཀྱང་བདུད་དེ་སྙེད་ཅིག་སྤྲུལ་པར་བྱས་ཀྱང་། དེ་དག་ཀུན་གྱིས་བྱང་སེམས་མཁས་པ་དེ་ལ་བར་ཆད་བྱ་བར་མི་ནུས་སོ། །རྒྱུ་རྣམ་པ་བཞིའི་སྒོ་ནས་བྱང་སེམས་མཁས་པ་དེ་གཞན་གྱིས་མི་ཐུབ་པའི་སྟོབས་དང་ལྡན་པས་བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་པ་ཡིན་ཏེ། བཞི་གང་ཞེ་ན་སྟོང་པ་ཉིད་མངོན་སུམ་དུ་རྟོགས་ནས་དེ་ལ་གནས་པ་དང་སེམས་ཅན་ཐམས་ཅད་སྙིང་རྗེ་ཡོངས་སུ་མི་གཏོང་བ་དང་སངས་རྒྱས་ཀྱིས་བསླབ་པ་ཇི་སྐད་སྨྲས་པ་བཞིན་བྱེད་པ་དང་བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཅན་དང་བཞི་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་ཡུམ་ཤེར་ཕྱིན་འདི་འཆད་པའི་ཚེ་བྱང་སེམས་གང་ཞིག་མོས་པ་བྱེད་ཅིང་། བསམ་པ་ཐག་པས་སྒྲུབ་པ་ལ་མངོན་པར་བརྩོན་པར་བྱེད་ན་བྱང་སེམས་ངེས་པ་དེ་ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་པར་རིག་པར་བྱའོ། །བྱང་སེམས་དེ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག་ནས་བདེན་ཞེན་གྱིས་གནས་པར་མི་འགྱུར་ཞིང་། དཔེར་ན་བར་སྣང་གི་སྤྲིན་ནི་རྟེན་གཞན་མེད་པར་ནམ་མཁའ་ལ་གནས་དེ་བཞིན་དུ། །སྟོང་ཉིད་ནམ་མཁའ་ལྟ་བུ་ལ་དོན་དམ་པར་གནས་པ་མེད་པའི་ཚུལ་གྱིས་གནས་སོ། །དེ་ལྟར་གནས་ནུས་ཏེ་རིག་སྔགས་འཆང་བ་འགའ་ཞིག་ནི་གནས་པའི་རྟེན་གཞན་མེད་པར། རླུང་གི་འཕྲུལ་གྱིས་ནམ་མཁའ་ལ་རྒྱུ་ཞིང་གནས་པར་འདོད་པ་དེས། སྔགས་ཀྱི་མཐུས་ནམ་མཁའ་ལ་དུས་མ་ཡིན་པར་མེ་ཏོག་དང་ལྡན་ཞིང་། འབྱུང་བར་བྱིན་གྱིས་རློབ་པར་བྱེད་པ་བཞིན་ནོ། །དེ་ལྟར་སྤྱོད་པའི་བྱང་སེམས་མཁས་པ་བློ་གསལ་བ་དེས་རྟོགས་པར་བྱེད་པ་དང་གཟུང་བར་སྒྲོ་བཏགས་པ་ལྟར་མི་དམིགས་ཤིང་། འཇུག་བྱའི་སངས་རྒྱས་ཀྱིས་ཆོས་རྣམས་ཀྱང་བདེན་པར་དམིགས་པར་མི་འགྱུར་རོ། །འཆད་པར་བྱེད་པ་འཛིན་པའི་རྣམ་རྟོག་གིས་སྒྲོ་བཏགས་པ་དང་ཆོས་འདོད་པ་དང་ལྟ་བུར་བྱེད་པའི་རྣམ་རྟོག་གཞན་ཡང་དོན་དམ་པར་མི་དམིགས་སོ། །མདོར་ན་འདིས་ནི་གཟུང་འཛིན་གྱི་ཆོས་གང་ལའང་བདེན་ཞེན་མི་བྱེད་པར་སྟོན་ནོ། །དེ་ལྟར་གནས་པ་འདི་ནི་ཞི་བ་མི་གནས་པའི་མྱང་འདས་འདོད་ཅིང་། སྟོབས་ལ་སོགས་པའི་ཡོན་ཏན་ཐོབ་འདོད་ལ་དགའ་བའི་གནས་ཡིན་ནོ། །འདི་ནི་རྒྱན་ལས། འཇུག་པ་དང་ནི་ལྡོག་པ་ལ། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་མཐོང་ལམ་གྱི་རྒྱུ་གསུམ་དང་མཐོང་ལམ་རྩེ་སྦྱོར་འཆད་པའི་ཡུམ་གསུམ་གྱི་མདོ་མང་ཡང་། འདིར། དགྲ་བཅོམ་རྣམ་ཐར་དེ་བཞིན་གཤེགས་ཀྱི་མ་གཏོགས་པར། །ཞེས་སོགས་ཚིགས་བཅད་བཅུས་མཐོང་ལམ་རྩེ་སྦྱོར་རྒྱུ་དང་བཅས་པ་སྟོན་ཏེ། བྱང་སེམས་དེ་དགྲ་བཅོམ་པ་རྣམ་པར་ཐར་བ་བརྒྱད་ལ་གནས་པ་དང་དེ་བཞིན་གཤེགས་པའི་གནས་པ་མ་གཏོགས་པར། བྱང་སེམས་ཀྱི་གནས་པ་འདི་ནི་ཉན་ཐོས་རང་རྒྱལ་དང་བཅས་པའི་གནས་པ་ཞི་བའི་ཏིང་ངེ་འཛིན་རབ་ཏུ་ཞི་བའི་བདེ་བ་དང་ལྡན་པ་ཇི་སྙེད་ཀུན་གྱི་མཆོག་དང་གོང་ན་མེད་པ་ཡིན་ནོ། །དཔེར་ན་འདབ་ཆགས་བྱ་ནི་ནམ་མཁའ་ལ་འཕུར་ཞིང་གནས་ཀྱང་ས་ལ་ལྟུང་བར་འགྱུར་བ་མ་ཡིན་ཞིང་། ཉ་ནི་ཆུའི་ནང་དུ་གནས་ཀྱང་ཆུས་འཚུབས་ཏེ་འཆི་བ་མེད་པ་དེ་ལྟར། བྱང་ཆུབ་སེམས་དཔའ་བསམ་གཏན་བཞིའི་སྟོབས་དག་གིས་མཐོང་བའི་ལམ་གྱི་ཕ་རོལ་ཏུ་སོན་པ་ནི། སྟོང་པ་ཉིད་མངོན་སུམ་དུ་རྟོགས་ནས་དེ་ལ་གནས་ཀྱང་དུས་མ་ཡིན་པར་མྱ་ངན་ལས་འདས་པ་མངོན་དུ་མི་བྱེད་དོ། །དེ་བས་ན་སེམས་ཅན་ཀུན་གྱི་ཡོན་ཏན་གྱི་མཆོག་ཆོས་སྐུར་འགྲོ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་མཆོག་ཏུ་རྨད་དུ་བྱུང་བ་མཆོག་ལ་རེག་པ་དང་། ཆོས་ཀྱི་སྦྱིན་པ་རབ་མཆོག་དམ་པ་གཞན་ལ་སྦྱིན་པར་འདོད་པ་དག་གིས་ཕན་མཛད་སངས་རྒྱས་འབྱུང་བའི་གནས་མཆོག་ཤེར་ཕྱིན་འདི་ལ་བསྟེན་པར་གྱིས་ཤིག །མཐོང་བའི་ལམ་གྱི་བསླབ་པ་འདི་ནི་འདྲེན་པ་སངས་རྒྱས་ཀྱིས་བཤད་པའི་བསླབ་པ་ཡོངས་སུ་རྫོགས་པ་བསླབ་པ་འོག་མ་ཇི་སྙེད་ཡོད་པ་ཀུན་གྱི་ནང་ན་མཆོག་དང་གོང་ན་མེད་པ་ཡིན་ནོ། །དེས་ན་མཁས་པ་གང་ཞིག་བསླབ་པ་ཀུན་གྱི་ཕ་རོལ་ཏུ་འགྲོ་བར་འདོད་པ་དེས་ནི། སངས་རྒྱས་ཀྱི་བསླབ་པ་ཟད་མི་སྐྱེ་ཤེས་པའི་ཤེར་ཕྱིན་འདིར་སློབ་བོ། །འདི་ནི་ཆོས་ཀྱི་གཏེར་མཆོག་དང་ཆོས་ཀྱི་མཛོད་དམ་པ་ཡིན་ཞིང་། སངས་རྒྱས་འབྱུང་བའི་རིགས་དམ་པ་ཡིན་ལ་འགྲོ་བའི་བདེ་བ་དང་སྐྱིད་པ་འབྱུང་བའི་མཛོད་ཡིན་ནོ། །རྒྱལ་བ་འདས་པ་དང་མ་བྱོན་པ་དང་ད་ལྟ་བཞུགས་པའི་འཇིག་རྟེན་གྱི་མགོན་པོ་དེ་དག་རྣམས་ནི། ལམ་འདི་ལས་འཁྲུངས་ཀྱང་ཆོས་ཀྱི་དབྱིངས་དང་མཐོང་བའི་ལམ་ནི་ཟད་པར་མི་འགྱུར་རོ། །དཔེར་ན་འཇིག་རྟེན་གྱི་ཤིང་དང་འབྲས་བུ་དང་མེ་ཏོག་དང་ནགས་ཚལ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ས་ལ་བརྟེན་ཅིང་དེ་ལས་ཡང་དག་འབྱུང་ཞིང་འཐོན་པ་སྟེ་སྐྱེའོ། །འོན་ཀྱང་ས་ལ་ཟད་པ་མེད་ཅིང་འཕེལ་བ་མེད་ལ་ཡོངས་སུ་མི་ཉམས་ཤིང་ས་དེས་ངས་འདི་དག་བསྐྱེད་པར་བྱའོ་སྙམ་དུ་རྣམ་པར་མི་རྟོག་ཅིང་ངལ་ཞིང་དུབ་སྟེ་སྐྱོ་བ་མེད་དོ། །དེ་བཞིན་དུ་སངས་རྒྱས་དང་དེའི་སྲས་བྱང་སེམས་དང་ཉན་ཐོས་དང་རང་རྒྱས་དང་ལྷ་རྣམས་དང་། འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་ཡོད་པ་དེ་ཀུན་ཀྱང་ཤེེར་ཕྱིན་མཆོག་ལས་བྱུང་སྟེ། ཤེར་ཕྱིན་ལ་ནི་ནམ་ཡང་དོན་དམ་པར་ཟད་པ་མེད་ཅིང་འཕེལ་བ་མེད་དོ། །ཡང་དཔེ་དེ་བཞིན་དུ་འཁོར་བའི་སེམས་ཅན་ཐ་མ་དང་འབྲིང་དང་མཆོག་ཏུ་གྱུར་པ་ཇི་སྙེད་པ་དེ་ཀུན་ནི། རྒྱུ་མ་རིག་པ་དང་ལས་ལས་བྱུང་བར་བདེ་བར་གཤེགས་པས་གསུངས་ཏེ། མ་རིག་པ་ལ་ལས་སོགས་ཀྱི་རྐྱེན་རྣམས་ཚོགས་ནས་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་གྱི་འཁྲུལ་འཁོར་སྒྱུ་མ་ལྟར་རབ་ཏུ་འབྱུང་ངོ་། །དེ་ལྟ་ནའང་མ་རིག་པའི་འཁྲུལ་འཁོར་དེ་ནི་དོན་དམ་པར་ཟད་པ་མེད་ཅིང་འཕེལ་བ་མེད་དོ། །ཡང་དཔེ་དེ་བཞིན་དུ་ཐེག་པ་གསུམ་གྱི་ཡེ་ཤེས་ཀྱི་ཁྱད་པར་རམ་ཚུལ་དང་དེ་ལས་ཡོན་ཏན་གཞན་འབྱུང་བས་སྒོ་དང་། ཡོན་ཏན་གཞན་སྒྲུབ་པའི་ཐབས་དང་རྩ་བའི་གཞི་ཇི་སྙེད་ཡོད་པ་དེ་ཀུན་ཀྱང་། ཤེར་ཕྱིན་མཆོག་བསྒོམས་པ་ལས་བྱུང་སྟེ་སོ་སོའི་རྐྱེན་བཟང་པོ་རྣམས་ཚོགས་ནས་ཡེ་ཤེས་ཤེར་ཕྱིན་གྱི་འཁྲུལ་འཁོར་ཆེན་པོ་རབ་ཏུ་འབྱུང་ཡང་། ཤེར་ཕྱིན་ལ་དོན་དམ་པར་ཟད་པ་མེད་ཅིང་འཕེལ་བ་མེད་དོ། །དེ་ལྟར་མཐོང་ལམ་སེདྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་རྣམ་པར་བསྒོམས་ནས་རྗེས་ཐོབ་ཏུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་ཐོད་བརྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་སྟེ། དེ་ཡང་བྱང་སེམས་མཐོང་ལམ་པ་གང་ཞིག་མ་རིག་པ་སོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ལ་དོན་དམ་པར་སྐྱེ་བ་མེད་པ་དང་ཟད་པ་མེད་པར་རྟོགས་པའི་ཤེས་རབ་འདི་ཤེས་ཏེ་བསྒོམས་པས། ཉི་མ་སྤྲིིན་མེད་པའི་འོད་ཟེར་གྱི་ཚོགས་འཕྲོ་བས་མུན་པ་བསལ་པ་ལྟར་ཡེ་ཤེས་ཀྱི་མ་རིག་པའི་མུན་པ་འཐིབ་པོ་བཅོམ་ནས་རང་བྱུང་སངས་རྒྱས་འཐོབ་པར་འགྱུར་རོ། །འདི་ནི་རྒྱན་ལས། བྱང་ཆུབ་ལ་གནས་སྟོན་པ་དང་། །ཞེས་སོགས་ཀྱིས་འཆད་དོ། །དེ་ནས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། མཐུ་ཆེན་ལྡན་པ་ཞེས་སོགས་རྐང་པ་གཅིག་གིས་སྒོམ་ལམ་རྩེ་སྦྱོར་དང་། རྟེན་པར་བྱེད་པ་མ་ཡིན་ཞེས་སོགས་རྐང་པ་གསུམ་གྱིས་བསལ་བྱ་ལོག་རྟོག་དང་། ཤེས་རབ་མཆོག་ཐོབ་ཞེས་སོགས་ཚིགས་བཅད་གཉིས་ཀྱིས་བར་ཆད་མེད་པའི་རྩེ་སྦྱོར་རྣམས་བསྡུས་ཏེ་བཤད་པར་འཆད་ཅིང་དེ་ལྟར་ན། མཐོང་ལམ་གྱི་རྗེས་སུ་བྱང་སེམས་སྒོམ་ལམ་པ་མཐུ་ཆེན་ལྡན་པ་ནི་བསམ་གཏན་དང་པོ་སོགས་བསམ་གཏན་བཞི་ལ་སྙོམས་པར་འཇུག་ཅིང་གནས་པར་བྱེད་ལ། ཞེས་པ་ནི་རྒྱན་ལས། ཡམས་ནད་འདི་རྣམས་ཟད་ནས་ནི། །ཞེས་སོགས་ཀྱིས་འཆད་དོ། །དེས་བསམ་བྱ་ལོག་རྟོག་ལ་རྟེན་པར་བྱེད་པ་མ་ཡིན་ཞིང་། གནས་པ་བྱེད་པ་མེད་དོ། །འོན་ཀྱང་བསམ་གཏན་ཡན་ལག་དང་བཅས་པ་བཞི་པོ་འདི་ནི་སངས་རྒྱས་ཀྱི་བྱང་ཆུབ་དམ་པ་མཆོག་འཐོབ་པར་བྱེད་པའི་རྟེན་དུ་འགྱུར་རོ། །ཞེས་པ་ནི་རྒྱན་ལས། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི། །ཞེས་སོགས་ཀྱིས་འཆད་དོ། །ཤེས་རབ་མཆོག་ཐོབ་པས་བསམ་གཏན་བཞི་པོ་དེ་དག་ལ་གནས་པའི་བྱང་སེམས་ནི། །གཟུགས་མེད་ཀྱི་ཏིང་ངེ་འཛིན་དམ་པ་བཞི་ཡང་ཉམས་སུ་མྱོང་བར་འགྱུར་ཏེ། བསམ་གཏན་བཞི་པོ་འདི་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་དམ་པ་མཆོག་ཐོབ་པ་ལ་ཕན་ཆེའོ། །དེ་ལྟར་ཡིན་ཀྱང་བྱང་ཆུབ་སེམས་དཔའ་དེ་ཉོན་མོངས་པའི་ཟག་པ་ཙམ་ཟད་པར་བྱ་བའི་ཕྱིར་སློབ་པར་བྱེད་པ་མིན་ཏེ་ཤེས་སྒྲིབ་སྤོང་དགོས་པའི་ཕྱིར་རོ། །དེ་ལྟར་སྒོམ་པ་འདི་ནི་ས་དང་པོ་ལ་སོགས་པའི་ཡོན་ཏན་རྨད་དུ་བྱུང་བ་ཡིན་ཞིང་། བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་གནས་ཀྱང་བདེན་ཞེན་གྱིས་མཚན་མར་འཛིན་པ་མེད་དོ། །བསམ་གཏན་བཞི་ལ་གནས་པའི་བྱང་སེམས་འདོད་ཁམས་པ་རྣམས་གལ་ཏེ་ལུས་ནི་ཞིག་པར་གྱུར་ཀྱང་། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་འདོད་པའི་ཁམས་སུ་སླར་ཡང་སྐྱེ་བ་འཛིན་པར་འགྱུར་ཏེ། འདོད་ཁམས་སུ་གཞན་དོན་རྒྱ་ཆེན་པོ་བྱེད་པ་འོང་གི་ཁམས་གོང་མ་གཉིས་སུ་དེ་ཙམ་མི་འོང་བའི་ཕྱིར་རོ། །འདི་ནི་རྒྱན་ལས། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། ཞེས་སོགས་ཀྱིས་འཆད་དོ། །དེ་ནས་བར་ཆད་མེད་པའི་རྩེ་སྦྱོར་བསལ་བྱ་ལོག་སྒྲུབ་དང་བཅས་པ་དང་མཐར་གྱིས་སྦྱོར་བ་སོགས་ཀྱི་སྐབས་ནས་འབྱུང་བའི་ཕྱིན་དྲུག་རྣམས་རྒྱས་པར་སྟོན་པ་ནི། ཡུམ་གསུམ་ན་ཚིག་མང་ཞིང་འདིར་ཡང་། དཔེར་ན་འཛམ་གླིང་མི་ཞིག་སྔོན་ཆད་ལྷ་ཡུལ་གྱི། །ཞེས་སོགས་སྐབས་ལྔ་པའི་མཇུག་གི་བར་གསུངས་ཏེ། དཔེར་ན་འཛམ་བུའི་གླིང་གི་མི་ཞིག་སྔོན་ཆད་ལྷ་ཡུལ་གྱི་གྲོང་ཁྱེར་མཆོག་དུ་མ་ཕྱིན་ལ། ཕྱིས་སུ་རྫུ་འཕྲུལ་གྱིས་གྲོང་ཁྱེར་དེར་སོང་སྟེ་ལྷའི་གྲོང་ཁྱེར་དེ་ན་ལོངས་སྤྱོད་ཇི་ལྟར་ཡོངས་སུ་བཟུང་བའི་ཡུལ་དེ་མཐོང་ནས། ཕྱིས་མིའི་ཡུལ་འདིར་འོངས་པར་གྱུར་པ་ན་ཡུལ་འདིའི་ལོངས་སྤྱོད་དམན་པར་མཐོང་ནས་དེ་ལ་ཆགས་པར་མི་བྱེད་པ་ལྟར། དེ་བཞིན་དུ་བྱང་སེམས་རྟོགས་པའི་ཡོན་ཏན་མཐོན་པོ་མཆོག་འཆང་བ་ནི་རྣལ་འབྱོར་དེ་ལ་བརྩོན་ཏེ། །བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ནས་མ་ཆགས་པར་དེ་བཏང་སྟེ་ཕྱིར་ཡང་འདོད་པའི་ཁམས་སུ་སེམས་ཅན་གྱི་དོན་བྱེད་པ་ལ་གནས་ཏེ་བསམ་གཏན་གྱི་བདེ་བ་ཙམ་དང་འདོད་ཡོན་ལ་ཆགས་པ་མེད་དོ། །དཔེར་ན་ཆུའི་པདྨ་འདམ་གྱིས་མ་གོས་པ་བཞིན་དུ་བྱང་སེམས་ཆེན་པོ་འདི་དག་བྱིས་པ་སོ་སོའི་ཆོས་འདོད་པའི་ཡོན་ཏན་ཙམ་ལ་མི་གནས་ཤིང་མི་གོས་ཏེ། བདག་ཉིད་ཆེན་པོ་འདི་དག་འདོད་ཁམས་སུ་གནས་པ་ནི་སེམས་ཅན་ཡོངས་སུ་སྨིན་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་ཕ་རོལ་ཏུ་ཕྱིན་པའི་ཆོས་རྫོགས་པ་དང་སེམས་ཅན་གྱི་དོན་བྱེད་པ་ཁོ་ནར་ཟད་པའི་ཕྱིར་རོ། །བྱང་སེམས་ཆེན་པོ་འདི་དག་ནི་བསམ་བཞིན་དུ་འདོད་གཟུགས་ཀྱི་ཁམས་སུ་སྐྱེ་བ་འཛིན་པ་ཡིན་གྱི་གཟུགས་མེད་ཀྱི་ཁམས་སུ་མིན་ཏེ། བྱང་ཆུབ་ཀྱི་ཡོན་ཏན་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རླབས་ཆེན་ལས་ཉམས་པར་འགྱུར་དུ་འོངས་ཞེས་སྙམ་ནས་གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་བ་མི་བྱེད་པའི་ཕྱིར་ཏེ། གཟུགས་མེད་ན་སྡུག་བསྔལ་ཆེན་པོས་གཟིར་པའི་སེམས་ཅན་མེད་པས་སྙིང་རྗེ་ཆུང་བའི་ཕྱིར་རོ། །དཔེར་ན་མི་ཞིག་གིས་རིན་པོ་ཆེའི་གཏེར་རྣམས་རྙེད་པར་གྱུར་ནས་རང་གཅིག་པུ་ལ་དགོས་པ་མི་ཆེ་བར་མཐོང་སྟེ་དེ་ལ་འདོད་པའི་བློ་ནི་བསྐྱེད་པར་མ་བྱས་པར་གསང་སྟེ་བཞག་ལ། དེས་ཀྱང་ཕྱིས་ཀྱི་དུས་གཞན་ཞིག་གི་ཚེ་ན་རིན་པོ་ཆེ་དེ་དག་ཡོངས་སུ་བླངས་ཤིང་བླངས་ནས་ཁྱིམ་དུ་སོང་སྟེ་ཆགས་པ་མི་བྱེད་པར་གཉེན་སོགས་ལ་བགོ་བར་བྱེད་པ་ལྟར་རོ། །དེ་བཞིན་དུ་བྱང་སེམས་མཁས་པ་དགའ་བ་དང་བདེ་བ་གཞན་ལ་སྦྱིན་ཞིང་བསམ་གཏན་གྱི་ཏིང་ངེ་འཛིན་ཞི་བ་བཞི་ཐོབ་ནས། དེ་ཙམ་ལ་མི་ཆགས་པར་བསམ་གཏན་གྱི་བདེ་ལྡན་དེས་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པའི་མཉམ་གཞག་དེ་བཏང་སྟེ། འགྲོ་ལ་སྙིང་བརྩེར་ལྡན་པ་ཕྱིར་ཡང་འདོད་ཁམས་སུ་འཇུག་པ་སྟེ་སྐྱེ་བ་འཛིན་ནོ། །ཚུལ་འདི་ནི་བྱང་སེམས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ཁྱད་ཆོས་ཆེན་པོའོ། །གལ་ཏེ་བྱང་སེམས་བསམ་གཏན་གྱི་ཏིང་ངེ་འཛིན་ལ་གནས་ཀྱང་རང་དོན་དུ་ཉན་རང་གི་ཐེག་པར་འདོད་པའི་བློ་བསྐྱེད་ན་ནི། སེམས་མཉམ་པར་མ་བཞག་པར་རྒོད་ཅིང་སེམས་གཡེངས་པར་གྱུར་པ་སྟེ། དེ་སངས་རྒྱས་ཀྱི་ཡོན་ཏན་ཐོབ་པ་ལས་ཉམས་ནས་མཉན་པ་གྲུ་ཞིག་པར་གྱུར་པ་བཞིན་དུ་འགྱུར་རོ། །གཞན་ཡང་བྱང་སེམས་ཀྱིས་གཟུགས་སྒྲ་སོགས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པའི་ཚུལ་ལ་མངོན་པར་བརྩོན་པར་གྱུར་ཀྱང་། ཉན་རང་གི་ཐེག་པ་དོན་གཉེར་རང་དོན་ཙམ་ཡིད་བྱེད་དང་བྲལ་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་དགའ་ན། བྱང་སེམས་དཔའ་བོ་རྟག་ཏུ་མཉམ་པར་གཞག་པ་ཡིན་པར་ཤེས་པར་བྱ་སྟེ་བྱང་སེམས་ཀྱི་དབང་དུ་མཛད་པའོ། །སློན་དཔོན་གྱིས་སྐབས་འདི་ཡན་ཆད་དུ་རྩེ་སྦྱོར་དངོས་གཞི་རྫོགས་པར་བཤད་ཀྱང་སྡུད་པའི་སྐབས་སྦྱོར་ཚུལ་གྱི་དབང་དུ་བྱས་ན་མ་རྫོགས་པས། སེམས་ཅན་གང་དག་གཞན་གྱི་ཕྱིར་སེམས་པ་རྣམ་པར་དག་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་ཞིང་རྣམ་པར་སྤྱོད་པར་བྱའོ། །ཇི་ལྟར་སྤྱོད་ན་དཔེར་ན་བྲན་མོ་ཆན་ཆུན་ལ་དབང་མེད་པས་དེ་གང་དབང་བའི་རྗེ་དཔོན་གྱི་དབང་དུ་འགྲོ་དགོས་སོ། །དེ་བཞིན་དུ་བྱང་སེམས་དཔའ་བོ་རྣམས་ནི་སེམས་ཅན་ཀུན་གྱི་དབང་གིས་འགྲོ་བ་ཡིན་ལ། རྗེ་བོས་ནི་བྲན་ལ་ཚིག་གིས་སྦྱོར་བ་བྱས་སམ་འོན་ཏེ་ལུས་ཀྱིས་རྟག་ཏུ་བརྡེག་ཀྱང་རུང་སྟེ། བྲན་མོས་རང་གི་རྗེ་བོ་ལ་ནི་ཟློག་ཚིག་ངན་པ་མི་སྨྲ་ཡི། གལ་ཏེ་སྨྲས་ན་རྗེ་བོ་འདི་ཡིས་བདག་བརྡུང་ཞིང་བསད་པར་འགྱུར་དུ་འོང་སྙམ་ནས་ཤིན་ཏུ་སྐྲག་པའི་ཡིད་ཀྱིས་འཇིགས་པ་དང་བཅས་པས་ཟིལ་གྱིས་གནོན་ནས་འདུག་གོ །དེ་བཞིན་དུ་བྱང་སེམས་བྱང་ཆུབ་ཀྱི་ཆེད་དུ་བྱང་ཆུབ་མཆོག་ལ་ཞུགས་པ་ནི། འགྲོ་བ་ཀུན་ལ་དེའི་བྲན་དུ་གྱུར་པ་བཞིན་དུ་གནས་པར་བྱ་སྟེ། འགྲོ་བ་འདི་རྣམས་ལ་བརྟེན་ནས་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པར་འགྱུར་ཞིང་ཡོན་ཏན་རྫོགས་པར་འགྱུར་པའི་ཕྱིར་སྙམ་མོ། །དཔེར་ན་རྩྭ་དང་ཤིང་ལས་བྱུང་བས་ནི་རྩྭ་དང་ཤིང་དེ་ཉིད་སྲེག་པ་ལྟར་ཏེ། འདིས་སེམས་ཅན་ལ་བརྟེན་ནས་འབྱུང་བའི་བྱང་ཆུབ་ནི་སེམས་ཅན་དེ་ཉིད་ལ་གནོད་ན་ཉམས་པར་འགྱུར་རོ་ཞེས་ཤུགས་ཀྱིས་འཕངས་སོ། །དེས་ན་བདག་གི་བདེ་བ་བོར་ཞིང་བཏང་ནས་སེམས་ཅན་ལ་ཕན་འདོགས་པའི་ལན་ལ་རེ་བ་མེད་པའི་སེམས་ཀྱིས། སེམས་ཅན་གཞན་གྱི་དགོས་པའི་དོན་བྱང་ཆུབ་སྒྲུབ་པ་ལ་ཉིན་དང་མཚན་དུ་མངོན་པར་བརྩོན་པར་བྱའོ། །དཔེར་ན་བུ་གཅིག་པ་ལ་དེའི་མ་ནི་རིམ་གྲོ་སྲུང་ཟློག་གསོ་བྱེད་ཀྱི་ཐབས་ལྷག་པར་བྱེད་པ་ལྟར། བསམ་པ་ཐག་པས་སེམས་ཅན་གྱི་དོན་བྱེད་པ་ལ་རྣམ་པར་སྐྱོ་བ་མེད་པར་གནས་པར་བྱའོ། །སློབ་དཔོན་གྱིས་སྐབས་འདི་དག་གིས་སྐད་ཅིག་སྦྱོར་བ་དང་འབྲས་བུ་ཆོས་སྐུ་འཕྲིན་ལས་དང་བཅས་པ་ཡང་བསྟན་པར་བཤད་དོ། །འོན་ཀྱང་འདི་དག་བརྩོན་འགྲུས་ཀྱི་ཕར་ཕྱིན་འཆད་པའི་སྐབས་སུ་སྣང་བས་སྔ་མའི་ཕྲོ་ལ་སྦྱར་ན། བྱང་སེམས་གང་ཞིག་སེམས་ཅན་གྱི་དོན་དུ་ཡུན་རིང་དུ་འཁོར་བའི་གནས་སུ་རྣམ་པར་འཁོར་ཏེ་གནས་པར་འདོད་ཅིང་། སེམས་ཅན་ཀྱི་དོན་དང་སངས་རྒྱས་ཀྱི་ཞིང་སྦྱོང་བར་བརྩོན་པའི་རྣལ་འབྱོར་པ་དེ་སེམས་ཅན་གྱི་དོན་ལ་སྐྱོ་བའི་བློ་ནི་རྡུལ་ཙམ་ཡང་མི་འགྱུར་ན། བྱང་སེམས་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་དང་ལྡན་ཅིང་ལེ་ལོས་གཡེལ་བ་མེད་དོ། །བྱང་སེམས་ཐབས་མི་མཁས་པ་འགའ་ཞིག་སངས་རྒྱས་ཀྱི་བྱང་ཆུབ་བསྐལ་པ་བྱེ་བ་བགྲང་བའི་བར་དུ་བསྒྲུབ་དགོས་ཞེས་ཐོབ་པའི་ཚེ། གལ་ཏེ་དེ་ལ་རྒྱུན་ཤིན་ཏུ་རིང་བར་འདུ་ཤེས་པས་བསྒྲུབས་ན་སྡུག་བསྔལ་ཡུན་རིང་མྱོང་བའི་སྒོ་ནས་བྱང་ཆུབ་སྒྲུབ་པར་བྱེད་དགོས་ཏེ། ཡང་དག་པའི་ཆོས་བྱང་ཆུབ་སྒྲུབ་པར་བྱེད་པའི་ཚེ་ཞུམ་ན་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་རོ། །རྒྱུ་མཚན་དེ་བས་ན་བྱང་སེམས་དེ་གོ་ཆའི་བརྩོན་འགྲུས་ཀྱི་ཕར་ཕྱིན་ཉམས་པའི་ལེ་ལོ་ཅན་ཡིན་ནོ། །འོ་ན་ཇི་ལྟར་བྱ་ཞེ་ན་བྱང་ཆུབ་མཆོག་ཏུ་སེམས་དང་པོ་བསྐྱེད་པ་ནས་གཟུང་སྟེ། བྱང་ཆུབ་བླ་ན་མེད་པ་ཐོབ་པར་འགྱུར་བའི་བར་ལ་རྒྱུན་ཐུང་ངུ་ཉིན་མཚན་གཅིག་ཙམ་དུ་ནི་ཡིད་ལ་སེམས་པར་བྱེད་ན། མཁས་པ་གསལ་བས་གོ་ཆའི་བརྩོན་འགྲུས་ཆེན་པོ་བརྩམས་པར་རིག་པར་བྱའོ། །ཡང་གོ་ཆའི་རྩོམ་ཚུལ་འདི་ལྟར་བྱ་སྟེ་གལ་ཏེ་འགའ་ཞིག་འདི་སྐད་ཅེས་ཁྱོད་ཀྱིས་རིའི་རྒྱལ་པོ་རི་རབ་རི་ཕྲན་དང་བཅས་པ་བཤིག་ཐུབ་ན། དེ་བཤིག་པའི་རྗེས་ལ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་སྨྲ་བ་ལ་དེ་ཐོས་ནས། ཇི་སྟེ་དེ་ལྟ་བུ་ཤིན་ཏུ་དཀའ་སྙམ་པ་ཞུམ་པའི་སྐྱོ་བའི་བློ་སྐྱེད་ཅིང་། རི་རབ་ཀྱི་ཚད་ཀྱང་ཆེ་བས་དེ་ལྟ་བུ་ནི་སུ་ཞིག་གིས་ནུས་སྙམ་པའི་བློ་སྐྱེ་ན་ནི། དེའི་ཚེ་བྱང་སེམས་དེ་ལེ་ལོར་གྱུར་པ་ཡིན་ལ། ཇི་སྟེ་རི་རབ་བཤིག་པ་དེ་ནི་དཀའ་བ་འདི་ཙམ་ཞིག་གི་ཚོད་ལྟ་ཅི་དཀའ་ཞེས་ཏེ་དཀའ་རྒྱུ་ཅི་ཡོད། རྫུ་འཕྲུལ་ཐོབ་པས་སྐད་ཅིག་ཙམ་ལ་ནི་རི་རབ་ཐལ་བར་བརླབ་པར་བྱ་བའི་སེམས་བསྐྱེད་པ་ལྟ་བུའི་སྙིང་སྟོབས་བསྐྱེད་ན། བྱང་སེམས་མཁས་པས་བརྩོན་འགྲུས་ཆེན་པོ་བརྩམས་པ་སྟེ་དེས་རིང་པོར་མི་ཐོགས་པར་འདྲེན་པའི་བྱང་ཆུབ་མཆོག་མྱུར་དུ་ཐོབ་པར་འགྱུར་རོ། །བདེན་ཞེན་གྱིས་ཡོངས་སུ་སྨིན་པར་བྱས་ཏེ་དེ་ནས་དོན་བྱའོ་ཞེས་གལ་ཏེ་ལུས་ངག་ཡིད་གསུམ་གྱིས་བརྩོན་པར་བྱེད་ན། བདག་ཏུ་འདུ་ཤེས་ལ་གནས་པར་གྱུར་པས་ལེ་ལོ་ཆེན་པོར་གྱུར་པ་སྟེ། ཐམས་ཅད་མཁྱེན་པའི་གོ་འཕང་ཉིད་ཐོབ་པ་ལས་རིང་དུ་འགྱུར་ཏེ་གནམ་དང་སའི་བར་བཞིན་ནོ། །དུས་གང་གི་ཚེ་ལུས་དང་སེམས་དང་སེམས་ཅན་དུ་བདེན་པའི་འདུ་ཤེས་མེད་ཅིང་། བདེན་འཛིན་གྱི་འདུ་ཤེས་ལོག་ནས་བདེན་སྟོང་གཉིས་སུ་མེད་པའི་ཆོས་ལ་སྤྱོད་པ་འདི་ནི། བྱང་ཆུབ་ཞི་བ་མི་ཉམས་ཉམས་པ་མི་མངའ་བའི་མཆོག་ཐོབ་པར་འདོད་པའི་བརྩོན་འགྲུས་ཀྱི་ཕར་ཕྱིན་ཡིན་ཞེས་ཕན་པ་མཛད་པ་སངས་རྒྱས་ཀྱིས་གསུངས་སོ། །དེ་ནས་བཟོད་པའི་ཕར་ཕྱིན་ནི་གལ་ཏེ་སེམས་ཅན་གཞན་འགའ་ཞིག་ལས་ངན་བརྗོད་ཀྱི་ཚིག་རྩུབ་ཐོས་པར་གྱུར་ན་ནི། ཚིག་རྩུབ་སྨྲ་བ་ལ་བཟོད་པ་ནི་བདག་གི་བདེ་བའི་རྒྱུ་ཡིན་ཞེས་བྱང་སེམས་མཁས་པས་བཟོད་ཅིང་དགའ་ལ། དོན་དམ་པར་བདག་དང་གཞན་མ་གྲུབ་པའི་ཕྱིར་ཚིག་རྩུབ་ཏུ་སྨྲ་ཞིང་སུས་ཐོས། སྨྲ་བ་པོ་གང་གིས་ཚིག་རྩུབ་གང་ཞིག་ཡུལ་གང་གི་ཕྱིར་དུ་སྨྲ་བ་རྣམས་ཀྱང་དོན་དམ་པར་མེད་སྙམ་དུ་སྒོམ་པ་དེ་ནི། བཟོད་པའི་ཕར་ཕྱིན་མཆོག་དང་ལྡན་པ་མཁས་ཤིང་མཛངས་པ་ཡིན་ནོ། །བྱང་སེམས་གང་ཞིག་བཟོད་པའི་ལེགས་ཆོས་བྱམས་སྙིང་རྗེ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ནི་ཕན་ཡོན་ཤིན་ཏུ་ཆེ་སྟེ། མི་གང་ཞིག་སྟོང་གསུམ་འདི་རིན་པོ་ཆེས་བཀང་སྟེ་འཇིག་རྟེན་མཁྱེན་པའི་སངས་རྒྱས་རྣམས་དང་ཉན་རང་དགྲ་བཅོམ་རྣམས་ལ་ཕུལ་བྱས་པའི་སྤྱིན་པའི་བསོད་ནམས་ཀྱི་ཕུང་པོ་དེས། བཟོད་པའི་ལེགས་ཚོགས་ལྡན་པའི་བསོད་ནམས་ཀྱི་ཕུང་པོའི་ཆར་ཡང་མི་ཕོད་དོ། །བཟོད་པ་ལ་གནས་པའི་བྱང་སེམས་ཀྱིས་ལུས་ནི་ཡོངས་སུ་དག་པ་ཐོབ་པར་འགྱུར་ཏེ། སུམ་ཅུ་རྩ་གཉིས་ཀྱི་མཚན་འགྲུབ་པ་དང་མཐུ་སྟོབས་ཕ་མཐར་ཡས་པ་ཐོབ་ཅིང་། སེམས་ཅན་རྣམས་ལ་ཆོས་ཀྱི་རབ་སྟོང་པ་ཉིད་སྒྲོགས་པར་བྱེད་དོ། །ཚུལ་འདི་ནི་བཟོད་པ་དང་ལྡན་པ་དེ་ལ་འགྲོ་བ་ཀུན་དགའ་བར་འགྱུར་བའི་ཐབས་མཁས་པའོ། །དཔེར་ན་གལ་ཏེ་སེམས་ཅན་ལ་ལས་ཙནྡན་ཕུར་མའི་ཆུ་བླངས་ཏེ་རབ་ཏུ་གུས་པས་བྱང་སེམས་བཟོད་ལྡན་དེ་ལ་ཉུག་ཅིང་བྱུགས་པར་བྱེད་ལ། གཞན་ཞིག་བྱང་སེམས་དེའི་མགོ་ལ་མེ་མདག་འཐོར་བ་བྱེད་ན། མི་དེ་གཉིས་ཀ་ལ་བྱང་སེམས་དེ་ཡིས་ཉེ་རིང་ཆགས་སྡང་མཉམ་ཞིང་སྙོམས་པའི་སེམས་ནི་བསྐྱེད་པར་བྱའོ། །བྱང་སེམས་མཁས་པས་དེ་ལྟར་བཟོད་པ་བསྒོམས་པར་བྱས་ནས་སེམས་བསྐྱེད་པའི་དགེ་བ་དེ་ནི། བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོས་ན་བྱང་སེམས་དཔའ་བོ་དེས་འཇིག་རྟེན་ཀུན་ལ་བཟོད་པའི་ཕན་ཡོན་གྱིས་ཉན་རང་དགྲ་བཅོམ་དང་སེམས་ཅན་ཁམས་ཀྱི་སྦྱིིན་སོགས་ཀྱི་བསོད་ནམས་ཕལ་པ་ཇི་སྙེད་ཡོད་པ་རྣམས་ཟིལ་གྱིས་གནོན་པར་འགྱུར་རོ། །བཟོད་པ་སྡོམ་པར་བྱེད་པ་དེས་འདི་སྙམ་དུ་ཡང་སེམས་ནི་བསྐྱེད་པར་བྱ་སྟེ། སྔར་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་ཀྱི་རིགས་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་མང་པོ་ཞིག་འདོད་པའི་ཡོན་ཏན་ལ་དགའ་བའི་རྒྱུ་ཡིས་དབང་མེད་དུ་གནོད་ཅིང་མྱོང་ན། ད་ནི་སངས་རྒྱས་ཀྱི་བྱང་ཆུབ་ཆེད་དུ་རྒྱུ་མཚན་ཅིའི་ཕྱིར་ངས་བཟོད་པར་མི་བྱ་སྟེ་བཟོད་པ་བསྒོམ་པར་བྱ་བར་རིགས་སོ། །ཇི་ལྟར་བཟོད་ན་ལྕགས་དབྱུག་དང་མཚོན་དང་བསད་པ་དང་བཅིང་བ་དང་བརྡེག་པ་དང་མགོ་རྣ་བ་རྐང་ལག་སྣ་སོགས་གཅོད་པ་དང་། འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཡོད་པ་དེ་དག་ཀུན་བདག་ལ་བྱུང་ན་བདག་གིས་བཟོད་པར་བྱའོ་སྙམ་པའི་བྱང་སེམས་དེ་ནི་བཟོད་པའི་ཕར་ཕྱིན་མཆོག་ལ་གནས་པ་ཡིན་ནོ། །དེ་ནས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ནི་ཚུལ་ཁྲིམས་ཀྱིས་ཞི་བ་མྱ་ངན་འདས་འདོད་པ་རྣམས་གོང་དུ་འཕགས་པར་འགྱུར་ཞིང་། སྟོབས་བཅུ་པ་སངས་རྒྱས་ཀྱི་རྗེས་སུ་འཇུག་པའི་སྤྱོད་ཡུལ་བསླབ་པ་མཆོག་ལ་གནས་པ་དང་། རྩ་བ་བཞི་ལྟ་བུ་མ་ཉམས་པར་སྲུང་བས་ཚུལ་ཁྲིམས་ཉམས་པ་མེད་པ་དང་། ཉེས་ལྟུང་ཀུན་སྡོམ་པའི་བྱ་བ་ཇི་སྙེད་ཡོད་པ་རྣམས་ཀྱི་རྗེས་སུ་འཇུག་སྟེ། དེ་ལྟར་བྱས་པའི་དགེ་བ་དེ་ཡང་སེམས་ཅན་ཀུན་ལ་ཕན་པའི་ཕྱིར་བྱང་ཆུབ་ཏུ་བསྔོ་བར་བྱའོ། །གལ་ཏེ་བྱང་སེམས་ཀྱིས་ཉན་རང་དགྲ་བཅོམ་པའི་བྱང་ཆུབ་རེག་པ་སྟེ་ཐོབ་བར་འདོད་ན་ནི། བྱང་ཆུབ་སེམས་དཔའི་དབང་དུ་བྱས་པའི་ཚུལ་ཁྲིམས་འཆལ་ཅིང་མི་མཁས་པར་གྱུར་ཏེ་དེ་བཞིན་དུ་སྤྱོད་པ་ཡང་ཉམས་སོ། །ཇི་སྟེ་རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་མེད་པར་དགེ་བ་སངས་རྒྱས་ཀྱི་བྱང་ཆུབ་ཞི་བ་མྱང་འདས་མཆོག་ཏུ་ཡོངས་སུ་བསྔོ་ན། བྱང་སེམས་དེས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པར་བརྩོན་ཡང་བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་མཆོག་ལ་གནས་པ་ཡིན་ནོ། །དགེ་བའི་ཆོས་གང་ཉམས་སུ་བླངས་ན་རང་གཞན་ལ་ཕན་པར་ངེས་པའི་བྱང་ཆུབ་ཀྱིི་ཡོན་ཏན་འབྱུང་བར་འགྱུར་པ་བསྒྲུབ་པར་བྱེད་པ་དེ་ནི། གཞན་ཕན་གྱི་ཡོན་ཏན་གྱི་ཆོས་དང་ལྡན་པ་བྱང་སེམས་རྣམས་ཀྱི་ཚུལ་ཁྲིམས་སྲུང་བའི་དོན་ཡིན་ལ། མི་དགེ་བའི་ཆོས་གང་ཉམས་སུ་བླངས་ན་ཕན་བྱེད་བྱང་སེམས་རྣམས་ཀྱི་བྱང་ཆུབ་མཆོག་ལས་ཡོངས་སུ་ཉམས་པར་བྱེད་པ་འདི་ནི། བྱང་སེམས་ཀྱི་ཚུལ་ཁྲིམས་འཆལ་བར་བྱེད་ཅེས་རྣམ་པར་འདྲེན་པ་སངས་རྒྱས་ཀྱིས་གསུངས་སོ། །དེ་ཡང་སྤྱིར་ཉན་རང་གི་བྱང་ཆུབ་དོན་དུ་གཉེར་བའི་ཚུལ་ཁྲིམས་ནི་དེའི་གདུལ་བྱ་ལ་བལྟོས་ཏེ་ཚུལ་ཁྲིམས་དག་པ་ཡིན་ཀྱང་། བྱང་སེམས་ཀྱིས་དེ་དོན་དུ་གཉེར་ན་ཚུལ་ཁྲིམས་འཆལ་བར་འགྱུར་ཏེ་ཁྱད་པར་རོ། །གལ་ཏེ་བྱང་སེམས་ཀྱིས་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཀྱང་སངས་རྒྱས་དང་ཆོས་དང་འཕགས་པའི་དགེ་འདུན་ལ་སྐྱབས་སུ་སོང་སྟེ་སངས་རྒྱས་འགྲུབ་པར་བྱའོ་སྙམ་དུ་ཀུན་མཁྱེན་དོན་གཉེར་ཡིད་ལ་བྱེད་ན་ནི། །བྱང་སེམས་མཁས་པ་དེ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གནས་པར་རིག་པར་བྱའོ། །སྤྱིར་འདོད་ཡོན་ལྔ་ལ་ཞེན་པས་ལོངས་སྤྱོད་པ་ཉན་རང་གི་ལམ་གྱི་དབང་དུ་བྱས་ན་ཉེས་དམིགས་ཆེ་ཡང་། གཞན་དོན་སྒྲུབ་པའི་བྱང་སེམས་ཀྱིས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་ཡོན་ཏན་དུ་འགྱུར་བར་དགོངས་སོ། །གལ་ཏེ་བསྐལ་པ་བྱེ་བའི་བར་དུ་སྲོག་གཅོད་སྤོང་བ་སོགས་དགེ་བའི་ལས་ཀྱི་ལམ་བཅུ་ལ་སྤྱོད་ཀྱང་། ཉན་རང་དགྲ་བཅོམ་ཉིད་ལ་ཐོབ་འདོད་བསྐྱེད་ན་ནི་དེའི་ཚེ་བྱང་སེམས་ཀྱི་ཚུལ་ཁྲིམས་ལ་ཕམ་པའི་སྐྱོན་བྱུང་བས་ཚུལ་ཁྲིམས་ཉམས་པ་ཡིན་ནོ། །བྱང་སེམས་ཀྱིས་ཉན་རང་གི་བྱང་ཆུབ་དོན་དུ་གཉེར་བའི་སེམས་བསྐྱེད་པ་དེ་ནི་དགེ་སློང་གི་ཕས་ཕམ་རྩ་བའི་ལྟུང་བ་བཞི་ལས་ཀྱང་ཉེས་དམིགས་ལྕིའོ། །ཚུལ་ཁྲིམས་སྲུང་ཞིང་དགེ་བ་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཏུ་ཡོངས་སུ་བསྔོ་ལ། །ཚུལ་ཁྲིམས་སྲུང་བ་དེ་ཡི་སྒོ་ནས་ང་རྒྱལ་གྱི་རློམ་སེམས་མེད་ཅིང་བདག་བསྟོད་གཞན་སྨོད་མི་བྱེད་ལ། བདག་གམ་ང་ཡིའོ་སྙམ་པའི་འདུ་ཤེས་དང་གཞན་ནམ་སེམས་ཅན་དུ་བདེན་ཞེན་གྱིས་རིས་སུ་གཅོད་པའི་སེམས་ཅན་གྱི་འདུ་ཤེས་ཡོངས་སུ་སྤངས་ན་ནི། བྱང་སེམས་དེ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གནས་པར་བརྗོད་དོ། །གལ་ཏེ་བྱང་སེམས་རྒྱལ་བའི་ལམ་ལ་སྤྱོད་པས་ནི་སེམས་ཅན་འདི་དག་ནི་ཚུལ་ཁྲིམས་དང་ལྡན་པའོ། །སེམས་ཅན་འདི་དག་ནི་ཚུལ་ཁྲིམས་འཆལ་བའོ་ཞེས་སྣ་ཚོགས་པའི་བདེན་ཞེན་གྱི་འདུ་ཤེས་ཞུགས་པར་གྱུར་ན་དེའི་ཚེ་རང་ཉིད་བྱང་སེམས་ཀྱི་ཚུལ་ཁྲིམས་འཆལ་ལ། ཚུལ་ཁྲིམས་ཉམས་ཤིང་བྱང་སེམས་དེ་ལ་ཡོངས་སུ་དག་པའི་བྱང་སེམས་ཀྱི་ཚུལ་ཁྲིམས་མེད་དོ། །དེ་ཡང་སྤྱིར་དགེ་སློང་རྣམ་དག་ལ་ཚུལ་ཁྲིམས་ཀྱི་འཁོར་གསུམ་བདེན་པར་འཛིན་པ་འབྱུང་ཞིང་དེ་ཙམ་གྱིས་ཚུལ་ཁྲིམས་འཆལ་བར་མི་འགྱུར་ཡང་། བདེན་འཛིན་གྱི་ཞེན་ཡུལ་སུན་མ་ཕྱུང་བར་བདེན་ཞེན་གྱི་དབང་དུ་སོང་ན་དོན་དམ་པའི་བྱང་སེམས་སུ་མི་འགྱུར་བས་ཉེས་དམིགས་ཆེ་བ་ལ་དགོངས་ཏེ་འཇུག་པ་རྩ་འགྲེལ་ལས་ཀྱང་བཤད་དོ། །དོན་དམ་པའི་བྱང་སེམས་གང་ལ་བདག་གིར་འདུ་ཤེས་པ་དང་སེམས་ཅན་དུ་བདེན་ཞེན་གྱི་འདུ་ཤེས་མངོན་འགྱུར་བ་མེད་པས། བདེན་པའི་འདུ་ཤེས་ཀྱི་འདོད་ཆགས་དང་བྲལ་བ་དེ་ལ་ཆགས་སྡང་མེད་པའི་ཕྱིར་སྡོམ་མིན་མི་དགེ་བ་ག་ལ་ཡོད། བྱང་སེམས་གང་ལ་སྡོམ་པ་དང་སྡོམ་པ་མིན་པ་གཉིས་ཀ་ལ་བདེན་ཞེན་གྱི་རློམ་སེམས་མེད་པ་འདི་ནི། བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་སྡོམ་པར་རྣམ་པར་འདྲེན་པ་སངས་རྒྱས་ཀྱིས་གསུངས་སོ། །སྦྱིན་པའི་ཕར་ཕྱིན་ནི་སེམས་ཅན་དག་པ་ཁྱད་པར་ཅན་གང་ཞིག་དེ་ལྟར་ཚུལ་ཁྲིམས་དང་ལྡན་པ་དེ་ནི་ཟག་བཅས་ཀྱི་ཡུལ་སྡུག་པ་དང་མི་སྡུག་པ་ཀུན་ལ་ཆགས་པའི་ལྟ་བ་མེད་པ་ཡིན་པའི་ཕྱིར་ན། མགོ་དང་རྐང་ལག་སོགས་གཞན་ལ་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད་ཅིང་། བདོག་པའི་དངོས་པོ་ཐམས་ཅད་གཏོང་ཞིང་རྟག་ཏུ་ཞེན་པ་མེད་ལ། སྦྱིན་བྱའི་དངོས་པོ་སོགས་ཆོས་ཐམས་ཅད་ཀྱི་རང་བཞིན་གནས་ཚུལ་ནི་ངོ་བོས་གྲུབ་པའི་བདག་མེད་ཅིང་། ཟག་བཅས་ཀྱི་དངོས་པོ་ཀུན་མི་རྟག་ཅིང་ཡ་མ་བརླ་དང་སྙིང་པོ་མེད་པར་ཤེས་ནས་བདག་ཉིད་ཀྱི་ལུས་ཀྱི་ཤ་ཡང་གཞན་ལ་གཏོང་བ་ལ་ཞུམ་པའི་སེམས་མེད་ན། དེའི་ཚེ་ཕྱི་རོལ་གྱི་དངོས་པོ་གཞན་ལ་གཏོང་བ་ལྟ་སྨོས་ཀྱང་ཅི་དགོས་སོ། །གལ་ཏེ་སྦྱིན་པ་གཏོང་བ་ལ་སེར་སྣ་དྲག་པོ་བྱེད་དུ་རུང་བ་དེ་ནི་གནས་མེད་དོ། །རང་ཉིད་ལ་བདག་ཏུ་བདེན་པའི་འདུ་ཤེས་དང་དངོས་པོ་ལ་བདག་གིར་འདུ་ཤེས་པའི་འཛིན་པ་དམ་པོས་ཆགས་པའི་ཇུན་པོ་དེ་རྣམས་ལ་ནི་སྦྱིན་པ་གཏོང་བའི་ཇོ་ལྟ་ག་ལ་ཡོད་དེ་མེད་དོ། །དེ་ལྟར་སྦྱིན་པའི་རྣམ་སྨིན་མི་ཤེས་པར་དངོས་པོ་ལ་དམ་དུ་ཆགས་པའི་སེར་སྣ་ཆེན་པོ་ཅན་དེ་དག་ནི་ཕྱི་མ་ཡི་དྭགས་ཀྱི་གནས་སུ་སྐྱེ་བར་འགྱུར་ཞིང་། ཇི་སྟེ་མིར་སྐྱེས་ན་ཡང་དེའི་ཚེ་དབུལ་པོའི་ཁྱིམ་དུ་སྐྱེ་བར་འགྱུར་རོ། །སྦྱིན་པ་གཏོང་བ་དེའི་ཚེ་བྱང་སེམས་ཀྱིས་སེམས་ཅན་དབུལ་ཕོངས་མཐོང་བ་ན། ཀྱེ་མ་སེམས་ཅན་དབུལ་པོ་འདི་ནི་སྦྱིན་པ་མ་བཏང་བ་དང་གཏོང་བ་ལ་སེར་སྣ་བྱས་པའོ་སྙམ་དུ་ཤེས་ནས། རང་ཉིད་གཏོང་བ་ལ་མོས་པར་འགྱུར་ཞིང་རྟག་ཏུ་ལྷག་པར་གཏོང་ངོ་། །གླིང་བཞི་པོ་འདི་རྒྱན་གྱིས་ལེགས་པར་བརྒྱན་པ་ནི་མཆིལ་མ་འཕངས་པའི་ཐལ་པ་དང་འདྲ་སྟེ་སྙིང་པོ་མེད་ཅིང་དགོས་པ་མེད་པས། འདི་རང་གི་ཡིན་ན་གཞན་ལ་བྱིན་པའི་ཚེ་དགའ་བར་འགྱུར་གྱི། གླིང་བཞི་པོ་དེ་རང་གིས་ཐོབ་པར་གྱུར་པ་ལ་དགའ་བ་ཆེན་པོ་དེ་ལྟ་བུ་ཡོད་པ་མིན་ནོ། །བྱང་སེམས་མཁས་པ་བློ་གསལ་བ་དག་སྦྱིན་པའི་ཚེ་སྲིད་པ་གསུམ་གྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཀུན་ལ་སྦྱིན་པ་འདི་བྱིན་པར་གྱུར་ཅིག་སྙམ་དུ་བསམས་ནས་སྦྱིན་པ་བྱིན་ལ། དེའི་དགེ་བ་ཡང་འགྲོ་བ་ཀུན་གྱི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་མཆོག་ཏུ་བསྔོའོ། །སྦྱིན་པ་བྱིན་ནས་གང་ལ་སྦྱིན་པ་དང་གང་གིས་སྦྱིན་པ་དང་གང་གི་དོན་དུ་སྦྱིན་པའི་འཁོར་གསུམ་གྱི་དངོས་པོ་ལ་བདེན་ཞེན་གྱིས་གནས་པར་བྱེད་པ་མེད་ཅིང་། དེ་ནི་ནམ་དུ་ཡང་རང་ལ་སྦྱིན་པའི་རྣམ་སྨིན་ལོངས་སྤྱོད་ཆེན་པོ་འབྱུང་བ་ལ་རེ་ནས་སྦྱིན་པ་མེད་དོ། །དེ་ལྟར་གཏོང་བ་ལ་མཁས་པས་དངོས་པོ་ཆེ་ཆུང་ཐམས་ཅད་གཏོང་བ་སྟེ། ཆུང་ངུ་བཏང་བ་ལ་ཡང་ཐབས་ཤེས་ཁྱད་པར་ཅན་དང་བསྔོ་བས་ཟིན་པའི་སྟོབས་ཀྱིས། འབྲས་བུ་ཕན་ཡོན་མང་པོ་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །སྲིད་པ་གསུམ་ན་སེམས་ཅན་མ་ལུས་པ་ཇི་སྙེད་ཡོད་པ་ཡོངས་སུ་བརྟག་པ་བཟུང་སྟེ། དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་མཁྱེན་པ་སངས་རྒྱས་དང་ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་རྣམས་ལ། བསྐལ་བ་མཐའ་ཡས་སྦྱིན་པ་བྱིན་ཏེ་ཉན་རང་གི་གོ་འཕང་ལེགས་པར་ཚོལ་ན་ཕན་ཡོན་ཆེ་མོད། འོན་ཀྱང་བྱང་སེམས་ཐབས་ལ་མཁས་པ་གང་ཞིག་གིས་དེ་དག་གི་བསོད་ནམས་བྱ་བའི་དངོས་པོ་ལ་རྗེས་སུ་ཡི་རང་བར་བྱས་ནས། དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། ཡོངས་སུ་བསྔོ་བའི་དགེ་བ་དེས་ནི་བསོད་ནམས་སྔོན་མ་དེ་སོགས་འགྲོ་བ་གཞན་ཐམས་ཅད་ཀྱི་སྦྱིན་པའི་བསོད་ནམས་ཟིལ་གྱིས་གནོན་པར་འགྱུར་རོ། །དཔེར་ན་ནོར་བུ་མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང་དགོས་དོན་མི་ཆེ་བའི་ཕྱིར་རིན་པོ་ཆེ་བཻཌཱུཪྱ་གཅིག་གིས་ཀྱང་མཆིང་བུ་དེ་ཀུན་ཟིལ་གྱིས་གནོན་པར་བྱེད་དོ། །དེ་བཞིན་དུ་འགྲོ་བ་ཀུན་གྱི་སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་རྒྱ་ཆེན་པོ་ཀུན་ཀྱང་དེ་དག་ལ་རྗེས་སུ་ཡི་རང་ནས་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བསྔོ་བའི་བྱང་ཆུབ་སེམས་དཔའི་དགེ་བས་ཟིལ་གྱིས་གནོན་པར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་འགྲོ་བ་ལ་སྦྱིན་པ་བྱིན་ནས་སྦྱིན་པ་དེ་ལ། འདི་བདག་གིས་བྱིན་པའོ་སྙམ་དུ་བདག་གི་བར་བདེན་ཞེན་གྱིས་རྟོག་པར་མི་བྱེད་ཅིང་། སྦྱིན་བྱའི་དངོས་པོ་བཏང་བ་ལ་ཕངས་པ་མེད་ན་ཚུལ་དེ་ལས་དགེ་བའི་རྩ་བ་རྣམས་མཐུ་ཆེན་པོར་འཕེལ་བར་འགྱུར་ཏེ། དཔེར་ན་མཁའ་ལ་སྤྲིན་མེད་པའི་ཚེ་འོད་དང་ལྡན་པའི་ཟླ་བའི་ཡར་གྱི་ངོའི་དཀྱིལ་འཁོར་གོང་དུ་འཕེལ་བ་མཐོང་བ་བཞིན་ནོ། །སྤྱིར་སྦྱིན་པ་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་གཉིས་ཡོད་པའི་རབ་བྱུང་ལ་ཆོས་དང་ཁྱིམ་པ་ལ་ཟང་ཟིང་གཙོ་ཆེ་ཞིང་། ཟང་ཟིང་གི་སྦྱིན་པ་ལ་ཡར་དཀོན་མཆོག་མཆོད་པ་དང་མར་དབུལ་ཕོངས་སོགས་ལ་སྦྱིན་པ་གཉིས་ཡོད་དེ་ཁྱད་པར་ཤེས་དགོས་སོ། །འདི་དག་ནི་རྒྱན་གྱི་སྐབས་ལྔ་པར་སྡུད་དགོས་རྒྱུར་སྣང་ཡང་། སློབ་དཔོན་གྱིས་ཆོས་འཕགས་ཀྱི་ལེའུའི་དོན་བསྡུས་པར་འཆད་དེ་ཕྱོགས་གཅིག་གོ། །།དེ་ནས་སྐབས་དྲུག་པར་མཐར་གྱིས་སྦྱོར་བའི་ཆོས་བཅུ་གསུམ་སྟོན་ཅིང་། ཡུམ་གསུམ་ན་ཚིག་མང་ཡང་འདིར་ནི། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །ཞེས་སོགས་ཚིགས་བཅད་བཞིས་ཕན་ཡོན་གྱི་སྒོ་ནས་འཆད་དེ། བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕར་ཕྱིན་གྱིས་ནི་ཡི་དྭགས་ཀྱི་འགྲོ་བར་སྐྱེ་བར་རྒྱུན་གཅོད་ལ། དབུལ་བའི་སྡུག་བསྔལ་དང་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱང་རྒྱུན་གཅོད་པར་བྱེད་ཅིང་། བྱང་སེམས་ཀྱི་སྤྱད་པ་སྤྱོད་པའི་ཚེ་ལོངས་སྤྱོད་མཐའ་ཡས་པ་རྒྱས་པ་ཐོབ་པར་འགྱུར་ལ། སྦྱིན་པས་འཕྲལ་དུ་སྡུག་བསྔལ་ཅན་དུ་གྱུར་པའི་སེམས་ཅན་བསྡུས་ནས་ཆོས་ཀྱིས་རྒྱུད་ཡོངས་སུ་སྨིན་པར་བྱེད་དོ། །ཚུལ་ཁྲིམས་ཀྱིས་ནི་ཕྱི་མར་དུད་འགྲོའི་རིགས་ཀྱི་འགྲོ་བ་དུ་མའི་ངོ་བོ་དང་དམྱལ་བ་ལ་སོགས་པའི་མི་ཁོམ་པ་བརྒྱད་དུ་སྐྱེ་བ་སྤོང་ཞིང་། མི་ཁོམ་པ་བརྒྱད་པོ་དེ་ཡི་དལ་བ་ཁོམ་པ་བརྒྱད་རྟགས་ཏུ་རྙེད་པར་འགྱུར་རོ། །བཟོད་པས་ན་ཕྱི་མ་ལ་གཟུགས་བཟང་བའི་རྟེན་དམ་པ་རྒྱ་ཆེན་པོ་ཐོབ་པར་འགྱུར་ཏེ། དེ་ཡང་སངས་རྒྱས་པ་ན་གསེར་མདོག་སྡུག་ཅིང་ཡིད་དུ་འོང་བས་འགྲོ་བ་ཀུན་གྱིས་ལྟ་བའི་འོས་སུ་འགྱུར་རོ། །བརྩོན་འགྲུས་ཀྱིས་ནི་སྔར་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་ཅིང་ཐོབ་པའི་དཀར་པོའི་ཡོན་ཏན་རྣམས་འགྲིབ་པར་མི་འགྱུར་ཞིང་འཕེལ་བ་དང་། ཡེ་ཤེས་མཐའ་ཡས་པའི་རྒྱལ་བའི་ཆོས་ཀྱི་བང་མཛོད་རྙེད་པར་འགྱུར་རོ། །བསམ་གཏན་གྱིས་ནི་འདོད་པའི་ཁམས་ཀྱི་ཡོན་ཏན་སྨད་པ་རྣམས་འདོར་ཞིང་ཁམས་གོང་མའི་ཡོན་ཏན་དང་རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་ཏིང་ངེ་འཛིན་ཁྱད་པར་ཅན་ཐམས་ཅད་མངོན་པར་སྒྲུབ་པར་བྱེད་དོ། །ཤེས་རབ་ཀྱི་ཕར་ཕྱིན་གྱིས་ནི་ཆོས་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་དོན་ཡོངས་སུ་ཤེས་ནས་བསྒོམས་ཏེ། འདོད་ཁམས་སོགས་ཁམས་གསུམ་པོ་མ་ལུས་པ་ལས་ཡང་དག་པར་འདའ་བར་འགྱུར་ཞིང་། མིའི་ཁྱུ་མཆོག་སངས་རྒྱས་སུ་གྱུར་ཏེ་འགྲོ་བ་རྣམས་མངོན་མཐོ་ལ་འགོད་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བསྐོར་བར་བྱས་ནས། སྡུག་བསྔལ་ཀུན་ཟད་པའི་ངེས་ལེགས་མི་གནས་པའི་མྱང་འདས་ལ་འགོད་པར་བྱ་བའི་ཕྱིར་ཟབ་མོའི་ཆོས་ཀྱང་སྟོན་པར་འགྱུར་རོ། །འདི་དག་གིས་མཐར་གྱིས་སྦྱོར་བའི་ཆོས་དྲུག་དངོས་སུ་བསྟན་ནས་གཞན་བདུན་དོན་གྱིས་འཕངས་ཏེ་འདི་ལྟ་བུ་གོང་དུ་བཤད་པ་ལ་ཡང་ཡོད་དོ། །འདི་ནི་རྒྱན་ལས། སྦྱིན་པ་ཤེས་རབ་བར་དག་དང་། ཞེས་སོགས་ཀྱིས་འཆད་དོ།། །།དེ་ནས་སྐབས་བདུན་པར་སྐད་ཅིག་སྦྱོར་བའི་ཆོས་བཞི་དང་བཅས་པ་འཆད་ཅིང་། ཡུམ་གསུམ་གྱི་མདོ་ཚིག་མང་ཡང་། འདིར་ནི། ཆོས་འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའི་དེ། །ཞེས་པའི་རྐང་པ་གཅིག་གིས་ཐམས་ཅད་བསྡུས་སོ། །ཆོས་འདི་ཞེས་པ་ནི་སྔར་བཤད་པའི་བྱང་སེམས་ཀྱི་ཉམས་ལེན་གྱི་ཆོས་ཀུན་དང་ཁྱད་པར་དུ་ཕྱིན་དྲུག་གིས་བསྡུས་པའི་ཆོས་འདི་རྣམས་ཡོངས་སུ་རྫོགས་པར་བྱས་ན། བྱང་ཆུབ་སེམས་དཔའ་དེ་རྒྱུན་མཐའི་ཚེ་སྐད་ཅིག་མ་གཅིག་ལ་མྱུར་དུ་འཚང་རྒྱ་བར་འགྱུར་རོ་ཞེས་བསྡུས་ནས་བཤད་དེ། འདི་ནི་རྒྱན་ལས། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཞེས་སོགས་ཀྱིས་འཆད་དོ། །སྐབས་བརྒྱད་པར་འབྲས་བུ་ཆོས་སྐུ་འཕྲིན་ལས་དང་སྦྱར་ནས་འཆད་ཅིང་། འདི་ལ་ཡུམ་གསུམ་དང་ཁྱད་པར་དུ་རྒྱས་འབྲིང་གཉིས་ན་མདོ་ཚིག་ཤིན་ཏུ་མང་ཡང་། འདིར་ནི། ཡོངས་དག་ཞིང་དང་སེམས་ཅན་དག་པ་ཞེས་སོགས་རྐང་པ་བདུན་གྱིས་སྟོན་ཏེ། འདིར་སློབ་དཔོན་གྱིས་ས་བཅུ་དང་སྦྱར་ཡང་སྐབས་དོན་ནི། གོང་དུ་བཤད་པའི་རྒྱུན་མཐར་ཆོས་དེ་དག་རྫོགས་ནས་ཆོས་ཀྱི་སྐུར་འཚང་རྒྱ་བར་འགྱུར་ཞིང་། སངས་རྒྱས་ནས་གང་དུ་ལོངས་སྐུར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྣོད་བཅུད་ཀྱི་འབྱོར་བ་རྒྱ་ཆེ་བ་དང་། དེར་འཁོར་དུ་སེམས་ཅན་ཡོངས་སུ་དག་པ་བྱང་སེམས་འཕགས་པ་ཤ་སྟག་ཡོངས་སུ་འཛིན་པ་དང་། སངས་རྒྱས་ཀྱི་སྤྲུལ་བའི་སྐུའི་རྒྱུད་དང་ཐེག་པ་གསུམ་གྱི་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན་ཅིང་། དེ་བཞིན་དུ་སྤྲུལ་སྐུའི་འཁོར་གྱི་དགེ་འདུན་གྱི་རྒྱུད་དང་ལུང་དང་རྟོགས་པའི་དམ་ཆོས་ཀུན་ཡོངས་སུ་འཛིན་པའི་སྒོ་ནས། འགྲོ་བ་ཀུན་གྱི་ཉོན་མོངས་པ་དང་སྡུག་བསྔལ་གྱི་ནད་རྣམས་གསོ་བར་མཛད་པ་སྨན་པའི་མཆོག་ཏུ་འགྱུར་རོ། །དེ་ལྟར་གྱུར་བའི་ལྷ་དང་མིའི་སྟོན་པ་མཆོག་དེས་ནི་ཤེས་རབ་གཙོ་བོར་བསྟན་པ་བྱང་ཆུབ་ཀྱི་ལམ་བརྗོད་བྱར་ལྡན་པའི་ཤེར་ཕྱིན་བསྡུས་པ་འདི་ལེགས་པར་གསུངས་ཏེ། འདིའི་མིང་ནི་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་ཏུ་བགྲོད་པའི་ལམ་ཞེས་བྱ་ཞིང་། ལམ་འདི་ནི་གདུལ་བྱའི་སེམས་ཅན་ཀུན་གྱིས་བསྒོམ་པར་བྱ་བའི་ཉམས་ལེན་ཇི་ལྟ་བ་བཞིན་དུ་རྗེས་སུ་ཐོབ་པར་བྱ་བའི་ཕྱིར་དུ་བཤད་དོ། །འདི་ནི་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཞེས་སོགས་ཀྱིས་འཆད་དོ། །འོན་ཀྱང་རྒྱན་གྱི་སྐབས་བརྒྱད་པ་ནས་བཤད་པའི་སྐུ་བཞི་དང་ཡེ་ཤེས་ཆོས་སྐུ་མཛད་པ་འཕྲིན་ལས་དང་བཅས་པ་རྣམས་འདིར་དངོས་སུ་མི་གསལ་ཡང་ཚིག་ཉུང་ངུས་བསྡུས་པར་བྱ་དགོས་སོ། །སྡུད་པ་འདི་ནི་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བཞི་པ་ནས་འབྱུང་ཡང་། ངོ་བོ་ནི་བརྒྱད་སྟོང་པ་དང་དོན་ལྷག་པར་མཐུན་ཅིང་། འདི་ལ་ནི་དོན་བདུན་ཅུ་ཡང་ཚང་ངོ་། །སྤྱིར་ཡུམ་གསུམ་གྱིས་ནི་དངོས་བསྟན་ལ་སྟོང་ཉིད་གཅོ་བོར་སྟོན་ཅིང་སྦས་དོན་ལ་མངོན་རྟོགས་ཀྱི་རིམ་པ་སྟོན་པ་ལྟར་སྡུད་པས་ཀྱང་དེ་ལྟར་སྟོན་ཏེ། འོན་ཀྱང་མངོན་རྟོགས་ཀྱི་རིམ་པ་འགའ་ཞིག་ནི་གསལ་བར་འཆད་དོ། །གསུམ་པ་མཇུག་ནི། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་རྫོགས་སོ། །ཞེས་པའོ།། །།སྨྲས་པ། རྒྱལ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི། །དོན་གྱི་སྙིང་པོ་ཀུན་འདུས་པ། །ཤེར་ཕྱིན་སྡུད་པ་ཞེས་གྲགས་པའི། །དགོངས་འགྲེལ་རིན་ཆེན་འདི་ན་མཆིས། །གཞུང་འདིའི་དོན་རྣམས་མ་ལུས་པ། །འཕགས་པའི་ཡུལ་ཏེ་བདག་ལྟ་བུའི། །སྤྱོད་ཡུལ་མིན་ཡང་དད་སྟོབས་ཀྱིས། །དགོངས་དོན་ཕྱོགས་ཙམ་འགྲེལ་ལ་བརྩོན། །རྒྱས་པར་བཀྲལ་ན་ཚིག་ཚོགས་ཀྱི། །སྤྲོས་པས་འཇིགས་ཏེ་ཚིག་དོན་ཙམ། །སེང་བཟང་ལ་སོགས་མཁས་གཞུང་དང་། །བསྟུན་ནས་རྣམ་པར་དཔྱོད་པས་བཀྲལ། །ལེགས་པར་བཤད་ཀུན་བླ་མ་དང་། །ལྷ་ཡི་དྲིན་ཡིན་ཉེས་བཤད་ཆ། །བདག་བློའི་སྐྱོན་ཏེ་ནོངས་པ་ཀུན། །ཐུབ་དབང་མཆོག་གི་དྲུང་དུ་བཤགས། །ཚུལ་འདིར་འབད་པའི་དགེ་ལེགས་ཆབ། །དུས་གསུམ་རྣམ་དཀར་ཀླུང་གཞན་དང་། ལྷན་ཅིག་ཐེག་ཆེན་ལམ་བཟང་ནས། །ཀུན་མཁྱེན་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ་འདི་ནི། ཡི་གེ་འདྲི་ཀློག་ལ་བློ་གསལ་བ་དད་སྟོབས་ལྡན་པའི་བྲིས་པ་ཏྭ་ཡི་ལ་ལུང་བློ་བཟང་དོན་གྲུབ་ཀྱིས། ཉིད་ཀྱིས་མཛད་པའི་རྡོར་གཅོད་ཀྱི་འགྲེལ་པ་ཞིག་འདུག་པས། མདོ་སྡུད་པ་འདི་ལ་ཡང་འགྲེལ་པ་ཞིག་བ གྱིས་ན་ལེགས་ཞེས་བསྐུལ་བ་ལ་བརྟེན་ནས། གཡོ་སའི་ཁྲི་ཟུར་ཤཱཀ་བཙུན་གྲགས་པ་བཤད་སྒྲུབ་ཀྱིས་གཞུང་འདིའི་དོན་ཟབ་ཅིང་རྒྱ་ཆེ་བས་དཀའ་ཞིང་བཀྲལ་ཡང་གཞན་གྱིས་གོ་མི་ནུས་སྙམ་ཡང་། འདིའི་དགོངས་པ་རྫོགས་པར་འགྲེལ་པའི་ལུས་རྟེན་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་། ད་རེས་ཀྱི་རྟེན་འདིའི་ཐོག་ནས་ཅུང་ཟད་འགྲེལ་ནུས་འདུག་པས་འདི་ལ་སྙིང་པོ་ཞིག་བླང་བར་བྱའོ་སྙམ་པའི་བསམ་པས་ཀྱང་རང་ལོ་དོན་གསུམ་པ་མེ་ཡོས་བཅུ་གསུམ་པའི་ཐོག་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་དོ།། །།མངྒ་ལཾ།། །།

བཤེས་སྤྲིངས་ཀྱི་དགོངས་པ་གསལ་བར་བཤད་པའི་མཆན་འགྲེལ།

བཤེས་སྤྲིངས་ཀྱི་དགོངས་པ་གསལ་བར་བཤད་པའི་མཆན་འགྲེལ་བཞུགས།

མགོན་པོ་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒྱ་གར་ན་སྐད་རིགས་བཞི་ཡོད་པ་ལས་ས}་སྐྲྀ་ཏའི་སྐད་དུ། སུ་ཏྲི་ད་ལེ་ཁ། དེ་ཡང་བོད་སྐད་དུ་བསྒྱུར་ན། སུ་ཏྲི་ད་ནི་བཤེས་པའི་ལེ་ཁ་ནི་སྤྲིང་ཡིག་ཅེས་བྱའོ། །ཉོན་མོངས་པའི་རྩུབ་རེག་དང་བྲལ་བས་ན་འསྔམ་པ་དང་། ཡོན་ཏན་ཐམས་ཅད་ཀྱི་དཔལ་དང་ལྡན་པས་ན་དཔལ། ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟ་བུར་གནས་པས་ན་གཞོན་ནུར་གྱུར་པ་སྟེ་དེ་ལ་ཕྱག་འཚལ་ལོ་ནི་གུས་པས་འདུད་པའོ། །རྒྱལ་པོ་བདེ་སྤྱོད་ལ་ཡོན་ཏན་གྱི་འདི་ནི་འགྲེལ་པར་དགེ་བ་དངོས་ལ་འཆད་ལུགས་གཅིག་བཤད་དོ། །རང་བཞིན་དགེ་ཏེ་དགེ་བའི་སྣོད་དུ་འོས་པ་ཁྱོད་ལ་ཀླུ་སྒྲུབ་བདག་གིས་ནི། །རང་བཟོ་སྤངས་ཏེ་བདེ་བར་གཤེགས་པའི་གསུངས་རབ་ལས་བསྙད་པ་སྟེ་བཤད་པ་ལས་བྱུང་བའི་བསོད་ནམས་དགེ་བ་ལ་འདུན་པ་སྟེ་དད་པར་བྱ་བའི་སླད་དུ་འཕགས་པའི་དབྱངས་སྟེ་ཚིགས་སུ་བཅད་པ་འདི་དག ། རྒྱ་ཆེར་མི་སྤྲོ་བར་ཅུང་ཟད་ཅིག་བསྡེབས་པ་སྟེ་བསྡུས་ནས་བརྗོད་པར་བྱེད་ཀྱི་རྒྱལ་པོ་བ་ཁྱོད་ཀྱིས་གསན་པར་རིགས་སོ། །ཉན་མི་རུང་བ་ཞིག་གམ་ཇི་སྙམ་ན་ལྟར་དཔེ་བདེ་བར་གཤེགས་པའི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་ལྟ་ཅི་སྨོས་ཤིིང་དང་རྡོ་སོགས་ལས་ཀྱང་། །བགྱིས་པ་བཟང་ངན་ཅི་འདྲ་ཞིག་ཡིན་པའང་རུང་སྟེ་མཁས་པས་མཆོད་འོས་པ་ལྟར། དེ་བཞིན་དུ་ཀླུ་སྒྲུབ་བདག་གི་སྙན་ངག་སྟེ་བརྗོད་པའི་ཚིག་འདི་དག་སྡེབ་སྦྱོར་སོགས་ངན་ཡང་། །བརྗོད་བྱ་དམ་པའི་ཆོས་བརྗོད་པའི་གཏམ་ལ་བརྟེན་པའི་སླད་དུ་ཁྱོད་ཀྱིས་སྨད་པར་མི་བགྱིའོ། །ངས་མང་པོ་ཤེས་པས་མི་ཉན་སྙམ་ན་ཐུབ་པ་ཆེན་པོའི་སངས་རྒྱས་ཀྱི་བཀའ་ནི་སྙན་པ་སྟེ་ལེགས་པར་བཤད་པ་དགུ་སྟེ་དུ་མ་ཞིག །ཁྱོད་ཀྱི་ཐུགས་སུ་སྔར་ཐོས་བསམ་གྱིས་ལྟ་ཡང་ཆུད་པ་ཡིན་མོད་ཀྱི། འོན་ཀྱང་། ཉན་ན་ཕན་པ་ནི་དཔེར་ན་རྡོ་ཐལ་དཀར་པོ་བྱུགས་པ་ལས་བགྱིས་རྡོ་ཐལ་ལས་བགྱིས་ཞེས་པའི་སྒྲས་ཟིན་ལ་འགྲེལ་པ་ལྟར་ན་རང་བཞིན་གྱིས་དཀར་བ་ཞིག་འདྲའོ་པའི་ཁང་བཟང་ལ་མཚན་མོ་དགུང་ཟླའི་འོད་ཀྱིས་ནི་ཕོག་པའི་ཚེ་སྔར་ལས་ལྷག་པར་ཆེས་དཀར་བ་ཉིད་དུ་ཅི་སྟེ་མི་བགྱིད་དེ་བགྱིད་པ་བཞིན་དུ་ལྷག་པར་ཕན་པ་འགྱུར་བ་ལགས་སོ། །རྒྱལ་བས་ཏེ་མི་མཐུན་ཕྱོགས་མཐའ་དག་ལས་རྒྱལ་བའི་སངས་རྒྱས་དེ་ཉིད་ཀྱིས་སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས་སུ་དྲན་པ་དང་། སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་སྲུང་བ་དང་འདོད་ལྷ་རིགས་དྲུག་ཏུ་སྐྱེ་བ་ལེན་པའི་རྒྱུ་སོགས་དྲན་པ་བཅས་རྗེས་སུ་དྲན་པ་དྲུག །གསུང་རབ་ལས་རབ་ཏུ་བཀའ་སྩལ་བའི་རྗེས་དྲན་དྲུག་པོ་དེ་དག་རང་རང་སོ་སོ་ཡི། །ཡོན་ཏན་གྱི་ཚོགས་ཀྱི་སྒོ་ནས་རྗེས་སུ་དྲན་པར་བགྱིའོ། །དྲན་ཚུལ་ནི་སྦྱིན་པ་ལས་ལོངས་སྤྱོད་འབྱུང་བའི་ཚུལ་བསམ་པ་བཞིན་ནོ། །སྲོག་གཅོད་སྤོང་བ་སོགས་དགེ་བའི་ལས་ལམ་བཅུ་པོ་འདི་རྣམས་ཁྱོད་ཀྱིས་ཏེ་ལུས་ཀྱི་ལས་གསུམ་དང་ངག་གི་བཞི་ངག་དང་ཡིད་ཀྱི་གསུམ་ལུས་དང་ནི། །ངག་དང་ཡིད་ཀྱིས་རྟག་ཏུ་སྟེ་རྒྱུན་དུ་བསྟེན་པར་བགྱི་ཞིང་། འབྲུའི་ཆང་སོགས་ཆང་རྣམས་འཐུང་བ་ལས་བཟློག་སྟེ་མི་འཐུང་ཞིང་དེ་བཞིན་དུ་གཞན་ལ་མི་གནོད་པའི་དགེ་བ་ཡི། །འཚོ་བ་སྟེ་ལས་ལ་ཡང་མངོན་པར་དགྱེས་པར་མཛོད་ཅིག །ཟང་ཟིང་གི་ལོངས་སྤྱོད་གཡོ་བ་སྟེ་འཇིག་ཅིང་སྙིང་པོ་མེད་པར་མཁྱེན་ནས་སྙིང་པོ་ལེན་པའི་ཆེད་དུ། །ཡོན་ཏན་གྱི་གཞི་དགེ་སློང་གིས་མཚོན་ཏེ་ར བ་བྱུང་རྣམས་དང་བྲམ་ཟེ་ལྟ་བུ་དང་སྙིང་རྗེའི་གནས་ཟས་གོས་སོགས་ཀྱིས་ཕོངས་པའི་བཀྲེན་པ་དང་དྲིན་ཆེ་བའི་གཞི་ཕ་མ་སོགས་མཛའ་བཤེས་རྣམས་ལ། །གཙོ་བོར་ཟང་ཟིང་གི་སྦྱིན་པ་ཚུལ་བཞིན་སྩལ་བ་སྟེ་སྦྱིན་པར་བགྱི་སྟེ་རྒྱུ་མཚན་ཡང་འཇིག་རྟེན་ཕ་རོལ་ཏུ། །སྦྱིན་པ་ལས་གཞན་ཕན་པའི་གཉེན་ནམ་གྲོགས་ཀྱི་མཆོག་གཞན་མ་མཆིས་པས་སོ། །རྒྱལ་པོ་ཁྱོད་ཀྱིས་རྩ་བཞི་བསྲུང་བ་ལྟ་བུ་ཚུལ་ཁྲིམས་མ་ཉམས་མོད་མི་དམའ་བ་ནི་སྐྱོན་མེད་པའོ་ཞེས་འགྲེལ་པར་བཤད་། །མི་དགེ་བ་དང་མ་འདྲེས་པ་དང་ལོག་པར་བསྔོས་པའི་དྲི་མས་ཐར་འདོད་རྣམས་ཀྱིས་དགེ་བ་ལྷ་མིའི་གོ་འཕང་ཙམ་དང་ལོངས་སྤྱོད་འབྱུང་བའི་ཆེད་དུ་བསྔོས་ན་ལོག་པར་བསྔོས་པར་བཤད་དོ་མ་སྦགས་ཤིང་མ་གོས་པར་རང་རྒྱུད་ལ་བསྟེན་པར་མཛོད་ཅིག །རྒྱུ་མཚན་ནི། ཚུལ་ཁྲིམས་དེ་ནི་དཔེར་ན་རྒྱུ་བའི་སེམས་ཅན་དང་མི་རྒྱུ་བའི་དངོས་པོ་གཞན་སྐྱེ་བ་དང་གནས་པའི་རྟེན་དང་གཞི་ནི་ས་ཡིན་པ་དེ་བཞིན་དུ། །ཏིང་ངེ་འཛིན་སོགས་ཡོན་ཏན་ཀུན་གྱི་གཞི་དང་རྟེན་ལགས་པར་སྟེ་ཡིན་པ་གསུངས་སོ། །ཆོས་དང་ཟང་ཟིང་གི་སྦྱིན་པ་དང་སོ་ཐར་སོགས་ཀྱི་ཚུལ་ཁྲིམས་གནོད་པ་ལ་ཇི་མི་སྙམ་པ་སོགས་ཀྱི་བཟོད་པ་དང་དགེ་བར་སྤྲོ་བའི་བརྩོན་འགྲུས་དང་། དམིགས་པ་ལ་མི་གཡེང་བའི་བསམ་གཏན་དང་། དེ་བཞིན་དུ་དོན་དམ་དང་ཀུན་རྫོབ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་སྟེ་དེ་དག་ནི། ཤེས་རབ་ཁྱད་པར་ཅན་གཞལ་དུ་མེད་པའི་ཕ་རོལ་ཏུ་ཕྱིན་པ། འདི་དག་གོང་འཕེལ་དུ་བསྒྲུབས་ནས་རྒྱས་པར་མཛད་དེ་སྲིད་པ་སྟེ་འཁོར་བའི་རྒྱ་མཚོ་ཡི། །ཕ་རོལ་ཏུ་ཕྱིན་པར་འགྱུར་བའི་རྒྱལ་བའི་དབང་པོ་སངས་རྒྱས་སུ་འགྱུར་བར་མཛོད་ཅིག །མི་གང་གང་གི་རིགས་ལ་ཕ་དང་མ་དག་དང་རིགས་ཀྱི་རྒན་རིགས་ལྟ་བུ་ལ་མཆོད་པ་ཡི། །མིའི་རིགས་ཡོད་པ་དེ་ནི་ཚངས་པ་དང་བརྒྱ་བྱིན་སོགས་ལྷ་དང་བཅས་པས་བྱིན་གྱིས་རློབ་ཅིང་སྲུང་བ་དང་སློབ་དཔོན་གྱིས་རྗེས་སུ་བཟུང་ནས་ལེགས་པ་བརྗོད་པ་དང་། ཉན་ཐོས་དང་རང་རྒྱལ་སོགས་དམན་པ་ལ་མོས་པ་རྣམས་ལ་ཡོད་ལ་པས་བཅས་པ་འདི་ལ་བཤད་ཚུལ་གཞན་ཞིག་ཀྱང་ཡོད་པར་མངོན་ལགས། །ཕ་དང་མ་སོགས་དེ་དག་ལ་མཆོད་པས་ཚེ་འདིར་ཡང་གྲགས་པ་ཐོབ་པར་འགྱུར་བ་དང་། །ཚེ་སླད་མ་ལ་ཡང་མཐོ་རིས་ཐོབ་པར་འགྱུར་བ་ལགས་སོ་། །གཞན་གྱི་སྲོག་ལ་འཚེ་བ་དང་མ་བྱིན་པར་ལེན་པའི་ཆོམ་རྐུན་དང་གཞན་གྱི་བུད་མེད་ལ་ལོག་པར་ཞུགས་པ་སོགས་སྨྲ་བ་སྟེ་འཁྲིག་པ་དང་བརྫུན་དང་ནི། །རྩ་བ་བཞི་ཡན་ལག་ཆང་འཐུང་བ་དང་དུས་མིན་པའི་ཕྱི་དྲོའི་ཁ་ཟས་ལ་ཆགས་པ་དང་སྟེ་སྲེད་ནས་ཟ་བ། མལ་སྟན་ཆེ་མཐོ་ལ་དགའ་བ་དང་གླུ་དག་དང་། གར་བྱེད་པ་དང་རྒྱན་དུ་བྱེད་པའི་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང་། །སྔོན་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཚུལ་ཁྲིམས་ཇི་ལྟར་སྲུང་བ་དེའི་རྗེས་སུ་འཇུག་པར་བྱེད་པ་ཡི། །སྲོག་གཅོད་སྤོང་བ་སོགས་ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོང་བྱས་པར་འགྱུར་བ་དང་དེའི་མཐུས་འདོད་པ་ན་སྤྱོད་པའི་ལྷའི་ལུས་ཡིད་དུ་འོང་བ་དེ་ནི་ཐོབ་པར་འགྱུར་རོ། །དེས་ན་ཁྱོད་ཀྱིས་ཡན་ལག་བརྒྱད་པོ་འདི་དང་སྐྱེས་པ་དང་བུད་མེད་དག་ལ་སྩོལ་བ་སྟེ་སྦྱིན་པར་བགྱིད་བར་མཛོད་ཅིག །དངོས་པོ་ལ་སེར་སྣ་ཆེ་བ་དང་གཡོ་དང་སྒྱུ་དང་གཞན་གྱི་ནོར་ལ་ཆགས་པའི་བརྣབ་སེམས་དང་སྙོམ་ལས་ཏེ་ལེ་ལོ་དང། ཡོན་ཏན་མེད་བཞིན་དུ་ཡོད་པར་རློམས་པ་མངོན་པའི་ང་རྒྱལ་དང་འདོད་ཆགས་དང་ཞེ་སྡང་དང་། །རིགས་མཐོ་བ་དང་གཟུགས་བཟང་བ་དང་ཐོས་པ་ཆེ་བ་དང་ལང་ཚོ་དར་བ་དང་། བུ་དང་འཁོར་གཡོག་མང་བའི་དབང་ཐང་ཆེ་བ་རྣམས་ཀྱིས་རྒྱགས་ཤིང་དྲེགས་པ་རྣམས་ནི་མཐོ་རིས་དང་ཐར་པའི་གེགས་ཡིན་པས་དགྲ་བཞིན་དུ་གཟིགས་ནས་སྤོང་ངོ་། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སོགས་བག་ཡོད་ནི་བདུད་རྩིའི་གནས་ཏེ་བདུད་རྩི་དང་འདྲ་ལ་ངོ་ཚ་མེད་པ་སོགས་བག་མེད་པ་ནི། །འཆི་བའི་བདུད་རྩིའི་སྐད་དོད་ཨ་མྲྀ་ཏ་ནི་མི་འཆི་བ་དང་མྲྀ་ཏ་ནི་འཆི་བའོ་གནས་ཏེ་དུག་དང་འདྲ་བའི་ཕྱོགས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ན་རྒྱལ་པོ་ཁྱོད་ཀྱིས་དགེ་བའི་ཆོས་སྤེལ་བའི་སླད་དུ། །གུས་པས་རྟག་ཏུ་བག་ཡོད་དང་བཅས་པར་མཛོད་ཅིག །རྒྱུ་མཚན་བག་ཡོད་བརྟེན་ན་མཐོ་རིིས་ཐར་པ་དང་བག་མེད་ཀྱི་འཁོར་བ་དང་ངན་སོང་དུ་ལྷུང་བར་བྱེད་པའི་ཕྱིར་རོ། །འོ་ན་སྔོན་བག་མེད་དུ་གྱུར་པས་ད་ཅི་བྱ་སྙམ་ན། མི་གང་ཞིག་སྔོན་ཆད་བག་མེད་དུ་གྱུར་པ་ལས། །དུས་ཕྱི་ནས་བག་ཡོད་དང་ལྡན་པར་གྱུར་པའི་མི་དེ་ཡང་། ཟླ་བའི་དཀྱིལ་འཁོར་སྤྲིིན་དང་བྲལ་བ་ལྟ་བུར་རྣམས་མཛེས་པར་གྱུར་པ་ཡོད་པ་ཡིན་ཏེ། །དཔེར་ན་སྟོན་པའི་གཅུང་དགའ་བོ་དང་སོར་ཕྲེང་ཅན་དང་མཐོང་ལྡན་མ་སྐྱེས་དགྲ་དང་བདེ་བྱེད་བཞིན་ནོ། །དེ་ལ་གཅུང་དགའ་བོ་ཆུང་མ་ལ་ཆགས་པ་དང་། སོར་ཕྲེང་ཅན་གྱིས་རྒྱ་འགྲེལ་ལྟར་ན་མི་དགུ་བརྒྱ་གོ་དགུ་ཞེས་འབྱུང་བ་ལས་སྟོང་མི་གསལ་ལོ། །མི་སྟོང་དང་དགུ་བརྒྱ་གོ་དགུ་བསད། མ་སྐྱེས་དགྲས་རང་གི་ཕ་བསད། བདེ་བྱེད་ཀྱིས་མ་བསད་ཀྱང་ཕྱིས་སྟོན་པ་ལ་བརྟེན་ནས་ལེགས་པར་གྱུར་ཏོ། །གཞན་ཡང་འདི་ལྟར་བཟོད་པ་དང་མཚུངས་པའི་དཀའ་ཐུབ་གཞན་མ་མཆིས་པས། །རྒྱལ་པོ་ཁྱོད་ཀྱིས་ཐུགས་ཁྲོ་བའི་གོ་སྐབས་དབྱེ་བར་མི་བགྱིའོ། །ཁྲོ་བ་སྤངས་པའི་དགེ་བས་རྒྱལ་བའི་གོ་འཕང་ལས་ཕྱིར་མི་ལྡོག་པའི་ལམ་ཉིད། །འཐོབ་པར་འགྱུར་བར་སངས་རྒྱས་ཀྱིས་ཞལ་གྱིས་བཞེས་སོ། །ཡང་ཁོང་ཁྲོར་མ་ཟད་འདི་སྙམ་དུ་བདག་ནི་མི་འདིས་ངག་རྩུབ་མོས་སྤྱོས་མི་འདིས་ལུས་ཀྱིས་བཏགས་ཏེ་བརྡུངས་ཤིང་ཕམ་པར་བྱས། ཡང་མི་འདི་ཡིས་བདག་གི་ནོར་ཕྲོགས་པར་གྱུར་ཏོ་ཞེས། ཁོན་དུ་འཛིན་པའི་བསམ་པ་དེའང་སྡུག་བསྔལ་གྱི་འཁྲུག་ལོང་རྣམ་པར་སྐྱེད་པར་བྱེད་དེ། །དེས་ན་ཁྱོད་ཀྱིས་འ ཁོན་དུ་འཛིན་པ་རྣམ་པར་སྤངས་ན་བདེ་བར་གཉིད་ཀྱིས་ལོག་པ་དང་བདེ་བར་སད་དོ། །རྒྱལ་པོ་ཁྱོད་ཀྱིས་གཞན་གྱི་སེམས་ནི་བརྟེན་མི་བརྟེན་ནི་དཔེར་ན་ཆུ་དང་ས་དང་རྡོ་བ་ལ། །རི་མོ་བྲིས་པ་དེ་འདྲ་བར་རིག་པར་དེ་བགྱི་སྟེ། སེམས་དེ་གསུམ་པོའི་ནང་ནས་ཉོན་མོངས་ཅན་གྱི་སེམས་ལ་སེམས་དང་པོ་ཆུ་ལ་རི་མོ་བྲིས་པ་དེ་ནི། །མཆོག་སྟེ་དེ་ཕྱོགས་ལ་སེམས་མི་བརྟན་པ་དགོས་ཞིང་། དེས་ཆོས་འདོད་པ་སྟེ་དོན་གཉེར་ཅན་རྣམས་ལ་ཆོས་ཀྱི་ཕྱོགས་སུ་སེམས་ཐ་མ་རྡོ་ལ་རི་མོ་བྲིས་པ་དེ་དང་འདྲ་བར་བརྟན་པ་ཉེ་བར་མཁོ་བ་ལགས་སོ། །དེའི་ཤུགས་ལ་བར་མའི་སེམས་ནི་ས་ལ་རི་མོ་བྲིས་པ་འདྲ་བར་བསྟན་ཏོ། །རྒྱལ་བས་འཇིག་རྟེན་ན་སྙན་པ་སྙིང་ལ་འབབ་པའི་ཚིག་དང་བདེན་པར་སྨྲ་བའི་ཚིག་དང་། ལོག་པར་སྨྲ་བ་དང་ལྡན་པའི་ཚིག་གསུམ་ཡོད་པར་བཀའ་སྩལ་ཏེ་དེ་ལ་ར་སྐྱེས་བུ་རྣམས་ཀྱིས་ནི། །རིམ་པ་བཞིན་དུ་སྦྲང་རྩི་ལྟ་བུའི་ཚིག་དང་མེ་ཏོག་ལྟ་བུ་དང་མི་གཙང་བ་ལྟ་བུའི་ཚིག་དང་། རྣམ་པ་གསུམ་བཀའ་སྩལ་བ་དེ་ལས་ཐ་མ་ལོག་པར་སྨྲ་བ་མི་གཙང་བ་ལྟ་བུའི་ཚིག་དེ་ནི་སྤང་ངོ་། །འཇིག་རྟེན་འདིར་སྣང་བ་བདེ་འགྲོ་ནས་སྣང་བའི་བདེ་འགྲོ་མཐར་ཐུག་པར་སྐྱེ་བ་དང་མུན་པ་ངན་འགྲོ་ནས། མུན་པའི་ངན་འགྲོ་མཐའ་དང་ཡང་སྣང་བ་བདེ་འགྲོ་ནས་མུན་པ་ངན་འགྲོའི་མཐར་ཐུག་པར་སྐྱེ་བ་དང་། ཡང་མུན་པ་ངན་འགྲོ་ནས་སྣང་བ་བདེ་འགྲོའི་མཐར་ཐུག་པར་འགྲོ་བའི་གང་ཟག་ནི། །བཞི་ཡོད་པ་སྟེ་བཞི་པོ་དེ་དག་རྣམས་ཀྱི་ནང་ནས་རྒྱལ་པོ་ཁྱོད་ཀྱིས་དང་པོ་སྣང་བ་བདེ་འགྲོ་ནས་བདེ་འགྲོར་སྐྱེ་བར་མཛོད་ཅིག །མི་ལ་ནི་ཤིང་ཏོག་ཨ་མྲའི་འབྲས་བུ་ནང་སྨིན་ལ་ཕྱི་མ་སྨིན་པ་སོགས་བཞི་ཡོད་པ་བཞིན་དུ་རང་གི་སེམས་མ་སྨིན་ལ། །ཕྱིའི་ལུས་ངག་སྨིན་པ་དང་འདྲ་བ་དང་ནང་གི་སེམས་སྨིན་ལ་ཕྱིའི་ལུས་ངག་མ་སྨིན་པ་དང་འདྲ་བ་དང་། །ཡང་ནང་གི་སེམས་ཡང་མ་སྨིན་ལ་ཕྱིའི་ལུས་ངག་ཀྱང་མ་སྨིན་པར་སྣང་བ་དང་ཡང་ནང་གི་སེམས་ཀྱང་སྨིན་ལ་ནི། །ཕྱིའི་ལུས་ངག་ཀྱང་སྨིན་པར་སྣང་བ་ཞེས་བགྱི་བ་བཞི་ཡོད་པར་དེ་དང་འདྲ་བར་རྟོགས་པར་མཛོད་ཅིག །ཁྱོད་ཀྱིས་མི་གཞན་གྱི་ཆུང་མ་ལ་འདོད་སེམས་ཀྱིས་མི་ལྟ་ཞིང་གལ་ཏེ་མཐོང་ན་ཡང་། །འདུ་ཤེས་འདི་ལྟར་བཞག་སྟེ་ན་ཚོད་རྒན་གཞོན་དང་མཐུན་པར་མ་རྒན་པ་ལ་རང་གི་དང་གཞོན་པ་ལ་རང་གི་བུ་མོ་དང་། །མཉམ་པ་ལ་རང་གི་སྲིང་མོ་ཡིན་པའི་འདུ་ཤེས་བསྐྱེད་པར་བགྱི་ཞིང་གལ་ཏེ་དེ་ལ་འདོད་ཆགས་སྐྱེ་བར་འགྱུར་ན། བུད་མེད་དེའི་ལུས་ནི་ཤ་ཁྲག་རུས་གསུམ་དུ་མ་ཟད་རྣག་ཕྱི་ས་གཅིན་སོགས་ཀྱིས་གང་བ། མི་གཙང་བའི་རང་བཞིན་ཉིད་དུའང་ཡང་དག་པར་བསམ་པར་བགྱིའོ། །འོན་ཀྱང་ཆགས་པ་སྐྱེ་བར་འགྱུར་ན་རང་གི་གཡོ་བའི་སེམས་དེ་ནི་འདི་ལྟར་བསྲུང་བར་བྱ་སྟེ། ཐོས་པ་ལེགས་པར་སྲུང་བ་དང་མཚུངས་པ་དེ་བུ་ལྟ་བུར་བསྲུང་བར་བྱ་ཞིང་ཐོས་པ་མི་བརྗེད་པ་བྱེད་པ་བཞིན་དང་། །གཏེར་བཞིན་དུ་བསྲུང་བ་དང་སྲོག་དང་འདྲ་བར་བསྲུང་བར་བགྱི་སྟེ་བགྱིའོ། །སྟག་སེང་གདུག་པ་ཅན་དང་དུག་དང་མཚོན་ཆ་དང་དགྲ་བོ་དང་། །མེ་བཞིན་ཏེ་དེ་རྣམས་ཀྱིའང་རིམ་པ་བཞིན་དུ་གནོད་པ་ལྟར་འདོད་པའི་བདེ་བ་ལ་ཆགས་པའང་དེ་དང་འདྲ་བས་ཡིད་བྱུང་བར་མཛོད་ཅིག །རྒྱུ་མཚན་ཡང་འདོད་པ་ལ་ཆགས་པ་རྣམས་ནི་ཕུང་ཁྲོལ་སྡུག་བཇལ་བསྐྱེད་པར་བྱེད་པ་སྟེ། །རྒྱལ་བའི་དབང་པོས་ཕྱི་མཛེས་ཀྱང་ནང་མི་ཞིམ་པ་ཀིམ་པའི་འབྲས་བུ་དང་འདྲ་བར་འཕྲལ་དུ་ཕན་པ་ལྟར་སྣང་ཡང་ཕུགས་སུ་གནོད་པར་གསུངས་པས། །འདོད་པ་དེ་དག་སྤངས་པར་བགྱིའོ་འདོད་པས་གཞན་ལ་མི་གནོད་སྙམ་ན་འདོད་པ་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་ཁང་གི་ར་བར་འཇིག་རྟེན་གྱི་སེམས་ཅན་འདི་དག་ཐམས་ཅད་བཅིངས་པ་ཡིན་པས་སྐྱོན་ཡོད་དོ། །གང་དག་མིག་གི་དབང་པོ་སོགས་དབང་པོ་དྲུག་པོ་དེ་རྣམས་རིམ་པ་བཞིན་དུ་ཡུལ་གཟུགས་སྒྲ་དྲི་རོ་རེག་ཆོས་རྣམས་ལ་ནི། །དུས་རྟག་ཏུ་མི་བརྟན་པར་གཡོ་བ་ལས་རྒྱལ་ཏེ་དབང་པོ་དྲུག་ཡུལ་དུ་རང་དགར་མི་གཏོང་བ་དང་ཡང་མི་གང་དག་གཅིག །གཡུལ་ངོར་དམག་གི་དགྲ་ཚོགས་ལས་རྒྱལ་བ་དེ་དག་གཉིས་ལས་གང་དཔའ་བོར་འཇོག་ཞེ་ན། དུད་འགྲོ་སྟོབས་ཆེན་དག་ཀྱང་གཡུལ་ལས་རྒྱལ་བ་ཡོད་པས་ན་མཁས་པ་རྣམས་ལ་དང་པོ་དབང་པོ་ཡུལ་ལ་རང་དགྲར་མི་གཏོང་བར་ནང་དུ་སྡུད་ནུས་པའི་སྐྱེས་བུ་དེ་ནི། དཔའ་བོ་རབ་ལགས་པ་སྟེ་ཡིན་པར་འཚལ་བ་སྟེ་ཤེས་དགོས་སོ། །སྔར་གྱི་འཕྲོས་དོན་ནི་བུད་མེད་གཞོན་ནུའི་ལུས་ལ་ཆགས་པར་མི་བྱ་སྟེ་དེའི་ལུས་ནི་དཔྱད་ན་རྒྱན་མཛེས་པ་སོགས་ལས་ལོགས་ཤིག་ཏུ། །དྲི་ང་བ་སྟེ་དྲི་མ་ངན་པ་དང་ཁ་མིག་སོགས་སྒོ་དགུ་དོད་པ་དང་། མི་གཙང་བའི་རྫས་སོ་གཉིས་ཀུན་གྱི་སྣོད་དུ་འགྲོ་བ་དང་ངོམས་མི་ཤེས་པའི་དགང་དཀའ་དང་། ཕྱི་ལྤགས་པས་གཡོགས་པ་དང་འདྲ་བའི་གོས་བཟང་པོ་སོགས་ཀྱི་རྒྱན་ཡང་ལོགས་ཤིག་ན་ཡོད་པ་གཟིགས་དང་། གང་ལ་ཆགས་པ་ཡང་འཁྲུལ་པ་ཡིན་པར་ཤེས་ནས་ཆགས་པ་དང་བྲལ་བར་འགྱུར་གྱི་རྒྱན་དང་ལྷན་གཅིག་ཏུ་མ་ཕྱེེ་བར་གཅིག་ཏུ་བཟུང་སྟེ་བལྟས་ན་འདོད་པ་ཞི་བར་མི་འགྱུར་རོ། །ཇི་ལྟར་ན་མི་མཛེ་ཅན་འགའ་ཞིག་གི་ལུས་སྲིན་བུས་ཉེན་པ་སྟེ་ཟ་བ་ན། །མི་དེས་བདེ་བའི་དོན་དུ་མེ་ལ་ལུས་ཀུན་ཏུ་བསྟེན་ནས་དྲོས་པས་ཀྱང་ཕན་པ་ལྟར་སྣང་ཡང་། །དེའི་ནད་ཞི་བར་མི་འགྱུར་བར་མ་ཟད་འཕེལ་བར་འགྱུར་བའི་དཔའ་བ་དེ་ཉིད་དང་འདྲ་བར་ནི། །འདོད་པ་རྣམས་ལ་ཆགས་པ་ནི་འདོད་བརྟེན་ན་འདོད་པ་ལྷག་པར་འཕེལ་པའང་མཁྱེན་པར་མཛོད་ཅིག །འོན་ཀྱང་མི་སྡུག་པ་སྒོམ་པའི་ཚུལ་དེ་ཙམ་གྱིས་གཏན་ནས་སྤོང་མི་ནུས་པས་དོན་དམ་སྟོང་པ་ཉིད་དེ་གཟིགས་པར་བགྱི་པའི་སླད་གཟུགས་སོགས་ཀྱི་དངོས་པོའི་ཆོས་རྣམས་ལ། དོན་དམ་དཔྱོད་བྱེད་ཀྱི་རིག་པས་ལེགས་པར་དཔྱད་དེ་སྟོང་ཉིད་ཀྱི་དོན་ཚུལ་བཞིན་དུ་དཔྱོད་པ་ཡིད་ལ་བགྱིད་པའི་ཚུལ་དེ་གོམས་པར་མཛོད་ཅིག་དང་། གོམས་པ་དེ་དང་འདྲ་བར་སྟེ་མཚུངས་པའི་ཡོན་ཏན་ནམ་ཕན་ཡོན་ཆེན་པོ་དང་ལྡན་པ་ཡི། །ཆོས་གཞན་མང་པོ་ལྟ་ཞོག་འགའ་ཞིག་ཙམ་ལའང་མཆིས་པ་མ་ལགས་སོ་ཞེས་བསྔགས་སོ། །སྐྱེས་བུ་འགའ་ཞིག་རིགས་མཐོ་བ་དང་གཟུགས་བཟང་དང་ཐུན་མོང་པའི་རིགས་བྱེད་མང་དུ་ཐོས་པ་དང་ལྡན་པ་རྣམས་ཀྱང་། ནང་དོན་བྱེད་པའི་ཤེས་རབ་དང་བྲལ་བ་དང་ཚུལ་ཁྲིམས་དང་བྲལ་བ་ཞིག་ཡིན་ན་མཁས་པས་བཀུར་འོས་ཀྱི་གནས་མ་ལགས་སོ། །རྒྱུ་མཚན་དེ་ལྟ་བས་ན་མི་གང་ལ་གསུང་རབ་ཀྱི་དོན་འབྱེད་ནུས་པའི་ཤེས་རབ་དང་ཚུལ་ཁྲིམས་ཀྱི་བསླབ་པའི་ཡོན་ཏན་འདི་གཉིས་དང་ལྡན་ན། མི་དེ་ནི་རིགས་གཟུགས་སོགས་ཀྱི་ཡོན་ཏན་གཞན་དང་བྲལ་ཡང་མཆོད་པར་འོས་སོ། །འཇིག་རྟེན་མཁྱེན་པ་ཞེས་རྒྱལ་པོ་ལ་བོས་ནས་འདོད་པའི་དངོས་པོ་རྙེད་པ་དང་དེ་མི་རྙེད་པ་དང་། །སྒོ་གསུམ་གང་རུང་བདེ་བ་ཐོབ་པ་དང་མི་བདེ་བ་དང་སྙན་པ་ཐོས་པ་དང་མི་སྙན་པ་ཐོས་པ་དང་། གཞན་གྱིས་བསྟོད་པ་དང་དེས་སྨད་དུ་འོང་ཅེས་བགྱི་བའི་འཇིན་རྟེན་གྱི་ཆོས་བརྒྱད་པོ་འདི་ལ་གནས་ན་འཁོར་བ་ལས་མི་འདའ་པ་མི་བདག་གི་ཡིད་ཀྱི་ཡུལ་དུ་འདོད་པ་དང་མི་འདོད་པའི་རྣམ་པར་རིས་སུ་བྱེད་པ་མིན་པར་མི་རྙེད་པ་མི་འདོད་པ་ལྟར་རྙེད་པའང་མི་འདོད་པར་མཚུངས་པ་དང་ཡང་རྙེད་པ་འདོད་པ་ལྟར་མི་རྙེད་པའང་འདོད་དགོས་པར་མཚུངས་པའི་མགོ་སྙོམས་སུ་མཁྱེན་པར་མཛོད་ཅིག །རྒྱལ་པོ་ཁྱོད་ཀྱིས་དགེ་སློང་དང་བྲམ་ཟེ་དང་ལྷ་ལ་མཆོད་པ་དང་ནི། །འགྲོན་པོ་དང་ཡབ་ཡུམ་སྲས་དང་བཙུན་མོ་དང་། །འཁོར་རྣམས་བསྐྱང་པའི་དོན་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །གལ་ཏེ་བྱས་ན་རང་ཉིད་དམྱལ་བར་ལྷུང་ནས་སྡུག་བསྔལ་མྱོང་བའི་ཚེ། དམྱལ་བའི་མི་དགེ་བའི་རྣམ་སྨིན་སྡུག་བསྔལ་གྱི་སྐལ་བ་ནོད་པ་སྟེ་ལེན་པ་པོ་གཞན་འགའ་ཡང་མ་མཆིས། དེ་རང་གཅིག་པུས་མྱོང་དགོས་པའི་ཕྱིར་རོ། །སྡིག་པའི་ལས་རྣམས་སྤྱོད་པ་འགའ་ཡང་སྤྱད་མ་ཐག་ཏུ་ནི། །དེ་ཡི་མོད་ལ་རྣམ་སྨིན་མྱུར་དུ་སྨིན་ནས་མཚོན་གྱིས་བཅོད་པ་བཞིན་དུ་མི་གཅོད་ཀྱང་། །གང་ཟག་དེ་འཆི་བའི་དུས་ལ་བབ་པ་ན་ཕྱི་མར་སྡིག་པ་དེ་ཡི། །ལས་ཀྱི་འབྲས་བུ་སྡུག་བསྔལ་གང་ལགས་པ་སྟེ་ཡིན་པ་མངོན་པ་སྟེ་ཤེས་པར་འགྱུར་རོ། །དཀོན་མཆོག་གསུམ་དང་ལས་འབྲས་ལ་དད་པ་དང་ཚུལ་ཁྲིམས་དང་ལྡན་པ་དང་སྦྱིན་པ་གཏོང་བ་དང་གསུང་རབ་མང་དུ་ཐོས་པ་དང་། །རང་གི་དྲི་མ་མེད་པའི་ངོ་ཚ་ཤེས་པ་དང་གཞན་གྱིས་ཁྲེལ་དོགས་པའི་ཁྲེལ་ཡོད་པ་དང་། །དོན་དང་དོན་མིན་འབྱེད་ནུས་པའི་ཤེས་རབ་དང་བདུན་ནི་འཕགས་པའི་ནོར་བདུན་ལགས་པ་ཐུབ་པའི་དབང་པོས་གསུངས་པས་མཁས་པས་ཡོངས་སུ་འཛིན་པར་བྱ་ཞིང་། །གསེར་དངུལ་ནོར་གཞན་སྒྱུ་མའི་ཕལ་པ་རྣམས་འཛིན་པ་ནི་འཛད་པའི་མཐའ་ཅན་དང་འཁོར་བ་དང་ངན་སོང་གི་རྒྱུ་བྱེད་པས་ན་དོན་མ་མཆིས་པར་རྟོགས་པར་མཛོད་ཅིག །ཅི་དགའི་རྒྱན་པོ་འགྱེད་པ་དང་མང་པོ་འདུས་པ་ལ་ལྟ་བ་དང་། །ལེ་ལོ་ཆེ་བ་དང་སྡིག་པའི་གྲོགས་པོ་ལ་བརྟེན་པ་དང་། །ཆང་འཐུང་བ་དང་མཚན་མོ་གྲོང་སོགས་སུ་འཁྱམས་ནས་རྒྱུ་བའི་བྱི་བོ་རྣམས་ནི་ངན་སོང་དུ་འགྲོ་བ་དང་། ཚེ་འདིར་ཡང་གྲགས་པ་ཉམས་པར་འགྱུར་བ་ཡིན་པས་སྐྱོན་དེ་དྲུག་སྤོངས་ཤིག །ནོར་རྣམས་ཀུན་གྱི་ནང་ནས་གང་བྱུང་ཡང་ཆོག་ཤེས་པ་དེ། །ནོར་གྱི་རབ་དང་མཆོག་ཏུ་གྱུར་པ་ལགས་པ་སྟེ་ཡིན་པར་ལྷ་དང་མིའི་སྟོན་པ་སངས་རྒྱས་ཀྱིས་གསུངས་པས། དེའི་ཕྱིར་རྣམ་པ་ཀུན་ཏུ་ཆོག་ཤེས་ཡོད་པར་མཛོད་ཅིག་གལ་ཏེ་ཆོག་ཤེས་མཁྱེན་ཅིང་ཡོད་ན། ནོར་འགའ་མི་བདོག་པ་སྟེ་མེད་ཀྱང་མི་དེ་ནི་ཡང་དག་པར་འབྱོར་པ་དང་ལྡན་པ་ལགས་སྟེ་དེའི་ཚུལ་དབུས་པོ་དེས་པས་ཞུས་པའི་མདོ་ལས་ཤེས་སོ། །རང་བཞིན་འཇམ་པས་ན་དེས་པ་ཞེས་རྒྱལ་པོ་ལ་བོས་ནས་བདོག་པ་མང་པོ་ཡོད་ཀྱང་ཆོག་ཤེས་མེད་ན་ཇི་ལྟར་སྡུག་བསྔལ་དུ་འགྱུར་བ་ལྟར། འདོད་པ་ཆུང་བ་དང་ཆོག་ཤེས་ཡོད་པའི་མི་རྣམས་དེ་ལྟ་བུའི་སྡུག་བསྔལ་བ་མ་ལགས་ཏེ། །དཔེར་ན་ཀླུ་ཡི་རྒྱལ་པོ་མཆོག་རྣམས་ལ་མགོ་བོ་དགུ་ལ་སོགས་པའི་མང་པོ་ཇི་སྙེད་ཡོད་པ་ནི། །དེའི་ལྕི་བ་ལས་བྱུང་བའི་སྡུག་བསྔལ་ཆེ་བ་ཡང་དེ་སྙེད་ཡོད་དོ། །དེ་ནི་མགོ་མང་བའི་སྟོབས་ཀྱིས་སྡུག་བསྔལ་ཆེ་བ་ལྟར་ནོར་མང་པའི་རྐྱེན་གྱིས་སྡུག་བསྔལ་ལྷག་པར་ཆེ་བར་བསྟན་ཏོ། །བུད་མེད་ཀྱི་རིགས་འགའ་ཞིག་སྐྱེས་པ་དང་རང་བཞིན་གྱི་དགྲ་ལྟ་བུར་འབྲེལ་བའི་གཤེད་མ་ལྟ་བུ་དང་། །འགའ་ཞིག་ནི་ཁྱིམ་ཐབ་ལ་བརྙས་བཅོས་བགྱིད་པའི་རྗེ་མོ་སྟེ་གཙོ་མོ་ལྟ་བུ་དང་། །ཡང་འགའ་ཞིག་ནི་རང་གི་ཁྱིམ་གྱི་ནོར་ཆེན་པོ་དང་ཆུང་ངུའང་ཕྱིར་རྐུ་བ་ཆོམ་རྐུན་ལྟ་བུ་ཡི། །ཆུང་མ་དང་གསུམ་ཡོད་པའི་གསུམ་པོ་འདི་དག་རྣམ་པར་སྤང་ངོ་། །འོ་ན་གང་བསྟེན་ཅེ་ན། སྐྱེས་པའི་ངག་ཉན་པ་སོགས་ཀྱི་སྒོ་ནས་སྲིང་མོ་ལྟ་བུར་རྗེས་སུ་མཐུན་པར་བྱེད་པའི་ཆུང་མ་གང་ཡིན་དང་། ཡིད་དུ་འཐད་པའི་མཛའ་མོ་བཞིན་དུ་སྙིང་ལ་འབབ་པའི་ཆུང་མ་དང་། །མ་བཞིན་དུ་ཁྱོ་ལ་ཕན་པར་འདོད་པའི་ཆུང་མ་དང་བྲན་མོ་བཞིན་དུ་ཚུལ་མཐུན་གྱི་སྐྱེས་པའི་དབང་གྱུར་པའི་ཆུང་མ་བཞི་པོ་གང་ཡིན་པ་དེ་རིགས་ཀྱི་ལྷ་རྒན་རིགས་རྒྱ་འགྲེལ་ལྟར་རིགས་མི་ཉམས་པའི་རྒྱུ་ལས་བཤད་དོ། །བཞིན་དུ་བཀུར་བར་འོས་སོ། །ཁ་ཟས་ཟ་བའི་ཚེ་སྨན་དང་འདྲ་བར་རིགས་པ་སྟེ་ཤེས་ལ་འདུ་ཤེས་བཞག་པ་ཡི་སྒོ་ནས། ཞིམ་པ་ལ་ཆགས་པའི་འདོད་ཆགས་དང་མི་ཞིམ་པ་ལ་མི་འདོད་པའི་ཞེ་སྡང་མེད་པར་བསྟེན་པ་སྟེ་ཟ་བར་བགྱི་སྟེ། །རྒྱགས་པ་བསྐྱེད་པའི་ཕྱིར་ཟ་བ་མ་ལགས་ཤིང་སྙེམས་པ་དང་དྲེགས་པའི་ཕྱིར་ཡང་མ་ལགས་པ་དང་། ལུས་བཀྲག་མདངས་ཆེ་བ་མཚག་བཟང་བའི་ཕྱིར་ཡང་ཟ་བ་མ་ལགས་སོ། །འོ་ན་ཅིའི་ཕྱིར་ཟ་ན་ལུས་གནས་ནས་དགེ་བ་བསྒྲུབ་པ་འབའ་ཞིག་གི་ཕྱིར་དུ་བཟའོ། །དགེ་བ་ལ་སྤྱོད་པས་ན་རིགས་པའི་བདག་ཉིད་ཅན་ཞེས་རྒྱལ་པོ་ལ་བོས་ནས་ཁྱོད་ཀྱིས་ཉིན་པར་མཐའ་དག་དང་། མཚན་མོ་ཐུན་གྱི་བར་ལ་ཉན་ཏེ་དེའི་སྟོད་སྨད་ལ་དགེ་བ་ཡང་ནས་ཡང་དུ་བཟླས་བ་སྟེ་བསྐྱར་ནས་ནི། བྱ་ལ་དེ་ལྟར་བྱས་ན་མ་མནལ་བའི་དུས་སུ་དགེ་བ་འགྲུབ་པར་མ་ཟད།མནལ་བའི་ཚེའང་འབྲས་བུ་མེད་པར་མི་འགྱུར་བས། །དྲན་པ་དང་ལྡན་པར་སྲོད་དང་ཐོ་རེངས་ཀྱི ི་ཐུན་དེ་དག་གི་བར་དུ་མནོལ་ཞིག །སེམས་ཅན་གཞན་བདེ་བ་དང་ལྡན་ན་སྙམ་པའི་བྱམས་པ་དང་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དག་དང་བདེ་བ་དང་ལྡན་ན་དགའ་བའི་དགའ་བ་དང་། ཆགས་སྡང་དང་བྲལ་ན་སྙམ་པའི་བཏང་སྙོམས་ཏེ་ཚད་མེད་བཞི་ཅུང་ཟད་ཙམ་དུ་མ་ཟད་དུས་རྟག་ཏུ་ཡང་དག་པར་བསྒོམས་པར་མཛོད་ཅིག་དང་། དེ་ལྟར་བསྒོམས་པའི་ཕན་ཡོན་གྱི་འབྲས་བུ་གོང་མ་སངས་རྒྱས་ཀྱི་གོ་འཕང་རེ་ཞིག་བརྙེས་པར་མ་གྱུར་པ་དེ་ལྟ་ནའང་། །ལྷའི་རྒྱལ་པོ་ཚངས་པའི་འཇིག་རྟེན་གྱི་ལྷའི་བདེ་བ་ཐོབ་པར་འགྱུར་རོ། །རང་གི་སྤང་བྱའི་འདོད་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་དང་སྡུག་བསྔལ་དག །འགྲེལ་བ་ལྟར་ན་རིམ་བཞིན་དང་པོས་འདོད་པ་དང་གཉིས་པས་དཔྱོད་པ་གསུམ་པས་དགའ་བ་བཞི་པས་བདེ་སྡུག་གཉིས་རྣམ་པར་སྤངས་པའི་བསམ་གཏན་དང་པོ་སོགས་བསམ་གཏན་བཞི་པོ་བསྒོམས་པ་ཡི་མཐུས། རིམ་པ་བཞིན་དུ་དང་པོས་ཚངས་རིས་ཚངས་ཆེན་ཚངས་པ་མདུན་ན་འདོན་གསུམ་དང་གཉིས་པས་འོད་ཆུང་ཚད་མེད་འོད་འོད་གསལ་གསུམ་དང་། གསུམ་པས་དགེ་ཆུང་ཚད་མེད་དགེ་དང་དགེ་རྒྱས་གསུམ་དང་། བཞི་པས་སྤྲིན་མེད་བསོད་ནམས་ཀྱི་འབྲས་བུ་ཆེ་བ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པ་ཐོབ་པོ། །དགེ་མི་དགེ་གང་ལ་ཡང་དུས་རྟག་ཏུ་བྱེད་པ་དང་ལྷག་པར་དགའ་བའི་མངོན་པར་ཞེན་པ་དང་དེ་གཉིས་གང་ཡིན་འགོག་བྱེད་ཀྱི་གཉེན་པོ་འོན་ཀྱང་དགེ་བའི་མི་མཐུན་ཕྱོགས་དང་མི་དགེ་བའི་གཉེན་པོ་ཞེས་བྱའོ་མེད་པ་དང་། །གང་ཟག་ཁྱད་པར་ཅན་ཡོན་ཏན་ལྡན་པའི་གཞི་གཙོ་ལྡན་གྱི་རང་ལ་ཕན་འདོགས་པའི་གཞི་གང་ཟག་ལ་ཕན་གནོད་བྱས་པ་ལས་བྱུང་བའི་ལས་ནི། དགེ་བ་དང་མི་དག་ེ བ་གང་ཡིན་ཡང་སྔར་གྱི་རྣམ་པ་ལྔ་པོ་དེ་དག་དང་ལྡན་ན་ཆེན་པོའི་ཆེན་པོ་ཡིན་ཏེ། །དེ་ལྔའི་ཕྱེད་དང་འདྲེས་ན་ཆེན་པོའི་འབྲིང་། གཅིག་ཙམ་ལས་མ་འདྲེས་ན་ཆེན་པོའི་ཆུང་ངུ་ཡིན་ལ་དེ་ཡང་དགེ་མི་དགེ་གཉིས་སོ་སོར་སྦྱར་ལུགས་ཤེས་པར་བྱའོ། །རྣམ་པ་ལྔ་ཚན་པ་གཉིས་པོ་དེ་ལས་ཏེ་དེའི་ནང་ནས་དགེ་བ་ལ་སྤྱོད་པའི་རྣམ་པ་ལྔ་དང་ལྡན་པ་ལ་བརྩོན་པར་བགྱིའོ། །འོན་ཀྱང་དེ་བས་ཞེས་པ་ལྟར་ན་རྒྱུ་མཚན་དེས་ན་ཞེས་པའོ། །དཔེར་ན་ལན་ཚྭ་སྲང་འགས་ནི་ཆུ་ནི་ཉུང་ངུ་ཞིག །རོ་བསྒྱུར་བར་བགྱིད་ནུས་ཀྱི་གདྒཱའི་ཆུ་ཀླུང་སོགས་ཀྱི་རོ་བྲོ་བ་བསྒྱུར་ནུས་པ་མིན་པ་ལྟར། །དེ་བཞིན་དུ་སྡིག་པའི་ལས་ནི་ཆུང་ངུ་འགའ་ཞིག་ཡང་། དགེ་བའི་རྩ་བ་ཡངས་ཞེས་འབྱུང་ཡང་དོན་འདྲའོ། །པ་ཆེན་པོས་ལ་ལར་ཡངས་ལ་། ཟིལ་གྱིས་གནོན་ནུས་པའང་མཁྱེན་པར་བགྱིའོ། །དེ་བཞིན་དུ་ཡང་དགེ་བ་ཆུང་ངུ་ཞིག་གིས་མི་དགེ་བ་ཆེན་པོ་ཟིལ་གྱིས་གནོན་མི་ནུས་པ་དང་། མི་དགེ་བ་ཆུང་ངུས་དགེ་བ་ཆེན་པོ་ཟིལ་གྱིས་གནོན་མི་ནུས་པ་དང་ཆེན་པོས་ཆུང་ངུ་ཟིལ་གྱིས་གནོན་ནུས་པ་ཡོད་པར་བསྟན་ལ་ཡང་ལས་རང་གི་ནང་ཕན་ཚུན་ལ་དེ་ལྟར་སྦྱར་ཞིང་འོན་ཀྱང་ཆུང་ངུ་མང་པོ་ཞིག་གིས་ཆེན་པོ་གཅིག་རྒྱང་བསྲིང་བར་ཡོད་པར་གསུངས་སོ། །སེམས་རྒོད་པ་དང་སེམས་འགྱོད་དང་གནོད་སེམས་དང་སེམས་རྨུགས་པ་དང་། གཉིད་དང་འདོད་ལ་འདུན་པ འི་འདུན་པ་དང་དང་ཐེ་ཚོམ་ཉོན་མོངས་ཅན་སྟེ། །དེ་ཡང་འགྱོད་རྒོད་གཉིས་གཅིག་ཏུ་དང་བྱིང་རྨུགས་གཉིས་ཀྱང་གཅིག་ཏུ་བྱས་ནས་ལྔ་སྟེ་སྒྲིབ་པ་ལྔ་པོ་དེ་དག་དགེ་བའི་ནོར། །འཕྲོག་བའི་ཆོམ་རྐུན་དང་འདྲ་བ་ལགས་པར་མཁྱེན་པར་མཛོད་ཅིག །དཀོན་མཆོག་དང་ལས་འབྲས་དང་བདེན་བཞི་སོགས་ལ་དད་པ་དང་དགེ་བ་ལ་སྤྲོོ་བའི་བརྩོན་འགྲུས་དག་དང་དགེ་བའི་དམིགས་རྣམ་དྲན་པའི་དྲན་པ་དང་། །དམིགས་པ་ལ་སེམས་གནས་པའི་ཏིང་ངེ་འཛིན་དང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྟེ་ཆོས་ཀྱི་མཆོག་རྣམ་པ་ལྔ་ཉིད་དེ། །འདི་ལྔ་ལ་མངོན་པར་བརྩོན་པར་མཛོད་ཅིག་གོ། །ལྔ་པོ་འདི་དག་ནི། ལམ་གྱི་གནས་སྐབས་སུ་རིམ་པ་བཞིན་དུ་མདངས་སོགས་ཟིལ་གྱིས་གནོན་པ་ལ་ལྷག་པར་སྟོབས་དང་ལྡན་པའི་སྒོ་ནས་སྟོབས་ལྔར་འཇོག་ལ་ཅུང་ཟད་གནོན་པ་ལ་དབང་བས་དབང་པོ་ལྔ་ཞེས་བགྱི་བ་དེ་དག་ནི་སྦྱོར་ལམ་དྲོད་དང་སྦྱོར་ལམ་རྩེ་མོར་གྱུར་བའི་གནས་སྐབས་སུ་འཇོག་པའང་ལགས་སོ། །དེས་བཟོད་པ་དང་ཆོས་མཆོག་ཀྱང་མཚོན་ནོ། །འདི་ལྟར་ན་བ་དང་རྒ་བ་དང་འཆི་བ་དང་སྡུག་པ་དང་བྲལ་བ་དང་དེ་བཞིན་དུ། །མི་སྡུག་པ་དང་ཕྲད་པ་སོགས་སྡུག་བསྔལ་ཅི་བྱུང་ཡང་འདིའི་ལས་ནི་བདག་གིར་བྱ་དགོས་པ་ནི་དང་དུ་ལེན་པ་ལས་མ་འདས་ཏེ་རྒྱུ་མི་དགེ་བ་རང་གིས་བྱས་པའི་སྟོབས་སོ་ཞེས། །དེ་ལྟར་ཡང་དང་ཡང་དུ་ཡིད་ལ་སེམས་པ་ནི། མི་མཐུན་ཕྱོགས་དེ་ཡི་གཉེན་པོ་བསམ་པའི་སྒོ་ནས་རྒྱགས་ཤིང་དྲེགས་པར་མི་འགྱུར་རོ། །རྒྱལ་པོ་ཁྱོད་ཀྱིས་གལ་ཏེ་མཐོ་རིས་དང་ཐར་པ་མངོན་པར་ཐོབ་པར་བཞེད་པ་སྟེ་འདོད་པ་ན། རྒྱུ་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་དང་རྒྱུ་མི་དགེ་བ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བའི་ཚུལ་བསམ་པ་སོགས་དང་བདག་མེད་རྟོགས་པའི་ཡང་དག་པའི་ལྟ་བ་ལ་གོམས་པ་ཉིད་དུ་མཛོད་ཅིག །ཡང་དག་པའི་ལྟ་བ་མེད་པའི་གང་ཟག་ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པའི་ལོག་པར་ལྟ་བས་མི་དགེ་བ་བྱས་བ་ལྟ་ཞོག་ལེགས་སྤྱད་དགེ་བ་བྱས་ཀྱང་། །དེའི་འབྲས་བུ་ཐམས་ཅད་བདེ་བ་ཅུང་ཟད་དང་འདྲེས་ནའང་རྣམ་པར་སྨིན་པ་མི་བཟད་པ་དང་ལྡན་ཏེ་འབྲས་བུ་སྡུག་བསྔལ་འབྱུང་བའི་ཕྱོགས་སུ་གཏོགས་སོ། །མི་ལ་ནི་ཉེར་ལེན་གྱི་ཕུང་པོ་འདི་ཉིད་ཡང་དག་པ་ཉིད་དུ་མི་བདེ་ཞིང་སྡུག་བསྔལ་བ་དང་། སེམས་སྐད་ཅིག་གིས་འཇིག་པས་མི་རྟག་ཅིང་ཕུང་པོ་ལ་ལྟོས་མེད་རང་རྐྱ་ཐུབ་པའི་བདག་མེད་པ་དང་ལུས་མི་གཙང་བར་རིག་པར་བགྱི་སྟེ་དེས་ནི་དྲན་པ་ཉེ་བར་གཞག་པ་འགྲུབ་པོ། །ལུས་སོགས་ལ་དྲན་པ་ཉེ་བར་མ་གཞག་པའི་སྐྱེས་བུ་རྣམས་ཀྱིས་ནི། མི་བདེ་བ་ལ་བདེ་བར་བཟུང་དེ་བཞིན་དུ་མི་རྟག་པ་ལ་རྟག་པར་མི་གཙང་བ་ལ་གཙང་བར་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་ཕྱིན་ཅི་ལོག་བཞིར་ལྟ་བ་ནི་ཕུང་ཁྲོལ་བ་སྡུག་བསྔལ་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་མདོ་ལས་གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག་གི་གཟུགས་དང་བདག་གཅིག་མ་ཡིན་ཞིང་ལྷས་སྦྱིན་ནོར་དང་ལྡན་པ་ལྟར་བདག །གཟུགས་དང་རག་མ་ལས་པར་ཐ་དད་དུ་མི་ལྡན་ལ་ལྷས་སྦྱིན་སྟན་ལ་འདུག་པ་ལྟར་གཟུགས་ལ་བདག་ལྟོས་མེད་དུ་གནས་པ་མིན་པ་དང་། འཁྲི་ཤིང་སོགས་ལ་བརྟེན་པ་ལྟར་བདག་ལ་ངོ་བོ་ཉིད་ཀྱི་ཐ་དད་དུ་གཟུགས་མི་གནས་ཏེ་ཡོད་པ་མ་ཡིན་པ་དེ་བཞིན་དུ། ཚོར་བ་སོགས་ཕུང་པོ་ལྷག་མ་བཞི་ལ་ཡང་བདག་མ་ཡིན་ཞེས་དེ་ལྟར་སྦྱར་ཏེ་རང་བཞིན་གྱིས་སྟོང་པར་རྟོགས་པར་བགྱི་སྟེ་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་པོ་གཞོམ་པར་བྱའོ། །རང་གི་ཕུང་པོས་མཚོན་པའི་རྒྱ་འགྲེལ་ལས་ནམ་མཁའ་ལས་ཞེས་བཤད་དོ། །དངོས་པོ་རྣམས་ཚོགས་པ་མེད་པར་རང་དགར་འདོད་རྒྱལ་ལས་སྐྱེ་བ་མིན་ལ་ཕྱི་རོལ་པ་འགའ་ཞིག་འདོད་པ་ལྟར་རྟག་པ་གཅིག་པུ་ཁྱབ་པའི་དུས་ལས་བྱུང་བ་མིན་ཞིང་། ཕྱི་རོལ་གྲངས་ཅན་པ་ལྟར་སྤྱི་གཙོའམ་རང་བཞིན་ལས་བྱུང་བ་མིན་པ་དང་རྒྱུ་ཡི་བདག་ཉིད་དུ་གྲུབ་ཟིན་པའི་ངོ་བོ་ཉིད་ལས་བྱུང་བ་མིན་ལ། དབང་ཕྱུགས་ཆེན་པོ་ལས་བྱུང་བ་མིན་པ་དང་རྒྱུ་མེད་པ་ལས་བྱུང་བ་ཅན་མིན་ཏེ། འོ་ན་གང་ལས་སྐྱེ་ན་གང་ཟག་དང་དེའི་ཕུང་པོ་ལྟ་བུ་ནི་མི་ཤེས་ཕ་མ་རིག་པ་དང་འདུ་བྱེད་དང་སྲིད་པའི་ལས་དགེ་མི་དགེ་རྣམས་དང་སྲེད་པ་ལས་བྱུང་བ་དང་དངོས་པོ་གཞན་རྣམས་ཀྱང་རང་གི་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་སྐྱེ་བ་རིག་པར་མཛོད་ཅིག །སྐབས་འདིར་ཞིབ་པར་བཤད་ནུས་ནའང་མང་བར་དོགས་པས་མ་བྲིས་ལ་གཞན་ནས་ཤེས་པར་བྱའོ། །ཚུལ་ཁྲིམས་ངན་པ་དང་བརྟུལ་ཞུགས་ངན་པ་ལ་མཆོག་ཏུ་འཛིན་པ་དང་། རང་གི་ལུས་ལ། བདག་དང་བདག་གིར་ཕྱིན་ཅི་ལོག་པར་ལྟ་བའི་འཇིག་ལྟ་དང་ཐར་ལམ་ལ་ཐེ་ཚོམ་ཟ་བའི་ཉོན་མོངས་ཅན་གསུམ་ལ་ཀུན་སྦྱོར་གསུམ་ཞེས་བྱ་སྟེ། ཀུན་ཏུ་སྦྱོར་བ་འདི་གསུམ་པོ་ཐར་པ་ཡི། །གྲོང་ཁྱེར་དུ་འགྲོ་བ་ལ་གེགས་བྱེད་པའི་སྒོ་འགེགས་ལགས་པ་སྟེ་ཡིན་པར་མཁྱེན་པར་བགྱིའོ། །ཐར་པ་རང་གི་མ་འབད་ཀྱང་གཞན་གྱི་སྟོབས་ཁོ་ནས་ཐོབ་པར་བྱ་ནུས་སམ་སྙམ་ན་ཐར་པ་སྒྲུབ་པ་བདག་ཉིད་ལ་རག་ལས་པ་ཡིན་ཏེ་འདི་ལ་ནི། མི་གཞན་གྱིས་ཐར་པ་བླངས་ནས་སྟེར་མི་ནུས་པས་གཞན་གྱི་གྲོགས་བགྱི་དགོས་པར་ཅི་ཡང་མ་མཆིས་ཀྱིས། །འོན་ཀྱང་གསུང་རབ་མང་དུ་ཐོས་པ་དང་ཚུལ་ཁྲིམས་དང་བསམ་གཏན་དང་ལྡན་པ་ཡི་སྒོ་ནས། སྡུག་བསྔལ་བདེན་པ་སོགས་འཕགས་པའི་བདེན་པ་རྣམ་པ་བཞི་ཉམས་སུ་ལེན་པ་ལ་འབད་པར་མཛོད་ཅིག་དང་ཐར་པ་འཐོབ་བོ། །དེར་མ་ཟད་ཕྱི་རོལ་པ་རྣམས་ཀྱི་ཚུལ་ཁྲིམས་སོགས་ལས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཏིང་ངེ་འཛིན་གྱི་བསླབ་པ་ལ་རྟག་ཏུ་བསླབ་པར་བགྱིའོ། །དགེ་སློང་གི་བསླབ་པའི་ཁྲིམས་བརྒྱ་རྩ་གཉིས་དང་ལྔ་བཅུའི་འོན་ཀྱང་འགྲེལ་པར་བསླབ་པ་བརྒྱ་ལྔ་བཅུ་ལྷག་ཅིག་ཞེས་པ་ལས་གང་གི་བསླབ་པ་ཡིན་མི་གསལ་ལོ་ལྷག་ཅིག་སྟེ་གསུམ་ཡོད་པ་རྣམས་ཀྱང་། སྔར་བཤད་པའི་བསླབ་པ་གསུམ་པོ་འདིའི་ནང་དུ་ཡང་དག་པར་འདུ་བར་འགྱུར་རོ། །རྒྱལ་པོ་ལ་སའི་དབང་ཕྱུག་ཞེས་བོས་ནས་མདོར་ན་ལུས་སུ་གཏོགས་པའི་དྲན་པ་སྟེ་ལུས་མི་རྟག་པ་དང་མི་གཙང་བ་དང་མི་སྡུག་པར་བསྒོམ་པའི་ལུས་དྲན་པ་ཉེ་བར་གཞག་པ་འདི་ནི་བདེ་བར་གཤེགས་པ་རྣམས་ཀྱིས་ཐར་པར་འགྲོ་བའི་ལམ་གཉིས་པ་གཞན་མེད་པས་དེར་འགྲོ་བའི་བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན་ཏོ་ཞེས་བསྔགས་སོ། །དྲན་པ་དེ་ནི་བསྒོམས་ནས་མངོན་པར་བསྲུང་བར་བགྱི་སྟེ། དྲན་པ་ཉམས་པའི་རྐྱེན་གྱིས་དགེ་བའི་ཆོས་ཀུན་འཇིག་པར་འགྱུར་རོ། །དྲན་པའི་ཚུལ་དེ་ནི་གང་ཞེ་ན་མི་རྣམས་ཀྱི་ཚེ་ནི་གནོད་པ་མང་བས་དཔེར་ན་རླུང་གིས་བཏབ་པ་སྟེ་བསྐྱོད་པ་ཡི། །ཆུ་ཡི་ཆུ་བུར་འབྱུང་ཞིང་མྱུར་དུ་འཇིག་པ་བས་ཀྱང་ལྷག་པར་མི་རྟག་ཅིང་འཇིག་པར་འགྱུར་ན། དབུགས་ནང་དུ་རྔུབས་པ་དང་དབུགས་ཕྱིར་འབྱུང་བ་དང་གཉིད་ཀྱིས་ལོག་པའི་བར་དོ་ལས། མ་ཤི་བར་སད་པར་ཁོམ་པ་གང་ལགས་པ་དེ་ནི་ངོ་མཚར་ཆེའོ། །མིའི་ལུས་ཀྱི་མཐའ་ནི་མེར་བསྲེགས་ནས་ཐལ་བ་དང་ཡང་ན་མཐར་ཉི་མས་སྐམ་ཡང་ན་མཐར་འདྲུས་ཞིང་ཏེ་ཞིག་པར་འགྱུར་རམ་འགྲེལ་པར་ཆུར་བསྐུར་བའི་དོན་ལ་བཤད་དོ། །ཐ་མར་མི་གཙང་བ་ནི་འགྲེལ་པར་སྲོག་ཆགས་ཀྱིས་ཟ་བ་ལ་བཤད་ལ་སྙིང་པོ་མ་མཆིས་པས་ནི་འདི་ལྟར། སྔར་བཤད་པ་ལྟར་མེས་བུས་རྣམ་པར་འཇིག་ནས་འགྲོ་བས་དེངས་པ་དང་མྱག་པར་ནི་ཆུ་ལྟ་བུས་རུལ་བ་འགྱུར་བ་སྟེ། །སོ་སོར་འགྱེས་ཤིང་སྲོག་ཆགས་ཀྱིས་བཤིག་སྟེ་གཏོར་བའི་ཆོས་ཅན་དུ་འགྱུར་བར་མཁྱེན་པར་མཛོད་ཅིག །མ་འོངས་པ་ན་འཇིག་རྟེན་མེས་འཇིག་པའི་ཚེ་སྣོད་ཀྱི་འཇིག་རྟེན་ལས་ས་གཞི་དང་རི་རབ་ལྷུན་པོ་དང་རྒྱ་མཚོ་ཆེན་པོ་རྣམས་ཉི་མ་བདུན་གྱི་འོད། འབར་བས་བསྲེགས་ཤིང་འཚིག་པར་གྱུར་པའི་ཚེ་ལུས་ཅན་གྱི་འགྲོ་བ་འདི་དག་ཀྱང་བསྲེགས་ནས་ལྷག་མ་གཞན་ལྟ་ཅི་སྨོས། ཐལ་བ་ཙམ་ཡང་ནི་རྗེས་སུ་ལུས་པར་མི་འགྱུར་ན། ཤིན་ཏུ་ཉམ་ཆུང་བའི་མི་རྣམས་འཇིག་པ་ལྟ་སྨོས་ཅི་འཚལ་སྟེ་འཇིག་པར་ངེས་སོ། །དེས་ཆུ་དང་རླུང་གིས་འཇིག་ཚུལ་ཡང་མཚོན་ནོ། །དེ་ལྟར་ན་འཁོར་བས་བསྡུས་པའི་དངོས་པོ་འདི་ཀུན་མི་རྟག་ཅིང་རང་དབང་བའི་བདག་མེད་དེ། རྗེ་དཔོན་ལྟ་བུའི་སྐྱབས་མེད་གྲོགས་ལྟ་བུའི་མགོན་མེད་གཉེན་ལྟ་བུའི་གནས་རྣམས་མེད་ལ་དེ་རྣམས་ཀྱིས་སྐྱོབ་པར་མི་ནུས་སོ། །དེ་ནི་དཀོན་མཆོག་ལ་བརྟེན་ན་དེ་དག་གིས་སྐྱབས་བྱེད་མོད། སེམས་ཅན་སྤྱི་མཐུན་གྱི་ལས་དང་རང་རང་གི་ལས་ལ་དེ་རྣམས་ཀྱིས་རེ་ཞིག་སྤྱོད་དགོས་པར་བསྟན་ཏོ། །དེའི་སླད་དུ། འཁོར་བ་ཆུ་ཤིང་དང་འདྲ་བའི་སྙིང་པོ་མེད་པ་ལ། །མི་མཆོག་རྒྱལ་པོ་ཁྱོད་ཀྱིས་ཐུགས་ནི་དབྱུང་བར་མཛོད་ཅིག་དེ་ནི་འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་སྐྱེ་དགོས་པའི་དོན་ཏོ། །མདོ་ལས་བཤད་པ་ལྟར་དཔེར་ན་ཕྱིའི་རྒྱ་མཚོ་གཅིག་གི་སྟེང་གནས་གཉའ་ཤིང་འཕྱོ་བའི་བུག་པ་དང་། ལོ་བརྒྱ་ན་རུས་སྦལ་ལན་རེ་བྱུང་བ་གཉིས་ཕྲད་པ་ནི་སྲིད་ཀྱང་དཀོན་པ་དེ་བས་ཀྱང་དུད་འགྲོ་ལས་སྟེ་དུད་འགྲོ་ནས་ཤི་འཕོས་སྟེ། དེས་འགྲོ་བ་གཞན་གཉིས་མཚོན་ནོ། །མི་ཉིད་དུ་སྐྱེ་བ་ཆེས་ཐོབ་དཀའ་བས་ན་མི་དབང་གིས། །དམ་པའི་ཆོས་ལ་སྤྱད་པས་མི་ལུས་ཐོབ་པ་དེ་འབྲས་བུ་དོན་མཆིས་པར་མཛོད་ཅིག །དེ་ནི་ལུང་ལ་བདེ་འགྲོ་ནས་བདེ་འགྲོར་སྐྱེ་བ་སངས་རྒྱས་ཀྱི་ཕྱག་སེན་རྩེ་མོས་རྡུལ་བླངས་ལྟ་བུ་ཉུང་ལ་བདེ་འགྲོ་ནས་ངན་འགྲོར་སྐྱེ་བ་ས་ཆེན་པོའི་རྡུལ་དང་འདྲ་བ་མང་བར་གསུངས་པ་དང་འདྲའོ། །གང་ཟག་གང་ཞིག་གིས་གསེར་གྱི་སྣོད་རིན་ཆེན་མུ་ཏིག་སོགས་ཀྱིས་སྤྲས་པ་ཡི་ཞིག་གིས། མི་གཙང་བའི་ངན་སྐྱུགས་འཕྱག་པར་བགྱིད་པའི་མི་དེ་ནི་བླུན་པོ་ཡིན་མོད་དེ་བས་ཀྱང་ནི། གང་ཟག་གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས་དག་བགྱིད་པའི་མི་དེ་ནི་ཆེས་རབ་ཏུ་བླུན་པ་ལགས་སོ། །དམ་པའི་ཆོས་སྤྱོད་པ་དང་མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། །སྐྱེས་བུ་དམ་པ་དགེ་བའི་བཤེས་གཉེན་ལ་ནི་བརྟེན་པ་དང་། ད་ལྟ་བདག་ཉིད་ཀྱིས་ལེགས་པར་སྨོན་ལམ་འདེབས་པ་དང་དེར་མ་ཟད་སྔོན་ཡང་བསོད་ནམས་ཀྱི་ལས་བགྱིས་པའི། །འཁོར་ལོ་སྟེ་ཚོགས་ཆེན་པོ་བཞི་ནི་རྒྱལ་པོ་ཁྱོད་ལ་མངའ་འོ། །འཁོར་ལོ་ནི་ཤིང་རྟ་འགྲོ་བའི་ཐབས་ཡིན་པ་ལྟར་འདི་བཞི་ནི་འཕགས་པའི་ལམ་དུ་འགྲོ་བའི་ཐབས་ཡིན་པར་གསུངས་སོ། །བློ་ལྡན་གང་ཞིག་དགེ་བའི་བཤེས་གཉེན་ལེགས་པར་བསྟེན་པ་དེ་ནི་ཚངས་པར་སྤྱོད་པ་ཐམས་ཅད་ཀྱི་ནང་ནས་ཕྱོགས་རེ་ཙམ་མ་ཡིན་པར་ཚངས་པར་སྤྱོད་ཡོངས་སུ་རྫོགས་པ་ཡིན་པར་ཐུབ་པའི་དབང་པོས་གསུངས་པ་དེའི་ཕྱིར་ན། ཁྱོད་ཀྱིས་སྐྱེས་བུ་དམ་པ་བརྟེན་པར་བགྱི་སྟེ་དཔེར་ན་སྔོན་གྱི་རྒྱལ་བ་ཉིད་ལ། །བརྟེན་ནས་ལྷ་མི་རབ་ཏུ་མང་པོས་ཞི་བ་མྱང་འདས་ཐོབ་པ་བཞིན་ནོ། །བདེན་བཞི་དང་དཀོན་མཆོག་དང་ལས་འབྲས་ལ་ཡིད་མི་ཆེས་པའི་ལོག་པར་ལྟ་བ་འཛིན་པ་དང་དུད་འགྲོ་ཉིད་དང་། ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་བ་དང་གླེན་ཞིང་ལྐུགས་པ་ཉིད་དུ་སྐྱེ་བ་དང་། གཟུགས་མེད་སོགས་ཚེ་རིང་བའི་ལྷ་དང་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་བ་དེ་ནི་མི་ཁོམ་པའི་གནས་བརྒྱད་ཡིན་ལ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ལ་དལ་ཞིང་ཆོས་བྱེད་པ་ལ་ཁོམ་པ་མི་ལུས་རིན་པོ་ཆེ་ད་ལྟ་རྙེད་ནས་ནི། །འཁོར་བའི་སྐྱེ་བ་བཟློག་པ་ཐར་པ་ཐོབ་པའི་སླད་དུ་འབད་པར་མཛོད་ཅིག །རྒྱལ་པོ་ལ་དེས་པ་ཞེས་བོས་ནས་འཇིག་རྟེན་འདིར་འདོད་པས་ཕོངས་བ་དང་འཆི་བ་དང་། །ན་བ་དང་རྒ་བ་སོགས་སྟེ་མྱ་ངན་དང་སྨྲེ་ངག་འདོན་པ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་སུ་གྱུར་པའི་འཁོར་བ་ལ་ནི་ཡིད་སྐྱོ་བར་མཛད་ཅིང་། །འཁོར་བ་འདི་ཡི་ཉེས་པ་དཔག་ཏུ་མེད་མོད་ཅུང་ཟད་དམ་ཆ་ཤས་ཞིག་ཀྱང་བཤད་ཀྱིས་གསན་པར་མཛོད་ཅིག །དེ་ཡང་སྔ་མའི་ཕ་ནི་དེ་ལྟ་བུ་ཉིད་དུ་གྱུར་པ་དང་སྔ་མའི་མ་ནི་ད་ལྟ་ཆུང་མ་ཉིད་དུ་གྱུར་སྲིད་པ་དང་། སྔར་སྐྱེ་བོ་དགྲར་གྱུར་པ་དག་ད་ལྟ་རང་གི་མཛའ་བཤེས་ཉིད་དུ་གྱུར་སྲིད་ཅིང་འགྱུར་བའང་ཡོད་པ་དང་། ཡང་སྔ་མའི་བུ་ཉིད་ད་ལྟའི་ཕར་གྱུར་པ་དང་འགྱུར་བ་སོགས་སྔ་མ་དེ་ལས་བཟློག་པ་ཉིད་དུ་ཡང་མཆིས་པ་སྟེ་སྲིད་པས་ན་དེའི་སླད་དུ། །འཁོར་བ་དག་ན་དགྲ་གཉེན་སོགས་ཀྱི་ཁྱད་པར་ངེས་ཅན་འདི་ཡིན་ཞེས་པའི་ངེས་པ་འགའ་ཡང་མ་མཆིས་སོ། །སེམས་ཅན་རེ་རེས་གདྒཱ་སོགས་རྒྱ་མཚོ་བཞི་པས་ཀྱང་ལྷག་པ་ཡི། །མའི་འོ་མ་སྔར་འཐུངས་ཟིན་པ་ཡིན་ཏེ་དེར་མ་ཟད་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་པའི་སེམས་ཅན་གྱིས། འཁོར་བ་ལས་མ་གྲོལ་ཕྱིན་སྔ་མ་འཐུངས་པ་དེ་བས་ཚིགས་བཅད་འདིས་མཚོན་ཏེ་འགྲེལ་བར་དོན་མི་གསལ་བ་མང་པོ་སྣང་ངོ་ཀྱང་ཆེས་མང་པ་ཉིད་ཅིག་བཏུང་བ་སྟེ་འཐུང་དགོས་པར་འཚལ་ལོ་འཚལ་བ་ནི་ཡིན་པ་དང་བྱས་པ་དང་ཡོད་པ་སོགས་དོན་མང་པོ་ལ་སྐབས་ཐོབ་ཀྱིས་ཤེས་པར་བྱའོ། །སེམས་ཅན་རེ་རེ་ཤི་ནས་ལུས་དོར་བས་དེ་རྣམས་རང་རང་བདག་ཉིད་ཀྱི་རུས་པའི་ཕུང་པོ་ནི། །ཕྱོགས་གཅིག་ཏུ་སྤུངས་ནས་རི་རབ་ལྷུན་པོའི་ཚད་དང་མཉམ་པ་སྙེད་ཅིག་སྔར་འདས་གྱུར་ཏེ་དེར་མ་ཟད། སེམས་ཅན་གཅིག་གི་མའི་མ་སོགས་མ་ཡི་ཐུག་མཐའ་སྟེ་མ་བརྒྱུད་པའི་གྲངས་ཀྱི་ཡ་མཐའ་ནི་ས་ཆེན་པོ་འདི་རྒྱ་ཤུག་གི་ཚི་གུ་ཙམ་དུ། རི་ལུར་བྱས་ནས་འདི་ནི་བདག་གི་མའོ་འདི་ནི་བདག་གི་མའི་ཡང་མའོ་ཞེས་བགྲངས་ཀྱང་ས་ཡིས་ལང་བར་མི་འགྱུར་ཏེ་ས་སྔོན་ལ་འཛད་པར་འགྱུར་གྱི་མའི་ཐོག་མཐའ་བཟུང་བར་མི་ནུས་སོ། །མཐོ་དམན་དུ་གྱུར་པ་ཡང་མ་ངེས་ཏེ་ལྷའི་དབང་པོ་བརྒྱ་བྱིན་དུ་སྐྱེས་ནས་འཇིག་རྟེན་གྱི་མཆོད་འོས་སུ་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་སླར་ཡང་ས་སྟེང་དུ་ལྷུང་བར་འགྱུར་ལ། གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་དུ་གྱུར་ནས་ཀྱང་། སླར་འཁོར་བ་དག་ཏུ་བྲན་གྱི་ཡང་བྲན་ཉིད་དུ་འགྱུར་རོ། །གལ་ཏེ་ལྷའི་བུར་སྐྱེས་ཀྱང་མཐོ་རིས་ཏེ་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་མོའི་ནུ་མ་དང་རྐེད་པ་ལ། ལག་པས་འཇུ་བའི་རེག་པ་དེས་ལུས་སེམས་ཀྱི་བདེ་བ་ཡུན་རིང་དུ་མྱོང་ནས་སླར། །དམྱལ་བར་ལྷུང་ནས་རང་འཐག་ལ་འཐག་པ་དང་གཏུན་ནང་བརྡུང་པ་སོགས་ཀྱིས་འཐག་མདུང་རལ་གྲི་སོགས་ཀྱིས་དུམ་བུར་གཅོད་པ་དང་སོག་ལེ་སོགས་ཀྱིས་དབད་པའི་འཁྲུལ་འཁོར་གྱི། །རེག་པའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བ་མི་བཟད་པ་བསྟེན་པ་སྟེ་མྱོང་དགོས་པར་འཚལ་ལོ། །ལྷ་ཡུལ་གྱི་ས་གཞི་འགའ་ཞིག་ལ་རྐང་པའི་རེག་པས་མནན་ན་ནེམས་ཞེས་པ་དང་ཡང་བཏེགས་ན་པར་ཞེས་པའི་སྒྲ་དང་ལྡན་པ་བདེ་བ་བཟོད་པ་སྟེ་བདེ་བ་འབྱུང་བའི་ལྷུན་པོའི་སྤོ་ལ་ལོ་སྟོང་ཕྲག་དུ་མར་ཡུན་རིང་དུ་གནས་ནས་ནི། །དེ་དང་བྲལ་ཏེ་འདོད་པ་ལ་ཆགས་པའི་རྣམ་སྨིན་གྱིས། སླར་ཡང་མེ་མུར་གྱི་འོབས་དང་རོ་མྱགས་ཀྱི་འདམ་དུ་རྒྱུ་བ་བྱེད་དགོས་པ་ཡིས། །སྡུག་བསྔལ་བཟོད་དཀའ་བ་མི་བཟད་པ་ཕོག་པ་སྟེ་མྱོང་བར་འོང་སྙམ་དུ་བགྱི་བར་འཚལ་ལོ། །ཡང་མཐོ་རིས་ལྷའི་བུ་མོས་འབྲོངས་ཤིང་སྟེ་བསྟེན་ཅིང་བསྐོར་ནས་དགའ་བ་དང་། །རྣམ་པར་མཛེས་པའི་སྐྱེད་མོའི་ཚལ་དུ་སོན་པ་སྟེ་ཕྱིན་ནས་རྩེད་མོ་རྩེས་ནས་སླར་ཡང་། དམྱལ་བར་ལྷུང་སྟེ་འདབ་མ་རལ་གྲི་དང་འདྲ་བའི་ཚལ་གྱི་ནགས་རྣམས་རླུང་གིས་བསྐྱོད་དེ་བྱུང་བ་རྣམས་ཀྱིས། །རྐང་པ་དང་ལག་པ་དང་རྣ་བ་དང་སྣ་རྣམས་གཅོད་པའི་སྡུག་བསྔལ་ཐོབ་པར་འགྱུར་རོ། །རྫིང་བུ་དལ་གྱིས་འབབ་པར་ཏེ་དེའི་ནང་དུ་ལྷའི་བུ་མོ་ནི། །གདོང་མཛེས་ཤིང་ལག་པ་དང་མགུལ་སོགས་ན་གསེར་གྱི་པདྨ་ལྡན་བཞིན་དུ་ཞུགས་ནས། །སླར་ཡང་དམྱལ་བའི་ཐལ་ཚན་ཀྱི་ཆུ་བོ་གཏིང་ཟབ་ཅིང་འགྲམ་ཡངས་པས་ན་རབ་མེད་པ། ཚ་སྒོ་ཅན་གྱི་ཆུས་སྡུག་བསྔལ་བཟོད་རླག་སྟེ་བཟོད་ཐབས་མེད་པའི་ཆུ་ཚ ན་དེ་ལྟ་བུའི་ནང་དུ་འཇུག་པར་འཚལ་ལོ། །དེ་དག་ནི་གཙོ་བོར་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་པའི་དབང་དུ་བྱས་སོ། །གཞན་འཕྲུལ་དབང་བྱེད་ལ་སོགས་པའི་ལྷ་ཡུལ་གོང་མ་འགའ་ཞིག་ན་འདོད་པའི་བདེ་བ་ཤིན་ཏུ་ཆེན་པོ་ཡོད་པ་དང་། གཟུགས་ཁམས་ཀྱི་ཚངས་པ་ཉིད་འདོད་པའི་འདོད་ཆགས་དང་བྲལ་ཞིང་ཏིང་ངེ་འཛིན་གྱི་བདེ་བ་ཐོབ་ནས་དེ་དག་ཤི་འཕོས་ཏེ་སླར། །མནར་མེད་དུ་སྐྱེས་ནས་ལུས་དམྱལ་བའི་མེ་ཡི་བུད་ཤིང་དུ་གྱུར་པ་ཡིས། །སྡུག་བསྔལ་དྲག་པོ་རྒྱུན་མི་འཆད་པར་བསྟེན་པ་བར་འཚལ་ལོ། །ལྷའི་བུ་ཉི་མ་དང་ཟླ་བའི་ལུས་ཉིད་ཐོབ་ནས་རང་གི་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བར་བྱས་ཏེ། །དེ་གཉིས་སླར་ཡང་ཉི་ཟླ་སོགས་ཀྱི་སྣང་བ་མེད་པའི་མུན་པ་མུན་ནག་སྨག་ཏུ་ཕྱིན་པ་སྟེ་སྐྱེས་པར་གྱུར་ནས། །གཞན་མཐོང་བ་ལྟ་ཅི་རང་གི་ལག་པ་བརྐྱང་བ་ཙམ་ཡང་འང་མི་མཐོང་བར་འགྱུར་རོ། །འོད་ནི་གཞལ་མེད་ཁང་གི་འོད་ཡིན་ཡང་འདིར་རྟེན་དང་བརྟེན་པ་མ་ཕྱེ་བར་གསུངས་སོ། །སྔར་བཤད་པ་དེ་ལྟར་ནོངས་པ་སྟེ་འཆི་བའམ་སྡུག་བསྔལ་མྱོང་བར་འགྱུར་བར་འཚལ་བས་དེའི་ཕྱིར་རྒྱལ་པོ་ཁྱོད་ཀྱིས་ལུས་ངག་ཡིད་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་ཀྱི་ནི། །ཕུང་པོ་དགེ་བ་རྣམ་པ་གསུམ་གྱི་མར་མེའི་སྣང་བ་རབ་ཏུ་བཞེས་ཤིག་སྟེ་དེ་གསུམ་གྱི་དགེ་བ་གྱིས་ཤིག་ཅེས་པའོ། །ཡང་ན་རྣམ་པ་གསུམ་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་དགེ་བ་ལ་བཤད་པ་ལྟར་བྱའོ། །དེ་ལྟར་མ་བྱས་ན་གཅིག་པུ་གྲོགས་མེད་པ་ཟླ་བ་དང་ཉི་མས་ཟིལ་གྱིས་གནོན་པས་མི་རྫི བ་སྟེ་དེ་གཉིས་ཀྱི་འོད་ཀྱི་སྣང་བར་བྱེད་མི་ནུས་པའི་མ་རིག་པའི་མུན་པ་སོགས་གཞུང་ལ་ལར་ཉི་མ་ཟླ་བས་ཞེས་འབྱུང་ལ། མུན་ནག་གི་གཙོ་བོ་མ་རིག་པའི་མུན་པ་དང་ཡན་ལག་ཉི་ཟླའི་སྣང་བ་མི་འཕོག་པའི་གླིང་གི་བར་སོགས་ཀྱི་མུན་པའོ། །མུན་ནག་མཐའ་ཡས་པའི་ནང་དུ་འཇུག་པར་འགྱུར་དུ་འོང་འཚལ་ལོ། །སེམས་ཅན་ཉེས་པར་སྤྱད་པ་ལུས་ངག་ཡིད་གསུམ་གྱིས་སྡིག་པའི་ལས་སྤྱོད་པ་རྣམས་ལ། །ཕྱི་མ་དམྱལ་བ་དེ་ནི་ཚིག་གི་གོ་རིམ་དང་བསྟུན་ནས་དེ་ལྟར་བཤད་ཀྱི་དམྱལ་བའི་གོ་རིམ་ནི་ཡང་སོས་ཐིག་ནག་བསྡུས་འཇོམས་ངུ་འབོད་ངུ་འབོད་ཆེན་པོ་ཚ་བ་རབ་ཏུ་ཚ་བ་མནར་མེད་ཞེས་བྱའོ། །ཡང་སོས་དང་ཐིག་ནག་དང་རབ་ཏུ་ཚ་བ་དང་། །བསྡུས་འཇོམས་དང་ངུ་འབོད་དང་མནར་མེད་དང་ལ་སོགས་སྟེ་ཚིག་གིས་མ་ཟིན་པ་ཚ་བ་དང་ངུ་འབོད་ཆེན་པོ་དང་གྲང་བའི་དམྱལ་བ་ཉེ་ཚེ་བ་བཅས་བསྡུས་པའི། །དམྱལ་བ་དེ་རྣམས་སུ་སྐྱེས་ནས་དུས་ཐུང་ངུ་ཙམ་མ་ཡིན་པར་དུས་རྟག་ཏུ་སྡུག་བསྔལ་བར་འགྱུར་རོ། །ཡང་ན་ཚ་བ་ནི་རབ་ཏུ་ཚ་བས་བསྟན་པ་དང་ངུ་འབོད་ཆེན་པོ་ནི་ངུ་འབོད་ཀྱིས་བསྡུས་ནས་བསྟན་པར་བྱས་ཀྱང་རུང་ངོ་། །དམྱལ་བའི་གནས་བསྡུས་འཇོམས་ན་དམྱལ་བ་པ་ཁ་ཅིག་ཏིལ་འཚིར་བ་བཞིན་དུ་འཚིར་ཏེ་དེ་བཞིན་དུ་གཞན་འགའ་ཞིག་བྲག་རི་དབྱིབས་སྣ་ཚོག་ས་ཀྱི་བར་དུ་བཅུར་ནས་འཚིར་བ་སོགས་ཀྱིས་ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་རློག་པར་བྱེད་དོ། །དམྱལ་བ་ཁ་ཅིག་སྟེ་ཐིག་ནག་ན་སེམས་ཅན་དེའི་ལུས་ལ་ཐིག་ནག་པོ་དུ་མ་བཏབ་ནས་དེ་ལྟར་དུ་སོག་ལེས་འགྲ་སྟེ་དེ་བཞིན་དུ་ངུ་འབོད་གཞན་ཁ་ཅིག་ན། སྟ་རེ་མི་བཟད་པ་སོ་རྣོན་པོ་དང་ལྡན་པ་རྣམས་ཀྱིས་གཤེག་པར་བྱེད་པ་དང་། དེ་བཞིན་དུ་རབ་ཏུ་ཚ་བ་ན་དམྱལ་བ་པ་གཞན་དག་ཁྲོ་ཆུ་མེར་བཞུས་པ་ཡི། །ཁུ་བ་དམར་འབར་བ་མེ་མདག་འཁྲིགས་པ་སེམས་ཅན་དེའི་ཁར་ལྡུད་པར་བགྱི་བ་དང་། རབ་ཏུ་ཚ་བ་སོགས་ན་དམྱལ་བ་པ་ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་ཏུ་འབར་བ། ཚེར་མ་ཅན་ལ་འཕོངས་དང་རྒྱབ་སོགས་ནས་བཙུགས་ཏེ་ཀུན་ཏུ་བརྒྱུད་པར་བགྱིད་དོ། །རལ་གྲིའི་ལོ་མའི་ནགས་ཚལ་ན་སེམས་ཅན་ཁ་ཅིག་ལྕགས་ཀྱི་མཆེ་བ་རྣོད་པོ་དང་ལྡན་པའི་ཁྱི། །གཏུམ་པོས་ལུས་དབད་ཅིང་དམྱལ་བའི་སེམས་ཅན་དེ་ལག་པ་གནམ་དུ་སྒྲེང་ཅིང་འོ་དོད་འབོད་དོ། །ཡང་དེ་ན་རང་དབང་མེད་པར་སེམས་ཅན་གཞན་དག་གི་ཤ་རུས་རྣམས་ལྕགས་ཀྱི་མཆུ་རྣོན་པོ་དང་། །སེན་མོ་མི་བཟད་པ་དང་ལྡན་པའི་ཁྭ་ཏ་དང་ཁྲ་རྣམས་ཀྱིས་འཐོག་པར་བྱེད་དོ། །དམྱལ་བ་པ་ཁ་ཅིག་ལུས་ལས་བྱུང་བའི་སྲིན་བུ་ལྕགས་ཀྱི་མཆུ་ཅན་དང་གྲོག་མ་སོགས་སྤུར་པ་གཞན་སྣ་ཚོགས་དང་། །དེ་བཞིན་དུ་ཤ་སྦྲང་དང་སྦྲང་བུ་མཆུ་རིང་ཅན་ཁྲི་ཕྲག་དག་གིས་ལུས་ལ། རེག་ན་མི་བཟད་པའི་སྡུག་བསྔལ་འབྱུང་བའི་རྨ་སྲོལ་ཆེར་འབྱིན་པས། །ཟ་བར་བགྱིད་ཅིང་སེམས་ཅན་དེ་འགྲེ་ལྡོག་དང་སྨྲེ་སྡགས་འདོན་པར་བྱེད་དོ། །ཚ་བ་ན་སེམས་ཅན་ཁ་ཅིག་མེའི་མདག་མ་མེ་དམར་འུར་གྱིས་འབར་བའི་ཚོགས་སུ་ནི། །རྒྱུན་མི་འཆད་པར་རབ་ཏུ་སྲེག་ནས་སྡུག་བསྔལ་གྱིས་སྐད་མི་འཐོན་པར་ཁ་ཡང་བགྲད་དོ། །རབ་ཏུ་ཚ་བ་སེམས་ཅན་ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་པོ་མེ་འབར་བ་འགྱུར་བྱེད་ཀྱི་ཆུ་བསྐོལ་བའི་ནང་དུ། སྤྱིའུ་ཚིགས་སུ་མགོ་མཇུག་ཟློག་ནས་འདི་ནི་འགྲེལ་པ་ལྟར་བཤད་ཀྱི་འགའ་ཞིག་ཏུ་མི་འཇིག་ཞེས་ས་མཐའ་མེད་པ་ལྟར་ན་སྙིང་གས་ནས་ཞིག་འགྲོ་དགོས་པ་ལས་དེ་མ་ཞིག་པའི་དོན་ཡིན་ནོ། །འོན་ཀྱང་འགྲེལ་པ་ལྟར་བྱ་དགོས་སོ། །ཚིག་དུམ་འདི་མཚམས་འདི་ནས་རེད་སྙམ།འབྲས་ཀྱི་ཅུང་འཕེན་བཞིན་དུ་འཚེད་པར་བྱེད་དོ། །འདིར་ལ་ལར་ཟན་འཕེན་བཞིན་དུ་ཞེས་འབྱུང་ལ་དེའི་དོན་མི་གསལ་ཡང་འབྲས་ཀྱི་ཚག་ཚེ་ཡིན་པར་ཁ་ཅིག་བཞེད་དོ། །ཤིན་ཏུ་སྡིག་པ་ཅན་རྣམས་རང་གི་དབུགས་འབྱུང་བ་འགག་པ་ཙམ་ཞིག་གི །དུས་དེ་ཙམ་གྱིས་བར་དུ་ཆོད་ཀྱི་ཤི་མ་ཐག་དམྱལ་བ་དེ་རྣམ་སུ་འགྲོ་བ་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཏེ་གཞལ་དུ་མེད་པའི་ཚུལ་དེ་ཐོས་ནས་རྣམ་པ་སྟོང་ཕྲག་དུ། མི་འཇིགས་པ་གང་ལགས་པ་དེ་ནི་སྙིང་ཆེན་པོ་འཇིགས་མི་ཤེས་པ་ཞིག་སྟེ་དེའི་སྙིང་རྡོ་རྗེའི་རང་བཞིན་དང་འདྲ་བ་ཅན་ནོ། །དམྱལ་བའི་གཟུགས་བརྙན་བྲིས་པ་མཐོང་བ་དང་དེའི་སྡུག་བསྔལ་གཞན་ལས་ཐོས་པ་དང་། །ཐོས་ནས་དྲན་པ་དང་དེ་སྟོན་པའི་གཞུང་བཀླགས་པ་དང་ས་སོགས་ལ་དེའི་གཟུགས་སུ་བགྱིས་པ་རྣམས་ཀྱིས་ཀྱང་། །ཡིད་ལ་འཇིགས་པ་སྐྱེད་པར་འགྱུར་ན་སྡུག་བསྔལ་མི་བཟད་པ་དང་ལྡན་པ་དམྱལ་བའི། །རྣམ་སྨིན་གྱི་སྡུག་བསྔལ་དངོས་སུ་ཉམས་སུ་མྱོང་ན་འཇིགས་པར་ལྟ་སྨོས་ཀྱང་ཅི་འཚལ་ལོ། །མི་མཐུན་པའི་དཔེ་ནི་དཔེར་ན་བདེ་བ་ཀུན་གྱི་ནང་ན་སྲེད་པ་ཟད་པ་སྟེ་ཉོན་མོངས་དང་འཁོར་བ་སྤངས་པའི་ཐར་པ་ཐོབ་པའི་བདེ་བ་དེ། བདེ་བའི་བདག་པོ་སྟེ་བདེ་བ་མཐར་ཐུག་ཏུ་བགྱིད་པ་ཇི་ལྟ་བར། །དེ་བཞིན་དུ་སྡུག་བསྔལ་ཀུན་གྱི་ནང་ན་ནི། མནར་མེད་དམྱལ་བའི་སྡུག་བསྔལ་དེ་སྡུག་བསྔལ་གྱི་མཐར་ཐུག་པ་རབ་ཏུ་མི་བཟད་པའོ། །དཔེར་ན་འཛམ་གླིང་འདི་ན་ཉིན་གཅིག་གི་དུས་ཀུན་ཏུ་མི་ཞིག་གིས་མདུང་ཐུང་སུམ་བརྒྱ་ཡིས་མི་གཞན་ཞིག་གི་ལུས་ལ་ཅུང་ཟད་མ་ཡིན་པར། རབ་ཏུ་དྲག་ཏུ་བཏབ་པའི་སྡུག་བསྔལ་ཆེན་པོ་མྱོང་བ་གང་ལགས་པའི་སྡུག་བསྔལ། དེས་ནི་དམྱལ་བའི་སྡུག་བསྔལ་ཆེན་པོ་ལ་འགྲན་པ་ལྟ་ཞོག་ཆུང་ངུ་ཙམ་ལའང་། འོལ་ཡང་མི་འགྲོ་ཆར་ཡང་མི་ཕོད་དོ། །ཡང་མི་ཕོད་དོ། །དེ་ནི་སྔར་གྱི་སྡུག་བསྔལ་དེ་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་ཆེ་ཆུང་ཚད་མི་ཐུབ་པའི་དོན་ནོ། །སྔར་བཤད་པ་དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་པ་དེ་ལྟ་བུ་མི་ལོ། བྱེ་བ་ཕྲག་བརྒྱར་སྟེ་མི་ལོར་བརྩིས་ན་དུང་ཕྱུར་བཅུ་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་དུ་དམྱལ་བའི་སྡུག་བསྔལ་མྱོང་འགྱུར་གྱི་ལས་མི་དགེ་བ་བྱས་པ་དེ་ཟད་པར་མ་གྱུར་པ། །དེ་སྲིད་དུ་དམྱལ་བའི་སེམས་ཅན་དེ་གལ་ཏེ་དམྱལ་བར་ཤི་ནས་ཡང་དམྱལ་བར་སྐྱེ་བས་དམྱལ་བ་མྱོང་བ་མི་འགྱུར་བའི་ཕྱིར་དུ་སེམས་ཅན་དེའི་སྲོག་དང་འབྲལ་བར་མི་འགྱུར་རོ། །མི་དགེ་བའི་ལས་ཀྱི་འབྲས་བུ་འདི་རྣམས་ཀྱི་རྒྱུ་ས་བོན་ནི། ལུས་ངག་ཡིད་གསུམ་གྱིས་ཉེས་པར་སྔར་བཤད་པ་སྤྱད་༼པ༽་དེ་རྣམས་ཡིན་པས་རྒྱལ་པོ་ཁྱོད་ཀྱིས་ནི། །ཅི་ནས་ཀྱང་ཉེས་པ་དེ་ཐམས་ཅད་ལྟ་ཞོག་སྟེ་རྡུལ་ཙམ་ཡང་མ་མཆིས་པ། །དེ་ལྟར་ཉིད་ཀྱི་བརྩོན་འགྲུས་དང་ཤེས་རབ་ཀྱི་རྩལ་གྱིས་འབད་པར་མཛོད་ཅིག །དམྱལ་བར་མ་ཟད་དུད་འགྲོའི་སྐྱེ་གནས་ན་ཡང་གཞན་གྱིས་གསོད་པ་དང་། ཐག་པ་སོགས་ཀྱིས་བཅིངས་པ་དང་དབྱུག་པ་སོགས་ཀྱིས་བརྡེག་པ་སོགས་སྟེ་ཁལ་འགེལ་བ་སྣ་འབུག་པ་སོགས་སྡུག་བསྔལ་སྣ་ཚོགས་པ་ཡོད་པས། ཞི་བ་ཐར་པ་ཐོབ་བྱེད་ཀྱི་ཐབས་སུ་འགྱུར་བའི་དགེ་བ་སྤངས་པ་ཤིན་ཏུ་བླུན་ཞིང་རྨོངས་པ་རྣམས་ལ་ནི། གཅིག་གི་ལུས་ལ་གཅིག་གིས་ཟ་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་དང་། དུད་འགྲོ་ཁ་ཅིག་གི་ཁོག་པ་ན་མུ་ཏིག་ཡོད་པ་དེའི་དབང་གིས་འཆི་བ་དང་འགའ་ཞིག་བལ་ཏེ་སྤུའི་ཕྱིར་དང་གླང་པོ་ཆེ་ལྟ་བུ་རུས་པ་དང་། དུད་འགྲོ་རི་དྭགས་འགའ་ཞིག་ཤ་དང་ལྤགས་པའི་ཆེད་དུ་གསོད་པར་འགྱུར་རོ། །ལ་ལར་འཆི་བར་འགྱུར་ཞེས་ཡོད་ཀྱང་འདྲའོ། །ཡང་རང་དབང་མེད་པར་རྟ་དང་བོང་བུ་སོགས་གཞན་དག་རྐང་པའི་རྡོག་པ་དང་ལག་པ་དང་། ལྕག་དང་གླང་པོ་ཆེ་ལྟ་བུ་ལྕགས་ཀྱུ་བཏབ་པས་བཏབ་སྟེ་བཀོལ་བར་བྱེད་དོ། །དམྱལ་བ་དང་དུད་འགྲོར་མ་ཟད་ཡི་དྭགས་ཀྱི་གནས་དག་ནའང་སྤྱིར་ཟས་སྐོམ་སོགས་མི་རྙེད་པའི་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་སུ་སྟེ་རྒྱུན་ཏུ་མི་འཆོས་པ་སྟེ་སྡུག་བསྔལ་མི་བཟད་པ་དང་། །བཀྲེས་པ་དང་སྐོམ་པ་དང་གྲང་བ་དང་དྲོ་བ་སྟེ་ཚ་བ་དང་ཟས་ཀྱི་ཕྱིར་ངལ་བ་དང་གཤིན་རྗེས་བསྡིགས་པའི་འཇིགས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་དྲག་པོ་བསྟེན་པར་འཚལ་ལོ། །ཡི་དྭགས་ཁ་ཅིག་ཁ་ནི་ཆུང་ངུ་ཁབ་ཀྱི་མིག་ཙམ་ཞིག་ཡོད་ལ། །ལྟོ་བ་ནི་ཆེན་པོ་རི་ཡི་གཏོས་ཏེ་ཁྱོན་ཙམ་དུ་ཡངས་པས་བཀྲེས་པའི་སྡུག་བསྔལ་གྱིས་ཉེན་ཅིང་སྡུག་བསྔལ་ཡང་ཟས་བཟང་པོ་ཟ་ནུས་པ་ལྟ་ཅི་མི་གཙང་གྱི་ནར་ཏེ་རང་དགར་རམ་ཅི་བ དེར་བོར་བ་ཅུང་ཟད་ཀྱང་། །འཚལ་བ་སྟེ་ཟ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཡི་དྭགས་ཁ་ཅིག་ལུས་ལ་ཤ་མེད་པར་ལྤགས་པ་དང་རུས་པ་ཙམ་ལུས་ཤིང་ལུས་ལ་གོས་མེད་པར་གཅེར་བུ་སྟེ། །ཤིང་ཏ་ལའི་ཡང་ཏོག་སྟེ་རྩེ་བསྐམས་པ་ལྟ་བུ་ནག་པོར་གྱུར་པ་ལགས་སོ། །ཡི་དྭགས་ཁ་ཅིག་མཚན་ཞིང་ཏེ་མཚན་གྱི་དུས་སུ་རང་གི་ཁ་ནས་མེ་འབར་བ་སྟེ། །ཟས་སུ་མེ་འབར་བའི་ཁར་འབབ་པའི་བྱེ་མ་འཚལ་ཏེ་ཟ་བའོ། །འདི་འགྲེལ་པ་དང་བསྟུན་ན་དེ་ལྟར་སྣང་ལ་འོན་ཀྱང་འགའ་ཞིག་ཏུ་ཕྱེ་ལེབ་ཞེས་འབྱུང་བ་ནི་མ་དག་པར་གསལ་ལ་ལམ་རིམ་ཆེན་མོ་ལྟར་ན་བྱེད་ཅེས་པར་སྣང་ངོ་། །བསོད་ནམས་མ་བསགས་པའི་སྨད་རིགས་ཀྱི་ཡི་དྭགས་འགས་ནི་ཟས་བཟང་པོ་ལྟ་ཅ་ིངན་པ་རྣག་དང་ཕྱི་ས་དང་། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དོ། །འོ་ན་ཅི་ཟ་ཞེ་ན་དེ་དག་ཁྲོས་པའི་དབང་གིས་ཕན་ཚུན་གྱི་གདོང་དུ་འཚོག་པ་སྟེ་བརྡེག་ཅིང་དེའི་རྐྱེན་གྱིས་མགྲིན་པ་ནས། །ལྦ་བ་བྱུང་བ་ཁོང་དུ་སྨིན་པའི་རྣག་ལ་སྤྱོད་པར་འཚལ་ལོ། །ཡི་དྭགས་འགའ་ཞིག་རྣམས་ལ་དཔྱིད་དང་སོ་འདི་དཔྱིད་དུས་འབྱུང་ངོ་། །ཀའི་དུས་སུ་ནི། །ཟླ་བའི་འོད་འཕོག་ན་ཚ་བར་གྱུར་ལ་དགུན་གྱི་དུས་སུ་ནི་ཉི་མའི་འོད་ཟེར་གྱིས་གྲང་བའི་སྡུག་བསྔལ་མྱོང་བར་འགྱུར་བ་ཡོད་པ་དེ་ནི་ལས་ཀྱི་དབང་གིས་ཡིན་ནོ། །དེ་དག་གི་ལས་ངན་པའི་མཐུས་ལྗོན་ཤིང་འབྲས་བུ་ཅན་ལ་བལྟས་པའི་ཚེ་ལྗོན་ཤིང་དེའི་འབྲས་བུ་མེད་པར་འགྱུར་བ་སྟེ་སྤྱིར་ཡོད་ཀྱང་དེ་རྣམས་ཀྱི་མིག་གིས་མི་མཐོང་བ་དང་ཡི་དྭགས་འདི་དག་གིས། །ཆུ་བོ་གངྒཱ་སོགས་ལ་བལྟས་པ་ཙམ་གྱིས་ཆུ་ཀླུང་ཆེན་པོ་ཡང་སྐམ་པར་སྣང་བར་འགྱུར་རོ། །དེ་རྣམས་ཀྱི་སྡུག་བསྔལ་དེ་ལྟ་བུ་དུས་ཐུང་ཞིག་མྱོང་ངམ་ཞེ་ན། བར་ཆད་པ་མེད་པར་སྡུག་བསྔལ་བསྟེན་འདིར་འགའ་ཞིག་རྟེན་ཞེས་འབྱུང་བ་ནི་མ་དག་གོ་པ་སྟེ་མྱོང་བར་གྱུར་པ། །དེ་རྣམས་ལས་ཉེས་པར་སྤྱད་པའི་ལས་ངན་གྱིི་ཞགས་པ་ནི་ཤིན་ཏུ། །སྲ་བ་དམ་པོས་བཅིངས་པའི་ལུས་ཅན་ཡི་དྭགས་ཁ་ཅིག་མི་ལོ། །ལྔ་སྟོང་དག་དང་འགའ་ཞིག་མི་ལོ་ཁྲིར་ཡང་འཆི་བར་མི་འགྱུར་བ་ཡོད་དོ། །སྔར་བཤད་པ་དེ་ལྟར་ཡི་དྭགས་རྣམས་ཀྱིས་བཀྲེས་པ་དང་སྐོམ་པ་སོགས་སྣ་ཚོགས་པའི། །སྡུག་བསྔལ་འདིར་འགའ་ཞིག་རོ་གཅིག་པའི་དོན་ཉེ་ཚེ་བ་ལ་འཆད་པ་ནི་དོན་མིན་ནོ། །རོ་གཅིག་སྟེ་བར་ཆད་པ་མེད་པ་ཐོབ་པ་གང་ལགས་པའི་སྡུག་བསྔལ། །དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་པ་ཡོ་བྱད་ལ་སེར་སྣ་ཆེ་ཞིང་གསོགས་པ་ལ་དགའ་བ། །སེར་སྣ་ཅན་ཡི་དྭགས་ཀྱི་རྒྱུ་ལ་སྤྱོད་པའི་གང་ཟག་དེ་ནི་འཕགས་ཏེ་དམ་པ་མིན་པའི་ངན་པ་ལགས་པར་སངས་རྒྱས་ཀྱིས་གསུངས་སོ་། །ཁྱིམ་པ་ལ་ཡོ་བྱད་གསོག་པ་ཚུལ་དང་མཐུན་པར་གསུངས་ཀྱང་སེར་སྣའི་དབང་གིས་དེ་ལྟར་དུ་འགྱུར་ལ་རབ་ཏུ་བྱུང་བ་ཡོ་བྱད་ལ་ཆགས་ཤིང་སེར་སྣས་བཟུང་བ་རྣམས་དེ་བས་ཀྱང་ལྷག་པར་འགྱུར་སྙམ་མོ། །ངན་སོང་གསུམ་དུ་མ་ཟད་མཐོ་རིས་ལྷ་ཡུལ་ན་ཡང་འདོད་པའི་བདེ་བ་ཆེན་པོ་ཡོད་མོད་ལྷ་དེ་དག་གི །འཆི་འཕོ་བའི་སྡུག་བསྔལ་ཉིད་ནི་སྔར་གྱི་བདེ་བ་དེ་བས་ཀྱང་ཆེའོ། །ཚུལ་དེ་ལྟར་བསམས་ནས་སྐྱེ་བོ་ཡ་རབས་བཟང་པོ་རྣམས་ཀྱིས་ནི། །ཟད་པར་འགྱུར་བའི་མཐོ་རིས་ཀྱི་བདེ་བའི་སླད་དུ་སྲེད་པ་སྟེ་ཆགས་པར་མི་བགྱིའོ། །འཆི་འཕོ་བའི་སྡུག་བསྔལ་དེ་གང་ཡིན་ཞེ་ན། འདོད་ལྷ་འཆི་བའི་ཚེ་སྔོན་དུ་ལུས་ཀྱི་ཁ་དོག་མི་སྡུག་པར་འགྱུར་བ་དང་། རང་གི་སྟན་ལ་མི་དགའ་བ་དང་རྒྱན་གྱི་མེ་ཏོག་དང་ཕྲེང་བ་རྙིངས་པར་འགྱུར་བ་དང་། རང་གི་གོས་ལ་དྲི་མ་ཆགས་པ་དང་རང་གི་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་དྲི་མི་ཞིམ་པ་འབྱུང་བ་ཞེས་བགྱི་བ། །མཐོ་རིས་ཀྱི་འདོད་ལྷ་འཆི་འཕོ་བ་སྦྲོན་པར་བགྱིད་པའི་སྔ་ལྟས་རྣམ་པ་ལྔ་ནི། །ལྷ་ཡུལ་ན་གནས་པའི་འདོད་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་གི་མི་རྣམས་འགའ་ཞིག་འཆི་བར་འགྱུར་བ་དག །སྒྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲའོ། །ལྷའི་འཇིག་རྟེན་དག་ནས་ཤི་འཕོས་པ་ལ། །སྔོན་བསགས་པའི་གལ་ཏེ་དགེ་བའི་ལྷག་མ་འགའ་ཡང་མེད་ན། །དེ་ནས་ལྷུང་སྟེ་རང་དབང་མེད་པར་དུད་འགྲོ་དང་ཡི་དྭགས་དང་། །དམྱལ་བར་གནས་པ་སྟེ་སྐྱེ་བ་གང་ཡང་རུང་བར་འགྱུར་རོ། །ལྷར་མ་ཟད་ལྷ་མིན་གྱི་གནས་དག་ནའང་རང་བཞིན་གྱིས་ང་རྒྱལ་ཡོད་པ་ལྷ་ཡི་ལོངས་སྤྱོད་ཀྱི་དཔལ་ལ་ཕྲག་དོག་གི་ཡིད་སྡང་བའི་ཕྱིར་དེ་རྣམས་ཡིད་ཀྱི་སྡུག་བསྔལ་ཆེ་ལ། །ལྷ་མིན་དེ་དག་གི་ནང་ན་བློ་དང་ལྡན་པ་ཡོད་ནའང་ཕྲག་དོག་ཅན་དུ་གྱུར་པའི་འགྲོ་བ་ཡི། །རྣམ་སྨིན་གྱི་སྒྲིབ་པས་ཚེ་དེ་ལ་ཆོས་ཉིད་བདེན་པ་མངོན་སུམ་དུ་མཐོང་བ་མ་མཆིས་སོ། །འཁོར་བ་ནི་སྔར་བཤད་པ་དེ་འདྲ་བ་ལགས་པས་ན་ལྷ་མིན་དང་། །དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་རྣམས་དག་ཏུ། །སྐྱེ་བ་དེ་ནི་བཟང་པོ་མ་ལགས་པས་དེར་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་དུ་གྱུར་པ་ལགས་པར་མཁྱེན་པར་མཛོད་ཅིག །དེས་ན་རང་གི་མགོའམ་ལུས་ཀྱི་གོས་ལ་གློ་བུར་དུ་མེ་ཤོར་བར་བྱུང་ན། །མེ་དེ་དག་འདིར་འགྲེལ་པ་དང་བསྟུན་ན་སླར་བཟློག་ཞེས་པའི་དོན་དུ་སྣང་ངོ་། །བཟློག་པ་སྟེ་བསད་པར་བྱ་བའི་ཕྱིར་དུ་བགྱི་བ་སྟེ་བྱ་བ་རེ་ཞིག་བཏང་ནས་ཀྱང་། །ཡང་སྲིད་འཁོར་བ་མེད་པར་བགྱི་བའི་སླད་དུ་འབད་པར་འཚལ་ཏེ། །དེ་བས་ཀྱང་ཆེས་མཆོག་ཏུ་གྱུར་པའི་དགོས་པ་གཞན་མ་མཆིས་པས་སོ། །དེ་ཡང་ལུས་སྲོག་ལ་མི་ལྟ་བར་ཐར་པ་བསྒྲུབ་པར་བྱ་བའི་དོན་ནོ། །རྒྱལ་པོ་ཁྱོད་ཀྱིས་ཚུལ་ཁྲིམས་ཀྱི་བསྐབ་པ་དག་དང་ཤེས་རབ་ཀྱི་བསླབ་པ་དང་བསམ་གཏན་འགྲེལ་པར་བསམ་གཏན་གྱི་མཇུག་ཏུ་ཡེ་ཤེས་ཞེས་འབྱུང་ཡང་དོན་འདྲའོ་ཏེ་ཏིང་ངེ་འཛིན་གྱི་བསླབ་པས། སྡུག་བསྔལ་དང་ཀུན་འབྱུང་སྤངས་པའི་མྱ་ངན་ལས་འདས་པ་ཞི་བ་དུལ་བ་དྲི་མ་མེད་པའི། འདིར་འགྲེལ་པ་ལྟར་ན་ཞི་བ་ནི་སྡུག་བསྔལ་སྤངས་པ་དང་དུལ་བ་ནི་དབང་པོ་དུལ་བ་དྲི་མ་མེད་པ་ནི་ཉོན་མོངས་སྤངས་པ་ལ་བྱའོ། །ཐར་པའི་གོ་འཕང་མི་རྒ་བ་དང་མི་འཆི་བ་དང་བས་པ་མི་འཚལ་བ་སྟེ་ཟད་པ་མེད་པ་དེ་ཐོབ་པར་བྱ་སྟེ་དེ་ཡང་ཕྱི་རོལ་པ་འགའ་ཞིག་ས་དང་ཆུ་དང་མེ་དང་རླུང་སྟེ་འབྱུང་བ་བཞི་དང་ཉི་ཟླ་གཉིས་ཀྱང་ཐར་པ་བཟུང་ནས་ཐོབ་བྱར་བྱེད་ཀྱང་དེ་ལྟ་མ་ཡིན་པར། །ས་ཆུ་མེ་རླུང་ཉི་ཟླ་དང་བྲལ་བའི་ཐར་བ་ཐོབ་པར་མཛོད་ཅིག་ཅེས་པའོ། །དམིགས་པ་ལ་མི་བརྗེད་པའི་དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། །དེ་ལ་ཡིད་དགའ་བའི་དགའ་བ་དང་ལུས་སེམས་ཤིན་ཏུ་སྦྱངས་པ་དང་དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། །རང་གི་ངང་གིས་འཇུག་པའི་བཏང་སྙོམས་ཏེ་འདི་བདུན་ལ་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། །དེ་རྣམས་མྱ་ངན་ལས་འདས་པ་ཐོབ་པར་བགྱིད་པའི་དགེ་བའི་ཚོགས་ལགས་སོ། །གང་ལ་དོན་ཤེས་པའི་ཤེས་རབ་མེད་པ་དེ་ལ་བསམ་གཏན་འགྲུབ་པ་ཡོད་པ་མིན་ཏེ། །དེར་མ་ཟད་བསམ་གཏན་མེད་པར་ཡང་ནི་ཤེས་རབ་ཁྱད་པར་ཅན་ལྷག་མཐོང་ཐོབ་པ་མེད་ལ། །གང་ལ་ཞི་ལྷག་དེ་གཉིས་ཟུང་དུ་འབྲེལ་པ་ཡོད་པ་དེ་ལ་སྲིད་པ་འཁོར་བ་ཡི། །རྒྱ་མཚོ་ཆེན་པོ་དེ་གནག་སྟེ་བ་ལང་གི་རྗེས་ཀྱི་ཆུ་ལྟ་བུར་ཟད་པར་འཚལ་བར་བགྱིའོ། །གང་ཟག་གི་བདག་དང་འཇིག་རྟེན་རྟག་པ་དང་མི་རྟག་པ་དང་རྟག་པ་ཡང་ཡིན་ལ་མི་རྟག་པ་ཡང་ཡིན་པ་དང་རྟག་པ་ཡང་མ་ཡིན་ལ་མི་རྟག་པ་ཡང་མ་ཡིན་པར་ལྟ་བ་བཞི་དང་། དེ་མཐའ་དང་ལྡན་པ་དང་མི་ལྡན་པ་དང་གཉིས་ཀ་ཡིན་པ་དང་གཉིས་ཀ་མ་ཡིན་པར་ལྟ་བ་བཞི་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་བཞི་དང་། ལུས་སྲོག་གཉིས་གཅིག་དང་ཐ་དད་དང་གཉིས་ཀ་ཡིན་པ་དང་གཉིས་ཀ་མ་ཡིན་པར་ལྟ་བའི་ཕྱི་རོལ་པའི་ལུང་མ་བསྟན་གྱི་ལྟ་བ་ངན་པ་བཅུ་བཞི་པོ་འཇིག་རྟེན་ན། །ཉི་མའི་གཉེན་སངས་རྒྱས་གྱིས་རབ་ཏུ་གསུངས་བ་གང་དག་ལགས་པ་དེ་དག་རྣམས་སེམས་ལ་བསམ་པར་མི་བགྱི་སྟེ། ལྟ་ངན་དེ་ཡི་དབང་གིས་རང་གི་བློ་འདི་ཞི་བར་བགྱིད་པ་མ་ལགས་སོ། །དེ་ཡང་དེ་རྣམས་ཡོད་ཚུལ་ཤེས་མི་དགོས་པའི་དོན་མ་ཡིན་ཏེ་རང་རྒྱུད་ལ་ལྟ་བ་དེ་བསྐྱེད་པར་མི་བྱ་བའི་དོན་ནོ། །འོ་ན་ཅི་བསམ་པར་བྱ་ན་ཡན་ལག་བཅུ་གཉིས་ཀྱི་དང་པོ་གང་ཟག་གི་བདག་ཏུ་འཛིན་པའི་མ་རིག་པ་ལས་ཡན་ལག་གཉིས་པ་འདུ་བྱེད་ཀྱི་ལས་འབྱུང་ཏེ་ལས་དེ་ལས་ནི། །ཡན་ལག་གསུམ་པ་རྒྱུ་དུས་ཀྱི་རྣམ་པར་ཤེས་པ་སྐྱེ་ལ་རྣམ་ཤེས་དེ་ལས་ནི་ཡན་ལག་བཞི་པ་མིང་དང་གཟུགས་རབ་ཏུ་འབྱུང་ཞིང་མིང་གཟུགས་དེ་ལས་ནི་ཡན་ལག་ལྔ་པ་སྐྱེ་མཆེད་དྲུག་འབྱུང་ཏེ་སྐྱེ་མཆེད་དེ་ལས་ནི། དྲུག་པ་རེག་པ་ཀུན་ཏུ་འབྱུང་བར་ཐུབ་པའི་དབང་པོས་གསུངས་སོ། །རེག་པ་དེ་ལས་ནི་བདུན་པ་ཚོར་བ་ཀུན་ཏུ་འབྱུང་སྟེ། །ཚོར་བའི་གཞི་ལས་བརྒྱད་པ་སྲེད་པ་འབྱུང་བར་འགྱུར་ཞིང་། །སྲེད་པ་དེ་ལས་དགུ་པ་ལེན་པ་སྐྱེ་བར་འགྱུར་བ་སྟེ། །ལེན་པ་དེ་ལས་བཅུ་པ་སྲིད་པའི་ལས་འབྱུང་བ་དང་སྲིད་ལས་དེ་ལས་བཅུ་གཅིག་པ་སྐྱེ་བ་འབྱུང་བ་ལགས་སོ། །སྐྱེ་བ་དེ་ཡོད་ན་མྱ་ངན་བྱེད་པ་དང་ན་རྒ་དང་། །འདོད་པས་ཕོངས་པ་དང་འཆི་བ་དང་འཇིགས་པ་སོགས་ཀྱི་སྒྲས་སྨྲེ་ངག་འདོན་པ་དང་ཡིད་མི་བདེ་བ་སོགས། །སྡུག་བསྔལ་གྱི་ཕུང་པོ་ཤིན་ཏུ་ཆེན་པོ་འདི་རྣམས་འབྱུང་སྟེ། འདི་ནི་ཉོན་མོངས་པ་ཅན་གྱི་རྟེན་འབྲེལ་ལུགས་འབྱུང་དང་ཡང་དེ་ལུགས་བཟློག་གི་དབང་དུ་བྱས་ན་རྒ་ཤི་སྐྱེ་བ་ལས་འབྱུང་བ་སྐྱེ་བ་ཡང་སྲེད་པ་ལས་འབྱུང་བ་སོགས་སྦྱར་རོ། །དེ་ལྟར་ནའང་རྣམ་བྱང་ཕྱོགས་ཀྱི་དབང་དུ་བྱས་ན་མ་རིག་པ་འགགས་པས་སྔར་བཤད་པའི་རྒ་བ་དང་འཆི་བ་དང་མྱ་ངན་སོགས་འདི་ཀུན་འགག་པར་འགྱུར་རོ། །དེས་ནི་མ་རིག་པ་འགགས་པས་འདུ་བྱེད་འགགས་པ་སོགས་དང་ཡང་རྒ་ཤི་འགགས་པ་གང་ལ་རག་ལས་ན་སྐྱེ་བ་འགགས་པས་རྒ་ཤི་འགགས་པ་ཡང་སྲིད་པ་འགགས་པ་ལས་བྱུང་བ་སོགས་ཤེས་པར་བྱའོ། །སྔར་བཤད་པ་ལྟར་རྟེན་གཞན་དང་ལྷན་ཅིག་བཤད་པ་དང་བཅུ་གཉིས་པ་ལ་རྒ་ཤི་གཉིས་གཅིག་ཏུ་བྱ་བ་ཡིན་ཡང་རྒ་ཤི་ཡན་ལག་ལྷག་མ་ནི། ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་ཚུལ་འདི་རྒྱལ་བ་ཡི། །དབང་པོ་སངས་རྒྱས་ཀྱི་གསུང་གི་མཛོད་ཀྱི་ནང་ནས་གཅེས་པ་སྟེ་སྙིང་པོ་དང་ཟབ་མོ་སྟེ། །རྟོགས་པར་དཀའ་བའི་གནས་ཡིན་པས་སོ། །གང་ཟག་གང་གིས་ཡན་ལགབཅུ་གཉིས་ཀྱི་ཚུལ་འདི་ནི་རིགས་པས་ཡང་དག་པར་ཤེས་ཤིང་མཐོང་བ་དེས་ནི། །སངས་རྒྱས་ཀྱིས་བསྟན་པའི་དེ་ཁོ་ན་ཉིད་ཀྱི་དོན་ནི་རིག་པ་ཡིན་པས་རྣམ་པ་མཆོག་ཏུ་གྱུར་པ་མཐོང་བ་ཡིན་ནོ། །སྔར་རྟེན་འབྲེལ་ཡན་ལག་བཅུ་གཉིས་གོ་རིམ་དེ་ལྟར་བཤད་པ་ནི་མདོ་ལས་གསུངས་པའི་གོ་རིམ་ལྟར་རྟེན་འབྲེལ་ཚར་གཞན་གྱི་དབང་དུ་བྱས་པ་ཡིན་ལ་ཚར་གཅིག་གི་དབང་དུ་བྱས་པ་ནི་ལམ་རིམ་སོགས་ནས་བཤད་པ་ལྟར་རོ། །ཡང་དག་པའི་ལྟ་བ་དང་དེ་བཞིན་དུ་ཡང་དག་པའི་འཚོ་བ་དང་རྩོལ་བ་དང་། །དྲན་པ་དང་ཏིང་ངེ་འཛིན་དང་ངག་དང་ལས་ཀྱི་མཐའ་དང་། །ཡང་དག་པའི་རྟོག་པ་དང་བརྒྱད་པོ་འདི་ཉིད་ལ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཅེས་བྱའོ། །བརྒྱད་པོ་འདི་ནི་ཉོན་མོངས་ཞི་བའི་ཐར་པ་ཐོབ་པར་བགྱི་བའི་སླད་དུ་བསྒོམ་པར་བགྱིའོ། །དེ་ཡང་ཡང་དག་པའི་ལྟ་བ་ནི་ཆོས་ཀྱི་དོན་ལེགས་པར་འབྱེད་པའི་ཤེས་རབ་དང་འཚོ་བ་ནི་ཁེ་བྱེད་པ་སོགས་ལོག་འཚོ་སྤངས་པའི་འཚོ་བ་དང་། རྩོལ་བ་ནི་ཆོས་ཀྱི་ཆེད་དུ་བརྩོན་འགྲུས་དང་ངག་ནི་རང་གིས་ལེགས་པར་རྟོགས་པ་གཞན་ལ་སྟོན་པ་དང་ལས་ཀྱི་མཐའ་ནི་མི་དགེ་བ་མི་བྱེད་པ་དང་། །རྟོག་པ་ནི་ཆོས་ཀྱི་དོན་ལ་དཔྱོད་པ་དང་། དྲན་པ་ནི་དགེ་བའི་དམིགས་པ་རྣམས་དྲན་པ་དང་། ཏིང་ངེ་འཛིན་ནི་དམིགས་པ་ལས་སེམས་མི་གཡེང་བ་ཡིན་ཏེ་དེ་དག་ལ་ད་དུང་ཞིབ་ཆ་བྱེད་རྒྱུ་ཡོད་དོ། །སྐྱེ་བའི་སྡུག་བསྔལ་འདིས་མཚོན་ཏེ་ཉེར་ལེན་གྱི་ཕུང་པོ་ལྔ་པོ་ནི་སྡུག་བསྔལ་བདེན་པ་ཡིན་ལ་སྲེད་པ་སྟེ་འདོད་སྲེད་སོགས་ཉོན་མོངས་དང་ཟག་བཅས་ཀྱི་ལས་ཞེས་བགྱི་བ། །འདི་ནི་སྡུག་བསྔལ་བདེན་པ་དེ་ཡི་ཀུན་འབྱུང་བདེན་པ་རྒྱ་ཆེན་པོ་ཡིན་ཏེ་འདི་རྣམས་ལས་སྡུག་སྔལ་ཀུན་འབྱུང་བའི་ཕྱིར་རོ། །སྡུག་བསྔལ་དང་ཀུན་འབྱུང་འདི་རྣམས་འགོག་པ་སྟེ་སྤོང་བ་ལས་ནི་ཐར་པ་འགོག་པའི་བདེན་པར་འཇོག་པ་ལགས་ཏེ་ཐར་པ་དེ། །འཐོབ་པར་བགྱིད་པའི་ཐབས་འཕགས་ལམ་ཡན་ལག་སྔར་བཤད་པ་དེ་བརྒྱད་པོ་དེ་ལམ་གྱི་བདེན་པ་ལགས་སོ། །བདེན་བཞི་གོང་དུ་སྨོས་པ་དེ་ལྟར་ལགས་པས་ན་འཕགས་པའི་བདེན་པ་བཞི་པོ་དེ་རྣམས། །མཐོང་བ་སྟེ་ཤེས་པ་དང་རྟོགས་པར་བགྱི་བའི་སླད་དུ་དུས་རྟག་ཏུ་བརྩོན་པར་བགྱིའོ། །འོ་ན་འཕགས་པའི་བདེན་པ་ཞེས་པའི་དོན་གང་ཞེ་ན་ཡོད་དེ་དེ་དག་འཕགས་པས་ཇི་ལྟར་གཟིགས་པ་ལྟར་བདེན་གྱི་བྱིས་པ་རྣམས་ནི་སྡུག་བསྔལ་ལ་བདེ་བར་འདུ་ཤེས་ནས་འཁྲུལ་པའི་ཕྱིར་རོ། །ཐར་པ་དེ་ཁྱིམ་པས་ཐོབ་མི་ནུས་སམ་སྙམ་ན། ནུས་པའི་ཚུལ་དགེ་སློང་དུ་མ་ཟད། སྔོན་རང་གི་པང་ན་ཕུན་ཚོགས་ཀྱི་དཔལ་གནས་པའི་ཁྱིམ་པ་སྟོན་པའི་ཡབ་སོགས་ཤཱཀྱ་མང་པོ་དང་གཟུགས་ཅན་སྙིང་པོ་སོགས་ཁྱིམ་པ་རྣམས་ཀྱིས་ཀྱང་། །བདེན་བཞིའི་གནས་ཚུལ་ཤེས་པའི་སྟོབས་ཀྱིས་ཉོན་མོངས་པའི་ཆུ་བོ་སྟེ་རྒྱ་མཚོ་ལས་བརྒལ་ནས་ཐར་པ་ཐོབ་པར་བགྱིས་སོ། །འོན་ཀྱང་རྒྱལ་པོ་གཟུགས་ཅན་སྙིང་པོ་ནི་རྒྱུན་ཞུགས་ཡིན་པར་མདོ་ལས་བཤད་དོ། །སྔོན་བྱོན་པའི་སངས་རྒྱས་སོགས་འཕགས་པ་གང་དག་ཐར་པའི་ཆོས་མངོན་དུ་བགྱིས་པ་མང་པོ་བྱུང་བ་དེ་དག་གིས་ཀྱང་། །ཐར་པ་སོགས་ཀྱི་ཡོན་ཏན་ཐོབ་པ་ཡང་རང་རང་གིས་བདེན་བཞི་སོགས་ཉམས་སུ་བླངས་ཏེ་ཐོབ་པ་ཡིན་གྱི་དེ་ལྟ་མ་ཡིན་པར་དེ་རྣམས་གནམ་ལས་ཆར་བབས་པ་ལྟ་བུ་མ་ལགས་ཤིང་ལོ་ཏོག་སྐྱེ་བ་བཞིན་དུ། །ས་རུམ་ནས་ཀྱང་འཐོན་པ་མ་ལགས་ཏེ་དེ་དག་ནི་སྔོན་གྱི་དུས་སུ། །ཉོན་མོངས་ལ་རག་ལས་པ་སྟེ་ཉོན་མོངས་ཀྱི་གཞན་དབང་ཅན་སོ་སོའི་སྐྱེ་བོར་བས་པ་སྟེ་ཟད་ དོ། །བསྙེངས་པ་དང་བྲལ་བ་ལ་འཇིགས་མེད་ཞེས་བོས་ནས་ཁྱོད་ལ་ཧ་ཅང་མང་དུ་གསོལ་བ་སྟེ་ཞུ་ཅི་འཚལ་ཏེ། །མདོར་ན་ཕན་པའི་གདམས་ངག་གི་དོན་གྱི་སྙིང་པོ་འདི་ལགས་ཏེ། །གང་ཞེ་ན་ཁྱོད་ཀྱིས་ཐུགས་དུལ་བར་མཛོད་ཅིག་གོ་དེ་ཅིའི་ཕྱིར་ཞེ་ན་བཅོམ་ལྡན་འདས་གྱིས། །མདོ་ལས་སེམས་ནི་དགེ་མི་དགེའི་ཆོས་ཐམས་ཅད་ཀྱི་འབྱུང་བ་དང་གནས་པའི་རྩ་བ་ལགས་པ་སྟེ་ཡིན་པར་གསུངས་པ་དེའི་ཕྱིར་རོ། །རྒྱལ་པོ་ཁྱོད་ལ་དེ་སྐད་ངག་གིས་གདམས་པ་གང་ལགས་པ་དེ། །བསམ་པ་སྟེ་མ་ལུས་པར་དགེ་སློང་གིས་ཀྱང་བགྱི་བར་དཀའ་ན་ཁྱིམ་པས་ལྟ་ཅི་སྨོས་སོ། །དེ་ལྟར་ནའང་འདི་ལས་ཆ་ཤས་ཙམ་གང་ཞིག་སྤྱོད་ནུས་པའི་ངོ་བོ་གང་ཡིན་པ་དེའི། །ཡོན་ཏན་བསྟེན་པ་སྟེ་བསྒྲུབས་ནས་ཁྱོད་ཀྱིས་སྐུ་ཚེ་འདི་དོན་ཡོད་པར་མཛོད་ཅིག །ཡང་ཁྱོད་ཀྱིས་རང་གཞན་ཀུན་གྱི་དགེ་བ་བྱས་པ་ཀུན་ལ་རྗེས་སུ་ཡི་རང་ཞིང་། །དེར་མ་ཟད་རང་ཉིད་ཀྱིས་ལུས་ངག་ཡིད་ཀྱི་ལེགས་པར་སྤྱད་པ་རྣམ་པ་གསུམ་ཡང་། །སངས་རྒྱས་ཉིད་ཐོབ་པར་བགྱི་བའི་སླད་དུ་ཡོངས་སུ་བསྔོས་ནས། །དེ་ནས་རྗེས་སུ་ཡི་རང་བ་དང་བསྔོས་པའི་དགེ་བའི་ཕུང་པོ་འདི་ཡིས་རྒྱལ་པོ་ཁྱོད། །སྐྱེ་བ་དཔག་ཏུ་མེད་པར་ལྷ་དང་མི་ ཡི། །འཇིག་རྟེན་ཀུན་གྱི་དཔལ་དང་འདིར་འགྲེལ་བར་རྣལ་འབྱོར་ལ་དབང་མཛད་པའི་དོན་དུ་བཤད་ཅིང་རྩ་བ་གསུམ་དུ་དཔལ་འབྱོར་སྣང་བ་ལྟར་བྱས་སོ། །འབྱོར་པ་ལ་དབང་དུ་མཛད་ནས། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱོད་པ་ཅི་འདྲ་བ་དེ་འདྲ་བ་ཡི་སྒོ་ནས། །སྐྱེ་བོ་སྡུག་བསྔལ་གྱིས་ཉམ་ཐག་པ་མང་པོ་རྗེས་སུ་བཟུང་སྟེ། །བྱང་སེམས་སྲིད་པ་ཐ་མ་བར་འཁྲུངས་པ་སྟེ་སྐྱེས་ནས་ན་བ་དང་རྒ་བ་དང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས། དོན་འདི་ནི་འགྲེལ་པ་དང་བསྟུན་ལ་ཁ་ཅིག་སངས་རྒྱས་ནས་ཟེར་བ་ནི་མ་འབྲེེལ་ཏེ་སངས་རྒྱས་ཐོབ་ནས་འདོད་ཆགས་སོགས་སླར་སྤོང་མི་དགོས་པའི་ཕྱིར་རོ། །བསལ་ཏེ་སངས་རྒྱས་ཀྱི་ཞིང་དུ་སྟེ་ཞིང་དག་པར་སངས་རྒྱས་སྐུ་ཚེ་རིང་བ་ནི་དཔེར་ན་བདེ་བ་ཅན་གྱི་བཅོམ་ལྡན་འདས། །འོད་དཔག་མེད་དང་འདྲ་བར་འཇིག་རྟེན་གྱི། །མགོན་པོ་སྐུ་ཚེ་དཔག་ཏུ་མེད་པ་ཞིག་ཏུ་འགྱུར་བར་མཛོད་ཅིག །དེ་ལྟ་བུའི་སངས་རྒྱས་ཐོབ་ནས་སངས་རྒྱས་དེའི་ཤེས་རབ་ཕུན་སུམ་ཚོགས་པ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་སྦྱིན་པ་གཏོང་བ་ཕུན་སུམ་ཚོགས་པ་ལས་བྱུང་བའི་གྲགས་པ་ཆེན་པོ་རྒྱས་པ་དང་སྐྱོན་དང་བྲལ་བ་དྲི་མ་མེད་པའི་ཚུལ་ནི། །ལྷ་ཡུལ་མཐོ་རིས་དང་ནམ་མཁའ་བར་སྣང་དང་ནི་ས་སྟེང་མིའི་ཡུལ་དུ་རྒྱས་པར་མཛད་ནས། །ས་ལ་གནས་པའི་མི་འདོད་པ་ལ་ཆགས་པ་དང་མཐོ་རིས་ཀྱི་ལྷའི་བུ་རྣམས་ནི་ན་ཆུང་ལྷའི་བུ་མོ་གཞོན་ནུ་མཆོག་རྣམས་དང་ལྷན་ཅིག་ཏུ་འདོད་ཡོན་ལ་ཆགས་པའི་བདེ་དགས་དགའ་བ་རྣམས་ཀྱང་འདོད་པ་ལ་ཆགས་པའི་སྲེད་པ་ངེས་པར་རབ་ཏུ་ཞི་བར་མཛད་དེ། སྣོད་དུ་རུང་བར་བྱས་ནས་འཕགས་པའི་ཚུལ་ཁྲིམས་སོགས་ལ་འགོད་པར་བྱ་ལ་གཞན་དོན་དུ་ཉོན་མོངས་པས་ཉམ་ཐག་པའི་སེམས་ཅན་གྱི་ཚོགས་རྣམས་ཀྱི་འཇིགས་པ་སྟེ་གང་ཞེ་ན་སྐྱེ་བ་དང་། །འཆི་བ་ཐམས་ཅད་ཞི་བར་མཛད་ནུས་པ་རྒྱལ་བའི་དབང་པོ་གཟུགས་སྐུ་གཉིས་ཀྱི་གོ་འཕང་ཉིད་བརྙེས་པ་སྟེ་ཐོབ་དགོས་ན་ལ ས། ནས་ཞེས་པ་ལྷག་མ་ཅན་ཡིན་ཡང་གཟུགས་སྐུ་ཐོབ་པའི་རྗེས་སུ་ཆོས་སྐུ་ཐོབ་དགོས་པའི་རིམ་པ་སྟོན་པ་མ་ཡིན་ཏེ་དེ་གཉིས་གཅིག་ཆར་དུ་ཐོབ་པའི་ཕྱིར་རོ། །རང་དོན་དུ་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུ་ཞེས་མིང་ཙམ་ཙམ་སྒྲས་བདེན་གྲུབ་ཀྱི་སྤྲོས་པ་འགོག་གོ་གྱིས་བཞག་པ་དེ་ནི་སྤྲོས་པ་ཐམས་ཅད་ཞི་ལ་མི་གཡོ་བ་སྟེ་འདི་ལ་འགྲེལ་བར་མི་བགྲེས་པའི་དོན་དུ་བྱས་ནས་མི་ཟད་པར་བཤད་དོ། །མ་བསྙེངས་པ་ནི་མི་འཇིགས་པ་དང་འདི་ལ་འགའ་ཞིག་ཏུ་བགྲོངས་མི་མངའ་བར་སྣང་ཡང་དོན་འདྲའོ། །ནོངས་མི་མངའ་བ་སྟེ་འཆི་བ་མེད་པའི་ཆོས་སྐུའི་གོ་འཕང་བརྙེས་པར་མཛོད་ཅིག་ཅེས་པའོ། །ཚིགས་བཅད་འདི་ནི་ཅུང་གོ་དཀའ་ཡང་འགྲེལ་པར་དོན་བསྡུས་ཏེ་གཟུགས་སྐུ་དང་ཆོས་སྐུ་གཉིས་ཐོབ་པར་བྱས་ནས་སེམས་ཅན་གྱི་དོན་བྱེད་དགོས་པ་ལ་བཤད་དོ། །དགེ་བཤེས་ཀླུ་ཡིས་གདམས་པའི་ཆར་རྒྱུན་འདིས། །མི་རྗེ་རྒྱལ་པོ་ཐུགས་ཀྱི་མཚོ་རྒྱས་ནས། །རྒྱལ་སྲིད་འཁོར་གྱི་ཉ་སྦལ་མང་པོ་དག །སྐྱོབས་མཛད་རེ་བ་ཡིད་བཞིན་སྐོངས་བར་འདི་གཞུང་དངོས་མིན་ནོ་སྨོན། །མཛའ་བོ་བདེ་སྤྱོད་བཟང་པོ་ལ་སྤྲིངས་པས་ན་བཤེས་པའི་སྤྲིངས་ཡིག །སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛའ་བོ་བདེ་སྤྱོད་བཟང་པོས་བསྐུར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ནི་ཐམས་ཅད། ཛྙཱ་ཡེ་ཤེས། དེ་བ་ལྷའོ་དང་། །ཞུ་ཆེན་གྱི་ལོཙྪ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཟུར་འགའ་ཞིག་ལ་འགྱུར་མི་འདྲ་བ་འདུག་རུང་། དོན་རྒྱ་འགྲེལ་དང་བསྟུན་ནས་བཤད་པ་ཡིན་ཏེ། ཡིད་ཆེས་པའི་གནས་སུ་ཟུངས་ཤིག །སྨྲས་པ། འཕགས་མཆོག་ཀླུ་སྒྲུབ་དགོངས་དོན་ཟབ་ཅིང་ཞིབ། །རྒྱ་འགྲེལ་དོན་འཐོར་སྡུད་པའི་མཐུ་མེད་ཀྱང་། །མཁས་པའི་གཞུང་མང་དབང་དུ་བཞག་བྱས་ཏེ། །བཤད་པས་བློ་གྲོས་ལྡན་ལ་ཕན་གྱུར་ཅིག །འོན་ཀྱང་ཉེས་པར་སྨྲས་བའི་ཆ། །ཡོད་ན་འཕགས་མཆོག་ཀླུ་སྒྲུབ་ལ། །བཟོད་པར་གསོལ་ལ་ལེགས་པའི་ཕྱོགས། །ལྷ་དང་བླ་མ་རྣམས་ལ་མཆོད། །ཅེས་བཤེས་སྤྲིིངས་ཀྱི་དགོངས་པ་གསལ་བར་བཤད་པའི་མཆན་འགྲེལ་འདི་ནི་ཤཱཀྱའི་དགེ་སློང་ངག་དབང་རྒྱལ་མཚན་གྱིས་བསྐུལ་བ་ལྟར། རྒྱལ་བའི་གསུང་རབ་ལ་ཐོས་བསམ་ཅུང་ཟད་བགྱིས་པའི་རབ་འབྱམས་སྨྲ་བ་བཤད་སྒྲུབ་མིང་ཅན་གྱིས་བཤེས་སྤྲིངས་རྩ་བ་གསུམ་དང་རྒྱ་འགྲེལ་སོགས་མཁས་པའི་མན་ངག་རྣམས་བསྡུར་ནས་རང་བློས་ཇི་ལྟར་འོས་པ་བཞིན་ཅོ་ནེའི་མཚན་ཉིད་གྲྭ་ཚང་གི་བླ་མའི་གོ་སར་གནས་པ་དེའི་ཚེར་བགྱིས་པ་སྟེ། ཕྱིས་རང་ལོ་དོན་གཉིས་ཐོག་པར་དུ་བརྐོས་པའི་ཡི་གེ་པ་ནི་ཏཱ་ལི་ལ་ལུང་བློ་བཟང་དོན་གྲུབ་བོ། མདྒ་ལཾ།། །།

རྒྱུད་དང་གྲུབ་ཆེན་བླ་མའི་དགོངས་དོན་ཐུན་དྲུག་གི་རྣལ་འབྱོར་ཇི་ལྟར་བྱ་བའི་ཚུལ་རིན་ཆེན་འཕྲེང་མཛེས།

རྒྱུད་དང་གྲུབ་ཆེན་བླ་མའི་དགོངས་དོན་ཐུན་དྲུག་གི་རྣལ་འབྱོར་ཇི་ལྟར་བྱ་བའི་ཚུལ་རིན་ཆེན་འཕྲེང་མཛེས་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་བཛྲ་དྷ་ར་ཡེ། རབ་འབྱམས་རྒྱལ་བའི་འཕྲིན་ལས་ཀུན། །གཅིག་བསྡུས་བཤེས་གཉེན་གར་རོལ་པ། །བླ་མ་རྡོ་རྗེ་ཅན་ཞབས་ལ། །བཏུད་ནས་ཐུན་དྲུག་རྣལ་འབྱོར་བཤད། །དེ་ཡང་སྔགས་པས་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་དག་པར་བྱེད་པའི་ཐབས་ནི་དེ་རྣམས་ལ་ཉིན་ཞག་རེར་བསྔོ་བགྲང་བྱེད་དགོས་ཤིང་། དེ་ལ་རིགས་ལྔའི་དམ་ཚིག་རྣམས་ཐུན་དྲུག་ཏུ་བསྟེན་དགོས་པར་རྒྱུད་རྒྱ་གཞུང་དུ་མ་དང་། རྗེའི་རྩ་ལྟུང་རྣམ་བཤད། བླ་མ་ལྔ་བཅུ་པའི་ཊཱིཀྐ །མཁས་གྲུབ་རྗེའི་རྣལ་འབྱོར་རོལ་པའི་དགའ་སྟོན་སོགས་ལས་འབྱུང་བ་ལྟར་གལ་ཆེ་བ་ཞིག་གོ །དེས་ན་འདིར་རིགས་ལྔའི་སྡོམ་བཟུང་གི་དོན་གྱི་སྙིང་པོ་ཐུན་དྲུག་གི་རྣལ་འབྱོར་དང་སྦྱར་ནས་ཉམས་སུ་ལེན་ཚུལ་བསྡུས་པ་ནི། བླ་མ་མཆོག་གསུམ་ཐམས་ཅ ད་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་ལྡན་ཅིང་། །སྡུག་བསྔལ་ཀུན་ལས་ཐར་བ་དང་། །བདེ་བ་མཆོག་དང་མི་འབྲལ་ཞིང་། །ཉེ་རིང་ཆགས་སྡང་དང་བྲལ་ཤོག །མདུན་གྱི་ནམ་མཁར་ཡིད་འཕྲོག་སེངྒེའི་ཁྲི། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ཉིད། །རྣམ་པ་ཁྱབ་བདག་རྡོ་རྗེ་འཆང་སྔོན་པོ། །མཚན་དཔེའི་དཔལ་འབར་ཞལ་གཅིག་ཕྱག་གཉིས་ཀྱིས། །རྡོར་དྲིལ་བཟུང་ནས་དབྱིངས་ཕྱུག་མ་ལ་འཁྱུད། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །འཇའ་ཚོན་ལྟ་བུའི་འོད་ཀྱི་གུར་ཁྱིིམ་དབུས། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་གནས་གསུམ་དུ། །ཡི་གེ་གསུམ་མཚན་ཧཱུཾ་གི་འོད་ཟེར་གྱིས། །རང་བཞིན་གནས་ནས་བླ་མ་རྡོ་རྗེ་འཆང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱིས་བསྐོར་བ། །སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་གྱུར། །གང་གི་དྲིན་གྱིས་ཟུང་འཇུག་བདེ་ཆེན་སྐུ། །སྙིགས་དུས་སྐད་ཅིག་ཉིད་ལ་སྩོལ་མཛད་པ། །ཡིད་བཞིན་ནོར་བུ་ལྟ་བུའི་བླ་མ་རྗེ། །རྡོ་རྗེ་ཅན་ཞབས་པདྨོར་ཕྱག་བགྱིའོ། །ཇི་སྙེད་ཕྱི་ནང་གསང་བའི་མཆོད་པའི་ཚོགས། །དངོས་བཤམས་ཡིད་སྤྲུལ་ནམ་མཁའ་གང་བ་དང་། །བདག་ལུས་ལོངས་སྤྱོད་དགེ་བའི་ཚོགས་དང་བཅས། །རྗེ་བཙུན་བླ་མ་ཁྱོད་ཉིད་མཉེས་ཕྱིར་འབུལ། །བདག་གཞན་ལུས་ངག་ཡིད་གསུམ་སོགས་དང་། སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཕྱིར་རྟག་པར་བཞུགས་སུ་གསོལ། །དགེ་ཀུན་རྡོ་རྗེ་འཆང་དབང་ཐོབ་པ་དང་། །རྗེ་བཙུན་བླ་མས་རྗེས་སུ་འཛིན་ཕྱིར་བསྔོ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །འཕྲིན་ལས་ངུར་སྨྲིག་གཟུགས་ཀྱི་རྣམ་རོལ་ཏེ། །རྒྱལ་བའི་མཛད་པ་སྒྲུབ་པའི་ཁུར་བཞེས་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བས་ཕྱོགས་བཅུའི་བདེ་གཤེགས་མཆོད་པ་བས། །གང་ཞིག་བསྟེན་ཅིང་མཆོད་པ་ཁྱད་འཕགས་ཞེས། །རབ་བསྔགས་དངོས་གྲུབ་མ་ལུས་འབྱུང་བའི་གནས། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །འདི་ཕྱིའི་མཆོག་ཐུན་ལེགས་ཚོགས་ཐམས་ཅད་ཀྱང་། །ཁྱོད་ཉིད་ཚུལ་བཞིན་བསྟེན་པའི་རྗེས་འགྲོ་བར། །གསུངས་ཕྱིར་བདག་གི་སྒོ་གསུམ་བྱ་བ་ཀུན། །ཁྱོད་མཉེས་འབའ་ཞིག་སྒྲུབ་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བས་བླ་མའི་གནས་གསུམ་གྱི། །ཡི་གེ་གསུམ་ལས་འོད་དང་བདུད་རྩིའི་རྒྱུན། །དཀར་དམར་མཐིང་གསུམ་རིམ་དང་ཅིག་ཆར་དུ། །བྱུང་ནས་ཐིམ་པས་སྒོ་གསུམ་བྱིན་བརླབས་ཏེ། །བླ་མ་སྤྱི་བོའི་གཙུག་ཏུ་ས་མཱ་ཛཿ རང་ལ་ཐིམ་པས་དབྱེར་མེད་བདག་ཉིད་ཀྱང་། རྡོ་རྗེ་འཆང་གྱུར་རྡོ་རྗེ་དྲིལ་བཟུང་ནས། །རྡོར་དབྱིངས་མ་དང་ལྷན་ཅིག་མཉམ་པར་སྦྱོར། །བདག་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་བཅས། །མར་གྱུར་སེམས་ཅན་དོན་དུ་རབ་བསྔོ་ཞིང་། བྱམས་དང་སྙིང་རྗེ་བཏང་སྙོམས་མི་འཇིགས་སྦྱིན། །རྟག་ཏུ་གོམས་པས་འགྲོ་ཀུན་བསྐྱང་བར་བྱ། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་གསུམ། །སྲོག་གི་ཕྱིར་ཡང་མི་གཏོང་སྲུང་བ་དང་། །རྒྱལ་བའི་མདོ་སྔགས་ཆོས་ཚུལ་མ་ལུས་པ། །མགོན་དེའི་དགོངས་པ་ཇི་བཞིན་བཟུང་བར་བྱ། །མདོར་ན་རང་དོན་ཙམ་ལ་མི་ལྟ་བར། །གཞན་དོན་ཚུལ་བཞིན་བྱེད་འདོད་ལྷག་བསམ་གྱིས། །གང་ལ་གང་འདུལ་འཚམས་པའི་ཐབས་བསྟན་ནས། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱང་བརྗོད་པར་བྱའོ། །སྐབས་འདིར་ཡན་ལག་གཞན་དང་། ཏིང་ངེ་འཛིན་གྱི་དབང་ཞོར་ལ་བཀོད་ཅིང་འཇུག་སྡོམ་འཛིན་དགོས་པའི་ངེས་པ་ཡང་མེད་མོད། འཛིན་པར་སྤྲོ་ན། ཡན་ལག་བདུན་པའི་མཇུག་དེར་རམ། འདིར་ཡང་རུང་སྟེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་སམ། ཡང་ན། སྔོན་གྱི་བདེ་བར་གཤེགས་རྣམས་ཀྱིས། །སེམས་བསྐྱེད་བསླབ་པ་བཟུང་བ་ལྟར། །བདག་གིས་བྱང་ཆུབ་སེམས་བསྐྱེད་ནས། །བྱང་ཆུབ་སྤྱོད་ལ་བསླབ་པར་བགྱི། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་མདོར་བསྡུས་ནས་བྱའོ། །དེ་དག་རིགས་ལྔའི་སྡོམ་བཟུང་དང་སྦྱར་ན། གོང་གི་སྐྱབས་འགྲོ་སེམས་བསྐྱེད་དང་འོག་གི་སྡོམ་པ་གསུམ་ལ་བསླབ་པར་ཁས་བླངས་པ་ནི་རྣམ་སྣང་གི་རིགས་ཀྱི་དམ་ཚིག་དང་སྡོམ་པ་ལ་སློབ་པ་དང་། བླ་མ་རྡོ་རྗེ་འཆང་དུ་བསྐྱེད་ནས་མཆོད་དེ་རང་ལ་བསྟིམས་ནས་རྡོ་རྗེ་འཆང་ཡབ་ཡུམ་དུ་བསྒོམས་པའི་སྒོ་ནས་རྡོར་དྲིལ་འཛིན་པ་ནི་མི་བསྐྱོད་པ་དང་། ལུས་ལོངས་སྤྱོད་སོགས་གཞན་ལ་གཏོང་ཞིང་བྱམས་པ་དང་བཏང་སྙོམས་ཚད་མེད་སྒོམ་པ་ནི་རིན་འབྱུང་དང་། མདོ་སྔགས་ཀྱི་དམ་ཆོས་མ་ལུས་པར་འཛིན་པ་ནི་འོད་དཔག་མེད་དང་། བླ་མ་ལ་ཕྱི་ནང་གི་མཆོད་པའི་ཚོགས་འབུལ་བ་ནི་དོན་གྲུབ་ཀྱི་རིགས་ཀྱི་དམ་ཚིག་དང་སྡོམ་པ་ལ་སློབ་པར་བྱེད་པའི་ཚུལ་ཏེ། གཞན་རྣམས་ནི་དེ་དག་གི་ཡན་ལག་གོ །ཐུན་དྲུག་ཏུ་བྱེད་ཚུལ་ནི། ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །ཞེས་སོགས་རིན་འབྱུང་གི་དམ་ཚིག་གི་སྐབས་སུ་འབྱུང་བ་ལྟར་གཞན་རྣམས་ལ་སྦྱོར་བ་ཡིན་པས། ཐུན་དྲུག་ནི་ཉིན་ལན་གསུམ་དང་མཚན་ལན་གསུམ་ཏེ་དུས་དྲུག་ཏུ་དེ་ལྟར་བསྔོ་བགྲང་བྱེད་དགོས་པ་གཞུང་གི་དགོངས་པ་ཡིན་ཀྱང་། ད་ལྟའི་གང་ཟག་གིས་དེ་ལྟར་མ་ནུས་ཚེ་ལན་གསུམ་མམ། མ་ཐ་གཅིག་བྱས་ནའང་ལེགས་པར་སེམས་སོ། །དེ་ལྟ་བུའི་ཉམས་ལེན་ནི་རྒྱུད་དང་གྲུབ་ཆེན་སྤྱིའི་དགོངས་པ་ཡིན་པས་ཉམས་ལེན་ཕལ་པ་གཞན་ལས་ཁྱད་པར་དུ་འཕགས་སོ། །རྒྱུད་སྡེ་རྒྱ་མཚོ་ལས་འོངས་པའི། །དོན་བཟང་རིན་ཆེན་འཕྲེང་མཛེས་འདི། །སྐལ་ལྡན་ཀུན་གྱི་དམ་ཚིག་དང་། །སྡོམ་པ་དག་བྱེད་རྒྱན་མཆོག་ཡིན། །ཞེས་པ་འདིའང་འགའ་ཞིག་གིས་སྔ་མོ་ནས་བསྐུལ་བས་རྐྱེན་བྱས་ཏེ། ཤཱཀྱའི་དགེ་སློང་རིག་པ་འཛིན་པའི་ཚུལ་ཅན་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའོ། །༈ རྗེ་བཙུན་མི་ལ་ལ་བརྟེན་པའི་ཐུན་དྲུག་གི་རྣལ་འབྱོར་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་ནི། ན་མོ་སུ་མ་ཏི་ཀཱིརྟི་ཡེ། འདིར་རྗེ་བཙུན་མི་ལའི་རྣལ་འབྱོར་དང་འབྲེལ་བའི་ཐུན་དྲུག་གི་རྣལ་འབྱོར་མདོར་བསྡུས་གསོལ་འདེབས་དང་བཅས་པ་ཞིག་དམ་པའི་གསུང་གིས་བསྐུལ་བ་ལྟར་བཤད་པར་བྱ་སྟེ། སྤྱིར་ཐུན་དྲུག་གི་རྣལ་འབྱོར་ནི་རྒྱུད་སྡེ་གོང་མ་གཉིས་ཀྱི་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བཀའ་དྲིན་གསུམ་ལྡན་སོགས་ཀྱི་བླ་མ་ཞིག་དང་སྦྱར་ནས་བྱེད་དགོས་པ་གཞུང་གི་དགོངས་པར་མངོན་ཡང་། རྗེ་བཙུན་མི་ལ་དང་སྦྱོར་བར་འདོད་ན་དེ་དང་རྩ་བའི་བླ་མ་གང་མོས་ངོ་བོ་དབྱེར་མེད་དུ་བསྒོམས་ན་ལེགས་ཏེ། གཞན་དུ་ན་ཅུང་མ་འབྲེལ་བར་འགྱུར་རོ། །དེར་མ་ཟད་རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་སྦྱོར་ཡང་རྩ་བའི་བླ་མ་དང་དབྱེར་མེད་དུ་མཛད་དགོས་སོ། །འདིར་གྲུབ་ཆེན་མི་ལ་དང་སྦྱོར་གསུང་བ་བཞིན་བྱེད་པས། ཐུན་དྲུག་གི་ཉམས་ལེན་རིགས་ལྔའི་སྡོམ་བཟུང་གི་གོ་རིམ་དང་འབྲེལ་དགོས་ཤིང་། སྡོམ་བཟུང་ལས། སྔོན་དུ་སེམས་བསྐྱེད་དང་། དེ་ནས་རྣམ་སྣང་། མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ་ཀྱི་དམ་ཚིག་རྣམས་རིམ་བཞིན་བཤད་པས་གོ་རིམ་དེ་ལྟར་དུ་ཡང་རུང་མོད། འཇུག་པ་བདེ་ཆེན་གོ་རིམ་དེ་བཞིན་ངེས་མེད་ལ་དོན་རྣམས་ཚང་བའི་ཚུལ་གྱིས་བརྗོད་ན་འདི་ལྟ་སྟེ། །བླ་མ་མཆོག་གསུམ་ཐམས་ཅད་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །མར་གྱུར་སེམས་ཅན་ཀུན་དོན་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་བདེ་ལྡན་ཅིང་། །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བདེ་ཐོབ་ཉིད་དང་མི་འབྲལ་བར། །ཆགས་སྡང་བྲལ་བའི་གནས་ཐོབ་ཤོག །དེ་ནས། མདུན་གྱི་ནམ་མཁར་བྲག་ལྗོན་མེ་ཏོག་གིས། །མཛེས་པའི་དབུས་སུ་པད་སྡོང་རྒྱས་པའི་རྩེར། །རིན་ཆེན་ཁྲི་སྟེང་ཉི་ཟླའི་དཀྱིལ་འཁོར་སྟེང་། །རྩ་བའི་བླ་མ་ཀུན་དང་དབྱེར་མེད་པའི། །གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལའི་ཞབས། །སྐུ་མདོག་སྔོ་སངས་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་སོར་མོ་སྙན་གྱི་རྩ་བར་འཛིན། །གཡོན་པ་ལྟེ་འོག་མཉམ་གཞག་ཕྱག་རྒྱ་ཅན། །འཛུམ་པའི་མདངས་ལྡན་རྡོ་རྗེའི་གླུ་དབྱངས་ལེན། །རས་དཀར་གོས་གྱོན་སྐྱིལ་ཀྲུང་ཕྱེད་སྟབས་བཞུགས། །གནས་གསུམ་རྡོ་རྗེ་གསུམ་མཚན་ཧཱུཾ་ཡིག་གི ། འོད་ཀྱིས་འོག་མིན་མངོན་པར་དགའ་སོགས་ནས། །རྗེ་བཙུན་མི་ལ་རྒྱལ་བ་ཞི་ཁྲོ་ཡིས། །བསྐོར་བ་སྤྱན་དྲངས་དབྱེར་མེད་གཅིག་ཏུ་གྱུར། །བརྩོན་པ་ཕུལ་དུ་བྱུང་བའི་སྙིང་སྟོབས་ཀྱིས། །དཀའ་བ་བརྒྱ་ཕྲག་དང་བླངས་ཚེ་གཅིག་ལ། །ཟུང་འཇུག་རྡོ་རྗེའི་སྐུ་བརྙེས་གྲུབ་པའི་དབང་། །རྣལ་འབྱོར་དབང་ཕྱུག་མི་ལའི་ཞབས་ལ་འདུད། །རྩ་བའི་བླ་མ་ཉིད་དང་དབྱེར་མེད་པའི། །གྲུབ་པའི་དབང་ཕྱུག་རྗེ་བཙུན་ཆེན་པོ་ལ། །སྲིད་ཞིའི་ཕྱི་ནང་གསང་བའི་མཆོག་ཚོགས་དང་། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཕྱིར་བསྐལ་བརྒྱར་རྟག་བཞུགས་གསོལ། །དགེ་ཀུན་རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྔོ། །རྒྱལ་དང་དེ་སྲས་ཐུགས་རྗེའི་ཟློས་གར་ཉིད། །གྲུབ་དབང་རྣམ་རོལ་གང་ལ་གང་འདུལ་གྱིས། །ཞིང་འདིར་རྒྱལ་བའི་མཛད་པ་སྒྲུབ་པ་ཅན། །རྗེ་བཙུན་རིན་པོ་ཆེ་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་གིས་རབ་འབྱམས་རྒྱལ་བ་ལས། །གང་གི་ཞབས་པད་བསྟེན་ཅིང་གུས་མཆོད་པ། །ལྷག་པར་བསྔགས་པའི་རྩ་བའི་བླ་མ་དང་། །དབྱེར་མེད་རྗེ་བཙུན་ཆེན་པོར་གསོལ་བ་འདེབས། །མཆོག་ཐུན་དངོས་གྲུབ་མ་ལུས་འབྱུང་བའི་གནས། །རྩ་བའི་བླ་མ་གྲུབ་ཆེན་མི་ལ་དང་། །ཐ་དད་མེད་པའི་ཚུལ་དུ་མོས་གུས་ཀྱིས། །སྤྱི་བོར་བསྟེན་ནོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་དང་། གདུང་དབྱངས་དང་འབྲེལ་བ་ཞིག་གསུངས་འདུག་པ་ལྟར་དེ་ཡིན་ཁུལ་དུ། སྤྲོ་ན། མགོན་ཁྱོད་ཀྱིས་ངན་འགྲོའི་སྡུག་བསྔལ་རྒྱུ། །གཏན་སྤངས་ནས་བདེ་བའི་དཔལ་བརྙེས་ཀྱིས། །ད་ངན་འགྲོའི་སྡུག་བསྔལ་མྱོང་འགྱུར་བའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །རྗེ་ཁྱོད་ཀྱིས་འཁོར་བའི་སྡུག་བསྔལ་ཀུན། །རབ་སྤངས་ཏེ་ཞི་བའི་བདེ་ཐོབ་ཀྱིས། །ད་མཐའ་མེད་འཁོར་བར་ཁྱམས་འགྱུར་བའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །མགོན་ཁྱོད་ཀྱིས་རང་བདེ་ཙམ་དོན་གཉེར། །ཡོངས་དོར་ནས་གཞན་དོན་མཐར་ཕྱིན་མཛད། །ད་རང་དོན་ཙམ་ལ་རྗེས་ཆགས་པའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །རྗེ་ཁྱོད་ཀྱིས་རྒྱུད་དང་གྲུབ་ཆེན་གྱི། །སྲོལ་མན་ངག་མཐར་ཐུག་ཉམས་བཞེས་ཀྱིས། །ད་མན་ངག་ཉམས་ལེན་མ་མཆིས་པའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །མགོན་ཁྱོད་ཀྱིས་བརྩོན་པ་ཤུགས་དྲག་གིས། །ཚེ་གཅིག་ལ་གྲུབ་པ་མཆོག་བརྙེས་ཀྱིས། །ད་ལེ་ལོ་དམན་ལ་ཞེན་གྱུར་པའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །རྗེ་ཁྱོད་ཀྱིས་གྲོགས་མེད་གཅིག་པུ་ཡིས། །དབེན་གནས་སུ་ཏིང་འཛིན་བསྒོམས་མཐར་ཕྱིན། །ད་འདུ་འཛི་གཡེང་བའི་རྒྱར་ཆུད་པའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །མགོན་ཁྱོད་ཀྱིས་ཏིང་འཛིན་ཟས་བསྟེན་ཏེ། བདེ་དྲོད་ཀྱི་གོས་བཟང་མཆོག་གྱོན་གྱིས། །ད་ཐ་མལ་གྱི་ཟས་གོས་ལ་ཆགས་པའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །རྗེ་ཁྱོད་ཀྱིས་སྣང་སྲིད་ཆོས་ཀུན་ཀྱང་། །ཟབ་ཆོས་ཀྱི་དབྱངས་སུ་སྒྲོགས་མཛད་ཀྱིས། །ད་འཆལ་གཏམ་བརྗོད་པས་དུས་འདའ་བའི། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །མགོན་ཁྱོ་ཀྱིས་རང་ལུས་ལྷ་སྐུར་གཟིགས། །ངག་བཟླས་བརྗོད་ཡིད་ཀྱིས་བདེ་སྟོང་སྒོམ། །ད་སྒོ་གསུམ་ཐ་མལ་སྣང་ཞེན་ཅན། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །རྗེ་ཁྱོད་ཀྱིས་སྐྱེ་ཤི་བར་དོ་གསུམ། །སྐུ་གསུམ་གྱི་ལམ་དུ་བསྒྱུར་མཛད་ཀྱིས། །ད་སྐྱེ་འཆི་བར་དོའི་འཁོར་ལོ་ཅན། །ཕྲན་བདག་ཅག་རྗེས་བཟུང་བྱིན་གྱིས་རློབས། །མདོར་གསོལ་ན་དཔའ་བོ་རྣལ་འབྱོར་མ། །ཀུན་འདུས་ཀྱི་རྣལ་འབྱོར་དབང་ཕྱུག་ཆེ། །ཁྱོད་ཉིད་ཀྱིས་ཚེ་རབས་ཀུན་ཏུ་ཡང་། །འབྲལ་མེད་དུ་རྗེས་བཟུང་བྱིན་གྱིས་རློབས། །རྒྱས་བསྡུས་གཉིས་གང་བྱེད་ཀྱང་། དེ་ལྟར་གསོལ་བས་བླ་མའི་གནས་གསུམ་ལས། །བདུད་རྩི་དཀར་དམར་མཐིང་གསུམ་རིམ་ཅན་དང་། །ཅིག་ཅར་བྱུང་ནས་བདག་ཉིད་གནས་གསུམ་དུ། །དེ་བཞིན་ཐིམ་པས་སྒོ་གསུམ་བྱིན་བརླབས་ཏེ། །རང་གི་སྤྱི་བོར་ཚངས་པའི་བུ་ག་ནས། །ཞུགས་ནས་སྙིང་ཁར་བྱང་སེམས་དབྱེར་མེད་ལས། །རང་ཉིད་རྡོ་རྗེ་འཆང་གི་སྐུར་གྱུར་ཏེ། །རྡོར་དྲིལ་བཟུང་ནས་དབྱིངས་ཕྱུག་མ་དང་སྦྱོར། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །མར་གྱུར་སེམས་ཅན་རྣམས་ལ་ཡོངས་བཏང་ཞིང་། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་ཀུན། །སྲོག་གི་ཕྱིར་ཡང་མི་འདའ་བསྲུང་བར་བྱ། །རྒྱལ་བའི་མདོ་སྔགས་ཆོས་ཚུལ་མ་ལུས་པ། །དེ་ཡི་དགོངས་པ་ཇི་བཞིན་འཛིན་པ་དང་། །གང་འཚམས་ཐབས་ཀྱིས་འགྲོ་བ་ཐམས་ཅད་ཀྱང་། །བླ་མེད་གོ་འཕང་མཆོག་ལ་འགོད་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱང་བརྗོད་པར་བྱའོ། །ཚུལ་འདི་ལ་རིགས་ལྔའི་སྡོམ་བཟུང་གི་དོན་རགས་པ་ཚང་བ་ཡིན་ཏེ། དེ་ཡང་ཐུན་དྲུག་གི་རྣལ་འབྱོར་སྔོན་མའི་སྐབས་སུ་བཤད་པ་ལྟར་སྦྱོར་བ་ཡིན་པའི་ཕྱིར་རོ། །ཐུན་དྲུག་གི་རྣལ་འབྱོར་རྒྱས་པ་ཉམས་སུ་ལེན་རྒྱུ་བྱུང་ན་ཤིན་ཏུ་ལེགས་པ་ཡིན་མོད། ཚུལ་དེ་མ་ལྕོགས་ན་འདི་ལྟར་མདོར་བསྡུས་པའི་སྒོ་ནས་དྲན་ཤེས་བསྟེན་རྒྱུ་བྱུང་ནའང་ཉམས་ལེན་ཕལ་པ་གཞན་རྣམས་ལས་ནི་ཁྱད་པར་དུ་འཕགས་ཞེས་བཤད་པ་ལྟར་ཡིན་ཏེ། འདི་ལ་རིགས་ལྔའི་སྡོམ་བཟུང་གི་དོན་གྱི་སྙིང་པོ་ཚང་བས་དམ་ཚིག་དང་སྡོམ་པ་དག་བྱེད་ཀྱི་ཐབས་མཆོག་ཏུ་འགྱུར་བའི་ཕྱིར་རོ། །ཅེས་པ་འདི་ཡང་། རྒྱལ་དབང་བདུན་པའི་ཆོས་ཀྱི་ཐུགས་སྲས་རིགས་པ་སྨྲ་བ་ཨར་དཀར་ཞབས་དྲུང་ཨང་སྨོན་དབྱངས་ཅན་གཞོན་ནུ་ཞེས་བགྱི་བས་ཐག་རིང་ནས་བསྐུལ་བ་ལྟར། །ཅོ་ནེའི་སློབ་དཔོན་པ་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་ཁོང་གི་གསུང་བཟློག་མ་ནུས་པར་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། །མངྒལཾ།། །།

ཡི་དམ་སྤྱི་འགྲོའི་རྗེས་གནང་།

ཡི་དམ་སྤྱི་འགྲོའི་རྗེས་གནང་བཞུགས།

ན་མོ་བཛྲ་དྷཱ་ར་ཡེ། རྒྱུད་སྡེ་རྣམ་བཞི་དང་འབྲེལ་བའི། །ཡི་དམ་ལྷག་པའི་ལྷ་དག་གི། རྗེས་གནང་ཇི་ལྟར་བྱ་བའི་ཚུལ། །མཁས་པའི་བཞེད་སྲོལ་ལྟར་བཤད་བྱ། །འདི་ལ་སྤྱི་བཀའ་དང་ཟུར་བཀའ་གཉིས་ཀྱི་དང་པོ་ལ་གཉིས། མཁས་པ་གཞན་གྱི་ལུགས་དགོད་པ་དང་། རང་གིས་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་མང་སྟེ། པཎ་ཆེན་ཐར་རྩེ་བའི་སྒྲུབ་ཐབས་རྒྱ་མཚོ་ལས། བདག་མདུན་དང་མཎྜལ་འབུལ་བ། ཐུན་མོང་བའི་གསོལ་འདེབས། ཆོས་བཤད་པ། བྱང་སྡོམ་འཛིན་པ་སྔོན་དུ་བཏང་ནས། ཐུན་མོང་མ་ཡིན་པའི་གསོལ་གདབ་དང་སློབ་མ་ལྷར་བསྐྱེད་རྗེས། སྐུའི་རྗེས་གནང་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེའི་ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལྷ་གང་ཡིན་པ་དེའི་རྣམ་པར་སྤྱན་དྲངས་ནས་སློབ་མའི་ལུས་ལ་བསྟིམ་ནས་དག་པ་བརྗོད། གསུང་གི་རྗེས་གནང་ལ་སློབ་མས་བླ་མ་ལ་གུས་འདུད་བྱས་པས་སློབ་དཔོན་གྱི་ཐུགས་ཀའི་ལྷའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་དེ་གཉིས་པ་རེ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཞལ་ནས་བྱུང་སློབ་མའི་ཁར་ཞུགས་ཏེ། སྙིང་ཁའི་ས་བོན་གྱི་མཐར་འཁོད་པ་ན་སྔགས་ལན་གསུམ་རྗེས་ཟློས་བྱེད་ཅིང་། སློབ་མས་བཅོམ་ལྡན་བདག་ལ་སོགས་དང་། སློབ་དཔོན་གྱིས་བཅོམ་ལྡན་འདི་ལ་སོགས་བརྗོད་དེ་མེ་ཏོག་འཐོར་ཞིང་དག་པ་བྱེད། ཐུགས་ཀྱི་རྗེས་གནང་ལ། དངོས་པོ་མེད་པས་སྒོམ་པ་མེད། །ཞེས་སོགས་བརྗོད་ཅིང་དོན་བརྡ་སྤྲད་ནས། སློབ་མ་ལྷར་གསལ་བ་སྡུད་རིམ་བྱས་ཏེ་ལྟ་ཐོག་ཏུ་འཇོག་པའི་བརྡ་སྤྲོད་ཅིང་དག་པ་བརྗོད་པ་དང་། ཚོམ་བུ་ལ་མཆོད་བསྟོད། བཟོད་གསོལ། གཤེགས་གསོལ་རྣམས་བྱེད་དོ། །ངོར་པ་དཀོན་མཆོག་ལྷུན་གྲུབ་གྱིས། སྒྲུབ་ཐབས་བརྒྱ་རྩ་ནས་བདག་མདུན་སོགས་སྔོན་དུ་བཏང་སྟེ། སློབ་མ་ལྷར་བསྐྱེད་ནས་ལུང་གསུམ་གྱི་ཆིངས་མཛད་དེ། སྔར་བཞིན་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀ་ནས་སྤྱན་དྲངས་པའི་ལྷ་བསྟིམ་པ་དང་དག་པའི་རྗེས་སུ། བཟླས་པའི་ལུང་ལ་སྔགས་ཀྱི་བཟླས་ལུང་དང་། དམ་བཅའི་ལུང་ལ་བྱང་ཆུབ་ཀྱི་བར་ལྷ་དེ་ལྷག་པའི་ལྷར་འཛིན་པའི་དམ་བཅའ་ལན་གསུམ་གྱི་རྗེས་ཟློས་དང་དག་པ་བརྗོད། བྱིན་རླབས་ཀྱི་ལུང་ལ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མདུན་གྱི་ལྷའི་ཐུགས་རྒྱུད་བསྐུལ་བས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ལྷ་སྐུ་མཐེབ་སོར་ཙམ་པ་སྤྲོས་ཏེ། སློབ་མའི་སྤྱི་བོ་ནས་ཐིམ་པས་སྙིང་ཀའི་ས་བོན་དང་དབྱེར་མེད་དུ་གྱུར་རྗེས་ཉེར་བསྡུ་བྱས་ནས་ལྟ་ཐོག་ཏུ་འཇོག་ཅིག་དག་པ་བརྗོད། གཞན་ཐམས་ཅད་སྔར་བཞིན་ནོ། །མཆིམས་ནམ་མཁའ་གྲགས་ཀྱིས། །སྣང་ཐང་བརྒྱ་རྩ་ལས། བདག་མདུན་བུམ་སྒྲུབ་སོགས་སྔོན་ཏུ་བཏང་སྟེ། མཎྜལ་བསྟན་རྗེས། སྐུའི་རྗེས་གནང་ལ་ཐུན་མོང་མ་ཡིན་པའི་གསོལ་འདེབས་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་ལྷ་མཆོག་འདི་ཞེས་པའི། །སྐུ་ཡི་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་འདེབས་པ་དང་། རྗེས་གནང་གི་གཞི་སྒྲུབ་པའི་ཆེད་དུ་སློབ་མ་ལྷར་བསྐྱེད་དེ་གནས་གསུམ་བྱིན་གྱིས་བརླབས། སློབ་དཔོན་ལ་མོས་པ་དུང་བ་ཞིག་བྱས་པས། སློབ་དཔོན་གྱི་ཐུགས་ཁའི་འོད་ཟེར་མདུན་གྱི་ཐུགས་མཁར་ཕོག ། དེ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐམས་ཅད་ལྷ་དེ་དང་དེའི་སྐུའི་རྣམ་པར་སྤྱན་དྲངས་པ་དང་། རང་དང་མདུན་གྱི་ལྷ་ལས་ཀྱང་ལྷའི་སྐུ་དཔག་ཏུ་མེད་པ་བྱུང་ནས་སློབ་མའི་ལུས་ལ་ཐིམ་པར་མོས་ཤིང་། མ་ལུས་སེམས་ཅན་ཀུན་གྱི་སོགས་ཚིགས་བཅད་གཅིག་གི་མཐར་བཛྲ་ཨ་བེ་ཤ་ཨ་ཨ་ཛཿཧཱུཾ་བཾ་ཧོཿས་བསྟིམ། སླར་ཡང་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས་ནས་གསོལ་བ་བཏབ་སྟེ། ཇི་ལྟར་བལྟམས་པ་ཞེས་སོགས་བརྗོད་ཅིང་དབང་བསྐུར་བ་ན་བུམ་ཆུ་འཐོར་ཞིང་སྔགས་བརྗོད་དེ་ཆུ་འཐུང་དུ་གཞུག་སྐུའི་བྱིན་རླབས་ཐོབ། ལུས་ཀྱི་སྒྲིབ་པ་དག ། སྐུ་འགྲུབ་པའི་ནུས་པ་བཞག ། ཆུ་ལྷག་མ་སྤྱི་བོར་གནས་པ་ལས་དེ་བཞིན་གཤེགས་པའི་རིགས་ཀྱིས་དབུ་བརྒྱན་པར་བསམ། གསུང་གི་རྗེས་གནང་ལ་སྔར་གྱི་སྐུའི་ཞེས་པ་གསུང་དུ་བསྒྱུར། བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཁ་ནས་སྔགས་འཕྲེང་སྔར་བཞིན་ཆད་དེ་ཞལ་ནས་འབྱུང་བ་དང་། འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་ལྷའི་སྔགས་ཀྱི་རྣམ་པར་སྤྱན་དྲངས་པ་རྣམས་ལྷན་ཅིག་སློབ་མའི་ཞལ་དུ་ཞུགས། སྙིང་ཁའི་ས་བོན་གྱི་མཐར་འཁོད་པ་དང་སྔགས་ཀྱི་རྗེས་ཟློས་ལན་གསུམ་དང་། བླ་མས་མེ་ཏོག་འཐོར་བ་དང་བཅས། བཅོམ་ལྡན་འདས་ལ་བདག་སྩལ་ལགས་ཀྱི། །ཞེས་སོགས་ལན་གསུམ་དང་། བླ་མའི་ཐུགས་ཀའི་འོད་ཟེར་གྱིས་ལྷའི་གསུང་གི་བྱིན་རླབས་ཐམས་ཅད་དབྱངས་གསལ་གྱི་ཡི་གེའི་རྣམ་པར་སྤྱན་དྲངས་ནས་རང་གི་ལག་གི་མེ་ཏོག་ལ་ཐིམ་པ་ན། མེ་ཏོག་སློབ་མའི་སྤྱི་བོར་གཏོར་ཞིང་། བཅོམ་ལྡན་འདི་ལ་ཞེས་སོགས་བརྗོོད་པས་སློབ་མའི་སྙིང་ཁའི་སྔགས་ནུས་པ་ཅན་དུ་བྱིན་གྱིས་བརླབས་པའི་མོས་པ་དང་། བླ་མས་ཇི་ལྟར་བལྟམས་པ་སོགས་བརྗོད་དེ་བུམ་པའི་ཆུས་དབང་བསྐུར་ཞིང་། ཆུ་ལྷག་མ་ཡར་ལུད་པ་ལས་པདྨའི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་བསམ། ཐུགས་ཀྱི་རྗེས་གནང་ལ་ཐུགས་ཀྱི་ཞེས་འདོན་པ་བསྒྱུར། བླ་མའི་ཐུགས་ཁའི་འོད་ཟེར་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེའི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་ལྷ་གང་ཡིན་པ་དེའི་ཐུགས་ཀྱི་བྱིན་རླབས་རྣམས་ལྷ་དེའི་ས་བོན་ནམ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ནས་སློབ་མའི་ལུས་ལ་ཞུགས་པས་འོད་དུ་ཞུ་ནས་སྙིང་ཀའི་ས་བོན་ལ་ཐིམ། དེ་ཉིད་ཇེ་ཕྲ་ཇེ་ཕྲར་གྱུར་ཏེ་མི་དམིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པར་བསམས་ཏེ་མཉམ་པར་འཇོག་ཏུ་འཇུག །དེ་ནས་སྟོང་པའི་ངང་ལས་སྐད་ཅིག་གིས་ལྷའི་སྐུར་གྱུར་པར་མོས་ཏེ། ཇི་ལྟར་བལྟམས་པ་སོགས་ཀྱིས་བུམ་ཆུས་དབང་བསྐུར། ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེའི་རིགས་ཀྱི་ལྷས་དབུ་བརྒྱན་པར་བསམ། རྗེ་གནང གསུམ་ཀའི་མཐར་ཨརྒྷཾ་སོགས་ཀྱིས་མཆོད། དེ་ནས་གཙོ་བོས་ཇི་ལྟར་བཀའ་སྩལ་པ། ཞེས་སོགས་བརྗོད་ཅིང་མཎྜལ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཞེས་སོགས་བརྗོད་དེ་རྗེས་ཟློས་བྱེད་དུ་གཞུག་གོ །རྗེ་དགེ་འདུན་རྒྱ་མཚོའི་སྤྱི་འགྲོའི་རྗེས་གནང་ལས། བདག་མདུན་སོགས་སྔོན་དུ་བཏང་ནས། མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཞེས་སོགས་ཀྱིས་གསོལ་བ་ལན་གསུམ་དང་། དཀོན་མཆོག་གསུམ་ལ་ཞེས་སོགས་ཀྱིས་བྱང་སྡོམ་འབོག ། སྐུ་དང་གཏོར་མ་དང་ཚོམ་བུ་གང་ཡིན་ལྷ་དེ་དང་དེར་ངོ་སྤྲད། དངོས་གཞིའི་དུས་སུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ཞེས་སོགས་ཀྱིས་གསོལ་བ་འདེབས་སུ་གཞུག །སློབ་མ་ལྷར་བསྐྱེད་དེ་གནས་གསུམ་དུ་ཡི་གེ་དགོད། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ལྷ་གང་ཡིན་པ་དེ་སངས་རྒྱས་བྱང་སེམས་རྣམས་ཀྱིས་བསྐོར་བ་སྤྱན་དྲངས་ནས་སློབ་མའི་ལུས་ལ་བསྟིམ་པ་ནི་སྐུའི་རྗེས་གནང་། དུས་གསུམ་སངས་རྒྱས་སོགས་གསུང་ལ་འདོན་པ་བསྒྱུར་ཏེ་གསོལ་བ་བཏབ་པས། རང་གི་ཐུགས་ཀའི་ས་བོན་ལས་ལྷ་གང་ཡིན་པ་དེའི་སྔགས་འཕྲེང་བྱུང་སྟེ་རང་གི་སྣ་བུག་ནས་ཐོན། སློབ་མའི་སྣ་བུག་གཡོན་ནས་ཞུགས་པས། སྙིང་ཁའི་ས་བོན་གང་ཡིན་པའི་མཐར་འཁོད་པར་མོས་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱེད་པ་ནི། གསུང་གི་རྗེས་གནང་དང་། ཡང་དུས་གསུམ་སངས་རྒྱས་སོགས་ཐུགས་ལ་བསྒྱུར་ཏེ་གསོལ་བ་བཏབ་པས། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ལྷ་དེའི་ཕྱག་མཚན་ནམ་ས་བོན་ནམ་མཁའ་གང་བ་སྤྱན་དྲངས་ནས་སློབ་མའི་སྙིང་ཁར་ཐིམ་པར་བསམ་པ་ནི་ཐུགས་ཀྱི་རྗེས་གནང་། བཅོམ་ལྡན་བདག་ལ་ཞེས་སོགས་ཀྱི་མཇུག་ཏུ། སྐུའམ་གཏོར་མ་སོགས་སློབ་མའི་མགོར་བཞག་ནས། བཅོམ་ལྡན་འདི་ལ་ཞེས་སོགས་བརྗོད་པས་ལྷ་དེ་དང་དེ་སློབ་མ་ལ་ཐིམ་པས་སློབ་མའི་ལུས་ངག་ཡིད་གསུམ་དང་ལྷའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམ་པ་ནི་ལྷ་བསྟིམ་པའི་རྗེས་གནང་། དེ་ནས་ལྷ་དེའི་མངོན་རྟོགས་དང་སྔགས་ཀྱི་ལུང་བྱེད་པ་ནི་འཕྲིན་ལས་ཀྱི་རྗེས་གནང་དུ་བཤད་དོ། །གཉིས་པ་ནི། པཎ་ཆེན་གོང་མའི་གསུང་འབུམ་ལས་འབྱུང་བའི་ཡི་དམ་སྤྱི་འགྲོའི་རྗེས་གནང་དང་བསྟུན་ནས་ཅུང་ཟད་ཕྱེ་སྟེ་བཤད་ན། དབང་རྟེན་གཏོར་མའམ། ཚོམ་བུ་མཎྜལ་མཆོད་གཏོར་རྣམས་སྟ་གོན་བྱ། སློབ་དཔོན་གྱིས་ལྷ་གང་ཡིན་པ་དེའི་བདག་བསྐྱེད་བཟླས་པ་དང་བཅས་པ་དང་། མདུན་བསྐྱེད་མཆོད་བསྟོད་བཟླས་པ་གཏོར་འབུལ་དང་བཅས་པ་སྔོན་དུ་བཏང་ནས། སློབ་མ་ཁྲུས་བྱས་ནས་མཎྜལ་འབུལ་དུ་འཇུག །དེ་ནས་ཆོས་བཤད་ཅེས་གསུངས་ཀྱང་འཇུག་པ་བདེ་ཕྱིར་ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་པ་ལྟ་བུའི་གསོལ་འདེབས་ལན་གསུམ་གྱི་རྗེས་ཟློས་བྱ། །དེ་ནས་ཀུན་སློང་འཆོས་པའི་ཆོས་བཤད་བྱ་སྟེ། །དེ་ཡང་ཆོས་བཤད་པ་ལ་སྤྱི་དང་བྱེ་བྲག་གཉིས་ཡོད་པ་ལས། དང་པོ་ནི། ལམ་རིམ་བསྡུས་དོན་ལས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །ཞེས་སོགས་གསུངས་པ་ལྟར་རྟེན་འདི་རྙེད་པར་དཀའ་ཞིང་འཇིག་པར་སླ་བ་ཡིན་པས་རྟེན་འདི་ལ་སྙིང་པོ་ལེན་དགོས། སྙིང་པོ་ལེན་ཚུལ་ནི། ཤི་ནས་ངན་འགྲོར་མི་སྐྱེ་བའི་གདེངས་མ་ཐོབ་པས། ཐོག་མར་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ངན་འགྲོར་མི་སྐྱེ་བའི་ཐབས་ལ་འབད་དགོས་ཤིང་དེ་ཡང་མི་དགེ་བཅུ་སྤོང་ཞིང་དགེ་བཅུ་ཅི་ནུས་སུ་སྒྲུབ་པ་དང་། དེ་ནས་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བློ་རྒྱུད་ལ་ཅི་སྐྱེ་དང་། དེ་ནས་རང་ཉིད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། སྡུག་བསྔལ་གསུམ་གྱིས་མནར་བ་ལྟར་སེམས་ཅན་གཞན་དག་ཀྱང་དེ་དང་འདྲ་བར་མཐོང་ནས། དེ་རྣམས་ལ་དམིགས་པའི་བྱམས་སྙིང་རྗེ་དང་དེས་ཀུན་ནས་བསླངས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིན་དྲུག་སོགས་ཀྱི་སྤྱོད་པ་ལ་སློབ་འདོད་དང་། དེ་ནས་སྔགས་ལམ་དུ་འཇུག་ཅིང་ཡི་དམ་གྱི་ལྷ་ཞིག་བསྟེན་དགོས་པས། ད་ལམ་ཡི་དམ་གྱི་ལྷ་འདི་ཞེས་བགྱི་བའི་རྗེས་གནང་མནོས་ཏེ་སྒོམ་བཟླས་སོགས་ཀྱི་སྒོ་ནས་རྟེན་འདི་ལ་སྙིང་པོ་ལེན་པ་ཡིན་ལ། དེ་ཡང་ལྷག་པའི་ལྷ་འདི་ལྟ་བུ་ལ་བརྟེན་ན་གནས་སྐབས་བར་ཆད་ཞི་བ་དང་། ལས་སྒྲིབ་འདག་པ་དང་། ཡི་དམ་གྱི་ལྷས་རྗེས་སུ་བཟུང་ནས་སངས་རྒྱས་ཐོབ་པའི་བར་གྱི་ཕན་ཡོན་མང་དུ་འབྱུང་བས་བསམ་པ་འདི་བཞིན་དུ་གྱིས། གནས་ཁང་འདི་ཉིད་ཐ་མལ་གྱི་གནས་མ་ཡིན་པར་དག་པའི་ཞིང་དང་། མངོན་རྟོགས་བསྡུས་པའི་སྒོ་ནས་སམ། བསྡུ་ན་མདུན་བསྐྱེད་ཀྱི་རྟེན་འདི་ལྷ་འདི་དང་འདི་དངོས་ཡིན་སྙམ་པ་དང་། མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་སྤྲིན་གྱི་ཕུང་པོ་ལྟར་བཞུགས་པའི་མོས་པ་བྱ། དེ་རྣམས་ཀྱི་དྲུང་དུ་སྐྱབས་འགྲོ་དང་སྡིག་བཤགས་སྔོན་དུ་འགྲོ་བའི་བྱང་སྡོམ་འཛིན་དགོས་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཚིགས་བཅད་གཅིག་ལན་གསུམ་རྗེས་ཟློོས་བྱེད་དུ་གཞུག །དེ་ནས་རྗེས་གནང་ལ་རྗེས་གནང་བསྐུར་བའི་གཞི་ལྷར་བསྐྱེད་ནས་གསོལ་བ་དང་། རྗེས་གནང་བསྐུར་བ་གཉིས་ལས། དང་པོ་ནི། སློབ་མ་ལ་ཁྱོད་རྣམས་ལྷར་བསྐྱེད་རྒྱུ་ཡིན་ཞེས་བརྡ་སྤྲད་དེ། བསངས་སྦྱངས་བྱས་ནས་ལྷ་ཞི་དྲག་གང་ཡིན་པ་དེར་ཆོ་ག་གསུམ་མམ་ས་བོན་ལས་བསྐྱེད། དེ་ནས་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་གསོལ་འདེབས་སོ་སོར་བྱེད་ན། སློབ་དཔོན་ཆེན་པོ་དགོངས་སུ་གསོལ། སངས་རྒྱས་ཀུན་གྱི་སྐུ་ཡི་དངོས། །བདག་ལ་ལྷ་མཆོག་འདི་ཞེས་པའི། །སྐུ་ཡི་རྗེས་གནང་སྩལ་དུ་གསོལ། །ལན་གསུམ་མམ་གཅིག་གིས་གསོལ་བ་གདབ། དེ་ནས་བླ་མས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ལྷ་དེ་ལ་སོགས་པ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་དང་དེའི་བྱིན་རླབས་ཐམས་ཅད་ལྷ་དེའི་སྐུའི་རྣམ་པར་སྤྱན་དྲངས། མ་ལུས་སེམས་ཅན་མ་ཚིགས་བཅད་གཅིག་དང་། ཨེ་ཧྱེ་ཧི། བཛྲ་ཨ་བེ་ཤའམ་བཛྲ་ས་མ་ཡ་ཛཿཛཿཛཿཧཱུཾ་བཾ་ཧོཿ སློབ་མའི་ལུས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ལུས་ཀྱི་སྒྲིབ་པ་སྦྱངས། སྐུ་ཡི་རྗེས་སུ་གནང་བ་ཐོབ་པར་གྱུར། གསུང་གི་རྗེས་གནང་ལ། གོང་གི་གསོལ་འདེབས་ཀྱི་སྐུའི་ཞེས་པ་གསུང་གི་ཞེས་པར་བསྒྱུར། ལྷ་ཞི་བ་ལ་ཟླ་བ་དང་དྲག་པོ་ལ་ཉི་གདན་དུ་མོས་ཏེ། རང་གི་ཐུགས་ཀའི་ས་བོན་སྔགས་འཕྲེང་གིས་བསྐོར་བ་ལས་སྔགས་འཕྲེང་གཉིས་པ་རེ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་། རང་གི་ཞལ་ནས་ཐོན། སློབ་མ་ལྷར་གསལ་བའི་ཞལ་དུ་ཞུགས་སྙིང་ཁར་ས་བོན་གྱི་མཐར་འཁོད་པའི་འོད་ཟེར་གྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་གསུང་གི་བྱིན་རླབས་ཞུགས། ངག་ནུས་པ་དང་ལྡན་པར་བྱིིན་གྱིས་བརླབས་པར་གྱུར་ཅེས་བརྗོད་དེ་སྔགས་གང་ཡིན་པ་དེ་ལན་གསུམ་རྗེས་ཟློས་བྱེད་དུ་འཇུག །མེ་ཏོག་སྤྱི་བོར་གཏོར་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་ཐམས་ཅད་དང་། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་བརྗོད་ཅིང་། ལྷ་འདི་ཞེས་བགྱི་བའི་གསུང་གི་བྱིན་རླབས་ཐམས་ཅད་ཁྱོད་ཀྱི་ངག་ལ་འཇུག་པར་གྱུར་ཅིག་ཅེས་བྱས་ཀྱང་ལེགས། ཐུགས་ཀྱི་རྗེས་གནང་གི་གསོལ་འདེབས་ལ་ཐུགས་ཀྱི་ཞེས་བསྒྱུར། རང་དང་མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། ལྷ་དེ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་རྣམས་ལྷ་དེའི་ཕྱག་མཚན་དང་ས་བོན་ཧཱུཾ་ལ་སོགས་པའི་རྣམ་པར་སྤྱན་དྲངས། ཨེ་ཧྱེ་ཧི། ཛཿཧཱུཾ་བཾ་ཧོཿ སློབ་མའི་སྙིང་ཁར་བདུད་རྩི་ལྔའི་རྣམ་པར་ཞུ་ནས་ཐིམ་པས། ཡིད་ཀྱི་སྒྲིབ་པ་དང་། ནད་གདོན་བར་ཆད་ཐམས་ཅད་སྦྱངས། ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །སྐབས་འདིར་མི་གསལ་ཡང་གཞན་འགའ་ཞིག་ལྟར་འདོད་ན། སྐུ་ཡི་ཞེས་སོགས་འདིར་སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ་ཞེས་བསྒྱུར་ཞིང་། གོང་དུའང་གསོལ་གདབ་སོ་སོར་མི་བྱེད་ན་ཐུན་མོང་དུ་འདི་ལྟར་བྱས་ཆོག །སྔར་ལྟར་འོད་ཟེར་གྱིས་བདག་མདུན་གྱི་ལྷའི་ཐུགས་རྒྱུད་བསྐུལ་བས་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ལྷ་དེ་ལ་སོགས་པ་སྐྱབས་གནས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་ལྷ་དེའི་སྐུ་གསུང་ཐུགས་དང་འོད་དང་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས་ནས་སློབ་མའི་གནས་གསུམ་ལ་ཆར་ལྟར་ཐིམ་པར་གྱུར་ཅེས་བརྗོད་ཅིང་དྲིལ་སྒྲ་བྱ། དེས་སྒོ་གསུམ་ཐུན་མོང་བའི་སྒྲིབ་པ་སྦྱངས་ནས་ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཐོབ་པར་གྱུར་ཅེས་བརྗོད། ལྷ་བསྟིམས་པའི་རྗེས་གནང་བྱེད་ན། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་མདུན་གྱི་ལྷ་སློབ་མའི་སྤྱི་བོར་སྤྱན་དྲངས། གཏོར་མའམ་ཚོམ་བུ་སློབ་མའི་མགོར་བཞག་སྟེ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས༴ ཡི་དམ་དཀྱིལ་འཁོར་ཡི་ལྷ་ཚོགས་རྣམས་ཀྱིས༴ དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་ཀྱིས༴ ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས༴ ཁྱད་པར་དུ་ལྷ་མཆོག་འདི་ཞེས་བྱ་བས༴ ཁྱེད་རྣམས་ཀྱིས་སློབ་མ་འདི་དག་གི་ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛོད་ཅིག །ཚེ་དང་བསོད་ནམས་ལ་སོགས་པའི་ལེགས་ཚོགས་ཐམས་ཅད་རྒྱས་པར་མཛོད་ཅིག །ཅེས་པ་ལྟ་བུས་མཚོན་རྒྱས་བསྡུས་ཅི་རིགས་ལན་གསུམ་བྱས་པའི་མཐར། ཛཿཧཱུཾ་བཾ་ཧོཿ སློབ་མ་ལ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར་པར་བསམ། གཏོར་མ་ཡིན་ན་ལྷ་ཞུ་བའི་མོས་པས། དམ་རྫས་འཆི་མེད་བདུན་རྩིའི་ཟས། །ཟོ་ཞིག་ཁྱོོད་ནི་རིགས་སུ་སྐྱེ། །འདི་ཟོས་ནད་གདོན་སྡིག་སྒྲིབ་ལས། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བརྗོད་ལ་བྱིན། ཚོམ་བུ་ཡིན་ན་ལྷ་དམ་ཡེ་གཉིས་དབྱེར་མེད་དུ་བསྟིམས་ཟིན་པས་བཏང་སྙོམས་སུ་བྱས་ཆོག །ལྷ་མ་བསྟིམས་ན་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་ཚོམ་བུའམ་གཏོར་ཟན་གྱི་རྣམ་པར་ཞུ་བར་གྱུར་ནས་སྔར་ལྟར་བྱས་ཆོག །ཡང་ན་མཆོད་བསྟོད་བཟོད་གསོལ་བྱས་ནས་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་ཐིམ་པར་བསམས་ལ་མཇུག་བསྡུའོ། །ཆོས་སྐྱོང་སྤྱི་འགྲོའི་རྗེས་གནང་གོང་ལྟར་བྱ་བར་བཤད་དེ། ཅུང་ཟད་ཕྱེ་ན་དེ་ཡང་དབང་རྟེན་གཏོར་མའམ། མ་གྲུབ་ན་ཚོམ་བུས་རུང་བར་བཤད། རང་འཇིགས་བྱེད་ལྟ་བུའི་ང་རྒྱལ་གྱིས་གཏོར་མ་ལྷར་བསྐྱེད་ནས་མཆོད་བསྟོད་གཏོར་འབུལ་བྱ། དེ་ནས་སློབ་མ་ཁྲུས་དང་མཎྜལ་སོགས་གོང་བཞིན་དང་། སློབ་མ་ཆོས་སྐྱོང་དེར་མངོན་རྟོགས་མདོར་བསྡུས་ནས་བསྐྱེད་དེ་གནས་གསུམ་བྱིན་གྱིས་བརླབས་ཏེ། གསོལ་འདེབས་ནི། སློ་དཔོན་རིན་པོ་ཆེ་བདག་ལ་ཆོས་སྐྱོང་འདི་ཞེས་བགྱི་བའི་སྐུའི་རྗེས་གནང་སོགས་ཟེར་རམ། ཐུན་མོང་དུ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་བྱ། དེ་ནས་རང་གི་ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས།མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མགོན་པོ་ལྟ་བུ་ལ་ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཞེས་སོགས་དང་། ཆོས་རྒྱལ་ལ་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་ལས་ཀྱི་གཤིན་རྗེ་ཡབ་ཡུམ་ཞེས་སོགས་དང་། ལྷ་མོ་ལ་བྱང་ཤར་མུ་ལེ་དིང་གི་རྒྱ་མཚོ་ཞེས་སོགས་དང་། རྣམ་སྲས་ལ་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཞེས་སོགས་གཞན་གྱི་མིང་ནས་བརྗོད་ཅིང་སྤྱན་དྲངས་ནས་སློབ་མའི་ལུས་ལ་ཐིམ་པས་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་གྱུར་ཅེས་བརྗོོད་ལ་དྲིིལ་བུ་སོགས་དཀྲོལ། དེས་ཆོས་སྐྱོང་འདི་ཞེས་བྱ་བའི་སྐུའི་རྗེས་གནང་ཐོབ། ལུས་ལྷར་སྒོམ་པ་ལ་དབང་བར་བྱས་པ་ཡིན། གསུང་གི་རྗེས་གནང་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག །དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ན་བཞུགས་པའི་ཆོས་སྐྱོང་རྣམས་དང་མདུན་གྱི་ཆོས་སྐྱོང་གི་གསུང་གི་བྱིན་རླབས་ཐམས་ཅད་ཆོས་སྐྱོང་གི་སྔགས་ཀྱི་རྣམ་པར་སྤྱན་དྲངས། སློབ་མའི་མགྲིན་པར་ཞུགས་པས་ངག་གི་ཉེས་པ་དང་ནད་གདོན་བར་ཆད་ཐམས་ཅད་ཞི་བར་གྱུར་པའི་མོས་པ་མཛོད། སྐབས་འདིར་སྔགས་ཀྱི་བཟླས་ལུང་བྱེད་པར་འདོད་ན་གོང་གི་སྔགས་ཀྱི་ལུང་བཟླས་ལྟར་རིགས་འགྲོས་བྱས་ཆོག་ཅིང་མ་བྱས་ཀྱང་མི་འགལ། དེས་གསུང་གི་རྗེས་གནང་ཐོབ། ངག་སྔགས་བཟླ་བ་དང་སྔགས་ཀྱི་སྒོ་ནས་ལས་སྒྲུབ་པ་ལ་དབང་བར་བྱས་པ་ཡིན་ཞེས་བརྗོད། ཐུགས་ཀྱི་རྗེས་གནང་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཞེས་པ་ནས། མདུན་བསྐྱེད་ཀྱི་ལྷའམ་ཆོས་སྐྱོང་གི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ས་བོན་དང་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས། སློབ་མའི་སྙིང་ཁར་ཐིམ་པས་ཡིད་ཀྱི་ཉེས་སྐྱོན་དང་ནད་གདོན་སོགས་སྔར་བཞིན་དང་། དེས་ཐུགས་ཀྱི་རྗེས་གནང་ཐོབ། ཐུགས་ཀྱི་སྒོ་ནས་འཕྲིན་ལས་སྒྲུབ་པ་ལ་དབང་བར་བྱས་པ་ཡིན། དབང་ལྷ་བསྟིམ་པའི་རྗེས་གནང་ནི། གཏོར་མ་སློབ་མའི་མགོར་བཞག་སྟེ། རྗེ་བཙུན་རྩ་བ་དང་ཞེས་སོགས་སྔར་ལྟར་ལ། ཁྱད་པར་དུ་ཆོས་སྐྱོང་འདི་ཞེས་བགྱི་བ་ཁྱོད་ཀྱིས་རྡོ་རྗེ་སློབ་མ་འདི་ལ་བྱིན་གྱིས་རློབས་ཤིག །སློབ་མ་འདི་ཁྱེད་ལ་གཉེར་དུ་གཏད་པ་ཡིན་པས་འགལ་རྐྱེན་ཐམས་ཅད་སོལ། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་སྒྲུབས། མདོར་ན་གང་བཅོལ་བའི་འཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་མཛད་དུ་གསོལ། ཞེས་ལན་གསུམ་མམ་གཅིག་གསོལ་བ་བཏབ་པས། གཏོར་མ་ལྟ་བུ་ལྷར་གསལ་བ་ཞུ་ནས་སློབ་མའི་སྤྱི་བོ་ནས་ཐིམ་བར་གྱུར། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ་ནས་བྱིན་གྱིས་བརླབས་པར་གྱུར་ཅེས་བརྗོད། ལྷ་མ་བསྟིམས་ན་མཆོད་བསྟོད་བཟོད་གསོལ་བྱས་ནས་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་ཐིམ་པར་གྱུར་པའི་མོས་པ་བྱ། ཆོས་སྐྱོང་བསྐྱེད་པ་ལ་འཁོར་བསྐྱེད་མི་བསྐྱེད་གཉིས་ཡོད་ཀྱང་། འཁོར་རྣམས་བསྐྱེད་ན་ལྷ་མ་བསྟིམ་ན་ལེགས། རྒྱས་པར་ན་བསང་གཏོར་བྱ་བ་ལ་བུམ་པའི་ནང་དུ་ལས་ཀྱི་ལྷ་གང་འདོད་པ་བསྐྱེད་ནས་སྔགས་བཟླ་བ་དང་། ཡང་ན་ལས་སྔགས་བཟླས་ནས་བུམ་ཆུ་བྱིན་གྱིས་བརླབས་པའི་ལུགས་ལྟར་བྱ་ལ། བསྡུས་པ་ལ་ནི་དེ་མེད་ཀྱང་མི་འགལ་བར་མཐོང་ངོ་། །འདིར་ནི་སྤྱི་བཀའི་རྗེས་གནང་བྱ་ཚུལ་གྱི་རིགས་འགའ་ཞིག་བརྗོོད་པ་ཡིན་གྱི། སྤྱི་བཀའ་ལ་མི་འདྲ་བ་གཞན་ཡང་མང་ལ། ཟུར་བཀའ་ལ་འཇམ་དབྱངས་ཆོས་སྐོར་ནས་འབྱུང་བ་དང་། གྲུབ་རྒྱལ་མའི་ལུགས་དང་། ལྷོ་བྲག་གྲུབ་ཆེན་སོགས་ནས་བརྒྱུད་པའི་རྗེས་གནང་བྱ་ཚུལ་རིགས་མི་འདྲ་བ་མང་། ད་ལྟ་བསྟན་འགྱུར་དུ་གྲགས་པའི་རྒྱ་གཞུང་རྣམས་ན་ལྷའི་སྒྲུབ་ཐབས་མང་པོ་དང་། དབང་བསྐུར་བའི་སྐོར་མང་པོ་འབྱུང་ཡང་ལྷ་སོ་སོའི་རྗེས་གནང་འདི་ལྟར་བྱ་བའི་གསལ་ཁ་མི་སྣང་ཡང་དེའི་དགོངས་པ་ནི་དབང་ཆེན་གྱི་ནང་དུ་རྗེས་གནང་གི་གནད་འདུས་པ་ལ་དགོངས་སམ་སྙམ་མོ། །འོན་ཀྱང་བོད་ཀྱི་བླ་མ་དུ་མས་མཛད་པའི་སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་དང་། གཞན་དུ་མ་ལས་རྗེས་གནང་གི་སྐོར་མང་དུ་འབྱུང་བ་ནི་ད་ལྟ་གྲགས་ཆེ་ཞིང་། དེ་ཡང་རྒྱ་གར་གྱི་མཁས་གྲུབ་ཆེན་པོ་དག་དང་། བོད་དུ་ལྷག་པའི་ལྷ་དག་གི་མན་ངག་ལས་བྱོན་པར་གསལ་ལོ། །སྒྲུབ་ཐབས་རྒྱ་མཚོ་སོགས་ལས། བླ་མེད་ཀྱི་ལྷ་ཀྱཻ་རྡོར་གཤིན་རྗེ་གཤེད་དམར་ནག་གཉིས་ལ་སོགས་པ་བླ་མེད་ཀྱི་ལྷ་དུ་མའི་རྗེས་གནང་བྱེད་ཚུལ་འདུག་ཀྱང་། གསང་བདེ་འཇིགས་གསུམ་གྱི་རྗེས་གནང་འདི་བཞིན་བྱེད་པའི་གསལ་ཁ་མི་སྣང་བ་ཇི་ལྟར་ཡིན་སྙམ་ན། དེ་ནི་ཐོག་མའི་སྒྲུབ་ཐབས་སྐོར་ནས་རྗེས་གནང་གི་བརྒྱུད་པ་བྱུང་མ་བྱུང་གི་དབང་ཡིན་གྱི། སྤྱི་ཀྱཻ་རྡོར་དང་དམར་ནག་གཉིས་ཀྱི་རྗེས་གནང་བྱར་རུང་བའི་ཕྱིར་གསང་བདེ་འཇིགས་གསུམ་གྱི་གཙོ་བོའི་རྗེས་གནང་ཡང་རུང་བར་འགྲུབ་བོ། །འོན་ཀྱང་དེ་གསུམ་གྱི་རྗེས་གནང་གི་བརྒྱུད་པ་འདི་ཡིན་ཞེས་པའི་གསལ་ཁ་མི་འདུག་པས་རང་བཟོ་བྱ་དཀའོ། །རྒྱལ་བའི་སྐུ་དང་གསུང་ཐུགས་ཀྱིས། །གདུལ་བྱའི་སྒོ་གསུམ་བྱིན་བརླབས་ནས། །གདོན་ཞི་སྒྲིབ་སྦྱངས་སྐུ་གསུམ་གྱི། །ནུས་པ་འཇོག་བྱེད་ཐབས་འདི་མཚར། །དེ་ལྟ་བུའི་སྤྱི་འགྲོའི་རྗེས་གནང་བྱ་བའི་རིམ་པ་འདི་ཡང་། རིགས་གསུམ་མགོན་པོ་སོགས་ལྷ་མང་པོ་ལ་སྦྱར་ཆོག་པས་དོན་གཉེར་ཅན་འགའ་རེ་ལ་ཕན་ཐོགས་ན་སྙམ་པའི་འདུན་པས་དམ་པའི་གསུང་རྒྱུན་ལ་བརྟེན་ནས། ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་ཅོ་ནེའི་དགོན་ཉིད་དུ་བསྒྲིགས་པ་སྟེ་ཡི་གེ་པ་ནི་དད་དང་རྣམ་དཔྱོད་ལྡན་པའི་ཁྲུ་ཤའི་དགེ་སློང་ཀུན་དགའ་ནོར་བུའོ།། །།སརྦ་མངྒལཾ།། །།

འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་ཟུང་གི་སྒྲུབ་ཐབས་རིན་ཆེན་འབྱུང་གནས།

འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་ཟུང་གི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་བཞུགས།

བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འདིར་རྒྱུད་དང་གྲུབ་ཆེན་གྱི་མན་ངག་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་ཀྱི་རིམ་པ་མདོར་བསྡུས་ཞིག་འཆད་པར་འདོད་པས་འདི་ལ་གཉིས་ཡོད་པའི་གཉིས་ཀ་སྐུ་མདོག་ཕྱག་མཚན་སོགས་འདྲ་བར་སྣང་ཡང་བསྐྱེད་ཚུལ་མི་འདྲ་ཞིང་། གཞལ་ཡས་ཁང་ཡོད་མེད་དང་སེམས་དཔའ་སུམ་བརྩེགས་ཡོད་མེད་ཀྱང་མི་འདྲ་བའི་ཕྱིར་གཞན་ལ་ཕན་འདོད་ཀྱི་འདུན་པས་གཉིས་ཀ་འགོད་པར་བྱ་སྟེ། དེ་ལས་དང་པོ་ནི། བྲིས་སྐུ་དང་། ཕྱི་ནང་གི་མཆོད་པ་རྣམས་གྲུབ་ན་སྟ་གོན་བྱས་ནས། །རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། ནང་མཆོད། མཆོད་པ། སྔོན་འགྲོ་གཏོར་མ་རྣམས་བཅུ་གསུམ་མ་ལྟར་བྱིན་གྱི་བརླབས། དེ་ནས་སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས་སྒོམ་ཚུལ། ཚོགས་ཞིང་སྤྱན་འདྲེན་རྣམས་བཅུ་གསུམ་མ་ལྟར་ལ། ཚོགས་ཞིང་མཆོད་པའི་ཚེ། རང་གི་སྙིང་ཀའི་ཧཱུཾ་ལས་བྱུང་བའི་མཆོད་པའིི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ༀ་ཡ་མཱནྟ་ཀ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ། པཱདྱཾ། པུཥྤེ་ནས། ཤཔྟའི་བར་སྤྱི་ལྟར་མཆོད་ཅིང་། རྗེས་མཛད་པའི། རབ་འབྱམས་ཞིང་ན་དབང་པོའི་ཉེ་བར་འཚོ། །ཞེས་སོགས་ཀྱི་ཡན་ལག་བདུན་པ་དེའམ། སྡིག་པ་རྣམས་ནི་བཤགས་པར་བྱ། །ཞེས་སོགས་བདུན་རྣམ་དག་བྱ། རིགས་ལྔའི་སྡོམ་བཟུང་དང་། ཚད་མེད་བཞི་ཡང་བཅུ་གསུམ་མ་ལྟར་བྱ། རྒྱུན་པའི་ཚེ་ཚོགས་ཞིང་ནས་ཚད་མེད་ཙམ། བྱས་ཀྱང་རུང་། དེ་ནས། ༀ་སྭ་བྷཱ་ཝ་ནས་ཤུདྡྷོ྅ཧཾ། ༀ་ཤཱུ་ནྱ་ཏ་ནས་ཨཏྨ་ཀོ ྅ཧཾ། རང་གཞན་གྱི་ཆ ོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར། རྟག་ཆད་ལ་སོགས་པའི་མཐའ་བཞི་དང་བྲལ་བ་བདག་མེད་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པའི་མ་ཧེ་རབ་ཏུ་ཁྲོས་པའི་གདན་གྱི་སྟེང་དུ་ཧཱུཾ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ་རྩེ་དགུ་པ་རྭ་ཤིན་ཏུ་གདེངས་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་འགྲོ་བ་རྣམས་རྡོ་རྗེ་འཇིགས་བྱེད་ཀྱི་གོ་འཕང་ལ་བཀོད། ཚུར་འདུས་ནས་རྡོ་རྗེ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། མ་ཧེའི་གདོང་པ་ཅན། ཕྱག་གཡས་འབར་བའི་གྲི་གུག་དང་། གཡོན་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། ཁམས་གསུམ་པོ་ཟ་བར་ནུས་པ། ཧ་ཧ་ཞེས་སྒྲོག་ཅིང་ལྗགས་འགྲིལ་བ། མཆེ་བ་རྣམ་པར་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། སྤྱན་གསུམ་སྡང་མིག་ཏུ་བགྲད་ཅིང་དབུ་སྐྲ་ཁམ་སེར་གྱེན་དུ་བརྗེས་པ། ཞལ་ནས་ཧཱུཾ་དང་ཕཊ་ཀྱི་སྒྲ་ཆེན་པོ་སྒྲོགས་པ། མིའི་ཁྲག་དང་ཞག་དང་རྐང་དང་ཚིལ་བུ་ཟ་བ། འཇིགས་སུ་རུང་བའི་ཐོད་པ་བསྐམ་པོ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྦྲུལ་ནག་པོའི་མཆོད་ཕྱིར་ཐོགས་དང་མི་རུས་ཀྱིས་བརྒྱན་པ། གསུས་པ་ཆེ་བ། གཅེར་བུའི་གཟུགས་ཅན། མཚན་མ་གྱེན་དུ་བསྒྲེང་བ། སྨིན་མ་དང་རྫི་མ་དང་སྨ་ར་དང་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་བ། ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་ཅིང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཡེ་ཤེས་པ་སྤྱན་དྲངས། ༀ་ཧྲཱིཿཥྚཱཾཿ སོགས་ཀྱིས་བགེགས་བསྐྲད། ༀ་ཡ་མཱནྟ་ཀ་ཨརྒྷཾ་ནས། ཤཔྟ་པྲ་ཏཱི ཙྪ་ཧཱུཾ་སྭཱཧཱའི་བར་སྔར་བཞིན་མཆོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་སརྦ་ནས་ཤྲིཿཡེ་ཨཱཿཧཱུཾ། ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང་། ཆུ་ལྷག་མ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པ་ལ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ༀ་ཡ་མཱནྟ་ཀ་ཨརྒྷཾ་ནས། ཤཔྟའི་བར་སྔར་བཞིན་མཆོད་ཅིང་། ནང་མཆོད་ནི། བསྡུ་ན། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ཡ་མཱནྟ་ཀ་ༀ་ཨཱཿཧཱུཾ། ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། བསྟོད་པ་ནི། བསྡུ་ན། གཟུགས་མཆོག་མ་དང་། རྒྱས་པར་ན་རྗེས་མཛད་པའི། ན་མཿཤྲཱི་བཛྲ་བྷཻ་ར་ཝ་ཡ། ཐལ་ཆེན་མདོག་ཅན་མ་ཧེའི་སྟེང་ན། མ་ཧེའི་གདོང་ཅན་གཤིན་རྗེའི་གཤེད་ནི། །འཇིགས་རུང་ཞལ་གདངས་མཆེ་བ་གཙིགས་ཤིང་། །རྔམས་པའི་སྒྲ་དབྱངས་སྒྲོག་ལ་ཕྱག་འཚལ། །མིག་སྨན་ལྟ་བུར་གནག་པའི་སྐུ་ནི། །རབ་ཏུ་ཁྲོས་པའི་ཁྲོ་གཉེར་དང་ལྡན། །དམར་ལ་ཟླུམ་པའི་སྤྱན་གསུམ་བགྲད་ནས། །བདུད་དཔུང་ཕྱེེ་མར་འཐག་ལ་ཕྱག་འཚལ། །གཡས་གཡོན་ཕྱག་གིས་འབར་བའི་གྲི་གུག ། བདུད་རྩིས་གང་བའི་ཐོད་པ་འཛིན་ཅིང་། བརྐྱངས་བསྐུམས་ཞབས་ཀྱི་གར་སྟབས་བརྗིད་པས། །ལོག་འདྲེན་ཟིལ་གྱིས་གནོན་པ་ཕྱག་འཚལ། །གཅེར་བུ་རུས་པའི་རྒྱན་གྱིས་མཛེས་ཤིང་། རལ་པ་སེར་སྐྱ་གྱེན་དུ་རབ་འབར། །གློག་ལྟར་འཁྱུག་པའི་ལྗགས་ནི་བསྐྱོད་པས། །ས་གསུམ་གཡོ་བར་མཛད་ལ་ཕྱག་འཚལ། །ཐོད་བསྐམ་ལྔ་ཡིས་དབུ་ལ་ལེགས་བརྒྱན། །བརྒྱ་ཕྱེད་ཐོད་ཕྲེང་དོ་ཤལ་འཕྱང་ཞིང་། །ཉིན་བྱེད་འབུམ་ཕྲག་བསྡོམས་པའི་མདངས་ལྡན། །ཡེ་ཤེས་མེད་དཔུང་འཕྲོ་ལ་ཕྱག་འཚལ། །ཞེས་པས་བསྟོད། །རང་གི་ཐུགས་ཀར་ཉི་གདན་གྱི་དབུས་སུ་ཧཱུཾ་ཡིག་དང་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་ནག་པོ་དྲག་ཅིང་རྩུབ་པའི་རྣམ་པ་ཅན་འཕྲོ་ཞིང་། ཕྲེང་བ་ཧཱུཾ་ལས་མི་མགོའི་ཕྲེང་བའི་རྣམ་པ་ཅན་དུ་གྱུར་པར་བསམས་ལ་སྔགས་གསུམ་བཟླ་ཞིང་ཡིག་བརྒྱ་བརྗོད། གཏོར་མ་ཡོད་ཚེ་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས་སྔར་བཞིན་བསྐྱེད་ཅིང་ཡེ་ཤེས་པ་དགུག་གཞུག་སོགས་བྱེད་པའམ། བསྡུ་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཡེ་ཤེས་པ་སྤྱན་དྲངས། ཀ་མ་ལ་ཡེ་སྟྭཾ། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ཧྲཱིཿཥྚཱིིའི་མཐར། ༀ་བཛྲ་བྷཻ་ར་ཝཱ་ཡ་ཨ་དྷི་པ་ཏ་ཡེ་ཨི་དཾ་བ་ལིང་ཏ་པྲ་ཏཱི ཙྪ་ཡ་སྭཱཧཱ། ཞེས་པ་བདུན་ནམ་གསུམ་གྱིས་དབུལ། སྔར་ལྟར་ཕྱི་ནང་གི་མཆོད་པས་མཆོད་ལ། བསྟོད་པ་རྒྱས་བསྡུས་གཉིས་གང་རུང་བྱ། ཕྱོགས་སྐྱོང་གི་གཏོར་མ་འདོད་ན་འདུལ་ཞིང་། ཆོས་རྒྱལ་གཏོར་འབུལ་བྱས་ན་ལེགས་པར་རྗེ་ཉིད་བཞེད། མཐར་ཡིག་བརྒྱ་བརྗོད་དེ། མ་རྙེད་སོགས་ཀྱིས་བཟོད་གསོལ་དང་། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། དམ་ཚིག་པ་བསྐྱེད་ན། ཡེ་ཤེས་པ་གཤེགས་ཤིང་རང་ཉིད་ལ་ཐིམ་པར་བསམ་མོ། །འདི་ལ་གཞལ་ཡས་ཁང་བསྒོམས་ཀྱང་མི་འགལ་བར་སེམས་སོ། །གཉིས་པ་ནི། པཎ་ཆེན་རིན་པོ་ཆེས་བཤད་པ་བཞིན་བཀོད་ན། རྒྱས་པར་ནི་སྔར་བཤད་པ་ལྟར་ཚད་མེད་བཞི་སྒོམ་པའི་བར་བྱས་ནའང་ལེགས་ཤིང་། བསྡུ་ན། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་ལས་གྲུབ་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་མ་ཧེ་སྔོན་པོ་མགོ་གཡས་ཕྱོགས་སུ་བསྟན་ནས་ཉལ་བ། དེའི་སྟེང་དུ་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་གཤིན་རྗེ་གཤེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། མ་ཧེ་རབ་ཏུ་ཁྲོས་པའི་གདོང་བ་ཅན། རྭ་རྣོན་པོ་གཉིས་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་རྣོན་པོ་བཞི་གཙིགས་པ། སྤྱན་གསུམ་དང་ལྡན་ཞིང་ཁྲོ་གཉེར་ཤིན་ཏུ་བསྡུས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྗེས་ཤིང་མི་མགོ་བསྐམ་པོ་ལྔའི་དབུ་རྒྱན་དང་། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་བྱས་ཏེ་འཛིན་པ། གཅེར་བུ་མི་རུས་ཀྱི་འཁོར་ལོ་དང་རྣ་ཆ་ལ་སོགས་པས་བརྒྱན་ཅིང་། བདུད་དཔུང་ཐམས་ཅད་རྩད་ནས་འབྱིན་པའི་སྟོབས་དང་ལྡན་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པར་གྱུར། དེའི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་ཀུན་འདུས་ཀྱི་ངོ་བོ་ཆོས་ཀྱི་རྒྱལ་བོ་བཙོང་ཁ་པ་ཞལ་གཅིག་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་ཤེས་རབ་ཀྱི་རལ་གྲི་དང་བརྒྱད་སྟོང་པའི་གླེགས་བམ་གྱིས་མཚན་པའི་ཨུཏྤ་ལའི་ཡུ་བ་ནས་འཛིན་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ལ་རྩ་བརྒྱུད་ཀྱི་བླ་མའི་ཚོགས་ཀྱིས་བསྐོར་བ། རང་གི་ཐུགས་ཀར་ཉི་གདན་ལ་འཇམ་དཔལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི་འཕྱར་ཞིང་གཡོན་ཐུགས་ཀར་གླེགས་བམ་འཛིན་པ། མཚན་དཔེས་སྤྲས་ཤིང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་གཤིན་རྗེ་གཤེད་སྤྱན་དྲངས། ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་པ་ནས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་པ་སྔར་བྱིན་གྱིས་མ་བརླབས་ན་འདིར། ཧྲཱིཿཥྚཱིཿས་བསངས་ནས་གོང་ལྟར་ནང་མཆོད་དང་བཅས་པ་འབུལ། བསྟོད་པ་ནི། ཧཱུཾཿའཇིགས་རུང་གཟུགས་ཅན་མ་ཧེ་ཁྲོས་པའི་ཞལ། །རྔམས་པའི་ང་རོས་ས་གསུམ་གཡོ་བར་བྱེད། །ཐུགས་རྗེ་ནུས་པས་འགྲོ་དྲུག་དབྱིངས་སུ་འདྲེན། །སྐུ་གསུམ་མངོན་གྱུར་གཤེན་རྗེ་གཤེད་ལ་འདུད། །ཞེས་དང་། གཟུགས་མཆོག་མས་བསྟོད་ཀྱང་ཆོག །རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གྱི་ཐུགས་ཀར་ཉི་གདན་ལ་ཧཱུཾ་སྔོན་པོ་དྷཱིཿས་མཚན་པ། དེའི་མཐར་ཨ་ར་པ་ཙ་ན་དང་། ཡ་མཱནྟ་ཀའི་སྔགས་ཀྱིས་བསྐོར་བ་དེ་ལས་འོད་ཟེར་འཕྲོས། རྒྱལ་བ་ཐམས་ཅད་མཆོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། གནོད་བྱེད་གདོན་བགེགས་ཐམས་ཅད་ཚར་བཅད་པར་གྱུར། ༀ་ཨ་ར་པ་ཙ་ན་དྷཱིཿ ༀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅེས་པ་ཅི་འགྲུབ་བཟླས་ནས་ཡིག་བརྒྱ་བརྗོད། གཏོར་མ་འབུལ་ན་མདུན་དུ་སྔར་ལྟར་བསྐྱེད་དེ་ཡེ་ཤེས་པ་སྤྱན་འདྲེན་པ་སོགས་བྱེད་པའམ། བསྡུ་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་གཤིན་རྗེ་གཤེད་ཀྱི་ཡེ་ཤེས་པ་སྤྱན་དྲངས། ཀ་མ་ལ་ཡེ་སྟྭཾ། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ནས་གསོལ་བར་གྱུར། ༀ་ཡ་མཱནྟ་ཀ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་བདུན་ནམ་གསུམ་གྱིས་དབུལ། ཕྱི་ནང་གི་མཆོད་པས་མཆོད། ཧཱུཾ། འཇིགས་རུང་གཟུགས་ཅན་ཞེས་སོགས་ཀྱིས་བསྟོད་དོ། །བཅོམ་ལྡན་འཇིགས་བྱེད་ཆེན་པོ་ཡིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་འཕྲིན་ལས་བཅོལ། ཆོས་རྒྱལ་གྱི་གཏོར་མ་ཡོད་ན། སྐད་ཅིག་གིས་སྤྱན་དྲངས་ནས་འབུལ། གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བཟླས་ནས། མ་རྙེད་ཡོངས་སུ་མ་ཤེས་དང་། །ཞེས་སོགས་ཀྱིས་བཟོད་གསོལ་དང་། ༀ་བཛྲ་མུཿ། གཏོར་མགྲོན་གྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། དམ་ཚིག་པ་བསྐྱེད་པ་ཡིན་ན། ཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར། ཅེས་བྱ། ཉེར་བསྡུ་བྱེད་ན། སྲུང་འཁོར་གཞལ་ཡས་ཁང་ལ་ཐིམ། དེ་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་རིམ་གྱིས་སྟོང་པའི་འོད་གསལ་དུ་ཐིམ་པའི་འོད་གསལ་གྱི་ངང་ནས་རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །གཤིན་རྗེ་གཤེད་པོ་འགྲུབ་འགྱུར་ནས། །ཞེས་སོགས་ཀྱིས་བསྔོ་སྨོན་བྱའོ། །རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས། །དྲག་པོའི་སྐུར་བསྟན་གཤིན་རྗེའི་གཤེད། །ཟུང་གི་སྒྲུབ་ཐབས་སྤེལ་བའི་དགེས། །སྐྱེ་ཀུན་འབྲལ་མེད་རྗེས་འཛིན་ཤོག །ཅེས་པ་འདི་ཡང་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་འདི་གཉིས་ཀྱི་འཕྲིན་ལས་སྤེལ་ཕྱིར་དད་པས་དམ་པའི་མན་ངག་ལྟར་ཅོ་ནེ་དགོན་ཉིད་དུ་སྦྱར་བའོ།། །།མངྒལཾ།། །།

འཇིགས་བྱེད་ཀྱི་འཕོ་བ་བསྡུས་པ།

འཇིགས་བྱེད་ཀྱི་འཕོ་བ་བསྡུས་པ་བཞུགས།

ན་མོ་བཛྲ་བྷཻ་ར་ཝ་ཡེ། འཇིགས་བྱེད་ལ་བརྟེན་པའི་འཕོ་བ་པཎ་ཆེན་རིན་པོ་ཆེས་མཛད་འདུག་ཀྱང་ཅུང་ཟད་ཁ་བསྐང་དགོས་པར་སྣང་བས། འདིར་ཁ་བསྐང་བའི་སྒོ་ནས་འཁྱེར་བདེར་དགོད་པར་བྱ་སྟེ། རང་ཉིད་བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་དུ། །གསལ་བའི་ལུས་དབུས་དྲང་པོར་རྩ་དབུ་མ། །མདའ་སྙུག་ཙམ་ཞིག་མར་སྣ་ལྟེ་འོག་དང་། །ཡར་སྣ་ཚངས་བུག་ཁར་ཟུང་སྙིང་ཁའི་དབུས། །རང་སེམས་ཧཱུཾ་སྔོན་འཕར་ཞིང་འཕུར་ལ་ཁད། །སྤྱི་བོར་བླ་མ་རྡོ་རྗེ་འཇིགས་བྱེད་ནི། །གྲི་ཐོད་འཛིན་པ་སྐྱབས་གནས་ཀུན་འདུས་ཀྱིི། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་རང་འ དྲ་བའི། །ཡེ་ཤེས་སྤྱན་དྲངས་དབྱེར་མེད་གཅིག་ཏུ་གྱུར། །བླ་མ་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ལ། །ཕྱག་འཚལ་མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་ཀུན་སངས་རྒྱས་ཐོབ་པའི་ཆེད་དུ་བསྔོ། །སྐྱབས་གནས་ཀུན་འདུས་རྡོ་རྗེ་འཇིགས་བྱེད་ལ། །གསོལ་བ་འདེབས་སོ་རྗེས་བཟུང་བྱིན་གྱིས་རློབས། །ངན་སོང་འཁོར་བའི་འཇིགས་ལས་སྐྱོབ་ཏུ་གསོལ། །དག་པ་མཁའ་སྤྱོད་གནས་སུ་འཁྲིད་དུ་གསོལ། །ཞེས་པ་སྦྱོང་བའི་དུས་སུ་ལན་ཉེར་གཅིག་རེ་བརྗོད་པའི་མཐར། བླ་མ་འཇིགས་བྱེད་ཆེན་པོའི་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་གློག་འཁྱུག་བཞིན། །སྤྱི་བོར་དབུ་མའི་ནང་ཞུགས་རང་གི་སེམས། །ཧཱུཾ་ཡིག་རྣམ་པ་ཅན་ལ་ཟུག་པར་གྱུར། །དེ་ནས་ཧིག་ཅེས་ལན་རེ་བརྗོད་པ་དང་རྣམ་ཤེས་ཧཱུཾ་གི་རྣམ་པ་ཅན་དེ་ཡར་འཕངས་ཏེ་ཚངས་བུག་ལ་རེག་ཙམ་དང་། ཧིག་ཅེས་བརྗོད་པ་དང་སླར་སྙིང་ཁར་འབབ་ཅིང་དེ་ལྟ་བུ་ལན་ཉེར་གཅིག་བྱ། དེ་བཞིན་དུ་སླར་གསོལ་འདེབས་དང་རྣམ་ཤེས་འཕེན་འབེབས་གྲངས་ཅི་ནུས་བྱས་པས་རྟགས་འབྱུང་། མཐར་སྤྱི་བོའི་འཇིགས་བྱེད་ཀྱང་སྙིང་ཁའི་ཧཱུཾ་ལ་ཐིམ་ནས་རང་སེམས་དང་བླ་མ་ལྷག་པའི་ལྷ་གསུམ་དབྱེར་མེད་དུ་བསམས་ལ་བསྔོ་སྨོན་བྱ། འཆི་བའི་དུས་སུ། རྣམ་ཤེས་ལྷའི་ཐུགས་ཀར་ཐིམ་ནས་མཁའ་སྤྱོད་དང་བདེ་བ་ཅན་གང་མོས་སུ་གཤེགས་པར་གྱུར། ཅེས་བརྗོད་ཅིང་ཡང་ཡང་བསམ། འདི་གཞན་ལ་འདེབས་ན་རང་ཞེས་པ་གཞན་དུ་བསྒྱུར་བར་བྱ་སྟེ། བདེ་བ་ཅན་དུ་སྐྱེ་བར་འདོད་ན་དག་པ་མཁའ་སྤྱོད་ཅེས་པ། ཞིང་མཆོག་བདེ་བ་ཅན་དུ་འཁྲིད་དུ་གསོལ། །ཞེས་བསྒྱུར་ཆོག་ཅིང་གསོལ་འདེབས་གཞན་བྱེད་ན། གནད་གཅོད་གཤིན་རྗེའི་འཇིགས་ལས་སྐྱོབ་ཏུ་གསོལ། །བར་དོའི་འཁྲུལ་སྣང་མ་ལུས་བསལ་དུ་གསོལ། །སྐྱབས་མགོན་མཛོད་ཅིག་བླ་མ་ཡི་དམ་ལྷ། རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུངས། །ཞེས་བྱས་ཀྱང་ལེགས་སོ། །ཅེས་འཇིགས་བྱེད་ཀྱི་འཕོ་བ་མདོར་བསྡུས་པ་འདི་ཡང་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་རེ་གཉིས་ལ་ཕན་འདོད་ཀྱི་འདུན་པས་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ།། །།མངྒལཾ། །

བདེ་མཆོག་དང་རྡོ་རྗེེ་རྣལ་འབྱོར་མའི་འཕོ་བ་མཁའ་སྤྱོད་བདེ་ལམ།

བདེ་མཆོག་དང་རྡོ་རྗེེ་རྣལ་འབྱོར་མའི་འཕོ་བ་མཁའ་སྤྱོད་བདེ་ལམ་བཞུགས།

ན་མོ་ཙཀྲ་སཾ་བ་ར་ཡེ། འདིར་འཁོར་ལོ་བདེ་མཆོག་ལ་བརྟེན་པའི་འཕོ་བའི་ཉམས་ལེན་པཎ་ཆེན་ཐམས་ཅད་མཁྱེན་པས་མཛད་པ་གཞིར་བྱས་ཏེ་འཇུག་པ་བདེ་བར་དགོད་པར་བྱ་བ་ལ། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། །རང་གི་སྤྱི་བོར་སྣ་ཚོགས་པད་ཉིའི་སྟེང་། །བླ་མ་ཀུན་འདུས་འཁོར་ལོ་སྡོམ་པ་ནི། །ཉིན་བྱེད་འབུམ་གྱིས་འཁྱུད་པའི་དབང་སྔོན་ལྟར། །རབ་བརྗིད་རྣམ་ཐར་སྒོ་བཞི་དག་པའི་ཞལ། །རྟེན་འབྲེལ་བཅུ་གཉིས་དག་པའི་ཕྱག་བཅུ་གཉིས། །དང་པོ་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ། །འཁྱུད་ཅིང་སྙོམས་པར་འཇུག་པའི་གནས་གསུམ་དུ། །རྡོ་རྗེེ་གསུམ་མཚན་ཧཱུཾ་ཡིག་འོད་ཟེར་གྱིས། །རང་བཞིན་གནས་ནས་རྒྱལ་བ་ཀུན་གྱི་དངོས། །བཅོམ་ལྡན་བདེ་མཆོག་ཡབ་ཡུམ་ཡེ་ཤེས་པ། །སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿས་དབྱེར་མེད་གྱུར། །ཧེ་རུ་ཀ་དཔལ་བདག་ཉིད་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་མ། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་བཅས་ལ་འདུད། །དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ཡི། །ཕྱི་ནང་གསང་བའི་མཆོད་ཚོགས་འབུལ། །སྡིག་ལྟུང་ཐམས་ཅད་སོ་སོར་བཤགས། །དགེ་ཚོགས་ཀུན་ལ་རྗེས་ཡི་རང་། །འགྲོ་ལ་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་རྟག་བཞུགས་གསོལ། །འདིས་མཚོན་དགེ་ཀུན་བདེ་མཆོག་གི །གོ་འཕང་དམ་པ་ཐོབ་ཕྱིར་བསྔོ། །རང་ལུས་དབུས་སུ་དབུ་མ་མདའ་སྨྱུག་ཙམ། །མར་སྣ་ལྟེ་འོག་ཡར་སྣ་ཚངས་བུག་ཟུག ། །སྙིང་ཀར་རང་སེམས་ཧཱུཾ་སྔོན་ནས་འབྲུ་ཙམ། །འཕར་ཞིང་འཕུར་ལ་ཁད་པ་ཉིད་དུ་གྱུར། །སྐྱབས་གནས་ཀུན་འདུས་བདེ་མཆོག་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་རྗེས་བཟུང་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །དག་པ་མཁའ་སྤྱོད་གནས་སུ་དྲང་དུ་གསོལ། །ཞེས་པ་ལན་ཉེར་གཅིག་རེ་བརྗོད་པའི་མཐར། ༈ དེ་ལྟར་གསོལ་བས་རྗེ་བཙུན་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་གློག་འཁྱུག་བཞིན། །རང་གི་སྤྱི་བོར་དྷཱུ་ཏིའི་ནང་བརྒྱུད་དེ། །རྣམ་ཤེས་ཧཱུཾ་ལ་བཏབ་ནས་གྱེན་དུ་དྲངས། །ཞེས་བརྗོད་ཅིང་འོག་རླུང་གྱེན་དུ་འཐེན་པ་དང་མཉམ་དུ་ཧིཀ་ཞེས་བརྗོད་དེ་ཧཱུཾ་ཡིག་ཚངས་པའི་བུ་གར་མགོ་ཉུག་ཙམ་རེ་བྱས་ནས། ཀ་ཞེས་བརྗོད་ཅིང་སླར་སྙིང་ཀར་འདེབས། དེ་ལྟ་བུ་ལན་ཉེར་གཅིག་རེ་བྱས་ནས། ཡང་གསོལ་འདེབས་ནས་བསྐྱར་ཏེ་ཉེར་གཅིག་པ་ལན་ཅི་ནུས་བྱས་ནས་མཐར་རྗེ་བཙུན་ཡབ་ཡུམ་སྤྱི་བོ་ནས་སྙིང་ཁར་བྱོན་ནས་ཧཱུཾ་ཡིག་ལ་ཐིམ་པར་བསམ་ཞིང་། རང་གི་སེམས་དང་བླ་མ་ལྷག་པའི་ལྷ་གསུམ་དབྱེར་མེད་དུ་མོས་པ་ཤུགས་དྲག་བྱའོ། །དེ་ནི་སྦྱོང་བའི་དབང་དུ་བྱས་པ་ཡིན་ལ། རང་འཆི་བའི་ཚེ་འདེབས་ན་འཕེན་པ་ལས་འབེབས་པ་མི་བྱེད་དེ་ཡང་ལན་རེ་གཉིས་ཙམ་གྱིས་མི་ཆོག་གི འཆི་བའི་དུས་ཀྱི་བར་ལན་མང་དུ་བྱ་དགོས་སོ། །དེའི་ཚེ་སྔར་གྱི་གསོལ་འདེབས་ཀྱི་མཐར་ཏུ། །རྗེ་བཙུན་ཉིད་ཀྱི་ཐུགས་ཀར་ཐིམ་གྱུར་ཏེ། མཁའ་སྤྱོད་གནས་གཤེགས་རྣམ་ཤེས་ཐུགས་ཀ་ནས། ཕྱིར་འཐོན་མཁའ་སྤྱོད་རིག་པ་འཛིན་པར་གྱུར། ཧིཀ་ཕཊ་ཅེས་དམིགས་པ་དང་བཅས་བརྗོོད་ཅིང་བསྔོ་སྨོན་བྱའོ། །མངྒལཾ། །༈ ན་མོ་བཛྲ་ཝཱ་ར་ཧི་ཡེ། འདིར་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་མཁའ་སྤྱོད་ཀྱི་འཕོ་བའི་ཉམས་ལེན་ཞིག་བཤད་པར་བྱ་སྟེ། དེ་ཡང་ནཱ་རོ་ཆོས་དྲུག་དང་ནི་གུ་ཆོས་དྲུག་ནས་འབྱུང་བ་ལྟར་རྗེ་དགེ་འདུན་རྒྱ་མཚོ་དང་པཎ་ཆེན་གོང་མ་སོགས་ཀྱིས་བཤད་པའི་རྗེས་སུ་འབྲང་ནས་འཆད་པ་ལ། བདེ་མཆོག་གི་རྣལ་འབྱོར་བ་ལྟ་བུ་ཞིག་གིས་སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་དུ་བཏང་ནས། རང་ཉིད་བདེ་མཆོག་ཏུ་སྒོམ་པའི་རྒྱུན་ཡིན་ན་དེས་ཆོག་ལ། མིན་ན། །རང་ཉིད་སྐད་ཅིག་གིས་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། རང་གི་ལུས་ཀྱི་ནང་སྒལ་ཚིགས་ལ་ཉེ་བར་རྩ་དབུ་མ་མདའ་སྨྱུག་ཙམ་མར་སྣ་ལྟེ་འོག་སོར་བཞི་ནས་ཟུག་ཅིང་། ཡར་སྣ་ཚངས་བུག་དང་ཁད་ཆད་དུ་ཡོད་པ། རང་གི་གསང་གནས་སུ་ཆོས་འབྱུང་ཟུར་གསུམ་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་རླུང་དཀྱིལ་གཡོ་བ་གཞུ་ལྟ་བུ། དྷཱུ་ཏིའི་མར་སྣའི་བུག་པའི་ནང་དུ་རང་གི་སེམས་ཉིད་ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་འཕར་ལ་ཁད་འཕུར་ལ་ཁད་པ་ཞིག་ཏུ་གྱུར། རང་གི་སྤྱི་བོར་པད་ཟླའི་གདན་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་མོ་གྲི་གུག་དང་ཐོད་པ་འཕྱར་སྟབས་སུ་འཛིན་པ། ཞབས་གཉིས་རང་གི་རྒྱབ་ནས་ཕྲག་པ་ལ་བཀལ་བ། ཐོད་བསྐམ་ལྔའི་དབུ་རྒྱན་དང་བསྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔས་བརྒྱན་པ། དབུ་སྐྲ་སིལ་བུས་སྐུ་སྟོད་ཁེབས་ཤིང་ནུ་འབུར་རྒྱས་པ། གཅེར་མོའི་གཟུགས་ཅན་གསང་བའི་ཆུ་སྐྱེས་དམར་སིང་ངེ་བ་རང་གི་ཚངས་བུག་གི་ཐད་དུ་གནས་པ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། མཁའ་སྤྱོད་ཀྱི་གནས་ནས་བསྒོམས་པ་དང་འདྲ་བའི་རྡོ་རྗེ་རྣལ་འབྱོར་མའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུ་ལྷག་མ་ཡོངས་སུ་གྱུར་པ་ལས་རྣམ་སྣང་གིས་དབུ་བརྒྱན་པར་གྱུར། རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ༀ་བཛྲ་ཝ་ར་ཧི་ཨརྒྷཾ་ནས། ཤཔྟ་པྲ་ཏཱི ཙྪ་ཧཱུཾ་སྭཱཧཱའི་བར་གྱིས་མཆོད། ནང་མཆོད་ཡོད་ན་འབུལ། རྒྱལ་ཀུན་ལྷན་ཅིག་སྐྱེས་པའི་དངོས། །སྒྱུ་མའི་གར་རོལ་ལྷ་མོའི་གཟུགས། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ། །རྡོ་རྗེ་རྣལ་འབྱོར་མ་ལ་འདུད། །ཅེས་བསྟོད་ནས། དུས་གསུམ་རྒྱལ་བ་མ་ལུས་བསྐྱེེད་མཛད་ཡུམ། །གསོལ་བ་འདེབས་སོ་རྗེ་བཙུན་རྣལ་འབྱོར་མ། །ཐུགས་རྗེས་གཟིགས་ཤིག་རྒྱལ་བ་ཀུན་གྱི་ཡུམ། །དག་པ་མཁའ་སྤྱོད་གནས་སུ་འཁྲིད་དུ་གསོལ། །བླ་མ་ཀུན་འདུས་རྡོ་རྗེ་རྣལ་འབྱོར་མ། །དག་པ་མཁའ་སྤྱོད་གནས་སུ་འཁྲིད་དུ་གསོལ། །མཆོག་གསུམ་ཀུན་འདུས་རྡོ་རྗེ་རྣལ་བྱོར་མ། །དག་པ་མཁའ་སྤྱོད་གནས་སུ་ཁྲིད་དུ་གསོལ། །ཡི་དམ་ཀུན་འདུས་རྡོ་རྗེ་རྣལ་འབྱོར་མ། །དག་པ་མཁའ་སྤྱོད་གནས་སུ་འཁྲིད་དུ་གསོལ། །མཁའ་འགྲོ་ཀུན་འདུས་རྡོ་རྗེ་རྣལ་འབྱོར་མ། །དག་པ་མཁའ་སྤྱོད་གནས་སུ་འཁྲིད་དུ་གསོལ། །ཞེས་ལན་བདུན་ནམ། ཉེར་གཅིག་ལྟ་བུ་རེ་བརྗོད་ཅིང་མཐར་འོག་རླུང་གྱེན་དུ་འཐེན་པ་དང་འོག་རླུང་གཡོས། སྤྱི་བོའི་རྗེ་བཙུན་རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག་བྱུང་སྟེ། རང་སེམས་ཨ་ཡིག་ལ་ཟུག་ནས་གྱེན་དུ་དྲངས། ཧིག་ཅེས་བརྗོད་པས་དེ་ཉིད་ཧྲིལ་གྱིས་སོང་ནས་ཚངས་བུག་ལ་རེག་ཙམ་བྱས་ནས་འོག་རླུང་ལྷོད་པ་དང་སླར་མར་འབེབས། དེ་ལྟར་ལན་མང་དུ་བྱས་ན་འབྱོངས་པའི་རྟགས་འབྱུང་། ཡང་ན་སྦྱོང་བའི་ཚེ། དག་པ་མཁའ་སྤྱོད་གནས་སུ་འཁྲིད་དུ་གསོལ། །ཞེས་པ་ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །ཞེས་བསྒྱུར་ཡང་རུང་། མཐར་རྗེ་བཙུན་མ་དང་དེའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འབབས་ཨ་ཡིག་ལ་ཐིམ་པར་བསམ་མོ། །དེ་ནི་སྦྱོང་བའི་དབང་དུ་བྱས་ལ། རང་འཆི་བར་ངེས་པའི་ཚེ། ཧིག་ཕཊ་ཅེས་བརྗོད་པས། རྣམ་ཤེས་ཨ་ཡིག་ཏུ་གསལ་བ་དེ་ཉིད་ཚངས་བུག་ནས་རྒྱངས་ཀྱིས་འཐོན། རྗེ་བཙུན་མའི་གསང་གནས་དམར་སིང་ངེ་བའི་ནང་དུ་ཞུགས་ནས་ཐུགས་ཀར་ཐིམ་པས་རྗེ་བཙུན་མ་མཁའ་སྤྱོད་དུ་གཤེགས། རྣམ་ཤེས་ཐུགས་ཀ་ནས་ཕྱིར་འཐོན་མཁའ་སྤྱོད་ཀྱི་རིག་པ་འཛིན་པར་གྱུར་པར་བསམས་ལ་བསྔོ་སྨོན་བྱའོ། །དེ་ལྟ་བུ་ལན་རེ་གཉིས་ཙམ་གྱིས་མི་ཆོག་པས། འཆི་བའི་དུས་བྱེད་པའི་བར་བྱ་ཞིང་། གཞན་ལ་འདེབས་པ་དང་ཁ་བསྒྱུར་ཚུལ་ཤེས་པར་བྱས་ནས་བྱའོ། །འདིའི་འཕོ་བ་ལ་རླུང་སྟོབས་ཀྱིས་འཕོ་བ་དང་། འདུན་སྟོབས་ཀྱིས་འཕོ་བ་གཉིས་བཤད་པའི་ཕྱི་མའི་དབང་དུ་བྱས་ལ། རླུང་སྟོབས་ཀྱིས་འཕོ་ནུས་ན་རང་གང་འདོད་པར་འཕོ་ནུས་ལ། འདུན་སྟོབས་ལ་དེ་ཙམ་མི་ནུས་ཀྱང་ཕན་ཆེའོ། །ཅེས་པ་འདི་གཉིས་ཀ་དམ་པའི་མན་ངག་བཞིན་ཤཱཀྱ་བཙུན་བཤད་སྒྲུབ་མིང་ཅན་གྱིས་རེ་གཉིས་ལ་ཕན་འདོད་ཀྱི་འདུན་པས་ཅོ་ནེའི་དགོན་ཉིད་དུ་སྦྱར་བའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ།། །།མངྒ་ལཾ།། །།

དུས་འཁོར་ནས་བཤད་པའི་ཤམྦྷ་ལའི་རྒྱལ་རབས་ཆོས་བརྒྱུད་དང་བཅས་པ་སྐར་རྩིས་སྐོར་འགའ་ཞིག

དུས་འཁོར་ནས་བཤད་པའི་ཤམྦྷ་ལའི་རྒྱལ་རབས་ཆོས་བརྒྱུད་དང་བཅས་པ་སྐར་རྩིས་སྐོར་འགའ་ཞིག་བཞུགས།

ན་མོ་ཤྲཱི་ཀཱ་ལ་ཙཀྲ་ཡེ། དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །དངོས་བརྒྱུད་བླ་མ་ལ་བཏུད་ནས། །དེ་ཡི་རྒྱལ་རབས་ཆོས་བརྒྱུད་དང་། །རྩིས་ཀྱི་རིམ་པ་ཅུང་ཟད་བྲི། །འདིར་དུས་ཀྱི་འཁོར་ལོ་ནས་བཤད་པའི་དགོས་དོན་ཐོར་བུ་འགའ་ཞིག་བཤད་པར་བྱ་སྟེ། དེ་ཡང་འདིའི་ལུགས་ལ་རི་རབ་སོགས་ཀྱི་དབྱིབས་ཟླུམ་པོ་ཡིན་ལ། ས་དཀྱིལ་གྱི་ཞེང་ལ་དཔག་ཚད་འབུམ་དང་མཐར་སུམ་འབུམ། སའི་སྟེང་གི་དཀྱིལ་ནས་ཕྱོགས་གཅིག་གི་ལྷུན་པོའི་རྩ་བའི་མཐའི་བར་དཔག་ཚད་སྟོང་ཕྲག་བརྒྱད། དེ་ནས་ལྷུན་པོའི་ཁོར་ཡུག་ལ་སྟོང་ཕྲག་གཅིག །དེ་ནས་རི་རྣམས་ཀྱི་ཕྱི་མ་བསིལ་རིའི་བར་གྱི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་གི་སར་ནང་གི་གླིང་མཚོ་རི་དྲུག་གནས་པར་བཤད་པའི་གྲངས་བསྡོམས་ན། དཔག་ཚད་སྟོང་ཕྲག་ཉེར་ལྔ་སྟེ་སའི་དབུས་ནས་ལྷོ་ཕྱོགས་ཀྱི་བསིལ་རི་ཚུན་དང་། དེ་བཞིན་དུ་སའི་དབུས་ནས་ཕྱོགས་གཞན་ལ་ཡང་འདྲའོ། །བསིལ་རིའི་མཐའ་ནས་ལྷོ་ཕྱོགས་ཀྱི་ས་དཀྱིིལ་གྱི་མཐའི་བར་ལ་ཡང་དཔག་ཚད་སྟོང་ཕྲག་ཉེར་ལྔ་ཡོད་པས། སྔ་ཕྱི་བསྡོམས་ན་སའི་དཀྱིལ་ནས་ཕྱོགས་གཅིག་ལ་དཔག་ཚད་སྟོང་ཕྲག་ལྔ་བཅུ་སྟེ། ལྷོ་བྱང་གི་ཕྱོགས་གཉིས་བསྡོམས་པས་ས་དཀྱིལ་གྱི་ཞེང་ལ་དཔག་ཚད་འབུམ་ཕྲག་གཅིག་ཏུ་འགྱུར་ལ། ལྷུན་པོ་ལ་རྭ་ལྔ་ཡོད་པའི་རྭ་སྟེང་མའི་མས་གཤམ་དང་བསིལ་རི་ཁ་སྐོམས་པའི་ཁོངས་སྐྱིབས་ན་ནང་གི་རི་གླིང་མཚོ་རྣམས་གནས་སོ། །བསིལ་རིའི་ཕྱི་ནས་ཕྱོགས་བཞི་རེ་རེར་ཡང་ས་དཀྱིལ་གྱི་ཞེང་ལ་དཔག་ཚད་སྟོང་ཕྲག་ཉེར་ལྔ་རེ་ཡོད་པ་ལ་འཛམ་གླིང་ཆེན་པོ་ཞེས་པའི་ཐ་སྙད་མཛད་དོ། །སའི་སྟེང་དུ་དེ་དུམ་བུ་བཅུ་གཉིས་སུ་བགོས་པའི་གླིང་ཆེན་པོ་བཅུ་གཉིས་ཡོད་ཀྱང་ཕྱོགས་བཞིའི་གླིང་གི་དབུས་སུ་ཤར་དུ་ཟླ་གམ། ལྷོར་གྲུ་གསུམ། ནུབ་ཏུ་གྲུ་བཞི། བྱང་དུ་ཟླུམ་པོའི་རྣམ་པ་ཅན་གྱི་གླིང་བཞི་རིམ་པ་བཞིན་དུ་ཤར་དཔག་ཚད་བདུད་སྟོང་དང་། ལྷོ་བརྒྱད་སྟོང་དང་བྱང་དགུ་སྟོང་དང་ནུབ་སྟོང་ཕྲག་བཅུའི་བདག་ཉིད་ཅན་གྱི་གླིང་ཆུང་ངུ་རེ་ཡོད་དོ། །དེ་ནི་བཻ་དཀར་གྱི་ལུགས་ལྟར་ཡིན་ལ། གཞུང་ཁ་ཅིག་ཏུ་ནུབ་ཟླུམ་པོ་དང་བྱང་གྲུ་བཞི་པར་བཤད་དེ་དཔྱད་བཞིར་སྣང་ངོ་། །ལྷོ་ཕྱོགས་ཀྱི་འཛམ་གླིང་ཆུང་ངུ་འདི་ལ་ལྷོ་ནས་བྱང་དུ་རིམ་པར་འཕགས་ཡུལ་དང་། བོད་དང་། ལི་དང་། རྒྱ་ནག་ཆུང་ངུ་དང་། ཀེ་ལ་ཤ་དང་། གངས་ལྡན་ཏེ་ཡུལ་དྲུག་གནས་ཏེ། ཉི་མ་བྱང་བགྲོད་མཐར་ཐུག་པའི་ཚེ་ནི་ལྷོ་གླིང་ཆེ་བའི་དུམ་བུའི་ཕྱེད་མཚམས་ཀྱི་སྟེང་ཐད་ནས་རྒྱུ་ཞིང་། དེ་ནས་བྱང་དུ་མི་འོང་བས་འཕགས་ཡུལ་ནི་རྒྱུ་མཚམས་དེའི་བྱང་ངོས་ན་ཡོད་དོ། །བཻ་དཀར་ལས་བསིལ་རིའི་ཕྱི་ནས་བརྩིས་པའི་དཔག་ཚད་སྟོང་ཕྲག་ཉེར་ལྔའི་ཕྱེད་བྱང་དངོས་སུ་དཔག་ཚད་ཆིག་ཁྲི་ཉིས་སྟོང་ལྔ་བརྒྱའི་སའི་ཆ་དུམ་བུ་དྲུག་ཏུ་བྱས་པའི་ཆ་དེར་ཡུལ་དྲུག་གནས་པར་བཤད་པ་ལྟར་རམ། གཞུང་གཞན་དུ་རྒྱུ་མཚན་དེར་འཛམྦུའི་གླིང་ཆུང་ངུ་གྲུ་གསུམ་པའི་ལྷོའི་ལོགས་བསྟད་ཅིང་། ལོགས་གཉིས་ཤར་ནུབ་དང་། གྲུ་གཅིག་བྱང་དུ་བསྟད་པའི་ལྷོ་བྱང་དུ་དཔག་ཚད་བརྒྱད་སྟོང་ཡོད་པ་ལ་ཆ་དྲུག་ཏུ་བགོས་པའི་ཡུལ་རེ་རེའི་ཞེང་ལ་དཔག་ཚད་སྟོང་དང་སུམ་བརྒྱ་སུམ་ཅུ་རྩ་གསུམ་དང་སུམ་ཆ་རེ་ཐོབ། དེ་ཡང་འཕགས་ཡུལ་དང་བོད་དང་ལི་དང་རྒྱ་ནག་ཆུང་ངུ་རྣམས་བསྡོམས་པས་དཔག་ཚད་ལྔ་སྟོང་སུམ་བརྒྱ་སོ་གསུམ་དང་སུམ་ཆ་གཅིག །དེ་ནས་བྱང་དུ་དཔག་ཚད་སྟོང་དང་སུམ་བརྒྱ་སོ་གསུམ་དང་སུམ་ཆ་ནི་ཀཻ་ལ་ཤ་ཡིན་ལ། ཤམྦྷ་ལ་ནི་ཀཻ་ལ་ཤའི་ལྷོ་མཐའ་ནས་དཔག་ཚད་སྟོང་སོང་བའི་བྱང་གི་ཆ་ལ་གནས་པར་བཤད་ཅིང་། ཀཻ་ལ་ཤ་ནས་དཔག་ཚད་སྟོང་དང་སུམ་བརྒྱ་སོ་གསུམ་དང་སུམ་ཆ་ནི་གངས་ལྡན་གྱི་སའོ། །དེས་ན་ཤམྦྷ་ལ་ནི་ཡུལ་དྲུག་གི་དུམ་བུ་ལྔ་པ་ཀཻ་ལ་ཤ་ན་ཡོད་པར་བཤད་པ་ལྟར་ཏེ། ཤམྦྷ་ལའི་ཡུལ་གྱི་རྒྱ་ཞེང་ལ་ནི་དཔག་ཚད་ལྔ་བརྒྱའོ། །བཻ་དཀར་ལྟར་བྱས་ནས་ཆ་དྲུག་ཏུ་བགོས་ན་ཡུལ་རེ་རེའི་ཁྱོོན་ལ་དཔག་ཚད་ཉིས་སྟོང་དང་བརྒྱད་ཅུ་ལྷག་ཙམ་རེ་འབྱུང་སྟེ་སྒོ་བཞི་ལ་ཆེ་ཆུང་ཡོད་པའི་དབང་གིས་སོ། །འདི་ལུགས་ཀྱི་རི་གླིང་སོགས་ཀྱི་སྐོར་འགའ་ཞིག་ནི་བདག་གིས་གཞན་དུ་བཤད་ཟིན་ཀྱང་། འདིར་ཤམྦྷ་ལའི་ཆོས་རྒྱལ་དང་རིགས་ལྡན་རྣམས་ཇི་ལྟར་བྱོན་པའི་ཚུལ་ཅུང་ཟད་འཆད་པར་འདོད་ནས་སྔོན་དུ་དེ་ཙམ་ཞིག་བརྗོོད་པ་ཡིན་ནོ། །ཤམྦྷ་ལ་ན་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་དང་། དེ་རྣམས་སུ་དབང་བྱེད་པའི་རྒྱལ་པོ་ཡང་གོ་དྲུག་ཡོད་པར་བཤད་ཅིང་། ཆོས་རྒྱལ་རིགས་ལྡན་བྱོན་ཚུལ་ནི། སྟོན་པ་སངས་རྒྱས་ནས་དུས་འཁོར་གསུངས་པའི་དུས་ནི་སངས་རྒྱས་པའི་ཕྱི་ལོ་ལ་བཞེད་མཁན་མང་ཡང་ཚུལ་འདིར་འཁྲུལ་མེད་ཕུག་ལུགས་ཀྱི་བཞེད་པ་ནི། སྟོན་པས་ལྕགས་འབྲུག་གི་ལོའི་ནག་པ་ཟླ་བའི་བཅྭོ་ལྔའི་སྐོར་ལ་དུས་འཁོར་རྩ་རྒྱུད་གསུངས་ནས། དེའི་ས་གའི་བཅྭོ་ལྔ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པར་བཤད་པ་ལྟར་འདོད་པར་བྱ་སྟེ། དེ་ཡང་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཆོས་རྒྱལ་ཟླ་བཟང་འཁོར་དང་བཅས་པ་ཤམྦྷ་ལ་ནས་རྫུ་འཕྲུལ་གྱིས་འཕགས་ཡུལ་དུ་བྱོན་ནས་འཕགས་ཡུལ་ལྷོ་ཕྱོགས་ཀྱི་དཔལ་ལྡན་འབྲས་སྤུངས་ཞེས་པར་སྟོན་པ་ལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ཞུས་ནས་ཡར་བྱོན་ཏེ་ལོ་གསུམ་བཞུགས་ནས་གཤེགས་སོ། །འདིའི་སྔོན་དུ་རང་གི་ཡབ་མེས་ལ་སོགས་པ་རྒྱལ་པོ་མང་དུ་བྱོན་ཡང་དུས་འཁོར་བརྒྱུད་པའི་དབང་དུ་མཛད་ནས་ཟླ་བ་བཟང་པོ། ལྷ་དབང་གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག །སྣ་ཚོགས་གཟུགས། ལྷ་དབང་ལྡན་ཏེ་ཆོས་རྒྱལ་བདུན་དང་། དེ་ནས་རིགས་ལྡན་འཇམ་དཔལ་གྲགས་པ། པདྨ་དཀར་པོ། བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། ཕྱག་དམར། ཁྱབ་འཇུག་སྦས་པ། ཉི་མ་གྲགས། ཤིན་ཏུ་བཟང་པོ། རྒྱ་མཚོ་རྣམ་རྒྱལ། རྒྱལ་དཀའ། ཉི་མ། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང་། དཔལ་སྐྱོང་། སེངྒེ། རྣམ་གནོན། སྟོབས་ཆེན། མ་འགག་པ། མིའི་སེངྒེ། དབང་ཕྱུག །མཐའ་ཡས་རྣམ་རྒྱལ། དྲག་པོ་འཁོར་ལོ་ཅན་ཏེ་རིགས་ལྡན་ཉེར་ལྔ་དང་། ཆོས་རྒྱལ་བདུན་དང་བཅས་ན་སོ་གཉིས་ཏེ་དེ་ཐམས་ཅད་ཀྱང་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་ པའོ། །འདི་ལ་བུ་སྟོན་རིན་པོ་ཆེ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། འགོས་ལོ་གཞོན་ནུ་དཔའ་བ། ཆག་ལོ་རིན་ཆེན་ཆོས་རྒྱལ། མཁས་གྲུབ་རིན་པོ་ཆེ། སྟག་ཚང་ལོཙྪ་བ། པཎ་ཆེན་བྱམས་པ་གླིང་པ། ཏཱ་ར་ནཱ་ཐ། བྱང་བ་རིགས་ལྡན་གྲགས་པ་སོགས་དུ་མ་ཞིག་གིས་རྒྱུད་ཀྱི་ཚིག་རིས་འགའ་ཞིག་ལ་བརྟེན་ནས། ཆོས་རྒྱལ་དང་རིགས་ལྡན་དེ་ཐམས་ཅད་ཀྱང་རྒྱལ་སྲིད་ལ་ལོ་བརྒྱ་རེ་བཞུགས་པ་ཤ་སྟག་ཏུ་བཞེད་ལ། ཕུག་པ་ལྷུན་གྲུབ་རྒྱ་མཚོ་ཡབ་སྲས་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ཀྱིས་ནི་དེ་ལྟ་ན་མེ་མཁའ་རྒྱ་མཚོའི་སྒྲུབ་གཞི་མི་འབྱུང་བས་རྒྱུད་འགྲེལ་གྱིི་ལུང་འགའ་ཞིག་ལ་བརྟེན་ནས། རྒྱ་མཚོ་རྣམ་རྒྱལ་གྱིས་བརྒྱ་གྱ་གཉིས་དང་། རྒྱལ་དཀས་ཉིས་བརྒྱ་ཉེར་གཅིག་ཁྲིར་བཞུགས་ཏེ། གཉིས་ཀ་བསྡོམ་པས་བཞི་བརྒྱ་དང་གསུམ་ནི་མེ་མཁའ་རྒྱ་མཚོའི་ཞེས་བཞེད་པས་རང་ལུགས་ནི་ཕྱི་མ་ལྟར་འདོད་དོ། །དེ་ལྟར་ན་དྲག་པོ་འཁོར་ལོ་ཅན་ཐེ་བར་བྱས་ན་ལོ་སུམ་སྟོང་བཞི་བརྒྱའི་སྐོར་ཡིན་ཡང་། ལྷ་དབང་ནས་མཐའ་ཡ ས་རྣམ་རྒྱལ་གྱི་བར་ལོ་སུམ་སྟོང་སུམ་བརྒྱ་དང་། ཟླ་བཟང་གི་ལོ་གསུམ་ཐེ་བར་བྱས་ན་སུམ་སྟོང་སུམ་བརྒྱ་དང་གསུམ་མོ། །རྒྱལ་པོ་རེས་ལོ་བརྒྱ་བརྒྱ་ཤ་སྟག་ཏུ་བཞུགས་པར་བཞེད་པ་ལྟར་ན་ནི། ལྷ་དབང་ནས་མཐའ་ཡས་རྣམ་རྒྱལ་རྫོགས་པའི་བར་ལོ་སུམ་སྟོང་ཆིག་བརྒྱ་ཙམ་མོ། །འོ་ན་ད་ལྟ་རིགས་ལྡན་གང་ཁྲིར་འཁོད་པ་ཡིན་སྙམ་ན། རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའ་གཉིས་ཀྱི་ལོ་བསྡོམས་པས་བཞི་བརྒྱ་དང་གསུམ་བཞུགས་པར་བཞེད་པ་དང་། ཆོས་རྒྱལ་རིགས་ལྡན་རེ་རེ་ལོ་བརྒྱ་རེ་མཉམ་པར་བཞུགས་པར་བཞེད་པའི་དབང་གིས་ད་ལྟ་ཁྲིར་གང་འཁོད་མི་འདྲ་སྟེ། གོང་དུ་དྲངས་པའི་བུ་སྟོན། བླ་མ་དམ་པ། འགོས་ལོ་གཞོན་ནུ་དཔལ་བ་ནས། རིགས་ལྡན་རྣམ་རྒྱལ་གྲགས་པ་སོགས་ཕལ་ཆེར་སྐབས་དེར་རིགས་ལྡན་སྟོབས་ཆེན་རང་དུ་བཞེད། ཕུག་པའི་ལུགས་ལ་རབ་བྱུང་བཅུ་གཅིག་པའི་ཐོག་ཏུ་རིགས་ལྡན་སེངྒེ་ཁྲིར་འཁོད་ནས་མེ་ཡོས་བཅུ་གཉིས་པའི་ཐོག་ཡིན་ལ་ལོ་དྲུག་ཅུ་སོང་གསུང་སྟེ། འོན་ཀྱང་ད་ལོ་ཤིང་བྱི་འདིའི་བར་རབ་བྱུང་བཅུ་གཉིས་པའི་ལོ་དྲུག་ཅུ་རྫོགས་པ་ལ་ཉེ་བས་ད་ལྟ་ནི། རིགས་ལྡན་རྣམ་གནོན་ཁྲིར་འཁོད་པའི་དུས་ཡིན་པར་གསལ་ལོ། །ཇོ་ནང་ཏཱ་ར་ནཱ་ཐས་ནི་ད་ལྟ་དཔལ་སྐྱོང་ཁྲི་ལ་བཞུགས་ཞེས་བཤད་དེ། ཁོང་མཁས་གྲུབ་རིན་པོ་ཆེ་གཤེགས་པའི་རྗེས་ཞ་ལུ་པ་དང་ཆོས་རྗེ་བློ་གྲོས་ཆོས་སྐྱོང་གིས་ཁྲི་མཛད་པའི་ཚེ་བྱུང་བར་མངོན། རྣམ་གནོན་ནས་རིགས་ལྡན་དྲུག་སོང་བ་ན་དྲག་པོ་འཁོར་ལོ་ཅན་འབྱོན་པར་བཤད་དོ། །འཁོར་ལོ་ཅན་གྱི་སྔོན་དུ་རིགས་ལྡན་ཤིན་ཏུ་བཟང་པོའི་དུས་ནས་ཀྱང་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་ཏེ། འཁོར་ལོ་ཅན་གྱི་དུས་སུ་ཀླ་ཀློའི་སྟོན་པ་སྦྲང་རྩིའི་བློ་གྲོས་ཀྱིས་ཀླ་ཀློའི་ཆོས་ལྷག་པར་དར་བར་བྱས་པས་ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་ཐམས་ཅད་ཀླ་ཀློར་གྱུར་པའི་ཚེ་འཁོར་ལོ་ཅན་གྱིས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་འཁོར་དང་སྤྲུལ་པའི་དམག་གིས་ཀླ་ཀློ་རྣམས་བཅོམ་སྟེ་ཐམས་ཅད་ནང་པའི་ཆོས་ལ་བཀོད་ནས་བསྟན་པ་ཉམས་པ་གསོ་བར་མཛད་ཅིང་། ཀླ་ཀློའི་གནས་ཚད་ནི་ལོ་སྟོང་དང་བརྒྱད་བརྒྱའོ། །ཆོས་རྒྱལ་དང་རིགས་ལྡན་གྱི་ཁྱད་པར་ནི། འཇམ་དཔལ་གྱི་སྤྲུལ་པ་རིགས་ལྡན་གྲགས་པས་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་ན་ཡོད་པའི་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རྣམས་འདུལ་བར་དགོངས་ཤིང་། མ་བཏུ ལ་ན་དེ་དག་གི་བུ་བརྒྱུད་ལས་ཀླ་ཀློའི་ཆོས་འབྱུང་བར་མཁྱེན་པ་དང་། དེ་དག་བཏུལ་ན་གཞན་མང་པོ་ཞིག་སྔགས་ལམ་ལ་འཇུག་པར་ཡང་མཁྱེན་ཏེ། དེ་རྣམས་ནི་འཇམ་པོ་ཁོ་ནས་མི་ཐུལ་བར་གཟིགས་ནས་དྲང་སྲོང་རྣམས་བཀུག་ནས་སྨྲས་པ། ཁྱེད་རྣམས་ཀྱིས་རང་རང་གི་ལྟ་བ་ཐ་དད་པ་དང་། མུ་སྟེགས་ཀྱི་ལུགས་ཀྱི་སྤྱོད་པ་ཐ་དད་པ་རྣམས་དོར་ཏེ་རྡོ་རྗེ་ཐེག་པ་ལ་འཇུག་པར་གྱིས་ཤིག །གལ་ཏེ་འཇུག་པར་མི་འདོད་ན་ནི་ཡུལ་གཞན་དུ་སོང་ཞིག་ཅེས་གསུངས་པས། དེ་རྣམས་རྡོ་རྗེའི་ཐེག་པར་འཇུག་མ་འདོད་ནས་འཕགས་ཡུལ་དུ་སོང་བའི་ཞག་བཅུ་པ་ལ་ནགས་ཚལ་ཆེན་པོར་ཞུགས་པའི་ཚེ། རྒྱལ་པོས་དེ་རྣམས་གཉིད་འཐུག་པོས་མནོན་པར་བྱིན་གྱིས་བརླབས་ནས། འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་དག་ལ་བཀའ་བསྒོས་ཏེ་གཉིད་མ་སད་པ་ཁོ་ནར་ནམ་མཁའི་ངོས་སུ་སྐད་ཅིག་གིས་ཁྱེར་ནས་འོངས་ཏེ། ཤམྦྷ་ལའི་ཡུལ་དུ་རྒྱལ་པོ་ཟླ་བ་བཟང་པོས་བཞེངས་པའི་དཀྱིལ་འཁོར་གྱི་ཕྱོགས་སུ་སླེབས་པ་ན་གཉིད་སད་པར་གྱུར་ཏོ། །དེ་ནས་ཐམས་ཅད་ཡ་མཚན་དུ་གྱུར་ཅིང་། བློན་པོ་རྒྱ་མཚོའི་བློ་གྲོས་ཀྱིས་བརྡ་སྦྱར་ཏེ་ཉི་མའི་ཤིང་རྟ་ལ་སོགས་པའི་དྲང་སྲོང་རྣམས་ཀྱིས་གསོལ་བ་བཏབ་པས་དུས་ཀྱི་འཁོར་ལོའི་དཀྱིལ་ཁོར་དུ་བཅུག་ནས་དབང་བསྐུར་སྟེ། རིགས་སྣ་ཚོགས་པ་རྣམས་རྡོ་རྗེའི་ཐེག་པ་ལ་རིགས་གཅིག་ཏུ་མཛད་པས་འཇམ་དཔལ་གྲགས་པ་ཉིད་རིགས་ལྡན་གྱི་ཐོག་མར་གྱུར་ཅིང་། དྲང་སྲོང་རྣམས་ཀྱིས་ཀྱང་རིགས་ལྡན་གྱི་ལམ་གྲུབ་བོ། །རྒྱལ་པོས་སངས་རྒྱས་ཀྱི་ལུང་བསྟན་པ་ལྟར་རྩ་རྒྱུད་ཀྱི་དོན་བསྡུས་པའི་བསྡུས་རྒྱུད་འཕྲེང་འཛིན་གྱི་སྡེབ་སྦྱོར་ཅན་ཤོ་ལོ་ཀ་སྟོང་དང་སུམ་ཅུ་ཡོད་པ་མཛད་དེ། དེ་ཉིད་འཕགས་ཡུལ་དང་བོད་དུ་འགྱུར་ཞིང་རྩ་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ཡོངས་རྫོགས་ཤམྦྷ་ལ་ནས་རྒྱ་བོད་དུ་མ་འགྱུར་ཡང་། མཚན་བརྗོད་ནི་འདིའི་ནང་ནས་ཕྱུང་བར་བཤད་ཅིང་། དབང་མདོར་བསྟན་ཡང་དེ་ལས་ཕྱུང་བར་མངོན་ཏེ་འགྱུར་རོ། །གྲགས་པའི་སྲས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རིགས་ལྡན་པདྨ་དཀར་པོས་རྩ་རྒྱུད་དང་ཡབ་ཀྱིས་མཛད་པའི་བསྡུས་རྒྱུད་ཀྱི་འགྲེལ་པ་ཟུང་འགྲེལ་དྲི་མེད་འོད་ཟེར་བྱ་བ་སྟོང་ཕྲག་བཅུ་གཉིས་པ་མཛད་དེ་འདིར་འགྱུར་རོ། །མེ་མཁའ་རྒྱ་མཚོ་ནས་ལོ་བརྒྱ་དང་གྱ་གཉིས་འདས་པ་མི་ཟད་པ་མེ་ཁྱིར་རྩིས་འགོ་ཟུག །དེ་ཡང་ལོ་བརྒྱ་དང་རེ་གཅིག་འདས་པའི་མེ་ཡོས་དེ་རྩིས་འགོ་ཟུག་ནས་མེ་ཡོས་གསུམ་པའི་ཐོག་ཡིན་ལ། ཕུག་ལུགས་ལ་རབ་བྱུང་འདི་ཁོངས་སུ་དུས་ཀྱི་འཁོར་ལོ་ཤམྦྷ་ལ་ནས་འཕགས་ཡུལ་དུ་ཕེབས་པ་ཡིན་ཞེས་བཤད་ཅིང་། སྤྱན་འདྲེན་མཁན་དང་ཕེབས་པའི་དུས་ལ་ནི་རྭ་འབྲོ་གཉིས་ཀྱི་ལུགས་ཅུང་ཟད་རེ་མི་འདྲ་བ་སྣང་སྟེ། འབྲོ་ལུགས་ལ་ནི་རིགས་ལྡན་དུ་ཞབས་པ་ཆེ་བ། ཆུང་བ། བྷོ་དྷི་བྷ་དྲ། ཟླ་མགོན། ལྷ་རྗེ་སྒོམ་སོགས་དང་། རྭ་ལུགས་ནི། ཙི་ལུ་པ། པིཎྜོ་ཨཱ་ཙཪྱ། དུས་ཞབས་པ་སོགས་འདྲེན་ཏེ་དུས་ཞབས་པ་ཆེ་བ་དང་། ཙི་ལུ་པ་གཉིས་གང་གིས་ཐོག་མར་དུས་འཁོར་ཤམྦྷ་ལ་ནས་འཕགས་ཡུལ་དུ་སྤྱན་དྲངས་པ་མི་མཐུན་ནོ། །དེ་ནས། ལོ་ཙཱ་བ་གྱི་ཇོ། ཁྲམ་ལོ་ཙཱ་བ། འབྲོ་ཤེས་རབ་གྲགས་སོགས་ལོ་ཙཱ་བ་མང་པོས་དུས་ཀྱི་འཁོར་ལོའི་རྒྱུད་དང་འགྲེལ་པ་བོད་སྐད་དུ་བསྒྱུར་ནས་དར་བར་མཛད་དོ། །འབྲོ་ལུགས་ལ་ནི་རབ་བྱུང་ཐོག་མ་དེར་པཎྜི་ཏ་ལ་མགོན་གྱིས་དུས་འཁོར་བོད་དུ་སྤྱན་དྲངས་ཞེས་བཞེད་ཅིང་། ཕུག་ལུགས་ལ་དུས་ཀྱི་འཁོར་ལོ་འཕགས་ཡུལ་དུ་ཕེབས་པའི་དུས་ནི་གོང་དུ་བཤད་པ་ལྟར་ཡིན་ཀྱང་། གཡའ་སེལ་ལས། བྱིངས་མངས་ཐམས་ཅད་རབ་བྱུང་ཐོག་མར་འཕགས་ཡུལ་དུ་ཕེབས་པར་བཞེད་བཞིན་དུ་ཞེས་བཤད་པས་ཕེབས་ལོ་ལ་མི་འདྲ་བ་ཡོད་དོ། །དེས་ན་ཁ་ཅིག་རབ་བྱུང་ཐོག་མ་ནི་དུས་འཁོར་འཕགས་ཡུལ་དུ་ཕེབས་པ་ནས་རྩིས་ཟེར་ཡང་དོན་ལ་མེ་སྟག་གི་མཇུག་ཏུ་གཟའ་སྐར་རྣམ་སྟོང་པར་ཞུགས་ཏེ། མེ་ཡོས་ཀྱི་ཐོགས་མར་སླར་གཟའ་སྐར་གྱི་འགོ་བརྩམས་པའི་དབང་དུ་མཛད་པ་སྟེ། ལོ་དེའི་གསུམ་པའི་ཚེས་གཅིག་ལ་ནི་གཟའ་ཉི་མ་དང་སྐར་མ་ཐ་སྐར་འཆར་རོ། །དུས་འཁོར་ནས་རྒྱུད་སྡེ་གཞན་དང་བཤད་སྲོལ་མི་འདྲ་བ་མང་དུ་མཛད་ཅིང་། ལྷའི་མངོན་རྟོགས་སྒོམ་ཚུལ་དང་རྫོགས་རིམ་གྱི་སྐོར་སྦྱོར་དྲུག་གི་ཉམས་ལེན་རྣམས་སྔོན་དར་བ་བྱུང་འདུག་ཀྱང་ད་ལྟ་ནི་དེ་ཙམ་མི་གསལ་ལ། འཇིག་རྟེན་ཁམས་ལེ་སོགས་ནས་བཤད་པའི་རྩིས་ཀྱི་ཚུལ་ནི་ཕྱོགས་ཀུན་ཏུ་དར་རོ། །དེ་ལ་ཡང་སྔོན་གྱི་མཁས་པ་དག་གི་བཞེད་པ་ལ་འདྲ་མི་འདྲ་སྣ་ཚོགས་བྱུང་ཡང་མཆོག་ཏུ་གྱུར་པ་ནི་ཕུག་པ་ཡབ་སྲས་ནས་བརྒྱུད་པའི་ལུགས་བཻ་དཀར་སོགས་ནས་བཤད་པ་ལྟར་ཏེ། འདི་ལ་ཡང་བྱེད་རྩིས་དང་གྲུབ་རྩིས་གཉིས་སོ། །ཚུལ་འདིར་ཁོ་བོས་ཕྱོགས་ཙམ་ཞིག་སྦྱངས་པའི་ལག་རྗེས་ཐོར་བུ་འགའ་ཞིག་ནི་གཞན་དུ་བྲིས་ཟིན་ལ། གཞུང་འདིའི་དོན་ཕྲ་མོའི་གནད་ཀུན་ལ་ངེས་པ་གཏིང་མ་ཕྱིན་པས་དགོད་པར་མི་འོས་ཀྱང་རང་འདོད་དང་གཞན་འགའ་རེ་ལ་ཕན་ཁྱད་མཁས་པའི་གཞུང་ནས་འབྱུང་བའི་རྩིས་ཀྱི་ཚུལ་འགའ་ཞིག་བརྗོད་པར་བྱའོ། །འདི་ལ་ལྔ། ཐོག་མར་རྩིས་ལ་མཁོ་བའི་མངོན་བརྗོད། དགུ་མཐའ། གྲུབ་རྩིས་ལྔ་བསྡུས་ཀྱི་སྐོར། སྒྲ་གཅན་དང་བྱེད་རྩིས་ལྔ་བསྡུས་དང་གཟའ་འཛིན་གྱི་སྐོར། དུས་སྦྱོར་གྱི་སྐོར། མགྱོགས་རྩིས་མཚོན་ཙམ་མོ། དང་པོ་ལ་མངོན་བརྗོད་དང་དགུ་མཐའ་གཉིས་ཀྱི་སྔ་མ་ནི། ༈ །ཟླ་བ་གཟུགས་དང་འོད་དཀར་ཅན། །བསེ་རུ་རི་བོང་ཅན་སོགས་གཅིག །འཁྲིག་བགྲོད་མཚེ་མ་ཐབས་ཤེས་དང་། ལག་མི་གཟུང་རྣམས་གཉིས་ཀྱི་མིང་། །འཇིག་རྟེན་ཚ་བ་རྩེ་མོ་མེ། །ཡོན་ཏན་སྲིད་པ་གསུམ་གྱི་མིང་། །རྒྱ་མཚོ་ཆུ་བོ་རིག་བྱེད་དང་། བདུད་དང་སྡེ་བ་ཆུ་གཏེར་བཞི། །འདོད་ཡོན་ཉེར་སྤྱོད་དབང་པོ་དང་། མདའ་དང་འབྱུང་བ་ལྔ་ཡི་མིང་། །རོ་དུས་མཚམས་དང་བྲོ་བ་དང་། །རྒྱན་དང་བཟང་པོ་དྲུག་ཏུ་གྲགས། །རིན་ཆེན་ས་འཛིན་ཐུབ་པ་དང་། །རི་བོ་དྲང་སྲོང་གཟའ་རྟ་བདུན། །བཀྲ་ཤིས་ལྷ་ཀླུ་ནོར་ལྷ་དང་། །གདེངས་ཅན་སྲིད་པ་ལྟོ་འགྲོ་བརྒྱད། །རྩ་སྒོ་སྲིན་པོ་བུ་ག་དང་། །གཏེར་རྣམས་དགུ་ཡི་མིང་ཡིན་ལ། །ཁྲོ་བོ་འབྱོར་བ་ཕྱོགས་འཇུག་པ། །སྟོབས་དང་སོར་མོ་བཅུ་རུ་འདོད། །བདེ་བྱེད་བདེ་འབྱུང་དབང་ཕྱུག་དང་། །དྲག་པོ་བྱེད་པ་བཅུ་གཅིག་མིང་། །ཉི་མ་རྟེན་འབྲེལ་ཁྱིམ་བཅུ་གཉིས། །འདོད་པ་ལུས་མེད་གདུགས་བཅུ་གསུམ། །སྲིད་ཡིད་མ་ནུ་བཅུ་བཞིའི་མིང་། །ཚེས་དང་ཉིན་ཞག་བཅྭོ་ལྔར་གྲགས། །མི་བདག་རྒྱལ་པོ་བཅུ་དྲུག་ལ། །སྐྱོན་དང་ཉེས་པ་ཁམས་བཅྭོ་བརྒྱད། །རྒྱལ་བ་ཡུལ་ནི་ཉེར་བཞིའི་མིང་། །འཁོར་ལོ་སྐར་མ་ཉེར་བདུན་ལ། །སོ་དང་གཉིས་སྐྱེས་སོ་གཉིས་མིང་། །སྟོང་པ་ནམ་མཁའ་ཐིག་ལེ་སྟེ། །གྲངས་ལ་མཁོ་བ་དེ་ཙམ་མོ། །གཉིས་པ་ལ། དེ་ནས་དགུ་མཐའ་ངེས་པ་ནི། །དགུ་གཅིག་གཅིག་དགུ་དགུ་རང་ལ། །དགུ་གཉིས་གཉིས་དགུ་བཅྭོ་བརྒྱད་ཡིན། །དགུ་གསུམ་གསུམ་དགུ་ཉི་ཤུ་བདུན། །དགུ་བཞི་བཞི་དགུ་སུམ་ཅུ་དྲུག །དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ། །དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི། །དགུ་བདུན་བདུན་དགུ་དྲུག་ཅུ་གསུམ། །དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས། །དགུ་དགུ་བརྒྱད་ཅུ་གྱ་གཅིག་གོ །བརྒྱད་གཅིག་གཅིག་བརྒྱད་བརྒྱད་རང་ཡིན། །བརྒྱད་གཉིས་གཉིས་བརྒྱད་བཅུ་དྲུག་ལ། །བརྒྱད་གསུམ་གསུམ་བརྒྱ་ཉི་ཤུ་བཞི། །བརྒྱད་བཞི་བཞི་བརྒྱད་སུམ་ཅུ་གཉིས། །བརྒྱད་ལྔ་ལྔ་བརྒྱད་བཞི་བཅུ་ཐམ། །བརྒྱད་དྲུག་དྲུག་བརྒྱད་བཞི་བཅུ་བརྒྱད། །བརྒྱད་བདུན་བདུན་བརྒྱད་ལྔ་བཅུ་དྲུག །བརྒྱད་བརྒྱད་དྲུག་ཅུ་རེ་བཞིའོ། །བརྒྱད་དགུ་དགུ་བརྒྱད་བདུན་ཅུ་གཉིས། །བདུན་གཅིག་གཅིག་བདུན་བདུན་རང་ཡིན། །བདུན་གཉིས་གཉིས་བདུན་བཅུ་བཞི་ལ། །བདུན་གསུམ་གསུམ་བདུན་ཉི་ཤུ་གཅིག ། །བདུན་བཞི་བཞི་བདུན་ཉི་ཤུ་བརྒྱད། །བདུན་ལྔ་ལྔ་བདུན་སུམ་ཅུ་ལྔ། །བདུན་དྲུག་དྲུག་བདུན་བཞི་བཅུ་གཉིས། །བདུན་བདུན་བཞི་བཅུ་ཞེ་དགུ་ལ། །བདུན་བརྒྱད་བརྒྱད་བདུན་ལྔ་བཅུ་དྲུག །བདུན་དགུ་དགུ་བདུན་དྲུག་ཅུ་གསུམ། །དྲུག་གཅིག་གཅིག་དྲུག་དྲུག་རང་ཡིན། །དྲུག་གཉིས་གཉིས་དྲུག་བཅུ་གཉིས་ལ། །དྲུག་གསུམ་གསུམ་དྲུག་བཅྭོ་བརྒྱད་དེ། །དྲུག་བཞི་བཞི་དྲུག་ཉི་ཤུ་བཞི། །དྲུག་ལྔ་ལྔ་དྲུག་སུམ་ཅུ་ཐམ། །དྲུག་དྲུག་སུམ་ཅུ་སོ་དྲུག་སྟེ། །དྲུག་བདུན་བདུན་དྲུག་བཞི་བཅུ་གཉིས། །དྲུག་བརྒྱད་བརྒྱད་དྲུག་བཞི་བཅུ་བརྒྱད། །དྲུག་དགུ་དགུ་དྲུག་ལྔ་བཅུ་བཞི། །ལྔ་གཅིག་གཅིག་ལྔ་ལྔ་རང་ལ། །ལྔ་གཉིས་གཉིས་ལྔ་བཅུ་ཐམ་པ། །ལྔ་གསུམ་གསུམ་ལྔ་བཅྭོ་ལྔ་ལ། །ལྔ་བཞི་བཞི་ལྔ་ཉི་ཤུ་ཐམ། །ལྔ་ལྔ་ཉི་ཤུ་རྩ་ལྔ་ལ། །ལྔ་དྲུག་དྲུག་ལྔ་སུམ་ཅུ་ཐམ། །ལྔ་བདུན་བདུན་ལྔ་སུམ་ཅུ་ལྔ། །ལྔ་བརྒྱད་བརྒྱད་ལྔ་བཞི་བཅུ་ཐམ། །ལྔ་དགུ་དགུ་ལྔ་བཞི་བཅུ་ལྔ། །བཞི་གཅིག་གཅིག་བཞི་བཞི་རང་ཡིན། །བཞི་གཉིས་གཉིས་བཞི་བརྒྱད་དུ་འདོད། །བཞི་གསུམ་གསུམ་བཞི་བཅུ་གཉིས་ཏེ། །བཞི་བཞི་དག་ལ་བཅུ་དྲུག་གོ །བཞི་ལྔ་ལྔ་བཞི་ཉི་ཤུ་ཐམ། །བཞི་དྲུག་དྲུག་བཞི་ཉི་ཤུ་བཞི། །བཞི་བདུན་བདུན་བཞི་ཉི་ཤུ་བརྒྱད། །བཞི་བརྒྱད་བརྒྱད་བཞི་སུམ་ཅུ་གཉིས། །བཞི་དགུ་དགུ་བཞི་སུམ་ཅུ་དྲུག །གསུམ་གཅིག་གཅིག་གསུམ་གསུམ་རང་ཡིན། །གསུམ་གཉིས་གཉིས་གསུམ་དྲུག་ཡིན་ལ། །གསུམ་གསུམ་དགུ་རུ་འདོད་པ་ཡིན། །གསུམ་བཞི་བཞི་གསུམ་བཅུ་གཉིས་ལ། །གསུམ་ལྔ་ལྔ་གསུམ་བཅོ་ལྔ་སྟེ། །གསུམ་དྲུག་དྲུག་གསུམ་བཅྭོ་བརྒྱད་དོ། །གསུམ་བདུན་བདུན་གསུམ་ཉི་ཤུ་གཅིག །གསུམ་བརྒྱད་བརྒྱད་གསུམ་ཉི་ཤུ་བཞི། །གསུམ་དགུ་དགུ་གསུམ་ཉི་ཤུ་བདུན། །གཉིས་གཅིག་གཅིག་གཉིས་གཉིས་རང་ཡིན། །གཉིས་གཉིས་བཞི་སྟེ་གཉིས་གསུམ་དྲུག །གཉིས་བཞི་བཞི་གཉིས་བརྒྱད་ཡིན་ལ། །གཉིས་ལྔ་ལྔ་གཉིས་བཅུ་ཐམ་པ། །གཉིས་དྲུག་དྲུག་གཉིས་བཅུ་གཉིས་ཏེ། །གཉིས་བདུན་བདུན་གཉིས་བཅུ་བཞི་ལ། །གཉིས་བརྒྱད་བརྒྱད་གཉིས་བཅུ་དྲུག་སྟེ། །གཉིས་དགུ་དགུ་གཉིས་བཅྭོ་བརྒྱད་དོ། །གཅིག་གཅིག་གཅིག་གཉིས་ལ་སོགས་ཏེ། གཅིག་གིས་བསྒྱུར་ལ་མང་ཉུང་མེད། །འདྲི་དང་བགྲང་བ་གཡས་ནས་ཏེ། །བསྒྱུར་དང་བགོད་པ་གཡོན་ནས་བྱ། །སྒྱུར་བྱེད་མཐའ་ཡི་ཐིག་ལེ་རྣམས། །བསྒྱུར་བྱ་དེ་ཡི་གྲལ་མཐར་དགོད། །བསྒྱུར་བྱ་སྟོང་ན་བསྒྱུར་རྒྱུ་མེད། །སྒྱུར་བྱེད་སྟོང་ན་བསྒྱུར་གཞི་དབྱི། །བགོ་བྱེད་མཐའ་དབུས་ཐིག་ལེ་ནི། །རང་གནས་འཛིན་ལས་བགོ་ནུས་མེད། །ཐིག་ལེ་གྲལ་མགོར་འབྱུང་མི་སྲིད། །མ་ཐོབ་ནོར་སྐལ་ཐིག་ལེ་བྱིན། །རྐྱང་བགོད་ཅི་ཙམ་ཐོབ་པ་ཁྱེར། །སྦྲགས་འགོད་འོག་མའི་ཚོད་དང་སྦྱོར། །གཟའ་དང་བྱེད་པའི་འཁོར་ལོ་བདུན། །སྐར་སྦྱོར་གཉིས་ནི་ཉེར་བདུན་ནོ། །ཐོབ་ནོར་གང་ཡིན་གོང་མར་བསྲེ། །གནས་གོང་ཐོབ་ནོར་ཕལ་ཆེར་དོར། །བསྲེ་བ་སྟེར་བ་སྦྱིན་པ་དང་། །བསྣན་པ་བསྣོན་པ་ལྡན་སོགས་གཅིག །འཕྲི་དང་སྦྱངས་དང་འཕྲོག་པ་དང་། །འཕྲལ་དོར་དམན་པ་བུ་ལོན་འགྱུར། །དབེན་པ་ལ་སོགས་དོན་གཅིག་འདོད། །བསྒྱུར་དང་བསྣུན་དང་སྤེལ་བ་དང་། །བསྒྲེས་དང་གསིལ་སོགས་དོན་གཅིག་གོ །བགོ་དང་ཕྱེ་དང་བསལ་བ་དང་། །བཅད་པ་འདི་བཞི་དོན་གཅིག་འདོད། །ཕྱིས་པ་བསུབས་པ་དབྱི་བ་དང་། །དོར་བ་རྣམས་ནི་དོན་གཅིག་གོ །རྙེད་པ་ཐོབ་པ་ནོར་དང་གསུམ། དོན་གཅིག་མིང་གི་རྣམ་གྲངས་སོ། །དགུ་ཟླའི་རྗེས་སུ་བློ་སྦྱང་ཆེད། །འདྲ་བསྒྱུར་འདྲ་བགོད་དག་ལ་སྦྱོང་། །མཚོན་ཙམ་དེ་སྐད་གཞན་ངོར་སྨྲས། །གཉིས་པ་ལྔ་བསྡུས་སྐོར་ནི་བཻ་དཀར་ལྟར་གྲུབ་རྩིས་ལ་ནི། མེ་ཡོས་ལ་སོགས་འདས་པའི་ལོ། །ཉི་མས་༡༢བསྒྱུར་ལ་ནག་པ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་བཞག །འོག་མ་མིག་༢བསྒྱུར་ཚེས་༡༥ཀྱིས་བརྒྱན། །དབང་༦༥མཚམས་ཀྱིས་ཐོབ་སྟེང་དུ་འཕང་། །ཟླ་བ་རྣམས་པར་དག་པའོ། ༈ །ཟླ་བ་དག་པ་གནས་ལྔ་བཀོད། །གཟུགས་༡ དང་གཟུགས་༣༡མེ་མཁའ་༥༠མདབ་ཐིག ། མཁའ་ཀླུ་༤༨༠ཆུ་ཡིས་བསྒྱུར་བ་ལ། །ཐིག་ཕྱོགས་༡༠༠རི་དབང་༥༧ལག་༢ པ་དང་། །མིག་བུག་༦༩༢ དུས་ཀྱིས་བརྒྱན་པར་བྱ། །རི་མཁའ་༧༠༧རི་དང་དུས་༦མཁའ་༦༠རོ། །ཐིག་༦༠མཚམས་ཐུབ་༧པས་དོར་ལྷག་གཟའ། ༈ །ཟླ་བ་དག་པ་གནས་ལྔ་སྟེ། །མིག་༢ཕྱོགས་༡༠ཀླུ་༨དབང་༥གཟུགས་༢དང་ནི། །རི་གཟུགས་༡༧ཀྱིས་བསྒྱུར་༦དུས་མིག་དང་། །བུག་ལག་༢༧དུས་༤༦མཚོ་རྩེ༣་མོ་དང་། རི་ལག་༢༧ གིས་བརྒྱན་རི་རོ་༦༧དུས༦། །མཁའ་༦༠རོ་མཁའ་རོ་༦༠ འཁོར་ལོས་དོར༢༧། །ཉི་མའི་དྷྲུ་བ་རྣམ་པར་དག །སྔ་དྷྲུར་རང་རང་བསྒྱུར་བྱེད་བྱིན། །ཕྱི་མའི་དྷཱུ་བ་རིམ་གྱི་འཆར། ༈ །ཟླ་དག་གནས་གསུམ་སྟེང་མ་མིག༢། །འོག་མ་གཟུགས་༡ཀྱིས་བསྒྱུར་བ་ལ། །རིལ་པོར་སྐྱོན་༦༨དང་ཆར་མེ་རྩེ༣༣། །བྱིན་ལ་དུས་༢༦ཁྱིམ་ནོར་ལག་༢༨གིས། །བསྒྲིལ་བས་ཆ་རིལ་དྷྲུ་བ་འགྲུབ། ༈ །བསྒྱུར་བྱེད་བྱིན་པས་ཕྱི་མ་འཆར། ༧ །ཉིན་རེའི་རྩིས་ལ་འཇུག་པའི་ཕྱིར། །གཟའ་དྷྲུར་ཆུ་ཚོད་བུག༥༧་མངའ་དང་། །སྲར་ཡོན་༢དབུགས་༤ཆུ་ཆ་མིག་བདག༢༦། ཉི་དྷུར་དབྱུག་༤མཚོ་ཟླ་ཟུང་༢༡སྲང་། །དབུགས་འབྱུང་༥མེ་༤༣ཆུའི་ཆ་ཤས་ཏེ། །ཚེས་བསྒྱུར་བྱིན་པས་གཟའ་དང་ཉི། །གཉིས་ཀའི་བར་བ་འགྲུབ་པ་སྟེ། ༈ །རིལ་པོར་ཚེས་༡༤བསྲེས་ཡིད་ཀྱིས་བགོ །རྙེད་ནོར་གཟུགས་མེ་མི་མཉམ་ཞིང་། །ཐིག་མིག་༢མཚོ་༤རྣམས་མཉམ་ པའོ། །ལྷག་དེས་ཟླ་བའི་རྐང་པ་བཟུང་། །དབང་༥འབྱུང་༥ མདའ་༥ ཆུ་༤ཡོན་༣འཁྲིག་༢ གཟུགས༡། །ལྡོག་པ་དང་བཅས་༡༤ཡིད་ཀྱི་གནས། །སྔ་རྐང་ཟོས་ཟིན་སྡོམ་བྱ་ཞིང་། །ཕྱི་རྐང་ལ་ནི་ཟ་རྒྱུ་སྡོམ། ༈ །དེ་ཡང་ཐོག་མར་གོ་བདེའི་ ཕྱིར། །གཡོན་ཕྱོགས་གྲངས་ཀྱི་རི་མོ་སྟེ། །བསེ་༡རུ་འདོད་པ་༡༣ངག་ལ་མདའ༥། །ཟུང་༢དང་ཁྱིམ་༠༣ལ་ཕྱོགས་༠༠སྡོམ་ཞིང་། །མེ་༣དང་དྲག་༡༡པོར་ཚེས་༠སྔོས་ལ། །རྒྱ་མཚོ་༤ཕྱོགས་༡༠ལ་བུ་༡༠ག་གཟུགས། །མདའ་༥ དང་བུ་གར་༧ལག་༢༢མིག་སྟེ། །རོ་༦ དང་ནོར་༨ལ་རྒྱལ་བ་༼་༽ ཡིན། །དྲང་༧སྲོང་དེ་ཉིད་༢༥ སྟོང་༠ལ་སྟོང་༠། །རྐང་བཟུང་གདོང་མས་ཆ་ཤས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །༡༢༦དུས་ཁྱིམ་ཐོབ་པ་ཡང་དག་རྒྱུ། །ལྷག་མ་༥༠ མཁའ་རོས་བསྒྱུར་ཐོབ་སྲང་། །ཡང་ལྷག་རོས་བསྒྱུར་དབུགས་ཡིན་ཏེ། །སླར་ལྷག་རི་༼༧་༽མཁའ་རིས་བསྒྱུར་བར། །༡༢༨༡༽དུས་ཁྱིམ་ཐོབ་པ་རྣམ་པར་དག །ཡང་དག་རྒྱུ་བའི་ཆུ་ཚོད་དེ། །སྔ་རྐང་བསྣན་ལ་ཕྱི་རྐང་ཕྲི། །དེ་ནི་གཟའ་བར་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །༧ ཉི་བར་གནས་གཉིས་གཅིག་ལ་ནི། །སྐར་མཚམས་༦ཆུ་ཚོད་༤༥འབྱུང་ཆུས་སྦྱངས། །མ་ལྡངས་འཁོར་༢༧ལོ་བསྣན་ལ་སྦྱངས། །སྦྱངས་ཤུལ་འདོད་པ་མཁའ་༤༠མེ་དེ། །ལོངས་ན་དོར་ལ་ལྷག་མ་ནི། །མཁའ་༦༠རོས་བསྒྱུར་ལ་ཆུ་ཚོད་བཅུག །འབྱུང་མེ་༡༣༥ ཟླས་ཐོབ་ཉི་རྐང་བཟུང་། །རོ་མཚོ་བསེ་རུ་༡སྔ་རྐང་ཏེ། །ལྡོག་པ་དང་བཅས་༨ དུས་ཀྱི་གནས། །སྔ་ཕྱིར་ཟོས་དང་མ་ཟོས་ སྡོམས། །གཡོན་གྲངས་གཟུགས་༡མདའ་༥ དག་ལ་དུས༦། །མིག་༢ཆུ་༤ ཕྱོགས་༡༠ལ་མེ་༣དྲག་༡༡ སྡོམ། །སྟོང་༠ལ་སྟོང་པ་༠ རྣམ་པར་དག །རྐང་བཟུང་གདོང་མས་ལྷག་རྣམས་བསྒྱུར། །མ་ཟིན་ཚེ་ན་དང་པོས་བསྒྱུར། །འབྱུང་མེ་ཟླས་༡༣༥ཐོབ་ཡང་རྒྱུ་ཡིན། །ལྷག་མ་མཁའ་༦༡རོས་བསྒྱུར་ཐོབ་སྲང་། །དུས་༦བསྒྱུར་དབུགས་སུ་ཤེས་པ་སྟེ། །རི་རོས་༨༧ བསྒྱུར་ཐོབ་ཆ་ཤས་ཡིན། །སྔ་རྐང་བསྣན་ལ་ཕྱི་རྐང་ཕྲི། །གཟའ་དང་ཉི་མའི་ལོངས་སྤྱོད་དུ། །འདེད་༡༣པ་༢༠མཁའ་མེ་དོར་བ་ན། །བསྣན་ལ་མ་དོར་ཕྲི་བ་སྟེ། །གཟའ་དང་ཉི་མ་དག་པ་ཡིན། །༧ ཟླ་སྐར་ཆེད་ལ་ཉི་དག་གཅིག །ཆུ་ཚོད་མཚོ་དབང་༥༠༤ཚེས་བསྒྱུར་བྱིན། །ཚེས་འཁྱུད་ཟླ་བའི་སྐར་མ་དག །དེ་ལ་གཟའ་ལོངས་མན་གྱིས་སྦྱངས། །རེ་གྲོགས་ཟླ་སྐར་ལྷོ་བྱང་གི་ཉི་མའི་ཁྱིམ་བགྲོད་ཀྱི་ཉི་རྐང་། པ་ཡིན། ༈ །ཉི་ཟླ་བསྲེས་པས་སྦྱོར་བ་འགྲུབ། ༧ །བྱེད་པ་ཚེས་གྲངས་འཁྲིག་༢པས་བསྒྱུར། །༡གཟུགས་དམན་རི་ཡིས་༧ བགོས་པའི་ལྷག །ཕྱི་ཆའི་བྱེད་པ་ཡིན་པ་སྟེ། །གཟའ་ཚེས་སྐར་སྦྱོར་བྱེད་པ་ལྔ། །ཡན་ལག་ལྔ་རུ་བཞེད་པ་ ཡིན། །ཅེས་སོ། །གསུམ་པ་སྒྲ་གཅན་གྱི་བུལ་བ་བྱེད་རྩིས་ལྔ་བསྡུས་དང་གཟའ་འཛིན་གྱི་སྐོར་རྣམས་ལས་དང་པོ་ནི། ཟླ་བ་རྣམ་པར་དག་པ་ལ། །བུ་ག་ནམ་མཁའ་༢༠༧འཁྲིག་པ་བྱིན། །མཁའ་མེས་༣༠ བསྒྱུར་ལ་གང་རྩི་ཡི། །ཚེས་གྲངས་བསྲེས་ལ་གནས་ལྔ་བཞག །༠༠ ༡༤ ༠ ༡༢སྟེང་ནས་རིམ་བཞིན་འདིས་བསྒྱུར་ལ། །མེ་མིག་རོ་སྲང་མཁའ་༨༠ རོ་དང་། །ཐིག་༨༠མཚམས་འཁོར་ལོས་དོར་བའི་ལྷག །བསོད་ནམས་ལྡན་པའི་བུམ་པ་དག ། །དེ་ཡིས་འཁོར་ལོར་ཕྲི་བས་གདོང་། །གནས་པའི་སྐར་དང་ལོངས་སྤྱོད་ཤར། །དེ་ལ་༡༣ ༣༠འཁོར་ཕྱེད་སྟེར་རམ་དམན། །མཇུག་གམ་དུས་མེ་རྣམ་པར་དག །ཅེས་སོ། །¡Cགཉིས་པ་ལ་གཉིས། བྱེད་པའི་ལྔ་བསྡུས་བཤད་པ་དང་། དེ་ལ་བརྟེན་པའི་གཟའ་འཛིན་ཉིད་བཤད་པའོ། །དང་པོ་ནི། བཻ་དཀར་ལུགས་ཀྱི་གཟའ་འཛིན་ནི། །བྱེད་རྩིས་དང་སྦྱར་དེ་ལུགས་ཀྱི། །གཟའ་འཛིན་བརྟག་ལ་བྱེད་པ་ཡི། །ལྔ་བསྡུས་ཚུལ་ནི་ཤེས་འདོད་པས། །མེ་ཡོས་ལ་སོགས་འདས་པའི་ལོ། །ཉི་མའི་༡༢བསྒྱུར་ལ་ནག་པ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་བཞག །འོག་མ་མིག་༼༤༢༽བསྒྱུར་བུག་༡༧ཟླ་བསྣན། །མདའ་༦༠རོས་ཐོབ་པ་ཟླ་དག་གོ །དེ་ཉིད་འཕར་ན་ལུགས་འདིར་བཤོལ། །ཟླ་དག་གནས་གསུམ་སྟེང་རིམ་བཞིན། །¡C༡བསེ་རུ་ཟླ་༣༡མེ་མཁའ་༥༠༽བྱུང་བསྒྱུར། །སྙེང་ནས་ནམ་མཁའ་ཆུ་ཚོད་མིག༢ །ཕྱོགས་ཀྱིས་༡༠ཕྲི་ལ་༦༠མཁའ་རོ་གཉིས། །ཐུབ་པས་དོར་ལྷག་གཟའ་དྷཱུའོ། །ཟླ་དག་གནས་གཉིས་སྟེང་མ་མིག༢ །འོག་མ་གཟུགས་༡ཀྱིས་བསྒྱུར་བ་ལ། །རིལ་བུག་༧ཆ་ཤས་༢༧རྩ་རི་ཕྲི། །དུས་༡༧ཁྱེམ་ཀླུ་ལག༢༨་དོར་བའི་ལྷག། སྟེང་འོག་རིལ་ཆའི་དྷཱུ་བའོ། །ཟླ་དག་གནས་ལྔ་ཏེང་རིམ་བཞིན། །མིག་༢ཕྱོགས་༡༠ ཀླུ་དབང་༥༨ལག་༢ ཕྱོགས་༡༠བསྒྱུར། སྐར་གནས་༢༦དུས་མིག་ཆུ་ཚོད་དུ།། མཚོ་དབང་༥༤ཆུ་མིག་༢༤ ཆུ་སྲང་ཡིན། །དབུགས་མེ་༣ཆ་ཤས་བུ་གས་༧ ཕྲ།ི། འདོད་༡༣༨ རོ་མཁའ་༦༠ རོ་ཐིག་རོ་༦༠དང་། །འཁོར་ལོས་༢༧ དོར་ལྷག་ཉི་དྷྲུའོ།། ཀུན་ལ་སྦྱང་བར་མ་ལྡང་ན། །སོ་སོའི་འཁོར་ལོ་བསྣན་ལ་སྦྱངས། །སྔར་དྷྲུར་རང་རང་སྒྱུར་བྱེད་བྱིན། །ཕྱི་མའི་དྷྲུ་བ་རིམ་བཞིན་འཆར། །༧ དེ་ནས་ཉིན་རྩིས་བྱ་བ་ལ། །གཟའ་དྷྲུར་ཆུ་ཚོད་རྩ་དབང་དང་། །སྲང་ཡོན་༣དབུགས་ཆུ་༤ ཆ་ཐིག་༠ལེ།། ཉི་དྷཱུར་དབྱུག་༧་མཚོ་ཟླ་ཟུར་སྲང་། །དབུགས་འབྱུང་ཆ་ཤས་བུ་ག་རྣམས།། ཚེས་ཀྱིས་བསྒྱུར་རམ་རྟག་ལོངས་དག །སོ་སོར་བྱིན་པས་གཟའ་ཉི་གཉིས།། བར་པ་འགྲུབ་བོ་ཟླ་རྐང་ཆེད། །རིལ་པོར་ཚེས་བསྲེས་༡༤ཡིད་ཀྱིས་བགོ །ཐོབ་ནོར་༡ཟླ་ཡོན་༣མི་མཉམ་ཞིང་། །མཁའ་༠ལག་༢རིག་༤བྱེད་མཉམ་པའོ། །ལྷག་མས་ཟླ་བའི་རྐང་པ་བཟང་། །དབང་༥འབྱུང་༥མདའ་༥ཅུ༢་ཡོན་༣འཁྲིག་༢ གཟུགས༤། །ལྡོག་པ་དང་བཅས་བཅུ་བཞིའི་གནས། །སྔ་ཕྱིར་ཟོས་དང་མ་ཟོས་སྡོམ། །བསེ་༡རུ་འདོད་༡༣པ་ངག་ལ་དབང་༥། །ཟུང་༢དང་ཁྱིམ་༡༢ལ་ཕྱོགས་༡༠ སྡོམ་ཞིང་། མེ་༣དང་དྲག་༡༡ པོར་ཚེས་༡༥ སྡོམ་སྟེ། །རྒྱ་༤མཚོ་ཕྱོགས་༡༠ལ་བུ་ག་༡༧གཟུགས། །དམའ༥་དང་བུ་༧གར་ལག་༢༢མིག་སྟེ། །རོ་༦དང་ནོར་༦ལ་རྒྱལ་པོ་༡༤ ཡིན། །དྲང་༤སྲོང་དེ་ཉིད་༢༥ སྟོང་ལ་༠སྟོང་༠། །རྐང་བཟུང་གདོང་མས་ཆ་ཤས་བསྒྱུར། །མ་ཟིན་རྐང་པ་དང་པོར་བསྒྱུར། །༤༢༥དུས་ཁྱིིམ་ཐོབ་པ་ཡང་དག་རྒྱུ། །ལྷག་མ་མཁའ་༦༠རོས་བསྒྱུར་ཐོབ་སྲང་། །དུས་དབུགས་འདོད་༡༣བསྒྱུར་བགོས་ཐོབ་ཆ། །ལྷག་མེད་འདོད་ན་༡༤ མ་ནུའོ། །རང་གི་སྔ་རྐང་ཡང་རྒྱུ་བསྣན། །ཕྱི་རྐང་རིམ་ཕྲི་གཟའ་བར་ལ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །ཉེ་བར་གཅིག་ལ་སྐར་དྲུག་དང་། །ཞེ་ལྔས་སྦྱངས་ཤིང་མ་ལྡངས་ན།། འཁོར་ལོ་བསྣན་ལ་འཁོར་༢༣ ༣༠ཕྱེད་དོར། །ལྷག་མའི་སྐར་གནས་ཐིག་རོས་༦༠བསྒྱུར། །ཆུ་ཚོད་བཅུག་ལ་འབྱུང་༡༣༥མེ་ཟླས། །བགོས་ཐོབ་ནོར་གྱིས་ཉི་རྐང་བཟུང་། །རོ་༦མཚོ་༤བསེ་༡རུ་སྔ་རྐང་སྟེ། །ལྡོག་པ་དང་བཅས་༦དུས་ཀྱི་གནས། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །གཡོན་གྲངས་གཟུགས་༡མདའ་༥ དག་ལ་དུས༦། །མིག་༢ཆུ་༤ཕྱོགས་༡༠ལ་༣ མེ་དྲག་༤༡སྡོམ། །སྟོང་༠ ལ་སྟོང་༠པ་རྣམ་པར་དག །རྐང་བཟུང་གདོང་མས་ལྷག་རྣམས་བསྒྱུར། །འབྱུང་མེ་ཟླས་༡༣༥ཐོབ་ཡང་དག་རྒྱུ། །ལྷག་མ་ཐིག་༦༠རོ་དུས་འདོད་༡༣ པས། །བསྒྱུར་ཐོབ་༡༣༥ ལྷག་མེད་མཁའ་རི་༼༧༣༽མིག །སྔ་རྐང་བསྣན་ལ་ཕྱི་རྐང་ཕྲི། །དེ་ནི་གཟའ་ཉེ་བར་པ་ལ། །འཁོར་ཕྱེད་དོར་བྱིན་མ་དོར་ཕྲི། དེ་ཡིས་གཟའ་དང་ཉི་མ་དག །ཉི་དག་གནས་གཉིས་གཅིག་ལ་ནི། །ཆུ་ཚོད་༠ ༥༠ མཚོ་དབར་ཚེ་བསྒྱུར་བྱེད། །གཟའ་ཡི་ལོངས་སྤྱོད་མན་གྱིས་སྦྱངས། །རེ་གྲོགས་ཟླ་བའི་སྐར་མ་ཡིན། །ཉི་ཟླ་བསྲེས་པས་སྦྱོར་བ་འགྲུབ། །བྱེད་པ་ཚེས་གྲངས་མི ག་༢བསྒྱུར་ལ། །གཟུགས་ཕྲི་ཐུབ་༧ པས་དོར་བའི་ལྷག །ཕྱི་ཆའི་བྱེད་པ་འགྲུབ་པ་སྟེ། །ཡན་ལག་ལྔ་རུ་བཤད་པ་ཡིན། །ཞེས་སོ། །གཉིས་པ་གཟའ་འཛིན་གྱི་སྐོར་དངོས་ནི། དེ་ནས་ཉི་མ་ཟླ་བ་ལ། །སྒྲ་གཅན་འཇུག་ཚུལ་བརྟག་པའི་ཚུལ། །མི་འདྲའི་རྣམ་གྲངས་མང་ན་ཡང་། །བཻ་དཀར་ལུགས་ལྟར་གཙོར་བྱེད་ན། །དེ་ཡི་བསྡུས་རྒྱུད་བྱེད་པ་ཡི། །ཉི་མ་དག་པ་གང་བབས་ལ། །འདོད་པ་མཁའ༣་མེ་བྱིན་པ་དེར། །ཚེས་འཁྱུད་ཟླ་སྐར་ཞེས་བྱ་ལ། །དེ་དང་སྒྲ་གཅན་གདོང་མཇུག་གཉིས། །སྐར་མ་གཅིག་ལ་གནས་པའམ། །གཅིག་ཁྱད་འདུག་ཀྱང་བརྟག་པར་བྱ། །གདོང་མཇུག་ཚེས་འཁྱུད་རྣམ་གསུམ་ལས། །ཉུང་བས་མང་བ་སྦྱངས་པའི་ལྷག །སྒྲ་གཅན་ཟླ་བའི་བར་ཁྱད་ཡིན། །གང་གིས་སྦྱངས་པའི་ལྷག་མ་དེ། །བརྟག་པར་བྱ་བའི་གཞི་ཡིན་ ཏེ། །གདོང་གིས་ཟླ་སྦྱངས་སྐར་གནས་སྟོང་། །ཆུ་ཚོད་རི་དབང་༥༧མན་ཆད་འཛིན། །གདོང་ལ་ཟླ་བས་སྦྱངས་པ་དང་། །ཟླ་བས་མཇུག་མ་སྦྱངས་པ་ ལ། །མཁའ་༥༠ འབྱུང་མན་ཤར་འཛིན་པར་ངེས། །མཇུག་གིས་ཟླ་བ་སྦྱངས་པའི་ཚེ། །ཞེ་ལྔ་མན་ཆད་འཛིན་པ་ཡིན། །ཆུ་ཚོད་ཉུང་ན་འཛིན་བཞེད་ཀྱང་། །གཉིས་ཀ་སྟོང་ན་མི་འཛིན་ནོ། ༈ །ཆེ་ཆུང་ཇི་ཙམ་འཛིན་པ་ནི། །བཻ་དཀར་ལས་ནི་རྒྱས་བཤད་པ། །དེ་ནས་ཤེས་བྱ་དེ་འདྲ་བའི། །གཞན་གྱི་ལུགས་དང་བསྟུན་བྱས་ ན། །གདོང་མཇུག་ཟླ་བས་སྦྱངས་ལྷག་ཏུ། །ཉི་ཤུ་མན་ལ་རིལ་པོར་སྒྲིབ། །འོན་ཀྱང་ཅུང་ཟད་ལུས་པའང་སྲིད། །ཉེར་ལྔ་མན་ལ་ཟླ་བ་ཡི། །དྲུག་ཆ་མ་གཏོགས་འཛིན་པར་འགྱུར། །སུམ་ཅུ་མན་ལ་གསུམ་གཉིས་སྒྲིབ། །སོ་ལྔ་མན་ལ་ཕྱེད་ཙམ་འཛིན། །བཞི་བཅུ་མན་ལ་སུམ་ཆ་འཛིན། །ཞེ་ལྔའི་སྐབས་སུ་དྲུག་ཆ་དང་། །ལྔ་བཅུ་མན་ལ་བརྒྱད་ཆ་ཙམ། །དེ་ཡན་མི་མཐོང་བ་ཡང་སྲིད། །ཡུན་ནི་རིལ་བོར་འཛིན་པ་ལ། །ཆུ་ཚོད་བཅུ་གཉིས་བར་དུ་གནས། །ཕྱེད་འཛིན་ཆུ་ཚོད་དྲུག་གི་བར། །སུམ་ཆ་ཙམ་འཛིན་ཆུ་ཚོད་བཞི། །སྦྱངས་ལྷག་ཉུང་ན་ཡུན་རིང་སྟེ། །དེ་ཕྱིར་སྦྱངས་ལྷག་དེ་ཉིད་ཀྱིས། །མཁའ་༦༠རོ་ལ་ཕྲི་༤ཆུ་ཡིས་བགོ །ཐོབ་ནོར་འཛིན་ཡུན་ཆུ་ཚོད་ཡིན། ༧ །དུས་ནི་ཚེས་ཀྱི་ལོངས་སྤྱོད་ལ། །བསྣོན་མ་བྱེད་ལུགས་མང་ཉུང་ལ། །བཞེད་པ་མི་མཐུན་འགའ་སྲིད་ཀྱང་། །བྱེད་པའི་རྩིས་འགར་འདི་ལྟ་སྟེ། །ཟླ་བས་གདོང་སྦྱངས་བཅུ་གསུམ་དང་། །ཟླ་བས་མཇུག་སྦྱངས་དེ་དང་མཚུངས། །གདོང་གིས་ཟླ་སྦྱངས་བཅུ་གསུམ་དང་། །མཇུག་གིས་ཟླ་སྦྱངས་བཅུ་བཞིའམ། །དེ་ལས་ལྷག་ཀྱང་བསྣོན་པ་མཛད། །དེ་དག་ཀུན་གྱི་ཆུ་སྲང་དེར། །མཁའ་༣༠མེ་བྱིན་ལ་འཁོར་ལོས་ཕུད། །རྙེད་པའི་ནོར་ནི་ཆུ་ཚོད་བྱིན། །ཆུ་ཚོད་དེ་རྣམས་ནམ་ལངས་ནས། །སྤྱད་ནས་ཟད་པའི་མཚམས་སུ་འཛིན། །དེ་ལ་ཉིན་མོའི་ཆུ་ཚོད་ཀྱིས། །སྦྱངས་པས་ལྡངས་ཞིང་ལྷག་མེད་ན། །ཟླ་བ་ཤར་དང་མཉམ་དུ་འཛིན། །འོན་ཀྱང་ཤར་རི་མཐོ་སྐྱོན་གྱིས། །ཅུང་ཟད་བཟུང་ནས་མཐོང་བར་འགྱུར། །ལྡངས་ནས་ལྷག་མ་ལུས་པ་ནི། །མཚན་མོའི་སྟེང་ནས་ཟད་ཚེ་འཛིན། །མ་ལྡངས་གླིང་གཞན་བཟུང་ནས་ནི། །གཏོང་ཕྲོ་མཐོང་བའང་སྲིད་པ་ཡིན། །ཁ་ཅིག་བཻ་དཀར་བྱེད་རྩིས་ལ། །སྔར་ལས་ཉུང་བར་བསྣོན་གསུངས་ཀྱང་། །སྔོན་དང་འདྲ་བར་བྱས་ན་འཐད། །འདི་ལ་ནམ་རིང་དུས་སུ་ནི། །སྟེར་བྱེད་ལྷག་བསྟོན་ནམ་ཐུང་དུས། །སྟེར་ཚུལ་སྔོན་མ་ལྟ་བུས་ ཆོག །སྤྱིར་ནི་ཟླ་བ་བཅྭོ་ལྔ་ལ། །འཛིན་ལ་འོན་ཀྱང་ཆང་ལྷག་གིས། །བཅུ་དྲུག་ནམ་ལངས་འཛིན་པའང་སྲིད། །ལྷོ་བགྲོད་བྱང་བགྲོད་གཉིས་ཀ་ལ། །ཟླ་ཉི་འཆར་ཚུལ་སྔ་ཕྱི་འབྱུང་། །ལྷོ་བགྲོད་ཆར་ཕྱི་ནུབ་པ་ལྔ། །བྱང་བགྲོད་འཆར་སྔ་ནུབ་པ་ཕྱི། །ཕྱོགས་ནི་ཟླ་བས་གདོང་སྦྱངས་སམ། །མཇུག་གིས་ཟླ་བ་སྦྱངས་པ་ན། །ནམ་ཕྱེད་ལ་འཛིན་བྱང་ཤར་དང་། །སྲོད་ལ་བྱང་ཉེའི་ཕྱོགས་ནས་དང་། །ཐོ་རངས་ཤར་ཉེའི་ཕྱོགས་ནས་འཛིན། །གདོང་གིས་ཟླ་བ་སྦྱངས་པའམ། །ཟླ་བས་མཇུག་མ་སྦྱངས་པའི་ཚེ། །ནམ་ཕྱེད་ཤར་ལྷོ་སྲོད་ཉིད་པ། །བྱང་ཤར་ཉེ་བའི་ཕྱགས་སུ་དང་། །ཐོ་རངས་ལྷོ་ཉེའི་ཕྱོགས་ནས་འཛིན། །མང་ཉུང་མཉམ་ན་ནམ་སླད་དུ། །ཤར་དང་སྲོད་ལ་བྱང་ཤར་འཛིན། །ཐོ་རངས་ཤར་ལྷོའི་ཕྱོགས་ཉིད་ནས། །འཛིན་འགྱུར་ནུབ་ནས་འཛིན་མི་སྲིད། །ཀུན་ལ་ད་དུང་ཞིབ་ཆ་གྱིས། ། ༈ ཁ་དོག་གདོང་འཛིན་དམར་ནག་ལ། །མཇུག་འཛིན་དམར་སྐྱ་ཆ་འཛིན་ ནག །ཚེ་འཛིན་དམར་ཤས་ཆེ་བར་འདོད། ༈ །འབྲས་བུ་མེ་རླུང་སྐར་མང་ངན། །ས་ཆུའི་སྐར་མ་ལ་བཟུང་བཟང་། །བཟུང་བའི་དང་པོ་གཉིས་པ་ དང་། །གསུམ་པའི་ཞག་ལ་ཆར་བབས་ན། །བཟང་ཞིང་དེ་མན་ངན་པའོ། །དགེ་འབྲས་ཟླ་བ་གཟས་བཟུང་དུས། །བྱེ་བ་བདུན་འགྱུར་འཕེལ་བར་གསུངས། ། ༈ ཉི་མ་སྒྲ་གཅན་འཇུག་པའི་ཚུལ། །ཅུང་ཟད་དཀའ་བས་སྤྲོས་གྱུར་ན། །མང་དུ་འགྱུར་དོགས་མཚོན་ཙམ་ཞིག །སྙིང་པོ་བསྡུས་ཏེ་བརྗོད་པར་བྱ། །ཉ་ལ་ཟླ་འཛིན་མེད་ན་ནི། །སྟོང་ལ་ཉི་འཛིན་མི་འབྱུང་ཞིང་། །ཉི་འཛིན་ཉུང་བས་ལོ་སྐོར་བར། །མི་འབྱུང་སྲིད་ཅིང་བཟུང་ཚད་ཀྱང་། །མཐོང་བར་འགྱུར་བ་མ་ཡིན་ནོ། །གྲུབ་རྩིས་གནམ་སྟོང་ཉེ་བའི་ཚེས། །ཆང་ཚེ་འཛིན་པར་འགྱུར་མ་ཡིན། །བྱེད་རྩིས་ཆད་ཀྱང་ཚེས་གཅིག་ལ། །འཛིན་པར་འགྱུར་བར་སྲིད་ཅེས་བཤད། ༈། སྟོང་གི་ཉི་དག་གནས་གཉིས་ཀྱི། །གཅིག་ལ་སྒྲ་གཅན་རྩ་བ་བསྲེ། ༼་༽།འཁོར་ལོས་བསྒྲིལ་ལ་གདོང་འཛིན་དུས། །ཉི་མ་དག་པ་ཅིག་ཤོས་དེ། །སྒྲ་གཅན་གདོང་གིས་སྦྱང་བར་བྱ། །སྐར་གནས་སྟོང་ཞིང་ཆུ་ཚོད་དུ། །ཞེ་ལྔ་མན་ཆད་འཛིན་པར་འགྱུར། །དས་ནི་རྩ་བ་བསྲེས་པ་ལ། །སྦྱངས་རྗེས་གོང་གི་འཁོར་ལོས་འདོར། ༡༣ ༣༠ །འཁོར་ཕྱེད་ལྷག་ན་དོར་བྱས་པས། །ཐམས་ཅད་སྟོང་ན་འཛིན་པར་བཤད། ༈ །མཇུག་གི་དུས་སུ་ཉི་དག་གིས། །མཇུག་སྦྱངས་སྐར་མའི་གནས་སྟོང་ཞིང་། །ཆུ་ཚོད་བཞི་བཅུ་མན་ལ་འཛིན། །དེ་ཉིད་རྩ་བ་བསྲེས་པ་ལ། །བྱིན་ནས་འཁོར་ལོ་འཁོར་ཕྱེད་དོར། །གནས་ཀུན་སྟོང་ན་འཛིན་པར་འགྱུར། །གདོང་འཛིན་སྦྱང་ཤིང་མཇུག་འཛིན་ལ། །བྱིན་ནས་མ་སྟོང་གདོང་མཇུག་གཉིས། །བྲི་བསྣན་གོ་ལོག་གྱུར་པ་ན། །ཐིག་ལེ་ཤར་ཀྱང་མི་འཛིན་ ནོ། །ཉི་རྐང་གཟུགས་༡ ལ་སྤྱོད་པའི་ཚེ། །འཛིན་འགྱུར་མཚོ་ལ་སྣ་ཚོགས་དང་། །དུས་ལ་འཛིན་པར་དཀའ་བ་ཡིན། །ཉི་མས་གདོང་དང་མཇུག་གིས་ཉི། །སྦྱངས་ཚེ་གོ་ལོག་རི་མོ་འཆར། །ཉི་མས་གདོང་སྦྱངས་སྐར་ཐིག་དང་། །ཆུ་ཚོད་ལྔ་མན་བྱུང་ན་འཛིན། །མཇུག་གིས་ཉི་སྦྱངས་སྐར་གནས་ཐིག །ཆུ་ཚོད་བརྒྱད་ཀྱི་བར་དུ་འཛིན། །བཻ་དཀར་ལས་ཀྱང་ཉུང་གིས་མང་། །སྦྱངས་ལྷག་བརྟག་པའི་གཞི་བྱས་ཏེ། །གདོང་གི་ཉི་སྦྱངས་སྐར་གནས་སྟོང་། །གོ་མ་ལོག་པའི་རི་མོ་ཏེ། །ཆུ་ཚོད་ང་གཉིས་བར་དུ་འཛིན། །ཉི་མས་གདོང་སྦྱངས་ཆུ་ཚོད་ལྔ། །དེ་ལས་ལྷག་ན་འཛིན་མི་འགྱུར། །དེ་ཡང་གོ་ལོག་ཅེས་སུ་གྲགས། །དུས་མེས་ཉི་སྦྱངས་གོ་ལོག་སྟེ། །སྐར་ཐིག་ཆུ་ཚོད་བདུན་ཚུན་འཛིན། །ཉི་མས་མཇུག་སྦྱངས་གོ་མ་ལྡོག །ཆུ་ཚོད་བཞི་བཅུའི་བར་འཛིན་གསུང་། ༈ །འཛིན་ཆ་གདོང་མཇུག་ཉི་སྦྱངས་ལྷག །ལྔས་བགོས་ཐོབ་ནོར་ཐིག་དང་གཅིག །བྱུང་ན་རིལ་འཛིན་གཉིས་ཐོབ་ཚེ། །བཅུ་ཆ་མ་གཏོགས་འཛིན་པར་འགྱུར། །གསུམ་ལ་བརྒྱད་ཆ་བཞི་དྲུག་ཆ། །ལྔ་ལ་ཕྱེད་དང་དྲུག་སུམ་ཆ། །བརྒྱད་ལ་བརྒྱད་ཆ་དགུ་ལ་ནི། །བཅུ་ཆ་ཙམ་ཞིག་འཛིན་པས་ཕྲ། །ཡང་ན་སྦྱངས་ལྷག་ཆུ་ཚོད་དུ། །བདུན་མན་ཕྱོགས་༡༠ བྱིན་དེ་ལས་ལྷག །ལྔ་བྱིན་དེ་ཡིས་མཁའ་༦༠རོར་ཕྲི། །ལྷག་མ་གཉིས་བསྒྱུར་མཁའ་རོས་བགོ །རྙེད་ནོར་འཛིན་པའི་གྲངས་ཚད་དེ། །རེ་རེས་བཅུ་གཉིས་ཆ་རེ་སྒྲིབ། །གསུམ་ཐོབ་བཞི་ཆ་དྲུག་ཕྱེད་འཛིན། །དགུ་ལ་བཞི་ཆའི་ཆ་གཉིས་འཛིན། །བཅུ་གཉིས་ནོར་ལ་རིལ་པོར་སྒྲིབ། །གཞན་རྣམས་ཐོབ་ནོར་མང་ཉུང་བཞིན། །སྒྲིབ་པའི་རིགས་འགྲོས་སྦྱར་བ་བྱ། །འཛིན་པའི་ཡུན་ནི་ཐོབ་ནོར་རེ། །ཆུ་ཚོད་རེ་རེའི་གྲངས་ཡིན་ཏེ། །རིལ་འཛིན་ཆུ་ཚོད་བཅུ་གཉིས་དང་། །ཕྱེད་འཛིན་ཆུ་ཚོད་དྲུག་ལ་སོགས། །སྔར་གྱི་རིགས་འགྲོས་སྦྱང་བར་བྱ། །དུས་ནི་ཟླ་བའི་སྐབས་བཤད་བཞིན། །ཡིན་ཡང་ཉི་འཛིན་བུལ་བའི་ཕྱིར། །སྔར་གྱི་སྟེར་བྱེད་སྟེང་དུ་ནི། །ལྷོ་བགྲོད་དུས་སུ་རེ་རེ་དང་། །བྱང་བགྲོད་སྐབས་སུ་གཉིས་གསུམ་ཙམ། །བྱིན་ཏེ་ནམ་ལངས་ནས་བརྩིས་པའི། །དུས་དེར་འཛིན་པར་འགྱུར་བ་ཡིན། །ཚེས་ཀྱི་ལོངས་སྤྱོད་མང་བའི་ཚེ། །ཚེས་གཅིག་སྔ་དྲོ་འཛིན་བཤད་ཀྱང་། །ཚེས་ཡོངས་ཞེ་དགུ་ཡན་ཆད་ལ། །ཚེས་གཅིག་འཛིན་པར་ངེས་པ་ ཡིན། །ཕྱོགས་ནི་གདོང་གིས་ཉི་སྦྱངས་དང་། །ཉི་མས་མཇུག་མ་སྦྱངས་པའི་ཚེ། །ཉིན་ཕྱེད་ལྷོ་ནུབ་ཕྱེད་གོང་ལྷོ། །ཕྱེད་འོག་ནུབ་ནས་འཛིན་པར་འགྱུར། །ཉི་མས་གདོང་དང་མཇུག་གིས་ཉི། །སྦྱངས་ཚེ་ཉིན་ཕྱེད་ནུབ་བྱང་དང་། །ཕྱེད་གོང་བྱང་ལ་ཕྱེད་འོག་ནུབ། །གཉིས་ཀ་མཉམ་ན་ནུབ་ནས་སོ། །ཉི་མ་སར་ནས་འཛིན་མི་སྲིད། །ཁ་དོག་འབྲས་བུའི་ཁྱད་པར་ནི། །ཟླ་བའི་སྐབས་སུ་བཤད་མཚུངས་ཀྱང་། །དུས་ཆེན་ཉི་མ་དུང་འཕྱུར་འགྱུར། །འདིར་ནི་རགས་ཙམ་མདོར་བསྡུས་པས། །ཞིབ་ནི་གཞུང་གཞན་དག་ཏུ་བལྟ། །ཞེས་བྱའོ། །བཞི་པ་དུས་སྦྱོར་བཤད་པ་ལ་གཉིས། །དངོས་དང་། ཉི་ལྡོག་སོགས་བརྟག་ཚུལ་ལོ། །དང་པོ་ནི། རྣམ་དག་གྲུབ་པའི་ཉི་བར་གྱི། །སྐར་གནས་མཁའ་༥༠རོས་བསྒྱུར་བ་ལ། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མདའ་ཡོན་༡༣༥ཟླས་ཐོབ་འདས་པའི་ཁྱིམ། །ལྷག་རྣམས་མཁའ་༣༠ མེས་བསྒྱུར་བ་ལ། །མདའ་ཡོན་ཟླས་ཐོབ་ངོ་ཐོག་གི །ཁྱིམ་དེའི་འདས་པའི་ཞག་པོ་ཡིན། །ལྷག་མའི་གནས་ཀུན་མཁའ་༦༠རོས་བསྒྱུར། །འཁོར་ལོས་བསྒྲིལ་ལ་མངའ་ཡོན་ཟླས། །ཐོབ་པ་དབྱུག་གོ་སླར་ལྷག་གི །གནས་རྣམས་མཁའ་༦༠རོས་བསྒྱུར་ཐོབ་སྲང་། །ཡང་ལྷག་གནས་ཀུན་དུས་༦ཀྱིས་བསྒྱུར། །ཐོབ་པ་དབུགས་ཡིན་ལྷག་༦༧ རི་རོས། །བསྒྱུར་ཐོབ་ཆ་ཤས་ལྷག་མེད་འཆར། །དེ་ནི་དོན་གྱི་ཁྱིམ་འཕོ་ཡིན། ༈ །འདས་ཞག་སྟེང་ནས་རི་༧ཡིས་ཕྲི། །མ་ལྡངས་ཁྱིིམ་ཕབ་དེ་ཡང་ནི། །འཁོར་ལོ་རྫོགས་ནས་བསྣན་པར་བྱ། །ལྷག་དེ་འདས་པའི་ཁྱིམ་ཟླའི་གྲངས། །ངོ་ཐོག་རང་གི་ཁྱིིམ་དུ་འཛིན། །¡Cདེ་ནི་བྱེད་པ་སྔ་ཕྱི་ཡིན། །ར་༤༧ཡིས་དམན་པའི་ཞག་ལྷག་དེ། །གནས་གཉིས་བྱས་ལ་གཉིས་ཀ་ཡང་། །མིག་༢བསྒྱུར་འོག་མ་དུས་༦ཀྱིས་བགོས། །སྟེང་བྱིན་ཐིག་རོས་ཐོབ་ནོར་གྱི། །རང་རང་ངོ་ཐོག་ཁྱིམ་དེ་ཡི། །འཁྲིག་སོགས་ལྷོ་བགྲོད་ཉིན་མོར་དོར། །གཞུ་སོགས་བྱང་བསྒྲོད་ཉིན་མོར་བྱིན། །ཉིན་དེའི་ཉིན་ཚད་འཁྲུལ་མེད་ཡིན། །དེ་ཡིས་ཐིག་རོར་ཕྲི་བ་ཡིས། །མཚན་མོའི་ཚད་དེ་རྟོགས་པར་འགྱུར། །སོ་སོའི་རག་པའི་བགོ་གཞི་ལ། །ཐུར་མའི་རང་གྲིབ་བདུན་པོ་དང་། །བཙུགས་པའི་གྲིབ་མ་བསྡོམས་པ་ཡིས། །བགོས་པས་ཐོབ་པ་ཆུ་སྲང་ཡིན། །རོས་༦བསྒྱུར་ཐོབ་པ་དབུགས་ཡིན་ཏེ། །སྲང་ལ་ཐིག་༦༠ རོས་ཐོབ་པའི་ནོར། །ཆུ་ཚོད་གནས་སུ་བཞག་པ་ཡིས། །སྔ་དྲོ་འདས་པ་ཕྱི་དྲོ་ལ། །མ་འོངས་ཆུ་ཚོད་རྗེས་འབྲང་ཚད། །དེ་ཡིས་ཉིན་མོའི་ཚད་ལ་དོར། །ལྷག་སྟེ་སྔ་དྲོ་མ་འོངས་པ། །ཕྱི་དྲོ་འདས་པའི་ཚད་ཡིན་ལ། ༈ །རི་༠ ཡིས་ཕྲི་བའི་ཞག་ལྷག་དེ། །རང་གི་སྲང་གིས་བསྒྱུར་བ་ལ། །མཁའ་༣༠མེས་ཐོབ་པ་ཆུ་སྲང་འདས། །དེ་ཡིས་སོ་སོའི་ཆུ་སྲང་ལ། །སྦྱངས་པའི་ལྷག་མས་མ་འོངས་ཤེས། །༧ ཏཏྐཱལ་གང་ཡིན་བརྟགས་པའི་ཆེད། །ཐུར་བཙལ་ཉིན་དེར་འདས་པ་ཡི། །ཆུ་ཚོད་མཁའ་༦༠རོས་བསྒྱུར་བ་ལ། །འོག་གི་ཆུ་སྲང་སྟེང་དུ་བསྣན། །དེ་ལ་རང་གི་མ་འོངས་སྲང་། །ཐོག་མར་བྱས་ལ་རིམ་བཞིན་ཕྲེ། །ཉ་སོགས་དྲུག་ལ་ལུགས་འབྱུང་དང་། །བུ་མོ་ལ་སོགས་ལྡོག་པར་བྱ། །བགོད་པར་མ་ལྡངས་ཏཏྐཱ་ལ། །ཕྲི་བའི་ལྷག་དེ་ཐིག་ཡོན་བསྒྱུར། །དེ་ལ་ཏ ཏྐཱ་ལ་ཆུ་སྲང་གིས། །བགོས་པ་ཐོབ་པ་ཆུ་སྲང་ཡིན། །དེ་ལྷག་ཐིག་རོས་བསྒྱུར་བ་ལ། །ཆུ་སྲང་གིས་ཐོབ་ཆུ་ཚོད་གཉིས་པ་ཉི་ལྡོག་སོགས་བརྟག་ཚུལ་ལ། །ལྷོ་གླིང་ཤར་མའི་ཚངས་ཐིག་ནས། །རང་ཅག་གནས་པའི་ས་ཡེ་བར། །ཁྱིམ་ཞག་བདུན་དང་དབུས་མ་ ཡི། །ཚངས་པའི་ཐིག་ནས་ངང་སའི་བར། །ཁྱིམ་ཞག་ཉེར་གསུམ་ཡོད་པ་ལས། །ཞེས་པའི་དོན་ལྟར་ལག་ལེན་དུ། །ལྔ་པ་བཅུ་གཅིག་མདའ་རོའི་ ལྷག །དྲུག་གིས་བསྒྱུར་ལ་འདོད་པས་༢༣བགོ །ཐོབ་པའི་ནོར་དང་ལྷག་མ་ཡིས། །ལྷོ་གླིང་ཤར་མའི་དབུས་ཉིད་དུ། །དབྱར་དགུན་ཉི་མ་ལྡོག་པ་ཡི། །ཟླ་བ་ཞག་དང་འདོད་ཆ་སྟོན། །དེ་སྟེང་རང་སའི་དོན་སླད་དུ། །ཞག་ལ་བདུན་དང་འདོད་ཆར་གཉིས། །ལྔ་ཆར་བཞི་བྱིན་རང་ས་ཡི། །ཚེས་གྲངས་འདོད་ཆ་ལྔ་ཆ་སྟོན། །དེ་རྣམས་བསྲེས་པས་དབྱར་དགུན་གྱི། །ཉི་ལྡོག་ཚད་དེ་ལེགས་པར་ཤེས། །ཚེས་གྲངས་ལ་ནི་དུས་༠༽བསྣན་ཅིང་། །འདོད་ཆར་དྲུག་གིས་ཕྲི་བྱས་པས། །རྗེས་མའི་ཉི་ལྡོག་འཆར་འགྱུར་ཏེ། །དགུན་ཉི་ལྡོག་པའི་ཚད་དེ་ལ། །སྟེར་དབྲི་བྱས་པས་དབྱར་ཉི་དང་། །དེ་ལ་སྟེར་དབྲི་བྱས་པ་ན། །དགུན་ཉི་ལྡོག་པའི་ཚད་དེ་འཆར། །དེ་བཞིན་ཁྱིམ་༡༢གྱི་སྟེར་དབྲི་བྱས། །རྗེས་མའི་ལོ་ཡི་ཉི་ལྡོག་ཤེས། །ཉི་ལྡོག་གང་ཡིན་དུས་དེ་ནས། །ཟླ་བ་གསུམ་ཙམ་བསྣན་པ་ ཡིས། །དཔྱིད་སྟོན་མཉམ་གཉིས་རགས་ཙམ་ཤེས། །ཚུལ་འདི་དབྱར་དགུན་ཉི་ལྡོག་ཚུལ། །བདེ་བླ ག་ཤེས་པའི་མན་ངག་གོ །འོན་ཀྱང་མདོ་སྨད་ཕྱོགས་འདི་ནི། །དབུས་ནས་ཤར་དུ་ཡོང་བའི་ཕྱིར། །ཞག་གཉིས་སོགས་ཀྱི་སྔོན་ལྡོག་ཅིང་། །རྒྱ་ནག་ཡུལ་དུ་དེ་ལས་ཀྱང་། །ཞག་གཉིས་ཙམ་གྱི་སྔོན་དུ་ལྡོག །ཅེས་སོ། །དེ་བཞིན་དུ་མཁས་པ་གཞན་གྱིས་བཤད་པའི་ཉི་ལྡོག་བརྟག་ཚུལ་ནི། །ལྔ་པ་བཅུ་པའི་མདའ་རོའི་ལྷག །དུས་བསྒྱུར་གདུགས་ཀྱིས་ཕྱེ་ནོར་ལ། །ཐུབ་པ་བྱིན་པས་ཚེས་གྲངས་རྟོགས། །ལྷག་མར་ཟུང་བསྲེས་འབྱུང་བས་བསྒྱུར། །མཚོས་བརྒྱན་དབང་རོས་སྟེང་དུ་ཕུད། །ཡང་ལྷག་ལྔས་བགོས་ཐོབ་པའི་ནོར། །རང་གི་སྟེང་མར་ལེགས་བསྲེས་པའི། །གནས་གསུམ་རིམ་བཞིན་ཚེས་གྲངས་ དང་། །འདོད་ལྔའི་ཆ་སྟེ་བསྐལ་པར་འགྲེ། །ཞེས་དང་། ༈ ཡང་ན་ལྷག་དེ་དུས་༦ ཀྱིས་བསྒྱུར། །མེ་བུག་༩༣ལེགས་བསྲེས་སླར་ཡང་དེ། །འབྱུང་༥བས་བསྒྱུར་ལ་རྒྱ་མཚོ་༤བརྒྱན། །མདའ་རོས་བགོས་ནོར་ཚེས་༦༠༠ གྲངས་སྟེ། །འོན་ཀྱང་མཁའ་༣༠མེ་ལོངས་པ་ན། །ཕུད་ལ་ཟླ་དག་སྟེང་དུ་འཕང་། །ལྷག་མ་དབང་པོས་ཕྱེ་བ་ཡིས། །ནོར་དང་ལྷག་མ་འདོད་ལྔའི་ཆ། །ཞེས་སོ། ༈ །གཞན་ཡང་། སྒང་ཚོལ་ཚུལ་ནི། ཟླ་བ་གང་གི་མདའ་རོའི་ལྷག །མིག་༢བསྒྱུར་དེ་ཡང་མེ་ཡེས་༢བསྒྱུར། །དེ་ནས་སྒང་ལ་རི་ཕྱོགས་བྱིན། །སླར་ཡང་འབྱུང་བསྒྱུར་གཟུགས་བརྒྱན་པ། །མདའ་རོས་བགོས་པའི་རྙེད་ནོར་གྱིས། །སྒང་ཚད་ཚེས་གྲངས་འཁྲུལ་མེད་རྟོགས། །ལྷག་དེ་ལྔས་བགོས་རྙེད་ནོར་དང་། །ལྷག་མ་འདོད་ཆ་ལྔ་ཆའི་གྲངས། །ཁྱིམ་སླེབ་ཚོལ་ལུགས་ནི། ཟླ་བ་གང་གི་མདའ་རོའི་ལྷག ། །ཟུང་༢བསྒྱུར་དེ་ཡང་རྩེ་༣ མོས་བསྒྱུར། །སླར་ཡང་འབྱུང་༥བསྒྱུར་༦༥ མངའ་རོས་བགོས། །རྙེད་པས་ཚེས་གྲངས་བདེ་བླག་ཤེས། །ལྷག་དེ་༥ ལྔས་བགོས་རྙེད་ནོར་གྱིས། །འདོད་ཆའི་གྲངས་ཀྱང་ཤེས་པར་འགྱུར། །དབུགས་ཐོབ་པ་ཚོལ་ལུགས་ནི། །རང་རང་༼ཟླ་བ་སྔོན་མའི།༽ སྔོན་མའི་མདའ་རོ་ལྷག །མིག་༢དང་མེ་༣ཡིས་བསྒྱུར་བ་ལ། །གླུ་མཁང་པེ་བསྲས་༥འབྱུང་བས་སྤེལ། །གཟུགས༡་བྱིན་མདའ་༦༥རོས་རྙེད་པ་ནི། །ཚེས་གྲངས་གང་ཡིན་ཚད་དུ་བཟུང་། །ལྷག་དེ་ལྔས་༥བགོས་རྙེད་ནོར་དང་། །ལྷག་མ་འདོད་དང་ལྔ་ཆའི་གྲངས། །ཕག་ཞག་ལྔ་པའི་མདའ་རོ་ལྷག །མིག་༢མེས་༣ རིམ་བཞིན་བསྒྲེས་པ་ལ། །འཁོར་ལོ་མིག་༼་༽བྱིན་དེ་ཡང་ནི། །འབྱུང་བསྒྱུར་མཚོས་བརྒྱན་མདའ་༦༥ རོ་ཡི། །བགོས་པའི་རྙེད་པ་ཚེས་གྲངས་ཡིན། །ལྷག་མ་ལྔས་བགོས་རྙེད་ནོར་དང་། །དེ་ལྷག་འདོད་ཆ་ལྔ་ཆའི་གྲངས། །གོང་དུ་བཤད་པ་ཐམས་ཅད་ལ། །ཚེས་གྲངས་མཁའ་༣༠ མེ་ལོངས་པ་ན། །ཕུད་ལ་ཟླ་དག་སྟེང་འཕེན་ནམ། །ཡང་ན་དྷྲུ་བ་རྗེ་མས་བྱེད། །དེ་དག་ནི་ཉི་དྷྲུ་ལ་རྟགས་ལོངས་བྱིན༥། །དེ་ནས་འདོད་ལྔ་གཉིས་གང་བ་བ་དེ་དག་ལ་༡༥ བྱིན་པས་ཤེས་སོ། །རི་ཥིའི་ཚེས་ཀྱང་བརྟགས་འདོད་ན། །བདུན་པའི་མདའ་རོའི་ལྷག་མ་ཉིད། །ངོས་བསྒྱུར་༣༠༨ཀླུ་མཁའ་རྩེ་མོ་བརྒྱན། །སླར་ཡང་འབྱུང་བས་བསྒྱུར་བ་ལ། །གཟུགས་༡བྱིན་དབང་༦༥ རོས་གང་ཐོབ་པའི། །ནོར་གྱིས་ཚེས་གྲངས་གང་ཡིན་རྟོགས། །ལྷག་དེ་ལྔས་བགོས་རྙེད་ནོར་དང་། །ལྷག་མ་འདོད་ཆ་ལྔ་ཆའི་གྲངས། །གཟའ་ཉིས་རྟགས་ལོངས་སྦྱིན་སོགས་འགྲེ།། །།གཞན་ཡང་བདེ་ལེགས་ཉི་མ་ཡི། །དབྱུག་གུ་ཡན་ཆད་རྣམ་གཞག་ཏུ། །དག་པའི་མགྱོགས་རྩིས་ལུགས་གཅིག་ནི། །གང་བརྩིའི་གཟའ་ཉིའི་དྷྲུ་བ་ལ། །འདི་ཡི་རེའུ་མིག་མ་ནོར་བྱིན། །རིལ་པོར་ཚེས་བསྲེས་ཡིད་ཀྱིས་༣༤བགོས། །ལྷག་མས་བྱ་ར་གཟུང་བྱ་ཞིང་། །ནོར་མཉམ་བསྣན་ལ་མི་མཉམ་དབྲི། །ཉི་བར་སོ་སོའི་ཚད་འཛིན་བསྟུན། །དེ་ཡི་རེའུ་མིག་གཟའ་ཉི་རུ། །དབྲི་བའམ་བྱིན་པས་གཞན་ཡང་མགྱོགས་རྩིས་ལུགས་གཅིག་ལ། །གཟའ་ལ་ཆུ་ཚོད་རྩ་མདའ་༥༧ དང་། །སྲང་༣ཡོན་དབུགས་དབང་༥ ཟླ་སྐར་ཆེད། །ཉི་དྷྲུར་ཆུ་ཚོད་ཀླུ་༥༨ དབང་དང་། །སྲང་རི་དབུགས་མདའ་༥ཉི་མ་ལ། །ཆུ་ཚོད་ཆུ༩་དང་སྲང་ཟླ་མིག ། ༢༡།དབུགས་དབང་༥ རྣམས་ནི་ཚེས་བསྒྱུར་བྱིན། །ཉི་ཟླ་བསྲེས་པས་སྦྱོར་བ་སྟེ། །རགས་པའི་ཚེས་རྩིས་ལུགས་གཅིག་གོ །ཡང་། ཟླ་ལྷག་ཡོད་མེད་བརྟགས་བྱས་ནས། །གསུམ་པའི་གཟའ་ཉིའི་དྷྲུ་བ་ལས། །རྗེས་མའི་ཧོར་ཟླ་གཉིས་པ་ཡི། །དྷྲུ་བ་མྱུར་དུ་འཚོལ་འདོད་ན། །གཟའ་ཉིའི་དྷྲུ་བའི་སྒྱུར་བྱེད་འདི། ༼༡ ༣༠ ༥༠ ༠ ༨༠༽ ༼༢ ༡༠ ༥༨ ༡ ༡༧༽ དྲག་པོས་༡༡ བསྒྱུར་བྱིན་འཁོར་ལོས་བགོ །དེ་ཡིས་སོ་སོའི་དྷྲུ་བ་དག །སྔོན་མ་རྣམས་ལ་རེས་དམན་པའི། །ཕྱོགས་སོགས་ཀྱིས་བསྒྱུར་སོ་སོ་ཡི། །དྷྲུ་བར་ལེགས་བྱིན་སོ་སོ་འགྲུབ། །ཕྲི་བས་༡༠ སྔོན་མ་རིམ་པར་འབྱུང་། །ཟླ་དག་ཀུན་ལ་རེ་རེ་འཕེལ། །རིལ་པོར་གཉིས་རེ་འཕེལ་བ་དང་། །ཆ་ཤས་རེ་རེ་འཕེལ་བས་ནི། །ཕྱི་མ་ཕྱི་མ་རིམ་བཞིན་འཆར། །འོན་ཀྱང་འགའ་ཞིག་མཆོངས་པའང་སྲིད། །ཅེས་སོ། །གཞན་ཡང་། རྩིས་གཞི་སྤོ་བར་འདོད་གྱུར་ན། །འདས་ལོ་མང་ཉུང་བློ་དང་བསྟུན། །འདས་ལོ་གཅིག་ཉིད་བྱེད་པའི་ཚེ། །གཅིག་པོ་ཉི་༡༢ མས་བསྒྱུར་བྱས་ཏེ། །བརྩི་བྱའི་ལོ་དེའི་ནག་ཟླ་ལ། །འདས་ཟླ་མེད་ཅིང་གཞན་ཡིན་ན། །འདས་ཟླ་བསྲེས་ལ་གནས་གཉིས་བཞག །འོག་མ་མིག་༢བསྒྱུར་ལོ་སྔོན་མའི། །ནག་ཟླའི་མདའ་རོའི་ལྷག་མ་དེ། །བྱིན་ནས་དབང་རོས་༦༥བགོས་ཐོབ་པ། །སྐབས་དེའི་ཟླ་བ་དག་པ་ཡིན། །དེ་བཞིན་གཟའ་ཉི་རིལ་ཆའི་དྷྲུ། །གཟུགས་༡ དང་གཟུགས་༣༡མེ་སོགས་དག་དང་། མིག་ཕྱོགས་༡༠ སོགས་དང་མིག་༢ གཟུགས་༠ ཀྱིས། །བསྒྱུར་རྗེས་ལོ་སྔོན་གསུམ་པ་ཡི། །གཟའ་ཉི་དྷྲུ་དང་རིལ་ཆ་རྣམས། །སོ་སོར་བྱིན་ནས་འཁོར་ལོས་ཕུད། །སྐབས་དེའི་གཟའ་ཉི་རིལ་ཆ་འགྲུབ། །མདོར་ན་འདས་ལོ་གང་སྤོ་ཡང་། །བརྩི་བྱའི་སྔོན་མའི་ལོ་དེ་ཡི། །གསུམ་པའི་མདའ་རོའི་ལྷག་མ་དང་། །གཟའ་ཉི་རིལ་ཆ་སོ་སོ་ཡི། །རེའུ་མིག་བྱིན་པས་བརྩི་སྐབས་ཀྱི། །ལོ་དེའི་ཟླ་དག་སོགས་འགྲུབ་འགྱུར། །གལ་ཏེ་རབ་བྱུང་བཅུ་གསུམ་པའི། །འདས་ལོར་བྱེད་པར་འདོད་ན་ནི། །མེ་ཡོས་ལ་སོགས་འདས་པའི་ལོ། །ཉི་མས་༡༢བསྒྱུར་ལ་ནག་པ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་བཞག །འོག་མ་མིག་༢བསྒྱུར་༢༥དབང་མིག་བརྒྱན། །མདའ་༦༥རོས་བགོས་ཐོབ་སྟེང་དུ་འཕང་། །ཟླ་བ་རྣམ་པར་དག་པའོ། །ཟླ་བ་དག་པ་གནས་ལྔ་བཞག །གཟུགས་༡དང་གཟུགས་༣༡མེ་མཁའ་༥༡མདའ་ཐིག །མཁའ་ཀླུ་༤༨༠ཆུ་ཡིས་བསྒྱུར་བ་ལ། །ཟླ་༡དང་མིག་༥༢ འབྱུང་གཟུགས་༤༡ མཚོ་དང་། །ཟུང་༢དང་ཆུ་མིག་༼་༽མདའ་ཡིས་བརྒྱན། །རི་མཁའ་༧༠༧རི་དང་དུས་༦མཁའ་༦༠རོ། །ཐིག་༦༡མཚམས་ཐུབ་པས་དོར་ལྷག་གཟའ། །ཟླ་བ་དག་པ་གནས་ལྔ་བཀོད། །མིག་༢ ཕྱོགས་༡༠ཀླུ་༥༦དབང་གཟུགས་༡ དང་ནི། །རི་༡༧གཟུགས་ཀྱིས་བསྒྱུར་དུས་མིག་༢༦དང་། །བུ་ག་༧རི་རྩེ་༣༧ ཡོན་ཏན་༣དང་། །དབང་༤༥མཚོས་བརྒྱན་ལ་རི་༦༧རོ་དུས༦། །༦༠མཁའ་རོ་མཁའ༦༠་རོ་འཁོར་༢༧ ལོ་ཡིས། །དོར་ལྷག་ཉི་མའི་དྷྲུ་བ་དག །ཟླ་དག་གནས་གཉིས་སྟེང་མ་མིག༢ །འོག་མ་༡གཟུགས་ཀྱིས་བསྒྱུར་བ་ལ། །རིལ་པོར་རྒྱལ་༢༤བ་ཆར་གཏེར་༡༠ ཟླ། །བྱིན་ལ་དུས་༡༢༦ཁྱིིམ་ནོར་ལག་༢༨ གིས། །བསྒྲིལ་བས་རིལ་ཆའི་དྷྲུ་བ་འགྲུབ། །བྱེད་པར་མེ་ཡོས་ལ་སོགས་པའི། །འདས་ལོ་ཉི་མས་བསྒྱུར་བྱས་ ཏེ། །འདས་ཟླ་བསྲེས་ལ་གནས་གཉིས་བཞག །འོག་མ་མི ག་༢བསྒྱུར་བུག་༢༧ལག་བསྣན། །མདའ་རོས་༦༥བགོས་ཐོབ་ཟླ་བ་དག །ཟླ་དག་གནས་གསུམ་སྟེང་རིམ་བཞིན། །བསེ་༡ རུ་ཟླ་༣༡ མེ་མཁའ་༥༠འབྱུང་བསྒྱུར། །སྟེང་ཟླ་༡ ཆུ་ཚོད་ནོར་ཡོན་༣༨དང་། །ཆུ་སྲང་ཕྱོགས་༡༠ བྱིན་༥༠ མཁའ་༦༠ རོ་གཉིས། །རི་༧ ཡིས་དོར་ལྷག་གཟའ་དྷྲུའོ། །ཟླ་དག་གནས་གཉིས་སྟེང་མ་མིག༢ །འོག་མ་གཟུགས་༡ ཀྱིས་བསྒྱུར་བྱས་ལ། །རིལ་པོར་རྒྱལ་༢༤ བ་ཆར་༣༣ མེ་རྩེ། །བྱིན་ལ་དུས་༥ཁྱིམ་ཀླུ་༣༨ ལག་དོར། །ལྷག་མ་རིལ་ཆའི་དྷྲུ་བ་དག །ཟླ་དག་གནས་ལྔ་སྟེང་རིམ་བཞིན། །མིག་༢ ཕྱོགས་༡༠ ཀླུ་དབང་༥༨ ལག་ཕྱོགས་༡༠ བསྒྱུར། །སྐར་གནས་དུས་༢༦མིག་ཆུ་ཚོད་དུ། །ནོར་༤༨ མཚོ་ཆུ་སྲང་རྩེ་ཡོན་༣༣ དང་། །དབུགས་མདའ་༥ ཆ་ཤས་ཟླ་༡ བས་བརྒྱན། །འདོད་༡༣ དུས་༦ མཁའ་༥༡ རོ་ཐིག་དུས་༦༠ དང་། །འཁོར་༢༧ལོས་དོར་ལྷག་ཉི་དྷྲུའོ། །ཅེས་པ་འདི་རྣམས་ནི། ཅོ་ནེའི་སློབ་དཔོན་བ་ཤཱཀ་བཙུན་བཤད་སྒྲུབ་མིང་ཅན་གྱིས་གཞན་ལ་ཕན་འདོད་དང་ལག་ཁྲལ་གྱིས་བཀོད་པའི་ཡི་གེ་པ་ནི་ཏཱ་ཡི་ལ་ལུང་བློ་བཟང་དོན་གྲུབ་བོ། ། མངྒལཾ།། །