cover

ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱི་གསུང་ཆོས་སྐོར།

ལྕམ་བླ་འགྱུར་མེད་རྒྱལ་མཚན།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མཛད་པ་པོའི་རྣམ་ཐར་མདོར་བསྡུས།

༄༅། ལྕམ་བླ་འགྱུར་མེད་རྒྱལ་མཚན་ནི། རབ་བྱུང་བཅུ་གསུམ་པའི་ནང་མི་ཉག་ལྕམ་པ་ཉི་འོད་སྡེ་བར་སྐུ་འཁྲུངས། ཨོ་རྒྱན་སྨིན་གྲོལ་གླིང་སོགས་དབུས་གཙང་གི་གྲྭ་ས་ཆེ་ཁག་རྣམས་སུ་བྱོན་ནས་མཚན་ལྡན་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་རིག་གནས་ཀུན་ལ་སྦྱང་བ་དཀྱུས་ཕྱིན་པ་མཛད། རྫོགས་ཆེན་དུ་ཕེབས་ནས་ནམ་མཁའ་ཚེ་དབང་མཆོག་གྲུབ་དང་། ཁྱད་པར་རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོའི་ཞབས་པད་མཉེས་པ་གསུམ་གྱིས་གཙུག་ཏུ་མཆོད་ནས་མན་ངག་སྤྱི་དང་། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་གདམས་པ་རྫོགས་པར་གསན། སྐུ་ན་ཆུང་དུས་ཤིག་ལ་རོང་མེས་ཕྱོགས་ཀྱི་སྡེ་བ་ཞིག་གིས་བོན་གྱི་བླ་གྲྭ་འགས་བོན་ལུགས་ཀྱི་ཆོ་ག་དང་། ཁོང་སོགས་ལ་བརྒྱ་བཞི་གསུང་དུ་བཅུག ཡས་རྣམས་སྐྱེལ་སྐབས་ཁོང་གིས་ཡུངས་ཐུན་བྲབས་པས་བདུད་བཞི་རང་འགུལ་གྱིས་སོང་བར་གྲགས། རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་ལོར་གཡུ་ཁོག་གནས་ལུང་དཔལ་གྱི་རི་བོའི་གནས་སྒོ་ཕྱེས། ཤུག་འདབས་ཁོག་ན་དུད་ཁྱིམ་དབུལ་བོ་འགའ་ཡོད་པས་ཁོང་གིས་ཉིན་ཞིག་དེ་ཚོར། སང་ཉིན་གནས་ལུང་ནས་གཡག་གཏེར་དང་། གནང་ཉིན་འབྲི་གཏེར་ལེན་ནས་ཁྱེད་ཅག་དབུལ་སྐྱོབས་བྱེད། འབྲི་གཡག་རྣམས་འོང་སྐབས་ཁྱེད་ཚོས་རབ་ན་རྭ་སོགས་ནས་འཛིན་པ་དང་། ཐ་ན་ཡང་ས་སྤར་རེ་གཏོར་ཐུབ་ངེས་ཀྱིས་དང་། དེ་ནས་དབང་བར་འགྱུར་གསུངས། ཕྱི་ཉིན་གཏེར་སྒོ་ཕྱེས་ཚེ་གཡག་རྣམས་རུ་ཐུར་གཟེངས། ཧར་སྒྲ་དང་བཅས་འོང་བ་ལ་ཁོང་ཚོས་མིག་གིས་བལྟ་བ་ཙམ་ལས་རེག་པ་དང་ས་གཏོར་མ་ཕོད་པར་ལུས་པས། གཡག་རྣམས་སྲིབ་ལུང་གི་རྫ་ནང་དུ་ཐིམ་སོང་བ་དེར་གཡག་ལུང་ཞེས་མིང་དུ་ཐོགས། དེ་ནས་ཁོང་གིས་ད་རྟེན་འབྲེལ་འཕྱུགས་པས་འབྲི་གཏེར་ལེན་རྒྱུ་མིན་གསུངས། གཡུ་སྨད་ཤ་དུང་བྲག་དུ་སྒྲུབ་པ་ཉམས་བཞེས་མཛད། གནས་ལུང་དུ་བགྲང་བྱ་དུ་མའི་རིང་སྐུ་མཚམས་ལ་བཞུགས། ཤར་རོང་ཏུ་སྨྱུང་གནས་ལྷ་ཁང་ཞིག་བཏབ་ནས་ལོ་རེར་ཐེངས་རེར་དད་ལྡན་མང་ཚོགས་ལ་ཆོས་འཁོར་བསྐོར། དེ་ཕྱོགས་སུ་གནས་སྒོ་འགའ་ཞིག་ཕྱེས་པར་བཤད། རྗེ་འབངས་ཉེར་ལྔའི་ནང་ཚན་འོ་བྲན་དཔལ་གྱི་དབང་ཕྱུག་གི་སྤྲུལ་པར་གྲགས། རབ་ཏུ་བྱུང་བའི་མཚན་ལ་འགྱུར་མེད་རྒྱལ་མཚན་བཟང་པོ་དང་། མཚན་གཞན་རིག་འཛིན་ཆེན་པོ་མཐུ་སྟོབས་རྡོ་རྗེ་ཞེས་བྱ། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་ཏུ་བར་དོའི་ངོ་སྤྲོད་འཁྲུལ་སྣང་རང་གྲོལ་ལམ་ལྕམ་བླའི་འཕོ་རྒན་དུ་གྲགས་པ་རྒྱས་འབྲིང་བསྡུས་གསུམ་སོགས་གསུང་ཆོས་མང་དུ་མཆིས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་མཐར་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས།།

སྔོན་འགྲོ་ཐར་ལམ་གསལ་བྱེད།

༄༅། སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་ཐར་ལམ་གསལ་བྱེད་ཕན་བདེ་ཉི་མ་ཞེས་བྱ་བ་བཞུགས་སོ། །

བླ་མ་དང་ཨོ་རྒྱན་སྐུ་གསུམ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །འདིར་གང་ཞིག་འཁོར་བ་ལ་སྐྱོ་ཤས་དྲག་པོས་ཡིད་དབྱུང་ཞིང་བླ་མེད་བྱང་ཆུབ་དོན་དུ་གཉེར་བ་དག་གིས་སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་འདི་རྣམས་ཀྱི་དོན་ཡིད་ལ་བསམ་ཞིང་ཁ་ཏོན་དུ་ཐུན་བཞིའི་རྣལ་འབྱོར་དུ་བརྩོན་དགོས་པས། དེ་ལས་དང་པོ། བློ་ཆོས་སུ་འགྲོ་བར་བྱེད་པའི་སྔོན་འགྲོའི་བློ་ལྡོག་རྣམ་པ་བཞིའི་ཁྲིད་ཀྱི་ངག་འདོན་ལ། དང་པོ་དལ་འབྱོར་རྙེད་དཀའ་ནི། ཀྱེ་མ༔ དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་འདིའིཿ དཔེ་གྲངས་རྒྱུ་སོགས་བརྟག་ན་རྙེད་དཀའ་ཞིང༔ རྙེད་ན་དོན་ཆེ་ལྷ་ལས་ལྷག་པའི་ལུསཿ ཐོབ་དུས་དལ་འབྱོར་སྙིང་པོ་བྱང་ཆུབ་བསྒྲུབཿ མ་བསྒྲུབས་སླན་ཆད་དལ་འབྱོར་མི་རྙེད་པསཿ རྣམ་གཡེང་ཆོས་མིན་ཀུན་ལས་བློ་སྣ་ལྡོགཿ ཚེ་གང་དོན་ཡོད་དགེ་བ་བསྒྲུབ་པ་ཡིསཿ བདག་གཞན་དོན་གཉིས་འབྱོང་བར་བྱིན་གྱིས་རློབསཿ གཉིས་པ་འཆི་བ་མི་རྟག་པ་ནིཿ ཕྱི་སྣོད་འཇིག་རྟེན་མེ་ཆུ་རླུང་གིས་འཇིགཿ ནང་བཅུད་འདུས་བྱས་མི་རྟག་འཕོ་ཞིང་འགྱུརཿ བསོད་ནམས་དཔག་མེད་རྣམས་ཀྱང་མི་རྟག་ཅིངཿ མི་རྟག་ངེས་པའི་གཏན་ཚིགས་དགུ་བསྒོམས་ནསཿ ཤི་བ་མཐོང་ཐོས་དྲན་རྣམས་རང་རྒྱུད་སྦྱོརཿ ཚེ་ལ་ལོང་མེད་མི་རྟག་རྒྱུད་ལ་སྐྱེཿ ཚེ་འདི་བློས་ཐོངས་ཕྱི་མའི་དོན་ཀུན་འགྲུབཿ འཆི་སྲིད་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབསཿ གསུམ་པ་འཁོར་བའི་སྡུག་བསྔལ་ནིཿ སྲིད་ཞིའི་བདེ་སྡུག་རང་བྱས་ལས་ལས་གྲུབཿ མི་དགེའི་ལས་ཀྱིས་ངན་འགྲོའི་སྡུག་བསྔལ་མྱོངཿ ཟག་བཅས་དགེ་བས་མཐོ་རིས་བདེ་བ་འཐོབཿ མི་གཡོའི་ལས་འབྲས་གཟུགས་དང་གཟུགས་མེད་སྐྱེཿ ཟག་མེད་དགེ་ཚོགས་ཐར་ལམ་མྱང་འདས་རྒྱུཿ ཆོས་ཀུན་བདེན་པ་བཞི་རུ་བསྡུས་ཏེ་བསྒོམཿ སྡིག་སྤང་དགེ་བསྒྲུབ་ལམ་བདེན་མཐའ་རུ་ཕྱིནཿ འགོག་བདེན་མངོན་དུ་འགྱུར་བར་བྱིན་གྱིས་རློབསཿ བཞི་བ་ལས་རྒྱུ་འབྲས་ནིཿ གཟུགས་མེད་བཞི་དང་གཟུགས་ཁམས་བསམ་གཏན་དངཿ འདོད་ལྷ་མི་དང་ངན་སོང་རྣམ་གསུམ་གྱིཿ འདུ་བྱེད་འགྱུར་དང་སྡུག་བསྔལ་ཟུང་འབྲེལ་སོགསཿ སྡུག་བསྔལ་མང་ལྡན་འཁོར་བར་ཞེན་པ་ལྡོགཿ མ་ལྡོག་རིགས་དྲུག་སྡུག་བསྔལ་བཟོད་པར་དཀའཿ འཁོར་བར་སྐྱོ་ཤས་ཐར་འདོད་ངེས་འབྱུང་སྐྱེཿ མངོན་མཐོའི་རྟེན་ལ་ངེས་ལེགས་ཐར་བའི་ལམཿ དག་པ་གཉིས་ལྡན་ཐོབ་པར་བྱིན་གྱིས་རློབསཿ ཞེས་བརྗོད་ཅིང་དོན་བསམ་མོཿ དེ་ནས་ཆོས་ལམ་དུ་འགྲོ་བར་བྱེད་པ་སྔོན་འགྲོ་ཉམས་ལེན་གྱི་ཁྲིད་དྲུག་གི་ངག་འདོན་ལཿ དང་པོ་སྐྱབས་འགྲོ་ལ་སྐྱབས་ཡུལ་གསལ་གདབ་པ་ནིཿ ༀ་ཨཱཿཧཱུྃཿ རང་སྣང་རྣམ་དག་ཞིང་ཁམས་ཁྱོན་ཡངས་པརཿ ཀུན་ཁྱབ་ཀུན་བཟང་མཆོད་སྤྲིན་འཁྲིགས་པའི་དབུསཿ ཡན་ལག་བརྒྱད་ལྡན་རྒྱ་མཚོའི་ཀློང་དཀྱིལ་ནསཿ པད་སྡོང་གེ་སར་དཔག་བསམ་ལྗོན་པའི་ཤིངཿ རྩ་བ་བརྟན་བརྗིད་ཡལ་འདབ་རབ་ཏུ་རྒྱསཿ ལོ་མ་མེ་ཏོག་འབྲས་བུས་ཕྱོགས་ཀུན་ཁྱབཿ ཕྱོགས་བཞི་དབུས་ལྔའི་པད་འདབ་ཟེའུ་འབྲུའི་དཀྱིལཿ རིན་ཆེན་ཁྲི་དང་པད་ཉི་ཟླ་གདན་བརྩེགསཿ དབུས་སུ་སངས་རྒྱས་ཀུན་འདུས་བླ་མ་དངཿ དབྱེར་མེད་ཨོ་རྒྱན་སྐུ་གསུམ་ཀུན་བཟང་ལཿ དགོངས་བརྡ་སྙན་བརྒྱུད་བླ་མ་རྣམས་ཀྱིས་བསྐོརཿ མདུན་དུ་ཡི་དམ་ཞི་ཁྲོ་རབ་འབྱམས་ལྷཿ གཡས་སུ་དུས་གསུམ་སངས་རྒྱས་ཐམས་ཅད་བཞུགསཿ རྒྱབ་ཏུ་གསུང་མཆོག་དམ་ཆོས་གླེགས་བམ་ཚུལཿ གཡོན་དུ་ཐེག་པ་ཆེ་ཆུང་དགེ་འདུན་སྡེཿ མཐའ་བསྐོར་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགསཿ སྐྱབས་གནས་མ་ལུས་ཀུན་གྱིས་བསྐོར་བར་གསལཿ སྐྱབས་སུ་འགྲོ་བ་ནིཿ ན་མོཿ སྐུ་གསུམ་དཀོན་མཆོག་རྩ་གསུམ་སྲུང་མར་བཅསཿ ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ལཿ བདག་སོགས་འགྲོ་ཀུན་འཁོར་བའི་སྡུག་བསྔལ་འདིཿ སྒྲོལ་ཕྱིར་སྒོ་གསུམ་གུས་པས་སྐྱབས་སུ་མཆིཿ གཉིས་པ་སེམས་བསྐྱེད་པ་ནིཿ ཧོཿ དེང་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་པརཿ མར་གྱུར་སེམས་ཅན་མ་བསྒྲལ་བསྒྲལ་བ་དངཿ མ་གྲོལ་དགྲོལ་ཞིང་དབུགས་དབྱུང་མྱང་འདས་ལཿ འགོད་ཕྱིར་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོཿ ཚད་མེད་བཞི་བསྒོམ་པ་ནིཿ སེམས་ཅན་བདེ་དང་ལྡན་ཞིང་དགེ་ལ་བརྩོནཿ སྡུག་བསྔལ་ཀུན་བྲལ་མི་དགེའི་ལས་སྤང་ཞིངཿ བདེ་དང་དགེ་ལ་རྒྱུན་དུ་སྤྱོད་པ་དངཿ མཉམ་ཉིད་བཏང་སྙོམས་ངང་ལ་གནས་གྱུར་ཅིགཿ གསུམ་པ་སྡོམ་བཟུང་ནིཿ སྐྱབས་གནས་རྒྱལ་བ་སྲས་བཅས་སྤྱན་སྔ་རུཿ སོ་ཐར་སྡོམ་བཟུང་གཞན་གནོད་གཞིར་བཅས་སྤངཿ བྱང་སེམས་སྡོམ་གཟུང་གཞན་ཕན་འབའ་ཞིག་བསྒྲུབཿ གསང་སྔགས་དམ་སྲུང་ལྷ་སྔགས་ཏིང་འཛིན་བསྒོམཿ བཞི་པ་རྡོར་སེམས་བསྒོམ་བཟླས་ནིཿ རང་ཉིད་ཐ་མལ་སྤྱི་བོར་པད་ཟླའི་སྟེངཿ ཧཱུྃ་དཀར་ལས་བྱུང་རྡོར་སེམས་དཀར་གསལ་འཚེརཿ རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་རྒྱན་གྱིས་མཛེསཿ སེམས་སྐྱིལ་གྱིས་བཞུགས་ཐུགས་ཀར་པད་ཟླའི་སྟེངཿ ཧཱུྃ་མཐར་ནང་བསྐོར་ཡང་སྙིང་འབྲུ་དྲུག་དངཿ ཕྱི་བསྐོར་ཡི་གེ་བརྒྱ་བའི་སྔགས་ཕྲེང་རྣམསཿ གཡས་སུ་རང་སྒྲ་དང་བཅས་འཁོར་བ་ལསཿ འོད་འཕྲོས་འཕགས་མཆོད་སེམས་ཅན་སྒྲིབ་པ་སྦྱངསཿ ཚུར་འདུས་སྔགས་ཕྲེང་ཧཱུྃ་ལས་བདུད་རྩི་བབསཿ བདག་གི་སྤྱི་བོར་ཞུགས་ནས་ལུས་ཀུན་ཁྱབཿ སྡིག་སྒྲིབ་ཉེས་ལྟུང་དྲི་མ་ཐམས་ཅད་སྦྱངསཿ ཨོཾ་བཛྲ་ས་ཏྭ་ཧཱུྃཿ ཞེས་ཉེ་སྙིང་ཡི་གེ་དྲུག་པ་དངཿ ཨོཾ་བཛྲ་ས་ཏྭ་ས་མ་ཡཱཿ ཞེས་སྙིང་པོ་ཡི་གེ་བརྒྱ་བ་རྣམས་ཅི་ནུས་སུ་བཟླཿ བཟླས་པའི་མཐརཿ མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིསཿ དམ་ཚིག་ལས་ནི་འགལ་ཞིང་ཉམསཿ བླ་མ་མགོན་པོས་སྐྱབས་མཛོད་ཅིགཿ གཙོ་བོ་རྡོ་རྗེ་འཛིན་པ་སྟེཿ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅནཿ འགྲོ་བའི་གཙོ་ལ་བདག་སྐྱབས་མཆིཿ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོཿ སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལཿ ལྔ་པ་མཎྜལ་ནིཿ ༀ་ཨཱཿཧཱུྃཿ ཕྱི་ཡི་མཎྜལ་རི་གླིང་ཁོར་ཡུག་བཅསཿ གསེར་རི་རོལ་མཚོ་ཉི་ཟླ་སྣོད་བཅུད་ཀུནཿ བླ་མ་སངས་རྒྱས་སྤྲུལ་པའི་སྐུ་ལ་འབུལཿ ནང་ལྟར་བདག་ཏུ་བཟུང་བའི་ཁང་ཞིང་དངཿ ཉེ་འབྲེལ་འཁོར་གཡོག་འདོད་ཡོན་ལོངས་སྤྱོད་རྣམསཿ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལཿ གསང་བར་རང་ལུས་པགས་པ་སྒལ་ཚིགས་དངཿ ཡན་ལག་ཉིང་ལག་དོན་སྣོད་ཁམས་སྐྱེ་མཆེདཿ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལཿ ཡང་གསང་རང་བྱུང་རང་རིག་རོལ་པའི་རྩལཿ མཆོད་བྱ་མཆོད་བྱེད་མཆོད་ཡུལ་རྣམ་དག་པཿ བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ་འབུལཿ བཞེས་ནས་སྐུ་བཞིའི་གོ་འཕང་མངོན་གྱུར་ཤོགཿ ཨེ་དཾ་གུ་རུ་རཏྣ་མཎྜལ་ཁཾ་ནིརྱ་ཏ་ཡ་མིཿ རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་གོཿ ཞེས་གསུངས་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚོགས་ཞིང་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་ལུས་འོད་ཀྱི་གོང་བུར་གྱུརཿ དྲུག་པ་བླ་མའི་རྣལ་འབྱོར་ནིཿ གསོལ་བ་གདབ་པའི་ཡུལ་བསྐྱེད་པ་ནིཿ ཨེ་མ་ཧོཿ རང་ལུས་འོད་ཕུང་རྡོ་རྗེ་རྣལ་འབྱོར་མཿ ༼རྣམ་པ་རྡོ་རྗེ་རྣལ་འབྱོར་མ་ལས་ངོ་བོ་མཚོ་རྒྱལ་ཡིན་པར་བསྒོམས་ན་རྗེས་སུ་འཛིན་པའི་རྟེན་འབྲེལ་ཡོད་པར་གསུངས། མཆན།༽ ཕྱག་མཚན་རྒྱན་ཆས་ཡོངས་རྫོགས་སྐུར་གསལ་བའིཿ ཕྱོགས་བཅུར་ངོ་མཚར་རྨད་བྱུང་མཆོད་སྤྲིན་འཁྲིགསཿ སྤྱི་བོར་པདྨ་འདབ་སྟོང་ཉི་ཟླའི་སྟེངཿ འཇའ་སྤྲིན་འོད་ལྔའི་གུར་ཁང་འཁྱིལ་བའི་ཀློངཿ རྒྱལ་བ་ཀུན་འདུས་རྩ་བའི་བླ་མ་དངཿ དབྱེར་མེད་ཨོ་རྒྱན་སྐུ་གསུམ་ཀུན་བཟང་བཞུགསཿ སྟེང་གི་འཁོར་ལ་རྒྱལ་བ་དགོངས་བརྒྱུད་དངཿ བར་གྱི་ཆ་ལ་རིག་འཛིན་བརྡ་བརྒྱུད་གསལཿ འོག་ཏུ་མདུན་ནས་གཡས་བསྐོར་ཁྲོམ་ཚོགས་སུཿ གང་ཟག་སྙན་བརྒྱུད་བླ་མ་ལ་སོགས་པའིཿ རྒྱ་བོད་རིག་འཛིན་གྲུབ་ཐོབ་ཚོགས་རྣམས་དངཿ རྩ་གསུམ་སྲུང་མ་རྒྱ་མཚོས་བསྐོར་བ་ཡིཿ གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན་པ་ལསཿ འོད་འཕྲོས་རང་བཞིན་གནས་ནས་ཡེ་ཤེས་སེམསཿ སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་གྱུརཿ སྤྱན་འདྲེན་པ་ནིཿ ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིསཿ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལཿ གུ་རུ་པདྨ་སིདྡྷི་ཧཱུཾཿ ལན་གསུམ་བྱཿ ཡན་ལག་བདུན་པ་ནིཿ སྐྱབས་མཆོག་དཔལ་ལྡན་བླ་མ་འཁོར་བཅས་ལཿ དཔག་མེད་བཞི་དང་ལྡན་པས་གུས་ཕྱག་འཚལཿ དངོས་བཤམས་ཡིད་སྤྲུལ་མཆོད་པ་རྒྱ་མཚོས་མཆོདཿ བཅས་དང་རང་བཞིན་ཉེས་ཀུན་སྟོབས་བཞིས་བཤགསཿ སྐྱེ་འཕགས་དགེ་བ་ཀུན་ལ་རྗེས་ཡི་རངཿ ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལཿ སེམས་ཅན་དོན་ཕྱིར་མྱ་ངན་མི་འདའ་བཞུགསཿ འཁོར་གསུམ་ཡོངས་དག་དགེ་ཚོགས་གཞན་དོན་དུཿ བླ་མེད་རྫོགས་བྱང་ཐོབ་པའི་རྒྱུ་རུ་བསྔོཿ གསོལ་འདེབས་ནིཿ ཨོཾ་ཨཱཿཧཱུྃཿ གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དངཿ རྒྱལ་བ་རིགས་ལྔ་དྲུག་པ་རྡོ་རྗེ་འཆངཿ རྫོགས་ཆེན་སྟོན་པ་བཅུ་གཉིས་རྡོ་རྗེ་སེམསཿ རྒྱལ་བ་དགོངས་བརྒྱུད་བླ་མ་ལ་གསོལ་བ་འདེབསཿ སྐྱེ་མེད་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབསཿ དགའ་རབ་རྡོ་རྗེ་མཁས་པ་ཤྲཱི་སེངཿ ཛྙཱ་ན་སུ་དྲ་རྒྱ་གར་རིག་འཛིན་བརྒྱདཿ མཁའ་སྤྱོད་རིག་འཛིན་ལྔ་དང་པདྨ་འབྱུངཿ རིག་འཛིན་བརྡ་བརྒྱུད་བླ་མ་ལ་གསོལ་བ་འདེབསཿ འགགས་མེད་ལོངས་སྐུ་ཐོབ་པར་བྱིན་གྱིས་རློབསཿ ཏིང་འཛིན་བཟང་པོ་བཻ་རོ་ཙ་ན་སོགསཿ རྗེ་འབངས་ཉེར་ལྔ་གྲུབ་བརྙེས་ལོ་པཎ་རིགསཿ གཏེར་སྟོན་བརྒྱ་རྩ་ཆོས་བདག་ལས་ཅན་བཅསཿ གང་ཟག་སྙན་བརྒྱུད་བླ་མ་ལ་གསོལ་བ་འདེབསཿ སྣ་ཚོགས་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ གསང་སྔགས་རྒྱུད་སྡེ་བཞི་ཡིས་བསྡུས་པ་ཡིཿ ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་ཀྱི་ལྷཿ ཞི་ཁྲོ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཚོགསཿ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ་གསོལ་བ་འདེབསཿ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབསཿ ཡེ་ཤེས་དང་ནི་འཇིག་རྟེན་ལས་གྲུབ་པའིཿ མ་སྲིང་མཁའ་འགྲོ་ཤུགས་འགྲོ་རྒྱ་མཚོ་དངཿ དཔལ་མགོན་ལྕམ་དྲལ་དམ་ཅན་སྲུང་མ་སོགསཿ མཁའ་འགྲོ་ཆོས་སྐྱོང་ལྷ་ཚོགས་ལ་གསོལ་བ་འདེབསཿ ཕྲིན་ལས་རྣམ་བཞི་འགྲུབ་པར་བྱིན་གྱིས་རློབསཿ སླར་ཡང་བླ་མ་དེ་ཉིད་རྒྱལ་བ་ཀུན་འདུས་ཀྱི་ངོ་བོར་བསྒོམ་ལ་མོས་གུས་གདུང་ཤུགས་དྲག་པོས་འདི་ལྟར་འབོད་དོཿ བདག་གཞན་མར་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོཿ བླ་མ་མཁྱེན་ནོཿ བླ་མ་མཁྱེན་ནོཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོཿ སྡེ་གསུམ་ཐེག་པ་རིམ་དགུའི་ཆོས་མཛོདཿ ཁམས་གསུམ་འགྲོ་བའི་ཚོགས་ཞིང་དམ་པཿ མཆོག་གསུམ་ཀུན་འདུས་བླ་མ་མཁྱེན་ནོཿ བླ་མ་མཁྱེན་ནོཿ བླ་མ་ཀུན་འདུས་བྱིན་རླབས་འབྱུང་གནསཿ ཡི་དམ་ཀུན་འདུས་དངོས་གྲུབ་མཆོག་སྩོལཿ མཁའ་འགྲོ་ཀུན་འདུས་ཕྲིན་ལས་ཐོགས་མེདཿ རྩ་གསུམ་ཀུན་འདུས་བླ་མ་མཁྱེན་ནོཿ བླ་མ་མཁྱེན་ནོཿ ངོ་བོ་སྐྱེ་མེད་བླ་མ་ཆོས་སྐུཿ རང་བཞིན་འགགས་མེད་བླ་མ་ལོངས་སྐུ༔ ཐུགས་རྗེ་ཕྱོགས་མེད་བླ་མ་སྤྲུལ་སྐུཿ སྐུ་གསུམ་དབྱེར་མེད་བླ་མ་མཁྱེན་ནོཿ བླ་མ་མཁྱེན་ནོཿ བཀའ་རྒྱུད་བླ་མ་དམ་པའི་རྒྱལ་ཚབཿ མདོ་རྒྱུད་ལུང་རིགས་དུ་མའི་གཏེར་མཛོདཿ སྙན་རྒྱུད་གདམས་པ་ཟབ་མོའི་མཛོད་འཛིནཿ བསྒྲུབ་རྒྱུད་བསྟན་འཛིན་བླ་མ་མཁྱེན་ནོཿ བླ་མ་མཁྱེན་ནོཿ མར་གྱུར་འགྲོ་བའི་སྐྱབས་མགོན་བླ་མཿ མ་རིག་སྒྲིབ་བྲལ་རྣལ་འབྱོར་དབང་ཕྱུགཿ མ་སྤང་རང་གྲོལ་རྟོགས་ལྡན་རྒྱལ་པོཿ མ་བཅོས་ཁྱབ་བརྡལ་བླ་མ་མཁྱེན་ནོཿ བླ་མ་མཁྱེན་ནོཿ འགྲོ་བློའི་རེ་སྐོང་ནོར་བུ་རིན་ཆེནཿ འགྲོ་དྲུག་ཐར་ལམ་འདྲེན་པའི་དེད་དཔོནཿ འགྲོ་བའི་ནད་སེལ་སྨན་པའི་རྒྱལ་པོཿ འགྲོ་མགོན་མཚུངས་མེད་བླ་མ་མཁྱེན་ནོཿ བླ་མ་མཁྱེན་ནོཿ མཁྱེན་པའི་ཡེ་ཤེས་མཁའ་འདྲའི་ཀློང་ལསཿ བརྩེ་བའི་ཐུགས་རྗེའི་སྤྲིན་ཚོགས་དཔག་མེདཿ མཛད་པའི་ཕྲིན་ལས་ཆོས་ཆར་བཟང་པོསཿ གདུལ་བྱའི་རྒྱུད་བརླན་བླ་མ་མཁྱེན་ནོཿ བླ་མ་མཁྱེན་ནོཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཏུ་བསྡུས་པའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་ཁྱེད་ལ་མཁྱེན་བརྩེའི་མཛད་ཕྲིན་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པསཿ བདག་སོགས་མར་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐུགས་བརྩེ་བ་ཆེན་པོས་དུས་ད་ལྟ་ཉིད་དུ་གཟུང་དུ་གསོལཿ དེ་ནས་བསྡུ་རིམ་ནིཿ ལྷ་ཚོགས་བརྒྱུད་པའི་བླ་མ་འོད་དུ་ཞུཿ རྩ་བའི་བླ་མའི་སྐུ་ལ་གཉིས་མེད་ཐིམཿ དེ་ཉིད་མཁྱེན་བརྩེ་ནུས་མཐུ་བྱིན་རླབས་དངཿ གཟི་བརྗིད་འོད་འབར་དགྱེས་བཞིན་བཞུགས་པར་གྱུརཿ དབང་བཞི་ལེན་པ་རྒྱས་པར་བྱེད་ནཿ ཨོཾ་ཨཱཿཧཱུྃ་ཧྲཱིཿ སྤྱི་གཙུག་པད་ཉི་ཟླ་གདན་སྟེང་ནསཿ སངས་རྒྱས་ཀུན་འདུས་རྩ་བའི་བླ་མའིཿ སྤྱི་བོར་ཨོཾ་ལས་སྐུ་ཡི་བྱིན་རླབསཿ འོད་དཀར་ཐིག་ལེ་ཨོཾ་གྱི་རྣམ་པཿ གྲངས་མེད་འཕྲོས་ཏེ་རང་གི་དཔྲལ་བརཿ ཐིམ་པས་ལུས་ཀྱི་སྒྲིབ་པ་དག་ནསཿ བུམ་པའི་དབང་དང་སྐུ་ཡི་དབང་ཐོབཿ ལམ་དུས་བསྐྱེད་རིམ་བསྒོམ་ལ་དབང་ཞིངཿ རྣམ་སྨིན་རིག་འཛིན་ས་བོན་ཐེབས་ནསཿ འབྲས་བུ་སྤྲུལ་སྐུ་ཐོབ་པའི་རྒྱུར་གྱུརཿ ཨོཾ་ཨོཾཿ ལན་གསུམཿ མགྲིན་པའི་ཨཱཿལས་གསུང་གི་བྱིན་རླབསཿ འོད་དམར་ཐིག་ལེ་ཨཱཿཡི་རྣམ་པཿ གྲངས་མེད་འཕྲོས་ཏེ་རང་གི་མགྲིན་པརཿ ཐིམ་པས་ངག་གི་སྒྲིབ་པ་དག་ནསཿ གསང་བའི་དབང་དང་གསུང་གི་དབང་ཐོབཿ ལམ་དུས་རྩ་རླུང་བསྒོམ་ལ་དབང་ཞིངཿ ཚེ་དབང་རིག་འཛིན་ས་བོན་ཐེབས་ནསཿ འབྲས་བུ་ལོངས་སྐུ་ཐོབ་པའི་རྒྱུར་གྱུརཿ ཨ་ཨཱཿ ལན་གསུམཿ ཐུགས་ཀའི་ཧཱུྃ་ལས་ཐུགས་ཀྱི་བྱིན་རླབསཿ འོད་མཐིང་ཐིག་ལེ་ཧཱུྃ་གི་རྣམ་པཿ གྲངས་མེད་འཕྲོས་ཏེ་རང་གི་སྙིང་གརཿ ཐིམ་པས་ཡིད་ཀྱི་སྒྲིབ་པ་དག་ནསཿ ཤེར་དབང་དང་ནི་ཐུགས་ཀྱི་དབང་ཐོབཿ ལམ་དུས་ཐིག་ལེ་བསྒོམ་ལ་དབང་ཞིངཿ ཕྱག་རྒྱའི་རིག་འཛིན་ས་བོན་ཐེབས་ནསཿ འབྲས་བུ་ཆོས་སྐུ་ཐོབ་པའི་རྒྱུར་གྱུརཿ ཧཱུྃ་ཧཱུྃཿ ལན་གསུམཿ ལྟེ་བའི་ཧྲཱིཿ༼ཡང་ན་སྐུའི་ཆ་ལས་ཡོན་ཏན་ཕྲིན་ལས་ལྔའི་ཐིག་ལེ་ ༽ ལས་ཡོན་ཏན་ཕྲིན་ལསཿ ཡོངས་རྫོགས་བྱིན་རླབས་འོད་༼ལྔའི་ཐིག་ལེའི་༽ལྗང་ཐིག་ལེཿ ཧྲཱིཿཡིག་རྣམ་པ་གྲངས་མེད་རང་གིཿ ལྟེ་བར་ཐིམ་པས་ཤེས་བྱའི་སྒྲིབ་དགཿ ཚིག་དབང་ཡོན་ཏན་ཕྲིན་ལས་དབང་ཐོབཿ ལམ་དུས་སྟོང་ཉིད་བསྒོམ་ལ་དབང་ཞིངཿ ལྷུན་གྲུབ་རིག་འཛིན་ས་བོན་ཐེབས་ནསཿ འབྲས་བུ་ངོ་བོ་ཉིད་སྐུའི་རྒྱུར་གྱུརཿ ཧྲཱིཿཧྲཱིཿ ལན་གསུམ། ཡང་བསྡུ་བའི་ཚེཿ བླ་མའི་གནས་བཞིར་ཨོཾ་ཨཱཿཧཱུྃ་ཧྲཱི་ལསཿ འོད་ཀྱི་ཐིག་ལེ་འབྲུ་བཞིའི་རྣམ་པར་འཕྲོསཿ བདག་གི་སྤྱི་མགྲིན་སྙིང་ལྟེར་ཐིམ་པ་ཡིསཿ དབང་ཐོབ་སྒྲིབ་སྦྱངས་སྐུ་བཞི་མངོན་དུ་གྱུརཿ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་མང་དུ་བཟླསཿ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་རཏྣ་ཨ་ཀྵ་ར་དྷྭ་ཛ་བྷ་དྲ་སརྦ་སིདྡྷི་ཕ་ལ་ཧཱུྃཿ མང་དུ་བཟླས་མཐརཿ མཐར་ནི་བླ་མ་རང་གི་སྤྱི་བོར་བྱོནཿ ཚངས་བུག་ནས་ཞུགས་སྙིང་དབུས་པད་༼སྙིང་དབུས་པདྨ་འདབ་བརྒྱད་དུ་གྱུར་པའི་དབུས་སུ༽ཟླའི་སྟེངཿ བླ་མ་རང་རིག་དབྱེར་མེད་བརྟན་པར་བཞུགསཿ པད་འདབ་གྱེན་བཟླུམ་བུམ་སྐུའི་རྣམ་པར་གྱུརཿ ཅེས་མཉམ་པར་བཞགཿ དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེཿ བདག་གི་སྙིང་དབུས་པད་ཟླའི་གདན་བཞུགས་ལཿ བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེཿ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལཿ བསྔོ་སྨོན་ནིཿ དགེ་འདིའི་མཐུ་ཡིས་མར་གྱུར་འགྲོ་དོན་དུཿ སྒྲིབ་སྦྱངས་ཚོགས་རྫོགས་ལམ་ལྔ་ས་བཅུ་བསྒྲོདཿ ཁ་སྦྱོར་བདུན་ལྡན་དབང་ཕྱུག་བརྒྱད་ལྡན་པའིཿ ཟུང་འཇུག་སྐུ་གཉིས་མྱུར་དུ་ཐོབ་པར་ཤོགཿ ཅེས་བརྗོད་ཅིང་མི་དམིགས་པའི་ངང་ལ་བཞགཿ ཉུང་ངུའི་ཚིག་ལ་མང་པོའི་དོན་བསྡུས་པ། །འདི་ནི་བཀའ་ཡིན་གཏེར་ཡིན་དག་སྣང་ཡིན། །རང་ཉིད་བགྲང་བྱའི་ཁུར་གྱིས་དུབ་པའི་ཚེ། །ཉེ་བར་མཁོ་བ་བྱུང་ནས་འཕྲལ་དུ་བྲིས། །འཁྲུལ་མེད་གཏེར་ཆེན་གླིང་བ་བཅུ་གཅིག་དང་། །འགྲོ་འདུལ་རིག་འཛིན་གཏེར་སྟོན་བརྒྱ་རྩའི་ཆོས། །བཀའ་གཏེར་ཆོ་ག་གང་དང་གང་ལའང་། །སྦྱར་ན་བྱིན་རླབས་ནུས་པ་འབྱུང་ངེས་སོ། །

བར་དོའི་ངོ་སྤྲོད་མདོར་བསྡུས་འཁྲུལ་སྣང་རང་གྲོལ།

བར་དོའི་རྣམ་བཞག་སྤྱིར་བསྟན་པ།

༄༅། །རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཉམས་ལེན་ལམ་རིམ། ཞལ་ཁྲིད་ཐར་བའི་ལམ་བཟང་ནས་གུད་དུ་ཕྱུང་བའི་མན་ངག་གང་ཟག་དབང་འབྲིང་བར་དོ་དང་དབང་མཐའ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་ཚུལ་གྱི་ངོ་སྤྲོད་མདོར་བསྡུས་འཁྲུལ་སྣང་རང་གྲོལ་ཞེས་བྱ་བ་བཞུགས་སོ། །

༄༅། །གུ་རུ་རཏྣ་མ་ཧཱ་སན་དྷི་ནིརྨ་མུརྟི་བྷྱཿ ཚེ་འདི་དང་ཕྱི་མ་བར་དོ་སོགས། །དུས་ཀུན་ཏུ་ངེས་པར་སྐྱོབ་ནུས་པའི། །མགོན་གཅིག་ཆོག་རྫོགས་ཆེན་སྤྲུལ་པའི་སྐུ། །མི་བདག་གིས་སྒོ་གསུམ་གུས་ཕྱག་འཚལ། །བདག་རང་དང་རྗེས་འཇུག་བུ་སློབ་རྣམས། །སེམས་འཁྲུལ་སྣང་གཟུང་འཛིན་གྲོལ་བའི་ཐབས། །གནད་བར་དོའི་ངོ་སྤྲོད་མདོར་བསྡུས་ཤིག །བྱམས་སྙིང་རྗེའི་བྱང་སེམས་ངང་ནས་སྤེལ། །དེ་ལ་འདིར་རང་བཞིན་རྫོགས་པ་ཆེན་པོའི་ཁྲིད་ཀྱི་གདམས་ངག །བརྩོན་འགྲུས་ཅན་རབ་ཚེ་འདིར་འཚང་རྒྱ་བ་དང་། འབྲིང་བར་དོར་འཚང་རྒྱ་བ་དང་། ཐ་མ་རྣམས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བར་བསྟན་པ་དང་གསུམ་དུ་གསུངས་པའི་ནང་ནས། ད་ལམ་འདིར་འབྲིང་མཐའ་གཉིས་ལ་ཉེར་མཁོའི་མན་ངག་མདོར་བསྡུས་ངོ་སྤྲོད་ཀྱི་ལུགས་སུ་གསལ་འདེབས་པ་དང་། མགྲོན་པོ་ལ་བརྒལ་བ་ལ་ཚངས་སྤྲུག་གི་ཚུལ་དུ་འདེབས་ཚུལ་གཉིས་བློ་དམན་ལ་གོ་བདེ་བར་བརྗོད་པ་འདི་ལ། དང་པོ་འཁོར་འདས་སྣང་སྲིད་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འུབས་ཀྱིས་དྲིལ་ནས་གཞི་ལམ་འབྲས་གསུམ་དུ་བསྡུས་ཏེ་ཉམས་སུ་ལེན་དགོས་པ་དེ་ལ་སེམས་ཅན་ཐམས་ཅད་ཐོག་མར་གཞི་ནས་འཁྲུལ་བ་ནས་བཟུང་སྟེ་མཐར་སྐུ་གསུམ་གྱི་འབྲས་བུ་མ་ཐོབ་ཀྱི་བར་ཐམས་ཅད་ནི། བར་དོའི་གནས་སྐབས་ཁོ་ན་ཡིན་ཕྱིར། དེ་དག་འདུལ་བྱེད་ཀྱི་གསུང་རབ་མཐའ་དག་ཀྱང་བར་དོའི་རྣམ་བཞག་གི་ཐ་སྙད་དུ་གདགས་སུ་རུང་བར་གསུངས་པ་དེ་ལྟ་བུའི་བར་དོ་དེ་ལ་བར་དོར་ངོ་ཤེས་པ་དང་། དེ་ཉིད་ཡང་དག་པའི་ལམ་དུ་བསྒྱུར་བའི་འདུན་པ་གལ་ཆེའོ། །འདི་ཉིད་ཉམས་སུ་ལེན་ཚུལ་ལ་སྤྱི་དོན་རྣམ་པ་གསུམ་ཡོད་དེ། དང་པོ་བར་དོའི་རྣམ་བཞག་སྤྱིར་བསྟན་པ་དང་། གཉིས་པ་དུས་སྐབས་ཀྱི་དགོས་དོན་བྱེ་བྲག་ཏུ་བཤད་པ། གསུམ་པ་གཅེས་པའི་གདམས་པས་འགག་བསྡུ་བའོ། །དེ་ལ་དང་པོ་བར་དོའི་རྣམ་བཞག་སྤྱིར་སྟོན་པ་འདི་ལ་བར་དོའི་ངོ་བོ། སྒྲ་དོན་ནམ་ངེས་ཚིག །བར་དོའི་དབྱེ་བ། སོ་སོའི་ལམ་འཁྱེར་ཉམས་སུ་ལེན་ཚུལ་དང་བཞིའོ། །དང་པོ་ངོ་བོ་ནི། ཐོག་མའི་ནང་དབྱིངས་གཞི་ཀ་དག་ལས། གཞན་དུ་སྣང་བའི་གཉིས་འཛིན་གྱི་བློའི་གནས་སྐབས་ཀུན་ངོ་བོ་ཡིན་ཏེ། གཞི་སྣང་སྐུ་དང་ཡེ་ཤེས་སུ་སྣང་བ་ཐམས་ཅད་ནི། དག་པ་ཆོས་ཉིད་ཀྱི་བར་དོ་ལ། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་འཁྲུལ་བའི་བར་དོ་ཡིན་ནོ། །གཉིས་པ་སྒྲ་དོན་ནམ་ངེས་ཚིག་ནི། སྔ་མ་དང་ཕྱི་མ་གཉིས་ཀྱི་བར་གྱི་ཆ་ལ་བར་དོར་གདག་པ་སྟེ། འཁོར་བ་རྣམས་སྔར་གཞི་ཀ་དག་གི་དབྱིངས་ནས་ཕྱིར་བསྐྱོད་ལ། སླར་འབྲས་བུ་འཆར་གཞིའི་དབྱིངས་དེར་ཐིམ་ནས་ནུབ་དགོས་པས་ད་ལྟ་སྔ་ཕྱི་གཉིས་ཀྱི་བར་མ་དང་། ཐོག་མཐའ་གཉིས་ཀྱི་སྦྲེལ་ཐག་གི་སེམས་ས་བོན་དང་བཅས་པ་ལ་བར་དོ་ཞེས་བྱའོ། །གསུམ་པ་དབྱེ་བ་དང་ས་མཚམས་ལ། རྫོགས་ཆེན་མཁའ་འགྲོའི་སྙིང་ཐིག་གི་ནང་ལྟར་སྒྲ་ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། ཞེས་རང་བཞིན་འཆི་ཁ་ཆོས་ཉིད་སྲིད་པའི་བར་དོ་དང་བཞིའོ། །ཀརྨ་གླིང་པའི་གཏེར་བྱོན་ཐོས་གྲོལ་ལྟར་ན། སྐྱེ་གནས། རྨི་ལམ། བསམ་གཏན། འཆི་ཁ། ཆོས་ཉིད། སྲིད་པ་བར་དོ་དང་དྲུག་གོ །དེ་ལ་དང་པོ་རང་བཞིན་བར་དོའམ། སྐྱེ་གནས་བར་དོའི་ས་མཚམས་ནི། མའི་མངལ་དུ་སྐྱེ་བ་གྲུབ་པ་ནས་བཟུང་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་ཡིན་པས་ཐོས་གྲོལ་གྱི་རྨི་ལམ་བར་དོ་དང་། བསམ་གཏན་བར་དོ་གཉིས་ཀྱང་དེའི་ཁོངས་སུ་འདུས་སོ། །འཆི་ཁ་བར་དོའི་ས་མཚམས། འཆི་བར་ཐག་ཆོད་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །ཆོས་ཉིད་བར་དོའི་ས་མཚམས་ནི། ནང་དབུགས་ཆད་དེ་འོད་གསལ་གྱི་སྣང་བ་ཤར་ནས་ལྷུན་གྲུབ་ཀྱི་སྣང་བ་ལ་ཐིམ་པ་ཚུན་ཆད་དོ། །སྲིད་པ་བར་དོའི་ས་མཚམས་ནི། ལྷུན་གྲུབ་ཀྱི་སྣང་བ་ལ་ཐིམ་པ་ནི། ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །བཞི་པ་སོ་སོའི་ལམ་འཁྱེར་ཉམས་སུ་ལེན་ཚུལ་ནི། རེ་རེ་ལ་ཡང་དཔེ་དོན་གཉིས་གཉིས་ཀྱིས་སྟོན་ཏེ། དང་པོ་ནི་སྙིང་ཐིག་ལ་བར་དོ་རྣམ་པ་བཞི་དང་། ཐོས་གྲོལ་ནས་དྲུག་ཏུ་གསུངས་པའི་ཐོས་གྲོལ་འདི། རང་རེའི་ཡུལ་འདིར་དར་ཆ་ཤིན་ཏུ་ཆེ་བས་ཀུན་གྱིས་ཤེས་དགོས་པའི་ཕྱིར། ཐོས་གྲོལ་དང་སྙིང་ཐིག་གཉིས་ཀ་བསྡེབས་ནས་བར་དོ་རྣམ་པ་དྲུག་ཏུ་བཤད་པ་འདི་ལ། དང་པོ། རང་བཞིན་སྐྱེ་གནས་ཀྱི་བར་དོའི་གདམས་ངག་གིས་སྒྲོ་འདོགས་ཆོད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་ནི། བྱ་ཐི་བ་དེས་ཚང་མ་བྱས་གོང་ནས་དགྲའི་གནོད་པས་ཚུགས་མི་ཚུགས་བརྟག་དཔྱད་ཞིབ་ཏུ་བྱས་ཏེ། འཚེ་བ་མེད་ངེས་པ་ཞིག་ཏུ་ཚང་བྱ། ཕྱིས་ཚང་དུ་འཇུག་དུས་ཡིད་གཉིས་ཐེ་ཚོམ་མེད་པར་ཡིད་ཆེས་གདེངས་དང་ལྡན་པར་འཇུག་པ་ལྟར་རང་ཅག་ཀྱང་འཁོར་བ་ནས་ཐར་བའི་ལམ་ལ་བརྩོན་པས་བསྙེགས་ནས་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཏེ། བླ་མ་དམ་པ་ལ་བརྟེན་ནས། དེའི་བསྟན་པའི་གདམ་ངག་ལ་ཐོས་བསམ་བསྒོམ་པའི་ནན་ཏན་ལྷུར་བྱས་ཏེ་སྒྲོ་འདོགས་ཆོད་དགོས་པར་བྱ་བའི་ཚུལ་ནི། ཐོས་གྲོལ་གྱི་བར་དོའི་རྩ་ཚིག་ལས། ཀྱེ་མ་བདག་ལ་སྐྱེ་གནས་བར་དོ་འཆར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤངས་བྱས་ནས༔ ཐོས་བསམ་བསྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ སྣང་སེམས་ལམ་བསླང་སྐུ་གསུམ་མངོན་གྱུར་བྱ༔ མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔ ཡེངས་མའི་ལམ་ལ་སྡོད་པའི་དུས་ཚོད་མིན༔ ཞེས་དང་། ཨོ་རྒྱན་པདྨའི་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། དང་པོ་རང་བཞིན་བར་དོའི་ཉམས་ལེན་ནི༔ ཐོས་བསམ་བསྒོམ་པ་མ་ཡེངས་གནད་དུ་བསྣུན༔ སྒྲོ་འདོགས་ཐམས་ཅད་ནང་ནས་ཆོད་པའི་ཚེ༔ ཐི་བྱ་ཚང་འཇུག་ཐེ་ཚོམ་བྲལ་དང་མཚུངས༔ ཞེས་གསུངས་པའི་དོན། ཐོས་གྲོལ་ལྟར་ན་འདིའི་ཁྲིད་ཡིག་ཀུན་གཞི་རང་གྲོལ་ལྟར་ཉམས་སུ་ལེན་ཞིང་ཀུན་གཞིའི་གནས་ལུགས་གཏན་ལ་འབེབས་དགོས་སོ། །མཁའ་འགྲོ་སྙིང་ཐིག་ལྟར་ན། དབང་རབ་ཚེ་གཅིག་ལ་བར་དོ་མེད་པར་འཚང་རྒྱ་བར་བྱེད་ལ། སྤྱིར་བསྐྱེད་རྫོགས་དང་། ཁྱད་པར་ཁྲེགས་ཆོད་དང་། ཐོད་རྒལ་གྱི་མྱུར་ལམ་ཟབ་མོ་བགྲོད་པ་ལ་ཆོས་སྐུའི་ལམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རྨི་ལམ་བར་དོར་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་གདམས་ངག་དགོས་ཚུལ་ནི། ཐོས་གྲོལ་ལས། ཀྱེ་མ་བདག་ལ་རྨི་ལམ་བར་དོ་འཆར་དུས་འདིར༔ གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས༔ དྲན་པ་ཡེངས་མེད་གནས་ལུགས་ངང་ལ་འཇུག༔ རྨི་ལམ་བཟུང་ནས་སྤྲུལ་བསྒྱུར་འོད་གསལ་སྦྱོངསཿ དུད་འགྲོ་བཞིན་དུ་ཉལ་བར་མ་བྱེད་ཅིག༔ གཉིད་དང་མངོན་གསུམ་འདྲེས་པའི་ཉམས་ལེན་གཅེས༔ ཞེས་གསུངས་པའི་དོན། འདིའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ་ལྟར། ཉིན་པར་སྒྱུ་ལུས་སྣང་བ་རང་གྲོལ། ནུབ་མོ་རྨི་ལམ་འཁྲུལ་བ་རང་གྲོལ། རྗེས་སུ་འོད་གསལ་གཏི་མུག་འཁྲུལ་བ་རང་གྲོལ་གྱི་སྒོ་ནས། ཉིན་མཚན་འོད་གསལ་ཁོར་ཡུག་ཆེན་པོར་གྲོལ་བར་བྱ་དགོས། གསུམ་པ་བསམ་གཏན་བར་དོར་སྒེག་མོས་མེ་ལོང་ལ་བལྟས་པ་ལྟ་བུའི་གདམས་ངག་ནི། དེ་ཡང་སྒེག་མོས་རང་གི་གཟུགས་དེ་ཇི་ལྟར་ཡིན་ཚུལ་མེ་ལོང་གི་ངོར། ལྟ་མ་མྱོང་ན་མི་ཤེས། མྱོང་ན་ཤེས། དཔེ་དེ་བཞིན་དུ་རྣལ་འབྱོར་བས་ཀྱང་རིག་པ་རང་གནས་ཀྱི་བསམ་གཏན་ལ་གནས་ནས་མ་སྦྱངས་ན་ངོ་མི་ཤེས་སྦྱངས་ན་ངོ་ཤེས་པ་ལྟ་བུ་དགོས་ཚུལ་ནི། ཐོས་གྲོལ་ལས། ཀྱེ་མ་བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར༔ རྣམ་གཡེང་འཁྲུལ་བའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇུག༔ བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་བྱ༔ བྱ་བ་སྤངས་ནས་རྩེ་གཅིག་བསྒོམ་དུས་འདིར༔ ཉོན་མོངས་འཁྲུལ་བའི་དབང་དུ་མ་བཏང་ཞིག༔ ཅེས་དང་། ཨོ་རྒྱན་པད་མའི་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་ལས། མི་གསལ་གསལ་བྱེད་མེ་ལོང་བྱད་ཤར་འདྲ༔ ཞེས་གསུངས་པའི་དོན། འདི་ཉིད་ཀྱི་ཁྲིད་ཡིག་རིག་པ་རང་གྲོལ་ལྟར་ཉམས་སུ་བླངས་པས་ལྟ་བསྒོམ་གྱི་མཚན་འཛིན་དབྱིངས་སུ་དག་པ་ཞིག་དགོས་སོ། །བཞི་བ་འཆི་ཁ་བར་དོར་རྒྱལ་པོས་བཀའ་འཕྲིན་བསྐུར་བ་ལྟ་བུའི་གདམས་ངག་ནི། དེ་ཡང་རྒྱལ་པོས་བཀའ་འཕྲིན་བསྐུར་བའི་མི་དེས་བཀའ་འཕྲིན་དེ་བརྗེད་ན་ཆད་པ་འོང་། མ་བརྗེད་ན་མི་འོང་། དཔེ་དེ་བཞིན་དུ་རྣལ་འབྱོར་བས་ཀྱང་འཆི་ཁའི་གདམས་པ་འདི་རྣམས་བརྗེད་ན། བར་དོར་འཇིགས་སྐྲག་སྔངས་གསུམ་འོང་། མ་བརྗེད་ན་མི་འོང་བ་ལྟ་བུའི་གདམས་ངག་འཕོ་བ་དྲན་པ་རང་གྲོལ་དང་ཁྱད་པར་མཁའ་འགྲོ་སྙིང་ཐིག་ལྟར་འཆི་བ་བརྟག་བསླུ། ཇི་ལྟར་འཆི་ཚུལ། གདམས་ངག་གསལ་འདེབས་ངོ་སྤྲོད་དང་བཅས་པའི་ཁྲིད་ལ་ཡིད་ཆེས་གདེང་ཁེལ་བའི་གོམས་འདྲིས་བྱས་ནས་འཆི་ཁ་དགོས་རྒྱུའི་གདམས་ངག་རྣམས་བློ་ལ་གསལ་བར་བྱས་ནས་དུས་དེ་རིང་ལྟ་བུ་ལ་འཆི་མང་གྲབ་ཐོག་མེད་བྱ་དགོས། ལྔ་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་དུ་ངོ་ཤེས་ནས། ཡིད་ཆེས་པ་མ་པང་དུ་བུ་རྒྱུག་པ་ལྟ་བུའི་གདམས་ངག །འདིའི་ཁྲིད་ཡིག་མཐོང་བ་རང་གྲོལ་དང་། སྙིང་ཐིག་གི་ཁྲིད་ཡིག་སྦྲེལ་ནས་ཉམས་སུ་བླངས་ཏེ་ཐོད་རྒལ་སྣང་བ་བཞིའི་ཉམས་ལེན་རང་རྒྱུད་ལ་སྦྱར་བའི་གདམས་ངག་གི་དོན་ཁོང་དུ་ཆུད་པའི་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པ་རང་སྣང་ཡེ་ཤེས་ཀྱི་རོལ་བར་གདེང་ཆུད་པར་བྱ་བ་སྟེ། ལྔ་པོ་འདི་གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་པོའི་རྒྱུད་ཚོད་དང་སྦྱར་ཏེ་ཚེ་འདིར་ཉམས་སུ་བླངས་པས་རབ་རྣམས་ཆོས་ཉིད་བར་དོའི་མན་ངག་ཐོད་རྒལ་གྱི་ལམ་ལ་བརྟེན་ནས་འཇའ་ལུས་འོད་ཕུང་ཆེན་པོར་གྲོལ་ནུས་པའམ། དེ་ལྟར་མ་ནུས་ནའང་སྐྱེ་གནས་བར་དོའི་ཉམས་ལེན་ཁྲེགས་ཆོད་དང་། དེའི་ལམ་གྱི་ཆ་རྐྱེན་སྒྱུ་ལུས་རྨི་ལམ་འོད་གསལ་གྱི་གདམས་པས་བར་དོ་མེད་པར་འཆི་བ། དཔེར་ན་ཚེས་བཅོ་ལྔའི་ནུབ་མོའི་ཟླ་འོད་དང་། བཅུ་དྲུག་ཉིན་མོའི་ཉི་འོད་གཉིས་ཀྱི་བར་ན་མུན་པ་མེད་པ་ལྟར། འདིར་སྣང་འགག་ནས་ལུས་རྒྱ་གྲོལ་མ་ཐག་ཏུ་བར་དོ་ལོངས་སྤྱོད་རྫོགས་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བ་དུས་མཉམ་དུ་འོང་བ་བྱེད། འབྲིང་རྣམས་འཆི་ཁ་བར་དོའི་སྐབས་སུ་ཐོས་གྲོལ་ལྟར་ན་འཕོ་བ་དྲན་པ་རང་གྲོལ་གྱིས་མཚམས་སྦྱར་ཏེ་ངན་སོང་དུ་མི་འཁྱམས་ངེས་པ་བྱ་དགོས་པ་ཡིན། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་ལྟར་ན། རྩོལ་བྱས་ཀྱིས་འཕོ་བའི་གདམས་ངག་མ་བསྒོམས་ཀྱང་གོང་གི་ཟབ་ལམ་དེ་དག་ལ་གོམས་འདྲིས་ཅུང་ཟད་རེ་ཡོད་པའི་ལམ་ཞུགས་ཀྱི་རྣལ་འབྱོར་ཞིག་ཡིན་ཕན་ཆད་ཆོས་ཉིད་བར་དོ་ཤར་བའི་ཚེ། སྔར་ཀ་དག་དང་ལྷུན་གྲུབ་ཀྱི་ཉམས་ལེན་གང་ཡོད་བདག་རྐྱེན་དང་གཞན་རྐྱེན་གང་རིགས་ལ་བརྟེན་ནས་གསལ་ཐེབས་ན་གྲོལ་ངེས་པའི་ཚུལ་གྱི་དཔེ་དང་བསྡུས་དོན་སྔར་བཤད་པ་དང་། རྒྱས་བཤད་འོག་ཏུ་འཆད་འགྱུར་ལྟར་ཤེས་པར་བྱའོ། །ཐ་མས་བར་དོ་དྲུག་པ་སྲིད་པ་བར་དོར་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། ཡུར་བའི་ཆུ་རྒྱུན་གྱི་ཁ་ཆད་ན་ལམ་ནས་འཐོར་འགྲོ་བ་ལ་ཝ་བཙུགས་ན་སླར་འཕྲོ་མཐུད་པའི་དཔེ་དེ་བཞིན་དུ་རྣལ་འབྱོར་བས་ཀྱང་སྔར་སྒོམ་བཞིན་པའི་ཉམས་ལེན་རྐྱེན་དབང་ལ་ཤོར་ནས་འཁྲུལ་ན། སླར་རྗེས་དྲན་དྲུག་ལ་བརྟེན་ནས་འདུན་པའི་འཕྲོ་མཐུད་པའི་མན་ངག་ནི། འདིའི་ཁྲིད་ཡིག་སྲིད་པ་རང་གྲོལ་གྱི་ཉམས་ལེན་ལ་བརྟེན་ནས་འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པའི་རང་སྟོབས་དང་། འདི་དུས་གཞན་སྟོབས་ཀྱི་ངོ་སྤྲོད་སོགས་ལ་བརྟེན་པའི་གདམས་པའི་གནད་ཀྱིས་འདུན་པ་རྩེ་གཅིག་ཏུ་བསྒྱུར་བས་ཉིང་མཚམས་སྦྱོར་ཏེ། དག་པའི་སྐྱེ་སྲིད་ལམ་དུ་འཇུག་པའོ། །ལར་དེང་སང་གསོན་དུས་བེམ་རིག་མ་བྲལ་གོང་འདིར། མི་བསླུ་ངེས་པའི་བླ་མ་མཚན་ལྡན་ཉམས་མྱོང་ཅན་རེ་བཙལ་ཏེ། བར་དོའི་ངོ་སྤྲོད་དང་། འཕོ་ལུང་སོགས་མྱུར་ལམ་གྱི་མན་ངག་ཟབ་མོ་འདི་རྣམས་ལ་ཉན་བཤད་དང་གོམས་འདྲིས་བྱེད་པ་གལ་ཆེ་སྟེ། དེའི་རྒྱུ་མཚན་པདྨ་བཀའ་ཡི་ཐང་ཡིག་ལས། བེམ་རིག་མ་བྲལ་ཆོས་ལ་ཉན་བཤད་ཀྱིས༔ མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཙ་འཕྱིས༔ རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམས༔ མཐོ་རིས་འདྲེན་ཟེར་དེ་ལ་དཀའ་ལས་ཡོད༔ ཅེས་དང་། རྡོར་བྲག་རིག་འཛིན་ཆེན་པོས། གསོན་དུས་ཆོས་བཤད་རྒྱུད་ལ་མི་སྨིན་ན༔ རོ་ཡིས་ཚིག་དོན་གོ་བ་གད་མོའི་གནས༔ ཞེས་གསུངས་པ་ནི། གསོན་དུས་ཆོས་ལ་འབད་དགོས་པར་ངེས་པའི་དོན་ཏེ། འགྲོ་མགོན་ཉི་ཟླ་འོད་ཟེར་གྱི་མཆེད་ཡ་རྡོ་རྗེ་རྒྱལ་མཚན་ཟེར་བ་དེ་ཤི་ནས་ཟླ་བ་གཉིས་གསུམ་ཙམ་ལོན་དུས། ཁོང་རྨི་ལམ་བསྒྲུབ་པས་ཁོ་བར་དོར་འཁྱམས་ཡོད་པ་དང་ལན་མང་དུ་འཕྲད་པས། ཁོ་ན་རེ། ཐོས་གྲོལ་གྱི་དབང་ཆོག་དང་། བར་དོའི་ཆོས་སྐོར་གྱི་ཁྲིད་འདི་གསོན་པོའི་དུས་སུ་རྣ་བར་ཐོས་ནས་ཡིད་ཡུལ་དུ་ཡོད་དགོས་པར་སྣང་སྟེ། སྔར་གསོན་དུས་བར་དོའི་ངོ་སྤྲོད་ལན་གཉིས་ལས་ཞུ་མ་ཁོམ། ཁར་ཉིན་ཆོས་ཉིད་བར་དོ་ངོས་ཟིན་ལ་ཁད་ལ་ཡང་ཡལ་ནས་སོང་། ལན་གསུམ་ཐོབ་ན་ངོས་ཟིན་པར་འདུག་སྟེ་ཞེས་དང་། ཁྱེད་ཀྱི་སྐྱེ་བདུན་རིལ་བུའི་སྦྱིན་སྲེག་དང་བཏགས་གྲོལ་བསྒྲགས་པ་དེས་ང་རང་ལ་ཤིན་ཏུ་ཕན་པ་བྱུང་། བར་དོའི་སེམས་ཅན་ཐམས་ཅད་ལའང་ཕན་པ་ཆེན་པོ་བྱུང་། ད་དུང་ཡང་ང་ཡི་རུས་པ་སྐམ་པོ་ཚོ་ཚོལ་ལ་སཙྪ་ཐོབ། བཏགས་གྲོལ་དང་སྐྱེ་བདུན་རིལ་བུ་བསྒྲགས་ནས་སྦྱིན་སྲེག་མཛད་ན་ཕན་ཐོགས་ཆེ། ན་རཀ་བསྐང་བཤགས་འདི་ཕན་ཆེ་བར་བྱུང་བས་འབད་འབུང་ཐོན། སྐུ་མཁྱེན། ཞེས་གསུངས་པའི་དོན་དེ་ཡང་རང་རེ་ཀུན་གྱིས་ངེས་པར་གོ་དགོས་སོ། །འཆི་ཚེ་ཆོས་མིན་པ་གཞན་ཅིས་ཀྱང་ཕན་པ་མེད་པ་ནི། དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས། ཀྱེ་མ། འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་ན། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཇི་ལ་བསམས་ཀྱང་ཕན་པར་མི་གདའ་ན། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཞེས་དང་། ཐོས་གྲོལ་གྱི་རྩ་ཚིག་ལས། འཆི་བ་འོང་སྙམ་མེད་པའི་བློ་རིང་པོ༔ དོན་མེད་ཚེ་འདིའི་བྱ་བ་བསྒྲུབས་བསྒྲུབས་ནས༔ ད་རེས་སྟོང་ལོག་བྱས་ན་ཤིན་ཏུ་འཁྲུལ༔ དགོས་ངོ་ཤེས་པ་དམ་པའི་ལྷ་ཆོས་ཡིན༔ ཞེས་གསུངས་པས་ལྷ་ཆོས་དེར་སྙིང་ཐག་པ་ནས་བརྩོན་ཏེ་ནམ་ཞིག་འཆི་དུས་རང་སྟོབས་ཀྱིས་རང་གྲོལ་ནུས་པ་རེ་མ་བྱས་ན། རང་མགོ་རང་གིས་གཡོག་པ་ཡིན་ཚུལ། རྩ་ཚིག་ལས། བླ་མའི་གདམས་ངག་སེམས་ལ་མ་བཞག་ན༔ རང་གིས་རང་ཉིད་བསླུ་བར་མི་འགྱུར་རམ༔ ཞེས་སོ། །དེ་དུས་སྔར་རང་གསོན་པོའི་དུས་སུ་རགས་པ་རྟ་མཛོ་མན་ཆད་ནས། ཕྲན་བུ་ཁབ་སྐུད་ཡན་ཆད་ཀྱི་དོན་དུ་དབྱར་དགུན་སྟོན་དཔྱིད་ཉིན་མཚན་དལ་མེད་དུ་ལུས་ངག་ཡིད་གསུམ་གྱི་ཆགས་སྡང་སེར་སྣ་ཕྲག་དོག་སོགས་གཡོ་སྒྱུ་ཟོལ་ཟོག་ཐབས་སྣ་ཚོགས་ཀྱིས་ངོ་ཚ་ཁྲེལ་འཛེམ་མེད་པར་འབད་རྩོལ་གྱིས་བསྒྲུབས་པའི་ཟས་ནོར་གཅེས་དགུ་ཐམས་ཅད་ཤུལ་དུ་ལུས། སྡིག་སྒྲིབ་བག་ཆགས་ཐམས་ཅད་རང་གིས་ཁུར་ནས་འགྲོ་དགོས་པ་ནི། བླ་མ་རིག་འཛིན་ཆེན་པོས། སྤྱི་སྡུག་སྒེར་ཁུར་དེ་ཁྱིམ་གྱི་གཟའ་དཔོན་ཡིན། ཞེས་དང་། དམ་པ་གཞན་གྱི་གསུང་ལས་ཀྱང་། རང་བསགས་ཟས་ནོར་གཞན་གྱིས་བགོ་བཤའ་བྱེད། །ཚེ་གང་བསགས་པའི་སྡིག་སྒྲིབ་རང་གིས་ཁུར། །ཞེས་སོ། །དེ་དུས་ཤུལ་གྱི་ཉེ་དུ་རྣམས་ཀྱིས་རྒྱུས་མེད་ཀྱི་བླ་མ་རེ་ར་མདར་སྦྲན་ཏེ། དེ་ལ་རང་གི་རྟ་སྒ་སྟན་སྲབ་གསུམ་སོགས་གཅེས་དགུ་ཕུལ་ཏེ། གཞན་སྟོབས་ཀྱིས་གྲོལ་བར་འདོད་པ་ཡང་ཤིན་ཏུ་དཀའ་སྟེ། རྗེ་མི་ལས། མི་ཤི་བའི་རོ་ཡི་མགོ་སྔས་ན། །ནོར་འདོད་པའི་བླ་མས་གླུ་དབྱངས་ལེན། །ཞེས་གསུངས་པ་ནི། སྙིགས་མའི་དུས་འདིར་དེ་ལྟ་བུའང་ཆེས་མང་བའི་ཕྱིར་རོ། །

དུས་སྐབས་ཀྱི་དགོས་དོན་བྱེ་བྲག་ཏུ་བཤད་པ།

བར་དོ་གསུམ་གྱི་གནས་ལུགས་གཞི་ལམ་འབྲས་གསུམ་དུ་བསྡུས་ཏེ་བཤད་པ།

གཉིས་པ་དུས་སྐབས་ཀྱི་དགོས་དོན་བྱེ་བྲག་ཏུ་བཤད་པ་ལ། ལམ་ཕ་རོལ་ཏུ་ཕྱོགས་པའི་གང་ཟག་འཆི་ཁ་བེམ་རིག་བྲལ་བཞིན་པའི་དུས་མན་ཆད་ཀྱི་བར་དོ་ཕྱི་མ་གསུམ་ངོ་སྤྲོད་ཚུལ་བཤད་པ་འདི་ལ་གཉིས་ཏེ། དང་པོ་བར་དོ་དེ་གསུམ་གྱི་གནས་ལུགས་གཞི་ལམ་འབྲས་གསུམ་དུ་བསྡུས་ཏེ་བཤད་པ་དང་། གཉིས་པ་བྱེ་བྲག་སོ་སོའི་ངོ་སྤྲོད་རྒྱས་པར་བཤད་པའོ། །དེ་ལ་དང་པོ་བར་དོ་དེ་གསུམ་གྱི་གནས་ལུགས་གཞི་ལམ་འབྲས་གསུམ་དུ་བསྡུས་པ་སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་བཞིར་ཕྱེ་ནས་གོ་བདེ་བར་བཤད་པ་འདི་ལ་གསུམ་སྟེ། སྦྱང་གཞི་གདོད་མའི་གནས་ལུགས་ཀ་དག་གི་ངོ་བོ། སྦྱང་བྱ་སེམས་ཡིད་ཀུན་གཞིའི་དྲི་མ། སྦྱོང་བྱེད་ལམ་ཁྲེགས་ཆོད་ཀྱི་གདམས་པ་ཉམས་སུ་བླངས་བས་འཆི་ཁ་བར་དོ་ནང་གསལ་ཀ་དག་གི་འོད་གསལ་ངོས་ཟིན་ན། སྦྱངས་འབྲས་འཆི་བ་ཆོས་ཀྱི་སྐུར་འཚང་རྒྱ་བ་དང་། སྦྱང་གཞི་ལྷུན་གྲུབ་ཕྱི་གསལ་ལྷུན་གྲུབ་ཀྱི་ཡེ་ཤེས་ལ། སྦྱང་བྱ་སྣང་རིག་གཉིས་འཛིན་གྱི་དྲི་མ། སྦྱོང་བྱེད་ལམ་ཐོད་རྒལ་གྱི་གདམས་ངག་ཉམས་སུ་བླངས་ནས། ཆོས་ཉིད་བར་དོ་ཕྱི་གསལ་ལྷུན་གྲུབ་ཞི་ཁྲོའི་རང་སྣང་ངོས་ཟིན་ན། སྦྱངས་འབྲས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བ་དང་། སྦྱང་གཞི་ལྷན་སྐྱེས་བདག་ཉིད་གཅིག་པའི་ཀུན་གཞི། སྦྱང་བྱ་ཀུན་བརྟགས་མ་རིག་འཁྲུལ་སྣང་སྲིད་པ་བར་དོའི་དྲི་མ། སྦྱོང་བྱེད་འཁོར་བ་རུ་ལོག་གིས་འདུན་པ་རྩེ་གཅིག་ཏུ་བསྒྱུར་བའི། སྦྱངས་འབྲས་སྐྱེ་སྲིད་སྤྲུལ་སྐུ་འགྲུབ་པའམ། ཡང་ན་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་དབྱུང་བའོ། །

བྱེ་བྲག་སོ་སོའི་ངོ་སྤྲོད་རྒྱས་པར་བཤད་པ།

བེམ་རིག་བྲལ་ནས་ཉིན་ཞག་གཅིག་གཉིས་སོང་ཚར་བའི་ཚེ་འདས་ཀྱི་དོན་བསྒྲུབ་པ།

བགེགས་བསྐྲད་པ།

གཉིས་པ་བྱེ་བྲག་སོ་སོའི་ངོ་སྤྲོད་རྒྱས་པར་བཤད་པ་ལ་བཞི་ཡོད་པས། དང་པོ་བེམ་རིག་བྲལ་ནས་ཉིན་ཞག་གཅིག་གཉིས་སོང་ཚར་བའི་ཚེ་འདས་ཀྱི་དོན་བསྒྲུབ་པ་དང་། གཉིས་པ་བེམ་རིག་བྲལ་ལ་ཁད་ཀྱི་འཆི་ཁ་མའི་འགྲོ་བ་ལ་གདམས་ངག་འབོག་ཚུལ། གསུམ་པ་བླ་མ་སོགས་གང་ཟག་མཆོག་ཐུགས་དམ་ཅན་རྣམས་འདས་ནས་ཞག་གཉིས་གསུམ་སོང་ཚར་བའི་ཐུགས་དམ་དཀྲོལ་ཚུལ་དང་། བཞི་བ་བླ་མ་སོགས་གང་ཟག་ཐུགས་དམ་ཅན་ལ་འདའ་ཀ་དངོས་ཀྱི་ཐུགས་དམ་གསལ་འདེབས་ཚུལ་དང་བཞི་ལས། དང་པོ་བེམ་རིག་བྲལ་ནས་ཉིན་ཞག་གཅིག་གཉིས་སོང་ཚར་བའི་ཚེ་འདས་ཀྱི་དོན་བསྒྲུབ་ཚུལ་བཤད་པ་འདི་ལ་ཡང་གཉིས་ཏེ། དང་པོ་རྟེན་གྱི་གང་ཟག་རབ་ཡིན་ན། ལྟ་བ་ཟབ་མོའི་ཏིང་ངེ་འཛིན་གསལ་འདེབས་སྐྱོར་དང་། འབྲིང་མཐའ་གཉིས་ཀྱིས་རང་རྒྱུད་ཀྱི་ཀུན་སློང་བཅོས་ཏེ། འཇིག་རྟེན་ཆོས་བརྒྱད་དང་ཁྱད་པར་གྲགས་འདོད་དང་ངོ་བསྲུང་། ཟས་ནོར་དོན་གཉེར་སོགས་ཀྱི་བློ་ངན་དང་མ་འདྲེས་པར་ཚེ་འདས་དེའི་གཙོར་བྱས་མར་གྱུར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་དང་ལྡན་པའི་ངང་ནས། བདག་རྒྱུད་བྱིན་རློབ་ཀྱི་ཆོ་ག་བློ་ལྡོག་རྣམ་བཞིའི་ངག་འདོན། བླ་མའི་རྣལ་འབྱོར་རྒྱས་བསྡུས་གང་རུང་། བདག་བསྐྱེད་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་དང་། མ་ཎི་ཅི་འགྲུབ་བཟླས་ནས། སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བར་སད་པས་ཐ་མལ་གྱི་སྣང་ཞེན་འགོག་ནུས་ངེས་པར་བྱ། དེ་ནས་གཞན་དོན་ཕྲིན་ལས་ཀྱི་ཆོ་ག་ལ། རང་གི་མདུན་དུ་རྡོར་དྲིལ་ཊཱ་མ་རུ། བགེགས་སྡིག་སྦྱོང་བྱེད་ཀྱི་སྦྱང་ཆས་གུ་གུལ་ཡུངས། མེ་ཆུ་ཏིལ་གསུམ། ཟས་གཏད་ཀྱི་བཟའ་བཏུང་། འདོད་ཡོན་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། ཐོག་མར་རྟེན། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་ཧཱུཾ་ཕཊ༔གྱིས་བསངས། སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ནྲྀ་ལས་ཚེ་འདས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བུར་གྱུར། རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ། ཚེ་འདས་ཀྱི་རྣམ་པར་ཤེས་པ་རྒྱུད་ལྔ་རིགས་དྲུག་གང་ན་གནས་པ་དེ་ལ་ཕོག་པས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་རང་དབང་མེད་པར་བཀུག་ནས་མདུན་གྱི་རྟེན་ལ་ཐིམ་པར་གྱུར། ཧཱུྃ། ང་ནི་འཕགས་པ་སྤྱན་རས་གཟིགས༔ ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས༔ སྙིང་རྗེ་ཆེན་པོའི་འོད་ཟེར་འཕྲོས༔ ཚེ་འདས་ཁམས་གསུམ་ལམ་རྒྱུད་ལྔ༔ རིགས་དྲུག་འཁོར་བ་གར་གནས་ཀྱང༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ ལྕགས་ཀྱུའི་རྒྱ་དང་བཅས་ཏེ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། ཁྱད་པར་དུའང་གནས་འོག་མིན་དག་པ་སྐུ་གསུམ་གྱི་ཞིང་ཁམས་ནས། ཆོས་སྐུ་ཀུན་ཏུ་བཟང་པོ་མན་ཆད་ད་ལྟའི་དྲིན་ཅན་རྩ་བའི་བླ་མ་ཡན་ཆད། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པའི་བླ་མ་རྒྱ་བོད་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས། ཁྲོ་བོ་རོལ་བའི་དུར་ཁྲོད་ཆེན་པོ་ནས། འབར་བ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ་སོགས་པའི་ཡི་དམ་རྒྱུད་སྡེ་བཞི་དང་། ཐེག་པ་རིམ་པ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། མཁའ་སྤྱོད་གནས་ཡུལ་གྱི་དུར་ཁྲོད་ཆེན་པོ་ནས་རིག་ལྔའི་མཁའ་འགྲོ་ཤུགས་འགྲོ་འཁོར་མ་སྲིང་ཊཱཀྐི་རྒྱ་མཚོ་བྱེ་བ་འབུམ་འབུམ་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས། མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་ལ་སོགས་ཡེ་ཤེས་དང་འཇིག་རྟེན་ལས་གྲུབ་པའི་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་བྱིན་གྱིས་བརླབས་པ་ལ་བརྟེན་ནས། དེང་འདིར་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་གང་ན་གནས་ཀྱང་སྐད་ཅིག་ཡུད་ཙམ་གཅིག་གིས་དམིགས་རྟེན་གཟུགས་ཕུང་འདི་ལ་ཁུག་ཅིག །ནྲྀ་ཡཾ་ཛཿ བཛྲ་ཨངྐུ་ཤ་ཡ་ཛཿ ལན་གསུམ། ཛཿཧཱུྃ་བཾ་ཧོཿ རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཞུགས་ཏེ། སྙིང་ཀར་ཐིམ་པས་གསོན་དུས་ཀྱི་རྣམ་པ་ཇི་ལྟ་བུར་གྱུར། དེ་ནས་ རང་ཉིད་འཕགས་པའི་ཐུགས་ཀ་ནས་ཡི་གེ་ཧྲཱིཿདགུ་འཕྲོས་པས་འགྲོ་དྲུག་ཏུ་སྐྱེ་བའི་སྒོ་དགུ་བཀག་པར་བསམ་ཞིང་ཧྲཱིཿདགུ་བརྗོད། སྦྱང་ཆས། རཾ་ཡཾ་ཁཾ་གིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ལན་ཆགས་བགེགས་རྣམས་ཚིམ་པར་བྱེད་པའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧོས་བྱིན་གྱིས་བརླབས། ཨོཾ་སརྦ་བྷུ་ཏ་ཨ་ཀཪྵ་ཡ་ཛ་ཛཿས་བགེགས་རྣམས་བཀུག ཨོཾ་སརྦ་བིགྞཾ་ན་མཿསརྦ་ཏ་ཐ་ག་ཏ་བྷྱོ་བྷི་ཤྭ། སོགས། གསུམ་གྱིས་མཐེབ་སྐྱུ་གཡས་སུ་བསྐོར། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ། སོགས་ཀྱིས་ཏིང་ལོ། ཆངས་བུ་གཡོན་དུ་བསྐོར། དེ་ནས། རང་ཉིད་སྐད་ཅིག་གིས་དབང་ཆེན་ཁྲོ་བོ་རྟ་མགྲིན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་བའི་མེ་ལྟར་འབར་བར་གྱུར། ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཧཱུྃ༔ སྟོང་ཉིད་དབྱིངས་ལས་རང་ཤར་བའི༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ བྱང་ཆུབ་མཆོག་གི་ལྷ་ཆེན་པོ༔ ཉོན་མོངས་བདུད་སྡེ་འདུལ་བའི་སྐུ༔ དབང་ཆེན་འབར་བའི་ཆོ་འཕྲུལ་གྱིསཿ ཐར་བའི་ལམ་ལ་འཚེ་བྱེད་བགེགས༔ ཟ་འདྲེ་སྲོག་གཅོད་རྡུལ་དུ་རློགས༔ ཞེས་བརྗོད། ན་མོ་རྗེ་བཙུན་རྩ་བ་དང་བཅས་པའི། སོགས་གོང་ལྟར། བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་གསོན་གྱི་དུས་སུ་ཚེ་གནས་པ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་དང་། ཚེ་གང་དུ་སྐྱེ་ཞིང་གང་དུ་གནས་པའི་ལུས་སྲོག་དང་དགེ་ལེགས་དང་། ཐར་བ་དང་། ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་སྤྱི་དང་། ཁྱད་པར་ཚེ་ལས་འདས་པའི་གཟུགས་དང་ཆ་བྱད་བཟུང་ནས་ཚེ་འདས་ཀྱི་ཤུལ་དུ་མཆིས་པའི་ཉེ་འབྲེལ་སོགས་འཇིག་རྟེན་པ་བསླུ་ཞིང་། གནོད་པར་བྱེད་པའི་གདོན་བགེགས་ཀྱི་རིགས་སུ་གྱུར་པ། དྲི་ཟ་འཆི་ཁ་མའི་ཡིད་ལ་ཉེ་བར་འཇུག་པ་ཞེས་བྱ་བ་དང་། དྲི་ཟ་པི་ཤ་ཙ་ན་ཞེས་བྱ་བ་དང་། དྲི་ཟ་ཁྱབ་བྱེད་ཅེས་བྱ་བ་དང་། གནོད་སྦྱིན་ཝ་ར་ཧིནྡྷ་ཀུན་ཏུ་གཏོགས་འདོད་ཅེས་བྱ་བ་དང་། གནོད་སྦྱིན་སྨྲ་འདོད་ཅེས་བྱ་བ་དང་། ཡི་དྭགས་གཤིན་རྗེའི་ཆད་པ་ཞེས་བྱ་བ་ལ་སོགས་པའི་གསོན་བདུད་གཤིན་ལྕགས་སྲོག་གཅོད། བླ་ཁྱེར་གྱི་གཤེད་མའི་ཚོགས་ཐམས་ཅད་གཏོར་མས་ལམ་བརྔན། ཏིང་ལོས་ལམ་སྒྲོན། ཆངས་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་བའི་ཚོགས་རྣམས། ཁྲོ་མཚོན་མེ་དཔུང་འབར་བས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ། སུམ་བྷ་ནི། སོགས། དྲག་སྔགས་གུལ་ཡུངས་སོགས་དང་བཅས་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། སོགས་ཀྱི་སྲུང་འཁོར་བསྒོམ་ལ།

ངོ་སྤྲོད་པ།

སྐད་གདངས་མཐོན་པོས། འོ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཁྱོད་སེམས་མ་ཡེངས་བར་ལེགས་པར་ཉོན་ཅིག །ཅེས་ལན་གསུམ་བོས་ལ། ད་ལྟ་ཁྱོད་ལ་འཇིག་རྟེན་ཚེ་འདིའི་སྣང་བ་ནུབ་སྟེ་ཕྱི་མའི་འདུ་ཤེས་འཆར་བའི་འཆི་བ་མི་རྟག་པ་ཞེས་བྱ་བ་དེ་བྱུང་བ་ཡིན་ནོ། །དེ་ཡང་ཁྱོད་ཉིད་གཅིག་པུ་ཁོ་ན་ལ་འཆི་བ་མི་རྟག་པ་འདི་ལྟར་དུ་བྱུང་བ་ནི་མ་ཡིན། སྤྱིར་འདུས་བྱས་ཀྱི་མཚན་ཉིད་ཐམས་ཅད་ནི་མི་རྟག་པ་ཁོ་ན་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་དང་། ཆེད་དུ་བརྗོད་པའི་ཚོམ་ལས། ཀྱེ་མ་འདུས་བྱས་ཐམས་ཅད་མི་རྟག་སྟེ། སྐྱེས་ནས་འཆི་བའི་ཆོས་ཅན་ཡིན། །ཞེས་སོ། །བྱེ་བྲག་ཏུ་བརྟན་པ་ཕྱི་སྣོད་ཀྱི་འཇིག་རྟེན་ཞེས་འབྱུང་བ་རིམ་བརྩེགས་རི་གླིང་ཁོར་ཡུག་གསེར་རི་རོལ་མཚོ་ལྕགས་རི་མུ་ཁྱུད་དང་བཅས་པ་སྲ་ཞིང་མཁྲེགས་པ་འདི་རྣམས་ཀྱང་མི་རྟག་སྟེ། ཨོ་རྒྱན་ཆེན་པོས། ཕྱི་སྣོད་འཇིག་རྟེན་མེ་ཆུ་རླུང་གིས་འཇིག །ཅེས་དང་། གཡོ་བ་ནང་བཅུད་ཀྱི་སེམས་ཅན་སྔོན་དུས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་དང་། དེང་དུས་ཀྱི་རྒྱལ་ཕྲན་རྣམས་མན་ཆད་ནས་འབུ་སྲིན་སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱི་འགྲོ་བ་སེམས་ཅན་མཆོག་དམན་བར་གསུམ་སྤྱི་དང་། དེ་དག་གི་དོན་དུ་བྱོན་པའི་སངས་རྒྱས་བྱང་སེམས་བླ་མ་མཁན་སློབ་དགེ་འདུན་འདུས་པ་ལ་སོགས་པ་ཐམས་ཅད་ཀྱང་མི་རྟག་སྟེ། ཀུན་མཁྱེན་ཆོས་རྗེས། ནང་བཅུད་འདུས་བྱས་མི་རྟག་འཕོ་ཞིང་འགྱུར། །ཞེས་སོ། །དེ་བཞིན་དུ་བརྟན་གཡོའི་ཁམས་འདིའི་ནམ་ཟླ་དབྱར་དགུན་སྟོན་དཔྱིད་ལོ་ཟླ་ཞག་དུས་འདི་རྣམས་ཀྱང་མི་རྟག་སྟེ། ཨོ་རྒྱན་ཆེན་པོས། ན་ནིང་ད་ལོ་ནམ་ཟླ་སྟོད་སྨད་དང་། །ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟག། ཅེས་གསུངས་པ་ལྟར། ཁྱད་པར་དུ་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་དེ་སྔོན་སྐྱེས་ཚད། ད་ལྟ་སྐྱེས་ནས་ཡོད་པ། ད་གཟོད་སྐྱེ་འགྱུར་རྣམས་དང་བཅས་པའི་འགྲོ་བ་རབ་འབྲིང་ཐ་གསུམ་ཐམས་ཅད་ཀུན། ད་ལྟ་ཁྱོད་རང་ལྟར་ཅིས་ཀྱང་འཆི་ངེས་པ་དང་། ནམ་འཆི་ཆ་མེད་པ་དང་། འཆི་བ་ལ་ཅིས་ཀྱང་མི་ཕན་པ་གསུམ་འདྲ་ངེས་པ་ཅན་ཡིན་ཏེ། དང་པོ་ཅིས་ཀྱང་འཆི་ངེས་པའི་རྒྱུ་མཚན་ནི། ཆེད་དུ་བརྗོད་པའི་ཚོམ་ལས། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི༔ མདུན་ན་གནས་པ་འཆི་བ་ཡིན༔ ཞེས་སོ། །གཉིས་པ་ནམ་འཆི་ཆ་མེད་པ་ནི། སྤྱོད་འཇུག་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་སྔ་གཏོལ་མེད་པས། །སང་གི་ཚེས་ལ་མི་འབད་པར། །ཕྱི་མའི་དོན་དུ་འབད་པར་རིགས། །ཞེས་སོ། །གསུམ་པ་འཆི་བ་ལ་ཅིས་ཀྱང་མི་ཕན་པའི་ཚུལ་ནི། པདྨ་བཀའ་ཡི་ཐང་ཡིག་ལས། སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང༔ ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་མི་ཤེས༔ དབང་པོ་ཆེ་ཡི་ཁྲིམས་ལ་གཏུག་ཏུ་མེད༔ མི་ལག་རེག་པས་ར་མདའ་བྱ་རྒྱུ་མེད༔ ངག་ནུས་ཅན་གྱིས་མཐུ་གཏད་བརྡེག་ཏུ་མེད༔ མི་ཕངས་ནོར་གྱིས་བསླུ་མ་གཏང་དུ་མེད༔ སྡར་མ་ཡུལ་ཕྱོགས་གཞན་ལ་བྲོས་སུ་མེད༔ སྨྲ་ཚན་ཅན་གྱིས་ཡུས་ཤགས་འདེབས་སུ་མེད༔ ཅེས་གསུངས་པས་དཔེར་ན་ཉི་མ་རིའི་ཕག་ཏུ་བཞུད་འགྲོ་བ་ལ་མཐོ་དམན་དྲག་ཞན་སུས་ཀྱང་བཤོལ་ཐབས་མེད་པ་དང་འདྲའོ། །དེར་མ་ཟད་རང་རེ་རྣམས་ཀྱི་ཡུལ་འདིས་མཚོན་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེས་པའི་འགྲོ་བ། བརྩིགས་པའི་ཁང་ཁྱིམ། འདུས་པའི་མཛའ་བཤེས། བསགས་པའི་ནོར་ཟས་ཐམས་ཅད་གཅིག་ཀྱང་རྟག་པ་མེད་པའི་ཚུལ་ནི། འདུལ་བ་ལུང་ལས། སྐྱེས་པའི་ཐ་མ་འཆི། བརྩིགས་པའི་ཐ་མ་འཇིག འདུས་པའི་ཐ་མ་བྲལ། བསགས་པའི་ཐ་མ་འཛད། ཅེས་གསུངས་པའི་མཐའ་བཞིའི་ནང་ནས་ད་ལྟ་ཁྱོད་རང་ལ་སྐྱེས་པའི་མཐའ་མ་འཆི་བ་མི་རྟག་པ་ཞེས་བྱ་བ་དེ་བྱུང་ནས། བླ་མའི་གདམས་ངག་གསལ་འདེབས་དགོས་པའི་དུས་ལ་བབ་པ་ཡིན། གསལ་འདེབས་པའི་ཚུལ་ལའང་། གྲུབ་མཐའ་གསར་རྙིང་སོ་སོའི་བཀའ་སྲོལ་མང་དུ་ཡོད་ཀྱང་། རང་ལུགས་རྫོགས་ཆེན་གྱི་གདམས་པ་གང་ཟག་དབང་པོ་འབྲིང་རྣམས་བར་དོར་གྲོལ་ཚུལ་རྣམས་བཤད་ན། ཁྱོད་ཁར་སང་ཁར་ཉིན་འཆི་ནད་དེས་ཐེབས་པ་ཡན་ཆད་ནས། སྔར་དང་པོ། མ་ཡི་མངལ་ནས་སྐྱེ་བ་ཚུན་ཆད་ལ། སྐྱེ་གནས་བར་དོ་ཟེར་བ་ཡིན། འཆི་ནད་ཀྱིས་ཐེབས་ནས་ནང་དབུགས་ཆད་པ་ཡན་ཆད་ལ་འཆི་ཁ་བར་དོ་ཟེར་བ་ཡིན། ནང་དབུགས་ཆད་ནས་ལྷུན་གྲུབ་ཀྱི་སྣང་བ་འཆར་དུས་ཀྱི་བར་ལ་ཆོས་ཉིད་བར་དོ་ཟེར་བ་ཡིན། ལྷུན་གྲུབ་ཀྱི་སྣང་བ་ནུབ་ནས་ཕྱི་མའི་སྐྱེ་སྲིད་འཛིན་པ་ཚུན་ཆད་ལ་སྲིད་པ་བར་དོ་ཟེར་བ་ཡིན། བར་དོ་དེ་བཞིའི་ནང་ནས་ཕྱི་མ་གསུམ་པོ་འདི་ངོ་སྤྲོད་ཚུལ་ནི། འབྱུང་འཁྲུགས་འཆི་ཁའི་བར་དོ་གསལ་བཏབ་ནས་ངོ་སྤྲོད་དང་འཕོ་བའི་གདམས་པ་སྟོན་པ་དང་། ལྷུན་གྲུབ་ཆོས་ཉིད་ཀྱི་བར་དོ་གསལ་བཏབ་ནས་སྒྲ་འོད་ཟེར་གསུམ་ཐམས་ཅད་རང་སྣང་ཡིན་པར་ངོ་སྤྲད་ནས་ཡིད་ཆེས་ངེས་ཤེས་བསྐྱེད་པ་དང་། ལུགས་འབྱུང་སྲིད་པའི་བར་དོ་གསལ་བཏབ་ནས་འདུན་པ་ཁོ་ནས་བདེ་འགྲོ་ཐོབ་པའི་གདམས་ངག་འབོགས་པ་ཡིན།

འབྱུང་འཁྲུགས་འཆི་ཁའི་བར་དོའི་ངོ་སྤྲོད།

དེ་ལ་དང་པོ་འབྱུང་ཁྲུགས་འཆི་ཁའི་བར་དོ་གསལ་འདེབས་པ་འདི་ལ་སྤྱི་དང་བྱེ་བྲག་གི་ཚུལ་གཉིས་ཡོད་པའི་དང་པོ་སྤྱིར་ནི། ཞི་ཁྲོའི་བར་དོའི་རྩ་ཚིག་ལས། ཀྱེ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་དེར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔ འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་འཆི་བ་ཡིན་པར་ཤེས་པར་བྱ༔ ཞེས་གསུངས་པ་ལྟར་རོ༔ གཉིས་པ་བྱེ་བྲག་ཏུ་ཕྱེས་ན། འོ་སྐོལ་སེམས་ཅན་འདིའི་འཆི་ལུགས་ལ་རྣམ་གྲངས་མང་དུ་ཡོད་ཀྱང་། མདོར་བསྡུས་ན་གཉིས་ཏེ་དུས་མ་ཡིན་པར་འཆི་བ་དང་། དུས་ལ་བབས་ཏེ་འཆི་བའོ། །དང་པོ་དུས་མ་ཡིན་པར་འཆི་བའི་རྐྱེན་གློ་བུར་དུ་བྱུང་བ་འགའ་ལ་ཐིམ་རིམ་སོགས་ངེས་པ་ཅན་ཞིག་ཡོང་མ་ཁོམ་པར་བཤད་པ་དང་། གཉིས་པ་དུས་ལ་བབས་ཏེ་འཆི་བ་ཚེ་དང་ལས་དང་བསོད་ནམས་གསུམ་ག་ཟད་པ་རྣམས་ལ་འབྱུང་བ་ལྔ་དང་། ཡུལ་ལྔའི་ཐིམ་ཚུལ། རླུང་ལྔའི་བྲོས་ཚུལ། སྣང་བའི་སྡུད་ཚུལ་སོགས་གོ་རིམ་ངེས་པ་ཅན་དུ་འབྱུང་ཞིང་། སྣང་མཆེད་ཐོབ་གསུམ་ཉེར་ཐོབ་དང་གཞིའི་འོད་གསལ་རྣམས་ཀྱང་རིམ་པར་འཆར་བར་གསུངས་པའི་ཚུལ་དེ་དག་གི་དོན་ཤེས་པར་བྱས་ནས་དང་པོ་དུས་མིན་གློ་བུར་དུ་འཆི་བ་དང་། ལམ་ལ་གོམས་འདྲིས་མེད་པའི་སོ་སོའི་སྐྱེ་བོ་རྣམས་ལ་བཙན་ཐབས་སུ་འཕོ་བ་གདབ་པ་གལ་ཆེ་སྟེ། ཨོ་རྒྱན་ཆེན་པོས། གང་ཞིག་རྟོག་པའི་ཡེ་ཤེས་ཆེ༔ ཚེ་འདིར་ཉམས་འོག་མ་ཆུད་ན༔ བཙན་ཐབས་འཕོ་བས་མཚམས་སྦྱོར་བྱ༔ དེས་ནི་འགྲུབ་འགྱུར་གདོན་མི་ཟ༔ ཞེས་གསུངས་པ་ལྟར་འཕོ་བ་ཐེབས་ངེས་པ་བྱས་ན་ཡུལ་དེ་ཉིད་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གསུངས་སོ། །གཉིས་པ་དུས་བབས་ཀྱིས་འཆི་བ་དང་། ལམ་བསྒོམས་ནས་གོམས་འདྲིས་ཡོད་པ་རྣམས་ལ་གདམས་པའི་གསལ་འདེབས་དང་ངོ་སྤྲོད་གལ་ཆེ་བ་ནི། རྫོགས་པ་ཆེན་པོ་ངེས་དོན་འདུས་པའི་རྒྱུད་ལས། སྐྱེ་ཤི་གཉིས་ཀྱི་བར་དོ་རུ༔ ཆོས་སྐུའི་ངོ་སྤྲོད་མ་ཤེས་ན༔ མ་རིག་མུན་པ་སངས་སུ་མེད༔ སྒྲོན་མེ་མེད་པའི་མུན་ཁུང་འདྲ༔ ཞེས་གསུངས་པ་དེའི་དོན་ཞིབ་ཏུ་བཀྲོལ་ན། ཡེ་ཤེས་རོལ་བ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལ་ཐིམ་མ་ཐག །རླུང་ནི་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་བཟུང་བ་འདི་ཉིད་ནི། །འོད་གསལ་བར་དུ་འཇུག་པར་འགྱུར། །ཞེས་གསུངས་པ་འདི་ལ་ཚིག་གི་བརྗོད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། འོད་གསལ་རྫོགས་པ་ཆེན་པོའི་ལུགས་ཐུན་མོང་མ་ཡིན་པའི་ཚུལ་མདོར་བསྡུས་ཏེ་བཤད་ན། འབྱུང་བ་ལྔ་དང་ཡུལ་ལྔའི་ཐིམ་ཚུལ། རྟོག་པའི་འགགས་ལུགས། མི་རྟོག་ཡེ་ཤེས་ཀྱི་འཆར་ཚུལ། དེ་ངོས་ཟིན་ནས་གྲོལ་ཚུལ་དང་བཞི་ཡོད་པ་ལས། དང་པོ་འབྱུང་བ་ལྔ་དང་ཡུལ་ལྔའི་ཐིམ་ཚུལ་ནི། ཤའི་ཁམས་ས་ལ་༼ལྟེ་བ་ས་ཡི་འཁོར་ལོའི་རྩ་མདུད་ཞིག་དུས་༽ཐིམ་པས་ལུས་ཀྱི་འགུལ་བསྐྱོད་དཀའ་ཞིང་ལྡང་མི་ནུས། གཟུགས་ཀྱི་ཁམས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་མི་གསལ། ཁྲག་གི་ཁམས་ཆུ་ལ་༼སྙིང་ཁ་ཆུའི་འཁོར་ལོའི་རྩ་མདུད་ཞིག་དུས་༽ཐིམ་པས་ཁ་ཆུ་དང་སྣ་ཆུ་རྣམས་ལུད་ཅིང་སྐམ། སྒྲའི་ཁམས་དྲི་ལ་ཐིམ་པས་རྣ་བས་སྒྲ་མི་ཐོས་སྐད་འགགས། དྲོད་ཀྱི་ཁམས་མེ་ལ་༼མགྲིན་པ་མེའི་འཁོར་ལོའི་རྩ་མདུད་ཞིག་དུས་༽ཐིམ་པས་ལུས་ཀྱི་དྲོད་མཐའ་ནས་དབུས་སུ་སྡུད། དྲིའི་ཁམས་རོ་ལ་ཐིམ་པས་སྣས་དྲི་མི་ཚོར་དྲིའི་ཚོར་བ་འགགས། དབུགས་ཀྱི་ཁམས་རླུང་ལ་༼རྒྱང་གནས་རླུང་གི་འཁོར་ལོའི་རྩ་མདུད་ཞིག་དུས་༽ཐིམ་པས་དབུགས་ཁུག་པ་བཞི་དང་རྐྱང་བ་གཅིག་གིས་ཧ་འདོན། རོ་ཡི་ཁམས་རེག་ལ་ཐིམ་པས་ལྕེས་རོ་མྱོང་བའི་ཚོར་བ་འགགས། རླུང་གི་ཁམས་རྣམ་པར་ཤེས་པ་ལ་༼སྤྱི་བོར་ནམ་མཁའི་འཁོར་ལོ་ཞིག་དུས་༽ཐིམ་པས་རྩ་ཕྲན་གྱི་ཁྲག་རྣམས་སྲོག་རྩར་འདུས་ཏེ་ཁྲག་ཐིག་དང་པོར་བརྒྱབ་པས་མིག་སྐྱ་ལོག་གེ་འགྲོ། ཁྲག་ཐིག་གཉིས་བརྒྱབ་དུས་མགོ་ཁུག་པ་དང་ཧ་ཞེས་དབུགས་མདའ་གང་ཕྱིར་འགྲོ། ཁྲག་ཐིག་གསུམ་བརྒྱབ་དུས་ཨིག་ཅེས་ཟེར་ཞིང་དབུགས་ཁྲུ་གང་ཕྱིར་སོང་ནས་ཕྱི་དབུགས་ཆད་ཀྱང་ནང་དབུགས་མ་ཆད་པའི་བར་དེར་རིག་པ་སྙིང་གི་དཀྱིལ་དུ་ཁྲག་ཐིག་གིས་བརྒྱལ་ནས་དྲན་རྟོག་གང་ཡང་མེད་པར་འགྲོ། རེག་བྱའི་ཁམས་རྟོག་མེད་ཀྱི་ཆོས་ལ་ཐིམ་པས་ལུས་ཀྱིས་རེག་བྱ་མི་ཚོར་མདངས་ཉམས། བཟང་རྟོག་དང་ངན་རྟོག་གི་ཚོར་བ་དང་བྲལ། དེ་ནས་རྩ་མདུད་རྣམས་གྲོལ་བས་རྣམ་པར་ཤེས་པའི་ཁམས་ནམ་མཁའ་ལ་ཐིམ་པའི་སྐབས་འདིར། སྐད་ཅིག་བཞི་ལ་སྟོང་གཞིའམ། སྣང་བ་དང་། མཆེད་པ་དང་། ཐོབ་པ་དང་། ཉེར་ཐོབ་བཞིའི་འོད་གསལ་རྣམ་པ་བཞི་འཆར་ཏེ། འདི་ལ་བླ་མ་འགའ་ཞིག་གིས་རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པ་དང་། སྣང་བ་མཆེད་པ། མཆེད་པ་ཐོབ་པ། ཐོབ་པ་ཉེར་ཐོབ་ལ་ཐིམ་པར་བཤད་པས། རྩ་དབུ་མའི་སྤྱི་བོར་ཕ་ལས་ཐོབ་པའི་སྲོག་འཛིན་གྱི་བྱང་སེམས་དཀར་ཆ་ཧཾ་ཡིག་གི་དབྱིབས་ཅན། རྐྱང་མའི་ནུས་པས་བཟུང་བ་དེ་ཐུར་དུ་བབ་པས་སྟོང་མའི་སྣང་བའི་འོད་གསལ་ཞེས་དཀར་ལམ་གྱི་སྣང་བ་ཤར་བའི་ཚེ་ཞེ་སྡང་ལས་གྱུར་བའི་རྟོག་པ་སུམ་ཅུ་སོ་གསུམ་འགགས། དབུ་མའི་མར་སྣར་མ་ལས་ཐོབ་པའི་མཉམ་གནས་ཀྱི་དྭངས་མ་རཀྟ་ཨ་ཐུང་གི་དབྱིབས་ཅན་རོ་མའི་ནུས་པ་བཟུང་བ་གྱེན་དུ་ལོག་པའི་སྟོང་ཆེན་མ་མཆེད་པའི་འོད་གསལ་ཞེས་དམར་ལམ་གྱི་སྣང་བ་ཤར་བའི་ཚེ། འདོད་ཆགས་ལས་གྱུར་བའི་རྟོག་པ་བཞི་བཅུ་འགགས། དེ་གཉིས་ཀྱི་བར་དུ་རྣམ་པར་ཤེས་པ་གྱད་སྟོབས་ཅན་གྱིས་སེ་གོལ་ལན་བདུན་གཏོགས་པའི་ཡུད་ཙམ་ཞིག་འཐུམ་ནས་ཤིན་ཏུ་སྟོང་པའམ། ཐོབ་པའི་འོད་གསལ་ཞེས་ནག་ལམ་པའི་སྣང་བ་ཤར་བའི་ཚེ། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས། དེའི་མཐར་ཀུན་རྟོག་བརྒྱད་ཅུའི་དྲི་མ་དང་བྲལ་བས་ཐམས་ཅད་སྟོང་པའམ། ཉེ་བར་ཐོབ་པའི་འོད་གསལ་ཞེས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་བྲལ་གྱི་ཏིང་ངེ་འཛིན་འཆར་བར་འགྱུར་རོ། །འདིའི་དུས་སུ་ལམ་ཞུགས་ཀྱི་རྣལ་འབྱོར་བ་དབང་པོ་འབྲིང་གི་རབ་འཆི་ཁ་བར་དོར་གྲོལ་རྒྱུའི་རིགས་ཅན་ཡིན་ན། དབང་པོའི་རིམ་པ་ལྟར་གྲོལ་ཚུལ་རབ་འབྲིང་ཐ་མ་གསུམ་ཡོད་པའི་འབྲིང་གི་རབ་ཀྱི་རབ་རྣམས་ནི་སྙིང་སྡུག་གི་མཛའ་བོ་མཐོང་བ་ལྟར་དགའ་སྤྲོ་དང་བཅས་ཏེ་གྲོལ་བ་དང་། འབྲིང་གི་རབ་ཀྱི་འབྲིང་རྣམས་ནི་མེ་ལོང་ལ་རང་གི་བྱད་གསལ་བ་མཐོང་བ་ངོས་ཟིན་པ་ལྟར་རང་སྣང་དུ་ངོ་ཤེས་ནས་གྲོལ་བར་འགྱུར་བས། དེ་དག་གི་ཚུལ་ཡང་། སྔར་གྱི་དུས་བཞི་ནང་གསལ་ངོ་བོ་ཀ་དག་ཁྲེགས་ཆོད་གནས་ལུགས་ཀྱི་ལྟ་བ་ཟབ་མོ་ཉམས་སུ་བླངས་ནས་གོམས་འདྲིས་སོགས་ཡོད་ན། སྔར་གོམས་པའི་མྱོང་བའི་གཞི་ལ་གནས་པའི་འོད་གསལ་མ་ལྟ་བུ་དང་། ཕྱིས་བར་དོའི་འོད་གསལ་བུ་ལྟ་བུ་གཉིས་འོད་གསལ་མ་བུ་འདྲེས་ནས་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་འགྲོ་བར་འགྱུར་ཏེ། དེའི་ཚུལ་ནི་ཆགས་མེད་རིན་པོ་ཆེས། ངོ་བོ་རྗེན་པར་རྟོགས་པ་དེ། །རྒྱུན་དུ་མ་ཡེངས་སྐྱོང་ནུས་ན། །ཕྱི་དབུགས་ཆད་ནས་ནང་དབུགས་གནས། །གཞི་ཡི་འོད་གསལ་ཤར་བའི་ཚེ། །ཆུ་ཉིད་ལ་ནི་ཆུ་བཞག་ལྟར། །ཉམས་ལེན་ཟིན་ན་དེའི་ཐོག་ཏུ། །ཞག་བདུན་ལ་སོགས་གནས་པ་ནི། །འཆི་བ་ཆོས་སྐུར་སངས་རྒྱས་ཏེ། །བར་དོའི་སྣང་བ་དེ་ལས་མེད། །ཡར་གྱི་ཟང་ཐལ་ཡིན་པར་གསུངས། །ཞེས་དང་། གཞན་ཡང་དུས་འཁོར་རྩ་རྒྱུད་ལས། འོད་གསལ་དེ་ལ་སེམས་ཟིན་ན། །ཉོན་མོངས་དགྲ་ཡི་དཔུང་རྣམས་འཇོམས། །འོད་གསལ་བ་ལ་རྒྱུན་དུ་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ཞེས་གསུངས་པ་ལྟར། འཆི་བ་འོད་གསལ་ཆོས་ཀྱི་སྐུར་འཚང་རྒྱ་བ་ཡིན་ནོ། །འབྲིང་གི་རབ་ཀྱི་ཐ་མ་ལས་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུ་ནི། འཆི་ཁའི་དུས་སུ་བླ་མ་འམ། མཆེད་གྲོགས་དམ་ཚིག་དང་ལྡན་པས་འཆི་ཁ་བར་དོ་དང་། ཆོས་ཉིད་བར་དོའི་གདམས་པ་བསྟན་ནས། དེས་གྲོལ་བའམ། ཡང་ན་འཕོ་བའི་གདམས་པ་ཟབ་མོ་བཏབ་པས་གྲོལ་བར་འགྱུར་བ་ཡིན་པས་དེ་དག་གི་དོན་རྣམས་མ་ནོར་བར་ཤེས་པར་གྱིས་ཤིག #div4 ལྷུན་གྲུབ་ཆོས་ཉིད་ཀྱི་བར་དོའི་ངོ་སྤྲོད།

གཉིས་པ་ཆོས་ཉིད་བར་དོ་ནི། ཀྱེ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ། ཁྱོད་མ་ཡེངས་པར་ལེགས་པར་ཉོན་ཅིག གོང་གི་འཆི་ཁ་བར་དོའི་སྐབས་ཀྱི་འབྱུང་བ་ལྔ་དང་ཡུལ་ལྔའི་ཐིམ་ཚུལ། རྟོག་པའི་འགགས་ལུགས། མི་རྟོག་ཡེ་ཤེས་ཀྱི་འཆར་ཚུལ་རྣམས་ངོས་མ་ཟིན་ན། འོད་གསལ་འོད་གསལ་དུ་ངོ་མ་ཤེས་པའི་སྐྱོན་གྱིས་སླར་ཡང་གཏི་མུག་གི་རྟོག་པ་བདུན་པོ་བསླངས་ནས་ཉེར་ཐོབ་མུན་པ་ལྟ་བུ་འཆར། དེ་བཞིན་དུ་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་བསླངས་ནས་མཆེད་པ་ཉི་འོད་ལྟ་བུ་དང་། ཞེ་སྡང་གི་རྟོག་པ་སོ་གསུམ་བསླངས་ནས། སྣང་བ་ཟླ་འོད་ལྟ་བུ་འཆར། དེ་ནས་ཁྱབ་བྱེད་རླུང་གི་རྣམ་པར་ཤེས་པའི་ཕུང་པོ་སྒོ་དགུ་པོ་གང་རུང་ནས་མེ་སྟག་ཡར་བ་ལྟར་ཕྱིར་ཐོན་པ་ཆོས་ཉིད་བར་དོ་ཡིན། དྲན་མེད་དུ་བརྒྱལ་ནས་རླུང་བར་སྣང་ལ་བུན་གྱིས་ཡལ། ལུས་གདོས་བཅས་སུ་ལིང་གིས་སོང་། རྣམ་པར་ཤེས་པ་མེ་སྟག་ཡར་བ་ལྟར་གྱུར་བ་སྒོ་དགུ་གང་རུང་ནས་ཕྱིར་ཐོན་ཏེ་སྒོ་གསུམ་གྱེས་པའི་ཚེ། དུས་མ་འགྱུར་སྣང་བ་འགྱུར་བའི་སྐབས་ཡིན་པས་ཕྱི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ། ཉི་མ་ཟླ་བ་ལ་སོགས་འཇིག་རྟེན་ཚེ་འདིའི་སྣང་བ་ཐམས་ཅད་ནི་ནུབ། དབུགས་ཕྱི་ནང་གི་འགྲུལ་ཐག་ནི་ཆད། རང་གི་དབང་པོ་རྣམས་ཀྱི་ཆ་ལ་དངོས་པོར་སྣང་བ་ནི་མེད། ཡོད་སྙམ་པའི་ཤེས་པ་ཅུང་ཟད་ནི་འབྱུང་། གདོས་བྱས་ཀྱི་ལུས་དངོས་མི་སྣང་བར། རང་ཉིད་འོད་ལུས་སུ་གནས་པའི་མདངས་མིག་གཉིས་ནས་འོད་ཀྱི་ཟེར་དུང་གི་ཐག་པ་བརྐྱང་བ་ལྟ་བུ་ཕྱིར་ཤར་བ་ལ་བརྟེན་ནས་དག་པའི་ཡེ་ཤེས་ལྷུན་གྲུབ་ཆོས་ཉིད་འོད་གསལ་གྱི་བར་དོ་ཞེས་སྒྲ་འོད་ཟེར་གསུམ་གྱི་སྣང་བ་འཆར་བ་ཡིན། ཞི་ཁྲོའི་བར་དོའི་རྩ་ཚིག་ལས། ཀྱེ་མ་བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ ཀུན་ལ་དངངས་སྐྲག་འཇིགས་སྣང་སྤངས་བྱས་ནས༔ གང་ཤར་རང་སྣང་རིག་པ་ངོ་ཤེས་འཇུག༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགགས་ལ་ཐུག་པའི་དུས་གཅིག་འོང༔ རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔ ཅེས་གསུངས་པའི་རང་སྣང་ཆོས་ཉིད་ཀྱི་བར་དོ་ནས་འཆར་སྒོ་སྣ་ཚོགས་འོང་བ་འདིའི་སྣང་ལུགས་ལ་རྣམ་པ་བཞི་སྟེ། གཞི་སྣང་འོད་གསལ་གྱི་སྣང་བ་དང་། ཟུང་འཇུག་ཚོམ་བུའི་སྣང་བ་དང་། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་དང་། ལྷུན་གྲུབ་རིན་པོ་ཆེའི་སྣང་བ་དང་བཞི་ཡོད་པ་ལས། དང་པོ་གཞི་སྣང་འོད་གསལ་གྱི་སྣང་བ་དང་། གཉིས་པ་ཟུང་འཇུག་ཚོམ་བུའི་སྣང་བ་དང་གཉིས་དོན་གཅིག་ཡིན་ཏེ། ཚོམ་བུའི་སྣང་བའི་འཆར་གཞི་ནི་ནང་གསལ་ངོ་བོ་ཀ་དག་ཁྲེགས་ཆོད་ཀྱི་གནས་ལུགས་འོད་གསལ་ཆོས་སྐུ་དེ་ཡིན་ལ། དེ་འཆར་བའི་ཚོམ་བུ་ནི་ཕྱི་གསལ་རང་བཞིན་ལྷུན་གྲུབ་ཐོད་རྒལ་གྱི་ཡེ་ཤེས་ཡིན་པས། དེ་གཉིས་ཟུང་དུ་འཇུག་དེ་འཆར་བས་ཟུང་འཇུག་ཅེས་པའི་སྒྲ་དོན་ཡང་དེ་ཡིན་ནོ། །ཡང་སེམས་ཉིད་སྟོང་པའི་ཆ་ལས་ངོ་བོ་ཀ་དག་ཆོས་སྐུའི་འོད་གསལ་བཞི་གོང་དུ་སོང་ནས། སྣང་བའི་ཆ་ལས་རང་བཞིན་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་ལྔ་པ་སྐབས་འདིར་གཞི་སྣང་འོད་གསལ་གྱི་སྣང་བ་རུ་འཆར་བ་ཡིན། །ཇི་ལྟར་འཆར་བའི་ཚུལ་ནི་ཉེར་ཐོབ་ཀྱི་ཡེ་ཤེས་སྐད་ཅིག་བཞི་བའི་རྗེས་དེ་ཉིད་ལ་འཆར་ཏེ། གསང་འདུས་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས། ལྔ་པ་སྤྲིན་མེད་ནམ་མཁའ་ལ། །མི་རྟོག་ཡེ་ཤེས་མཐའ་དབུས་མེད། །ཅེས་གསུངས་པའི་དང་པོ། ནམ་མཁའ་འོད་གསལ་ལ་ཐིམ་པའམ། ཉེར་ཐོབ་ཀྱི་ཡེ་ཤེས་འོད་གསལ་ལ་ཐིམ་པའི་ཚེ། གཞི་སྣང་འོད་གསལ་གྱི་སྣང་བའམ་ནང་ཆོས་ཉིད་རང་གསལ་གྱི་ཞིང་ཁམས་རྣམ་པར་དག་པ་ཞེས་བྱ་བ་སྣང་བ་ཐམས་ཅད་འོད་ལྔའི་སྣང་བ་རང་ས་ན་གསལ་བ་ལ་ཟེར་ཕྲོམ་འཕྲོ་བ་དང་བཅས་མེ་རེ་རེ་འཆར་བ། དཔེར་ན་སྟོན་ཁ་ནམ་མཁའ་སྤྲིན་མེད་པ་དང་། ཕྱིའི་རྒྱ་མཚོ་ཆེན་པོ་མཐོང་བ་ལྟ་བུ་གསལ་ལ་མི་རྟོག་པའི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་མཐའ་དང་མུ་ལས་འདས་པར་སྣང་བ་དེ་ནི། ཡེ་ཤེས་ཀྱི་འཆར་གཞི་སྔར་གྱི་འོད་གསལ་ཆོས་སྐུ་དེ་ཡིན་ལ། དེ་ཉིད་སྟོང་པའི་ངོ་བོ་ནི་ཡུམ་ཀུན་ཏུ་བཟང་མོ། གསལ་བའི་ཆ་ནི་སྟོན་པ་ཤེས་རིག་གི་རྒྱལ་པོ་འོད་མི་འགྱུར་བ་ཡིན་པས། དེའི་ཚེ་སྣང་བ་མཆེད་པ་དེ་རྣམས་རང་སྣང་དུ་ངོས་བཟུང་སྟེ། རང་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག །ངོ་ཤེས་ན་དེ་མ་ཐག་ཏུ་གྲོལ་ཞིང་འདི་མན་ཆད་ཀྱི་བར་དོའི་འཁྲུལ་སྣང་རྣམས་མི་འཆར། ངོ་མ་ཤེས་ན་རང་སྣང་དགྲར་སྡང་བས་ཡང་ནས་ཡང་དུ་འཁྲུལ་ཏེ་དངངས་སྐྲག་འཇིགས་གསུམ་གྱི་སྣང་བ་ཤར་ནས་བར་དོ་ཕྱི་མ་རྣམས་ཀྱི་སྡུག་བསྔལ་འབྱུང་བ་ཡིན། དེའི་དུས་སུ་སྔར་ཀ་དག་ཁྲེགས་ཆོད་དང་། ཁྱད་པར་ལྷུན་འགྲུབ་ཐོད་རྒལ་གྱི་ལམ་ལ་ཞུགས་པའི་གང་ཟག་དབང་པོ་འབྲིང་གི་འབྲིང་པོ་ཆོས་ཉིད་བར་དོར་གྲོལ་རྒྱུའི་རིགས་ཅན་ཡིན་ན། དེ་ལའང་། དབང་པོའི་རིམ་པ་ལྟར་གྲོལ་ལུགས་རབ་འབྲིང་ཐ་མ་གསུམ་ཡོད་པས། དེ་ཡང་བདག་རྐྱེན་གྱིས་རང་སྣང་དུ་ངོ་ཤེས་པ་དང་། གཞན་སྟོབས་ཀྱིས་གདམས་ངག་གསལ་བཏབ་པས་དེ་ཉིད་ངོ་འཕྲོད་པ་བྱུང་ན། འབྲིང་གི་རབ་རྣམས་སྤྱི་གཞི་སྣང་འོད་གསལ་གྱི་སྣང་བ་ཤར་བ་རང་སྣང་སྟོང་པའི་རང་མདངས་སུ་ངོ་ཤེས་པས་བུམ་པ་ཆག་པའི་ནང་གི་ནམ་མཁའ་དང་དབྱེར་མེད་གཅིག་ཏུ་འདྲེས་པ་ལྟར་དབྱིངས་རིག་མ་བུ་འདྲེས་ནས། གྲོལ་བ་ཐོབ་པར་འགྱུར་བ་ཡིན་པས་དེའི་དོན་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག །གྲོལ་བའི་དུས་དེ་ལས་འདས་ན། གཉིས་པ་འོད་གསལ་ཟུང་འཇུག་ལ་ཐིམ་པའི་ཚེ། ཟུང་འཇུག་ཚོམ་བུའི་སྣང་བ་ཞེས་ཞི་ཁྲོའི་ལྷ་ཚོགས་སྒྲ་འོད་ཟེར་གསུམ་དང་བཅས་པ་དབང་པོའི་རིམ་པ་ལྟར་འཆར་ལུགས་གཉིས་སུ་འཆར་བར་གསུངས་པས། དེའི་ཚུལ་ནི། གང་ཟག་དབང་པོ་འབྲིང་གི་འབྲིང་རྣམས་ལ་ཁྲོ་བོ་གཙོ་བོར་གྱུར་བའི་ཞི་ཁྲོའི་ལྷ་ཚོགས་ཡོངས་རྫོགས་སྒྲ་འོད་ཟེར་གསུམ་དང་བཅས་པ་ཅིག་ཆར་དུ་དུས་གཅིག་ལ་འཆར་བའི་ཚེ་རང་སྣང་སྟོང་བའི་རང་གཟུགས་བདེན་མེད་སྒྱུ་མ་ལྟ་བུར་ངོ་ཤེས་པས་སེང་གེའི་གསོབ་མཐོང་བའམ། ལམ་འཕྲང་གི་དགྲ་རང་གི་གྲོགས་སུ་ཤེས་པས་འཇིགས་པ་མེད་པ་ལྟར་རང་སྣང་དུ་ངོ་ཤེས་ན། གྲོལ་བ་ཐོབ་པར་འགྱུར་བ་ཡིན་པས་དེ་དག་གི་དོན་ངེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག །འབྲིང་གི་ཐ་མ་རྣམས་ལ། འབྲས་ཀྱི་ལྗང་བུ་ལྟར་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་སོགས་ཞི་ཁྲོའི་ལྷ་ཚོགས་རྣམས་ཞག་རེ་རེ་བཞིན་དུ་རིམ་པ་ལྟར་འཆར་ནས་འོང་བ་རྣམས་ངོས་ཟིན་ན་གྲོལ་བར་གསུངས་པ་དེའི་ཚུལ་ནི། གོང་དུ་བཤད་པའི་གཞི་རིག་པའི་ངོ་བོ་དེ་ཉིད་ཀྱི་རང་རྩལ་ལས། ཕྲ་བ་ཡེ་ཤེས་ཀྱི་རླུང་ལྔའི་བྱེད་ལས་ཀྱི་འོད་ལྔ་བྱུང་སྟེ། དེ་ཡང་ཁྱབ་བྱ་གཉུག་མའི་ཕུང་པོ་ལྔ་ལ། ཁྱབ་བྱེད་སངས་རྒྱས་ཀྱི་རིགས་དང་། སྐུ་དང་ཞིང་ཁམས་ཐམས་ཅད་རང་ཆས་སུ་ཡོད་པའི་གནད་ཀྱིས་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཏེ། དེ་ཡང་ཞག་དང་པོ་ལ། སྟོན་ཁའི་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་འོད་མཐིང་ཁའི་གུར་ཁྱིམ་དུ་རྣམ་པར་སྣང་མཛད་ཀྱི་ཚོམ་བུའི་དཀྱིལ་འཁོར་འཆར་རོ། །དེ་བཞིན་དུ་ཞག་ལྷག་མ་བཞི་ལ་འོད་དཀར་པོའི་གུར་ཁྱིམ་དུ་མི་བསྐྱོད་པ། སེར་པོ་ལ་རིན་ཆེན་འབྱུང་ལྡན། དམར་པོ་ལ་སྣང་བ་མཐའ་ཡས། ལྗང་གུ་ལ་དོན་ཡོད་གྲུབ་པ་རྣམས་དེ་ཐམས་ཅད་རང་རང་གི་སེམས་དཔའ་སེམས་མས་བསྐོར་བ་དང་། དེ་བཞིན་དུ་སྤྲུལ་སྐུ་ཐུབ་པ་དྲུག སྒོ་བ་སྒོ་མ་བྱ་བྱེད་གཉིས་དང་བཅས་པའི་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་རྣམས་རིམ་པ་བཞིན་དུ་འཆར་ནས་འོང་ངོ་། །དེ་དག་ཀྱང་སྙིང་ནང་གི་གདངས་ལས་ཕྱིར་ཤར་བའི་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུས་དེར་སྣང་བ་ཡིན་པས་རང་སྣང་དུ་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག དེ་ནས་ཞི་བའི་ལྷ་དེ་རྣམས་ཀྱི་རང་རྩལ་ཆོ་འཕྲུལ་ལས། མདུན་གྱི་ནམ་མཁར་དག་པ་རིག་འཛིན་གྱི་ལྷ་ཚོགས་དང་ཁྲག་འཐུང་འབར་བའི་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་སྒྲ་འོད་ཟེར་གསུམ་དང་བཅས་པ་ཡང་། རིམ་པ་ལྟར་འཆར་ཏེ་སྒྲ་ནི་འབྱུང་བའི་རང་སྒྲ་ལྡིར་ཆེ་བ་འབྲུག་སྟོང་དུས་གཅིག་ལ་གྲགས་པའམ། རི་རབ་འབུམ་ཉིལ་བ་ལྟ་བུའི་འུར་སྒྲ་དང་ཐུག་ཆོམ། འོད་ནི་རིག་པའི་རང་གདངས་ཁ་དོག་སྣ་ལྔ་གསལ་ལ་འཚེར་བ་དང་། འོད་ཀྱི་གསེབ་ན་ཟེར་ཕྲ་མོ་སོས་ཀའི་ཐང་ལ་སྨིག་རྒྱུ་འགྱུ་བ་ལྟར་ཕྲིག་ཕྲིག་པ་མེ་རེ་རེ་འཆར་རོ། །དེའི་ཀློང་ན་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱང་། སྐུ་ཆེ་བ་ནམ་མཁའ་དང་མཉམ་པ། འབྲིང་བ་རི་རབ་ཙམ་ཆུང་བ་རང་ལུས་བཅོ་བརྒྱད་བརྩེགས་པ་ཙམ་ཡོད་པ་བལྟར་མི་བཟོད་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བར་འཆར་ནས་འོང་བ་དེ་དག་རྣམས་ཀྱང་རང་སེམས་ཀྱི་སྣང་བརྙན་ཕྱི་རོལ་དུ་འཆར་བ་ཡིན་པས་མ་འཇིགས་མ་དངངས་མ་སྐྲག་པར། སྔར་ཁྱོད་སྐྱེ་གནས་བར་དོ་ན་ཡོད་དུས་བླ་མ་རྣམས་ཀྱིས་ཞི་ཁྲོའི་དབང་བསྐུར་བའི་ཚེ་ལྷ་ངོ་སྤྲད་པའི་ཡི་དམ་གྱི་ལྷ་དེ་རྣམས་ཡིན་པས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག འདི་དག་གི་དུས་སུ་འཇུག་གྲོལ་མཐར་ཕྱིན་གསུམ་གྱི་གདམས་པའི་གནད་དྲན་དགོས་པ་ནི། ཨོ་རྒྱན་པདྨའི་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་ལས། འཇུག་དང་གྲོལ་དང་མཐར་ཕྱིན་ཞེས་བྱ་བས༔ དུས་གསུམ་གནད་ཀྱི་གདམས་པ་དྲན་བྱས་པའི༔ ཆོས་ཉིད་མར་ཐིམ་མ་པང་བུ་རྒྱུག་འདྲ༔ དེ་དག་དབང་འབྲིང་ལོངས་སྐུར་གྲོལ་བྱེད་ལམ༔ ཞེས་གསུངས་པའི་གནད་གསུམ་གྱི་ནང་ནས་འཇུག །ཤེས་པའི་གནད་འདི་ལ་གཉིས་ཏེ། དང་པོ་རང་གི་སྙིང་ཁ་ནས་འོད་ཀྱི་ཟེར་ཐག་ཚོན་སྐུད་སྦྲེལ་མ་ལྟ་བུ་ལྷ་རྣམས་ཀྱི་ཐུགས་ཀར་ཟུག་པ་ནི་རིག་པ་འོད་ལ་ཕར་འཇུག་པའི་གནད་ཅེས་བྱ་བ་ཡིན་པས་འདིའི་དུས་སུ་ཐེ་ཚོམ་མེད་པར་སྔར་འདྲིས་ཀྱི་མི་ཕྱིས་མཐོང་བ་ངོ་ཤེས་ཏེ་སྒྲོ་འདོགས་ཆོད་པ་ལྟར་སྔར་གྱི་དོན་རྣམས་ངོས་ཟིན་པར་གྱིས་ལ་ཤེས་པ་གང་དུའང་མི་འཕྲོ་བར་རང་བཞིན་གྱི་བསམ་གཏན་ལ་གནས་པར་གྱིས་ཤིག །དེར་ལྷ་གང་དུ་ངོ་ཤེས་ཀྱང་དེར་གྲོལ་བ་ཐོབ་པ་ཡིན། གྲོལ་བ་དེ་ཐོབ་ནས་སླར་ཚོམ་བུའི་དཀྱིལ་འཁོར་རྣམས་ཚུར་འདུས་ནས་རང་གི་སྙིང་ཀར་ཐིམ་པར་འགྱུར་བས་དེ་འོད་རིག་པ་ལ་ཚུར་འཇུག་པའི་གནད་ཅེས་བྱ་བ་ཡིན་པས་འདིའི་དུས་སུ་མ་པང་དུ་བུ་འཇུག་ལྟ་བུའི་གདམས་ངག་དྲན་པར་གྱིས་དང་། དེས་སྔར་གོམས་པའི་གདོད་མའི་འོད་གསལ་མ་ལྟ་བུ་དང་། ཕྱིས་ཤར་བའི་རང་བྱུང་གི་འོད་གསལ་བུ་ལྟ་བུ་གཉིས་འོད་གསལ་མ་བུ་འདྲེས་ནས་གྲོལ་བ་ཐོབ་པར་འགྱུར་བ་ཡིན་པས་དེའི་དོན་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག འཇུག་པའི་དུས་འདིར་བསམ་གཏན་གྱི་ཞག་ལྔར་གནས། ཞག་དེ་ཡང་ད་ལྟའི་ཉིན་ཞག་གི་ངེས་པ་འདི་ཉིད་མ་ཡིན། བསམ་གཏན་གྱི་ཞག་ཡིན་པས་དེའི་ཚུལ་ནི་རང་ཉིད་ལ་སྔར་གསོན་པོའི་དུས་སུ་གནས་པ་ཏིང་ངེ་འཛིན་གྱིས་ཡུལ་སྣང་བ་རྟོག་པ་སྔ་མ་འགགས། ཕྱི་མ་མ་ཤར་བའི་བར་ཅི་ཙམ་གནས་པའི་ཐུན་ཚོད་དེ་ལ་བསམ་གཏན་གྱི་ཞག་ཅེས་མིང་བཏགས་པས། སྔར་གསོན་དུས་བསམ་གཏན་ལ་གོམས་འདྲིས་ཆེན་པོ་ཡོད་པ་རྣམས་ལ་ཡུན་རིང་དུ་འཆར་བས་སྐབས་འདིར་རང་ངོ་ཤེས་པ་དང་གྲོལ་བ་ཐོབ་པ། དུས་མཉམ་དུ་འོང་བར་འགྱུར་བ་ཡིན། གོམས་འདྲིས་ཆེར་མེད་ན་ཡུད་ཙམ་རེ་ལས་མི་བརྟན་པས་ངོ་མ་ཤེས་ན་བར་དོ་ཕྱི་མ་རྣམས་འཆར་བར་འགྱུར་བ་ཡིན་པས་དེའི་ཕྱིར་འཇུག་པ་རྣམས་ཤེས་པའི་གནད་གཉིས་པོ་དེ་ཡང་། ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག གྲོལ་བའི་དུས་དེ་ལས་འདས་ན། གསུམ་པ་ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་ཚེ། ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོག་སྟེ། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་སྟེང་དུ་འོད་ཟླུམ་རྨ་བྱའི་གདུགས་ལྟ་བུ་དང་བཅས་པ་འཆར་བ་ནི་རྡོ་རྗེ་སེམས་དཔའི་ཁོང་གསེང་གི་ལམ་ཞེས་བྱ་བ་སྟེ། དེ་ཡང་རང་རིག་གི་རྩལ་སྣང་ཕྱི་རོལ་དུ་ཤར་བ་ཡིན་པས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག འདིའི་དུས་སུ་གནད་གསུམ་ལས་གྲོལ་བ་ལུས་ཀྱི་གནད་ཅེས་བྱ་བ་སྣང་བ་དེ་ཀུན་རང་སྣང་ཡིན་པར་ཐག་ཆོད་ན་ཕུང་པོ་ལྔའི་བདག་ཏུ་འཛིན་པ་རང་སར་དེངས་ཏེ་ལུས་གདོས་བྱས་དང་བྲལ་བའི་འོད་ལུས་སུ་གྲོལ། རིག་པ་དྲི་མ་མེད་པ་ཉོན་མོངས་པ་ལས་གྲོལ། དེ་ལས་ཕྱི་ནང་མེད་པའི་གཟུང་འཛིན་ལས་གྲོལ་བས་དེ་གསུམ་ནི་གྲོལ་བ་གསུམ་ཞེས་བྱ་བ་དེ་ཡིན་པས། སྐབས་འདིར་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དགོས་པས་དེ་དྲན་ནས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག ༼དེ་ཡང་སྙིང་ནང་དུ་ཆུ་ཞུགས་པ་གསེར་གྱི་ཐུར་མས་ཡིད་གཞུངས་ཏེ་འདྲེན་པ་ལྟར་འོད་སྣང་གི་སྣམ་བུ་ལ་མ་ཡེངས་པར། རང་སྣང་དུ་ཤེས་ནས་བལྟ་བ་རྒྱུན་གྱི་ཏིང་ངེ་འཛིན་སྐྱེའོ། །༽བཞི་བ་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པའི་ཚེ་ཡེ་ཤེས་ཀྱི་སྣང་བ་དེ་དག་སྟེང་གི་འོད་ཟླུམ་ལ་འདུས་ནས་ལྷུན་འགྲུབ་སྐུ་གསུམ་གྱི་རོལ་བར་འཆར་བས་ཆོས་སྐུ་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་པ་ལ་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ་ལྟ་བུ་ལ། དག་པ་ལོངས་སྐུ་དང་། སྤྲུལ་སྐུའི་ཞིང་ཁམས་དང་དཀྱིལ་འཁོར། མ་དག་པ་འགྲོ་དྲུག་གི་སྣང་བ་སྣ་ཚོགས་སྐད་ཅིག་ལ་འཆར་བས། འདིའི་དུས་སུ་ཤར་ལུགས་དྲུག་སྒོ་གཉིས་དང་བརྒྱད་ལ། ལྷུན་གྲུབ་ཀྱི་སྣང་བའི་འཆར་ལུགས་བརྒྱད་དུ་གསུངས་པས། སྐབས་འདིར་གནད་ལུགས་གསུམ་ལས་མཐར་ཕྱིན་པ་ངོ་ཤེས་པའི་གནད་འདིར་དགོས་པས་ངོ་ཤེས་ན་དབྱིངས་སུ་གྲོལ། མ་ཤེས་ན་འཁོར་བར་འཁྱམས་པའི་ལམ་ཁ་བྲག་ལྟ་བུ་ཡིན་པས། ཁྱོད་རང་གི་རང་སྣང་གི་འཆར་ཚུལ་འདི་རྣམས་ངོས་ཟིན་པར་གྱིས་ལ། འདི་ནས་གཞན་དུ་མ་ཡེངས་མ་འཁྲུལ་བར་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་༼ཕྱིར་མི་ལྡོག་པ་གྱད་རྩལ་བོ་ཆེས་མདའ་འཕང་བའི་མངལ་ནས་སྐྱེས་པའི་བུ་ལྟར་༽འཕང་བ་ལྟ་བུའི་གདམས་ངག་གི་དོན་དྲན་ནས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག །ངོ་ཤེས་ན་འདིའི་དུས་སུ་ཁྱོད་ལ་དབང་པོ་ལ་སོགས་པ་མངོན་པར་ཤེས་པ་དྲུག་གམ་རྒྱས་པར་དབྱེ་ན་རེ་རེ་ལ་དྲུག་ཚན་དྲུག སྐུ་གསུང་ཐུགས་ཀྱི་མངོན་པར་ཤེས་པ་གསུམ་ཚན་གསུམ་རྣམས་རྗེས་སུ་དྲན་པ་གསུམ་ལ་བརྟེན་ནས། ལྷུན་གྲུབ་ཏུ་ངོ་ཤེས་ནས་གདེང་ཐོབ་པའི་ལྷུན་གྲུབ་ཀྱི་འཆར་སྒོ་བརྒྱད། རང་རིག་གི་ཀློང་དུ་ཐིམ་ལུགས་བརྒྱད་དུ་ཐིམ་པའི་མངོན་པར་ཤེས་པ་རྣམས་དང་མི་བརྗེད་པའི་གཟུངས་དང་། ཏིང་ངེ་འཛིན་རྣམས་ཐོབ་པས་སྔར་ཐོབ་པའི་ཆོས་རྣམས་ཐམས་ཅད་རྒྱུད་ལ་དུས་གཅིག་ཏུ་འཆར། དེ་བཞིན་དུ་མ་ཐོས་པའི་ཆོས་རྣམས་ཀྱང་རྒྱུད་ལ་འཆར་བར་འགྱུར་བའི་ཆོས་ཉིད་ཀྱི་བར་དོ་ཞེས་བགྱི་བ་རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་འཆར་བའི་ནང་གསལ་འཕོ་འགྱུར་མེད་པ་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ནི་ལྷུན་གྲུབ་ལོངས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པ་ཞེས་ཁྱོད་ཀྱི་མཐར་ཐུག་འབྲས་བུའི་གྲོལ་པ་འདི་ཡིན་པས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག ༼དེ་ལྟར་ཆོས་ཉིད་བར་དོའི་སྣང་བ་བཞི་པོ་དེ་དག་གང་དུ་གྲོལ་ཡང་དེ་མན་ཆད་ཀྱི་སྣང་བ་ནི་མེད་དོ། །དེ་ཡང་དབང་པོ་གསུམ་གྱི་རབ་སྐད་ཅིག་གསུམ་ལ་གྲོལ། འབྲིང་ཞག་ལྔ་ནས་གྲོལ་ཞིང་བརྟན་པ་ཐོབ། ཐ་མ་སྐད་ཅིག་ཉི་ཤུ་རྩ་གཅིག་ལ་བརྟན་པ་ཐོབ་ངེས་པ་ཡིན་ནོ། །

ལུགས་འབྱུང་སྲིད་པའི་བར་དོའི་ངོ་སྤྲོད།

གསུམ་པ་སྲིད་པ་བར་དོའི་གསལ་འདེབས་ལུགས་ལའང་གཉིས་ཏེ། ཐུན་མོང་མ་ཡིན་པ་རྫོགས་ཆེན་རང་ལུགས་ཀྱི་གདམས་པ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་ཚུལ་ནི། ལོགས་སུ་བྲིས་པ་ལྟར་ཤེས་དགོས། སྐྱེ་བོ་ཕལ་བ་དང་། ལམ་ཐུན་མོང་པར་ཞུགས་པའི་གང་ཟག་རྣམས་ལ་གོ་སླ་ཞིང་ཕན་ཐོགས་རྒྱ་ཆེན་པོར་འགྱུར་བའི་ཕྱིར། འདི་ལྟར་དུ་གསལ་འདེབས་པར་བྱའོ། །༽ཀྱེ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཁྱོད་མ་ཡེངས་པར་ལེགས་པར་ཉོན་ཅིག ད་རེས་གོང་དུ་བཤད་པའི་ཆོས་ཉིད་བར་དོའི་འོད་གསལ་ཤར་བ་དེ་རྣམས་རང་སྣང་དུ་ངོ་མ་ཤེས་པར་འཇིགས་ཤིང་སྐྲག་པའི་རྐྱེན་གྱིས་སྲིད་པ་བར་དོའི་བག་ཆགས་སད་བྱེད་བྱས་ནས། རླུང་སེམས་ཕྲ་བའི་འབྱུང་བཞི་དང་བཅས་པ་དེ་རྣམས་ཀྱི་རྒྱུ་རྐྱེན་ལས། ལུགས་འབྱུང་གི་རྟེན་འབྲེལ་བརྒྱད་ཀྱི་རྨི་ལམ་རྨིས་པ་ལྟར་སྲིད་པ་བར་དོའི་ཡིད་གཟུགས་གྲུབ་པར་འགྱུར་བས་དེའི་ཚུལ་ནི་དོན་ཐིག་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན༔ དབང་པོ་ཀུན་ཚང་ཐོགས་མེད་རྒྱུ༔ ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན༔ རིགས་མཐུན་ལྷ་མིག་དག་གིས་མཐོང༔ ཞེས་གསུངས་པའི་དོན་ནི། སྔར་ལྟར་ཤ་ཁྲག་གི་ལུས་དངོས་སུ་གྲུབ་པ་མེད་ཀྱང་། རྣམ་སྨིན་གྱི་དབང་གིས་རྨི་ལམ་གྱི་ལུས་ལྟ་བུ་བྱིས་པ་ལོ་བརྒྱད་པ་ཙམ་གྱི་ལུས་ལྟར་ཤ་སྙི་ཞིང་སྲན་མི་བཟོད་པ་མིང་བཞིའི་ཕུང་པོ་ཡིད་ལུས། ༼ཀློང་ཆེན་པས། གཟུགས་མེད་རང་གི་ཤེས་པ་ཀུན་གཞིའི་ངང་། །ཞེས་དང་། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས། མིང་བཞིའི་ཕུང་པོར་སེམས་ཀྱི་རྒྱུད་བརྟེན་ནས་ཞེས་གསུངས་པས། གང་དུ་ཤི་བའི་ས་དེ་ན། ཚོར་བ། འདུ་ཤེས། འདུ་བྱེད་རྣམ་པར་ཤེས་པའི་ཁམས་ཀུན་གཞི་ལ་ཐིམ་པའི་ཆ་བཞི་ལ་མིང་བཞིའི་ཕུང་པོ་ཞེས་བྱ་སྟེ། ཡིད་ཀྱི་ལུས་ལ་སེམས་ཀྱི་རྒྱུད་བརྟེན་པའི་མིང་བཞིའི་ཕུང་པོ་ཞེས་བྱའོ། །༽ཞེས་བག་གྲང་ལ་ཚིག་པ་ཟ་ཞིང་། ཤིན་ཏུ་སྐྱོ་བ་ལུས་དངོས་དང་བྲལ་བའི་རྐྱེན་གྱིས་ས་གཅིག་ཏུ་སྡོད་དབང་མེད་པར་ཡད་ཡུད་ཕྱད་ཕྱོད་དུ་འཁྱམས་ནས་རྒྱུག་པ་སྲིད་པ་བར་དོར་ཞག་བཞི་བཅུ་ཞེ་དགུར་གནས་དགོས་པའི་ཕྱེད་ཡན་ཆད་ལ་སྔ་མའི་བག་ཆགས་དང་བྱད་གཟུགས་ཕྱེད་མན་ཆད་ལ་ཕྱི་མའི་བག་ཆགས་དང་བྱད་གཟུགས་ཀྱི་སྣང་བ་འཆར་བར་གསུངས་ཀྱང་སྔར་གོམས་པའི་བག་ཆགས་ཀྱིས་སྔ་མའི་བྱད་གཟུགས་འཛིན་པ་མང་ངོ་། །དེ་ཡང་ལས་མཐུན་འདོད་ཡོན་ལ་སྤྱོད་པའི་དབང་པོ་ཀུན་ཚང་བར་ཡོད་པས་སྔར་བས་དྲན་པ་བདུན་འགྱུར་གྱིས་གསལ་བ། གང་དུ་སྐྱེ་འགྱུར་གྱི་མའི་མངལ་དང་རྡོ་རྗེ་གདན་གཉིས་མ་གཏོགས་པའི་རི་ར་བ་རྩིག་པ་ལ་སོགས་ཐོགས་བཅས་ཀྱི་དངོས་པོ་གང་ལའང་ཐོགས་མེད་དུ་རྒྱུ་ཞིང་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། རང་དང་རིགས་མཐུན་པའི་ནང་ཕན་ཚུན་དང་། ལྷ་མིག་ཅན་རྣམས་ཀྱིས་མཐོང་ཞིང་གཞན་གྱིས་མི་མཐོང་བ་སོགས་མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་བར་དོའི་རྟགས་ནི་འགྲོ་བའི་ལམ་བཞི་ཡ་ང་བའི་གཡང་ས་གསུམ། འཇིགས་པའི་སྒྲ་བཞི། ངེས་པའི་རྟགས་ལྔ། མ་ངེས་པའི་རྟགས་དྲུག གར་སྐྱེས་ལས་ཀྱི་མཐོང་སྣང་སྣ་ཚོགས་ལ་སོགས་རང་སྣང་འཁྲུལ་བའི་སྣང་ཚུལ་གྱི་འཇིགས་སྐྲག་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་འཆར་བར་འགྱུར་རོ། །དེའི་དུས་སུ་བདག་རྐྱེན་དང་གཞན་རྐྱེན་ཅི་རིགས་པ་དག་གིས་བསྐུལ་ནས་རྗེས་དྲན་དྲུག་ལ་སོགས་ལ་བརྟེན་པའི་གདམས་ངག་གསལ་ཐེབས་ན་བཟང་པོའི་བག་ཆགས་སད་དེ་འདུན་པ་ཁོ་ནས་བདེ་འགྲོ་ཐོབ་པའི་དུས་ཡིན་ཏེ། ཞི་ཁྲོའི་བར་དོའི་རྩ་ཚིག་ལས། ཀྱེ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ མངལ་སྒོ་བཀག་ནས་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན༔ མིག་སེར་སྤང་ལ་བླ་མ་ཡབ་ཡུམ་བསྒོམ༔ ཞེས་གསུངས་པ་དང་། གཞན་ཡང་དོན་ཐིག་འགྲོ་བ་ཀུན་གྲོལ་ཀྱི་རྒྱུད་ལས། དེ་ཚེ་འཁོར་བ་རུ་ལོག་པ༔ རབ་ཀྱིས་སྒྱུ་མ་ལྟ་བུར་བལྟ༔ འབྲིང་གིས་བསྐྱེད་རྫོགས་ཟུང་འཇུག་བསྒོམ༔ ཐ་མས་སྐྱབས་འགྲོ་འཕོ་བ་སྦྱོང༔ ཞེས་གསུངས་པས། ལམ་ཞུགས་ཀྱི་གང་ཟག་དབང་པོ་འབྲིང་གི་ཐ་མ་སྲིད་པ་བར་དོར་གྲོལ་ཚུལ་འདི་ལའང་། དབང་པོའི་རིམ་པ་ལྟར་གྲོལ་ལུགས་རབ་འབྲིང་ཐ་མ་གསུམ་ཡོད་པའི་འབྲིང་གི་ཐ་མའི་རབ་ཀྱིས་བར་དོའི་འཁྲུལ་སྣང་ཐམས་ཅད་བདེན་མེད་སྒྱུ་མར་ཤེས་པའི་ངང་ནས་འཁོར་བ་ཞེན་ལོག་གི་མངལ་སྒོ་འགག་སྟེ་བཟློག །འབྲིང་གི་ཐ་མའི་འབྲིང་གིས་བསྐྱེད་རྫོགས་ཟབ་མོའི་དམིགས་པས་བཟློག འབྲིང་གི་ཐ་མའི་ཐ་མ་རྣམས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་འཕོ་བ་ལ་སོགས་པའི་སྒོ་ནས་མངལ་སྒོ་ངན་པ་རྣམས་སྤངས་ཏེ། བཟང་པོ་བདམས་ནས་རུ་ལོག་གི་གདམས་ངག་དྲན་དགོས་པ་དེའི་ཚུལ་ནི། ད་ལྟ་ཁྱོད་རང་འགྲོ་བ་རྒྱུད་ལྔའི་ལམ་ཁ་བྲག་གི་འདུས་མདོ། །ཡར་འགྲོ་མར་འགྲོ་གཉིས་ཀྱི་ས་མཚམས་ན་ཡོད་པའི་སྐབས་འདིར་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟར་འདུན་པའི་སེམས་རྐྱེན་གྱིས་བསྒྱུར་ཤིན་ཏུ་སླ་བས། དེའི་ཕྱིར་ཁྱོད་མ་ཡེངས་མ་འཁྲུལ་བར་བར་དོའི་སྣང་ཚུལ་འདི་རྣམས་ཐམས་ཅད་བདེན་མེད་སྒྱུ་མར་ཤེས་པའི་ངང་ནས་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ། ཕ་མ་སེམས་ཅན་ལ་སེམས་སྙོམས། མར་ཤེས་དྲིན་དྲན། དྲིན་གཟོ། བྱམས་པ་བསྒོམ་པ་སོགས་དང་། དེ་རྣམས་ཀྱི་སྡུག་བསྔལ་ལ་དམིགས་ནས་སྙིང་རྗེ་བསྒོམ་པ་སོགས་དང་། དེ་དག་གི་དོན་ཕྱིར། སངས་རྒྱས་ཐོབ་འདོད་ཀྱི་བྱང་སེམས་བསྒོམ་པ་སོགས་ཀུན་སློང་རྣམ་པར་དག་པའི་རྣམ་སྨིན་བརྒྱད་ལྡན་ནམ། མཐོ་རིས་ཡོན་ཏན་བདུན་ལྡན་དལ་འབྱོར་གྱི་ལུས་རྟེན་གཅིག་བླངས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་སྒྲུབ་ནུས་པ་ཞིག་བྱ་སྙམ་པའི་ངང་ནས། གང་དུ་སྐྱེ་འགྱུར་གྱི་ཕ་མ་འདུ་འཕྲོད་ཀྱི་སྣང་བ་མཐོང་བའང་བླ་མ་ཡི་དམ་དབྱེར་མེད་ཡབ་ཡུམ་གྱི་རྣམ་པར་བསྒོམ་པའི་མངལ་དུ་རང་ཉིད་སེམས་བསྐྱེད་ཀྱི་འཕེན་ཤུགས་དྲག་པོ་ཞུགས་ཏེ། མངལ་སྒོ་བཀག་ནས་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་སོགས་དག་པའི་རྩལ་སྦྱོང་གྱིས་ཤིག །དེ་ལྟར་གལ་སྲིད་རང་སྟོབས་ཀྱིས་གྲོལ་བར་མ་ནུས་ནའང་ཁྱོད་ཀྱི་ཤུལ་དུ་མཆིས་པའི་ཉེ་དུ་འདི་རྣམས་ཀྱི་བླ་མ་དང་དཀོན་མཆོག་གསུམ་ལ་མཆོད་པ་དང་། སྐྱེ་བོ་ལ་སྦྱིན་གཏོང་། མདོ་སྡེ་ཟབ་མོ་ཀློག་འདོན། བླ་མ་དགེ་བའི་བཤེས་གཉེན་མཚན་ལྡན་རྣམས་ཀྱིས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་དུ་མའི་དཀྱིལ་འཁོར་ལ་བརྟེན་ནས་ཁྱོད་ཀྱི་དོན་བསྒྲུབ་པས་ཁྱོད་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་ཞིང་། གཞན་སྟོབས་ཀྱིས་གྲོལ་བར་འགྱུར་ངེས་པ་ཡིན་པས་དེའི་ཕྱིར་ཁྱོད་ཤི་བ་ལ་སྡུག་བསྔལ་ཅི་ཡང་མི་འཚལ། ཁྱད་པར་ངེད་ཅག་དཔོན་སློབ་རྣམས་ཀྱིས་ཀྱང་། འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་སྔགས་ཏིང་ངེ་འཛིན་བསྒོམས་ནས་བྱམས་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་དང་ལྡན་པའི་ངང་ནས། རྟེན་བསྐྱེད་འགུགས། བགེགས་སྡིག་སྦྱང་བ། བར་དོའི་ངོ་སྤྲོད་སྡིག་བཤགས་སྒྲིབ་སྦྱང་། ཟས་གཏད་ཡོན་འབུལ། ལམ་སྟོན་འཕོ་བ་ལ་སོགས་ཟབ་ལམ་གྱི་གདམས་པ་ཁྱད་པར་ཅན་གྱི་སྒོ་ནས་ཁྱོད་ཀྱི་དོན་ཆེན་སྒྲུབ་པ་ཡིན་པས་ཁྱོད་རང་གིས་ཀྱང་བར་དོའི་སྣང་ཚུལ་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་ངང་ནས་མར་གྱུར་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་དེ་རྣམས་ཀྱི་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་སེམས་བསྐྱེད་རྒྱ་ཆེན་པོ་དང་ལྡན་པའི་ངང་ནས་དམིགས་པ་འདི་བཞིན་དུ་མཛོད་ཅིག །

སྡིག་པ་བཤགས་པའི་ཆོ་ག

ཁྱོད་རང་གི་མདུན་གྱི་ནམ་མཁར་རྩ་བརྒྱུད་བླ་མ་རྣམས་དང་། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། རྡོ་རྗེ་འཆང་ཆེན། རྫོགས་ཆེན་སྟོན་པ་བཅུ་གཉིས། སངས་རྒྱས་རབས་བདུན། སྨན་བླ་མཆེད་བརྒྱད། ལྟུང་བཤགས་ཀྱི་ལྷ་སངས་རྒྱས་སུམ་ཅུ་རྩ་ལྔ། སྐལ་བཟང་སངས་རྒྱས་སྟོང་ལ་སོགས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ལ་ཉེ་བའི་སྲས་བརྒྱད་ལ་སོགས། བྱང་ཆུབ་སེམས་དཔའ་སེམས་མ་དཔག་ཏུ་མེད་པས་བསྐོར་བ་སྤྲིན་དཔུང་གཏིབ་པ་བཞིན་དུ་བཞུགས་པའི་མོས་པ་གྱིས་ལ་དེ་རྣམས་ཀྱི་སྤྱན་སྔར་ཁྱེད་རང་གི་གཙོར་བྱས་པའི་སེམས་ཅན་ཐམས་ཅད་འཁོད་པར་བསམ་པའི་མདུན་གྱི་ནམ་མཁར་བླ་མ་སངས་རྒྱས་བྱང་སེམས་སོགས་བཞུགས་པ་རྟེན་གྱི་སྟོབས་དང་། ཕྱག་འཚལ་སྐྱབས་འགྲོ་སྨོན་ལམ་རྣམས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སྔར་བྱས་ཀྱི་ལས་ངན་ལ་འགྱོད་སེམས་དྲག་པོ་བྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས་སྤོང་སྙམ་པ་སོར་ཆུད་པའི་སྟོབས་ཏེ། སྟོབས་བཞི་པོ་དེ་དག་རང་རྒྱུད་ལ་ཚངས་བར་བརྟེན་བཞིན་པའི་ངང་ནས་བླ་མ་དང་གདམ་ངག་ལ་ཡིད་རབ་ཏུ་སྤྲོ་ཞིང་དོན་དུ་གཉེར་བ་དངས་བའི་དད་པ། ལས་རྒྱུ་འབྲས་ལ་ཐེ་ཚོམ་མེད་པ་ཡིད་ཆེས་ཀྱི་དད་པ། བསྒྲུབ་བྱའི་འབྲས་བུ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་འདོད་པའི་དད་པ་སྟེ། དད་གསུམ་བརྟན་པོའི་ཡིད་ཀྱིས་མོས་གུས་གདུང་ཤུགས་དྲག་པོས་ཁ་ཙམ་དང་ཚིག་ཙམ་མ་ཡིན་པར་སྙིང་གི་དཀྱིལ་དང་། རུས་པའི་གཏིང་ནས་བཟོད་མེད་དུ་འབར་བ་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ལ། ངག་དངས་བའི་སྒོ་ནས་ཕྱག་འཚལ་སྐྱབས་འགྲོ་སྨོན་ལམ་རྣམས་རྗེས་ཟློས་བྱེད་པའི་མོས་པ་དང་། ལུས་གུས་པའི་སྒོ་ནས་ཐལ་མོ་སྦྱར་དེ་རང་གི་ལུས། ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པར་སྤྲུལ་ཏེ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་ནམ་མཁར་བཞུགས་པའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བའི་མོས་པ་མཛོད་ཅིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གདོད་མའི་མགོན་པོ་ཆོས་སྐུ་རྒྱལ་བ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངེས་པ་ལྔ་ལྡན་ལོངས་སྐུ་རྒྱལ་བ་རིགས་ལྔ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྫོགས་ཆེན་སྟོན་པ་བཅུ་གཉིས་འཁོར་དང་བཅས་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོའི་མཆོག་གི་བློས་རྣམ་པར་རོལ་བ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མི་འཁྲུག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །སྔ་རབས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཕྱི་རབས་འབྱོན་པའི་སངས་རྒྱས་དང་བྱང་ཆུབ་སེམས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་མུ་མཐའ་མེད་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་དུང་ཕྱུར་གང་གཱའི་ཀློང་གི་བྱེ་མ་སྙེད་ཀྱི་གྲངས་དང་ངེས་པར་མཉམ་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་ཆེ་གེ་མོའི་ཐོག་དྲངས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་མདུན་ནས་བསུ་མ་མཛད་དུ་གསོལ། རྒྱབ་ནས་སྐྱེལ་མ་མཛད་དུ་གསོལ། འཇིགས་པའི་མུན་ནག་ཆེན་པོ་ལ་ཡེ་ཤེས་ཀྱི་སྒྲོན་མེ་འབར་བར་མཛད་དུ་གསོལ། ལས་ཀྱི་རླུང་དམར་དྲག་པོ་ཐུགས་རྗེས་ཤུགས་ཀྱིས་བཟློག་པར་མཛད་དུ་གསོལ། གཡང་ས་ཆེན་པོ་བདེ་བའི་ལམ་ལ་བསྒྱུར་བར་མཛད་དུ་གསོལ། གཤིན་རྗེ་དང་བར་དོའི་འགྲོ་བ་ཐམས་ཅད་སེམས་དཔའ་དང་སེམས་མའི་གྲོགས་སུ་བསྒྱུར་བར་མཛད་དུ་གསོལ། སྒྲ་འོད་ཟེར་གསུམ་ཀྱི་འཇིགས་སྐྲག་ཐམས་ཅད་རང་བྱུང་རིག་པའི་རང་རྩལ་དུ་ངོ་སྤྲད་པར་མཛད་དུ་གསོལ། རིགས་བརྒྱ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་སྐྱོབ་པའི་ལྷ་དང་ལྷ་མོར་སྟོན་པར་མཛད་དུ་གསོལ། རིགས་དྲུག་གི་སྐྱེ་སྒོ་ངན་པ་ཆོད་པར་མཛད་དུ་གསོལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་མཛད་དུ་གསོལ། སྐུ་གསུམ་དག་པའི་ཞིང་ཁམས་རྣམས་སུ་འདྲེན་པར་མཛད་དུ་གསོལ། ཞེས་བརྗོད། དེ་ནས། བཤགས་ཡུལ་རྣམས་ཀྱི་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་དང་བཅས་པ་བྱུང་ནས། ཁྱོད་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྡིག་སྒྲིབ་བག་ཆགས་དང་སྡུག་བསྔལ་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་དུ་སངས་ཀྱིས་དག་པའི་མོས་པ་མཛོད། ཅེས་སྡིག་པ་བཤགས་པའི་ཆོ་ག་བྱེད་དུ་བཅུག་ལ།

ཡང་དག་པའི་དོན་ངོ་སྤྲོད་པ།

དེ་ནས་ཡང་དག་པའི་དོན་ངོ་སྤྲོད་པའི་ཕྱིར། འདི་སྐད་ཅེས་བྱ་སྟེ། དེ་ལྟར་ཁྱོད་ཀྱིས་སྡིག་པ་བཤགས་པའི་ཆོ་ག་བྱས་ནས། ད་གནས་ལུགས་ཀྱི་དོན་ངོ་སྤྲོད་པར་བྱེད་པ་ལ་རྣམ་རྟོག་གཞན་གྱིས་མ་ཡེངས་བར་ཉོན་ཅིག །བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པའི་མདོ་ལས། བག་ཆགས་ཀྱིས་ནི་དཀྲུག་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང་། ས་བཅུ་བའི་མདོ་ལས། །ཀྱེ་རྒྱལ་བའི་སྲས། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་ཐོག་མ་མེད་པ་ནས་བག་ཆགས་ངན་པ་གོམས་པའི་དབང་གིས་མེད་བཞིན་དུ་སྣང་བ་ཡིན་ལ། ཁྱད་པར་དུ་ཁྱོད་ལ་བར་དོའི་གནས་སྐབས་འདིར་བདེ་སྡུག་བཟང་ངན་འཇིགས་སྐྲག་ལ་སོགས་པ་གང་སྣང་བ་ཐམས་ཅད་སེམས་འཁྲུལ་བའི་དབང་གིས་མེད་པ་ལ་ཡོད་པར་བཟུང་ནས་ཉམ་ཐག་པར་བྱེད་པ་ཡིན་པས། འདི་རྣམས་ལ་བདེན་པར་འཛིན་པར་མ་བྱེད་སྒྱུ་མའི་རྟ་གླང་ལྟར་ཤེས་པར་གྱིས། ཕྱི་རོལ་གཟུང་བའི་ཡུལ་རྣམས་བདེན་པར་མ་གྲུབ་པ་དེ་བཞིན་དུ་ནང་འཛིན་པའི་སེམས་ཀྱང་བདེན་པར་གྲུབ་པ་མེད་དེ། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀའི་བར་ན་ཡང་མེད་ཅིང་། མི་དམིགས་སོ། །ཞེས་པ་ལ་སོགས་པ་གསུངས་པས། སེམས་ཀྱི་གནས་ལུགས་ལ་བལྟས་ན་ལུས་ཀྱི་ཕྱི་ནང་བར་གསུམ་གང་དུ་ཡང་གནས་པ་མེད། དེའི་ངོ་བོ་རང་གཟུགས་སུ་གྲུབ་པ་མེད། མདོར་ན་སངས་རྒྱས་ཀྱིས་ཀྱང་གཟིགས་པ་དང་བྲལ་བ་རང་བཞིན་འོད་གསལ་ནམ་མཁའ་ལྟར་ཤེས་པར་གྱིས། གཞན་ཡང་སྤྱོད་འཇུག་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཅིའི་ཕྱིར་སྒོམ་མི་བྱེད། །ཅེས་དང་། སྡུད་པ་ལས། ཤེས་རབ་ཕ་རོལ་ཕྱིན་འདི་སུ་ཡིས་ལེགས་ཐོབ་པས། །རིང་པོར་མི་ཐོགས་རྒྱལ་བའི་བྱང་ཆུབ་མཆོག་རེག་འགྱུར། །ཞེས་གསུངས་པས། གཟུང་འཛིན་བདེན་མེད་དུ་རྟོགས་པའི་ཡེ་ཤེས་དེ་གོམས་པར་བྱས་པས་སྒྲིབ་གཉིས་ཀྱི་མུན་པ་མཐའ་དག་བཅོམ་སྟེ། ས་དང་ལམ་གྱི་ཡོན་ཏན་གོང་འཕེལ་དུ་གྱུར་ནས་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་འགྱུར་བས། མཚན་འཛིན་གྱི་སྤྲོས་པ་ཐམས་ཅད་ཆོད་ལ་ཆོས་ཐམས་ཅད་ཀྱི་ཡིན་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་རྒྱུན་དུ་བསྒོམ་པར་གྱིས། དེ་ལྟར་བསྒོམས་ཀྱང་སྔོན་གྱི་བག་ཆགས་ངན་པའི་དབང་གིས་འཇིགས་སྐྲག་ལ་སོགས་པའི་འཁྲུལ་སྣང་བྱུང་ན། དེ་ཉིད་སྐུ་བཞིར་ངོ་སྤྲོད་པར་བྱེད་པའི་གདམས་ངག་འདི་ལྟར་ཉམས་སུ་ལོངས་ཤིག །དེ་ཡང་འཁྲུལ་སྣང་དེ་དང་པོ་གང་ནས་སྐྱེ་བ་བལྟས་ནས། ཡུལ་ཕྱོགས་ལ་སོགས་གང་ནས་སྐྱེ་བ་མེད་པའི་སྐྱེ་མེད་ཆོས་སྐུ་ཡིན། མ་སྐྱེས་པ་དེ་ལས་འགག་རྒྱུ་མེད་པས་འགག་མེད་ལོངས་སྐུ་ཡིན། སྐྱེ་འགག་གཉིས་མེད་ཀྱི་བར་དུ་གནས་པ་མེད་པ་དེ་གནས་མེད་སྤྲུལ་སྐུ་ཡིན། དེ་གསུམ་དབྱེར་མེད་པ་དེ་ངོ་བོ་ཉིད་ཀྱི་སྐུ་དེ་སངས་རྒྱས་རྣམས་ཀྱིས་བརྙེས་པས། འབྲས་དུས་ཀྱི་སྐུ་བཞི་དང་མཚུངས་པ་དེ་ཉིད་ཁྱེད་རང་ལ་རང་ཆས་སུ་ཡོད་པ་དེ་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག ངོ་ཤེས་པ་དང་འཁྲུལ་སྣང་རང་སར་གྲོལ་བ་དུས་མཉམ་དུ་འོང་བར་འགྱུར་བ་ཡིན་ནོ། །ད་ཁྱོད་ཀྱི་ཤུལ་དུ་མཆིས་པའི་ཉེ་དུ་བརྩེ་བ་རྣམས་ཀྱིས་བཟའ་བཏུང་གོས་ནོར་ལ་སོགས་མཁོ་དགུའི་ལོངས་སྤྱོད་བསྔོ་རྒྱུ་འདི་རྣམས་ཁྱོད་རང་ལྷར་གསལ་བའི་ངང་ནས་འདོད་ཡོན་རྣམས་ཚོགས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་ནས་རོལ་དགོས་པ་ཡིན་པས། དེའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །བདག་ཉིད་འཕགས་པ་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། ཁྱེད་རང་ལ་ཕོག་པས་དབྱེར་མེད་དུ་འདྲེས་ནས་མི་དམིགས་སྟོང་པ་ཉིད་ཀྱི་ངང་དུ་གྱུར། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ནའི་སྔགས་ཀྱིས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་ཁྲི་རྐང་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་ཁྱེད་རང་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས། གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་སུ་བཞུགས་པ། དབུ་སྐྲ་ཐོར་ཚུགས་གྱེན་དུ་བཅིངས་པའི་ལྷག་མ་ཐུར་དུ་གྲོལ་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་དང་། དར་གྱི་ན་བཟའ་སོགས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། སྣང་སྟོང་འཇའ་འོད་ཀྱི་ཀློང་ནས་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བར་གསལ་བའི་སྙིང་གར་ཞི་བ་བཞི་བཅུ་རྩ་གཉིས། སྤྱི་བོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། མགྲིན་པར་དག་པ་རིག་འཛིན་གྱི་ལྷ་ཚོགས། གཞན་ཡང་རྩ་དང་བ་སྤུའི་ཀློང་ཐམས་ཅད་དུ་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གྱི་གོང་བུ་ལྟར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དང་། བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཀྱང་། འོད་ཟེར་ཁ་དོག་ལྔ་ལྡན་ལྕགས་ཀྱུ་ལྟར་འཕྲོས་པས། གནས་འོག་མིན་རང་བཞིན་དག་པ་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་ཀྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབ་པ་ལྟར་བྱོན་ནས་ཁྱོད་རང་ལྷར་གསལ་བ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་སོགས་ཞི་ཁྲོའི་རྩ་སྔགས་མཐར། བཛྲ་ས་མ་ཡ་ཛ་ཛཿས་སྤྱན་དྲངས་པ་རྣམས་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པར་བསམ། ཨོཾ་བཛྲ་ཨརྒྷཱཾ་པ་ཏྱཾ་ནས་ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱཿས་སྤྱིར་མཆོད་ལ། ལག་གཉིས་རྡོར་དྲིལ་དང་བཅས་ཕྱག་རྒྱ་བཅའ་བཞིན་པས། ཧཱུྃ༔ ཀུན་བཟང་རིགས་ལྔ་སེམས་དཔའ་ཡབ་ཡུམ་དང༔ ཐུབ་དྲུག་སྒོ་བ་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གནས་ཡུལ་མ་མོ་དབང་ཕྱུག་སྒོ་སྲུང་སོགས༔ དམ་པ་རིགས་བརྒྱའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ལ། དེ་ནས་འདོད་ཡོན་རྣམས། ཨོཾ་བཛྲ་ཨ་མྲི་ཏས་བསངས། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། འདོད་ཡོན་གྱི་དངོས་པོ་འདི་རྣམས་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ལ་སོགས་ལྷ་མིའི་དཔལ་འབྱོར་མཁོ་དགུའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་འབྱུང་བའི་ནུས་པ་ཅན་དུ་གྱུར། ཨོཾ་སརྦ་བིད་པཱུ་ར་སོགས། སྔགས་རྒྱ་ཏིང་ངེ་འཛིན་དང་བཅས་པས། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པས་དཔག་ཏུ་མེད་པར་སྤེལ་ལ་འབུལ་ཚིག་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་རྟེན་གྱི་ལྷ་ལ་གཟུགས་བསྔོས་པས། །བཞེས་ཤིག་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏ་རུ་པ་ཀ་མ་གུ་ཎ་པཱུ་ཛི་ཏི་ཨཱ་ཧཱུྃ༔ དེ་བཞིན་དུ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས་རྟེན་གྱི་ལྷ་ལ་སྒྲ་བསྔོས་པས། །བཞེས་ཤིག་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཤཔྟ་ཀ་མ་གུ་ ཎ་པཱུ་ཛི་ཏི་ཨཱ་ཧཱུྃ༔ ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་དང་། །ཨ་ཀར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས་རྟེན་གྱི་ལྷ་ལ་དྲི་བསྔོས་པས། །བཞེས་ཤིག་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཨོཾ་སརྦ་ཏཱ་ཐ་ག་ཏ་གྷནྡྷེ་ཀ་མ་གུ་ཎ་པཱུ་ཛི་ཏི་ཨཱ་ཧཱུྃ༔ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས་རྟེན་གྱི་ལྷ་ལ་ཟས་བསྔོས་པས། །བཞེས་ཤིག་བླ་མེད་བྱུང་ཆུབ་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ར་ས་ཀ་མ་གུ་ཎ་པཱུ་ཛི་ཏི་ཨཱ་ཧཱུྃ༔ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་རྟེན་གྱི་ལྷ་ལ་གོས་བསྔོས་པས། །བཞེས་ཤིག་བླ་མེད་བྱང་ཆུབ་ཐོབ་པར་ཤོག། ཨོཾ་སརྦ་ཏ་ཐཱ་ག་ཏཱ་སྤར་ཤེ་ཀ་མ་གུ་ཎ་པཱུ་ཛི་ཏེ་ཨ་ཧཱུཾཿ ཞེས་བརྗོད། འདི་དག་གི་སྐབས་སུ་ཤེས་པར་བྱ་བའི་གནད་གལ་པོ་ཆེ་ནི། གཟུགས་ཀྱི་སྐབས་སུ་ཁང་ཁྱིམ་གནས་མལ་རྟ་ནོར་ར་ལུག་བླ་མ་སོགས་ལ་རྡོར་དྲིལ་མཆོད་ཆ་སོགས་བླ་ཆས། སྐྱེ་བོ་ལ་གོ་མཚོན་བུད་མེད་ལ་འཕང་ཆ་རིན་ཆེན་རྒྱན་ཆས། བྱིས་པ་ལ་རྩེད་ཆས་སོགས་རང་རང་ལ་སྔར་གསོན་དུས་ཅི་དགོས་པའི་ཡོ་བྱད། སྒྲའི་སྐབས་སུ། དྲང་དོན་དང་ངེས་དོན་གྱི་ཆོས་སྒྲ་གླུ་བྲོ་གར་འབུད་དཀྲོལ་གྱི་རོལ་མོ། བསྟོད་ཚིག་གཏམ་སྙན། དྲིའི་སྐབས་སུ་ག་བུར་ཛ་ཏི་ཙནྡན་སྦྲུལ་གྱི་སྙིང་པོ་ལ་སོགས་ཙནྡན་དཀར་དམར་ཨ་ཀ་རུ་དཀར་ནག་གུར་གུམ། སྤང་སྤོས་ཆུ་སྤོས་སོགས་དྲི་བཟང་སྣ་ཚོགས་པའི་ཕྱེ་མ་ཕུར་མ། སྦྱར་སྤོས་ཀྱི་རིང་བུ། རོའི་སྐབས་སུ་དཀར་གསུམ་མངར་གསུམ་ཤ་མར་ཐུད་ཟན་ཇ་ཆང་འོ་ཞོ་སོགས་བཟའ་བཏུང་སྣ་ཚོགས། རེག་བྱའི་སྐབས་སུ་དར་དང་ཟ་འོག །རས་ཕྲུག་རྣམས་ཕྱི་ལྤགས་རིགས་སྣ་ཚོགས། ཞྭ་གོས་སྐ་རགས། ལྷྭམ་སྟན་ལ་སོགས་པ་དམིགས་དགོས་པའོ། །ཚེ་འདས་མཆོག་དམན་སུ་ཡིན་ཡང་དྲི་ཟར་གཏོགས་པས་ཆོ་ག་རྣམ་དག་གི་སྒོ་ནས་བསྔོས་པའི་དྲི་ཙམ་ལས་གཞན་ཅི་ཡང་སྤྱོད་དབང་མེད་པའི་རོ་ཡི་རྩར་རམ་ཇི་ལྟར་འོས་པའི་སར། མེ་བཏང་ལ་ཟས་རྣམས་ཀྱི་གསུར་དུད་གཟབ་གཟབ་གཏོང་བ་གལ་ཆེའོ། །ལར་འདོད་ཡོན་བསྔོས་པ་ཚེ་འདས་ཀྱིས་ཐོབ་མི་ཐོབ་ཆོས་བཤད་གོ་མི་གོ། ཕན་ཐོགས་མི་ཐོགས་ཐམས་ཅད་ནི། འཕོ་འདེབས་དང་ཆོ་ག་མཁན་རྣམས་ཀྱི་སེམས་བསྐྱེད་ཆེ་ཆུང་སྡོམ་པ་དང་དམ་ཚིག་གཙང་མི་གཙང་བསྐྱེད་རྫོགས་ཀྱི་དམིགས་རིམ་གསལ་ཐེབ་མི་ཐེབ། ཡོན་བདག་རྣམས་ཀྱིས་ཀྱང་མཆོད་སྦྱིན་བྱེད་རྒྱུའི་ཟས་ནོར་ལོངས་སྤྱོད་ལ་རློམ་སེམས་དང་སེར་སྣའི་དྲི་སོང་མ་སོང་དད་པ་ཆེ་ཆུང་སོགས་ལ་རག་ལས་པས་འདི་དག་སྐབས་སུ་ཡོན་མཆོད་ཐམས་ཅད་ཀྱིས་ཆགས་སྡང་མཁོན་འཁྲུགས་སོགས་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱི་དབང་དུ་མ་སོང་བར་བསམ་སྦྱོར་བྱ་བྱེད་ཐམས་ཅད་སེམས་ཅན་གྱི་དོན་དུ་ཚེ་འདས་བྱང་གྲོལ་ལ་དགོད་དོན་ཁོ་ནའི་ཆེད་དུ་དམིགས་དགོས། ཨོ་རྒྱན་ཆེན་པོས། དམིགས་པ་རྣོན་པོ་རྣལ་འབྱོར་བའི་མཚོན་ཆ་ཡིན༔ ཞེས་གསུངས་པས་ཆོ་ག་ཆོས་སྤྱོད་རྣམ་དག་འདོན་དང་། བཅའ་བཤམས་དང་། དམིགས་རིམ་རང་གི་རྒྱུད་ལ་འབྱོར་ཚོད་གཡོ་སྒྱུ་མེད་པ་རེ་ངེས་པར་དགོས་སོ།། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཁྱོད་ཀྱི་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་ལ་སོགས་པ་འདོད་པའི་ཡོན་ཏན་ཐམས་ཅད་ལ་མ་ཆགས་མ་ཞེན་པའི་སྒོ་ནས་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག དེ་ནས་ལམ་སྦྱང་བསྟན་པ་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་གྲོལ་བར་ཤོག ཨོཾ་རཏྣེ་རཏྣེ་༼དཀོན་མཆོག་རིན་ཆེན་༽མ་ཧཱ་༼ཆེན་པོ་༽རཏྣེ་༼དཀོན་མཆོག་རིན་ཆེན་༽རཏྣ་སམ་བྷ་ཝེ་༼འབྱུང་བ།༽ རཏྣེ་ཀེ་རཏྣེ་༼དཀོན་མཆོག་རིན་ཆེན་བཀྲམ༽རཏྣ་མ་ལ་བྷེ་ཤུདྡྷེ༼རིན་ཆེན་ཕྲེང་བ་རྣམ་དག་པ།༽ ཤྭ་དྷ་ཡ་སརྦ་པ་པཾ་༼སྦྱོངས་ཤིག་སྡིག་པ་ཐམས་ཅད་གྲོལ། །༽ཧཱུྃ་ཊ་ཋཿ ཞེས་བརྗོད། ཡང། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ། ༼པདྨ་ལས་བྱུང་བ་༽པདྨ་པདྨ་སཾ་བྷ་ཝེ། ༼ཆེན་པོ་བདེ་བ་ཅན་དུ་སོང་ཞིག་༽མ་ཧཱ་སུ་ཁ་༼འདི་ན་མི་སྣང་བདེ་བ་ཅན་དུ་སོང་དུ་གསོལ།༽ བ་ཏི་གཙྪནྟུ་སྭཱ་ཧཱ། ཞེས་བརྗོད།

ཟབ་ལམ་འཕོ་བའི་གདམས་པ།

འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཁྱོད་ལ་ད་ནི་མ་བསྒོམ་པར་སངས་རྒྱས་པའི་ཆོས་དྲུག་གི་ནང་ཚན། སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བ་དང་། ལེ་ལོ་ཅན་འཆི་ཁར་གྲོལ་བའི་གདམས་ངག་ཁྱད་པར་ཅན་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་ཟབ་མོ། ཟབ་ལམ་འཕོ་བའི་གདམས་པ་འབོག་པའི་སྐབས་སུ་བབ་པ་ཡིན། འདི་ལ་སྤྱི་དོན་རྣམ་པ་བཞི་ཡོད་དེ། འཕོ་དགོས་པའི་རྒྱུ་མཚན། གང་དུ་འཕོས་པའི་ཕན་ཡོན། མ་འཕོས་པའི་ཉེས་སྐྱོན། འཕོ་བ་དངོས་ཀྱི་ངོ་བོ་ཇི་ལྟར་བྱ་བའི་ཚུལ་རྣམས་ལས། དང་པོ་འཕོ་བ་དགོས་པའི་རྒྱུ་མཚན་ནི། སློབ་དཔོན་པདྨའི་ཞལ་ནས། སྒོ་དགུ་འཁོར་བའི་སྐར་ཁུང་ཅན༔ སྒོ་གཅིག་ཐར་བ་བྱང་ཆུབ་ལམ༔ སྒོ་དགུ་བཀག་ནས་སྒོ་གཅིག་དབྱེ༔ རྣམ་པར་ཤེས་པ་དེར་འཕོས་ན༔ འགྲོ་དྲུག་གནས་ནས་རྒྱང་གིས་འཕགས༔ མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ ཞེས་སོ། །གཉིས་པ་གང་དུ་འཕོས་པའི་ཕན་ཡོན་ནི། མཁའ་འགྲོ་མ་ཀུན་ཏུ་རྟོགས་པའི་རྒྱུད་ལས། རྣམ་ཤེས་རླུང་ལ་ཞོན་ནས་ནི། །སྟེང་གི་ལམ་ལ་འཕོ་གྱུར་ན། །སྡིག་ལ་གོམས་པའི་གང་ཟག་ཀྱང་། །མཐོ་རིས་དག་ཏུ་སྐྱེ་བ་མང་། །མགྲོན་པོ་ལམ་དུ་ཞུགས་པའི་མི། །གྲོགས་ཀྱིས་བསྒྱུར་བ་ཇི་བཞིན་ནོ། །ཞེས་དང་། རྒྱུད་རྡོ་རྗེ་གདན་བཞི་ལས། བུ་ག་དགུ་ཡི་སྟེང་ཕྱོགས་སུ། །འཕྲལ་དུ་ཡིད་ཀྱིས་འཕོ་བྱས་པ། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་དང། ཉེས་པ་ཀུན་གྱིས་གོས་པ་ན། །འཕོ་བའི་སྦྱོར་བ་སྦྱར་བས་གྲོལ། །སྡིག་པས་ཀུན་ནས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་དང་། གཞན་ཡང་ཇི་སྐད་དུ། དགེ་སྦྱོར་ཐམས་ཅད་གཞུ་དང་འདྲ། །འཕོ་བ་ཐེབས་པ་མདའ་དང་འདྲ། །ཞེས་སོ། །གསུམ་པ་མ་འཕོ་བའི་ཉེས་སྐྱོན་ནི། ཇི་སྐད་དུ། རྣམ་ཤེས་རླུང་ལ་རྟ་བྱས་ནས། །འོག་གི་ལམ་ལ་ཕྱིན་གྱུར་ན། །ཆོས་ལ་གོམས་པའི་གང་ཟག་ཀྱང་། །ངན་སོང་གནས་སུ་ལྟུང་བ་མང་། །ཞེས་སོ། །བཞི་བ་འཕོ་བ་དངོས་ཀྱི་ངོ་བོ་ཇི་ལྟར་བྱ་བའི་ཚུལ་ལ། གྲུབ་མཐའ་གསར་རྙིང་དང་རྒྱུད་སྡེ་གོང་འོག་བཀའ་མ་གཏེར་མ་དག་སྣང་མ་སོ་སོའི་ལུགས་སྲོལ་ལ། ཕྱི་འདུས་བྱས་རྫས་ཀྱི་འཕོ་བ་དང་། ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ་དང་། གསང་བ་རླུང་རིག་ཁ་སྦྱོར་ལ་བརྟེན་ནས་འཕོ་བ། དེ་ཁོ་ན་ཉིད་ཆོས་ཉིད་དོན་གྱི་འཕོ་བ། ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ། ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། སྤྲུལ་སྐུ་ཚད་མེད་སྙིང་རྗེའི་འཕོ་བ་སོགས་བྱེད་ལས་དང་། བསྐྱེད་རྫོགས་རྟེན་ཅན་དང་། རྟེན་མེད་ཀྱི་འཕོ་ཚུལ་སོགས་མང་དུ་ཡོད་ཀྱང་། ད་ལམ་འདིར་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་ཉི་མའི་དོན་ཕྱིར། ཨོ་རྒྱན་ཆེན་པོས་སངས་རྒྱས་འོད་དཔག་མེད་ལ་ཞུས་ནས་བློན་པོ་ལ་གནང་སྟེ་གཏེར་དུ་སྦས་པ། ཕྱིས་ཉི་ཟླ་སངས་རྒྱས་ཀྱིས་གཏེར་ནས་དྲངས་ཏེ། རིམ་པར་སྤེལ་བས། ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་ཞེས་ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ་འདི་ཉིད་གསལ་འདེབས་པའི་སྐབས་སུ་བབ་པ་ཡིན་པས། འདི་ལ་གསུམ་སྟེ། འཕོ་བྱ། འཕོ་བྱེད། འཕོ་ཡུལ་རྣམས་ལས། དང་པོ་འཕོ་བྱ་ནི། ད་ལྟའི་ཁྱོད་རང་གི་རྣམ་པར་ཤེས་པའི་ངོ་བོ་དྲན་བསམ་བདེ་སྡུག་སྣ་ཚོགས་པའི་འཆར་གཞི་སྐད་ཅིག་ཀྱང་སྡོད་དབང་མེད་པ་འདི་ཡིན། འཕོ་བྱེད་ནི་ངེད་ཅག་སློབ་དཔོན་རྣམས་ཀྱིས་སྟོང་ཉིད་ཟུང་འཇུག་དང་ལྡན་པའི་ངང་ནས་ཟབ་ལམ་འཕོ་བའི་གདམས་ངག་ཟབ་མོ་འབོག་པ་ཡིན། འཕོ་ཡུལ་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་གཙོ་བོར་སངས་རྒྱས་འོད་དཔག་ཏུ་མེད་པ་དེ་ཉིད་ཀྱི་ཐུགས་ཀར་འདུན་པ་རྩེ་གཅིག་ཏུ་གཏད་དེ་འཕོ་དགོས་པ་ཡིན། དེའི་སླད་དུ་ཁྱོད་རང་གིས་བདག་ཏུ་བཟུང་བའི་ཡུལ་དང་ས་ཆ་གནས་མལ་ཁང་ཁྱིམ་ཉེ་འབྲེལ་འཁོར་འབངས་ཟས་ནོར་ལོངས་སྤྱོད། གཅེས་པའི་རྒྱུ་ལུས་དང་བཅས་པ་འདི་རྣམས་ཐམས་ཅད་བླ་མ་དང་སངས་རྒྱས་འོད་དཔག་མེད་པ་འཁོར་དང་བཅས་པ་རྣམས་ལ་ཕྱག་རྟེན་མཎྚལ་གྱི་ཚུལ་དུ་ཕུལ། ཚེ་སྔ་མའི་སྤྱོད་ཡུལ་གྱི་ཆགས་ཞེན་འཁྲི་བ་ཐམས་ཅད་རྦད་ཀྱིས་བཅད་ནས། ཡིད་གཞན་དུ་མ་ཡེངས་པར་འདུ་ཤེས་བརྒྱད་དང་ལྡན་པ་ཞིག་ངེས་པར་དགོས་པའི་ཚུལ་ནི། དང་པོ་ཁྱོད་རང་གི་ལུས་འདི་ཉིད་གཞན་ལ་གཡར་བོའི་གནས་ཁང་ལྟ་བུའི་འདུ་ཤེས། རྣམ་པར་ཤེས་པ་ད་ལྟ་འགྲོ་རྒྱུའི་མགྲོན་པོ་ལྟ་བུའི་འདུ་ཤེས། རླུང་ནི་རྟ་གླང་ལ་སོགས་ཞོན་པའི་འདུ་ཤེས། རྩ་དབུ་མ་ལ་འགྲོ་བའི་ལམ་གྱི་འདུ་ཤེས། སྤྱི་གཙུག་ཚངས་བུག་ནི་སྒོ་ཡི་འདུ་ཤེས། ཧིཀ་ནི་སྐྱེལ་མའི་འདུ་ཤེས། ཟབ་ལམ་འཕོ་བ་བརྒྱུད་པའི་བླ་མ་རྣམས་དང་བདེ་ཆེན་དཔའ་བོ་དཔའ་མོ་རྣམས་བསུ་མའི་འདུ་ཤེས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེ་ཉིད་ལ་དཔེར་ན་ཚོང་པ་རང་ཁྱིམ་དུ་འགྲོ་བ་ལྟ་བུའི་འདུ་ཤེས་རྣམས་བསྒོམས་ནས། དམིགས་པ་འདི་ལྟར་དུ་མཛོད་ཅིག །ཁྱོད་རང་གི་ལུས་འདི་ཉིད། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དྭངས་གསལ་འོད་ཀྱི་སྐུ་ཅན་དར་དམར་པོའི་གུར་ཕུབ་པའམ། ཕྲུ་མ་ལ་ཕུས་བཏབ་པ་ལྟ་བུ་ཕྱི་བལྟས་ནང་གསལ་དུ་བསྒོམ་པའི་མིག་དང་རྣ་བ་ཁ་སྣ་ལ་སོགས་ངན་འགྲོའི་སྒོ་དགུ་བོ་ཧཱཾ་ཡིག་དམར་པོ་མགོ་ཕྱིར་བསྟན་པ་རེ་རེས་བཀག་པའི་མོས་པ་མཛོད། ལུས་ཀྱི་དབུས་དྲང་པོར་ཁང་སྟོང་དཀྱིལ་དུ་ཀ་བ་བཙུགས་པ་ལྟ་བུ་རྩ་ཨ་ཝ་དྷུ་ཏི་སྦོམ་ཕྲ་མདའ་སྨྱུག་འབྲིང་པོའི་ཚད་ཙམ་པ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣེ་སྤྱི་གཙུག་ཚངས་བུག་ཏུ་ཟུག་པ། ཁ་ཕྱེ་ནས་ཧད་པོར་ཡོད་པ། མར་སྣེ་ལྟེ་འོག་སོར་བཞིའི་འོག་ཏུ་བསླེབས་པའི་གཡས་སུ་རོ་མ་དམར་མོ། གཡོན་དུ་རྐྱང་མ་དཀར་པོ་གསུམ་ཁྲག་དང་ཆུ་སེར་གྱི་དྲི་མས་མ་གོས་པ། ལུས་ཀྱི་དབུས་སུ་སྲོག་ཤིང་བསླངས་པ་ལྟར། དྲང་ཐ་ལེར་ཡོད་པ་ལ་འཁོར་ལོ་བཞིས་བརྟེན་པའི་སྙིང་ཁའི་ཐད་དུ། རླུང་གི་དཀྱིལ་འཁོར་ཡངས་ཤིང་གཡོ་བའི་སྟེང་དུ། ཁྱོད་རང་གི་རྣམ་པར་ཤེས་པའི་ངོ་བོ་རླུང་སེམས་དབྱེར་མེད་མི་ཤིགས་པའི་ཐིག་ལེ་དཀར་ལ་དམར་བའི་མདངས་ཅན། བྱ་མ་སར་གྱི་སྒོ་ང་ལྟ་བུ་སྣུམ་ལ་འདྲིལ་བ་གསལ་ལ་འཚེར་བ། །འཕར་ལམ་ལམ་བྱེད་པ་ཞིག་གསལ་ཐོབ། རྩ་དབུ་མའི་ཡར་སྣེ་སྤྱི་གཙུག་ཚངས་པའི་བུ་ག་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུ་དཀར་སེང་ངེ་ཡོད་པའི་སྟེང་གི་ནམ་མཁར་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་ཟེའུ་འབྲུར་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླ་བརྩེགས་པའི་གདན་ལ་སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་དབྱེར་མེད་པའི་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་ལ་སོགས་མཚན་བཟང་དཔེ་བྱད་ཀྱིས་སྤྲས་པ། གཟི་བྱིན་མཚུངས་པ་མེད་པ་འོད་ཟེར་མཐའ་ཡས་པར་འཕྲོ་ཞིང་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྒྲོལ་ནུས་པའི་བདག་ཉིད་ཅན་དུ་བཞུགས་པའི་མཐར་ཟབ་ལམ་འཕོ་བ་བརྒྱུད་པའི་བླ་མ་རྣམས་དང་མཆོག་གསུམ་སྐུ་གསུམ་རྩ་གསུམ་ཆོས་སྐྱོང་སྲུང་མ་སོགས་རྒྱལ་བ་སྲས་དང་སློབ་མར་བཅས་པས་བསྐོར་ནས་བཞུགས་པ་ཐམས་ཅད་ཀྱང་། རྩ་བའི་བླ་མ་གཅིག་པུའི་ཡེ་ཤེས་ཀྱི་རྣམ་རོལ། སྐྱོན་ཀུན་ཟད། ཡོན་ཏན་ཀུན་ཚང་། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་སྐུ་མཚན་དཔེའི་གཟི་བྱིན་འོད་དུ་འབར་བ། གསུང་གྲགས་སྟོང་ཆོས་ཉིད་ཀྱི་རང་སྒྲ་སྒྲོག་པ། ཐུགས་ཟབ་གསལ་གཉིས་མེད། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ཏུ་འགྱེད་པ། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྣམ་རོལ་འཁོར་འདས་ཀྱི་དཔལ་དུ་འབར་ཞིང་། ཕྲིན་ལས་རྒྱུན་མི་ཆད་པའི་ཐུགས་རྗེས་སྲིད་མཚོར་གནས་པའི་འགྲོ་བ་ཀུན་ལ་ཡེ་ཤེས་ཀྱི་འཇུག་པ་སྐད་ཅིག་ཀྱང་མ་གཡེལ་བའི་བདག་ཉིད་ཅན་དུ་བཞུགས་ཏེ། དམིགས་ཡུལ་ཁྱེད་རང་རྣམས་ལ་བརྩེ་བའི་ཐུགས་ཀྱིས་དགོངས། དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས་ཏེ། ཁྱེད་རང་རྣམས་བདེ་ཆེན་དག་པའི་ཞིང་དུ་འདྲེན་པའི་དེད་དཔོན་དུ་བྱོན་པར་བསྒོམ་ལ་སྐྱབས་གནས་བསླུ་བ་མེད་པ་དེ་དག་གི་ཐུགས་རྗེ་དང་ཡོན་ཏན་རྗེས་སུ་དྲན་པའི་ངང་ནས། ལུས་གུས་པའི་སྒོ་ནས་ཐལ་མོ་སྦྱར་ཏེ་ཡིད་ཁྱེད་ཤེས་ཀྱི་དད་པ་དང་མོས་གུས་སྙིང་གི་དཀྱིལ་དང་རུས་པའི་གཏིང་ནས་བཟོད་མེད་དུ་འབར་བ་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ལ། ངག་གདུང་ཤུགས་དྲག་པོས་ཁ་ཙམ་དང་ཚིག་ཙམ་མ་ཡིན་པར་སྨྲེ་སྔགས་ཀྱི་དམིགས་རིམ་དང་གསོལ་འདེབས་འདི་དག་བྱེད་པའི་མོས་པ་མཛོད་ཅིག ། ན་མོ་གུ་རུ། ཚེ་འདས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །དྭངས་གསལ་སྒྲིབ་མེད་འོད་སྐུར་ཡོངས་རྫོགས་པའི། །སྒོ་དགུར་མར་མེ་ལྟར་འབར་ཧཱུྃ་ཡིག་ལས། །འོད་འཕྲོས་ལུས་ཀུན་ཁྱབ་ཅིང་བརྟན་པར་བཀག །དེ་དབུས་སྙིང་པོ་སྲོག་ཤིང་དབུ་མའི་རྩ། །རོ་རྐྱང་འཁོར་ལོ་བཞི་དང་བཅས་པ་ཡི། །སྙིང་ཀར་རླུང་དཀྱིལ་ཡངས་ཤིང་གཡོ་བའི་སྟེང་། །རྣམ་ཤེས་ཐིག་ལེ་འོད་མདངས་ལྡན་པར་གྱུར། །སྤྱི་བོར་པད་ཟླར་རྩ་བའི་བླ་མ་དང་། །དབྱེར་མེད་སངས་རྒྱས་འོད་དཔག་མེད་མགོན་ལ། །བརྒྱུད་ལྡན་བླ་མ་རྣམས་དང་ཕྱོགས་དུས་ཀྱི། །རྒྱལ་བ་རབ་འབྱམས་མ་ལུས་ཀུན་གྱིས་བསྐོར། །བདག་གཞན་མར་གྱུར་མཁའ་མཉམ་འགྲོ་ཀུན་ལ། །བྱམས་བརྩེའི་ཐུགས་ཀྱིས་དགོངས་བཞིན་བཞུགས་པར་གསལ། །ཨེ་མ་ཧོ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ་གསོལ་བ་འདེབས། །མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གསོལ་བ་འདེབས། །རྟོགས་ལྡན་སངྒ་བྷ་དྲ་ལ་གསོལ་བ་འདེབས། །ཕ་རྒོད་དྲི་མེད་བློ་གྲོས་ལ་གསོལ་བ་འདེབས། །ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་གསོལ་བ་འདེབས། །མཚུངས་མེད་མ་ཏིའི་མཚན་ཅན་ལ་གསོལ་བ་འདེབས། །ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ་གསོལ་བ་འདེབས། །འདྲེན་མཆོག་ཀརྨ་ཆོས་རྒྱལ་ལ་གསོལ་བ་འདེབས །སྔགས་འཆང་པདྨ་དབང་དྲག་ལ་གསོལ་བ་འདེབས། །ཐུགས་ཆེན་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །གྲུབ་ཐོབ་པདྨ་རིག་འཛིན་ལ་གསོལ་བ་འདེབས །འདྲེན་མཆོག་ནམ་མཁའ་འོད་གསལ་ལ་གསོལ་བ་འདེབས། །འགྱུར་མེད་ཐེག་མཆོག་བསྟན་འཛིན་ལ་གསོལ་བ་འདེབས། །པདྨ་ཀུན་གྲོལ་རྣམ་རྒྱལ་ལ་གསོལ་བ་འདེབས། །ངེས་དོན་བསྟན་འཛིན་བཟང་པོ་ལ་གསོལ་བ་འདེབས། །ནམ་མཁའ་ཚེ་དབང་ཆོས་གྲུབ་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་དང་། འོ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཁྱོད་ད་ལྟ་སྔར་གྱི་ཡུལ་དང་ཁང་ཁྱིམ་སོགས་ལ་བརྟེན་པའི་འཕེན་པ་ནི་རྫོགས། མཛའ་བའི་གཉེན་བཤེས་དང་འགྲོགས་པའི་འབྲེལ་བ་ནི་ཆད། བསགས་པའི་ཡོ་བྱད་ལ་སྤྱོད་པའི་ལས་ནི་ཟད། སྔ་མའི་སྤྱོད་ཡུལ་ཐམས་ཅད་བག་ཆགས་རྨི་ལམ་གྱི་ཡུལ་ཙམ་དུ་ལུས། ཚེ་གཅིག་ཏུ་འབད་རྩོལ་གྱིས་བསགས་པའི་ནོར་རྫས། གཅེས་པར་བསྐྱང་པའི་སྒྱུ་ལུས་དང་བཅས་པ་ཐམས་ཅད་ཤུལ་དུ་བཞག་ནས། ཁྱོད་རང་གཅིག་པུ་གཅེར་བུ་ལག་སྟོང་སྒྲེན་མོར་བར་དོར་འཁྱམས་ནས་འགྲོ་དགོས་པའི་དུས་ལ་བབས་འདུག་པས། སྐབས་འདིར་སྙིང་ཀར་བསྒོམ་པའི་ཐིག་ལེ་དེ་ཉིད་ལ་རིག་པ་རྩེ་གཅིག་ཏུ་གཏོད་ལ། ངེད་ཀྱིས་ཧིཀ་དང་ཕཊ་ཀྱི་སྒྲ་དྲག་པོར་བརྗོད་པའི་ཚེ། ཐིག་ལེ་དེ་ཉིད་ནམ་མཁའི་སྐར་མདའ་ཡར་བ་ལྟར་རྩ་དབུ་མའི་ལམ་ལ་བརྒྱུད་དེ་སོང་བ་སྤྱི་གཙུག་ཚངས་བུག་ནས་ཐོན་ཏེ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་ནས་ཐུགས་ཡིད་དབྱེར་མེད་དུ་འདྲེས་མ་ཐག་ཏུ་འོག་མིན་མཁའ་སྤྱོད་བདེ་ཆེན་དག་པའི་ཞིང་དུ་གཤེགས་ཤིག ཧིཀཿ ཧིཀཿ ཧིཀཿ ཅེས་ཅི་མང་དང་། ཕཊཿ ཕཊཿ ཕཊཿ ཅེས་ཅི་མང་བརྗོད། དེ་ནས་ཡང་། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མས་ཐུགས་རྗེས་ཟུངས། །རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བསྒྲོད་པར་བྱིན་གྱིས་རློབས། ། ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིས་གྱིས་རློབས། །ཞེས་དང་། ཡང་གོང་གི། འོ་འཇིག་རྟེན་འདི་ནས་སོགས་འཕོ་དམིགས་ཚིག་ལྷུག་དེ་འདོན། ཧིཀཿདང་ཕཊཿཅི་མང་བརྗོད་ལ། སླར་ཡང་། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་བར་འབྱམས་ཀླས་པའི། ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག། ཅེས་བརྗོད་ཅིང་། ཧིཀ་དང་ཕཊཿསྒྲ་ཅི་མང་བརྗོད། དེ་ནས། སངས་རྒྱས་འོད་དཔག་མེད་ཀྱི་འཁོར་རྣམས་གཙོ་བོར་ཐིམ། གཙོ་བོ་མི་དམིགས་པའི་ངང་དུ་འཇོག་པའམ། །ཡང་ན་ནུབ་ཕྱོགས་བདེ་བ་ཅན་དུ་གཤེགས་པར་བསམ་ལ། ཀྱེ་མ་ཚེ་འདས་རྣམ་ཤེས་རྟེན་དང་བཅས། །འོད་བུན་ནེ་སངས་རྒྱས་ཐུགས་ཀར་འཕོ། །ཀློང་དབྱེར་མེད་ཕྱམ་གཅིག་སངས་རྒྱས་ནས། །སྐུ་བདེ་ཆེན་ཞིང་གི་རྒྱན་དུ་ཤོག །ཅེས་བརྗོད་ཅིང་། ཕཊཿསྒྲ་མང་དུ་བྱེད། དེ་ནས་བསྔོ་སྨོན་གྱི་རིམ་པ་རྒྱས་བསྡུས་ཅི་རིགས་སྐབས་དང་བསྟུན་རྗེས། གཤིན་སྒབ་བཅད་པ་ནི། དྲིལ་བུ་བསིལ་ཞིང་མེ་ཏོག་འཐོར་ལ། ཧཱུྃ་ཧྲཱིཿ ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་དང་། །བདག་ཅག་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས། །རྒྱུ་སྦྱོར་ཡོན་བདག་མི་ནོར་འཁོར་བཅས་ལ། །བཀྲ་ཤིས་དཔལ་འབར་བདེ་ལེགས་ཕུན་ཚོགས་ཤོག །ཅེས་བརྗོད། དེ་ནས་བདག་བསྐྱེད་མཆོད་བསྟོད། བསྡུ་རིམ། བསྔོ་སྨོན། ཤིས་བརྗོད། མདོར་བསྡུས་བྱ་བའམ། ཡང་ན་མི་དམིགས་པར་བཞག་ཀྱང་ཆོག་གོ །

གཉིས་པ་བེམ་རིག་བྲལ་ལ་ཁད་ཀྱི་འཆི་ཁ་མའི་འགྲོ་བ་ལ་གདམས་ངག་འབོག་ཚུལ།

གཉིས་པ་བེམ་རིག་བྲལ་མ་ཁད་ཀྱི་འཆི་ཁ་མའི་འགྲོ་བ་ལ་གདམས་ངག་འབོག་ཚུལ་ནི། འཆི་ངེས་པའི་ནད་པའི་རྩར་སླེབ་ན། དང་པོ་མ་བསྒོམས་པར་སངས་རྒྱས་པའི་ཆོས་དྲུག་ལས། བཏགས་གྲོལ་ཡོད་ན་སྙིང་ཁར་འདོགས། མཐོང་གྲོལ་མིག་ལམ་དུ་སྟོན། གཟུངས་སྔགས་ཟབ་མོ་དང་། སངས་རྒྱས་ཀྱི་མཚན་ཕན་ཡོན་ཅན། བཏགས་གྲོལ་ཐོས་གྲོལ་རྣམས་རྣ་ལམ་དུ་བསྒྲགས། བདུད་རྩི་སྨན་སྒྲུབ་དང་རིལ་བུ་སོགས་དམ་རྫས་མྱོང་གྲོལ་ཁོང་དུ་བླུད། འཕོ་བ་རིལ་བུ་ཡོད་ན་སྦྱངས་ཏེ་སྤྱི་བོར་བྱུགས། སྡིག་སྒྲིབ་བྱས་བྱེད་ཡི་རང་རྣམས། བཤགས་སྡོམ་བྱེད་དུ་གཞུག དབང་བསྐུར་དུས་སྐྱབས་སེམས་ནས་བཟུང་སྡོམ་པ་སྦྱིན་ལེན་སོགས་དབང་དོན་རྣམས་ཚིག་དོན་གོ་ངེས་པ་བྱ། དེ་ནས་ཕྱི་དབུགས་མ་ཆད་ཙམ་གྱི་དུས། རོའི་ལུས་གནད་ཙོག་པུའམ། གཞོགས་གཡས་ཕབ་པར་བཤད་ཀྱང་། དབུགས་མ་ཆད་པ་ནས་ལུས་གནད་བཅོས་ཐུབ་ན་མ་གཏོགས། ཕྱི་དབུགས་ཆད་ཁ་ཕུང་པོ་ལ་བཟོ་བཅོས་ཐུག་རེག་མི་རུང་། ཉེ་འཁོར་དུ་སྨྲེ་སྔགས་དང་ཀུ་ཅོའི་སྒྲ་མཚམས་སྦྱོར་ངན་པའི་རྐྱེན་མེད་ཅིང་། འཇམ་སེམས་བདེ་བར་བྱ། དམ་ཉམས་དང་སྡིག་ཅན་སོགས་ཀྱང་རོའི་ཉེ་འཁོར་དུ་མི་བཞག་ཁྱད་པར་རྟེན་ལ་ཕྱོགས་ནས་ཚེ་འདས་ཀྱི་སྙིང་ནས་བརྩེ་བའི་ཉེ་དུ་རྣམས་ཀྱིས་ངུ་སྐད་དང་འབོད་སྐད་ཆེན་པོ་མི་བྱེད། ངེས་པར་དབུགས་དང་བྲལ་དུས་གསལ་འདེབས་ཤིན་ཏུ་སླ་བའི་ཡིད་ལ་འདྲེས་པར་བྱ། བླ་མས་ཀྱང་ནོར་དོན་དུ་གཉེར་བའི་ཁོང་སྲན་མེད་པར་བྱམས་སྙིང་རྗེས་འཕོ་བ་བཏབ་ན། ཕན་ཡོན་བསམ་ལས་འདས་པས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་དང་། སངས་རྒྱས་ཀྱི་མཚན་གང་ཤེས་མང་བར་བསྒྲགས། ལུས་ཀྱི་དྲོད་མཐའ་ནས་རིམ་བཞིན་བསྡུས་ཏེ། བོལ་གོང་གི་རྩ་ཆད་ནས་སྐེ་རྩ་ཆད་ལ་ཉེ་བའི་དུས་ཡིན་ན། སྔས་མགོར་ཕྱོགས་ནས་འདུག་ལ་སྐྲ་མཚམས་ནས་སོར་བརྒྱད་ཀྱི་མཚམས་ཀྱི་སྤྱི་གཙུག་དྲང་པོ་ནས། སྐྲ་ཉག་ཆ་ཤས་བསྒྲིམས་ནས་འཐེན་ལ་བཞག སྐད་ཆེ་ཆུང་མཚམས་ལ་རན་པས་ཁོའི་མིང་ནས་བོས་ཏེ། འོ་རིགས་ཀྱི་བུའམ་བུ་མོ་ཆེ་གེ་མོ་ཁྱོད་ད་ལྟ་ལུས་སེམས་བྲལ་ནས་འཆི་བའི་དུས་ལ་བབ་འདུག་པས་འཆི་བ་འདི་ངོ་ཤེས་པར་གྱིས་ཤིག ཁྱོད་རང་ཚེ་འདིའི་ལུས་དང་ཁང་ཁྱིམ་ནོར་རྫས་ཡོ་བྱད་གྲོགས་དང་གཉེན་འཁོར་ལས་དང་བྱ་བྱེད་ཀྱི་འཕྲོ་སོགས་ཅི་དང་ཅི་ལྟ་བུ་ཡོད་ཀྱང་། ཆགས་ཞེན་དང་འཛིན་པ་གཏན་ནས་མ་བྱེད། དེ་དག་ལ་ཆགས་ཞེན་བྱས་ཀྱང་ཐར་བའི་ལམ་གྱི་གེགས་དང་བར་ཆད་དུ་འགྱུར་བ་མ་གཏོགས། ཕན་པ་ཅི་ཡང་མེད་པའི་བློ་ལིངས་ཀྱིས་ཐོངས་ལ་ཁོ་ཐག་རྦད་ཀྱིས་ཆོད་པར་གྱིས་ཤིག འཆི་བ་མི་རྟག་པ་འདི་ཁྱོད་གཅིག་པུའི་སྟེང་དུ་བྱུང་བ་མ་ཡིན། སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མན་ཆད་ནས། མདང་སྐྱེས་ཀྱི་བུ་ཆུང་ཡན་ཆད་ལ་འབྱུང་ངེས་པ་ཅན་ཡིན་པས་འདི་ལ་འཇིགས་འཚེར་དང་སྡུག་བསྔལ་མ་བྱེད་འཆི་ཁ་བླ་མ་དང་གདམས་ངག་ཟབ་མོ་འདི་ལྟ་བུ་དང་ཕྲད་ནས་འཆི་བ་ནི་ལས་དང་སྐལ་བར་ལྡན་པའི་བསོད་ནམས་ཅན་ཡིན་པས། སེམས་གཞན་དུ་མ་ཡེངས་པར། དགའ་སྤྲོ་དང་བཅས་པའི་ངང་ནས་དམིགས་པ་འདི་ལྟར་དུ་སྒོམས་ཤིག ཁྱོད་རང་གི་ལུས་འདི་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རྣམ་པ་ཁོང་པའི་ནང་ན། ཤ་ཁྲག་རུས་པ་ནང་ཁྲོལ་སོགས་ཅི་ཡང་མེད་པ་སྟོང་སེང་ངེ་ཡོད་པར་བསྒོམ་པའི་དབུས་དྲང་པོར་རྩ་དབུ་མ་ཁོང་སྟོང་སྦ་མཁར་ཙམ་ཕྱི་གསལ་ནང་གསལ་ཀ་བ་བཙུགས་པ་ལྟ་བུའི་ཡར་སྣེ་སྤྱི་གཙུག་ཚངས་བུག་ཁ་ཕྱེས་ནས་དཀར་སེང་ངེ་ཡོད་པའི་སྟེང་། གྲུ་གང་ཙམ་གྱི་ནམ་མཁར་པདྨ་དང་ཉི་ཟླའི་གདན་ལ་ཁྱེད་རང་གི་གང་ལ་མོས་ཤིང་དད་པའི་རྩ་བའི་བླ་མ་དེ་ཉིད། ༼ཆོས་སྐུ་རྡོ་རྗེ་འཆང་ངམ་། ཨོ་རྒྱན་རིན་པོ་ཆེ་འམ། ༽སངས་རྒྱས་འོད་དཔག་མེད་ཀྱི་ཆ་ལུགས་སུ་འཇའ་འོད་འཁྱིལ་ལེར་བཞུགས་པར་སྒོམ་ལ་དད་པ་མོས་གུས་རྩེ་གཅིག་ཏུ་གྱིས་ཤིག དབྱངས་སྙན་པོས། ན་མོ་གུ་རུ། བདེ་ཆེན་འཁོར་ལོ་དོན་གྱི་འོག་མིན་ནས། །སངས་རྒྱས་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། །རྒྱལ་བ་ཀུན་འདུས་རྩ་བའི་བླ་མ་ཉིད། །མཚན་དཔེའི་གཟི་འབར་སྣང་སྟོང་འོད་སྐུར་བཞུགས། །བདག་གཞན་འགྲོ་བའི་ལུས་སྲོག་ལོངས་སྤྱོད་ཀུན། །ཁྱེད་ལ་མཆོད་པར་འབུལ་ལོ་དགྱེས་བཞིན་བཞེས། །ཚེ་རབས་ཐོག་མེད་ནས་བསགས་སྡིག་སྒྲིབ་རྣམས། །མི་གསང་མི་སྦེད་གནོང་འགྱོད་དྲག་པོས་བཤགས། །ཕྱིན་ཆད་མི་བགྱི་སེམས་ལ་དམ་བཅའ་འཛིན། །ཚད་མེད་ཐུགས་རྗེ་མྱུར་མགྱོགས་ལྕགས་ཀྱུ་ཡིས། །སྡུག་བསྔལ་ཉམ་ཐག་བུ་འབངས་དྲང་དུ་གསོལ། །དལ་འབྱོར་མི་ལུས་འཆི་བདག་བདུད་ཀྱིས་བཅོམ། །ཚེ་འདིའི་སྣང་བ་ནུབ་པའི་མཐའ་ལ་ཐུག །བར་དོའི་འཇིགས་སྐྲག་འཆར་ལ་ཉེ་བ་ཡི། །ཉམ་ཐག་བུ་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ། །འདི་ནས་ལུས་སེམས་སོ་སོར་བྲལ་མ་ཐག །བར་དོའི་འཇིགས་སྐྲག་འཁྲུལ་སྣང་མི་འཆར་བར། །གསལ་སྟོང་འཛིན་མེད་རིག་པ་རྗེན་པ་འདི། །རྗེ་བཙུན་བླ་མའི་ཐུགས་དང་དབྱེར་མེད་པར། །ཆོས་དབྱིངས་སྐྱེ་མེད་ཀློང་དུ་གྲོལ་བར་ཤོག །ཅེས་བརྗོད་ཅིང་། ངེད་ཀྱིས་ཧིཀ་དང་ཕཊཿཀྱི་སྒྲ་བརྗོད་པའི་ཚེ་ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་ནམ་མཁའི་སྐར་མདའ་ཡར་བ་ལྟར་དབུ་མའི་ནང་ནས་ཡར་བརྒྱུད་དེ། རྩ་བའི་བླ་མའི་ཐུགས་ཀར་ཐིམ་ནས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་མོས་པ་གྱིས་ཤིག ཅེས་དམིགས་པ་ལ། ཧིཀཿདང་ཕཊཿསྒྲ་མང་དུ་བརྗོད། སླར་ཡང་རྒྱས་པར་སྤྲོ་ན། ཀྱེ་མ་ཀྱེ་ཧུད་མི་རྟག་སོགས། མཚམས་འདི་ནས་ཤོག་ལྡེབ་འགའ་ཆད། མཆན།

གང་ཟག་མཆོག་རྣམས་འདས་ནས་ཞག་གཉིས་གསུམ་སོང་ཚར་བའི་ཐུགས་དམ་དཀྲོལ་ཚུལ།

གསུམ་པ་བླ་མ་སོགས་གང་ཟག་ཐུགས་དམ་ཅན་འདས་ནས་ཞག་གཉིས་གསུམ་སོང་ཚར་བའི་ཐུགས་དམ་དཀྲོལ་ཚུལ་ནི་རྟེན་གྱི་གང་ཟག་རབ་འབྲིང་ཐ་མ་གསུམ་ལས། སྐབས་འདིར་འབྲིང་པོ་རང་ལུགས་རྫོགས་ཆེན་གྱི་ལམ་ལ་གནས་ཤིང་། གྲོལ་འབྲས་ཕྲ་མོ་ཐོབ་པ་ཞིག་གི་དབང་དུ་བྱས་པ་ཡིན་པས་ཐོག་མར། སེམས་བསྐྱེད་སོགས་བདག་རྒྱུད་བྱིན་རློབ་ཀྱི་ཆོ་ག་དང་། དགོས་ཆས་ཉེར་མཁོ་རྣམས་གོང་ལྟར་ལ་ཁྱད་པར་གདུང་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་མཎྜལ་འདོད་ཡོན་སྣ་བདུན། རྟགས་རྫས་རིགས་མ་བཅུ་དྲུག་གི་ཙཀླི་སོགས། མཆོད་རྫས་ཅི་འབྱོར་བཤམས་ལ། མདུན་གྱི་སྐུ་གདུང། ཧྱ་གྷྲི་ཝས་བསངས། སྭ་བྷ་ཝས་སྟོང་པར་སྦྱངས། མདུན་གྱི་རྟེན་སྣང་རང་བཞིན་སྟོང་པའི་ངང༔ སེང་ཁྲི་པད་ཉི་ཟླ་སྟེང་ཧཱུཾ་ཡིག་ལས༔ འོད་འཕྲོས་འཕགས་མཆོད་སེམས་ཅན་སྡིག་སྒྲིབ་སྦྱངས༔ ཚུར་འདུས་ཡོངས་གྱུར་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣམས༔ དར་གྱི་ན་བཟའ་རིན་ཆེན་རྒྱན་ཆས་སོགས༔ ལོངས་སྤྱོད་རྫོགས་སྐུ་མཚན་དཔེའི་གཟི་བྱིན་ལྡན༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་རོལ་སྟབས་བཞུགས༔ གནས་གསུམ་ཡིག་འབྲུ་གསུམ་དང་བདག་ཉིད་ཀྱི༔ ཐུགས་སྲོག་ཧཱུྃ་གི་འོད་ཟེར་འཕྲོ་འདུ་ཡིས༔ དམིགས་ཡུལ་རང་བཞིན་གནས་ནས་སྤྱན་དྲངས་བསྟིམ༔ ན་མོ་སྐུ་གསུམ་དཀོན་མཆོག་རྩ་གསུམ་སྲུང་མ་ཡི༔ བྱིན་རླབས་ཐུགས་རྗེ་ནུས་པའི་བདེན་སྟོབས་ཀྱིས༔ འཇིག་རྟེན་འདི་ནས་ཞི་བར་གཤེགས་པ་དེ༔ འཁོར་འདས་སྲིད་ཞིའི་ཞིང་ཁམས་གར་བཞུགས་ཀྱང་། སྤྱན་དྲངས་རྟེན་དང་དབྱེར་མེད་བརྟན་པར་གྱུར༔ ཨོཾ་གུ་རུ་བཛྲ་དྷ་ར་ཨེ་ཧྱ་ཧི་བཛྲ་ས་མཱ་ཛཿ སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས་བརྟན་པར་བྱས། དེ་ནས་བགེགས་གཏོར་བརླབས་བསྔོས་ནས། བདེན་སྟོབས་བརྗོད་པའི་བར་སྔར་བཞིན་ལས། བདེན་པ་ཆེན་པོའི་མཐུ་དང་ནུས་པ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་འདིའི་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་དང་ལམ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་གཏོར་མ་འདིས་ལམ་བརྔན་སོགས་བརྗོད་ཅིང་། གུལ་ཡུངས་དང་བཅས་པས་བསྐྲད་ནས་བསྲུང་འཁོར་བསྒོམ། དེ་ནས་མེ་ལོང་ཁྲུས་བུམ་བཅས་ཐོགས་ལ། གང་འདིར་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་སྐུ་ཁྲུས་དམ་པ་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱིས་ཆུས། །ཡིད་འོང་ལེགས་པར་གང་བའི་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷཱི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །ཕར་ཕྱིན་དྲུག་གི་ཁྲུས་རྒྱས་བསྡུས་གང་རིགས་སོགས་དང་ཞེས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱངས་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །འདི་ནི་ཚུལ་ཁྲིམས་རང་བཞིན༴ ཁྲིམས་འཆལ་དྲི་མ༴ ཚུལ་ཁྲིམས་དྲི་ཡིས༴ ཁྲུས་ལེགས་མཛད་ལ༴ འདི་ནི་བཟོད་པའི༴ ཁོང་ཁྲོའི་དྲི་མ༴ བཟོད་པ་དྲི་ཡི་ལེགས༴ ཁྲུས་ལེགས༴ འདི་ནི་བརྩོན་འགྲུས་རང་བཞིན༴ ལེ་ལོའི་དྲི་མ༴ བརྩོན་འགྲུས་དྲི་ཡིས༴ ཁྲུས་ལེགས༴ འདི་ནི་བསམ་གཏན༴ རྣམ་གཡེང་དྲི་མ༴ བསམ་གཏན་དྲི་ཡིས༴ ཁྲུས་ལེགས༴ འདི་ནི་ཤེས་རབ༴ ཤེས་འཆལ༴ ཤེས་རབ་དྲི་ཡིས༴ ཁྲུས་ལེགས་མཛད༴ རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །བདག་ཅག་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ ཀ་ཡ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ༔ སྐུ་ཕྱི་བྱ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝཥྚ་ཡེ་སྭཱ་ཧཱ། གོས་འབུལ། དེ་ནས་སྐད་གདངས་མཐོན་པོས། འོ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཞི་བར་གཤེགས་པ་ཁྱོད་ལ་བར་དོའི་འཆར་ཚུལ་ངོ་སྤྲོད་གསལ་འདེབས་ཀྱི་ཚུལ་དུ་བརྗོད་པ་འདི་ལ་ལེགས་པར་གསན་པར་ཞུ། དེ་ཡང་ཁྱེད་ཉིད་གཅིག་པུ་ཁོ་ན་འདི་ལྟར་ཞི་བར་གཟིམ་པ་ནི་མ་ཡིན། སྤྱིར་འཁོར་བའི་མཚན་ཉིད་ཐམས་ཅད་མི་རྟག་པ་ཁོ་ན༴ ཞེས་པ་ནས་བཟུང་འཆི་ཁ་བར་དོ་དང་། ཆོས་ཉིད་བར་དོའི་ངོ་སྤྲོད་གཉིས་གོང་མ་ལྟར་ལ། དེ་ནས་སྲིད་པ་བར་དོར་དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་ཚུལ་ལོགས་སུ་བྲིས་པ་ལྟར་ངོ་སྤྲོད་གསལ་འདེབས་རྒྱས་པར་བྱ་ཞིང་། དེ་དག་གི་མཇུག་གི་དགོས་ཆས་བྱེ་བྲག་པ་རྣམས་དམིགས་ཕྱེད་པར་བྱ། ཁྱད་པར་རྟེན་ལྷར་བསྐྱེད་ནས་མཆོད་བསྟོད་མཇུག་ཏུ། མཆོད་རྫས་རྣམས། ཧྱ་གྷྲྀ་ཝས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ། ཨོཾ་ལས་མཆོད་རྫས་དང་། འདོད་ཡོན་རྣམས་ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པ་ལྷ་མིའི་དཔལ་འབྱོར་མཁོ་དགུའི་ལོངས་སྤྱོད་གང་ཡང་མ་ཚང་བ་མེད་པ་བསམ་གྱིས་མི་ཁྱབ་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤཔྟ་ཨཱཿཧཱུྃ༔ གིས་བྱིན་གྱིས་བརླབས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ༴ སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སོགས། འདོད་ཡོན་སྤེལ་བའི་སྔགས་ཀྱིས་བསམ་གྱིས་མི་ཁྱབ་པར་སྤེལ་ལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨརྒྷཾ་པ་ཏྱཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་མེ་ཏོག་བདུག་སྤོས་དང་། པུཥྤེ་དྷུཥྤེ། སྣང་གསལ་དྲི་ཆབ་དང་། ཨ་ལོ་ཀེ་གྷནྡྷེ། ཞལ་ཟས་རོལ་མོ་དང་། ནཻ་ཝི་དྱ་ཤཔྟ་སོགས་སྦྱར། ཁ་དོག་དབྱིབས་ལེགས། སོགས། འདོད་ཡོན་ལྔ་གོང་བཞིན་གྱི་མཐར་གསུར་དུད་རྒྱས་པར་བྱེད། ཧྲཱིཿ འཁོར་ལོ་རིན་ཆེན་ཆོས་ཀྱི་འཁོར་ལོ་བསྐོར༔ ནོར་བུ་རིན་ཆེན་དགོས་འདོད་ཐམས་ཅད་སྐོང་༔ བཙུན་མོ་རིན་ཆེན་ཕ་རོལ་ཕྱིན་བཅུ་ལྡན༔ ཁྱིམ་བདག་རིན་ཆེན་ཆབ་སྲིད་རབ་ཏུ་སྤེལ༔ གླང་པོ་རིན་ཆེན་བདུད་ཀྱི་དཔུང་ཚོགས་འཇོམས༔ རྟ་མཆོག་རིན་ཆེན་འཁོར་བའི་ཕ་རོལ་སྒྲོལ༔ དམག་དཔོན་རིན་ཆེན་ཉོན་མོངས་གཡུལ་ངོ་བཟློག༔ རིན་ཆེན་སྣ་བདུན་ཡོངས་རྫོགས་མཆོད་པར་འབུལ༔ ཨོཾ་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་མ་ཎི་རཏྣ༴ ཨོཾ་ཝ་ཏི་རཏྣ༴ ཨོཾ་མ་ཧ་ཏ་རཏྣ༴ ཨོཾ་ཧསྟི་རཏྣ༴ ཨོཾ་ཨ་ཤྭ་རཏྣ༴ ཨོཾ་ཁཏྒ་རཏྣ༴ ཞེས་རྒྱལ་སྲིད་སྣ་བདུན་སྔགས་ཕྱག་རྒྱ་དང་བཅས་པ་བྱ། ཧཱུྃ༔ རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན༔ དྲི་མེད་གསེར་ཉ་གཡུ་ཡི་གཤོག་པས་མཛེས༔ འདབ་བཟང་ངད་ལྡན་སྣ་ཚོགས་པདྨོའི་ཚལ༔ རིན་ཆེན་གཡས་འཁྱིལ་དཀར་ཟླུམ་སྒྲ་དབྱངས་ཅན༔ བདུད་རྩིའི་བུམ་བཟང་དཔག་བསམ་ཁ་རྒྱན་སྤྲས༔ ཡིད་བཞིན་གཏེར་འབྱུང་ཁོང་གསེང་དཔལ་བེའུ༔ མི་ནུབ་ཆོས་ཀྱི་རྒྱལ་མཚན་རབ་ཏུ་བརྟན༔ སྲིད་པའི་དྲ་བ་འཇོམ་པའི་འཁོར་ལོ་སོགས༔ བཀྲ་ཤིས་རྟགས་བརྒྱད་ཡོངས་རྫོགས་མཆོད་པར་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཚ་ཏྲཾ་ཀ་པཱུ་ཛི་ཏེ་ཨཱཿ་ཧཱུཾ༔ དེ་བཞིན་དུ། ལཉྩ། ཀ་མ་ལ། ཤངྐ། སཾ་བྷ། ཤྲི་ཝ་ར། ས་དྷྭ་ཛ། ཙཀྲ། ཧྲཱིཿ སྒྲུབ་རྫས་ཡུངས་དཀར་རྒྱལ་པོས་བགེགས་ཚོགས་འཇོམས༔ རྫས་མཆོག་བིལ་བས་ཡོན་ཏན་ཐམས་ཅན་རྒྱས༔ རྩ་མཆོག་དུརྺས་གདོན་གྱི་གནོད་པ་སྐྱོབ༔ ལི་ཁྲིའི་མཚལ་ཆེན་འགྲོ་བ་དབང་དུ་སྡུད༔ གྷི་ཝཾ་སྨན་གྱིས་ཉོན་མོངས་ནད་ཀུན་སེལ༔ བཅུད་ལྡན་ཞོ་ཡིས་དབང་པོའི་གཟི་མདངས་བསྐྱེད༔ གསལ་བྱེད་མེ་ལོང་མ་རིག་མུན་པ་སེལ༔ ཆོས་དུང་གཡས་འཁྱིལ་གསུང་དབྱངས་དྲུག་ཅུ་སྒྲོག༔ བཀྲ་ཤིས་རྫས་བརྒྱད་ཡོངས་རྫོགས་མཆོད་པ་འབུལ༔ ཞེས་དང་། པད་སྐོར་ཕྱག་རྒྱ་དང་བཅས་ཏེ། ཨོཾ་མདྒ་ལཾ་ཤྲཱི་པ་ཤཾ་པཱུ་ཛི་ཏེ་ཨཱཿཧཱུྃ༔ དེ་བཞིན་དུ། བིལྺ། ཨ་པྲ་ཏི་ཧ་ཏ། ཧྲི་པ་ཤཾ། གྷི་ཝཾ། དྷ་རི་ཏ། ཨ་དྷཪྴ། སྭ་བྷ་ལ། ཞེས་བསྒྱུར་བས་མཆོད། དེ་ནས་རྒྱས་པར་སྤྲོ་ན། ཀུན་ཏུ་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན༔ རྡོ་རྗེ་པི་ཝཾ་གླིང་བུ་རྔ་ཐབས་བཟུང༔ ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བའི་འཁོར་ལོར་མཆོད། །ཨོཾ་ཨཱཿབཛྲ་བི་ཎེ་ཧཱུཾ། ཨོཾ་ཨཱཿབཛྲ་ཝཾ་སེ་ཏྲཾ། ཨོཾ་ཨཱཿབཛྲ་མྲྀ་ཏེ་གི་ཧྲཱིཿ ཨོཾ་ཨཱཿབཛྲ་མུ་རན་ཛེ་ཨཱ༔ མཆོག་ཏུ་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །རྡོ་རྗེ་སྒེག་བཞད་གླུ་དང་གར་མཁན་མ། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བའི་འཁོར་ལོར་མཆོད། །ཨོཾ་ཨཱཿབཛྲ་ལཱ་སྱ་ཧཱུྃ། ཨོཾ་ཨཱཿབཛྲ་མ་ལྱ་ཏྲཾ། ཨོཾ་ཨཱཿབཛྲ་གཱིརྟི་ཧྲཱིཿ ཨོཾ་ཨཱཿབཛྲ་ནིརྟི་ཨཱ༔ ཁྱད་པར་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་མ། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བའི་འཁོར་ལོར་མཆོད། །ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ༔ ཨོཾ་ཨཱཿབཛྲ་དྷུ་པེ་ཏྲཾ། ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧྲཱི༔ ཨོཾ་ཨཱཿབཛྲ་གྷནྡྷེ་ཨཱཿ ལྷན་སྐྱེས་དགའ་བ་ཉམས་བཞིའི་རྣམ་འགྱུར་ཅན། །གཟུགས་རེག་རོ་དང་ཆོས་དབྱིངས་རྡོ་རྗེ་མ། །ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ། །ནམ་མཁའ་རབ་འབྱམས་གང་བའི་འཁོར་ལོར་མཆོད། །ཨོཾ་ཨཱཿབཛྲ་རུ་པ་ཧཱུྃ། ཨོཾ་ཨཱཿབཛྲ་ར་ས་ཏྲཱཾ། ཨོཾ་ཨཱཿབཛྲ་སྤརྴེ་ཧྲཱི། ཨོཾ་ཨཱཿབཛྲ་དྷརྨ་དྷརྟུ་ཨཱཿ ཞེས་རྡོ་རྗེའི་རིག་མ་བཅུ་དྲུག་གི་མཆོད་འབུལ་ཚིགས་བཅད་སྔགས་རྒྱ་དང་བཅས་པ་བྱའོ། །བསྟོད་པ་ནི། དཔལ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་བལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་འདྲེན། །བླ་མའི་སྐུ་ལ་ཕྱག་འཚལ་བསྟོད། །བླ་མའི་གསུང་ནི་ཚངས་པའི་དབྱངས། །འགགས་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་མཛད་པའི། །བླ་མའི་གསུང་ལ་ཕྱག་འཚལ་བསྟོད། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་སྟོང་པའི་ངང་། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ་ཕྱག་འཚལ་བསྟོད། །སྐུ་འགྱུར་བ་མེད་པ་བླ་མའི་སྐུ། །གསུང་འགགས་པ་མེད་པ་བླ་མའི་གསུང་། །ཐུགས་འཁྲུལ་བ་མེད་པ་བླ་མའི་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡི་རྣམ་པ་ཀུན། །མཆོག་ཏུ་དད་པས་ཁྱེད་ལ་བསྟོད། །ཅེས་བསྟོད་ལ། ལམ་སྦྱང་བསྟན་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་གྲོལ་བར་ཤོག །ཨོཾ་རཏྞེ་རཏྞེ་མ་ཧཱ་རཏྞེ་རཏྣ་སཾ་བྷ་ཝེ། རཏྣ་ཀི་ར་ཎེ། རཏྣ་མཱ་ལཱ་བི་ཤཱུདྡྷེ། ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཏྲཱ་ཊ། ཞེས་བརྗོད། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ། པདྨ་སམ་བྷ་ཝེ། མ་ཧཱ་སུ་ཁ་བ་ཏི་གཙྪནྟུ་སྭཱ་ཧཱ། ཞེས་གོང་ལྟར་བྱ་དེ་ནས། འོ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཞི་བར་གཤེགས་པ་ཁྱེད་ལ། ད་ནི་མ་བསྒོམས་པར་སངས་རྒྱས་པའི་ཆོས་དྲུག་གི་ནང་ཚན། ཞེས་སོགས་ནས། དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག ཅེས་པའི་བར་སྔར་ལྟར་དང་། དེ་ནས། འོད་དཔག་མེད་གཤེགས་གསོལ། བསྔོ་སྨོན་ཤིས་བརྗོད། བདག་བསྐྱེད་ཀྱི་རྗེས་ཆོག་རྣམས་བྱས་པས་དོན་འགྲུབ་བོ། །ལར་གང་ཟག་རབ་སངས་རྒྱས་ཀྱི་སྤྲུལ་པ་སེམས་ཅན་གྱི་དོན་དུ་བསམ་བཞིན་དུ་བྱོན་པ་རྣམས་ལ་འབྱུང་བའི་ཐིམ་རིམ་རྣམས་རྫོགས་ནས། ཀ་དག་གཞོན་ནུ་བུམ་སྐུར་འུབ་ཆུབ་སྟེ་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་གྲོལ་ངེས་པ། སྐྱེས་ཆེན་དམ་པ་གཞན་རྣམས་ཀྱི་ངོ་སྤྲོད་གསལ་འདེབས་སོགས་ལ་ལྟོས་མི་དགོས། དེ་ལྟ་བུ་ལ་འཕོ་ལུང་སོགས་བྱེད་མི་རུང་བར་བཤད། འབྲིང་ཚེ་འདིར་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་ཉམས་སུ་བླངས་པས། འོད་གསལ་སྐྱེལ་མ་ལྟ་བུ་དང་། བར་དོའི་འོད་གསལ་བསུ་མ་ལྟ་བུ་གཉིས་མ་བུ་འཕྲད་པ་ལྟར་མཚམས་སྦྱོར་བས། སྲིད་པ་བར་དོར་འཁྱམས་མི་དགོས་ངེས་པ་རྣམས་ལའང་། འདའ་ཀ་མའི་ཉམས་ལེན་གསལ་འདེབས། ཆོས་ཉིད་བར་དོའི་འོད་གསལ། སྣང་བཞིའི་ངོ་སྤྲོད་བྱས་ན་བོགས་འདོན་གྱི་ཚུལ་དུ་འགྲོ་བ་ཡིན། འཕོ་བའི་གདམས་པ་མི་དགོས། ངོ་སྤྲོད་རྣམས་གྲུབ་ནས་བསྔོ་སྨོན་ཤིས་བརྗོད་བྱས་པས་ཆོག དེ་བཞིན་དུ་གནས་ལུང་རིགས་དྲུག་གནས་འདྲེན་སོགས་ཀྱང་མི་དགོས། ༈ ཡང་ཡུལ་ཤིན་ཏུ་གཉན་པ་རང་གི་རྩ་བའི་བླ་མ་ལྟ་བུ་ལུང་རྟོགས་ཡོན་ཏན་གྱིས་ཕྱུག་ཅིང་། སྙིགས་མའི་སེམས་ཅན་གྱི་དོན་དུ་རྒྱལ་བའི་མཛད་པ་ཉེ་བར་སྒྲུབ་པ། ཐ་མལ་གཟུང་འཛིན་གྱི་སྣང་བ་བདེན་མེད་སྒྱུ་མར་ཤར་ནས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ་ཤེས་པའི་རྣལ་འབྱོར་པའམ། དེ་ལས་ཀྱང་རྟོགས་པ་ཆེར་མཐོ་བ་གཉིས་མེད་ཡེ་ཤེས་ཆེན་པོ་མངོན་དུ་གྱུར་པའི་བླ་མ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་མོས་ནས་མཆོད་བསྟོད་ཚོགས་བསྐང་། དབང་བཞི་བདག་འཇུག་གི་ཚུལ་དུ་བླངས་ཏེ་ཐུགས་ཡིད་བསྲེ་བ་དང་། བསྔོ་སྨོན་སོགས་ཀྱང་དེར་མཐུན་དུ་བྱེད་དགོས་ཀྱང་། དེ་ལྟ་བུའི་གང་ཟག་ནི། དེང་སང་དུས་དབང་གིས་ཤིན་ཏུ་དཀོན་པར་སྣང་བས། དེ་དག་གི་གནད་རྣམས་ཞིབ་ཏུ་ཤེས་པར་བྱའོ། །ལར་གོང་དུ་བཤད་པའི་ཚུལ་དངོས་གསལ་ཅན་ཡིན་ན་མ་གཏོགས། གཞན་བླ་དཔོན་ལྟ་བུ་དང་། མིང་གཟུགས་ཙམ་འཛིན་བླ་མ་ཕལ་བ་དང་། བཙུན་པ་ཕལ་བ་རྣམས་ལ། བདག་ཉིད་གྲུབ་མ་ཐག་རྟེན་ཕུང་པོ་ནྲྀ་ལས་ཚེ་འདས་ཁོ་རང་གི་གཟུགས་སུ་བསྐྱེད། རྣམ་ཤེས་འགུགས་པ་དང་། བགེགས་སྡིག་སྦྱོང་བྲབ་དང་། མཆོག་དམན་བར་གསུམ་འཆི་བའི་རང་བཞིན་ཡིན་ཚུལ་གྱིས་འཆི་བ་ལ་སྡུག་བསྔལ་མི་འཚལ་ཞེས་དབུགས་དབྱུང་། འཆི་ཁ་བར་དོ་དང་། ཆོས་ཉིད་འོད་གསལ་བར་དོའི་ངོ་སྤྲོད་ཉུང་བསྡུས་ཤིག་ལས་རྒྱས་པ་མི་དགོས། སྲིད་པ་བར་དོའི་ངོ་སྤྲོད་རྒྱས་པ་བྱ། རྫོགས་ཆེན་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་གི་ཁྲིད་ལ་གོ་མྱོང་རྟོགས་གསུམ་བཟང་པོ་ཡོད་པ་རྣམས་ལ། སྲིད་པ་བར་དོར་རང་བཞིན་སྤྲུལ་སྐུའི་ཞིང་དུ། དབུགས་དབྱུང་ཚུལ་གྱི་ངོ་སྤྲོད་རྒྱས་པར་བྱེད། རྫོགས་ཆེན་ཀ་དག་དང་། ལྷུན་འགྲུབ་ཀྱི་ཁྲིད་མ་ཐོབ་པ་དང་། ལམ་ཐུན་མོང་པའི་གང་ཟག་རྣམས་ལ། སྐྱེ་གནས་བདམས་པ། མིག་སེར་སྤངས་ཚུལ། སྐྱེ་སྲིད་སྤྲུལ་སྐུ་འགྲུབ་པའི་འདུན་པ་གཏོད་ཚུལ། མངལ་སྒོ་དགག་པའི་དམིགས་པ་རྣམས་འབོགས། མདུན་གྱི་ནམ་མཁར་ཚོགས་ཞིང་གསལ་བཏབ་ནས་སྟོབས་བཞིའི་བཤགས་པ། སྐུ་བཞིའི་ངོ་སྤྲོད། འདོད་ཡོན་ཟས་གཏད་འཕོ་བ་དང་བཅས་པ་རྒྱས་པར་བྱ་ཞིང་། ཚེ་འདས་ཞེས་པའི་ཚབ་ཏུ། ཞི་བར་གཤེགས་པ་ཞེས་བརྗོད་པ་ཙམ་ལས། གཞན་ཚེ་འདས་སྔ་མའི་སྐབས་ཇི་ལྟ་བ་བཞིན་བྱས་ན་དམིགས་ཡུལ་ལ་ཕན་ཐོགས་ཤིན་ཏུ་ཆེ་བར་གསུངས་སོ། །

གང་ཟག་ཐུགས་དམ་ཅན་ལ་འདའ་ཀ་དངོས་ཀྱི་ཐུགས་དམ་གསལ་འདེབས་ཚུལ།

བཞི་བ་བླ་མ་སོགས་གང་ཟག་ཐུགས་དམ་ཅན་ལ་འདའ་ཀ་དངོས་ཀྱི་ཐུགས་དམ་གསལ་འདེབས་ཚུལ། རྟེན་གྱི་གང་ཟག་ལས། རྐྱེན་གྱི་ཀུན་ནས་བསླངས་ཏེ་འཆི་ནད་དངོས་ཀྱི་ཐེབས་པའམ། རིང་བའི་འཆི་ལྟས་ཐར་ཐོར་བྱུང་ཚེ་འཆི་བ་བརྟག་བསླུ་རྒྱུད་སྡེ་རྣམས་ནས་གསུངས་པ་ལྟར་ཡང་ཡང་བྱ། དེས་ཀྱང་མ་བཟློག་པར་ངེས་པར་དབུགས་དང་བྲལ་རན་དུས། བདག་རྐྱེན་གཞན་རྐྱེན་གང་རུང་གིས་བསྐུལ་ན་གསལ་ཐེབས་ཤིན་ཏུ་སླ་བའི་ཕྱིར། ལུས་ཀྱི་འབྱུང་བཞིའི་ཐིམ་རིམ་རྣམས་རིམ་གྱིས་འབྱུང་ཞིང་། དྲོད་མཐའ་ནས་བསྡུས་ཏེ། བོལ་གོང་གི་རྩ་ཆད་ནས་རྦ་རླབས་གཉིས་མ་ཆད་པའི་གོང་ནས་ལྡེམ་བསྐྱོད་སོགས་མེད་པའི་ས་རུ། མཁྲེགས་ཤིང་འཇམ་པའི་གདན། ཕྱི་ངོས་ཨེན་ཙམ་མཐོ་བའི་སྟེང་དུ། རང་དབང་དུ་གྱུར་ན་ལུས་ཚུགས་རྒྱལ་བ་ཀློང་ཆེན་པ་ཞི་བར་གཟིམ་དུས་ལྟར། ཆོས་སྐུ་སེང་གེའི་འདུག་སྟངས་བྱ་བའམ། སྐུ་གསུམ་གྱི་འདུག་སྟངས་ཅི་རིགས་དང་རྣམ་སྣང་ཆོས་བདུན་རང་བཞིན་གྱི་སྐྱིལ་ཀྲུང་སོགས་བྱ། ཡང་ན་ཨོ་རྒྱན་ཆེན་པོས། མགོན་པོ་མྱ་ངན་འདས་གཟིམ་ལྟརཿ འདོད་པའི་ཕྱོགས་སུ་ཉལ་བར་བྱཿ ཞེས་གསུངས་པ་འདི་ལ་ལྔ་སྟེ། མགོ་བྱང་དུ་བསྟན། རྐང་པ་ལྷོར་བརྐྱང་། གཞོགས་གཡས་འོག་ཏུ་གཞུག ལག་པ་གཡས་སྔས་སུ་བཅུག གཡོན་དཔྱི་མགོར་བརྐྱང་སྟེ་འདའ་བར་བྱ་འོ། །ད་ལྟའི་བསྟན་པའི་བདག་པོ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་དང་། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་ཀྱང་ལུས་ཚུགས་འདི་ལྟར་མཛད་ནས་གཤེགས་པ་ཡིན། དེ་ལྟར་མ་བྱུང་ཚེ་གཞན་ལ་བཅོལ་ཏེ། ལུས་ཚུགས་དྲང་པོར་བཞུགས་སུ་བཅུག ཨོལ་གདན་ཅུང་ཞིག་དང་མགུལ་ཆིངས་ཅིག་ཅར་དུ་ཡོངས་བར་བྱེད། སྡིག་ཅན་དང་དམ་སེལ་གྱི་རིགས་རིང་དུ་བསྐྲད། སྨྲེ་སྔགས་དང་ཀུ་ཅོའི་སྒྲ་གང་ཡང་མེད་པར་བྱ། རླུང་རྣམ་པར་ཤེས་པ་ལ་ཐིམ་ཞིང་། རིག་པ་སྙིང་དབུས་སུ་ཁྲག་ཐིག་གིས་བརྒྱལ་སྐབས་འདིར། རིག་པ་ངོས་མ་ཟིན་པ་མིན་ནའང་ཅུང་ཞིག་འཐུམ་ཉམས་ཡོད་པས་ཤིན་ཏུ་དྲང་པོར་མི་འགྲོ་བས་རྣ་བ་ནས་མཆུ་གཏད་ལ་མཚན་ནས་བོས་ཏེ། འོ་ཁྱེད་ལ་འབྱུང་ལྔའི་ཐིམ་རིམ་དང་སྣང་མཆེད་ཐོབ་གསུམ་རྣམས་རིམ་པར་འཆར་བའི་སྐབས་ལ་བབས་འདུག་པས་ཐུགས་དམ་ལས་མ་ཡེངས་མ་འཁྲུལ་བར་མཛད་ནས་རིག་པའི་རང་ངོ་སྐྱོངས་ལ་འཆི་བ་འོད་གསལ་ཆོས་སྐུའི་ངང་ལ་འཇོག་པར་ཞུ་ལགས། ཞེས་ལན་གཉིས་གསུམ་ཙམ་གསལ་བར་བརྗོད་ལ་གྲིབ་དང་མི་གཙང་བ་སོགས་མིན་པ་ཞིག་གིས་དཔྲལ་བ་ནས་བརྟེན་ཅིང་ལུས་ཚུགས་བཅོས་དགོས་པ་རྣམས་ལ་ཨེན་ཙམ་བཅོས་ན། ནང་དབུགས་ཆད་ནས་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པར་ཉེ་བའི་དུས་རྩ་མདུད་རྣམས་གྲོལ་ནས་ཤེས་པ་ཇེ་གསལ་ལ་ཡོང་བས་ལུས་ཚུགས་ཇེ་དྲང་དུ་འགྲོ་བས་དེ་ཕྱིན་ཆད་ཐུགས་དམ་ཅན་རྣམས་ལ་ཐུགས་དམ་མ་གྲོལ་བར་དུ་སྒུལ་བསྐྱོད་སོགས་མི་རུང་སྟེ། རྡོ་རྗེ་འཆང་གི་དུས་གནད་ངེས་པ་ལས། ཡར་མར་ཟང་ཐལ་གཉིས་པོ་མ་གཏོགས་པཿ གང་ཟག་ཕལ་ཆེར་བར་དོ་མ་གྲོལ་བརཿ རྣམ་ཤེས་རྟེན་ལ་འཁོར་ཞེས་རྒྱུད་ལས་གསུངསཿ འོན་ཀྱང་ནད་གཅོད་དབང་གིས་མ་ངེས་ཏེཿ ཞག་བདུན་ལྔ་གསུམ་བར་དུ་མི་བསྲེགས་ཏེ༔ ཉམས་ལེན་འཕྲོ་ཅན་སྐྱེས་བུའི་ཕུང་པོ་ནིཿ ཉིན་ཞག་ཕྲུགས་གཅིག་བར་དུ་བསྒུལ་མི་བྱཿ མཐར་ཡང་དྲོད་ཡལ་བར་དུ་མི་རེག་གནདཿ ཅེས་སོ། །སྐབས་འདིར་གནས་ལུགས་ཀྱི་དཔའ་གདེངས་བརྟན་པོ་ཡོད་ཀྱང་། ངོ་སྤྲོད་ལམ་གྱི་གེགས་སེལ་ཡིན་པས་གསལ་འདེབས་རྣམས་རབ་རྩ་བའི་བླ་མའམ། འབྲིང་གིས་མཆེད་གྲོགས་དགོངས་ཉམས་ཅན། ཐ་མའང་དམ་ཚིག་གཙང་ལྡན་བརྡ་གསལ་བོར་ཐེབ་པ་ཞིག་གིས། འོ་རིགས་ཀྱི་བུ་ཆེ་གེ་མོ་སོགས་ཞེས་མིང་ནས་བོས་ཏེ། ཁྱེད་ཚེ་དུས་ལས་འདས་པ་ཡིན་ནོ། །ཞེས་ལན་གསུམ་བོས་ཏེ། དེ་ཡང་ཁྱེད་ཉིད་གཅིག་པུ་ལ་སོགས། འཆི་ཁ་དང་། ཆོས་ཉིད་སྲིད་པ་བར་དོ་གསུམ་གྱི་སྣང་ཚུལ་གང་ཟག་དབང་པོ་འབྲིང་བར་དོར་གྲོལ་ཚུལ་གྱི་གདམས་པ་འདིའི་རབ་འབྲིང་ཐ་མ་གསུམ་དང་། ཡང་དེ་གསུམ་ལའང་གསུམ་རེར་དབྱེ་བས་དགུ་ཡོད་པ། དེ་ལྟར་རང་རང་སོ་སོའི་དབང་པོའི་རིམ་པ་ལྟར་ངོ་སྤྲོད་དང་། འཕོ་ལུང་སོགས་དགོས་མི་དགོས་དམིགས་ཕྱེད་པར་བྱས་ཏེ། དམིགས་ཡུལ་དེ་ལ་ཕན་ཐོགས་ངེས་པ་ཞིག་དགོས།

གཅེས་པའི་གདམས་པས་འགག་བསྡུ་བ།

གསུམ་པ་གཅེས་པའི་གདམས་པས་འགགས་བསྡུ་བའི་རིམ་པ་ལ་གསུམ་སྟེ། བར་དོའི་གདམས་པ་དང་འཕོ་བ་རྣམས་གང་ཟག་གི་དབང་དུ་བྱས་ནས་མི་དགོས་པ་དང་། དགོས་པ་གཉིས་ཀྱི་བྱེ་བྲག་ཕྱེད་པ་དང་། དགོས་པ་རྣམས་ཀྱིས་ལག་ལེན་དུ་ཐེབས་ངེས་བྱེད་ཚུལ་དང་ཞོར་འབྱུང་དུ་བདུན་ཚིགས་མར་མེ། འདོད་ཡོན། བསྔོ་སྨོན་སོགས་ཀྱི་དགོས་ཆེད་ཕན་ཡོན་དང་བཅས་པ་རྒྱས་པར་བཤད་པ་རྣམས་ལས། དང་པོ་བར་དོའི་གདམས་པ་དང་འཕོ་བ་མི་དགོས་པ་ནི། ཡར་མར་གྱི་ཟང་ཐལ་གཉིས་ཏེ། ཡར་གྱི་ཟང་ཐལ་སངས་རྒྱས་ཀྱི་ཞིང་དུ་འཕོ་སྟེ། དབུགས་ཆད་པ་དང་གྲོལ་བ་དུས་མཚུངས་པས། ངོ་སྤྲོད་དང་འཕོ་བ་སོགས་ཅི་ཡང་མི་དགོས། མར་གྱི་ཟང་ཐལ་མནར་མེད་པའི་དམྱལ་བ་ཆེན་པོར་འཕོ་སྟེ། དབུགས་ཆད་པ་དང་དེར་ལྷུང་བ་དུས་མཚུངས་པས། ངོ་སྤྲོད་དང་འཕོ་བས་ཕན་མི་ཐོགས་ཏེ། དེ་ཡང་ཐག་རིང་པོའི་ས་ལམ་བསྒྲོད་པ་ལྟ་བུ་ནི་མ་ཡིན་ཞིང་། རང་རང་གི་སྣང་བའི་ཁྱད་པར་ལ་བརྟེན་ནས་སྐད་ཅིག་སྔ་ལོག་ཕྱི་ལོག་གི་ལོང་ཡོད་མེད་ཙམ་ལ་གནས་འགྱུར་བའོ། །དེ་ལྟར་ཡར་གྱི་ཟང་ཐལ་དང་མར་གྱི་ཟང་ཐལ་གཉིས་པོ་འདི་ནི་དཔེར་ན་སྦྲུལ་སྨྱུག་དོང་དུ་ཚུད་པ་དང་འདྲ་སྟེ་ཡར་མར་གཉིས་མ་གཏོགས་གཞན་གང་དུའང་འགྲོ་ས་མེད་པ་དང་མཚུངས་སོ། །གཉིས་པ་དགོས་པ་རྣམས་ཀྱིས་ལག་ལེན་དུ་ཐེབས་ངེས་བྱེད་ཚུལ་ནི། ཐོག་མར་གདམས་པ་འདི་ལ་རང་གིས་ཉམས་སུ་བླངས་ནས་ཐོས་བསམ་བསྒོམ་གསུམ་རང་རྒྱུད་ལ་འབྱོར་ངེས་པ་བྱ། དེ་ནས་གཞན་འཕྲིན་ལས་ལ་འཇུག་དུས་ཡུལ་དེ་རབ་འབྲིང་ཐ་མ་ཡང་མཐའ་སོགས་གང་ཡིན་ཡང་དམིགས་ཀྱིས་ཕྱེས་ནས་འདའ་ཀ་མ་རྣམས་ལ། ཐོག་མར་སྤྱི་ཁྱབ་ཏུ་ཀུན་ལ་གཅེས་པའི་གདམས་པ་ཟབ་མོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་འདུ་ཤེས་བཅུ་བསྒོམས་ནས། ཡོ་བྱད་རྣམས་མཆོད་སྦྱིན་སོགས་བྱེད་དུ་གཞུག གང་ཟག་དབང་རབ་ཀ་དག་དང་། ལྷུན་འགྲུབ་ཀྱི་ལྟ་བསྒོམ་སྤྱོད་འབྲས་བཞིའི་ཉམས་མྱོང་ཚད་སྨིན་ཡོད་པ་རྣམས་ལ། གདམས་པ་འདི་ལྟར་སྟོན་དགོས་ཏེ། དྲི་མེད་བཤགས་པའི་རྒྱུད་ལས། བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ༔ འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད༔ སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཞེས་དང་། དོན་ཐིག་ལས། འོད་གསལ་ངང་ནས་ཆོས་སྐུར་འཕོ༔ ཞེས་པ་ལྟར་བྱ། འབྲིང་བསྐྱེད་རྫོགས་ཐུན་མོང་པའི་ལམ་གྱི་གྲོལ་འབྲས་ཕྲ་མོ་ཡོད་པ་རྣམས་ལ་ལོངས་སྐུའི་ངོ་སྤྲོད་འཕོ་བ་རྣམས་ཞིབ་ཏུ་སྟོན། ཐ་མ་ལམ་ཐུན་མོང་པའི་སྣེ་ཟིན་རྣམས་ལ་སྤྲུལ་སྐུའི་ངོ་སྤྲོད་དང་འཕོ་བ་བྱ། ཡང་མཐའ་ཐ་མལ་བྱིས་པ་སོ་སོའི་སྐྱེ་བོ་རིལ་བོར་འཛིན་པ་རྣམས་ལ་མཚན་བརྗོད། གཟུངས་སྔགས་ཟབ་མོ་སྒྲིབ་སྦྱང་། འཕོ་དམིགས་བཏགས་གྲོལ་མྱོང་གྲོལ་འཕོ་བ་རིལ་བུ། ཐོས་གྲོལ་སོགས་ནན་ཏན་དུ་བྱའོ། །ལར་འཆི་ལྟས་ཐམས་ཅད་ཚང་ནས་མི་སོས་ངེས་པ་ཅན་མ་གཏོགས་པ་རྣམས་ལ་འཕོ་དམིགས་ཀྱི་རྗེས་སུ་ཚེ་གཟུངས་དང་ཚེ་འགུགས་བསྟིམ་རྒྱས་གདབ་སོགས་གཟབ་གཟབ་བྱ། དེ་མིན་དུས་མིན་དུ་འཕོས་སོང་ན་ལྷ་བསད་པའི་ཉེས་པ་འབྱུང་བར་སྡོམ་འབྱུང་ལས་གསུངས་པས་དེ་དག་གི་དོན་ཡང་ཤེས་དགོས་སོ། །གསུམ་པ་ཞོར་འབྱུང་དུ་བདུན་ཚིག་མར་མེ་འདོད་ཡོན་བསྔོ་སྨོན་ལ་དགོས་ཆེད་ཕན་ཡོན་གྱི་རིམ་པ་ཇི་ཡོད་ཅེ་ན། སྔོན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རང་གི་སྡིག་བློན་ཤནྡ་དམྱལ་བར་སྐྱེས་ནས་ཡོད་པ་འདྲེན་དུ་བྱོན་ནས་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་མཛད་པས་སྡིག་བློན་ཤནྡའི་གཙོར་བྱས་དམྱལ་བའི་སེམས་ཅན་འབུམ་ཕྲག་ཁྲི་ཚོ་བཅུ་གཅིག་བདེ་བ་ལ་བཀོད་པར་མཛད་པ་དང་། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་དམྱལ་བ་སོགས་ངན་སོང་གི་གནས་ཀུན་ཏུ་བརྒྱུད་མར་སྐྱེས་ནས་ཐར་བའི་དུས་མེད་པར་གྱུར་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞུས་པའི་ངོ་བཞིན། བཅོམ་ལྡན་འདས་ཀྱིས་རྒྱུད་བྱིན་གྱིས་བརླབས་ནས་ཀུན་རིག་རྩ་བའི་དཀྱིལ་འཁོར་གསུངས་པ་ལ་བརྟེན་ནས། བརྒྱ་བྱིན་ལ་སོགས་པས་ཆོ་ག་ཇི་ལྟ་བ་བཞིན་བྱས་པས་ལྷའི་ནོར་བུ་དྲི་མ་མེད་པའི་འོད་ངན་སོང་ལས་ཐར་ཏེ། དགའ་ལྡན་གྱི་ལྷར་སྐྱེས། སླར་གནས་གསུམ་ལ་རྟོག་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་མདུན་དུ་འོངས་ནས་ཆེད་དུ་བརྗོད་པ་དང་། བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་ཀྱིས་ཀྱང་། ནོར་བུ་དྲི་མ་མེད་འོད་མཐོང་བར་གྱུར་པའི་དཔེ་དེ་དག་དེང་སང་འོ་སྐོལ་གྱི་ཉམས་ལེན་ལ་སྦྱར་ན། ཚེ་འདས་དེ་ཤི་ནས་དམྱལ་བར་སྐྱེས་ན་ཡང་། ཞག་བདུན་ལ་སོགས་པའི་བར་དུ་ཐོས་གྲོལ་དང་ཀུན་རིག་ལ་སོགས་པའི་ཆོ་ག་བྱས་ཏེ་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ན་དམྱལ་བ་ནས་ཐར་བར་འགྱུར་བའི་ཚུལ། སྦྱོང་རྒྱུད་ལས། བྱུང་བའི་ཆོ་ག་ཚུལ་བཞིན་དུ། །བྱ་བར་རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར་འདི་ལ་གཟབ་པར་བྱ། །ཞེས་གསུངས། དེ་ལྟར་འཇིག་རྟེན་ཚེ་འདིའི་སྣང་བ་ནུབ་ནས་ཕྱི་མའི་ལྔ་ལམ་དུ་གཤེགས་པ་རྣམས་ནི་གོང་བཤད་ལྟར་བར་དོ་དང་པོ་སོགས་སུ་མ་གྲོལ་ན་རིམ་གྱིས་སྲིད་པ་བར་དོར་ཁ་འཁྱམས་ཤིང་དེར་བར་དོའི་གནས་ཚད་མཐའ་གཅིག་ཏུ་མ་ངེས་པས་འགའ་ཞིག་ནི་ཞག་འགས་ལམ་སྣ་ཟིན་པ་ཡོད་ལ། ལ་ལ་ཞིག་ནི་ལོ་ཟླ་དུ་མར་ཤི་བ་ཙམ་ཡང་ངོ་མ་ཤེས་པ་སོགས་རྐྱེན་དུ་མས་བར་དོར་འཁྱམས་པའང་ཡོད་མོད། ཕལ་ཆེར་ནི་མདོ་རྒྱུད་དུ་མ་ནས་བར་དོའི་ཚེ་ཚད་ཞག་བཞི་བཅུ་ཞེ་དགུར་གསུངས་པ་དེ་དག་གི་སྐབས་སུའང་། དང་པོ་ཞག་གསུམ་ནག་ཐུམ་དྲན་མེད་བྱ་བཞིན་བརྒྱལ། ཞེས་པ་ལྟར་ནང་དབུགས་ཆད་པ་ནས་ཞག་གསུམ་གྱི་བར་དུ་བརྒྱལ་འགྲོ་བ་དང་ཞག་གསུམ་ཉིན་བཞིའི་ཉིན་དེར་སླར་དྲན་པས་ཉིན་དེར་བླ་མ་སྐྱེས་ཆེན་གྱིས་ངོ་སྤྲོད་དང་འཕོ་བ་བཏབ་ན་སྐབས་དང་འབྲེལ་བས་ཤིན་ཏུ་གལ་ཆེ། དེ་ནས་ནམ་ཤི་བའི་ཞག་བདུན་རེའི་མཚམས་སུ་སླར་ཡང་སྔར་ཇི་ལྟར་ཤི་བའི་ཚུལ་ལྟར་ཡང་འཆི་བའི་སྣང་བ་རེ་ཡང་འབྱུང་བས་བདུན་མཚམས་ཀྱི་དུས་གནད་དང་བསྟུན་ཏེ་བླ་མ་སྐྱེས་ཆེན་སོགས་གདན་དྲངས་བའམ་བརྗེས་ནས་ཆོ་ག་གནད་སྨིན་གསུང་ན་ལམ་སྣ་ཟིན་པའི་ཐབས་གྲོགས་སུ་འགྱུར་ངེས། དེ་ལྟར་རང་རང་གི་འབྱོར་ཚོད་དང་བསྟུན་ནས་སྒྲིབ་སྦྱང་དང་ཚོགས་བསགས་སོགས་ཀྱི་ཆོ་ག་དང་། སྡིག་དང་མ་འདྲེས་པའི་དགེ་ཚོགས་ཅི་འགྲུབ་ལ་འབད་ཅིང་ཞེ་དགུ་ཚང་ནས་བླ་མ་སྐྱེས་ཆེན་གྱིས་རྫོགས་པའི་བསྔོ་བ་དང་ཐར་བའི་ལམ་སྟོན་གྱི་ཆོ་ག་ཟབ་མོ་བྱ་བའི་ཕྱག་བཞེས་སོགས་ཀྱང་གལ་གནད་ཤིན་ཏུ་ཆེ། དེ་ལྟར་ཞེ་དགུའི་སྐབས་སུ་ཚེ་འདས་ལ་དམིགས་པ་དང་གཞན་རྒྱུན་དུ་རྒྱུ་སྤུས་གཙང་ཞིང་ལེགས་པའི་མར་མེ་འབུལ་དགོས་ལ། དེ་ཡང་མར་མེ་ལ་ཕྱི་ནང་གསང་བའི་མར་མེ་སོགས་ཀྱི་བཤད་པ་ཡོད་མོད། སྔོན་བདག་ཅག་གི་སྟོན་པ་ཉིད་སློབ་པ་ལམ་གྱི་གནས་སྐབས་སུ་རྒྱལ་པོ་གསེར་གྱི་ལག་པ་ཞེས་བྱ་བའི་སྐུའི་སྐྱེ་བ་བཞེས་པའི་དུས་སུ་རང་ལུས་ལ་ཤའི་ཁུང་བུ་ཕུག་ནས་རས་བལ་གྱི་སྡོང་བུ་སྟོང་བཙུགས་ཤིང་། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཁྱེན་པར་གསོལ་ནས་རང་ལུས་མར་མེར་ཕུལ་བ་ལྟར། ད་ལྟའི་དུས་སུ་མཆོད་སྐོང་གཙང་མར་སྡོང་བུ་ཚད་ལྡན་བཙུགས་ཤིང་འབྲུ་མར་དང་རྩི་མར་སོགས་གཙང་མའི་རྫས་ཀྱིས་བཀང་སྟེ་ཕུལ་ན་དམིགས་ཡུལ་དེའི་མ་རིག་པའི་མུན་པ་སེལ་ཞིང་ཤེས་རབ་རྒྱས་པ་དང་། བར་དོའི་སྡུག་བསྔལ་ཞི་ཞིང་དམ་ཚིག་ཉམས་ཆག་བསྐང་བ་དང་ཐར་བའི་སྣང་བ་གསལ་བ། བསོད་ནམས་ཀྱི་ཚོགས་དངོས་སུ་རྫོགས་ཤིང་ཡེ་ཤེས་ཀྱི་ཚོགས་བརྒྱུད་ནས་རྫོགས་ཏེ། མཐར་ཐུག་རྣམ་མཁྱེན་གྱི་གོ་འཕང་བདེ་བླག་ཏུ་ཐོབ་པ་སོགས་ཀྱི་ཕན་ཡོན་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཡོད་དོ། །གཞན་ཡང་བར་དོའི་སེམས་ཅན་ལ་དམིགས་ཏེ་འདོད་ཡོན་ཟས་བསྔོ་བྱེད་པ་ཡང་གནད་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པས་ཤིན་ཏུ་གལ་ཆེ་སྟེ། དེའི་རྒྱུ་མཚན་ཡང་མདོ་རྒྱུད་དག་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་བར་དོར་གནས་པ་རྣམས་ནི་གདོས་བཅས་ཤ་ཁྲག་གི་ལུས་དང་བྲལ་ཞིང་བར་དོ་ཡིད་ཀྱི་ལུས་ཙམ་ལ་བརྟེན་ཡོད་པས། གཙོ་བོ་དྲི་ཙམ་གྱི་ཟས་ཟ་བ་ལ་བརྟེན་ནས་འཚོ་བས་འདོད་ཡོན་ཟས་བསྔོ་གནད་སྨིན་རེ་བྱས་ན་ཕན་ཡོན་ཆེ་ཚུལ། ཨོ་རྒྱན་ཆེན་པོས་གཏེར་ལུང་ལས། ཁྱད་པར་བར་དོའི་སེམས་ཅན་ལ། །ཟས་སྣ་དར་སྟག་དང་སྦྱར་ནས། །བསྔོས་པའི་དྲི་གསུར་དེ་ཉིད་ཀྱིས། །སྐྱེ་བ་རྣམ་བཞིའི་སྒོ་བཀག་ནས། །ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེ། །འཇའ་ཚོན་ཁ་དོག་བཞི་ལྡན་འབྱུང་། །ཐུགས་སྲོག་རྡོ་རྗེ་ཧཱུཾ་མཚན་ཉིད། །ཟས་གོས་དང་བཅས་མེར་བསྲེགས་དྲི། །སྲིད་པ་བར་དོའི་སེམས་ཅན་ལ། །སྐྱབས་དང་སྐྱེལ་མ་མགོན་སྐྱབས་བྱེད། །བར་དོའི་འཁྱག་ལྟོགས་སྡུག་བསྔལ་དང་། །གཞན་གྱི་དབང་སོང་མ་ཐེབ་པའི། །སྡུག་བསྔལ་ཞི་ནས་བདེ་ལྡན་ཚིམ། །རྒྱུན་ཆད་མེད་པར་གང་འདོད་འབྱུང་། །ཉོན་མོངས་དྲུག་པོ་རང་གྲོལ་ནས། །རིགས་དྲུག་སྐྱེ་སྒོ་ཁོག་ནས་ཀྱང་། །འགྲོ་དོན་སྤྲུལ་སྐུ་རྒྱུན་ཆད་མེད། ཅེས་གཏེར་ཆེན་རྡོ་རྗེ་གླིང་པ་ཞིག་པོ་གླིང་པ་བསམ་གཏན་གླིང་པ་སོགས་ཀྱི་གཏེར་ཆོས་དག་ལས་བྱུང་བས། ཟས་རིགས་གཙང་མ་གོས་འབུལ་སོགས་ཀྱིས་བརྒྱན་ཏེ་བཏུང་བ་དང་བཅས་ཕུད་རྒྱལ་བ་སྲས་བཅས་ལ་ཕུལ་བས་དམིགས་ཡུལ་གྱི་ཚོགས་རྫོགས། ལྷག་མ་དུ་བ་དང་མེ་ལྕེ་སོགས་མེད་པའི་མེ་ཐལ་འཇམ་པོར་བསྲེགས་ཏེ་བར་དོའི་དྲི་ཟའི་ཚོགས་ལ་བསྔོས་པས། དེ་དག་གནས་སྐབས་སུ་བར་དོར་གསུར་དྲིས་འཚོ་ཞིང་། མཐར་ཐར་བ་དང་རྣམ་མཁྱེན་གྱི་ལམ་སྣ་ཟིན་པའི་རྒྱུ་རུ་ཡང་འགྱུར་རོ། །ཁྱད་པར་གསུར་གྲོལ་ནི་མེད་ཐབས་མེད་ཅིང་དེའི་ཕན་ཡོན་ནི་བརྗོད་ལས་འདས་ཀྱང་། རྡོར་གླིང་དང་ཀརྨ་གླིང་པ་སོགས་ཀྱི་གསུར་གྲོལ་ཕན་ཡོན་ལས་ཤེས་པར་བྱའོ། །དེ་ལྟར་དམིགས་ཡུལ་གང་ཞིག་གི་ཆེད་དུ་བྱས་བསགས་ཀྱི་དགེ་རྩ་དང་། སྤྱིར་ཡང་དགེ་རྩ་ཆེ་ཕྲ་ཆུང་གསུམ་གང་ཡིན་ཡང་བསྔོ་བ་དང་སྨོན་ལམ་ཟབ་མོས་མཚམས་སྦྱོར་བ་ནི་མེད་ཐབས་མེད་ཅིང་ཕན་ཡོན་དང་ནུས་པ་བསམ་གྱིས་མི་ཁྱབ་སྟེ། མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། རྒྱལ་སྲས་ཞི་བ་ལྷས། བསྔོ་བ་མི་ཟད་ལམ་ཡིན་ཏེ། །ཞེས་དང་། ཇི་སྐད་དུ། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས། དེ་ཡང་བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི་ཀུན་མཁྱེན་ཆེན་པོས། དགེ་བའི་རྩ་བ་ཞིག་དམིགས་ཡུལ་དུ་བྱས་ནས་སེམས་ཅན་གྱི་དོན་དུ་བསྔོ་བ་དང་། དགེ་རྩ་དང་དམིགས་བསལ་མ་འབྲེལ་ཡང་སེམས་ཅན་གྱི་དོན་སོགས་སུ་སྨོན་ལམ་འདེབས་པ་ནི་སྨོན་ལམ་ཡིན་པར་གསུངས་སོ། །གལ་ཏེ་དགེ་རྩ་རྒྱ་ཆེན་པོ་བསྒྲུབས་ཀྱང་བསྔོ་བས་རྒྱས་མ་བཏབ་ན། །མ་བསྔོས་པ་དང་ལོག་པར་བསྔོས། །གཞན་ལ་བསྒྲགས་དང་འགྱོད་པ་སྐྱེས། །དགེ་རྩ་ཟད་པའི་རྒྱུ་བཞི་ཡིན། །ཞེས་པས་དགེ་བའི་རྩ་བ་བར་མ་དོར། ཆུད་ཟ་བར་འགྱུར་བས། དགེ་རྩ་མི་ཟད་ཅིང་གོང་ནས་གོང་དུ་སྤེལ་བའི་ཆེད་དུ་བསྔོ་བ་དང་། སྨོན་ལམ་ཟབ་མོས་མཚམས་སྦྱར་ཞིང་རྒྱས་གདབ་པར་བྱའོ། །སྨྲས་པ། །དེ་ལྟར་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི །ལམ་རིམ་ཞལ་ཁྲིད་གུད་དུ་ཕྱུང་བ་ཡི། །བར་དོར་སྐུ་གསུམ་ལྷུན་གྱིས་འགྲུབ་བྱེད་པའི། །གདམས་པའི་ཡང་ཞུན་འཁྲུལ་སྣང་རང་གྲོལ་འདི། །འགྱུར་མེད་ཀ་ལྷུན་ལྟ་སྒོམ་རྩེར་སོན་ཏེ། །བསྟན་པའི་རྒྱལ་མཚན་སྲིད་རྩོར་བསྒྲེང་མཛད་ཅིང་། །ཁྱད་པར་ཡུལ་འདིའི་བསྟན་འགྲོའི་མགོན་གྱུར་པ། །མཆོག་སྤྲུལ་དམ་པའི་མགོན་དེས་གདམས་པ་ལགས། །རྣམ་འདྲེན་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན། །མི་ཡི་ཟོལ་འཛིན་ངེས་དོན་བསྟན་འཛིན་པའི། །ཐུགས་ཀྱི་དགོངས་བཅུད་སྙིང་ལ་འཕོས་པ་ལས། །སྔར་མེད་ལེགས་བཤད་ཐུགས་ཀྱི་ཀློང་ནས་རྡོལ། །འདིར་སྣང་འཁྲུལ་བའི་འཁོར་ལོ་དབྱིངས་ཐིམ་ཡང་། །བར་དོ་ཉིང་འཁྲུལ་འཇིགས་པས་ཉེན་པ་ལ། །རང་སྣང་རང་ངོ་སྤྲོད་པའི་གདམས་ཟབ་འདི། །མེད་ཐབས་མེད་པའི་ཡིད་བཞིན་ནོར་བུ་ལགས། །མདོ་སྔགས་ཐེག་པའི་རིམ་པ་མཐའ་ཡས་ཤིང་། །ཟབ་ལམ་གདམས་པའི་ཆོས་ཚུལ་མང་བཞུགས་ཀྱང་། །འཁོར་འདས་རུ་ཤན་འབྱེད་པའི་བར་དོའི་ཁྲིད། །ཡང་ཟབ་གདམས་པའི་སྙིང་ཁུ་འདི་ཁོ་ན། །དེ་ཕྱིར་མགོན་ཁྱེད་ཆོས་སྐུའི་དབྱིངས་གནས་ཀྱང་། །མན་ངག་ཡང་ཟབ་ཆོས་སྐུའི་རིང་བསྲེལ་འདི། །ཕྱི་རབས་སྐལ་ལྡན་ལས་སྨོན་གྱིས་སྦྲེལ་བའི། །དད་ལྡན་རྗེས་འཇུག་གདུལ་བྱའི་དཔལ་དུ་ཆེ། །དེ་སླད་ཡུན་རིང་སྦྱང་ལ་ལྟོས་མིན་ཞིང་། །དཀའ་སྤྱད་སྡུག་རུས་ཐབས་ལ་མི་ལྟོས་པར། །སྐད་ཅིག་ཡིད་ཀྱིས་ཀུན་བཟང་དགོངས་པའི་ཀློང་། །གྲོལ་བའི་ཆོས་འདི་ཀུན་གྱིས་དང་བླང་འཚལ། །དེ་ལྟར་འཁྲུལ་སྣང་རང་སར་གྲོལ་བ་ཡི། །ཟབ་ལས་ཆེས་ཟབ་གདམས་པའི་བཅུད་མཆོག་འདི། །འཁྲུལ་སྣང་འཁོར་མཚོར་འཁྱམས་པའི་མ་རྒན་འགྲོའི། དོན་དུ་མི་ཉམས་ཡུན་དུ་གནས་པར་ཤོག །ཅེས་བར་དོའི་གདམས་ཟབ་འཁྲུལ་སྣང་རང་གྲོལ་ཞེས་པ་འདི་ཉིད་རབ་བྱུང་བཅུ་པའི་ནང་དུ་འོ་བྲན་དཔལ་གྱི་དབང་ཕྱུག་གི་རྣམ་རོལ་མཁས་བཙུན་གྲུབ་པའི་རྣམ་ཐར་གྱི་ཡང་རྩེར་སོན་པ་གཡུ་ཁོག་ལྕམ་བླ་འགྱུར་མེད་རྒྱལ་མཚན་ནམ་རིག་འཛིན་མཐུ་སྟོབས་རྡོ་རྗེ་དཔལ་བཟང་པོས་མཛད་པ་དུས་འགྱུར་སྣ་ཚོགས་པའི་དབང་གིས་མཇུག་གི་ལྡེབ་ཁ་ཤས་བོར་བརླག་ཏུ་གྱུར་པ་ལ། རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོ་ཆུ་དབར་རྟ་རེའི་གནས་སུ་མཆོག་སྤྲུལ་རྟ་ཁྱུང་རོལ་བའི་རྡོ་རྗེ་ཧོར་བླ་གཞན་ཕན་རིན་པོ་ཆེའི་གཏེར་ཆོས་ཡོངས་རྫོགས་དང་ཁྲིད་ཡིག་འདིའི་ཁྲིད་ལུང་སོགས་གནང་སྐབས། མཆོག་སྤྲུལ་ཁོང་གིས་ཁྲིད་ཡིག་འདིའི་མཇུག་མ་ཚང་བ་ཁ་སྐོང་གྱིས་ཤིག་ཅེས་པའི་བཀའ་གསུང་ཟློག་ཏུ་མ་ནུས་པར་དུས་མཐའི་བཙུན་མིང་ཤེས་བྱ་ཀུན་གཟིགས་དེས་མཇུག་གི་ཞོར་འབྱུང་བདུན་ཚིག་དང་མར་མེ་འདོད་ཡོན་བསྔོ་སྨོན་བཅས་ཀྱི་དགོས་ཆེད་དང་ཕན་ཡོན་རྣམས་ཚིག་ཉུང་ངུས་ཁ་བསྐང་བཅས་གནས་དེར་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅོ་ལྔ་བཟང་པོར་བགྱིས་པས་ནོང་པའི་ཚོགས་ཀུན་ལྷ་དང་བླ་མར་བཤགས་ཤིང་། དགེ་བ་ཅུང་ཟད་མཆིས་ན་ཟབ་ཆོས་ཁྱད་པར་ཅན་འདི་ཉིད་མི་ཉམས་ཤིང་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག།དགེའོ། །སརྦ་མངྒ་ལམ།

བར་དོའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་ཐར་བའི་ལམ་བཟང་།

༄༅། །བར་དོའི་འགྲོ་བ་རྗེས་སུ་འཛིན་པའི་ངོ་སྤྲོད་དང་འཕོ་བའི་མཚམས་སྦྱོར་ཐར་བའི་ལམ་བཟང་ཞེས་བྱ་བ་བཞུགས། །

ན་མོ་གུ་རུ་བྷྱེཿ བསླུ་མེད་མཆོག་གསུམ་ངོ་བོ་བླ་མ་དང་། །དབྱེར་མེད་བཅོམ་ལྡན་མགོན་པོ་འོད་དཔག་མེད། །འབྲལ་མེད་སྤྱི་བོའི་གཙུག་གིས་གུས་བཏུད་ནས། །མགོན་མེད་ཉམ་ཐག་འགྲོ་བའི་ཉམས་ལེན་སྤེལ། །གང་ཞིག་འདི་སྣང་ནུབ་པའི་བར་དོའི་འགྲོ་བ་དག་ལ་ཟབ་ལམ་གདམས་པའི་ངོ་སྤྲོད་དང་། འཕོ་བའི་མཚམས་སྦྱོར་འདོད་པ་དག་གིས། རང་གི་མདུན་དུ་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བསགས་ལ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རིམ་གཉིས་ཟབ་མོའི་ཏིང་ངེ་འཛིན་དང་ལྡན་པའི་ངང་ནས། ཐོག་མར་བརྒྱུད་པའི་གསོལ་འདེབས་དང་། བདག་བསྐྱེད་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་གང་འོས་སྔོན་དུ་འགྲོ་བས། དང་པོ་རྟེན། ཧྱ་གྷྲི་ཝས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས་ལ། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ནྲི་ལས་ཚེ་འདས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བུར་གྱུར། རང་ཉིད་འཕགས་པ་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ལྕགས་ཀྱུ་འཕྲོས་ཏེ། ཚེ་འདས་ཀྱི་རྣམ་པར་ཤེས་པ་རྒྱུད་ལྔ་རིགས་དྲུག་གང་ན་གནས་པ་དེ་ལ་ཕོག་པས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་རང་དབང་མེད་པར་བཀུག་ནས་མདུན་གྱི་རྟེན་ལ་ཐིམ་པར་གྱུར། ཧཱུྃ་ང་ནི་འཕགས་པ་སྤྱན་རས་གཟིགསཿ ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནསཿ སྙིང་རྗེ་ཆེན་པོའི་འོད་ཟེར་འཕྲོསཿ ཚེ་འདས་ཁམས་གསུམ་ལམ་རྒྱུད་ལྔཿ རིགས་དྲུག་འཁོར་བ་གར་གནས་ཀྱངཿ སྐད་ཅིག་ཉིད་ལ་འདིར་ཁུག་ཅིགཿ ལྕགས་ཀྱུའི་རྒྱ་དང་བཅས་ཏེ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། ཁྱད་པར་དུའང་གནས་འོག་མིན་དག་པ་སྐུ་གསུམ་གྱི་ཞིང་ཁམས་ནས་ཆོས་སྐུ་ཀུན་ཏུ་བཟང་པོ་མན་ཆད། ད་ལྟ་དྲིན་ཆེན་རྩ་བའི་བླ་མ་ཡན་ཆད། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་རྒྱ་བོད་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས། ཁྲོ་བོ་རོལ་བའི་དུར་ཁྲོད་ཆེན་པོ་ནས། འབར་བ་ཁྲག་འཐུང་གི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ་སོགས་པའི་ཡི་དམ་རྒྱུད་སྡེ་བཞི་དང་ཐེག་པ་རིམ་པ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། མཁའ་སྤྱོད་གནས་ཡུལ་གྱི་དུར་ཁྲོད་ཆེན་པོ་ནས། རིགས་ལྔའི་མཁའ་འགྲོ་ཤུགས་འགྲོ་འཁོར་མ་སྲིང་ཊཱཀྐི་རྒྱ་མཚོ་བྱེ་བ་འབུམ་འབུམ་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས། མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་ལ་སོགས་ཡེ་ཤེས་དང་འཇིག་རྟེན་ལས་གྲུབ་པའི་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་བདེན་པ་ཆེན་པོའི་མཐུ་དང་ནུས་པ་བྱིན་གྱིས་བརླབས་པ་ལ་བརྟེན་ནས། དེང་འདིར་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་གང་ན་གནས་ཀྱང་སྐད་ཅིག་ཡུད་ཙམ་གཅིག་གིས་དམིགས་རྟེན་གཟུགས་ཕུང་འདི་ལ་ཁུག་ཅིག ནྲྀ་ཡཾ་ཛཿ བཛྲ་ཨངྐུ་ཤ་ཡ་ཛཿ ལན་གསུམ། ཛཿཧཱུྃ་བཾ་ཧོཿ རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཞུགས་ཏེ་སྙིང་གར་ཐིམ་པས་གསོན་དུས་ཀྱི་རྣམ་པ་ཇི་ལྟ་བུར་གྱུར། དེ་ནས་རང་ཉིད་འཕགས་པའི་ཐུགས་ཀ་ནས་ཡི་གེ་ཧྲིཿདགུ་འཕྲོས་པས་འགྲོ་དྲུག་ཏུ་སྐྱེ་བའི་སྒོ་དགུ་བཀག་པར་བསམ་ཞིང་། ཧྲཱིཿདགུ་བརྗོད། སྦྱང་ཆས་རཾ་ཡཾ་ཁཾ་གིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་བགེགས་རྣམས་ཚིམ་པར་བྱེད་པའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧོས་བྱིན་གྱིས་བརླབས། ཨོཾ་སརྦ་བྷུ་ཏ་ཨ་ཀཪྵ་ཡ་ཛཿཛཿས་བགེགས་རྣམས་བཀུག ཨོཾ་སརྦ་བིགྣཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་གསུམ་གྱིས་མཐེབ་སྐྱུ་གཡས་སུ་བསྐོར། ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུྃ། སོགས་ཀྱིས་ཏིང་ལོ་ཆང་བུ་གཡོན་དུ་བསྐོར། དེ་ནས། རང་ཉིད་སྐད་ཅིག་གིས་དབང་ཆེན་ཁྲོ་བོ་རྟ་མགྲིན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཧཱུྃ་སྟོང་ཉིད་དབྱིངས་ལས་རང་ཤར་བའིཿ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པཿ བྱང་ཆུབ་མཆོག་གི་ལྷ་ཆེན་པོཿ ཉོན་མོངས་བདུད་སྡེ་འདུལ་བའི་སྐུཿ དབང་ཆེན་འབར་བའི་ཆོ་འཕྲུལ་གྱིསཿ ཐར་བའི་ལམ་ལ་འཚེ་བྱེད་བགེགསཿ ཟ་འདྲེ་སྲོག་གཅོད་རྡུལ་དུ་རློགཿ ཅེས་བརྗོད། ན་མོ་རྗེ་བཙུན་རྩ་བ་དང་སོགས་གོང་ལྟར། བདེན་པ་ཆེན་པོའི་མཐུ་དང་ནུས་པ་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ་གསོན་གྱི་དུས་སུ་ཚེ་གནས་པ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་དང་ཚེ་གང་དུ་སྐྱེ་ཞིང་གང་དུ་གནས་པའི་ལུས་སྲོག་དང་། དགེ་ལེགས་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་སྤྱི་དང་། ཁྱད་པར་དུ་ཚེ་ལས་འདས་པའི་གཟུགས་དང་ཆ་བྱད་བཟུང་ནས་ཚེ་འདས་ཀྱི་ཤུལ་དུ་མཆིས་པའི་ཉེ་འབྲེལ་སོགས་འཇིག་རྟེན་པ་ཐམས་ཅད་བསླུ་ཞིང་། གནོད་པར་བྱེད་པའི་གདོན་བགེགས་ཀྱི་རིགས་སུ་གྱུར་པ། དྲི་ཟ་འཆི་ཁ་མའི་ཡིད་ལ་ཉེ་བར་འཇུག་པ་ཞེས་བྱ་བ་དང་ དྲི་ཟ་པི་ཙ་ན་ཞེས་བྱ་བ་དང་། དྲི་ཟ་ཁྱབ་བྱེད་ཅེས་བྱ་བ་དང་། གནོད་སྦྱིན་ཝ་ར་ཧིནྟ་ཀུན་ཏུ་གཏོགས་འདོད་ཅེས་བྱ་བ་དང་། གནོད་སྦྱིན་སྨྲ་འདོད་ཅེས་བྱ་བ་དང་། ཡི་དྭགས་གཤིན་རྗེའི་ཆད་པ་ཞེས་བྱ་བ་ལ་སོགས་པའི་གསོན་བདུད་གཤིན་ལྕགས་སྲོག་གཅོད་བླ་ཁྱེར་གྱི་གཤེད་མའི་ཚོགས་ཐམས་ཅད་གཏོར་མས་ལམ་ཟན། ཏིང་ལོས་ལམ་སྒྲོན། ཆངས་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ་འདིར་མི་གནས་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་བའི་ཚོགས་རྣམས་ཁྲོ་མཚོན་མེ་དཔུང་འབར་བས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ། ཨ་ན་ཡ་ཧོ། བྷ་ག་ཝཱན་བིདྱ་ར་ཛ་ཧཱུྃ་ཕཊ། ཅེས་དྲག་སྔགས་གུལ་ཡུངས་དང་བཅས་པས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ།གིས་བསྲུང་འཁོར་བསྒོམ་ལ། སྐད་གདངས་མཐོན་པོས། འོ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཁྱོད་སེམས་མ་ཡེངས་པར་ལེགས་པར་ཉོན་ཅིག ཅེས་ལན་གསུམ་བོས་ལ། ད་ལྟ་ཁྱོད་ལ་འཇིག་རྟེན་ཚེ་འདིའི་སྣང་བ་ནུབ་སྟེ་ཕྱི་མའི་འདུ་ཤེས་འཆར་བའི་འཆི་བ་མི་རྟག་པ་ཞེས་བྱ་བ་དེ་བྱུང་བ་ཡིན་ནོ། །དེ་ཡང་ཁྱོད་ཉིད་གཅིག་པུ་ཁོ་ན་ལ་འཆི་བ་མི་རྟག་པ་འདི་ལྟར་དུ་བྱུང་བ་ནི་མ་ཡིན། སྤྱིར་འདུས་བྱས་ཀྱི་མཚན་ཉིད་ཐམས་ཅད་ནི་མི་རྟག་པ་ཁོ་ན་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་དང་། ཆེད་དུ་བརྗོད་པའི་ཚོམ་ལས། ཀྱེ་མ་འདུས་བྱས་ཐམས་ཅད་མི་རྟག་སྟེ། །སྐྱེ་ནས་འཆི་བའི་ཆོས་ཅན་ཡིན། །ཞེས་སོ། །བྱེ་བྲག་ཏུ་བརྟན་པ་ཕྱི་སྣོད་ཀྱི་འཇིག་རྟེན་ཞེས་འབྱུང་བ་རིམ་བརྩེགས་རི་གླིང་ཁོར་ཡུག་གསེར་རི་རོལ་མཚོ་ལྕགས་རི་མུ་ཁྱུད་དང་བཅས་པ་སྲ་ཞིང་མཁྲེགས་པ་འདི་རྣམས་ཀྱང་མི་རྟག་སྟེ། ཨོ་རྒྱན་ཆེན་པོས། ཕྱི་སྣོད་འཇིག་རྟེན་མེ་ཆུ་རླུང་གིས་འཇིག། ཅེས་དང་། གཡོ་བ་ནང་བཅུད་ཀྱི་སེམས་ཅན་སྔོན་དུས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་དང་། དེང་དུས་ཀྱི་རྒྱལ་ཕྲན་རྣམས་མན་ཆད་ནས། འབུ་སྲིན་སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱི་འགྲོ་བ་སེམས་ཅན་མཆོག་དམན་བར་གསུམ་སྤྱི་དང་དེ་དག་གི་དོན་དུ་བྱོན་པའི་སངས་རྒྱས་བྱང་སེམས་བླ་མ་མཁན་སློབ། དགེ་འདུན་འདུས་པ་ཐམས་ཅད་ཀྱང་མི་རྟག་སྟེ། ཀུན་མཁྱེན་ཆོས་རྗེས། ནང་བཅུད་འདུས་བྱས་མི་རྟག་འཕོ་ཞིང་འགྱུརཿ ཞེས་སོ། །དེ་བཞིན་དུ་བརྟན་གཡོའི་ཁམས་འདིའི་ནམ་ཟླ་དབྱར་དགུན་སྟོན་དཔྱིད་ལོ་ཟླ་ཞག་དུས་འདི་རྣམས་ཐམས་ཅད་ཀྱང་མི་རྟག་སྟེ། ཨོ་རྒྱན་ཆེན་པོས། ན་ནིང་ད་ལོ་ནམ་ཟླ་སྟོད་སྨད་དངཿ ཞག་དང་ཉིན་མཚན་སྐད་ཅིག་དུས་མི་རྟགཿ ཅེས་གསུངས་པ་ལྟར་རོ། །ཁྱད་པར་དུ་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་དེ་སྔོན་སྐྱེས་ཚད་ད་ལྟ་སྐྱེས་ནས་ཡོད་པ། ད་གཟོད་སྐྱེས་འགྱུར་རྣམས་དང་བཅས་པའི་འགྲོ་བ་རབ་འབྲིང་ཐ་གསུམ་ཐམས་ཅད་ཀུན། ད་ལྟ་ཁྱོད་རང་ལྟར་ཅིས་ཀྱང་འཆི་ངེས་པ་དང་། ནམ་འཆི་ཆ་མེད་པ་དང་། འཆི་བ་ལ་ཅིས་ཀྱང་མི་ཕན་པ་གསུམ་འདྲ་ངེས་པ་ཅན་ཡིན་ཏེ། དང་པོ་ཅིས་ཀྱང་འཆི་ངེས་པའི་རྒྱུ་མཚན་ནི། ཆེད་དུ་བརྗོད་པའི་ཚོམ་ལས། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱིཿ མདུན་ན་གནས་པ་འཆི་བ་ཡིནཿ ཞེས་སོ། །གཉིས་པ་ནམ་འཆི་ཆ་མེད་པ་ནི། སྤྱོད་འཇུག་ལས། སང་དང་འཇིག་རྟེན་ཕྱི་མ་གཉིསཿ སྔོན་དུ་གང་སྔ་གཏོལ་མེད་པསཿ སང་གི་ཚེས་ལ་མི་འབད་པརཿ ཕྱི་མའི་དོན་དུ་འབད་པར་རིགསཿ ཞེས་སོ། །གསུམ་པ་འཆི་བ་ལ་ཅིས་ཀྱང་མི་ཕན་པའི་ཚུལ་ནི། པདྨ་བཀའ་ཡི་ཐང་ཡིག་ལས། སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱངཿ ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་མི་ཤེསཿ དབང་པོ་ཆེ་ཡིས་ཁྲིམས་ལ་གཏུག་ཏུ་མེདཿ མི་ལག་རེག་པའི་ར་མདའ་བྱ་རྒྱུ་མེདཿ ངག་ནུས་ཅན་གྱིས་མཐུ་གཏད་བརྡེག་ཏུ་མེདཿ མི་ཕངས་ནོར་གྱི་བསླུ་མ་བཏང་དུ་མེདཿ སྡར་མས་ཡུལ་ཕྱོགས་གཞན་ལ་བྲོས་སུ་མེདཿ སྨྲ་ཚན་ཅན་གྱིས་ཡུས་ཤགས་འདེབས་སུ་མེདཿ ཅེས་གསུང་པའི་དོན། དཔེར་ན་ཉི་མ་རིའི་ཕག་ཏུ་བཞུད་འགྲོ་བ་ལ་མཐོ་དམན་དྲག་ཞན་སུས་ཀྱང་བཤོལ་ཐབས་མེད་པ་དང་འདྲའོ། །དེར་མ་ཟད་རང་རེ་རྣམས་ཀྱི་ཡུལ་འདིས་མཚོན་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བའི་འགྲོ་བ། བརྩིགས་པའི་ཁང་ཁྱིམ། འདུས་པའི་མཛའ་བཤེས། བསགས་པའི་ནོར་རྫས་ཐམས་ཅད་གཅིག་ཀྱང་རྟག་པ་མེད་པའི་ཚུལ་ནི། འདུལ་བ་ལུང་ལས། སྐྱེ་བའི་ཐ་མ་འཆི། བརྩིགས་པའི་ཐ་མ་འཇིག འདུས་པའི་ཐ་མ་བྲལ། བསགས་པའི་ཐ་མ་འཛད། ཅེས་གསུངས་པས། ད་ལྟ་ཁྱོད་རང་ལ་སྐྱེས་པའི་ཐ་མ་འཆི་བ་མི་རྟག་པ་ཞེས་བྱ་བ་བྱུང་ནས་བླ་མའི་གདམས་ངག་གསལ་འདེབས་དགོས་པའི་དུས་ལ་བབ་པ་ཡིན། གསལ་འདེབས་ཚུལ་ལའང་། གྲུབ་མཐའ་གསར་རྙིང་སོ་སོའི་ལུགས་ཀྱི་བཀའ་སྲོལ་མང་དུ་ཡོད་ཀྱང་། རང་ལུགས་རྫོགས་ཆེན་གྱི་གདམས་པ་གང་ཟག་དབང་པོ་འབྲིང་རྣམས་བར་དོར་གྲོལ་ཚུལ་ལྟར་བཤད་ན། ཁྱོད་ཁར་སང་ཁར་ཉིན་འཆི་ནད་དེས་ཐེབ་པ་ཡན་ཆད་ནས། སྔར་དང་པོ་མའི་མངལ་ནས་སྐྱེས་པ་ཚུན་ཆད་སྐྱེ་གནས་བར་དོ་ཡིན། འཆི་ནད་ཀྱིས་ཐེབས་ནས་ནང་དབུགས་ཆད་པ་ཡན་ཆད་འཆི་ཁ་བར་དོ་ཡིན། ནང་དབུགས་ཆད་ནས་ལྷུན་གྲུབ་ཀྱི་སྣང་བ་འཆར་དུས་ཀྱི་བར་ཡན་ཆད་ཆོས་ཉིད་བར་དོ་ཡིན། ལྷུན་གྲུབ་ཀྱི་སྣང་བ་ནུབ་ནས་ཕྱི་མའི་སྐྱེ་སྲིད་འཛིན་པ་ཚུན་ཆད་ལ་སྲིད་པ་བར་དོ་ཟེར་བ་ཡིན། བར་དོ་དེ་བཞིའི་ནང་ནས། ཕྱི་མ་གསུམ་པོ་ངོ་སྤྲད་ཚུལ་ནི། འབྱུང་འཁྲུགས་འཆི་ཁ་བར་དོ་གསལ་བཏབ་ནས་ངོ་སྤྲོད་དང་འཕོ་བའི་གདམས་ངག་སྟོན་པ་དང་། ལྷུན་གྲུབ་ཆོས་ཉིད་ཀྱི་བར་དོ་གསལ་བཏབ་ནས་སྒྲ་འོད་ཟེར་གསུམ་ཐམས་ཅད་རང་སྣང་ཡིན་པར་ངོ་སྤྲད་ནས་ཡིད་ཆེས་ངེས་ཤེས་བསྐྱེད་པ་དང་། ལུགས་འབྱུང་སྲིད་པའི་བར་དོ་གསལ་བཏབ་ནས་འདུན་པ་ཁོ་ནས་བདེ་འགྲོ་ཐོབ་པའི་གདམས་ངག་འབོགས་པ་ཡིན། དེ་ལ་དང་བོ་འབྱུང་འཁྲུགས་འཆི་ཁའི་བར་དོ་གསལ་འདེབས་པ་ནི། ཡེ་ཤེས་རོལ་པ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་གྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་བཟུང་བ་དེ་ཉིད་ནི། །འོད་གསལ་བར་དུ་འཇུག་པར་འགྱུར། །ཞེས་གསུངས་པས། དེ་ཡང་ས་ཆུ་ལ་ཐིམ་པས་ལུས་༼ལྟེ་བ་ས་ཡི་འཁོར་ལོའི་རྩ་མདུད་ཞིག་དུས་༽ཀྱི་འགུལ་བསྐྱོད་དཀའ་ཞིང་ལྡང་མི་ནུས། གཟུགས་ཀྱི་ཁམས་སྒྲ་ལ་ཐིམ་པས་མིག་གི་ཡུལ་དུ་གཟུགས་མི་གསལ། ཆུ་མེ་ལ་ཐིམ་པས་༼སྙིང་ཁ་ཆུའི་འཁོར་ལོའི་རྩ་མདུད་ཞིག་དུས་༽ཁ་སྣ་ནས་ཆུ་དར་ཅིག་ལུད་ཅིང་སྐམ། སྒྲ་ཡི་ཁམས་དྲི་ལ་ཐིམ་པས་རྣ་བས་སྒྲ་མི་ཐོས་སྐད་འགགས། མེ་རླུང་ལ་ཐིམ་པས་༼མགྲིན་པར་མེའི་འཁོར་ལོའི་རྩ་མདུད་ཞིག་དུས་མཆན་༽ལུས་ཀྱི་དྲོད་ཡན་ལག་གི་མཐའ་ནས་དབུས་སུ་སྡུད། དྲི་ཡི་ཁམས་རོ་ལ་ཐིམ་པས་སྣས་དྲི་མི་ཚོར་དྲི་ཡི་ཚོར་བ་འགགས། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་དབུགས་ཕྱིར་རིང་དུ་རྒྱུ་ཞིང་། ནང་དུ་ཐུང་ལ་རྩུབ་པར་སྡུད་ནས་ཕྱི་དབུགས་ཆད། རོ་ཡི་ཁམས་རེག་ལ་ཐིམ་པས། ༼གསང་གནས་རླུང་གི་འཁོར་ལོའི་རྩ་མདུད་ཞིག་དུས་༽ལྕེ་ཡིས་རོ་མྱོང་བའི་ཚོར་བ་འགགས། རྣམ་ཤེས་ནམ་མཁའ་ལ་ཐིམ་པས་༼སྤྱི་བོར་ནམ་མཁའི་འཁོར་ལོའི་རྩ་མདུད་ཞིག་དུས་༽རྣམ་ཤེས་དབུ་མར་ཞུགས་ཏེ་རླུང་སེམས་ཀྱི་འགྲོ་འོང་ཐམས་ཅད་འགགས་ནས་ནང་དབུགས་ཆད། རེག་བྱའི་ཁམས་རྟོག་མེད་ཀྱི་ཆོས་ལ་ཐིམ་པས་ལུས་ཀྱིས་རེག་བྱ་མི་ཚོར་མདངས་ཉམས། བཟང་རྟོག་ངན་རྟོག་གྱི་ཚོར་བ་དང་བྲལ། རོ་རྐྱང་གི་དྭངས་མ་དཀར་དམར་ཐམས་ཅད་དབུ་མའི་ཡས་མར་གྱི་ཨ་ཧཾ་ལ་འདུས། དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་དུས་སྟོང་པའི་ཡེ་ཤེས་ལ་སྣང་མཆེད་ཐོབ་གསུམ་དང་། སྣང་བའི་ཡེ་ཤེས་ལ་ལྷུན་གྲུབ་གཟུགས་སྐུའི་འོད་ལྔ་འཆར་ཏེ། དང་པོ་སྣང་བ་ནི། དབུ་མའི་ཡར་སྣེ་སྤྱི་བོར་ཕ་ལས་ཐོབ་པའི་སྲོག་འཛིན་གྱི་བྱང་སེམས་དཀར་ཆ་ཧཾ་ཡིག་གི་དབྱིབས་ཅན་རྐྱང་མའི་ནུས་པས་བཟུང་བ་དེ་ཐུར་དུ་བབས་པའི་ཚེ། ཕྱི་རྟགས་ཟླ་འོད་ཀྱི་ཁྱབ་པ་ལྟ་བུའི་སྟོང་སང་དཀར་ལམ་པ་དང་། ནང་རྟགས་སུ་ཤེས་པ་མར་མེ་རླུང་གིས་མི་བསྐྱོད་པ་ལྟ་བུའི་གསལ་ལམ་མེ་བ་འཆར་བས་ཞེ་སྡང་གི་རྟོག་པ་སོ་གསུམ་འགགས། གཉིས་པ་མཆེད་པ་ནི། དབུ་མའི་མར་སྣར་མ་ལས་ཐོབ་པའི་མཉམ་གནས་ཀྱི་དྭངས་མ་རཀྟ་ཨ་ཐུང་གི་དབྱིབས་ཅན་རོ་མའི་ནུས་པས་བཟུང་བ་གྱེན་དུ་ལྡོག་པའི་ཚེ། ཕྱི་རྟགས་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དམར་ལམ་པ་དང་། ནང་རྟགས་སུ་ཤེས་པ་བདེ་གསལ་གཉིས་སུ་མེད་པར་འཆར་བས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། གསུམ་པ་ཐོབ་པ་ནི། དྭངས་མ་དཀར་དམར་གཉིས་སྙིང་ཁར་འཕྲད་པས་སྲོག་རྩའི་རླུང་འགགས་ཏེ། ཕྱི་རྟགས་མུན་ནག་འཐིབ་པ་ལྟ་བུའི་སྟོང་སང་ནག་ལམ་མེ་བ་དང་། ནང་རྟགས་སུ་ཤེས་པ་བདེ་ཞིང་གསལ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་བས་གཏི་མུག་གི་རྟོག་པ་བདུན་འགགས། དེ་ལྟར་སྣང་བ་གསུམ་གྱི་མཐར་ཉེ་བར་ཐོབ་པའི་ཡེ་ཤེས་ནི། སྙིང་གའི་ཨ་ཧཾ་རྫོགས་པར་ཐིབ་པས་སྣང་བ་ཐམས་ཅད་སྤྲིན་མེད་ནམ་མཁའ་ལྟ་བུ་དྭངས་ཤིང་གསལ་ལ་འཁོར་འདས་མཐའ་དབུས་མེད་པར་འཆར་རོ། །དེའི་ཚེ་སེམས་ཅན་རྣམས་ལ་གདོད་མ་ནས་བཞུགས་པའི་མི་ཤིགས་པ་ཆེན་པོ་ཀ་དག་ཆོས་ཀྱི་སྐུ་སྟེ་ཀ་དག་ཡེ་ཐོག་ཏུ་གྲོལ་བ་ཞེས་བྱ་བ་ཡིན་ལ། དེ་ལྟ་བུའི་གཞིའི་འོད་གསལ་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་གནས་པའི་སྟེང་དུ་སྔོན་བླ་མ་དམ་པས་བསྟན་པ་ལྟར་རང་གིས་གོམས་པར་བྱས་པའི་འོད་གསལ་དེ་ཉིད་མངོན་དུ་གྱུར་པའི་མ་བུ་འཕྲད་དེ་ཟབ་མོའི་གནད་ཀྱི་འོད་གསལ་རྣམ་པར་མི་རྟོག་པ་དེ་བཞིན་ཉིད་ཀྱི་ངང་ལ་བཞག་པས་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཞེས་པའི་ཚུལ་གྱིས་འཆི་བ་འོད་གསལ་ཆོས་ཀྱི་སྐུར་སངས་རྒྱས་པ་ཞེས་བྱ་བ་སྟེ་ཀ་དག་ཆོས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པ་ཡིན་པས་ངོ་ཤེས་པར་གྱིས་ཤིག གཉིས་པ་ཆོས་ཉིད་ཀྱི་བར་དོ་གསལ་འདེབས་པ་ནི། ཀྱཻ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་སོང་བའི་ཚེ་དུས་ལས་འདས་པ་ཆེ་གེ་མོ་ཁྱོད་མ་ཡེངས་པར་ལེགས་པར་ཉོན་ཅིག གོང་གི་འཆི་ཁ་བར་དོའི་སྐབས་ཀྱི་འཁྲུལ་སྣང་དང་འཇིགས་སྐྲག་རྣམས་ངོས་མ་ཟིན་ན། དྲན་མེད་དུ་བརྒྱལ་ནས། རླུང་བར་སྣང་ལ་བུན་གྱིས་ཡལ། ལུས་གདོས་བཅས་སུ་ལིངས་གྱིས་སོང་། རྣམ་པར་ཤེས་པ་མེ་སྟག་ཡར་བ་ལྟར་གྱུར་པ་སྒོ་དགུ་གང་རུང་ནས་ཕྱིར་ཐོན་ཏེ་སྒོ་གསུམ་གྱེས་པའི་ཚེ། དུས་མ་འགྱུར་སྣང་བ་འགྱུར་བའི་སྐབས་ཡིན་པས། ཕྱིའི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཉི་མ་ཟླ་བ་སོགས་འཇིག་རྟེན་ཚེ་འདིའི་སྣང་བ་ཐམས་ཅད་ནི་ནུབ། དབུགས་ཕྱི་ནང་གི་འགྲུལ་ཐག་ནི་ཆད། རང་གི་དབང་པོ་རྣམས་ཀྱི་ཆ་ལ་དངོས་པོར་སྣང་བ་ནི་མེད། ཡོད་སྙམ་པའི་ཤེས་པ་ཅུང་ཟད་ནི་འབྱུང་གདོས་བཅས་ཀྱི་ལུས་དངོས་མི་སྣང་བར། རང་ཉིད་འོད་ལུས་སུ་གནས་པའི་མདངས། མིག་གཉིས་ནས་འོད་ཀྱི་ཟེར་དུང་གི་ཐག་པ་བརྐྱངས་པ་ལྟ་བུ་ཕྱིར་ཤར་བ་ལ་བརྟེན་ནས་དག་པའི་ཡེ་ཤེས་ལྷུན་གྲུབ་ཆོས་ཉིད་འོད་གསལ་གྱི་བར་དོ་ཞེས་སྒྲ་འོད་ཟེར་གསུམ་གྱི་སྣང་བ་འཆར་བ་ཡིན་ཏེ། དེ་ཡང་སེམས་ཉིད་སྟོང་པའི་ཆ་ལས་ངོ་བོ་ཀ་དག་ཆོས་སྐུའི་འོད་གསལ་བཞི་གོང་དུ་སོང་ནས། སྣང་བའི་ཆ་ལས་རང་བཞིན་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་ལྔ་པ་སྐབས་འདིར་གཞི་སྣང་འོད་གསལ་གྱི་སྣང་བ་རུ་འཆར་བ་ཡིན། ཇི་ལྟར་འཆར་བའི་ཚུལ་ནི་ཉེར་ཐོབ་ཀྱི་ཡེ་ཤེས་སྐད་ཅིག་བཞི་པའི་རྗེས་དེ་ཉིད་ལ་འཆར་ཏེ། གསང་འདུས་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས། ལྔ་པ་སྤྲིན་མེད་ནམ་མཁའ་ལ། །མི་རྟོག་ཡེ་ཤེས་མཐའ་དབུས་མེད། །ཅེས་གསུངས་པས། ཉེར་ཐོབ་ཀྱི་ཡེ་ཤེས་འོད་གསལ་ལ་ཐིམ་པའི་ཚེ། གཞི་སྣང་འོད་གསལ་གྱི་སྣང་བའམ་ནང་ཆོས་ཉིད་རང་གསལ་གྱི་ཞིང་ཁམས་རྣམ་པར་དག་པ་ཞེས་བྱ་བ། སྣང་བ་ཐམས་ཅད་འོད་ལྔའི་སྣང་བ་རང་ས་རང་སར་གསལ་བ་ལ་ཟེར་ཕྲ་མོ་འཕྲོ་བ་དང་བཅས་མེ་རེ་རེ་འཆར་བ། དཔེར་ན་སྟོན་ཁའི་ནམ་མཁའ་སྤྲིན་མེད་པ་དང་། ཕྱིའི་རྒྱ་མཚོ་ཆེན་པོ་མཐོང་བ་ལྟ་བུ་གསལ་ལ་མི་རྟོག་པའི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་མཐའ་དང་མུ་ལས་འདས་པར་སྣང་བ་དེ་ཡེ་ཤེས་ཀྱི་འཆར་གཞི་སྔར་གྱི་འོད་གསལ་ཆོས་སྐུ་དེ་ཡིན་ལ། དེ་ཉིད་སྟོང་པའི་ངོ་བོ་ནི་ཡུམ་ཀུན་ཏུ་བཟང་མོ། གསལ་བའི་ཆ་ནི་སྟོན་པ་ཤེས་རིག་གི་རྒྱལ་པོ་འོད་མི་འགྱུར་བ་ཡིན་པས་དེའི་ཚེ་སྣང་བ་མཆེད་པ་དེ་རྣམས་རང་སྣང་སྟོང་པའི་རང་མདངས་སུ་ངོས་བཟུང་སྟེ་རང་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག དེ་ནས་གཞི་རིག་པའི་ངོ་བོ་དེ་ཉིད་ཀྱི་རང་རྩལ་ལས། ཕྲ་བ་ཡེ་ཤེས་ཀྱི་རླུང་ལྔའི་བྱེད་ལས་ཀྱིས་འོད་གསལ་ལྔ་འབྱུང་སྟེ། དེ་ཡང་ཁྱབ་བྱ་གཉུག་མ་མི་ཤིགས་པའི་ཕུང་པོ་ལྔ་ལ། ཁྱབ་བྱེད་སངས་རྒྱས་ཀྱི་རིགས་དང་། སྐུ་དང་ཞིང་ཁམས་ཐམས་ཅད་རང་ཆས་སུ་ཡོད་པའི་གནད་ཀྱིས་རིགས་ལྔའི་ཚོམ་བུའི་དཀྱིལ་འཁོར་ནམ་མཁའ་གང་བར་འཆར་ཏེ། དེ་ལ་ཞག་དང་པོར་སྟོན་ཀའི་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་འོད་མཐིང་ཁའི་གུར་ཁྱིམ་དུ་རྣམ་པར་སྣང་མཛད་ཀྱི་ཚོམ་བུའི་དཀྱིལ་འཁོར་འཆར་རོ། །དེ་བཞིན་དུ་ཞག་མ་བཞི་ལ། འོད་དཀར་པོའི་གུར་ཁྱིམ་དུ་མི་བསྐྱོད་པ། སེར་པོ་ལ་རིན་ཆེན་འབྱུང་ལྡན། དམར་པོ་ལ་སྣང་བ་མཐའ་ཡས། ལྗང་གུ་ལ་དོན་ཡོད་གྲུབ་པ་རྣམས་ཏེ་ཐམས་ཅད་རང་རང་གི་སེམས་དཔའ་སེམས་མས་བསྐོར་བ་དང་། དེ་བཞིན་དུ་སྤྲུལ་སྐུ་ཐུབ་པ་དྲུག སྒོ་བ་སྒོ་མ་བྱ་བྱེད་གཉིས་དང་བཅས་པའི་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་རྣམས་རིམ་པ་བཞིན་དུ་འཆར་ནས་འོང་ངོ་། །དེ་དག་ཀྱང་སྙིང་ནང་གི་གདངས་ལས་ཕྱིར་ཤར་བའི་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུས་དེར་སྣང་བ་ཡིན་པས་རང་སྣང་དུ་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག དེ་ནས་ཞི་བའི་ལྷ་དེ་རྣམས་ཀྱི་རང་རྩལ་ཆོ་འཕྲུལ་ལས། མདུན་གྱི་ནམ་མཁར་དག་པ་རིག་འཛིན་གྱི་ལྷ་ཚོགས་དང་། ཁྲག་འཐུང་འབར་བ་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་སྒྲ་འོད་ཟེར་གསུམ་དང་བཅས་པ་ཡང་རིམ་པ་ལྟར་འཆར་ཏེ། སྒྲ་ནི་འབྱུང་བའི་རང་སྒྲ་ལྡིར་ཆེ་བ་འབྲུག་སྟོང་དུས་གཅིག་ལ་གྲགས་པའམ། རི་རབ་འབུམ་བསྙིལ་བ་ལྟ་བུའི་འུར་སྒྲ་དང་ཐུག་ཆོམ། འོད་ནི་རིག་པའི་རང་གདངས་ཁ་དོག་སྣ་ལྔ་གསལ་ལ་འཚེར་བ་དང་། འོད་ཀྱི་གསེབ་ན་ཟེར་ཕྲ་མོ་སོས་ཀའི་ཐང་ལ་སྨིག་རྒྱུ་འགྱུ་བ་ལྟར་ཕྲིག་ཕྲིག་པ་ཡ་རེ་རེ་འཆར་རོ། །དེའི་ཀློང་ན་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱང་། སྐུ་ཆེ་བ་ནམ་མཁའ་དང་མཉམ་པ། འབྲིང་བ་རི་རབ་ཙམ། ཆུང་བ་རང་ལུས་བཅོ་བརྒྱད་བརྩེགས་པ་ཙམ་ཡོད་པ། བལྟར་མི་བཟོད་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བར་འཆར་ནས་འོང་བ་དེ་དག་རྣམས་ཀྱང་། རང་སེམས་ཀྱི་སྣང་བརྙན་ཕྱི་རོལ་དུ་འཆར་བ་ཡིན་པས་མ་འཇིགས་མ་སྔངས་མ་སྐྲག་པར། སྔར་ཁྱོད་སྐྱེ་གནས་བར་དོ་ན་ཡོད་དུས་བླ་མ་རྣམས་ཀྱིས་ཞི་ཁྲོའི་དབང་བསྐུར་བའི་ཚེ་ལྷ་ངོ་སྤྲད་པའི་ཡི་དམ་ཀྱི་ལྷ་དེ་རྣམས་ཡིན་པས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག དེ་ཡང་སྐབས་དེར་འཇུག་གྲོལ་མཐར་ཕྱིན་གསུམ་གྱི་གདམས་པའི་གནད་ཅེས་བྱ་བ། རང་གི་སྙིང་ཁ་ནས་འོད་ཀྱི་ཟེར་ཐག་ཚོན་སྐུད་སྦྲེལ་མ་ལྟ་བུ་ལྷ་རྣམས་ཀྱི་ཐུགས་ཀར་ཟུག་པ་ནི། རིག་པ་འོད་གསལ་ཕར་འཇུག་པའི་གནད་ཅེས་བྱ་བ་ཡིན་པས་འདིའི་དུས་སུ་ཐེ་ཚོམ་མེད་པ་སྔར་འདྲིས་ཀྱི་མི་ཕྱིས་མཐོང་བ་ངོ་ཤེས་ཏེ་སྒྲོ་འདོགས་ཆོད་པ་ལྟར་སྔར་གྱི་དོན་རྣམས་ངོས་ཟིན་པར་གྱིས་ལ་ཤེས་པ་གང་དུའང་མི་འཕྲོ་བར་རང་བཞིན་གྱི་བསམ་གཏན་ལ་གནས་པར་གྱིས་ཤིག དེར་ལྷ་གང་དུ་ངོ་ཤེས་ཀྱང་དེར་གྲོལ་བ་ཐོབ་པ་ཡིན། གྲོལ་ན་དེ་ནས་སླར་ཚོམ་བུའི་དཀྱིལ་འཁོར་རྣམས་ཚུར་འདུས་ནས་རང་གི་སྙིང་གར་ཐིམ་པར་འགྱུར་བས། དེ་འོད་རིག་པ་ལ་ཚུར་འཇུག་པའི་གནད་ཅེས་བྱ་བ་ཡིན་པས་འདིའི་དུས་སུ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་དྲན་པར་གྱིས་དང་། དེས་སྔར་གོམས་པའི་གདོད་མའི་འོད་གསལ་མ་ལྟ་བུ་དང་། ཕྱིས་ཤར་བའི་རང་བྱུང་གི་འོད་གསལ་བུ་ལྟ་བུ་གཉིས་འོད་གསལ་མ་བུ་འདྲེས་ནས་གྲོལ་བ་ཐོབ་པར་འགྱུར་བ་ཡིན་པས། དེའི་ཕྱིར་འཇུག་པ་ཤེས་པའི་གནད་གཉིས་པ་དེ་ཡང་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག ༼འཇུག་པའི་དུས་འདིར་བསམ་གཏན་གྱི་ཞག་ལྔར་གནས་དགོས་པའི་ཞག་གི་ངེས་པ་ནི། སྔར་གོམས་པའི་གནས་པ་ཏིང་ངེ་འཛིན་གྱི་ཡུན་སྣང་མ་གཏོགས་པ་སྔ་མ་འགགས། ཕྱི་མ་མ་ཤར་བའི་བར་གྱི་ཅི་ཙམ་གནས་པའི་ཐུན་ཚོད་དེ། བསམ་གཏན་གྱི་ཞག་ཡིན་ལ། སྔར་བསམ་གཏན་ལ་གོམས་འདྲིས་ཅན་ཡིན་ན། ཡུན་རིང་དུ་འཆར་ཞིང་། སྐབས་རེ་རང་ངོ་ཤེས་པས་གྲོལ་ལ། གོམས་འདྲིས་ཆེར་མེད་ན་ཡུན་ཙམ་རེ་ལས་མི་བརྟན་པས། ངོ་མ་ཤེས་པར་བར་དོ་ཕྱི་མ་འཛིན་པར་འགྱུར་རོ། །༽ གྲོལ་བའི་དུས་དེ་ལས་འདས་ན། ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་དུས་ཏེ། རང་གི་སྙིང་ཁ་ནས། སྟེང་གི་ནམ་མཁའ་ལ་ཡེ་ཤེས་བཞི་ལྡན་གྱི་སྣང་བ་འོད་མཐིང་ག་དང་། དཀར་པོ་དང་སེར་པོ་དང་། དམར་པོའི་སྣམ་བུའི་སྟེང་དུ་སོ་སོའི་ཁ་དོག་དང་མཐུན་པའི་ཐིག་ལེ་དྭངས་གསལ་ཐིག་ཕྲན་ལྔ་ལྔས་བརྒྱན་པ་དང་། དེའི་སྟེང་དུ་འོད་ཟླུམ་རྨ་བྱའི་གདུགས་འཁོར་བ་ལྟ་བུ་དང་བཅས་པ་འཆར་ན་ནི། རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱ་བ་ཡིན་ནོ། །འདི་དུས་ཕུང་པོ་ལྔའི་བདག་ཏུ་འཛིན་པ་རང་སར་དེངས་ཏེ། ལུས་གདོས་བཅས་དང་བྲལ་བའི་འོད་ལུས་སུ་གྲོལ། རིག་པ་དྲི་མ་མེད་པ་ཉོན་མོངས་པ་ལས་གྲོལ། དེ་ལས་ཕྱི་ནང་མེད་པའི་གཟུང་འཛིན་ལས་གྲོལ་བའི་རང་སྣང་ངོ་ཤེས་པ་ནི་གྲོལ་བ་ལུས་ཀྱི་གནད་ཅེས་བྱ་བ་ཡིན་པས་དེའི་དོན་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག དེ་ནས་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེར་ཐིམ་པའི་ཚེ་ཡེ་ཤེས་ཀྱི་སྣང་བ་དེ་དག་སྟེང་གི་འོད་ཟླུམ་ལ་འདུས་ནས་ལྷུན་གྲུབ་སྐུ་གསུམ་གྱི་རོལ་པར་འཆར་བའི་ཆོས་སྐུ་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་པ་འོད་ལྔའི་མུ་ཁྱུད་ཀྱིས་བསྐོར་བ་ལྟ་བུ་ལ་དག་པ་ལོངས་སྐུ་དང་སྤྲུལ་སྐུའི་ཞིང་ཁམས་དང་དཀྱིལ་འཁོར། མ་དག་པ་འགྲོ་དྲུག་གི་སྣང་བ་སྣ་ཚོགས་སྐད་ཅིག་ལ་འཆར་བས་འདིའི་དུས་སུ་ཤར་ལུགས་དྲུག་སྒོ་གཉིས་དང་བརྒྱད་ལ་ལྷུན་གྲུབ་ཀྱི་སྣང་བའི་འཆར་ལུགས་བརྒྱད་དུ་གསུངས་པས། སྐབས་དེར་རང་སྣང་ལ་སྒྲོ་འདོགས་ཆོད་པའི་གྲོལ་བ་ཐོབ་པ། མཐར་ཕྱིན་པ་ངོ་ཤེས་པའི་གནད་འདིར་དགོས་པས་ངོ་ཤེས་ན་དབྱིངས་སུ་གྲོལ། མ་ཤེས་ན་འཁོར་བར་འཁྱམས་པའི་ལམ་ཁ་བྲག་ལྟ་བུ་ཡིན་པས། ཁྱོད་ཀྱིས་རང་སྣང་གི་འཆར་ཚུལ་དེ་རྣམས་མ་ནོར་བར་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག ངོ་ཤེས་ན་འདིའི་དུས་སུ་ཁྱོད་ལ་དབང་པོ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་ ༼སྔོན་གནས་འཆི་འཕོ་བ་དང་སྐྱེ་བ། ཕ་རོལ་གྱི་སེམས་སྣང་བ་ལྐོག་གྱུར་རིགས་དྲུག་གནས་རིགས་མཐོང་ཞིང་ཤེས་པ། དབང་པོ་རྣམ་དག་མངོན་པར་ཤེས་པའོ། །མཆན༽གམ་རྒྱས་པར་དབྱེ་ན་རེ་རེ་ལ་དྲུག་རེ་སྟེ་དྲུག་ཚན་དྲུག སྐུ་གསུང་ཐུགས་ཀྱི་མངོན་པར་ཤེས་པ་གསུམ་ཚན་གསུམ་རྣམས་དྲན་པ་༼བླ་མའི་མན་ངག ཡི་དམ་ལྷ། ལྟ་བ་ཟབ་མོ། བསྒོམ་པའི་ལམ། དག་པའི་སྐྱེ་གནས། བསམ་གཏན་དང་དྲུག ༽དྲུག་ལ་བརྟེན་ནས། ལྷུན་གྲུབ་ཏུ་ངོ་ཤེས་ནས་གདེང་ཐོབ་པའི་ལྷུན་གྲུབ་ཀྱི་འཆར་སྒོ་བརྒྱད། ༼ཐུགས་རྗེའི་རང་རྩལ། འོད་དང་འཇའ་ཚོན། སྐུ་དང་ཞིང་ཁམས་ཡེ་ཤེས་རང་སྣང་། གཉིས་མེད་ཟུང་འཇུག མཐོང་གྲོལ་སྐྱེ་མེད། མ་དག་སྲིད་པ། དག་པ་ཡེ་ཤེས་ལྟར་ཤར་བ་བརྒྱད།མཆན༽ རང་རིག་གི་ཀློང་དུ་ཐིམ་ལུགས་བརྒྱད་དུ་ཐིམ་པའི་མངོན་པར་ཤེས་པ་རྣམས་དང་། མི་བརྗེད་པའི་གཟུངས་དང་། ཏིང་ངེ་འཛིན་རྣམས་ཐོབ་ ༼ཐུགས་རྗེ་ཐུགས་རྗེ་ལ། ཡེ་ཤེས་ཡེ་ཤེས་ལ། འོད་གསལ་འོད་གསལ་ལ། ལྷ་སྐུ་ལྷ་སྐུ་ལ། གཉིས་མེད་གཉིས་མེད་ལ། མཐའ་གྲོལ་མཐའ་གྲོལ་ལ། མ་དག་པ་དག་པར་དག་པ་ཀ་དག་ལ་ཐིམ་པ་མཆན་༽པས་སྔར་ཐོས་པའི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ཏུ་འཆར། དེ་བཞིན་དུ་མ་ཐོས་པའི་ཆོས་རྣམས་ཀྱང་རྒྱུད་ལ་འཆར་བར་འགྱུར་པས་ཆོས་ཉིད་ཀྱི་བར་དོ་ཞེས་བགྱི་བ་རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་འཆར་བའི་ནང་གསལ་འཕོ་འགྱུར་མེད་པ་ས་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་ནི་ལྷུན་གྲུབ་ལོངས་སྐུའི་བར་དོ་ལ་གྲོལ་བ་ཐོབ་པ་ཞེས་ཁྱོད་ཀྱི་མཐར་ཐུག་འབྲས་བུའི་གྲོལ་ས་འདི་ཡིན་པས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག གསུམ་པ་སྲིད་པ་བར་དོ་གསལ་འདེབས་པ་ནི། ཀྱཻ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་འདས་པ་ཆེ་གེ་མོ་ཁྱོད་མ་ཡེངས་པར་ལེགས་པར་ཉོན་ཅིག ད་རེས་གོང་དུ་བཤད་པའི་ཆོས་ཉིད་བར་དོའི་འོད་གསལ་ཤར་བ་དེ་རྣམས་རང་སྣང་དུ་ངོ་མ་ཤེས་པར་འཇིགས་ཤིང་སྐྲག་པའི་རྐྱེན་གྱིས་སྲིད་པ་བར་དོའི་བག་ཆགས་སད་བྱེད་བྱས་ནས་རླུང་སེམས་ཕྲ་བ་འབྱུང་བཞི་དང་བཅས་པ་དེ་རྣམས་ཀྱི་རྒྱུ་རྐྱེན་ལས། ལུགས་འབྱུང་གི་རྟེན་འབྲེལ་བརྒྱད་ཀྱི་རྨི་ལམ་རྨིས་པ་ལྟར་སྲིད་པ་བར་དོའི་ཡིད་གཟུགས་གྲུབ་པར་འགྱུར་བས་དེའི་ཚུལ་༼འོད་རང་སྣང་དུ་མ་ཤེས་པ་ནི་མ་རིག་པ་དེའི་དབང་གིས་རླུང་ལྔ་འདུས་ནས་འཁོར་བར་བྱེད་པ་ནི་འདུ་བྱེད། དེ་ལས་ཤེས་པ་ཇེ་གསལ་དུ་སོང་ནས་ཡུལ་འཛིན་སྐྱེས་པ་ནི་རྣམ་ཤེས་དེ་ལ་བར་དོའི་མིང་དང་ཡིད་ཀྱི་གཟུགས་གཉིས་བྱུང་བ་ནི་མིང་གཟུགས། དེ་ལས་ཤེས་པ་རྣོ་མྱུར་སྐྱེས་པའི་སྐྱེ་མཆེད་བྱུང་། དེས་བདེ་སྡུག་མྱོང་བའི་ཚོར་བ་བྱུང་། དེར་ཆགས་སྡང་སྐྱེས་པའི་སྲིད་པ་བྱུང་ངོ་། །༽ནི། དོན་ཐིག་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅནཿ དབང་པོ་ཀུན་ཚང་ཐོགས་མེད་རྒྱུཿ ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡནཿ རིགས་མཐུན་ལྷ་མིག་དག་པས་མཐོངཿ ཞེས་གསུངས་པས། སྔར་ལྟར་ཤ་ཁྲག་གི་ལུས་དངོས་སུ་གྲུབ་པ་མེད་ཀྱང་། རྣམ་སྨིན་གྱི་དབང་གིས་རྨི་ལམ་གྱི་ལུས་ལྟ་བུ། བྱིས་པ་ལོ་བརྒྱད་པ་ཙམ་གྱི་ལུས་ལྟར་ཤ་སྙི་ཞིང་སྲན་མི་བཟོད་པ་མིང་བཞིའི་ཕུང་པོ་ཡིད་ལུས་ཞེས། ༼ཀློང་ཆེན་པས། གཟུགས་མེད་རང་པའི་ཤེས་པ་ཀུན་གཞིའི་ངང་། །ཞེས་དང་། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས། །མིང་བཞིའི་ཕུང་པོར་སེམས་ཀྱི་རྒྱུད་བརྟེན་ནས། །ཞེས་གསུངས་པས། གང་དུ་ཤི་བའི་ས་དེ་ནས། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའི་ཁམས་ཀུན་གཞི་ལ་ཐིམ་པའི་ཆ་བཞི་ལ་མིང་བཞིའི་ཕུང་པོ་ཞེས་བྱ་སྟེ། ཡིད་ཀྱི་ལུས་ལ་སེམས་ཀྱི་རྒྱུད་བརྟེན་པས་མིང་བཞིའི་ཕུང་པོ་ཞེས་བྱའོ། །༽བག་གྲང་ལ་ཚིག་པ་ཟ་ཞིང་ཤིན་ཏུ་སྐྱོ་བ་ལུས་དངོས་དང་བྲལ་བའི་རྐྱེན་གྱིས་ས་གཅིག་ཏུ་སྡོད་དབང་མེད་པར་ཡད་ཡུད་ཕྱད་ཕྱོད་དུ་འཁྱམས་ནས་རྒྱུག་པ་སྲིད་པ་བར་དོར་ཞག་བཞི་བཅུ་ཞེ་དགུའམ། ཡུན་ཅི་ཙམ་གནས་པ་དེའི་ཕྱེད་ཡན་ཆད་ལ་སྔ་མའི་བག་ཆགས་དང་བྱད་གཟུགས། ཕྱེད་མན་ཆད་ལ་ཕྱི་མའི་བག་ཆགས་དང་བྱད་གཟུགས་སུ་གནས་པས་སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན་དང་། དེ་ཡང་ལས་མཐུན་འདོད་ཡོན་ལ་སྤྱོད་པའི་དབང་པོ་དྲུག་པོ་ཀུན་ཚང་བར་ཡོད་པས་སྔར་བས་དྲན་པ་བདུན་འགྱུར་གྱིས་གསལ་བ། གང་དུ་སྐྱེ་འགྱུར་གྱི་མའི་མངལ་དང་རྡོ་རྗེ་གདན་གཉིས་མ་གཏོགས་པའི་རི་ར་བ་རྩིག་པ་སོགས་ཐོག་བཅས་ཀྱི་དངོས་པོ་གང་ལའང་ཐོགས་མེད་དུ་རྒྱུ་ཞིང་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། རང་དང་རིགས་མཐུན་གྱི་ནང་ཕན་ཚུན་ལྷ་མིག་དག་པས་མཐོང་ཞིང་གཞན་གྱིས་མི་མཐོང་བ་སོགས་མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་བར་དོའི་རྟགས་ནི། འོད་དཀར་པོའི་ལམ་གྱིས་ལྷ་དང་ལྷ་མིན། ནག་པོའི་ལམ་གྱིས་དམྱལ་བ། དམར་པོའི་ལམ་གྱིས་ཡི་དྭགས། སེར་པོའི་ལམ་གྱིས་མི་དང་དུད་འགྲོར་འཇུག་ཅིང་། དེ་ཡང་སྤྱིའུ་ཚུགས་སུ་འགྲོ་ན་ངན་འགྲོ་དང་། གྱེན་དུ་འགྲོ་ན་ལྷ་དང་། ཐད་ཀར་འགྲོ་ན་མིར་སྐྱེ་སྟེ། དེ་དག་འགྲོ་བའི་ལམ་བཞི་ལ་འགྲོ་ཚུལ་གསུམ། དེ་བཞིན་དུ་དུག་གསུམ་གྱི་ལས་སྣང་གཡང་ས་ཆེན་པོ་དམར་ཟིང་ངེ་བ་དང་། སྐྱ་ཆད་དེ་བ་དང་ནག་ངམ་མེ་བ་སྟེ། ཡ་ང་བའི་གཡང་ས་གསུམ། བཟོད་དཀའ་བ་མཐོང་ན་ངན་སོང་གསུམ་དུ་ལྷུང་བའི་ལྟས་དང་། འབྱུང་བཞིའི་རླུང་དང་རྣམ་རྟོག་ཐ་མལ་དུ་ཤོར་བས་འབྱུང་བཞི་ཕྲ་མོའི་རླུང་ལོག་སྟེ། ས་གཡོ་ཞིང་རི་སྙིལ་བ་དང་། ཆུ་བོ་རྦ་ཀློང་འཁྲུགས་པ་དང་ནགས་ཚལ་མེས་ཚིག་པ་དང་། རླུང་དྲག་པོས་གཡོ་ཞིང་ལྡེག་པ་སོགས་འཇིགས་པའི་སྒྲ་བཞི་དང་བཅས་པའི་སྡུག་བསྔལ་མི་བཟོད་པ་བསྐྱེད་པ་དང་། ངེས་པའི་རྟགས་སྔར་ཐོགས་བཅས་ཀྱི་དངོས་པོ་ཕྲ་མོ་ལ་ཡང་ཐོགས་པ་ལ་ད་ལྟ་རི་དང་ར་བ་སོགས་ལ་ཐོགས་མེད་དུ་འཇུག་ནུས་སྔར་ལུས་ཀྱི་རྣམ་འགྱུར་དང་ངག་གི་བརྗོད་པ་གཞན་གྱི་མཐོང་ཐོས་སུ་གྱུར་པ་ལ་ད་ལྟ་མི་མཐོང་ཞིང་མི་ཐོས། སྔར་ལུས་ཀྱི་གྲིབ་མ་དང་རྐང་རྗེས་འབྱུང་བ་ལ་ད་ལྟ་མི་འབྱུང་། སྔར་མངོན་ཤེས་མེད་པ་ལ་ད་ལྟ་མངོན་ཤེས་ཕུ་ཁྲེའུ་རིའུ་འཆར་བ་སོགས་ཐོགས་བཅས་ཀྱི་ལུས་མེད་པའི་རྟགས་དང་། ལུས་ཀྱི་ནང་ན་ཁམས་དཀར་དམར་མེད་པས་ཕྱི་རོལ་གྱི་ཉི་ཟླ་གཟའ་སྐར་མི་མཐོང་ཡང་། སྣང་མུན་གྱི་སྣང་བ་འཆར་བ་སོགས་ངེས་པའི་རྟགས་ལྔ་དང་། མ་ངེས་པའི་རྟགས་གནས་མ་ངེས་པ་ས་ཕུག་ཁང་སྟོང་། གྲོགས་མ་ངེས་པ་ལྷ་དང་ཡི་དྭགས་འདྲེ་སྲིན། ཟས་གོས་མ་ངེས་པ་གཅེར་བུ་དང་། གསུར་གྱི་དྲི་ལ་སྤྱོད་པ། རྟེན་མ་ངེས་པ་ཟམ་དུར་དང་ངལ་སྟེགས་ལམ་མདོ། སྤྱོད་ལམ་མ་ངེས་པ་སྐད་ཅིག་གིས་འགྱུར་འགྲོ་བ་དང་། སྣང་བ་མ་ངེས་པ་འཇིགས་སྐྲག་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་འཆར་བར་འགྱུར་རོ། །འདིའི་དུས་སུ་བདག་རྐྱེན་དང་གཞན་རྐྱེན་ཅི་རིགས་པ་དག་གིས་བསྐུལ་ནས་རྗེས་དྲན་དྲུག་སོགས་ལ་བརྟེན་པའི་གདམས་ངག་གསལ་ཐེབས་ན་བཟང་པོའི་བག་ཆགས་སད་དེ་འདུན་པ་ཁོ་ནས་བདེ་འགྲོ་ཐོབ་པའི་དུས་ཡིན་ཏེ། ཞི་ཁྲོའི་བར་དོའི་རྩ་ཚིག་ལས། ཀྱེ་མ་བདག་ལ་སྲིད་པ་བར་དོ་འཆར་དུས་འདིརཿ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནསཿ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུདཿ མངལ་སྒོ་དགག་ནས་རུ་ལོག་དྲན་པར་བྱཿ སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིནཿ མིག་སེར་སྤོང་ལ་བླ་མ་ཡབ་ཡུམ་བསྒོམཿ ཞེས་གསུངས་པ་དང་། གཞན་ཡང་། དོན་ཐིག་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ལས། དེ་ཚེ་འཁོར་བ་རུ་ལོག་པཿ རབ་གྱིས་སྒྱུ་མ་ལྟ་བུ་བལྟཿ འབྲིང་གིས་བསྐྱེད་རྫོགས་ཟུང་འཇུག་བསྒོམཿ ཐ་མས་སྐྱབས་འགྲོ་འཕོ་བ་སྦྱོངཿ ཞེས་གསུངས་པ་ནི་ལམ་ཞུགས་ཀྱི་གང་ཟག་དབང་པོ་འབྲིང་གི་ཐ་མ་སྲིད་པ་བར་དོར་གྲོལ་ཚུལ་འདི་ལའང་དབང་པོའི་རིམ་པ་ལྟར། གྲོལ་ལུགས་རབ་འབྲིང་ཐ་མ་གསུམ་ཡོད་པའི། འབྲིང་གི་ཐ་མའི་རབ་ཀྱི་བར་དོའི་འཁྲུལ་སྣང་ཐམས་ཅད་བདེན་མེད་སྒྱུ་མར་ཤེས་པའི་ངང་ནས་འཁོར་བ་ཞེན་ལོག་གི་མངལ་སྒོ་དགག་སྟེ་བཟློག །འབྲིང་གི་ཐ་མའི་འབྲིང་གིས་བསྐྱེད་རྫོགས་ཟབ་མོའི་དམིགས་པས་བཟློག །འབྲིང་གི་ཐ་མའི་ཐ་མ་རྣམས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་འཕོ་བ་ལ་སོགས་པའི་སྒོ་ནས་མངལ་སྒོ་ངན་པ་རྣམས་སྤངས་ཏེ་བཟང་པོ་བདམས་ནས་རུ་ལོག་གི་གདམ་ངག་དྲན་དགོས་པས་དེའི་ཚུལ་ནི། ད་ལྟ་ཁྱོད་རང་འགྲོ་བ་རྒྱུ་ལྔའི་ལམ་ཁ་བྲག་གི་འདུས་མདོར་ཡར་འགྲོ་མར་འགྲོ་གཉིས་ཀྱི་ས་མཚམས་ན་ཡོད་པའི་སྐབས་འདིར་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟར་འདུན་པའི་སེམས་ཀྱིས་བསྒྱུར་ཤིན་ཏུ་སླ་བས་དེའི་ཕྱིར་ཁྱོད་མ་ཡེངས་མ་འཁྲུལ་བར། བར་དོའི་སྣང་ཚུལ་འདི་རྣམས་ཐམས་ཅད་བདེན་མེད་སྒྱུ་མར་ཤེས་པའི་ངང་ནས། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ། ཕ་མ་སེམས་ཅན་ལ་སེམས་སྙོམས། མར་ཤེས་དྲིན་དྲན་དྲིན་གཟོ་བྱམས་པ་བསྒོམ་པ་སོགས་དང་། དེ་རྣམས་ཀྱི་སྡུག་བསྔལ་ལ་དམིགས་པའི་སྙིང་རྗེ་བསྒོམ་པ་དང་། དེ་དག་གི་དོན་ཕྱིར་སངས་རྒྱས་ཐོབ་འདོད་ཀྱི་བྱང་སེམས་བསྒོམ་པ་སོགས་ཀུན་སློང་རྣམ་པར་དག་པའི་རྣམ་སྨིན་བརྒྱད་ལྡན་ནི། མཐོ་རིས་ཡོན་ཏན་༼རིགས་ལྡན་གཟུགས་བཟང་ལོངས་སྤྱོད་ཆེ་ཤོས་ཕུན་ཚོགས་དབང་ཕྱུག་ལྡན། ནད་མེད་ཤིན་ཏུ་ཚེ་རིང་བ། མཐོ་རིས་ཡོན་ཏན་བདུན་ཞེས་བཤད། ༽བདུན་ལྡན་དལ་འབྱོར་གྱི་ལུས་རྟེན་གཅིག་བླངས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་སྒྲུབ་ནུས་པ་ཞིག་བྱ་སྙམ་པའི་ངང་ནས། གང་དུ་སྐྱེ་འགྱུར་གྱི་ཕ་མ་འདུ་འཕྲོད་ཀྱི་སྣང་བ་མཐོང་བའང་། བླ་མ་ཡི་དམ་དབྱེར་མེད་ཡབ་ཡུམ་གྱི་རྣམ་པར་བསྒོམས་པས་མངལ་དུ་རང་ཉིད་སེམས་བསྐྱེད་ཀྱི་འཕེན་ཤུགས་དྲག་པོས་ཞུགས་ཏེ་མངལ་སྒོ་བཀག་ནས་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་སོགས་དག་པའི་རྩལ་སྦྱོང་གྱིས་ཤིག དེ་ལྟར་གལ་སྲིད་རང་སྟོབས་ཀྱིས་གྲོལ་བར་མ་ནུས་ནའང་། ཁྱོད་ཀྱི་ཤུལ་དུ་མཆིས་པའི་ཉེ་འབྲེལ་འདི་རྣམས་ཀྱིས་ཁྱོད་ཀྱི་ཆེད་དུ། བླ་མ་དང་དཀོན་མཆོག་གསུམ་ལ་མཆོད་པ། སྐྱེ་བོ་ལ་སྦྱིན་གཏོང་མདོ་སྡེ་ཟབ་མོ་ཀློག་འདོན། རྒྱུད་སྡེ་དུ་མའི་དཀྱིལ་འཁོར་བསྒྲུབ་མཆོད་སོགས་དགེ་བའི་སྟོབས་རྒྱ་ཆེན་བགྱིས་པ་འདིས་ཁྱོད་གནས་ངན་ལེན་པའི་སྡིག་སྒྲིབ་དག་སྟེ་མཐོ་རིས་ཐར་བའི་གོ་འཕང་ཐོབ་པར་འགྱུར་བ་ཡིན་པས་དེའི་ཕྱིར་ཁྱོད་ཤི་བ་ལ་སྡུག་བསྔལ་ཅི་ཡང་མི་འཚལ། ཁྱད་པར་ངེད་ཅག་རྣམས་ཀྱིས་ཀྱང་།༼ གནས་ལུང་དང་དབང་བསྐུར་སྐབས་ཡིན་ན། འདི་ཞེས་བྱ་བ། ༽དཀྱིལ་འཁོར་དུ་བཅུག་ནས་གནས་ལུང་དབང་བསྐུར་གྱི་ཆོ་ག་བྱེད་པ་ཡིན་པས། ༼ཕུང་པོའམ། མིང་བྱང་ངོ་། །རུས་པ་སོགས་ལ། ༽རྣམ་ཤེས་ཀྱི་རྟེན་ཆོས་ལ། ལུས་ཀྱིས་ཕྱག་དང་། ངག་གིས་སྐྱབས་འགྲོ་གསོལ་འདེབས། ཡིད་ཆགས་ཞེན་ཡེངས་འཁྲུལ་ཐམས་ཅད་སྤོངས་ལ།བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པར་གདུང་ཤུགས་དྲག་པོས་དད་མོས་གུས་པ་ཡང་དག་པ་དང་ལྡན་པས་གསོལ་བ་རྩེ་གཅིག་ཏུ་འདེབས་པར་གྱིས་ཤིག འཕོ་བའི་མཚམས་སྦྱོར་དང་འབྲེལ་ན། ཁྱད་པར་ངེད་ཅག་རྣམས་ཀྱིས་ཀྱང་། ཁྱོད་ལ་མྱུར་ལམ་གྱི་ཆོས་སྒོ་ཐུན་མོང་མ་ཡིན་པ་ཟབ་མོ་འཕོ་བའི་མཚམས་སྦྱོར་བསྟན་པར་བྱ་བ་ལ། ཐོག་མར་ཐུན་མོང་གི་སྔོན་འགྲོའི་ལམ་གྱིས་རྒྱུད་སྦྱང་དགོས་པས། དེའི་ཕྱིར་བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་འགྲོ་རྣམས་སྒྲོལ་འདོད་ཀྱི་ཚད་མེད་པའི་སྙིང་རྗེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་སྡིག་སྒྲིབ་སྦྱང་བ་ཚོགས་བསགས་པ། མོས་གུས་བླ་མའི་རྣལ་འབྱོར་སོགས་སྡིག་བཤགས་སྒྲིབ་སྦྱོང་གི་རིམ་པ་འདི་རྣམས་ལ་ཚིག་ཕྱིར་སེམས་གཞོལ་བའི་ངང་ནས་དད་འདུན་མོས་པ་རྩེ་གཅིག་ཏུ་གྱིས་ཤིག །ཅེས་བརྗོད་ལ། སྔོན་འགྲོ་རྒྱས་བསྡུས་གང་རིགས་དང་སངས་རྒྱས་ཀྱི་མཚན་བརྗོད་པ་དང་བར་དོའི་འཇིགས་སྐྱོབ་སོགས། སྨོན་ལམ་གང་འོས་བྱའོ། ། ཀྱཻ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཁྱོད་ལ་ད་ནི་མ་བསྒོམས་པར་སངས་རྒྱས་པའི་ཆོས་དྲུག་གི་ནང་ཚན་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བ་དང་། ལེ་ལོ་ཅན་འཆི་ཁར་གྲོལ་བའི་གདམས་ངག་ཁྱད་པར་ཅན་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་ཟབ་མོ་ཟབ་ལམ་འཕོ་བའི་གདམས་པ་འདི་ཉིད་འབོག་པའི་སྐབས་སུ་བབས་པ་ཡིན། འདི་ལ་སྤྱི་དོན་རྣམ་པ་བཞི་ཡོད་དེ། འཕོ་བ་དགོས་པའི་རྒྱུ་མཚན། གང་དུ་འཕོས་པའི་ཕན་ཡོན། མ་འཕོས་པའི་ཉེས་སྐྱོན། འཕོ་བ་དངོས་ཀྱི་ངོ་བོ་ཇི་ལྟར་བྱ་བའི་ཚུལ་རྣམས་ལས། དང་པོ་འཕོ་བ་དགོས་པའི་རྒྱུ་མཚན་ནི། ཨོ་རྒྱན་ཆེན་པོས། སྒོ་དགུ་འཁོར་བའི་སྐར་ཁུང་ཅནཿ སྒོ་གཅིག་ཐར་པ་བྱང་ཆུབ་ལམཿ སྒོ་དགུ་བཀག་ནས་སྒོ་གཅིག་དབྱེཿ རྣམ་པར་ཤེས་པ་དེར་འཕོས་ནཿ འགྲོ་དྲུག་གནས་ནས་རྒྱངས་ཀྱིས་འཕགསཿ མཆོག་གི་དངོས་གྲུབ་ཐོབ་པར་འགྱུརཿ ཞེས་གསུངས། གཉིས་པ་གང་དུ་འཕོས་པའི་ཕན་ཡོན་ནི། རྒྱུད་རྡོ་རྗེའི་གདན་བཞི་ལས། བུ་ག་དགུ་ཡི་སྟེང་ཕྱོགས་སུཿ འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་ནཿ ཉིན་བཞིན་བྲམ་ཟེ་གསོད་པ་དངཿ མཚམས་མེད་ལྔ་པོ་བྱེད་པ་དངཿ ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པཿ འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེཿ སྡིག་པས་གོས་པར་མི་འགྱུར་རོཿ ཞེས་སོ། །གསུམ་པ་མ་འཕོས་པའི་ཉེས་སྐྱོནཿ མཁའ་འགྲོ་མ་ཀུན་ཏུ་རྟོགས་པའི་རྒྱུད་ལས། རྣམ་ཤེས་རླུང་ལ་རྟ་བྱས་ནསཿ འོག་གི་ལམ་ལ་ཕྱིན་གྱུར་ནཿ ཆོས་ལ་གོམས་པའི་གང་ཟག་ཀྱངཿ ངན་སོང་གནས་སུ་ལྟུང་བ་མངཿ མགྲོན་པོ་ལམ་དུ་ཞུགས་པ་ལཿ གྲོགས་ཀྱིས་བསྒྱུར་བ་ཇི་བཞིན་ནོཿ ཞེས་གསུངས། བཞི་བ་འཕོ་བ་དངོས་ཀྱི་ངོ་བོ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ་སྟེ། འཕོ་བར་བྱ་བ་དང་། འཕོ་བར་བྱེད་པ་དང་། འཕོ་བའི་ཡུལ་རྣམས་སོ། །དེ་ལ་དང་པོ་འཕོ་བར་བྱ་བ་ནི་ད་ལྟའི་ཁྱོད་རང་གི་རྣམ་པར་ཤེས་པའི་ངོ་བོ་དྲན་བསམ་བདེ་སྡུག་སྣ་ཚོགས་ཀྱི་འཆར་གཞི་སྐད་ཅིག་ཀྱང་སྡོད་དབང་མེད་པ་འདི་ཡིན། གཉིས་པ་འཕོ་བར་བྱེད་པ་ནི། ངེད་ཅག་རྣམས་ཀྱིས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་དང་ལྡན་པའི་ངང་ནས་ཟབ་ལམ་འཕོ་བའི་གདམས་ངག་ཟབ་མོ་འབོག་པ་འདི་ཉིད་ཡིན། གསུམ་པ་གང་དུ་འཕོ་བའི་ཡུལ་ནི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་གཙོ་བོ་སངས་རྒྱས་འོད་དཔག་ཏུ་མེད་པ་དེ་ཉིད་ཀྱི་ཐུགས་ཀར་འདུན་པ་རྩེ་གཅིག་ཏུ་གཏད་དེ་འཕོ་དགོས་པ་ཡིན། ཇི་ལྟར་འཕོ་བའི་ཚུལ་འདི་ལའང་། གྲུབ་མཐའ་གསར་རྙིང་དང་། བཀའ་གཏེར་དག་སྣང་སོགས་སོ་སོའི་ལུགས་སྲོལ་ལ། ཕྱི་འདུས་བྱས་རྫས་ཀྱི་འཕོ་བ། ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ། གསང་བ་རླུང་རིག་ཁ་སྦྱོར་ལ་བརྟེན་ནས་འཕོ་བ། དེ་ཁོ་ན་ཉིད་ཆོས་ཉིད་དོན་གྱི་འཕོ་བ་དང་། གཞན་ཡང་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ། ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། སྤྲུལ་སྐུ་ཚད་མེད་སྙིང་རྗེའི་འཕོ་བ་སོགས་བྱེད་ལས་དང་། བསྐྱེད་རྫོགས་རྟེན་ཅན་དང་རྟེན་མེད་ཀྱི་འཕོ་ཚུལ་སོགས་མང་དུ་ཡོད་ཀྱང་ད་ལམ་འདིར་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་བློན་པོ་ཉི་མ་ཞེས་བྱ་བ་ཞིག་ཡོད་པ་དེ་ཉིད་ཀྱི་དོན་དུ། ཨོ་རྒྱན་ཆེན་པོས་སངས་རྒྱས་འོད་དཔག་མེད་ལ་ཞུས་ནས་བློན་པོ་ལ་གནང་། བློན་པོས་ཞག་གསུམ་བསྒོམས་པས་དགོས་དོན་ཐམས་ཅད་འགྲུབ། དེའི་དུས་སུ་བློན་པོས་གསེར་དངུལ་ཉི་ཟླ་འདྲ་བ་ཕྱག་རྟེན་དུ་ཕུལ་བའི་རྟེན་འབྲེལ་གྱིས་མ་འོངས་པའི་དུས་ན་ཆོས་འདིའི་འགྲོ་དོན་འབྱུང་བར་དགོངས་ནས། སློབ་དཔོན་ཉིད་ཀྱི་སྲིན་མཛུབ་ལ་སྐུ་མཚལ་ཕྱུང་སྟེ་ཤིང་ཏ་ལའི་ལོ་མར་ཡི་གེར་བྲིས་པ། གསེར་དངུལ་སོགས་རིན་པོ་ཆེ་སྣ་ལྔའི་སྒྲོམ་དུ་བཅུག་ནས། དྭག་ལ་སྒམ་པོའི་རི་འགྲམ་མཚོ་མཎྜལ་འདྲ་བ་ལ་གཏེར་དུ་སྦས་པ་ཕྱིས་བློན་པོ་ཉི་མའི་སྤྲུལ་པ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་དགུང་ལོ་བརྒྱ་དང་ཉི་ཤུར་བཞུགས་པའི་སྔགས་འཆང་ཆེན་པོ་དེ་ཉིད་ཀྱིས་གཏེར་ནས་གདན་དྲངས་ཏེ་རིམ་པར་སྤེལ་བའི་ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་ཞེས་ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ་འདི་ཉིད་འབོག་པའི་སྐབས་སུ་བབས་པ་ཡིན། དེའི་སླད་དུ་ཁྱོད་རང་གིས་བདག་ཏུ་བཟུང་བའི་ཡུལ་དང་ས་ཆ། གནས་མལ་ཁང་ཁྱིམ། ཉེ་འབྲེལ་འཁོར་འབངས་ཟས་ནོར་ལོངས་སྤྱོད། གཅེས་པའི་སྒྱུ་ལུས་དང་བཅས་པ་འདི་རྣམས་ཐམས་ཅད། བླ་མ་དང་སངས་རྒྱས་འོད་དཔག་མེད་པ་འཁོར་དང་བཅས་པ་རྣམས་ལ་ཕྱག་རྟེན་མཎྜལ་གྱི་ཚུལ་དུ་ཕུལ་ལ། ཚེ་སྔ་མའི་སྤྱོད་ཡུལ་གྱི་ཆགས་ཞེན་འཁྲི་བ་ཐམས་ཅད་རྦད་ཀྱིས་བཅད་ནས། ཡིད་གཞན་དུ་མ་ཡེངས་པར་འདུ་ཤེས་བརྒྱད་དང་ལྡན་པ་ཞིག་ངེས་པར་དགོས་པས། དེའི་ཚུལ་ནི། དང་པོ་ཁྱོད་རང་གི་ལུས་འདི་ཉིད་ལ་གཞན་ལ་གཡར་པོའི་གནས་ཁང་ལྟ་བུའི་འདུ་ཤེས། རྣམ་པར་ཤེས་པ་ད་ལྟ་འགྲོ་རྒྱུའི་མགྲོན་པོ་ལྟ་བུའི་འདུ་ཤེས། རླུང་ནི་རྟ་གླང་སོགས་ཞོན་པའི་འདུ་ཤེས། རྩ་དབུ་མ་ལ་འགྲོ་བའི་ལམ་གྱི་འདུ་ཤེས། སྤྱི་གཙུག་ཚངས་བུག་ནི་སྒོ་ཡི་འདུ་ཤེས། ཧིཀ་ནི་སྐྱེལ་མའི་འདུ་ཤེས། ཟབ་ལམ་འཕོ་བ་བརྒྱུད་པའི་བླ་མ་རྣམས་དང་བདེ་ཆེན་དཔའ་བོ་དཔའ་མོ་རྣམས་ལ་བསུ་མའི་འདུ་ཤེས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེ་ཉིད་དཔེར་ན་ཚོང་པ་རང་ཁྱིམ་དུ་འགྲོ་བ་ལྟ་བུའི་ཡུལ་གྱི་འདུ་ཤེས་རྣམས་བསྒོམས་ནས་དམིགས་པ་འདི་ལྟར་དུ་མཛོད་ཅིག །ཁྱོད་རང་གི་རིག་པ་ཆུ་ལས་ཉ་འཕར་བ་ལྟར་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དམར་མོ་སྟེང་ཞལ་དོན་དམ་དག་པ་ཕག་ཞལ་ནག་པོ་གཡས་སུ་ལྟ་ཞིང་། རྩ་ཞལ་ཀུན་རྫོབ་རྣམ་དག ཁྲོ་བོའི་ཞལ་གཅིག་སྤྱན་གསུམ་ཁྲོ་འཛུམ་ཆགས་པའི་ཉམས་ལྡན། མཆེ་བའི་མྱུ་གུ་བཞི་ཅུང་ཟད་གཙིགས་པ། གནག་སྣུམ་དབུ་སྐྲའི་ལྕང་ལོ་ཐུར་དུ་འཕྱང་ཞིང་སིལ་བུར་གྲོལ་བ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པའི་རྟིང་པ་པད་ཉིའི་སྟེང་དུ་བམ་རོའི་སྙིང་གར་གར་སྟབས་ཀྱིས་བཞུགས་པ། མཆན་གཡོན་དུ་ཡབ་ཧེ་རུ་ཀ་སྦས་ཚུལ་གྱི་ངོ་བོ་ཁ་ཊྭཱཾ་ཀ་བརྟེན་པ་ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། སྐུ་གཅེར་བུ་ལ་རུས་པའི་ཕྱག་རྒྱ་ལྔ་དང་། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། ལང་ཚོ་དར་ལ་བབ་ཅིང་འཇོ་སྒེག་གི་ཉམས་དང་ལྡན་པ། སྐུའི་ནང་སྣང་སྟོང་འོད་ཀྱི་རང་བཞིན་ཕྲུ་མ་ལ་ཕུས་བཏབ་པ་ལྟ་བུ་ཕྱི་བལྟས་ནང་གསལ་དུ་བསྒོམ་པའི་མིག་དང་ཁ་སྣ་ལ་སོགས་ངན་འགྲོའི་སྒོ་དགུ་པོ་ཐམས་ཅད་ཧཱུྃ་ཡིག་དམར་པོ་མགོ་ཕྱིར་བསྟན་པ་རེ་རེས་བཀག་པའི་མོས་པ་མཛོད། དེ་ལྟར་ཁྱོད་རང་གི་ལུས་ཀྱི་ཕྱིའི་དབྱིབས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ལུས་ཀྱི་དབུས་དྲང་པོར་ཁང་སྟོང་ནང་དུ་ཀ་བ་བཙུགས་པ་ལྟ་བུ་རྩ་ཨ་ཝ་དྷུ་ཏི་ཕྱི་དཀར་ལ་ནང་དམར་བ་མདའ་སྨྱུག་ལྟར་དྲང་བ། ཏིལ་གྱི་མར་མེ་ལྟར་གསལ་བ། པདྨའི་འདབ་མ་ལྟར་སྲབ་པ། ནང་སྟོང་པ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣེ་སྤྱི་གཙུག་ཚངས་བུག་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུའི་ནང་དུ་ཟང་ཐལ་ལེ་སོང་བ། མར་སྣེ་ལྟེ་འོག་ཏུ་ཁ་ཟུམ་པ་གཡས་གཡོན་དུ་རོ་རྐྱང་གཉིས་དང་བཅས་ཏེ། དེ་ལྟར་སྐུ་གསུམ་གྱི་ངོ་བོ་རྩ་ཡི་གཙོ་བོ་གསུམ་པོ་དེ་ལ་འཁོར་ལོ་བཞིས་བརྟེན་པའི་སྙིང་གའི་ཐད་དུ་སྨྱུག་མ་ཚིགས་ཀྱིས་བཅད་པ་ལྟ་བུའི་ནང་དུ། རླུང་གི་དཀྱིལ་འཁོར་ཡངས་ཤིང་གཡོ་བའི་སྟེང་དུ་ཁྱེད་རང་གི་རླུང་སེམས་མི་ཤིགས་པའི་ངོ་བོ་དྭངས་མ་ལྔ་འདུས་༼སྙིང་ཞེས་རྣམ་ཤེས་སྲོག་གི་རྟེན། །ཤ་ཡི་དངོས་པོ་དབུ་མའི་རྩ། །ཐིག་ལེའི་དྭངས་མ་བདེ་ཆེན་ཧཾ། །དབུགས་ཀྱི་དྭངས་མ་སྲོག་གི་རླུང་། །ཡིད་ཀྱི་དྭངས་མ་ཀུན་གཞིའི་སེམས། །ཞེས་དྲི་མ་མེད་པ་སྙིང་པོའི་རྒྱུད་ལས་སོ། །༽ཀྱི་ཐིག་ལེ་དཀར་ལ་དམར་བ་གསལ་ལ་འཚེར་བ། སྣུམ་ལ་འདྲིལ་བ་འཕར་ལམ་ལམ་བྱེད་པ་ཞིག་གསལ་ཐོབ། རྩ་དབུ་མའི་ཡར་སྣེ་སྤྱི་གཙུག་ཚངས་པའི་བུ་གར་ཟུག་པ་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུ་དཀར་སང་ངེ་ཡོད་པའི་སྟེང་གི་ནམ་མཁར་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་ཟེའུ་འབྲུའི་དབུས་སུ་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླ་བརྩེགས་པའི་གདན་ལ། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་དབྱེར་མེད་པའི་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་པདྨ་ར་གའི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་ཞལ་གཅིག་འཛུམ་མདངས་དང་ལྡན་པ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་ལ་སོགས་མཚན་བཟང་དཔེ་བྱད་ཀྱིས་སྤྲས་པ་གཟི་བྱིན་མཚུངས་པ་མེད་པ་འོད་ཟེར་མཐའ་ཡས་པར་འཕྲོ་ཞིང་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྒྲོལ་ནུས་པའི་བདག་ཉིད་ཅན་དུ་བཞུགས་པའི་མཐར། ཟབ་ལམ་འཕོ་བ་བརྒྱུད་པའི་བླ་མ་རྣམས་དང་སྐྱབས་གནས་རྒྱལ་བ་སྲས་དང་སློབ་མར་བཅས་པས་བསྐོར་བ་ཐམས་ཅད་ཀྱང་སྐུ་མཚན་དཔེའི་གཟི་བྱིན་འོད་དུ་འབར་བ། གསུང་གྲགས་སྟོང་ཆོས་ཉིད་ཀྱི་རང་སྒྲ་སྒྲོག་པ། ཐུགས་ཟབ་གསལ་གཉིས་མེད་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ཏུ་འགྱེད་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྣམ་རོལ་འཁོར་འདས་ཀྱི་དཔལ་དུ་འབར་ཞིང་། ཕྲིན་ལས་རྒྱུན་མི་ཆད་པའི་ཐུགས་རྗེ་སྲིད་མཚོར་གནས་པའི་འགྲོ་བ་ཀུན་ལ་ཡེ་ཤེས་ཀྱི་འཇུག་པ་སྐད་ཅིག་ཀྱང་མི་གཡེལ་བའི་བདག་ཉིད་ཅན་དུ་བཞུགས་ཏེ། དམིགས་ཡུལ་ཁྱོད་རང་ལ་བརྩེ་བའི་ཐུགས་ཀྱིས་དགོངས། དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས་ཏེ། ཁྱོད་ཀྱི་རྣམ་ཤེས་བདེ་ཆེན་དག་པའི་ཞིང་དུ་འདྲེན་པའི་དེད་དཔོན་དུ་བྱོན་པར་བསྒོམས་ལ་སྐྱབས་གནས་བསླུ་བ་མེད་པ་དེ་དག་གི་ཐུགས་རྗེ་དང་ཡོན་ཏན་རྗེས་སུ་དྲན་པའི་ངང་ནས་ལུས་གུས་པའི་སྒོ་ནས་ཐལ་མོ་སྦྱར་ཏེ། ཡིད་ཁྱེད་ཤེས་ཀྱི་དད་པ་དང་མོས་གུས་སྙིང་གི་དཀྱིལ་དང་རུས་པའི་གཏིང་ནས་བཟོད་མེད་དུ་འབར་བ་མཆི་མ་འཁྲིགས་པ་ཙམ་དུ་བསྐྱེད་ལ། ངག་གདུང་ཤུགས་དྲག་པོས་ཁ་ཙམ་དང་ཚིག་ཙམ་མ་ཡིན་པར་སྨྲེ་སྔགས་ཀྱི་དམིགས་རིམ་དང་གསོལ་འདེབས་འདི་དག་བྱེད་པའི་མོས་པ་མཛོད། ༈ ན་མོ་གུ་རུ་ཚེ་འདས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །དྭངས་གསལ་སྒྲིབ་མེད་འོད་སྐུར་ཡོངས་རྫོགས་པའི། །སྒོ་དགུར་མར་མེ་ལྟར་འབར་ཧཱུྃ་ཡིག་ལས། །འོད་འཕྲོས་ལུས་ཀུན་ཁྱབ་ཅིང་བརྟན་པར་བཀག །དེ་དབུས་སྙིང་པོའི་སྲོག་ཤིང་དབུ་མའི་རྩ། །རོ་རྐྱང་འཁོར་ལོ་བཞི་དང་བཅས་པ་ཡི། །སྙིང་གར་རླུང་དཀྱིལ་ཡངས་ཤིང་གཡོ་བའི་སྟེང་། །རྣམ་ཤེས་ཐིག་ལེ་འོད་མདངས་ལྡན་པར་གྱུར། །སྤྱི་བོར་པད་ཟླར་རྩ་བའི་བླ་མ་དང་། །དབྱེར་མེད་སངས་རྒྱས་འོད་དཔག་མེད་མགོན་ལ། །བརྒྱུད་ལྡན་བླ་མ་རྣམས་དང་ཕྱོགས་དུས་ཀྱི། །རྒྱལ་བ་རབ་འབྱམས་མ་ལུས་ཀུན་གྱིས་བསྐོར། །བདག་གཞན་མར་གྱུར་མཁའ་མཉམ་འགྲོ་ཀུན་ལ། །བྱམས་བརྩེའི་ཐུགས་ཀྱིས་དགོངས་བཞིན་བཞུགས་པར་གསལ། །ཨེ་མ་ཧོ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །གཏེར་སྟོན་ཉི་ཟླ་སངས་རྒྱས་ལ༴ མཚུངས་མེད་ནམ་མཁའ་རྒྱལ་མཚན༴ རྟོགས་ལྡན་སང་ག་བྷ་ཏྲ་ལ༴ ཕ་རྒོད་དྲི་མེད་བློ་གྲོས་ལ༴ ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ༴ མཚུངས་མེད་མ་ཏི་མཚན་ཅན་ལ༴ ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ༴ འདྲེན་མཆོག་ཀརྨ་ཆོས་རྒྱལ་ལ༴ སྔགས་འཆང་པདྨ་དབང་གྲགས་ལ༴ ཐུགས་ཆེན་ཀརྨ་ཆགས་མེད་ལ༴ གྲུབ་ཐོབ་པདྨ་རིག་འཛིན་ལ༴ འདྲེན་མཆོག་ནམ་མཁའ་འོད་གསལ་ལ༴ འགྱུར་མེད་ཐེག་མཆོག་བསྟན་འཛིན་ལ༴ པདྨ་ཀུན་གྲོལ་རྣམ་རྒྱལ་ལ༴ ངེས་དོན་བསྟན་འཛིན་བཟང་པོ༴ ནམ་མཁའ་ཚེ་དབང་མཆོག་གྲུབ༴ དྲིན་ཅན་རྩ་བའི་བླ་མ་ལ༴ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བསྒྲོད་པར་བྱིན༴ ཚེ་འདས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན༴ ངེད་ཀྱིས་ཧིཀ་དང་ཕཊ་ཀྱི་སྒྲ་དྲག་པོར་བརྗོད་པའི་ཚེ། ཁྱེད་རང་གི་སྙིང་གའི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་ནམ་མཁའི་སྐར་མདའ་ཡར་བ་ལྟར་རྩ་དབུ་མའི་ལམ་བརྒྱུད་དེ་སོང་བ་སྤྱི་གཙུག་ཚངས་བུག་ནས་ཐོན་ཏེ། སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་ནས་ཐུགས་ཡིད་དབྱེར་མེད་དུ་འདྲེས་མ་ཐག་ཏུ་འོག་མིན་མཁའ་སྤྱོད་བདེ་ཆེན་དག་པའི་ཞིང་དུ་གཤེགས་ཤིག ཅེས་སྦྱར་ལ། ཧིཀ་དང་། ཕཊཿ བདུན་བདུན་རེའི་སྒྲ་ཡིས་འཕོ་བར་བྱ། དེ་ནས་ཡང་། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ༴ དྲིན་ཅན་རྩ་བའི་བླ་མས་ཐུགས་རྗེས་ཟུངས། །རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན༴ མྱུར་ལམ་འཕོ་བས་མཁའ་སྤྱོད་བསྒྲོད་པར་བྱིན༴ ཚེ་འདས་འདི་ནས་ཚེ་འཕོས༴ བདེ་བ་ཅན་དུ་སྐྱེ་བར༴ ཞེས་དང་། གོང་གི་འཕོ་དམིགས་དང་། ཧིཀ་དང་། ཕཊཿཅི་མང་བརྗོད་ལ། སླར་ཡང་སྨིན་གླིང་གཏེར་ཆེན་གྱི། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངངཿ སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པའིཿ ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལཿ དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོགཿ ཅེས་བརྗོད་ཅིང་། ཧིཀ་དང་ཕཊཿསྒྲ་ཅི་མང་བརྗོད། ཡང་གྲུབ་དབང་རྫོགས་ཆེན་པའི། ཀྱེ་མ་ཚེ་འདས་ཀྱི་རྣམ་ཤེས་རྟེན་དང་བཅས། །འོད་བུན་ནེ་སངས་རྒྱས་ཀྱི་ཐུགས་ཀར་འཕོས། །ཀློང་ཕྱམ་གཅིག་དབྱེར་མེད་བྱང་ཆུབ་ནས། །སྐུ་བདེ་ཆེན་ཞིང་གི་རྒྱན་དུ་ཤོག །ཅེས་པའི་མཐར། ཕཊཿདྲག་པོ་འགའ་ཞིག་གིས་དབྱིངས་སུ་བསྐྱལ། གང་འཕོ་བྱ། ཇི་ལྟར་འཕོ་བྱེད། གང་དུ་འཕོ་ཡུལ་གསུམ་ག་མཚན་ཉིད་འདི་ཡིན་གྱི་གཟའ་གཏད་བྲལ་བའི་སྟོང་ཉིད་མཆོག་ཏུ་མི་འགྱུར་བའི་གནས་ལུགས་དེ་བཞིན་ཉིད་ཀྱི་ངང་ལ་དར་ཅིག་མཉམ་པར་བཞག དེ་ནས་འཁོར་གསུམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོར་རྒྱས་འདེབས་པ་ཡིན་པས་ཀུན་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ། །མཉམ་བཞག་ལས་ལངས་མཐར་དགེ་བ་བསྔོ་ཞིང་། སྨོན་ལམ་ཅི་རིགས་བརྗོད་པར་བྱའོ། །ཞེས་བར་དོའི་ངོ་སྤྲོད་འཁྲུལ་སྣང་རང་གྲོལ་ལས། གཞན་དོན་ཕྲིན་ལས་ཀྱི་སྐོར་ལོགས་སུ་ཕྱེས་པ་འདི་ཡང་། རང་སློབ་བླ་མ་ནམ་མཁའ་ལྷུན་གྲུབ་ལ་ཉེ་བར་མཁོ་བའི་ཆེད་དུ། ཤཱཀྱའི་དགེ་སྦྱོང་རྒན་པོ་འགྱུར་མེད་རྒྱལ་མཚན་བཟང་པོས་བསྒྲིགས་པའོ། །སརྦ་མངྒ་ལཾ།

འཕོ་བའི་གདམས་པ་བདེ་བ་ཅན་དུ་བསྒྲོད་པའི་ཤིང་རྟ།

༄༅། མྱུར་ལམ་ཟབ་མོ་འཕོ་བའི་གདམས་པ་བདེ་བ་ཅན་དུ་བསྒྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས།

༄༅། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་མྱུར་ལམ་ཟབ་མོ་འཕོ་བའི་གདམས་པ་འདི་ཉིད་ཞུས་ནས་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་མཛད་ནས་གསན་འཚལ། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། འོ་སྐོལ་གྱི་སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རང་ཅག་གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་ཁམས་དང་བསམ་པ་དང་མཐུན་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱི་ནང་ནས། མ་བསྒོམས་པར་སངས་རྒྱས་པའི་ཆོས་དྲུག་ཡོད་པའི་དེའི་ནང་ཚན། སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བ་དང་། ལེ་ལོ་ཅན་འཆི་ཁར་གྲོལ་བའི་གདམས་ངག་ཁྱད་པར་ཅན་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་ཟབ་མོ་ཟབ་ལམ་འཕོ་བའི་གདམས་པ་ཞེས་བྱ་བ་དེ་འབོག་པའི་སྐབས་སུ་བབས་པ་ཡིན། འདི་ལ་སྤྱི་དོན་རྣམ་པ་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བའོ། །དང་པོ་སྦྱོར་བ་སྔོན་འགྲོ་འཕོ་ལུང་འདི་ཉིད་ཀྱི་གོ་དོན་བཤད་པ་གསུམ་སྟེ། འཕོ་ལུང་འདི་ཉིད་ཞུས་ནས་སྦྱང་དགོས་པའི་རྒྱུ་མཚན། མ་སྦྱངས་པའི་ཉེས་སྐྱོན། སྦྱངས་པའི་ཕན་ཡོན་རྣམས་ལས། དང་པོ་ཞུས་ནས་སྦྱང་དགོས་པའི་རྒྱུ་མཚན་ནི། ཨོ་རྒྱན་ཆེན་པོས། གང་ཞིག་རྟོགས་པའི་ཡེ་ཤེས་ཆེཿ ཚེ་འདིར་ཉམས་འོག་མ་ཚུད་ནཿ བཙན་ཐབས་འཕོ་བའི་མཚམས་སྦྱོར་བྱཿ དེས་ནི་འགྲུབ་འགྱུར་གདོན་མི་ཟཿ ཞེས་གསུངས་པ་ལྟར་རོ། །གཉིས་པ་མ་སྦྱངས་པའི་ཉེས་སྐྱོན་ནི། མཁའ་འགྲོ་མ་ཀུན་ཏུ་རྟོགས་པའི་རྒྱུད་ལསཿ རྣམ་ཤེས་རླུང་ལ་རྟ་བྱས་ནསཿ འོག་གི་ལམ་ལ་འཕོས་གྱུར་ནཿ ཆོས་ལ་གོམས་པའི་གང་ཟག་ཀྱངཿ ངན་སོང་གནས་སུ་ལྟུང་བ་མངཿ མགྲོན་པོ་ལམ་དུ་ཞུགས་པའི་མིཿ གྲོགས་ཀྱིས་བསྒྱུར་བ་ཅི་བཞིན་ནོཿ ཞེས་དང་། གསུམ་པ་ཞུས་ནས་སྦྱངས་པའི་ཕན་ཡོན་ནི། རྒྱུད་རྡོ་རྗེའི་གདན་བཞི་ལས། བུ་ག་དགུ་ཡི་སྟེང་ཕྱོགས་སུཿ འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་པཿ ཉིན་བཞིན་བྲམ་ཟེ་གསོད་པ་དངཿ མཚམས་མེད་ལྔ་པོ་བྱེད་པ་དངཿ ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པཿ འདི་ཡི་ལམ་གྱིས་གྲོལ་གྱུར་ཏེཿ སྡིག་པས་གོས་པར་མི་འགྱུར་རོཿ ཞེས་དང་། ཉེས་པ་ཀུན་གྱིས་གོས་པ་ནིཿ འཕོ་བའི་སྦྱོར་བ་སྦྱར་བས་གྲོལཿ སྡིག་པས་ཀུན་ནས་མི་གོས་ཏེཿ འཁོར་བའི་ཕ་རོལ་མཆོག་ཏུ་འགྲོཿ ཞེས་དངཿ དགེ་སྦྱོར་ཐམས་ཅད་གཞུ་དང་འདྲཿ འཕོ་བ་ཐེབས་པ་མདའ་དང་འདྲཿ ཞེས་སོ། །གཉིས་པ་འཕོ་ལུང་འདིའི་དངོས་གཞི་ཇི་ལྟར་སྦྱང་བའི་ཚུལ་ལ་གསུམ་སྟེ། འཕོ་བར་བྱ་བ་དང་། འཕོ་བར་བྱེད་པ་དང་། འཕོ་བའི་ཡུལ་རྣམས་སོ། །དེ་ལ་དང་པོ་འཕོ་བར་བྱ་བ་ནི། རང་ཅག་རྣམས་ཀྱི་སེམས་ཞེས་མི་དྲན་དགུ་དྲན་དགེ་སྡིག་བདེ་སྡུག་ཐམས་ཅད་ཀྱི་བྱེད་པོ་ལས་རླུང་དང་འགྲོགས་ནས་ཡོད་པ་འདི་ལ་ཟེར་བ་ཡིན། གཉིས་པ་འཕོ་བར་བྱེད་པ་ནི། རང་སྟོབས་གཞན་སྟོབས་གང་རུང་གིས་ལམ་ཟབ་མོ་བསྐྱེད་རྫོགས་ཟུང་འཇུག་གི་གདམས་པ་ལ་སོགས་ཤིན་ཏུ་ཟབ་པའི་མན་ངག་ཁྱད་པར་ཅན་གྱི་གནད་དང་ལྡན་པས་འཕོ་བ་ཡིན། གསུམ་པ་གང་དུ་འཕོ་བའི་ཡུལ་འདི་ལ། སངས་རྒྱས་ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་སོགས་ཀྱི་ཞིང་ཁམས་ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་མང་དུ་ཡོད་ཀྱང་། ད་ལམ་འདིར་ནི་མདོ་རྒྱུད་མན་ངག་ཐམས་ཅད་དང་། ས་དགེ་རྙིང་གསུམ་སོགས་གྲུབ་མཐའ་ཀུན་གྱིས་ཞལ་མཐུན་པར་ཡིད་ལ་སྨོན་པ་ཙམ་གྱིས་དོན་མྱུར་དུ་འགྲུབ་པའི་ཞིང་ཁམས་ཁྱད་འཕགས་བླ་ན་མེད་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཡིན་པས་དེར་འཕོ་བའི་འདུན་པ་གཏད་དགོས། ཇི་ལྟར་འཕོ་བའི་ཚུལ་འདི་ལའང་། གསང་སྔགས་རྙིང་མ་དང་གསར་མ། བཀའ་མ་དང་གཏེར་མ་དག་སྣང་སོགས་སོ་སོའི་ལུགས་སྲོལ་གྱི། ཕྱི་འདུས་བྱས་རྫས་ཀྱི་འཕོ་བ་དང་། ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ་དང་། གསང་བ་རླུང་རིག་ཁ་སྦྱོར་ལ་བརྟེན་ནས་འཕོ་བ་དང་། དེ་ཁོ་ན་ཉིད་ཆོས་ཉིད་དོན་གྱི་འཕོ་བ་དང་། གཞན་ཡང་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་དང་། ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། སྤྲུལ་སྐུ་ཚད་མེད་སྙིང་རྗེའི་འཕོ་བ་སོགས་བྱེད་ལས་དང་བསྐྱེད་རྫོགས་རྟེན་ཅན་དང་རྟེན་མེད་ཀྱི་འཕོ་ཚུལ་སོགས་མང་དུ་ཡོད་ཀྱང་། ད་ལམ་འདིར་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་བློན་པོ་ཉི་མ་ཞེས་བྱ་བ་ཞིག་ཡོད་པ་དེ་ཉིད་ཀྱི་དོན་དུ་ཨོ་རྒྱན་ཆེན་པོ་ནས་སངས་རྒྱས་འོད་དཔག་མེད་ལ་ཞུས་ནས་བློན་པོ་ལ་གནང་། བློན་པོས་ཞག་གསུམ་དུ་བསྒོམས་པས་དགོས་དོན་ཐམས་ཅད་གྲུབ། དེའི་དུས་སུ་བློན་པོས་གསེར་དངུལ་ཉི་ཟླ་འདྲ་བ་ཕྱག་རྟེན་དུ་ཕུལ་བའི་རྟེན་འབྲེལ་གྱིས་མ་འོངས་པའི་དུས་ན་ཆོས་འདིའི་འགྲོ་དོན་འབྱུང་བར་དགོངས་ནས་སློབ་དཔོན་ཉིད་ཀྱི་སྲིན་མཛུབ་ལ་སྐུ་མཚལ་ཕྱུང་སྟེ་ཤིང་ཏ་ལའི་ལོ་མར་ཡི་གེར་བྲིས་པ་གསེར་དངུལ་སོགས་རིན་པོ་ཆེ་སྣ་ལྔའི་སྒྲོམ་དུ་བཅུག་ནས་གཏེར་དུ་སྦས་པ། ཕྱིས་བློན་པོ་ཉི་མའི་སྤྲུལ་པ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་དགུང་ལོ་བརྒྱ་དང་ཉི་ཤུར་བཞུགས་པའི་སྔགས་འཆང་ཆེན་པོ་དེ་ཉིད་ཀྱིས་གཏེར་ནས་གདན་དྲངས་ཏེ་རིམ་པར་སྤེལ་བའི་ཟབ་ལམ་འཕོ་བའི་གདམས་པ་འཇག་ཚུགས་མ་ཞེས། ནང་བསྐྱེད་རིམ་གསལ་འདེབས་ཀྱི་འཕོ་བ་འདི་ཉིད་འབོག་པའི་སྐབས་སུ་བབས་པ་ཡིན། འདི་ཞུ་བའི་སླད་དུ་ཁྱོད་རང་གིས་བདག་ཏུ་བཟུང་བའི་ཡུལ་དང་ས་ཆ་གནས་མལ་ཁང་ཁྱིམ་ཉེ་འབྲེལ་འཁོར་འབངས་ཟས་ནོར་ལོངས་སྤྱོད་གཅེས་པའི་སྒྱུ་ལུས་དང་བཅས་པ་འདི་རྣམས་ཐམས་ཅད་བླ་མ་དང་སངས་རྒྱས་འོད་དཔག་མེད་པ་འཁོར་བཅས་རྣམས་ལ་ཕྱག་རྟེན་མཎྜལ་གྱི་ཚུལ་དུ་ཕུལ་ལ། ཆགས་ཞེན་གྱི་འཁྲི་བ་ཐམས་ཅད་རྦད་ཀྱིས་བཅད་ནས་འདུ་ཤེས་བརྒྱད་དང་ལྡན་པ་ཞིག་ངེས་པར་དགོས་པས། དེའི་ཚུལ་ནི། ཁྱོད་རང་གི་ལུས་འདི་ཉིད་ལ་གཞན་ལ་གཡར་པོའི་གནས་ཁང་ལྟ་བུའི་འདུ་ཤེས། རྣམ་པར་ཤེས་པ་འདི་ནི་མི་འདུག་འགྲོ་རྒྱུའི་འགྲོན་པོ་ལྟ་བུའི་འདུ་ཤེས། རྩ་དབུ་མ་ལ་འགྲོ་བའི་ལམ་གྱི་འདུ་ཤེས། རླུང་ནི་རྟ་མཛོ་སོགས་ཞོན་པའི་འདུ་ཤེས། ཧིཀ་ནི་སྐྱེལ་མའི་འདུ་ཤེས། སྤྱི་གཙུག་ཚངས་བུག་ནི་སྒོ་ཡི་འདུ་ཤེས། སྤྱི་བོའི་བླ་མ་སངས་རྒྱས་འོད་དཔག་ཏུ་མེད་པ་བདེ་ཆེན་དཔའ་བོ་དཔའ་མོའི་ཚོགས་དང་བཅས་པ་རྣམས་ལ་བསུ་མའི་འདུ་ཤེས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེ་ཉིད་ལ་ས་མཐར་སོང་བའི་ཚོང་པ་དོན་ཐམས་ཅད་གྲུབ་པའི་ཚེ་རང་ཁྱིམ་དུ་ལྡོག་ནས་འགྲོ་བ་ལྟ་བུའི་ཡུལ་གྱི་འདུ་ཤེས་ཏེ། འདུ་ཤེས་བརྒྱད་དང་ལྡན་པའི་ངང་ནས་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་དུ་མཛོད་ཅིག ན་མོ་གུ་རུ། སྦྱིན་བདག་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ།། ཞེས་པ་ནས། བྱམས་བརྩེའི་ཐུགས་ཀྱིས་དགོངས་བཞིན་བཞུགས་པར་གྱུར། ། གྱི་བར་དང་། དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད། དེ་ནས། ཨེ་མ་ཧོ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་སོགས་གསོལ་འདེབས་ཆེ་ཆུང་གཉིས་དང་། སྤྲོ་ན་ཀློང་ཆེན་སྙིང་ཐིག་གི་འཕོ་ལུང་གསོལ་འདེབས་རྣམས་འདོན། གསོལ་འདེབས་རྣམས་ཀྱི་མཇུག་ཏུ། ངེད་ཀྱིས་ཧིཀ་དང་ཕཊ་ཀྱི་སྒྲ་བརྗོད་པའི་ཚེ་ཁྱེད་རང་རྣམས་ཀྱི་སྙིང་ཁའི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་ནམ་མཁའི་སྐར་མདའ་ཡར་བ་ལྟར་རྩ་དབུ་མའི་ལམ་ནས་རྒྱངས་སེ་སོང་བ་སྤྱི་གཙུག་ཚངས་བུག་ནས་ཐོན་ཏེ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་ནས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ངང་ལ་དར་གཅིག་མཉམ་པར་བཞག སླར་ཡང་ཀ་ཞེས་བརྗོད་པས་ཚེ་མར་ཧྲི་ལི་ལི་བབས་ཏེ་སྙིང་ཁར་རང་སར་གནས་པའི་མོས་པ་བརྟན་པོ་མ་ཡེངས་པར་གྱིས་ཤིག ཧིཀ་ཀ ཧིཀ་ཀ ཧིཀ་ཀ །ཞེས་མང་དུ་བརྗོད། དེས་དངོས་གཞིའི་ལས་རྣམས་གྲུབ་བོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ་སྟེ། བསྡུ་རིམ་དང་། བསྔོ་སྨོན། ཤིས་བརྗོད་དོ། །དེ་ལ་དང་པོ་བསྡུ་རིམ་ནི། དེ་ནས་སྤྱི་བོའི་ལྷ་རྣམས་ཀྱི། ཞེས་པ་ནས། མཐར་ནི་བླ་མ་ཚེ་དཔག་མེད། །འོད་ཞུ་སྦྱིན་བདག་སྙིང་ཁར་ཐིམ། །ཐུགས༴ཞེས་པ་ནས། རྡོ་རྗེའི་གོ་ཆས་གཏམས་པར་གྱུར།། གཉིས་པ་བསྔོ་སྨོན་ནི། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།། སོགས་དང་། དགེ་བ་འདི་ཡིས་སྐྱེ་བོ་ཀུན།། སོགས་བརྗོད། གསུམ་པ་ཤིས་བརྗོད་ནི། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད།། སོགས་དང་། བྲག་ཕུག་མ་ར་ཏི་ཀའི་ཀེའུ་ཚང་དུ།། སོགས་དང་། འཆི་མེད་ཚེ་ཡི་དཔལ་ལ་དབང་འབྱོར་ཞིང་།། སོགས་དང་། དཔོན་སློབ་མི་འབྲལ་ལྷན་ཅིག་གནས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་ཆང་བཞེས་སྤྲོ་རྒྱུན་མི་འཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །སོགས་བཀྲ་ཤིས་པའི་ཚིགས་སུ་བཅད་པ། ཅི་རིགས་བརྗོད་དོ། །ཞེས་པ་འདི་ནི་རང་སློབ་རྡོ་རྗེའི་རིག་འཛིན་དད་དམ་ཡང་དག་པ་དང་ལྡན་པའི་བླ་མ་ནམ་མཁའ་ལྷུན་གྲུབ་ལ་ཉེ་བར་མཁོ་བའི་ཆེད་དུ་ཤཱཀྱའི་དགེ་སྦྱོང་འགྱུར་མེད་རྒྱལ་མཚན་བཟང་པོས་མགྱོགས་པར་སྨྲས་པའི་དགེ་བས་འདི་དང་འབྲེལ་ཐོགས་ཐམས་ཅད་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།

བར་དོའི་ངོ་སྤྲོད་ཐོས་གྲོལ་གྱི་གནས་འདྲེན་དང་སྦྱར་ཚུལ།

༄༅། ཤི་ནས་ཉིན་ཞག་གཅིག་སོང་ཚར་བའི་ཚེ་འདས་ལ་ཐོས་གྲོལ་གྱི་གནས་འདྲེན་བྱེད་སྐབས་ཆོས་ཉིད་བར་དོའི་ངོ་སྤྲོད་མདོར་བསྡུས་བྱེད་འདོད་ན། ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལཿ ཞེས་པའི་འཕྲོར། འོ་འཇིག་རྟེན་འདི་ནས་སོགས་ནས། སྲིད་པ་བར་དོ་ཟེར་བ་ཡིན་བར་རང་གཞུང་ལྟར་ལ་དེ་ནས་གོང་གི་འཕྲོར་ཡིན་པས་ཞེས་སྦྱར་ལ། ད་ལམ་ཁྱོད་ལ་བར་དོ་དེ་རྣམས་ཀྱི་ནང་ནས་འཆི་ཁ་ཆོས་ཉིད་སྲིད་པ་བར་དོ་གསུམ་རིམ་པ་བཞིན་འཆར་བའི་སྐབས་ཡིན་པས། དེའི་ནང་ནས་དང་པོ་འབྱུང་འཁྲུགས་འཆི་ཁ་བར་དོའི་ཡུལ་དང་འབྱུང་བའི་ཐིམ་ཚུལ་རྟོག་པའི་འགག་ལུགས། མི་རྟོག་ཡེ་ཤེས་ཀྱི་འཆར་ཚུལ་རྣམས་ངོས་མ་ཟིན་པར་ད་ལྷུན་གྲུབ་ཆོས་ཉིད་ཀྱི་བར་དོ་འཆར་བའི་དུས་ལ་བབ་པ་སོགས་ཞེས་ནས། བརྟན་པ་ཐོབ་པར་གྱིས་ཤིག །ཅེས་པའི་བར་དང་། དེ་ནས་སྲིད་པ་བར་དོ་མདོར་བསྡུས་ལའང་། ཐ་མལ་སོ་སྐྱེས་ཕལ་བ་དང་། རྫོགས་ཆེན་གྱི་ལམ་ཞུགས་གཉིས་ཀྱི་ཁྱད་པར་ནི། དང་པོ་ལ་གྲོལ་བའི་དུས་དེ་ལས་འདས་ན་ད་རུང་སྲིད་པ་བར་དོའི་སྣང་ཚུལ། འགྲོ་བའི་ལམ་དང་ཡ་ངའི་གཡང་ས་འཇིགས་པའི་སྒྲ་སྐད། ངེས་དང་མ་ངེས་ཀྱི་རྟགས་གང་དུ་སྐྱེ་འགྱུར་གྱི་མཐོང་སྣང་སྣ་ཚོགས་སོགས་བར་དོའི་འཁྲུལ་སྣང་ཤར་བའི་ཚེ་བར་དོ་ཡིན་པར་ངོ་ཤེས་པ་གལ་ཆེ། ད་ལྟ་ཁྱོད་རང་འགྲོ་བ་རྒྱུད་ལྔའི་ལམ་ཁ་བྲག་གི་འདུས་མདོར། མཐོ་རིས་དང་ངན་སོང་གཉིས་ཡར་འགྲོ་མར་འགྲོའི་ས་མཚམས་ན་ཡོད་པའི་སྐབས་འདིར། རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟར་འདུན་པའི་རྐྱེན་གྱིས་བསྒྱུར་ཤིན་ཏུ་སླ་བས་དེའི་ཕྱིར་ཁྱོད་གཞན་དུ་མ་ཡེངས་མ་འཁྲུལ་བར་རང་སྟོབས་དང་གཞན་སྟོབས་གང་རུང་གིས་རྗེས་སུ་དྲན་པ་དྲུག་སོགས་ལ་བརྟེན་ནས་འཁོར་བ་རུ་ལོག་གི་གདམས་ངག་རྣམས་བསྒོམས་ནས་གྲོལ་བ་ཐོབ་ངེས་པར་གྱིས་ཤིག དེ་ལྟར་གལ་སྲིད་རང་སྟོབས་ཀྱིས་གྲོལ་བར་མ་ནུས་ནའང་ཁྱོད་ཀྱི་ཤུལ་དུ། ཞེས་པ་ནས། མི་འཚལ། ཞེས་པའི་བར་རང་གཞུང་ལྟར་བརྗོད་ལ། དེ་ནས། ཁྱད་པར་ངེད་ཅག་དཔོན་སློབ་རྣམས་ཀྱིས་སྒྱུ་འཕྲུལ་ཞི་ཁྲོ་ན་རཀ་དོང་སྤྲུག་སོགས་མན་འདྲའོ། །རྫོགས་ཆེན་གྱི་ཁྲིད་ཐོབ་མྱོང་བའི་ལམ་ཞུགས་ཀྱི་གང་ཟག་ལ། རང་སྟོབས་དང་གཞན་སྟོབས་གང་རུང་གིས་རྗེས་དྲན་དྲུག་སོགས་ལ་བརྟེན་ནས་ཤེས་པ་ཡུལ་ཕྱིར་མི་འབྲང་བར་ནང་དུ་རང་རིག་གི་རང་ངོར་བལྟས་ནས་བརྐྱངས་ཏེ་ཡེ་ཤེས་ལྔའི་ཏིང་ངེ་འཛིན་གྱི་རང་རྩལ་རྫོགས་པའི་དཔའ་བརྟན་ཐོབ་པར་གྱིས་དང་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ་སྟོན་པ་ལྔའི་ཞལ་མཐོང་ནས་རྡོ་རྗེ་སེམས་དཔས་དབང་སྐུར། རིན་ཆེན་འབྱུང་ལྡན་གྱིས་དོན་སྟོན། སྣང་བ་མཐའ་ཡས་ཀྱིས་ལུང་སྟོན། དོན་ཡོད་གྲུབ་པས་དབུགས་དབྱུང་སྟེ་དབུས་ཕྱོགས་མེ་རི་འབར་བའི་ཞིང་ཁམས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞོན་ནུ་དཔའ་བོ་སྟོབས་ལྡན་ཁྲག་འཐུང་ཁྲོ་བོའི་ཚོགས་ཀྱིས་ཆོས་ཀྱི་དབྱིངས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའི་དུས་ཡོད་པའི་སྐབས་དེ་རྣམས་ངོ་ཤེས་ཤིང་བརྟན་པ་ཐོབ་པར་གྱིས་ཤིག །ཅེས་དང་། གལ་སྲིད་རང་སྟོབས་ཀྱིས་གྲོལ་བར་མ་ནུས་ན། སོགས་གཞན་སྔར་དང་འདྲའོ། །ཡང་ཤི་ནས་ཞག་ལྔ་དྲུག་སོང་ཚར་ཕན་ཆད་ལ། སྲིད་པ་བར་དོའི་ངོ་སྤྲོད་གལ་ཆེ་བས། དེའི་ཚུལ་ནི། འོ་འཇིག་རྟེན་འདི་ནས། སོགས་སྔར་གོང་བཞིན་ལས༽ཟེར་བ་ཡིན༼ཞེས་པའི་༽འཕྲོར་ཡིན་པས༼ཞེས་སྦྱར་ལ༽ད་ལམ་ཁྱོད་ལ་བར་དོ་དེ་རྣམས་ཀྱི་ནང་ནས་འཆི་ཁ། ཆོས་ཉིད། སྲིད་པ་བར་དོ་གསུམ་རིམ་བཞིན་འཆར་བའི་སྐབས་ཡིན་པས། དེའི་ནང་ནས་དང་པོ་འབྱུང་འཁྲུགས་འཆི་ཁ་བར་དོར་གྲོལ་མ་ནུས་པ་དང་ལྷུན་གྲུབ་ཆོས་ཉིད་ཀྱི་བར་དོའི་གཞི་སྣང་འོད་གསལ་གྱི་སྣང་བ་དང་། ཟུང་འཇུག་ཚོམ་བུའི་སྣང་བ། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་དང་། ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཤར་བ་རྣམས་རང་སྣང་ཡིན་པར་ངོ་མ་ཤེས་འཇིགས་ཤིང་སྐྲག་པའི་རྐྱེན་གྱིས། ཞེས་པ་མན། རང་གཞུང་ལྟར་ལ། ཡང་། གལ་སྲིད་རང་སྟོབས་སོགས། ཁྱད་པར་ངེད་ཅག་དཔོན་སློབ་རྣམས་ཀྱིས་སྒྱུ་འཕྲུལ་ཞི་ཁྲོ་ན་རཀ་དོང་སྤྲུག་དགོངས་པ་རང་གྲོལ་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་མཆོད་བདག་འཇུག་དང་བཅས་པ་སྔོན་དུ་སོང་ནས་ད་ལམ་བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་དང་བཅས་ཏེ་ལྷ་སྔགས་ཏིང་ངེ་འཛིན་དང་ལྡན་པའི་ངང་ནས་རྟེན་བསྐྱེད་འགུགས་བགེགས་སྡིག་སྦྱང་བ་བར་དོའི་ངོ་སྤྲོད་རིགས་དྲུག་གནས་སྦྱོང་ཟས་གཏད་ཡོན་འབུལ་ལམ་བསྟན་གནས་སྤར་ལ་སོགས་ཟབ་ལམ་གྱི་གདམས་པ་ཁྱད་པར་ཅན་གྱི་སྒོ་ནས་ཁྱོད་ཀྱི་དོན་ཆེན་སྒྲུབ་པ་ཡིན་པས་ཁྱོད་རང་གིས་ཀྱང་བར་དོའི་སྣང་ཚུལ་རང་སྣང་ཡིན་པར་ངོ་ཤེས་པའི་ངང་ནས་མ་གྱུར་སེམས་ཅན་ལ་བྱམས་སྙིང་རྗེ་དང་དེ་རྣམས་ཀྱི་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་སེམས་བསྐྱེད་རྒྱ་ཆེན་པོ་དང་ལྡན་པའི་ངང་ནས་ལུས་ངག་ཡིད་གསུམ་གྱི་འདུན་པ་དྲག་པོ་རྩེ་གཅིག་ཏུ་གཏོད་ལ་ཉོན་ཅིག ཀྱེ་མ་ཚེ་འཕོས་ལུས་བརྗེས་སོགས། ཞེས་པ་འདི་ཡང་བར་དོའི་ངོ་སྤྲོད་འཁྲུལ་སྣང་རང་གྲོལ་གྱི་ཆ་ལག་ཏུ་དཱ་རི་དྲ་པ་འགྱུར་མེད་རྒྱལ་མཚན་བཟང་པོས་ལྷག་བསམ་དག་པས་བསྒྲིགས་ནས་སྤེལ་བའི་དགེ་བས་ཚེ་འདས་རྣམས་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག །

ཞི་ཁྲོའི་དབང་བཤད་ཤིན་ཏུ་བསྡུས་པ་བཞུགས།

༄༅། ཞི་ཁྲོའི་དབང་བཤད་ཤིན་ཏུ་བསྡུས་པ་བཞུགས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་མྱུར་བར་ཐོབ་པ་ཞིག་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་ངང་ནས་གསན་པར་འཚལ། གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི། རང་ཅག་རྣམས་ཀྱིས་སྔོན་བསགས་བསོད་ནམས་ལས་གྲུབ་པའི་མི་ལུས་འདི་ལྟ་བུ་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་བླ་མ་དམ་པ་དང་མཇལ་ནས་ཆོས་ཟབ་མོ་འདི་ལྟ་བུ་ཐོབ་པ་ནི་ཤིན་ཏུ་རྙེད་པར་དཀའ་བ་ཅན་ཡིན་ཏེ། དེའི་རྒྱུ་མཚན་མདོ་ལས། སངས་རྒྱས་འབྱུང་བ་བརྒྱ་ལ་རྙེད་པར་དཀའ། །མིར་གྱུར་པ་ཡང་ཤིན་ཏུ་དཀའ་བ་སྟེ། །གྲོགས་པོ་གང་དག་དད་དང་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱ་ཡང་རྙེད་མི་འགྱུར། །ཞེས་གསུངས་པ་ལྟར། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་བསྒྲུབ་དུ་ཡོད་པའི་དུས་འདིར། འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་གལ་ཆུང་བྱས་ནས་སྐྱེ་བ་ཕྱི་མར་དགོས་པའི་ལྷ་ཆོས་རྣམ་པར་དག་པ་རེ་བསྒྲུབ་པའི་ཐབས་ལ་འབད་དགོས། དེ་ལྟར་མ་འབད་ན་མི་ཚེའི་ཉི་མ་ནི་ཡུན་ཐུང་། འཆི་བདག་གི་གྲིབ་སོ་ནི་བང་མགྱོགས། འཆི་བའི་རྐྱེན་ནི་གྲངས་མང་། མ་ཚོར་ཡེང་མའི་ངང་ནས་མི་ཚེ་ཟད་དེ་འཆི་བ་མི་རྟག་པ་དེ་ནམ་མཁའི་ཐོག་ལྟར་གློ་བུར་དུ་འོང་བས་དེ་ལ་བྲོ་ས་དང་བཟུར་བའི་ཐབས་ནི་ཅི་ཡང་མེད། འཆི་བའི་དུས་དེར་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འབྱོར་བ་ལོངས་སྤྱོད་ལྟ་བུ་ཞིག་ཡོད་ཀྱང་ཕན་པ་སྤུ་ཙམ་ཡང་མེད་པ་ནི། འདུལ་བ་ལུང་ལས། ཇི་ལྟར་བུང་བས་བསགས་པའི་སྦྲང་རྩི་ནི། །དོན་མེད་མི་ཡི་ལོངས་སྤྱོད་བྱེད་པ་བཞིན། །སྐྱེ་བོ་མ་རབ་སྡིག་པས་བསགས་པའི་ནོར། །ཤི་ཚེ་གཞན་གྱི་ལོངས་སྤྱོད་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཤི་བ་ཙམ་དུ་མ་ཟད་ཤི་བའི་འོག་ཏུ་སླར་ཡང་ལས་ཀྱི་དབང་གིས་ཁམས་གསུམ་རིགས་དྲུག་གི་གནས་འདིར་ཡང་ནས་ཡང་དུ་བརྒྱུད་མར་སྐྱེ་བ་ལེན་པ་མ་གཏོག་འགྲོ་ས་དང་འདུག་ས་གང་ཡང་མེད། འཁོར་བའི་གནས་འདི་ནི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ཡིན་ཏེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་གདུང་། །དུད་འགྲོ་གཅིག་ལ་གཅིག་ཟས་འཇིགས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་སྡུག་བསྔལ་དེ་ལྟ་བུ་འབྱུང་བའི་རྒྱུ་ནི་ལས་དགེ་སྡིག་གཉིས་ཁོ་ན་མ་གཏོག་གཞན་ཅི་ཡང་མེད། ལས་དེ་གཉིས་གང་ཡིན་ཞེ་ན། དང་པོ་དགེ་བ་ནི་མདོ་ལས། མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་དང་། དགེ་བ་ལས་ནི་བདེ་འགྲོ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །ཞེས་སོ། གཉིས་པ་མི་དགེ་བ་ཡང་མདོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་དང་།མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་པས། དེས་ན་ད་ལྟ་དབང་པོ་ཚང་ཞིང་རང་དབང་རང་ལ་ཡོད་པའི་དུས་འདིར་མི་ལུས་ཐོབ་པ་འདི་དོན་མེད་སྟོང་ཟད་དུ་མི་བཏང་བར་སྡིག་པ་མི་དགེ་བའི་ལས་ཕྲ་ཞིང་ཕྲ་བ་རྣམས་ལ་དུག་བཞིན་དུ་འཛེམས་ནས། རྣམ་དཀར་དགེ་བའི་ལས་དམ་པའི་ཆོས་ཐོས་བསམ་བསྒོམ་གསུམ་བྱས་ནས་འཆི་ཁར་འགྱོད་མེད་ཀྱི་ཐབས་ལ་རེམ་དགོས། དམ་པའི་ཆོས་ཀྱི་རྣམ་གྲངས་དང་། ཐེག་པའི་བྱེ་བྲག་ལམ་གྱི་འཇུག་སྒོ་ནི་མཐའ་ཡས་པ་ཞིག་མཆིས་མོད་ཀྱང་། ཀུན་གྱི་སྙིང་པོ་དོན་གྱི་མཐར་ཐུག་ཐེག་ཆེན་གསང་སྔགས་རྡོ་རྗེ་ཐེག་པ་ཁོ་ན་ཡིན་ཏེ། དེ་ལ་མ་བརྟེན་པར་ཚེ་གཅིག་བྱང་ཆུབ་སྒྲུབ་པའི་ཐབས་མ་མཆིས་པ་དང་། ཐེག་པ་གཞན་རྣམས་ནི་ལམ་གྱི་གཞི་འམ་སྟེགས་ཀྱི་ཚུལ་ཙམ་ཡིན་ལ། གསང་སྔགས་ནི་ལམ་དངོས་དང་འབྲས་བུ་ཉིད་ལ་སྦྱོར་བར་བྱེད་པ་དང་། གཞན་རྣམས་ནི་བརྗོད་བྱེད་ཀྱི་ཚིག་གཙོ་བོར་སྟོན་ལ། གསང་སྔགས་ནི་བརྗོད་བྱའི་དོན་གཙོ་བོར་སྟོན་པ་དང་། གཞན་རྣམས་ནི་དཔེར་ན་འོ་མ་ལྟ་བུ་ཡིན་ལ། གསང་སྔགས་ནི་མར་གྱི་ཡང་ཞུན་ལྟ་བུ་ཡིན་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་ཞིང་། དེ་ལྟ་བུའི་གསང་སྔགས་ཉིད་ཀྱི་འཇུག་སྒོ་ནི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད་གཉིས་ཡིན་པ་ལ། ཐོག་མར་སྨིན་བྱེད་ཀྱི་དབང་ཐོབ་དགོས་ཤིང་། དེ་ཉིད་ཐོབ་པར་བྱེད་པ་ལ། བདག་པོའི་རྐྱེན་རྡོ་རྗེ་སློབ་དཔོན་ལ་རག་ལས་པ་དང་། རྒྱུའི་རྐྱེན་སློབ་མ་རྣམས་དག་སྣང་མོས་གུས་དང་ལྡན་པ། དམིགས་པའི་རྐྱེན་དབང་རྫས་ཡོ་བྱད་ཚོགས་པ། དེ་མ་ཐག་པའི་རྐྱེན་དཀྱིལ་འཁོར་སྒྲུབ་མཆོད་བཟླས་པ་སྔོན་དུ་བྱ་བའི་ལས་རིམ་རྣམས་ལེགས་པར་གྲུབ་ནས། དངོས་གཞི་དབང་བསྐུར་བ་ལ། ཐོག་མར་གདམས་ངག་ལ་ཡིད་ཆེས་ངེས་ཤེས་བསྐྱེད་ཕྱིར་ལོ་རྒྱུས་མདོར་བསྡུས་ཙམ་ཞིག་བརྗོད་ན། སྔོན་འདས་པའི་དུས་ཞིག་ན་འདོད་ཁམས་འདིར་བྲམ་ཟེ་དུང་ཕྲེང་ཅན་ཞེས་བྱ་བ་ཞིག་ལ་སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པས། དཔོན་སློབ་གཉིས་ཀས་མ་རུངས་པའི་ལས་ངན་མང་དུ་བསགས་ནས་ངན་སོང་དུ་ལྷུང་བ་དེ་ཉིད་ཀྱི་དོན་དུ་དཔལ་ཀུན་བཟང་པོ་དང་། རྣམ་པར་སྣང་མཛད་གཉིས་ཀྱིས་གསུངས་པའི་གདམས་པ་ཟབ་མོ་ཀུན་ཏུ་བཟང་པོ་ནས་རྩ་བའི་བླ་མའི་བར་དུ་དགོངས་རིག་རྣ་བར་བརྒྱུད་པའི། སྒྱུ་འཕྲུལ་ཞི་ཁྲོ་ན་རག་དོང་སྤྲུག་དགོངས་པ་རང་གྲོལ་འདི་ཉིད་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། རིགས་དྲུག་གནས་སྤར་དང་། དབང་བསྐུར་ཟས་གཏད་ཡོན་འབུལ་ལམ་བསྟན་སོགས་ཁྱོད་ཀྱི་དོན་ཆེན་སྒྲུབ་པ་ཡིན་པས་ཡིད་མ་ཡེངས་བར་ཉོན་ལ་གསོལ་བ་རྩེ་གཅིག་ཏུ་ཐོབ་དང་བར་དོའི་སྡུག་བསྔལ་ལས་ངེས་པར་གྲོལ་བར་འགྱུར་རོ། ཀྱེ་མ་ཚེ་འཕོས་ལུས་བརྗེས་སོགས་བརྗོད། ཞེས་པའང་བཙུན་པ་ནམ་མཁའ་ལྷུན་གྲུབ་ཀྱིས་བསྐུལ་ངོར་འདུ་ཤེས་གསུམ་པ་ཨ་ཀྵ་ར་དྷྭ་ཛ་བྷ་དྲས་མགྱོགས་པར་བྲིས་པའོ། །

ཞི་ཁྲོའི་དབང་གི་མཚམས་སྦྱོར་དད་ལྡན་སྤྲོ་བ་བསྐྱེད་བྱེད།

༄༅། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་གི་མཚམས་སྦྱོར་དད་ལྡན་སྤྲོ་བ་བསྐྱེད་བྱེད་ཅེས་བྱ་བ་བཞུགས་སོ། ཨོྃ་བཛྲ་རཏྣ་པུཥྤེ་སིདྡྷི་ཏྲཾ༔ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་པར་བགྱི་སྙམས་པའི་ངང་ནས་ཆོས་གསན་པའི་ཀུན་སྤྱོད་རྣམས་མདོ་རྒྱུད་རྣམས་ནས་ཇི་སྐད་གསུངས་པ་ལྟར་གསལ་བཏབས་ཏེ་གསན་འཚལ། གང་གསན་པར་བྱ་བའི་རིམ་པ་ནི། རང་ཅག་རྣམས་སྐྱེ་བར་དཀའ་བ་གླིང་བཞི་ལས་མཆོག་རུ་གྱུར་པ་ལྷོ་རྒྱལ་འཛམ་བུའི་གླིང་དུ་སྐྱེས། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བ་མངོན་པར་མཐོ་བའི་མི་ལུས་འདི་ལྟ་བུ་ཐོབ། མཇལ་བར་དཀའ་བ་སངས་རྒྱས་སྐུ་གསུམ་གྱི་སྟོན་པའི་བསྟན་པ་དང་། བསྟན་འཛིན་ཀྱི་སྐྱེས་བུ་བླ་མ་དམ་པ་རྣམས་དང་མཇལ། ཐོབ་པར་དཀའ་བ་དབང་གི་དཀྱིལ་འཁོར་མཐོང་བ་དང་། ལྷའི་མཚན་ཐོས་པ་ཙམ་གྱིས་གྲོལ་བའི་སྒྱུ་འཕྲུལ་ཞི་ཁྲོ་ན་རག་དོང་སྤྲུགས་དགོངས་པ་རང་གྲོལ་གྱི་གདམས་པ་ཟབ་མོ་འདི་ལྟ་བུ་ཐོབ། ཆོས་ཤིག་བྱེད་ན་བྱེད་དབང་རང་ལ་ཡོད། བྱེད་ཐབས་ཅུང་ཟད་རེ་ཤེས་པའི་དུས་སྐབས་འདིར་ནམ་བཞག་གཏན་གྱི་འདུན་མ་ཐར་བའི་ལམ་སྣ་ཟིན་པའི་ཐབས་ལ་འབད་དགོས། དེ་ལྟར་མ་འབད་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་རྙེད་དཀའ་ཞིང་། རྙེད་ན་དོན་ཆེ་བ་ཞིག་ཡིན་ཀྱང་། འཇིག་པར་སླ་བ་ཆུའི་ལྦུ་བའམ་རླུང་གསེབ་ཀྱི་མར་མེ་དང་འདྲ་སྟེ། དེའི་རྒྱུ་མཚན་ཞིབ་ཏུ་བཤད་ན། སྐྱེས་ཟིན་པ་འདི་ཐམས་ཅད་ཀྱི་ཐ་མ་ནི་ཅིས་ཀྱང་འཆི་ངེས་པ་དང་། ནམ་འཆི་ཆ་མེད་པ་དང་། འཆི་བ་ལ་ཅིས་ཀྱང་མི་ཕན་པ་གསུམ་གྱི་རང་བཞིན་ཅན་ཁོ་ན་མ་གཏོགས་རྟག་པ་དང་བརྟན་པ་ཅི་ཡང་མེད་དེ། ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཡུད་ཙམ་རེ་སོང་བས་ཀྱང་ཚེ་ཟད་དེ་འཆི་བ་ལ་ཐག་ཇེ་ཉེར་འགྲོ། ན་ཚོད་རྒན་གཞོན་དང་ནད་གཅོང་ཡོད་མེད་སོགས་ལའང་མི་ལྟོས་པར་འཆི་རྐྱེན་ཅི་འདྲ་ཞིག་གིས་བྱེད་ཆ་མེད་དེ། ཁྱད་པར་དེང་སང་སྙིགས་དུས་སྐྱེ་དགུའི་ཚེ་ལོ་སུམ་ཅུ་ཁ་རལ་ལ་བབ་པའི་མིའི་ཚེ་ལ་ངེས་པ་མེད་པས་ནམ་འཆི་བའི་ཚོད་ནི་སུས་ཀྱང་མི་ཟིན། དེར་མ་ཟད་གཟའ་གདོང་ཐུག་ལྟ་བུའི་རྐྱེན་ངན་དྲག་པོ་ཧུར་ཐུམ་དུ་བྱུང་ནས། དུས་དོ་ནུབ་ཉིད་དུའང་མི་འཆི་བའི་གདེངས་ཙམ་ཡང་མེད། མདོར་ན་དཔེ་དང་ལུང་དང་རིག་པ་གང་གི་སྒོ་ནས་བརྟགས་ཤིང་དཔྱད་ཀྱང་བློ་གཏད་ཅི་ཡང་མེད་ངེས་པ་ཅན་ཡིན། དེ་ལྟར་ཤི་ནའང་ཤི་མོད་འོང་རྒྱུ་ཅི་ཡོད་སྙམ་ན་ཤི་ནས་སླར་སྐྱེ་བ་ལེན་མི་དགོས་པར་ཅང་མེད་དུ་འགྲོ་རྒྱུ་ཞིག་ཡིན་ན་དེ་ཀས་ཆོག་པར་འདུག་ཀྱང་། ཅང་མེད་དུ་མི་འགྲོ་བར་སླར་ཡང་འཁོར་བའི་གནས་འདིར་ཡང་ནས་ཡང་དུ་བརྒྱུད་མར་སྐྱེ་བ་ལེན་དགོས། སྐྱེ་བ་ལེན་པ་དེ་ཡང་ངན་འགྲོ་དང་བདེ་འགྲོ་གཉིས་ལས་མ་འདས། དེ་གཉིས་ནི་ལས་དགེ་སྡུག་གཉིས་ཁོ་ནའི་བྱེད་ལས་ཀྱིས་འཕེན་ལེན་ལ་བརྟེན་དགོས། ལས་དེ་ནི་རང་དབང་ཅན་ཞིག་ནི་མ་ཡིན། རང་རེ་རྣམས་ཀྱིས་དེ་སྔ་ཡན་ཆད་ལ་ལས་དགེ་བ་བྱས་པ་ནི་གྲངས་ཉུང་། མི་དགེ་བ་སྤྱད་པ་ནི་ཆེར་མང་བས། གལ་སྲིད་མི་དགེ་བའི་ལས་ཀྱི་འབྲས་བུས་ངན་སོང་དུ་ལྟུང་ན། དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད་དང་གཅིག་ལ་གཅིག་ཟས་འཇིགས་པ་སོགས་སྡུག་བསྔལ་བཟོད་བརླགས་མེད་པ་མྱོང་དགོས། གལ་ཏེ་ཟག་བཅས་ཀྱི་དགེ་བ་ཅུང་ཟད་རེ་བསགས་པའི་ལས་འབྲས་ཀྱིས་མཐོ་རིས་གསུམ་དུ་སྐྱེས་ནའང་། ལྷ་མིན་ལ་འཐབ་རྩོད། མི་ལ་སྐྱེ་རྒ་ན་འཆི་དང་བྲེལ་ཕོང་། ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཏེ། མདོར་ན་ཁམས་གསུམ་རིགས་དྲུག་པོ་འདི། གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ལོངས་ཅི་ལ་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད། ལས་ཅི་ལ་བྱས་ཀྱང་སྡུག་བསྔལ་གྱི་བསུ་སྐྱེལ་འབའ་ཞིག་མ་གཏོགས་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མེད། སྡུག་བསྔལ་དེ་ལྟ་བུ་ལས་སྐྱོབ་ཅིང་ཐར་བའི་ཐབས་ནི་དམ་པའི་ཆོས་ལས་གཞན་ཅི་ཡང་མེད། ཆོས་དེ་ལ་ཡང་མཚན་ཉིད་རྒྱུ་ཡི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པའི་བྱེ་བྲག་དང་ལམ་གྱི་འཇུག་སྒོ། ལམ་དངོས་ཀྱི་ཉམས་ལེན། དྲང་དོན་དང་ངེས་དོན། རིང་ལམ་དང་ཉེ་ལམ། ཟབ་ལམ་དང་མྱུར་ལམ་ལ་སོགས་མང་དུ་ཡོད་ཀྱང་། ད་ལམ་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས། རྒྱུད་ལུང་མན་ངག་གསུམ་ཀའི་སྙིང་པོ། འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་རྣམ་པ་དྲུག་ཏུ་གཏན་ལ་ཕབ་ནས་ངོ་སྤྲོད་ཀུན་གྱི་སྙིང་པོའི་ཡང་ཞུན་གཅིག་ཏུ་དྲིལ་བ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་བྱིན་རླབས་ཀྱི་ཚན་ཁ་ཆོས་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས་ཀྱང་། གང་ཞིག་སྒྱུ་འཕྲུལ་ཞི་ཁྲོ་ཡིཿ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ནཿ ཉམས་ཆགས་ཀུན་ཀྱང་བྱང་གྱུར་ཏེཿ མཚམས་མེད་ལྔ་ཡི་སྡིག་ཀྱང་བྱངཿ ན་རཀ་གནས་ཀྱང་དོང་སྤྲུག་ཏེཿ རིག་འཛིན་རྒྱལ་བའི་ཞིང་དུ་གྲགསཿ ཞེས་དང་། གལ་ཏེ་རྣལ་འབྱོར་ཕོ་མོ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་ན་རཀ་ཆེན་པོར་མི་ལྟུང་ངོ། ཞེས་སོགས་གསུངས་པའི་ཆོས་ངོ་མཚར་དུ་མ་དང་ལྡན་པ་འདིའི་ལོ་རྒྱུས་མདོར་བསྡུས་པ་ཙམ་ཞིག་བཤད་ན། སྔོན་འདོད་ཁམས་འདི་ན་བྲམ་ཟེ་དུང་ཕྲེང་ཅན་ཞེས་རིགས་གནས་ཀུན་ལ་མཁས་པ་ཞིག་ཡོད་པ་དེས་རྒྱལ་བུ་ཞིག་ལ་ཁོ་རང་གིས་གང་ཤེས་ཀྱི་རིག་གནས་རྣམས་བསླབ་ནས་མཁས་པར་གྱུར་ཚེ། རྒྱལ་བུ་དེའི་སེམས་ལ་སློབ་དཔོན་བྲམ་ཟེ་འདི་བསད་ན། ཡུལ་ཁམས་འདིར་ང་རང་ལས་མཁས་པ་གཞན་མེད་པ་ཞིག་འབྱུང་བར་འདུག་སྙམ་ནས། ཉིན་གཅིག་སློབ་དཔོན་དེ་ལ་མྱོས་བྱེད་ཀྱི་རིགས་མང་པོ་བླུད་དེ་བཟི་རུ་བཅུག་ཏེ་བསད་ཐབས་དུ་མས་ངན་སོད་བྱས་པའི་རྣམ་སྨིན་གྱིས་རྒྱལ་བུའི་ལུས་དེ་ཉིད་ལ་དེ་མ་ཐག་ཏུ་སྡུག་བསྔལ་གྱི་ཚོར་བ་མང་པོས་གཟིར་ཞིང་ཚེ་འཕོས་ནས་ཀྱང་རིགས་དྲུག་གི་གནས་རྣམས་སུ་ཁ་འཁོར་ཏེ་སྡུག་བསྔལ་གྱི་དུཿཁ་དཔག་ཏུ་མེད་པས་ཡང་ནས་ཡང་དུ་མནར་ནས་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམ་དུ་གྱུར། སློབ་དཔོན་བྲམ་ཟེ་དེས་ཀྱང་ཁྲོ་འཁྲུགས་རྩུབ་མོའི་ལས་ངན་གྱི་རྒྱུ་མང་དུ་བསགས་པས་བྱང་ཆུབ་ཀྱི་སེམས་ཉམས་ནས་འབྲས་བུ་ཡང་དེ་བཞིན་དུ་མྱོང་བར་གྱུར་ཏོ། །དེའི་དུས་སུ་གདུལ་བྱ་དེ་གཉིས་འདྲེན་པའི་ཆེད་དུ་ཀུན་ཏུ་བཟང་པོ་དང་རྣམ་པར་སྣང་མཛད་གཉིས་ཀྱི་སྤྲུལ་པའི་རང་གདངས་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་གཉིས་སུ་སྤྲུལ་ནས། ལས་ངན་དེ་གཉིས་ཀྱི་གམ་དུ་བྱོན་ནས་རྡོ་རྗེ་སེམས་དཔས་སྟོབས་བཞིའི་བཤགས་པ་དང་། ཡིག་བརྒྱའི་གསང་སྔགས་བསྟན། ཞི་ཁྲོའི་ལྷ་རྣམས་ཀྱི་མཚན་རྣ་ལམ་དུ་བསྒྲགས་ཤིང་ཕྱག་འཚལ་དུ་བཅུག །ཕྱག་ན་རྡོ་རྗེའི་ཕྱི་ནང་གསང་གསུམ་གྱི་དབང་བསྐུར་ནས་དགེ་བའི་ས་བོན་གསོས་བཏབ་པ་སོགས་ཀྱིས་ལས་སྒྲིབ་དག་ནས་མངོན་སུམ་དུ་རིག་འཛིན་གྱི་ས་ལ་འཁོད་དེ། རིག་འཛིན་གྱི་རྒྱལ་པོ་དགེ་མཐོང་དང་བྲམ་ཟེ་མིའི་ཐོད་པ་ཅན་ཞེས་མཚན་ཡོངས་སུ་གྲགས་པར་གྱུར་པའི་ལོ་རྒྱུས་ངོ་མཚར་དེ་ལྟ་བུ་དང་ལྡན་པའི་ཟབ་ཆོས་དེ་ཉིད་རྒྱལ་བ་ཀུན་ཏུ་བཟང་པོ་ནས་སྤྲུལ་པའི་རྗེ་འབངས་ལོ་པན་རྣམས་ཀྱི་བར་དུ་དགོངས་བརྡ་སྙན་ཁུང་ནས་རིམ་པར་བརྒྱུད་ཅིང་། ཁྱད་པར་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཅོག་རོ་ཀླུའི་རྒྱལ་མཚན་དང་ལྷ་ལྕམ་གང་འབུམ་སོགས་ལ་སྨོན་ལམ་གཏད་རྒྱ་དང་བཅས་སྙིགས་དུས་ཀྱི་འགྲོ་ལ་རྗེས་སུ་བརྩེ་བས་དགོངས་ཏེ། སྒམ་པོ་གདར་གྱི་རི་བོ་ལྷ་བྲན་གར་བྱེད་པ་འདྲ་བའི་བྲག་ཏུ་སྦས་པ། ཕྱིས་དུས་འདིར་སངས་རྒྱས་དོན་ཡོད་གྲུབ་པ་ཉིད་འཇིག་རྟེན་མིའི་སྣང་བརྙན་དུ་བཞེངས་པ་གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ་འགྲོ་འདུལ་ཀརྨ་གླིང་པ་རྩལ་གྱིས་གཏེར་ནས་གདན་དྲངས་ཏེ་མི་རབ་གསུམ་གྱི་བར་དུ་གཅིག་རྒྱུད་མཛད་ཅིང་། དེ་ནས་སྟོད་སྨད་བར་གསུམ་ཀུན་ལ་དར་ཞིང་རྒྱས་པར་སྤེལ་བའི་གདམས་པ་ཟབ་མོ་འདིའི་སྒོ་ནས་དབང་འབྲིང་པོ་བསྐུར་བའི་ཐོག་མར་སྦྱོར་བ་སྡིག་སྒྲིབ་དག་བྱེད་རིགས་དྲུག་གནས་སྤར་གྱི་རིམ་པ་སྒྲུབ་པའི་སྐབས་སུ་བབ་པ་ཡིན་པས་ཆོས་འདི་ལ་ཡིད་ཆེས་ངེས་ཤེས་དང་ལྡན་པའི་ངང་ནས་བླ་མ་དང་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ལ་དད་གསུམ་བརྟན་པོའི་ཡིད་ཀྱིས་འདི་ཕྱི་བར་དོ་གསུམ་དུ་སྐྱབས་གནས་རེ་ལྟོས་རྩེ་གཅིག་ཏུ་བྱེད་སྙམས་པའི་ངང་ནས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་དང་། དེས་བར་དོའི་སྡུག་བསྔལ་ལས་ངེས་པར་གྲོལ་བར་འགྱུར་རོ། །ཀྱེ་མ་ཚེ་འཕོས༴སོགས་བརྗོད། དབང་རྐྱང་ཡིན་ན། གདམས་པ་ཟབ་མོ་འདི་ཉིད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་སྨིན་བྱེད་ཀྱི་དབང་བསྐུར་བའི་སྐབས་སུ་བབ་པ་ཡིན། དེ་ལ་ཡང་རྡོ་རྗེ་སློབ་དཔོན་གྱི་བགྱི་འོས༴སོགས་བརྗོད་ནས་མཎྜལ་ཕུལ་དུ་གཞུག །ཅེས་པ་འདི་ནི་དད་དམ་ཡང་དག་པ་དང་ལྡན་པའི་བཙུན་པ་ནམ་མཁའ་ལྷུན་གྲུབ་ཀྱིས་དོན་གཉེར་ཆེན་པོས་བསྐུལ་ངོར། དགེ་སྦྱོང་རྒན་པོ་འགྱུར་མེད་རྒྱལ་མཚན་བཟང་པོས་བླ་མ་གོང་མ་རྣམས་ཀྱི་གསུང་གི་ལེགས་ཆ་ཕྱོགས་གཅིག་ཏུ་བསྡུས་ནས་བསྒྲིགས་པའི་དགེ་བས་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ནམ་ཡང་ནུབ་མེད་དུ་གནས་པར་གྱུར་ཅིག །

ཞི་ཁྲོའི་དབང་གི་མཚམས་སྦྱོར་ཐོས་པ་རང་གྲོལ།

༄༅། སྒྱུ་འཕྲུལ་ཞི་ཁྲོ་ན་རཀ་དོང་སྤྲུག་དགོངས་པ་རང་གྲོལ་གྱི་དབང་གི་མཚམས་སྦྱོར་ཐོས་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་པར་བགྱི་སྙམས་པའི་ཐུགས་བསྐྱེད་མཛད་ནས་ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་། མདོ་རྒྱུད་རྣམས་ནས་ཇི་སྐད་གསུངས་པ་ལྟར་སྣོད་ཀྱི་སྐྱོན་གསུམ་དང་། དྲི་མ་དྲུག་རྣམས་སྤངས་ཏེ། དག་པའི་འདུ་ཤེས་བཞི་དང་ལྡན་པའི་ངང་ནས་ཉན་དགོས་པ་ནི། ཀུན་མཁྱེན་ཆོས་རྗེས། བླ་མ་སྨན་པ་གདམས་ངག་སྨན་དང་ནི། །རང་ལ་ནད་པའི་འདུ་ཤེས་ཉེར་བཞག་ཏེ། །ནན་ཏན་བརྩོན་པས་སྨན་ཉིད་རྟེན་ཚུལ་དང་། །ཞི་བདེ་ནད་ལས་གྲོལ་བའི་འབྲས་ཐོབ་བཞིན། །དག་པའི་འདུ་ཤེས་བཞི་ཡིས་བརྟེན་པར་བྱ། །ཞེས་གསུངས་པ་ལྟར་གསལ་བཏབ་ཏེ་གསན་དགོས། གང་གསན་པར་བྱ་བའི་རིམ་པ་ནི། འོ་སྐོལ་གྱི་སྟོན་པ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་མངའ་བ་དེ་རྣམས་ཀྱིས་རང་ཅག་གདུལ་བྱའི་སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་དང་། སྐལ་བའི་ཁྱད་པར་དང་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱང་མདོར་བསྡུས་ན། རྒྱུ་ཕར་ཕྱིན་གྱི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ལ་མ་འདུས་པ་མེད་དེ། ཇི་སྐད་དུ། ཐེག་པ་རྣམ་པ་གཉིས་ཡིན་ཏེ། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་སོ། དེ་གཉིས་ལས་ཀྱང་རྡོ་རྗེ་ཐེག་པ་ནི་ཁྱད་པར་བཞིས་འཕགས་པ་ཡིན་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོང་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པས་ད་ལམ་འདིར་འཆད་བྱའི་ཆོས་ནི་རྡོ་རྗེ་ཐེག་པའོ། དེ་ལའང་ལོ་ཆེན་རིན་ཆེན་བཟང་པོ་ཚུན་ཆད་ཀྱིས་བསྒྱུར་བ་ལ་ཕྱི་འགྱུར་གསར་མ་དང་། སྔར་མཁན་སློབ་ཆོས་གསུམ་འཛོམ་པའི་དུས། སྤྲུལ་པའི་ལོ་ཙ་བ་བེེ་རོ་ཙ་ན་སོགས་ཀྱིས་བསྒྱུར་བའི་སྔ་འགྱུར་རྙིང་མ་དང་གཉིས་སུ་ཡོད་པ་ལས། འདིར་ནི་གསང་སྔགས་གསར་མ་དེ་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་འཕགས་པ་རང་ལུགས་རྙིང་མ་ཡིན། རྙིང་མ་ལའང་རིང་བརྒྱུད་བཀའ་མ། ཟབ་མོ་དག་སྣང་། ཉེ་བརྒྱུད་གཏེར་མ་ཞེས་བཀའ་སྲོལ་གསུམ་ཡོད་པ་ལས། འདིར་ནི་སྔ་མ་རྣམས་ལས་སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ། བཀའ་བབས་ལུང་བསྟན་སོགས་ཀྱི་བརྒྱུད་པས་ཁྱད་པར་འཕགས་པའི་གཏེར་ཆོས་ཟབ་མོ་ཡིན། དེ་ལའང་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞི་ཡོད་པ་ལས། འདིར་ནི། གསང་སྔགས་ཕྱི་ནང་རྫས་ཀྱི་ཁྱདཿ ཞེས་གསུངས་པའི་ཕྱི་རྒྱུད་གསུམ་ལས་ཁྱད་པར་དུ་འཕགས་པ་ནང་རྒྱུད་བླ་ན་མེད་པའོ། །དེ་ལའང་ཇི་སྐད་དུ། མ་ཧཱས་རྒྱུད་དང་ཨ་ནུས་ལུངཿ ཨ་ཏིས་མན་ངག་སྟོན་པའོཿ ཞེས་གསུམ་དུ་གསུངས་པ་དང་། འདིར་ནི་ཕྱི་རྡུལ་ཚོན་རས་བྲིས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐྱེད་རིམ་རྣམས་རྒྱུད་མ་ཧཱ་ཡོ་ག་ལྟར་སྟོན་པ་དང་། ནང་རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ་བརྟེན་ནས་རྫོགས་རིམ་རྣམས་ལུང་ཨ་ནུ་ཡོ་ག་ལྟར་སྟོན་པ་དང་། གསང་བ་རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་རྣམ་པ་དྲུག་གིས་གཏན་ལ་ཕབ་ནས་མན་ངག་རྣམས་ཨ་ཏི་ཡོ་ག་ལྟར་སྟོན་པའི་རྒྱུད་ལུང་མན་ངག་གསུམ་ཀའི་གཙོ་བོར་གྱུར་པ་སྒྱུ་འཕྲུལ་ཞི་ཁྲོ་ན་རཀ་དོང་སྤྲུག་དགོངས་པ་རང་གྲོལ་གྱི་དབང་བསྐུར་བའི་སྐབས་ཡིན། དེ་ལ་དང་པོ་བརྒྱུད་པའི་ལོ་རྒྱུས་བཤད་པས་གདམས་ངག་ལ་ཡིད་ཆེས་ངེས་ཤེས་ཀྱི་དད་པ་བསྐྱེད་པ་དང་། ལོ་རྒྱུས་དེ་ལྡན་གྱི་གདམས་པའི་དབང་བསྐུར་བའོ། དེ་ལ་གཉིས་ཏེ་དང་པོ་ལོ་རྒྱུས་དེ་བཤད་དགོས་པའི་རྒྱུ་མཚན། མ་བཤད་པའི་ཉེས་སྐྱོན། བཤད་པའི་ཕན་ཡོན་དང་གསུམ་དང་། གཉིས་པ་ཇི་ལྟར་བཤད་པའི་ཚུལ་རྣམས་ལས། དང་པོ་བཤད་དགོས་པའི་རྒྱུ་མཚན་ནི། ཨོ་རྒྱན་ཆེན་པོས། དང་པོའི་ལས་ཅན་རྗེས་བཟུང་ཕྱིརཿ གདམས་ངག་ཟབ་མོའི་འབྱུང་ཁུངས་དངཿ ལོ་རྒྱུས་སྤྲོ་དགའི་ཚིག་བརྗོད་ནསཿ སློབ་མའི་ཡིད་རབ་དད་པར་བྱཿ ཞེས་སོ། །གཉིས་པ་མ་བཤད་པའི་ཉེས་སྐྱོན་ནི། རྒྱུད་ཆེན་པོ་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱི་མ་བཤད་ནཿ གསང་ཆེན་ངེས་པའི་བཀའ་འདི་ལཿ ཡིད་མི་ཆེས་པའི་སྐྱོན་དུ་འགྱུརཿ ཞེས་སོ། །གཉིས་པ་བཤད་པའི་ཕན་ཡོན་ནི། ཀློང་གསལ་ལས། བརྒྱུད་པ་ཁྱད་པར་འཕགས་པ་དང་། །གདམས་པ་ཟབ་ཕྱིར་ངེས་ཤེས་སྐྱེ། །ཞེས་སོ། །གཉིས་པ་ལོ་རྒྱུས་དངོས་དེ་ཇི་ལྟར་བཤད་པའི་ཚུལ་ནི། ཇི་སྐད་དུ། སྔོན་བྱུང་སྟོན་པའི་རྣམ་ཐར་ཏེཿ རྗེས་འཇུག་སྒྲུབ་པོས་ཉམས་སུ་ལེནཿ ཞེས་གསུངས་པའི་གདམས་ངག་འདི་ཉིད་སྔོན་བྱུང་སྟོན་པའི་དགོས་ཆེད་ཅིའི་ཕྱིར་གསུངས་པ་དང་། ད་ལྟ་མི་ཡུལ་འདིར་གང་ནས་བརྒྱུད་དེ་བྱུང་བའི་ལོ་རྒྱུས་དང་གཉིས་ལས། དང་པོ་ནི། སྔོན་འདས་པའི་དུས་ཞིག་ན། འདོད་ཁམས་ཀྱི་གནས་འདི་ཉིད་དུ། བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་རིག་པའི་གནས་ལྔ་ལ་མཁས་པར་གྱུར་པའི་སློབ་དཔོན་ཞིག་ལ། སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པ་དེ་ལ་རིག་གནས་ཐམས་ཅད་བསླབ་ནས་ཤེས་བྱ་ཐམས་ཅད་ལ་མཁས་ཤིང་ཐོགས་པ་མེད་པར་གྱུར་པའི་ཚེ། རྒྱལ་པོའི་བུ་དེའི་བསམ་པ་ལ། ད་ནི་ཡུལ་ཁམས་འདིར་ང་ལས་ལྷག་པར་གྱུར་པའི་མཁས་པ་ནི་སློབ་དཔོན་བྲམ་ཟེ་འདི་མ་གཏོགས་གཞན་སུ་གང་ཡང་མེད་པས། འདིའི་འཚོ་བའི་རྒྱུན་བཅད་དེ། ཕྱིན་ཆད་རིག་བྱེད་པ་དག་གི་སློབ་དཔོན་རང་གིས་བགྱི་སྙམས་པའི་བློ་ངན་གྱི་ཕྲག་ཏོག་དྲག་པོས་སྦྱོར་ཐབས་སྣ་ཚོགས་པའི་འཕྲུལ་གྱིས་སློབ་དཔོན་བྲམ་ཟེ་བརླག་པར་བྱས་ཚེ་བྲམ་ཟེའི་མངོན་ཤེས་ཀྱིས་གོ་ནས། དམོད་པ་དང་སྨོན་ལམ་སྣ་ཚོགས་བཏབ་པས་སློབ་དཔོན་སློབ་མ་གཉིས་ཀ་ཚེ་འཕོས་མ་ཐག་ཏུ་ངན་སོང་གི་གནས་སུ་མར་བརྒྱུད་དེ་ཡང་ནས་ཡང་དུ་སྡུག་བསྔལ་གྱིས་ཉམས་ཐག་པར་གྱུར་པའི་མཐར་སེམས་ཅན་ལུས་སྲུལ་པོ་ཞེས་བྱ་བར་སྐྱེས་པའི་ཚེ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས། རྡོ་རྗེ་སེམས་དཔའ་དང་། ལག་ན་རྡོ་རྗེར་སྤྲུལ་ཏེ། སེམས་ཅན་ལུས་སྲུལ་པོའི་གན་དུ་མངགས་པས་རྡོ་རྗེ་སེམས་དཔས་ཡི་གེ་བརྒྱ་པའི་གསང་སྔགས་བསྟན་པས་དེ་གཉིས་ཀྱི་སྡིག་སྒྲིབ་དག་ནས་སྔོན་གྱི་ལས་རྣམས་དྲན་ནས་འགྱོད་པ་དྲག་པོ་སྐྱེས། གསང་བའི་བདག་པོས་ཕྱི་ནང་གསང་བའི་དབང་རྣམས་བསྐུར་ནས་དགེ་བའི་ས་བོན་གསོས་བཏབ། སྟོབས་བཞིའི་བཤགས་པ་བསྟན་པས་བྱང་ཆུབ་གྱི་མྱུ་གུ་སྐྱེས་པས་རིམ་གྱིས་རིག་འཛིན་གྱི་སར་གནས་པར་གྱུར་ཏོ། །གཉིས་པ་མི་ཡུལ་འདིར་གང་ནས་བརྒྱུད་དེ་བྱུང་བའི་ལོ་རྒྱུས་ནི། སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་བྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །ཞེས་གསུངས་པས་འདི་ལ་གསུམ་སྟེ། རྒྱལ་བ་དགོངས་པའི་བརྒྱུད་ཚུལ། རིག་འཛིན་བརྡའི་བརྒྱུད་ཚུལ། གང་ཟག་སྙན་ཁུང་བརྒྱུད་ཚུལ་དང་གསུམ་ཡོད་པས་དེ་ལྟར་དུ་བཤད་དགོས་པའི་རྒྱུ་མཚན་ནི། ཀློང་གསལ་ལས། རྒྱལ་བ་དགོངས་པའི་བརྒྱུད་ཚུལ་མ་བཤད་ནཿ བཀའ་དྲི་མ་མེད་པར་མི་འགྱུརཿ རིག་འཛིན་བརྡའ་ཡི་བརྒྱུད་ཚུལ་མ་བཤད་ནཿ བླ་མེད་ངེས་པའི་དོན་དུ་མི་འགྱུརཿ གང་ཟག་སྙན་ཁུང་བརྒྱུད་ཚུལ་མ་བཤད་ནཿ རྒྱ་བོད་འབྲེལ་བའི་མན་ངག་ལ་ཡིད་ཆེས་པའི་ཁུང་དུ་མི་འགྱུརཿ ཞེས་གསུངས་པ་ནིཿ སྒྱུ་འཕྲུལ་རྒྱ་མཚོ་ལས། རྒྱལ་བ་རིག་འཛིན་གང་ཟག་གསུམཿ དགོངས་པ་རིག་པ་རྣ་བར་བརྒྱུདཿ གང་ལ་ཐུག་གི་བར་དུ་འོཿ ཞེས་གསུངས་པའི་དང་པོ་རྒྱལ་བ་དགོངས་པའི་བརྒྱུད་ཚུལ་ནིཿ ཀློང་གསལ་ལས། བརྒྱུད་པའི་ཉེ་ཟབ་ཁུངས་བཙུན་ཕྱིརཿ ཀུན་དུ་བཟང་ནས་རིམ་པར་བཤདཿ ཞེས་གསུངས་པའི་དོན་ནི། གདོད་ནས་རྣམ་པར་དག་པའི་མཁའ་ཀློང་གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས། ཆོས་སྐུ་དྲི་བྲལ་ཅིའི་ངོ་བོར་ཡང་མ་གྲུབ་པ་ཉིད་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ནས། རང་སྣང་གི་འཁོར་ཚོགས་ཉིད་ལས་མི་གཞན་པའི་སངས་རྒྱས། ལོངས་སྐུ་རིག་ལྔའི་རྒྱལ་བ་རྣམས་དང་། དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་། སྟོན་པ་རྡོ་རྗེ་སེམས་དཔའ་རྣམས་ལ་དགོངས་པས་བྱིན་གྱིས་བརླབས་ནས་བསྟན་པས། དེ་ཡན་ཆད་ནི་དགོངས་རྒྱུད་དོ། གཉིས་པ་རིག་འཛིན་བརྡའ་ཡི་བརྒྱུད་པ་ནི། སྟོན་པ་རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱིས་དུར་ཁྲོད་མེ་རི་འབར་བའི་གནས་སུ། སྤྲུལ་པའི་སྐུ་མཆོག་ཆེན་པོ་རིག་འཛིན་དགའ་རབ་རྡོ་རྗེ་ལ་ཚིགས་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས། སྤྲུལ་སྐུ་དགའ་རབ་རྡོ་རྗེས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། མཁས་པ་ཤྲཱི་སེངྷ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་བསྟན། མཁས་པ་ཤྲཱི་སེངྷས་སོ་ས་གླིང་གི་དུར་ཁྲོད་དུ། ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་། གུ་རུ་ཛྙ་ན་སུ་ཏྲ། པཎ་ཆེན་དྲི་མེད་བཤེས་གཉེན་དང་མཆེད་གྲོགས་གསུམ་ལ་གནད་རང་ཐོག་ཏུ་དབབ་ནས་གསུངས་སོ། གསུམ་པ་གང་ཟག་སྙན་ཁུང་བརྒྱུད་པ་ནི། ཨོ་རྒྱན་ཆེན་པོ་དེ་ཉིད་བོད་ཡུལ་དབུས་ཀྱི་བསམ་ཡས་སུ་བཞུགས་སྐབས། མངའ་བདག་ཁྲི་སྲོང་ཡབ་སྲས་དང་། ཌཱཀྐི་ཡེ་ཤེས་མཚོ་རྒྱལ་དང་། ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་ལས་ཅན་གྱི་རྗེ་འབངས་རྣམས་ཀྱིས་གསེར་གྱི་མཎྜལ་ལ་གཡུའི་ཚོམ་བུ་བཀོད་ནས་ཞུས་པའི་ངོ་དང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་རྣམས་ཀྱི་དོན་རྒྱ་ཆེན་པོ་འགྲུབ་པར་དགོངས་ཏེ། སྨིན་བྱེད་དབང་རྒྱས་པ་འཕྲད་ཚད་རང་གྲོལ་། འབྲིང་པོ་འགྲོ་དྲུག་རང་གྲོལ། བསྡུས་པ་དོན་དབང་ཡིད་བཞིན་ནོར་བུ་རྣམས་བསྐུར་ནས། ཞི་ཁྲོའི་སྒྲུབ་ཐབས། བར་དོ་དྲུག་ཁྲིད། བཏགས་གྲོལ་ལ་སོགས་འགྲོ་དོན་ལས་ཚོགས་མན་ངག་མང་པོ་དང་བཅས་པ་རྣམས་གནང་བ་མཁའ་འགྲོའི་བརྡའ་ཡིག་ཏུ་བཏབ་ཏེ་རིན་པོ་ཆེའི་སྒྲོམ་བུར་བཅུག་པ་སྟེ་དེ་ཡན་ཆད་ནི་གསང་སྔགས་བཀའ་གཏེར་ཐམས་ཅད་ཀྱི་ཐུན་མོང་གི་བརྒྱུད་པ་གསུམ་མོ། དེ་ནས་གཏེར་ཆོས་འདི་དག་ལ་དེའི་སྟེང་དུ་སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་གསུམ་ལྷག་ཚུལ་ནི། དེའི་དུས་སུ་གཏེར་སྒྲོམ་དེ་ཉིད་ཅོག་རོ་ཀླུའི་རྒྱལ་མཚན་གྱི་དབུ་ཐོག་ཏུ་བཞག་སྟེ། སྨོན་ལམ་བཏབ་པ་ནི། འདི་ཉིད་ཀྱི་བདེ་ཆེན་རང་གྲོལ་ལས། ཨེ་མ་ཆོས་རྣམས་ཀུན་གྱི་མཐར་ཐུག་པཿ ཡང་གསང་བླ་མེད་ཀུན་གྱི་སྙིང་པོ་མཆོགཿ སྡུག་བསྔལ་བདེ་བ་ཆེན་པོར་གྲོལ་བའི་ཐབསཿ ད་ལྟ་མངོན་པར་སངས་རྒྱས་རང་ཐོབ་ཡིནཿ དུས་གསུམ་རྒྱལ་བའི་དགོངས་པ་སྙིང་པོའི་དོནཿ བཅུད་བསྡུས་མར་གྱི་སྙིང་པོ་ཡང་ཞུན་འདིཿ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིསཿ ཕྱི་རབས་འགྲོ་བ་རྣམས་ཀྱི་དོན་དུ་བཀོདཿ སུ་ལ་མ་སྤེལ་རིན་ཆེན་གཏེར་དུ་སྦོསཿ ཞེས་དང་། སྦེད་དགོས་པའི་རྒྱུ་མཚན། མ་འོངས་སྙིགས་མ་དུས་ཀྱི་ཐ་མ་ལཿ ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མའི་དུསཿ དེ་དུས་འདི་འདྲའི་གདམས་ངག་མེད་པ་ཀུནཿ ངན་སོང་གནས་སུ་འགྲོ་བར་ཐེ་ཚོམ་མེདཿ དེ་ཕྱིར་སྙིགས་མའི་སེམས་ཅན་ལ་ཕན་ཕྱིརཿ ཡི་གེར་འདེབས་ནས་སྒམ་པོའི་རི་ལ་སྦེདཿ དེ་དུས་སྙིང་གི་བུ་མཆོག་ཅོག་རོ་ལོ་ཙཱ་བའི་སྐྱེ་རྒྱུད་སོགས་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་འགའ་ཞིག་ཀྱང་གསུངས་པ་ནི་སྨོན་ལམ་དབང་བསྐུར་གྱི་བརྒྱུད་པའོ། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ནི། གཏེར་སྒྲོམ་དེ་ཉིད་སློབ་དཔོན་ཡབ་ཡུམ་ཀྱིས་རྫུ་འཕྲུལ་གྱིས་དྭགས་ལ་སྒམ་པོ་གདར་གྱི་རི་བོ་ཞེས། རི་ལྷ་བྲན་གར་བྱེད་པ་འདྲ་བ་ལ། མི་འཇིགས་པའི་རྒྱ་དང་བཅས་ཏེ་གཏེར་དུ་སྦས་ནས། གཏེར་སྲུང་རྣམས་ལ་གཏད་པ་ནི་མཁའ་འགྲོ་གཏད་རྒྱའི་བརྒྱུད་པའོ། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་ནི། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནི་དགུང་དུ་གཤེགས། ཨོ་རྒྱན་རིན་པོ་ཆེ་ནི་ཟངས་མདོག་དཔལ་རིར་བཞུད་དོ། །ཅོག་རོ་ལོ་ཙཱ་སོགས་འཁོར་རྣམས་ནི་མྱ་ངན་ལས་འདས། མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་ལ་འཕེལ་འགྲིབ་དང་། སེམས་ཅན་གྱི་བདེ་སྐྱིད་དར་རྒུད་སྣ་ཚོགས་པ་ཞིག་བྱུང་ནས་ལོ་དུ་མ་སོང་ཏེ་གཏེར་འདི་ཉིད་འདོན་རན་པའི་དུས་རྟགས་རྟེན་འབྲེལ་རྣམས་གསལ་བར་བྱུང་ཚེ། དྭགས་པོའི་སྟོད་ཁྱེར་དུ་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཞེས་དགུང་ལོ་བརྒྱ་དང་ཉི་ཤུར་བཞུགས་པའི་སྔགས་འཆང་ནུས་པ་དང་ལྡན་པ་གཅིག་ལ། སྲས་གཉིས་གསུམ་ཞིག་ཡོད་པའི་ཀུན་གྱི་ཆེ་ཤོས་གཏེར་སྟོན་ཀརྨ་གླིང་པ་ཉིད་ཀྱིས། གཏེར་སྲུང་གི་ལུང་བསྟན་དང་རྟེན་འབྲེལ་རྣམས་འཛོམས་པའི་ཚེ་གཏེར་གནས་དེ་ཉིད་ནས་གཏེར་སྒྲོམ་འདི་ཉིད་གསང་གཏེར་བྱས་ནས་གདན་དྲངས། གཞན་ཡང་པདྨ་ཞི་ཁྲོ་ལ་སོགས་ཀྱང་གཏེར་ནས་བཏོན་ཏེ། ཤོག་སེར་ལ་ཕབ་པ་ནི། གོང་གི་ལུང་བསྟན་ལས། དེ་དུས་སྙིང་གི་བུ་མཆོག་སྐལ་ལྡན་ཁྱོདཿ ཕ་མ་གྲུབ་ཐོབ་ཉི་ཟླའི་མིང་ཅན་འབྱུངཿ ཀརྨ་གླིང་པ་ཞེས་བྱ་སྙིང་སྟོབས་ཅནཿ བརླ་གཡས་སྨེ་བ་ཡེ་ཤེས་སྤྱན་འདྲས་མཚནཿ འབྲུག་སྦྲུལ་ལོ་པ་ལས་ཀྱི་དཔའ་བོའི་རིགསཿ སྐལ་ལྡན་སྐྱེས་བུ་དེ་དང་འཕྲད་པར་ཤོགཿ ཞེས་དང་། དེ་དུས་གསང་དགོས་པའི་དོན་ནི། དེས་ཀྱང་བརྒྱུད་པ་གསུམ་གྱི་བར་དག་དུཿ ཞི་ཁྲོ་དགོངས་པ་རང་གྲོལ་ཆོས་སྐོར་རྣམསཿ རླུང་ཕྱོགས་ཙམ་དུ་སུ་ལ་བསྒྲགས་མི་རུངཿ གལ་ཏེ་བསྒྲགས་ན་བར་ཆད་འབྱུང་ཏ་རེཿ ཞེས་གསུངས་ཀྱང་། འདི་ཉིད་སྤེལ་བའི་དུས་ལ་མ་སླེབ་གོང་དུ་ཤོག་སེར་གཅིག་བསྟན་པས་སྐུ་ཚེ་ལ་བར་ཆད་དང་། གཏེར་ལུང་གི་ཇོ་མོའི་ལུང་བསྟན་རྟེན་འབྲེལ་འཆུག་པས་ཀྱང་ཁ་སྨྲས་སོགས་བྱུང་ཏེཿ སྐུ་གཤེགས་པར་རིག་ནས་སང་གནང་ཙམ་ན་ང་ཡི་ལུས་ལ་མེ་ཏོག་པདྨའི་རི་མོ་མང་པོ་དོད་ནས་ཡོང་སོགས་མངོན་ཤེས་ཀྱང་མང་དུ་གསུངས་སོ། དེ་ནས་སྐུ་གཤེགས་ཁར་ཐུགས་སྲས་ཉི་ཟླ་ཆོས་རྗེ་ལ་ཞི་ཁྲོ་འདིའི་དབང་ཁྲིད་བཀའ་ལུང་གནང་ནས། སྐྱེས་བུ་ཉི་ཟླའི་མིང་ཅན་ཞིག་བྱུང་དུས་དེ་ལ་གཏོད་། དེ་མིན་སུ་ལ་མ་སྟོན་གསུངས་ནས་གཏེར་སྟོན་ཉིད་སྐུ་གཤེགས་སོ། །དེ་ནས་ཀརྨ་གླིང་པའི་སྲས་ཉི་ཟླ་ཆོས་རྗེ་འདི་ཉིད་དྭགས་པོ་ནས་ལུང་པོའི་ཕྱོགས་སུ་ཕེབས། བླ་མ་རིན་པོ་ཆེ་སཱུརྱ་ཙནྟྲ་དང་མཇལ། རྨི་ལམ་དང་རྟེན་འབྲེལ་འགྲིགས་པས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོར་འདིའི་དབང་ལུང་གདམས་ཁྲིད་བཅས་རྫོགས་པར་ཕུལ། ཁྱེད་ལུང་བསྟན་ནས་ཟིན་པའི་བརྒྱུད་པ་གསུམ་པ་ཡིན། ངས་ཆོས་འདི་རླུང་གི་ཕྱོགས་ཙམ་ཡང་སུ་ལ་བསྟན་པ་མེད་དེ། ཨོ་རྒྱན་གྱི་ལུང་བསྟན་ལས། བརྒྱུད་པ་གསུམ་གྱི་བར་དུ་གཅིག་རྒྱུད་ཀྱིསཿ བརྒྱུད་པ་གསུམ་ནས་འགྲོ་དོན་རྒྱ་ཆེན་འབྱུངཿ ཀརྨ་གླིང་པའི་ཕྲིན་ལས་བྱང་ཕྱོགས་རྒྱསཿ ཞེས་གསུངས་པའི་ལུང་ཀྱང་ཡོད། འོག་སྒོ་བདེ་ཆེན་གྱི་ཆོས་སྐོར་ནི་ལོ་བཅུའི་བར་དུ་སུ་ལ་མ་སྟོན། དེ་ནས་སྟོན་དང་བར་ཆད་ལས་གྲོལ་བ་ཡིན་གསུངས། དེ་ཉིད་ཀྱི་སློབ་མ་ནི། རྒྱ་བཙུན་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ཉིད་ཡིན། འདིའི་རུས་ནི་རྒྱ་ར་བ། ཕ་ནི་ཚེམ་ཡུལ་ནམ་མཁའ། མ་ནི་བདེ་བའི་པདྨ་ཞེས་བྱ་བ་དེ་གཉིས་ཀྱི་སྲས་སུ་ལྕགས་ཕོ་ཁྱི་ལོར་འཁྲུངས། ཆོས་རྗེ་རིན་པོ་ཆེ་གཙང་ཆེན་པའི་དྲུང་ནས་རབ་བྱུང་བསྙེན་རྫོགས་ཞུས། མིང་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་བཏགས། དེ་ནས་མཚུངས་མེད་སཱུརྱ་ཙནྟྲ་དང་མཇལ་ནས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་ལུང་ཁྲིད་དང་ངོ་སྤྲོད་རྣམས་ཚངས་བར་ཞུས། ལུང་བསྟན་ནས་བྱུང་བ་ལྟར་གྱི་ཆོས་འདིའི་བདག་པོ་ཁྱེད་ཡིན་པས་བསྟན་པ་སྐྱོང་དགོས་གསུངས་ནས་བཀའ་གཏད་གནང་བ་བཞིན། མ་ཚང་ཁ་སྐོང་སྔོན་འགྲོ། བསྐང་བ་སྡེ་བདུན་ཚན་གཉིས་ཟིན་བྲིས་སོགས་མང་དུ་མཛད་ནས་ཀོང་པོའི་སྟོད་སྨད་བར་གསུམ་སོགས་ཕྱོགས་ཀུན་ཏུ་ཆོས་འདིའི་བསྟན་པ་དར་རྒྱས་སུ་མཛད་ནས་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། ཆོས་འཁོར་རྩེ་ལ་སོགས་དགོན་སྡེ་ཡང་དྲུག་བདུན་ཙམ་བཏབ་ནས་འགྲོ་དོན་རྒྱ་ཆེན་པོ་བྱུང་ངོ། །དེ་ནས་བརྒྱུད་ཚུལ་སོ་སོར་གྱེས་པ་ལས། ད་ལམ་ངེད་ཀྱི་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་ཚུལ་ནི། བླ་མ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་འདི་ཉིད་ནས། རྗེ་བཙུན་བསོད་ནམས་འོད་ཟེར། ཀུན་མཁྱེན་པུཎྱེེ་ཤྲཱི། རིག་འཛིན་བྱང་ཆུབ་གླིང་པ། ཆོས་རྗེ་པུཎྱེེ་ཆོས་སྐྱོང་། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། བརྒྱུད་འཛིན་ཀུན་དགའ་གྲགས་པ། གྲུབ་མཆོག་བསྟན་འཛིན་གྲགས་པ། མཁས་གྲུབ་མདོ་སྔགས་བསྟན་འཛིན། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ཆོས་རྒྱལ་གཏེར་བདག་གླིང་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། དེ་སྐུ་མཆེད་གཉིས་ཀ་ནས་པདྨ་འགྱུར་མེད་རྒྱ་མཚོ། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན། ཉི་སྤྲུལ་རིན་པོ་ཆེ་ཐེག་མཆོག་བསྟན་པའི་རྒྱལ་མཚན། སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བའི་དགེ་སློང་རིག་འཛིན་བཟང་པོ། དེས་བདག་ཅག་གི་རྣམ་འདྲེན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མཚན་སངྐྲི་ཏ་ལྷའི་སྐད་དུ་སྨོས་ན། ཤྲཱི་མཾ་གུ་རུ་པདྨ་ཨ་ཀྵ་ར་དྷྭ་ཛ་ཤྲཱི་བྷ་དྲ་ཞེས་གསང་ཆེན་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་སྙིགས་དུས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་དེ་ཉིད་ལ་བརྒྱུད་ཅིང་། དམ་པ་དེའི་དྲུང་དུ་བདག་གིས་ཐོབ་པའོ། །ཡང་ལུགས་གཅིག་ལ། ནམ་མཁའ་ཆོས་ཀྱི་རྒྱ་མཚོ་འདི་ཉིད་ནས། མཁས་གྲུབ་ལྷ་དབང་མཚན། ཏིང་འཛིན་ཆོས་ཀྱི་རྒྱ་མཚོ། སྤྲུལ་སྐུ་ཀརྨ་གུ་རུ། གར་དབང་པདྨ་རྒྱལ་མཚན། མཁས་གྲུབ་པདྨ་བློ་གྲོས། བྱང་སེམས་པདྨ་རྡོ་རྗེ། ལུང་ཟིན་ཁྱབ་བདལ་ལྷུན་གྲུབ། ཀུན་བཟང་རྣམ་པར་རྒྱལ་བ། སྤྲུལ་སྐུ་རྡོ་རྗེ་དཔའ་བོ། ཉི་སྤྲུལ་བསྟན་པའི་རྒྱལ་མཚན། བླ་མ་རིག་འཛིན་བཟང་པོ། དེས་བདག་ཅག་གི་རྣམ་འདྲེན་སོགས་བརྗོད། ཡང་ལུགས་གཅིག་ལ། གཏེར་སྟོན་ཀརྨ་གླིང་པ། ལུང་ཟིན་དངོས་གྲུབ་མཚན་ཅན། ནམ་མཁའ་སངས་རྒྱས། མགོན་པོ་རྡོ་རྗེ། ལྷ་དབང་རྣམ་རྒྱལ། ཀུན་དགའ་ལྷུན་གྲུབ། རྩེ་ལེ་རིག་འཛིན་ཆེན་པོ། བསོད་ནམས་རིན་ཆེན། ངག་དབང་པདྨ། བསོད་ནམ་དབང་པོ། པདྨ་ལེགས་གྲུབ། ལོ་ཆེན་གཞན་ཕན་རྡོ་རྗེ། ཚུལ་ཁྲིམ་རྡོ་རྗེ། བསྟན་འཛིན་འགྱུར་མེད་རྡོ་རྗེ། ཨོ་རྒྱན་ཆོས་རྒྱལ། ཉི་མ་གྲགས་པ། ཨོ་རྒྱན་བསྟན་འཛིན། ཉི་སྤྲུལ་བསྟན་པའི་རྒྱལ་མཚན། བླ་མ་རིག་འཛིན་བཟང་པོ། དེས་བདག་ཅག་གི་རྣམ་འདྲེན༴སོགས་བརྗོད། ཡང་ལུགས་གཅིག་ལ། ཆོས་རྒྱལ་གཏེར་བདག་གླིང་པ། རྒྱལ་སྲས་འགྱུར་མེད་རིན་ཆེན་རྣམ་རྒྱལ། པདྨ་ཀུན་གྲོལ་རྣམ་རྒྱལ། ཉི་སྤྲུལ་བསྟན་པའི་རྒྱལ་མཚན། མཚུངས་མེད་རིག་འཛིན་བཟང་པོ། དེས་བདག་ཅག་གི༴སོགས། འདི་ཡན་ཆད་འཕྲད་ཚད་རང་གྲོལ་མཆོག་དབང་གོང་མ་གསུམ་འདོན་ཆ་རྒྱུད་དང་བཅས་ཡོངས་རྫོགས་ཀྱི་བླ་རྒྱུད་དོ།། དབང་འབྲིང་པོ་འགྲོ་དྲུག་རང་གྲོལ་གྱི་བརྒྱུད་པ་ནི། ཨོ་རྒྱན་བསྟན་འཛིན་ནས། ཉི་སྤྲུལ་རིན་པོ་ཆེ། དེས་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། དེས་བདག་ཅག་གི༴སོགས། ཡང་རིན་ཆེན་རྣམ་རྒྱལ་ནས་པདྨ་ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། དེས་བདག་ཅག་གི༴སོགས། ཡང་ལུགས་གཅིག་ལ། ནམ་མཁའ་ཆོས་ཀྱི་རྒྱ་མཚོ་འདི་ཉིད་ནས། སྤྲུལ་སྐུ་ཐུགས་རྗེ་འོད་ཟེར། འཁྲུལ་ཞིག་བྷུདྡྷ་མངྒ། རིག་འཛིན་ཀུན་དགའ་གྲགས་པ། གར་དབང་ཀུན་དགའ་བསྟན་འཛིན། སྔགས་འཆང་པདྨ་དབང་དྲག །ཐུགས་ཆེན་ཀརྨ་ཆགས་མེད། གྲུབ་ཐོབ་པདྨ་རིག་འཛིན། འདྲེན་མཆོག་ནམ་མཁའ་འོད་གསལ། འགྱུར་མེད་ཐེག་མཆོག་བསྟན་འཛིན། འཁྲུལ་ཞིག་འགྱུར་མེད་ཡེ་གྲོལ། འགྲོ་མགོན་པདྨ་བསྟན་རྒྱས། དེས་བདག་ཅག་གི༴བརྗོད་ཀྱང་ཆོག གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི། ཞེས་པའི་འཕྲོར། གནས་འདྲེན་ཡིན་ན། གདམས་པ་ཟབ་མོ་ན་རཀ་དོང་སྤྲུག་དགོངས་པ་རང་གྲོལ་འདི་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ནས་སྒྲུབ་མཆོད་ཀྱི་ཆོ་ག་ཚད་ལྡན་བདག་འཇུག་དང་བཅས་སྔོན་དུ་སོང་བའི་ལྷ་སྔགས་ཏིང་ངེ་འཛིན་དང་ལྡན་པའི་སྒོ་ནས་ད་ལྟ་ཁྱེད་རང་རྣམས་ལ་ཞི་ཁྲོ་གནས་སྤར་དང་དབང་བསྐུར་བྱེད་པ་འདི་ལ། སྔོན་འགྲོ་དབང་གི་ལམ་སྒོ་བསལ་བ། དངོས་གཞིའི་དབང་རྣམས་རྫོགས་པར་བསྐུར་བ། རྗེས་སུ་དབང་གི་མཐའ་སྐྱོང་བ། མཐའ་རྟེན་ལམ་བསྟན་གནས་སྤར་བྱེད་པ་དང་བཞི་ཡོད་པ་ལས། དང་པོ་དབང་གི་ལམ་སྒོ་བསལ་བ་ལ། ཁྱེད་རང་རྣམས་ཀྱི་སྔོན་ལས་སྡིག་སྒྲིབ་དང་། འཕྲལ་རྐྱེན་ནད་གདོན་བར་ཆད་སྦྱོང་བ་བགེགས་བསྐྲད་ཁྲུས་དང་། དུག་དབྱུང་བྱ་བ་དང་། གདམས་ངག་ལ་ངེས་ཤེས་བསྐྱེད་བྱེད་ལོ་རྒྱུས་ཀྱི་རིམ་པ་རྣམས་སྔོན་དུ་སོང་ནས། དངོས་གཞིའི་དབང་གི་ཐོག་མར་སྦྱོར་བ་སྡིག་སྒྲིབ་དག་བྱེད་རིག་དྲུག་གནས་སྤར་གྱི་རིམ་པ་བགྱིད་པ་འདི་ལ་ཚིག་ཕྱིར་སེམས་གཞོལ་བའི་འདུན་པ་རྩེ་གཅིག་ཏུ་གཏོད་ཅིག ཀྱེ་མ་ཚེ་འཕོས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོདཿ ༴སོགས། ཅེས་པ་འདི་ཡང་དད་བརྩོན་ཡང་དག་པར་ལྡན་པའི་བླ་མ་ཀརྨ་ནོར་བུའི་ཁ་བཏགས་སྐ་རག་གསེར་མདོག་མ་དྷ་ར་སོགས་སྐྱེམས་དང་བཅས་པས་ནན་ཏན་དུ་བསྐུལ་ངོར་ཤཱཀྱའི་དགེ་སྦྱོངས་རྒན་པོ་འགྱུར་མེད་རྒྱལ་མཚན་དཔལ་བཟང་པོས་ཉིན་གཅིག་ལ་འཕྲལ་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག སརྦ་མངྒ་ལམ། ། །

གནས་ལུང་གནས་ཡིག་ལེགས་པའི་ལམ་སྟོན།

༄༅་། གནས་ལུང་གནས་ཡིག་ལེགས་པའི་ལམ་སྟོན་བཞུགས། རྒྱལ་ཀུན་དབང་ཕྱུག་སྤྲུལ་པའི་སྐུ། །མཚོ་སྐྱེས་བླ་མ་ལྷག་པའི་ལྷ། །རྣམ་ཀུན་བདེ་ཆེན་འཁོར་ལོ་རུ། །མཆོད་དེ་གནས་ཀྱི་ཡོན་ཏན་བཤད། །གནས་ལུང་ཟངས་མདོག་དཔལ་གྱི་རི། །བསམ་ཡས་སྒྱུ་འཕྲུལ་དྲྭ་བར་སྣང། །དེ་ལ་མདོ་བྱང་ཡང་བྱང་སོགས། །དུས་ཀྱི་མངོན་རྟགས་མང་ཡོད་ཀྱང། །གནས་སྐབས་ཤིང་ཕོ་སྤྲེལ་ལོ་འདིར། །གནས་མཆོག་ཀུན་ལ་གནས་འདུས་དང་། །ཕན་ཡོན་མང་པོ་ཡོད་མོད་ཀྱང་། །ཁྱད་པར་གནས་ལུང་དཔལ་རི་ལ། །ཚནྡྷོ་ཧ་དང་ཉེ་བའི་ཞིང་། །བསམ་ཡས་བྲག་ཕུག་མ་རཱ་ཏི། །རྔ་ཡབ་དཔལ་རི་ལ་སོགས་པའི། །གནས་ཀུན་བྱིན་རླབས་འདི་རུ་འཚོགས། །འབྲེལ་ཚད་ཟངས་མདོག་དཔལ་རིར་སྐྱེ། །ཕྱག་སྐོར་འབྲེལ་ཐོག་སེམས་ཅན་ཀུན། །མངོན་མཐོ་ངེས་ལེགས་ཕན་བདེ་སྐྱེད། །གཞན་དུ་མ་ཎི་སིདྡྷི་སོགས། །ཐེར་འབུམ་དུང་ཕྱུར་བཟླས་པ་བས། །གནས་འདིར་ཚིག་གཅིག་མོས་འདུན་གཙོ། །ནང་སྐོར་ལན་གཅིག་བྱས་པས་ཀྱང་། །མ་ཎི་དུང་བདུན་ཕན་ཡོན་དང་། །བསྐལ་པ་གཅིག་གི་སྡིག་སྒྲིབ་འདག །ཕྱི་སྐོར་ལན་གཅིག་སུས་བྱས་པས། །མ་ཎི་དུང་ཕྱུར་བཅུ་གསུམ་ཐོབ། །གནས་འདིར་དམ་སྐོང་དམ་བསྒྲགས་དང། །ཞི་བརྔན་བསང་གསུར་ཆུ་སྦྱིན་དང་། །ཚོགས་བསགས་སྒྲིབ་སྦྱང་བྱེད་གྱུར་ན། །ཁྱད་པར་དམག་འཁྲུག་ནད་མུག་སོགས། །ཉེར་འཚེ་མ་རུང་ཞི་བ་དང་། །མ་རུང་བདུད་ཀྱི་གཡུལ་ཕམ་ཞིང་། །དཀར་ཕྱོགས་མཐོ་ཞིང་ནག་ཕྱོགས་ཕམ། །ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་འབྱུང་། །མི་མཐུན་བར་ཆད་ཞི་བར་འགྱུར། །འགྱུར་མེད་རྒྱལ་མཚན་བཟང་པོས་བྲིས། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

ཡིག་དྲུག་བསྐུལ་མ་མ་གྱུར་མ།

༄༅་། མ་གྱུར་ནམ་མཁའི་མཐའ་མཉམ་སེམས་ཅན་གྱི། །དོན་དུ་སངས་རྒྱས་གོ་འཕང་ཐོབ་པའི་ཕྱིར། །འདིར་འཚོགས་ཀུན་གྱི་གསུང་མཆོག་ཡིག་དྲུག་རེ། །བྱམས་དང་སྙིང་རྗེའི་ངང་ནས་གསུང་བར་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར། །སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སེམས་ཅན་དོན་ཕྱིར་སངས་རྒྱས་ཐོབ་དོན་དུ། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བཀའ་རྒྱུད་བླ་མ་རྣམས་དང་དཀོན་མཆོག་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམ་པ་གསུམ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབས་ཏུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྣོད་བཅུད་དག་པའི་ཞིང་དང་ལྷ་རུ་གསལ། །སྒྲ་གྲགས་ཡིག་དྲུག་དྲན་རྟོག་ཆོས་ཉིད་དུ། །རྡོ་རྗེ་གསུམ་གྱི་རོལ་པར་ཡོངས་ཤེས་ནས། །འཁོར་བ་དོང་སྤྲུགས་མ་ཎིའི་ཛབ་དབྱངས་སྒྲོགས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྔོན་རྣམ་དཀར་གྱི་བསོད་ནམས་བསགས་པའི་མཐུས། །ལྷོ་འཛམ་གླིང་གི་ཡུལ་ཁམས་འདི་རུ་སྐྱེས། ࿌࿌ རྙེད་དཀའ་བ་ཡི་དལ་འབྱོར་མི་ལུས་ཐོབ། །མཇལ་དཀའ་བ་ཡི་སངས་རྒྱས་བསྟན་ལ་ཞུགས། ࿌࿌ སྐྱབས་མཚན་ལྡན་གྱི་བླ་མས་རྗེས་སུ་བཟུང་། །ཐོབ་དཀའ་བ་ཡི་སྨིན་གྲོལ་གདམ་ཁྲིད་ཞུས། །࿌࿌ དེང་རང་ཉིད་ལ་རང་དབང་ཡོད་དུས་འདིར། །བློ་རྩེ་གཅིག་ཏུ་དམ་པའི་ཆོས་ལ་དྲིལ།࿌࿌ ལས་དོན་མེད་ཀྱི་བྱ་བྱེད་ཀུན་སྤངས་ནས། །ལུས་ངག་ཡིད་གསུམ་དགེ་བའི་ཕྱོགས་ལ་བརྩོན།࿌࿌ མཐར་འཆི་བའི་འདུ་ཤེས་བརྒྱད་ལྡན་ངང་། །གནས་འདི་ཉིད་ནས་ཉི་མ་ནུབ་ཀྱི་ཕྱོགས།࿌࿌ ཞིང་གྲངས་མེད་ཞིག་འདས་པའི་ཕ་རོལ་གྱི། །ཡར་སྟེང་ཕྱོགས་སུ་ཅུང་ཟད་འཕགས་པ་ན། ࿌࿌ ནུབ་བདེ་བ་ཅན་དག་པའི་ཞིང་ཁམས་ཡོད། །དེར་སངས་རྒྱས་ནི་སྣང་བ་མཐའ་ཡས་བཞུགས།࿌࿌འཁོར་སྤྱན་རས་གཟིགས་ཕྱག་ན་རྡོ་རྗེ་སོགས། །ས་བཅུ་ཉིད་ལ་གནས་པའི་བྱང་སེམས་དང་། ࿌࿌དགེ་སློང་གི་ཚོགས་དགེ་འདུན་དཔག་མེད་ལ། །དུས་ཐམས་ཅད་དུ་ཐེག་ཆེན་ཆོས་འཁོར་བསྐོར། ࿌࿌འོད་དཔག་མེད་དེའི་སྐུ་ཚེ་གཟི་བརྗིད་དང་། །འཁོར་དགེ་སློང་གི་དགེ་འདུན་དཔག་དུ་མེད།࿌࿌ཡིད་མི་བདེ་བའི་སྡུག་བསྔལ་རྒྱུ་དང་རྩ། །ཡུལ་དེ་ཉིད་དུ་ཡེ་ནས་ཡོད་མ་མྱོང་།࿌࿌ཟས་གོས་དང་ལོངས་སྤྱོད་མཁོ་དགུའི་ཚོགས། །ཅི་འདོད་པ་ཀུན་ཡིད་ལ་དྲན་པས་འབྱུང་། ࿌࿌དེར་རང་ཉིད་ལ་འབྲེལ་ཐོགས་སྦྱིན་བདག་ཀུན། །དེར་སྐད་ཅིག་ལ་བརྫུས་ཏེ་སྐྱེ་བར་སྨོན། ࿌࿌དེ་སྨོན་པ་བཞིན་མྱུར་དུ་འགྲུབ་པའི་དཔང་། །སྐྱབས་བླ་མ་དང་དཀོན་མཆོག་གསུམ་གྱིས་མཛོད།࿌࿌ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །བདག་གིས་ཐོག་མ་མེད་ནས་ད་ལྟའི་བར། །ཟག་བཅས་ཟག་མེད་དགེ་བ་ཅི་བསགས་ཀུན། །རྣམ་མཁྱེན་རྫོགས་བྱང་ཐོབ་པའི་ཕྱིར་བསྔོའོ། ࿌࿌དེ་ལྟར་བསྔོས་པའི་མཐུ་ཡིས་སྒྲིབ་གཉིས་བྱང་། །ཚོགས་གཉིས་རྫོགས་ནས་ས་ལམ་ཡོན་ཏན་ཀུན། །མཐའ་རུ་ཕྱིན་ནས་དམ་པ་སྐུ་གཉིས་མཆོག །ཐོབ་ནས་དོན་གཉིས་བསམ་པ་ལྷུན་གྲུབ་ཤོག ࿌࿌ཐོས་བསམ་བསྒོམ་དང་མཁས་བཙུན་བཟང་གསུམ་འཛོམ། །བསླབ་གསུམ་མཐར་ཕྱིན་འཆད་རྩོད་རྩོམ་ལ་དབང་། །རྒྱལ་བསྟན་འཛིན་སྐྱོང་སྤེལ་མཛད་དཔོན་སློབ་ཀུན། །ཡུན་དུ་འཚོ་ཕྱིར་མ་ཎི་ལན་གསུམ་གསུང་།࿌࿌࿌འགྱུར་མེད་རྒྱལ་མཚན་བཟང་པོས་བྲིས། །

ཡིག་དྲུག་འཛབ་དབྱངས་ཏམ་བུ་རའི་རྒྱུད་མང་།

༄༅་། །ཡིག་དྲུག་འཛབ་དབྱངས་ཏམ་བུ་རའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། མདུན་དག་པ་ཀུན་གསལ་འོད་ལྔའི་ཀློང་། །དཔལ་རྩ་གསུམ་རིག་འཛིན་མཁའ་འགྲོའི་ཚོགས། །སྤྲིན་གཏིབ་བཞིན་བདག་སོགས་འགྲོ་བ་ཀུན། །ལམ་ཐར་གླིང་ཁྲིད་པའི་མགོན་པོར་བཞུགས། །ཨོྃ་མ་ཎི་པདྨེ་ཧཱུྃ༔ སྐྱབས་བསླུ་མེད་དཀོན་མཆོག་རྩ་གསུམ་ལྷ། །མ་ཁམས་གསུམ་ཉམ་ངའི་འགྲོ་བ་རྣམས། །དུས་དེང་ནས་སྐྱབས་གནས་རེ་ལྟོས་ཞུ། །མགོན་ཁྱོད་ཀྱིས་ཐུགས་རྗེ་ལྕགས་ཀྱུས་ཟུངས་། ། ཨོྃ་མ་ཎི་པདྨེ་ཧཱུྃ༔ ལམ་ངན་སོང་གནས་སུ་འགྲོ་བ་ཀུན། །ལས་སྡུག་བསྔལ་རྒྱ་མཚོར་བྱིང་བ་རྣམས། །ཆོས་ཐེག་ཆེན་སྨོན་འཇུག་ལམ་མཆོག་སྟེ། །ཀུན་རྫོགས་པའི་བྱང་ཆུབ་ས་ཐོབ་ཤོག ། ཨོྃ་མ་ཎི་པདྨེ་ཧཱུྃ༔ གཞི་འགྱུར་མེད་ཆོས་སྐུ་སྣང་མཐའ་ཡས། །ལམ་འགགས་མེད་ལོངས་སྐུ་སྤྱན་རས་གཟིགས། །དོན་ལྷུན་གྲུབ་རིག་འཛིན་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ལམ་སྣ་དྲོངས། ། ཨོྃ་མ་ཎི་པདྨེ་ཧཱུྃ༔ སྤྱིར་རྒྱ་བོད་རིག་འཛིན་གྲུབ་ཐོབ་དང་། །དགོས་སྔ་འགྱུར་བཀའ་གཏེར་བརྒྱུད་པ་སོགས། །དཔལ་མཁྱེན་པའི་སྤྱན་མངའ་ཐམས་ཅད་ལ། །བདག་གསོལ་བ་འདེབས་སོ་ལམ་སྣ་དྲོངས། ། ཨོྃ་མ་ཎི་པདྨེ་ཧཱུྃ༔ ལུས་དག་པ་པད་དཀར་འཆང་བའི་སྐུ། །ངག་དག་པ་ཡི་གེ་དྲུག་པའི་སྒྲ། །ཡིད་དག་པ་བདེ་ཆེན་ཆོས་ཉིད་གདངས། །དོན་གསུམ་ལྡན་ངང་ནས་འཛབ་དབྱངས་གྱེར། ། ཨོྃ་མ་ཎི་པདྨེ་ཧཱུྃ༔ ཐུགས་བརྩེ་ཆེན་གྱིས་གཟིགས་ཤིག་སྙིང་རྗེའི་གཏེར། །དཔལ་དཀོན་མཆོག་གསུམ་གྱིས་ལམ་སྣ་དྲོངས། །ཨོྃ་མ་ཎི་པདྨེ་ཧཱུྃ༔ རྟེན་དལ་འབྱོར་བཅོ་བརྒྱད་ལྡན་པ་འདི། །རྙེད་དཀའ་བ་ཨུ་དུམ་ཝ་ར་འདྲ། །ཨོྃ་མ་ཎི་པདྨེ་ཧཱུྃ༔ འདི་དོན་མེད་ཆུད་ཟོས་སོང་བ་ན། །དཔེ་རིན་ཆེན་གླིང་ནས་སྟོང་ལོག་འདྲ། །ཨོྃ་མ་ཎི་པདྨེ་ཧཱུྃ༔ ཚེ་ལོང་མེད་ཉི་མའི་གྲིབ་སོ་འདྲ། །འདི་རྟག་པར་བཟུང་ན་ཀྱེ་མ་འཁྲུལ། ། ཨོྃ་མ་ཎི་པདྨེ་ཧཱུྃ༔ གཟུགས་ལང་ཚོ་ལྡན་པ་རྒས་པས་གདུང་། །རྐྱེན་ནད་ཀྱིས་ཟིན་ནས་མལ་དུ་ལྷུང་། ། ཨོྃ་མ་ཎི་པདྨེ་ཧཱུྃ༔ ཡིད་འཁྲུགས་ནས་སྡུག་བསྔལ་ཡུས་ཀྱིས་དུབ། །བློ་ཟ་ཟི་འཁྲུལ་བ་སྣ་ཚོགས་འཆར། །ཨོྃ་མ་ཎི་པདྨེ་ཧཱུྃ༔ གཉེན་བརྩེ་གདུང་ཆེ་ཡང་བྱ་ཐབས་སྡུག །དུས་དེ་ཚེ་འགྱོད་པ་བྱས་ཀྱང་ཕྱི། ། ཨོྃ་མ་ཎི་པདྨེ་ཧཱུྃ༔ མིག་མཆི་མས་བཀང་ནས་གསོལ་བཏབ་ཀྱང་། །ཡུན་སྐད་ཅིག་འཆི་བ་བཟློག་ཐབས་མེད། །ཨོྃ་མ་ཎི་པདྨེ་ཧཱུྃ༔ ལས་བསགས་པ་རང་དང་ལྷན་ཅིག་འགྲོགས། །ནོར་བསགས་པ་གཞན་གྱི་ཅི་དགར་སྤྱོད། །ཨོྃ་མ་ཎི་པདྨེ་ཧཱུྃ༔ རང་གཅིག་པུར་འཇིག་རྟེན་ཕ་རོལ་དུ། །ཁོ་གཤིན་རྗེས་སྙིང་རྗེ་མེད་པར་བསྡིགས། །ཨོྃ་མ་ཎི་པདྨེ་ཧཱུྃ༔ དེ་འདུ་བྱེད་འཁོར་བའི་མཚན་ཉིད་རྣམས། །ལར་བསམ་ན་སྙིང་ནས་མཆི་མ་འཁྲུགས། །ཨོྃ་མ་ཎི་པདྨེ་ཧཱུྃ༔ དོན་གོ་ནས་བྱང་ཆུབ་མ་བསྒྲུབ་ན། །ཆོས་མཁས་ཀྱང་ནེ་ཙོས་བཏོན་པ་འདྲ། །ཨོྃ་མ་ཎི་པདྨེ་ཧཱུྃ༔ གཏམ་དེ་སྐད་རྒྱལ་བའི་གསུང་བཞིན་སྙན། །གྲོགས་དག་སྣང་ཅན་ཚོ་དགེ་ལ་སྦྱོར། །ཨོྃ་མ་ཎི་པདྨེ་ཧཱུྃ༔ མ་ཁམས་གསུམ་འགྲོ་བ་སེམས་ཅན་ཀུན། །ཞིང་པོ་ཊ་ལ་རུ་སྐྱེ་བར་ཤོག །ཨོྃ་མ་ཎི་པདྨེ་ཧཱུྃ༔ དེར་སྐྱེས་ནས་སྤྲུལ་པ་སྣ་ཚོགས་ཀྱིས། །སླར་ཡང་ཡང་འགྲོ་དོན་བྱེད་པར་སྨོན། ། ཨོྃ་མ་ཎི་པདྨེ་ཧཱུྃ༔ གནས་ངན་སོང་གསུམ་པོ་སྟོང་ནས་སུ། །དཔལ་རྡོ་རྗེ་འཆང་གི་ས་ཐོབ་ཤོག ། ཨོྃ་མ་ཎི་པདྨེ་ཧཱུྃ༔ དཔལ་རྩ་གསུམ་རྒྱལ་བ་སྲས་བཅས་དང་། །མ་མཁའ་འགྲོ་ཡེ་ཤེས་སྤྱན་ལྡན་ལྷ། །དགོས་མདུན་གྱི་ནམ་མཁའི་མཁའ་དབྱིངས་སུ། །ཐུགས་བརྩེ་བ་ཆེན་པོར་བཞུགས་སུ་གསོལ། ། ཨོྃ་མ་ཎི་པདྨེ་ཧཱུྃ༔ ལས་རྣམ་དཀར་བསོད་ནམས་ཡེ་ཤེས་ཀྱིས། །སྔོན་བསགས་དང་མ་འོངས་འབྱུང་འགྱུར་དང་། །འདིར་འབད་དང་དམིགས་བཅས་དམིགས་མེད་དགེ། །ཀུན་བསྡོམས་ནས་བྱང་ཆུབ་མཆོག་ཏུ་བསྔོ། ། ཨོྃ་མ་ཎི་པདྨེ་ཧཱུྃ༔ དེའི་མཐུ་ལ་བརྟེན་ནས་ལུས་ཅན་ཀུན། །དཔལ་འབྱོར་བ་རྒྱ་མཚོའི་འཚོ་བ་དང་། །དཔལ་རྒྱལ་སྲས་བརྒྱད་ཀྱིས་མདུན་བསུས་ཏེ། །གནས་བདེ་ཆེན་ཞིང་དུ་ཁྲིད་པར་ཤོག ། ཨོྃ་མ་ཎི་པདྨེ་ཧཱུྃ༔ རྒྱུ་སྦྱིན་པའི་བདག་པོའི་ཐོགས་དྲངས་དང་། །དྲིན་ཆེ་བའི་ཕ་དང་མ་ལ་སོགས། །ཞིང་དག་པ་ལྔ་རུ་རྒྱུ་སྦྱང་ཞིང་། །དཔལ་རྡོ་རྗེ་འཆང་དང་དབྱེར་མེད་ཤོག ། ཨོྃ་མ་ཎི་པདྨེ་ཧཱུྃ༔ ཞིང་འདི་ཡི་འདྲེན་མཆོག་རྫོགས་སངས་རྒྱས། །དེར་བསྟན་བའི་ལུང་རྟོགས་དམ་པའི་ཆོས། །དཔལ་རྒྱལ་སྲས་བརྒྱད་སོགས་མཆོག་གསུམ་པོ། །དེང་འདིར་འཚོགས་རྣམས་ལ་བདེ་ལེགས་སྩོལ། ། ཨོྃ་མ་ཎི་པདྨེ་ཧཱུྃ༔ སྐུ་མི་འགྱུར་རྡོ་རྗེ་ཁམས་ལྟར་བརྟན། །གསུང་མི་འགགས་རྡོ་རྗེའི་ཕྲིན་ལས་ཅན། །ཐུགས་འགྱུར་མེད་རྡོ་རྗེ་བདག་ཉིད་ཕྱིར། །དེང་འདིར་བཞུགས་ཡིག་དྲུག་ལན་གསུམ་གསུངས། ། ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ ཨོྃ་མ་ཎི་པདྨེ་ཧཱུྃ༔ འདི་ནི་ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱིས་སྦྱར་བའོ། དགེའོ། །

རྣམ་འཇོམས་བྱབ་ཁྲུས།

༄༅། ཁྲུས་བྱ་ཚུལ་མདོར་བསྡུས་ནི། བླ་མ་དང་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། འདིར་ནད་པ་སོགས་ཁྱད་པར་དུ་གློ་བུར་གཞན་ལ་ཁྲུས་བྱེད་དགོས་བྱུང་ན། ཁྲུས་ཆུ་དང་སྔགས་མར་སོགས་འདུ་བྱས་ལ། དང་པོ། གནས་མཆོག་ལྕང་ལོ་ཅན་གྱི་ཕོ་བྲང་དུཿ སངས་རྒྱས་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་འཛིནཿ སྟེང་འོག་ཕྱོགས་བཞིར་ཐུགས་ཀྱི་འགྲོ་དོན་མཛདཿ ཐུགས་ཀྱི་བྱང་ཆུབ་སེམས་དཔའི་འཁོར་གྱི་བསྐོརཿ ཕྱག་ན་རྡོ་རྗེའི་ལྷ་ཚོགས་ལ་གསོལ་བ་འདེབསཿ ན་མོ་སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆིཿ འགྲོ་དོན་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོཿ བདག་ཉིད་རྡོ་རྗེ་རྣམ་པར་འཇོམས་པའི་སྐུཿ ཁྲོ་འཛུམ་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པཿ གཡས་གཡོན་སྣ་ཚོགས་རྡོ་རྗེ་དྲིལ་བུ་འཛིནཿ དར་དང་རིན་ཆེན་རྒྱན་ལྡན་པད་ཉིའི་སྟེངཿ སྐྱིལ་ཀྲུང་ཕྱེད་བཅས་སྟོད་གཡོག་སྨད་ཤམས་ཅནཿ ཡེ་ཤེས་རང་འོད་འཁྲིགས་པའི་དབུས་ན་བཞུགསཿ ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་སྔགས་ཀྱིས་བསྐོརཿ ན་མཿཙནྜ་བཛྲ་ཀྲོ་ཏ་ཡཱཿ ཧུ་ལུ་ཧུ་ལུཿ ཏིཥྛ་ཏིཥྛཿ བྷནྡྷ་བྷནྡྷཿ ཧ་ན་ཧ་ནཿ ཨ་མྲཱི་ཏེ་ཧཱུྃ་ཕཊཿ སྔགས་ལས་འོད་འཕྲོས་སྟོང་གསུམ་འཇིག་རྟེན་གངཿ རྒྱལ་བ་མཆོད་ཅིང་བྱིན་རླབས་དངོས་གྲུབ་བསྡུསཿ དྲེགས་པ་ཚར་བཅད་མཐུ་དང་ནུས་པ་འཕྲོགཿ དྭངས་མ་ཚུར་འདུས་སྣོད་བཅུད་ལྷ་དང་སྔགསཿ དག་པ་རབ་འབྱམས་ཆོས་དབྱིངས་ཆེན་པོར་རྫོགསཿ འདིར་ཉེ་སྙིང་ཅི་ནུས་དང་། མདོ་རིང་ཚར་གཅིག །གཟུངས་རིང་ཚར་གསུམ་མམ་བདུན་སོགས་སྐབས་དང་བསྟུན་ཏེ་བཟླ། སླར་ཡང་ཁྲུས་ཆུ་ལ་དམིགས་ཏེ། སྔགས་ཀྱི་འོད་ཟེར་ཁྲུས་ཆབ་ལ་ཕོག་པསཿ གྲིབ་སེལ་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོར་གྱུརཿ ཉེ་སྙིང་གི་མཐར། ཨོྃ་ཨེ་ཧོ་ཤུདྡྷེ་ཤུདྡྷེཿ ཡཾ་ཧོ༴ བཾ་ཧོ༴ ལྃ་ཧོ༴ རྃ་ཧོ༴ ཨེ་ཡྃ་བྃ་ལྃ་རྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨཿ སརྦ་ཧ་ན་ཡེ་སྭཱ་ཧཱཿ ཞེས་ཅི་མང་བཟླ་ཞིང་། ཕན་ཡོན་ནི། བདག་གཞན་སེམས་ཅན་ཐམས་ཅད་ཀྱིཿ སྡིག་པ་ཐམས་ཅད་བྱང་བ་དངཿ ཞེས་པ་ནས། རྒྱལ་པོ་རྟག་ཏུ་ཁྲུས་ཀྱིས་ཤིགཿ ཅེས་བརྗོད་ལ་མཆོད་བསྟོད་བསྡུས་པ་བྱ། དེ་ནས་སྒྲུབ་བྱ་མདུན་དུ་བོས་ལ་ཁྲུས་བུམ་ཐོགས་ཏེ། རང་གི་སྙིང་ཀ་ནས་འཕྲོས་འོད་ཟེར་གྱིསཿ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་བསྐུལཿ དེ་དག་དབང་ལྷ་རིགས་ལྔའི་རྣམ་པར་བྱོནཿ བདུད་རྩི་གང་བའི་བུམ་པ་ཐོག་བཞིན་དུཿ བཀྲ་ཤིས་གླུ་ལེན་ཁྲུས་གསོལ་བྱེད་པར་གྱུརཿ ཧཱུྃ་ཇི་ལྟར་བལྟམས་པ༴ ཨོྃ་སརྦ་ཏ་ཐ་ག་ཏ་༴ འདི་ནི་ཁྲུས༴ ཨོྃ་སརྦ་ཏ་ཐ་ག༴ འདི་ནི་སྦྱིན་དང་ཚུལ་ཁྲིམ་བཟོད་བརྩོན་འགྲུསཿ བསམ་གཏན་ཤེས་རབ་རང་བཞིན་དག་པའི་ཆུཿ སེར་སྣ་ཁྲིམས་འཆལ་ཁོང་ཁྲོ་ལེ་ལོ་དངཿ རྣམ་གཡེང་གཏི་མུག་དྲི་མ་སྦྱོངས་མཛད་ཅིངཿ གཏོང་བ་ཚུལ་ཁྲིམ་བཟོད་པ་སྤྲོ་དགའ་དངཿ ཏིང་འཛིན་ཡེ་ཤེས་ཉིད་ལ་ལེགས་འགོད་ཆུསཿ ཁྲུས་ལེགས་མཛད་ལ་རྟག་ཏུ་ཁྲུས་བགྱིའོཿ ཁྲོ་བཅུའི་སྔགས་སམ་ཉེ་སྙིང་གི་མཐར། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས༴ ཆོས༴ དགེ་འདུན༴ གསང་སྔགས་དང་།རིགས་སྔགས་དང་།གཟུངས་སྔགས་དང་།སྙིང་པོ་དང་།ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པ་དང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་༴བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཚོགས་སྤྱི་དང་། ཁྱད་པར་དུ་དེ་བཞིན་གཞེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་བདག་ཉིད་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་གསང་བདག་རྡོ་རྗེ་རྣམ་པར་འཇོམས་པ་གཏུམ་པོ་བཞི། ཁྲོ་བོ་བཅུ། སྒོ་མ་བཞི། བཀའ་སྲུང་གཏེར་བདག་གཙང་རིགས་དཔལ་མགོན་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་བྱིན་གྱིས་རླབས་པ་ལ་བརྟེན་ནས། རྡོ་རྗེ་སློབ་མ་འདི་འམ་སྦྱིན་པའི་བདག་པོ་བདག་མོ་འདི་རྣམས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡང་ན་བདེན་བརྗོད་དོར་ལ་རྩ་སྔགས་མཐར། ཨོཾ་སརྦ་པཱ་པཾ་བྷྱ་སོགས་བརྗོད་ཀྱང་ཆོག །དེ་བཞིན་དུ། ནད་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་སརྦ་རོ་ག་བྷྱ༔ གདོན་ཐམས་ཅད༴ ཨོཾ་སརྦ་གྲ་ཧྱ་བྷྱཿ བགེགས་ཐམས༴ ཨོཾ་སརྦ་བིགྷྣན་བྷྱཿ རིམས་ཐམས༴ ཨོཾ་སརྦ་ཛྭ་ར་བྷྱཿ གདུག་པ་ཐམས༴ ཨོཾ་སརྦ་དུཥྜན་བྷྱཿ ཉེ་བར་འཚེ་བ་ཐམས༴ ཨོཾ་སརྦ་ཨུ་པ་དྲ་ཝེ་བྷྱཿ དུས་མ་ཡིན་པའི་འཆི་བ་ཐམས༴ ཨོཾ་སརྦ་ཨ་ཀ་ལ་མྲྀ་དྷ་བྷྱཿ རྨི་ལམ་ངན་པ་ཐམས༴ ཨོཾ་སརྦ་དུར་སོབ་བྷྱཿ མཚན་མ་ངན་པ་ཐམས༴ ཨོཾ་སརྦ་དུར་ནི་མི་ཏི་བྷྱཿ སེམས་ཀྱི་ཀུན་ནས་འཁྲུགས་པ་ཐམས༴ ཨོཾ་སརྦ་ཙིཏྟ་ཀུ་ལེ་བྷྱཿ གཞན་ཡང་རྒྱུ་སྡིག་སྒྲིབ་ཐམས༴ འབྲས་བུ་སྡུག་བསྔལ་ཐམས༴ དབང་པོ་ཉམས་པ་ཐམས༴ ཚེ་ཟད་པ་དང་ཚེ་ཉམས་པ་ཐམས༴ ཕུན་སུམ་ཚོགས་པ་མ་ཡིན་པ་ཐམས༴ ལྷ་རྣམས་ཀྱི་རྒྱབ་ཀྱིས་ཕྱོགས་པ་ཐམས༴ མཛའ་སྡིག་གི་སྐྱེ་བོ་སྡང་བ་ཐམས༴ འཁོར་གཡོག་གི་གཙེས་པ༴ ཕན་ཚུན་མི་མཐུན་པ༴ ནོར་དང་ལོངས་སྤྱོད་འགྲིབ་པ༴ མྱ་ངན་གྱི་ངལ་བ་༴ གཟུགས་ཅན་གྱི་དགྲ་དང་གཟུགས་མེད་ཀྱི་བགེགས་སོགས་མི་དང་མི་མ་ཡིན་པའི་གནོད་པ༴ ནད་མུག་མཚོན་འཁྲུགས་སོགས་འཇིགས་པ་བརྒྱད་ཀྱི་གནོད་པ་ཐམས༴ ཆོས་ཀྱི་ནོར་གྱིས་ཕོང་བ་ཐམས༴ གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས༴ ཕ་རོལ་གྱི་བྱད་སྟེམས་ངན་པ་ཐམས༴ ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས༴ གདོན་རིགས་སུམ་བརྒྱ་དྲུག་ཅུའི་གནོད་པ་ཐམས༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས༴ བྱིས་སྦའི་གདོན་ཆེན་བཅོ་ལྔའི་གནོད་པ་ཐམས༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུའི་གནོད་པ་ཐམས༴ གློ་བུར་བརྒྱད་ཅུ་རྩ་གཅིག་གི་གནོད་པ་ཐམས༴ གཞན་ཡང་གྲིབ་དང་མི་གཙང་བ་བྱུར་དང་སྐལ་བ་ངན་པ་དང་བཀྲ་མི་ཤིས་པའི་དངོས་པོ་ཐམས༴ ལོ་ཟླ་ཞག་དུས་ཀྱི་སྐེག་དང་སྲི་ངན་པ་ཐམས༴ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་མཐོང་ཐོས་དྲན་རེག་བསམ་སྦྱོར་ངན་པ་དང་བཅས་པའི་གྲིབ་དང་དུག་ཐམས༴ འབྱུང་བ་ཆེན་པོ་ས་ཆུ་མེ་རླུང་ནམ་མཁའི་ཁམས་དང་བཅས་པའི་གྲིབ་དང་དུག་ཐམས༴ ཉེ་སྙིང་གི་མཐར། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ༴ བྃ་ཧོ༴ ལྃ་ཧོ༴ རྃ་ཧོ༴ ཨེ་ཡཾ་བྃ་ལྃ་རྃ་ཧོ་ཤུདྡྷེ་ཤུདྡྷེ༔ ཨ་ཨ་ཨ་སརྦ་ཧ་ན་ཡེ་སྭཱ་ཧཱ༔ ཨོཾ་ཨ་ཤི་པ་ལ༴ ཞེས་བརྗོད་ཅིང་ཁ་གདོང་ལ་སོགས་ལུས་ཀྱི་ཆ་ཤས་བཀྲུ་བར་བྱའོ། བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཟས་གྲིབ་གོས་གྲིབ་ནོར་གྱིས་གྲིབ། །གྲིབ་གདོན་ངན་པ་སེལ་གྱུར་ཅིག །མཛེ་གྲིབ་རོ་གྲིབ་རྩོག་གིས་གྲིབ། །མི་གཙང་གྲིབ་རྣམས་༴ རྒྱལ་པོ་འབྱུང་པོ་བསེན་མོའི༴ ལྷ་འདྲེའི་གྲིབ་རྣམས་༴ ལྷ་དང་ཀླུ་དང་གཉན་གྱིས་གྲིབ། །རྣམ་རྟོག་གྲིབ་རྣམས༴ དྲི་ཟ་གྲུལ་བུམ་ཤ་ཟའི་གྲིབ། །གནོད་སྦྱིན་གྲིབ་༴ ཐེའུ་རང་འགོང་པོ་བསེ་རག༴ བགེགས་ཀྱི་གྲིབ་རྣམས༴ ཉོན་མོངས་དུག་ལྔ་དུག་གསུམ༴ ལས་ཀྱི་གྲིབ༴ སོ་བྱང་གསང་སྔགས་དམ་ཚིག་སྡོམ། །ཉམས་ཆགས་གྲིབ་རྣམས༴ གྲིབ་བདག་ཆེན་པོས་གྲིབ་སོལ་ཅིག །རྩ་སྔགས། བདག་དང་རྒྱུ་སྦྱོར་ཡོན་བདག་གི །ལུས་ངག་ཡིད་གསུམ་ཕྱི་ནང་གི །གྲིབ་དང་ནད་གདོན་ཀུན་བྱང་ནས། །ཤེལ་སྒོང་བཞིན་དུ་གསལ་གྱུར་ཅིག །དངོས་པོའི་གཉིས་འཛིན་དག་གྱུར་ཅིག །དག་པའི་ས་ལ་གནས་པར་ཤོག །ཉེ་སྙིང་དང་། གྲིབ་དང་མི་གཙང་བ་ཐམས་ཅད་སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ༀ་ཨིས་ཙི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་མི་ཊ་ཡ༴ མོན་ཏྲ་ཀྲོ་ཏ་ཡ༴ ཨ་ཀ་ཀྲོ་ཏ་ཡ༴ ཨ་བྷུ་ཀྲོ་ཏ་ཡ༴ ཨུ་ཊ་ཤ་ཊ་ཡ༴ ཨེ་ལིང་ཨེ་ཊ་ཡ༴ ལ་མོན་ཏྲ་ཡ༴ ཨིས་ནི་པིས་ནི་ཊ་ཡ༴ ཞེས་ཅི་ནུས་བཟླས། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་། །འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང་། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །མི་མཐུན་བྱང་ཞིང་དག་གྱུར་ཅིག །ཨོཾ་ཨིས་ཙ་ཊ༴སོགས་ནས། ཨོཾ་བྷུརྐུཾ་མ་ཧཱ་པྲ་མ་ཎ་ཡེ་བྷུར་ཙི་བྷུརྐུཾ་བི་མ་ལེ་ཨུ་ཙུཥྨ་ཀྲོ་ཏ་ཧཱུྃ་ཕཊཿ ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ནད་གདོན་སྡིག་སྒྲིབ་དམ་སེལ་དམེ་མུག་ཉམས་འཁོན་བྱད་གདོན་བག་ཡུག་མཛེ་ཤན་གནས་གྲོགས་སྟན་གོས་མནོལ་རྩོག་རབ་ཆད་མནའ་ཟོས་རོ་གྲིབ་ནད་གྲིབ་དཀོར་གྲིབ་གདོན་གྲིབ་ལྷ་སྲུང་འཁྲུགས་པའི་བཀའ་ཆད་རྐྱེན་གྲིབ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་སརྦ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཀྲུ་ཞིང་བུམ་ཆུ་འཐོར་འཐུང་ལ་སོགས་བྱ་དེ་ནས། ཁྲུས་ལྷ་རྣམས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམས་པས་གསང་བདག་རྡོ་རྗེ་རྣམ་པར་འཇོམས་པའི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་ཏེ། ལུས་ཀྱི་ཆ་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཏམ་ཏེ་ཕྱིན་ཆད་བར་ཆད་རྐྱེན་བགེགས་གང་གིས་ཀྱང་གླགས་མི་རྙེད་པར་གྱུར་པའི་མོས་པ་མཛོད། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་ནུས་མཐུ་ཡིས། །འགྲོ་བ་འདི་ལ་བདག་གིས་བསྲུང་ཟིན་གྱིས། །ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག །ཉེ་སྙིང་གི་མཐར། དཱ་ན་པ་ཏི་ཀ་ཝ་ཙི་རཀྵ་ཀུ་རུ་བྷྲཱུྃ་སྭཱཧཱ༔ སེམས་ཅན་ནད་པ༴ སྦྱིན་བདག་འཁོར་དང༴ བགེགས་རིགས་སྟོང་ཕྲག༴ རྒྱལ་ཀུན་ཐུགས་རྗེ་ཕྲིན་ལས་གཅིག་བསྡུས་པ། །སྙིགས་དུས་འགྲོ་བའི་སྐྱབས་མགོན་ཨོ་རྒྱན་རྗེ། །བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས། །བར་ཆད་བདུད་ལས་རྒྱལ་བའི་བཀྲ་ཤིས་ཤོག །བདག་བསྐྱེད་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ །ཞེས་པ་འདི་ཡང་ཉེ་བར་གནས་པའི་སློབ་འབང་འགའ་ཞིག་གིས་བསྐུལ་ངོར་ཤཱཀྱའི་དགེ་སྦྱོང་རྒན་པོ་འགྱུར་མེད་རྒྱལ་མཚན་བཟང་པོས་མགྱོགས་པར་བྲིས་པ་སརྦ་མངྒ་ལཾ། །ཤུ་བྷཾ།།

བསང་མཆོད་ལམ་ལྷ་ཕྱོགས་བཅུའི་མུན་སེལ།

༄༅། བསང་མཆོད་ལམ་ལྷ་ཕྱོགས་བཅུའི་མུན་སེལ་ནོར་བུ་བསམ་འཕེལ་བཞུགས།

ལམ་ལྷའི་བསང་ཡིག་འདི་འགྲོ་ཁ་ཕྱེ་མར་དང་ཤུག་པ་ཐབ་ཁུང་དུ་བསྲེགས། ཇ་ཕུད་ཀྱིས་མཆོད་ལ་འདོན། རྒྱུན་དུ་འདོན་ན་ཤིན་ཏུ་ལེགས། ཕྱེ་མར་དང་འབྲུ་སྣ་ཤུག་ཕྱེ་སོགས་བསང་ཁུང་ཏུ་བླུག་ནས་འགྲོ་ཁ་གསུར་འདྲ་བ་བྱས་དེ་ཇ་ཕུད་བྲན་ནས་བཏོན་ཀྱང་ཆོག་གོ །ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དངཿ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆིཿ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིརཿ སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོཿ ཧཱུྃ༔ སྣོད་བཅུད་དག་པའི་ཞིང་དུ་གྱུརཿ རང་ཉིད་དབང་ཆེན་ཁྲོ་བོའི་རྒྱལཿ རྟ་མགྲིན་ནག་པོ་བརྗིད་པའི་སྐུཿ ཕྱག་མཚན་རྒྱན་ཆས་ཡོངས་རྫོགས་གསལཿ བཞོན་པ་རྟ་དང་མཛོ་གཡག་སོགསཿ རྩལ་ཆེན་སྟག་མོ་དྲུས་མ་དངཿ རྟ་མཆོག་གླང་ཆེན་སེང་གེར་གྱུརཿ སྤྱི་བོར་བླ་མ་པདྨ་འབྱུངཿ སྤྱན་རས་གཟིགས་དང་འོད་དཔག་མེདཿ བརྒྱུད་གསུམ་རིག་འཛིན་བླ་མས་བསྐོརཿ དེ་སྟེང་ཟིལ་གནོན་ཁྱུང་ཆེན་ལྡིངཿ བསྲུང་བྱ་རྟ་ཕྱུགས་ནོར་རྫས་བཅསཿ ཀུན་ཀྱང་ཁྲོ་བོ་ཁྲོ་མོ་དངཿ རྒྱལ་སྲིད་རིན་ཆེན་སྣ་བདུན་གསལཿ རྒྱབ་ཏུ་ཡི་དམ་ལྷ་ཚོགས་དངཿ གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགསཿ ཚངས་པ་བརྒྱ་བྱིན་ཕྱོགས་སྐྱོང་བཅུཿ རྒྱལ་ཆེན་བཞི་སོགས་གཙང་རིས་མགོནཿ དགྲ་ལྷའི་རྒྱལ་པོ་མཆེད་སྡེ་དགུཿ ས་ཡི་ལྷ་མོ་བསྟན་མ་སོགསཿ སྟོང་གསུམ་གཞི་བདག་ཚོགས་རྣམས་དངཿ ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅསཿ གངས་ཅན་བོད་ཡུལ་གཞི་བདག་དངཿ ཁྱད་པར་རྣལ་འབྱོར་བདག་ཅག་གིཿ འགོ་བའི་ལྷ་དང་སྐྱོབས་པའི་ལྷཿ ཡུལ་རིའི་གཞི་བདག་དང་བཅས་གསལཿ གཡས་ན་སེང་ཆེན་འགྱིང་ཞིང་འཕྱོཿ གཡོན་ན་རྒྱ་སྟག་ངར་ཞིང་རྔམཿ མདུན་ན་སྟོབས་ལྡན་གླང་ཆེན་རྒྱུགཿ དེ་སྔོན་མི་མཐོང་ཙམ་གྱི་སརཿ དམ་ཅན་མགར་དམར་སེང་གེ་ཆིབསཿ རྡོ་རྗེ་དགྲ་སྙིང་མདུང་དར་ཐོགསཿ སྟག་རལ་གཟིག་ཤུབས་རལ་གྲི་བསྐོརཿ བྱ་ཞོན་སེང་ཞོན་ར་ཞོན་སོགསཿ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དངཿ དགེ་བསྙེན་བསྟན་མ་གིང་ཆེན་བཞིཿ འཛིན་གིང་ཞེ་གཉིས་བཙན་རྒོད་སྟོངཿ ཀུན་ཀྱང་དར་མདུང་དམར་པོ་ཕྱརཿ སྟེང་ན་ཁྱུང་དང་བྱ་ཁྲ་ལྡིངཿ མདུན་ན་ལྕགས་སྤྱང་མང་པོ་རྒྱུགཿ གཡས་ན་དྲེད་མོང་གཡོན་ན་དོམཿ རྒྱབ་ན་ཟངས་ཀྱི་འཕར་བ་འབྲངཿ རང་གི་གཡས་གཡོན་རྒྱང་གྲགས་སུཿ མ་ནིང་ཕྱག་བཞི་ཚོགས་བདག་མགོནཿ ལྷ་ཆེན་རལ་གཅིག་སྲོག་སྒྲུབ་མཿ རེ་ཏི་གཟའ་དང་ཤན་པ་དམརཿ རྡོར་ལེགས་བཙན་རྒྱལ་ཙིའུ་དམར་བཿ ཞིང་སྐྱོང་རྣམ་སྲས་ཛམ་ལྷ་སོགསཿ ཆོས་སྐྱོང་བསྲུང་མ་ཐམས་ཅད་ཀུནཿ རང་རང་མཉམ་དུ་འགྲོགས་བཞིན་འགྲོཿ ཀུན་གྱི་མཐའ་བསྐོར་དཔག་ཚད་ཙམཿ དུར་ཁྲོད་བདག་པོ་ཀེང་རུས་གཟུགསཿ གྲངས་མེད་བསྐོར་ནས་སྔགས་སྒྲ་སྒྲོགསཿ གནོད་བྱེད་དགྲ་ཇག་ཆོམ་རྐུན་རྣམསཿ དབྱུག་ཏོས་འཇོམས་ཤིང་ཐོད་ཁྲག་གིཿ རླངས་པས་མྱོས་པས་དྲན་མེད་གྱུརཿ འོད་ཟེར་ཅན་མ་ཕག་ལ་ཆིབསཿ སེར་མོ་ཁབ་སྐུད་བསྣམས་པའི་ཚོགསཿ རླུང་ལྟར་འཚུབས་པས་གནོད་བྱེད་རྣམསཿ ཁ་མིག་ཚེམས་ནས་ནུས་མེད་བྱེདཿ ནམ་མཁའི་དབྱིངས་སུ་འགྲོ་ཕྱོགས་དེའིཿ སངས་རྒྱས་སེར་པོས་སྐྱབས་སྦྱིན་མཛདཿ སྒྲོལ་དཀར་སྐྱབས་སྦྱིན་མཛད་པ་དངཿ སྤྱན་རས་གཟིགས་དབང་བཅུ་གཅིག་ཞལཿ བསྐལ་བཟང་སངས་རྒྱས་བྱང་སེམས་རྣམསཿ སྐྱབས་སྦྱིན་མཛད་པའི་ཕྱག་འོག་ཏུཿ བདག་ཅག་འཁོར་བཅས་འགྲོ་བར་གྱུརཿ ལྷ་ཚོགས་ཀུན་གྱི་གནས་གསུམ་དུཿ ཡིག་འབྲུ་གསུམ་གྱིས་མཚན་པ་དངཿ ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིསཿ ཡེ་ཤེས་སེམས་དཔའ་སྤྱན་འདྲེན་བསྟིམཿ ཧཱུྃ༔ སྐུ་གསུམ་དག་པའི་ཞིང་ཁམས་ནསཿ དཀོན་མཆོག་རྩ་གསུམ་སྲུང་མར་བཅསཿ ནོར་ལྷ་གནོད་སྦྱིན་རིགས་ལ་སོགསཿ ཡེ་ཤེས་འཇིག་རྟེན་ལས་གྲུབ་པའིཿ ལམ་གྱི་འཇིགས་པ་སྐྱོབས་མཛད་ལྷཿ དཀར་ཕྱོགས་སྐྱོང་བར་མཛད་པ་ཡིཿ སྨོན་ལམ་དམ་ཚིག་ལྡན་པ་ཀུནཿ ཐུགས་རྗེའི་དབང་གིས་གནས་འདིར་གཤེགསཿ ཁྱེད་རྣམས་མཆོད་པའི་དམ་རྫས་ནིཿ རྃ་ཡྃ་ཁྃ་གིས་བསྲེགས་གཏོར་བཀྲུསཿ མི་དམིགས་སྟོང་པའི་ངང་ཉིད་ལསཿ ཡི་གེ་གསུམ་ལས་བྱུང་བ་ཡིཿ བཟང་ཤིང་སྤོས་སྤྲིན་ཕྱེ་མར་གསུརཿ བཛྲ་དྷུ་པེས་བྱིན་རླབས་པསཿ དུད་པའི་ཟེགས་མ་རེ་རེ་ལསཿ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔཿ བཀྲ་ཤིས་རྟགས་རྫས་རིན་ཆེན་བདུནཿ གཡག་ལུག་ར་སྐྱེས་རི་དྭགས་གཟུགསཿ བྱ་རིགས་གཅན་ཟན་ཆུ་གནས་རིགསཿ དར་ཟབ་འབྲུ་སྣ་རིན་པོ་ཆེཿ ལྷ་རྫས་བདུད་རྩི་ཀླུ་ཡི་སྨནཿ འཁོར་བཅས་མགྲོན་རིགས་ཐམས་ཅད་ཀྱིཿ དབང་པོ་དྲུག་གི་སྤྱོད་ཡུལ་དུཿ ཟག་མེད་བདེ་བ་བསྐྱེད་པའི་རྫསཿ ཁ་དོག་དྲི་རོ་ནུས་ལྡན་པསཿ སངས་རྒྱས་ཞིང་ཀུན་ཁྱབ་པར་གྱུརཿ ༀ་བཛྲ་དྷུཔྤཻ་པཱུ་ཙ་ཨཱཿཧཱུྃ༔ ཧཱུྃ༔ བླ་མ་ཡི་དམ་དཀོན་མཆོག་གསུམཿ མཁའ་འགྲོ་ཆོས་སྐྱོང་ནོར་གྱི་ལྷཿ དཀར་ཕྱོགས་སྐྱོང་བར་བྱེད་པ་ཡིཿ ལམ་ལྷ་ཀུན་ལ་བསང་མཆོད་འབུལཿ ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིགཿ ཕྱོགས་བཅུའི་མུན་པ་སེལ་མཛད་པའིཿ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལཿ ཕྱག་འཚལ་བསང་དང་མཆོད་པ་འབུལཿ ཐུགས་རྗེས་སྟོབས་ཀྱིས་བསྐྱབ་ཏུ་གསོལཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེཿ མི་འཇིགས་སྐྱབས་སྦྱིན་སྤྱན་རས་གཟིགསཿ ཁྱེད་ལ་ཕྱག་འཚལ་བསང་མཆོད་འབུལཿ འཇིགས་པ་ཞི་བའི་ལམ་ལྷ་མཛོདཿ ཤར་ཕྱོགས་སངས་རྒྱས་རྗེས་སྦྱོང་ལཿ ཕྱག་འཚལ་བསང་དང་མཆོད་པ་འབུལཿ ཤར་ཕྱོགས་འགྲོ་བའི་ལམ་ལྷ་མཛོདཿ ལྷོ་ཕྱོགས་སངས་རྒྱས་སེམས་དང་པོཿ བསྐྱེད་པ་ཡིད་ལ་མཛད་པ་པོཿ རྣམ་གྲངས་བསྙེངས་པ་དང་བྲལ་བའིཿ མངོན་པར་འཕགས་པའི་རྒྱལ་པོ་ལཿ ཕྱག་འཚལ༴ ལྷོ་ཕྱོགས་འགྲོ༴ ནུབ་ཕྱོགས་སངས་རྒྱས་འཁོན་དང་ནིཿ རྒྱགས་པ་རྣམ་པར་གནོན་པ་ལཿ ཕྱག་འཚལ༴ ནུབ་ཕྱོགས་འགྲོ༴ བྱང་ཕྱོགས་བཞུགས་པའི་དེ་བཞིན་གཤེགསཿ རིན་ཆེན་གཟུགས་བཀོད་འོད་སྣང་ལཿ ཕྱག་འཚལ༴ བྱང་ཕྱོགས་འགྲོ༴ བྱང་ཤར་སངས་རྒྱས་བདུན་དང་ནིཿ ཡིད་གཉིས་ཀུན་འཇོམས་རྣམས་གནོན་ལཿཕྱག་འཚལ༴ བྱང་ཤར་འགྲོ༴ ཤར་ལྷོའི་སངས་རྒྱས་སེམས་དང་པོཿ བསྐྱེད་པས་ཕྱིར་མི་ལྡོག་པ་ཡིཿ འཁོར་ལོ་འབྱུང་བའི་དཔལ་དེ་ལཿ ཕྱག་འཚལ༴ ཤར་ལྷོ་འགྲོ༴ ལྷོ་ནུབ་སངས་རྒྱས་བཅོམ་ལྡན་འདསཿ རིན་ཆེན་གདུགས་འཕགས་སྣང་དེ་ལཿ ཕྱག་འཚལ༴ ལྷོ་ནུབ་འགྲོ༴ ནུབ་བྱང་བཞུགས་པའི་སངས་རྒྱས་ནིཿ བྱང་ཆུབ་སེམས་དཔའ་འདུལ་ཞེས་ལཿ ཕྱག་འཚལ༴ ནུབ་བྱང་འགྲོ་༴ སྟེང་ཕྱོགས་བཞུགས་པའི་སངས་རྒྱས་ནིཿ སྐྲག་མེད་མུན་བྲལ་ཏིང་ངེ་འཛིནཿ མངོན་འཕགས་རྒྱལ་པོ་ཞེས་བྱ་ལཿ ཕྱག་འཚལ༴ འདུག་པའི་ཚེ་ན་སྲུང་སྐྱོབས་མཛོདཿ འོག་ཕྱོགས་སངས་རྒྱས་བཅོམ་ལྡན་འདསཿ དང་པོ་སེམས་བསྐྱེད་ཐེ་ཚོམ་རྣམསཿ གཅོད་མཛད་ཉོན་མོངས་བསྐྱོད་ཅེས་ལཿ ཕྱག་འཚལ༴ འདུག་པའི་ཚེ༴ ཤར་ཕྱོགས་བཅོམ་ལྡན་རྡོ་རྗེ་སེམསཿ རྡོ་རྗེ་མཁའ་འགྲོ་འཁོར་བཅས་ལཿ ཕྱག་འཚལ༴ ཤར་ཕྱོགས་འགྲོ༴ ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན་དངཿ རིན་ཆེན་མཁའ་འགྲོ་འཁོར་བཅས་ལཿ ཕྱག་འཚལ༴ ལྷོ་ཕྱོགས་འགྲོ༴ ནུབ་ཕྱོགས་བཅོམ་ལྡན་སྣང་མཐའ་ཡསཿ པདྨ་མཁའ་འགྲོ་འཁོར་བཅས་ལཿ ཕྱག་འཚལ༴ ནུབ་ཕྱོགས་འགྲོ༴ བྱང་ཕྱོགས་བཅོམ་ལྡན་དོན་ཡོད་གྲུབཿ ལས་ཀྱི་མཁའ་འགྲོ་འཁོར་བཅས་ལཿ ཕྱག་འཚལ༴ བྱང་ཕྱོགས་འགྲོ༴ དབུས་ཕྱོགས་རྣམ་པར་སྣང་མཛད་དངཿ སངས་རྒྱས་མཁའ་འགྲོ་འཁོར་བཅས་ལཿ ཕྱག་འཚལ༴ འདུག་པའི་ཚེ་ན་སྲུང་སྐྱོབས་མཛོདཿ པད་འབྱུང་སྐུ་ལྔ་མཚན་བརྒྱད་ལཿ ཕྱག་འཚལ༴ གར་འགྲོའི་ཡུལ་ལྷ་དབང་བསྡུས་ལཿ ཆོས་མཛད་བདག་གི་ལམ་ལྷ་མཛོདཿ རྗེ་བཙུན་སྒྲོལ་མ་དཀར་སྔོན་ལཿ ཕྱག་འཚལ༴ འཇིགས་བརྒྱད་ཞི་བའི་ལམ་ལྷ་མཛོདཿ ཧཱུྃ༔ རྒྱལ་བའི་བསྟན་སྲུང་རྒྱ་མཚོའི་གཙོཿ དབང་ཆེན་རྟ་མགྲིན་ནག་པོ་དངཿ མ་ནིང་ཕྱག་བཞི་ཚོགས་བདག་མགོནཿ ལྷ་ཆེན་རལ་གཅིག་སྲོག་སྒྲུབ་མཿ རེ་ཏི་གཟའ་དང་ཤན་པ་དམརཿ རྡོར་ལེགས་བཙན་རྒྱལ་ཙི་དམར་བཿ ཞིང་སྐྱོང་རྣམ་སྲས་ཛམ་ལྷ་སོགསཿ ཆོས་སྐྱོང་སྲུང་མ་ཐམས་ཅད་ལཿ ཕྱག་འཚལ༴ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིཿ ལམ་ལྷ་མགོན་སྐྱབས་སྡོང་གྲོགས་མཛོདཿ ལྷ་མོ་འོད་ཟེར་ཅན་མ་ལཿ ཕྱག་འཚལ༴ དགྲ་ཇག་བཅིངས་པའི་ལམ་ལྷ་མཛོདཿ དུར་ཁྲོད་བདག་པོ་ཡབ་ཡུམ་ལཿ ཕྱག་འཚལ༴ ཆོམ་རྐུན་བཅིངས་པའི་ལམ་ལྷ་མཛོདཿ ལམ་ལྷའི་རྒྱལ་པོ་བདེ་མཛད་པཿ དཔལ་ལྡན་ཨརྱ་རེ་མནྟཿ འཁོར་ཚོགས་ལྔ་བརྒྱར་བཅས་པ་ལཿ ཕྱག་འཚལ༴ རྔོག་ཆགས་བསྲུང་བའི་ལམ་ལྷ་མཛོདཿ ནོར་ལྷ་པརྞ་ཤ་ཝ་རིཿ ལུག་ལྷ་ར་ལྷ་ཕྱུགས་ཀྱི་ལྷཿ ཁྱིམ་ལྷ་ཞིང་ལྷ་ཐམས་ཅད་ལཿ ཕྱག་འཚལ༴ ནོར་ཕྱུགས་བསྲུང་བའི་ལམ་ལྷ་མཛོདཿ སྟེང་གི་ལྷ་དང་བར་གྱི་གཉནཿ འོག་གི་ཀླུ་དང་གཞི་བདག་ཚོགསཿ ཀུན་ལ་བསང་དང་མཆོད་པ་འབུལཿ བདག་ཅག་དཔོན་སློབ་འཁོར་བཅས་རྣམསཿ ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡངཿ རྟག་ཏུ་སྲུང་སྐྱོབས་ལམ་ལྷ་མཛོདཿ ད་ལོའི་ལོ་དང་ད་རེས་ཀྱིཿ ཟླ་བ་ཞག་དང་དུས་ཚོད་ལྷཿ ཀུན་ལ་བསང་དང་མཆོད་པ་འབུལཿ གར་འགྲོའི་ཕྱོགས་ཀྱི་ལམ་ལྷ་མཛོདཿ ཁྱད་པར་དམ་ཅན་རྡོ་རྗེ་ལེགསཿ མཆེད་ཟླ་དགེ་བསྙེན་བསྟན་མ་དངཿ གིང་བཞི་འཛིན་གང་བཙན་རྒོད་སྟོངཿ དགྲ་ལྷའི་རྒྱལ་པོ་མཆེད་སྡེ་དགུཿ ཚངས་པ་བརྒྱ་བྱིན་ཕྱོགས་སྐྱོང་བཅུཿ རྒྱལ་ཆེན་བཞི་སོགས་གཙང་རིས་མགོནཿ མ་ལུས་འཁོར་བཅས་ཐམས་ཅད་ལཿ ཕྱག་འཚལ༴ སློབ་དཔོན་པདྨའི་བཀའ་བཞིན་དུཿ དམ་ལྡན་རྣལ་འབྱོར་བདག་ཅག་རྣམསཿ གར་འགྲོ་གར་འདུག་གར་གནས་ཀྱངཿ སྐྱེལ་བསུ་རོག་ལྡན་ལམ་ལྷ་མཛོདཿ ལྷ་མོ་བསྟན་མ་ལ་སོགས་པའིཿ སྟོང་གསུམ་གཞི་བདག་ཚོགས་རྣམས་དངཿ ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅསཿ བོད་ཀྱི་མགུར་ལྷ་བཅུ་གསུམ་ཚོགསཿ མ་ལུས་འཁོར་བཅས་ཐམས་ཅད་ལཿ བསང་མཆོད་འབུལ་ལོ་ལམ་ལྷ་མཛོདཿ གངས་དཀར་ཏི་སེའི་གནས་བདག་དངཿ ཡར་འབྲོག་ཡར་ལྷ་ཤམ་པོ་དངཿ གཉན་ཆེན་ཐང་ལྷ་ཡབ་ཞུར་དངཿ ཁམས་ཀྱི་སྲིང་མོ་རྫོང་ལ་སོགསཿ དབུས་གཙང་ཕྱོགས་ཀྱི་གཞི་བདག་ཚོགསཿ མ་ལུས་འཁོར་བཅས་ཐམས་ཅད་ལཿ བསང་མཆོད༴ གཏེར་སྲུང་རྨ་གཉན་སྤོམ་ར་དངཿ ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་དངཿ ཉག་སྟོད་ཁ་བ་ལུང་རི་དངཿ བསེར་གྱི་འབྲོང་རི་སྨུག་པོ་སོགསཿ མདོ་ཁམས་སྟོད་ཕྱོགས་གཞི་བདག་ཚོགསཿ མ་ལུས་འཁོར་བཅས་ཐམས་ཅད་ལཿ བསང་མཆོད༴ རོང་བཙན་ཁ་བ་དཀར་པོ་དངཿ རྡོ་རྗེ་དཔལ་བརྩེགས་གཉན་པོ་དངཿ དགེ་བསྙེན་བཞག་བྲ་ལྷ་རྩེ་དངཿ སྦ་རོང་བྲག་དཀར་ལ་སོགས་པའིཿ མདོ་ཁམས་སྨད་ཕྱོགས་གཞི་བདག་ཚོགསཿ མ་ལུས༴ བསང་མཆོད༴ ཤར་གྱི་དུང་རི་དཀར་པོ་དངཿ ཀ་ཀོང་སེང་གེ་ཡང་རྫོང་དངཿ མཛེས་ཡག་བྲག་དམར་རྨོག་མཐོ་དངཿ རྒྱལ་མོ་དམུ་རྡོའི་གནས་བདག་དངཿ སྐུ་ལ་སྟག་རྣ་གཉན་པོ་དངཿ རྒྱལ་རོང་ཕྱོགས་ཀྱི་གཞི་བདག་ཚོགསཿ མ་ལུས༴ བསང་མཆོད༴ རྡོ་རྗེ་དབྱི་ཕྲོམ་གཉན་པོ་དངཿ ལྷ་ལྕམ་དཀར་མོ་མཚོ་སྨན་བཅསཿ བཀའ་བློན་དགྲ་ལྷ་མི་མགོན་དཀརཿ དཔའ་བོ་ཆེན་པོ་སྟག་འཕྲུ་ཅནཿ གནས་ལུང་དབང་སྡུད་ལྷ་རྩེ་སོགསཿ དབྱི་ཁོག་སྟོད་སྨད་གཞི་བདག་ཚོགསཿ མ་ལུས༴ བསང་མཆོད༴ ཡུལ་འདིའི་གཡས་རི་གཡོན་གྱི་རིཿ མདུན་རི་རྒྱབ་རི་ཆུ་ཤིང་བྲགཿ མཚེར་ས་བྲང་སའི་གནས་བདག་ཚོགསཿ མ་ལུས༴ བསང་མཆོད༴ རྣལ་འབྱོར་བདག་ཅག་འཁོར་བཅས་རྣམསཿ ཞི་རྒྱས་དབང་དྲག་ལས་བཞི་ཡིཿ འགྲོ་དོན་ཕྲིན་ལས་གར་མཛད་ཀྱངཿ སྔོན་གྱི་ཕྱོགས་སུ་བསུ་མ་དངཿ རྒྱབ་ཀྱི་ཕྱོགས་ནས་སྐྱེལ་མ་མཛོདཿ ཆུ་ལ་འགྲོ་ན་གྲུ་ཟམ་མཛོདཿ བྲག་ལ་འགྲོ་ན་ལམ་ཕྱུང་ལཿ དཔག་བསམ་ཤིང་གི་སྐས་ཚུགས་ཤིགཿ ཆུ་དང་བྲག་དང་ལམ་ངན་ལཿ རྦབ་གཡང་ཁ་སྨྲས་མེད་པར་མཛོདཿ ཉིན་གྱི་དུས་སུ་བྱ་ར་དངཿ མཚན་གྱི་དུས་སུ་མེལ་ཚེ་གྱིསཿ དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབསཿ སྟག་གཟིག་འཕར་སྤྱང་ལ་སོགས་པའིཿ གནོད་བྱེད་གཅན་ཟན་ཁ་ཆིངས་ཤིགཿ ལྷ་འདྲེ་མི་གསུམ་དབང་དུ་སྡུསཿ ཟས་ནོར་ལོངས་སྤྱོད་ཆར་བཞིན་ཕོབཿ འགྲོ་དོན་བསྟན་པ་རྒྱས་པ་དངཿ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོདཿ རྟག་ཏུ་ལུས་དང་གྲིབ་མ་བཞིནཿ འགྲོགས་ལ་ཁ་འཛིན་སྡོང་གྲོགས་མཛོདཿ རྨ་གཡང་ཁུ་ཡེ་གཡང་དུ་ཁུགཿ ནད་མེད་བདེ་སྐྱིད་ཕུན་ཚོགས་ཤིངཿ འབྲེལ་ཚད་དོན་ལྡན་བཀྲ་ཤིས་ཤོགཿ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཏདྱ་ཐཱ༔ ནཀྵ་ཏེ་ས་ཏ་ཏི༔ ཐི་མུ་ཧུ་དུར་ཏེ༔ ན་ཀྵ་ཏེ་མི་ནི་ས༔ སྨི་ཏ་ནི་བྷ་ག་ཝནྟུ་སྭཱ་ཧཱ༔ སྔགས་འདི་འགྲོ་ཁ་ལན་བདུན་བརྗོད་པས་དོན་ཐམས་ཅད་འགྲུབ་པར་གསུངས་སོ། འདི་ནི་ཕྱོགས་བཅུའི་མུན་སེལ་དང་པདྨ་དཀར་པོ་བླ་མ་དགོངས་པ་འདུས་པ་ལ་སོགས་མདོ་རྒྱུད་མན་ངག་མང་པོའི་དོན་བསྡུས་ཏེ་རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་དང་གྲུབ་ཐོབ་ཀརྨ་ཆགས་མེད་རིན་པོ་ཆེས་མཛད་པ་ལ་གཞིར་བྱས་ཏེ་ཤཱཀྱའི་དགེ་སྦྱོང་རྒན་པོ་འགྱུར་མེད་རྒྱལ་མཚན་དཔལ་བཟང་པོས་རང་ལ་ཉེ་བར་མཁོ་དུས་ཉམས་སྣང་ངོ་མཚར་བ་ཞིག་བྱུང་བ་ལ་བརྟེན་ནས་མགྱོགས་པར་བྲིས་པ་སརྦ་མངྒ་ལཾ།

རྡོ་རྗེ་དབྱི་ཕྲོམ་གྱི་བསང་མཆོད་ཉུང་བསྡུས།

༄༅། གཞི་བདག་རྡོ་རྗེ་དབྱི་ཕྲོམ་ལ་བསང་མཆོད་འབུལ་བ་ཉུང་བསྡུས་བཞུགས། ན་མོ་པདྨ་ཀ་ར་ཡ། འདིར་གནས་བདག་རྡོ་རྗེ་དབྱི་ཕྲོམ་ལ་བསང་མཆོད་འབུལ་བར་འདོད་པས་ཡར་ངོས་དུས་ཚེས་དགེ་བར་གཙང་སྦྲ་དང་ལྡན་པས། བསང་རྫས་རྣམས་ཚོགས་པར་བྱས། རང་ཉིད་སྐད་ཅིག་གིས་གུ་རུ་པདྨར་གསལ་བའི་ངང་ནས་བསང་རྫས་རྣམས། རྃ་ཡྃ་ཁྃ་གིས་བསང་སྦྱངས་བྱ་ཞིང་། ༀ་ཨཱཿཧཱུྃ༔ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཀྱེེ་སྔོན་ཚེ་གསང་བདག་པད་འབྱུང་དངཿ ལོ་པན་བེེ་རོ་ཙ་ན་སོགསཿ རྩ་རྒྱུད་བླ་མའི་སྤྱན་སྔ་རུཿ བསྟན་འགྲོ་སྐྱོང་བར་ཞལ་བཞེས་པའིཿ འབྲོག་གནས་རྨ་གཉན་སྤོམ་ར་དངཿ མཚོ་སྨན་རྒྱལ་མོ་བཤོས་པའི་སྲསཿ ཟིལ་ཕྲོམ་དབྱི་ཕྲོམ་བཞག་བྲ་སོགསཿ མཆེད་ཟླ་བདུན་གྱི་འབྲིང་པོ་ཉིདཿ དགེ་བསྙེན་རྡོ་རྗེ་དབྱི་ཕྲོམ་རྩལཿ བཙུན་མོ་སྲས་བློན་འཁོར་བཅས་རྣམསཿ དེ་རིང་རྣལ་འབྱོར་བདག་ཅག་གིསཿ རྔ་དུང་རོལ་མོ་གདུང་དབྱངས་ཀྱིསཿ འབོད་པའི་གནས་འདིར་ད་ཚུར་བྱོནཿ དྲི་ཞིམ་བསང་གསུར་འདོད་ཡོན་ལྔསཿ མཆོད་པའི་གནས་འདིར་སྤྱན་འདྲེན་ནོཿ མོས་འདུན་དད་གུས་བརྩེ་སེམས་ཀྱིསཿ བསྐུལ་བའི་གནས་འདིར་གཤེགས་སུ་གསོལཿ ཀྱེེ་འཛམ་གླིང་བོད་ཡུལ་མདོ་ཁམས་སྨདཿ རྒྱ་བོད་གཉིས་ཀྱི་ས་མཚམས་ནཿ གངས་དཀར་ཤེལ་འོད་མདངས་ལྡན་རིཿ རྩ་བ་རབ་བརྟན་ལྷུན་ཆགས་བརྗིདཿ ཕྱོགས་བཞིར་ཆུ་བོ་དལ་གྱིས་འབབཿ སྐེད་པར་འཇའ་ཚོན་འོད་ཟེར་འཁྱུགསཿ རྩེ་རྒྱལ་མི་མངོན་ནམ་མཁར་སླེབཿ སྟེང་ན་སྤྲིན་དཀར་ན་བུན་འཁྲིགསཿ མདུན་རྒྱབ་གཡས་གཡོན་རི་མཚོ་དངཿ ལྗོན་ཤིང་ནགས་ཚལ་ཆུ་བོས་བསྐོརཿ ནང་ན་རིན་ཆེན་ཤེལ་གྱི་གུརཿ ཡིད་འོང་མཛེས་པའི་རྒྱན་ལྡན་དབུསཿ རཏྣའི་ཁྲི་དང་དར་ཟབ་སྟེངཿ དཀར་ཕྱོགས་སྐྱོང་བའི་མཐུ་སྟོབས་ཅནཿ དགེ་བསྙེན་རྡོ་རྗེ་དབྱི་ཕྲོམ་རྩལཿ སྐུ་མདོག་དཀར་གསལ་ཤེལ་འོད་འབརཿ དབུ་སྐྲ་ཐོར་ཅོག་དར་སྣས་བཅིངསཿ སྐུ་ལ་ཟ་འོག་ན་བཟའ་གསོལཿ རྣམ་མང་རིན་ཆེན་རྒྱན་གྱིས་སྤྲསཿ ཕྱག་ན་ཤེལ་དཀར་ཕྲེང་བ་འདྲེནཿ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགསཿ བཙུན་མོ་སྲས་བློན་འཁོར་འབངས་བཅསཿ ཕུན་ཚོགས་འདོད་དགུའི་དཔལ་ལ་རོལཿ ཁྱེད་ཅག་འཁོར་དང་བཅས་པ་རྣམསཿ འདིར་བྱོན་བསང་གི་མཆོད་པ་བཞེསཿ ཐུགས་དམ་སྐོང་ལ་ཕྲིན་ལས་སྒྲུབཿ དགྱེས་སྡེ་བཙུན་མོ་མཆེད་གསུམ་ནིཿ སྐུ་མདོག་དཀར་སེར་སྔོ་བའི་མདོགཿ སྙན་ཆ་ཕྱག་གདུབ་གསེར་ལས་བྱསཿ དབུ་ལ་རིན་ཆེན་གསེར་དངུལ་དངཿ གཡུ་དང་བྱུ་རུའི་ཕྲ་ཚོམ་སྤྲསཿ གཅིག་ནི་ཤ་བ་ཡུ་མོར་ཞོནཿ ཕྱག་ན་རྔ་ཆུང་དལ་གྱིས་རྡུངཿ གཉིས་ནི་བཞེངས་པའི་སྟབས་ཀྱིས་བཞུགསཿ སེར་སྔོ་མདའ་དར་བུམ་པ་འཛིནཿ ཀུན་ཀྱང་ཟ་འོག་ན་བཟའ་ལཿ དར་སྣའི་ཅོད་པཎ་ལྷུབས་སེ་ལྷུབཿ རིན་ཆེན་རྒྱན་ཆ་སི་ལི་ལིཿ མཚོ་དང་གངས་ལ་གནས་བཅས་ཏེཿ ལྷ་ཀླུའི་སྨན་བྲན་འབུམ་སྡེས་བསྐོརཿ གླུ་ལེན་བྲོ་བརྡུང་ཁྲིགས་སེ་ཁྲིགསཿ ཞལ་འཛུམ་བཞད་སྒྲ་དི་རི་རིཿ རྒྱས་པའི་ལས་ལ་རབ་ཏུ་དགྱེསཿ ཁྱེད་ཅག་འཁོར་དང་བཅས་པ་རྣམསཿ འདིར་བྱོན་བསང་གི་མཆོད་པ་བཞེསཿ རྒྱས་པའི་ལས་རྣམས་འགྲུབ་པར་མཛོདཿ སྐུ་སྤྲུལ་མི་དཀར་རྟ་དཀར་ཅནཿརིན་ཆེན་ཤེལ་གྱི་ཁྲབ་རྨོགས་གསོལཿ མདའ་གཞུ་འཁོར་གསུམ་རྒྱན་གྱིས་སྤྲསཿ ལག་ན་མདུང་དར་དཀར་པོ་ཕྱརཿ བཙུན་མོ་སྲས་བློན་འཁོར་གྱིས་བསྐོརཿ ཞི་འཛུམ་བཞད་མདངས་ཏ་ལ་ལཿགངས་ཀྱི་རི་ལ་གནས་བཅས་ཏེཿ ནམ་མཁའ་ལྷ་ཡི་སྡེ་དཔོན་མཛདཿ ཞི་བའི་ལས་ལ་རབ་ཏུ་དགྱེསཿ ཁྱེད་ཅག་འཁོར་དང་བཅས་པ་རྣམསཿ འདིར་བྱོན་བསང༴ ཞི་བའི་ཕྲིན་ལས་འགྲུབ༴ གསུང་སྤྲུལ་མི་དམར་རྟ་དམར་ཅནཿ སྐུ་ལ་ཟངས་ཁྲབ་ཟངས་རྨོག་གསོལཿ ལག་ན་མདུང་དར་དམར་པོ་ཕྱརཿ རལ་གྲི་མདའ་གཞུ་སྐེད་ལ་བསྐོརཿ བཙུན་མོ་སྲས་བློན་འཁོར་གྱིས་བསྐོརཿ འོད་དམར་ཟེར་མདངས་ཁྱུགས་སེ་ཁྱུགཿ གཡའ་རི་གངས་རིར་གནས་བཅས་ཏེཿ བར་སྣང་གཉན་གྱི་སྡེ་དཔོན་མཛདཿ དབང་གི་ལས་ལ་རབ་ཏུ་དགྱེསཿ ཁྱེད་ཅག་འཁོར༴ འདིར་བྱོན་བསང༴ དབང་གི་ཕྲིན་ལས༴ ཐུགས་སྤྲུལ་མི་ནག་རྟ་ནག་ཅནཿ སྐུ་ལ་ལྕགས་ཀྱི་ཁྲབ་རྨོག་གསོལཿ ལག་ན་དར་ནག་རུ་མཚོན་ཕྱརཿ སྟག་རལ་གཡས་ལ་གཟིག་ཤུབ་གཡོནཿ རལ་གྲི་མདའ་གཞུ་གློག་འོད་འཁྱུགསཿ མེ་རླུང་ཐོག་སེར་སྤྲིན་ནག་ཀློངཿ ཁྲོ་གཏུམ་དྲག་རྩལ་སྟོབས་དང་ལྡནཿ གཅན་སྤྱང་རྐུན་མའི་སྣ་འདྲེན་བྱེདཿ བཙུན་མོ་སྲས་བློན་འཁོར་གྱིས་བསྐོརཿ རྫ་རི་བྲག་རིར་གནས་བཅས་ཏེཿ ས་གཞི་ཀླུ་ཡི་སྡེ་དཔོན་མཛདཿ དྲག་པོའི་ལས་ལ་རབ་ཏུ་དགྱེསཿཁྱེ ད་ཅག་འཁོར༴ འདིར་བྱོན་བསང༴ དྲག་པོའི་ཕྲིན་ལས་འགྲུབ༴ ཡོན་ཏན་ཕྲིན་ལས་སྤྲུལ་པའི་འཁོརཿ སེར་དང་སྔོ་བའི་ཁ་དོག་ཅནཿ རྒྱན་དང་ཆ་ལུགས་ཞོན་པ་རྣམསཿ མ་ངེས་སྤྲུལ་བསྒྱུར་སྣ་ཚོགས་འགྱེདཿ གཅིག་ནི་རེས་འགའ་བླ་མའི་ཆསཿ སེང་གེ་ཆིབས་ནས་རྒྱལ་མཚན་འཛིནཿ རང་རང་བཙུན་མོ་སྲས་བློན་བཅསཿ བདུད་བཙན་ལྷ་སྲིན་ཀུན་དང་བསྡོངསཿ འགྲོ་ལ་ལེགས་ཉེས་སྣ་ཚོགས་སྟོནཿ ཁྱེད་ཅག་འཁོར༴ འདིར་བྱོན༴ ཅི་བཅོལ་ལས་ཀུན་འགྲུབ་པར་མཛོདཿ ཀྱེེ་དགེ་བསྙེན་རྡོ་རྗེ་དབྱི་ཕྲོམ་རྩལཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལཿ བཙུན་མོ་སྲས་བློན་འཁོར་འབང་སོགསཿ ཁྱེད་རྣམས་འཁོར་དང་བཅས་པ་ལཿ མཉེས་པའི་མཆོད་པ་འབུལ་བ་ནིཿ རྨད་བྱུང་བདུད་རྩི་ཤིང་སྣ་ལྔའིཿ བསང་དུད་བར་སྣང་སྤྲིན་ལྟར་གཏིབཿ དཀར་མངར་རིན་ཆེན་འབྲུ་སྨན་སྤོསཿ ཕྱེ་མར་ཞལ་ཟས་རི་ལྟར་སྤུངཿ འོ་ཞོ་ཇ་ཆང་བཏུང་བའི་སྐྱེམཿ ཞིམ་མངར་བདུད་རྩི་མཚོ་ལྟར་བསྐྱིལཿ མཐུན་རྫས་སྤྱན་གཟིགས་དཀོར་ནོར་སོགསཿ འདོད་དགུའི་ལོངས་སྤྱོད་སྐར་ལྟར་བཀྲམཿ ལྷ་མིའི་དཔལ་འབྱོར་མཆོད་པའི་རྫསཿ དངོས་སུ་ཅི་འབྱོར་གཙང་མར་བཤམསཿ ཡིད་སྤྲུལ་སྟོང་གསུམ་འཇིག་རྟེན་ཁམསཿ རྒྱས་པར་འགེངས་བའི་མཆོད་སྤྲིན་འདིསཿ བསང་ངོ་མཆོད་དོ་ཐུགས་དམ་བསྐངཿ བརྔན་ནོ་གསོལ་ལོ་དགྱེས་པར་མཛོདཿ མགྲོན་ནོ་བསྔོ་འོ་ཚིམ་པར་མཛོདཿ བདག་ཅག་མ་རིག་དབང་གྱུར་པསཿ ཐབ་གཞོབ་དམེ་མཁོན་རྩོག་མནོལ་དངཿ རྒྱུ་ཆུང་ཕུད་ཉམས་ལྷག་ཤོར་སོགསཿ གཙང་སྦྲ་བརྩོན་འགྲུས་ཞན་པ་ཡིསཿ ཁྱེད་ཅག་ཐུགས་འགལ་ཅི་བགྱིས་པཿ མཐོལ་ལོ་བཤགས་སོ་བཟོད་པར་གསོལཿ ཁྱེད་ལ་ཕྲིན་ལས་བཅོལ་བ་ནིཿ སྔོན་གྱི་ཐ་ཚིག་ཞལ་བཞེས་བཞིནཿ མདོ་སྔགས་སྤྱི་དང་བྱེ་བྲག་ཏུཿ རང་ལུགས་གསང་ཆེན་བསྟན་པ་སྤེལཿ བསྟན་འཛིན་སྐྱེས་བུ་དཔོན་སློབ་ཀྱིཿ སྐུ་ཚེ་མཛད་ཕྲིན་དར་རྒྱས་མཛོདཿ རྒྱལ་ཁམས་ཀུན་དང་ཡུལ་ཕྱོགས་འདིའིཿ འགྲོ་རྣམས་བདེ་སྐྱིད་དཔལ་གྱིས་སྐྱོངཿ ཆོས་མཛད་རྣལ་འབྱོར་ཐམས་ཅད་ཀྱིཿ ཕྲིན་ལས་གང་བཅོལ་མྱུར་དུ་སྒྲུབཿ ཁྱད་པར་བདག་དང་ཡོན་བདག་གིཿ ནད་གདོན་བར་ཆད་ཀུན་ཞི་ཞིངཿ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོདཿ ལྷ་འདྲེ་མི་གསུམ་དབང་དུ་སྡུསཿ དགྲ་བགེགས་གནོད་བྱེད་རྡུལ་དུ་རློགསཿ གཞི་བྱེས་ཀུན་ཏུ་བྱ་ར་དངཿ ལམ་ལྷ་མགོན་སྐྱབས་མ་གཡེལ་ཅིགཿ མི་གཡང་ནོར་གཡང་ཟས་གཡང་སོགསཿ བཀྲ་ཤིས་ཕྱྭ་གཡང་དངོས་གྲུབ་སྩོལཿ མདོར་ན་ཡིད་ལ་གང་བསམ་པའིཿ དོན་ཀུན་ལྷུན་གྱིས་འགྲུབ་པར་མཛོདཿ བཀྲ་ཤིས་སོ། དེ་ལྟར་བསང་མཆོད་ཉུང་བསྡུས་འདི་ནི་དགེ་བསྙེན་ཆེན་པོའི་མདུན་ཞོལ་དུ་རི་འགྲིམ་སྐབས་གཞི་བདག་ཆེན་པོ་འདི་ཉིད་དགྱེས་པའི་མཚན་མ་མངོན་སུམ་མཐོང་བ་ལྟར་དུ་

འགྱུར་མེད་རྒྱལ་མཚན་བཟང་པོས་བྲིས། ། །

རྡོ་རྗེ་དབྱི་ཕྲོམ་གྱི་བསང་མཆོད་ཆུང་བ།

༄༅། ཡུལ་ལྷ་རྡོ་རྗེ་དབྱི་ཕྲོམ་གྱི་བསང་མཆོད་ཆུང་བ་བཞུགས། རང་ཉིད་ཡི་དམ་གང་ཡིན་ང་རྒྱལ་གྱིས།རོལ་མོ་སྒྲོགས་བཞིན་གདུང་བའི་དབྱངས་དང་བཅས། རྃ་ཡྃ་ཁྃ་གིས་བསང་དངོས་བཞིན་སྦྱངས། ༀ་ཨཱཿཧཱུྃཿགིས་གང་འདོད་མཆོད་སྤྲིན་སྤེལ། ཀྱེེ་གླིང་བཞིའི་གླིང་མཆོག་ལྷོ་རྒྱལ་འཛམ་བུའི་གླིང་། །འཛམ་གླིང་ལྟེ་བ་རྡོ་རྗེ་གདན། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །བོད་ཡུལ་ཁ་བ་ཅན་གྱི་རི། །ཡུལ་ནི་མདོ་དབྱིའི་ས་འཚམས་སུ། །གཞི་བདག་རྡོ་རྗེ་གཡུ་ཁྲོམ་བཞུགས། །ཐ་ཚིག་དེ་ནི་བོན་ལ་སྔ། །འབྲེལ་བ་དེ་ནི་ཆོས་ལ་ཟབ། །དེ་ཡི་བསྐལ་བ་དེ་རྗེས་ལ། །ཕྱི་མའི་དོན་དུ་ཆོས་ལ་སེམས། །གྲུབ་ཐོབ་སྐྱེས་བུ་དགའ་ལོ་བྱོན། །དེ་ལ་དགེ་བསྙེན་སྡོམ་པ་ཞུས། །སྤྱི་བོའི་གཙུག་ཏུ་རྡོ་རྗེ་བཞག །མཚན་ལ་རྡོ་རྗེ་གཡུ་ཁྲོམ་བཏགས། །སངས་རྒྱས་བསྟན་པ་དག་ལ་འཇུག །རྡོ་རྗེ་གཡུ་ཁྲོམ་གཉན་པོ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །སྐུ་ལ་དར་དཀར་ན་བཟའ་གསོལ། །དབུ་ལ་རྒོད་ཀྱི་རྨོག་ཞུ་གསོལ། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །གཡས་པའི་སྟག་རལ་ཁྲ་བོ་ལ། །ཤེས་རབ་ལྷ་མདའ་ཁྲིགས་སེ་ཁྲིགས། །གཡོན་པའི་གཟིག་ཤུབ་ཐིག་ལེ་ལ། །ཐབས་ཀྱི་གཞུ་མོ་ཁྱུགས་སེ་ཁྱུག །ཆིབས་སུ་རྟ་དཀར་རྔོག་ནག་བཅིབས། །ཁྱེད་ལ་བསང་མཆོད་འབུལ་བ་ནི། །ཤིང་རྩི་སྣ་ཚོགས་དུད་པས་བསང་། །བཟང་དྲུག་སྨན་གྱི་དུད་པས༴ ཕྱེ་མར་ཕུད་ཀྱི་དུད༴ བུ་ཆུང་ལྷ་རྩེ་གཉན་པོ་ནི། །གཉན་པོ་སྲས་དགུ་འཁོར་དང་བཅས། །ཁྱེད་ལ་བསང་མཆོད་འབུལ་བ་ནི། །ཤིང་རྩི་སྣ༴ བཟང་དྲུག་སྨན༴ ཕྱེ་མར༴ གཞན་ཡང་ལྷ་འཁོར་གཉན་པོ་ནི། །དབྱི་འཁོར་སུམ་བརྒྱ་དྲུག་ཅུ་ནི། །སྐུ་མདོག་མི་འདྲ་སྣ་ཚོགས་སྟེ། །ཕྱག་མཚན་མི་འདྲ་སྣ་ཚོགས་འཛིན། །ཆིབས་རྟ་མི་འདྲ་སྣ་ཚོགས་བཅིབས། །ཁྱེད་ལ་བསང༴ ཤིང་རྩི༴ བཟང་དྲུག༴ ཕྱེ་མར༴ གཞན་ཡང་བག་མ་ཞྭ་མེད་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་གཡས་ཡིད་བཞིན་ནོར་བུ་བསྣམས། །གཡོན་པས་ཚེ་ཡི་བུམ་པ་འཛིན། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཚེ་དང་ནོར་གྱི་དངོས་གྲུབ་སྩོལ། །ཆིབས་སུ་རྟ་སེར་རྔོག་ནག་བཅིབས། །ཁྱེད་ལ་བསང༴ ཤིང་རྩི༴ བཟང་དྲུག༴ ཕྱེ་མར༴ གཞན་ཡང་མཆོད་པ་འབུལ་བ་ནི། །བྱ་རྒྱལ་ཁྱུང་ཆེན་ལ་སོགས་ཏེ། །འདབ་ཆགས་སྟོང་གི་མཆོད་པ་འབུལ། །སེང་གེ་དཀར་མོ་ལ་སོགས་ཏེ། །སྡེར་ཆགས་སྟོང་གི་མཆོད་པ་འབུལ། །འབྲོང་བུ་ཤ་རྐྱང་ལ་སོགས་ཏེ། །རི་དྭགས་སྟོང་གི༴ གླང་ཆེན་སྟོབ་ལྡན་ལ་སོགས་ཏེ། །གཡང་དྭགས་སྟོང་གི༴ རྟ་མཆོག་རྔོག་ལྡན་ལ་སོགས་ཏེ། །རྔོག་ཆགས་སྟོང་གི༴ དུང་ཕོ་ཨ་གྲགས་ལ་སོགས་ཏེ། །ཆུ་གནས་སྟོང་གི༴ མན་དཱ་ར་བ་ལ་སོགས་ཏེ། །མེ་ཏོག་སྟོང་གི༴ ཁྱེད་ལ་བསང་མཆོད་ཕུལ་བའི་ཡོན་ཏན་གྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །བསོད་ནམས་ནོར་གྱི་དངོས༴ འབྲུ་བཅུད་འབྲས་ཀྱི༴ ན་བཟའ་གོས་ཀྱི༴ དབང་ཐང་བུ་ཡི༴ མི་ཟད་ཟས་ཀྱི༴ བཙན་ཕྱུགས་འཕན་པའི༴ བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་ལ་ན་ཚ་མ་བཏང་ཅིག །ཕྱུགས་ལ་གོད་ཁ་མ༴ ཞིང་ལ་བཙའ་སད་སེར་གསུམ་མ༴ དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་བར་མཛོད། །ཞེས་གཞི་བདག་རྡོ་རྗེ་གཡུ་ཁྲོམ་གྱི་བསང་མཆོད་ཆུང་བ་འདི་ནི་འོ་བྲན་དཔལ་གྱི་དབང་ཕྱུག་གི་ཟློས་གར་འགྱུར་མེད་རྒྱལ་མཚན་བཟང་པོས་བྲིས་པ་མངྒ་ལཾ། །

གནས་ལུང་དཔལ་གྱི་རི་བོའི་བསང་མཆོད་བདེ་ལེགས་ཀུན་འབྱུང་།

༄༅། གནས་ལུང་དཔལ་གྱི་རི་བོའི་ཡུལ་སྐྱོང་གཞི་བདག་དབང་སྡུད་ལྷ་རྩེ་ལ་བསང་མཆོད་འབུལ་ཐབས་བདེ་ལེགས་ཀུན་འབྱུང་བཞུགས། ན་མོ་གུ་རུ་པདྨ་ཀ་ར་ཡེ། འདིར་གནས་ལུང་གཞི་བདག་དབང་སྡུད་ལྷ་རྩེ་ལ་བསང་མཆོད་འབུལ་བར་འདོད་པས་བསང་རྫས་རྣམས་ཚོགས་པར་བྱས་ལ། རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས་བྱིན་གྱིས་བརླབས་ཤིང་སྤྱན་འདྲེན་པ་ནི། རང་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཡུལ་སྐྱོང་གཞི་བདག་ཀུན་གྱི་གཙོ་བོ་དབང་སྡུད་ལྷ་རྩེ་འཁོར་གསང་ཡུམ་བློན་པོ་སྐུ་གསུང་ཐུགས་ཞི་རྒྱས་དབང་དྲག་གི་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་ཐམས་ཅད་གནས་ལུང་དཔལ་གྱི་རི་བོ་སོགས་གནས་ཡུལ་གང་ན་བཞུགས་ཀྱང་སྐད་ཅིག་ཡུད་ཙམ་གཅིག་གིས་རང་མདུན་དུ་བྱོན་ནས་བཞུགས་པར་གྱུར་བར་བསམ་ལ་།རྔ་དུང་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། ཀྱེེ་འཛམ་གླིང་བོད་ཡུལ་མདོ་སྨད་རྒྱལ་མོ་རོངཿ དེ་ཡི་ཉེ་ཆར་གནས་ལུང་དཔལ་གྱི་རིཿ རྩ་བ་རབ་བརྟན་སྐེད་པ་ལྷུན་ཆགས་བརྗིདཿ རྩེ་རྒྱལ་མི་མངོན་ནམ་མཁའི་དབྱིངས་སུ་སྙོགསཿ ཉི་ཟླ་རྒྱུ་སྐར་ཕྲེང་བའི་སྐ་རགས་བཅིངསཿ སྟེང་ན་སྤྲིན་དང་ན་བུན་བུ་ཡུག་འཐིབསཿ ཕྱོགས་བཞི་མཚོ་རྫིང་ཆུ་ཕྲན་ཆུ་མིག་འབབཿ ཁོར་ཡུག་རྫ་རི་བྲག་རི་མང་པོས་བསྐོརཿ དབུས་དང་གཡས་གཡོན་རི་བོ་ཆེ་ཆུང་གསུམཿ དཀར་དང་མཐིང་སེར་ཟླ་གམ་ཁ་སྦྱོར་ཚུལཿ འཕགས་པ་རིགས་གསུམ་མགོན་པོས་བྱིན་གྱིས་བརླབསཿ མ་སྲིང་མཁའ་འགྲོ་རྒྱ་མཚོ་འདུ་བའི་གནསཿ པད་འབྱུང་ཡབ་ཡུང་བེེ་རོ་ཙ་ན་སོགསཿ གྲུབ་ཐོབ་མང་པོའིདགོངས་པའི་རྫུ་འཕྲུལ་གྱིསཿ ཆོས་དང་ནོར་སོགས་ཟབ་གཏེར་མང་པོས་བཀངཿ དེ་དག་ཀུན་གྱི་སྲུང་མ་མཐུ་བོ་ཆེཿ སྔོན་གྱི་ཐ་ཚིག་གཡུང་དྲུང་བོན་ལ་སྔཿ བར་དུ་སློབ་དཔོན་བེེ་རོ་ཙ་ན་སོགསཿ ཐ་མ་རིག་འཛིན་པདྨ་འབྱུང་གནས་ཀྱིསཿ དམ་པའི་ཆོས་སྒོར་བཅུག་ནས་དབྱར་དམ་ཕོགཿ སྙིགས་དུས་དབེན་གནས་ཆོས་མཛད་བསྲུང་བའི་ཕྱིརཿ ཡུལ་སྐྱོང་ཀུན་གྱི་གཙོ་བོར་མངའ་གསོལ་ནསཿ གསང་མཚན་དབང་སྡུད་ལྷ་རྩེ་ཞེས་སུ་བཏགསཿ ད་ལྟ་བསྟན་འགྲོར་ཕན་བདེའི་ལས་ལ་དགྱེསཿ དེ་ཕྱིར་སྔོན་གྱི་ཐ་ཚིག་རྗེས་དགོངས་ལཿ དེ་རིང་རྣལ་འབྱོར་དགའ་གུས་དངས་བའི་བློསཿ མཆོད་པའི་གནས་འདིར་མ་ཐོགས་མྱུར་དུ་བྱོནཿ གཙོ་འཁོར་རང་རང་དགྱེས་པའི་གདན་ལ་བཞུགསཿ དག་ཅིང་གཙང་མར་སྦྱར་བ་མཆོད་པའི་རྫསཿ ཤུག་པ་འོམ་བུ་མཁན་དཀར་བ་ལུ་དངཿ སྟག་པ་ལ་སོགས་བཟང་ཤིང་རི་ལྟར་སྤུངསཿ ཕྱེ་མར་ཞལ་ཟས་བཟའ་བཅའ་ཁྲོམ་ལྟར་བརྡལཿ ཇ་ཆང་འོ་ཞོའི་བཏུང་བ་མཚོ་ལྟར་བསྐྱིལཿ འབར་བ་མེ་ཡིས་བཞུས་པའི་དུད་སྤྲིན་ལསཿ མགྲོན་ཀུན་དགྱེས་པའི་མཆོད་རྫས་འཇའ་ལྟར་བཀྲཿ ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགསཿ རང་རང་ཡིད་ལ་གང་བཞེད་དེར་འཆར་བའིཿ འདོད་པའི་ཡོན་ཏན་ལྔ་ལྡན་བསང་གསུར་འདིསཿ ཡུལ་སྐྱོང་གཞི་བདག་ཀུན་གྱི་གཙོ་བོ་མཆོགཿ དགེ་བསྙེན་དབང་སྡུད་ལྷ་རྩེ་འཁོར་དང་བཅསཿ བསང་ངོ་མཆོད་དོ་དགྱེས་ཤིང་ཚིམ་གྱུར་ཅིགཿ ཁྱེད་ཀྱི་སྐུ་མདོག་ཆ་ལུགས་ཕྱག་མཚན་དངཿ བཞོན་པ་ལ་སོགས་གཅིག་ཏུ་མ་ངེས་ཏེཿ རེས་འགའ་དཀར་གསལ་ཤེལ་མདོག་ཞལ་གཅིག་འཛུམཿ ཕྱག་གཉིས་གཡས་གཡོན་མདུང་དར་གཏེར་སྒྲོམ་བསྣམསཿ དམག་དཔོན་ཆས་ཞུགས་ལྷ་རྟ་ངང་སེར་ཆིབསཿ ནད་གདོན་བར་ཆད་ཞི་བའི་ལས་ལ་བརྩོནཿ རེས་འགའ་སྐུ་མདོག་དམར་གསལ་བྱུ་རུའི་མདོགཿ ཞལ་གཅིག་སྤྱན་གསུམ་ལྕགས་ཀྱུ་ཞགས་པ་འཛིནཿ དར་དང་ཟ་འོག་དམར་པོའི་ན་བཟའ་གསོལཿ རིན་ཆེན་སྣ་ཚོགས་རྒྱན་སྤྲས་གློག་དམར་བཅིབཿ ལྷ་འདྲེ་མི་གསུམ་ཟས་ནོར་དབང་དུ་སྡུདཿ རེས་འགའ་དམར་ནག་སྤྱན་གསུམ་ཨམ་གཙིགས་བསྡམཿ མདུང་དམར་ཞགས་པས་དམ་ཉམས་འཆིངས་ཤིང་སྒྲོལཿ ཟ་འོག་བེར་དམར་ལ་ཐོད་རྒོད་འཕྲུ་དངཿ གསེར་གྱི་སྐ་རགས་རལ་གྲི་མདའ་གཞུ་སོགསཿ བཙན་རྒོད་ཆས་ཅན་ཞབས་གཉིས་བྲོ་བརྡུང་ཁྲབཿ བསྲུང་བཟློག་བསད་པའི་ལས་ལ་རབ་ཏུ་དགྱེསཿ རེས་འགའ་ཞི་རྒྱས་དབང་དྲག་ཕྲིན་ལས་བཞིའིཿ སྤྲུལ་པ་དཀར་སེར་དམར་ལྗང་རྣམ་པ་བཞིཿ ཀུན་ཀྱང་རང་མདོག་རྟར་ཞོན་ཕྱོགས་བཞིར་རྒྱུགཿ ལ་ཐོད་རྒོད་འཕྲུ་ཟ་བེར་ཕྱོགས་མདོག་གསོལཿ ཤར་ལྷོ་ནུབ་བྱང་བཙན་རྣམས་དབང་དུ་བསྡུདཿ ལྷ་མོ་ཀླུ་མོ་བདུད་མོ་སྨན་བཙུན་མོཿ སྦྱོར་སྒྲོལ་ཡུམ་དང་ཀླུ་བཙན་སྲིན་པོ་སོགསཿ རྣམ་མང་འཁོར་གྱིས་བསྐོར་ནས་ཀུན་དུ་རྒྱུཿ ཁྱེད་ནི་དམ་ཚིག་ཅན་གྱི་བསྲུང་མ་ཡིནཿ དམ་ཉམས་རྣམས་ལ་མི་འདོད་ཆར་ལྟར་འབེབསཿ དེ་ཕྱིར་ཁྱོད་དང་བདག་ཉིད་དམ་ཚིག་གཅིགཿ བདག་ལ་སྡང་བའི་དགྲ་དང་གནོད་པའི་བགེགསཿ དབང་དུ་བསྡུས་ལ་མྱུར་བ་ཉིད་དུ་སྒྲོལཿ སངས་རྒྱས་བསྟན་དང་འགྲོ་བའི་བདེ་སྐྱིད་ལཿ ཉེ་བར་འཚེ་བའི་མཐའ་དམག་དུས་འཁྲུགས་དངཿ མི་ནད་ཕྱུག་ནད་སད་སེར་བཙའ་ཐན་སོགསཿ འགལ་རྐྱེན་མཐའ་དག་ཞི་ཞིང་མེད་པར་མཛོདཿ ཁྱད་པར་བདག་དང་ཡོན་བདག་འཁོར་བཅས་ལཿ དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་ཟློགཿ ཚེ་བསོད་དཔལ་འབྱོར་གོང་ནས་གོང་དུ་སྤེལཿ ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་བསྡུསཿ ཟས་ནོར་ལོངས་སྤྱོད་འདོད་དགུ་ཆར་ལྟར་ཕོབཿ མདོར་ན་ཡིད་ལ་ཇི་ལྟར་བསམ་པའི་དོནཿ མ་ཐོགས་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོདཿ

གནས་ལུང་གཞི་བདག་གི་བསང་མཆོད་ཉུང་བསྡུས།

༄༅། གནས་ལུང་གཞི་བདག་གི་བསང་མཆོད་ཉུང་བསྡུས་བཞུགས་སོ།། གནས་ལུང་གཞི་བདག་ལ་བསང་མཆོད་འབུལ་ན། རང་ཉིད་ལྷར་གསལ་བའི་བསང་རྫས་རྣམས། ༀ་ཨཱཿཧཱུྃ༔ ལན་གསུམ་གྱི་བྱིན་གྱིས་རླབས་ཅིང་རོལ་མོའི་དབྱངས་དང་བཅས་པས་འདི་སྐད་དོ། ཨེ་མ་ཧོ། རྗེ་འཕགས་པ་རིགས་གསུམ་མགོན་པོ་ཡི། །ཐུགས་དགོངས་པས་བྱིན་གྱིས་རླབས་པའི་གནས། །མ་མཁའ་འགྲོ་རྒྱ་མཚོ་འདུ་བའི་གླིང༎ །དཔལ་བཀྲ་ཤིས་གནས་ལུང་རི་རྒྱུད་ཀྱི། །ཡུལ་སྐྱོང་དང་གཏེར་བསྲུང་ཡོངས་ཀྱི་མགོན། །གནས་བདག་གི་གཙོ་བོ་དྲག་རྩལ་ཅན། །སྔོན་དུས་སུ་བེེ་རོ་ཙ་ན་དང་། །བཀའ་རྒྱུད་ཀྱི་བླ་མ་འགའ་ཞིག་གིས། །བཀའ་བསྒོ་དང་དམ་བཞག་མཛད་པའི་ཚེ། །གསང་མཚན་དུ་གཡུ་འབྲུག་ལྷ་རྩེ་གསོལ། །འཇའ་ཚོན་དང་སྤྲིན་དཀར་འཐིབས་པའི་ཀློང་། །སྐུ་དཀར་གསལ་ཤེལ་མདོག་ཞལ་གཅིག་འཛུམ། །ཕྱག་གཉིས་ཀྱི་གཡས་པའི་མདུང་དར་ཕྱར། །གཡོན་རིན་ཆེན་གཏེར་སྒྲོམ་ངོམ་ཚུལ་མཛད། །ཆས་ཁྲབ་རྨོག་གོ་ཕུབ་ལུས་ལ་གསོལ། །རྐེད་གཡས་ལ་སྟག་རལ་ལྷ་མདའ་བཀང་། །གཡོན་གཟིག་ཤུབ་རི་བཀྲ་གཞུ་བཅས་དང་། །རྣོ་ངར་མཉེན་འཛོམ་པའི་རལ་གྲི་བཏགས། །འཁོར་གསུམ་པོར་གློག་འོད་ལམ་ལམ་འཁྱུག །གཟུགས་བརྗིད་ལྡན་འགྱིང་ཚུལ་ཞབས་གཉིས་ཀྱི། །རྟ་ངང་སེར་སྒ་སྟན་མཛེས་པ་ཆིབས། །དེར་གཡུ་མཐུར་གསེར་སྲབ་དུང་ཏོག་སྤྲས། །ཡུམ་མཚོ་སྨན་དུང་སྐྱོང་རྒྱལ་མོ་ཉིད། །ཞལ་གསེར་མདོག་འཛུམ་མདངས་འོད་དུ་འབར། །ཕྱག་མདའ་དར་འཛིན་ཅིང་གར་སྟབས་མཛད། །རྒྱན་རིན་ཆེན་རྣམ་པ་མང་པོས་སྤུད། །མཆེད་གཡུང་དྲུང་གཉན་རྩེ་ལ་སོགས་པ། །བྲན་ལྷ་ཀླུ་གཉན་བདུད་སྨན་མོས་བསྐོར། །དེ་ཀུན་ཀྱང་གར་འཆམས་ཤིག་སེ་ཤིག །ཁྱེད་ཡུམ་སྲས་འཁོར་བཅས་མ་ལུས་ཀུན། །གནས་འདིར་སྤྱོན་དགྱེས་པའི་གདན་ལ་བཞུགས། །དུས་དེ་རིང་གཙང་མའི་གནས་མཆོག་འདིར། །བདག་རྣལ་འབྱོར་དགའ་གུས་དངས་བའི་བློས། །ལྷ་མཆོད་པའི་བསང་རྫས་སྣ་ཚོགས་བསགས། །ཤིང་དྲི་བཟང་མང་པོས་དུད་སྤྲིན་དཀྲིགས། །ཡིད་ཚིམ་བྱེད་བཟའ་བཏུང་དཀར་མངར་སྐྱེམས། །ཕུད་འདོད་ཡོན་ལོངས་སྤྱོད་མཁོ་དགུར་བཅས། །སྔགས་ཕྱག་རྒྱ་ཏིང་འཛིན་རབ་གསལ་ནས། །ཞིང་རབ་འབྱམས་ནམ་མཁའ་གང་བར་སྤྲུལ། །ཁྱེད་འདིར་འཚོགས་གཞི་བདག་རྣམས་ལ་འབུལ། །ཐུགས་བརྩེ་བས་དགོངས་ཏེ་བཞེས་སུ་གསོལ། །སྤྱིར་འཇིག་རྟེན་བདེ་སྐྱིད་དཔལ་གྱིས་སྐྱོངས། །དགོས་ཡུལ་འདིས་རྒུད་པ་མ་ལུས་སོལ། །ཁྱད་པར་དུ་བདག་ཅག་དཔོན་སློབ་ལ། །གནོད་བྱེད་ཀྱི་དགྲ་བགེགས་ཆམས་ལ་ཕོབ། །འགལ་རྐྱེན་དང་ཉེར་འཚེའི་ཕྱོགས་ལས་བསྲུང་། །མཐུན་རྐྱེན་གྱི་ཕྲིན་ལས་རྒྱས་པར་སྤེལ། །ཅི་བསམ་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཞེས་པའང་འགྱུར་མེད་རྒྱལ་མཚན་བཟང་པོས་སོ། ། །

གནས་ལུང་བསང་བསྡུས།

༄༅། གནས་ལུང་བསང་བསྡུས་ནི། ཧྲཱིཿ སྐུ་གསུམ་སྤྲུལ་པའི་ཞིང་མཆོག་པདྨ་འོད། །གཉིས་པ་གནས་ལུང་དཔལ་གྱི་རི་བོ་ཡི། །ཟོ་དོར་དབང་སྡུད་ལྷ་རྩེ་གཙོ་འཁོར་བཅས། །བསང་ངོ་མཆོད་དོ་ལས་བཞི་ལྷུན་གྲུབ་མཛོད། །ལྕམ་སྤྲུལ་པས་སོ། །

དཔའ་བོ་སྟག་འཕྲུའི་བསང་ཡིག་ཉུང་བསྡུས།

༄༅། དཔའ་བོ་སྟག་འཕྲུའི་བསང་ཡིག་ཉུང་བསྡུས་བཞུགས། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ༔ལན་གསུམ། ཧཱུྃ༔ སྔོན་ཚེ་ཐོག་མའི་དུས། །གཞི་ལ་ལྷུན་གྲུབ་ཀྱི། །སྣང་བ་ཕྱིར་གསལ་བ། །རང་སྣང་ཡིན་ཚུལ་དུ། །ངོ་མ་ཤེས་པའི་ཚེ། །མ་རིག་རྣམ་གསུམ་གྱི། །རྒྱུ་རྐྱེན་རྟེན་འབྲེལ་མཐུས། །འཁོར་འདས་བར་ལག་ཕྱེས། །སྣོད་ཀྱི་འཇིག་རྟེན་དང་། །བཅུད་ཀྱི་སེམས་ཅན་གྲུབ། །རང་བྱས་ལས་འབྲས་ཀྱིས། །འཇིག་རྟེན་བདུན་པོ་འདིར། །ཡང་ཡང་འཁོར་བའི་མཐར། །ཉིང་མཚམས་སྨོན་ལམ་མཐུས། །ད་ལྟའི་དུས་སྐབས་འདིར། །བདུད་དང་སྲིན་མོ་གཉིས། །འཚོགས་སྲས་ཡིད་གཟུགས་ཅན། །དྲི་ཟ་ཀུན་གྱི་གཙོ། །ཡུལ་མིའི་མཚན་གསོལ་བ། །དཔའ་བོ་སྟག་ཕྲུ་ཞེས། །རྣལ་འབྱོར་དམ་ལྡན་གྱིས། །བསང་གསུར་གཙང་མཆོད་དུས། །འབོད་མི་དགོས་པའི་མགྲོན། །མཐིང་ནག་མུན་པའི་མདོག །ཞལ་གྱིs་ཨམ་གཙིགས་བསྡམས། །སྤྱན་གསུམ་མེ་འོད་འཕྲོ། །ཕྱག་གཉིས་གཡས་པ་ཡིས། །རལ་གྲི་མེ་འབར་འཕྱར། །གཡོན་པའི་གློག་ཞགས་ཀྱིས། །ཁ་ཆར་བུ་ཡུག་དང་། །ཐོག་སེར་སྣ་འདྲེན་བྱེད། །སྐུ་ལ་གོས་ནག་དང་། །སྟག་བེར་ཁྲ་བོ་གསོལ། །དབུ་ཡི་སྟག་ཞུ་ལ། །རྒོད་སྒྲོ་དར་སྣས་བརྒྱན། །ཆིབས་སུ་བདུད་ཀྱི་རྟ། །ནག་ཁྲ་འཕུར་ཤེས་ཆིབས། །དགེ་དང་མི་དགེ་གཉིས། །སྤེལ་བའི་ལས་ལ་དགའ། །མཚོ་སྨན་སྤུན་བདུན་དང་། །བྲག་བཙན་སྲིན་མོས་བསྐོར། །དཀར་སེར་དམར་ལྗང་དང་། །ནག་སྨུག་སྣ་ཚོགས་མདོག །ལག་ན་མེ་ལོང་དང་། །གློ་སྙིང་མང་པོ་ཐོགས། །ལུས་ལ་དར་རས་དང་། །ལྤགས་རིགས་ངེས་མེད་གྱོན། །ཁྱེད་ཅག་འཁོར་བཅས་ཀུན། །འདིར་བྱོན་དགྱེས་པས་བཞུགས། །བསང་གསུར་རྒྱ་ཆེན་འདིར། །འོ་ཕུད་ཡོན་ཆབ་བྲན། །ཆུ་གཙང་ཞབས་བསིལ་བསྐྱིལ། །ཤིང་སྣའི་མེ་ཏོག་ཚང་། །དུད་པའི་སྤོས་སྤྲིན་འཁྲིགས། །མེ་ལྕེས་སྣང་གསལ་འབར། །ཇ་ཆང་དྲི་ཆབ་སྦྲེང་། ཕྱེ་མར་ཞལ་ཟས་སྤུང་། །འུར་སྒྲའི་རོལ་མོ་འཁྲོལ། །དེ་ཡི་རྒྱུ་རྐྱེན་ལས། །ཕྱོགས་དང་ཕྱོགས་མཚམས་སུ། །ལྷ་འདྲེ་ཡིད་གཟུགས་ཅན། །གང་ལ་གང་དགོས་ཀྱིས། །འདོད་ཡོན་ལོངས་སྤྱོད་ཚོགས། །མ་ཚངས་མེད་པས་ཁྱབ། །དེ་ཀུན་བསྔོས་པ་བཞིན། །ཐོབ་ནས་ཚིམ་གྱུར་ཅིག །སངས་རྒྱས་བསྟན་པ་དང་། །བསྟན་འཛིན་སྐྱེས་བུ་ཡི། །སྐུ་ཚེ་མཛད་ཕྲིན་སྤེལ། །བདག་ཅག་ཡོན་མཆོད་ལ། །གནོད་པའི་དགྲ་དང་བགེགས། །དྲག་པོའི་ལས་ཀྱིས་སྒྲོལ། །འགལ་རྐྱེན་མི་མཐུན་ཕྱོགས། །མ་ལུས་ཀུན་ཞི་ཞིང་། །ཟས་ནོར་དངོས་གྲུབ་རྩོལ། །ཡིད་ལ་ཅི་བསམ་པའི། །དོན་རྣམས་ཐམས་ཅད་ཀུན། །མྱུར་དུ་འགྲུབ་པར་མཛོད། །མཐར་ཐུག་ཁྱེད་ཅག་རྣམས། །བདག་འཛིན་ལས་གྲོལ་ཏེ། །སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདི་ཡང་ཉིང་འཁྲུལ་རྨི་ལམ་གྱི་སྣང་བ་ཤིན་ཏུ་ངོ་མཚར་བ་ཅན་འགའ་ཞིག་དང་འཇིགས་སྐྲག་སྣ་ཚོགས་འབྱུང་བ་ལ་བརྟེན་ནས་འདི་དགོས་སམ་སྙམས་ནས་དགེ་སྦྱོང་རྒན་པོ་འགྱུར་མེད་རྒྱལ་མཚན་བཟང་པོས་མགྱོགས་པར་བྲིས་པ་སརྦ་མངྒ་ལཾ། དགེའོ། །

ཤེལ་རི་རྩེ་རྒྱལ་གྱི་བསང་མཆོད།

༄༅། ཤེལ་རི་རྩེ་རྒྱལ་ལ་བསང་མཆོད་འབུལ་བར་འདོད་པས་རང་ཉིད་ལྷར་གསལ་བའི་ངང་ནས་བསང་རྫས་རྣམས་བྱིན་གྱིས་བརླབས་ལ་འདི་སྐད་དོ།། ཀྱཻ་སྟོང་གསུམ་བྱེ་བ་ཕྲག་བརྒྱ་ཡི། །སྙིང་པོ་མི་མཇེད་འཇིག་རྟེན་ཁམས། །དེ་དབུས་གླིང་བཞིའི་མཆོག་གྱུར་པ། །བཅོམ་ལྡན་ཤཱཀྱའི་རྒྱལ་པོའི་ཞིང་། །འཛམ་གླིང་བོད་ཡུལ་མདོ་ཁམས་སྨད། །རྒྱལ་མོ་རོང་དང་ཉེ་བའི་ཆར། །ཤེལ་རི་རྩེ་རྒྱལ་ལ་བརྟེན་པའི། །དགེ་བསྙེན་རྡོ་རྗེ་དབང་ཕྱུག་རྒྱལ། །དཀར་གསལ་ཤེལ་མདོག་ཞལ་གཅིག་འཛུམ། །ཕྱག་གཉིས་མདུང་དར་ཞགས་པ་བསྣམས། །སྐུ་ལ་ཟ་འོག་ན་བཟའ་དང་། །དབུ་ལ་སྟག་ཞྭ་ཁྲ་བོ་གསོལ། །རྟ་དཀར་ཕུབ་སྔོན་ཆིབས་སུ་བཅིབས། །འཁོར་དུ་ཡུལ་ལྷ་མཚོ་སྨན་སོགས། །ཀླུ་གཉན་ས་བདག་མང་པོས་བསྐོར། །ཁྱེད་ཅག་འཁོར་བཅས་གནས་འདིར་གཤེགས། །དེ་རིང་རྣལ་འབྱོར་བདག་ཅག་གིས། །ལྷ་ཤིང་ཤུག་པ་འོམ་བུ་སོགས། །བཟང་ཤིང་སྣ་ཚོགས་རི་ལྟར་སྤུང་། །དམ་རྫས་ཕྱེ་མར་འབྲུ་སྨན་སྤོས། །སྟག་གཟིག་རས་མ་དར་སྣ་སོགས། །མཁོ་དགུའི་མཐུན་རྫས་ཅི་འབྱོར་བཤམས། །ཇ་ཆང་འོ་ཞོའི་ཕུད་ཀྱིས་བྲན། །བསང་གསུར་འདོད་ཡོན་ལྔ་ལྡན་གྱིས། །ས་དང་བར་སྣང་ཁྱབ་པ་འདིས། །ཁྱེད་ཅག་འདིར་ཚོགས་མགྲོན་རྣམས་ཀུན། །བསང་ངོ་མཆོད་དོ་དགྱེས་པར་མཛོད། །བཞེས་ནས་ས་ཕྱོགས་ཡུལ་ཁམས་འདིར། །ནད་མུག་འཁྲུགས་རྩོད་ཀུན་ཞི་ཞིང་། །འགྲོ་ཀུན་བདེ་སྐྱིད་དཔལ་གྱིས་སྐྱོང་། །ཁྱད་པར་བདག་ཅག་འཁོར་བཅས་ཀྱི། །ཅི་བསམ་དོན་ཀུན་འགྲུབ་པ་སོགས། །བཀྲ་ཤིས་དཔལ་གྱིས་འཚོ་བར་མཛོད། །ཅེས་པ་འདི་ནི་ཤིང་ཁྱིའི་ལོར་གཞི་བདག་འདིའི་ཉེ་འདབས་སུ་དབང་ཁྲིད་འགའ་ཞིག་འཆད་སྐབས་ཧཱུྃ་རལ་བདུད་འདུལ་དང་། ཡུལ་སྐྱོང་འདི་ཉིད་ཡིན་ནོ་སྙམ་པའི་མི་མིན་འགའ་ཞིག་ཉིང་འཁྲུལ་གྱིས་སྣང་བ་དང་། བླ་མ་ཐེག་མཆོག་སོགས་གྲྭ་སློབ་འགའ་ཞིག་གིས་ནན་ཏན་ཆེན་པོས་བསྐུལ་ངོ་མ་ལྡོག་ཙམ་དུ་དགེ་སྦྱོང་རྒན་པོ་འགྱུར་མེད་རྒྱལ་མཚན་བཟང་པོས་གང་ཤར་འཕྲལ་དུ་བྲིས་པ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།

དངུལ་རྫིའི་བསང་བསྡུས།

༄༅། ཟོ་དོར་དངུལ་རྫིའི་བསང་གསོལ་མཆོད་པ་བཞུགས་སོ། ཀྱེ་རྣལ་འབྱོར་བདག་གི་ཡུལ་ལྷ་མགོན། །དགེ་བསྙེན་དངུལ་རྫི་གཡུ་མཚོ་ནི། །མདོག་དཀར་དངུལ་གྱི་ཁྲབ་རྨོག་གསོལ། །དཔའ་བོའི་ཆས་ལ་བརྗིད་པའི་སྐུ། །ཕྱག་གཉིས་རལ་གྲི་ནོར་བུ་བསྣམས། །སྤྲུལ་པའི་དུང་རྟ་འཕུར་ཤེས་བཅིབས། །ལྕམ་དྲལ་འཁོར་དང་ཡང་སྤྲུལ་བཅས། །འཇའ་ཚོན་ཀློང་ནས་སྐུ་བསྐྱོད་ལ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཁྱེད་ལ་མཆོད་པའི་དམ་རྫས་ནི། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །རྒྱལ་སྲིད་བདུན་དང་རྫས་རྟགས་བརྒྱད། །དཀར་གསུམ་མངར་གསུམ་འབྲུ་སྨན་སྤོས། །གཙང་སྦྱར་མཆོད་གཏོར་བདུད་རྩིའི་སྐྱེམས། །དཔག་མེད་སྣང་སྲིད་ཡོངས་བཀང་སྟེ། །གསོལ་ལོ་མཆོད་དོ་ཉམས་ཆག་བསྐང་། །དམ་ལས་མ་འདའ་བསྟན་པ་བསྲུང་། །ཡུལ་ཁམས་སྐྱོང་ལ་འདོད་དགུ་བསྒྲུབ། །ནད་མུག་མཚོན་འཁྲུག་ངན་པ་ཟློག །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བསམ་དོན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་ཡུལ་ལྷའི་བསང་མཆོད་འདི་དགེ་སྦྱོང་འགྱུར་མེད་རྒྱལ་མཚན་བཟང་པོས་སྦྱར་བ་དགེ་ལེགས་འཕེལ། །